cover

རྗེ་ཙོང་ཁ་པའི་གསུང་འབུམ།

པོད། ད༽

རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཞེ་དགུ་མའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།


JLD011_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་དགུ་མའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ་བཞུགས་སོ། །


JLD011_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་ནང་ལིང་ཚེ་དགུར་གྱུར་པའི་དབུས་དང་ཕྱོགས་བཞི་མཚམས་བཞི་རྣམས་སུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་རེ་རེའི་སྟེང་དུ། ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་ཕྱི་རོལ་ཕྱོགས་བཞིའི་ལྷ་སྣམ་རྣམས་ཀྱི་སྟེང་དུ། ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་བརྒྱད་བརྒྱད་ཀྱི་སྟེང་དུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བརྒྱད་བརྒྱད། དེའི་ཕྱི་རོལ་སྒོ་བཞི་དང་མཚམས་བཞིར། ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་རེ་རེའི་སྟེང་དུ། ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རེ་རེ། ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ། ཆུ་ལས་ཆུ་བུར་གྱི་ཚུལ་དུ་དབུས་སུ་དྷིཿ


JLD011_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་ནང་གི་ཤར་དུ། ༀ་དཀར་པོ། ལྷོར་ཨཾ་སེར་པོ། ནུབ་ཏུ་ཛྲིཾ་དམར་པོ། བྱང་དུ་ཁཾ་ལྗང་གུ། ཤར་ལྷོར་སཾ། ལྷོ་ནུབ་ཏུ་རཾ། ནུབ་བྱང་དུ་དྷཱིཿ བྱང་ཤར་དུ་ཀཾ། དེའི་ཕྱི་རོལ་ཤར་གྱི་ལྷ་སྣམ་གྱི་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ། རིམ་པ་བཞིན། བཾ་ཁཾ་མ໊་མཾ་ཛཾ་ཝཾ་ཙཾ་ཛྙཱཾ། ལྷོའི་རྣམས་ཀྱི་སྟེང་དུ། བིཾ་ཡཾ་ཡུཾ་དྷཾ་རཾ་ཏི་ཧིཾ་ཛྲི། ནུབ་ཀྱི་རྣམས་ཀྱི་སྟེང་དུ། བྷཾ་པཾ་རཾ་རཾ་སཾ་རཾ་སུཾ་སུཾ། བྱང་གི་རྣམས་ཀྱི་སྟེང་དུ། ཀེཾ་ཧཾ་གྷཾ་ཛྷཱཾ་སཾ་སཾ་ཨཾ་ཨཾ། དེའི་ཕྱི་རོལ་སྒོ་བཞི་དང་མཚམས་བཞིར། ཨཾ་པཾ་པཾ་གཾ་སུཾ་ཨུཾ་ཧཱུཾ་ཨཾ། ཤར་དང་ཤར་ལྷོའི་ཡི་གེ་རྣམས་དཀར་པོ། ལྷོ་དང་ལྷོ་ནུབ་ཀྱི་ཡི་གེ་རྣམས་སེར་པོ། ནུབ་དང་ནུབ་བྱང་གི་ཡི་གེ་རྣམས་དམར་པོ། བྱང་དང་བྱང་ཤར་གྱི་ཡི་གེ་རྣམས་ལྗང་གུ །དེ་རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་རལ་གྲི་དྷིཿ ས་


JLD011_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། ཤར་དང་ཤར་ལྷོའི་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ། རྡོ་རྗེ་ༀ་ནས་སུཾ་གྱི་བར་གྱིས་མཚན་པ། ལྷོ་དང་ལྷོ་ནུབ་རྣམས་ཀྱི་སྟེང་དུ་རིན་པོ་ཆེ། ཨཾ་ནས་ཨུཾ་གྱི་བར་གྱིས་མཚན་པ། ནུབ་དང་ནུབ་བྱང་རྣམས་ཀྱི་སྟེང་དུ་པདྨ་ཛྲ່་ནས་ཧཱུཾ་གི་བར་གྱིས་མཚན་པ། བྱང་དང་བྱང་ཤར་རྣམས་ཀྱི་སྟེང་དུ། རྡོ་རྗེ་རྒྱ་གྲམ་ཁཾ་ནས་ཨཾ་གི་བར་གྱིས་མཚན་པ། དེ་རྣམས་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཕྱག་མཚན་རྣམས་ལ་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཞེས་པ་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ནང་གི་ཤར་དུ་གཏི་མུག་རྡོ་རྗེ། ལྷོར་སེར་སྣ་རྡོ་རྗེ། ནུབ་ཏུ་འདོད་ཆགས་རྡོ་རྗེ། བྱང་དུ་ཕྲག་དོག་རྡོ་རྗེ། མཚམས་བཞིར་རིམ་པ་བཞིན། སེམས་མ་རྡོ་རྗེ་མ། རིན་ཆེན་རྡོ་རྗེ་མ། ཆོས་ཀྱི་རྡོ་རྗེ་མ། ལས་ཀྱི་རྡོ་རྗེ་མ། དེའི་ཕྱི་རོལ་ཤར་གྱི་ལྷ་སྣམ་གྱི་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ་རྡོ་རྗེ་རྣོན་པོ། རྡོ་རྗེ་རལ་གྲི། བྱམས་པ། འཇམ་དཔལ། ཡེ་ཤེས་སྐུ། ངག་གི་དབང་ཕྱུག །ཟླ་བའི་འོད། ཡེ་ཤེས་མཚོ། ལྷོའི་རྣམས་ཀྱི་སྟེང་དུ། རྡོ་རྗེ་སྣ་ཚོགས། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར། རྡོ་རྗེ་ཆོས། རྡོ་རྗེ་སྲུང་བ། རྡོ་རྗེ་རྣོན་པོ། རྡོ་རྗེ་རྒྱུ། དྲ་བའི་འོད། ནུབ་ཀྱི་རྣམས་ཀྱི་སྟེང་དུ། རྡོ་རྗེ་སྨྲ་བ། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པ། རྡོ་རྗེ་རིན་ཆེན། ཉི་མའི་འོད། རྡོ་རྗེ་ཉི་མ། བྱང་


JLD011_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམས་ཀྱི་སྟེང་དུ། རྡོ་རྗེ་དཔལ། རྡོ་རྗེ་བཞད་པ། སྤོས་ཀྱི་གླང་པོ། ཡེ་ཤེས་ཏོག །ཐམས་ཅད་ཐབས་ཀྱིས་འགྲོ་བ། རྒྱ་མཚོའི་བློ་གྲོས། བློ་གྲོས་མི་ཟད་པ། བདུད་རྩིའི་འོད། དེའི་ཕྱི་རོལ་སྒོ་བཞིར། རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་ཞགས་པ། རྡོ་རྗེ་ལྕགས་སྒྲོག །རྡོ་རྗེ་དྲིལ་བུ། མཚམས་བཞིར། རྡོ་རྗེ་གནོད་མཛེས། རྡོ་རྗེ་གཙུག་ཏོར། རྡོ་རྗེ་ཧཱུཾ་མཛད། རྡོ་རྗེ་གཞན་གྱིས་མི་ཐུབ་པ། ཤར་དང་ཤར་ལྷོའི་ལྷ་རྣམས་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། ལྷོ་དང་ལྷོ་ནུབ་ཀྱི་ལྷ་རྣམས་སེར་པོ། གཡས་རིན་པོ་ཆེ། ནུབ་དང་ནུབ་བྱང་གི་རྣམས་དམར་པོ་གཡས་པདྨ། བྱང་དང་བྱང་ཤར་གྱི་རྣམས་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ། ཐམས་ཅད་ཀྱི་གཡོན་ན་པོ་ཏི་བསྣམས་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་། དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ། ཞི་བའི་ཉམས་དང་ལྡན་པ། ཐམས་ཅད་ཀྱི་ཐུགས་ཀར་ཨ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་རེ་རེ། ཉི་མའི་དཀྱིལ་འཁོར་རྣམས་ཀྱི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་དང་རྡོ་རྗེ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་དང་། སེམས་མ་རྡོ་རྗེ་ལ་ལ་སོགས་པའི་རིག་པ་རྣམས་སྤྱན་དྲངས་ཏེ། འཇམ་དཔལ་ལ་སོགས་པའི་ལྷ་རྣམས་དང་བཅས་པ་ཉི་མའི་དཀྱིལ་འཁོར་ལ་ཞུགས་པས། དཔག་ཚད་


JLD011_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་ཞེ་དགུར་གྱུར་པའི་དབུས་ཀྱི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ། ནང་གི་ཤར་དུ་ༀ། ལྷོར་ཧྲཱིཿ ནུབ་ཏུ་ཥྚྲཱིཿ བྱང་དུ་ཝི། ཤར་ལྷོར་ཀྲི ལྷོ་ནུབ་ཏུ་ཏཱ། ནུབ་བྱང་དུ་ན། བྱང་ཤར་དུ་ན། དེའི་ཕྱི་རོལ་ཤར་གྱི་ལྷ་སྣམ་གྱི་ཉི་མའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ་རིམ་པ་བཞིན། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ལྷོའི་རྣམས་ཀྱི་སྟེང་དུ། ཡ་མ་རཱ་ཛ་ས་དོ་མེ་ཡ། ནུབ་ཀྱི་རྣམས་ཀྱི་སྟེང་དུ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། བྱང་གི་རྣམས་ཀྱི་སྟེང་དུ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཤར་སྒོར་ཡ། ལྷོ་སྒོར་མཱན། ནུབ་སྒོར་ཏཱ། བྱང་སྒོར་ཀ །ཤར་སྒོ་ༀ། ལྷོ་ནུབ་ཏུ་ཧཱུཾ། ནུབ་བྱང་དུ་ཕཊ། བྱང་ཤར་དུ་ཕཊ། ཡི་གེ་ཐམས་ཅད་ཀྱང་ཕྱོགས་མདོག །ཡི་གེ་རྣམས་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་རིགས་བཞིའི་ལྷ་རྣམས་སྤྱན་དྲངས་ཡིག་འབྲུ་རྣམས་ལ་ཞུགས། དེ་རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་རྩེ་དགུ་པ། རྭ་ཤིན་ཏུ་གདེངས་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། ནང་གི་ཕྱོགས་བཞིར་རིམ་པ་བཞིན། མགོ །ལག་པ། རྒྱུ་མ། རྐང་པ། མཚམས་བཞིར་ཐོད་པ། ཐོད་ཚལ། དུར་ཁྲོད་ཀྱི་རས། སྐྱེས་བུ་གསལ་ཤིང་ལ་བཙུགས་པ། དེའི་ཕྱི་རོལ་ཤར་གྱི་ལྷ་སྣམ་གྱི་ཉི་མའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ། གྲི་གུག །མཚོན་རྩེ་གཅིག་པ། གཏུན་ཤིང་། ཆུ་གྲི། ཀ་ཎ་ཡ། ལྕགས་ཀྱུ། མ་ཧེ། བ་གླང་། ལྷོའི་རྣམས་


JLD011_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟེང་དུ། སྟ་རེ། མདའ། དབྱུག་པ། ཁ་ཊྭཱཾ་ག འཁོར་ལོ། ཞགས་པ། ཕག་པ། བོང་བུ། ནུབ་ཀྱི་རྣམས་ཀྱི་སྟེང་དུ། རྡོ་རྗེ། ཅང་ཏེའུ། ཕུབ། གཞུ། དྲིལ་བུ། རླུང་རས། རྔ་མོ། ཁྱི། བྱང་གི་རྣམས་ཀྱི་སྟེང་དུ། སྡིགས་མཛུབ། འཕན་རྩེ་གསུམ་པ། གླང་ལྤགས། ཐོ་བ། མདུང་། མེ་ཐབ། ལུག །ཝ། སྒོ་བཞིར་བྱ་རྒོད། འུག་པ། བྱ་རོག །ནེ་ཙོ། མཚམས་བཞིར། ཁྲ། བྱ་ཆེན་པོ། ཁྱིམ་བྱ། བཞད་རྣམས་རང་རང་གི་ས་བོན་གྱིས་མཚན་པ།དེ་རྣམས་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པས། སངས་རྒྱས་ལ་སོགས་པ་བཞི་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བ། ཉི་མ་ལ་གནས་པས། སེམས་ཅན་རྣམས་སྨིན་པར་བྱས་ནས་རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ཐོབ་པར་བྱས་པ་དང་ལྷན་ཅིག་ཏུ་འདུས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་རྣམས་ལ་ཐིམ། ཟླ་བ་ཉི་མ་ཕྱག་མཚན་ས་བོན་དང་བཅས་པ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཇིགས་བྱེད་ལྷ་བཞི་བཅུ་ཞེ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་པ་ནི། དབུས་སུ་སྣ་ཚོགས་པདྨ་དང་ཟླ་བ་ཉི་མའི་གདན་གྱི་སྟེང་དུ་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་པ་ནས། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །རིམ་པ་དང་པོའི་ཤར་ལ་སོགས་པའི་ཕྱོགས་བཞི་དང་མཚམས་བཞི་རུ། རྡོ་རྗེ་མགོ་བོ། རྡོ་རྗེ་ལག་པ། རྡོ་རྗེ་རྒྱུ་མ།


JLD011_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྐང་པ། རྡོ་རྗེ་ཐོད་པ་མ། རྡོ་རྗེ་ཐོད་ཚལ་མ། རྡོ་རྗེ་དུར་ཁྲོད་རས་མ། རྡོ་རྗེ་སྐྱེས་བུ་གསལ་ཤིང་ལ་བཙུགས་པ་མ། རིམ་པ་གཉིས་པའི་ཤར་གྱི་སྣམ་བུ་ལ། ཤར་ནས་རིམ་པ་བཞིན། རྡོ་རྗེ་གྲི་གུག་མ། རྡོ་རྗེ་མཚོན་རྩེ་གཅིག་མ། རྡོ་རྗེ་གཏུན་ཤིང་། རྡོ་རྗེ་ཆུ་གྲི། རྡོ་རྗེ་ཀ་ཎ་ཡ། རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་མ་ཧེ། རྡོ་རྗེ་བ་གླང་། ལྷོའི་སྣམ་བུ་ལ། རྡོ་རྗེ་སྟ་རེ། རྡོ་རྗེ་མདའ། རྡོ་རྗེ་དབྱུག་པ། རྡོ་རྗེ་ཁ་ཊྲཱཾ་ག །རྡོ་རྗེ་འཁོར་ལོ། རྡོ་རྗེ་ཞགས་པ། རྡོ་རྗེ་ཕག །རྡོ་རྗེ་བོང་བུ། ནུབ་ཀྱི་སྣམ་བུ་ལ། རྡོ་རྗེ་རྡོ་རྗེ། རྡོ་རྗེ་ཌཱ་མ་རུ། རྡོ་རྗེ་ཕུབ། རྡོ་རྗེ་གཞུ། རྡོ་རྗེ་དྲིལ་བུ། རྡོ་རྗེ་རླུང་རས། རྡོ་རྗེ་རྔ་མོ། རྡོ་རྗེ་ཁྱི། བྱང་གི་སྣམ་བུ་ལ། རྡོ་རྗེ་སྡིགས་མཛུབ། རྡོ་རྗེ་འཕན་རྩེ་གསུམ་པ། རྡོ་རྗེ་གླང་ལྤགས། རྡོ་རྗེ་ཐོ་བ། རྡོ་རྗེ་མདུང་། རྡོ་རྗེ་ལུག །རྡོ་རྗེ་མེ་ཐབ། རྡོ་རྗེ་ཝ། ཤར་ལ་སོགས་པའི་སྒོ་བཞིར་རིམ་པ་བཞིན། རྡོ་རྗེ་བྱ་རྒོད། རྡོ་རྗེ་འུག་པ། རྡོ་རྗེ་བྱ་རོག །རྡོ་རྗེ་ནེ་ཙོ། མཚམས་བཞིར་རིམ་པ་བཞིན། རྡོ་རྗེ་ཁྱུང་། རྡོ་རྗེ་ཁྲ། རྡོ་རྗེ་རི་སྐེགས། རྡོ་རྗེ་བཞད། དེ་ཐམས་ཅད་ཀྱང་སྐུ་མདོག་ནག་པོ། ཞལ་གཅིག་པ། ཕྱག་གཉིས་པ། སྣ་ཚོགས་པདྨ་དང་། ཉི་མ་དང་། རོའི་གདན་ལ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་སོགས་པ་སྡིགས་མཛུབ་དང་། ཡུམ་བཞི་ལ་མཚན་མ་གྱེན་དུ་འགྲེང་བ་མ་གཏོགས་གཙོ་བོ་ལྟར་བྱའོ། །གཙོ་འཁོར་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་གཙོ་འཁོར་


JLD011_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་རླབས་མངོན་རྟོགས་ལྟར་བྱ་ཞིང་། གཙོ་བོ་སེམས་དཔའ་སུམ་བརྩེགས་སུ་བྱའོ། །འཁོར་ཐམས་ཅད་ཀྱི་ཕྱག་གཡས་རང་གི་མིང་དང་མཐུན་པའི་ཕྱག་མཚན་འཛིན་ཅིང་། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པའོ། །རིགས་བདག་ནི་གཙོ་བོ་ཞལ་གཅིག་ཕྱག་གཉིས་པ་རེ། བཟླས་པའི་ཚེ་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་རང་གི་ས་བོན་གྱི་མཐར་སྔགས་འཕྲེང་འོད་འབར་བས་བསྐོར་བར་བསམས་ལ་བཟླ། འཁོར་གྱི་ལྷ་རྣམས་ཀྱི་སྔགས་ནི། ༀ་བཛྲ་ཤི་ར༼རྡོ་རྗེ་མགོ་བོ།༽ཧཱུྃ་ཕཊ། ༀ་བཛྲ་ཧ་སྟ༼ལག༽ཧཱུྃ་ཕཊ། ༀ་བཛྲ་ཨནྡྲ༼རྒྱུ་མ།༽ཧཱུྃ་ཕཊ། ༀ་བཛྲ་པཱ་ད༼རྐང་པ།༽ཧཱུྃ་ཕཊ། ༀ་བཛྲ་ཀ་པཱ་ལ་༼ཐོད་པ།༽ཧཱུྃ་ཕཊ། ༀབཛྲ་ཙ་ཀ་ཤ༼ཐོད་ཚལ།༽ཧཱུྃ་ཕཊ། ༀ་བཛྲ་སྨ༼རོ་རས།༽ཤ་ན་ཀ་ར་ཡྟ་པ་ར་ཧཱུྃ་ཕཊ། ༀ་བཛྲ་ཤུ་ལ་༼གསལ་ཤིང་།༽བི་ན་སུ་ཏུ་ཤ་ན་ཧཱུྃ་ཕཊ། ༀ་བཛྲ་ཀཏྟ༼ཤར་གྲི་གུག༽རི་ཧཱུྃ་ཕཊ། ༀ་བཛྲ་བྷི་དྷི་༼མཚོན་རྩེ་གཅིག་པ།༽པཱ་ལ་ཧཱུྃ་ཕཊ། ༀ་བཛྲ་མུ༼གཏུན་ཤིང་།༽ཤ་ལ་ཧཱུྃ་ཕཊ། ༀ་བཛྲ་ཙྪ༼ཆུ་གྲི།༽རི་ཧཱུྃ་ཕཊ། ༀ་བཛྲ་ཨེ་༼རྡོ་རྗེ་རྩེ་གཅིག་པ།༽ཀ་ན་ཡ་ཧཱུྃ་ཕཊ། ༀ་བཛྲ་ཨཾ༼ལྕགས་ཀྱུ།༽ཀུ་ཤ་ཧཱུྃ་ཕཊ། ༀ་བཛྲ་མ༼མ་ཧེ།༽ཧེ་ཤྲ་ཧཱུྃ་ཕཊ། ༀ་བཛྲ་བི་ག་༼ཝ།༽ལ་ཧཱུྃ་ཕཊ། ༀ་བཛྲ་ཀུ་ཐ་ར་༼ལྷོར་དགྲ་སྟ།༽ཧཱུྃ་ཕཊ། ༀ་བཛྲ་ཤ༼མདའ།༽ར་ཧཱུྃ་ཕཊ། ༀ་བཛྲ་དཎྜ་༼དབྱུག་པ།༽ཧཱུྃ་ཕཊ། ༀ་བཛྲ་ཁ་ཊྲཱཾ་ག༼ཁ་ཊྲཱཾ་ག༽ཆུ་ཕཊ།


JLD011_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་ཙཀྲ༼འཁོར་ལོ།༽ཧཱུྃ་ཕཊ། ༀ་བཛྲ་པ༼ཞགས་པ།༽ཤ་ཧཱུྃ་ཕཊ། ༀ་བཛྲ་བྷ་༼ཕག༽ར་ཧཱུྃ་ཕཊ། ༀ་བཛྲ་ཁཾ༼བོང་བུ།༽ར་ཧཱུྃ་ཕཊ། ༀ་བཛྲ༼ནུབ་ཏུ་རྡོ་རྗེ།༽བཛྲ་ཧཱུྃ་ཕཊ། ༀ་བཛྲ་ཀ༼ཌཱ་མ་རུ།༽ཌཱ་མ་རུ་ཧཱུྃ་ཕཊ། ༀ་བཛྲ་ཕ༼ཕུབ།༽ལ་ཀ་ཧཱུྃ་ཕཊ། ༀ་བཛྲ་དྷ༼གཞུ།༽ནུ་ཧཱུྃ་ཕཊ། ༀ་བཛྲ༼དྲིལ་བུ།༽གྷཎྜ་ཧཱུྃ་ཕཊ། ༀ་བཛྲ་ཝརྟ༼རླུང་རས།༽པ་ཌ་ཡ་ཧཱུྃ་ཕཊ། ༀ་བཛྲ་ཨུཥྚ༼རྔ་མོ།༽ཧཱུྃ་ཕཊ། ༀ་བཛྲ་ཤྭ་ན་༼ཁྱི༽ཧཱུྃ་ཕཊ། ༀ་བཛྲ་ཏ༼བྱང་དུ་སྡིགས་མཛུབ།༽པ་ནི་ཧཱུྃ་ཕཊ། ༀ་བཛྲ་ཤྲ་པ་༼འཕན།༽ཏ་ཀ་ན་ཧཱུྃ་ཕཊ། ༀ་བཛྲ་ག༼གླང་ལྤགས།༽ཛ་ཙརྨ་ཧཱུྃ་ཕཊ། ༀ་བཛྲ༼ཐོ་བ།༽མུཏྒ་ར་ཧཱུྃ་ཕཊ། ༀ་བཛྲ༼མདུང་ཐུང་།༽ཀོནྟི་ཧཱུྃ་ཕཊ། ༀ་བཛྲ༼མེ་ཐབ།༽ཨགྣི་ཀུནྟྲི་ཧཱུྃ་ཕཊ། ༀ་བཛྲ་མེ་༼ལུག༽ཥ་ཧཱུྃ་ཕཊ། ༀ་བཛྲ་ཤ་ན༼སྤྱང་ཀི༽ཧཱུྃ་ཕཊ། ༀ་བཛྲ༼ཤར་དུ་བྱ་རྒོད།༽ཌྷི་དྷྲ་ཧཱུྃ་ཕཊ། ༀ་བཛྲ༼ལྷོར་འུག་པ།༽ཨུ་ལུ་ཀ་ཧཱུྃ་ཕཊ། ༀ་བཛྲ་ཙཀ་༼ནུབ་ཏུ་བྱ་རོག༽བ་ཌ་ཧཱུྃ་ཕཊ། ༀ་བཛྲ་ཀུ་༼བྱང་དུ་ནེ་ཙོ།༽ཤ་ཧཱུྃ་ཕཊ། ༀ་བཛྲ༼མེར་ཁྱུང་།༽མནྡྷི་ཧཱུྃ་ཕཊ། ༀ་བཛྲ༼སྲིན་པོར་ཁྲ།༽སེ་ན་ཧཱུྃ་ཕཊ། ༀ་བཛྲ་མཧཱ༼རླུང་དུ་རི་སྐེགས།༽ཤ་ཀུ་ནི་ཧཱུྃ་ཕཊ། ༀ་བཛྲ༼དྲག་པོར་བཞད།༽ས་ར་ས་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླའོ། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་ནས་སྒོ་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །


JLD011_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒ་ལཾ། །

འཇམ་དཔལ་ཞི་དྲག་གི་བསྲུང་བ།


JLD011_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཞི་དྲག་གི་བསྲུང་བ་བཞུགས་སོ། །


JLD011_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དརྦན་ཨཱ་ཙརྱའི་མན་ངག་ལས་བྱུང་བ། འཇམ་དཔལ་ཞི་དྲག་གི་སྒོ་ནས། བགེགས་ཀྱི་བར་ཆད་བསྲུང་བ་དང་། ཚེ་བསྲིང་བ་སོགས་ཀྱི་མན་ངག་མཆོག་ཏུ་ཟབ་པ་འདི་ལྟར་ཡིན་ཏེ། ནངས་རེ་བཞིན་དུ་སྔ་དྲོ་སྔ་བར་ལངས་ཏེ། རང་ཉིད་འཇིགས་བྱེད་དཔའ་བོ་གཅིག་པ་ཞལ་དགུ་ཕྱག་སོ་བཞི། ཞབས་བཅུ་དྲུག་པ་སེམས་དཔའ་གསུམ་བརྩེགས་ཅན་དུ་སྐད་ཅིག་གིས་གསལ་བར་བསྐྱེད། ཡེ་ཤེས་པ་དགུག་གཞུག་དང་། དབང་བསྐུར་རིགས་བདག་གིས་རྒྱས་གདབ་པ་མངོན་རྟོགས་ལྟར་བྱ།དེ་ནས་རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཇིགས་བྱེད་སེམས་དཔའ་སུམ་བརྩེགས་ཅན་བསྒོམས་པ་དང་འདྲ་བ་སྤྱན་དྲངས་


JLD011_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལ་མཆོད་གཏོར་མདོར་བསྡུས་ཕུལ། དེ་ནས་རང་གི་རྩ་གསུམ་གསལ་གདབ། དེ་ནས་མདུན་དུ་སྤྱན་དྲངས་པའི་འཇིགས་བྱེད་དེ་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྩལ་ཏུ་གསོལ། སྙམ་དུ་གསོལ་བ་བཏབ་པས། མདུན་གྱི་འཇིགས་བྱེད་ཀྱི་ཐུགས་ཀའི་ཧཱུཾ་དེ་ལས། ཨཱ་ལི་བཅུ་དྲུག་ཁ་དོག་དཀར་ཞིང་འོད་འཕྲོ་བ། རྩ་ཞལ་གྱི་སྣ་བུག་གཡས་ནས་བྱུང་། རང་གི་རྩ་ཞལ་གྱི་སྣ་བུག་གཡོན་ནས་རྩ་རྐྱང་མའི་ནང་དུ་ཞུགས། རྐྱང་མའི་ནང་ཐམས་ཅད་ཨཱ་ལིས་གང་བའི་རྩའི་མར་སྣ་ༀ་ཡིག་མགོ་ནང་བསྟན་དང་། ཡར་སྣ་ༀ་ཡིག་མགོ་ཕྱིར་བསྟན་གྱིས་བཀག་པ། ༀ་ཡིག་ཨཱ་ལི་དང་བཅས་པ་ཐམས་ཅད་ཁ་དོག་དཀར་པོ། རྡོ་རྗེ་འཇིགས་བྱེད་ཀྱི་སྐུའི་ངོ་བོར་མོས་པ་བྱེད། སླར་ཡང་ཧཱུཾ་དེ་ལས་གསལ་


JLD011_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སོ་བཞི་ཁ་དོག་དམར་ཞིང་འཕྲོ་བ། རྩ་ཞལ་གྱི་སྣ་བུག་གཡོན་ནས་བྱུང་བ། རང་གི་སྣ་བུག་གཡས་ནས་རྩ་རོ་མའི་ནང་དུ་ཞུགས་པས། རོ་མའི་ནང་ཐམས་ཅད་ཀཱ་ལིས་གང་བའི་ཡར་སྣ་དང་མར་སྣ་གཉིས་ཨཱཿ ཡིག་ཚེག་དྲག་ཅན་གྱིས་སྔར་བཞིན་བཀག །དེ་ཐམས་ཅད་ཁ་དོག་དམར་བ་འཇིགས་བྱེད་ཀྱི་གསུང་གི་ངོ་བོར་མོས་པ་བྱེད། སླར་ཡང་ཧཱུཾདེ་ལས་ཧཱུཾ་མཐིང་ག་དཔག་མེད་བྱུང་བ། རྩ་ཞལ་གྱི་སྣ་བུག་གཡོན་ནས་བྱུང་བ། རང་གི་རྩ་ཞལ་གྱི་སྣ་བུག་གཡོན་ནས་ཞུགས་རྩ་དབུ་མའི་ནང་ནས་ཞུགས་པས་རྩ་དབུ་མའི་ནང་ཐམས་ཅད་ཧཱུཾ་ཡིག་མཐིང་གས་གང་། རྩ་དེའི་ཡར་མར་གྱི་སྣ་གཉིས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་རེ་རེས་བཀག །དེ་ཐམས་ཅད་འཇིགས་བྱེད་ཀྱི་ཐུགས་ཀྱི་ངོ་བོར་མོས་པ་བྱེད། དེ་ནས་ཡང་མདུན་གྱི་འཇིགས་བྱེད་ཀྱི་ཐུགས་ཀའི་ཧཱུཾ་དེ་ལས་ཧཱུཾ་ཡིག་འཕྲོས་ནས་རང་གི་སྤྱི་བོར་བྱུང་དེ་ལས་ཧཱུཾ་ཡིག་ཆུའི་གཟེགས་མ་འཐོར་བ་ལྟར་དཔག་མེད་འཕྲོས་པས་རང་གི་བ་སྤུའི་སྒོ་ཐམས་ཅད་ཧཱུཾ་གིས་གང་། ཧཱུཾ་དེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་གསུམ་པར་གྱུར་པས་རང་གི་བ་སྤུའི་སྒོ་ཐམས་ཅད་རྡོ་རྗེས་གང་བར་བསྒོམ། དེ་ནས་བཟླས་པ་བྱེད་པ་ནི། རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐའ་སྐོར་ལ། ཡི་གེ་བཅུ་པའི་སྔགས་ཕྲེང་ཁ་དོག་ནག་པོ་འོད་ཟེར་འཕྲོ་བ་གཡས་སྐོར་དུ་འཁོད་དོ། །སྔགས་དེ་དང་རང་གི་བ་སྤུའི་སྒོ་ཐམས་ཅད་ན་ཡོད་པའི་རྡོ་རྗེ་རྣམས་ལས་འོད་ཟེར་འཕྲོས་པས། དགྲ་བགེགས་ཐམས་ཅད་ཚར་


JLD011_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པར་བསམས་ལ། ༀ་ཨ་ཨཱ་ཞེས་སོགས་ཨཱ་ལི་བཅུ་དྲུག་གི་མཇུག་ཏུ། ༀ་ཧྲཱིཿ ཥྚྲཱི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཀ་ག་ག་གྷ་ང་། ཞེས་སོགས་གསལ་བྱེད་རྣམས་རྫོགས་པར་སྟོན་པའི་མཐར་ཧཱུཾ་ཧཱུཾ་ཕཊ་ཕཊ་སཱཧཱ། ཞེས་སྦྱར་བ་ཉེར་གཅིག་མ་ཆག་པར་བཟླས་པས་བར་ཆད་གང་གིས་ཀྱང་མི་ཚུགས་སོ། །དེ་ནས་རང་གི་ལྟེ་བའི་རྩ་འཁོར་གྱི་དྷཱུ་ཏཱིའི་དབུས་སུ་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧཱུཾ་ཡིག་མཐིང་ག་ནས་འབྲུ་ཙམ་ཞིག་བསྒོམ། ཧཱུཾ་དེའི་མགོ་བོའི་ཐིག་ལེའི་ནང་དུ་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་བཞག །ཧཱུཾ་དེའི་གཡས་གཡོན་གཉིས་སུ་ཡ་དང་མ་གཉིས་བཞག །ལཉྪའི་ཡི་གེ་ལྟ་བུའི་རྣམ་པར་བསྒོམས་ནས་ལྟེ་བར་རླུང་འཛིན་པའི་རླུང་བུམ་པ་ཅན་ལན་ཉེར་གཅིག་རེ་མ་ཆག་པར་བྱས་ན། ཚེ་སྒྲུབ་ལ་འདི་ལས་ཟབ་པ་མེད་དོ། །རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་ལ་འཇུག་པར་བྱའོ། །ཡང་མན་ངག་འདི་འཇམ་དཔལ་གྱི་སྒོ་ནས་བྱེད་ན། རང་འཇམ་དཔལ་ཨ་ར་པ་ཙ་ན་ཞལ་གཅིག་ཕྱག་གཉིས་པར་བསྒོམ། མདུན་དུའང་དེ་འདྲ་བ་ཞིག་སྤྱན་དྲངས་ནས་མཆོད་བསྟོད་བྱ། དམིགས་པ་སྔར་དང་འདྲ་བ་ལ་རྩ་གསུམ་དང་། དེའི་ནང་གི་ཡེ་གེ་རྣམས་འཇམ་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་མོས་པར་བྱ། བཟླས་པའི་ཚེ་ན་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ༀ་ཨ་ར་པ་ཙ་ན་དྷིཿ མུཾ་ཧཱུཾ་ཕཊ། ཅེས་པའི་སྔགས་ཕྲེང་བཀོད་དེ་དབྱངས་གསལ་གྱི་བར་དུ་སྔགས་འདི་བཅུག་ནས་དམིགས་པ་


JLD011_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྔར་ལྟར་བྱས་ཏེ་བགྲང་། ལྟེ་བའི་རྩ་འཁོར་གྱི་དབུས་སུའང་། ཟླ་བའི་དཀྱིལ་འཁོར་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་དུ། རང་གི་སེམས་དྷིཿ དམར་སེར་ཚེག་དྲག་ཅན་དུ་བསྒོམས་པའི་ཚེག་དྲག་གི་ནང་དུ་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འཇོག །གཞན་ཐམས་ཅད་སྔར་གྱི་རིགས་བསྒྲེ་བར་བྱའོ། །མཆོག་ཏུ་ཟབ་པའི་མན་ངག་ཨྠྀཾ། བདག་གཞན་ཁམས་གསུམ་མ་ཚོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཁྱབ་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དཔལ་གཤིན་རྗེ་གཤེད་སངས་རྒྱས་ལ་སྐྱབས་སུ་མཆིའོ། །གཞོམ་མེད་སྔགས་དང་ཕྱག་རྒྱའི་དེ་ཉིད་ཆོས་ལ་སྐྱབས་སུ་མཆིའོ། །འགྱུར་མེད་རིག་པ་འཛིན་པ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དགེ་འདུན་ལ་སྐྱབས་སུ་མཆིའོ། །འགྲོ་བ་འཁོར་བར་སྐྱེ་བ་ལ་སོགས་གཤིན་རྗེའི་ཁར་ཆུད་པ་ལས་བསྒྲལ། ཕན་པ་དང་བདེ་བའི་མཆོག་ཏུ་གྱུར་པ་དཔལ་གཤིན་རྗེ་གཤེད་ཀྱི་གོ་འཕང་དུ་འགྱུར་བར་བྱ། དེའི་ཕྱིར་དུ་དེའི་གོ་འཕང་ལ་གནས་པར་བྱའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒ་ལཾ། །

རྗེ་རིན་པོ་ཆེའི་འཇིགས་བྱེད་ཀྱི་ཕྱག་མཚན་སོགས་ཀྱི་བཤད་པའི་ཟིན་བྲིས།


JLD011_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རིན་པོ་ཆེའི་འཇིགས་བྱེད་ཀྱི་ཕྱག་མཚན་སོགས་ཀྱི་བཤད་པའི་ཟིན་བྲིས་བཞུགས་སོ། །


JLD011_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་བྷཻ་ར་ཝྭ་ཡ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་རྟོགས་སྒོམ་དུས། མགོར་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱེད་པ། བོད་ཀྱི་བླ་མ་རྣམས་ཀྱི་ཕྱག་ལེན་ལ་འབྱུང་བས་གྲུབ་ནའང་ལེགས། མི་དགོས་ཁ་མེད་རང་ཡང་མིན་གསུངས།ཐོག་མར་སྔོན་འགྲོའི་གཏོར་མ་གཏོང་བ་ཡང་། སྤྱི་གཏོར་གྱིས་གཏོང་བ་དང་། ཕྱོགས་སྐྱོང་རྐྱང་བའི་གཏོར་ཆོག་གིས་བསྔོ་བ་སོགས་བོད་ན་ཡོད་ནའང་། དཀྱིལ་འཁོར་བའི་ལྷ་ཚོགས་དང་། ཕྱོགས་སྐྱོང་བཅུ་ལ་འབུལ། དཀྱིལ་འཁོར་བ་ལ་བར་ཆད་མི་འབྱུང་བར་གསོལ་བ་གདབ་པ་དང་། ཕྱོགས་སྐྱོང་ལ་དེའི་འཕྲིན་ལས་བཅོལ་བ་ལ་སོགས་པ་ལ་ལི་ཏའི་གཞུང་ན་ཡོད་པ་ལྟར་ལེགས་


JLD011_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། དེ་ནས་མཆོད་པ་བྱིན་རླབས་དང་། སྐྱབས་འགྲོ་སེམས་བསྐྱེད་དང་། རང་སྐད་ཅིག་གིས་ལྷར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཚོགས་ཞིང་སྤྱན་དྲངས་པ་རང་ནས་བྱས་པས་ཆོག་པ། རྒྱ་གར་པའི་གྲུབ་ཆེན་མང་པོའི་བཞེད་པ་ཡིན་ཞིང་། ཡིག་བརྒྱའི་བསྒོམ་བཟླས་ནི་དམ་ཚིག་ཉམས་ཆག་གསོ་བ་དང་། ལྷག་ཆད་ཁ་སྐོང་ལ་མཇུག་ཏུ་བྱེད་པར་བཤད་པས། དེས་ཁྱབ་གསུངས། བསྲུང་འཁོར་གྱི་ཁྲོ་བོ་བཅུ་པོ་འདི་རྣམས་ཀྱི་མངོན་རྟོགས་ནི་ལ་ལི་ཏའི་གཞུང་ན་ཡོད་པ་ལྟར་བཀོད་ཅིང་། ཞལ་ཕྱག་མི་གསལ་བ་རྣམས་མན་སྙེ་ལས་ཁ་བསྐངས་ནས་བཤད་པ་ཡིན་


JLD011_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། གནོད་མཛེས་དང་། རྡོ་རྗེ་ས་འོག་གཉིས་ལ་ལར་མིང་གི་རྣམ་གྲངས་སུ་བཤད་ཀྱང་། འདིར་ཐ་དད་དུ་བྱེད་པ་ཡིན་ནོ་གསུངས་སོ། །རིགས་བདག་ཀྱང་དང་པོ་ནས་རང་ཆས་སུ་ཡོད་པས། རྟིང་ལ་དབང་བསྐུར་ནས་རིགས་བདག་གིས་རྒྱས་འདེབས་མི་དགོས། འདིར་བསྲུང་འཁོར་གྱི་ཁྲོ་བོ་རྣམས་བསྐྱེད་ནས། ཡེ་ཤེས་པ་གཞུག་པ་ཙམ་མ་གཏོགས་སྔགས་བཟླ་བ་མ་བཤད་པ་ལ་སྐྱོན་མེད་དེ། བསྲུང་འཁོར་རང་གསལ་བར་བསྒོམ་པ་རང་གིས་བགེགས་བཟློག་པར་བཤད་པས་སོ། །བཟླ་བར་འདོད་ན། གསང་འདུས་ནས་འབྱུང་བ་ལྟར་རམ། བྱིངས་མི་ནུས་ན་གཙོ་བོའི་སྔགས་སུམ་འབུམ་བཟླས་པ་རང་གིས་ཆོག་ཅིང་། དེའང་ཁྲོ་བོ་ཐམས་ཅད་ཀྱི་བཟླས་པར་ཆོག་གསུངས། སོ་སོར་བཟླ་ན། རྡོ་རྗེ་ས་འོག་གི་ༀ་ཨཱཿ བཛྲ་པཱ་ཏ་ཧཱུཾཧཱུཾ། ཞེས་པ་ཡིན་གསུངས། དེ་ནས་དཀྱིལ་འཁོར་དངོས་གཞི་བསྒོམ་དུས། བསྲུང་འཁོར་གྱི་ཁྲོ་བོ་རྣམས་གཙོ་བོ་ལ་བསྡུ་བའི་ལུགས་ལ་ལ་ཡོད་ཀྱང་། འདིར་མི་བསྡུ་བའི་ལུགས་སུ་བྱེད། རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་གཡོན་གྱི་ཐོད་པ་ནི། དིང་སང་ཡོངས་སུ་གྲགས་པའི་ཐོད་པ་ཁྲག་གིས་གང་བའོ། །ཐོད་ཚལ་ནི། ཐོད་པ་ལ་སྐྲ་དང་བཅས་པའི་པགས་པ་འབྱར་བའོ། །བྷི་དྷི་པཱ་ལ་ནི། གཞོན་ནུ་ཟླ་བའི་འགྲེལ་པ་ལས། ལྕགས་དབྱུག་གི་རྩེ་མོ་ལ་རྨ་བྱའི་སྒྲོ་མདོངས་ཀྱི་


JLD011_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཆུན་པོ་བཅིངས་པ་ལ་བཤད་དོ། །ཀ་ཎ་ཡ་ནི། མདུང་ཕྱེད་པའི་རྣམ་པར་བཤད་པ་ཡོད་ཀྱང་། རྡོ་རྗེ་རྩེ་གཅིག་པའི་རྣམ་པའོ། །རྩ་ཕྱག་གཉིས་ཀྱིས་གླང་ལྤགས་འཛིན་པར་ལཱ་ལི་ཏའི་གཞུང་ལས་བཤད་ཅིང་། ཤྲཱི་བྷ་དྲ་དང་། འཇམ་དཔལ་ཡེ་ཤེས་རྣམས་ཀྱིས་གསལ་བར་བཤད་ནས། དེ་བཞིན་དུ། ཕྱག་མཚན་འཛིན་པའི་ཕྱག་རྣམས་ནི་གཡས་ཀྱི་དང་པོ་ན་གྲི་གུག་ཅེས་སོགས་ཡོད་གསུངས། །གླང་ལྤགས་འཛིན་པའི་ཕྱག་གཉིས་པོ་མས་འགྱེད་ཀྱི་དབང་དུ་བྱས་ན། དཔྱི་མགོའི་ཐད་དུ་གླང་ལྤགས་འོང་བས། དེ་ལྟར་ན། བདེ་མཆོག་ལྟར། གླང་ལྤགས་འཛིན་པའི་ཕྱག་གཉིས་ཀྱི་སྡིགས་མཛུབ་ཀྱི་རྩེ་མོ་སྨིན་མཚམས་དང་མཉམ་པར་ཞེས་སྨོས་པ་དང་འགལ་གསུངས། ཕྱག་འགྱེད་པ་ལ་ལུགས་མང་ན་ཡང་། སོག་པ་ནས་འགྱེད་པ་ལེགས་གསུངས། སྐྱེ་མཆེད་བྱིན་རླབས་ལ། གཞུང་རྣམས་ལས། སྐྱེ་མཆེད་བྱིན་གྱིས་བརླབས། ཟེར་བ་ཙམ་ལས་གསལ་ཁ་མ་བྱུང་ཡང་། ཛྙཱ་ན་ཀ་རས་མིག་ས་སྙིང་སོགས་སུ་སྡུད་པས་དེ་ཡི་ལུགས་སུ་བྱས། ལྷར་མི་སྐྱེད་པར། ཡིག་འབྲུ་རྣམས་ལྷར་མོས་པ་བྱེད་པའི་ལུགས་ཀྱང་ཡོད་པས། དེ་ལྟར་བྱས་པ་ཡིན། དབང་བསྐུར་ནས། རིགས་བདག་གིས་འཇམ་དཔལ་གྱི་སྤྱི་བོར་རྒྱས་འདེབས་པ་བོད་ཀྱི་བླ་མ་རྣམས་བཞེད་ནའང་། ལཱ་ལི་ཏའི་གཞུང་ལས། མི་བསྐྱོད་རྩ་བའི་ཞལ་ལ་འོ། །ཞེས་དང་། རྟོག་


JLD011_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་འགྲེལ་པ་གཉིས་ལས་ཀྱང་དེ་བཞིན་བཤད་པས། མ་ཧེའི་ཞལ་གྱི་མཚོག་མའི་སྟེང་། མདུན་ངོས་སུ་ཅུང་ཟད་ཉེ་བར། ཁྲོ་ཞལ་དམར་པོའི་བདུན་ཙམ། རྩ་ཞལ་གྱི་དབུ་རྒྱན་གྱི་བར་དེར་རྒྱས་འདེབས། དེ་ལ་མི་བསྐྱོད་པ་ལ་རིགས་མང་ནའང་། ཡོངས་གྲགས་ཀྱི་མི་བསྐྱོད་པ། སྐུ་མདོག་སྔོན་པོ་གཡས་པ་ས་གནོན། གཡོན་ཏིང་ངེ་འཛིན། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་དེ་ལ་བྱེད་དགོས་གསུངས། ལྷ་དམ་ཚིག་པ་རྟོག་པས་བཟོས་ནས་བསྒོམས་པ་ལ། ཡེ་ཤེས་པ་སྔོན་ཚོགས་གཉིས་ཀྱི་འབྲས་བུ་ལས་གྲུབ་པའི་རྫོགས་པའི་སངས་རྒྱས། རང་འདྲའི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་དེ། སྙིང་ག་ནས་སྤྲོས་པའི་སྒོ་བ་བཞིའི་ཐོ་བ་གཤིན་རྗེ་གཤེད་ཀྱིས་རང་རང་གི་སྤྱི་བོར་དགུག །དབྱུག་པ་གཤིན་རྗེ་གཤེད་ཀྱིས་གཞུག་ཅེས་པ། ལུས་ཀྱི་ནང་དུ་བཅུག་ནའང་ཆ་མ་འདྲེས་པའི་ཚུལ་དུ་ཡོད་པ་དེ་པདྨ་གཤིན་རྗེ་གཤེད་ཀྱིས་མི་འབྲལ་བར་དབྱེར་མེད་དུ་བཅིངས་པས། དམ་ཚིག་པ་མ་ཧེའི་ཞལ་ལ། ཡེ་ཤེས་པའི་མ་ཧེའི་ཞལ་དབྱེར་མེད་འདྲེས་པ་སོགས། ཕྱག་མཚན་ལ་ཕྱག་མཚན་སོགས་ནས་རྡུལ་ཕྲན་གྱི་བར་དུ་འདྲེས་པར་བྱས། རལ་གྲི་གཤིན་རྗེ་གཤེད་ཀྱིས་མི་དགའ་བཞིན་དུ་སྡོད་དགོས་པ་མ་ཡིན་པར། དགེས་བཞིན་དུ་དུས་ཇི་སྲིད་པར་བཞུགས་པར་བྱས་པ་ཡིན་གསུངས། འགའ་ཞིག །སྒོ་བ་བཞི་མེད་པའི་དཔའ་གཅིག་ལྟ་བུ་ལ། ཡེ་ཤེས་པ་གཞུག་དུས། ཛཿ ཧཱུཾ་བཾ་ཧོཿ དང་། སྒོ་བ་བཞི་ཡོད་པ་རྣམས་ལ། ཨངྐུ་ཤ་ཛཿ ཞེས་


JLD011_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དགོས་ཟེར་བ་རིགས་པ་མིན་ནོ་གསུངས། རླུང་གི་དཀྱིལ་འཁོར་པདྨའི་འོག་ན་ཡོད་པ་འདིའི་ཁྱད་ཆོས་ཡིན།དེའི་དོན་ནི། དུར་ཁྲོད་རླུང་གི་ཁམས་ཡིན་པས། བསད་བསྐྲད་ཀྱི་ལས་བྱེད་པ་དང་མཐུན་པར། འདིའང་ཁྲོ་བོའི་ནང་ནས་ཀྱང་ཤིན་ཏུ་དྲག་པོ་ཡིན་པས། སྐུ་ལས་སྐྱེས་པའི་འོད་ཟེར་ཡེ་ཤེས་ཀྱི་མེས། བགེགས་གདུག་པ་ཅན་རྣམས་བསྲེགས་ཏེ་ཐལ་བར་བྱས་པའི་ཐལ་བ་ཡང་རླུང་གིས་གཏོར་བར་བྱེད་པ་དང་། རླུང་རང་གིས་ཀྱང་བགེགས་ཐམས་ཅད་ཕྱོགས་མཐའ་ཡས་པར་གཏོར་བའི་མཚོན་བྱེད་ཡིན་གསུངས། བཟླས་པའི་དུས་སུ་ཐུགས་ཀའི་ས་བོན་གྱི་མཐར། སྔགས་འཕྲེང་དགོད་པ་དེ་ནང་སྐོར་དུ་ཉེ་བའི་སྙིང་པོ་ཡ་མཱནྟཀ་དང་། བར་སྐོར་དུ་ཧྲཱིཿ ཥྚྲཱིཿ དང་། ཕྱི་སྐོར་དུ་ཡ་མ་རཱ་ཛ། འགོད་པར་བཞེད་པ་མང་ནའང་། དཀྱིལ་འཁོར་ལ་ས་བོན་འགོད་པའི་རིམ་པ་བཞིན་བྱ། བཟླས་པའི་རིམ་པའང་། སུམ་ཆར་བསྡེབས་ནས་བཟླ་བའམ། རེ་རེ་ཞིང་བཟླ་བ་གང་བྱས་ཀྱང་ཆོག་ནའང་། གཙོ་ཆེར་རྩ་སྔགས་བཟླ་བ་མན་ངག་ཡིན་གསུངས། དམིགས་པ་ནི། ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་པའི་འོད་ཟེར་གྱིས་སྲིད་པ་གསུམ་ཁྱབ་པར་བྱས་ནས། སེམས་ཅན་དཔག་ཏུ་མེད་པའི་དོན་བྱས། ཐམས་ཅད་རྡོ་རྗེ་འཇིགས་བྱེད་དུ་བྱས་ནས། སྙིང་གའི་ས་བོན་ལ་ཐིམ་ཞིང་། ཡང་སྔར་བཞིན་སྤྲོ་བ་སོགས་བྱེད་པའམ། ཡང་ན། སྙིང་ཁའི་སྔགས་ཀྱི་ཡི་གེ་འོད་ཟེར་འབར་བ་ལ་སེམས་མ་ཡེངས་པར་གཏད་ནས་བཟླས་ན། དངོས་གྲུབ་མྱུར་བ་ཡིན་


JLD011_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ལ་ལི་ཏའི་གཞུང་ནས་བཤད། བསྙེན་པའི་གྲངས་ཚད་ཀྱང་གང་ཟག་གི་ལས་འཕྲོ་ལ་རག་ལས་པས། གཅིག་ཏུ་མ་ངེས་གསུངས། ལཱ་ལི་ཏའི་གཞུང་ལས། ཧྲཱིཿ ཥྚྲཱིཿ ལ་ལས་སྔགས་སུ་བྱས་པའང་ཡོད་གསུངས། ཏིང་ངེ་འཛིན་སེམས་དཔའི་མཐའ་སྐོར་དུ། ཉེ་སྙིང་། སྙིང་པོ། རྩ་སྔགས་རྣམས་རིམ་གྱིས་ནང་ནས་རིམ་པ་བཞིན་འགོད་དགོས་པའི་ངེས་པ་མེད་དེ། དེའི་རྒྱུ་མཚན། ལཱ་ལི་ཏའི་གཞུང་གི་ལྷ་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་གྱི་ས་བོན་འགོད་པའི་སྐབས་སུ། ཧྲཱིཿ ཥྚྲཱིཿ ནང་གི་རེ་མིག་དགུ་ལ་བཀོད་ནས། ལྷ་སྣམ་ལ་ཡ་མ་རཱ་ཛ་དང་། སྒོ་བཞིར་ཡ་མཱནྟ་ཀ་བྱུང་བའི་ཕྱིར་རོ། །གསུངས་སོ། །ཡ་མ་རཱ་ཛའི་མཐར་ཧཱུཾ་གཉིས་ཕཊ་གཉིས་ལཱ་ལི་ཏའི་གཞུང་ན་ཡོད་པ་ལྟར་བྱ་དགོས་གསུངས། ཟློ་བའི་ཚེ་ཞལ་དགུ་ཁས་ཟློ་བའི་དམིགས་པ་བྱས་པས། དགུ་འགྱུར་དུ་འགྲོ་སྟེ། ཀྱཻ་རྡོ་རྗེ་ལའང་། ཞལ་བརྒྱད་ཀར་གྱིས། ཟློ་བ་ཡོད་པས་སོ། །བཟླས་པའི་ཚེ་ཐུགས་ཀར་སྔགས་འཕྲེང་འགོད་ལུགས། དཀྱིལ་འཁོར་གྱི་ས་བོན་འགོད་པའི་རིགས་འགྲོས་འདི་སྦྱར་ན་ལེགས་གསུངས། དབུས་ཀྱི་མཚན་མ་ལ་རོ་མགོ་མེད་འགོད་པ་ནི་མི་ལེགས་ཏེ། དབུས་ཀྱི་འདི་གདན་ཡིན་པས་རོ་ཚང་མ་འགོད་དགོས་ཤིང་། ཤར་གྱི་མགོ་དེ་ཚངས་པའི་མགོ་བོ་ཡིན་པས། དབུས་ཀྱི་རོ་དེའི་མགོ་བོ་ཡིན་ན་ཚངས་པའི་མིན་པའི་ཕྱིར་རོ། །ལག་པ་རྒྱུ་མ་སོགས་ཀྱང་ཚངས་པའི་ཡིན་པར་འགྱུར་བའི་སྐྱོན་མེད་དེ། རྒྱུ་མ་སོགས་མཚན་མ་རྣམས་མིའི་རྒྱུ་མ་ཡིན་པར་བཤད་པ་དང་འགལ་བའི་ཕྱིར་དང་། རྟོག་བདུན་གྱི་འགྲེལ་པ་


JLD011_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཞེས་པའི་གཅིག་གཞོན་ནུ་ཟླ་བ་དང་། གཅིག་སོ་ན་ཤྲཱིས་མཛད་དོ། །དབུས་མའི་དཀྱིལ་འཁོར་རྡོ་རྗེ་ར་བར་རྭ་ལོ་བཞེད་པ་བཞིན་ལེགས་ནའང་། ཁོང་བས་ཀྱང་། ཁྲག་ཞག་འཁྲུག་པའི་རྒྱ་མཚོ་བཤད་པས། དེ་མ་དག །དཀྱིལ་འཁོར་ནང་གི་རྡོ་རྗེ་ར་བ་འདི། བཅོམ་ལྡན་འདས་བཞུགས་ས་ཡིན། སྐུ་ཕྱེད་ཙམ་དུ་སླེབ་པ་བྱེད། དེ་ཕྱིར་འབྱིན་པའི་དབང་དུ་བྱས་ན་འགོངས་པའི་ཚད་ཙམ་ཡིན་པ་དགོས་སོ། །བྲི་བྱ་ལ་རེ་མིག་དགུ་ཡོད་པ་མ་གཏོགས་བསྒོམ་བྱ་ལ་རེ་མིག་དགུ་མེད་ཅིང་། ཕྱོགས་མདོག་རེ་མིག་དགུ་ཡོད་པ་བཞིན་དགོས་ཤིང་། གཞལ་ཡས་ཁང་དབུས་མའི་བྱ་འདབ་ཀྱི་འབབ་ཆུ། ཕྱི་མའི་ཐོག་སྟེང་དུ་སླེབ་པ་ཅིག་དགོས་ཤིང་། རིན་ཆེན་ཕ་གུ་ཆ་ཕྲན་གཅིག་ཡོད་པ་དེ་ཕྱི་ནས་དཀར་པོའི་དབང་དུ་བྱས་པ་ཡིན་ན། རྩིག་པ་དམར་པོའི་ཕྱེད་ནོན་པ་བྱས་པས། ཕྱིའི་ཕ་གུའི་ཆ་ཕྲན་ཕྱེད་འཕར་བ་གཅིག་འོང་ཞིང་། ནང་ངོས་སུ། ཕ་གུས་མ་ནོན་པའི་རྩིག་པའི་སྟེང་དུ། ལྕམ་རྩ་བཏང་ནས་ཐོག་ཕུབ་པས་ཕ་གུ་དང་ཁ་ཏ་བཅད་དུ་འོང་བ་དགོས་གསུངས། རྩིག་པ་དང་ཕ་གུའི་སྟེང་ནས་ཀ་ཐུང་དང་བྲེ་ཕུལ་བྱས་ནས། རྒྱ་ཕིབས་ཀྱི་ཐོག་འདེགས་པ་ཡིན་ཏེ། འདི་གཞལ་ཡས་ཁང་གི་རྒྱན་ནམ། ཐིགས་ཁང་ལྟ་བུ་ཡིན་པས། དོན་ལ་ཐོག་གཉིས་ཡོད་གསུངས། ལྷ་ཞེ་དགུ་བྱེད་ན། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གདན་ཐམས་ཅད་ཀྱི་འོག་ཏུ་རླུང་གི་དཀྱིལ་འཁོར་བཤད་པ། ལཱ་ལི་ཏའི་གཞུང་ན་འདུག་ནའང་། གཞན་ཕལ་ཆེ་བ་ལ་མི་འདུག་ཅིང་། ཡོད་ན་ནི་ཤིན་ཏུ་


JLD011_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པའི་རིགས་དེར་འདུག་གསུངས། འཁོར་མངོན་བྱང་ལྔ་སྐྱེད་པར་བྱེད་པའི་སྐབས་སུ། རང་རང་གི་ཟླ་གདན་གྱི་སྟེང་དུ་མིང་ཡིག་དང་པོ་ལས་སྐྱེས་པའི་ཕྱག་མཚན་མགོ་བོ་སོགས་བསམ། དེ་ལ་རིགས་བཞི། ཡུམ་བཞི། ལྷ་སྣམ་ལ་གནས་པའི་སེམས་དཔའ་རྣམས་དང་། སྒོ་བཞི་དང་གྲྭ་བཞིའི་རྡོ་རྗེ་ལྕགས་ཀྱུ་སོགས་བཞི་དང་། རྡོ་རྗེ་གནོད་མཛེས་སོགས་སྐྱེད་དེ། དེ་རྣམས་ཀྱི་ཐུགས་ཀར་ཨ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་སོགས་བཞི་སྤྱན་དྲངས་པ་དང་། ལྷ་རང་རང་དང་བཅས་པ་རང་རང་གི་ཐུགས་ཀའི་ཉི་མའི་དཀྱིལ་འཁོར་ལ་ཞུགས་པས། རང་རང་གི་གདན་གྱི་སྟེང་དུ། ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱིས་དཔག་ཚད་བརྒྱ་སྟོང་ཁྱབ་པར་གྱུར།དེ་ནས་ཉི་མའི་དཀྱིལ་འཁོར་དེ་རྣམས་ཀྱི་སྟེང་དུ། ཆུ་ལས་ཆུ་བུར་གྱི་ཚུལ་དུ། དབུས་ཀྱི་ལེ་ཚེ་དགུ་ལ་ༀ་ཧྲཱིཿ ཥྚྲཱིཿ སོགས་དང་། ལྷ་སྣམ་ལ་ཡ་མ་རཱ་ཛ་སོགས་དང་། སྒོ་བཞི་ལ་ཡ་མཱནྟ་ཀ་དང་། གྲྭ་བཞིའི་སྟེང་དུ་ཧཱུཾ་གསུམ་དང་ཕཊ་གཅིག་ཏུ་གྱུར། དེ་རྣམས་ལས་འོད་ཟེར་འཕྲོས་པས། སངས་རྒྱས་སོགས་བཞི་སྤྱན་དྲངས་ཏེ་ཐིམ་པ་ལས། རང་རང་གི་ཕྱག་མཚན་མགོ་བོ་སོགས་སུ་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་བཞི་སྤྱན་དྲངས་ཏེ་ཐིམ་པས། རྡོ་རྗེ་མགོ་བོ་སོགས་ལས་ལྷ་ཐམས་ཅད་བསྐྱེད། ཐམས་ཅད་ཞལ་མ་ཧེའི་ཞལ་ཅན། ཕྱག་གཉིས་པོས་ཕྱག་མཚན་རང་མིང་དང་མཐུན་པ་གཉིས་འཛིན་པར་བྱེད་པ། མ་ཧེའི་གདན་ལ་བཞུགས་པ་སྔ་རབས་པ་རྣམས་བཞེད་དེ་མི་དགོས་


JLD011_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ཕྲ་མོའི་རྣལ་འབྱོར་གྱིས་སྟེང་འོག་གི་སྣ་རྩེར་རྡོ་རྗེ་ཕྲ་མོ་ལ་སེམས་འཛིན་པ་འདི། ཤཱནྟི་པས་མཛད་པའི་འཇིགས་བྱེད་ཀྱི་ལས་ཚོགས་ཆེན་པོ་ལས་བཤད་གསུངས། འཇིགས་བྱེད་ཀྱི་མངོན་རྟོགས་འདི་ལཱ་ལི་ཏའི་གཞུང་ལ་གཞི་བྱས། དེར་མི་གསལ་བ་རྣམས་གྲུབ་ཆེན་གཞན་ཁུངས་ཐུབ་ཀྱི་བཞེད་པས་བརྒྱན་ཅིང་། ཡང་། སམྦུ་ཊའི་དྲན་པ་བདུན་པའི་རབ་བྱེད་བཞི་པ་ནས། རྡོ་རྗེ་འཇིགས་བྱེད་བཤད་པ་རྟོག་བདུན་ཇི་ལྟ་བ་དང་འདྲ་བར་ཡོད་པས། དེའི་འགྲེལ་པ་ཨ་བྷྱ་ཡས་མན་ངག་སྙེ་མར་ཞིབ་པར་བཀྲལ་བ་རྣམས་ཀྱིས་མི་གསལ་བ་ཐམས་ཅད་ཁ་བསྐངས་ཏེ་བཤད་པ་མ་གཏོགས། རང་བཟོ་དང་ཁུངས་མེད་པའི་འདྲ་བསྒྲིགས་པ་སོགས་མ་ཡིན་པར་རྒྱུད་དང་གྲུབ་ཆེན་རྣམས་ཀྱི་བཞེད་པ་ཇི་ལྟ་བ་བཞིན་བྱས་པ་ཡིན་གསུངས། སྤྱིར། དབུ་མ་ལ། མགོན་པོ་ཀླུ་སྒྲུབ་ཚད་མའི་སྐྱེས་བུར་འཛིན་པ་ལྟར། འཇིགས་བྱེད་འདོད་པ་རྣམས་ཀྱིས་གྲུབ་ཆེན་ལཱ་ལི་ཏའི་གཞུང་རྣམས་ལ་མ་འགལ་བ་ཞིག་དགོས་ཏེ། ཆོས་ཚུལ་འདི་ལ་གྲུབ་ཆེན་འདི་ཚད་མའི་སྐྱེས་བུ་ཡིན་པའི་ཕྱིར་གསུངས། འདིར་མངོན་བྱང་ལྔའི་རིམ་པ་ནི། རླུང་གི་དཀྱིལ་འཁོར་གྱི་སྟེང་གི་ཟླ་བའི་དཀྱིལ་འཁོར་མེ་ལོང་ཡེ་ཤེས། རྒྱུའི་འཇམ་དཔལ་གྱི་ཐུགས་ཀའི་ཉི་མའི་དཀྱིལ་འཁོར་ལ་སངས་རྒྱས་སོགས་བཞི་དང་། འཇམ་དཔལ་རང་དང་བཅས་པ་ཐིམ་པས། ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱིས་དཔག་ཚད་བརྒྱ་སྟོང་ཁྱབ་པར་གྱུར་པ་དེ་མཉམ་ཉིད་ཡེ་ཤེས། དེའི་སྟེང་


JLD011_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཧཱུཾ་ཡིག་ནག་པོ་ཆུ་ལས་ཆུ་བུར་གྱི་ཚུལ་གྱིས་བྱུང་བར་བསྒོམ་པ་སོ་སོར་རྟོག་པའི་ཡེ་ཤེས། དེ་ལས་འོད་འཕྲོས་འདུས་པས། རྡོ་རྗེ་ནག་པོའི་གཟུགས་སུ་གྱུར་པ་དེ་བྱ་སྒྲུབ་ཡེ་ཤེས། སྐུ་ཡོངས་སུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་སྦྱོར་དགོས་པས། དེ་ལ་དང་པོ་རྡོ་རྗེ་གྲུབ་པའི་དུས་འདི་མའི་མངལ་དུ་ཕ་མའི་ཁུ་ཁྲག་རྣམ་ཤེས་གསུམ་ཚོགས་པ་ལས། བུའི་ཡན་ལག་ཆ་ཤས་སོགས་རྫོགས་པ་ལ་སྦྱོར་ལ། དེའི་ལུས་ལ་རྣམ་ཤེས་ཡོད་པ་མཚོན་པའི་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་ཡིག་འགོད་དོ་གསུང་། སངས་རྒྱས་སོགས་བཞི་སྤྱན་དྲངས། ཡང་ཡང་བསྟིམ་པའི་དགོས་པ། བྱིས་པ་ཐ་མལ་བའི་ལུས་ལ་ཕུང་སོགས་ལྔ་དང་། དབང་པོ་ལ་སོགས་ཡོད་པ་སྦྱང་གཞི། དེ་རྣམས་ལྷའི་ཕུང་སོགས་སུ་བསྒྱུར་བའི་ཕྱིར། རྣམ་སྣང་སོགས་རྒྱལ་བ་རྣམས་བཅུག་པས། ཕུང་པོ་ལྔ་རིགས་ལྔར་འགྱུར་ཞིང་། དེས་མཚོན་ནས། སེམས་མ་རྡོ་རྗེ་མ་སོགས་ཀྱིས་ཁམས་རྣམས་ཡུམ་དང་སེམས་དཔའ་རྣམས་ཀྱིས་དབང་པོ་རྣམས་སེམས་དཔའ་དང་། ཁྲོ་བོ་རྣམས་ཀྱིས་ལས་དབང་རྣམས་ཁྲོ་བོར་འགྱུར་བའི་དགོས་པ་དང་། སྐྱེ་མཆེད་བྱིན་གྱིས་བརླབས་པས། དེ་བཞིན་གཤེགས་པའི་རྡོ་རྗེའི་མིག་དང་རྣ་བ་སོགས་སུ་འགྱུར་བའི་དགོས་པ་ཡོད། ཉི་མའི་དཀྱིལ་འཁོར་སོགས་འོད་ཟེར་སྤྲོ་བསྡུ་བྱེད་པ་འདི་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་མཚོན་ནའང་། དངོས་གཞི། བྱིས་པའི་ལུས་སེམས་ཀྱི་རྩལ་རྫོགས་ནས་དགེ་མི་དགེའི་བྱ་བ་སོགས་ལ་འཇུག་པ་ཆོས་ཉིད་ཡིན་པས། དེའི་སྦྱོང་བྱེད་ཡིན་གསུངས། མདུན་བསྐྱེད་ཀྱི་


JLD011_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་འགོད་པའི་སྐབས་སུ། ཨ་མོ་གྷའི་དཀྱིལ་ཆོག་ཏུ། དབུས་ཀྱི་རོའི་སྟེང་དུ་གྲི་གུག་བྲི་བར་བྱའོ། །ཞེས་བཤད་ནའང་། དབུས་ཀྱི་རོའི་སྟེང་དུ་རྡོ་རྗེ་ནག་པོ་རྩེ་དགུ་པ་བྲི་ཞིང་། གྲི་གུག་ཤར་གྱི་སྣམ་བུ་ལ་བྲིས་པས། ལྷ་རྣམས་ལ་རལ་གྲིའི་མིང་ཡོང་ནའང་། རལ་གྲིའི་ཚབ་ལ་རྡོ་རྗེ་ཡོད་པས། གྲངས་ཆད་པའི་སྐྱོན་མེད་དོ། །འོ་ན་གཡས་ཀྱི་མཚན་མ་དང་པོ་ལས་ལྷ་མི་བསྐྱེད་པར་མི་ཡོང་བའི་སྐྱོན་ཡོད་དོ་ཟེར་ན། དེ་མེད་དེ། གཡས་ཀྱི་མཚན་མ་དང་པོ་ལས་ལྷ་མི་བསྐྱེད་པར། མཚན་མ་གཞན་ལས་ལྷ་བསྐྱེད་པ་ཤིན་ཏུའང་མི་ཡོང་གསུང་། འོ་ན་རལ་གྲི་ཕྱག་མཚན་ལ་ནི་ཡོད། མཚན་མ་འགོད་དུས་མི་ཡོང་བའི་རྒྱུ་མཚན་ཅི་ཡིན་ཟེར་ན། རལ་གྲི་རྒྱུའི་འཇམ་དཔལ་བསྐྱེད་པའི་མཚན་མ་ལ་འོང་བས་འདིར་མ་བཀོད་པས་ཕྱག་སོ་བཞི་ཡིན་ནའང་། ཕྱག་མཚན་སོ་གསུམ་འོང་། གླང་ལྤགས་གཅིག་ལ་ཕྱག་གཉིས་ཀས་འཛིན་དགོས་པས། མཚན་མ་གཅིག་ཏུ་བརྩིས་པས་སོ་གཉིས་ལས་མེད་དོ་གསུངས། ཞེ་དགུའི་དུས་ཀྱི་རིགས་བཞི་ཡུམ་བཞི་མན་ཆད་ཀྱི་རྒྱུ་རྡོ་རྗེ་འཆང་དེ་བཞིན་གཤེགས་པ་རྣམས། སྐུ་མདོག་ཕྱག་མཚན་རྣམས་ལཱ་ལི་ཏའི་གཞུང་ནས་བཤད་པ་ལྟར་ཕྱོགས་མདོག་དང་། ཕྱག་མཚན་མགོ་སོགས་འཛིན་ཅིང་དེ་ལའང་། སྔ་རབས་ཀྱི་བོད་རྣམས་ཀྱིས། ལག་པ་གཉིས་དང་རྐང་པ་གཉིས་མཚན་མར་འགོད་པར་སྣང་སྟེ། དེ་ཡི་རྒྱུ་མཚན་རོ་དེའི་ལག་པ་དང་རྐང་པར་འདོད་པ་སྣང་སྟེ། ཤེས་བྱེད་དུ་སྒྲུབ་མི་ནུས། རྟོག་བདུན་


JLD011_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལྷོར་ལག་པ། བྱང་དུ་རྐང་པ་ཞེས་པ་མ་གཏོགས་གཉིས་ཚིག་མེད་པས། རང་ལུགས་ལ་རེ་རེས་ཆོག་གསུངས། ལྷ་འདི་བ་རྣམས་ཞི་དྲག་དང་རྣམ་པ་ཡོ་ག་དང་མཐུན་པས། རྡོར་དབྱིངས་ལྟར་རིགས་ཤིང་། རྡོ་རྗེ་ལྕགས་ཀྱུ་སོགས་བཞི་ཡང་། རྡོར་དབྱིངས་ལྟར་རིགས་པ་དང་། འབྲས་བུའི་དུས་སུ་ནི། ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ། པད་ཟླ་ཉི་མ་ལ་གཡོན་བརྐྱངས་ཀྱིས་གནས་པ། ཕྱག་མཚན་མགོ་སོགས་འཛིན་པ་ལས་འོས་མེད། འོན་ཀྱང་སྔ་རབས་པ་རྣམས་ཀྱིས་པད་ཉིའི་སྟེང་དུ་མ་ཧེ་ནག་པོ་རེ་རེ་བྱེད་ཀྱིན་འདུག་སྟེ། འདི་ཡེ་ནས་མི་དགོས་གསུངས། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འགོད་པ། རྒྱ་གཞུང་རྣམས་ལས་མཁས་གྲུབ་མང་པོས་བཤད་ནའང་། ཡེ་ཤེས་སེམས་དཔའ་འདི་ལྟ་བུ་ཞིག་འགོད་དགོས་ཟེར་བའི་དམིགས་བསལ་མ་བྱུང་། སློབ་དཔོན་ཛྙཱ་ན་ཨ་ཀ་རས། འཇམ་དཔལ་རྒྱུ་རྡོ་རྗེ་འཛིན་པ་འདྲ་བ་འགོད་པར་བཤད་པས་དེ་ཡི་ལུགས་སུ་བྱས། ཏིང་ངེ་འཛིན་སེམས་དཔའ་འགོད་པ་དེ། འཇམ་དཔལ་གྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་ཡིག་ནག་པོ་འགོད་པའམ། ཡང་ན་ཐུགས་ཀར་ཉི་མ་ལ་རྡོ་རྗེ་ནག་པོ་རྩེ་དགུ་པ་དེའི་ལྟེ་བར་འགོད་པ་གང་བྱས་ནའང་འདྲ་གསུངས། ལཱ་ལི་ཏའི་གཞུང་ལས། རྡོ་རྗེ་མགོ་སོགས་ལ་དཀྱིལ་འཁོར་ལ་མཚན་མ་འགོད་པའི་སྐབས་སུ། སྔགས་རེ་བཤད་པ་ཡོད་དེ། བསྙེན་པའི་དུས་སུ་རེ་རེ་ཞིང་དགོས་པའི་ངེས་པ་མེད་དེ། དེའི་རྒྱུ་མཚན་ལྷ་ཐམས་ཅད་ཀྱི་ས་བོན་སྔགས་ཚན་


JLD011_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོས་བྱས་པ་ཡིན། བཟླས་པ་བྱེད་དུས་རང་རང་གི་ཐུགས་ཀར་ཉི་མ་ལ་ས་བོན་དེ་དག་བཀོད་ནས། སྔགས་བཟླས་དུས། རང་བཅོམ་ལྡན་འདས་སུ་གསལ་བའི་ཞལ་དགུ་དང་། འཁོར་ཐམས་ཅད་ཀྱིས་ཀྱང་སྔགས་གང་ཟློས་དེ་འབྲུག་གི་སྒྲ་ལྟར་དིར་རི་རི་བཟླས་པའི་དམིགས་པ་བྱས་ན། ལྷ་ཐམས་ཅད་ཀྱི་བསྙེན་པ་བྱས་པར་འགྲོ་བས་ཤིན་ཏུ་ལེགས་གསུངས། མཚན་མ་འགོད་དུས། ལྷོའི་ལག་པའི་ཡུ་བ་དེ་ནང་དུ་བསྟན། བྱང་གི་རྐང་པའི་མགོ་དེའང་ནང་དུ་བསྟན་པས་ཡོང་གསུངས། བྷི་དྷི་བཱ་ལ་སྔ་རབས་པ་རྣམས་ཀྱིས་ཕུར་བའི་རྩེ་མོ་ལྟ་བུ་བྱས། དེའི་མགོ་ལ་རྨ་བྱའི་སྒྲོ་མདོངས་བཅིངས་པ་བྱས་འོང་གིན་འདུག་སྟེ། འདི་མི་ལེགས་ཤིང་། ལྕགས་དབྱུག་གི་རྣམ་པ་ཞེས་བཤད་ཡོད་པས། མདུང་ཕྱེད་པ་ལྟ་བུའི་རྩེ་མོ་ལ་རྨ་བྱའི་སྒྲོ་མདོངས་བཅིངས་པ་ལྟ་བུ་བྱས་ན་ལེགས་གསུངས། ཀ་ན་ཡ་ནི་མདུང་ཕྱེད་པ་སྟེ་མདུང་ཐུང་ཡིན་ཞིང་། མན་སྙེར། མདུང་ཐུང་ལ་ཐག་པ་བཏགས་ཡོད་པ་མདུང་གསོར་ནས་འཕངས་ཏེ། ཐག་པ་ནས་ཚུར་འཐེན་པ་ཞིག་ཡོད་པ་སྐད་དོ་གསུངས།གཏོར་མ་བྱིན་རླབས་ཀྱི་སྐབས་སུ། གོ་ལས་བ་ལང་གི་ཤ་གོས་མཚན་པ་ཟེར་བ་མི་འཐད་དེ། ཐ་མལ་བའི་ས་བོན་ལས་ཐ་མལ་བའི་ཤ་བསྐྱེད་ནས་ས་བོན་དེས་མཚན་པ། ཞེས་པ། ཐ་མལ་གྱི་ས་བོན་ལས་ཤ་ཐ་མལ་བསྐྱེད་ན། བུཾ་མེ་ལོང་ཡེ་ཤེས་ཀྱི་ངོ་བོས་མཚན་པ། ཞེས་པ་རིགས་པ་དང་། ཡང་བུཾ་ལས་ཤ་བསྐྱེད་ནས་དེ་ལ་ཐ་མལ་བའི་ཤའི་ས་བོན་གོ་ཡིས་མཚན་པ་


JLD011_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན་ཞིང་། དེའི་སྟེང་དུ་ཅི་རིགས་པས་བུཾ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཟེར་བ་འདུག་སྟེ། དེ་ཡང་། བུཾ་མེ་ལོང་ལྟ་བུའི་ཡེ་ཤེས་ཟེར་དགོས་པ་ཡིན། བུཾ་ལས་སྐྱེས་པའི་མེ་ལོང་ཡེ་ཤེས་གཟུགས་བརྙན་ཅན་མི་སྲིད་པའི་ཕྱིར། བུཾ་དེ་ཉིད་མེ་ལོང་ཡེ་ཤེས་སུ་མོས་པ་བྱེད་དགོས་གསུངས། ཡང་ཕྱོགས་བཞི་དབུས་དང་ལྔར་ཤ་ལྔ་བཀོད་ན་མཚམས་བཞིར་བདུད་རྩི་བཞི་བཀོད་ནས་དབུས་སུ་མི་འགོད་དེ། ཤས་བདུད་རྩི་གཅིག་གི་གོ་ཆོད་པ་ལ་དགོངས་པ་ཡིན། དེ་ནས་གཏོར་མའི་དུས། འཇིག་རྟེན་ལས་འདས་པ་ལ་དབུལ་བ་ལཱ་ལི་ཏའི་གཞུང་ཆུང་བ་ན་གསལ་ཞིང་། འཇིག་རྟེན་པ་ལ་དབུལ་བ་གཞུང་ཆེ་བ་ན་གསལ་ལ། དེ་ལ་ཕྱོགས་སྐྱོང་གི་སྔགས་དང་། ཧྲཱིཿ ཥྚྲཱིཿ སྤེལ་བ་དམར་ནག་གི་གཞུང་གཞན་ན་གསལ་ནའང་། ཧྲཱིཿ དང་སྤེལ་བ་མ་གཏོགས། ༀ་ནས་སྤེལ་བ་མི་འདུག །འདིར་ཡ་མཱནྟ་ཀ་དང་སྤེལ་བ་ལ། ༀ་བྷཱུ་ཙ་ར་ནཾ། ཞེས་པའི། ཙ་ར་ཞེས་པའི་སྐབས་སུ། ལ་ལར། ཙརྱ་ཞེས་འབྱུང་བའི་གཞུང་གཅིག་དང་། ཙ་ར་ཞེས་པ་ཡང་མཐོང་སྟེ། གང་བྱུང་ནའང་། དོན་ལ། ས་བླ་ལ་སྤྱོད་པའམ། མཁའ་སྤྱོད་ཅེས་པའི་དོན་ཡིན་ཏེ། ཙ་ར་དང་ཙརྱ་གཉིས་ཀ་སྤྱོད་པ་ལ་འཇུག་པས་སོ། །ཡ་པ་ཏ་ལ་ཙ་ར་ཡ་ཞེས་པའི་པ་ཏ་ས་འོག་ལ་འཇུག་ཅིང་། ཙ་ར་སྤྱོད་པ་ཡིན་པས། ས་སྤྱོད་དམ་ས་འོག་སྤྱོད་པ། མཱན་ཁེ་ཙ་ར་ཡ་ཞེས་པ་ས་སྟེང་སྤྱོད། ཏ་པཱུུར་བ་ནི་ག་ནཾ། ཞེས་པ། པཱུུར་བ་མདུན་ནམ། ཤར་ལ་འཇུག །ཀ་དཀྵི་ཡ་དི་ག་ཡ། གཡས་སམ་ལྷོ། ཧཱུཾ་པཤྩི་མ་ནི། ཞེས་པའི། པཤྩི་ནུབ་བམ་རྒྱབ། ཕཊ་


JLD011_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ཏ་ར་ཏི་ག་ཡ་ཞེས་པ། ཨུ་ཏ་ར་གཡོན་ནམ། བྱང་གི་ཕྱོགས་རྣམས་ངེས་པར་བྱས་ནས། ཧྲཱིཿ ཥྚྲཱིཿ དང་སྤེལ་བ་ལ། ༀ་ཨི་ཞེས་པ་ཨིནྡྲ་སྟེ་དབང་པོའི་མིང་ཡིག་གི་དང་པོ། དྷིཿ ཡ། ཞེས་པའི་ཡ། གཤིན་རྗེའི་མིང་ཡིག་དང་པོའོ། །ཥྚྲཱིཿ བ། ཞེས་པ་རུ་ན་ཆུ་ལྷའི་མིང་ཡིན་པས་དེ་ཡི་མིང་ཡིག་དང་པོའོ། ཝི་ཀྵི་ཞེས་པ་འདི་ལ། གནོད་སྦྱིན་གྱི་མིང་ཡིག་དང་པོ་ཡོང་རྒྱུར་རིགས་པས། ཡཀྵ་ཞེས་པས། གནོད་སྦྱིན་དེའི་མིང་ཡིག་དང་པོ་ཡ་ཡོང་རྒྱུ་ཡིན་ནའང་མ་བྱུང་ཞིང་། ཀྵ་ཞེས་པ་གནོད་སྦྱིན་གྱི་ས་བོན་དང་། དེ་མན་ཆད་རྣམས་ལ། འདི་དང་འདིའི་ས་བོན་དུ་སྦྱོར་ཤེས་པ་མི་སྣང་ནའང་། གཏོར་སྔགས་དེ་རྣམས་བརྗོད་པས། ཕྱོགས་སྐྱོང་བཅོ་ལྔ་སོགས་ཀྱིས་གཙོ་བྱས། སྲིད་པ་གསུམ་གྱི་འབྱུང་བོ་ཐམས་ཅད་ལ་འབུལ་བའི་སྔགས་ཐུན་མོང་བར་བྱས་པས་ཆོག་གསུངས། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །ཞེས་པ་འདི། སློབ་དཔོན་ཞི་བ་ཡེ་ཤེས་ཀྱིས་མཛད་དོ། །མགྲོན་གྱིས་གཏོར་མ་གསོལ་དུས་ལྗགས་ལས་མཐུན་ཁ་དོག་ཅན་དུ་བསྐྱེད་དགོས་ཤིང་། འཕྲིན་ལས་ཞུས་པས་མཛད་པའི་ཞལ་བཞེས་མཛད་པར་མོས་པ་མ་བརྗེད་པར་བྱེད་དགོས། ལས་གཤིན་ལ་མ་ཧེའི་གདོང་ཅན་དང་། རྡོ་རྗེ་ནག་པོ་རྩེ་མོ་ལྔ་པས་དབུ་བརྒྱན་པར་བསྒོམ་པ་རྣམས་བླ་མ་རྭ་ལོའི་མན་ངག་ཡིན། ཙ་མུཎྜི་ལ་དུད་འགྲོའི་པགས་པ་གྱོན་པ་རྒྱ་གཞུང་ནས་བྱུང་ཡང་། དུད་འགྲོ་གང་ཡིན་མི་གསལ་བ་ལ། ཁ་ཅིག་སྟག་ལྤགས་བྱེད་པ་བྱུང་ནའང་། འདི་གླང་


JLD011_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ལྤགས་ཡིན་པར་བཞེད་པ་མང་བས་དེ་ཡི་ལུགས་སུ་བྱས་པ་ཡིན་གསུངས། ལས་གཤིན་ཡབ་ཡུམ་གཉིས་ཀྱི་མངོན་རྟོགས་ལས་འདིར་མ་བཤད་ཀྱང་། དམིགས་པ་ལ། ཡབ་ལ་གཤིན་རྗེ་ཕོ་བརྒྱད། ཡུམ་ལ་མོ་བརྒྱད་ཀྱིས་བསྐོར་བའི་དམིགས་པ་བྱེད་དགོས། མོ་བརྒྱད་ནི། གཤིན་རྗེ་བརྟན་མ་སོགས། བདེ་མཆོག་གི་མཚམས་མ་རྣམས་ཀྱི་མཚན་སྔགས་དང་འདྲ་བའི་མིང་འཛིན་པའི་གཤིན་རྗེ་མོ་བཞི་དང་། གཤིན་རྗེ་སྲེག་མ་ནག་མོ་སོགས་བཞི་སྟེ། བརྒྱད་ཀྱིས་བསྐོར་བའི་དམིགས་པ་བྱེད་དགོས་གསུངས། ཕྲེང་བ་བྱིན་རླབས་ཀྱི་རྡོ་རྗེ་འཇིགས་བྱེད་བསྐྱེད་དུས། རྒྱུ་རྡོ་རྗེ་འཛིན་པ་མི་དགོས། བདག་བསྐྱེད་ཀྱི་ཕྱག་གཉིས་པ། ཕྱག་བཞི་པ། ཞལ་གསུམ་ཕྱག་དྲུག་པ་ལྟ་བུ་ཡིན་ན་རྒྱུ་རྡོ་རྗེ་འཛིན་པ་དགོས་པར་སློབ་དཔོན་འཇམ་པའི་དབྱངས་ཀྱིས་བཤད། གཞལ་ཡས་ཁང་གི་གཞི་ལ་པ་ཏྲ་བྲིས་པ་འདི་ལ། བཤད་ཚོད་མི་འདུག་པས། རང་རེས། རྩེ་མོ་ནས། རིན་པོ་ཆེའི་མེ་ཏོག་བཀྲམ་ནས་གདའ་གསུངས་པ་བཞིན། གཞལ་ཡས་ཁང་གི་གཞི་ལ་མེ་ཏོག་བཀྲམ་པ་བྱས་པ་ཡིན་གསུངས། གཏོར་མ་བསྡུས་པ་འབུལ་དགོས་བྱུང་ནའང་རྒྱུ་རྡོ་རྗེ་འཛིན་པ་མི་དགོས་པར། འཇིགས་བྱེད་རང་དཀྲོངས་ཀྱིས་བསྐྱེད་པར་ལཱ་ལི་ཏས་བཤད་གསུངས། བགེགས་དང་ལོག་པར་འདྲེན་པ་རྣམས། །གདུལ་དཀའ་འདུལ་བྱེད་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུངས་པ་རྣམས་ཚར་གཅོད་ཤོག །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་


JLD011_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ཅེས་པ་འདི། སློབ་དཔོན་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ནག་པོ་སྤྱོད་པས། བར་དོར་མཆོག་གྲུབ་པའི་ཚེ་སྨོན་ལམ་ཡིན་ཞེས་ཀྱང་ཟེར་རོ། །འདི་རྣམས་རྗེ་རིན་པོ་ཆེའི་གསུང་ངག་ཟིན་བྲིས་སུ་བཏབ་པ་ཡིན་ནོ། །འཇིགས་བྱེད་ཀྱི་ཞབས་འོག་གི་བྱ་ཆེན་པོ་ནི། སྙེ་མ་བདུན་པའི་རབ་བྱེད་བཞི་པ་ནས། བྱ་ཆེན་པོ་ནི། མགོ་བོ་དཀར་ལ་ལུས་པོ་ནག་པ། དིང་སང་གི་འོལ་བར་གྲགས་པ་འདིའོ། །ཞེས་པ་ཙམ་འབྱུང་བ་ལ། དེང་སང་འགའ་ཞིག་གོ་བོར་འདོད་པ་ཡང་ཡོད། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མདྒ་ལཾ། །

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཕྲིན་ལས་བཞིའི་སྦྱིན་སྲེག་དངོས་གྲུབ་ཀྱི་རྒྱ་མཚོ།


JLD011_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཕྲིན་ལས་བཞིའི་སྦྱིན་སྲེག་དངོས་གྲུབ་ཀྱི་རྒྱ་མཚོ་བཞུགས་སོ། །


JLD011_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཕྲིན་ལས་བཞིའི་སྦྱིན་སྲེག་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་འཇམ་པའི་རྡོ་རྗེའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྣམ་དག་ཚུལ་ཁྲིམས་འཇུག་ངོགས་ཁྲུས་ལ་བརྩོན། །ཁྲེལ་ཡོད་ཤིང་ཤུན་གོས་གྱོན་བཟོད་མཆོག་གི །སེ་རལ་ཕྲེང་དཀར་དད་པའི་རིལ་བ་ཐོགས། །བརྩོན་འགྲུས་རལ་བའི་ཁུར་བཅིངས་སྙིང་རྗེ་ཡི། །གཡང་གཞི་ནག་པོ་འཆང་ཞིང་ཐེག་ཆེན་གྱི། །དབེན་པའི་ནགས་ཚལ་དམ་པར་རབ་ཏུ་རྒྱུ། །ཏིང་འཛིན་རྩ་བ་འབྲས་བུའི་ཁ་ཟས་ཅན། །ཡིན་ལུགས་འབྱེད་པའི་ཤེས་རབ་མེ་ཐབ་ཏུ། །ཉེས་པའི་ཡམ་ཤིང་མ་ལུས་བསྲེག་མཛད་པའི། །


JLD011_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ཆེན་པོ་རྨད་བྱུང་སྦྱིན་སྲེག་མཁན། །དེ་ཡི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས། །སྦྱིན་སྲེག་གསུམ་གྱི་དབྱེ་བ་བདག་གིས་བཤད། །གསེར་བཟང་བཞུས་པའི་ཁུ་བ་འཐོར་འདྲ་ཡི། །རབ་མཆོག་མེ་ལ་མཆོད་སྦྱིན་བྱས་པ་ཡིས། །རང་གི་ལྷ་ལ་དགྱེས་པ་བསྐྱེད་འདོད་རྣམས། །རྩེ་གཅིག་ཡིད་ཀྱིས་གུས་པ་བསྐྱེད་དེ་ཉོན། །འདིར་དངོས་གྲུབ་ཀྱི་རྩ་བ་སྦྱིན་སྲེག་གིས་རང་གི་ལྷ་མགུ་བར་བྱེད་པ་འཆད་པ་ལ་དྲུག །སྦྱིན་སྲེག་བྱས་པའི་དགོས་པ། བྱེད་པའི་གནས་དང་དུས། བྱེད་པ་པོ་དང་གང་ལ་བྱ་བའི་ཡུལ། བཞིར་སྡུད་པའི་རྒྱུ་མཚན་དང་བྱ་བའི་ཚུལ། སྦྱིན་སྲེག་གི་རབ་


JLD011_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དབྱེ་བ། ཕྱེ་བ་སོ་སོའི་དོན་བཤད་པའོ། །དང་པོ་ནི། སྔགས་པས་ཕན་ཡོན་ཅི་ཞིག་མཐོང་ནས་སྦྱིན་སྲེག་གི་ལས་ལ་འཇུག་པ་ཡིན་སྙམ་ན། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པས་ནི་ཞི་བ་ལ་སོགས་པའི་ལས་རབ་འབྱམས་ཀྱིས་རང་གཞན་གྱི་དོན་བསྒྲུབ་དགོས་ལ། དེ་ནི་བསྒོམ་པ་དང་བཟླས་པས་རང་གི་ལྷ་ཉེ་བར་བྱས་པ་མེད་པ་མ་ཡིན་ཞིང་ལྷའི་ཐུགས་བསྐུལ་བའི་བཟླས་པའི་ཆད་ལྷག་གི་སྐྱོན་ཡང་སྦྱིན་སྲེག་གིས་དག་པར་བྱེད་ཅིང་བསྒོམས་པས་རང་ལ་ལྷ་ཉེ་བར་གྱུར་པ་ཡང་སྦྱིན་སྲེག་གིས་ལྷ་ཚིམ་པར་བྱས་པ་ལ་བལྟོས་པའི་ཕྱིར་སྦྱིན་སྲེག་ལ་བསྔགས་པ་མཛད་དེ། སཾ་པུ་ཊ་ལས། སྦྱིན་སྲེག་ལྷ་རྣམས་ཚིམ་པར་བྱེད། །ཚིམ་པ་ལས་ནི་དངོས་གྲུབ་སྩོལ། །སྔགས་ནི་ལྷག་གམ་མ་ཚང་ན། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོང་། །དེ་བས་སྐུ་གསུམ་མཆོག་བསྐྱེད་པས། །སྦྱིན་སྲེག་གི་ནི་བསྔགས་པ་མཛད། ཅེས་སོ། །སྦྱིན་སྲེག་གིས་ཞི་སོགས་ཀྱི་དངོས་གྲུབ་བཞི་བསྒྲུབ་པ་ནི་རྒྱུད་ཕལ་ཆེ་བ་ལས་གསུངས་ལ། རིག་པ་མཆོག་ལ་སོགས་པ་ལས་ནི་ཚེའི་རིག་འཛིན་ལ་སོགས་པ་དངོས་གྲུབ་ཁྱད་པར་ཅན་མང་པོ་ཡང་སྦྱིན་སྲེག་གིས་འགྲུབ་པར་གསུངས་སོ། གཉིས་པ་ནི། སཾ་པུ་ཊ་ལས། ཕྱོགས་ཀྱི་ཆ་ནི་བཤད་པར་བྱ། །ཤར་གྱི་ཕྱོགས་སུ་ཞི་བ་ཡིན། །ལྷོ་ཡི་ཕྱོགས་སུ་མངོན་སྤྱོད་ཉིད། །ནུབ་ཏུ་དབང་དང་དགུག་པ་སྟེ། །བྱང་དུ་རྒྱས་པའི་ཐབ་ཁུང་ཉིད། ཅེས་གསུངས་པ་ལྟར་བྱ་བའམ།


JLD011_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་འོད་ཀྱི་སྙེ་མ་ལས་དཀྱིལ་འཁོར་གྱི་ཁང་བ་ལ་སོགས་པའི་ཤར་ལ་སོགས་པའི་ཕྱོགས་བཞིར་རིམ་པ་བཞིན་དུ་ཞི་བའི་དང་། རྒྱས་པའི་དང་དབང་དང་དེའི་དགུག་པའི་དང་མངོན་སྤྱོད་དང་དྲག་པོའི་དགུག་པའི་ཐབ་བྱ་བར་གསུངས་པ་ལྟར་གཞན་མང་པོས་ཀྱང་བཤད་པ་བཞིན་བྱའོ། །ཉིན་མོ་འབྱུང་གནས་ཀྱིས་དབང་ནི་དཀྱིལ་འཁོར་གྱི་ཤར་ནུབ་གང་རུང་དང་དབང་གི་དགུག་པ་ནི་དེའི་ནུབ་ཉིད་དུ་བྱ་བར་བཤད་ཅིང་གཞན་འདྲའོ། །འོད་སྙེར་རྨོངས་རེངས་ཀྱི་ཐབ་བྱང་ཤར་དང་སྐྲོད་པའི་ཐབ་ཤར་ལྷོ་དང་དབྱེ་བའི་ཐབ་ལྷོ་ནུབ་ཏུ་བྱ་བར་བཤད་ཀྱང་འདིར་དེ་རྣམས་ཀྱང་བྱང་དུ་བྱའོ། །ལས་ཐམས་ཅད་པའི་ཐབ་རྣམས་ནི་རྒྱས་པ་ལ་ལས་ཐམས་ཅད་པའི་ཐབ་དཀྱིལ་འཁོར་གྱི་ཤར་ལྷོ་གཉིས་གདམ་ང་ཅན་དུ་ཉིན་མོ་འབྱུང་གནས་ཀྱིས་བཤད་ཀྱང་ཤཱནྟི་པས་དཀྱིལ་འཁོར་གྱི་ལྷོར་བྱེད་པར་བཤད་པས་ལས་སོ་སོ་བ་དང་འདྲའོ། །སྦྱིན་སྲེག་བྱ་བའི་དུས་ནི་དགྲ་ནག་ལས། ཚེས་གཅིག་ལ་ནི་ཞི་བ་བྱ། །ཟླ་བ་ཉ་ལ་རྒྱས་པ་སྟེ། །བཅུ་བཞི་ལ་ནི་མངོན་སྤྱོད་དོ། །དབང་གི་ལས་ནི་ཚེས་བརྒྱད་ལའོ། ཞེས་གསུངས་ཏེ། གསུམ་པ་ནི་མར་ངོ་དང་བཞི་པ་ནི་ཡར་ངོ་ལ་འགྲེལ་པས་བཤད་དོ། །དཀར་པོའི་ཚེས་གཅིག་ནི་དེ་ནས་བརྩམས་ཏེ་བྱ་བར་འོད་སྙེ་ལས་བཤད་པ་བཞིན་ཡིན་ཏེ། ལེགས་གྲུབ་ལས། ཞི་བར་གྱུར་པས་ཞི་བ་ཡི། །བཟླས་པའམ་ཡང་ན་སྦྱིན་སྲེག་བྱ། །ཟླ་བ་ཡར་


JLD011_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚེས་གཅིག་ནས། །ལས་རྣམས་རབ་ཏུ་བརྩམ་པར་བྱ། ཞེས་སོ། །དེ་རྣམས་སྤྱིར་ཞི་བའི་དུས་ལ་འདྲ་མོད་ཀྱང་དེ་དག་གི་སྲོད་རྣམས་ནི་ཞི་བ་བསྒྲུབ་པའི་དུས་ཁྱད་པར་ཅན་དང་དེའི་རྒྱུ་མཚན་ཡང་ལེགས་གྲུབ་ལས། བྱེ་བྲག་ཏུ་ནི་སྲོད་ལ་སྟེ། །དེ་ནི་ཞི་བའི་ལས་ཀྱི་དུས། །གནས་གཙང་མ་ཡི་ལྷ་རྣམས་དག །དེ་ནི་ཀུན་ཏུ་གཟིགས་པས་ན། །ལས་རྣམས་མྱུར་དུ་འགྲུབ་པར་འགྱུར། །དེ་བས་དེར་ནི་གུས་བརྩམ་མོ། ཞེས་སོ། །རྒྱས་པའི་དུས་ཀྱང་དེ་ནས་འགོ་རྩོམ་པ་ཡིན་ཏེེ། ལེགས་གྲུབ་ལས། རྒྱས་པ་དག་གིས་རྒྱས་པ་ཡི། །བཟླས་པའམ་ཡང་ན་སྦྱིན་སྲེག་བྱ། །ཟླ་བ་ཉ་ནས་ཀུན་བརྩམས་ཏེ། །ཕྱི་མའི་ཉ་ཡི་བར་དུ་བྱ། ཞེས་སོ། །དུས་དེ་རྣམས་ཐམས་ཅད་ལ་རྒྱས་པ་བྱས་པས་ཆོག་མོད་ཀྱང་དེའི་དུས་ཁྱད་པར་བ་སྔ་དྲོ་ཡིན་པ་དང་། དེའི་རྒྱུ་མཚན་ཡང་དེ་ཉིད་ལས། རྒྱས་པ་དག་གི་ལས་རྣམས་ལ། །བྱེ་བྲག་ཏུ་ནི་སྔ་དྲོ་ཤིས། ཞེས་དང་། ལྷ་རྣམས་མ་ལུས་པ་དག་ཀྱང་། །དེ་ཡི་དུས་སུ་རྒྱུ་བས་ན། །ལས་སུ་བྱ་བ་ཐམས་ཅད་ལ། །དུས་དེ་ཁོ་ན་རབ་ཏུ་ཤིས། །ནངས་པར་དུས་ན་ལྷ་རྣམས་ནི། །ཡིད་དགར་གྱུར་ནས་མཆོག་སྦྱིན་མཛད། ཅེས་སོ། །དབང་དང་དེའི་དགུག་པ་ལ་མཚོ་སྐྱེས་ཀྱིས་དགོངས་ཁ་དང་མི་ཐུབ་ཟླ་བས་མཚན་ཕྱེད་དང་རིན་ཆེན་འབར་བ་ལས་ཉིན་ཕྱེད་ལ་བྱ་བར་བཤད་ཅིང་། འོད་སྙེར་མཚན་ཕྱེད་དང་གཞན་དུ་ཡང་བྱ་བར་གསུངས་པས་དེ་དག་ཐམས་ཅད་ལ་བྱའོ། །དྲག་པོ་ལ་མར་གྱི་བཅུ་


JLD011_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི་མཚོན་པ་ཙམ་སྟེ། ལེགས་གྲུབ་ལས། ཁྱད་པར་དུ་ནི་མར་གྱི་ངོ་། །ཉི་མའི་གུང་ངམ་ནམ་ཕྱེད་ན། །དྲག་ཤུལ་སྤྱོད་པ་བརྩམ་པར་བྱ། ཞེས་སོ། །དེར་བྱེད་པའི་རྒྱུ་མཚན་ཡང་དེ་ཉིད་ལས། གང་ཕྱིར་དེ་ན་ཡི་དྭགས་དང་། །ཤ་ཟ་འབྱུང་བོ་སྲིན་པོའི་ཚོགས། །དྲག་པོ་རྣམས་ནི་བྱིན་རློབ་པས། །དེ་ཕྱིར་དེ་ན་ལས་རྣམས་འགྲུབ། ཅེས་གསུངས་ཤིང་། ཡང་ན་ནམ་ཁྲོས་པའི་དུས་ཉིད་ན་བྱ་སྟེ་དྲག་པོའི་ལྷས་ཁྲོས་པ་ལ་བྱིན་གྱིས་རློབ་པའི་ཕྱིར་རོ་ཞེས་ཀྱང་གསུངས་སོ། །དབང་གི་དུས་ཀྱི་རྒྱུ་མཚན་ཡང་གཞན་གསུམ་པོའི་རྒྱུ་མཚན་ལས་དཔགས་ཏེ་ཤེས་པར་བྱའོ། །གསུམ་པ་ནི། སྔོན་དུ་བཟླས་པ་ཅི་ཙམ་ཞིག་སོང་བ་དགོས་པ་ནི། ཁ་སྦྱོར་ལས། དང་པོར་སྔགས་པས་འབུམ་བཟླས་ནས། །ཕྱིས་ནས་ལས་ནི་ཡང་དག་བརྩམ། །ཞེས་གསུངས་ཏེ། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་བསྲུང་བ་རང་གི་ལྷའི་སྔགས་འབུམ་གྱི་བཟླས་པ་དང་ལྷ་བསྒོམ་པའི་བསྙེན་པ་སྔོན་དུ་སོང་བ་ཞིག་གིས་སྦྱིན་སྲེག་བྱའོ། །ལས་བཞི་གང་ལ་བྱ་བའི་བསྒྲུབ་བྱ་ནི་ཉིན་མོ་འབྱུང་གནས་ཀྱིས་བཤད་པ་ལྟར་ཞི་རྒྱས་ནི་རང་དང་གང་ཟག་གཞན་གཉིས་ཀ་ལ་བྱེད་ལ་དབང་དང་དྲག་པོ་ནི་སེམས་ཅན་གཞན་ཁོ་ན་ལའོ། །གང་གི་ཆེད་དུ་བྱེད་པ་ལ་ནི་རང་གཞན་རེ་རེའི་ཕྱིར་དུ་ཡང་ལས་བཞི་ག་ལ་འཇུག་ཏུ་རུང་ངོ་། །དེ་ཡང་ལེགས་གྲུབ་ལས། སེམས་ཅན་ཕོངས་


JLD011_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞི་བ་བྱ། །བདེ་བར་གནས་ལ་རྒྱས་པ་སྟེ། །གང་ཕྱིར་དྲག་ཤུལ་སྤྱོད་པའི་ལས། །དེ་དག་དགྲ་ལ་སྤྱད་པར་བྱ། །ཞེས་གསུངས་པས། ནད་དང་གདོན་ལ་སོགས་པས་མནར་བ་ལ་ཞི་བ་བྱའོ། །འོན་ཀྱང་ད་ལྟ་དེ་དག་མེད་ཀྱང་འབྱུང་བའི་མཚན་མ་མཐོང་ནའང་ཞི་བ་བྱ་སྟེ། དཔེར་ན་རྨིས་ལྟས་ངན་པ་མཐོང་བ་ན་ཞི་བའི་སྦྱིན་སྲེག་བྱ་བར་གསུངས་པ་བཞིན་ནོ། །རྒྱས་པ་བྱེད་པ་ནི་མི་འདོད་པའི་ཕྱོགས་ཀྱིས་མནར་བ་ལ་མི་ལྟོས་པས་བདེ་བར་གནས་པ་ཞེས་བྱ་ཡི། །འདོད་པའི་དོན་གྱིས་འབྱོར་བ་མིན་ཏེ་ལོངས་སྤྱོད་དང་ཤེས་རབ་ལ་སོགས་པ་གང་མ་འབྱོར་བ་ལ་དེ་དག་རྒྱས་པའི་ལས་བྱའོ། །དྲག་ཤུལ་ནི་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་སོགས་ཀྱི་དགྲ་ལ་བྱེད་ཀྱི་རང་ལ་གནོད་པ་ཙམ་གྱི་དགྲ་མིན་ནོ། །དབང་ནི་གང་དབང་དུ་བྱས་ན་བསྟན་པ་དང་སེམས་ཅན་གྱི་དོན་འགྲུབ་པའི་གང་ཟག་ལ་བྱའོ། །དེ་དག་ཀྱང་ཕལ་ཆེར་མིའི་འགྲོ་བ་ལ་གསུངས་ཀྱང་བཞི་ག་ལ་མི་དང་དེ་ལས་གཞན་པའི་འགྲོ་བ་གཉིས་ཀ་ཡོད་དོ། །བཞི་པ་ནི། མཚོ་སྐྱེས་དང་ནག་པོ་སྤྱོད་པས། ལས་ཀྱི་དབྱེ་བས་བཞི་རུ་འགྱུར། །ཞེས་གསུངས་པ་ལྟར་སྦྱིན་སྲེག་གིས་དངོས་གྲུབ་བསྒྲུབ་པ་ལ་ལས་ཀྱི་དབྱེ་བས་བཞིར་གསུངས་པ་འདིའི་རྒྱུ་མཚན་གང་ཡིན་སྙམ་ན་སྔགས་པས་དོན་བྱ་བའི་གཞི་ནི་རང་གཞན་གཉིས་སུ་ངེས་ལ། དེའི་དོན་བྱེད་པ་ཡང་མི་འདོད་པའི་ཕྱོགས་སེལ་བ་དང་འདོད་པའི་ཕྱོགས་བསྒྲུབ་པ་གཉིས་སུ་ངེས་པས་ཞི་བ་དང་རྒྱས་པ་བསྒྲུབ་པའི་ལས་གཉིས་གསུངས་


JLD011_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟ་ན་དབང་དང་དྲག་པོའི་ལས་གཉིས་གསུངས་པ་དོན་མེད་དོ་སྙམ་ན། སྐྱོན་མེད་དེ་རང་ངམ་གཞན་ལ་དོན་གཉིས་བསྒྲུབ་པའི་ཡན་ལག་ཏུ་དེ་གཉིས་དགོས་པའི་ཕྱིར་ཏེ། འདི་ལྟར་སེམས་ཅན་ཁ་ཅིག་དབང་དུ་མ་འདུས་ན་དོན་གཉིས་བསྒྲུབ་པའི་མཐུན་རྐྱེན་མི་ཚང་བ་དང་། ཁ་ཅིག་དྲག་པོས་ཚར་མ་བཅད་ན་དོན་གཉིས་བསྒྲུབ་པའི་འགལ་རྐྱེན་མི་བཟློག་པའི་ཕྱིར་རོ། །གལ་ཏེ་སྡིག་པ་ཞི་བ་སོགས་སུ་གྱུར་ན་ཡོན་ཏན་རྒྱས་པར་འགྱུར་ལ་ནོར་ལ་སོགས་པ་རྒྱས་ནའང་དབུལ་བ་སོགས་ཞི་བར་འགྱུར་བས་ཞི་རྒྱས་གཉིས་ལས་སོ་སོར་འཇོག་པར་མི་འཐད་དེ་རེ་རེ་ཡང་གཉིས་ཀར་འགྱུར་བའི་ཕྱིར་རོ་སྙམ་ན། སྐྱོན་མེད་དེ་ཞི་བའི་ལས་ནི་མི་འདོད་པའི་ཕྱོགས་ལ་དམིགས་ཏེ་ཞི་བར་འདོད་ནས་བྱེད་པས་སྐབས་ཀྱི་མི་འདོད་པ་ཞི་ན་དེ་ཙམ་གྱིས་དེའི་བྱ་བ་རྫོགས་པས་ཡོན་ཏན་གཞན་འབྱུང་བ་ལ་མི་ལྟོས་པའི་ཕྱིར་དང་། རྒྱས་པའི་ལས་ཀྱང་འདོད་པའི་དོན་ལ་དམིགས་ཏེ་འབྱོར་བར་འདོད་ནས་བྱེད་པས་དམིགས་པ་དང་རྣམ་པ་ཤིན་ཏུ་མི་འདྲ་བའི་ཕྱིར་རོ། །འོ་ན་མངོན་སྤྱོད་བྱེད་པའི་ཡུལ་ཡང་དབང་གི་ལས་ཀྱིས་སྡུད་ནུས་ན་དྲག་ལས་མི་རིགས་ལ་མི་ནུས་ན་དབང་དུ་བྱ་བར་འདོད་པ་ཡང་དབང་དུ་བྱ་མི་ནུས་པར་འགྱུར་རོ། །དེས་ན་ལས་གསུམ་དུ་འགྱུར་རོ་སྙམ་ན། སྐྱོན་མེད་དེ་དབང་དུ་བསྡུས་ཀྱང་ཉེས་སྤྱོད་ལས་བཟློག་མི་ནུས་པ་ཡོད་པའི་ཕྱིར་དང་། དྲག་པོའི་ལས་མ་བརྩམས་པར་ཉེས་སྤྱོད་ལས་བཟློག་མི་ནུས་


JLD011_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མངོན་སྤྱོད་ལ་འཇུག་དགོས་པས་སོ། །དེ་ལྟར་ན་ལས་བཞི་པོ་དེ་བྱེད་ཚུལ་ཡང་རང་ངམ་གཞན་ལ་དོན་གཉིས་བསྒྲུབ་པ་ན་གཞན་དབང་དུ་སྡུད་པ་དང་ཚར་བཅད་པ་ལ་མི་ལྟོས་པར་བསྒྲུབ་ནུས་ན་ནི་ཞི་རྒྱས་གཉིས་བྱེད་ལ། གཞན་དུ་ན་སྔོན་དུ་གཞན་གཉིས་བྱས་ནས་དེ་ནས་དེ་གཉིས་བྱའོ། །ཞི་རྒྱས་ལ་ཡང་སྔོན་དུ་ཞི་བ་བྱས་ནས་རྒྱས་པ་ལ་འཇུག་པ་ཡོད་དེ། ཡུན་རིང་དུ་བསྒྲུབས་ཀྱང་མ་གྲུབ་ན་བགེགས་དང་སྡིག་པ་སྦྱངས་ནས་དེ་ནས་ཡོད་ཏན་བསྐྱེད་པ་བཞིན་ནོ། །སྔོན་དུ་རྒྱས་པ་བྱེད་པའང་ཡོད་དེ་ཤེས་རབ་བསྐྱེད་ནས་དེ་ནས་སྡིག་པ་སྦྱང་བ་སོགས་བྱེད་པ་བཞིན་ནོ། །ལྔ་པ་ནི། མཚོ་སྐྱེས་ཀྱིས། བླ་མེད་ནང་དང་ཕྱི་རོལ་ཏེ། །སྦྱིན་སྲེག་དབྱེ་བ་རྣམ་པ་གསུམ། །ཞེས་ཕྱི་ནང་གི་སྦྱིན་སྲེག་གཉིས་དང་བླ་ན་མེད་པའི་སྦྱིན་སྲེག་གསུམ་དུ་མཛད་དེ། ནག་པོ་སྤྱོད་པ་དང་ཡེ་ཤེས་ཞབས་ཡབ་སྲས་གཉིས་དང་འོད་སྙེས་ཀྱང་སྦྱིན་སྲེག་མ་ལུས་པའི་དབྱེ་བ་གསུམ་དུ་བཤད་དོ། །དྲུག་པ་ལ་གསུམ། ཕྱིའི་དང་། ནང་གི་དང་། བླ་ན་མེད་པའི་སྦྱིན་སྲེག་བཤད་པའོ། །དང་པོ་ལ་གཉིས། ཕྱི་རོལ་གྱི་རྫས་ལ་བརྟེན་པའི་དང་། ཡིད་ཀྱི་སྦྱིན་སྲེག་གོ །དང་པོ་ལ་གཉིས། ཆོ་གའི་ཡན་ལག་དང་། ཆོ་གའི་རིམ་པའོ། །དང་པོ་ལ་ལྔ། ཐབ་ཁུང་གི་རབ་བྱེད། དགང་བླུགས་ཀྱི་རབ་བྱེད། རྫས་ཀྱི་རབ་བྱེད། མེའི་རབ་བྱེད། ཇི་ལྟར་སྒྲུབ་པའི་རབ་བྱེད་དོ། །དང་པོ་ལ་གཉིས། ལས་སོ་སོ་བའི་ཐབ་དང་། ལས་ཐམས་ཅད་པའི་ཐབ་བོ། །དང་པོ་ལ་གཉིས། ཞི་རྒྱས་ཀྱི་ཐབ་དང་། དབང་དྲག་


JLD011_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཐབ་བོ། །དང་པོ་ནི། ཉི་མ་བཟང་པོ་ལ་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་གཏོར་མ་དབུལ་བ་སྔོན་དུ་འགྲོ་བས་ས་སྦྱང་བ་དང་བཟུང་བ་རྒྱས་པའམ། ཡང་ན་ལག་པ་གཡས་པ་ས་ལ་བཞག་སྟེ། ༀ་ཨཱ་ཿ ཧཱུཾ་དང་ༀ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ་ཅེས་པའམ། རང་གི་ལྷའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་ཀུན་རྫོབ་ཀྱི་དག་པའམ་སྟོང་ཉིད་ཀྱི་དག་པས་ཀྱང་རུང་སྟེ་ས་སྦྱང་ལ་ས་རྐོ་ན་ལྟོ་འཕྱེའི་མཆན་གྱི་ཆ་ལ་བརྐོ་བར་བྱའོ། །ས་གཞི་རང་བཞིན་གྱིས་དཀར་བའམ་ས་དཀར་པོས་བྱུགས་པ་ལ་ཞི་བའི་ཐབ་བྱའོ། །དེའི་དབྱིབས་ནི་འཁོར་ལོའི་རྣམ་པ་ལྟར་ཟླུམ་པོ་དང་རྒྱར་ནི་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་ཡིན་ལ་ཐབ་ཀྱི་སྟེང་ནས་མུ་རན་ནམ་ཆུར་སོར་བཞི་དོར་བར་རྒྱ་དང་དཔངས་སོར་བཞི་པའི་ཁ་ཁྱེར་བགས་ཀྱིས་ནང་དུ་གཞོལ་བ་ཁོར་ཡུག་ཏུ་བྱའོ། །ཁ་ཁྱེར་ལ་འཁོར་ལོའི་འཕྲེང་བས་བསྐོར་རོ། །མི་ཐུབ་ཟླ་བས་མུ་རན་ལ་གེ་སར་དང་ཁ་ཁྱེར་ལ་པད་འདབ་ཀྱི་རྣམ་པ་ཅན་བྱ་ཞེས་འཆད་ལ། འོད་སྙེ་ལས་དེ་ལས་ཐམས་ཅད་པའི་ཐབ་ཀྱི་ཁྱད་ཆོས་སུ་བཤད་དེ། མར་མེ་མཛད་བཟང་པོ་དང་དཔལ་འཛིན་དང་ཡང་མཐུན་ནོ། །ཐབ་ཀྱི་ཕྱི་རོལ་ཏུ་སོར་གཉིས་དོར་ནས་སྟེགས་བུ་གྲུ་བཞི་པས་བསྐོར་བའི་ཟུར་བཞིར་ཟླ་ཕྱེད་ཀྱི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་བྱེད་པ་དཔལ་འཛིན་གྱིས་ཞི་བ་ལས་ཐམས་ཅད་པ་ལ་བཤད་པ་ནི་གཞན་གསུམ་ལ་ཡང་འདྲ་བས་རང་རང་གི་ཐབ་ཀྱི་རྒྱ་ཚད་ཀྱི་བཅུ་གཉིས་ཆ་དོར་བའི་སྟེགས་བུ་བྱའོ། །


JLD011_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གདན་བཞི་ལས་ཀྱང་། ཟླ་གམ་རྡོ་རྗེ་རབ་མཛེས་རྣམས། །གྲྭ་དང་གྲྭ་རུ་གཞག་པར་བྱ། །ཞེས་ཐབ་རྣམས་ལ་ཐུན་མོང་དུ་ཟླ་ཕྱེད་རྡོ་རྗེ་བྱ་བར་གསུངས་སོ། །ཐབ་ཀྱི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་སྲིད་དུ་སོར་བརྒྱད་པ་དཔངས་སུ་སོར་གཅིག་པ་དང་ཤར་ལ་སོགས་པའི་ཕྱོགས་བཞིར་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་སོར་དྲུག་པ་བྱ་བར་དཔལ་འཛིན་གྱིས་ཞི་བ་ལས་ཐམས་ཅད་པ་ལ་བཤད་ལ། འོད་སྙེར་ཞི་རྐྱང་ལ་དབུས་སུ་འཁོར་ལོ་རྡོ་རྗེ་གདམ་ང་ཅན་དུ་མཛད་དོ། །ཐབ་ཁུང་ལ་ས་དཀར་པོ་དང་ཕྱི་རོལ་ཏུ་བའི་ལྕི་བས་བྱུགས་ནས་དེ་གཉིས་ལ་བདུད་རྩི་དཀར་པོ་དང་ལྡན་པའི་དྲི་དཀར་པོས་བྱུགས་ལ་ཐུན་མོང་དུ་མེ་ཏོག་དཀར་པོའི་སིལ་མ་གཅལ་དུ་དགྲམ་པར་བྱའོ། །ས་གཞི་སེར་པོ་ལ་རྒྱས་པའི་ཐབ་བྱ་སྟེ་དབྱིབས་ནི་རྫིང་བུའི་རྣམ་པ་ལྟར་གྲུ་བཞི་དང་རྒྱར་ནི་ཁྲུ་དོ་ཟབས་སུ་ཁྲུ་གང་ཡིན་ལ། སྟེང་ནས་མུ་རན་སོར་བརྒྱད་དོར་བར་རྒྱ་དང་དཔངས་སོར་བརྒྱད་པའི་ཁ་ཁྱེར་དང་དེ་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་རོ། །ཐབ་ཀྱི་དབུས་སུ་འོད་སྙེར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་སོར་དྲུག་པའི་རིན་པོ་ཆེ་རྡོ་རྗེས་མཚན་པ་བཤད་ལ། གཞན་ནས་རིན་པོ་ཆེས་མཚན་པར་བཤད་དོ། །ཐབ་ཁུང་ལ་ས་སེར་པོ་དང་ཕྱི་རོལ་ཏུ་བ་ལྕིས་བྱུགས་ཏེ་དེ་གཉིས་ལ་བདུད་རྩི་སེར་པོ་དང་ལྡན་པའི་དྲི་སེར་པོས་བྱུགས་ལ་མེ་ཏོག་དགྲམ་མོ། །གཉིས་པ་ནི། ས་གཞི་དམར་པོའམ་གཞན་ཡང་རུང་བ་ལ་དབང་དང་དེའི་དགུག་པའི་ཐབ་བྱ་སྟེ། དབྱིབས་ནི་ཟླ་གམ་


JLD011_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་པ་དང་རྒྱ་དཔངས་ནི་རྒྱས་པའི་ཐབ་དང་འདྲ་བར་དགྲ་ནག་ལས་བཤད་ལ་མུ་རན་ལ་སོགས་པའི་ཚད་ཀྱང་དེ་བཞིན་ནོ། །ཐབ་ཀྱི་དབུས་སུ་དབང་ལ་ནི་པདྨ་དམར་པོ་རྡོ་རྗེས་མཚན་པའོ། །ཁ་ཁྱེར་ལ་ནི་པདྨའི་ཕྲེང་བས་བསྐོར་རོ། །ཐབ་ཁུང་དང་ཕྱི་རོལ་གཉིས་ས་དམར་པོ་དང་བདུད་རྩི་དང་ལྡན་པའི་དྲི་དམར་པོས་བྱུགས་ལ་མེ་ཏོག་དམར་པོ་དགྲམ་པར་བྱའོ། །དབང་གི་དགུག་པ་ལ་དབུས་སུ་པདྨ་དམར་པོ་རྡོ་རྗེ་ལྕགས་ཀྱུས་མཚན་པའོ། །ས་གཞི་གས་པ་དང་ཚྭ་སྒོ་ཅན་དང་རྩུབ་པ་དང་ནམ་མཁའ་ལྟར་ནག་པ་ལ་བསད་པའི་ཐབ་བྱ་སྟེ། དབྱིབས་ནི་ནམ་མཁའི་ཁམས་ཏེ་ཆོས་འབྱུང་གི་རྣམ་པ་ལྟར་གྲུ་གསུམ་པ་རྩེ་མོ་བྱང་དུ་ཕྱོགས་པ་དང་། རྒྱར་ནི་ལོགས་རྣམས་ལ་སོར་ཉི་ཤུ་པ་དང་དཔངས་སུ་སོར་བཅུ་པའོ། །འདི་ལ་གཞོན་ནུ་ཟླ་བས་མུ་རན་དང་ཁ་ཁྱེར་མི་བྱ་བར་བཤད་ལ། དཔལ་འཛིན་གྱིས་གཤིན་རྗེ་གཤེད་ཀྱི་དྲག་པོའི་སྦྱིན་སྲེག་ལས་ཀྱང་མུ་རན་དང་ཁ་ཁྱེར་མ་བཤད་དོ། །འོད་སྙེ་ལས་ནི་མུ་རན་སོར་གསུམ་དོར་བས་རྒྱ་དང་དཔོངས་སུ་ཁ་ཁྱེར་སོར་གསུམ་པ་ཁ་ཕྱིར་གཞོལ་བ་ལ་ཁྲོ་བོའི་རྡོ་རྗེས་བསྐོར་བར་བཤད་དོ། །ཐབ་ཀྱི་དབུས་སུ་ནི་འོད་སྙེ་ལས་པདྨ་ནག་པོ་ལ་གནས་པའི་ཁྲོ་བོའི་རྡོ་རྗེ་སོར་བརྒྱད་པ་དང་རྩེ་གསུམ་ལ་གནས་པའི་ཁྲོ་བོའི་རྡོ་རྗེ་གདམ་ང་ཅན་དུ་མཛད་པའི་ཕྱི་མ་ནི་དཔལ་འཛིན་གྱིས་ཀྱང་མཛད་དོ། །ཐབ་དང་ཕྱི་རོལ་ཏུ་བདུད་རྩི་དང་བཅས་པའི་ས་ནག་པོ་དང་རོ་ཐལ་དང་བོང་བུ་དང་རྔ་མོ་སོགས་


JLD011_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྦངས་གང་རྙེད་པས་བྱུགས་ཏེ། དྲི་ངན་པའམ་དྲི་མེད་པའི་མེ་ཏོག་སྔོན་པོའམ་དམར་པོ་དང་འབྲུའི་ཕུབ་མ་ལ་སོགས་པ་རྣམས་གཏོར་ལ་མིའི་ཞུན་ལ་སོགས་པའི་མར་མེ་དང་ལྡན་པར་བྱའོ། །སོ་ན་ཤྲཱི་དང་རྡོ་རྗེ་གྲུབ་པའི་རྟོག་བདུན་གྱི་འགྲེལ་པར་དབྱེ་བའི་ཐབ་བསད་པ་དང་འདྲ་ལ་བསྐྲད་པའི་ཐབ་དབྱིབས་གཞུ་འདྲ་བ་ཁ་དོག་སྔོན་པོ་རྒྱར་ཁྲུ་དོ་ཟབས་སུ་ཁྲུ་གང་བ་རྡོ་རྗེའི་ཕྲེང་བས་བརྒྱན་པ་བྱ་བར་བཤད་ནས་རྨོངས་རེངས་ཀྱི་ཐབ་མ་བཤད་ལ། གཞོན་ནུ་ཟླ་བས་རེངས་པའི་ཐབ་རྒྱས་པ་དང་འདྲ་སྟེ་དེ་གཉིས་ལྷའི་རྣལ་འབྱོར་མཚུངས་པའི་ཕྱིར་རོ། །བསད་བསྐྲད་དབྱེ་བ་གསུམ་གྱི་ཐབ་འདྲ་བར་དགྲ་ནག་གི་འགྲེལ་པར་བཤད་ནས་རྨོངས་པའི་ཐབ་མ་བཤད་དོ། །འདིར་ནི་བསྐྲད་པའི་ཐབ་བསད་ཐབ་དང་མི་འདྲ་སྟེ། རྟོག་བདུན་ལས། བསྐྲད་པའི་ཐབ་ཀྱི་སྐབས་སུ་རླུང་གི་དཀྱིལ་འཁོར་ཞེས་བཤད་ལ་དེ་ནི་ཐབ་ཀྱི་དབྱིབས་ལ་བྱ་དགོས་པའི་ཕྱིར་དང་། གཞོན་ནུ་ཟླ་བས་ཀྱང་། རྟོག་བདུན་གྱི་འགྲེལ་པར་རླུང་གི་དཀྱིལ་འཁོར་ནི་ཟླ་གམ་གྱི་རྣམ་པའི་ཐབ་ཁུང་ལ་བཤད་པའི་ཕྱིར་རོ། །རེངས་པའི་ཐབ་རྒྱས་པ་དང་འདྲ་བ་ནི་རྟོག་བདུན་ལས་ཀྱང་གྲུ་བཞིར་གསུངས་པ་དང་མཐུན་ལ། རྨོངས་རེངས་གཉིས་རྒྱས་པ་དང་འདྲ་བར་འོད་སྙེ་དང་མན་སྙེ་ལས་བཤད་དེ་འདིར་ཡང་དེ་མི་འགལ་ཞིང་ཐབ་གཉིས་ནི་ཡུང་བ་ལ་སོགས་པས་བྱུག་པའམ་བྲིའོ། །དཱ་རི་ཀ་པས་བསྐྲད་པ་དང་དབྱེ་བ་ལ་དབུས་སུ་རལ་གྲི་དང་རྨོངས་པ་ལ་སྦྲུལ་དང་རེངས་པ་ལ་ལྕགས་སྒྲོག་བྲི་བར་བཤད་ལ། འོད་


JLD011_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སྙེར་དམིགས་བསལ་མེད་པ་རྣམས་ཀྱི་ཁ་ཁྱེར་ལ་གཙོ་བོའི་མཚན་མས་བརྒྱན་པར་བཤད་དོ། །གཉིས་པ་ནི། ལས་ཐམས་ཅད་པའི་ཐབ་ནི་སྡོམ་འབྱུང་སོགས་ལས་ཞི་བའི་ཐབ་དང་མཚུངས་པར་བཤད་པ་ནི་དབྱིབས་དང་རྒྱ་དཔངས་ཀྱི་ཚད་མཚུངས་ཀྱི་ཁ་དོག་མི་འདྲ་སྟེ། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར་ཤཱནྟི་པས་རྒྱར་ཁྲུ་གང་དང་ཟབས་སུ་ཁྲུ་ཕྱེད་པའི་ཐབ་ཟླུམ་པོར་བྱས་པའི་སྦྱིན་སྲེག་ས་གཞི་དྲི་སེར་པོས་བྱུགས་པ་ལ་ཆས་གོས་དང་སྲེག་རྫས་སེར་པོས་བྱ་བར་གསུངས་པའི་ཕྱིར་རོ། །འོ་ན་གཞུང་དེར་སྔགས་པ་ཤར་དུ་ཁ་བལྟས་ཏེ་ཞེས་གསུངས་པ་ཇི་ལྟར་ཡིན་སྙམ་ན། དེའི་དོན་ནི་ཤཱནྟི་པས་ཤར་ནི་ཚང་བར་བྱེད་པ་དང་ཁ་ནི་གཙོ་བོའི་དོན་ཏེ་རྫོགས་པར་བྱས་པ་གཙོ་བོར་གྱུར་པས་གནས་པར་བྱ་བའི་དོན་དུ་བྱས་ནས་ལྷོ་ནས་ཁ་བྱང་དུ་བལྟ་བར་བཤད་དོ། །དེ་ལྟར་བཤད་དགོས་པ་ནི་གཞུང་དེར། པད་གནས་ས་བོན་རཾ་ལས་བྱུང་། །སེར་ཞིང་ཞལ་རས་གསུམ་པ་ལ། ཞེས་མེ་ལྷ་སེར་པོར་བཤད་པའི་གནད་ཀྱིས་སོ། །ཉིན་མོ་འབྱུང་གནས་ཀྱིས་ཀྱང་ཐབ་ཀྱི་དབྱིབས་དང་ཚད་དེ་ལས་སེར་པོས་བྱུགས་ནས་རྒྱས་པའི་སྦྱིན་སྲེག་བྱ་བར་བཤད་ལ། འོད་སྙེ་ལས་ཀྱང་ལས་ཐམས་ཅད་པའི་ཐབ་ཁུང་ནི་ལས་དང་རྗེས་སུ་མཐུན་པའི་ས་གཞི་ལ་ཞི་བའི་ཐབ་དང་མཚུངས་པ་སྟེ། ཞེས་ལས་སོ་སོའི་ཁ་དོག་དང་མཐུན་པའི་ས་གཞི་ལ་བྱ་བར་གསུངས་སོ། །འདི་ལ་པྲཛྙཱ་ཨིནྡྲ་རུ་ཙིས། རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །


JLD011_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀུན་པ་ཡི་སྦྱིན་སྲེག་སྟེ། །ཚད་དང་དབྱིབས་དང་ཁ་དོག་དང་། །ཞི་བ་དང་མཐུན་ཤར་ལྟའོ། ཞེས་ལས་ཐམས་ཅད་པ་ལ་ཁ་དོག་དཀར་པོ་ཁོ་ན་དང་ཁ་ཤར་ཕྱོགས་ཁོ་ནར་བལྟ་བར་བཤད་པ་འཐད་པ་མ་མཐོང་ངོ་། །ཐབ་ཁྲུ་གང་ཟླུམ་པོ་ལ་ཁ་དོག་དཀར་པོའི་སྒོ་ནས་ཞི་བ་ལས་ཐམས་ཅད་པ་ནི་དཔལ་འཛིན་གྱིས་དམར་ནག་གི་དཀྱིལ་ཆོག་གཉིས་ཀར་བཤད་དོ། །ཡང་ཐབ་དེ་ལ་ཁ་དོག་དམར་པོར་བྱས་པའི་སྒོ་ནས་དབང་ཐབ་ལས་ཐམས་ཅད་པ་ཡང་ཡོད་དོ། །སློབ་དཔོན་བློ་གྲོས་བཟང་པོས། དེ་ནས་ལས་ཐམས་ཅད་པའི་ཐབ་ཁུང་དུ་ཆོ་ག་བཞིན་དུ་མངར་གསུམ་གྱིས་བསྐུས་པའི་མེ་ཏོག་དམར་པོ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱ་སྟེ། ཞེས་སྲེག་རྫས་དམར་པོས་ལས་ཐམས་ཅད་པའི་ཐབ་ཏུ་ལྷ་དབང་དུ་བྱེད་པའི་སྦྱིན་སྲེག་བྱ་བར་གཤེད་དམར་གྱི་མངོན་རྟོགས་ལས་གསུངས་པའི་ཕྱིར་རོ། །འོད་སྙེ་ལས་ཐབ་ཀྱི་ས་གཞི་དང་བུད་ཤིང་དང་མེའི་སྐབས་སུ་ལས་ཐམས་ཅད་པ་ལ་ལས་སོ་སོ་དང་རྗེས་སུ་མཐུན་པར་བྱ་བར་གསུངས་པ་ཙམ་ལས་ལས་བཞི་ག་འོང་མི་འོང་མི་གསལ་ཡང་བཞི་ག་ཡོད་པ་ཡིན་ཏེ་དཀྱིལ་ཆོག་རྡོར་ཕྲེང་ལས། དེ་ལྟར་ལས་ཐམས་ཅད་པའི་ཐབ་ཁུང་དུ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ལ་སོགས་པ་རྣམས་འགྲུབ་ཀྱང་སོ་སོ་ལ་ཐབ་ཁུང་ཐ་དད་དུ་རྒྱུད་རྣམས་སུ་གསུངས་སོ་ཞེས་གསུངས་པའི་ཕྱིར་རོ། །ལས་ཐམས་ཅད་པའི་ཐབ་ནི་རྒྱ་དང་དབྱིབས་ཞི་བའི་ཐབ་དང་འདྲ་ཡང་ཁྱད་པར་ནི་མུ་རན་ལ་གེ་སར་དང་བཅས་པའི་ཟེའུ་འབྲུ་དང་ཁ་ཁྱེར་པདྨའི་འདབ་


JLD011_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྣམ་པའོ། །དེ་ལ་ཕྱོགས་དང་མཚམས་རྣམས་སུ་རྡོ་རྗེའམ་སྣ་ཚོགས་རྡོ་རྗེའམ་རལ་གྲིས་བསྐོར་ཞིང་། ཐབ་ཀྱི་ནང་དུ་རྡོ་རྗེ་ཕྲེང་བས་བསྐོར་བའི་པད་འདབ་ལ་གནས་པའི་འདབ་མའི་ཚད་ཀྱི་དེ་བཞིན་གཤེགས་པ་བཞིའི་མཚན་མའི་ནང་དུ་རྒྱར་སོར་བརྒྱད་དཔངས་སུ་སོར་གཅིག་པའི་རང་གི་མཚན་མ་དང་ལྡན་པ་དང་། མཚན་མ་ཡང་རྣམ་སྣང་གི་འཁོར་ལོའམ་རྡོ་རྗེ། རིན་འབྱུང་གི་རིན་པོ་ཆེ། འོད་དཔག་མེད་ཀྱི་པདྨ། མི་བསྐྱོད་པའི་ཁྲོ་བོའི་རྡོ་རྗེ། དོན་གྲུབ་ཀྱི་རལ་གྲིའམ་སྣ་ཚོགས་རྡོ་རྗེ་བྱེད་པའི་རང་ལུགས་དང་། ཁ་ཁྱེར་ལ་མཚམས་མ་གཏོགས་པ་ཕྱོགས་རྣམས་སུ་རྡོ་རྗེ་མེད་ཅིང་ཐབ་ཀྱི་ནང་དུ་རྡོར་ཕྲེང་མེད་པའི་ལུགས་དང་ཐབ་ཁུང་ཐམས་ཅད་ལ་ལྟེ་བར་རང་གི་འདོད་པའི་ལྷའི་མཚན་མ་འགོད་པའི་ལུགས་གསུམ་འོད་སྙེ་ལས་བཤད་དེ་རང་ལུགས་ལ་ལས་སོ་སོ་བ་རྣམས་ལ་ཤར་ལ་སོགས་པའི་མཚན་མ་བཞི་མ་བཤད་དོ། །མཚན་མ་རྣམས་ཀྱི་ཁ་དོག་ནི་རང་རང་གི་ལྷའི་ཁ་དོག་དང་མཐུན་ལ་བྲིས་ཐབ་ཀྱང་ཁ་སྦྱོར་གྱི་དགོངས་པར་མན་སྙེར་བཀྲལ་ཞིང་མཚོ་སྐྱེས་དང་ནག་པོ་སྤྱོད་པ་དང་འོད་སྙེ་ལས་ཀྱང་བརྐོ་བ་དང་བྲི་བ་གདམ་ང་ཅན་དུ་བཤད་དོ། །ཉིན་མོ་འབྱུང་གནས་དང་ཛ་ཡ་སེ་ནས་སྔ་མ་མ་གྲུབ་ན་ཕྱི་མ་བྱ་བར་བཤད་དོ། །ནག་པོ་སྤྱོད་པས། རྡུལ་ཚོན་གྱིས་ནི་རྫོགས་པར་བྲི། །ཡང་ན་མེ་ཏོག་དག་ཀྱང་རུང་། །ཞེས་ཚོན་དང་མེ་ཏོག་གིས་བྲི་བ་གདམ་ང་ཅན་དུ་གསུངས་པ་བཞིན་དུ་མཚོ་སྐྱེས་ཀྱང་བཞེད་པས་མེ་


JLD011_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་བཀྲམ་སྟེ་བྲིས་པ་ཡང་རུང་ངོ་། །གཉིས་པ་ནི། དགང་བླུགས་ཀྱི་རྒྱུ་ནི་དཱ་རི་ཀ་པས། གསེར་དངུལ་ཟངས་ལྕགས་ར་གན་མི་རུས་སྦྱིན་སྲེག་གི་ཤིང་སྟེ་བདུན་གང་རུང་ལས་བྱ་བར་བཤད་པ་ལྟར་རོ། །དགང་གཟར་གྱི་ཡུ་བའི་སྲིད་ནི་ཚད་ལྡན་གྱི་མཐེབ་སོར་ཉེར་བཞི་པ་ཡུ་བའི་འོག་ཏུ་རིན་པོ་ཆེ་སོར་གསུམ་པ་དེའི་འོག་ཏུ་སོར་གསུམ་པའི་རྡོ་རྗེའོ། །དེ་གཉིས་དང་བཅས་ན་ཡུ་བ་ལ་སོར་སུམ་ཅུ་སྟེ་བླུགས་གཟར་གྱི་ཡུ་བ་ལ་ཡང་དེ་བཞིན་ནོ། །དགང་གཟར་གྱི་སྦོམ་གྱི་ཚད་ནི་རྡོ་རྗེ་དང་བཅས་པའི་ལག་པས་བདེ་བར་བཟུང་དུ་རུང་བ་ཡིན་ལ་བླུགས་གཟར་གྱི་སྦོམ་ནི་དགང་གཟར་གྱི་སྦོམ་ལས་ཕྱེད་ཀྱིས་ཕྲ་བའོ། །དགང་གཟར་གྱི་ཡུ་བའི་སྟེང་དུ་ནི་གྲུ་བཞི་པ་རྒྱར་སོར་བཞི་པའི་དབུས་སུ་ཟབས་སུ་སོར་གཉིས་ཀྱིས་དམའ་བ་ལ་རྡོ་རྗེ་རྩེ་ལྔ་པ་སོར་གཉིས་པས་མཚན་པ། གྲུ་བཞི་པའི་སྟེང་གི་རྒྱར་སོར་ཕྱེད་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། གྲུ་བཞི་པའི་སྟེང་དུ་པདྨའི་འདབ་མའི་དབྱིབས་ཅན་སོར་བཞི་པ་ཟབས་སུ་མཐེའུ་ཆུང་གི་ཚད་ལ་སོར་བཞི་པའི་རྡོ་རྗེས་མཚན་པ་སྲིད་དུ་བཅུད་འཛག་པའི་བུ་ག་མཐེ་བོང་ངམ་མཐེའུ་ཆུང་གི་ཚད་ཙམ་དེའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་སོར་བཞི་པའོ། །ཡང་ན་ཡུ་བའི་སྟེང་གི་ཆར་པད་འདབ་ཀྱི་རྣམ་པ་སྲིད་དུ་སོར་བརྒྱད་པ་ཇི་ལྟར་མཛེས་པ་ལ་རྒྱར་གྲུ་བཞི་པ་སོར་བཞི་པ་ཟབས་སུ་སོར་གཉིས་ཀྱིས་དམའ་བའི་དབུས་སུ་རྡོ་རྗེ་སོར་བཞི་པ་རྩེ་གསུམ་པའམ་རྩེ་ལྔ་པས་མཚན་པ་སྟེ་ཡུ་བའི་སྐོར་དང་བཅུད་ཀྱི་བུ་ག་འདྲའོ། །བླུགས་གཟར་གྱི་ཡུ་བའི་སྟེང་དུ་ཁ་པད་འདབ་ལྟ་


JLD011_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྒྱར་སོར་གཉིས་པ་ཟབས་སུ་སོར་གཅིག་པ་དབུས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པའོ། །དགང་བླུགས་མེད་ན་ལག་པའི་སོར་མོ་ལྔ་སྦྱར་བས་དགང་བླུགས་དང་སོར་མོ་གསུམ་སྦྱར་བས་སྲེག་བླུགས་དབུལ་བ་དང་བླུགས་གཟར་མེད་ན་སྲེག་བླུགས་ཀྱང་དགང་གཟར་གྱིས་བྱ་སྟེ་དེ་ཐམས་ཅད་འོད་སྙེའི་ལུགས་སོ། །དགྲ་ནག་ལས་ཀྱང་། དགང་བླུགས་ཀྱི་ཡུ་བ་ཁྲུ་གང་དང་སོར་བཞི་པའི་དབུས་སུ་ཟབས་སུ་སོར་གཉིས་པ་དང་བླུགས་གཟར་པད་འདབ་འདྲ་བའི་ཁ་ལ་མཐེབ་སོར་གཉིས་དང་ཟབས་སུ་མཐེབ་གང་བཤད་དེ་འོད་སྙེའི་ལུགས་སྔ་མ་དང་མཐུན་ནོ། །དེ་ཡང་གཙོ་བོར་ཕྱེད་བཅས་བཞི་བརྒྱ་པ་རྩ་འགྲེལ་གྱི་རྗེས་སུ་འབྲངས་པ་ཡིན་ལ་དེར། སོར་བཞིའི་མཐར་ནི་རྡོ་རྗེ་སྟེ། །བར་དུ་པདྨའི་འདབ་མའི་དབྱིབས། །ཞེས་གསུངས་པ་ལ་ཤཱནྟི་པས་མཐར་ཞེས་པ་ཐམས་ཅད་ཀྱི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་ཡོད་པ་དང་བར་དུ་ཞེས་པ་རྩེ་གསུམ་པ་དང་ཟུར་བཞིའི་བར་དུ་པད་འདབ་ཀྱི་དབྱིབས་འདྲ་བ་ཡོད་པ་ལ་བཤད་པས་འོག་གི་སོར་བཞི་པ་གྲུ་བཞི་པའི་སྟེང་གི་མཐའ་ནས་གྱེན་དུ་མཐེའུ་ཆུང་གི་ཚད་སོང་བའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་ཕྱོགས་བཞིར་བྱ་ཞིང་། དེ་དང་ནང་གི་ཟུར་འོག་མ་བཞིའི་བར་དུ་པད་འདབ་ཀྱི་རྣམ་པ་བྱའོ། སོར་ཕྱེད་པ་ལ་བསྐོར་བའི་རྡོར་ཕྲེང་ནི་སོར་བཞི་པའི་དབུས་སུ་རྒྱར་སོར་གསུམ་པ་དང་དཔངས་སུ་སོར་གཉིས་པའི་བུག་པ་ཡོད་པའི་སྟེང་ངོས་ནས་ཕྱོགས་སུ་སོར་ཕྱེད་རེ་ཡོད་པ་ལ་བྱའོ། །དཱ་རི་ཀ་པས་དགང་གཟར་གྱི་ལྟེ་བ་ཞི་བ་ལ་ཟླུམ་པོ་སོགས་ཐབ་ཀྱི་དབྱིབས་


JLD011_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི་དབུས་སུ་རང་རང་གི་མཚན་མས་མཚན་པ་ལས་སོ་སོ་ལ་ཤིས་པར་བཤད་ཅིང་། སངས་རྒྱས་གསང་བས་ཀྱང་ཞི་རྒྱས་དྲག་གསུམ་ལ་དབུས་སུ་ཟླུམ་པོ་གྲུ་བཞི་གྲུ་གསུམ་གྱི་དབུས་སུ་འཁོར་ལོ་རིན་ཆེན་རྡོ་རྗེ་དང་བླུགས་གཟར་གྱི་དབུས་སུ་ཡང་མཚན་མ་དེ་གསུམ་བྱ་བར་བཤད་པས། གྲུབ་ན་དེ་བཞིན་བྱ་ལ་མ་གྲུབ་ན་མཚོ་སྐྱེས་དང་འོད་སྙེ་སོགས་ཀྱི་ལས་བཞིའི་སྦྱིན་སྲེག་གི་དགང་བླུགས་འཆད་པ་ན་མི་འདྲ་བ་མ་བཤད་པ་ཡང་མང་བས་དེ་བཞིན་དུ་བྱའོ། །གསུམ་པ་ལ་གསུམ། མཆོད་རྫས། སྲེག་རྫས། སྦྱངས་ཏེ་འབུལ་བ་དང་དགོད་པའི་གནས་སོ། །དང་པོ་ནི། ཞི་བ་ལ་དུང་ངམ་ཉ་ཕྱིས་ཀྱི་སྣོད་དུ་འོ་མ་དང་མེ་ཏོག་དཀར་པོའི་ཆུ། རྒྱས་པ་ལ་གསེར་གྱི་སྣོད་དུ་ཏིལ་དང་ཞོ་དང་མེ་ཏོག་སེར་པོ་དང་དྲི་སེར་པོའི་ཆུ། དབང་ལ་ཟངས་ཀྱི་སྣོད་དུ་མེ་ཏོག་དམར་པོ་དང་དྲི་དམར་པོའི་ཆུ། དེ་གསུམ་ལ་ཐུན་མོང་དུ་ནས་དང་ཏིལ་ནག་ཀུ་ཤ་འབྲས་ཡོས་བདུད་རྩི་ལྔ་རྣམས་ཀྱང་བླུག་གོ །བསད་བསྐྲད་དང་དབྱེ་བ་ལ་ལོངས་སྤྱོད་པའི་རྫ་ཕོར་ལ་སོགས་པའི་དུམ་བུའི་སྣོད་དུ་བ་དང་བོང་བུའི་ཆུ་ཁྲག་དང་བཅས་པ་དང་དྲི་ང་བ་དང་དྲི་མེད་པའི་མེ་ཏོག་ནག་པོ་ལ་སོགས་པ་དང་། རྨོངས་རེངས་ལ་ནི་དྲི་ང་བའམ་དྲི་མེད་པའི་མེ་ཏོག་སེར་པོ་སོགས་བླུག་གོ །དྲག་པོ་ལ་གུ་གུལ་དང་གཞན་རྣམས་ལ་སྤོས་ཞིམ་པོས་བདུགས་ཏེ་རང་གི་ལྷའི་སྔགས་སམ་ལས་ཐམས་ཅད་པའི་སྔགས་ཀྱི་མཐར་རིམ་པ་བཞིན་དུ་སྭཧཱ་དང་། ༀ་དང་ཧོཿ དང་ཕཊ་ཅེས་སྦྱར་ནས་ལན་བརྒྱའམ་བདུན་བཟླའོ། །དབང་གི་དགུག་པ་ལ་ནི་ཛཿ ཞེས་པའོ། །ཆུ་བཞིའི་


JLD011_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་གསུམ་གྱི་མདུན་དུ་ཡང་བཟེད་ཞལ་གྱི་སྣོད་གསུམ་མཉྫི་ལ་སོགས་པའི་སྟེང་དུ་བཞག་གོ །རིན་ཆེན་འབར་བ་ལས། མེ་ཏོག་ལ་སོགས་རྫས་རྣམས་ནི། །ལས་ཀྱི་དབྱེ་བས་ཁ་དོག་དབྱེ། །ཞེས་བཤད་པ་ལྟར་མེ་ཏོག་ལ་སོགས་པའི་རྫས་རྣམས་ལས་སོ་སོའི་ཁ་དོག་དང་མཐུན་པར་བྱ་སྟེ། ཞི་བ་ལ་དྲི་ཞིམ་པོའི་མེ་ཏོག་དཀར་པོ་འོ་མས་སྦྲུས་པའི་ལྷ་བཤོས། རྒྱས་པ་ལ་དྲི་ཞིམ་པོའི་མེ་ཏོག་སེར་པོ་ཞོས་སྦྲུས་པའི་ལྷ་བཤོས། གཉིས་ཀ་ལ་ཐུན་མོང་དུ་ག་པུར་ལ་སོགས་པའི་སྤོས། མར་དཀར་གྱི་མར་མེ། ཙནྡན་ལ་སོགས་པའི་དྲི། དབང་དང་དེའི་དགུག་པ་ལ་དྲི་ཞིམ་པོའི་མེ་ཏོག་དམར་པོ་དང་མངར་གསུམ་དང་སྦྱར་བའི་ལྷ་བཤོས་ལ་སོགས་པའོ། །བསད་བསྐྲད་དང་དབྱེ་བ་ལ་དྲི་ང་བ་དང་དྲི་མེད་པའི་མེ་ཏོག་ནག་པོ་དང་། རྨོངས་རེངས་ལ་དེ་ལྟ་བུའི་མེ་ཏོག་སེར་པོ་དང་། ཐུན་མོང་དུ་སྤོས་དཀར་དང་གུ་གུལ་དང་ཤ་ཆེན་གྱི་སྤོས་དང་མི་དང་ཉ་ལ་སོགས་པའི་ཞག་དང་ཡུངས་མར་ཚ་བའི་མར་མེ་དང་དུ་རུ་ཀ་དང་འོལ་མ་སེ་ལ་སོགས་པའི་དྲི་དང་ཁ་བ་དང་ཚ་བ་དང་ཡིད་དུ་མི་འོང་བའི་བཟའ་བ་དང་ཤ་ཁྲག་ལ་སོགས་པའི་ལྷ་བཤོས། ཁ་སྒྱུར་དགོས་པ་རྣམས་ལས་མཐུན་གྱི་ཁ་དོག་གིས་ཁ་བསྒྱུར་རོ། །ལས་མཐུན་གྱི་གོས་ཟུང་དང་ཞི་སོགས་གསུམ་ལ་རྡོ་ཐལ་མེད་པའི་སོ་རྩི་དང་། དྲག་པོ་ལ་རྡོ་ཐལ་དང་བཅས་པའི་སོ་རྩིའོ། །གཉིས་པ་ལ་གཉིས། ཡམ་ཤིང་དང་བུད་ཤིང་གི་རྫས་དང་། སྲེག་རྫས་ལྷག་མ་བསྟན་པའོ། །དང་པོ་ནི། ཞི་བའི་ཡམ་ཤིང་ནི་གཞུང་གཞན་རྣམས་ནས་བྱུང་བ་རྣམས་འདིར་མི་རྙེད་ལ། རྡོ་རྗེ་


JLD011_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ལས་འོ་མ་ཅན་གྱི་ཤིང་ལས་བྱ་བར་གསུངས་པས། འོམ་བུ་ལ་སོགས་པ་དྲི་ཞིམ་པོ་དང་ལྡན་པའི་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཕྱོགས་སྲིད་དུ་སོར་བཅུ་གཉིས་པ་སྦོམས་སུ་མཐེའུ་ཆུང་གི་ཚད་ལོ་མ་མ་རྙིང་པ་རླན་དང་བཅས་པ་མཉམ་པོར་བཅད་པ་རྩེ་མོ་གཉིས་སྦྲང་རྩི་དང་འོ་མ་དང་མར་དུ་བསྙུགས་པ་བདུད་རྩི་དང་དྲིའི་ཆུས་བྲན་པའོ། །དེ་ཡང་འོད་སྙེ་ལས། རྙིང་ལྕི་ཕྲ་དང་ཀྱོག་པོ་དང་། །རིང་ཐུང་ལོ་མ་མེད་པ་དང་། །སྲོག་ཆགས་གྱིས་ཟོས་རུལ་བ་དང་། །ཤུན་བྲལ་ཆག་དང་བུ་ག་ཅན། །རྩེ་མོ་གཉིས་ལྡན་སྦོམ་པ་སྤངས། །རྙིང་པ་ཡིས་ནི་འཆི་བར་འགྱུར། །ཀྱོག་པོས་སྐལ་བ་ངན་པར་འགྱུར། །རིང་ཐུང་རིག་པ་འཕྲལ་དུ་ཉམས། །ལོ་མ་མེད་པས་ན་ཚ་འབྱུང་། །སྦོམ་པོས་ཕུན་སུམ་ཚོགས་པ་ཉམས། །སྐམ་པོས་གཞན་ཡང་མི་འདོད་པར། །ཤེས་བྱ་ཞེས་གསུངས་པས་སྐྱོན་དེ་དག་དང་བྲལ་བར་བྱ་སྟེ་དྲག་པོ་ལ་ནི་དེ་དག་ཤིས་པར་གསུངས་སོ། །རྒྱས་པའི་ཡམ་ཤིང་ནི་རྒྱུ་སྔར་དང་འདྲ་བའི་ཤིང་གི་དབུས་ཀྱི་ཆ་ལས་བྱུང་བ་སྲིད་དུ་ཁྲུ་གང་བ་སྦོམས་སུ་འཆང་བའི་ཚད་བདུད་རྩི་དང་བཅས་པའི་དྲི་སེར་པོའི་ཆུས་བྲན་པ་ཞོ་དང་འོ་མ་དང་མར་དུ་བསྙུགས་པ་མངར་གསུམ་གྱིས་སྦགས་པའོ། །འདིའི་སྲིད་ཀྱི་ཚད་ལ་བཟང་པོ་ཡོངས་བཟུང་དང་རིན་ཆེན་འབར་བ་དང་གཞོན་ནུ་ཟླ་བས་སོར་བཅུ་བཞིར་བཤད་ལ་དབང་ལ་ནི་སྔར་བཤད་པའི་སྐྱོན་དང་བྲལ་བའི་ཤིང་དམར་པོའམ་ནིམ་པ་དང་ཐང་ཤིང་དང་ཤིང་སྐྱུར་བ་མེ་ཏོག་དང་བཅས་པ་སྟེ་སོར་ལྔ་པའོ། །དབང་གི་དགུག་པ་ལ་ནི་ཚེར་མ་ལྕགས་ཀྱུ་ལྟ་བུའི་ཤིང་རྣམས་ཏེ་ཚད་སྔར་


JLD011_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །མངོན་སྤྱོད་རྣམས་ལ་ནི་རོ་ཚ་བ་དང་ཁ་བ་དང་ཚེར་མ་ཅན་གྱི་ཤིང་ངམ་རོ་བསྲེགས་པའི་མགལ་དུམ་གྱི་རྩ་བའི་ཆ་ལས་བྱུང་བ་བཀས་པ་སོར་བཅུ་པ་རྩེ་མོ་གཉིས་རྣོན་པོར་བཞོགས་པ་ལ་དུག་དང་ཁྲག་དང་ཡུངས་མར་གྱིས་བསྐུས་པའོ། །བྷ་བ་བྷ་དྲས་རྨོངས་པའི་ཡམ་ཤིང་གི་ཚད་ནི་བསད་པ་དང་འདྲ་བར་བཤད་དེ་དེས་རེངས་པ་དང་དབྱེ་བ་ཡང་གོ་བར་བྱའོ། །ལས་ཐམས་ཅད་པའི་ཡམ་ཤིང་ནི་ཨུ་དུམྦ་ར་ལ་སོགས་པ་བཅུ་གཉིས་བཤད་པ་རྣམས་འདིར་མི་རྙེད་པས་ལས་སོ་སོ་བ་དང་མཐུན་པར་བྱའོ། །ཚད་ནི་འོད་སྙེར་མཛུབ་གང་བར་བཤད་ལ་ཤཱནྟི་པས་རྒྱས་པ་ལས་ཐམས་ཅད་པ་ལ་འཆང་གང་ཁྲུ་གང་བར་བཤད་དོ། །ལས་སོ་སོ་བའི་བུད་ཤིང་ནི་ཡམ་ཤིང་དང་རྒྱུ་འདྲ་བ་སྲོག་ཆགས་མེད་པས་ཐབ་ལས་ཅུང་ཟད་དམའ་བར་ཐབ་སོ་སོ་བཞིན་དུ་བརྩིག་གོ །ཞི་བ་ལ་ནི་དགོན་པའི་བ་ལང་གི་ལྕི་བས་ཀྱང་རུང་ངོ་། །ལས་ཐམས་ཅད་པའི་བུད་ཤིང་ཡང་ལས་སོ་སོ་དང་མཐུན་པར་བྱའོ། །མེ་ཚང་འཆའ་ན་དཱ་རི་ཀ་པས་ལས་མཐུན་གྱི་ཕྱོགས་ནས་མེ་སྦར་བར་གསུངས་པ་ལྟར་ན་ཞི་བ་ལ་ཤར་དུ་བཅའ་བ་སོགས་སམ་ཡང་ན་ཤར་ལྷོར་བྱའོ། །གཉིས་པ་ནི། ཞི་བའི་རྫས་ཁྱད་པར་བ་ནི་འབྲུ་མར་གྱིས་བྱུགས་པའི་ཀུ་ཤ་ནས་ཏིལ་ཞོ་འོ་མ་འབྲས་ཟན་དུར་བ་ཙནྡན། པྲི་ཡང་ཀུ་ཐང་ཆུ་དྲི་ཞིམ་པོའི་མེ་ཏོག །འབྲས་ཡོས་རྣམས་སྦྲང་རྩི་སོགས་སུ་བསྙུགས་པ་དང་ནང་གི་བདུད་རྩི་ལྔའོ། །རྒྱས་པའི་རྫས་ཁྱད་པར་བ་ནི་འབྲས་ཆན་ཞོ་དང་བསྲེས་པ་ལ་མངར་གསུམ་གྱིས་སྦགས་པའི་ཟས་མཆོག་དང་། ཞོ་


JLD011_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྲང་རྩི་དང་ཏིལ་ནག་དང་ཞོ་ཟན་དང་ཞུན་མར་དང་བཅས་པའི་འབྲས་དང་པདྨ་གེ་སར་དང་ན་ག་གེ་སར་དང་འབྲས་བུ་རྣམས་སོ། །དབང་ལ་མེ་ཏོག་དང་འབྲས་བུ་སྐྱུར་མོ་དང་མེ་ཏོག་དམར་པོ་དྲི་ཞིམ་པོའོ། །དྲག་པོ་ལ་ཡུངས་ཀར་དང་ཡུངས་མར་ཚ་བ་དང་ཁྲག་དང་ལན་ཚྭ་དང་སྐེ་ཚེ་དང་ནིམ་པའི་ལོ་མ་དང་རོ་ཐལ་དང་རྐང་རྗེས་ཀྱི་རྡུལ་དང་བོང་བུ་ལ་སོགས་པའི་སྦངས་དང་སྐྲ་དང་ཁྱིམ་བྱའི་ཚིལ་དང་ཚེར་མ་དང་རུས་ཕྱེ་ལ་སོགས་པ་ཇི་ལྟར་རྙེད་པའམ་རྫས་རེ་རེ་ལ་དུག་ཁྲག་ལན་ཚྭ་རྣམས་བསྲེས་པའོ། །མར་ནི་འོད་སྙེ་ལས་དྲག་པོ་ལ་དམིགས་བསལ་གསུངས་པ་མ་གཏོགས་པ་མ་བཤད་པས་འཇམ་པོ་གསུམ་ལ་མར་དཀར། དྲག་པོ་ལ་འབྱོར་ན་མི་ལ་སོགས་པའི་ཞུན་དང་མ་འབྱོར་ན་མར་ནག་ལ་དུག་ཁྲག་གིས་སྦགས་པའོ། །རྫས་རྣམས་ཀྱི་བྱེད་ལས་སོ་སོ་བ་ནི་སྡོམ་འབྱུང་ལས། མར་གྱིས་འབྱོར་བ་ཐམས་ཅད་བྱེད། །ཡམ་ཤིང་གཟི་བརྗིད་རྣམ་པར་འཕེལ། །བུད་ཤིང་ལྷག་པར་དཔའ་བར་བྱེད། །ཀུ་ཤས་ཐམས་ཅད་སྲུང་བར་བྱེད། །ཡུངས་ཀར་དག་ནི་ཞི་བར་བྱེད། །འབྲས་ཀྱིས་རྒྱས་པར་བྱེད་པར་འདོད། །ཏིལ་ནི་སྡིག་འཕྲོག་རིག་པར་བྱེད། །སོ་བས་ནོར་དང་འབྲུ་རྣམས་འགུགས། །མཱ་ཤས་སྟོབས་ནི་ཆེན་པོར་བཤད། །ནས་ནི་རླུང་གི་ཤུགས་རབ་སྟེར། །དུར་བས་ཚེ་ནི་འཕེལ་བར་བྱེད། །གྲོས་ནི་ནད་རྣམས་འཇོམས་པར་བྱེད། །འོ་ཞོ་སྦྲང་རྩིས་ཤེས་རབ་སྟེར། །ཞོ་ཟན་བདེ་བ་ཐམས་ཅད་སྟེར། །ཞེས་གསུངས་པ་ལྟར་ཡིན་པས། དེ་དག་འདོད་པས་ཞི་རྒྱས་ཀྱི་སྦྱིན་སྲེག་བྱའོ། ཀུ་ཤ་ནི་སྔོ་ལྗང་རྩ་བ་རྩེ་མོ་མ་ཉམས་ཤིང་འདབ་མ་


JLD011_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུགས་པ་མར་དང་འོ་མ་ལ་སྦགས་པ་དང་། དུར་བ་ནི་སྔོན་པོ་རྩ་བ་དང་རྩེ་མོ་མ་ཉམས་པ་འོ་མས་སྦགས་པའོ། །འབྲས་ནི་མ་གྲུགས་པའོ། །བགེགས་ཞི་བ་ལ་གུ་གུལ་གྱི་རིལ་བུ་མར་ལ་བསྙུགས་པ་བསྲེག་པར་རིག་པ་མཆོག་ལས་སོ། །བཟླས་པ་དང་ཆོ་གའི་ཆད་ལྷག་གི་ཉེས་པ་ཁ་སྐོང་ནི་ཞི་བའི་སྦྱིན་སྲེག་དང་། དཀྱིལ་འཁོར་མཆོད་པའི་སྦྱིན་སྲེག་ནི་ཤཱནྟི་པ་དང་དཔལ་འཛིན་གྱིས་བཤད་པ་ལྟར་ཞི་བའམ་རྒྱས་པ་གང་རུང་གིས་སོ། ལྷ་ཉེ་བར་བྱེད་པའི་སྦྱིན་སྲེག་ནི་སྔར་སློབ་དཔོན་བློ་གྲོས་བཟང་པོའི་ལུང་དྲངས་པ་ལྟར་ལས་ཐམས་ཅད་པའི་དབང་ཐབ་ཏུ་བྱ་སྟེ་སྲེག་རྫས་ཁྱད་པར་བ་ནི་མེ་ཏོག་དམར་པོའོ། །སློབ་དཔོན་དེས་བཟླས་པ་འབུམ་སོང་བའི་མཐར་མཚན་ཐོག་ཐག་གཅིག་ཏུ་བཟླས་པ་བྱས་ནས་དེའི་འོག་ཏུ་སྔགས་རེ་རེ་ནས་བཟླས་ནས་བྱེད་དེ་ལས་སྒྲུབ་པ་ཐམས་ཅད་ལ་བྱའོ་ཞེས་གསུངས་པ་ནི་བཟླས་པ་འབུམ་ལ་མེ་ཏོག་གི་སྦྱིན་སྲེག་ཁྲི་བྱ་བར་བཞེད་པས་ལས་སྒྲུབ་པའི་སྔ་རོལ་ཏུ་ནུས་པ་བསྐྱེད་པའི་བཅུ་ཆའི་སྦྱིན་སྲེག་གོ །བསད་པའི་རྫས་ཁྱད་པར་བ་ནི་སྔར་བཤད་པའི་དྲག་པོའི་རྫས་སམ་ཡང་ན་ཐལ་བ་དང་སོལ་བ་དང་ཕུབ་མ་ལ་སོགས་པ་ལས་དགྲའི་གཟུགས་བྱས་ལ་དུག་དང་ད་དུ་རའི་ཁུ་བ་ལ་སོགས་པས་བསྒྲུབ་བྱའི་མིང་སྤེལ་ཚིག་དང་བཅས་པ་བྲིས་ལ་གཟུགས་དེའི་སྙིང་གར་གཞུག་དུག་དང་ཁྲག་ལ་སོགས་པས་བསྐུས་ཏེ་བཞག་གོ །བསྐྲད་པ་ལ་ནི་ཆེ་གེ་མོ་ཨུ་ཙྪ་ཊ་ཡ་ཧཱུཾ་ཕཊ་། ཅེས་བྲིས་པའི་ཁྭ་དང་བྱ་རོག་གི་གཤོག་པ་དང་རྟོག་བདུན་ལས་བྱ་རོག་གི་ཤ་དང་རྔ་མོའི་བྲུན་


JLD011_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆང་རྣམས་དུར་ཁྲོད་ཀྱི་ཤིང་ལ་མེ་སྦར་བ་ལ་བསྲེག་པ་སོགས་གསུངས་སོ། །དབྱེ་བ་ལ་ནི་རྟོག་བདུན་ལས་བྱ་རོག་དང་འུག་པ་དང་སྦྲུལ་དང་རྟའི་ཤ་ལ་སོགས་པ་དང་སྐྲ་དང་འབྲས་ཕུབ་རྣམས་དུར་ཁྲོད་ཀྱི་མེ་ལ་བསྲེག་པར་གསུངས་ཏེ་དང་པོ་གཉིས་ཀྱི་སྒྲོ་ཡང་སྲེག་རྫས་སོ། །རེངས་པ་ལ་ནི་བ་བླ་དང་ཡུང་བ་དང་ལྡོང་རོས་དང་གི་ཝཾ་གིས་དེའི་ཐབ་བྱ་བར་རྟོག་བདུན་ལས་གསུངས་ཏེ་སྲེག་རྫས་ཀྱང་ཡིན་ལ་དེ་ཡང་དུར་ཁྲོད་ཀྱི་མེ་ལ་བསྲེག་གོ །རྨོངས་པ་ལ་ནི་གདན་བཞི་ལས། ཤ་དང་ཉ་ལ་སོགས་པའི་རྫས། །ཐམས་ཅད་འབྲུ་དང་བག་ཕྱེ་དང་། །ཁྲག་དང་སྦྲང་རྩི་བསྲེས་པ་དང་། །བྱ་རོག་སྒྲོས་ནི་སྦྱར་བྱས་པ། །བྱ་རོག་ཚང་གི་ཤིང་དག་དང་། །སོ་ཤིང་དག་གི་ལྷག་མ་ཡིས། །དེ་དག་ལས་སུ་བྱས་ན་ནི། །བྱ་བ་ཐམས་ཅད་རྨོངས་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དབང་དགུག་ལ་སོགས་པའི་རྫས་ཀྱི་ཁྱད་པར་ཞིབ་པར་ནི་རྟོག་བདུན་ལ་སོགས་པའི་རྒྱུད་རྣམས་ལས་བསྒྲུབ་བྱ་སོ་སོ་ལ་ལྟོས་ཏེ་རྒྱས་པར་གསུངས་པ་ལས་ཤེས་པར་བྱའོ། །དེ་ལྟར་ན་སྦྱིན་སྲེག་གང་བྱེད་ཀྱང་མར་ཁུ་དང་ཡམ་ཤིང་ངེས་པར་དགོས་ལ་རྫས་གཞན་རྣམས་སྐབས་དང་སྦྱར་བས་ཆོག་གོ །གསུམ་པ་ནི། སྲེག་རྫས་རྣམས་ལ་གདན་བཞི་ལས། སྔགས་དང་ཕྱག་རྒྱས་བསང་བ་དང་སྦྱོང་བའམ་དག་པར་བྱེད་པ་བཤད་ཀྱི་རྫས་ཀྱི་བསྐྱེད་ཆོག་མ་བྱུང་ལ། འོད་སྙེ་ལས་བསྲེག་བྱའི་རྫས་ཐམས་ཅད་བཤང་བ་ལ་སོགས་པའི་བདུད་རྩི་ལྔས་བྲན་ཞིང་། བདུད་རྩིའི་ངོ་བོར་བསྒོམས་པས་སྲེག་བླུགས་བྱའོ་ཞེས་མན་ངག་རིག་ཅིང་མང་དུ་མཁྱེན་པ་རྣམས་གསུངས་སོ་ཞེས་བཤད་ལ། དཔལ་འཛིན་གྱིས་


JLD011_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདུད་རྩི་ལྔའི་ངོ་བོར་བསྐྱེད་ལ་བསྲེག་པར་བྱའོ་ཞེས་གསུངས་པས། འཆད་པར་འགྱུར་བ་ལྟར་བསང་བ་དང་སྦྱང་བའི་སྔགས་ཀྱིས་བསང་སྦྱངས་བྱས་ནས་སྲེག་རྫས་ཐམས་ཅད་ནང་གི་བདུད་རྩི་ལྔའི་ངོ་བོར་བསྐྱེད་ལ་དབུལ་བར་བྱའོ། །རིགས་པ་འདིས་རྒྱུད་སྡེ་འོག་མ་གསུམ་ལ་ཕྱིའི་བདུད་རྩི་ལྔའི་ངོ་བོར་བསྐྱེད་དུ་རུང་ངམ་བརྟག་གོ །རྫས་སྦྱོང་བའི་ཕྱག་རྒྱ་ནི་ལག་པ་གཉིས་ཀྱི་ཁུ་ཚུར་ཁ་སྦྱར་བའི་གུང་མོ་གཉིས་བསྒྲེངས་ནས་རྩེ་སྤྲད་པའོ། །འབུལ་བའི་གོ་རིམ་ནི། མར་མེ་མཛད་བཟང་པོས། ཡམ་ཤིང་མེ་ལ་མར་དང་ཏིལ། །མ་གྲུགས་དུར་བ་འབྲས་ཆན་ཞོ། །ཀུ་ཤ་ཆོ་གའི་རིམ་པ་ཡིན། །ཞེས་གསུངས་ཏེ་འོད་སྙེ་ཡང་འདིའི་རྗེས་སུ་འབྲང་ངོ་། །འོན་ཀྱང་འབྲས་མ་གྲུགས་པ་ཏིལ་གྱི་འོག་ཏུ་བཤད་ལ་ཀུ་ཤའི་རྗེས་སུ་སོ་བ་དང་ནས་དང་སྲན་མ་དང་གྲོ་རིམ་པ་བཞིན་དུ་འབུལ་བར་བཞེད་དོ། །འབུལ་བའི་ཚུལ་ནི་མར་ཁུ་བླུགས་གཟར་རྐྱང་བ་དང་དགང་བླུགས་གཉིས་ཀ་སྦྲགས་ནས་འབུལ་བ་གཉིས་ལས་ཕྱི་མ་ནི་ཤཱནྟི་པ་དང་ཨ་བྷ་ཡཱ་ཀ་ར་རཏྣ་རཀྴི་ཏ་རྣམས་ཀྱིས་དགང་གཟར་མར་གྱིས་བཀང་བའི་བར་བླུགས་གཟར་མར་གྱིས་བཀང་བ་གན་རྐྱལ་དུ་བཞག་ནས་འབུལ་བར་བཞེད་ལ། གདན་བཞིའི་འགྲེལ་པར་མར་གྱིས་བཀང་བའི་གཟར་བུ་ཆེན་པོ་དང་ཆུང་ངུ་ཁ་སྤྲད་དེ་དགང་བླུགས་གཅིག་ཕུལ་ལ། ཞེས་དགང་གཟར་གྱི་ཁར་བླུགས་གཟར་ཁ་ཕུབ་ནས་འབུལ་བ་ཡང་བྷ་བ་བྷ་དྲས་བཤད་དོ། །ཡམ་ཤིང་དང་དུར་བ་དང་ཀུ་ཤ་རྣམས་མཐེ་བོང་དང་མིང་མེད་ཀྱིས་དབུལ་ཞིང་འབྲུ་ལ་སོགས་པ་བླུགས་གཟར་གྱིས་བཟུང་དུ་རུང་བ་རྣམས་ནི་དེ་ཉིད་ཀྱིས་


JLD011_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཡམ་ཤིང་ནི་གཉིས་གཉིས་སམ་རེ་རེ་དང་ཀུ་ཤ་དང་དུར་བ་རྣམས་ནི་གཉིས་གཉིས་སྦྱར་ལ་དབུལ་ལོ། །སྲེག་རྫས་རེ་རེ་ལ་གྲངས་ཇི་ཙམ་ཞིག་དབུལ་བ་ལ་ནི་ངེས་མེད་དེ་ཤཱནྟི་པས། དེ་ཡང་རྫས་རེ་རེ་ལ་སྲེག་བླུགས་གཅིག་གམ་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་དམ་སྟོང་དབུལ་བར་བྱའོ། །ཞེས་གསུངས་པ་བཞིན་ནོ། །འབུལ་བའི་གནས་ནི་ཁུ་བའི་རྫས་རྣམས་ནི་ཞལ་དང་ཡམ་ཤིང་དུར་བ་ཀུ་ཤ་བདུག་སྤོས་རུས་ཕྱེ་སོགས་ནི་ལྷ་རྣམས་ཀྱི་སྐུའི་འོད་ཀྱི་དཀྱིལ་འཁོར་དང་ཞོ་ཟན་བཟའ་བ་ཞལ་བསིལ་ཏིལ་ནས་ལ་སོགས་པ་ནི་ཕྱག་དང་དྲི་ཐུགས་ཀ་དང་མེ་ཏོག་ནི་དབུ་དང་ཞབས་བསིལ་ནི་ཞབས་དང་མར་མེ་མཆོད་ཡོན་ནི་མདུན་དུ་དབུལ་བར་ཤཱནྟི་པ་དང་ཨ་བྷ་ཡ་བཞེད་དེ་རེ་རེ་ཙམ་མ་གཏོགས་པ་སྡོམ་འབྱུང་དང་མཐུན་ནོ། །དགོད་པའི་ཚུལ་ལ་བོད་ཀྱི་བླ་མ་མང་པོས་སྲེག་རྫས་གཡས་ལ་མཆོད་རྫས་གཡོན་ཞེས་བཞེད་ལ། ཁ་ཅིག་སློབ་དཔོན་ཀུན་དགའ་སྙིང་པོས་མཆོད་རྫས་ཀྱང་གཡས་སུ་དགོད་པར་བཤད་ཅིང་དྲག་པོ་མ་གཏོགས་པ་ལ་མཆོད་རྫས་གཡོན་དུ་དགོད་པ་རྒྱུད་འགྲེལ་རྒྱ་གཞུང་ལས་བཤད་པ་མི་སྣང་བས་གཡས་སུ་དགོད་དོ་གསུངས་སོ། །ཆེན་པོ་རྣམས་ཀྱི་བཞེད་པ་ནི་ཕྱི་མ་དང་མཐུན་པར་སྣང་བས་འཇམ་པོ་གསུམ་ལ་ཆུ་རྣམས་དང་བསང་ཆུའི་སྣོད་གཡོན་དང་གཡས་སུ་སྲེག་རྫས་རིམ་པ་བཞིན་དུ་བསྒྲིགས་པའི་ནང་ན་མར་མཆོད་རྫས་ཚར་གཉིས་ཀྱང་བཤམས་ལ་མེ་ལྷའི་མཆོད་རྫས་ཀྱི་མཐར་དེའི་གཏོར་མ་ཡང་བཤམ་སྟེ། དྲག་པོ་རྣམས་ལ་ནི་དེ་ལས་བཟློག་སྟེ་བཤམ་མོ། །མར་ཁུ་དང་དགང་བླུགས་མདུན་དང་རྡོར་དྲིལ་གཡོན་དུ་འཇོག་


JLD011_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཚོ་སྐྱེས་དང་ནག་པོ་སྤྱོད་པས་བཤད་དོ། །ནང་མཆོད་མདུན་དུ་བཞག་ཅིང་རླུང་ཡབ་དང་མེ་གསོ་བའི་ཆས་དང་ཀུ་ཤ་ཡང་སྟ་གོན་བྱ་ལ་རྫས་ཐམས་ཅད་ལ་བདུད་རྩི་རིལ་བུ་བཏབ་པའི་ནང་མཆོད་ཀྱིས་བྲན་ནོ། །དཱ་རི་ཀ་པས་མཆོད་ཡོན་དང་གཟར་བུའི་གདན་དང་སློབ་དཔོན་གྱི་གདན་ཡང་ཐབ་ཁུང་འདྲ་བ་བྱ་བར་བཞེད་དོ། །བཞི་པ་ནི། ཞི་བ་ལ་ཤིང་འོ་མ་ཅན་དང་གཙུབ་ཤིང་ལས་བྱུང་བའི་མེ་དང་མེ་ཐ་མལ་བ་དང་དགོན་པའི་མེ་དང་སྦྱིན་སྲེག་གི་མེ་ཡང་རུང་ངོ་། །ཕྱི་མ་ལ་མཆོད་སྦྱིན་གྱི་ཤིང་ལས་བྱུང་བའི་མེ་ཞེས་ཀྱང་འབྱུང་ངོ་། །རྒྱས་པ་ལ་རྒྱལ་པོའམ་རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བ་དང་ནགས་མེས་ཚིག་པ་དང་ནོར་བུ་ལས་བྱུང་བ་དང་དགེ་འདུན་གྱི་ཚང་མང་ལས་བྱུང་བའི་མེའོ། །དབང་ལ་སྨད་འཚོང་དང་རྗེ་རིགས་ཀྱི་ཁྱིམ་གྱི་མེ་དང་དབང་གི་དགུག་པ་ལ་གར་མཁན་དང་འགྲོན་པོས་བུས་པའི་མེས་སོ། །དྲག་པོ་ལ་ནི་མི་རུས་བསྲེགས་པ་དང་རྡོ་ལས་བྱུང་བ་དང་གདོལ་བའི་ཁྱིམ་གྱི་མེའོ། །དུར་ཁྲོད་ཀྱི་ཤིང་ལས་བྱུང་བ་ཡང་ཉིན་མོ་འབྱུང་གནས་ཀྱིས་སོ། །རྨོངས་རེངས་ལ་རྗེ་རིགས་བླུན་པོ་དང་བསྐྲད་དབྱེ་ལ་ཐ་མལ་བའི་མེས་བྱ་བར་དཱ་རི་ཀ་པས་བཤད་དོ། །མེའི་ལྟས་རྟོག་པའི་སྐབས་ནི་སྡོམ་འབྱུང་ལ་སོགས་པ་གཞུང་མང་པོས་མེ་ལྷ་ལ་ཐོག་མར་དགང་བླུགས་ཕུལ་བའི་རྗེས་དེ་མ་ཐག་རྟོག་པར་བཤད་པ་ལྟར་ཡིན་ལ། ཚད་ལྡན་གྱི་གཞུང་འགའ་ཞིག་ཏུ་དང་པོར་མེ་སྦར་བའི་སྐབས་སུ་ལྟས་རྟོག་པ་བཤད་པའི་དགོངས་པ་ཡང་སྔ་མ་དང་མཐུན་པར་བྱའོ། །དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་ཞིང་བཟླས་


JLD011_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་བཤད་པ་བཞིན་སྔོན་དུ་སོང་བས་བཤད་པ་ལྟར་གྱི་སྦྱིན་སྲེག་བྱེད་པའི་མེ་ལྟས་ལ་ཡིད་ཆེས་པར་བྱའོ། །དེས་ན་མེ་ལ་བགེགས་ཡོད་མེད་ནི་རྟགས་ཀྱི་སྒོ་ནས་ཤེས་པར་བྱ་བའི་རྟགས་ནི། མེའི་ཁ་དོག་དང་སྒྲ་དང་དྲི་དང་དབྱིབས་བཞི་ཡིན་ཏེ། སྡོམ་འབྱུང་ལས། མཁས་པས་མདོག་དང་སྒྲ་དང་ནི། །དྲི་དང་འབར་བའི་དབྱིབས་བརྟག་སྟེ། །དེ་བཞིན་མེ་ཡི་དགེ་མི་དགེའི། །མཚན་མ་ཉེ་བར་མཚོན་པར་བྱ། །ཞེས་སོ། །དགེ་པའི་རྟགས་ནི་སྡོམ་འབྱུང་ལས། མེ་ནི་རྩེ་མོ་གཅིག་འབར་བ། །ཕུན་སུམ་ཚོགས་པ་ཐམས་ཅད་བྱེད། རྩེ་མོ་གཉིས་ནི་མི་འཁྲུག་པ། །ཀུན་ཏུ་འབར་བ་འབྲིང་ཞེས་བྱ། །རྩེ་མོ་བཞི་ནི་མཉམ་འབར་བས། །རྒྱས་པའི་དངོས་གྲུབ་བརྟན་པར་གནས། །ཀུནྡ་ཟླ་བ་དང་མཚུངས་སྣུམ། །གཟུགས་བཟང་བཻ་ཌཱུརྱ་འདྲའི་འོད། །དྲི་བྲལ་དུ་བ་མེད་པའི་མེ། །ནད་མེད་པ་དང་རིགས་འཕེལ་བྱེད། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཁ་བ་ཡི་ནི་མདོག་ལྟ་བུ། །པུས་པ་རཱ་གའི་མདོག་མཚུངས་པ། །སྡིག་པ་ཐམས་ཅད་འཇིག་པར་བྱེད། །མེ་ཏོག་བན་དུ་ཀ་མཚུངས་ཤིང་། །ཛ་བའི་མེ་ཏོག་དང་འདྲ་བ། །བཙོ་མ་གསེར་གྱི་མདོག་ལྟ་བུ། །དབང་ཕྱུག་རྒྱལ་སྲིད་རབ་ཏུ་སྟེར། །ཙ་པག་པདྨ་ཨུཏྤལ་དྲི། །ཨུ་ཤིར་མཱ་ལ་ཏིསཱི་ཏ། །ག་པུར་ཨ་ཀ་རུ་ཡི་དྲིས། །དགེ་ཞིང་གནས་ཀྱི་བདག་པོ་མཆོག །པི་ཝང་རྒྱུད་མངས་རྫ་རྔ་དང་། །དུང་དང་ཟངས་དུང་ལྟར་སྒྲ་སྙན། །ཤིན་ཏུ་ཟབ་པའི་སྒྲ་སྙན་པའི། །མི་མཐོང་བདེ་བ་འབྱུང་བར་བྱེད། །དཔལ་བེའུ་གདུགས་དང་ཆུ་སྐྱེས་དུང་། །རྩེ་གསུམ་པ་དང་བུམ་པའི་དབྱིབས། །རྒྱལ་མཚན་རྔ་ཡབ་རྡོ་རྗེ་བཟང་། གཡུང་དྲུང་རྟ་དང་གླང་པོའི་


JLD011_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས། །སྒྲ་མེད་གཡས་སུ་འཁྱིལ་བ་དང་། །དུམ་བུ་གཅིག་པ་དོན་ཆེན་སྟེར། །འདི་དག་དགེ་བ་ཕུན་སུམ་ཚོགས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། ཞེས་སོ། །འོད་སྙེ་ལས། ཞི་སོགས་བཞི་ལ་དཀར་སེར་དམར་ནག་དགའ་བ་དང་མེ་རྩེ་གསུམ་པ་སྤྲིན་དང་འདྲ་བ་ཤིན་ཏུ་དམན་པར་བཤད་དོ། །མི་དགེ་བའི་ལྟས་ཀྱང་སྡོམ་འབྱུང་ལས། གཡོ་ཞིང་མདུན་གྱི་ཕྱོགས་སུ་འབར། །རྩེ་གསུམ་དུ་བའི་ཚོགས་མང་དང་། །འཁོར་ཞིང་མེ་སྟག་དང་བཅས་པ། །རྣམ་པར་འཕྲོ་བས་ནད་འཕེལ་བྱེད། །མེ་གང་ཡང་ཡང་རབ་ཏུ་འདར། །ཡང་ཡང་རབ་ཏུ་རྒོད་པ་དང་། །ཡང་ཡང་གཡོན་དུ་འཁོར་བ་དང་། །ཡང་ཡང་ས་ལ་རེག་བྱེད་ཅིང་། །ཐིག་ལེ་ནག་པོ་སོལ་བའི་མདོག །མྱུར་དུ་རིགས་ནི་ཟད་འགྱུར་ངེས། །གང་ཞིག་རྒྱལ་པོའི་དྲུང་གནས་པའི། །སྡེ་དང་བདག་པོ་འཇོམས་པར་སྟོན། །མདོག་ངན་དུ་བའི་མདོག་ལྟར་གནག །མདོག་ལྗང་སྣ་ཚོགས་མདོག་རྩུབ་པ། །པ་ལ་ཤ་དང་འབྲུ་མར་མདོག །འདོད་པའི་དོན་རྣམས་ཉམས་པར་བྱེད། །རོ་དྲི་ཉ་ཡི་དྲི་ལྟར་ངན། །ཆུ་སྐྱེས་སྲོག་ཆགས་དྲི་དང་ལྡན། །གལ་ཏེ་མེ་ནི་འདི་ལྟར་འགྱུར། །གཙོ་བོ་རྣམ་པར་ལྟུང་བར་བརྗོད། །ཙ་ཌ་ཙ་ཌ་ཞེས་སྒྲ་དང་། །ཚམ་ཚམ་ཞེས་པའི་སྒྲ་དང་ལྡན། །སིམ་སིམ་གྱིས་ནི་སྒྲ་བདག་ཉིད། །རྡོ་རྗེའི་སྒྲ་ནི་དོན་ཉམས་བྱེད། །མདུང་དང་རལ་གྲི་མདའ་དང་སྦྲུལ། །རྔ་མོ་བ་ལང་མགོ་ལྟ་བུ། །འཇིགས་རུང་རྣམ་པ་གང་དེ་མཐོང་། །ཞེས་གསུངས་སོ། །རྡོ་རྗེ་མཁའ་འགྲོ་ལས། སྲེག་རྫས་ཚིག་པ་ཧ་ཅང་མྱུར་བ་ཡང་ངན་པ་དང་མངོན་སྤྱོད་ལ་དེ་དག་བཟང་བ་དང་དེ་ལ་


JLD011_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བ་གཞན་རྣམས་ལ་མི་ཤིས་པར་བཤད་ལ། སྔགས་མཁན་མེས་ཧ་ཅང་གདུང་བ་ཡང་མི་དགེ་བའི་ལྟས་སོ། །བགེགས་ཡོད་པར་ཤེས་ན་དེའི་ཉེས་དམིགས་བཟློག་ཐབས་འོག་ནས་འབྱུང་བ་ལྟར་བྱའོ། །འདིར་ཤཱནྟི་པ་དང་འོད་སྙེས་མར་གྱི་སྲེག་བླུགས་འབུལ་བར་བཤད་པ་དང་། རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་ལས་དགང་བླུགས་འབུལ་བར་བཤད་པ་མི་འགལ་ཏེ། ཉིན་མོ་འབྱུང་གནས་ཀྱི་དཀྱིལ་ཆོག་ལས་མར་གྱིས་བསྲེག་པས་ལན་བདུན་བསྲེག་པར་བྱའོ་ཞེས་སྐབས་འདིར་གསུངས་པ་ལྟར་མར་གྱིས་ལན་བདུན་བསྲེགས་པ་ལ་སྲེག་བླུགས་ཞེས་བཏགས་པའམ་ཡང་ན་གཞུང་དེར་རྫོགས་པའི་སྲེག་བླུགས་དང་ཅིག་ཤོས་ཀྱི་སྲེག་བླུགས་ཞེས་དགང་བླུགས་ལ་རྫོགས་པའི་སྲེག་བླུགས་སུ་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །ལྔ་པ་ལ་གཉིས། ཁ་བལྟ་ཕྱོགས་དང་འདུག་སྟངས་ལ་སོགས་པའི་ཁྱད་པར་དང་། བདག་མདུན་གྱི་ལྷའི་རྣལ་འབྱོར་ལ་སོགས་པའི་ཁྱད་པར་རོ། །དང་པོ་ནི། ཁ་བལྟ་ཕྱོགས་ནི་རྟོག་བདུན་ལས། ཞི་བ་ལ་ཤར་དང་རྒྱས་པ་ལ་བྱང་དབང་ལ་ནུབ་དང་བསད་བསྐྲད་ལ་ལྷོ་དང་རེངས་པ་ལ་བྱང་དུ་བལྟ་བར་བཤད་དོ། །དབང་གི་དགུག་པ་ནི་དབང་དང་འདྲ་བ་ལ་ཁ་གྱེན་དུ་བལྟའོ། །ལྷ་མཉེས་པར་བྱེད་པ་ལ་ཡང་ཁ་ནུབ་ཏུ་བལྟ་བར་འོད་སྙེ་ལས་གསུངས་ཏེ་འདི་ནི་སྔར་བཤད་པའི་ལྷ་དབང་དུ་བྱེད་པའོ། །དྲག་པོའི་དགུག་པ་ཡང་དྲག་པོ་དང་འདྲ་ལ་དབྱེ་བ་བསད་པ་དང་རྨོངས་པ་རེངས་པ་དང་འདྲ་བར་བྱའོ། འོད་སྙེ་ལས། རྨོངས་རེངས་ལ་དབང་ལྡན་དང་བསྐྲད་པ་ལ་མེ་དང་དབྱེ་བ་ལ་སྲིན་པོར་བལྟ་བར་བཤད་དེ་འདི་དང་ཅུང་མི་འདྲའོ། ཁ་ཅིག་དབང་དགུག་དང་ཞི་


JLD011_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་དཀྱིལ་འཁོར་དང་མ་འབྲེལ་ན་སྔར་ལྟར་ཡིན་ལ་འབྲེལ་ན་སྔ་མ་ལ་ཤར་དང་ཕྱི་མ་ལ་ནུབ་ཏུ་བལྟ་བ་ཡིན་ཞེས་གསུངས་མོད་ཀྱང་། དཔལ་འཛིན་གྱིས་དཀྱིལ་འཁོར་མཆོད་པའི་ཞི་བའི་སྦྱིན་སྲེག་ལ་ཁ་ཤར་དུ་བལྟ་བ་དང་། འོད་སྙེ་ལས་ཀྱང་། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །དཀྱིལ་འཁོར་གྱི་ནི་ཤར་དང་ལྷོ། །ནུབ་དང་བྱང་དུ་ཐབ་ཁུང་རྣམས། །ཤར་བྱང་ནུབ་ལྷོ་ཁ་བལྟས་པའི། །ཞེས་གསུངས་ཤིང་ཉིན་མོ་འབྱུང་གནས་ཀྱིས་དཀྱིལ་འཁོར་དང་འབྲེལ་བ་ལ་ཡང་སྔར་བཞིན་བཤད་དོ། །འདུག་སྟངས་ནི་ཞི་བ་ལ་འཇམ་ཞིང་བདེ་བའི་སྟན་ལ་པདྨའི་འདུག་སྟངས་བྱ་སྟེ་དེ་ནི་བྱིན་པ་གཡས་པར་བྱིན་པ་གཡོན་པ་བཞག་སྟེ་པུས་མོ་གཉིས་སྨད་པའོ། །རྒྱས་པ་ལ་བཟང་པོའི་འདུག་སྟངས་ཏེ་དེ་ནི་སྟན་མཐོན་པོ་ལ་གནས་ཏེ་རྐང་པ་གཉིས་དྲང་བོར་བསྲང་བའོ། །དབང་དང་དེའི་དགུག་པ་ལ་མཐོ་ཞིང་བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་བྱ་སྟེ་དེ་ནི་བརླ་གཡས་པ་དང་བྱིན་པའི་དབུས་སུ་རྐང་པ་གཡོན་པ་བཞག་ནས་དེའི་སྟེང་དུ་བརླ་གཡོན་པ་དང་བྱིན་པའི་དབུས་སུ་རྐང་པ་གཡས་པ་བཞག་པའོ། །མངོན་སྤྱོད་ལ་སྟན་སྲ་བའམ་བསྒྲུབ་བྱའི་གཟུགས་བརྙན་གྱི་བྲང་ལ་གནས་པའམ། སྟན་མེད་པར་ཙོག་པུར་གནས་ཏེ་རྐང་པས་རྐང་པ་མནན་པ་དང་ཁྲོ་བོའི་སྐྱིལ་ཀྲུང་སྟེ་དྲག་པོའི་དགུག་པ་ལ་ཡང་དེ་ལྟར་དང་རྨོངས་རེངས་ལ་རྡོ་རྗེ་སྐྱིལ་ཀྱུང་དང་དབྱེ་བ་ལ་རྐང་པ་བཟློག་སྟེ་འདུག་པར་འོད་སྙེ་ལས་བཤད་དོ། །བསམ་པ་ནི་ཞི་བ་ལ་བྱམས་པ་དང་སྙིང་རྗེའི་སེམས་དང་རྒྱས་པ་ལ་དགའ་ཞིང་ཚིམ་པའི་ཡིད་དང་དབང་ལ་ཆགས་པའི་སེམས་དང་དྲག་པོ་ལ་རྒྱུའི་


JLD011_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སློང་གི་ཚེ་སྙིང་རྗེ་དང་དུས་ཀྱི་ཀུན་སློང་ནི་རྩུབ་པའི་སེམས་དང་ལྡན་པས་བྱ་སྟེ་ཕྱི་མ་ལ་སོས་སོ་འཆའ་ཞིང་མིག་གདོང་ཚུགས་སུ་བལྟ་ལ་བཞིན་ཁྲོ་གཉེར་ཅན་དུ་བྱའོ། །ཆས་གོས་ནི་འཇམ་པོ་གསུམ་ལ་ཁྲུས་བྱས་ལུས་དྲི་ཞིམ་པོས་བྱུགས་ལ་གོས་དཀར་པོ་དང་རྒྱན་དང་ཕྲེང་བ་སེར་པོ་ཅན་གྱི་གོས་སྣ་ཚོགས་པ་དང་རྒྱན་དང་གོས་དམར་པོ་ཅན་ནོ། །དྲག་པོ་ལ་ནི་རྒྱན་དང་གོས་སྔོན་པོའམ་ཁྲག་གམ་ཆུས་གཤེར་བའི་གོས་ཏེ་རྨོངས་རེངས་ལ་སེར་པོའོ། །ལས་ཐམས་ཅད་པ་ལ་ནི་ལས་སོ་སོ་དང་མཐུན་ནོ། །གཉིས་པ་ལ་ནི་གཉིས། བདག་མདུན་གྱི་ལྷའི་རྣལ་འབྱོར་ཇི་ལྟར་བྱ་བ་དང་། མེའི་མཆོད་སྦྱིན་གྱིས་དངོས་གྲུབ་འགྲུབ་པའི་སྒོ་བཤད་པའོ། །དང་པོ་ནི། མེ་ལྷ་ཐོག་མཐའ་གཉིས་ཀྱི་སྐབས་སུ་བདག་མདུན་གྱི་ལྷ་གཉིས་འདྲ་བ་མི་དགོས་མོད། འོན་ཀྱང་བར་གྱི་སྐབས་སུ་སྦྱིན་སྲེག་འབུལ་བའི་ལྷའི་གཙོ་བོ་དང་བདག་བསྐྱེད་ཀྱི་ལྷ་གཉིས་འདྲ་བ་དགོས་སམ་མི་དགོས་སྙམ་ན་འདི་ལ་འོད་སྙེ་ལས། རང་ཡང་རང་གི་ལྷག་པའི་ལྷ་ཉིད་ལས་དང་རྗེས་སུ་མཐུན་པའི་རྣལ་འབྱོར་དང་ལྡན་པའམ་ཡང་ན་ཐབ་ཁུང་དུ་བཀོད་པའི་ལྷའི་རྣལ་འབྱོར་དང་ལྡན་པའོ། །ཞེས་ཐབ་ཁུང་དུ་ལྷ་གང་བྱེད་ཀྱང་བདག་བསྐྱེད་རང་གི་ལྷག་པའི་ལྷ་གཅིག་པུས་བྱེད་པ་དང་ཐབ་ཀྱི་ལྷའི་རྣལ་འབྱོར་གྱིས་བྱེད་པ་གཉིས་གསུངས་ལ། ལས་ཐམས་ཅད་པ་ལ་ཐབ་ཁུང་དུ་རང་གི་ལྷག་པའི་ལྷ་ཉིད་འགོད་པར་གསུངས་ཀྱང་དེའི་བདག་བསྐྱེད་ལའང་སྔར་ལྟར་གཉིས་གསུངས་པས་རང་གི་ལྷག་པའི་ལྷ་ཁོ་ན་ཐབ་ཁུང་དུ་འགོད་པར་མ་ངེས་སོ། །མེ་ལྷ་ལས་གཞན་པའི་འཇིག་རྟེན་པའི་ལྷ་ཐབ་ཏུ་བཀོད་ནས་སྦྱིན་སྲེག་བྱེད་ན་ནི་ཕལ་


JLD011_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་ལྷ་གཉིས་མི་འདྲ་བར་བྱའོ། །དེའི་བྱེད་ཚུལ་ནི་འོད་སྙེ་ལས། དམ་ཚིག་པ་བསྐྱེད་པ་དང་ཡེ་ཤེས་པ་གཞུག་པ་དང་དམ་ཚིག་བསྒྲག་པ་དང་དེ་ལ་མཆོད་པ་དང་སྲེག་རྫས་དབུལ་བ་དང་མཐར་གཤེགས་པ་རྣམས་མེ་ལྷ་བཞིན་དུ་བྱ་བར་གསུངས་ཏེ་སྔ་རྟིང་དུ་མེ་ལྷ་ལ་སྦྱིན་སྲེག་བྱེད་པ་འདི་ལའང་བྱའོ། །ལྷའི་ཁ་དོག་ནི་རྟོག་བདུན་ལས། ལས་ཀྱི་རྗེས་སུ་འབྲང་བའི་ལྷའི་སྦྱོར་བ་དམིགས་ནས་ཞེས་གསུངས་ཤིང་དབང་གི་སྐབས་སུ་དམར་པོ་བསྒོམ་པར་བཤད་པས་ཞི་སོགས་གསུམ་ལ་དཀར་སེར་དམར་པོ་དང་བསད་བསྐྲད་དབྱེ་བ་གསུམ་ལ་ནག་པོ་དང་རྨོངས་རེངས་ལ་སེར་པོར་བྱའོ། །འོད་སྙེ་ལས། ལས་སོ་སོ་བ་དང་ཐམས་ཅད་པ་གཉིས་ཀ་ལ་ལྷའི་གཟུགས་དང་རྒྱན་ལ་སོགས་པ་ལས་སོ་སོའི་ཁ་དོག་དང་མཐུན་པར་གསུངས་པས་དཀྱིལ་འཁོར་མཆོད་པ་དང་། བསྙེན་པའི་ཁ་སྐོང་དང་ལས་ཐམས་ཅད་པ་རྣམས་ལའང་ལས་སོ་སོའི་ཁ་དོག་ཅན་དུ་བྱ་དགོས་སོ། །རྟོག་བདུན་གྱི་འགྲེལ་པ་གཉིས་དང་། ཨ་མོ་གྷ་ཆུང་བའི་སྦྱིན་སྲེག་གཉིས་སུ་འདས་པའི་ལྷ་གཙོ་བོ་རྐྱང་བ་ལ་གཞལ་ཡས་ཁང་མེད་པར་བསྐྱེད་པ་ལྟར་ན་རླུང་གི་གདན་བསྒོམ་པ་ནས་བྱ་བའམ། ཡང་ན་གཞལ་ཡས་ཁང་དང་བཅས་པ་སྒྲུབ་ཐབས་བཞིན་བསྐྱེད། ལྷ་ཞེ་དགུ་མ་ལ་སོགས་པ་ཡིན་ན་གཞལ་ཡས་ཁང་ལྷ་རྫོགས་པ་དང་བཅས་པ་སྒྲུབ་ཐབས་བཞིན་དུ་བསྐྱེད་དོ། །ཨ་མོ་གྷ་ཆུང་བས་དྲག་པོའི་སྦྱིན་སྲེག་ཏུ་ཞལ་དགུ་གའི་ཁ་དོག་སོར་བཞག་བྱས་ལ་འོད་སྙེ་ལས་ཀྱང་ལས་བཞིའི་མེ་ལྷའི་སྐབས་སུ་རྩ་ཞལ་གྱི་ཁ་དོག་ལས་སོ་སོ་དང་མཐུན་པར་མཛད་ནས་ཞལ་ལྷག་མ་རྣམས་ཀྱི་


JLD011_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་མི་བསྒྱུར་བ་མཛད་དོ། །མེ་ལྷའི་སྙིང་གར་བསྐྱེད་པ་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་མེ་ལྷ་གཉིས་ངོ་བོ་གཅིག་ཏུ་བལྟས་ནས་བསྐྱེད་པར་འོད་སྙེ་ལས་བཤད་དེ་མར་མེ་མཛད་བཟང་པོའི་གདམས་པའོ། །གཙོ་བོ་ལ་འབུལ་བའི་ཚེ་དེའི་ལྗགས་ལ་སྟོབ་པས་ལྷ་ཐམས་ཅད་ཀྱིས་གསོལ་བར་མོས་པའམ་ལྗགས་ཐམས་ཅད་ཐ་མི་དད་དུ་མོས་ནས་ཕུལ་ན་ལྷ་ཐམས་ཅད་ལ་ཕུལ་བར་འགྱུར་བར་ཤཱནྟི་པས་བཤད་དོ། །སྦྱིན་སྲེག་གི་འཁོར་གསུམ་ཐམས་ཅད་དེ་ཁོ་ནར་ཅིར་ཡང་མ་གྲུབ་པར་ངེས་པ་བསྐྱེད་ནས་བདག་དང་ལྷ་དང་མཆོད་སྦྱིན་གྱི་རྫས་དང་ཐབ་དང་དགང་བླུགས་ལ་སོགས་པ་རྣམས་སྒྱུ་མ་ལྟ་བུར་ཤར་བའི་ངང་ནས་སྦྱིན་སྲེག་བྱེད་པ་ཤིན་ཏུ་གལ་ཆེ་བར་གསུངས་པས་ཡང་ཡང་དེའི་དྲན་པ་གསོ་བར་བྱའོ། །གཉིས་པ་ནི། ཞིང་དང་རྟེན་དང་བསམ་པ་དང་མཆོད་སྦྱིན་གྱི་རྫས་མཚུངས་ཀྱང་མེ་ལ་མཆོད་སྦྱིན་བྱས་པ་ནི་ལྷ་ཚིམ་པ་དང་དངོས་གྲུབ་འགྲུབ་པ་ལ་གཞན་ལས་ཆེས་མཆོག་ཏུ་གསུངས་པ་ནི་མཆོད་སྦྱིན་བྱེད་པའི་སྒོ་མེའི་དེ་ཉིད་ཤེས་པ་ལ་རག་ལས་སོ། །དེ་ཡང་ཁ་སྦྱོར་ལ་སོགས་པའི་རྒྱུད་རྣམས་ལས། ལྷ་ཡི་ཁ་ནི་མེ་རུ་གསུངས། །ཞེས་མེ་ལྷའི་ཞལ་དུ་གསུངས་པའི་མེ་ནི་མེ་ལྷ་ཡིན་ཏེ་རིག་པ་མཆོག་ལས། དྲང་སྲོང་ཆེན་པོ་ཁྱོད་ནི་ལྷ་ཐམས་ཅད་ཀྱི་ཞལ་ཡིན་ནོ་ཞེས་མེ་ལྷ་ལ་གསུངས་པའི་ཕྱིར་རོ། །འོ་ན་མེ་ལྷ་ལྷ་རྣམས་ཀྱི་ཞལ་ཇི་ལྟར་ཡིན་སྙམ་ན། སྦྱིན་སྲེག་གི་མེ་ནི་ལྷ་ལ་ཕུལ་བའི་སྲེག་རྫས་རྣམས་ཟ་བའི་སྒོ་ཡིན་པས་ན་ལྷའི་ཁ་ཞེས་པའི་ཐ་སྙད་འཐོབ་ལ་མེ་དེ་ཉིད་ནི་མེ་ལྷའི་ངོ་བོར་བསྐྱེད་དགོས་པའི་ཕྱིར་མེ་ནི་ལྷ་རྣམས་ཀྱི་ཞལ་དུ་གསུངས་སོ། །རཾ་ལས་མེ་ལྷ་


JLD011_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ཡང་རཾ་གྱིས་མཚོན་པའི་མེ་ཉིད་མེ་ལྷར་བསྐྱེད་པའི་དོན་ཡིན་ཏེ། རང་གི་ས་བོན་ལས་གཟུགས་ཕུང་རྣམ་སྣང་དུ་བསྐྱེད་པ་དང་འདྲའོ། །དེས་ན་མེ་ལྷ་གཤེགས་གསོལ་གྱི་སྐབས་སུ་མཚོ་སྐྱེས་ལ་སོགས་པས་ཀྱང་ཡེ་ཤེས་པ་གཤེགས་ནས་དམ་ཚིག་པའི་མེ་ལྷ་མེ་འབར་བའི་རྣམ་པར་གྱུར་པར་བཤད་པས་སྦྱིན་སྲེག་གི་མེ་དང་མེ་ལྷ་གཉིས་ངོ་བོ་གཅིག་ཏུ་མོས་པར་བྱས་ནས་མེ་ལ་སྲེག་རྫས་བསྲེག་དགོས་སོ། །མེ་དང་མེ་ལྷ་ངོ་བོ་གཅིག་ཏུ་བསྐྱེད་པའི་དམ་ཚིག་པ་ལ་ཡེ་ཤེས་པའི་མེ་ལྷ་སྤྱན་དྲངས་ནས་བྱིན་གྱིས་བརླབས་པའི་མེ་ལ་རྫས་རྣམས་བསྲེགས་པས་འཇིག་རྟེན་ལས་འདས་པའི་ལྷས་དངོས་གྲུབ་སྩོལ་བའི་སྒོར་འགྱུར་བས་ཐོག་མར་མེ་ལྷ་བསྐྱེད་ནས་སྦྱིན་སྲེག་བྱེད་པ་ཡིན་ཏེ། རིག་པ་མཆོག་ལས། གནོད་སྦྱིན་གྱི་བདག་པོ། བདག་འོང་བ་ནི་དངོས་གྲུབ་འགྲུབ་པའི་རྒྱུར་འགྱུར་ཏེ་གང་གིས་བདག་འོང་བར་འགྱུར་བའི་བདག་སྤྱན་དྲངས་པའི་གསང་སྔགས་བཤད་པར་བྱའོ་ཞེས་མེ་ལྷས་ཕྱག་རྡོར་ལ་གསུངས་པའི་ཕྱིར་རོ། །དེ་ལྟར་ན་སྦྱིན་སྲེག་གིས་དངོས་གྲུབ་སྒྲུབ་པ་ལ་ཐོག་མར་མེ་ལྷ་ཐབ་ཏུ་འགུགས་པར་ནུས་པ་ཞིག་གལ་ཆེ་ལ་དེ་ཡང་རིག་པ་མཆོག་ལས། ལས་ཐམས་ཅད་ལའང་ཐོག་མར་པ་ལ་ཤའི་ཤིང་གི་མེ་སྦར་ནས་འབྲས་ཡོས་ཞོ་དང་སྦྲང་རྩི་དང་མར་དང་སྦྱར་བས་མེ་ལྷ་ལ་ལན་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་ལས་འགྲུབ་པ་དང་མེ་ལྷ་བྱོན་པའི་རྟགས་ཀྱང་མེའི་དབུས་སྔོ་བྲེང་ངེ་འདུག་པ་དང་མཐའ་སྔོ་བ་དང་མེའི་རྩེ་མོ་རྒྱས་པ་དང་རྩ་བ་སྔོ་ཞིང་མགྱོགས་པ་རྣམས་ཡིན་པར་


JLD011_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །འདི་ནི་ལྷ་དབང་དུ་བྱེད་པའི་སྦྱིན་སྲེག་ལྟར་བྱའོ། །གཉིས་པ་ལ་གཉིས། སྤྱིར་བཏང་ཞི་བའི་ཆོ་ག་དང་། ལས་གཞན་རྣམས་ཀྱི་ཆོ་གའི་དམིགས་བསལ་ལོ། །དང་པོ་ལ་གསུམ། སྔོན་དུ་བྱ་བའི་ཆོ་ག་དང་། དངོས་གཞིའི་ཆོ་ག་དང་། མཇུག་གི་ཆོ་ག་བསྟན་པའོ། །དང་པོ་ནི། སྔར་བཤད་པ་བཞིན་ཆོ་གའི་ཡན་ལག་ཐམས་ཅད་ཚོགས་པར་བྱས་ལ་པདྨའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་ཏེ་འདུག་ནས་བདག་བསྐྱེད་ཀྱི་མཆོད་རྫས་རྣམས་བསང་བ་དང་སྦྱང་བ་དང་བསྐྱེད་པ་དང་བྱིན་གྱིས་བརླབས་ནས་ཞི་བའི་ལས་ཀྱི་ཁ་དོག་དང་མཐུན་པར་བདག་བསྐྱེད་རྫོགས་པར་སྒྲུབ་ཐབས་བཞིན་དུ་བསྒོམ་མོ། །དེ་ནས་སྨྲ་བ་གཞན་བཅད་དེ་རྡོ་རྗེ་ནི་ཐབས་དང་དྲིལ་བུ་ནི་ཤེས་རབ་དང་གཉིས་ཀ་ཡང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ་སྙམ་དུ་མོས་པ་ཤིན་ཏུ་བརྟན་པར་བྱས་ནས། ༀ་སརྦ་ཏ་ཐཱ་ག་ཏ་སིངྔྷི་བཛྲ་ས་མ་ཡེ་ཏིཥྛ་ཨེ་ཥ་སྟཾ་དྷཱ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཧཱུྃ་ཕཊ་སྭ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེ་གཡས་པའི་མཐེ་བོང་དང་མིང་མེད་དང་ༀ་བཛྲ་གྷཎྜ་ཧཱུཾ། ཞེས་བརྗོད་ཅིང་དྲིལ་བུ་གཡོན་པའི་མཐེ་བོང་དང་མིང་མེད་ཀྱིས་བཟུང་ནས་དེ་གཡོན་པའི་དཀུར་བཞག་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་མཉེས་པར་བྱའོ་སྙམ་དུ་བསམས་ནས་ཧཱུཾ་ཡིག་བརྗོད་པ་སྔོན་དུ་འགྲོ་བས། སེམས་ཅན་རྨོངས་དང་འབྲལ་བ་ཡི། །རྡོ་རྗེ་གསོར་བ་མཛེས་པ་ཡིས། །རྣམ་ཐར་ཆོས་ཀྱི་བྱ་བ་སྟེ། །སྤྲོད་དང་བཅས་པས་རྡོ་རྗེ་བཟུང་། །ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ། ཞེས་བརྗོད་ཅིང་རྡོ་རྗེ་གསོར་བར་བྱའོ། །དེ་ནས་རྡོ་རྗེ་གཡས་པའི་དཀུར་བཟུང་བའམ་གསོར་ཞིང་ༀ་བཛྲ་དྷ་རྨ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་


JLD011_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཙ་ལི་ནེ་པྲཛྙཱ་པཱ་ར་མི་ཏ་ནཱ་ད་སྭ་བྷ་ཝེ་བཛྲ་ས་ཏཱ་ཧྲི་ད་ཡ་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱཧཱ། ཞེས་བརྗོད་ཅིང་དྲིལ་བུའི་དབུས་ཀྱི་ཕྱོགས་བརྒྱད་དུ་ལྕེ་བསྐྱོད་པས་དཀྲོལ་བར་བྱའོ། །དེ་ནས་བསང་ཆུའི་སྣོད་ནས་ཀུ་ཤའི་རྩེ་མོས་ལག་པ་གཡས་པས་ཆུ་བླངས་ཏེ། ལས་སྔགས་བཟླ་ཞིང་རང་གི་གཡོན་ངོས་ནས་གཡས་སྐོར་དུ་ཐབ་དང་རྫས་ཐམས་ཅད་དང་དགང་བླུགས་དང་རང་ལ་ཡང་བསང་གཏོར་བྱ་སྟེ་ནང་མཆོད་ཀྱིས་ཀྱང་བསངས་ལ་མེ་ལྷའི་མཆོད་རྫས་རྣམས་སྦྱང་ཞིང་བསྐྱེད་དེ་བྱིན་གྱིས་བརླབ། སྔར་བཤད་པའི་ཕྱག་རྒྱ་བཅིངས་ལ་ༀ་སྭཱཧཱ། ཞེས་པས་རྫས་རྣམས་བཀྲུས་པར་བསམ། ༀ་ཨཱཿ སྭཧཱས་ཡམ་ཤིང་དང་། ༀ་ཤྲཱི་སྭཱཧཱས་ཞུན་མར་དང་། ༀ་ཛྲཱྃ་སྭཱ་ཧཱས་འབྲུ་དང་། ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་དེ་དག་ལས་གཞན་པའི་རྫས་རྣམས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཤིང་དག་པར་བསམས་ལ་སྲེག་རྫས་ཐམས་ཅད་བདུད་རྩི་ལྔའི་ངོ་བོར་བསྐྱེད་དོ། །སྔར་བཤད་པའི་མེ། ཡི་གེ་གསུམ་བརྗོད་དེ་སྣོད་ཀྱི་ནང་དུ་བཞག །ཞུན་མར་གྱི་སྒྲོན་མེས་སྦར་བས་ལས་སྔགས་བརྗོད་ལ་འོ་མ་ཅན་གྱི་ཤིང་ལ་སོགས་པ་ལ་མེ་སྦར་ནས། ལས་སྔགས་བརྗོད་པའི་ཀུ་ཤའི་རྩེ་མོས་ཆུ་བླངས་པ་དང་ནང་མཆོད་ཀྱིས་ལན་གསུམ་དུ་གཡས་སྐོར་དུ་བསངས་ལ། གཙང་ཞིང་ཤིན་ཏུ་སྐམ་པའི་རྩྭའི་ཆུན་པོ་དང་བཅས་པ་དུ་བ་མེད་པ་ཐབ་ཏུ་བཅུག་ནས་ༀ་ཛྭ་ལ་ཛྭ་ལ་ཧཱུཾ་དང་ཧཱུཾ་ཡིག་བརྗོད་དེ་རླུང་ཡབ་ཀྱིས་མེ་སྦར་རོ། །ལས་སྔགས་ལན་བདུན་བཟླས་ཏེ་མར་ཁུ་བླུགས་གཟར་བདུན་གྱིས་རབ་ཏུ་སྦར་བར་བྱའོ། །དེ་


JLD011_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀུ་ཤ་རྣམས་ལ་ༀ་བཛྲ་ས་ཏྭ་ཨཱཿ ཞེས་པ་འདི་ལན་བདུན་བཟླས་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་མ་གས་ཤིང་འདབ་མ་མ་གྲུགས་པ་ཧ་ཅང་ཡང་མི་རིང་བ་གཉིས་གཉིས་རྩེ་མོ་གཤིབས་པ། རང་གི་གཡོན་ངོས་ནས་ཐབ་ཀྱི་ཁ་ཁྱེར་ལ་རང་ཁ་གང་དུ་བལྟ་བའི་ངོས་ལ་ཤར་དུ་བྱས་པའི་ལུགས་ཀྱིས་རྩེ་མོ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་བསྟན་པ་སྔ་མའི་རྩེ་མོས་ཕྱི་མའི་རྩ་བ་ནོན་པ་དགྲམ་ཞིང་། ཐབ་ཁུང་དུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ །གཉིས་པ་ལ་གསུམ། ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པ། བར་དུ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ། མཐར་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དང་པོ་ལ་གསུམ། ཐབ་དང་མེ་ལྷ་བསྐྱེད་ཅིང་ཡེ་ཤེས་པ་དང་བསྲེ་བ། མཆོད་ཅིང་བསྟོད་དེ་དམ་ཚིག་བསྒྲག་པ། སྲེག་རྫས་ཕུལ་ནས་སླར་ཡང་མཆོད་པའོ། །དང་པོ་ནི། བསང་ཆུས་ཐབ་བསངས་ཏེ། སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་སཾ་དང་རྡོ་རྗེ་ལས་རྡོ་རྗེ་འཛིན་པ་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ་གཡས་འོག་མ་གཉིས་རྡོ་རྗེ་དང་རལ་གྲི་གཡོན་འོག་མ་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ་མུ་རན་དང་ཁ་ཁྱེར་དང་བཅས་པ། ཁ་ཁྱེར་ལ་འཁོར་ལོའམ་རྡོ་རྗེའི་ཕྲེང་བས་བསྐོར་བ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དྭངས་ཤིང་ཐོགས་པ་མེད་པར་བསྐྱེད་པའི་ནང་དུ། རཾ་ལས་སྐྱེས་པའི་མེ་གྲུ་གསུམ་གྱི་དབུས་སུ་སྣ་ཚོགས་པདྨའི་


JLD011_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་རཾ་ལས་བགྲང་ཕྲེང་དེ་ཡོངས་སུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་པ་གཉུག་མར་གནས་པའི་རིག་མ་དང་གཉིས་སུ་མེད་པའི་སྐུ། ཕྱག་གཡས་ཀྱི་དང་པོ་ན་བགྲང་ཕྲེང་། གཉིས་པས་མི་འཇིགས་པ་སྦྱིན་པ། གསུམ་པ་ན་གྲི་གུག །གཡོན་གྱི་དང་པོ་ན་དབྱུག་གུ་རྩེ་གསུམ་པ། གཉིས་པ་ན་སྤྱི་བླུགས། གསུམ་པ་ན་ཐོད་པ་བསྣམས་པ། གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཁྲོ་བའི་རྒྱན་རྣམས་ཀྱིས་བརྒྱན་པའི་ཐུགས་ཀར་མེ་གྲུ་གསུམ་པ་རཾ་གྱིས་མཚན་པ་བསྒོམ་མོ། །དཔལ་འཛིན་གྱི་དགྲ་ནག་གི་དཀྱིལ་ཆོག་ཁ་ཅིག་ལས། ཕྱག་གཡས་དང་པོས་སྤྱི་བླུགས་དང་། གཡོན་གཉིས་པས་ཕྲེང་བ་བསྣམས་ཤིང་གཡས་བརྐྱངས་སུ་བཤད་ཀྱང་། དཔལ་འཛིན་གྱི་རྗེས་སུ་འབྲང་བའི་རྡོ་རྗེ་གྲུབ་པའི་འགྲེལ་པར་སྔར་བཤད་པ་བཞིན་འབྱུང་ལ་དཔལ་འཛིན་གྱི་གཤེད་དམར་གྱི་དཀྱིལ་ཆོག་ཏུ་ཡང་གཡོན་བརྐྱང་དང་བགྲང་ཕྲེང་གཡས་དང་སྤྱི་བླུགས་གཡོན་དུ་བཤད་པས་འགྱུར་རམ་ཡི་གེ་ཅུང་མ་དག་པར་མངོན་ནོ། །དམ་ཚིག་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་སྤྲོས་པའི་ཁྲོ་བོ་འདོད་རྒྱལ་གྱིས་ཤར་ལྷོ་ནས་བསྒོམས་པ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ་གཡས་པ་མི་འཇིགས་པའི་ཕྱག་རྒྱས་མཐེ་བོང་གཡོབ་ཅིང་། ༀ་ཚུར་སྤྱོན་ཚུར་སྤྱོན་འབྱུང་བོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ༀ་ཊཀྐི་ཧཱུཾ་ཛཿ ཞེས་པས་


JLD011_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་ལ་ཐབ་ཀྱི་མེ་མཚམས་ཀྱི་ཁ་ཁྱེར་གྱི་ཀུ་ཤའི་གདན་ལ་བཞུགས་པར་བསམ་མོ། །ལས་ཀྱི་སྔགས་དྷིཿ ཥྚྲཱི་དང་བསང་ཆུ་གཏོར་ལ་ཕྱི་འབྲང་གི་བགེགས་བསྐྲད་ལ་ཆུ་བཞི་ཕུལ་བའམ་བསྡུས་པ་ལ་མོས་ན་དེ་མ་བྱས་པར་ༀ་མུད་ག་ར་ཛཿ ཞེས་པས་དམ་ཚིག་པ་དང་ཉེ་བར་དགུག །ༀ་དཎྜ་ཧཱུཾ་གིས་དམ་ཚིག་པ་ལ་གཞུག །ༀ་པདྨ་བཾ་གྱིས་དབྱེར་མེད་དུ་བཅིང་། ༀ་ཁངྒ་ཧོཿ ་ས་དབང་དུ་བྱ་སྟེ་རྡོར་དྲིལ་གྱིས་འཁྱུད་པའི་ཚུལ་དང་ལྡན་པའི་ཕྱག་རྒྱ་གཉིས་ཀྱིས་སེ་གོལ་གཏོགས་པ་སྔོན་དུ་འགྲོ་བས་གཞུག་པ་སོགས་བྱའོ། །གཉིས་པ་ནི། དེ་ནས། ༀ་ཨཱཿ ཧྲཱི་པྲ་ཝ་ར་སད་ཀ་རཾ་པྲོཀྵ་ཎཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་པས་ཀུ་ཤའི་ཆུན་པོས་ཞལ་བསིལ་གྱི་སྣོད་ནས་བཟེད་ཞལ་དང་པོར་ལན་གསུམ་བསང་གཏོར་དབུལ་ལོ། །སྣོད་དེ་ཉིད་ནས་མཛུབ་མོས་མེ་ཏོག་བླངས་ཏེ་ཁུ་ཚུར་ཁ་འོག་ཏུ་བསྟན་ནས་མཐེའུ་ཆུང་ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང་བྲོཀྵཎཾ་གྱི་གནས་སུ། ཨཱཉྩ་མ་ཎཾ་བཅུག་ལ་བཟེད་ཞལ་དང་པོར་ཞལ་བསིལ་དང་། རྡོ་རྗེ་སྙིམ་པ་ཁ་ཕྱེ་བའི་ཕྱག་རྒྱ་དང་ཨརྒྷཾ་གྱིས་བཟེད་ཞལ་གཉིས་པར་མཆོད་ཡོན་དང་ཁུ་ཚུར་བཅངས་ནས་མེ་ཏོག་བླངས་ཏེ་ལན་གསུམ་བསྐོར་ནས་ཁུ་ཚུར་ཁ་གྱེན་དུ་བསྟན་པའི་མཛུབ་མོ་ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང་པཱདྱཾ་གིས་བཟེད་ཞལ་གསུམ་པར་ཞབས་བསིལ་དབུལ་ཞིང་། མེ་ལྷའི་སྔགས་ཀྱི་མཐར་ༀ་བཛྲ་པུ་ཥྤེ་ཨཱཿ ཧཱུཾ། ཞེས་སོགས་བཏགས་ལ་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་ནང་མཆོད་ཀྱིས་ཀྱང་མཆོད་དེ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་


JLD011_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་བོ་ཡོངས་སུ་བསྐྱང་བའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་ཞིང་བགྲང་ཕྲེང་འཛིན། །བདུད་རྩི་བཅུད་ལྡན་གྷུཎྜེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་དོ། །ༀ་བཛྲ་ཨ་ན་ལ་མཧཱ་བྷཱུ་ཏ་ཛྭ་ལ་ཛྭ་ལ་ཡ་སརྦ་བྷ་སྨི་ཀུ་རུ་སརྦ་དུཥྚན་ཧཱུཾ་ཕཊ་ཏྲི་ཤྱ་ཛཿ ཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཞེས་ལན་གསུམ་དུ་དམ་ཚིག་བསྒྲག་གོ །གསུམ་པ་ནི། དེ་ནས་མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་དང་། དགང་བླུགས་ཀྱི་ཁ་ལ་ཡཾ་ཡིག་འོད་ཟེར་དང་བཅས་པ་དགོད་དོ། །ཁ་ནི་མཚོ་སྐྱེས་དང་དམ་ཚིག་རྡོ་རྗེས་དགང་བླུགས་ཀྱི་ནང་དུ་དང་མི་ཐུབ་ཟླ་བས་དགང་བླུགས་ཀྱི་ནང་གི་རྡོ་རྗེའི་མཚན་མ་ལ་ས་བོན་བཀོད་པར་བཤད་པ་ལྟར་ཡིན་ནོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་པའི་སྟེང་ནས་མཐེ་བོས་བཀབ་པ་དེ་


JLD011_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པའི་མཛུབ་མོ་བརྐྱངས་ལ་གན་རྐྱལ་དུ་བྱས་པས་དགང་གཟར་མར་གྱིས་བཀང་བ་བཟུང་། གཡས་པ་ཡང་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པ་ཁ་ཐུར་དུ་སྦུབ་པས་བླུགས་གཟར་གྱི་ཡུ་བ་བཟུང་བ་གཡོན་པའི་མཛུབ་མོའི་ཐད་ཀར་གཡས་པའི་ཁུ་ཚུར་བཞག་ནས་དགང་གཟར་གྱི་ཁར་བླུགས་གཟར་གྱི་མགོ་བཞག་ནས་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ལག་པ་གཉིས་པུས་མོའི་ནང་ནས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཏེ་མེ་ལྷའི་ཞལ་ཅུང་ཟད་གདངས་པར་དགང་བླུགས་གསུམ་མམ་བདུན་མེ་ལྷའི་སྔགས་སམ་དགང་བླུགས་ཀྱི་སྔགས་སམ་མར་གྱི་སྲེག་བླུགས་ཀྱི་སྔགས་ལ་སྤེལ་ཚིག་བཏགས་པས་ཕུལ་ནས་འདོད་དོན་ལ་གསོལ་བ་བཏབ་པས་འཕྲིན་ལས་མཛད་པར་ཞལ་གྱིས་བཞེས་པར་བསམ་མོ། །སྔགས་དང་པོ་ནི། ༀ་ཨགྣ་ཡེ་ཨཱ་དིབྱཱ་ཨཱ་དིབྱཱ་ཨཱ་བི་ཤ་ཨཱ་བི་ཤ་མཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་ཧ་ནཱ་ཡ་སྭཱཧཱ། ཞེས་པའོ། །གཉིས་པ་ནི། ༀ་ན་མཿ ས་མནྟ་བུདྡྷཱ་ནཱཾ་ཨགྣ་ཡེ་སྭཧཱ། ཞེས་པའོ། །གསུམ་པ་ནི། ༀ་ཨགྣ་ཡེ་སྭཧཱ། ཞེས་པ་སྟེ་དེ་དག་ལ་སྭཱཧཱའི་སྔོན་དུ་སྡིག་པའམ་ནད་དམ་གདོན་ལ་སོགས་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཞེས་སྦྱར་རོ། །སྐབས་འདིར་མེ་ལ་བགེགས་ཡོད་མེད་བརྟགས་ཏེ་མེད་ན་མི་དགོས་ལ་ཡོད་ན་མེ་ལ་བསང་གཏོར་དང་ཧྲཱིཿ ཥྚྲིཿ ས་བསྲུངས་ཏེ་སྔགས་དེ་ལ་བགེགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཞེས་སྤེལ་ཚིག་དང་སྦྱར་ཏེ་དགང་བླུགས་བདུན་མེ་ལྷ་ལ་ཕུལ་ནས་སླར་ཡང་མེ་ལྷའི་སྔགས་སམ་ལས་སྔགས་ཀྱིས་བསང་གཏོར་བྱས་ནས་དགང་བླུགས་བདུན་ནམ་གསུམ་མམ་གཅིག་


JLD011_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྷའི་སྔགས་ཀྱིས་དབུལ་ལོ། །དེ་ནས་ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་གྱི་བདུད་རྩིར་མོས་ནས་ཕུལ་བའི་འོག་ཏུ་མར་ཁུ་དང་དེ་ནས་སྔར་བཤད་པའི་རིམ་པ་བཞིན་དུ་དབུལ། དེ་དག་གི་སྔགས་ནི། ༀ་པོ་དྷི་བྲཱི་ཀྵཱ་ཡ་སྭཧཱ། བྱང་ཆུབ་ཀྱི་ཤིང་གིའོ། །ༀ་ཨགྣ་ཡེ་སྭཧཱ། མར་ཁུའིའོ། །ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཧཱ། ཏིལ་གྱིའོ། །ༀ་བཛྲ་ཨཱ་ཡུ་ཥེ་སྭཧཱ། དུར་བའི་འོ། །ༀ་བཛྲ་པུཥྚ་ཡ་སྭཱཧཱ། འབྲས་མ་གྲུགས་པའིའོ། །ༀ་སརྦ་སཾ་པཱ་དེ་སྭཱ་ཧཱ། ཞོ་ཟན་དང་ཟས་མཆོག་གིའོ། །ༀ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའི་འོ། །ༀ་སརྦ་ཨརྦ་སིདྡྷ་ཡེ་སྭཧཱ། ཡུངས་ཀར་གྱིའོ། །ༀ་བཛྲ་བི་ཛཱ་ཡ་སྭཧཱ། སོ་བའི་འོ། །ༀ་མ་ཧཱ་བེ་གཱ་ཡ་སྭཱཧཱ། ནས་ཀྱིའོ། །ༀ་མ་ཧཱ་བ་ལཱ་ཡ་སྭཱཧཱ། སྲན་མའི་འོ། །ༀ་བཛྲ་གྷསྨ་རི་སྭཱཧཱ། གྲོའི་འོ། དེ་རྣམས་ལ་སྭཧཱའི་སྔོན་དུ་སྤེལ་ཚིག་བཏགས་ཏེ་དཔེར་ན་སྡིག་པ་ཞི་བའི་སྦྱིན་སྲེག་བྱེད་ན་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་དང་སྡིག་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཞེས་སྤེལ་བ་ལྟ་བུའོ། །བསྒྲུབ་བྱའི་མིང་བཅུག་པའམ་མ་བཅུག་ནའང་དེའི་སྡིག་པ་སོགས་ཞི་བའི་དོན་དུ་བསམས་ནས་བྱས་པས་ཀྱང་འགྲུབ་པར་འོད་སྙེ་ལས་གསུངས་སོ། །ཡམ་ཤིང་དང་ཀུ་ཤ་དང་དུར་བ་རྣམས་ལག་པ་གཡས་པའི་མཐེབ་སྲིན་གྱིས་མཆོག་སྦྱིན་པའི་ཕྱག་རྒྱས་རྩེ་མོ་ལྷ་ལ་བསྟན་ལ་དབུལ་ལོ། །དེ་ལྟར་སྲེག་རྫས་རྣམས་སྙན་པའི་གདངས་ཀྱིས་ཕུལ་ནས་ཞལ་བསིལ་དང་བསང་གཏོར་བྱའོ། །སྐབས་འདིར་མེ་མཚམས་སུ་བཞག་པ་དང་མེ་འབར་བའི་རྣམ་པར་གྱུར་པ་སོགས་ལྔ་གསུངས་


JLD011_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདིར་ནི་ཐུགས་ཀར་འདས་པའི་ལྷ་བསྐྱེད་པས་བཞུགས་སུ་གསོལ་བར་བྱའོ། །གཉིས་པ་ནི། དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་ན་མེ་ལྷའི་ཐུགས་ཀར་བྷྲུཾ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ་ལྷ་རྣམས་ཀྱི་སྔགས་ཟློ་ཞིང་། མེ་ཏོག་གིས་ལྷ་རྣམས་སྤྱན་དྲངས་ལ་མེེ་ཏོག་ཐབ་ཏུ་དོར་བས་ལྷ་རྣམས་རང་རང་གི་གདན་ལ་བཞུགས་པར་བསམ། དཀྱིལ་འཁོར་དང་མ་འབྲེལ་ན་སྔར་བཤད་པ་བཞིན་བསྐྱེད་ནས་ཆུ་བཞི་དང་བཅས་པའི་མཆོད་པ་དང་བདུད་རྩི་མྱང་བ་དང་བསྟོད་པ་བྱའོ། །དེ་ནས་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་ཁ་དོག་དཀར་པོ་ལ་རཾ་བཀོད་ལ་ལས་སྔགས་ལ་སྤེལ་ཚིག་བཏགས་པའི་དགང་བླུགས་གསུམ་མམ་བདུན་ཕུལ་ནས་གསོལ་བ་བཏབ་པས་འཕྲིན་ལས་མཛད་པར་ཞལ་གྱིས་བཞེས་པར་བསམ་མོ། །ཡམ་ཤིང་ལ་སོགས་པ་རྣམས་ལ་ལས་སྔགས་ལ་རྫས་སྔགས་སྤེལ་ཚིག་དང་བཅས་པ་བཏགས་པའམ། དེ་མ་གྲུབ་ན་ལས་སྔགས་རྐྱང་བ་ལ་སྤེལ་ཚིག་གདགས་ལ་དབུལ་ཏེ་སྤེལ་ཚིག་རེ་རེ་ནས་སྦྱར་མ་ནུས་ན་བདུན་བདུན་གྱི་མཐར་དང་དེ་ཡང་མ་གྲུབ་ན་ཐོག་མཐའ་གཉིས་སུ་གདགས་སོ། །འཁོར་གྱི་ལྷ་ལ་ནི་བདུན་ནམ་གསུམ་ལ་སོགས་པ་ཅི་ཙམ་འབྱོར་བ་རང་རང་གི་སྔགས་ལ་སྤེལ་ཚིག་གདགས་ལ་དབུལ་ལོ། །དེ་ལྟར་རྫས་རྣམས་ཕུལ་ནས་ལས་བཅོལ་བའི་དུས་སུ་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་བུམ་པ་དཀར་པོ་བདུད་རྩི་དཀར་པོས་བཀང་བ་ཐོགས་ནས། བསྒྲུབ་བྱ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལ་ཁྲུས་བྱས་པས། སྡིག་སྒྲིབ་དང་ནད་གདོན་


JLD011_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཐམས་ཅད་དག་ནས་ལུས་ཤེལ་ལྟར་གྱུར་པར་བསམ་མོ། །རྫོགས་པའི་མཐར་ཡང་དགང་བླུགས་འབུལ་ཞིང་ལས་སྔགས་ཀྱིས་མཆོད་ཡོན་ཕུལ་ཏེ་བསང་གཏོར་དང་ཞལ་བསིལ་དང་ༀ་བཛྲ་ཝ་ས་སྱ་སྭཱཧཱས། གོས་གསར་བ་དང་། ༀ་བཛྲ་ཏམྦུ་ལ་སྭཱཧཱས། །སོ་རྩི་ཕུལ་ལ་ནང་མཆོད་དང་བཅས་པས་མཆོད་བསྟོད་དེ་ཕྱག་བྱས་མཆོད་ཡོན་དབུལ་ལོ། །དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ནས་ཡོ་བྱད་མ་ཚང་བ་ལ་སོགས་པའི་ཉེས་པ་ཞི་བའི་དོན་དུ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། ཞེས་བརྗོད་དེ་བཅོམ་ལྡན་འདས་ལ་བཟོད་པར་གསོལ་ནས་ནད་གདོན་ཞི་བ་ལ་སོགས་པའི་འདོད་དོན་འགྲུབ་པར་གསོལ་བ་བཏབ་སྟེ་ཆད་ལྷག་གི་ཉེས་པ་ཞི་བརབྱ་བའི་སེམས་ཀྱིས་ༀ་བཛྲ་སཏྭ་ཨཱཿ ཞེས་མང་དུ་བརྗོད་ནས་གཤིན་རྗེ་གཤེད་ཀྱི་ཡི་གེ་བརྒྱ་པ་བཟླས་པར་བྱའོ། །དེའི་རྗེས་ལ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པས་བསྐུལ་ནས་ༀ་ཨཱ་ཿ ༀ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ་ཧཱུཾ་མུཿ ཞེས་བརྗོད་དེ་ཡེ་ཤེས་པ་གཤེགས་ནས་དམ་


JLD011_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་པ་བདག་ལ་བསྡུའོ། །གསུམ་པ་ནི། དེ་ནས་སླར་ཡང་ཐབ་ཀྱི་མེ་ལྷ་ལ་ཕྱི་ནང་གི་མཆོད་པས་མཆོད་ནས་བསང་གཏོར་དང་ཞལ་བསིལ་དང་སོ་རྩི་དང་གོས་གསར་བ་ཡང་ཕུལ་ལ་སྲེག་རྫས་ལྷག་མ་རྣམས་ཀྱིས་སྦྱིན་སྲེག་བྱས་པའི་མཐར་དྲིལ་བུ་དཀྲོལ་ཞིང་བསྟོད་དོ། །རབ་གནས་ལ་སོགས་པའི་སྐབས་སུ་གཞན་དོན་དུ་སྦྱིན་སྲེག་སྒྲུབ་ན་ནི་ཡོན་ཕུལ་བའི་སློབ་མའི་མཐེ་བོང་གཡས་པ་རང་གི་གཡོན་པའི་མཐེའུ་ཆུང་གིས་བཟུང་སྟེ་ཐབ་ཁུང་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ་བླུགས་གཟར་གྱིས་དེའི་མགོ་ལ་གཡས་སྐོར་དུ་བསྐོར་ཏེ་ལན་བདུན་དུ་སྲེག་བླུགས་བྱས་ཏེ་དགང་བླུགས་འབུལ་དུ་གཞུག་གོ །འཁྱིལ་བ་བཟླས་པའི་བསྲུང་སྐུད་དཀར་པོ་སློབ་མའི་ལག་པ་ལ་བཅིངས་ལ་བསང་གཏོར་བྱའོ། །རྒྱལ་པོ་དང་འཇིག་རྟེན་སྐྱོང་བ་དང་སེམས་ཅན་ཐམས་ཅད་དང་སློབ་མ་རྣམས་དང་གང་ལ་མངོན་པར་འདོད་པ་རྣམས་ཀྱི་རེ་རེ་ཞིང་ལན་གསུམ་མམ་རེ་རེའི་སྲེག་བླུགས་དབུལ་བར་བྱའོ། །ཡོན་ཡང་འབུལ་དུ་གཞུག་གོ །ཞེས་གསུངས་པས་འབྱོར་ན་དེ་དག་གི་ཡང་དགེ་བར་དམིགས་ལ་དགང་བླུགས་དབུལ་ཞེས་འོད་སྙེར་སྐབས་འདིར་གསུངས་ལ། ཉིན་མོ་འབྱུང་གནས་ཀྱིས་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་འོག་བདག་འཇུག་གི་གོང་དུ་ལྷ་མཆོད་པའི་སྦྱིན་སྲེག་འདས་པའི་ལྷ་ལ་རྫས་རྣམས་ཀྱི་སྲེག་བླུགས་ཚར་ནས་དགང་བླུགས་མ་ཕུལ་བའི་གོང་དུ་བྱེད་པར་བཤད་ཅིང་བྱ་བའི་ཡུལ་ནི་དབང་ཞུ་བའི་སློབ་མ་ལ་སོགས་པ་དང་བྱེད་པ་པོ་ནི་སློབ་དཔོན་རང་ངམ་གཞན་གྱིས་ཀྱང་བྱ་བར་བཤད་དོ། །དེ་ལ་སྔ་མ་ལྟར་ན། འཇིག་རྟེན་པའི་མེ་ལྷ་ལ་དབུལ་ལ་ཕྱི་མ་ལྟར་ན་འདས་པའི་ལྷ་ལ་འབུལ་


JLD011_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ནས་ཞལ་བསིལ་ཕུལ་ལ་བསང་གཏོར་དང་མཆོོད་པས་མཆོད་ནས་གཏོར་མ་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབས་ཏེ་མེ་ལྷའི་སྔགས་ལ་ཨ་ཀཱ་རོ་བཏགས་པས་ལན་གསུམ་དུ་ཕུལ་ཏེ་ཉེར་སྤྱོད་ལྔས་མཆོད། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །ཞེས་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་བཅོལ་ལ། མཆོད་ཡོན་ཕུལ་བཟོད་པར་གསོལ་ཏེ་འདོད་པའི་དངོས་གྲུབ་ཞུས་ནས། ༀ་བཛྲ་སཏྭ་ཨཱཿ ཞེས་བརྗོད་དོ། །རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་སྤྱོན་ཞིང་། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཞེས་པས་བསྐུལ་ལ། །ༀ་མུཿ ཞེས་བརྗོད་ཅིང་ཡེ་ཤེས་པ་རང་གནས་སུ་གཤེགས་ནས་དམ་ཚིག་པ་མེ་འབར་བའི་རྣམ་པར་འགྱུར་བར་བསམ་མོ། །གསུམ་པ་ནི། སྲེག་རྫས་ཀྱི་ལྷག་མའི་རྫས་ལྔའི་འོ་ཐུག་སྦྱིན་སྲེག་གི་མེ་ལ་བསྒྲུབས་ནས་ལོངས་སྤྱད་ན་སྡིག་པ་འདག་པར་གསུངས་པས་དེ་བསྒྲུབ་པའི་ཚུལ་ནི་འོ་མ་དང་འབྲས་མ་གྲུགས་པ་དང་མར་དང་སྦྲང་རྩི་དང་ཀ་ར་རྣམས་རང་གི་ལྷའི་ས་བོན་ལས་བྱུང་ཞིང་། ལས་དང་རྗེས་སུ་མཐུན་པའི་དྲིས་བྱུགས་པ་མགུལ་བར་མེ་ཏོག་ཕྲེང་བས་བཅིངས་པའི་སྣོད་ནག་པོ་མ་ཡིན་པ་ཐབ་ཁུང་གི་མེ་ལ་མཉྫིའི་སྟེང་དུ་བཞག་པའི་ནང་དུ་གཟར་བུ་གཉིས་གང་རུང་གིས་བླུགས་ལ་རང་གི་བདག་པོའི་སྔགས་འགྱིང་བ་དང་བཅས་པས་ཟློས་ཤིང་བསྐོལ་ཏེ་བདུད་རྩིའི་རང་བཞིན་གྱི་འོ་ཐུག་བསྒྲུབ་པར་བྱའོ། །དེ་ནས་འོ་ཐུག་ལ། ༀ་དཱི་བྱ་ཨཱགྣེ་ས་མཱ་དྷི་དྷྱཱན་པྲཱི་ཎ་ནེ་སྭཱཧཱ། ཞེས་པས་བསྔགས་ཏེ་


JLD011_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་རྣལ་འབྱོར་ལ་གནས་ནས་ལྷ་དང་འཇིག་རྟེན་སྐྱོང་བ་དང་བདག་ཉིད་ཚིམ་པར་བྱའོ། །དེ་བཞིན་གཤེགས་པའི་ལྷག་མ་འདི། །སྡིག་པ་རྣམ་པར་ཉམས་བྱེད་གསོལ། །ཞེས་པས་སྦྱིན་བདག་དང་ལྷག་མ་དོན་དུ་གཉེར་བ་རྣམས་ལ་བགོ་བཤའ་བྱ་ལ་བསྔོ་བ་དང་ཤིས་བརྗོད་བྱའོ། །ལོང་ཡོད་ན་མེ་མ་ཤིའི་བར་དུ་དཀྲུག་པ་དང་བརྡལ་བར་མི་བྱ་སྟེ་འགོམ་པར་ཡང་མི་བྱའོ། །མེད་ན་ཞི་བ་ལ་འོ་མ་དང་རྒྱས་པ་ལ་དྲིའི་ཆབ་སེར་པོ་དང་དབང་ལ་འོ་མ་དམར་པོ་དང་དྲག་པོ་ལ་འོ་མ་ནག་པོས་མེ་གཞིལ་ལ་ཐབ་ཀྱི་ཐལ་བ་ལ་སོགས་པ་རྣམས་ལས་བུམ་དུ་བླུགས་ལ་ཆུ་བོ་ལ་སོགས་པ་ལ་བསྐུར་རོ། །གཉིས་པ་ལ་གཉིས། དབང་དྲག་དང་རྒྱས་པའི་ཁྱད་པར་སྤྱིར་བསྟན་པ་དང་། འཕྲིན་ལས་བསྒྲུབ་པའི་ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྔར་བཤད་པའི་ཞི་བའི་ཆོ་ག་བཞིན་དུ་རྒྱས་པ་ལ་སོགས་པ་གཞན་གྱིའང་བྱ་སྟེ་ཁྱད་པར་ནི་སྲེག་རྫས་ལ་སོགས་པ་དང་སྦོར་བའི་མེ་གཡས་པས་གཡས་སྐོར་དུ་བསང་བ་ནི་འཇམ་པོ་གསུམ་འདྲ་ལ་དྲག་པོ་ལ་གཡོན་པས་གཡོན་སྐོར་དུའོ། །སྦོར་བའི་ཤིང་ཡང་ཞི་རྒྱས་གཉིས་འདྲ་ལ། དབང་ལ་རང་གི་བུད་ཤིང་སྐམ་པོ་དུ་བ་མེད་པའི་རྩྭ་དང་བཅས་པའོ། དྲག་པོ་ལ་རློན་པ་ཚེར་མ་ཅན་དུ་བ་དང་བཅས་པ་སྟེ་སྦོར་བའི་སྒྲོན་མེ་དང་གསོ་བའི་མར་ཡང་ཚ་བའི་ཏིལ་མར་རམ་མར་ནག་གོ །ཐབ་ཀྱི་སྟེང་གི་ཀུ་ཤ་ནི་རྒྱས་པ་ལ་རྩེ་མོ་བྱང་དང་དབང་ལ་ནུབ་དང་དྲག་པོ་ལ་ལྷོར་བསྟན་ཅིང་དང་པོ་གཡོན་ངོས་ནས་ཁ་ཁྱེར་ལ་འགྲེམས་པའི་ཀུ་ཤ་གཉིས་ཀྱི་རྩེ་མོ་ཡང་དེ་ལྟར་རོ། །ཐབ་ཀྱི་བསྐྱེད་ཆོག་ནི་གཞུང་གཞན་རྣམས་ལས་རང་གི་ལྷའི་ས་བོན་ལས་བསྐྱེད་པ་མང་ཡང་


JLD011_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཛིན་གྱི་བཞེད་པས་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་ལས་བསྐྱེད་པ་ཡིན་ལ། དེའང་ཆོས་འབྱུང་སྐྱེད་བྱེད་ཀྱི་རྡོ་རྗེ་འཛིན་པའམ་ཀུན་ཏུ་བཟང་པོ་ཞེས་པ་དེ་ཡིན་ཏེ་འཇིགས་བྱེད་ལ་ལཱ་ལི་ཏས་སྔར་བཤད་པ་ལྟ་བུའི་རྡོ་རྗེ་སེམས་དཔའ་ལས་ཆོས་འབྱུང་བསྐྱེད་པར་བཤད་པས་དེའི་དབང་དུ་བྱས་པའོ། །གདན་ལ་སྣ་ཚོགས་པདྨ་དཔལ་འཛིན་གྱིས་ལས་ཐམས་ཅད་པའི་སྐབས་སུ་བཤད་པ་ལྟར་རྡོ་རྗེ་གྲུབ་པ་དང་སོ་ན་ཤྲཱི་གཉིས་ཀྱིས་དྲག་པོ་ལ་ཡང་དེ་ལྟར་བཤད་པས་དེའི་ལུགས་ཀྱིས་ལས་སོ་སོ་དང་འདྲའོ། །མེ་ལྷ་ཡང་དཔལ་འཛིན་གྱིས་དགྲ་ནག་གི་ལས་ཐམས་ཅད་པའི་སྦྱིན་སྲེག་ལ་བཤད་པ་ཉིད་སློབ་དཔོན་དེ་ཉིད་ཀྱིས་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་ལ་ཡང་བཤད་པས་ཁ་དོག་མ་གཏོགས་པ་ལས་བཞི་ག་ལ་ཞལ་ཕྱག་སོགས་འདྲ་བར་བྱའོ། །དཔལ་འཛིན་གྱིས་དྲག་པོའི་སྦྱིན་སྲེག་ཏུ་དེ་དང་མི་འདྲ་བར་བཤད་དེ་གང་རུང་གིས་ཆོག་གོ །ཞལ་གསུམ་གྱི་མདོག་ནི་རྩ་ཞལ་དཀར་ན་གཡས་གཡོན་གཉིས་ནག་པོ་དང་དམར་པོ་དང་། རྩ་ཞལ་སེར་པོ་དང་དམར་པོ་དང་ལྗང་གུ་ཡིན་ན། གཡས་གཡོན་གཉིས་སྔོན་པོ་དང་དཀར་པོ་དང་སྔོན་པོ་ཡིན་ན་གཡས་གཡོན་གཉིས་དཀར་པོ་དང་དམར་པོར་འོད་སྙེ་ལས་སོ། །ལྷའི་ལྗགས་ནི་རང་རང་གི་ཁ་དོག་ཅན་གྱི་རྡོ་རྗེ་སྦུ་གུའི་རྣམ་པ་ཅན་ནོ། །དགང་བླུགས་འབུལ་བའི་དུས་སུ་ལག་པ་པུས་མོའི་ནང་ནས་ཕྱིར་མི་འདའ་བ་དང་གཡོན་པས་དགང་གཟར་དང་གཡས་པས་བླུགས་གཟར་འཛིན་པ་དང་། གཡས་སུ་བསྐོར་ནས་ཞལ་ཅུང་ཟད་གདངས་པར་སྙན་པའི་གདངས་ཀྱིས་འབུལ་བ་ནི་འཇམ་པོ་གསུམ་འདྲ་ལ། དྲག་


JLD011_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་དེ་གསུམ་གོ་ལྡོག་པ་དང་ཞལ་ཤིན་ཏུ་གདངས་པར་ང་རོ་ཆེན་པོས་དབུལ་ལོ། །རྒྱས་པའི་དགང་བླུགས་ནི་ལག་པ་གཉིས་ཁུ་ཚུར་དུ་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པའི་རིན་པོ་ཆེའི་ཁུ་ཚུར་དང་། དབང་ལ་ཁུ་ཚུར་གཉིས་ཀྱི་མཐེབ་མཛུབ་རྩེ་སྤྲད་པ་ཟླུམ་པོར་བྱས་པའི་མཛུབ་མོའི་ཕྱི་ནས་གུང་མོས་དཀྲིས་པའི་པདྨའི་ཁུ་ཚུར་དང་། དྲག་པོ་རྣམས་ལ་རྡོ་རྗེའི་ཁུ་ཚུར་གཉིས་ཀྱི་མཛུབ་མོ་བསྒྲེངས་པའི་ཁྲོ་བོའི་ཁུ་ཚུར་གྱིས་བཟུང་ངོ་། །སྤེལ་ཚིག་ནི་མིང་འཇུག་མི་འཇུག་སྔར་དང་འདྲ་ཞིང་། རྒྱས་པ་ལ་ཚེ་དང་བསོད་ནམས་སོགས་པུཥྚ່་ཀུ་རུ་ༀ་དང་། དབང་ལ་བ་ཤཾ་ཀུ་རུ་ཧོཿ དང་། དེའི་དགུག་པ་ལ་ཆེ་གེ་མོ་ཨ་ཀརྵ་ཡ་ཛཿ དང་། བསད་པ་ལ་ཆེ་གེ་མོ་མཱ་ར་ཡ་ཕཊ། བསྐྲད་པ་ལ་ཆེ་གེ་མོ་ཨུཙྪ་ཊ་ཡ་ཧཱུཾ་ཕཊ། དབྱེ་བ་ལ་ཆེ་གེ་མོ་དང་ཆེ་གེ་མོ་བི་དྭེ་ཥ་ཡ་ཕཊ། །རེངས་པ་ལ་ཆེ་གེ་མོ་སྟཾ་བྷ་ཡ་ལཾ། རྨོངས་པ་ལ་ཆེ་གེ་མོ་མོ་ཧཱ་ཡ་ཕཊ། ཅེས་གདགས་སོ། །ལྷ་དབང་དུ་བྱེད་པ་ལ་ནི། ༀ་ཧྲིཿ ཥྚྲཱིཿ ཝི་ཀྲྀ་ཏ་ན་ན་མཱ་ན་ཏྲ་སིདྡྷི་མ་མེ་དྲཱི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་སློབ་དཔོན་བློ་གྲོས་བཟང་པོས་གཤེད་དམར་ལས་གསུངས་པ་ལས་དཔགས་ཏེ་ཤེས་པར་བྱའོ། །འཇམ་པོ་གསུམ་ལ་ཡམ་ཤིང་སོགས་གཡས་པའི་མཐེབ་སྲིན་གྱིས་འབུལ་བར་འདྲ་ལ། དྲག་པོ་ལ་ནི་གཡོན་པའི་མཐེབ་སྲིན་གྱིས་སོ། །དབང་དང་དྲག་པོའི་སྲེག་རྫས་རྣམས་ལ་རྫས་སྔགས་སོ་སོ་བ་མི་སྣང་བས་གང་ལ་དབུལ་བའི་ལྷའི་སྔགས་ཉིད་ཀྱིས་བྱའོ། །རྒྱས་པ་སོགས་གསུམ་ལ་ཡང་འདས་པའི་ལྷ་མེ་ལྷའི་སྙིང་གར་བསྐྱེད་པ་འདྲ་ལ། །ཁ་དོག་ནི་རྒྱས་པ་ལ་སེར། དབང་དང་དེའི་


JLD011_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་པ་ལ་དམར། བསད་པ་དང་དགུག་པ་དང་བསྐྲད་པ་དང་དབྱེ་བ་ལ་ནག་པོ། རྨོངས་རེངས་ལ་སེར་པོའོ། །གཉིས་པ་ནི། བསྒྲུབ་བྱ་ལ་འཕྲིན་ལས་མཛད་པའི་དམིགས་པ་ནི། རྒྱས་པ་ལ་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱ་སེར་པོར་བསམས་ལ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་བུམ་པ་སེར་པོ་ནས་བདུད་རྩི་སེར་པོས་དབང་བསྐུར་བས་ལུས་དང་དབང་ཐང་དང་ཚེ་དང་ཤེས་རབ་སོགས་རྒྱས་པ་དང་བུམ་པ་ནས་རིན་པོ་ཆེའི་ཆར་བབས་པས་ཁྱིམ་གང་བར་བསམ་མོ། །དབང་ལ་ཟླ་བ་དམར་པོ་ལ་གནས་བའི་བསྒྲུབ་བྱ་ཁ་དོག་དམར་པོར་བསམས་ཏེ་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་བཀུག་ནས་རྐང་པ་གཉིས་ཀྱི་དྲུང་དུ་ལྷགས་པར་བསམ་པ་དང་དེའི་དགུག་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་དམར་པོའི་སྟེང་དུ་བསྒྲུབ་བྱ་སྐྲ་བཤིག་ནས་གནས་པའི་སྙིང་ནས་ལྕགས་ཀྱུས་ཕུག །མགྲིན་པ་ཞགས་པས་བཅིངས་ནས་འོང་བར་བསམ་པར་དགྲ་ནག་ལས་གསུངས་ཏེ་ཡི་གེ་ནི་ཨ་དམར་པོར་དམ་ཚིག་རྡོ་རྗེས་བཤད་དོ། །འོད་སྙེར་སྤྲོས་པའི་ལྷས་ཨུཏྤལ་དམར་པོ་ཁ་མ་ཕྱེ་བ་འདྲ་བའི་མདས་སྙིང་ཕུག་ནས་དབང་དུ་སྡུད་པ་དབང་དང་ལྕགས་ཀྱུས་ཕུག་ཅིང་ཞགས་པས་བཅིངས་ནས་འགུགས་པ་དེའི་དགུག་པའི་ཁྱད་པར་དུ་བཤད་དོ། །རྟོག་བདུན་ལས་བསྒྲུབ་བྱ་བྱེ་བྲག་པ་ལ་ལྟོས་པའི་དབང་དགུག་བཤད་ཀྱང་འདིར་སྤྱིའི་དབང་དུ་བྱས་པ་བཤད་པའི་སྐབས་སོ། །བསད་པ་ལ་ནི་རང་གི་མདུན་དུ་མེའི་དཀྱིལ་འཁོར་གྱི་སྟེང་ན་བསྒྲུབ་བྱ་གཅེར་བུ་སྐྲ་བཤིག་པ་ཉམ་ཐག་པ་གནས་པར་བསམ། དེ་ནས་རང་གི་སྙིང་གའི་ས་བོན་


JLD011_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་ཁྲོ་བོའི་ཚོགས་ཀྱིས་བསྐོར་བའི་སྤྲུལ་པའི་གཟུགས་སོང་སྟེ་དེའི་སྙིང་གར་ཞུགས་ནས་དེ་བྱིན་གྱིས་རློབ་པའི་ལྷ་རྣམས་ལ་མཆོད་ནས་འདི་ནི་འདི་ལྟ་བུའི་སྡིག་པའི་ལས་བྱེད་པས་ན་ངེས་པར་དམྱལ་བར་འགྲོ་བས། འདི་ནི་ཁྱེད་རྣམས་ཀྱིས་བཏང་ནས་བྱོན་འཚལ་ཞེས་གསོལ་བ་གདབ་པ་ལ་ལྷ་དང་བཅས་པའི་བསྲུང་བ་རྣམས་ཁྱེར་ནས་འོངས་པ་ལ་མཆོད་པ་ཕུལ་ཏེ། དེ་ལ་བསྲུང་བའི་ལྷ་རྣམས་ཁྲོ་བོ་རྣམས་ཀྱིས་ཁྱེར་ཏེ་ནམ་མཁའ་ལ་གཤེགས་ཤིང་སྤྲོས་པའི་ཁྲོ་བོ་རྣམས་རང་གི་ཁ་ནས་ཞུགས་ཏེ་སྙིང་གར་བཀོད་ལ་མཉེས་པར་བྱའོ། དེ་ནས་རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་ལྕགས་ཀྱུ་འདྲ་བས་བསྒྲུབ་བྱ་བཀུག་སྟེ་སྔར་གྱི་གཟུགས་བརྙན་ལ་བསྟིམས་པས་དེ་ཉིད་བསྒྲུབ་བྱ་དངོས་སུ་བསམ་མོ། །ཁྲོ་བོ་སྣ་ཚོགས་པ་མཚོན་ཆ་སྣ་ཚོགས་འཕྱར་བ་སྤྲུལ་ཏེ་བསྣུན་ཞིང་དུམ་བུ་བརྒྱ་སྟོང་དུ་བྱས་ནས་ཤ་ཚིལ་དང་རུས་པ་རྣམས་ཟ་ཞིང་ཁྲག་ཀྱང་འཐུང་བ་དང་མདུན་དུ་གཤིན་རྗེ་ནག་པོ་མ་ཧེ་ལ་གནས་པ་དབྱུག་ཏོ་དང་ཞགས་པ་འཛིན་པ། ལྟོ་བ་ཆེ་ལ་ཞལ་གདངས་པ་དེའི་སྙིང་གར་གནས་ནས་ཟ་བར་བསྒོམ་ཞིང་། གཟུགས་བརྙན་གྱི་རྐང་པ་གཡོན་པ་ནས་བརྩམས་ཏེ་དུམ་བུར་བཅད་ཅིང་སྲེག་རྫས་སུ་ཕུལ་བས་ལྷ་རྣམས་ཀྱང་གསོལ་བར་བསམ་མོ། །བསད་པ་ལ་ཡཾ་ལས་རྔ་མོ་དང་དེའི་རྒྱབ་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་ཕྱེད་ལྟ་བུའི་སྟེང་དུ་བསྒྲུབ་བྱ་གཅེར་བུ་སྐྲ་བཤིག་པ་བྲེད་པ་བསམས་ལ། དེའི་རྒྱབ་ཏུ་གཤིན་རྗེ་སྐྲ་སིལ་བ་ལག་ན་དབྱུག་པ་ཐོགས་པས་ལྷོ་ཕྱོགས་སུ་བདས་པར་བསམ་མོ། །དབྱེ་བ་ལ་བསྒྲུབ་བྱ་གཉིས་གཅིག་རྟ་དང་ཅིག་ཤོས་མ་ཧེའི་སྙིང་གར་


JLD011_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་མི་མཐུན་པར་བསམས་ནས་རྟ་དང་མ་ཧེ་གཉིས་འཐབ་པར་བསམ་མོ། །དགྲ་ནག་ལས་རྟ་དང་མ་ཧེའི་རྒྱབ་ཏུ་ཞོན་པའི་བསྒྲུབ་བྱ་གཉིས་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་དང་། སྤྲོས་པའི་ཁྲོ་བོའི་ཚོགས་ཀྱང་ཕྱོགས་གཉིས་ཀར་འཁོད་ནས་འཐབ་པར་བསམ་པར་བཤད་དོ། །རེངས་པ་ལ་སའི་དཀྱིལ་འཁོར་གྱི་སྟེང་ན་བསྒྲུབ་བྱ་སེར་པོར་བསམས་ལ། དེའི་སྟེང་དུ་རི་རབ། དེའི་སྟེང་དུ་སའི་དཀྱིལ་འཁོར། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མནན་པར་བསྒོམ་མོ། །རྨོངས་པ་ལ་བསྒྲུབ་བྱ་ལུག་གི་སྙིང་གར་བཀུག་ནས་སའི་དཀྱིལ་འཁོར་བཞི་ཟ་མ་ཏོག་བཞིན་དུ་ཁ་སྦྱོར་བྱས་པའི་ནང་དུ་གནས་པར་བསམ་མོ། །དེ་ནས་མཐར་འདོད་པའི་དོན་ལ་གསོལ་བ་གདབ་སྟེ། རྒྱས་པ་ལ་ཤེས་རབ་དང་ཏིང་ངེ་འཛིན་སོགས་འཕེལ་བ་དང་དབང་ལ་ལྷ་རྣམས་དབང་དུ་འདུ་ཞིང་གང་ཞིག་དབང་དུ་བྱས་ན་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པའི་སེམས་ཅན་རྣམས་བདེ་བླག་ཏུ་དབང་དུ་སྡུད་ཅིང་འགུགས་པར་ནུས་པ་དང་། དྲག་པོ་ལ་བསྟན་པ་འཇིག་ཅིང་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པའི་སེམས་ཅན་དྲག་པོ་མིན་པའི་ཐབས་ཀྱིས་མི་འདུལ་བ་རྣམས་སྙིང་རྗེ་ཆེན་པོས་ཇི་ལྟར་འཚམ་པར་བདེ་བླག་ཏུ་ཚར་གཅོད་ནུས་པ་སོགས་ཀྱི་འཕྲིན་ལས་འགྲུབ་པའོ། །ཁྱད་པར་གཞན་རྣམས་ནི་སྔར་བཤད་ཟིན་ཏོ། །གཉིས་པ་ནི། སྦྱིན་སྲེག་གི་རྫས་རྣམས་མ་འབྱོར་བ་དང་ཡོད་ཀྱང་བྱ་བའི་སྐབས་མེད་ན་ནི་སྔར་བཤད་པ་ཐམས་ཅད་བསྒོམས་པ་ཁོ་ནས་བྱ་སྟེ་ངེས་པར་འདོད་པ་རྣམས་


JLD011_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་བོ། །ཡང་ན་མེ་ལྷའི་སྙིང་གར་གནས་པའི་ལས་སོ་སོའི་ཁ་དོག་ཅན་མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་དབུས་སུ་བསྒོམས་ལ་རང་གི་ལོགས་སུ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་སྣོད་མར་དང་སྦྲང་རྩིས་གང་བ་བཞག་ནས་རིན་པོ་ཆེ་སྣ་བདུན་གྱི་དགང་བླུགས་ཀྱི་སྲེག་བླུགས་ཡིད་ཀྱིས་བྱ་སྟེ་ཡིད་ཀྱི་སྦྱིན་སྲེག་གི་ཚུལ་གཉིས་སོ། །ཕྱི་རོལ་གྱི་རྫས་ཡོད་པ་ལ་ཡང་ཡིད་ཀྱི་སྒོམ་པ་ཉིད་ཀྱིས་རྫོགས་པར་བྱ་དགོས་པས་ན་འདི་ནི་བླ་ན་མེད་པའི་ཡིད་མངོན་པར་འདུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཕྱིའི་རྫས་ལ་བརྟེན་པའི་ནང་གི་སྦྱིན་སྲེག་ནི་རང་གི་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པས་རང་གིས་ལྷའམ་རྡོ་རྗེ་སེམས་དཔའ་མ་རྣམ་སྣང་ལ་སོགས་པ་ལྔ་རིམ་པ་བཞིན་དུ་འདོད་ཡོན་ལྔའི་ངོ་བོར་བལྟས་ལ་ཇི་ལྟར་རྙེད་པ་ལ་ཐེ་ཚོམ་མེད་པར་ལོངས་སྤྱད་པར་བྱའོ། །བཟའ་བའི་དུས་སུ་ནི་བཟའ་བཏུང་ཐམས་ཅད་མཉམ་པ་ཉིད་ཀྱི་དག་པས་བདུད་རྩིར་བྱས་ནས་ལྟེ་བའི་ཐབ་ཁུང་གི་མེས་འཁྱུད་པའི་སྙིང་གར་སོན་པའི་རང་གི་ལྷའི་འཁོར་ལོ་ལ་ལག་པའི་དགང་གཟར་ལ་སོགས་པས་ཆོ་ག་བཞིན་དུ་ཚིམ་པར་བྱའོ། །ཕྱིའི་རྫས་ལ་མ་བརྟེན་པའི་ནང་གི་སྦྱིན་སྲེག་ནི། ཁ་སྦྱོར་ལས། ཐོད་པ་འདི་ནི་མགོ་བོ་ཉིད། །སྲེག་རྫས་ཀྱི་ནི་སྣོད་དུ་གསུངས། །བླུགས་གཟར་རོ་མར་བཤད་པ་སྟེ། །སྙིང་གི་འཁོར་ལོ་རྐྱང་མ་དག །དགང་གཟར་ཞེས་བྱ་ཡང་དག་བརྗོད། །ཐབ་ཁུང་ལྟེ་བའི་དཀྱིལ་འཁོར་དུ། །ལས་ཀྱི་རླུང་གིས་བསྐྱོད་པ་ཡིས། །ཚངས་པའི་མེ་ནི་སུམ་མདོར་གནས། །ཞེས་གསུངས་སོ། །དེ་ལ་ལྟེ་བ་ནས་མགྲིན་པའི་འཁོར་ལོ་ལ་མ་ཐུག་ཚུན་ཆད་ཀྱི་རོ་མ་ནི་


JLD011_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བླུགས་གཟར་གྱི་ཡུ་བ་རྡོ་རྗེ་རིན་པོ་ཆེའི་བར་དང་། མགྲིན་པའི་འཁོར་ལོ་ན་གནས་པའི་རོ་མ་ནི་བླུགས་གཟར་གྱི་མགོ་བོ་དང་། ལྟེ་བ་ནས་སྙིང་གའི་འཁོར་ལོའི་ལྟེ་བ་ལ་མ་ཐུག་པའི་བར་ནི་དགང་གཟར་གྱི་ཡུ་བ་རྡོ་རྗེ་རིན་ཆེན་གྱི་བར་དང་། སྙིང་གའི་འཁོར་ལོའི་ལྟེ་བ་ན་གནས་པའི་རྐྱང་མ་ནི་དགང་གཟར་གྱི་མགོ་བོའོ། །ལྟེ་བའི་འཁོར་ལོ་ནི་ཐབ་ཁུང་དང་སྤྱི་བོའི་འཁོར་ལོ་ནི་སྲེག་རྫས་ཀྱི་སྣོད་དེ་མགོ་ཐོད་ཀྱང་ངོ་། །སྲེག་རྫས་ནི་བྱང་སེམས་ཀུནྡ་ལྟ་བུ་ཡིན་ལ་སྦྱིན་སྲེག་གི་མེ་ནི་གཏུམ་མོ་རྡུལ་གྱི་ངོ་བོ་བྱང་སེམས་དམར་པོ་མེའི་རང་བཞིན་ཅན་ནོ། །ཁུ་བའི་སྲེག་རྫས་སྤྱི་བོར་གནས་པ་ཞུ་བར་བྱེད་པ་ནི་རྡུལ་གྱི་མེ་ཁྲག་གི་ཁམས་ཡིན་ལ། དེ་ཤས་ཆེར་རོ་མ་ནས་གྱེན་དུ་རྒྱུ་བས་ན་དེ་གནས་པའི་རྩ་ལ་བླུགས་གཟར་ཞེས་བྱ་སྟེ་བཅུད་འཆུ་བར་བྱེད་པའི་རྩ་ཡིན་པའི་ཕྱིར་རོ། །བཞུགས་པའི་ཁུ་བ་ཤས་ཆེར་ནི་རྐྱང་མར་འབབ་པས་ན་རྩ་དེ་ལ་དགང་བར་བྱ་བའི་གཟར་བུ་ཞེས་བྱ་སྟེ་རོ་མས་བཅུས་པའི་བཅུད་ཀྱིས་དེ་འགེངས་བའི་ཕྱིར་རོ། །ཚངས་པའི་མེ་རྡུལ་གྱི་ངོ་བོ་ནི་ལྟེ་བའི་འོག་གསང་བའི་ཆུ་སྐྱེས་སུ་གནས་པ་ལ་ཤས་ཆེ་བ་དུས་རྟག་ཏུ་ལྟེ་བར་གནས་པ་ལ་དགོངས་ནས་ལྟེ་བར་གནས་པར་ཡང་བཤད་དོ། །མེ་དེ་སྦོར་བའི་རླུང་ཡབ་ཀྱི་དོད་ནི་ལས་ཞེས་པ་སྟེ་བསྒོམ་པའི་བྱ་བ་དང་དབང་པོ་གཉིས་སྦྱར་བའི་བྱ་བའོ། །རྣལ་འབྱོར་གྱི་གཏུམ་མོའི་མེ་དེ་ལྷན་སྐྱེས་ཀྱི་གཏུམ་མོ་བསྒོམ་པའི་བྱ་བས་སེམས་བརྟན་པ་ན་རོ་རྐྱང་གི་རླུང་དབུ་མར་འདུས་ནས་ཚངས་པའི་མེ་དང་རོ་གཅིག་ཏུ་འགྱུར་


JLD011_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེས་གཏུམ་མོ་སྦར་བས། སྲེག་རྫས་ཞུ་ནས་ལྷན་སྐྱེས་ཀྱི་བདེ་བ་སྟེར་རོ། །གསུམ་པ་ནི། ཁམས་གསུམ་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་འཁོར་ལོའི་རྣམ་པའི་ཡེ་ཤེས་ཀྱི་མེ་ལ་ཕུང་པོ་ལ་སོགས་པའི་གཟུང་འཛིན་གྱི་སྤྲོས་པའི་བུད་ཤིང་བསྲེག་པ་ནི་བླ་ན་མེད་པའི་སྦྱིན་སྲེག་གོ །སྟོང་པ་དང་སྙིང་རྗེ་ནི། ཁ་སྦྱོར་ལས། དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་ཕྱི་དང་ཕྱིའི་རྫས་ལ་བརྟེན་པའི་ནང་གི་སྦྱིན་སྲེག་གིས་རང་གི་ལྷ་མཉེས་པ་ལས་ལྷས་བྱིན་གྱིས་བརླབས་པ་ན་ལྟེ་བའི་གཏུམ་མོའི་མེ་ལ་སྤྱི་བོའི་བྱང་སེམས་བསྲེག་པའི་ནང་གི་སྦྱིན་སྲེག་ནུས་པར་འགྱུར་ཏེ། །དེས་རྫོགས་རིམ་གྱི་རྟོགས་པ་བསྐྱེད་པའི་རྒྱུད་སྨིན་པར་བྱས་པའི་ཕྱིར་རོ། །དེས་ན་བཅོས་མའི་དཀྱིལ་འཁོར་དང་བཟླས་པ་དང་སྦྱིན་སྲེག་ནི་རྣལ་མའི་སྦྱོར་བ་རྟོགས་པར་བྱ་བའི་དོན་དུ་གསུངས་སོ། །ནང་གི་སྦྱིན་སྲེག་ཁྱད་པར་ཅན་ནུས་པ་ན་ཁམས་གཉིས་ཀྱི་ཞུ་བདེའི་མཐུས་གཉིས་སྣང་གི་རྟོག་པ་རགས་པ་རྣམས་ཞི་བར་འགྱུར་ལ། དེའི་ཡས་བབས་དང་མས་བརྟན་གྱི་ལྷན་སྐྱེས་འཆར་བའི་དུས་སུ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་ཀྱི་ཕུ་ཐག་ཆོད་པའི་ལྟ་བ་དྲན་པར་བྱས་ནས་སྐྱོང་བ་ནི་བླ་ན་མེད་པའི་སྦྱིན་སྲེག་གོ །དེའི་མཐར་ལྡང་བ་ན་རང་གི་འདོད་པའི་ལྷའི་སྐུ་སྒྱུ་མ་ལྟ་བུར་ལངས་ཏེ་སླར་ཡང་སྔར་ལྟར་སྦྱིན་སྲེག་བྱེད་པའི་རིམ་པས་ལམ་བགྲོད་པར་བྱའོ། །རང་བཞིན་མེད་


JLD011_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ངེས་པའི་ལྟ་བ་སྐྱོང་རྒྱུ་མེད་ན་རོ་རྐྱང་གི་རླུང་དབུ་མར་ཚུད་པའི་འབར་འཛག་གི་སྦྱིན་སྲེག་གིས་རྟོག་པ་རགས་པ་རེ་ཞིག་ཞི་ཡང་དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་ཁ་ཕྱོགས་པ་མིན་པ་ལ་དགོངས་ནས་རྫས་ལ་མ་བརྟེན་པའི་ནང་གི་སྦྱིན་སྲེག་ལས་བླ་ན་མེད་པའི་སྦྱིན་སྲེག་ལོགས་སུ་འོད་སྙེ་ལས་གསུངས་ཏེ། ལེགས་པ་ཡིན་ནོ། །དེ་ལྟར་ཕྱི་ནང་གི་སྦྱིན་སྲེག་དང་པོ་གཉིས་ནི་ནང་གི་སྦྱིན་སྲེག་ཁྱད་པར་བའི་ཆེད་དུ་དམིགས་ནས་བྱ་དགོས་ལ། དེ་ཡང་བླ་ན་མེད་པའི་སྦྱིན་སྲེག་གི་ཕྱིར་དུ་དམིགས་ནས་བྱ་དགོས་པའི་ཚུལ་རྣམས་ལེགས་པར་ཤེས་ནས། སྦྱིན་སྲེག་བྱེད་པ་ནི་རྫོགས་རིམ་སྐྱེ་བའི་རྒྱུད་སྨིན་པར་འགྱུར་བ་ལ་ཁྱད་ཤིན་ཏུ་ཆེ་བས་དེ་དག་ཚང་བར་བཤད་དོ། །དྲི་མེད་དབང་ཐོབ་བསྲུང་སྡོམ་དག་གྱུར་ཅིང་། །ཐུན་བཞིར་བསྒོམ་དང་བཟླས་ལ་མངོན་བརྩོན་པས། །ཕྱི་ནང་ལྷ་ཚོགས་འཁོར་གསུམ་ཡོངས་དག་གི །མཆོད་སྦྱིན་རྫས་ཀྱིས་མཉེས་པར་བྱས་པའི་མཐུས། །ཨ་ཐུང་མེ་ཡིས་ཧཾ་ཡིག་བཞུས་ནས་ནི། །དྷཱུ་ཏཱིའི་ནང་དུ་སྦྱིན་སྲེག་ནུས་པ་ན། །ཟབ་མོ་དབུ་མའི་ལྟ་བ་ལེགས་སྐྱོང་བའི། །བླ་ན་མེད་པའི་སྦྱིན་སྲེག་བྱ་འོ་ཞེས། །སྦྱིན་སྲེག་གསུམ་གྱི་ལམ་གྱི་རིམ་པ་ཡིས། །རྣལ་འབྱོར་བླ་མེད་རྒྱུད་དོན་གསལ་བྱེད་པའི། །ཚུལ་འདི་གཞན་ལ་ཕན་པའི་བསམ་པས་བཤད། །འདི་ན་སྦྱིན་སྲེག་གཞུང་སྦྱར་མི་ཉུང་མོད། །རི་དྭགས་ཁྲོད་ན་གདོང་ལྔ་པ་བཞིན་དུ། །རྨད་བྱུང་གཏམ་གྱིས་ཁྱད་ཞུགས་གྱུར་པ་ཡི། །རིག་པ་རྩོམ་པ་བློ་ལྡན་སུ་ཞིག་བཤོལ། །འོན་ཀྱང་བྱིས་བློ་ཤིན་


JLD011_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མཐུ་ཆུང་ཞིང་། །སྦྱིན་སྲེག་རྣམ་གསུམ་དཔག་པར་དཀའ་བས་ན། །འདིར་ནི་བདག་གིས་གང་ཞིག་ནོངས་པ་རྣམས། ། ཚད་མར་གྱུར་པ་རྣམས་ལ་བཟོད་པར་གསོལ། །དེར་འབད་དགེ་བས་སྐྱེ་དགུའི་ཉེར་འཚོའི་གཞི། །བསྟན་པ་རིན་ཆེན་འཕྲིན་ལས་རྣམ་བཞི་ཡིས། །སྐྱེ་བ་ཀུན་ཏུ་རྒྱས་པར་བྱེད་པ་དང་། །སྦྱིན་སྲེག་གསུམ་གྱིས་འགྲོ་རྣམས་སྒྲོལ་བར་ཤོག །ཚུལ་འདིས་འཇམ་པའི་རྡོ་རྗེ་གཤིན་རྗེ་གཤེད། །མཉེས་པར་གྱུར་ནས་མཆོག་རྣམས་ལེགས་སྩོལ་ཞིང་། །རིག་སྔགས་འཆང་གི་དངོས་གྲུབ་རྒྱ་མཚོ་ཡིས། །དགའ་སྟོན་ཆེན་པོས་འགྲོ་བ་དབུགས་འབྱིན་ཤོག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྲིན་ལས་བཞིའི་སྦྱིན་སྲེག་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་བྱ་བ་འདི་ནི་དོན་གཉེར་ཅན་མང་པོ་ལ་ཕན་པར་མཐོང་ནས། དོན་ཡོད་རྡོ་རྗེ་ཆུང་བའི་སྦྱིན་སྲེག་གཉིས་ལ་ཡིད་གཏད་མི་རུང་བ་མང་དུ་སྣང་བས་བཏང་སྙོམས་སུ་བཞག་ཅིང་། རྟོག་བདུན་གྱི་འགྲེལ་པ་གཉིས་སུ་དགྲ་ནག་དང་དེའི་སྦྱིན་སྲེག་དཔལ་འཛིན་གྱིས་མཛད་པ་བཞིན་མདོར་བསྡུས་བཤད་པ་ལེགས་པར་མཐོང་ནས། དགྲ་ནག་དང་དཔལ་འཛིན་གྱི་སྦྱིན་སྲེག་ལ་གཞི་བྱས་སྦྱིན་སྲེག་ཐམས་ཅད་ཀྱི་སྤྱིའི་ཆོ་ག་འོད་ཀྱི་སྙེ་མས་ཁ་བསྐངས་ཤིང་གཞུང་གཞན་རྣམས་ནས་ཀྱང་ཅུང་ཟད་བླངས་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་བློ་བཟང་གྲགས་པའི་དཔལ་གྱིས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་པ་གླིང་དུ་སྦྱར་བའོ། །དགྲའོ། །

དུས་ཀྱི་འཁོར་ལོའི་ནང་ལེའི་རྣམ་པར་དག་པ་མཁས་གྲུབ་རྗེས་ཟིན་བྲིས་སུ་བཏབ་པ་འཕྲོ་ཅན།


JLD011_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོའི་ནང་ལེའི་རྣམ་པར་དག་པ་མཁས་གྲུབ་རྗེས་ཟིན་བྲིས་སུ་བཏབ་པ་འཕྲོ་ཅན་བཞུགས་སོ། །


JLD011_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿ ཤྲཱི་ཀཱ་ལ་ཙཀྲཱ་ཡ། བཅོམ་ལྡན་འདས་རིགས་ཐམས་ཅད་ཀྱི་བདག་པོ་དང་དབྱེར་མ་མཆིས་པའི་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དེ་ལྟར་གང་དུ་གནས་པའི་རྟེན་འཇིག་རྟེན་གྱི་ཁམས་ཀྱི་རྣམ་པར་དག་པ་བཤད་ཟིན་ནས། དེར་གནས་པ་སེམས་ཅན་གྱི་སྐྱེ་གནས་འཇིག་པའི་རྣམ་པར་དག་པ་ལ་སོགས་པ་སྟོན་པ་ནང་གི་ལེའུ་ཉིད་འཆད་པ་ལ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་སྒྱུར་བྱེད་ལོ་ཙཱ་བའི་ཕྱག་གོ །འགྲེལ་པ་མཛད་པ་པོས་ལེའུའི་ཐོག་མར་མཆོད་པར་བརྗོད་པ་ནི། དང་པོའི་སངས་རྒྱས་གང་ཞིག་ཁམས་དྲུག་ལྡན་གྱི་ཆེན་པོའི་མི་རྣམས་སྨིན་པར་བྱ་བའི་དོན་དུ་དེ་དག་གིས་མཐོང་བའི་


JLD011_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་འགྱུར་བར་བྱ་བའི་ཕྱིར་ཁམས་རགས་པ་བཟུང་བའི་མངལ་ནི་འཛིན་པ་ལ་སོགས་པ་མཛད་པ་བཅུ་གཉིས་སྟོན་པ་འདི་མཛད་ཅིང་དེ་བཞིན་དུ་སྲིད་པའི་འཆིང་བ་ལས་ཉོན་དྲག་པོས་འཁོར་བར་སྐྱེ་བ་ལས་ངེས་པར་གྲོལ་ཡང་སྲོག་ཆགས་རྣམས་ཀྱི་སངས་རྒྱས་ཀྱི་ལམ་གྱི་སླད་དུ་སྲིད་པར་གནས་པར་སྟོན་ཏེ། རི་བོང་དང་སྟག་དང་སེང་གེ་ལ་སོགས་པ་སེམས་ཅན་སྣ་ཚོགས་པའི་གཟུགས་སུ་སྐྱེས་ནས་སེམས་ཅན་གྱི་དོན་མཛད་པའི་སྔོན་གྱི་སྐྱེས་རབས་ཕྲེང་བ་གཞན་དོན་གྱི་ཡོན་ཏན་དང་ལྡན་པ་གང་། སེམས་ཅན་བྱང་ཆུབ་དོན་གཉེར་སྐལ་ལྡན་རྣམས་ཀྱིས་མཐོང་བར་གྱུར་པ། རྫུ་འཕྲུལ་ཆེན་པོ་དང་ལྡན་པས་སྲིད་པར་སྤྱོད་ཅིང་རྒྱུ་བར་མཛད་པ་དག་སྟེ་དེ་འདྲའི་ཚུལ་གྱིས་སེམས་ཅན་དུཿ ཁ་ལས་སྐྱོབ་པར་མཛད་པ་དེ་


JLD011_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །དེ་ལྟར་སྤྱིར་ཕྱག་བཙལ་ནས། ཁྱད་པར་དུ་ཕྱག་འཚལ་བ་ནི། ཤཱཀྱ་ནས། བཏུད་དེའི་བར་རོ། །དེ་ལྟར་མཆོད་པར་བརྗོད་ནས་བཤད་པར་དམ་བཅའ་བ་ནི། གང་ལ། གང་གིས། གང་དང་། མཐུན་པར་བསྐུལ་བས། ཀུན་སློང་ཇི་ལྟ་བུས། རྩོམ་པ་པོ་གང་གིས། ལེའུ་གང་གི་རྒྱས་འགྲེལ་རྩོམ་པར་དམ་བཅའ་བ་ནི། པདྨ་ནས། བྲི། ཞེས་པའི་བར་རོ། །འོ་ན་བཤད་བྱ་ནང་གི་ལེའུ་འདི་གནས་གང་དུ་ཚུལ་ཇི་ལྟར་གསུངས་ཤེ་ན། འདིར། གནས་ཀྱི་ཁྱད་པར། དཔལ། ཞེས་སོགས་དང་། གདན་གྱི་ཁྱད་པར། རིན་པོ་ཆེའི་སོགས་དང་། ཞུ་བ་པོའི་ཁྱད་པར། ཉི་མའི་སོགས་དང་། སྟོན་པའི་ཁྱད་པར། བཅོམ་ལྡན་འདས་སོགས་དང་། ཆོས་ཀྱི་ཁྱད་པར། ནང་གི་སོགས་དང་། རྒྱུད་གང་ལས་བསྡུས་ན། མཆོག་གི་སོགས་དང་། བརྗོད་བྱའི་དོན། བཅོམ་ལྡན་འདས་སོགས་དང་། རྗོད་བྱེད་བསྡུས་རྒྱུད་ཀྱི་ཚིགས་སུ་བཅད་པ་དང་པོས་གསུངས་པ་འདི་ལྟ་སྟེ། ཞེས་མཚམས་སྦྱར་ནས། བཤད་བྱ་དགོད་པ་ནི། མི་ཤེས་སོགས་སོ། །དེ་འཆད་པ་ནི་ཚིགས་བཅད་དེས་དོན་འདི་འདྲ་བ་ཞིག་བསྡུས་པ་དེ་དག་གིས་བཤད་པར་བྱའོ། །ཞེས་དམ་བཅས་པ། འདིར་ཞེས་སོགས་སོ། །གདུལ་བྱའི་ཕུང་སོགས་སྒྲིབ་བྲལ་དུ་བསྐྱེད་པར་མཛད་པའི་རྒྱལ་བ་ལ་བོས་ནས། ཕྱི་རོལ་ཏུ་འཇིག་རྟེན་ལ་སོགས་པའི་ཚད་དང་གཟའ་སྐར་སོགས་གསུངས་པ་དེ་དག་དང་འདྲ་བར་ནང་ལུས་ཀྱི་དབུས་སུ་སྟེ་ལུས་ཀྱི་ནང་དུ་ཇི་ལྟར་འགྱུར་བ་མི་ཤེས་པས་བསྟན་དུ་གསོལ། ཞེས་ཟླ་བཟང་གིས་གསོལ་བ་བཏབ་པའི་དོན་བཤད་པ་ནི། འདིར་ལུས་ཀྱི་དབུས་སུ་ཞེས་སོ། །དེ་ལ་ལེགས་སོ་


JLD011_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ནས་སྟོན་པས་ཚིག་རབ་ཏུ་གྱུར་པས་ལན་གསུངས་སོ། །ཞེས་བྱ་བ་ནི། དེ་ནས་སོགས་སོ། །གསུངས་ཚུལ་སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་མཆོག་གི་ཐུགས་རྗེས་ཕྱི་རོལ་གྱི་སྣ་ཚོགས་ཚད་རྣམས་དག་ཀྱང་ལུས་ལ་ཇི་ལྟར་གནས་པ་བཤད་པར་བྱའོ། །ཞེས་སོགས་ཞལ་གྱིས་བཞེས་ལ། ཀྱང་ཡིག་གིས་ཕ་རྒྱུད་མ་རྒྱུད་སོགས་རྒྱུད་གཞན་ཐམས་ཅད་ཀྱི་ལྷ་གྲངས་སོགས་ཀྱང་ལུས་ལ་ཇི་ལྟར་འགྱུར་བ་གསུངས་སོ། །ལེའུ་སོགས་གོ་སླའོ། །ད་ནི་ལེའུ་འདིའི་གནས་པ་བསྟན་པའི་ཚིགས་སུ་བཅད་པ་དང་པོ་གསུངས་པ། ཞེས་སོགས་ཏེ། དེའང་། འདིར་ལུས་ཀྱི་ནང་དུ་ས་ལ་སོགས་པ་མཐའ་དག་གནས་པར་རང་རང་གི་ས་བོན་གྱི་ཡི་གེས་ཤེས་པར་བྱ་སྟེ། ཚུལ་ཇི་ལྟར་ན། འཇིག་རྟེན་ཁམས་ལེར་བརྗོད་པ་ལྟར་ལྟེ་བར་བསྒོམ་བྱའི་ས་བོན། སོ་ལས་བྱུང་བའི་ཡི་གེ་ལྀ་སོགས་ནམས་ཀྱིས་དེ་ཉིད་གང་དུ་བསྒོམ་པའི་གནས་ལྟེ་བས་ཡིན་པར་ཤེས་པར་བྱའོ། །སྙིང་གར་བསྒོམ་བྱའི་ས་བོན་མཆུ་ལས་བྱུང་བའི་ཡི་གེ་ཨུ་སོགས་རྣམས་ཀྱིས་དེ་ཉིད་གང་དུ་བསྒོམ་པའི་གནས་སྙིང་ག་ཆུ་ཡིན་པར་ཤེས་པར་བྱའོ། །མགྲིན་པར་བསྒོམ་བྱའི་ས་བོན་སྤྱི་བོ་ལས་བྱུང་བའི་ཡི་གེ་རྀ་སོགས་རྣམས་ཀྱིས་དེ་ཉིད་གང་དུ་བསྒོམ་པའི་གནས་མགྲིན་པ་མེར་ཤེས་པར་བྱའོ། །སྤྱི་བོར་བསྒོམ་བྱའི་ས་བོན་རྐན་ལས་བྱུང་བ་ཨི་སོགས་རྣམས་ཀྱིས་དེ་ཉིད་གང་དུ་བསྒོམ་པའི་གནས་སྤྱི་བོ་རླུང་དུ་ཤེས་པར་བྱའོ། །དེ་ལྟར་ན་ལྟེ་བ་ལ་སོགས་


JLD011_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་ལོ་བཞི་པོ་དེ་དག་ནི་རིམ་བཞིན། ས་དང་ཆུ་དང་མེ་དང་རླུང་རྣམས་སོ། །རྡོ་རྗེ་སྟེ་གློག་ནི་སླར་ཡང་། ཟུང་བདུན་སྐབས་སུ་བཤད་པའི་ས་བོན་སྤྱི་བོ་ལས་བྱུང་བའི་རྀ་གྱིས་རྣམས་ཀྱིས་དུས་མེའི་རྩ་ལ་གནས་པར་ཤེས་པར་བྱའོ། །ལྷའི་གཞུ་སྟེ་འཇའ་ཚོན་ནི། སོ་ལས་བྱུང་བའི་ལྀ་ཡིག་རྣམས་ཀྱིས་བཤད་པའི་རྩ་ལ་གནས་པར་ཤེས་པར་བྱའོ། །རླུང་བཅུ་པོ་རྣམས་ནི། རང་རང་གི་ས་བོན་རྐན་ལས་བྱུང་བ་ཨི་སོགས་རྣམས་ཀྱིས་སྙིང་གའི་རྩ་བཅུ་ལ་གནས་པར་ཤེས་པར་བྱའོ། །ཁྱིམ་གྱི་འཁོར་ལོའི་ཞག་སུམ་བརྒྱ་དྲུག་ཅུ་ནི། རང་རང་གི་ས་བོན་ཨ་ལ་སོགས་པ་དང་ཀ་ལ་སོགས་པ་མཐའ་དག་གིས་སྟེང་འོག་གི་ལས་དང་བྱ་བའི་འཁོར་ལོ་ལ་གནས་པར་ཤེས་པར་བྱའོ། །ཕྱི་རོལ་ཏུ་ཟླ་བ་ནི། ས་བོན་ཐིག་ལེས། ནང་དུ་ལཱ་ལ་ན་དང་ཁུ་བར་ཤེས་སོ། །ཕྱི་རོལ་ཏུ་ཉི་མ་ནི། ས་བོན་རྣམ་པར་བཅད་པས། ནང་དུ་རྭ་ས་ན་དང་རྡུལ་ལམ་ཁྲག་ཏུ་ཤེས་སོ། །ཕྱི་རོལ་ཏུ་སྒྲ་གཅན་ནི། རང་མིང་རྭ་ཧུ་ཞེས་པའི་དབྱངས་སྲོག་གི་ཨུ་ཡིག་མེད་པའི་གསལ་བྱེད་ཧ་ཡིག་གིས་ནང་དུ་རྣམ་ཤེས་དང་ཨ་ཝ་དྷཱུ་ཏཱིར་ཤེས་སོ། །ལྷུན་པོ་ནི་རང་མིང་གི་ཡི་གེ་མེ་རུ་ཞེས་པའི་མ་ཡིག་གིས་ནང་དུ་སྒལ་ཚིགས་གསང་བའི་པདྨ་ནས་ལྟེ་བའི་བར་ལ་གནས་པར་ཤེས་སོ། །ཞེས་བླ་མ་ཁ་ཅིག་བཞེད་ལ། བི་བྷཱུ་ཏིས། སྒྲ་གཅན་ནི། ནང་དུ་སྒལ་ཚིགས་ལ་སྦྱོར་བ་ལེགས་སོ། །གདེངས་ཅན་རྣམས་ཀྱི་གནས་ས་འོག་ནི། སྐུ་རྡོ་རྗེའི་ས་བོན་ༀ་ཡིག་གིས་ནང་གི་གནས་སྤྱི་བོར་ཤེས་སོ། །ཞེས་བླ་མ་ཁ་ཅིག་འཆད་ཀྱང་། བི་བྷཱུ་ཏིས། བརླའི་དཔྱི་མན་ཆད་དང་


JLD011_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རོ། །མིའི་གནས་ཏེ་མིའི་འཇིག་རྟེན་ས་སྟེང་ནི་གསུང་རྡོ་རྗེའི་ས་བོན་ཨ་ཡིག་གིས་བསྟན་པས་ནང་དུ་མགྲིན་པར་ཤེས་སོ། ཞེས་འཆད་དོ། །ལྷའི་གནས་ཏེ་མཐོ་རིས་ས་བླ་ནི་ཐུགས་རྡོ་རྗེའི་ས་བོན་ཧཱུཾ་ཡིག་གིས་བསྟན་པས་ནང་དུ་སྙིང་ག་ཡིན་པར་ཤེས་སོ། །ཞེས་འཆད་ཀྱང་། བི་བྷཱུ་ཏིས་མགྲིན་པ་ཡན་ཆད་ལ་སྦྱར་ཏེ། ཕྱིའི་འཇིག་རྟེན་ཁམས་དཔག་ཚད་འབུམ་ཕྲག་བཞི་དང་། ནང་གི་ལུས་ཁྲུ་བཞི་པ་སྦྱོར་བ་དང་འདིའི་ཕྱོགས་མཐུན་ནོ། །ཁྱིམ་ལ་འཁྱོག་པོ་སྟེ་ཡོན་པོར་བརྒྱུ་བ་བཀྲ་ཤིས་ལ་སོགས་པའི་གཟའ་བཅུ་པོ་རྣམས་ནི་གཡས་དང་གཡོན་གྱི་ས་བོན་གྱི་ཡི་གེ་སྔར་ཟུང་བདུན་སྐབས་སུ་བརྗོད་པ་རྣམས་ཀྱིས་གཡས་གཡོན་གྱི་རྩ་ལ་བརྒྱུ་བའི་རླུང་བཅུར་ཤེས་སོ། །རྩ་བར་སྐར་མ་དང་བཅས་ཞེས་པའི་དོན་ནི་ཕྱི་རོལ་ཏུ་སྐར་མ་རྣམས་ནང་དུ་སོ་རྣམས་སོ། །ཕྱི་རོལ་ཏུ་ཁྱིམ་གྱི་འཕོ་བ་བཅུ་གཉིས་ནི། ནང་དུ་སྡེ་པ་བཅུ་གཉིས་ཀྱི་དབྱངས་རིང་ཐུང་གི་ས་བོན་གྱི་དབྱེ་བ་རྣམས་ཀྱིས། ནང་དུ་རླུང་གི་འཕོ་བ་བཅུ་གཉིས་ཏེ། ཕྱི་རོལ་ཏུ་ཟླ་བ་བཅུ་གཉིས་ཀྱང་། ནང་དུ་རླུང་གི་འཕོ་བ་བཅུ་གཉིས་ཡིན་པ་ཁྱིམ་གྱི་དེ་བཞིན་ནོ། །ཟླ་བའི་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་ཕྱོགས་ཉི་ཤུ་རྩ་བཞི་ནི། ནང་དུ་སྡེ་པ་དྲུག་གི་ཡི་གེ་ཕྱེད་ཕྱེད་ཀྱི་དབྱེ་བ་རྣམས་ཀྱིས་རླུང་གི་འཕོ་བ་ཕྱེད་པ་ཉེར་བཞིའོ། །ཉིན་དང་མཚན་མོའི་ཚེས་སུམ་བརྒྱ་དྲུག་ཅུ་རྣམས་ནི་ཀ་ལ་སོགས་པ་སྔར་བརྗོད་པ་སུམ་ཅུ་དབྱངས་བཅུ་གཉིས་དང་བཅས་པ་སྔར་ལེའུ་དང་པོའི་ཚིགས་བཅད་བརྒྱད་པར་བརྗོད་པའི་


JLD011_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་རྣམས་ཀྱིས་ལུས་ཀྱི་སྟེང་འོག་ཏུ་གནས་པར་ཤེས་པར་བྱ་སྟེ། མདོར་ན་ཕྱི་རོལ་གྱི་ཆོས་མཐའ་དག་ལུས་ཀྱི་དབུས་སུ་སྟེ་ལུས་ཀྱི་ནང་དུའང་ཕྱི་རོལ་དེ་དང་འདྲ་བ་ཉིད་ཀྱི་ཆོས་མཐུན་རྣལ་འབྱོར་པས་ཤེས་པར་བྱའོ། །རྣམ་གསུམ་ཁྱབ་བདགཅེས་སོགས་རྩ་འགྲེལ་གྱི་དོན་ནི། སྔར་ལེའུ་དང་པོའི་ཚིགས་བཅད་ལྔ་པར་བརྗོད་པ་ལྟར། རྡོ་རྗེ་སེམས་དཔའ་ནི་བདེ་བ་ཆེན་པོ་ཡིན་ལ། དེའི་ངོ་བོ་ནི། དེའི་ཆོས་ཉིད་ཀྱི་སྤྱིའི་མཚན་ཉིད་རང་བཞིན་རྣམ་དག་དེས་ཁམས་གསུམ་ག་ལ་ཁྱབ་པར་སྟོན་པ་ཡིན་ཏེ། དེའི་ཕྱིར་ཤོང་འགྱུར་ལའང་རང་བཞིན་ཞེས་པ་ཡོད་ཅིང་། གྱི་ཅོས། ངོ་བོ་ཉིད་ཅེས་བསྒྱུར་རོ། །འདི་ནི་རྒྱུད་བླ་མ་ལས། དེ་སྤྱི་མཚན་ཉིད་ཉེས་པ་དང་། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། ཞེས་དང་། དེའི་འགྲེལ་པར་སྤྱིའི་མཚན་ཉིད་རང་བཞིན་རྣམ་དག་ལ་བཤད་པ་དང་འདྲའོ། །དེ་འདྲ་བའི་རིགས་ཅན་གྱི་བདེ་ཆེན་དེའང་གནས་སྐབས་བཞིའི་ཐིག་ལེ་སྒྲིབ་བྲལ་དུ་གྱུར་པའི་དབྱེ་བས་བཞིར་ཤེས་པར་བྱའོ། །ཞེས་བྱ་བའོ། །ནང་ལུས་ལ་ཕྱི་དང་འདྲ་བར་སྣ་ཚོགས་ཚང་ཚུལ་བསྡུས་པའི་མདོར་བསྡུས་ཀྱི་ངེས་པའོ། །ད་ནི། ཞེས་སོགས་མཚམས་སྦྱར་བ་གོ་སླའོ། །བཤད་པ་དངོས་ལ། ལུས་ལ། ཞེས་པ་ནས། ཆོས་ལ་འགྱུར་རོ། །ཞེས་པའི་བར་ནི། ཁམས་དྲུག་ལྡན་གྱི་སྐྱེས་བུས་ལན་ཚྭ་སོགས་རོ་དྲུག་ཟོས་ཤིང་འཐུངས་པས། རིམ་བཞིན། ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་སྤུ་ལ་སོགས་པའི་ཁམས་


JLD011_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་སྐྱེ་ཞིང་། རོ་དྲུག་ཀྱང་འབྱུང་བའི་ཚོགས་ལས་སྐྱེ་ལ། འབྱུང་བའི་ཚོགས་ཀྱང་ནམ་མཁའི་ཁམས་རྡུལ་ཕྲ་རབ་ཀྱི་ཆོས་ལས་སྐྱེའོ། །ཞེས་པ་སྟེ། འདིར་ནམ་མཁའི་ཁམས་ཞེས་པ་རང་རང་རྩོམ་བྱེད་ཀྱི་རྡུལ་ཕྲ་མོའི་ཁམས་ཡིན་ལ། ནམ་མཁའི་ཁམས་ལས་འབྱུང་བའི་རྒྱུའི་འབྱུང་བ་ལྔའི་ཚོགས་པའི་ཡ་གྱལ། རོ་ཞེས་པ་ནམ་མཁའི་ཁམས་སུ་བཤད་པ་དེ་ནི་བུ་ག་ནམ་མཁའི་ཁམས་སོ། །སྟོང་པ་ལ་ནི། ཞེས་སོགས་ཀྱི་དོན་ནི། སྤྱིར་རྟོན་པ་བཞིའི་སྐབས་སུ་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཞེས་གསུངས་པ་ལྟ་བུའི་རྣམ་ཤེས་ནི། དེ་ཁོ་ན་ཉིད་འབྱེད་པའི་ཐོས་བསམ་གྱི་ཤེས་རབ། དེའང་གཙོ་ཆེར་སོ་སྐྱེའི་ཡིན་ལ། ཡེ་ཤེས་ནི་དེ་ཁོ་ན་ཉིད་འབྱེད་པའི་སྒོམ་བྱུང་གི་ཤེས་རབ་དང་། དེའང་གཙོ་བོར་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་ཡེ་ཤེས་ཡིན་ཞིང་། འདིར་སྟོང་པ་ལ་བསྲེས། ཞེས་པའི་ཡེ་ཤེས་ནི། དེ་འདྲ་བའི་ཡེ་ཤེས་མིན་གྱི། ཛྙཱ་ན་ཞེས་པ་ཤེས་པ་ལའང་འཇུག་པ་ལྟར། ཤེས་པ་དང་སེམས་སྤྱི་ཙམ་པ་ཉིད་ཡིན་པས་དེའི་ཕྱིར། འདིར་ཡང་། སྟོང་པ་ལ་བསྲེས་པའི་ཡེ་ཤེས་ངོས་བཟུང་བ་ན། ལུས་ལ་རྣམ་པར་ཤེས་པའོ། །ཞེས་རྣམ་ཤེས་ལ་བཤད་དོ། །དེས་ན་ལུས་འབྱུང་བ་སོགས་ཀྱི་ཚོགས་ལ་འབྱུང་བ་དེ་དང་། སེམས་གཉིས་འབྲེལ་བ་བདེན་པ་མེད་ཀྱང་། ཀུན་རྫོབ་ཏུ་ལུས་སེམས་དེ་གཉིས་ཁྱབ་བྱ་ཁྱབ་བྱེད་ཀྱི་སྟེ་རྟེན་དང་བརྟེན་པས་འབྲེལ་བ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ཡེ་ཤེས་བདེན་


JLD011_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲུབ་ན་ནི། དེ་ཉིད་གང་ལ་ཁྱབ་པའི་འབྲེལ་བའང་བདེན་པར་གྲུབ་དགོས་ཀྱི། བདེན་པར་གྲུབ་པའི་ཆོས་ཀྱི་འབྲེལ་བ་ཀུན་རྫོབ་པ་གཅིག་ཀྱང་མི་སྲིད་དོ། །ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་རིགས་པའི་ཚོགས་དུ་མས་གཏན་ལ་ཕབ་པོ། །དེས་ན་གཞི་དུས་སུ་སེམས་རྣམ་པར་ཤེས་པ་དེ་ཉིད་ནི། ལུས་ཀྱི་སྟོང་པ་ནམ་མཁའི་ཁམས་ལ་རྟེན་དང་བརྟེན་པའི་ཚུལ་གྱིས་བསྲེས་པས་ཏེ། འོན་ཀྱང་རོ་མཉམ་དུ་གྱུར་པ་མེད་ལ། ལམ་དང་འབྲས་བུའི་སྐབས་སུ། སྟོང་པ་ཉིད་ཀྱི་གཟུགས་ལ་བསྒོམ་པའི་སྟོབས་ཀྱིས་འཛིན་པར་བྱེད་པའི་སེམས་མི་འགྱུར་བའི་བདེ་བ་དེ་ཉིད་གཟུང་བར་བྱ་བ་རང་གི་སེམས་ཀྱི་སྣང་བ་སྟོང་གཟུགས་ཀྱི་ཕྱག་རྒྱ་ལ་རྣམ་པར་བསྲེས་པ་ནི་ངོ་བོ་སོ་སོར་མེད་པས་རོ་མཉམ་པ་དང་། འགྱུར་མེད་རྟག་པར་ཡང་འགྱུར་ཏེ། དེའང་སྐད་ཅིག་གིས་སྐྱེ་འགག་ཀྱང་མི་བྱེད་པའི་རྟག་པ་ནི་མ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ། འདི་རྟག་པའི་སྒྲ་ནི་སྒྲིབ་པ་མེད་པར་བརྗོད། ཅེས་སྨོས་ཏེ། དེའང་སྒྲིབ་པ་མ་ལུས་པར་སྤངས་པས་མི་འགྱུར་བའི་བདེ་ཆེན་སྟོང་གཟུགས་ཀྱི་ཕྱག་རྒྱ་དང་རོ་མཉམ་དུ་གྱུར་པ་དེ་ཉིད་སླར་འགྱུར་བའམ་ཕྱིར་ལྡོག་པ་མི་སྲིད་པས། སླར་ཉམས་པར་མི་འགྱུར་བ་ལ་རྟག་པར་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །དེ་ལྟར་ནས། ངེས་པ་འོའི་བར་གོ་སླའོ། །དེ་ལྟར་ཕྱིའི་ཆོས་ལུས་ལ་ཚང་ཚུལ་དང་། ནང་ལུས་ཀྱི་རྒྱུའི་ཚོགས་པ་གཉིས་ཀྱིས་ནང་ལེའི་དོན་མདོར་བསྟན་ནས། འདི་མན་ཆད་ཀྱིས། ནང་གི་ལེའུ་ལ་གནས་པ་བཅོ་བརྒྱད་ཡོད་པ་དེ་ཉིད་ཀྱི་དོན་སོ་སོར་རྒྱས་པར་འཆད་པ་ལ། གནས་པ་དང་པོ་ནང་དུ་མངལ་


JLD011_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང་སྡུད་པ་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་གསུངས་པ། ས་བོན་ཞེས་པ་ལ་སོགས་པ་སྟེ། འདིར་ཞེས་པ་ནས་བོད་པའོ། །ཞེས་པའི་བར་ནི། མངལ་དུ་ལུས་འགྲུབ་པའི་ས་བོན་མའི་གསང་གནས་སུ་ཁུ་ཁྲག་འདྲེས་པ་ཡིན་ལ། ས་བོན་དེས་ཁམས་ཡིན་ཞིང་། དེའི་ས་ཁམས་རྣམས་ཆུས་གསང་བའི་པདྨའི་གནས་དེ་ལས་གཞན་དུ་མི་འགྱེས་པར་སྡུད་པར་བྱེད་ལ། མེས་སྨིན་པར་བྱེད་ཅིང་། མེས་རོ་དྲུག་ཟོས་ཤིང་འཐུངས་པའི་བཅུད་རྣམས་མེ་ཁམས་དེས་ཟ་བ་སྟེ་ས་བོན་དེ་ལ་སྨིན་པར་བྱེད་ལ། མའི་མངལ་གྱི་ནང་གི་རླུང་གིས་འཕེལ་བ་དང་། མའི་ལུས་ཀྱི་ནང་གི་བུ་ག་ནམ་མཁའ་འཕེལ་བ་ན་གོ་སྐབས་འབྱེད་དོ། །ཞེས་བྱ་བའོ། །མངལ་དུ་སྐྱེས་པའི་དུས་ཀྱི་དབང་ལས་དེ་ལྟར་འགྲུབ་པ་སྟེ། དེ་ལྟར་རིམ་པ་དེ་དག་གིས་ཉ་ལ་སོགས་པ་གནས་སྐབས་བཅུ་འགྲུབ་སྟེ་མངལ་རྫོགས་པར་འགྱུར་རོ། །བཅུ་པོ་གང་ཞེ་ན། བསྐྱེད་རིམ་ལ་དུ་བ་མ་ལ་སོགས་པའི་ལྷ་བཅུ་རྫོགས་པ་མཚོན་པའི། མངལ་གྱི་གནས་སྐབས་བཅུས་རྫོགས་པར་འགྱུར་བར་སྟོན་པ། ལྷ་ཡི་ཞེས་པ་ནས་ངེས་པའོ་ཞེས་པའི་བར་རོ། །ཚེའི་མཐའི་མདོ་དང་། དགའ་བོ་མངལ་གནས་ལས། གནས་སྐབས་བཅུ་གསུངས་པ་དག་ནི། འདི་དག་དང་ཚུལ་མི་འདྲའོ། །ད་ནི་མངལ་དུ་གནས་པའི་ས་བོན་གྱི་འབྱུང་བ། རང་རང་གི་ཁམས་ཀྱི་བྱ་བ་བྱེད་ཚུལ་གསུངས་པ། ས་བོན་དག་ནི་ཞེས་པ་ནས་བྱ་བ་བརྗོད་པའོ། །ཞེས་པའི་བར་ཏེ་འདིར་རྣམ་པ་བཅུའི་རླུང་སྲོག་ལ་


JLD011_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དག་ནི། ཞེས་མངལ་དུ་སྲོག་འཛིན་སོགས་རླུང་བཅུ་ཡོད་པར་བཤད་པ་ནི་མངལ་ན་གནས་པའི་སེམས་ཅན་གྱི་ལུས་ཀྱི་རླུང་མིན་གྱི་ཕ་མ་ལས་ཐོབ་པ་ནང་གི་ཕྱིའི་རླུང་གིས་མངལ་ན་གནས་པའི་ལུས་དེ་མི་ཉམས་པར་འཛིན་པ་སོགས་གསུངས་པ་ཡིན་ལ། འོག་ཏུ་མངལ་ཆགས་ནས་ཟླ་བ་བདུན་ནས་རླུང་སྐྱེ་བར་བཤད་པ་ནི་ནང་གི་རླུང་། མངལ་གྱི་སེམས་ཅན་དེའི་ལུས་ཀྱི་རྩ་རྣམས་ཀྱི་ནང་ན་གནས་པའི་རླུང་བཅུ་ཟླ་བ་བདུན་ནས་འགྲུབ་པར་བཤད་པའོ། །གཞན་རྣམས་གོ་སླའོ། །ད་ནི་གནས་པ་གཉིས་པ་ཁུ་རྡུལ་དང་ཀུན་གཞི་སྦྱོར་བའི་གནས་པ་དང་། གནས་སྐབས་བཅུའི་དུམ་བུའི་གནས་པ་ནི། གསང་བ་ཞེས་པ་ལ་སོགས་པ། ཞེས་པ་ནས། གནས་སྐབས་བཅུའི་ངེས་པའོ། །ཞེས་པའི་བར་གྱིས། མའི་མངལ་དུ་ཁུ་ཁྲག་གི་དབུས་སུ་སེམས་རྡོ་རྗེ་འཛིན་པ་ཞེས་པའམ། ཀུན་གཞིའི་རྣམ་ཤེས་ཞེས་ཀྱང་ཐ་སྙད་བྱས་པ་བར་དོའི་ཡིད་ཀྱི་རྣམ་པར་ཤེས་པའི་རིགས་འདྲ་དེ་ཉིད་མཚམས་སྦྱར་བ་ནས། ཁྱབ་འཇུག་གི་འཇུག་པ་དང་མཚུངས་པའི་གནས་སྐབས་བཅུར་འགྱུར་བར་གསུངས་པའོ། །གནས་པ་བཞི་པ་གནས་སྐབས་བཅུའི་གནས་པ་ནི་ཉ་ཞེས་པ་ལ་སོགས་པས་ནང་ལ། ཞེས་པ་ནས་རྒྱས་པར་བརྗོད་པར་བྱའོ། །ཞེས་པའི་བར་གྱིས། དང་པོར་མངལ་དུ་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་པ་ན། ཉ་རོ་ཧི་ཏ་ལྟར་དམར་བས་ཉའི་རྣམ་པར་གྱུར་པ་ནས། དུས་ཀྱི་ཉིན་ཞག་ཅེས་པ་ཟླ་བ་གཉིས་ཀྱི་ཉིན་ཞག་རྫོགས་ཀྱི་བར་དུ་འབུར་བོ་ལྔ་ཅུང་ཟད་དོད་པས་རུས་སྦལ་དང་། དེ་ནས་མངལ་ནས་མི་འབྱུང་


JLD011_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་སྒུར་པོ་ཕག་གི་རྣམ་པ་དང་། དེ་ནས་བཙའ་པ་ན་ལག་པས་མའི་སྐྱེ་གནས་འབྱེད་པས། ཁྱབ་འཇུག་རོ་སྨད་མི་ལ་རོ་སྟོད་སེང་གེའི་རྣམ་པར་བྱས་ནས་སེན་མོས་རྒྱལ་པོ་སྟོབས་ལྡན་ལྟོ་དྲལ་ནས་བསད་པ་དང་འདྲ་བའི་སེང་གེ་དང་། དེ་ནས་རིམ་བཞིན་སྦྱར་ནས་རྒས་པ་ན་འདོད་པ་སྤྱོད་མི་ནུས་པས་བརྟུལ་ཞུགས་ངེས་པའི་ཕྱིར་སངས་རྒྱས་ཀྱི་གནས་སྐབས་ཅན་དང་། འཆི་བ་ན་ཁམས་ཐམས་ཅད་རྣམ་ཤེས་སུ་འདྲེས་པར་འགྱུར་བས་རིགས་ལྡན་ཞེས་བྱ་སྟེ། ཉ་དང་རུས་སྦལ་ཕག་དང་ནི། །མི་ཡི་སེང་གེ་མིའུ་ཐུང་དང་། །རཱ་མ་གཉིས་དང་ནག་པ་དང་། །སངས་རྒྱས་ཀལྐི་རྩེ་དང་བཅུ། །ཞེས་པ་ལྟ་བུའི་ཁྱབ་འཇུག་གི་འཇུག་པ་བཅུར། གཞན་ལ་གྲགས་པ་དང་འདྲ་བའི་གནས་སྐབས་བཅུའི་བྱ་བ་དང་དུས་ལ་སོགས་པ་བཤད་པའོ། །ད་ནི་གནས་པ་གསུམ་པ་ཟླ་བ་སོ་སོར་མངལ་འབྱུང་བའི་གནས་པ་ནི། ཁུ་བ་ཞེས་པ་ལ་སོགས་པས་ཞེས་པ་ནས་མངལ་ནས་སྐྱེ་བའི་ངེས་པའོ། །ཞེས་པའི་བར་ཏེ། དེ་ལ་ཁྲག་དང་ས་བོན་བདུད་རྩི་ལྔའི་རོར་གྱུར་པ་རབ་ཏུ་སྐྱེའོ་ཞེས་པ་ནི། ཕ་ལས་ཐོབ་པའི་ཁུ་བ་དང་རྐང་དང་དྲི་ཆུ་རྣམས་ཀྱི་དྭངས་མ་དང་། མ་ལས་ཐོབ་པའི་ཁྲག་དང་། བཤང་བའི་དྭངས་མའི་ཆ་རྣམས་འདྲེས་པས་བདུད་རྩི་ལྔའི་རོར་གྱུར་པ་སྟེ། དེ་རྣམས་ལུས་བསྐྱེད་པའི་དུས་སུ་ཀུན་གཞིའི་མིང་ཅན་གྱི་ཤེས་པས་བཟུང་སྟེ་གོང་དུ་བཤད་པ་ལྟར་སྨིན་པར་བྱས་པས་ལུས་སྐྱེད་པར་བྱེད་པ་ཡིན་ནོ། །མངོན་པར་ཤེས་པའི་སྟོབས་ཀྱིས་སྔོན་གྱི་གནས་རྗེས་སུ་དྲན་པར་ཡང་འགྱུར་ཏེ།


JLD011_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སེམས་ཀྱི་ཆགས་པ་དང་བྲལ་བར་བྱེད་དོ། །ཞེས་སོགས་ལ། བླ་མ་ཁ་ཅིག །མདོ་ནམ་མཁའི་རྒྱན་ལས། ཞག་བདུན་པ་སུམ་ཅུ་པ་ལ་ཡན་ལག་ཐམས་ཅད་དང་། ཁྲག་དང་། པགས་པ་དང་། བ་སྤུའི་བུ་ག་ཀུན་རྫོགས་པར་འགྱུར་རོ། །དེ་ནས་མའི་ལྟོ་ན་ཁྲག་དང་དྲི་མི་ཞིམ་པའི་ནང་ན་གནས་སོ། །གང་མའི་ལྟོ་ན་གནས་པ་ན་ཚེ་རབས་སྔ་མ་དྲན་ནས་མཆོག་ཏུ་སྐྱོ་བར་འགྱུར་ཏེ་བདག་མའི་ལྟོ་ནས་ནམ་འབྱུང་ཞིག་གུ་ཕྱིས་མའི་མངལ་དུ་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་དགེ་བ་དག་ལ་བརྩོན་འགྲུས་དང་ཕ་རོལ་གནོན་པ་བརྟན་པོར་བྱའོ་སྙམ་པ་ལས་བཙས་པ་དང་མའི་ལུས་ཀྱིས་གཟིར་བ་དང་། སའི་རེག་པ་དང་ལག་པའི་རེག་པ་དང་། དྲི་མ་བཀྲུ་བའི་སྡུག་བསྔལ་ལུས་དང་སེམས་ལ་མཆོག་ཏུ་གནས་པ་དག་གིས་ཚེ་རབས་སྔ་མ་རིལ་བརྗེད་དེ། ཞེས་མཁན་པོ་དཔལ་བརྩེགས་ཀྱི་མདོར་བསྡུས་སུ་དྲངས་པ་ལྟར་ཡིན་པས་ཆོས་ཉིད་ཀྱི་མངལ་གྱི་ཚེ་མངོན་ཤེས་ལྔ་འབྱུང་བར་བཞེད་ལ། བླ་མ་ཁ་ཅིག་མངལ་དུ་དབུ་མར་སྲོག་དབྱུག་པའི་རྣམ་པ་ལྟར་འབྱུང་འཇུག་མི་བྱེད་པར་གནས་པའི་སྟོབས་ཀྱིས། མངོན་ཤེས་ཆ་འདྲ་ཙམ་སྔོན་གྱི་གནས་དྲན་པ་ལ་སོགས་པ་འབྱུང་བ་ལ་དགོངས་སོ། །ཞེས་འཆད་ཀྱང་། སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན། ཞེས་སོགས་གསུངས་པ་ལྟར་གནས་སྐབས་རིགས་ཆད་མ་ཆད་ནི་འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་སོགས་ཀྱིས་ཐར་པ་ལ་དོན་གཉེར་སྐྱེ་མི་སྐྱེ་ལ་བཞག་དགོས་ལ། དེ་འདྲ་བའི་གནས་སྐབས་རིགས་ཆད་པ་ནི། དབུ་མ་བའང་འདོད་དགོས་ཤིང་། མངལ་


JLD011_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མངོན་ཤེས་སོགས་ཀྱིས་སྐྱེ་བ་དྲན་པ་ལ་བརྟེན་ནས་འཁོར་བའི་སྡུག་བསྔལ་ལ་འདོར་འདོད་དང་། སངས་རྒྱས་ཀྱི་ལམ་ལ་སློབ་འདོད་སྐྱེ་བས་ཁྱབ་ན། མངལ་དུ་མ་སྐྱེས་པའི་སེམས་ཅན་མི་སྲིད་པས་སངས་རྒྱས་ལ་ཐོབ་འདོད་མ་སྐྱེས་པའི་སེམས་ཅན་མི་སྲིད་པ་དང་གནས་སྐབས་རིགས་ཆད་པ་མི་སྲིད་པར་འགྱུར་རོ། །དེ་བས་ན་སྔ་མ་རྣམས་མངལ་དུ་སྐྱེ་བ་སྤྱིའི་ཆོས་དང་། འདི་དག་སྔོན་གྱི་རྒྱུ་ཁྱད་པར་བ་སྔོན་དུ་སོང་བའི་མངལ་གྱི་ཆོས་བྱེ་བྲག་པ་ལ་སྦྱར་དགོས་པ་འདྲའོ། །སུམ་བརྒྱ་དྲུག་ཅུའི་གནད་རྣམས་ཞེས་པ་ལ་གྱི་ཅོའི་འགྱུར་ན། ཚིགས་རྣམས་ཞེས་པར་ཡོད་ཅིང་། སྲ་བ་ཉིད་དུ་འགྱུར་རོ་ཞེས་པ་ལའང་གྱི་ཅོ་དང་། རྭ་གཉིས་ཀ་ལ་བརྟས་པ་ཉིད་དུ་འགྱུར་རོ། །ཞེས་པར་ཡོད་དོ། །ཚིགས་སུམ་བརྒྱ་དྲུག་ཅུ་ནི། དགའ་བོ་མངལ་གནས་ལས། མགོ་ཐོད་རུས་པ་དགུ་འདུས་ཤིང་། །འགྲམ་པའི་རུས་པ་གཉིས་འབྲེལ་ཏེ། །སོ་ནི་སུམ་ཅུ་རྩ་གཉིས་ལྡན། །དེ་ཡི་རྩ་བའང་དེ་བཞིན་ནོ། །རྣ་རྩ་གཉའ་བའི་རུས་པ་དང་། །རྐན་དང་སྣ་ཡི་རུས་པ་དང་། །བྲང་དང་མིད་པའི་རུས་པ་ནི། །བསྡུས་ན་རུས་པ་ཉི་ཤུ་ཡོད། །མིག་ལ་རུས་པ་བཞི་ཡོད་དེ། །ཕྲག་པ་བྱིན་པ་ཟུང་གཉིས་ཡོད། །ལག་པ་གཉིས་དང་སོར་མོ་རྣམས། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལྟག་རྒྱབ་རུས་པ་བརྒྱད་ཡོད་དོ། །སྒལ་ཚིགས་ལ་ནི་སུམ་ཅུ་གཉིས། །འདི་དག་ཀུན་ལ་རྩ་ཡོད་པས། །འདི་ཡི་གྲངས་ནི་ཆ་བཞིར་འགྱུར། །རྩིབས་ལོགས་གཡས་པའི་རུས་པ་ནི། །ཕན་ཚུན་འབྲེལ་བ་བཅུ་གསུམ་ཡོད། །རྩིབས་ལོགས་


JLD011_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་འབྲེལ་སྐྱེ་བ་ཡི། །རུས་པ་དག་ནི་བཅུ་གསུམ་ཡོད། །རུས་པའི་ལུ་གུ་རྒྱུད་འདི་དག །གསུམ་གསུམ་དག་ནི་ཕན་ཚུན་འབྲེལ། །གཉིས་གཉིས་དག་ནི་ཚིགས་ལྡན་ཏེ། །ལྷག་མ་གཞན་ནི་འབྲེལ་བ་མེད། །གཡས་གཡོན་བརླ་ནི་གཉིས་པོ་ལ། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལུས་ནང་འབྲེལ་བའི་རུས་པ་ནི། །བསྡུས་ན་སུམ་བརྒྱ་དྲུག་ཅུ་ཡོད། །ཅེས་གསུངས་པ་ལྟར་རོ། །ད་ནི་གནས་པ་ལྔ་པ་སྐུ་བཞི་དང་རྡོ་རྗེ་བཞི་དག་པའི་གནས་པ་སྟོན་པ་ལ། འཕགས་པའི་བདེན་པ་བཞི་ལས་ཞེས་པ་ནས། ལྷན་ཅིག་སྐྱེས་པ་ལ་སོགས་པའི་སྐུ་འབྱུང་བའི་ངེས་པའོ་ཞེས་པའི་བར་གསུངས་ཏེ། དེའང་འགྲོ་བ་དྲུག་གི་འཇིགས་སྟེར། ཞེས་གསུངས་པ་ལྟར། འགྲོ་དྲུག་གི་སྡུག་བསྔལ་ནི། སྡུག་བསྔལ་བདེན་པར་གསུངས་ལ། དམྱལ་བ་ཡི་དྭགས་དུད་འགྲོའི་སྡུག་བསྔལ། དགེ་བཅུ་བོར་བ་དང་སྡིག་པའི་ལས་ལས་འབྱུང་བར་དངོས་སུ་གསུངས་པས། དེའི་ཤུགས་ཀྱིས་ལྷ་མིའི་འགྲོ་བར་སྐྱེ་བའི་རྒྱུ་དགེ་བའི་ལས་དང་བསོད་ནམས་ཀྱི་ལས་གསོག་པར་བསྟན་པས་ལས་ཀྱི་ཀུན་འབྱུང་དང་། དེ་ལྟར་འགྲོ་བ་དྲུག་ཏུ་ལས་དབང་གིས་སྐྱེ་བའི་རྩ་བ་དང་ང་ཡིར་འཛིན་པའི་མ་རིག་པ་ལ་གསུངས་པས་ཉོན་མོངས་པའི་ཀུན་འབྱུང་གི་གཙོ་བོ་ངོས་བཟུང་བ་ཡིན་ལ། འགྲེལ་པར་དངོས་སུ། བདག་འཛིན་ངན་སོང་གསུམ་གྱི་སྡུག་བསྔལ་ཁོ་ནའི་རྩ་བ་ལ་སྦྱར་བ་མིན་ནམ་སྙམ་ན་མ་ཡིན་ཏེ། གོང་དུ་འགྲོ་བ་དྲུག་ཏུ་འཇིགས་སྟེར་ཞེས་པ་དང་སྦྲེལ་དགོས་པས་འཁོར་བ་མཐའ་དག་གི་རྩ་བར་སྟོན་པ་ཡིན་ལ། འོག་ཏུ་ངན་སོང་གསུམ་དངོས་སུ་སྨོས་པ་ནི། འཁོར་བའི་སྡུག་བསྔལ་གྱིས་ཡིད་


JLD011_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་བྱ་བའི་ཆེད་དུ། སྡུག་བསྔལ་ཆེ་ཤོས་དངོས་སུ་སྨོས་པའོ། །འདིས་ནི་འཁོར་བའི་སྡུག་བསྔལ་ལས་ཐར་པར་འདོད་ན། བདག་མེད་པ་གཙོ་བོར་བསྒོམ་བྱ་ཉིད་དུ་བསྟན་པ་ཡིན་ཏེ། བདག་མེད་མ་རྟོགས་པར། བདག་འཛིན་སྤོང་བའི་ཐབས་མེད་ལ། བདག་འཛིན་དེ་ཉིད་འཁོར་བའི་རྒྱུའི་གཙོ་བོ་ཡིན་པས་རྒྱུ་མ་སྤངས་པར་འབྲས་བུ་རྩ་བ་ནས་མི་ལྡོག་པས་སོ། །ལམ་བདེན་གྱི་སྐབས་སུ། སངས་རྒྱས་ལ་ནི་རྗེས་ཆགས་ཞེས་པ་སངས་རྒྱས་ཐོབ་པར་འདོད་པ་ལ་མི་བྱ་སྟེ། དེ་སྐྱེ་བ་ལས་ཉན་རང་གི་ཐེག་པ་ལ་འཇུག་པ་དཀོན་པར་གསུངས་པས་སོ། །དེས་ན་སངས་རྒྱས་ལ་དད་པ་ཙམ་དང་། དེ་ལས་མངོན་མཐོའི་ལམ་དགེ་བཅུ་ལ་སློབ་པ་དང་། དེ་ལས་ཐེག་དམན་གྱི་ལམ་ལ་འཇུག་པ་དང་། དེ་བས་རྡོ་རྗེ་ཐེག་པ་ལ་འཇུག་པ་དཀོན་ཞེས་བྱ་བའོ། །དེའང་ཉན་རང་གི་ལམ་དང་རྡོ་རྗེ་ཐེག་པའི་བར་དུ་ཕར་ཕྱིན་གྱི་ཐེག་ཆེན་མ་སྨོས་པ་ནི། ཕར་ཕྱིན་གྱི་ཐེག་ཆེན་དང་། བླ་མེད་ཀྱི་རྡོ་རྗེ་ཐེག་པ་ལའང་། ཐོབ་བྱའི་མཐར་ཐུག་ལ་བཟང་ངན་མེད་ཅིང་། དེ་ཐོབ་པར་བྱ་བའི་ལམ་གྱི་གཞུང་ཤིང་ཐེག་ཆེན་སེམས་བསྐྱེད་དང་། རྟོགས་པར་བྱ་བའི་དེ་ཁོ་ན་ཉིད་ལ་ཁྱད་པར་མེད་པ་ལ་དགོངས་པའོ། །འོ་ན་རྡོ་རྗེ་ཐེག་པའི་དོན་གང་ཡིན་ཞེ་ན། རྡོ་རྗེ་ནི་དབྱེར་མི་ཕྱེད་པའམ། རྣམ་རྟོག་སོགས་ཀྱིས་མི་ཆོད་པ་ཆེན་པོ་ཡིན་ལ། དེ་ཉིད་འདིས་བགྲོད་པར་བྱེད་པ་དང་འདིར་བགྲོད་པར་བྱ་བའི་ཐེག་པ་ཡིན་པ་ནི། རྡོ་རྗེ་ཐེག་པའོ། །ཞེས་བྱ་བའོ། །འོ་ན་གང་དང་གང་དབྱེར་མི་ཕྱེད་པ་ཞེ་ན། སྔགས་ཀྱི་ཚུལ་འབྲས་


JLD011_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་བདག་ཉིད་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱུའི་བདག་ཉིད་གཉིས་ནི། གང་དབྱེར་མེད་པར་སྦྱར་རྒྱུའི་ཆོས་ཡིན་ལ། དེ་གཉིས་གཅིག་ཏུ་འདྲེས་པར་གྱུར་པ་ཞེས་པས་དབྱེར་མེད་དུ་སོང་ཚུལ་བསྟན་ཏོ། །འོ་ན་དེ་གཉིས་གང་ཡིན་ཞེ་ན། དེ་ལ་སྤྱིར་འབྲས་བུ་སངས་རྒྱས་ཀྱི་གནས་སྐབས་ཀྱི་གནས་ལུས་ལོངས་སྤྱོད་མཛད་པ་རྣམས་དང་། ད་ལྟ་ཉིད་ནས་རྣམ་པ་མཐུན་པའི་ལམ་བསྒོམ་པ་ཡོད་པ་དང་མེད་པས་སྔགས་དང་ཕར་ཕྱིན་གྱི་ཐེག་ཆེན་གཉིས་ལས་འབྲས་བུའི་ཐེག་པ་དང་། རྒྱུའི་ཐེག་པ་ཞེས་བཤད་པ་ཡོད་ཀྱང་། འདིར་ནི་འབྲས་བུ་ཞེས་པ་བདེ་བ་ཆེན་པོ་ལ་བཤད་པས། རྒྱུའང་དེའི་རྒྱུ་ཉིད་ལ་བཤད་དགོས་པའི་ཕྱིར། འབྲས་བུ་དང་རྒྱུའི་དོན་སྔ་མ་དང་མི་འདྲའི། འབྲས་བུ་བདེ་བ་ཆེན་པོའི་ཐབས་དང་། དེ་འདྲེན་པའི་རྒྱུ་སྟོང་པ་ཉིད་ཤེས་རབ་ལ་བཤད་དགོས་སོ། །འོ་ན་དེ་འདྲ་བའི་སྟོང་པ་དང་བདེ་བ་གང་ཡིན་ཞེ་ན། བདེ་བ་ནི་སྔར་བཤད་པ་ལྟར། བདེ་བ་ཙམ་མ་ཡིན་གྱི། སྲོག་དབུ་མར་ཞུགས་པའི་སྟོབས་ཀྱིས་དྲངས་པའི་བདེ་ཆེན་ཡིན་ལ། དེ་འདྲེན་པར་བྱེད་པའི་རྒྱུ་སྟོང་པ་ཉིད་ནི། རྣམ་པ་ཐམས་ཅད་པའི་གཟུགས་ཀྱི་སྟོང་པ་ཉིད་ཁོ་ན་ལ་བྱར་མི་རུང་སྟེ། འདིའི་སྟོང་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་ཡང་ཐུན་མོང་བར་གསུངས་ལ། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ནི། སྔགས་ཀྱི་ནང་ནས་ཀྱང་བླ་མེད་ཀྱི་རྫོགས་རིམ་ཐུན་མོང་མ་ཡིན་པའི་ཁྱད་པར་ཡིན་པས་སོ། །དེས་ན་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ནི། བླ་མེད་ཀྱི་རྒྱུད་གཞན་ན་མི་གསལ་


JLD011_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ཁོ་ན་ན་གསལ་བའི་དབང་བཞི་པའི་ལམ་ཐུན་མོང་མ་ཡིན་པར་འདོད་བཞིན་དུ། ལང་ཀར་གཤེགས་པ་སོགས་ལས་གསུངས་པའི། ཉི་མ་ཟླ་བའི་དབྱིབས་འདྲ་དང་། །ཞེས་སོགས་ཀྱིས་ཀྱང་སྟོང་གཟུགས་འདི་ཉིད་བསྟན་པར་འདོད་པ་ནི། ཤིན་ཏུ་འགལ་བ་ཡིན་ལ། དེའང་སེམས་འཛིན་ཙམ་ལས་བྱུང་བའི་དུ་སོགས་ཀྱི་མཚན་མ་དང་། ལུས་ལ་གནད་དུ་བསྣུན་པའི་ཐབས་ཁྱད་པར་བ་ལས་སྐྱེས་པའི་དུ་སོགས་ཀྱི་མཚན་མའི་ཁྱད་པར་མ་ཕྱེད་པར་མཚན་མ་གང་ཤར་ཐམས་ཅད་སྐབས་འདིའི་སྟོང་གཟུགས་སུ་བཟུང་བའི་སྐྱོན་ནོ། །དེས་ན། འདིར་ཕར་ཕྱིན་ཐེག་པ་དང་ཐུན་མོང་བའི་སྟོང་ཉིད་བདེ་ཆེན་འདྲེན་པའི་རྒྱུར་བཤད་པ་ཡིན་ལ། དེ་ཉིད་ཀྱང་། ཡུལ་ཅན་ཁྱད་པར་བ་བདེ་བ་ཆེན་པོ་དེས་ཡུལ་དེ་ཁོ་ན་ཉིད་རང་བཞིན་མེད་པའི་སྟོང་ཉིད་དེ་ལ་དམིགས་པས། སླར་ཡང་བདེ་ཆེན་འདྲེན་བྱེད་དུ་འགྲོ་བའི་ཐབས་ཁྱད་པར་བ་ཞིག་ཡོད་དེ། བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ནས་བདེ་བ་ཐབས་དང་། དེ་ཁོ་ན་ཉིད་ཤེས་རབ་མར་ཆེས་གསལ་བར་གཞུང་བཙུགས་ནས་བཤད་ཅིང་། ཤེས་རབ་མ་དང་། ཕྱག་རྒྱ་མར་གསུངས་པའི་མོ་རྟགས་སྦྱར་བ་ནི་བདེ་བ་འདྲེན་པའི་རྒྱུར་སོང་བའི་སྒོ་ནས་ཡིན་ལ། འོན་ཀྱང་སྐྱེད་བྱེད་ཀྱི་རྒྱུ་མཚན་ཉིད་པ་ནི་མ་ཡིན་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་རོ། །དེ་ལྟ་ནའང་དེ་དམིགས་པར་བྱས་པའི་སྒོ་ནས་གཏུམ་མོ་སྦོར་བ་དང་། ཁམས་ཞུ་ནས་བདེ་བ་


JLD011_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྐྱེ་བའི་ཐབས་ཁྱད་པར་བ་ཞིག་ཡོད་པས་བདེ་བ་དེའི་རྒྱུར་གསུངས་པ་ཡིན་ཏེ། དཔེར་ན། གཞུང་གཞན་དུ། རིགས་ལ་དམིགས་པས་རིགས་དེ་ཉིད་འཕགས་པའི་ཆོས་ཀྱི་རྒྱུར་གསུངས་པ་ལྟ་བུའོ། །དེས་ན། སྟོང་གཟུགས་ཕྱག་རྒྱ་ཆེན་མོའང་བདེ་ཆེན་འདྲེན་པའི་རྒྱུ་ཁྱད་པར་བ་ཡིན་ཡང་དེ་ནི་འདི་བའི་ཐུན་མོང་མ་ཡིན་པ་ཡིན་པས། སྟོང་གཟུགས་རང་བཞིན་མེད་པ་ཕར་ཕྱིན་གྱི་ཐེག་ཆེན་པ་དང་ཡང་ཐུན་མོང་བ། རང་བཞིན་མེད་པ་ཉིད་བདེ་ཆེན་འདྲེན་པའི་ཕྱག་རྒྱ་ཆེན་མོར་འགྲོ་བ་སྔགས་བླ་མེད་སྤྱིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས། རང་བཞིན་མེད་པའི་སྟོང་གཟུགས་དང་། དེ་མི་འགྱུར་བའི་བདེ་ཆེན་བསྐྱེད་པའི་རྒྱུར་འགྱུར་བ་ནི། རྒྱུད་འདི་ན་ཆེས་གསལ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ལ། རང་བཞིན་མེད་པ་ཉིད་བདེ་ཆེན་འདྲེན་པའི་ཕྱག་རྒྱ་ཆེན་མོར། འདིར་ཡང་སྐབས་འགའ་རེར་གསུངས་མོད་ཀྱི་འོན་ཀྱང་། དེ་ནི་སློབ་དཔོན་ཨ་བྷྱས་བཤད་པ་ལྟར་གྱི་ལྷན་སྐྱེས་ཀྱི་གཏུམ་མོ་དང་། སློབ་དཔོན་རྡོ་རྗེ་དྲིལ་བུ་བས་གསུངས་པའི་ནོར་བུ་དགང་བའི་རིམ་པ་སོགས་ལ་བརྟེན་ནས་བླ་མ་དམ་པའི་མན་ངག་གིས་ཤེས་པར་བྱ་དགོས་པའི་ཟབ་གནད་ཆེན་མོའོ། །སྟོང་ཉིད་དེ་ཁོ་ན་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོ་གཉིས་གཉིས་སྣང་གིས་བར་མ་ཆོད་པར་ཆུ་ལ་ཆུ་བཞག་པ་བཞིན་རོ་གཅིག་ཏུ་གྱུར་པ་ནི། དབྱེར་མི་ཕྱེད་པའམ་གཅིག་ཏུ་འདྲེས་པའི་དོན་ཡིན་ལ། དེ་ཉིད་རྡོ་རྗེ་ཐེག་པའི་དོན་དུ་བཤད་པ་ནི། རྒྱུད་སྡེ་འོག་མ་ལ་མ་ཁྱབ་པས་རྡོ་རྗེ་ཐེག་པ་སྤྱིའི་


JLD011_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མ་ཡིན་གྱི་ཁྱད་པར་བ་བླ་མེད་ཁོ་ནའི་དབང་དུ་བྱས་པའོ། །དེ་ལ་འོག་ཏུ་གང་ཟག་གི་སེམས་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང་། དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་ལའོ། །ཞེས་གསུངས་པའང་། དམིགས་པ་མེད་པ་ནི་རང་བཞིན་མེད་པ་ཡིན་ཞིང་། སྙིང་རྗེ་ནི་བདེན་ཞེན་ཡིན་ལ། དེ་གཉིས་དབྱེར་མི་ཕྱེད་པར་སྦྱར་བ་ལ་དམིགས་པ་མེད་པའི་སྙིང་རྗེ་ཞེས་བྱ་བ་ལ། རང་བཞིན་མེད་པའི་སྟོང་གཟུགས་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཅེས་བྱ་ཞིང་། གང་ཞིག་དེ་འདྲ་བའི་ལམ་ལ་སེམས་འཇུག་པ་ནི་བརྒྱ་ལམ་ནའང་སྲིད་པ་ཙམ་མོ་ཞེས་བྱ་བའོ། །མངལ་དུ་ཞེས་པ་ལ་སོགས་པས་ཀུན་འབྱུང་གི་བདེན་པ་གསུངས་ཏེ། ཞེས་སོགས་ལ། འདིའི་ཀུན་འབྱུང་གི་བདེན་པ་བཞིའི་ཡ་གྱལ་གྱི་ཀུན་འབྱུང་དེ་ལ་གསུངས་པ་མ་ཡིན་གྱི་གྲོགས་དང་གྲོགས་ཅན་ནམ་ཚོགས་པ་གཅིག་པའི་ཆོས་རྣམས་ལས་གཅིག་གང་ན་ཡོད་པ་དེར་གཞན་རྣམས་ཀུན་ཀྱང་འབྱུང་བ་ལ་ཀུན་འབྱུང་དུ་ཐ་སྙད་མཛད་པ་དེ་ཡིན་ནོ། །འདིར་དང་པོར་ཞེས་པ་ནས་རིག་པར་བྱའོ། །ཞེས་པའི་བར་གྱིས་བདེན་པར་མ་གྲུབ་ཀྱང་ཀུན་རྫོབ་ཏུ། གཞི་དུས་ནའང་ཁམས་དྲུག་ལྡན་གྱི་སྒྲུབ་པ་པོའི་ལུས་ལ་གཞིའི་སྐུ་བཞི་ཚང་ལ། གཞི་དུས་ན་ཇི་ལྟར་ཡོད་པ་དེ་ཉིད་ཐབས་མཁས་ཀྱི་ལམ་གྱིས་བསྒྱུར་ནས་དེ་དག་གི་དྲི་མའི་ཆ་རྣམས་སྤངས་ཏེ་སྒྲིབ་བྲལ་དུ་བསྐྱེད་པ་ན། འབྲས་བུའི་སྐུ་བཞི་


JLD011_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་ཡིན་ནོ་ཞེས་བསྟན་ཏོ། །འདིས་ནི་གོང་དུ་བཤད་མ་ཐག་པའི་ལམ་གྱི་གཞི་དུས་ཀྱི་སྐུ་བཞི་སོགས་སྒྲིབ་བྲལ་དུ་བྱས་པའི་སྤངས་པ་འགོག་བདེན་ཡང་བཤད་པ་ཡིན་ཏེ། དེའི་ཕྱིར་སྔར་བཤད་པའི་ཚུལ་གྱིས་མདོར་བསྡུས་འདིར་བདེན་པ་བཞི་ག་དངོས་སུ་བསྟན་པ་ཡིན་ནོ། །འོ་ན་ལུས་ལ་གཞིའི་སྐུ་བཞི་ཇི་ལྟར་ཚང་ཞེ་ན། འདིར་མའི་མངལ་དུ། ཞེས་པ་ནས། རྣམས་ཀྱིའོ། ཞེས་པའི་བར་ཏེ། དེ་ཡང་དག་པའི་སྐུ་ནི་མངལ་དུ་མངོན་ཤེས་གོང་དུ་བཤད་པ་ལྟར་འབྱུང་བ་དང་། ཆོས་སྐུ་འདུ་ཤེས་གསལ་བ་དང་། ལོངས་སྐུ་ཚིག་གསལ་བར་སྨྲ་བ་དང་། སྤྲུལ་སྐུ་ལུས་ཀྱི་བྱ་བ་སྣ་ཚོགས་སྤྲོ་བའི་སྒོ་ནས་བཞག་པའོ། །འདི་ནི་མངལ་ནས་བཙས་པ་དང་། མ་བཙས་པའི་དུས་གཉིས་ཀའི་ཐུན་མོང་གི་ཡིན་ལ། སོ་སོར་ཕྱེ་ནས་མངལ་དུ་ཡེ་ཤེས་ཀྱི་དབྱེ་བས་སྐུ་བཞི་དང་། བཙས་ནས་རྣམ་ཤེས་ཀྱི་དབྱེ་བས་སྐུ་བཞིར་འབྱེད་ཚུལ་སྟོན་པ་ནི། མངལ་དང་ཕྱི་རོལ་ཏུ་ཡང་ཞེས་སོགས་ཏེ། དེ་ལ་འདིར་རེ་ཞིག །ཅེས་པ་ནས། སྐུར་གསུངས་སོ། །ཞེས་པའི་བར་གྱིས་མངལ་གྱི་སྐུ་བཞིའི་དབྱེ་བ་སྟོན་ཏེ། དང་པོར་མངལ་དུ་ཁུ་རྡུལ་རྣམ་ཤེས་གསུམ་འདུས་པ་ནི་བདེ་བ་དམ་པའི་ཡེ་ཤེས་ཞེས་པ་བཞི་པའི་གནས་སྐབས་ཡིན་པས་དག་པའི་སྐུའོ། །དེ་ནས་ཟླ་བ་ལྔ་པའི་བར་ལ་ཁམས་ལྔ་དང་ཕུང་པོ་ལྔ་འགྲུབ་པ་ནི། མུན་པའི་ཡོན་ཏན་གྱི་དབང་གིས་གཉིད་ལོག་གི་གནས་སྐབས་ལྔ་རྣམ་རྟོག་མི་


JLD011_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བས་ཆོས་སྐུ་དང་། དེ་ནས་རྡུལ་གྱི་ཡོན་ཏན་གྱི་དབང་གིས། ཟླ་བ་དྲུག་པ་ནས་བརྒྱད་པའི་འགོ་ཟུག་གི་བར་དུ་དབང་པོ་གྲུབ་ཅིང་། རྨི་ལམ་ལྟར་ཡུལ་མྱོང་བ་ནི་རྨི་ལམ་གྱི་གནས་སྐབས་ལོངས་སྐུ་དང་། དེ་ནས་སྙིང་སྟོབས་ཀྱི་ཡོན་ཏན་གྱི་དབང་གིས། ཟླ་བ་བརྒྱད་པའི་ཐོག་མ་ནས་བཙའ་བའི་བར་དུ་སྐྲ་སྐྱེ་བ་སོགས་ནི་སད་པའི་གནས་སྐབས་སྤྲུལ་པའི་སྐུའོ། ཞེས་བྱ་བའི་དོན་ནོ། །དེའི་འོག་ཏུ་རྣམ་ཤེས་ཀྱི་དབང་གིས་བཙས་ཕྱིན་ཆད་ལ་སྐུ་བཞིར་འཇོག་ཚུལ་སྟོན་པ་ནི། དེ་ནས། ཞེས་པ་ནས། སྐུར་འགྱུར་རོ། །ཞེས་པའི་བར་ཏེ། དེའང་མངལ་དུ་དབུགས་མི་རྒྱུ་བ་ལས་བཙས་མ་ཐག །ཡེ་ཤེས་ཀྱི་རླུང་ལྔ་བཅུ་རྩ་དྲུག་རྐང་བཅས་གཅིག་རྒྱུ་བ་ནི་དག་པའི་སྐུ། དེ་ནས་སོ་སྐྱེ་བའི་བར་འདུ་ཤེས་གསལ་བས་ཆོས་སྐུ། ཞེས་སོགས་སྦྱར་ཏེ་གོ་སླའོ། །དེ་ལྟར་མངལ་དུ་ཡེ་ཤེས་ཀྱི་དབྱེ་བས་འབྱེད། བཙས་ནས་རྣམ་ཤེས་ཀྱི་དབྱེ་བས་འབྱེད་པའི་རྒྱུ་མཚན་མངལ་དུ་ཡེ་ཤེས་བདེ་བའི་ཆ་དེ་ཉིད་མངལ་གྱི་ལུས་འཕེལ་བའི་གྲོགས་ཡིན་ལ། བཙས་ནས་རྣམ་ཤེས་དབང་པོ་རྣམས་ཀྱི་གྲོགས་ཡིན་ལ། བཙས་ནས་རྣམ་ཤེས་དབང་པོ་རྣམས་ཀྱི་སྒོ་ནས་ཡུལ་ལ་འཇུག་པ་ཇི་ཙམ་རྒྱས་པ་ཙམ་དུ་སྲོག་སྟེ་དབུགས་འབྱུང་འཇུག་དང་ངག་སྨྲ་བརྗོད་རྒྱས་པར་འགྱུར་བའི་ཆ་ནས། རྣམ་ཤེས་སྲོག་གི་གྲོགས་ཡིན་པའི་ཕྱིར། དེ་ལྟར་ཕྱེ་བ་ཡིན་ནོ་ཞེས་སྟོན་པ་ནི། འདིར་མངལ་དུ། ཞེས་སོགས་སོ། །སྔར་བཤད་རྣམས་ཀྱི་དོན་


JLD011_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བ་ནི། ལུས་དང་ནས། ངེས་པའོའི་བར་རོ། །ད་ནི་གནས་པ་དྲུག་པ་བྱང་ཆུབ་བཞིས་མངལ་འབྱུང་བའི་གནས་པ་བསྟན་པའི་དོན་དུ་རྡོ་རྗེ་བཞིའི་དག་པ་བསྟན་པའི་ཕྱིར། མངལ་དུ་ཞེས་པ་ལ་སོགས་པས། ཞེས་པ་ནས་རྫོགས་པར་བརྗོད་པའོ། ཞེས་པའི་བར་གསུངས་ཏེ། འདིར་མངལ་དུ་ཡེ་ཤེས་ནི་ཕ་མའི་ཁུ་ཁྲག་ཕྲད་པའི་སྐབས། ལྷན་ཅིག་སྐྱེས་པའི་དགའ་བའོ། །ཁུ་ཁྲག་དེའི་དབུས་སུ། རྣམ་ཤེས་བསྲེས་པ་ནི་དྲི་ཟའི་སེམས་ཀུན་གཞིའི་རྣམ་ཤེས་བསྲེས་པའོ། །འདིའི་ཡེ་ཤེས་ལྷན་ཅིག་སྐྱེས་དགའ་ཞེས་པ་འདིས་མངལ་དུ་འཇུག་པའི་མཚམས་ངོས་བཟུང་བ་ཡིན་གྱི། མངལ་ཆགས་པ་ནས་བརྩི་བའི་རྡོ་རྗེ་བཞིའི་ཡ་གྱལ་མིན་ཏེ། མངལ་དུ་སྐུ་རྡོ་རྗེ་ནས་འགོ་བརྩམས་ནས་རྡོ་རྗེ་བཞི་ག་འོག་ཏུ་ཚང་བར་བཤད་པས་སོ། །དེ་ལ་ཀུན་གཞིའི་རྣམ་ཤེས་ཞེས་པ་འདི་ཇི་ལྟ་བུ་ཞིག་ཅེ་ན་འདིར་ཀུན་གཞིའི་སྒྲ་སྦྱར་བ་འདི་སེམས་ཙམ་པ་ལ་སོགས་པས་འདོད་པ་ལྟར། རྣམ་ཤེས་ཚོགས་བརྒྱད་དུ་བྱས་པའི་ཡ་གྱལ་ཡེ་ཤེས་ལས་དོན་གཞན་དུ་གྱུར་པའི་ཀུན་གཞིའི་རྣམ་ཤེས་དེ་ཉིད་ནི་འདིར་བཤད་པ་འདི་གཏན་ནས་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་འདྲ་བའི་ཀུན་གཞིའི་རྣམ་ཤེས་འདོད་ན། དེ་ཉིད་ལ་དམིགས་ནས་ངར་སེམས་པའི་རྣམ་པ་ཅན་གྱི་ཉོན་ཡིད་ཀྱང་ཁས་ལེན་པས་ཁྱབ་ཀྱི། རྣམ་ཤེས་ཚོགས་བདུན་དུ་ངེས་པར་འདོད་པའི་གྲུབ་མཐའ་སྨྲ་བ་ནི་སུའང་མེད་དོ། །དེ་ལྟ་ཡིན་པ་ལ། འདིར་སྐབས་གང་དུའང་དེ་འདྲ་བའི་ཉོན་ཡིད་གཏན་ནས་མ་གསུངས་


JLD011_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང་། དེ་འདྲའི་ཀུན་གཞི་ཁས་ལེན་ན་ནི་ཀུན་གཞིའི་དོན། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བག་ཆགས་བསྒོ་བའི་གཞིར་གྱུར་པ་དང་། དེ་ལ་ཡོད་པའི་བག་ཆགས་ཀྱི་དབང་གིས་གཟུགས་སྒྲ་སོགས་དོན་དུ་སྣང་བ་དང་། ནང་སེམས་ཅན་དུ་སྣང་བ་སོགས་ཐམས་ཅད་བྱུང་བར་ཁས་ལེན་དགོས་པས་ཕྱི་རོལ་དོན་རང་ལུགས་ལ་ཁས་ལེན་པའི་ཐབས་མེད་ལ། འདིར་ནི་སྔར་བཤད་པ་ལྟར་བེམ་པོའི་ཁམས་ཟད་པར་བྱེད་དགོས་པ་དང་། རྡུལ་ཕྲན་ནས་བརྩམས་ཏེ་འཇིག་རྟེན་ཆགས་ཚུལ་སོགས་དེ་ཙམ་ཞིག་བཤད་པས་ཕྱི་དོན་ཁས་མི་ལེན་པའི་གནས་མེད་པའི་ཕྱིར་དང་། གཞན་ཡང་ཀུན་གཞི་དེ་འདྲ་ཁས་ལེན་ན་ནི། དབུས་མཐའ་དང་། འཕགས་པ་ཐོགས་མེད་སྐུ་མཆེད་ཀྱིས། ཐེག་བསྡུས་དང་། སུམ་ཅུ་པ་སོགས་སུ་རྒྱས་པར་བཤད་པའི་ལུགས་འདི་ལས་སྲོལ་གཞན་པའི་ཀུན་གཞི་དེ་འདྲ་འཇོག་པ་ནི། སྔར་རྒྱ་བོད་ཀྱི་མཁས་པ་སུའང་མི་བཞེད་ཅིང་། བྱས་པའང་མེད་ལ། དེ་ལྟར་འཇོག་ན་ནི་ཀུན་གཞིའི་རྣམ་ཤེས་དེ་སོ་སོ་སྐྱེ་བོ་ནས་བརྩམས་ཏེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་ངོ་བོ་མ་བསྒྲིབས་ལ་ལུང་མ་བསྟན་ཁོ་ནར་གནས་པས་ཁྱབ་ཀྱི། དེ་དག་དགེ་བའམ་ཉོན་མོངས་ཅན་དུ་འགྱུར་ན་ནི། བག་ཆགས་ཀུན་གྱི་རྟེན་དུ་འགལ་བར་ལེགས་པར་བསྒྲུབས་པ་ལྟར་དུ་བཞག་དགོས་པ་ལ། འདིར་ཀུན་གཞིའི་རྣམ་ཤེས་ཀྱི་སྒྲས་བསྟན་པ་ཁུ་རྡུལ་རྣམ་ཤེས་གསུམ་གྱི་ཡ་


JLD011_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གྱལ་གྱི་རྣམ་ཤེས་འདི་ནི། སྔར་མདོར་བསྡུས་དང་པོར་དྲངས་ནས་བཤད་པ་ལྟར། དབང་མདོར་བསྟན་ལས། ཐ་མལ་བ་ལ་འཆི་བ་ན་ཁུ་བ་འོག་དང་རྡུལ་སྟེང་དུ་འགྲོ་བ་ལས་རྣམ་ཤེས་དེ་བར་དོར་སོང་སྟེ། སྐྱེ་གནས་སུ་ཉིང་མཚམས་སྦྱོར་བའི་ཚུལ་གྱིས་འཁོར་བར་འགྱུར་ཞིང་། རྣལ་འབྱོར་པས་དེ་ཐབས་མཁས་ཀྱིས་བསྒྱུར་ནས། ཁམས་སྟེང་དུ་དྲངས་ཤིང་། རྡུལ་འོག་ཏུ་འགྲོ་བར་བྱས་པས་རྣམ་ཤེས་དེ་མི་འགྱུར་བའི་བདེ་བའི་ངོ་བོར་སྐྱེ་བར་གསུངས་ལ། དེ་ནི་སངས་རྒྱས་ལྟ་ཞོག་ས་མ་ཐོབ་པའི་གོང་ནས་ཀྱང་འོང་བས། སོ་སྐྱེའི་དུས་ཉིད་ནས་རྣམ་ཤེས་དེ་མི་འགྱུར་བའི་བདེ་ཆེན་གྱི་ངོ་བོར་སྐྱེས་ནས་སྟོང་པ་ཉིད་ལ་དམིགས་པ་འོང་བས་མ་བསྒྲིབས་ལ། ལུང་མ་བསྟན་ལས་དགེ་བར་འགྱུར་མི་སྲིད་པ་དང་ཆེས་ཤིན་ཏུ་འགལ་བའི་ཕྱིར་རོ། །གཞན་ཡང་ཀུན་གཞིའི་རྣམ་པ་ཐམས་ཅད་དུ་ཚོར་བ་བཏང་སྙོམས་ཁོ་ནར་བཤད་ལ། འདི་ནི་མི་འགྱུར་བའི་བདེ་བའི་ངོ་བོར་སྐྱེ་བས་ཀྱང་ཤིན་ཏུ་གནོད་དོ། །དེ་བས་ན་འདི་ནི་ལེའུ་ལྔ་པར་ཡང་ཡེ་ཤེས་སུ་གསུངས་པ་ལྟར། ཡིད་ཀྱི་ཤེས་པ་ལ་འཁོར་འདས་ཀུན་གྱི་གཞི་བྱེད་པའི་ཆ་ནས་ཀུན་གཞིའི་རྣམ་ཤེས་ཀྱི་མིང་བཏགས་པ་ཙམ་ཡིན་པས་མིང་གི་རྗེས་སུ་འབྲངས་ནས་དོན་ལ་རྣམ་པར་རྟོག་པར་མི་བྱ་བ་དང་། མིང་གི་སྒོ་ནས་དོན་རེ་རེ་ཁོ་ན་ལ་བཟུང་དུ་མི་རུང་བར་སྔར་རྒྱས་པར་ནན་ཏན་གྱིས་གསུངས་པ་ཡིད་ལ་ཞོག་ལ། ཀུན་གཞིའི་མིང་བྱུང་ཙམ་ནས། དེའི་དོན་རྣམ་ཤེས་ཚོགས་བརྒྱད་དུ་བྱས་པའི་ཀུན་གཞི་ཁོ་ན་ལ་


JLD011_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཛིན་ཅིག །སྤྱིར་སྔགས་ཀྱི་སྐབས་སུ་མིང་གི་ཐ་སྙད་ནི་དོན་གཅིག་ཏུ་མ་ངེས་པ་སྣ་ཚོགས་པ་ལ་སྦྱར་བ་དུ་མ་འབྱུང་སྟེ། བཤད་རྒྱུད་རྡོ་རྗེ་ཕྲེང་བར་སྲོག་རླུང་ལ་ཉོན་ཡིད་དུ་བཤད་པ་ལྟ་བུའོ། །དེས་ན་ལུགས་འདི་ནི་ཕྱི་དོན་ཞལ་གྱིས་བཞེས་ཤིང་། ཀུན་གཞི་མི་བཞེད་པ་དཔལ་ལྡན་ཟླ་བའི་ལུགས་དང་འདྲ་བ་ཡིན་ནོ། །གནས་པ་འདིའི་གཞན་རྣམས་གོ་སླའོ། །ད་ནི་གནས་པ་བདུན་པའི་དུམ་བུ་དང་པོ་ཁམས་དྲུག་གི་གནས་པ་བསྟན་པའི་ཕྱིར་ཁམས་དྲུག་གི་རྟེན་དང་བརྟེན་པའི་འབྲེལ་བ་གསུངས་པ་ནི། ས་ཞེས་པ་ལ་སོགས་པ་སྟེ། ནས། འབྱུང་བ་ཐམས་ཅད་ཀྱི་རྟེན་དུ་འགྱུར་རོ། ཞེས་པའི་བར་ཏེ། དེའང་། མེ་སའི་སྙིང་པོ་ཞེས་སོགས་ལ། སྙིང་པོ་ནི་འབྲས་བུའམ། དོན་ཡིན་ལ། མེ་སའི་སྙིང་པོ་ཡིན་པ་ཡོད་དེ། རྡོ་ཕན་ཚུན་བརྡབས་པ་ལས་མེ་འབྱུང་བའི་ཕྱིར། ཞེས་སོགས་ཀྱི་དོན་ཡིན་གྱི། མེ་ཡིན་ན་སའི་སྙིང་པོ་ཡིན་པས་ཁྱབ་པར་སྟོན་པ་སོགས་ནི་མ་ཡིན་ཞིང་། དེའི་རིགས་ཅན་ནི་མ་ཡིན་ཏེ། ཞེས་པ་ནི། དེ་འདྲ་ལའང་མེ་དེ་ས་དེ་དང་། གནས་སྐབས་པའི་རྒྱུ་འབྲས་ཙམ་ཡིན་ཕྱི་དེའི་རིགས་འདྲའི་འབྲས་བུ་མིན་ཏེ། སའི་ཡོན་ཏན་སྲ་བའི་རང་བཞིན་མ་ཡིན་པའི་ཕྱིར། ཞེས་བྱ་བ་ཡིན་ལ། འོག་མ་རྣམས་ལའང་དེས་འགྲེ་ཞིང་། རླུང་གི་སྙིང་པོའི་ཆུ་ནི། རླུང་གཡོས་པས་ཆར་འབབ་པ་དང་། སའི་སྙིང་པོའི་ཆུ་ནི། ས་བརྐོས་པས་ཆུ་འབྱུང་བ་ལྟ་བུའོ། །འཛིན་མ་ས་དང་རླུང་སྟོང་པ་ནམ་མཁའི་སྙིང་པོར་


JLD011_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ན་ནམ་མཁའི་ཁམས་ལ་བརྟེན་ནས་དེ་དག་འཆགས་པ་ལྟ་བུའོ། །ནམ་མཁའི་ཡོན་ཏན་རང་གི་གོ་སར་གཞན་གནས་པའི་གོ་འབྱེད་པའོ། །རང་བཞིན་མེད་པ་སོགས་ཀྱི་དོན་ནི་རླུང་ནང་དུ་བཟུང་ནས་གནས་པའི་ཆར་མ་བབ་པའི་གོང་དུ། ཆར་གྱི་རང་བཞིན་རླུང་དེ་ལ་མཐོང་བ་མེད་ཅིང་། ས་ནང་ན་གནས་པའི་ཆུ་ནི་གཤེར་བའི་ངོ་བོར་དེའི་ཚེའང་མཐོང་བ་ཡོད་པའོ། །ལྷག་མ་གོ་སླའོ། །དེ་ལྟར་རྒྱུ་འབྱུང་བའི་རྟེན་དང་བརྟེན་པ་བཤད་ནས། འབྲས་བུ་ཕུང་པོ་དང་འབྱུང་བའི་ཚོགས་པའི་རྟེན་དང་བརྟེན་པ་གསུངས་པ་ཕུང་པོ་ཞེས་པ་ལ་སོགས་པ་སྟེ། འོག་ཏུ། མཐར་གྱུར་པ་ཞེས་སོ། ཞེས་པའི་བར་རོ། །དེའང་འདིར་ལུས་ལ་ཞེས་སོགས་ཀྱིས། རང་དང་ཕ་མའི་ལུས་ཀྱི་འབྱུང་བ་ཚོགས་པ་གང་རུང་སྐད་ཅིག་སྔ་མ་གྲོགས་སུ་མེད་ན། མ་རིག་པ་ལ་སོགས་པའི་རྐྱེན་གྱིས་ཀྱང་མིང་གཟུགས་ཀྱི་ཕུང་པོ་ཕྱི་མ་སྐྱེད་པར་མི་བྱེད་པས་དེ་འདྲའི་འབྱུང་བའི་ཚོགས་པའང་ཕུང་པོའི་རྒྱུར་དགོས་སོ་ཞེས་བསྟན་ཏོ། །ལྷག་མ་གོ་སླའོ། །ད་ནི་གནས་པ་བདུན་པའི་དུམ་བུ་ཡུལ་དྲུག་དང་ཞེས་པ་བསྟན་པའི་ཕྱིར། དྲི་ཞེས་པ། ཞེས་པ་ནས། བདེ་བའི་གནས་སྐབས་ལས་སོ། ཞེས་པའི་བར་གསུངས་ཏེ། ས་ལས་དྲི་འབྱུང་བ་སོགས་ནི་གཙོ་ཆེ་བའི་དབང་དུ་བྱས་ཀྱི་དེ་ཉིད་དུ་མ་ངེས་པར། གཙོ་བོས་སོ། །ཞེས་པ་རྣམས་ཀྱིས་བསྟན་ཅིང་། ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་སྒྲ་ནི། གཞོམ་མེད་ཀྱི་སྒྲ་ཞེས་མོད་ཀྱང་། སྒྲ་སྤྱི་ཙམ་ཡིན་ལ། ལྷག་


JLD011_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མ་གོ་སླའོ། །ད་ནི་གནས་པ་བདུན་པའི་དུམ་བུ་དབང་པོ་དྲུག་དང་རྣམ་ཤེས་དྲུག་ཅེས་པའི་དོན་བསྟན་པའི་ཕྱིར། དབང་ཡུལ་གྱི་གཟུང་བ་དང་འཛིན་པའི་འབྲེལ་བ་གསུངས་པ་འདིར་ཞེས་པ་ནས། མཚན་ཉིད་ངེས་པའོ། ཞེས་པའི་བར་གསུངས་ཏེ། དེའང་གཞན་རིགས་ལ་འཁྱུད་པས་བུ་བསྐྱེད་པའི་བྱ་བ་འགྲུབ་ཀྱི་རང་རིགས་ལ་མི་འགྲུབ་ཕོ་མོའི་ཐབས་ཤེས་ལ་གཞན་རིགས་ལ་འཁྱུད་པ་དགོས་པ་ལྟར། དབང་ཡུལ་རྣམ་ཤེས་ཁམས་སོ་སོ་བ་མི་མཐུན་པ་ཐབས་ཤེས་ཀྱི་སྒོ་ནས་གཟུང་འཛིན་འབྲེལ་བའི་ཚུལ་སྟོན་པའོ། །ད་ནི་གནས་པ་བདུན་པའི་དུམ་བུ་གཟུགས་དྲུག་དང་ཞེས་པ་བསྟན་པའི་ཕྱིར་གཟུགས་སོགས་ཁམས་སོ་སོ་ལས་གྲུབ་པ་བདེན་པ་མེད་ཀྱང་། འཇིག་རྟེན་ཀུན་རྫོབ་ཀྱིས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཁམས་སོ་སོ་ལས་གྲུབ་པར་གསུངས་པ། གྲུབ་པ་ཞེས་པ་ལ་སོགས་པ་སྟེ། ཞེས་པ་ནས། སྐད་ཅིག་གིས་གནས་སྐབས་སྦྱོར་བ་ལས་འགྱུར་རོ། ཞེས་པའི་བར་གསུངས་ཏེ། དེའང་འདིར་ཁམས་དང་ཕུང་པོ་རྣམས་གཅིག་ཉིད་དུ་གྲུབ་པར་གསུངས་སོ། །ཞེས་པ་ནས། ཕུང་པོ་དྲུག་དང་ཁམས་དྲུག་ཚོགས་པ་གཅིག་ཉིད་དུ་གྲུབ་པར་གསུངས་པ་ཡིན་ལ། འདིར་གཟུགས་ནི། ཞེས་སོགས་ཀྱི་དོན་ནི། འདིའི་སྐབས་ཀྱི་གཟུགས་ཚོར་སོགས་ནི། ཡོངས་སུ་གྲགས་པའི་ཕུང་པོ་ལྔ་མ་ཡིན་གྱི། སྒྲུབ་པ་པོའི་ལུས་གཟུགས་རགས་པ་གཟུགས་ཕུང་དང་དབྱངས་སམ་ཟླ་བའམ་ཁུ་བ་ནི་འདུ་


JLD011_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་གསལ་བྱེད་དམ་ཉི་མའམ། རྡུལ་ནི་ཚོར་བ་དང་། སྒོ་གསུམ་གཡོ་བའི་བྱ་བ་ནི་འདུ་བྱེད་དང་། རྣམ་ཤེས་ཚོགས་དྲུག་རྣམས་ཀྱིས་ཕུང་པོར་བཞག་ལ། དེ་དག་རིམ་བཞིན། གཙོ་བོར་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལས་གྲུབ་ཅིང་། ཕལ་བས་ཕུང་པོ་གཞན་ཡང་ཁམས་རེ་རེ་ལས་གྲུབ་པ་མི་འགལ་ལ། དེ་འདྲ་བའི་གཙོ་ཕལ་ནི་འཁོར་བའི་སྐབས་སུ་ཡིན་གྱི་སྒྲིབ་བྲལ་དུ་གྱུར་ནས་ཐམས་ཅད་ཀྱང་རོ་མཉམ་པར་འགྱུར་རོ། །ཞེས་བྱ་བ་སྟེ་ཁམས་དེ་དང་དེ་ལས་གྲུབ་པའི་དོན་ཀྱང་རླུང་གི་རང་བཞིན་ནི་འདུ་བྱེད་དུ་གྲུབ་བོ། །ཞེས་པ་ལྟར་ཁམས་དེ་དང་དེ་ལ། དེ་དང་དེའི་རང་བཞིན་དུ་གྲུབ་པའི་དོན་ཡིན་གྱི་དེ་ལས་གྲུབ་ཅེས་བྱེད་ཚིག་སྦྱར་ནས་སྐྱེས་པར་སྟོན་པ་མ་ཡིན་ནོ། །རྣམ་ཤེས་དང་སྲེད་པ་སྟེ་ངོ་བོ་གཅིག་ལ། ཡེ་ཤེས་ཀྱི་ཕུང་པོ་ཁམས་འཕོ་བའི་བདེ་བ་ནི་ནམ་མཁའི་ཁམས་དང་བཅས་པའི་རྡོ་རྗེ་དག་ལ་སྟེ། ཁམས་འཕོ་བའི་ཚེ་ཡེ་ཤེས་ཀྱི་ཁམས་ལ་གྲུབ་བོ། ཞེས་བྱ་བའོ། །འདིར་ཁམས་དྲུག་གི་བདག་ཉིད་ཅན། ཞེས་སོགས་ཀྱི་དོན་ནི། ཅིའི་ཕྱིར་ཞེས་པ་ཤེས་བྱེད་ཀྱི་རྒྱུ་མཚན་འདྲི་བའི་ཚིག་མ་ཡིན་ཏེ། ཁམས་དྲུག་ལྡན་ལ། ཁམས་དྲུག་ལྡན་པའི་རྒྱུ་མཚན་ཅིའི་ཕྱིར། འདྲི་བའི་དོགས་པ་རྟོགས་ལྡན་ལ་སྐྱེ་དོན་མེད་དེ། ཆོས་ཅན་ངེས་ན་བསྒྲུབ་བྱ་ངེས་ཟིན་པའི་ཕྱིར་རོ། །དེས་ན་ཁམས་དྲུག་ལྡན་གྱི་ལུས་ཀྱི་ཁམས་དྲུག་སྐྱེད་བྱེད་ཀྱི་རྒྱུ་མཚན་ཅིའི་ཕྱིར་ཏེ། རྒྱུ་ཅི་ལས་སྐྱེས་ཞེས་དྲིས་པའོ། །དེ་ལ་མངལ་དུ་ཁུ་རྡུལ་རྣམ་ཤེས་གསུམ་ཚོགས་པ་ལས་


JLD011_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་སོ་ཞེས་ལན་འདེབས་པ་ནི། རྡུལ་དང་ཞེས་སོགས་སོ། །ད་ནི་གནས་པ་བདུན་པའི་དུམ་བུ་འདུ་བྱེད་དྲུག་བསྟན་པའི་ཕྱིར། རྣ་བ་ལ་སོགས་པ། ཞེས་པ་ནས་སྦྱོར་བ་ལས་ཤེས་པར་བྱའོ། ཞེས་པའི་བར་གསུངས་ཏེ། དེའང་རྣ་བ་ནི། ཁོ་རང་གི་ངོ་བོ་ནམ་མཁའི་ཁམས་སུ་གནས་པས། ལུས་ཀྱི་སྒོ་ནས་ནམ་མཁའི་ཁམས་ཡིན་ཡང་སྒྲ་ཡེ་ཤེས་ཀྱི་ཁམས་ཡིན་ཅིང་། ཐབས་ཀྱི་བསམ་པ་ཤེས་རབ་ལ་ཞུགས་པ་ཡིན་ལ། རྣ་བ་དང་སྒྲའང་ཐབས་ཤེས་སུ་བཞག་པ་ན་རྣ་བ་དེ་ཉིད་བསམ་པའི་སྒོ་ནས་ཡེ་ཤེས་ཀྱི་ཁམས་སུ་འགྱུར་རོ། ཞེས་བྱ་བ་སྟེ། དེས་དབང་ཡུལ་ལྷག་མ་རྣམས་ཀྱང་འགྲེའོ། །ད་ནི་གནས་པ་བདུན་པའི་དུམ་བུ་འདུ་ཤེས་དྲུག་བསྟན་པའི་ཕྱིར། ཁམས་དྲུག་གི་དབང་གིས། ཞེས་པ་ནས། སེར་སྣ་ལ་སོགས་པར་འགྱུར་རོ། ཞེས་པའི་བར་གསུངས་ཏེ། དེའང་ཡེ་ཤེས་ཀྱི་ཁམས་ཀྱི་དབང་གིས་ཆགས་ཡུལ་ལ་སྲེད་པའི་སེར་སྣ་དང་། དགྲ་ཡིད་དུ་མི་འོང་བ་ལ་ཞེ་སྡང་དང་། མངལ་དུ་རླུང་གིས་ཁུ་བ་འཕངས་པས་བར་དོའི་སེམས་ཅན་ཕ་མ་ལ་ཕྲག་དོག་སྐྱེས་ཏེ་ཉིང་མཚམས་སྦྱོར་བ་ལྟ་བུ་དང་། གཏུམ་མོའི་མེས་ཁམས་ཞུ་བ་ལས་ཆགས་པ་སྐྱེ་བ་ལྟ་བུ་དང་། དངོས་པོ་རྣམས་མཐོ་ཞིང་རྒྱས་པ་ཆུས་བྱེད་ཅིང་། དེ་ལས་ཀྱང་ང་རྒྱལ་འབྱུང་བ་དང་། དད་པ་སོགས་མེད་པ་ལྟར་སྲ་བའི་སེམས་ནི་གཏི་མུག་ཡིན་པས། དེའི་ཕྱིར་ཆགས་པ་ནས་གཏི་མུག་གི་བར་རྣམས་ཡེ་ཤེས་ཀྱི་ཁམས་ནས་སའི་ཁམས་ཀྱི་བར་ལས་རིམ་


JLD011_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འབྱུང་བར་བཤད་དོ། །ཞེས་བླ་མ་ཁ་ཅིག་བཞེད་ལ་འོན་ཀྱང་འདི་དག་ཀྱང་ཆགས་པ་ཁྱད་པར་བ་འགའ་ཞིག་ཡེ་ཤེས་ཀྱི་ཁམས་ལས་འབྱུང་བ་ཡོད་པ་སོགས་ཀྱི་དབང་དུ་བྱས་ཀྱི་སྤྱིར་གཏི་མུག་ཡིན་ན་ས་ཁམས་ལས་སྐྱེ་བས་ཁྱབ་པ་སོགས་ངེས་པར་སྟོན་པ་ནི་མ་ཡིན་ནོ། །ད་ནི་གནས་པ་བདུན་པའི་དུམ་བུ་ལས་དབང་དྲུག་བསྟན་པའི་ཕྱིར་དུ། ཁམས་ཀྱི་དབང་གིས་ཞེས་པ་ནས། དབང་པོ་དྲུག་གི་ངེས་པའོ། ཞེས་པའི་བར་གསུངས་ཏེ་གོ་སླའོ། ད་ནི་གནས་པ་བདུན་པའི་དུམ་བུ་ཡེ་ཤེས་དྲུག་བསྟན་པའི་ཕྱིར་དུ་ཐུར་སེལ་ཞེས་པ་ལ་སོགས་པས། ཞེས་པ་ནས། ལྷན་ཅིག་སྐྱེས་པའི་དགའ་བའི་རླུང་འབྱུང་ངོ་། ཞེས་པའི་བར་གསུངས་ཏེ་གོ་སླའོ། །ད་ནི་གནས་པ་བདུན་པའི་དུམ་བུ་འཁོར་ལོ་དྲུག་དང་ཚིགས་ཀྱི་གནས་ཞེས་པ་བསྟན་པའི་ཕྱིར་དུ། གཙུག་ཏོར་ཞེས་པ་ལ་སོགས་པས་ཞེས་པ་ནས། འཁོར་ལོ་བཅོ་བརྒྱད་ཀྱི་ངེས་པའོ། ཞེས་པའི་བར་གསུངས་ཏེ། དེའང་གོ་སླའོ། །ད་ནི་གནས་པ་བདུན་པའི་དུམ་བུ་ཚིགས་ཀྱི་གནས་སུམ་བརྒྱ་དྲུག་ཅུ་བསྟན་པའི་ཕྱིར་དུ། ད་ནི་ས་ཞེས་པ་ལ་སོགས་པས། ཞེས་སོགས་གསུངས་ཏེ། འཁྱོག་པོའི་མཆེ་བ་ནི་སེ་ལྷག་ཡིན་ཅིང་། བླ་མ་ཁ་ཅིག །སྟེང་དུ་སོ་གཉིས་སུ་གྱུར་ན། ཞེས་པ་ལ་མ་སོ་སྔོན་ལ་སྐྱེ་བའི་སྟེང་དུ་རྩེ་མོ་བསྟན་པའི་སོ་གཉིས་སུ་འགྱུར་ཞེས་གསུངས་སོ། །གཞན་གོ་སླའོ། །མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་ཞེས་སོགས་སོ། །མདོར་བསྡུས་དང་པོའི་དཀའ་བའི་གནས་


JLD011_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའོ། ། ༈ ད་ནི་གནས་པ་བདུན་པའི་དུམ་བུ་འཁོར་ལོ་དྲུག་བསྟན་པའི་ཕྱིར་དུ། གསང་བ་ཞེས་པ་ལ་སོགས་པས། ཞེས་པ་ནས། དག་པའོ་ཞེས་སོ། ཞེས་པའི་བར་གསུངས་ཏེ། དེའང་དོན་ནི་འདི་ལྟར་ཤེས་པར་བྱའོ། །འདིར་འཁོར་ལོ་དྲུག་སྐུ་བཞིའི་རྟེན་དང་། སྐུ་བཞི་དེ་དག་ལ་བརྟེན་པར་སྟོན་པ་ཡིན་ལ། དེ་ལ་གཞི་དུས་ཀྱི་གཞི་ལ་གནས་པའི་ཆོས་དྲི་བཅས་ཤིག་ལམ་གྱི་ཐབས་མཁས་ཀྱིས་དྲི་མ་མེད་པར་བྱས་ནས་ཁོ་རང་གི་རིགས་འདྲ་ཞིག་འབྲས་བུའི་སྐབས་སུའང་ཁྱེར་བས་སངས་རྒྱས་པའི་ཡོན་ཏན་དུ་འགྱུར་བ་ནི་ཐབས་མཁས་པའོ། །དེ་ལྟར་ཡིན་པ་ལ། སྙིང་ག་ནས་གཉིད་འཐུག །རྨི་ལམ་སོགས་མེད་ཅིང་ཤེས་པ་གཉིས་སྣང་ནུབ་པའི་མི་རྟོག་པ་རང་དུ་སོང་བ་དེ་བསྐྱེད་པའི་རྟེན་གྱི་ཐིག་ལེ་གནས་ཤིང་། དེ་ཉིད་ལམ་གྱི་དྲི་མ་མུན་པའི་ཆ་བྲལ་བར་བྱས་ནས་མི་རྟོག་པའི་ཆ་ལམ་གྱིས་ཡར་ལྡན་དུ་ཁྱེར་བས་འབྲས་བུའི་སྐབས་སུ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མི་རྟོག་པའི་ལྡོག་ཆ་ལ་བཞག་པའི་ཆོས་སྐུ་འགྲུབ་པར་འགྱུར་རོ། །དེའི་ཕྱིར་སྙིང་གའི་འཁོར་ལོ་ཆོས་སྐུའི་རྟེན་དུ་བཞག་གོ །མགྲིན་པའི་པདྨའི་ལྟེ་བར། རྨི་ལམ་དང་ངག་བསྐྱེད་པའི་རྟེན་གྱི་ཐིག་ལེ་གནས་ལ། དེ་ཉིད་སྔར་ལྟར་དྲི་བྲལ་དུ་བསྐྱེད་པས། སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པ་ལ་ལོངས་སྐུར་བཞག་པ་དེ་འགྲུབ་བོ། །དེའི་ཕྱིར་མགྲིན་པའི་འཁོར་ལོ་ལོངས་སྐུའི་རྟེན་དུ་བཞག་གོ །དཔྲལ་བའི་


JLD011_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་དབུས་ན། བྱ་བ་སྣ་ཚོགས་ལ་འཇུག་ཅིང་ཡུལ་སྣ་ཚོགས་ལ་ལོངས་སྤྱོད་གསང་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་གནས་ལ། དེ་ཉིད་སྔར་ལྟར་གྱི་ལམ་གྱིས་དྲི་བྲལ་དུ་བྱས་པས། རྣམ་པ་སྣ་ཚོགས་པ་སྟོན་པའི་སྤྲུལ་པའི་སྐུ་འགྲུབ་པས་དེའི་ཕྱིར་སྤྱི་བོའི་འཁོར་ལོ་སྤྲུལ་སྐུའི་རྟེན་དུ་བཞག་གོ །དག་པའི་སྐུའམ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་པ་དེའི་རྟེན་དུ། གཙུག་ཏོར། ལྟེ་བ། གསང་བའི་འཁོར་ལོ་གསུམ་གསུངས་ཤིང་། རང་བཞིན་དང་རང་བཞིན་མེད་པའི་དབྱེ་བ་ལས། ཞེས་པའི་རྒྱུ་མཚན་གྱི་ཚིག་དང་། རང་བཞིན་ཡང་པྲ་ཕབ་པ་ལྟ་བུ། ཞེས་སྟོང་གཟུགས་ལ་བཤད་པ་འདི་དག་ལ་རྒྱུ་མཚན་ཅི་ཞིག་ཡོད་སྙམ་ན། དེ་ལ་ལམ་དུས་སུའང་ཡས་བབས་ཀྱི་དགའ་བ་དང་། མས་བརྟན་གྱི་དགའ་བ་རྣམས་ལ། ནང་གི་དཀར་ཕྱོགས་ཀྱི་ཚེས་དང་སྦྱར་བ་ན་གཙུག་ཏོར་ནས་གསང་གནས་སུ་མ་སླེབས་བར་ལ་གནས་ཀྱི་དབྱེ་བས་དགའ་བ་གསུམ་དང་། དེ་རེ་རེ་ལའང་། ཁམས་ཞུ་བས་སླེབ་པའི་གནས་ལྔ་ལྔའི་དབྱེ་བས་དཀར་ཕྱོགས་ཀྱི་ཚེས་ལྔ་ལྔ་སྟེ་དེ་ལྟར་དགའ་བ་བཅོ་ལྔར་འགྱུར་ལ། གསང་གནས་སུ་སླེབ་པ་ནས་འགོ་བརྩམས་ཏེ་ནོར་བུའི་རྩེར་སླེབས་ནས་གཡོ་མེད་དུ་བརྟན་པའི་བདེ་ཆེན་ནི་ནང་གི་དཀར་པོའི་ཆ་བཅུ་དྲུག་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ལ། དེ་བཞིན་དུ་ལུགས་ལྡོག་མས་བརྟན་གྱི་དགའ་བ་ལའང་། ནོར་བུ་ནས་གསང་བའི་པདྨ་དང་། དེ་ནས་སྙིང་ག་དང་། དེ་ནས་དཔྲལ་


JLD011_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཁོར་ལོའི་བར་གྱི་གནས་གསུམ་གྱི་དབྱེ་བས་རིམ་བཞིན་དགའ་བ་མཆོག་དགའ་ཁྱད་དགའ་གསུམ་སྟེ། དེ་རེ་རེ་ལའང་ཁམས་སླེབས་པའི་གནས་ཀྱི་དབྱེ་བས་ནང་གི་དཀར་ཆ་འཕེལ་བའི་ཚེས་ལྔ་ལྔ་དང་། དཔྲལ་བ་ནས་གཙུག་ཏོར་གྱི་རྩེར་སླེབས་ནས་གཡོ་མེད་དུ་བརྟན་པའི་དགའ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་དཀར་པོའི་ཆ་བཅུ་དྲུག་པ་ཡིན་ཞིང་། དེ་འདྲ་བའི་ལྷན་ཅིག་སྐྱེས་དགའ་ཆ་བཅུ་དྲུག་པའི་གནས་སྐབས་གཉིས་པོ་གོང་ནས་གོང་དུ་ཁྱད་པར་དུ་གྱུར་པའི་རིགས་འདྲའི་རྒྱུན་ཕྱི་མ་ལ་ལྷན་ཅིག་སྐྱེས་པའི་སྐུ་འགྲུབ་པ་ཡིན་ནོ། །དེའི་ཕྱིར་གཙུག་ཏོར་དང་གསང་བའི་འཁོར་ལོ་གཉིས་ནི་ལྷན་ཅིག་སྐྱེས་པའི་སྐུའི་རྟེན་དུ་གསུངས་སོ། །ལྟེ་བའི་འཁོར་ལོ་དེའི་རྟེན་དུ་གསུངས་པ་ནི་གོང་དུ་བརྗོད་མ་ཐག་པའི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆ་བཅུ་དྲུག་པ་དེ་ཉིད་དངོས་སུ་འདྲེན་པར་བྱེད་པའི་རྒྱུ་ཐུན་མོང་མ་ཡིན་པ་ནི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ཡིན་ལ། སྟོང་གཟུགས་དེའང་བློས་བཏགས་པས་བཞག་པ་མ་གཏོགས་དངོས་པོ་ལ་མ་གྲུབ་པ་དེ་འདྲ་མ་ཡིན་པར། མ་བརྟགས་པར་དངོས་པོ་ལའང་གྲུབ་པ། རང་གི་ལུས་བཞིན་དུ་གྲུབ་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཁྱད་པར་བ་རྗེས་དྲན་གྱི་སྐབས་སུ་འོང་བ་དེ་ནི། ལྟེ་བའི་འཁོར་ལོའི་དབུས་ཀྱི་ཨ་ཝ་ངྷཱུ་ཏིའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱས་པ་ལས་ཤར་བའི་སྟོང་གཟུགས་


JLD011_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། དེའི་ཕྱིར་ལྷན་སྐྱེས་དེ་ཉིད་དངོས་སུ་སྐྱེ་བའི་རྟེན་སྟོང་གཟུགས་ཀྱི་ཕྱག་རྒྱ་ཁྱད་པར་བ་དེ་ཉིད་གང་དུ་རླུང་འགགས་པ་ལས་འཆར་བའི་གནས་ལྟེ་བའི་འཁོར་ལོ་ཡིན་པས་དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུའི་རྟེན་དུ་གསུངས་པ་ཡིན་ནོ། །དེ་བས་ན། རང་བཞིན་མེད་པ་ནི་བཏགས་པའི་རང་བཞིན་མེད་པའི་དོན་ཡིན་ལ། རང་བཞིན་ནི་པྲ་ཕབ་པ་ལྟ་བུར་ཡོད་པའི་དོན་ཏེ། དེས་ན་བཏགས་པའི་རང་བཞིན་དུ་མེད་པ་མ་བཏགས་པའི་སྣང་བ་པྲ་ཕབ་པ་ལྟ་བུའི་རང་བཞིན་ཞེས་བྱ་བའོ། །བླ་མ་ཁ་ཅིག་ལོ་བཅུ་དྲུག་གི་མཐར་ཐིག་ལེ་འཛག་པ་ན་ལྷན་ཅིག་སྐྱེས་དགའ་མངོན་དུ་འགྱུར་ལ། དེ་ཡེ་ཤེས་ཀྱི་ཕུང་ཁམས་རྫོགས་པ་ལ་རག་ལས་ཤིང་། སྤྱི་བོའི་འཁོར་ལོའང་ཡེ་ཤེས་ཀྱི་འཁོར་ལོ་ཡིན་པས། དེ་ལྷན་ཅིག་སྐྱེས་པའི་སྐུའི་རྟེན་དུ་བཞག །ནམ་མཁའ་ཐུགས་རྡོ་རྗེ་ཡིན། ཐུགས་རྡོ་རྗེ་ལ་ཡེ་ཤེས་རྡོ་རྗེ་བརྟེན་པ་དང་། གསང་གནས་ནམ་མཁའི་འཁོར་ལོ་ཡིན་པས་དེའི་རྟེན་དུ་བཞག །གཙོ་བོའི་རྒྱབ་ཞལ་ལྷན་ཅིག་སྐྱེས་སྐུ་ཡིན་ཞིང་། དེ་ནུབ་དུས་མེ་ས་ཁམས་ལ་བརྟེན་པ་ཡིན་ལ། ལྟེ་བ་སའི་འཁོར་ལོ་ཡིན་པས་དེའི་རྟེན་དུ་བཞག །ཅེས་གསུངས་མོད་ཀྱང་ལྷན་ཅིག་སྐྱེས་སྐུ་ས་ཁམས་པ་ཡིན་ན། སའི་ཁམས་ཡིན་ཚད་དེའི་རྟེན་དུ་འགྲོ་མི་དགོས་པས་འབྲེལ་མེད་ཅིང་། རང་བཞིན་དང་རང་བཞིན་མེད་པའི་དབྱེ་བ་ལས་ཞེས་པའི་དོན་ཀྱང་མ་ཤར་བར་སྣང་ངོ་། །ལྷན་ཅིག་སྐྱེས་པའི་སྐུའི་རྟེན་གྱི་ཡོན་


JLD011_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཡེ་ཤེས་དང་ནམ་མཁའ་དང་། སའོ། ཞེས་སོགས་ཀྱིས་ནི། འཁོར་ལོ་དེ་དག་དེ་དང་དེའི་ཁམས་ཡིན་ཞེས་པ་ཙམ་སྟོན་གྱི། དེའི་རྒྱུ་མཚན་གྱིས་སྐུ་དེ་དང་དེའི་རྟེན་དུ་གསུངས་ཞེས་འཆད་པ་མ་ཡིན་ནོ། །ད་ནི་གནས་པ་བདུན་པའི་དུམ་བུ་སྟེང་འོག་གི་འཁོར་ལོ་དྲུག་བསྟན་པའི་ཕྱིར། ལྟེ་བ་ཞེས་པ་ལ་སོགས་པས། ཞེས་པ་ནས་རིགས་དྲུག་གི་ངེས་པའོ། ཞེས་པའི་བར་གསུངས་ཏེ། དེའང་འཁོར་ལོ་དྲུག་ནི་ཁམས་དྲུག་གི་དབྱེ་བས་རྣམ་སྣང་སོགས་གཞི་དུས་ཀྱི་རིགས་དྲུག་ཏུ་འགྱུར་ལ། དེའང་རྡོ་རྗེ་གསུམ་དུ་བསྡུས་ན། ས་མེ་ཡེ་ཤེས་ཡུམ་གྱི་སྐུ་གསུང་ཐུགས་དང་ཆུ་རླུང་། ནམ་མཁའ་ཡབ་ཀྱི་སྐུ་གསུང་ཐུགས་རྡོ་རྗེའོ། །དེའང་ཐབས་ཤེས་སུ་བསྡུས་ན། ཡུམ་གྱི་རྡོ་རྗེ་གསུམ་ཉི་མའམ་རྡུལ་གྱི་རིགས་དང་། ཡབ་ཀྱི་གསུམ་ཟླ་བའམ་ཁུ་བའི་རིགས་སོ། །དེ་བཞིན་དུ་སྟེང་འོག་གི་རྩ་ཆེན་དྲུག་ལའང་འབྱེད་པ་སྟེ་ཤེས་སླའོ། ད་ནི་གནས་པ་བཅུ་གཅིག་པ་ཁམས་རྣམས་ལས་ལྷའི་མཚན་མ་འབྱུང་བའི་གནས་པ་བསྟན་པའི་ཕྱིར་དུ། ལུས་ཞེས་པ་ལ་སོགས་པས། ཞེས་པ་ནས། ལུས་དང་བསམ་པའི་རང་བཞིན་ངེས་པའོ། ཞེས་པའི་བར་གསུངས་ཏེ། དེའང་། ལུས་དབང་དག་པའི་སྒྲིབ་སེལ་ནས། བརྗོད་པ་ངག་སྨྲ་བ་དང་། དེ་དག་པའི་འོད་ཟེར་ཅན་གྱི་བར་རྣམས་ལུས་བསམ་རང་གི་ངོ་བོ་ས་ཁམས་ཀྱི་རང་བཞིན་གྱི་ཁ་དོག་སེར་པོ་ཡིན་ལ། དེས་བསྐྱེད་བྱ་དང་དེ་ལ་འཁྱུད་པ་རྣམས་བསམ་པའི་


JLD011_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་རླུང་གི་རང་བཞིན་ལས་ཁ་དོག་ནག་པོའོ་ཞེས་སོགས་ཡུལ་དབང་དང་། ལྷ་ཕོ་མོའི་ཐབས་ཤེས་ཀྱི་དབྱེ་བས་ལུས་བསམ་གྱི་སྒོ་ནས་རེ་རེའང་ཁ་དོག་གཉིས་གཉིས་སུ་འགྱུར་ཚུལ་སྟོན་པའོ། །ཁམས་རྣམས་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་ཕན་ཚུན་འཁྱུད་པའི་རྣམ་དག་གསུངས་པ་ནི། རུས་པ་དང་། ཞེས་པ་ནས། ཆོ་གའི་ངེས་པའོ། ཞེས་པའི་བར་གསུངས་ཏེ། དེའང་རུས་པ་དང་། ཤ་འདུ་བྱེད་དང་། ཁྲག་ཚོར་བ་དང་། གཅི་བ་འདུ་ཤེས་སོགས་སུ་གསུངས་པ་ཡིན་གྱི། ཚོར་བ་འདུ་ཤེས་འདུ་བྱེད་སོགས་སྤྱི་དང་མི་འདྲ་ལ། ཐ་མལ་བ་ཁམས་ལྡན་གྱི་ལུས་ལ་ཤ་རུས་མ་བྲལ་ན་ལུས་གནས་བྲལ་ན་མི་གནས་པར་དེ་གཉིས་ཟུང་དུ་འབྲེལ་དགོས་པ་བཞིན་དུ། ཤ་འདུ་བྱེད་ཀྱི་ཕུང་པོ་དང་། རྒྱུས་པ་ས་ཁམས་ཐབས་ཤེས་སུ་བཞག །ལུས་ཀྱི་ནང་གི་ཁྲག་ཆུ་དང་བྲལ་ན་ལུས་འཇིག་ལ་མ་བྲལ་ན་ཁམས་རྒྱས་ཤིང་ལུས་གནས་པས་ཁྲག་ཚོར་ཕུང་། ཆུ་ཆུ་ཁམས་ཐབས་ཤེས་སུ་བཞག །ནང་ལུས་ཀྱི་དྲི་ཆུ་དྲོད་དང་བྲལ་ན་འཆི་ལྟས་ཡིན་པས་ལུས་གནས་པར་མི་འགྱུར་གྱི་ཇི་སྲིད་ལུས་གནས་ཀྱི་བར་ནང་གི་དྲི་ཆུ་དྲོད་དང་མ་བྲལ་དགོས་པས་དྲི་ཆུ་འདུ་ཤེས་ཀྱི་ཕུང་པོ་དང་། དྲོད་མེ་ཁམས་ཐབས་ཤེས་སུ་བཞག །བཤང་བ་འདོར་སྡོམ་རླུང་གིས་བྱེད་དགོས་པས། བཤང་བ་གཟུགས་ཕུང་དང་། རླུང་རླུང་གི་ཁམས་ཐབས་ཤེས་སུ་བསྟན་ཏོ། །ཞེས་བླ་མ་དག་གསུངས་ལ། སྲ་བ་ཉིད་གང་ཡིན་པ་དེ་ནི་


JLD011_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སའི་ཁམས་སོ། ཞེས་པ་ནི། རུས་པས་ཁམས་སུ་འཇོག་པའི་རྒྱུ་མཚན་ཡིན་གྱི་རུས་པ་ཤ་དང་ཐབས་ཤེས་སུ་འཇོག་པའི་རྒྱུ་མཚན་མ་ཡིན་ནོ། །ཁུ་བའི་ཁམས་འདུ་ཤེས་ཀྱི་ཕུང་པོ་མིན་ནམ། ཞེས་སོགས་ཀྱི་དོན་ནི། སྔར་ཁུ་བ་འདུ་ཤེས་ཀྱི་ཕུང་པོར་བཤད་ནས། འདིར་གཅི་བ་འདུ་ཤེས་སུ་བཤད་པ་ཅི་ཞེ་ན། བྱིས་པ་སྐྱེས་ནས་ལོ་བཅུ་དྲུག་གི་བར་གཅི་བ་འཛག་ཅིང་། ཁུ་བ་མི་འཛག་པའི་དབང་དུ་བྱས་ནས་གཅི་བ་འདུ་ཤེས་དང་། ལོ་བཅུ་དྲུག་ནས་ཁུ་བ་འཛག་པའི་དབང་དུ་བྱས་ནས་ཁུ་བ་འདུ་ཤེས་སུ་བཞག་ཅེས་པའོ། །བྷ་གའམ་རྟགས་ནི་ཐབས་སོ། །ཁུ་བ་འཛག་པ་ནི་ཤེས་རབ་བོ། །ཞེས་པ་དྲི་ཆུ་དང་ཁུ་བ་འཛག་པ་གཉིས་རྟགས་ཀྱི་སྒོར་བུག་པ་གཅིག་ཏུ་ཡོད་ཀྱང་། དེའི་གོང་ན་རྩ་སྦུབས་ཐ་དད་དུ་ཡོད་ཅིང་། གཞན་རྣམས་གོ་སླའོ། །ད་ནི་གནས་པ་བདུན་པའི་དུམ་བུ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འགྲུབ་ཚུལ་བསྟན་པའི་ཕྱིར་དུ། ད་ནི་རྩ་རྣམས་ཞེས་པ་ནས། རྩ་དང་ཁམས་འཕེལ་བའི་ངེས་པའོ། ཞེས་པའི་བར་གསུངས་ཏེ། དེའང་གནས་པ་འདི་དག་རྩ་རྒྱུད་ན་གོ་རིམ་ངེས་པ་ཅན་དུ་ཡོད་པ་ལ། བསྡུས་རྒྱུད་འདིར་རྩ་རྒྱུད་ཀྱི་གནས་པ་རྣམས་གོ་རིམ་ཅུང་ཟད་འཁྲུགས་པར་ཡོད་པས་དོན་ཚན་རྣམས་གནས་པ་གང་གི་སྐབས་ཡིན་པ་དེ་དང་དེར་སྦྱར་ནས་བཤད་དགོས་སོ། །དེ་ལ་མངལ་དུ་ཆགས་ནས་ཟླ་བ་གཅིག་གི་བར་ལ་རྩ་མི་ཆགས་ལ། དེ་ནས་མངལ་དུ་ཟླ་བ་གཅིག་སོང་བ་ནས་རྩ་ཆགས་ཤིང་།


JLD011_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འཆགས་རྒྱུའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་ལ། ཉིན་ཞག་རེ་ལ་རྩ་ཉིས་བརྒྱ་རེ་འཆག་པས། རྩ་རྫོགས་པར་འཆགས་པ་ལ་ཟླ་བ་བཅུ་གཉིས་དགོས་ཏེ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞག་གྲངས་སུམ་བརྒྱ་དྲུག་ཅུས་བགོས་པས། ཐོབ་ནོར་ཉིས་བརྒྱ་འབྱུང་ཞིང་ལྷག་མ་མེད་པས་སོ། །དེས་ན་མངལ་དུ་ཟླ་བ་བཅུ་གཉིས་གནས་པའི་དབང་དུ་བྱས་ན། མངལ་ནས་སྐྱེས་ནས། ཟླ་བ་གཅིག་ན་རྩ་འཆགས་པ་རྫོགས་ལ། རྩ་རྫོགས་པར་འཆགས་ཕྱིན་ཆད། རྩ་འཆད་པའི་འགོ་བརྩམས་ཏེ། ཉིན་ཞག་རེ་ལ་རྩ་གཉིས་གཉིས་གཅོད་དོ། །དེ་བཞིན་དུ་མངལ་ཐོག་མར་འཆགས་པའི་ཟླ་གཅིག་བོར་ནས་དེའི་རྗེས་ནས་བརྩིས་པའི་ཟླ་བ་བཅུ་གསུམ་པ་ནས་ཁུ་བ་འཕེལ་བ་རྩོམ་ཞིང་སྐྱེས་པ་མངལ་ནས་སྐྱེས་ནས་ལོ་བཅུ་དྲུག་ལོན་པ་ན་འཕེལ་བ་གཏོང་བ་སྟེ། མི་འཕེལ་ཞིང་ཁུ་བ་ཕྱིར་འཛག་ལ། བུད་མེད་ལའང་ཟླ་བ་བཅུ་གསུམ་པ་ནས་རྡུལ་ཉི་མ་འཕེལ་བ་རྩོམ་པར་འགྱུར་ཞིང་སྐྱེས་ནས་ལོ་བཅུ་གཉིས་པ་ལ་རྡུལ་འཕེལ་བ་གཏོང་བ་སྟེ། མི་འཕེལ་བར་ཕྱིར་འཛག་པར་འགྱུར་རོ། །ཞེས་བྱ་བའི་དོན་ནོ། །ད་ནི་གནས་པ་བཅུ་གསུམ་པའི་དུམ་བུ་ལས་ཀྱི་རྣམ་པར་སྨིན་པས་འགྲོ་བ་རིགས་དྲུག་ཏུ་སྐྱེ་བའི་གནས་པ་བསྟན་པའི་ཕྱིར་དུ། ཉི་མའི་ཤིང་རྟ་ལ་སོགས་པ་གདུལ་བར་དགོངས་ནས། དཔལ་ལྡན་འབྱུང་བ་ཞེས་པ་ལ་སོགས་པས་ནམ་མཁའ་ལ་སོགས་པའི་དེ་ཉིད་ཉི་ཤུ་རྩ་བཞི་རྣམས་གསུངས་ཏེ། འདིར་བྱིས་པའི་ལུས་ལ། ཞེས་པ་ནས། ངེས་པའོ་ཞེས་པའི་བར་གསུངས་ཏེ། དེའང་། གཙོ་བོ་ལ་


JLD011_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་གཙོ་བོ་དང་། ལོངས་སྤྱོད་པའི་གཙོ་བོ་གཉིས་ལས། དབང་སོགས་སྐྱེད་པར་བྱེད་པའི་གཙོ་བོ་ནི། བཞི་པའི་གནས་སྐབས་རང་བཞིན་ཞེས་ཐ་སྙད་བྱས་པ་དེ་ཡིན་ལ། རང་བཞིན་ལ་སོགས་པའི་དེ་ཉིད་ཉི་ཤུ་རྩ་བཞི་རྣམས་ལོངས་སྤྱོད་བྱར་བྱས་ཏེ། དེ་ཉིད་སྔར་ལས་བསགས་པའི་དབང་གིས་ལོངས་སྤྱོད་པ་པོའི་གཙོ་བོ་ནི་སྐྱེས་བུ་ཡིན་ཞིང་། རང་བཞིན་ཉི་ཤུ་རྩ་བཞིའི་བདག་ཉིད་ནི་ཞེས་སོགས་ལ་གྱི་ཅོས། རང་བཞིན་ཉི་ཤུ་རྩ་བཞིའི་བདག་ཉིད་ཅན་གྱི་འཛིན་པ་ནི་སྐྱེས་བུའི་ཆོས་ཅན་ནོ། །རང་བཞིན་གཟུང་བའི་ཆོས་ཅན་ནོ། །རང་བཞིན་ཡང་གཟུང་བའི་ཆོས་དང་བྲལ་བ་རང་བཞིན་གཞན་ཏེ། ཞེས་བསྒྱུར་བ་ཉིད་འགྱུར་ཤིན་ཏུ་ལེགས་ལ། དེའང་ཀུན་རྫོབ་ཀྱི་དབང་དུ་བྱས་ཀྱི། དོན་དམ་པར་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བ་ནི་རང་བཞིན་གཞན་ཆོས་རྣམས་ཀྱི་གནས་ལུགས་སུ་གྱུར་པའི་རང་བཞིན་ཡིན་ནོ། ཞེས་བྱ་བའོ། །ད་ནི་ས་ཞེས་པ་ལ་སོགས་པས་ཞེས་པ་ནས། ས་ལ་སོགས་པའི་ངེས་པའོ། ཞེས་པའི་བར་གྱིས། ནང་ལུས་ལ་ས་སོགས་ཀྱི་མཚན་ཉིད་སྦྱར་བ་གསུངས་ཏེ། དེ་ལ་སྐར་རྩིས་པ་ཞེས་པ་རྭ་ས། སྐར་མ་རྣམས་ཞེས་བསྒྱུར་ལ། ལྷག་མ་གོ་སླའོ། །ད་ནི་རྒྱུ་སྐར་ཞེས་པ་ནས། རང་བཞིན་ནོ། ཞེས་པའི་ངེས་པའོ། །ཞེས་པའི་བར་གྱིས། རྒྱུ་སྐར་དང་ཉིན་ཞག་སོགས་ནང་ལ་སྦྱར་བ་གསུངས་ཏེ། དེ་ལ་ཐུར་མ་བདུན་པའི་ཞེས་སོགས་ཀྱི་དོན་ནི་ཐུར་མ་སྟེ་འདབ་མའི་རི་མོ་བདུན་པའི་འཁོར་ལོ་བྱས་ནས། བྱི་བཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་


JLD011_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་རི་མོ་རེ་ལ་བཞི་བཞི་སྟེ། བདུན་བཞི་ཉེར་བརྒྱད། ཐུར་མའི་རྒྱུ་སྐར་རྣམས་ཀྱི་ཟུར་བཞིར་དབྱུ་གུའི་སྐར་མ་བཞི་སྟེ། སྐར་མ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ཕྱིའི་སྐར་མ་སོ་གཉིས་པོ་དེ་དག །ནང་དུ། རིམ་ཅན། རིམ་མིན་གྱི་སྒོ་ནས། རྒྱུ་སྐར་ཕྱེད་སྟེང་དང་ཕྱེད་འོག་ཏུ་སྟེ། སོ་སུམ་ཅུ་རྩ་གཉིས་སོ། ཞེས་པའོ། །རྗེས་སུ་ཉིན་ཞག་ཅེས་སོགས་ཀྱི་དོན་ནི། ཕྱིར་ལོ་གཅིག་ནི། ནང་དུ་ཆུ་ཚོད་གཅིག་གི་དབུགས་ཡིན་ལ། དབུགས་ཀྱི་ཆུ་ཚོད་དྲུག་ཅུ་བོ་དེ་དབུགས་དྲུག་གིས་བསྒྱུར་བས་སུམ་བརྒྱ་དྲུག་ཅུར་འགྱུར་ཞིང་། དེ་ནི་ཕྱི་རོལ་ཏུ་ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུའི་གྲངས་སོ། །ཉིན་ཞག་དེ་དག་ཀྱང་། ནང་དུ་ལུས་ཀྱི་ཚིགས་སུམ་བརྒྱ་དྲུག་ཅུར་འགྱུར་རོ། །ཞེས་བྱ་བའོ། །རྩ་རྣམས་ཆུའོ། །ཞེས་སོགས་ལ། ནང་དུ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་པ་ན་ཁམས་མ་རྫོགས་ཤིང་། ཁམས་རྫོགས་པ་ན་རྩ་སྐམས་པའི་འགོ་ཚུགས་ནས་ཡུན་རིང་པོ་སོང་བས། རྩ་དེ་དག་ཐམས་ཅད་དུ་ཁམས་འབབ་པ་ཇི་ལྟར་འབྱུང་ཞེ་ན། རྣལ་འབྱོར་པས་རྣལ་འབྱོར་གྱི་སྟོབས་ཀྱིས་རྩ་སྐམས་པ་སླར་ཡང་གསོས་པར་བྱས་ཏེ། དེ་དག་ཐམས་ཅད་ནས་ཁམས་འབབ་པ་འོང་ལ། ཕྱི་རོལ་ཇི་བཞིན་ནང་ལ་སྦྱར་བའང་ཐ་མལ་བ་ཁོ་ནའི་དབང་དུ་བྱས་པ་མིན་གྱི། ཁམས་དྲུག་ལྡན་གྱི་སྐྱེས་བུ་སྤྱིའི་དབང་དུ་བྱས་པས་སྐྱོན་མེད་དོ། །རི་བོང་ཅན་གྱི་ཆ་རྣམ་པ་གཉིས་ཀྱི་དོན་ནི་ཁུ་བའི་ཁམས་ལས་སྤུ་ལ་སོགས་པ་སྐྱེ་བའི་ཆ་བཅུ་དྲུག་ཡོད་པ་དེའི་སྒོ་ནས་བཞག་པའི་ཆ་བཅུ་དྲུག་པ་དང་།


JLD011_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གཞན་ནང་དུ་ཁུ་བ་ཞུ་ནས་འབབ་པའི་གནས་ཀྱི་སྒོ་ནས་བཞག་པའི་ཆ་བཅུ་དྲུག་པའོ། །ཞེས་པའི་དོན་ཡིན་ལ། དང་པོའི་དབང་དུ་བྱས་པའི་ཆ་བཅུ་དྲུག་སྦྱོར་ལུགས་ནི། འདིར་སྤུ་ཕྲ་མོ་དང་སྦོམ་པོ་ནི་ཚེས་གཅིག་དང་གཉིས་པའོ། ཞེས་སོགས་སོ། །འདི་དག་ལས་སླར་ཡང་སྤུ་ལ་སོགས་པའི་ཞེས་པ་ནས། ཞེས་སོའི་བར་ནི། གྱི་ཅོའི་འགྱུར་ལ་མེད་ལ། དོན་ལྷག་པོ་སྟོན་རྒྱུའང་མི་སྣང་ངོ་། །ད་ནི་སྤུ་དང་། ཞེས་པ་ལ་སོགས་པས་ཕྱི་རོལ་གྱི་ཁམས་དྲུག་ལྡན་གྱི་མི་ལས་གཞན་པའི་འབྱུང་བོའི་སྐྱེ་གནས་བཞི་ནང་དུ། ཁམས་དྲུག་ལྡན་གྱི་མིའི་ལུས་ལ་ཚང་ཚུལ་སྟོན་པ་སྟེ། འབྱུང་བོ་ཞེས་པ། སེམས་ཅན་ཙམ་པོ་དང་། སེམས་ཅན་ཁྱད་པར་བ་མི་མ་ཡིན་གྱི་རིགས་འགའ་ཞིག་དང་། འབྱུང་བ་ཙམ་ལ་འཇུག་པའི་སྐབས་གསུམ་ལས། འདིར་ཐ་མ་སྟེ་ལྷག་མ་གོ་སླའོ། །དགའ་བ་ལ་སོགས། ཞེས་པ་ནས། ངེས་པའོ། ཞེས་པའི་བར་གྱི་དོན་ནི། གོང་དུ་ཚིགས་བཅད་ཉེར་ལྔ་པའི་སྐབས་སུ། ལག་པ་གཡས་པ་རླུང་། གཡོན་མེ། རྐང་པ་གཡས་ཆུ། གཡོན་སར་བཤད་པས། གལ་པ་གཡས་པའི་དུམ་བུ་གསུམ་ནི། ཤར་གྱི་གླིང་དུམ་བུ་གསུམ་དང་། གཡོན་གྱི་གསུམ་ནི་ལྷོ་གླིང་དུམ་བུ་གསུམ་དང་། རྐང་པ་གཡས་པའི་དུམ་བུ་གསུམ་ནི་བྱང་གི་གསུམ་དང་། གཡོན་པའི་གསུམ་ནི་ནུབ་ཀྱི་དུམ་བུ་གསུམ་ཡིན་ལ། དགའ་བཟང་རྒྱལ་སྟོང་རྫོགས་པའི་ཚེས་དཀར་ཕྱོགས་ཀྱི་ལྔ་ཚན་གསུམ། ནམ་མཁའ་རླུང་མེ་ཆུ་སའི་ཁམས་ཀྱིས་བསྐྱེད་རིམ་གྱི་མཚན་ཉིད་ཅན་བཅོ་ལྔ་ནི། ནང་དུ་ལག་པ་གཡོན་གྱི་སོར་ཚིགས་ལྔ་ཚན་གསུམ་མོ། །


JLD011_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་ནག་ཕྱོགས་ཀྱི་ཚེས་ལྔ་ཚན། ཁམས་ལྔ་སྡུད་རིམ་གྱི་མཚན་ཉིད་ཅན་གསུམ་ནི། ནང་དུ་ལག་པ་གཡས་པའི་སོར་ཚིགས་ལྔ་ཚན་གསུམ་མོ། །དེ་བཞིན་དུ་རྐང་པ་གཡོན་པའི་སོར་ཚིགས་བཅོ་ལྔ་དཀར་ཕྱོགས་དང་རྐང་པ་གཡས་པའི་སོར་ཚིགས་བཅོ་ལྔ་ནག་ཕྱོགས་ཏེ། དེ་ལྟར་དུས་དྲུག་ཏུ་བྱས་པའི་དུས་གཅིག་ཟླ་བ་གཉིས་སོ། །དེ་ལྟར་དུས་དྲུག་གི་རིམ་པས་ནང་དུ་སོར་ཚིགས་རྣམས་ལ་འཁོར་བར་འགྱུར་རོ། །ཞེས་བྱ་བའོ། །སྤྱི་བོའི་པདྨ་ཞེས་སོགས་ཀྱིས་ནུས་པའི་ངེས་པ་བྱེ་བྲག་ཏུ་འཆད་པ་སྟེ། གོང་དུ་རྒྱས་པར་བཤད་པ་ལྟར། སྤྱི་བོའི་པདྨ་དང་། ལྟེ་བའི་པདྨ་ལ་བརྟེན་ནས་རིམ་བཞིན་ལྷན་སྐྱེས་ཀྱི་དགའ་བ་བཅུ་དྲུག་པ་དང་། དེ་སྐྱེད་བྱེད་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་བསྐྱེད་ནུས་པའི་ངེས་པའོ། །ད་ནི་ཚངས་པའི་ཞེས་པ་ནས། མཐོ་རིས་ལ་སོགས་པའི་ངེས་པའོ། ཞེས་པའི་བར་གྱིས། ཕྱི་རོལ་གྱི་འཇིག་རྟེན་གྱི་ཁམས། ནང་དུ་ལུས་ལ་སྦྱར་བ་གསུངས་ཏེ་གོ་སླའོ། ད་ནི་སྙིང་། ཞེས་པ་ནས། མེ་གསུམ་གྱི་ངེས་པའོ། ཞེས་པའི་བར་གྱིས། ཕྱིའི་མེ་གསུམ་ནང་གི་ལུས་ལ་ཚང་ཚུལ་དང་། གཞན་གྱི་མེ་ཁྱད་པར་དུ་བཤད་པ་གསུངས་ཏེ། ཕྱི་ནང་གི་མེ་གསུམ་སྦྱར་བ་གོ་སླ་ལ། གཞན་གྱི་མེ་བཤད་པ་ནི། ལས་ཀྱི་མེ་གསུམ་པོ་དེ་དག་གི་གོང་ན་མེ་གཞན་དྲི་མེད་འོད་ཟེར་འཕྲོ་བ་གཏུམ་མོའི་མེ་ཡེ་ཤེས་ཀྱི་གཟུགས་ཅན་ནི། རྣལ་འབྱོར་པས་མུན་པ་མཐའ་དག་དང་བྲལ་ཞིང་མུན་པ་ཟད་པའམ་མེད་པ་དག་གི་མཐར་གསལ་བར་མཐོང་བར་འགྱུར་རོ། །གནས་གང་དུ་ན། གནས་གང་ཞིག་ཅེས་སོགས་


JLD011_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གློག་དང་ཉི་ཟླ་གཟའ་སྐར་ཤ་ཟའི་མེ་རྣམས་མེད་པའི་གནས་སུའོ། །ཚུལ་ཇི་ལྟར་མཐོང་ན། གསང་བའི་པདྨའི་ལྟེ་བར། དུང་ཅན་མའི་ནང་དུ་གཏུམ་མོའི་མེ་ཤིན་ཏུ་ཕྲ་ཞིང་རྣོ་བ་འབར་བ་དེའི་སྟོབས་ཀྱིས། དཔྲལ་བའི་པདྨ་ལས། བྱང་ཆུབ་ཀྱི་སེམས་ཞུ་བ་ལ་ཨ་ཝ་བྷུ་ཏི་ནས་འབབ་པ་རྒྱུན་མི་ཆད་པ་མཐོང་བར་འགྱུར་རོ། །དེས་ན། འདི་ནི་བདེན་པ་སྟེ་བདེ་ཆེན་འདྲེན་པ་ལ་མི་སླུ་བའི་མེ་ཡེ་ཤེས་ཀྱི་གཟུགས་སོ། །ཞེས་པ་སྟེ་དེའང་སྤྱིར་གཏུམ་མོའི་མེ་ཁྱད་པར་བ་ལྟེ་བའི་འཁོར་ལོའི་དབུས་ནའང་གནས་མོད་ཀྱི། འོན་ཀྱང་སམྦུ་ཊ་ལས། ཚངས་པའི་མེ་ནི་སུམ་མདོར་གནས། །ཞེས་གཏུམ་མོ་ཚངས་པའི་མེ་གསང་གནས་མེ་གྲུ་གསུམ་གྱི་རྣམ་པ་ཅན་གྱི་དབུས་ན་གནས་པར་གསུངས་པ་ལྟར། གསང་གནས་ནའང་གཏུམ་མོ་ཁྱད་པར་བ་གནས་ཤིང་། དེ་འབར་བའི་སྟོབས་ཀྱིས་ལྟེ་བའི་མེའང་འབར་བར་འགྱུར་ལ། འདིའང་དེའི་དབང་དུ་བྱས་པ་ཡིན་ཞིང་། དབང་མདོར་བསྟན་གྱི་འགྲེལ་པར། ནཱ་རོ་པས། འཛིན་པའི་སྐབས་སུ། ལྟེ་བའི་གཏུམ་མོའི་མེ་འབར་ནས། དཔྲལ་བ་ནས་ཁམས་དཀར་པོ་ཞུ་བ་ཨ་ཝ་དྷཱུ་ཏཱིའི་ལམ་ནས་བབས་པ་རྣལ་འབྱོར་པས་གསལ་བར་མཐོང་བའི་ཉམས་འབར་གསུངས་པ་དང་ཚུལ་འདྲའོ། །ད་ནི་གནས་པ་བརྒྱད་པའི་དུམ་བུ། ལྟེ་བའི་ཆུ་སྐྱེས་ལ་སོགས་པའི་འདབ་མ་དང་། ཞེས་པ་སྟོན་པ་ནི། གཟའ་ཞེས་པ་ལ་སོགས་པས། ཞེས་པ་ནས། གཟའ་ལ་སོགས་པའི་ངེས་པའོ། །ཞེས་པའི་བར་གསུངས་ཏེ། མགྲིན་པའི་འཁོར་ལོའི་འདབ་མ་ལ་རྒྱུ་སྐར་འགོད་ཚུལ་འདི། དཔྱིད་ཉིན་མཚན་


JLD011_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་དུས་ཀྱི་སྐར་མའི་གནས་ཚུལ་གྱི་དབང་དུ་བྱས་ལ། གཟའ་འགོད་པ་ན། ཆུར་ཕུར་བུ། རླུང་དུ་པ་སངས། ལུས་ངན་དུ་སྤེན་པ་བཤད་པ་ནི། ནང་གི་གཟའ་དེ་དག་གི་ལོངས་སྤྱོད་རྩ་འདབ་དེ་དག་ན་གནས་ལ། དེའི་ཕྱིར་ལོངས་སྤྱོད་པ་པོའང་། ཕྱོགས་དེ་དག་ཏུ་བཀོད་པ་ཡིན་ཞིང་། བསྲུང་འཁོར་གྱི་སྐབས་སུ། པ་སངས་དང་ཕུར་བུ་ཆུའི་ཁམས་ཡིན་པས་བྱང་དང་བྱང་ཤར་དུ་བཀོད། སྤེན་པ་སའི་ཁམས་ཡིན་པས་ནུབ་ཕྱོགས་སུ་བཀོད་པ་ནི། གཟའ་རང་རང་གི་ཁམས་ཀྱི་དབང་དུ་བྱས་པས་མི་འགལ་ལོ། །ལྷག་མ་གོ་སླའོ། །གནས་པ་བརྒྱད་པའི་དུམ་བུ་བསྟན་པའི་ཕྱིར་དུ། ད་ནི་ལྟེ་བ། ཞེས་པ་ནས། འཕོ་བ་བཅུ་གཉིས་འཁོར་བའོ། ཞེས་པའི་བར་གྱིས། ཕྱི་རོལ་ཏུ་ཉི་མ་ཁྱིམ་བཅུ་གཉིས་འཕོ་བ་བཞིན། ནང་དུ་རླུང་རྩའི་འདབ་མ་ལ་འཕོ་བ་བཅུ་གཉིས་འཁོར་བའི་ཚུལ་གསུངས་ལ། དེ་བཞིན་དུ་སྐྱེས་པ་ཐམས་ཅད། ཅེས་པ་ནི། མངལ་ནས་སྐྱེས་པ་ཐམས་ཅད། ཅེས་པ་ཡིན་ཞིང་། ཐུར་མ་བདུན་གྱི་དབྱེ་བས་སོ། །ཞེས་པའི་རྫོགས་ཚིག་འགྱུར་མ་དག་པས། དབྱེ་བས་དུས་སྦྱོར་ཚད་ནི་ཤེས་པར་བྱ་ཞེས་སྦྱར་ལ་གཞན་གོ་སླའོ། །གནས་པ་བརྒྱད་པའི་དུམ་བུ་གཡོན་དང་གཡས་ཀྱི་དཀྱིལ་འཁོར་ལ་ཕུང་པོ་ལྔ་འབབ་པ་བསྟན་པའི་ཕྱིར་དུ། ད་ནི་རེ་རེ། ཞེས་པ་ནས་འཕོ་བའི་ངེས་པའོ། ཞེས་པའི་བར་གསུངས་ཏེ། གོ་སླའོ། །ད་ནི་སྟོང་པ། ཞེས་སོགས་ཀྱིས། ཕྱི་ནང་དུ་མི་མཉམ་པའི་དུས་སྦྱོར་ནམ་མཁའ་རླུང་མེ་ཆུ་སའི་རིམ་པས་འབྱུང་བ་ལ། སྒྲ་གཅན་སོགས་བདག་པོར་འགྱུར་ཚུལ་དང་། མཉམ་པའི་དུས་སྦྱོར་གྱི་དཀྱིལ་འཁོར་ལྔ།


JLD011_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆུ་མེ་རླུང་ནམ་མཁའི་རིམ་པས་འབབ་པ་ལ་དུས་མེ་སོགས་བདག་པོར་འགྱུར་ཚུལ་དང་། སྣ་བུག་གཡོན་དང་། རྩ་འདབ་གཡོན་མ་རྣམས་ལ་མི་མཉམ་པའི་དུས་སྦྱོར་གྱི་རླུང་འབབ་པ་ལ་ནི། གཡོན་པའི་རྩ་ལ་ཁུ་བ་འབབ་པས་ཟླ་བ་དབང་ཕྱུག་དང་། ཕྱི་རོལ་ཏུའང་མི་མཉམ་པའི་དུས་སྦྱོར་གྱི་ཟླ་བ་དྲུག་ལ་ཟླ་བ་དབང་ཕྱུག་གོ །དེ་བཞིན་དུ་ཕྱི་ནང་གི་མཉམ་པའི་དུས་སྦྱོར་དྲུག་ལ་ཉི་མ་དབང་ཕྱུག་གོ །ཞེས་སྟོན་པ་སྟེ། དབང་ཕྱུག་ནི་དེ་ལ་གཙོ་བོར་དབང་བྱེད་པ་ཡིན་ཞིང་། གཞན་ཤེས་སླའོ། །ད་ནི་དེ་ཞེས་པ་ལ་སོགས་པས། ཞེས་སོགས་ཀྱིས་རླུང་བཅུ་བརྒྱུ་བའི་ཚུལ་གསུངས་ཏེ། གཡས་སུ་ཟླ་བའི་རྩ་ཁ་དོག་དཀར་པོ། གཡོན་དུ་ཉི་མའི་རྩ་དམར་པོ་ཞེས་པ་ནི། སྙིང་གའི་འདབ་མ་བརྒྱད་ཀྱི་གཡས་བཞི་དམར་པོ་དང་གཡོན་བཞི་དཀར་པོ་དང་། དབུས་སྒྲ་གཅན་གྱི་རྩ་ཨ་ཝ་དྷཱུ་ཏཱིའོ་ཞེས་པའོ། །ཨ་ལ་མ་བུ་ཥ། ཞེས་པ་ལ། ག་རོད་ལོ་ཙཱས་ཀུན་ཏུ་འཆད་པའི་རྩ་ཞེས་བསྒྱུར་ཏོ། །ཨི་ཊ་ཞེས་པ་ལུག་ཏུ་རྭས་བསྒྱུར། ཁ་ཅིག་ལུག་ལ་སྐད་དོད། ཨེ་ཊ་ཞེས་པ་ཡིན་ནོ་ཞེས་ཟེར་རོ། །ཀུ་ཧ། ཞེས་པ་ཚུལ་འཆོས་པ། སུ་ཤུ་མན། ཞེས་པ་རྭས་ཤིན་ཏུ་སྟོང་པ་དང་། འགའ་ཞིག་གིས་ཡིད་བཟང་མར་བསྒྱུར་ཏོ། །དུང་ཅན་མའི་མཐར་ཡང་། ཨི་ཊ། ཞེས་པ་རྭས་སྣར་མ་ཞེས་འདོན་ནོ། །ལྷག་མ་གོ་སླའོ། །འདིར་སྲོག་ལ་སོགས་པ་འདི་དག་ཐམས་ཅད། ཅེས་སོགས་ཀྱིས། སྲོག་འཛིན་སོགས་སྙིང་གའི་རླུང་བཅུས་ལུས་ཀྱི་རྩ་མཐའ་དག་ལ་ཁྱབ་པར་བསྟན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ནས་གསུངས་པ་དང་


JLD011_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདྲའོ། །ད་ནི་སྲོག་ཅེས་པ་ལ་སོགས་པས་རླུང་རྣམས་ཀྱི་བྱ་བ་གསུངས་ཏེ། དེ་ལ་ཁམས་བདུན་ནི། འོག་ཏུ་ཚིགས་བཅད་བརྒྱ་སོ་བཞི་པར། ཁམས་བདུན་སོང་བ་དག་ཀྱང་། ཞེས་པའི་འགྲེལ་པར་སྤུ་དང་པགས་པ་ལ་སོགས་པར་སོང་བ་སྟེ། ཞེས་གསུངས་པས། བ་སྤུ་པགས་པ་ཁྲག །ཤ། རུས་པ། རྐང་། ཁུ་བའི་ཁམས་རྣམས་སོ། །ལྷག་མ་ནི་གོ་སླའོ། །ད་ནི་དམར་སེར། ཞེས་སོགས་ཀྱིས། རྩའི་མིང་མུ་སྟེགས་བྱེད་གཞུག་པའི་དོན་དུ། དེ་དག་ལ་གྲགས་པའི་ཐ་སྙད་ཀྱིས་གསུངས་པ་བསྟན་ལ། ད་ནི་དབང་པོ། ཞེས་སོགས། སྙིང་གའི་རྩ་བརྒྱད་ལ་ཕྱོགས་སྐྱོང་བརྒྱད་ཀྱིས་དབང་བྱེད་ཚུལ་སྟོན་ནོ། །ད་ནི་མགྲིན་པའི་འཁོར་ལོ་གསུངས་ཏེ། ཞེས་སོགས་ཀྱིས་འཁོར་ལོ་དྲུག་གི་ངེས་པ་གསུངས་ཏེ། དེ་ལ་ཐིག་ལེ་དང་རྣམ་པར་བཅད་པ་ནི། ལྟེ་བ་ལ་རིག་པར་བྱ་སྟེ། ཟླ་བའི་རྐང་པ་རྒྱུ་བའོ། ཞེས་པ་ནི། གོང་དུ་བཤད་མ་ཐག་པའི་མགྲིན་པ་དང་དཔྲལ་བའི་འཁོར་ལོ་དེ་གཉིས་ཀྱི་ལྟེ་བའི་དབུས་དང་གེ་སར་གྱི་རྩེ་མོར་རིམ་བཞིན་དབྱངས་སུམ་ཅུ་ཐིག་ལེ་ཅན་དང་། གསལ་བྱེད་ཉི་ཤུ་རྣམ་པར་བཅད་པ་ཚེག་དྲག་ཅན་ལ་རིམ་བཞིན་ཟླ་བ་དང་ཉི་མའི་རྐང་པ་རྒྱུ་བའོ། །ཞེས་པ་ཡིན་ལ། འཇིགས་མ་ལ་སོགས་པ་ཞེས་པ་ནི། གསུང་གི་དཀྱིལ་འཁོར་གྱི་ལྷ་མོ་དྲུག་ཅུ་རྩ་བཞི་སྟེ་དེའི་མིང་གིས་བསྟན་པའི་རྩ་དྲུག་ཅུ་རྩ་བཞི་དང་། དེ་ཉིད་བཞི་ནི། བདག་དང་། སྔགས་དང་། ལྷ་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བཞིའོ། །གཞན་རྣམས་ཤེས་སླའོ། །ད་ནི་གནས་པ་བརྒྱད་པའི་དུམ་བུ་སྣ་བུག་ཏུ་ཕུང་ཁམས་ལྔ་ལྔའི་རླུང་འབབ་པའི་


JLD011_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་བསྟན་པའི་ཕྱིར་དུ། ད་ནི་རྩ་བ། ཞེས་པ་ལ་སོགས་པས། ཞེས་པ་ནས། སྲོག་གི་ནུས་པ་འབབ་པའི་ངེས་པའོ། ཞེས་པའི་བར་གསུངས་ཏེ། དེ་ལ་ཁྱིམ་དང་། ཐུན་ཚོད་དང་། ཞེས་པ་ལ། གྱི་ཅོས། ཐུན་མཚམས་དང་ཞེས་བསྒྱུར་བ་ལྟར་རོ། །ནུས་པ་ནི་སྲོག་གི་ནུས་པ་སྟེ། ཞེས་སོགས་ཀྱི་དོན་ནི། མཉམ་རྒྱུའི་ཚེ་སྲོག་གི་ནུས་པ་དེ། མཆོག་གི་གནས་ནི་དམིགས་པ་མེད་པའོ། །ཞེས་པ་དམིགས་པ་མེད་པའི་གོ་འཕང་སྟེར་བའི་གནས་ཨ་ཝ་དྷཱུ་ཏཱིར་འགྲོའོ། ཞེས་པའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རླུང་སའི་དཀྱིལ་འཁོར་གྱི་མཐར་དེ་དག་གི་དབུས་སུ་རབ་ཏུ་ཞུགས་པ་ནི་སྣ་བུག་གཉིས་ནས་སོར་བཅུ་གཉིས་འབབ་བོ། ཞེས་པ་ནི། ཁ་ཅིག་དཀྱིལ་འཁོར་ལྔའི་མཐར་ཡེ་ཤེས་ཀྱི་རླུང་ལྔ་བཅུ་རྩ་དྲུག་རྐང་བཅས་རྒྱུ་བར་བཤད་པ་ཐོབ་ཐང་ལ་དགོངས་ཀྱི་དངོས་སུ་རྒྱུ་བ་མེད་དེ། དངོས་སུ་བརྒྱུ་ན་བཞི་ཆ་དེ་ལོགས་ནས་བཞོགས་པའམ་སྣ་རྩེ་ནས་བཅད་པ་ལྟ་བུ་གང་ཡིན་ཞེས་བརྟགས་ན་མི་འཐད་དོ། ཞེས་ཟེར་མོད། དེ་ལྟ་ན་དངོས་སུ་མི་རྒྱུ་བ་ལའང་བཞི་ཆ་མི་རྒྱུ་བ་དེ་ལོགས་ནས་མི་རྒྱུ་བའམ། སྣ་རྩེ་ནས་བཅད་པའི་བཞི་ཆ་གང་མི་བརྒྱུ་བ་ཡིན་ཞེས་བརྟགས་ན་མཚུངས་ཤིང་། དངོས་སུ་བརྒྱུ་བར་ཡང་ཡང་བཤད་པ་དང་འགལ་བས་དངོས་སུ་བརྒྱུ་ཞིང་། བཞི་ཆ་ནི་སྣ་ངོས་ནས་བཅད་པ་ལྟ་བུའི་ཐུང་ངུ་བརྒྱུ་བ་ཡིན་ནོ། །ཞེས་བཞེད་པ་ཉིད་ལེགས་ལ། འབྱུང་བ་ཆུང་བའི་དཀྱིལ་འཁོར་ལྔའི་དཀྱིལ་འཁོར་རེ་རེའི་མཚམས་སུ་དྲག་པོ་རྐང་བཅས་ཞེས་པ། བཅུ་གཅིག་བཞི་ཆ་རེ་གསུངས་པ་རྣམས་ནི་དངོས་སུ་བརྒྱུ་བ་ནི་མ་ཡིན་གྱི་ཐོབ་ཐང་ལ་བཤད་པ་ཡིན་ནོ། །ལྟེ་བར་


JLD011_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སོར་མོ་བཞི་འཕེལ་བར་འགྱུར་ཏོ། ཞེས་པ་ནི། ལྟེ་བའི་འོག་ཏུ་འཕེལ་བ་མ་ཡིན་གྱི། ཕྱི་རོལ་ཏུ་ཐུང་ངུར་བརྒྱུས་པ་དེ་ནང་དུ་རིང་པོར་རྒྱུ་བས། ས་རླུང་ཕྱིར་སོར་བཅུ་གཉིས་བརྒྱུས་ནས་ནང་དུ་ལྟེ་བར་སླེབ། དེ་བཞིན་དུ་དེའི་རིམ་པས། ཆུ་རླུང་གིས་ནང་དུ་སོར་གཅིག་དང་། མེ་རླུང་གིས་ནང་དུ་སོར་གཉིས་དང་། རླུང་གི་རླུང་གིས་ནང་དུ་སོར་གསུམ་དང་། ནམ་མཁའ་རླུང་གིས་ལྟེ་བར་སོར་བཞི་རྣམས་མ་སླེབ་བོ། །ཞེས་པའི་དོན་ཏོ། །ད་ནི་ཞིང་ཞེས་པ་ལ་སོགས་པས། ཞེས་སོགས་ཀྱིས། ཕྱིའི་ཞིང་ལ་སོགས་པའི་གནས་རྣམས། ནང་གི་ལུས་ལ་སྦྱར་བ་གསུངས་ཏེ་གོ་སླའོ། །མདོར་བསྡུས་ཀྱི་མཚན་ནི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་སོགས་སོ། །མདོར་བསྡུས་གཉིས་པའི་དཀའ་བའི་གནས་བཤད་པའོ། ། ། །༈ ད་ནི་མདོར་བསྡུས་གསུམ་པ་བཤད་པར་བྱ་སྟེ། དེ་ལ་ཐོག་མར་སྔར་གྱི་གནས་པ་བརྒྱད་པའི་དུམ་བུ། དྲག་པོ་འཁོར་ལོ་ཅན་དང་། ཀླ་ཀློའི་འཁྲུག་པ་སྔར་ལེའུ་དང་པོར་བཤད་པ། དེ་དག་ནང་ལ་སྦྱར་བར་གསུངས་པ་ནི། ད་ནི་འཁོར་ལོ་ཅན། ཞེས་པ་ལ་སོགས་པས། ཞེས་པ་ནས། ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱའོ། ཞེས་པའི་བར་ཏེ། ཕྱི་རོལ་ཏུ་དྲག་པོ་གང་ཡིན་པ་དེ་ནི། ཞེས་པའི་དྲག་པོ་དབང་ཕྱུག་ལ་འཆད་པ་ནི། དབང་ཕྱུག་ལ་སོགས་པའི་བཅུ་གཉིས་རྣམས། ཞེས་བཤད་མ་ཐག་པ་དང་ཟློས་སྐྱོན་འབྱུང་བས་འཁོར་ལོ་ཅན་གྱི་དཔུང་གི་ཚོགས་ཀྱི་དམག་དཔོན་དྲག་པོ་ལ་བྱས་ན་ལེགས་ལ། གཞན་ནང་ལ་སྦྱོར་ཚུལ་རྣམས་གོ་སླ་ཞིང་། སྒྱུ་མའི་གཟུགས་ཀྱང་། ཞེས་སོགས་ཀྱི་དོན་ནི། སྔར། འཁྲུག་པའི་ཚུལ་ལེའུ་དང་པོར་


JLD011_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དེ་ནི། ནང་གི་ཁྱད་པར་འདི་ལྟ་བུ་ལ་དགོངས་ནས་གསུངས་པ་ཡིན་གྱི། དངོས་པོ་ལ། སྒྱུ་མའི་གཟུགས་ལྟ་བུའི་སྤྲུལ་པའི་དམག་གི་ཚུལ་བསྟན་པ་མ་གཏོགས། །ཀླ་ཀློ་དང་འཁྲུགས་ནས། སྲོག་གཅོད་པ་སོགས་ཀྱི་གནོད་པ་ཆེན་པོ་དེ་ལྟ་བུ་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ད་ནི་གནས་པ་དགུ་པ་དབུ་མ་ལས་རྒྱུད་མཐའ་དག་འབྱུང་བའི་གནས་པ་བསྟན་པའི་ཕྱིར། ད་ནི་དུས་ཀྱི་ལོ། ཞེས་པ་ལ་སོགས་པས། ཞེས་སོགས་གསུངས་ཏེ། འདི་དག་གིས་བསྡུས་པའི་དོན་ཐོག་མར་འདི་ལྟར་ཤེས་པར་བྱ་སྟེ། ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་གི་ཆ་བསགས་པ་ལོ་གསུམ་ཕྱོགས་གསུམ་ལས། ལོ་གསུམ་གྱི་དབུགས་ནི་ཉི་མའི་ཡེ་ཤེས་ཆ་དང་། ཕྱོགས་གསུམ་གྱི་རླུང་ནི་ཟླ་བའི་ཡེ་ཤེས་ཆ་ཡིན་པས་ལོ་གསུམ་ཤེས་རབ་ཀྱི་ཆ་དང་། ཕྱོགས་གསུམ་ཐབས་ཀྱི་ཆ་ཡིན་ནོ། །དེའི་ཕྱིར་ལོ་གསུམ་གྱི་ཞག་གྲངས་དང་། རྣལ་འབྱོར་མ་རྒྱུད་ཀྱི་གཙོ་བོའི་ལྷ་གྲངས་སྦྱར་བ་དང་། ཕྱོགས་གསུམ་གྱི་ཞག་དང་རྣལ་འབྱོར་ཕ་རྒྱུད་ཀྱི་གཙོ་བོའི་ལྷ་གྲངས་སྦྱར་བ་དང་། དེ་ལྟར་སྦྱར་བའི་ནང་ནས་ལོ་གསུམ་གྱི་ཞག་དང་སྦྱར་བའི་སྐབས་ཀྱི་དུས་འཁོར་གྱི་ལྷ་པདྨའི་གདན་ཅན་བརྒྱ་ང་དྲུག་པོ་ངོས་བཟུང་བ་དང་། སླར་ཡང་དབུ་མའི་ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་དང་། དུས་འཁོར་རྩ་རྒྱུད་ལས་གསུངས་པའི་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་ལྷ་གྲངས་སྦྱར་ནས། དེ་ལས་བསྡུས་རྒྱུད་ཀྱི་པདྨ་གདན་བཅས་ཀྱི་ལྷ་རྣམས་བཏུས་པའི་ཚུལ་དང་། དེ་ལྟར་


JLD011_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ལྷ་རྣམས་ནང་གི་རྩ་དང་སྦྱར་བ་དང་། དེ་ལྟར་སྦྱར་བའི་དགོས་པ་བསྟན་པ་དང་དྲུག་གིས་ཤེས་པར་བྱའོ། །དེ་ལ་ལོ་གསུམ་གྱི་ཞག་དང་སྦྱར་བ་ལའང་། རྣལ་འབྱོར་མའི་རྒྱུད་ཀྱི་རིགས་ཀྱི་ལྷ་གྲངས་དང་སྦྱར་བ་དང་། དཀྱིལ་འཁོར་གྱི་ལྷའི་གྲངས་དང་སྦྱར་བ་གཉིས་ལས། དང་པོ་ནི། འདིར་དུས་ཀྱི་ལོ་ནི། ཞེས་པ་ནས། རྣལ་འབྱོར་རྣམས་ཀྱིའོ། །ཞེས་པའི་བར་ཏེ། ལོ་གསུམ་པོ་སྙིང་སྟོབས་དང་། རྡུལ་དང་མུན་པའི་རང་བཞིན་ཡིན་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་གསུམ་དང་། ལོ་གསུམ་གྱི་བགྲོད་པ་དྲུག་རིགས་དྲུག་དང་། ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུ་ལ་ཟླ་བའི་ཞག་སུམ་ཅུས་བགོས་པའི་ཐོབ་ནོར་སོ་དྲུག་གམ། ཡང་ན་ཉི་མའི་བགྲོད་པ་རེ་རེ་ལ་ཞག་བརྒྱ་བརྒྱད་ཅུ་རེ་ཡོད་པས། དེའི་ཞག་གྲངས་ཀྱིས་ལོ་གསུམ་གྱི་ཞག་གྲངས་ལ་བགོས་པའི་ཐོབ་ནོར་དྲུག་བྱུང་བ་དེ་ཉིད་སླར་ཡང་དྲུག་གིས་བསྒྱུར་བའི་སོ་དྲུག་ནི་རིགས་སོ་དྲུག་གོ །འདིར་རྣལ་འབྱོར་མའི་རྒྱུད་ལ་དེ་ལྟར་སྦྱར་བས། ཕ་རྒྱུད་ལ་རིགས་སོ་དྲུག་ཏུ་དབྱེ་བ་མི་བྱེད་དམ་སྙམ་ན། འདིར་རྣལ་འབྱོར་མའི་རྒྱུད་ལ་ཕྱེ་བ་ལྟར། ཕ་རྒྱུད་ལའང་རིགས་སུམ་ཅུ་རྩ་དྲུག་ཏུ་དབྱེ་བ་སྤྱིར་མེད་པ་མ་ཡིན་ནོ། །ཞེས་ཞར་བྱུང་གིས་སྟོན་པ་ནི་དེ་བཞིན་དུ་སོགས་སོ། །གཉིས་པ་དཀྱིལ་འཁོར་གྱི་ལྷ་གྲངས་དང་སྦྱར་བ་ནི། ཉིན་ཞག་གི་ཚོགས་ཞེས་པ་ནས་། ངེས་པའོ། ཞེས་པའི་བར་ཏེ། དེའང་ལོ་


JLD011_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཞག་གྲངས་སྟོང་བརྒྱད་ཅུ་ལ། གཟའ་སྟེ་བདུན་གྱིས་བགོས་པའི་ཐོབ་ནོར་བརྒྱ་ང་བཞི་ནི། དུས་ཀྱི་འཁོར་ལོའི་པདྨ་གདན་ཅན་གྱི་ལྷ་བརྒྱ་ང་བཞིའི་གྲངས་དང་། བགོས་པའི་ལྷག་མ་གཉིས་ལུས་པ་ནི་གཙོ་བོ་ཡབ་ཡུམ་གཉིས་ཏེ། དེ་ལྟར་ན་བརྒྱ་ང་དྲུག་གོ །སླར་ཡང་ལོ་གསུམ་གྱི་ཉིན་ཞག་སྟོང་བརྒྱད་ཅུ་པོ་དེ་ལ་ཕྱོགས་ཞེས་པ་བཅོ་ལྔས་བགོས་པའི་ཐོབ་ནོར་བདུན་ཅུ་ནི་བདེ་མཆོག་སྡོམ་ཆེན་གྱི་དཀྱིལ་འཁོར་མངོན་བརྗོད་འབུམ་པ་ནས་གསུངས་པའི་ལྷ་གྲངས་ཡིན་ཞིང་། དེ་ལའང་གཙོ་བོ་ནི། དུས་ཀྱི་འཁོར་ལོ་ཡབ་ཡུམ་གཉིས་གཞག་པར་བྱ་སྟེ་དེ་ལྟར་ན་བདུན་ཅུ་རྩ་གཉིས་སོ། །འཇིག་རྟེན་ཀུན་རྫོབ་ཀྱིས་ཞེས་སོགས་ནི་དོན་བསྡུ་བ་སྟེ། ཀུན་རྫོབ་ཀྱིས་གསུངས་པའི་དོན་ནི་དོན་དམ་པར་རིགས་དྲུག་ལ་སོགས་པར་དབྱེར་མེད་ཀྱང་། ཀུན་རྫོབ་ཙམ་དུ་ལྡོག་པའི་སྒོ་ནས་རིགས་དུ་མར་བཞག་ཅེས་པའོ། །རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །ཞེས་པས་ནི། དུས་ཀྱི་འཁོར་ལོའི་རྒྱུད་ཀྱང་རྣལ་འབྱོར་མ་རྒྱུད་དུ་ཆེས་གསལ་བར་བཤད་ལ། ཁ་ཅིག་དུས་ཀྱི་འཁོར་ལོའི་ལྷའི་ནང་ན་མ་རྒྱུད་ཀྱི་ལྷའང་ཡོད་པས། དེ་ལྟར་གསུངས་ཀྱི་དུས་ཀྱི་འཁོར་ལོ་ནི་གཉིས་མེད་ཀྱི་རྒྱུད་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་དུས་ཀྱི་འཁོར་ལོའི་ལྷའི་ནང་ན་ཕ་རྒྱུད་ཀྱི་ལྷའང་ཡོད་པས། ཕ་རྒྱུད་དུའང་གསུངས་དགོས་པར་འགྱུར་ཞིང་།


JLD011_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་སོགས་ཀྱི་ལྷའི་ནང་ན་མ་རྒྱུད་ཀྱི་ལྷའང་ཡོད་པས་དེ་དག་ཀྱང་རྣལ་འབྱོར་མའི་རྒྱུད་དུ་གསུངས་རིགས་པར་འགྱུར་ལ་བདེ་སྟོང་གཉིས་སུ་མེད་པ་བརྗོད་བྱའི་གཙོ་བོར་མི་སྟོན་པའི་བླ་མེད་ཀྱི་རྒྱུད་མི་སྲིད་པས། གཉིས་མེད་ཀྱི་རྒྱུད་ཡིན་ན་རྣལ་འབྱོར་མ་རྒྱུད་ཡིན་པར་འགལ་ན། མ་རྒྱུད་ཡིན་ན་བླ་མེད་ཀྱི་རྒྱུད་དུ་འགལ་དགོས་པར་ཡང་འགྱུར་ལ། བླ་མེད་ཀྱི་རྡོ་རྗེ་ཐེག་པའི་དོན་བདེ་སྟོང་དབྱེར་མི་ཕྱེད་པར་སྦྱོར་བ་ལ། གཞུང་འདི་ཉིད་དུའང་། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ། ཞེས་སོགས་ཀྱིས་བཤད་པའི་ཚུལ་གསལ་བར་གོང་དུ་བརྗོད་ཟིན་ཏོ། །འོན་ཀྱང་ཕ་རྒྱུད་མ་རྒྱུད་དུ་འབྱེད་པའི་ཐབས་ཤེས་དང་། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཅེས་པའི་ཐབས་ཤེས་ནི། མིང་འདྲའང་། དོན་ཤིན་ཏུ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས་ཁྱད་པར་དེ་དག་ཕྱེད་དགོས་ལ། ཡེ་ཤེས་པ་དགུག་གཞུག་ལ་ལྷ་ཕོ་རྒྱུད་མོ་རྒྱུད་སོགས་ཀྱི་རྣམ་གཞག་ནི་སྔར་ཡང་ཅུང་ཟད་བཤད་ཟིན་ལ། འོག་ཏུའང་འཆད་དོ། །གཉིས་པ་ཕྱོགས་གསུམ་གྱི་ཞག་དང་། རྣལ་འབྱོར་ཕ་རྒྱུད་ཀྱི་ལྷ་གྲངས་སྦྱར་བ་ནི། དཀྱིལ་འཁོར་གྱི་ལྷ་གྲངས་དང་སྦྱར་བ་དང་། ཕྱོགས་གསུམ་གྱི་ཞག་ཕྱག་རྒྱ་དགུ་དང་སྦྱར་བ་གཉིས་སོ། །དང་པོ་ནི། ད་ནི་སྒྱུ་འཕྲུལ་དྲ་བ་ཞེས་པ་ལ་སོགས་པས། ཞེས་པ་ནས་། རྒྱུད་འབྱུང་བའི་ངེས་པའོ་། ཞེས་པའི་བར་གསུངས་ཏེ། དེའང་། བྱ་བའི་རྣལ་འབྱོར་དང་། ཞེས་པ་ལ་ཁ་ཅིག །འདིར་འགྱུར་མ་ལེགས་པས་འགྱུར་མངས་དང་། རྭ་འགྱུར་ལ་ཡོད་པ་ལྟར་བྱ་བ་དང་། ཞེས་འདོན་དགོས་ལ། དེའི་དོན་ཡང་བྱ་བའི་རྒྱུད་སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་དང་། ཞེས་བྱ་བ་


JLD011_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་། ཞེས་ཟེར་རོ། །ཤིན་ཏུ་མི་འཐད་དེ། འདིར་བླ་མེད་ཀྱི་རྒྱུད་ལ་ཕ་རྒྱུད་མ་རྒྱུད་གཉིས་སུ་ཕྱེ་ནས། དེ་དག་གི་ལྷ་གྲངས་དང་། ཕྱོགས་གསུམ་པོ་གསུམ་སྦྱོར་བའི་སྐབས་ཡིན་པས་སྐབས་དང་མ་འབྲེལ་བའི་ཕྱིར་དང་། འདིའི་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གསུམ་གསུངས་པའི་ལྷ་ཐམས་ཅད་ཀྱང་། ལྷ་ཡབ་ཡུམ་ཞལ་སྦྱོར་ཤ་སྟག་ཏུ་གསུངས་ཤིང་། བྱ་རྒྱུད་ཀྱི་དཀྱིལ་འཁོར་ལ་ལྷ་ཡབ་ཡུམ་ཞལ་སྦྱོར་བྱེད་པ་ནི་ལུང་རིགས་ཁས་བླངས་ཐམས་ཅད་དང་འགལ་བའི་ཕྱིར་རོ། །དེ་ལ་ཕྱོགས་གསུམ་གྱི་ཞག་བཞི་བཅུ་རྩ་ལྔ་ལ་ཉིན་ཞག་སོ་སོ་ལ་དུས་སྦྱོར་བཅུ་གཉིས་རེ་བརྒྱུ་བས་དེའི་དབང་དུ་བྱས་ཏེ། ཞག་ཞེ་ལྔ་བཅུ་གཉིས་ཀྱིས་བསྒྱུར་བས། ལྔ་བརྒྱ་དང་བཞི་བཅུ་འབྱུང་ལ། དེའི་ནང་ནས། ཞག་ཉིས་བརྒྱ་དོན་བཞིའི་གྲངས་དང་། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གསུམ་གྱི་ལྷ་གྲངས་སྦྱོར་ཏེ། དེའང་དཀྱིལ་འཁོར་གྱི་ལྷ་ཡབ་ཡུམ་ཟུང་བཞི་བཅུ་རྩ་དགུ་མ་དང་། ལྷ་ཡབ་ཡུམ་ཟུང་ཞེ་ལྔ་མ་དང་། ཞེ་གསུམ་མའོ། །དེ་དག་གི་ཡབ་ཡུམ་སོ་སོར་བརྩིས་པས་ལྷ་ཉིས་བརྒྱ་དོན་བཞིའོ། །ཞག་ལྔ་བརྒྱ་བཞི་བཅུ་ལས། ཉིས་བརྒྱ་དོན་བཞི་སྤྱད་པའི་ལྷག་ཉིས་བརྒྱ་དྲུག་ཅུ་རྩ་དྲུག་གི་གཉིས་ཀྱིས་དམན་པའི་གྲངས་དང་། འདུས་པའི་དཀྱིལ་འཁོར་དྲུག་གི་ལྷ་གྲངས་སྦྱོར་བ་ལ། འདུས་པའི་ལྷ་ཐམས་ཅད་ཀྱང་ཡབ་ཡུམ་ཟུང་དུ་བྱས་པ། ལྷ་ཉི་ཤུ་རྩ་ལྔ་མ་དང་། ལྷ་བཅུ་དགུ་མ་དང་། ལྷ་དགུ་མ་དང་། ལྷ་བཅུ་གསུམ་མ་དང་། ལྷ་སོ་གཉིས་མ་དང་། ལྷ་སོ་བཞི་མ་སྟེ། དཀྱིལ་


JLD011_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དྲུག །ལྷ་ཡབ་ཡུམ་སོ་སོར་བགྲངས་པས་ཉིས་བརྒྱ་དྲུག་ཅུ་རྩ་བཞི་ཡོད་ལ། ཉིས་བརྒྱ་དྲུག་ཅུ་རྩ་དྲུག་ཏུ་ད་དུང་གཉིས་ཀྱིས་མ་ལོངས་པ་ལ་ནི། སྔར་གྱི་བདག་པོ་ཟུང་དུས་ཀྱི་འཁོར་ལོ་ཡབ་ཡུམ་གཉིས་བསྣན་པས་འདུས་པ་དང་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་དགུ །སྔར་གྱི་བདག་པོ་ཟུང་དང་བཅས་པ་ལ་ལྔ་བརྒྱ་བཞི་བཅུའོ། །འདིར་ཁ་ཅིག །འདུས་པ་རྣམ་པ་དྲུག་གི་ལྷ་དགུ་མ་པཎྜི་ཏ་ཐ་ག་ན། བཅུ་གསུམ་མ་ཨིནྡྲ་བོ་དྷི། བཅུ་དགུ་མ་ཡེ་ཤེས་ཞབས། ཉེར་ལྔ་མ། པཎྜི་ཏ་མགྲིན་པ་གསུམ་པ། སོ་གཉིས་མ། འཕགས་པ་ཡབ་སྲས། སོ་བཞི་མ་སློབ་དཔོན་ཀུན་སྙིང་བཞེད་དོ། ཞེས་ཟེར་བ་ནི། མ་བརྟགས་པ་སྟེ། ཐ་ག་ན་ཡེ་ཤེས་ཞབས་ལུགས་ཀྱི་དགོངས་པ་འགྲེལ་པ་པོའི་གཙོ་བོ་ཞིག་ཡིན་པས། ལྷ་བཅུ་དགུར་བཞེད་ཀྱི། དེས་ལྷ་དགུ་མ་གང་དུའང་མ་བཤད་ལ། ཨིནྡྲ་བོ་དྷི་ཆེན་པོ་འོང་དོན་མེད་ཅིང་། ཆུང་བ་ཞིག་བཅུ་གསུམ་དུ་བཞེད་ཅེས་གྲགས་ཀྱང་། ཤེས་བྱེད་མ་མཐོང་ལ། མགྲིན་པ་གསུམ་པས་མཛད་པའི་གཞུང་གསལ་བ་ད་ལྟ་བོད་ན་མེད་ཅིང་། ལྷ་ཉེར་ལྔར་བཞེད་པར་སྔ་མ་དག་ལ་གྲགས་ཀྱང་ཤེས་བྱེད་རྙེད་དཀའ་ལ། སློབ་དཔོན་ཀུན་སྙིང་གིས་མཛད་པའི་འགྲེལ་པ་ཆུང་བའི་ལུགས་ནི། མི་བསྐྱོད་པས་གཙོ་བྱས་པའི་ལྷ་བཅུ་དགུ་མར་ཆེས་གསལ་བར་བཤད་ཀྱི་སོ་བཞི་མ་ཟུར་ཙམ་ཡང་མ་བཤད་ལ། སློབ་དཔོན་ཀུན་སྙིང་གིས་མཛད་ཟེར་བའི་འགྲེལ་པ་ཆེ་བ་ནི། སློབ་དཔོན་དེ་ཉིད་ལ་ཁ་གཡར་བའི་མ་དག་པར་མཁས་པ་དག་བཞེད་པ་ལྟར་དོན་ལ་གནས་པར་སྣང་ངོ་། །ལྷ་བཅུ་བདུན་མ་པདྨ་རྡོ་རྗེ་བཞེད་ཀྱང་འདིར་


JLD011_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསུངས་སོ། །ཞེས་ཟེར་བའང་མ་བརྟགས་པ་སྟེ། སློབ་དཔོན་དེས་མཛད་པའི་གསང་བ་གྲུབ་པར། བྱང་ཆུབ་སེམས་དཔའ་བཅུ་བདུན་གྱི་གོ་རིམ་གྱིས་ངེས་པར་རྫོགས་པར་གྱུར་ནས། ཞེས་པ་ཙམ་ལ་བསམ་པར་སྣང་ལ། དེའི་དོན་ནི་ཚུལ་དེ་མ་ཡིན་པར། རིམ་པ་ལྔ་གསལ་བའི་སྒྲོན་མེར་རྒྱས་པར་གསུངས་པ་བཞིན་ནོ། །གཞན་ཡང་སློབ་དཔོན་ཀུན་སྙིང་དང་ཤནྟི་པ་སོགས་ཀྱིས་བཤད་པའི་མི་བསྐྱོད་པའི་ལྷ་བཅུ་དགུའི་དཀྱིལ་འཁོར་དང་། འཕགས་པ་ཡབ་སྲས་ཀྱིས་སོ་གཉིས་སུ་གསུངས་པའི་དཀྱིལ་འཁོར་རྣམས་ཀྱི་ནི། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཡབ་ཡུམ་ཟུང་མ་ཡིན་པ་རྐྱང་བ་ཁོ་ན་ཡིན་ལ། འདིར་བཤད་པའི་འདུས་པའི་དཀྱིལ་འཁོར་དྲུག་པོ་ཐམས་ཅད་ཀྱང་འཁོར་གྱི་ལྷ་ཐམས་ཅད་ཡབ་ཡུམ་ཞལ་སྦྱོར་ཁོ་ན་ཡིན་པས་ཤིན་ཏུ་མི་འདྲའོ། །དེས་ན་འདིར་བཤད་པ་འདི་དག །ད་ལྟའི་འདུས་པའི་རྒྱུད་རྩ་བཤད་འདི་དག་གང་ནའང་མི་གསལ་ཡང་། འདུས་པའི་རྩ་རྒྱུད་རྒྱས་པ་ལྟ་བུ་ཞིག་ན་བཞུགས་པར་གསལ་ལོ། །དེའི་ཕྱིར་འདི་དག་དང་། འོག་ནས་འབྱུང་བའི་དུས་ཀྱི་འཁོར་ལོ་ཉིད། གཙོ་འཁོར་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། སྐྱིལ་ཀྲུང་གིས་བཞུགས་པ། འདུས་པ་ལྟ་བུར་འགྱུར་བར་གསུངས་པ་འདི་དག་ལ། སྔར་གྱི་བླ་མ་གོང་མ་ཁུངས་མ་དག་ལས་བརྒྱུད་པའི་དབང་གི་བཀའ་དང་། འདི་དག་ལ་རྒྱ་བོད་ཀྱི་ཚད་ལྡན་སུས་ཀྱང་སྒྲུབ་ཐབས་སོགས་མཛད་པ་གཏན་མེད་ཅིང་། འདུས་པའི་དཀྱིལ་འཁོར་འདི་དག་གི །ཐ་ན་ལྷའི་ཞལ་ཕྱག་


JLD011_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁ་དོག་དང་། ཕྱག་མཚན་ཙམ་ཡང་། རང་བཟོ་འབའ་ཞིག་གིས་བྱེད་པ་མ་གཏོགས། ཇི་ལྟ་བ་ཤེས་པ་མེད་པས། འདི་དག་གི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བསྐུར་བ་སོགས་ཀྱི་ཆོ་ག་རང་བཟོ་བྱེད་པ་དག་ནི། གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །ཞེས་གསུངས་པ་ལྟར། རང་འཕུང་བར་བྱས་ནས་གཞན་འཕུང་བར་བྱེད་པ་ཡིན་པས། དཔྱོད་པ་དང་ལྡན་པ་དག་གིས་རྒྱང་རིང་དུ་དོར་བར་བྱའོ། །གལ་ཏེ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་ཞུགས་ན། དཀྱིལ་འཁོར་གཞན་འདི་དག་ཐམས་ཅད་དུ་ཞུགས་པར་གསུངས་པས་དབང་རང་ཉིད་ཀྱིས་མ་ཐོབ་པར་མི་འགྱུར་རོ། །ཞེ་ན། དེ་ལྟ་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཞུགས་ན། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་དེ་ཉིད་བསྡུས་པ་ལས་གསུངས་པས། རྡོ་རྗེ་དབྱིངས་གཅིག་པུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ན། དེ་ཉིད་དཀྱིལ་འཁོར་མཐའ་དག་གི་དབང་བསྐུར་བ་ལ་དབང་བར་འགྱུར་ཞིང་། བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ན། དེ་ཙམ་གྱིས་བདེ་མཆོག་གི་རྒྱུད་ནས་གསུངས་པའི་དཀྱིལ་འཁོར་ཆེས་མང་པོ་དེ་དག་ཐམས་ཅད་ཀྱི་དབང་བསྐུར་བ་ལ་དབང་བར་འགྱུར་རོ། །བླ་མ་རྭ་པ་དག་འདིར་བཤད་པའི་འདུས་པ་དྲུག་ལ། རང་རྐྱ་ཐུབ་པའི་འདུས་པ་གཉིས། ཕྱེད་ཀྱིས་དམན་པའི་འདུས་པ་གཉིས། གཉིས་ཀྱིས་བསྲེས་པའི་འདུས་པ་གཉིས། ཞེས་ཟེར་རོ། །འདིར་མངལ་ནས་སྐྱེས་པའི་ཕུང་པོ་དང་། །


JLD011_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ནི། འདུས་པ་དང་། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་དགུ །སྦྱང་གཞི་རྒྱས་བསྡུས་ཀྱི་དབྱེ་བས་ཕྱེ་བའི་ཚུལ་འཆད་པ་ཡིན་ཏེ་ཤེས་སླའོ། །གཉིས་པ་ཕྱོགས་གསུམ་གྱི་ཞག་ཕྱག་རྒྱ་དགུ་དང་སྦྱར་བ་ནི། ད་ནི་ཕྱི་དང་ནང་གི་ཕྱག་རྒྱ་གསུངས་ཏེ། ཞེས་པ་ནས། ངེས་པའོ། ཞེས་པའི་བར་ཏེ། དེ་ལ་འདིར་ཐམས་ཅད་ཅེས་པ་ནས་སྙིང་རྗེ་ནི་ཐབས་ཏེ་འབྲས་བུའོ། །ཞེས་པའི་བར་གྱིས་དང་པོར་ངེས་དོན་རྫོགས་རིམ་གྱི་དབང་དུ་བྱས་པའི་ཕྱག་རྒྱའི་རྒྱས་འདེབས་འཆད་དེ། རྒྱུ་སྟོང་པ་ཕྱག་རྒྱ་ཆེན་མོ་དང་། འབྲས་བུ་མི་འགྱུར་བའི་བདེ་བ་གཉིས་ཕན་ཚུན་རྒྱས་གདབ་པར་བྱ་བའོ། །དེའང་ཕྱག་རྒྱ་ནི་མི་འདའ་བའི་དོན་ཏེ། སྟོང་པ་ཉིད་ཀྱི་ཕྱག་རྒྱ་ཆེན་མོས་འབྲས་བུ་བདེ་བ་འདྲེན་པ་ལས་མི་འདའ་ལ། མི་འགྱུར་བའི་བདེ་ཆེན་ཡང་། རྒྱུ་ཕྱག་རྒྱ་ཆེན་མོ་སྐྱེ་བ་ལས་མི་འདའ་བར་རྒྱས་འདེབས་པའི་དོན་ནོ། །དེ་ལ་དབང་མདོར་བསྟན་དུ། སྟོང་ཉིད་གཟུང་འཛིན་རྒྱུ་ཡིན་ཏེ། །མི་འགྱུར་ལས་སྐྱེས་བདེ་བ་འབྲས། །རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང་། །འབྲས་བུ་རྒྱུ་ཡིས་རྒྱས་གདབ་བོ། །ཞེས་པས། སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་དང་། དེ་ལས་སྐྱེས་པའི་མི་འགྱུར་བའི་བདེ་བ་སྔ་ཕྱི་བ་ལ། རྒྱུ་འབྲས་ཕན་ཚུན་རྒྱས་འདེབས་གསུངས་པ་ཡིན་ལ། འབྲས་བུ་དང་ནི་རྒྱུ་ཡིས་ནི། །ཕན་ཚུན་དུ་ནི་རྒྱས་གདབ་མེད། །ཅེས་པ་ནས། དེ་ཕྱིར་བདག་གིས་བདག་ཉིད་ལ། །འགར་ཡང་རྒྱས་གདབ་ནུས་མ་ཡིན། །ཞེས་པའི་བར་གྱིས་ནི།


JLD011_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བའི་བདེ་ཆེན་དང་། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དུས་མཉམ་པ་ནི་བདག་ཉིད་གཅིག་ཡིན་པས་རྒྱུ་འབྲས་ཀྱི་རྒྱས་གདབ་མི་རུང་བར་བསྟན་པ་ཡིན་ནོ། །དེ་ལྟར་ངེས་དོན་གྱི་ཕྱག་རྒྱ་ཆེན་མོའི་རྒྱས་འདེབས་ཚུལ་ཞར་བྱུང་གིས་བཤད་ནས། དངོས་ཀྱི་དོན་ནི། འདིར་གང་ཟག་གཅིག །ཅེས་སོགས་ཏེ། དེའང་ཕྱོགས་གསུམ་གྱི་ཞག་ཞེ་ལྔ་པོ་ལ་བདུན་གྱིས་བགོས་པས་ཐོབ་ནོར་དྲུག་འབྱུང་བ་ནི། དུས་ཀྱི་འཁོར་ལོའི་ཕྱིའི་ཕྱག་རྒྱ་དྲུག་གི་གྲངས་ཏེ། འཁོར་ལོ་རྣ་ཆ་སོགས་དང་། བགོས་པའི་ལྷག་མ་གསུམ་ལུས་པ་ནི། ནང་གི་ཕྱག་རྒྱའི་གྲངས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་མོ། །དེའང་། འཁོར་ལོ་སོགས་དྲུག་གིས་ནི། མི་བསྐྱོད་པ་སོགས་རིགས་བདག་གིས་རྒྱས་འདེབས་པའི་ལྷའི་རིགས་དྲུག་མཚོན་ནོ། །གསུམ་པ་དེ་ལྟར་སྦྱར་བའི་ནང་ནས་པདྨ་གདན་ཅན་གྱི་ལྷ་བརྒྱ་ང་དྲུག་པོ་ངོས་བཟུང་བ་ནི། ད་ནི་ནུས་མ་ཞེས་པ་ལ་སོགས་པས། ཞེས་པ་ནས། ངེས་པའོ། ཞེས་པའི་བར་གསུངས་ཏེ། དེའང་། འདིར་ནུས་མ་བཅུ་ཁྲོ་བོ་བཅུ། གཤེགས་པ་ལྔ་དང་། གཤེགས་མ་ལྔ། རྡོ་རྗེ་མ་དྲུག་དང་། ས་སྙིང་སོགས་དྲུག །སྐུའི་དཀྱིལ་འཁོར་གྱི་དབང་པོ་ལ་སོགས་པ་བཅུ་གཉིས། ཙར་ཙི་ཀ་ལ་སོགས་པ་རྣལ་འབྱོར་མ་བརྒྱད། མཐའ་ཡས་ལ་སོགས་པའི་ཀླུ་བརྒྱད། ཁྱི་གདོང་མ་ལ་སོགས་པའི་གཏུམ་མོ་བརྒྱད་དེ། དེ་དག་ཐབས་ཤེས་ཀྱི་དབྱེ་བས་བརྒྱ་ང་དྲུག་ཏུ་འགྱུར་བར་གསུངས་ལ། དེ་ལ་ནུས་མ་རྣམས་ལ་ནི་ཡབ་དང་དངོས་སུ་སྦྱོར་བ་མེད་པས་ཡབ་ཡུམ་སོ་སོར་བགྲང་རྒྱུ་མེད་ལ། དེ་དག་ཡབ་ཡུམ་སོ་སོར་མ་བགྲངས་ན། ཐབས་ཤེས་ཀྱི་དབྱེ་བས་ཕྱེའང་། བརྒྱ་དང་


JLD011_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ང་དྲུག་ཏུ་བཅུ་ཡིས་མི་ཚང་ངོ་། །དེ་ལ་ནུས་མ་རྣམས་གཙོ་བོའི་ཡུམ་ཡིན་པས། གཙོ་བོ་དེ་དག་ལ་ཡབ་ཏུ་སྦྱར་བའི་དབང་དུ་བྱས་ན། གཙོ་བོ་ཉིད་ཡེ་ཤེས་ཀྱི་འཁོར་ལོ་གཅིག་པུའི་ནང་དུ་ལྷ་བཅུའི་གྲངས་སུ་བགྲང་དགོས་པར་འགྱུར་ལ། བུམ་པ་རྣམས་པདྨའི་ལྟེ་བ་ལ་ཡོད་ཀྱང་། ལྷའི་རྣམ་པར་མེད་ཅིང་། འདིར་ལྷའི་གྲངས་སུ་བགྲང་བ་ལ་ནི་ལྷའི་ངོ་བོ་ཡིན་པ་ཙམ་གྱིས་མི་ཆོག་གི །ཞལ་ཕྱག་སོགས་སྐུའི་རྣམ་པ་ལྷར་ཤར་བ་དགོས་སོ། །དེ་ལྟ་མིན་ན། ནོར་བུ་དང་། དུང་དང་། གཎྡེ་དང་། དཔག་བསམ་གྱི་ཤིང་གི་མཚན་མ་བཞི་དང་། དེར་མ་ཟད་གཞལ་མེད་ཁང་ཡང་ལྷའི་གྲངས་སུ་བགྲང་རིགས་པར་འགྱུར་ཏེ། དེ་དག་ཀྱང་ལྷའི་ངོ་བོ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་བརྩི་བར་བྱ་ཞེ་ན། འདིར་ནི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷའི་ནང་ན། པདྨའི་འདབ་མ་མིན་པར་རང་རང་གི་གདན་པདྨའི་ལྟེ་བ་ལ་གནས་པའི་ལྷ་རྣམས་གཙོ་བོ་ཡིན་པས་གཙོ་ཆེ་བ་དག་བསྡུས་པས་བརྒྱ་དང་ང་དྲུག་ཡིན་ཞིང་། དེའང་གཙོ་བོ་ཡབ་ཡུམ་སོ་སོར་བགྲང་བ་དང་། གཤེགས་པ་བཞི་ལ་ཡུམ་གྱིས་ཚུར་འཁྱུད་པ་སོ་སོར་བགྲངས་པས་བརྒྱད། གཤེགས་མ་བཞི་ལ་ཡབ་ཀྱིས་ཕར་འཁྱུད་པ་སོ་སོར་བརྩིས་པས་བརྒྱད། གོང་དུའང་ལོ་གསུམ་དང་སྦྱོར་བ་ན་རྣལ་འབྱོར་མའི་ལྷ་རིགས་དྲུག་ཏུ་དབྱེ་དགོས་པར་བཤད་ཅིང་དཀྱིལ་འཁོར་བསྒོམ་པའི་ཚེ་ན། མི་བསྐྱོད་པ་ལ་ཤེར་ཕྱིན་མས་འཁྱུད་པ་ཡབ་ལ་བསྟིམ་པ་དང་། རྡོ་རྗེ་སེམས་དཔའ་ལ་


JLD011_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཕྱུག་མས་འཁྱུད་པ་ཡུམ་ལ་བསྟིམ་དགོས་པས་དེའི་ཕྱིར། དེ་གཉིས་ཀྱང་བརྩི་དགོས་པས་མི་བསྐྱོད་པ་ལ་ཤེར་ཕྱིན་མས་འཁྱུད་པ་སོ་སོར་བརྩིས་པ་དང་། ཤེར་ཕྱིན་མ་ལ་མི་བསྐྱོད་པས་འཁྱུད་པ་སོ་སོར་བརྩིས་པ་བཞི་དེ་ལྟར་རྡོར་སེམས་དང་། དབྱིངས་ཕྱུག་མ་ལའང་སྦྱར་བས་བཞི། སྒྲུབ་ཐབས་ལེའུར་ཁྲོ་བོ་གཙུག་ཏོར་ཡབ་ཡུམ། ཐུགས་ཀྱི་ནང་དུ། སྟེང་གི་ཆ་ལ་འགོད་པར་དངོས་སུ་གསུངས་ཤིང་། སྐུ་དཀྱིལ་དུ་བཀོད་པ་དང་། ཁྲོ་བོའི་རིགས་གཅིག་ཀྱང་འགོད་པའི་དཀྱིལ་འཁོར་ཐ་དད་ཡིན་པས། ལྷའི་གྲངས་སོ་སོར་བགྲང་དགོས་པས། ཐུགས་དཀྱིལ་ལ་བཀོད་པའི་གཙུག་ཏོར་ཡབ་ཡུམ་གཉིས་སོ་སོར་བརྩིས་པ་དང་། ནུས་མ་བརྒྱད་དང་ལྷག་མ་ལྔར་བཤད་པ་རྣམས་ཡབ་ཡུམ་སོ་སོར་བགྲངས་པས་བརྒྱ་ང་དྲུག་ཏུ་འགྱུར་རོ། །འོ་ན་ནུས་མ་བརྒྱད། ཀླུ་དང་རབ་གཏུམ་མ་རྣམས་པདྨའི་ལྟེ་བ་ལ་མེད་པ་ལ། འདིར་པདྨའི་ལྟེ་བ་ལ་གནས་པའི་ལྷའི་ཚོགས་ཀྱི་ངེས་པའོ། ཞེས་པ་དང་འགལ་ལོ་ཞེ་ན། ཞེས་པའི་དོགས་པ་བཀོད་ནས། དེའི་ལན་དུ། ནུས་མ་རྣམས་ནི་གཙོ་བོའི་ཡུམ་ཡིན་པས། རེ་མོས་ཀྱིས་པདྨའི་ལྟེ་བ་ལ་གནས་པར་འགྱུར་བ་ལ་དགོངས་ལ། ཀླུ་རྣམས་ནི་འབྱུང་བའི་དཀྱིལ་འཁོར་གྱི་དབུས་ན་གནས་ལ། རབ་གཏུམ་མ་རྣམས་འཁོར་ལོའི་ལྟེ་བ་ལ་གནས་པས། པདྨའི་ལྟེ་བ་ན་གནས་པ་དང་ཆ་མཐུན་པ་ལ་དགོངས་པས་སྐྱོན་མེད་དོ་ཞེས་ཟེར་རོ། །དེ་ལྟ་ན་དཀྱིལ་འཁོར་གྱི་ལྷ་ལྷག་མ་རྣམས་ལའང་པདྨའི་ལྟེ་བ་དང་ཆ་མཐུན་པ་ལ་གནས་པ་འོང་བས། དེ་


JLD011_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་པདྨའི་གདན་ཅན་གྱི་ལྷར་བགྲང་རིགས་པར་འགྱུར་རོ། །དེ་བས་ན། འདིར་པདྨའི་ལྟེ་བ་ལ་གནས་པར་ཆེས་གསལ་བར་གསུངས་པ་ལ་དགོངས་གཞི་མ་བཙལ་ཡང་གནོད་པ་ཅིའང་མེད་ཅིང་། སྒྲུབ་ལེར། ཀླུ་དང་རབ་གཏུམ་མ་རྣམས་ལ་པདྨའི་གདན་དངོས་སུ་མ་གསུངས་ཀྱང་། པདྨའི་གདན་བྱ་མི་རུང་བར་བཤད་པའང་མེད་པས། འདིར་པདྨ་ལ་གནས་པར་གསུངས་པ་ཉིད་ཀྱིས་འོག་ཏུའང་ཁ་བཀང་སྟེ། ཀླུ་དང་རབ་གཏུམ་མ་རྣམས་ལའང་པདྨའི་གདན། འབྱུང་བའི་དཀྱིལ་འཁོར་དང་། འཁོར་ལོའི་ལྟེ་བ་རྣམས་སུ་བྱ་བར་ཤིན་ཏུ་གསལ་ལོ། །སྲིད་པར། ཞེས་པ་འགྱུར་མངས་ན་གནས་སུ་ཞེས་བསྒྱུར་བ་ལྟར་རོ། །ད་ནི་བཞི་པ། སླར་ཡང་ལོ་གསུམ། ཕྱོགས་གསུམ་གྱི་ཞག་གྲངས་དང་རྩ་རྒྱུད་ཀྱི་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་ལྷ་གྲངས་དང་སྦྱར་ནས། དེ་ལ་བསྡུས་རྒྱུད་ཀྱི་ལྷ་བསྡུས་པའི་ཚུལ་སྟོན་པ་ནི། ད་ནི་ཙརྩི་ཀ་ལ་སོགས་པའི་ཞེས་པ་ནས་བསྡུས་པའི་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ངེས་པའོ་ཞེས་པའི་བར་གསུངས་ཏེ། དེའང་ཞག་གཅིག་གི་ཉི་མའི་ཡེ་ཤེས་ཆ་འབྲིང་དུ་བརྩིས་པ། སུམ་ཅུ་སོ་གཉིས་ཀྱི་ཆས། དབུགས་ཀྱི་འཁོར་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་བགོས་པས། ཉིན་ཞག་སོ་སོའི་ཐོབ་སྐལ་ལ་ཆུ་སྲང་ང་དྲུག་དང་། དབུགས་ཕྱེད་དང་གཉིས་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་གཉིས་གཉིས་ཐོབ་ལ། ད་ནི་ཟླ་བའི་དབུས། ཞེས་པ་ཉིན་ཞག་སུམ་ཅུ་ན། ཆུ་སྲང་ང་དྲུག་དང་། དབུགས་ཕྱེད་དང་གཉིས་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་དྲུག་ཅུར་འགྱུར་ཏེ། དེ་ཉིད་ནང་དུ་ཉིན་ཞག་གཅིག་


JLD011_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྒྱུས་པའི་ཆུ་ཚོད་དེ་དྲུག་ཅུ་བོ་དེ་ནི་རིགས་ལྡན་གྱི་རང་བཞིན་ཞེས་པ་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་ལ་དུས་སྦྱོར་རམ་ཐུན་མཚམས་བཞིའི་རླུང་བསྲེས་པས་དྲུག་ཅུ་རྩ་བཞི་པོ་དེ་ནི་གསུང་གི་འཁོར་ལོའི་འདབ་མ་ལྷ་ཟུང་དྲུག་ཅུ་རྩ་བཞིར་འགྱུར་ལ། དེ་དག་ཀྱང་ཐབས་ཤེས་ཡབ་ཡུམ་སོ་སོར་བགྲངས་པས་ཉིས་འགྱུར་ཏེ། བརྒྱ་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །ཡང་ཉི་མའི་ཡེ་ཤེས་ཀྱི་ཆ་ལོ་གསུམ་གྱི་ནང་ནས། ལོ་གཅིག་ཞག་སུམ་བརྒྱ་དྲུག་ཅུ་ནི། སྐུའི་དཀྱིལ་འཁོར་གྱི་ཚེས་ལྷ་སུམ་བརྒྱ་དྲུག་ཅུ་སྟེ། དེ་ལ། དབང་པོ་སོགས་གཙོ་བོ་བཅུ་གཉིས་པདྨའི་གདན་ཅན་བརྒྱ་དང་ང་དྲུག་གི་ནང་དུ་སོང་བས། དེའི་ཚབ་འདིར་སྒེག་སོགས་བཅུ་གཉིས་ཏེ། དེ་དག་ཐམས་ཅད་ཐབས་ཤེས་ཟུང་ཡིན་པས། སོ་སོར་བགྲངས་པའི་ལྷ་བདུན་བརྒྱ་ཉི་ཤུའོ། །དེ་ལྟར་ན་པདྨའི་འདབ་མའི་ལྷ་བརྒྱད་བརྒྱ་བཞི་བཅུ་རྩ་བརྒྱད། སྔར་གྱི་པདྨའི་ལྟེ་བའི་ལྷ་བརྒྱ་ང་དྲུག །འཁོར་ལོ་སྡོམ་ཆེན་གྱི་ལྷ་གྲངས་བདུན་ཅུ་རྩ་གཉིས་ལས། གཙོ་བོ་ཡབ་ཡུམ་མ་གཏོགས་པ་བདུན་ཅུ། ཕྱག་རྒྱའམ་རྒྱས་འདེབས་ཀྱི་ལྷ་དྲུག་དང་བཅས་པས་སྟོང་བརྒྱད་ཅུ་ནི། ལོ་གསུམ་གྱི་ཞག་གྲངས་ཀྱི་ལྷ་ཡིན་ལ། དེའི་སྟེང་དུ་ཕྱོགས་གསུམ་གྱི་ཞག་དུས་སྦྱོར་བཅུ་གཉིས་ཀྱིས་བསྒྱུར་བའི་ལྔ་བརྒྱ་བཞི་བཅུ་པོ་སྒྱུ་འཕྲུལ་དྲ་བ་དང་། འདུས་པའི་དཀྱིལ་འཁོར་དགུའི་ལྷ་དང་སྦྱར་བ་ལྟར་གྱི་ལྷ་གྲངས་ཏེ། དེ་ལྟར་ཉི་མའི་ཡེ་ཤེས་ཆ་ལོ་གསུམ་གྱི་ཞག་གྲངས་དང་། ཟླ་བའི་ཡེ་ཤེས་ཆ་ཕྱོགས་གསུམ་གྱི་ཞག་གྲངས་ཏེ། དེ་དག་དང་སྦྱར་བའི་ལྷའི་གྲངས་དེ་རྣམས་ཐམས་ཅད་བསྡུས་


JLD011_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སྟོང་དྲུག་བརྒྱ་ཉི་ཤུ་སྟེ། རྩ་བའི་རྒྱུད་ལས་གསུངས་པ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་ལྷ་གྲངས་སོ། །དེའང་རྒྱུ་སྐར་གྱི་འཁོར་ལོ་ལས། ཉིན་མཚན་མཉམ་པའི་དུས་ཕྱེད་དང་བཅུ་གསུམ་ཉིན་མོ་དང་། ཕྱེད་དང་བཅུ་གསུམ་མཚན་མོ་བགྲོད་ཅིང་། དེ་འདྲའི་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ཕྱེད་ཀྱང་། ཆུ་ཚོད་བརྒྱད་བརྒྱ་དང་བཅུ་བཅུ་རྫོགས་པས། དེས་ན་རྒྱུ་སྐར་གྱི་ཆུ་ཚོད་ཀྱི་གྲངས་དང་། ལྷའི་གྲངས་མཉམ་པའི་ཕྱིར་རྒྱུ་སྐར་གྱི་དཀྱིལ་འཁོར་ཞེས་བྱའོ། །དེའང་བརྟེན་པ་ལྷའི་ངོས་ནས་སྒྲ་བཤད་པའོ། །ཕྱི་རོལ་ཏུ་སྐར་མའི་ཆུ་ཚོད་རྣམས། གཟའ་ཐམས་ཅད་ཀྱི་ལོངས་སྤྱོད་ཡིན་པ་བཞིན་དུ། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་འཁོར་ལོའི་ལྷ་དེ་དག་ཐམས་ཅད་ཀྱིའང་བདག་པོ་ནི་རིགས་དྲུག་གོ །གང་གིས་རང་གི་ལུས་ལ་ཤེས་པར་གྱུར་པ་སྟེ། ཞེས་སོགས་ཀྱི་དོན་ནི། རྗེས་ཐོགས་ཉིད་དུ་དགོས་པའི་སྐབས་སུ་བཤད་པར་བྱའོ། །ད་ནི་སུམ་ཅུ་ཞེས་པ་ལ་སོགས་པས། རྒྱུད་ཀྱི་ལྷ་གྲངས་དེ་ལས། བསྡུས་རྒྱུད་ཀྱི་ལྷ་གཙོ་ཆེ་བ་རྣམས་ཇི་ལྟར་བསྡུ་ཚུལ་སྟོན་ཏེ། དེའང་ལྷ་སྟོང་དྲུག་བརྒྱ་ཉི་ཤུའོ། །དེ་ལ་སུམ་ཅུས་བགོས་པའི་ཐོབ་ནོར་ལྔ་བཅུ་རྩ་བཞི་འབྱུང་ལ། ལྷ་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རིགས་གསུམ་དུ་ངེས་པའི་ཕྱིར། ལྔ་བཅུ་རྩ་བཞི་པོ་དེ་ཉིད་གསུམ་གྱིས་བསྒྱུར་བས་བརྒྱ་དྲུག་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་ནས་རྩ་རྒྱུད་ཀྱི་ལྷ་གྲངས་ལས་བཏུས་པའི་བསྡུས་རྒྱུད་ཀྱི་ལྷ་གཙོ་ཆེ་བར་གྱུར་པ་དག་གི་གྲངས་ཡིན་ཏེ། སྔར་བཤད་པའི་པདྨ་གདན་ཅན་གྱི་ལྷ་བརྒྱ་ང་དྲུག་དང་། ཕྱིའི་རྒྱས་འདེབས་ཀྱི་ཕྱག་


JLD011_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དྲུག་གོ །ཡང་ན་སྟོང་དྲུག་བརྒྱ་ཉི་ཤུ་ལ་སུམ་ཅུས་བགོས་པའི་ཐོབ་ནོར་གསུམ་གྱིས་བསྒྱུར་བ་དང་། སྟོང་དྲུག་བརྒྱ་ཉི་ཤུ་ལ་བཅུ་ཡིས་བགོས་པའི་ཐོབ་ནོར་གནད་གཅིག་ཏུ་འོང་ཞིང་། བཅུ་ཡིས་བགོ་བ་ནི། ལྷ་བརྒྱ་དྲུག་ཅུ་རྩ་གཉིས་བཏུས་པ་ནི། ལུས་ཀྱི་རྩ་གཙོ་ཆེ་བ་དང་། ལྷ་དེ་དག་སྦྱར་བའི་ཆེད་ཡིན་ལ། སྙིང་གའི་རྩ་འདབ་བརྒྱད་སྟེང་འོག་གི་ཨ་ཝ་དྷཱུ་ཏཱི་དང་དུང་ཅན་མ་སྟེ་རྩ་བཅུ་པོ་དེས་ལུས་ཀྱི་རྩ་བདུན་ཁྲི་ཉིས་སྟོང་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །འདི་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སྙིང་གའི་རྩ་རྣམས་ཀྱིས་ལུས་ཀྱི་རྩ་ཀུན་ལ་ཁྱབ་པར་བཤད་པ་དང་ཚུལ་འདྲ་བར་སྣང་ངོ་། །ད་ནི་ལྔ་པ་དེ་ལྟར་ཞག་དང་སྦྱར་བའི་ལྷ་དེ་དག་ནང་གི་རྩ་དང་སྦྱར་བར་སྟོན་པ་ནི། ད་ནི་འཁོར་ལོ་དག་གི་རྩ་རྣམས་ཞེས་པ་ནས། རྩ་སྡོམ་པའི་ངེས་པའོ། ཞེས་པའི་བར་གསུངས་ཏེ། དེའང་། རྩ་རྣམས་ཀྱི་ནང་ནས། གཙོ་བོ་ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། །ལུས་ངག་སེམས་ནི་འབབ་པ་རྣམས། །ཞེས་དབང་མདོར་བསྟན་ལས་གསུངས་པ་ལྟར། ལུས་ངག་ཡིད་ཀྱི་ཐིག་ལེ་གསུམ་འཛིན་པའི་ལྟེ་གསང་ནོར་བུའི་པདྨའི་དབུས་ཀྱི་རྩ་གསུམ་ནི་རིགས་གསུམ་དང་། སྟེང་འོག་གི་རྩ་ཆེན་དྲུག་རིགས་དྲུག་དང་། འཁོར་ལོ་དྲུག་གི་ནང་ནས། ལྟེ་བའི་ནང་སྐོར་གྱི་རྩ་དྲུག །བར་སྐོར་གྱི་རྩ་བཅུ། ལྟེ་བའི་འཁོར་ལོའི་ཕྱི་སྐོར་གྱི་ནང་དང་། གཞན་སྙིང་གའི་འཁོར་ལོའི་ཟླུམ་པོ་རྣམས་ལ་རིམ་བཞིན་འཕོ་བ་བཅུ་གཉིས་དང་། ཐུན་ཚོད་བརྒྱད་ཀྱི་རྩ་བཅུ་གཉིས་དང་། བརྒྱད་དེ། དེ་ལྟར་སུམ་ཅུ་རྩ་དྲུག་ནི། རིགས་སུམ་


JLD011_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་རྩ་དྲུག་གོ །སོ་དྲུག་པོ་དེ་དག་ཀྱང་། རོ་དྲུག་ལ་སོགས་པ་ཁམས་ཀྱི་དྲུག་ཚན་དྲུག་དང་། གཟུགས་ཕུང་དྲུག་འཇུག་པར་བྱེད་པ་ལ་སོགས་པའི་དྲུག་ཚན་དྲུག་འབབ་པ་ཡིན་ཞིང་། དེ་ལྟར། རོ་ལ་སོགས་པ་རྟེན་དང་། གཟུགས་ལ་སོགས་པ་བརྟེན་པའི་འབྲེལ་བས། ཕྱེ་བ་སོ་དྲུག་ཉིས་འགྱུར་དུ་བྱས་པས་རྩ་བདུན་ཅུ་རྩ་གཉིས་ཏེ། འཁོར་ལོ་སྡོམ་ཆེན་གྱི་ལྷ་དང་སྦྱར་བའོ། །དོན་འདི་དག་ཀྱང་། བདུན་ཅུ་རྩ་གཉིས་སོ་ཞེས་ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏོ། །དུས་ཀྱི་འཁོར་ལོའི་པདྨའི་གདན་ཅན་གྱི་ལྷ་དང་སྦྱར་བ་ནི། དེ་བཞིན་དུ་ཞེས་སོགས་ཏེ། གཙུག་ཏོར་གྱི་རྩ་འདབ་བཞི། སྤྱི་བོའི་བཅུ་དྲུག །མགྲིན་པའི་སོ་གཉིས། སྙིང་གའི་བརྒྱད། ལྟེ་བའི་དྲུག་ཅུ་རྩ་བཞི། གསང་གནས་ཀྱི་སོ་གཉིས་ཏེ། དེ་ལྟར་རྩ་བརྒྱ་དང་ང་དྲུག་ནི། དུས་ཀྱི་འཁོར་ལོའི་པདྨ་གདན་ཅན་གྱི་ལྷ་བརྒྱ་དང་ང་དྲུག་གོ །འདི་རྣམས་ལས་རྩ་དྲུག་ནི་འཁོར་ལོ་འགོག་པའོ། །ཞེས་བྱ་བ་ལ་སོགས་པའི་དོན་ནི། རྩ་བརྒྱ་དང་ང་དྲུག་པོ་འདི་རྣམས་ལས། གསང་གནས་ཀྱི་ནང་རིམ་གྱི་རྩ་དྲུག་ནི། དེ་དག་ཏུ་མུན་པའི་རླུང་ཞུགས་ན། འཁོར་ལོ་དྲུག་གི་རྩར་རླུང་རྒྱུ་བ་འགོག་པར་འགྱུར་རོ། །གསང་བའི་རིམ་པ་གཉིས་པའི་རྩ་བཅུར་འདུས་ཀྱི་རླུང་ཞུགས་པས་ཡུལ་འཛིན་པའི་རྩ་བཅུར་རླུང་རྒྱུ་བ་འགོག་པར་འགྱུར་ཏེ། དེ་རྣམས་ནི་ནད་གསུམ་འདུས་པའི་རང་བཞིན་ནོ། །སླར་ཡང་བཅུ་པོ་དེ་དག་ཉིས་འགྱུར་གཙུག་ཏོར་གྱི་རྩ་བཞི་དང་། དཔྲལ་བའི་བཅུ་དྲུག་ནི། བད་ཀན་གྱི་ནད་སྐྱེད་པར་བྱེད་པའི་ཆ་སྟེ་ཉི་ཤུའོ། །སླར་ཡང་ཉི་ཤུ་ཉིས་འགྱུར་མགྲིན་པའི་སོ་གཉིས་དང་། སྙིང་གའི་བརྒྱད་ནི། མཁྲིས་པའི་


JLD011_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ནད་སྐྱེད་པར་བྱེད་པའི་ཆ་སྟེ་བཞི་བཅུར་འགྱུར་རོ། །སླར་ཡང་ལྟེ་བའི་རྩ་དྲུག་ཅུ་རྩ་བཞི་དང་། གསང་གནས་ཀྱི་ཕྱི་རིམ་གྱི་རྩ་བཅུ་དྲུག་པོ་དེ་དག་རླུང་གི་སྐྱོན་བསྐྱེད་པའི་ཆ་ཤས་ཀྱི་རྩ་བརྒྱད་ཅུར་འགྱུར་ཏེ། དེ་ལྟར་སོགས་སོ། །འདི་དག་ངེས་པར་སོགས་ནི། རྩ་འདི་དག་ལུས་ལ་གནད་དུ་བསྣུན་པའི་ཐབས་མཁས་ཀྱིས་མ་ཟིན་ན། འཆི་བ་ནད་ལ་སོགས་པའི་རིམ་པས་འཁོར་བའི་སྡུག་བསྔལ་སྟེར་ལ། དེ་འདྲའི་ཐབས་མཁས་ཀྱིས་ཟིན་ན། ཚེའི་རིག་འཛིན་དང་ནད་མེད་པ་སོགས་སྟེར་བ་ཙམ་ལ་ངོ་མཚར་མེད་ཀྱི། ཚེ་འདི་ཉིད་ལ་སངས་རྒྱས་ཀྱང་སྟེར་བར་བྱེད་དོ་ཞེས་བྱ་བའི་དོན་ནོ། །གཙུག་ཏོར་ལ་ནི། ཞེས་སོགས་གོ་སླའོ། །དེ་ལྟར་ན་ལྔ་བཅུ་རྩ་དྲུག །ཅེས་སོགས་ཀྱི་དོན་ནི། རྩ་བརྒྱ་དྲུག་ཅུ་རྩ་བཞི་པོ་འདི་དག་བྱིས་པ་རྣམས་ཀྱི་ཐབས་མཁས་ཀྱིས་གནད་དུ་བསྣུན་ནས་མ་བསྒོམས་པས། འཆི་བ་སོགས་འཁོར་བའི་སྡུག་བསྔལ་སྟེར་ལ། རྣལ་འབྱོར་པས་སྦྱོར་བ་ཡན་ལག་དྲུག་གིས་འདི་དག་ལ་རྒྱུ་བའི་རླུང་དབུ་མར་བཅིངས་ཏེ་བསྒོམས་ན། མཆོག་ཏུ་མི་འགྱུར་བའི་བདེ་ཆེན་སྟེར་བར་བྱེད་དོ་ཞེས་བྱའོ། །སླར་ཡང་རྩ་དྲུག་ཅུ་རྩ་གཉིས་ཞེས་སོགས་ཀྱིས། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་ལྷ་གྲངས་ནང་དུ་རྩ་དང་སྦྱར་བར་གསུངས་ཏེ། དེའང་གོང་དུ་བཤད་མ་ཐག་པའི་རྩ་བརྒྱ་དྲུག་ཅུ་རྩ་གཉིས་པོ་དེ་ཐམས་ཅད་ལ་རླུང་བཅུ་བརྒྱུ་ཞིང་། ཕུང་པོ་དང་ཁམས་བཅུ་འབབ་པའི་རང་བཞིན་ཡིན་པའི་ཕྱིར། རྩ་བརྒྱ་རེ་གཉིས་པོ་བཅུས་བསྒྱུར་བས་སྟོང་དྲུག་བརྒྱ་ཉི་ཤུར་འགྱུར་ལ། དེ་ནི་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་ལྷ་གྲངས་སོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་ལྷ་གྲངས་མཆོག་གི་དང་པོའི་སངས་རྒྱས་ལས་གསུངས་པའི་དགོངས་པའང་། འཇིག་རྟེན་ཀུན་རྫོབ་


JLD011_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་བསྐྱེད་རིམ་ལ་བརྟེན་ནས་འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་བསྒྲུབ་པ་དང་། རྩ་དེ་དག་ལྷ་དེ་ཉིད་ཀྱི་ངོ་བོར་མོས་པར་བྱས་ཏེ་བསྒོམས་པས་སྨིན་པར་བྱས་ནས། རྩ་དེ་དག་གི་རླུང་འཆིང་བའི་ཐབས་མཁས་ཀྱི་ལམ་བསྒོམས་པས། རང་གི་ལུས་འཆི་བ་དང་། ནད་མེད་པར་བསྒྲུབ་ཅིང་། མཆོག་གི་དངོས་གྲུབ་ཀྱི་གོ་འཕང་སྟེར་བར་བྱེད་དོ། ཞེས་བྱ་བ་སྟེ། འདིས་ནི་རྩ་དང་ལྷ་སྦྱར་བའི་དགོས་པ་རྨད་དུ་བྱུང་བ་སྟོན་ཞིང་། འདི་དང་། གོང་དུའང་། དགོས་པ་སྟོན་པའི་གཞུང་རིམ་པ་གཉིས་སུ་བྱུང་ལ། ད་ནི་དྲུག་ཅེས་པ་ལ་སོགས་པས། ཞེས་སོགས་ཀྱི་དགོས་པ་རྒྱས་པར་འཆད་པ་ཡིན་པས། དེ་དག་ཐམས་ཅད་ཀྱི་དོན་སྤྱིར་བསྡུས་ནས་བསྟན་ན་འདི་ལྟར་ཤེས་པར་བྱ་སྟེ། དེའང་སྔགས་བླ་མེད་ཀྱི་ལམ་ཕ་རྒྱུད་མ་རྒྱུད་སོགས་སོ་སོ་ལས་ཚུལ་མི་འདྲ་བ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་། བདེ་སྟོང་ཁྱད་པར་ཅན་སྦྱར་བའི་ལམ་རྒྱུད་ལ་བསྐྱེད་པ་གཙོ་བོར་སྟོན་པར་ཁྱད་མེད་ལ། དེའང་། རླུང་དབུ་མར་བཅིངས་པ་ལ་རག་ལུས་ཤིང་། རྗེས་སུ་འགྲོ་ལྡོག་མི་འཁྲུལ་ལོ། །དེའང་གཙོ་བོར་རྫོགས་རིམ་གྱི་བྱེད་པ་ཡིན་ཡང་། སྲོག་དབུ་མར་འཆིང་བའི་རྫོགས་རིམ་ཁྱད་པར་ཅན་བསྐྱེད་པ་ལ་ནི། ངེས་པར་བསྐྱེད་རིམ་གྱིས་རྒྱུད་སྨིན་པར་བྱས་པ་དགོས་པས། བསྐྱེད་རིམ་གྱི་དགོས་པ་གཙོ་བོ་ནི་སྲོག་དབུ་མར་འཆིང་བའི་རྫོགས་རིམ་ཁྱད་པར་ཅན་སྐྱེ་བའི་སྨིན་བྱེད་དུ་འགྲོ་བ་དེ་ཡིན་ནོ། །དེས་ན། ཕ་རྒྱུད་མ་རྒྱུད་གཉིས་ཀྱི་དཀྱིལ་འཁོར་བསྒོམ་པའི་ཚུལ་མི་འདྲ་བ་ཇི་


JLD011_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་། སྲོག་དབུ་མར་འཆིང་བའི་ཆེད་དུ་བསྒོམ་པ་ལ་ཁྱད་པར་མེད་པར་ཤེས་པར་བྱའོ། །ཞེས་པའི་དོན་དུ། གོང་དུ་རླུང་གཞན་དང་མ་སྦྱར་བར། ལོ་གསུམ་ཕྱོགས་གསུམ་གྱི་དབུ་མའི་ཡེ་ཤེས་ཆའི་རླུང་གི་གྲངས་འབའ་ཞིག་དང་། ཕ་རྒྱུད་མ་རྒྱུད་གཉིས་ཀའི་ལྷ་གྲངས་སྦྱར་ནས་བསྟན་པ་ཡིན་ལ། ལྷ་གྲངས་དང་ནང་གི་རྩ་སྦྱར་ནས་བསྟན་པ་དག་གི་དགོས་པའང་། རྩ་བའི་རྒྱུད་ལས་གསུངས་པའི་ལྷ་སྟོང་དྲུག་བརྒྱ་ཉི་ཤུའི་ནང་ནས་བསྡུས་པའི་བསྡུས་རྒྱུད་ཀྱི་ལྷ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་གྲངས་འདི་སྙེད་ཅིག་གི་ནང་ནས། པདྨ་གདན་ཅན་གྱི་ལྷ་བརྒྱ་དང་ང་དྲུག །རིགས་དྲུག་གི་རྒྱས་འདེབས་ཀྱི་ལྷ་དྲུག་དང་བཅས་པ་བཏུས་ནས། དེ་དག་དང་ནང་གི་རྩ་བརྒྱ་དྲུག་ཅུ་རྩ་གཉིས་སྦྱར་ནས་བསྟན་ལ། དེའང་། དུས་ཀྱི་འཁོར་ལོའི་རྩ། ལྷ་དང་ལྷ་མོའི་རང་བཞིན་གྱིས་གནས་པ་ཞེས་གསུངས་པ་ལྟར། རྩ་དེ་དག་ལྷ་རྣམས་ཀྱི་རང་བཞིན་དུ་བསྒོམ་པར་གསུངས་ལ། དེའང་། སྔགས་བླ་མེད་ཀྱི་ལམ་གྱི་གཙོ་བོ་ནི་ལུས་ལ་གནད་དུ་བསྣུན་པ་ལ་རག་ལུས་ཤིང་། དེ་ལའང་། ལུས་ཀྱི་རྩ་རྣམས་ཀྱི་རླུང་སོ་སོ་ཐམས་ཅད་དབུ་མར་བཏུས་ནས་འཆེང་གལ། དང་པོར་ལུས་ཀྱི་རྩའི་གནས་གང་གནད་དུ་ཆེ་བ་ཐམས་ཅད་བསྐྱེད་རིམ་གྱི་དུས་ནས་ལྷག་པའི་ལྷས་བྱིན་གྱིས་བརླབས་ཤིང་། གནས་དེ་དག་གི་རླུང་འདུས་སླ་བ་སོགས་ཀྱི་སྨིན་བྱེད་ཀྱི་རྒྱུ་ཚོགས་ཚང་བར་བྱས་ཏེ། གཟོད་རྫོགས་རིམ་བསྒོམས་ན་རླུང་འདུ་སླ་བ་དང་། འདོད་པ་བཞིན་དུ་འདུ་བ་ལ་སོགས་པའི་དགོས་པ་ཆེན་པོ་མཐའ་ཡས་པ་ཡོད་ཀྱི། དང་པོར་བསྐྱེད་རིམ་གྱི་སྐབས་སུ་དེ་


JLD011_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱས་པ་མེད་པར། དང་པོ་ནས། རྫོགས་རིམ་མཐོན་པོ་ནས། ཨ་ན་ཚུགས་སུ་བསྒོམས་ཀྱང་། སེམས་འཛིན་གྱི་སྟོབས་ལས་བྱུང་བའི་ཉམས་བན་བུན་རེ་ཙམ་མ་གཏོགས། རྒྱུད་སྡེ་དང་མཐུན་པའི་རླུང་འདུ་བ་གནད་དུ་འགྲོ་བ་ཚུལ་དང་མཐུན་པའི་ལམ་རྒྱུད་ལ་སྐྱེ་མི་སྲིད་པས། དེས་ན་དང་པོར་རྫོགས་རིམ་གྱི་སྨིན་བྱེད་ཁྱད་པར་ཅན་དུ་འགྲོ་བའི་བསྐྱེད་རིམ་བསྒོམ་པ་མེད་མི་རུང་ཡིན་ཞིང་། དེ་ལའང་། འཇིག་རྟེན་པའི་དངོས་གྲུབ་ཙམ་བསྒྲུབ་པ་ལ་ནི་དཀྱིལ་འཁོར་གྱི་ལྷ་ལུས་ཀྱི་རྩ་དང་། རླུང་གི་ངོ་བོར་བསྒོམ་པ་མེད་ཀྱང་རུང་མོད་ཀྱི། མཆོག་འགྲུབ་པ་ལ་ནི། སྔར་བཤད་པའི་དགོས་པ་དེ་དག་བསྒྲུབ་པའི་ལམ་གྱི་གནད་ལ་ངེས་པ་རྙེད་པའི་སྒོ་ནས་ལུས་ཀྱི་རྩ་ལ་སོགས་པའི་གནད་དེ་དང་། དེ་ལྷའི་ངོ་བོར་བསྒོམ་པའི་བསྐྱེད་རིམ་བསྒོམ་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དོ། །དེའི་ཕྱིར། འདིར་ཡང་དུས་ཀྱི་འཁོར་ལོའི་རྩ་ལྷ་དང་། ལྷ་མོའི་རང་བཞིན་དུ་གནས་པ་ཞེས་གསུངས་པ་ཡིན་ནོ། །དེའང་། བདེ་མཆོག་ལ་སོགས་པ་ནས་བཤད་པ་ལྟར་ལུས་ཀྱི་རྩ་ཁམས་རྣམས་ལུས་ཀྱི་གནས་དེ་དང་དེར་ལྷར་བསྐྱེད་པའི་ལུས་དཀྱིལ་བསྒོམ་པ་ལ་སོགས་པ་ནི་འདིར་མི་གསལ་བས། འདིར་ནི་ཕྱིའི་དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་ནང་གི་ལུས་ཀྱི་རྩ་དེ་དང་དེའི་རང་བཞིན་དུ་མོས་ནས་བསྒོམ་པ་ཡིན་ཅིང་། དེ་ལ་རྒྱས་པ་རྒྱུ་སྐར་གྱི་དཀྱིལ་འཁོར་དང་། བསྡུས་རྒྱུད་ཀྱི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་ལྟ་བུ་བསྒོམས་ནས། ནང་གི་ཚིགས་ཀྱི་རྩ་སུམ་བརྒྱ་དྲུག་ཅུ་སོགས་ཀྱང་། ཚེས་ཀྱི་ལྷ་དེ་དང་དེའི་ངོ་བོར་རེ་རེ་ནས་མོས་པ་སོགས་ཀྱིས་རྒྱས་པར་


JLD011_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་བྱུང་ན་མཆོག་ཡིན་མོད་ཀྱི། འོན་ཀྱང་དེ་ཙམ་དུ་མི་བསྒོམ་ན། ལྷ་རྣམས་གཙོ་ཆེ་བ་བརྒྱ་ང་དྲུག་ཏུ་བསྡུས་ཤིང་། རྒྱས་འདེབས་ཀྱི་རིགས་དྲུག་དང་བཅས་པས། བརྒྱ་དྲུག་ཅུ་རྩ་གཉིས་ནང་གི་ལུས་ཀྱི་རྩ་ཐམས་ཅད་ཀྱི་གཙོ་བོ་བརྒྱ་དྲུག་ཅུ་རྩ་གཉིས་སུ་བསྡུས་ནས་ནང་གི་རྩ་དེ་དག་ཕྱིའི་ལྷ་དཀྱིལ་འཁོར་ལ་བཀོད་པ་དེ་དག་གི་ངོ་བོར་མོས་ནས་བསྒོམ་པ་ཙམ་ངེས་པར་དགོས་སོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ། ལྷ་དང་རྩའི་གཙོ་བོ་རྣམས་སྡོམ་པའི་ངེས་པ་འདི་གསུངས་པ་ཡིན་ལ། དེའི་ཕྱིར་རྫོགས་རིམ་གྱི་སྨིན་བྱེད་བསྒོམ་པ་ལ། པདྨ་གདན་བཅས་ཀྱི་ལྷ་བརྒྱ་དང་ང་དྲུག་པོ་འདི་ཙམ་ཞིག །རྟེན་སྐུ་གསུང་ཐུགས་གསུམ་གའི་དཀྱིལ་འཁོར་རྫོགས་པ་ལ་རང་རང་གི་གནས་སུ་བཀོད་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ཚུལ་ཉིད་གཞུང་འདི་དག་གིས་གསལ་བར་བསྟན་ཏེ། དེ་ལྟ་བུ་བསྒོམ་པའི་ཆེད་མ་ཡིན་ན། འདི་ལྟར་ལྷའི་གཙོ་བོ་བསྡུ་བའི་ཚུལ་གསུངས་པ་ལ་དགོས་པ་གང་ཡང་མེད་དོ། །དེས་ན་རྟེན་དཀྱིལ་འཁོར་སྐུ་གསུང་ཐུགས་གསུམ་ག་ཁོར་ཡུག་དང་བཅས་པ་ཡོངས་སུ་རྫོགས་པ་ལ། བརྟེན་པ་ལྷ་ལྷག་མ་རྣམས་མི་འགོད་པར་བརྒྱ་ང་དྲུག་པོ་ཙམ་ཞིག་བཀོད་ནས། ཕྱག་རྒྱ་དྲུག་དང་བཅས་པ་ནང་གི་རྩའི་གཙོ་བོ་བརྒྱ་དྲུག་ཅུ་རྩ་གཉིས་ཀྱི་རང་བཞིན་དུ་མོས་ནས། རྩ་དེ་དག་ལ་བརྒྱུ་བའི་རླུང་ཐམས་ཅད་དབུ་མར་འགོག་པའི་སྨིན་བྱེད་དུ་བསྒོམ་པ་ནི། གཞུང་འདི་དག་གིས་བསྟན་པ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་བསྒོམས་པས་རྒྱུད་སྨིན་པར་བྱས་ནས། དེའི་འོག་ཏུ་བླ་མའི་བཀའ་དྲིན་ལས། ཕྱིན་ཅི་མ་ལོག་པར་བསྒོམ་པའི་ཐབས་


JLD011_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་རྣལ་འབྱོར་པས་སྦྱོར་བ་ཡན་ལག་དྲུག་བསྒོམས་པས། རིགས་དྲུག་གི་རྩ་བསྲུང་བ་ཞེས་པས། སྟེང་གི་རོ་རྐྱང་གི་རྩའི་རྒྱུ་བ་དབུ་མར་བཅིངས་ཤིང་། འོག་གི་བཤང་གཅིའི་ལམ་ལ་རྒྱུ་བའི་ཐུར་སེལ་གྱི་རླུང་དུང་ཅན་མར་བཅིངས་པས། འཆི་བ་མེད་པའི་གོ་འཕང་ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་ནས་འཁོར་བའི་སྐྱེ་བའི་རྒྱུན་གཅོད་ལ། སྲོག་རྣལ་འབྱོར་གྱི་སྟོབས་ཀྱིས་དབུ་མར་འཆིང་མ་ནུས་ན། དེའི་སྐྱེ་འཆི་རྒྱུན་བཅད་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཇི་ལྟར་ཐོབ་པར་འགྱུར་ཞིང་། ངེས་པར་འཆི་བའི་ཡུལ་ལ་སྤྱོད་པར་མི་བྱེད་དོ། །ཞེས་བསྟན་པ་ནི། ད་ནི་དྲུག་ཅེས་པ་ལ་སོགས་པས་ཞེས་སོགས་སོ། །དེས་ན་ལམ་རིམ་པ་གཉིས་ཀ་སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པ་དང་། སྐྱེས་པ་ཁྱད་པར་དུ་འགྱུར་བ་ཁོ་ནའི་ཆེད་དུ་། གཙོ་བོར་བསྒོམ་པ་ཡིན་པ་འདི་ཤེས་པར་བྱ་ལ། དེའང་། སྔར་བཅུའི་ཆས་མཆོག་གི་དང་པོའི་སངས་རྒྱས་ལས། དུས་ཀྱི་འཁོར་ལོ་འབྱུང་བ་སྟེ། ཨིནྡྲ་ལ་སོགས་དུང་ཅན་མའི་མཐའི་རྩའི་དབྱེ་བས་སོ། །ཕྱི་རོལ་ཏུ་ནི་དྲང་བའི་དོན་ནོ། །ཞེས་གསུངས་པའི་དོན་ཀྱང་། བཤད་མ་ཐག་པའི་ཚུལ་འདི་ལྟར་གོ་བ་ཆགས་པ་བྱས་ནས། རླུང་འགོག་པའི་སྨིན་བྱེད་དུ་བསམས་ཏེ་དཀྱིལ་འཁོར་གྱི་ལྷ་རྣམས་ནང་གི་རྩའི་ངོ་བོར་མོས་ནས་བསྒོམ་པ་ནི་ངེས་དོན་དང་། དེ་ལྟར་མ་ཤེས་པར་འཇིག་རྟེན་པའི་དངོས་གྲུབ་ཙམ་གྱི་ཆེད་དུ་ནང་གི་ལུས་ཀྱི་རྩ་ཁམས་རླུང་གསུམ་གང་


JLD011_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གིའང་རང་བཞིན་དུ་མོས་རྒྱུ་མེད་པར། ཕྱིའི་དཀྱིལ་འཁོར་བསྒོམ་པ་ཙམ་ནི་དྲང་བའི་དོན་ནོ། །ཞེས་བྱ་བ་ཡིན་ཏེ་དེ་གཉིས་ཀའང་བསྐྱེད་རིམ་དུ་ཁྱད་པར་མེད་ཀྱང་། རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་སྨིན་བྱེད་དུ་འགྲོ་མི་འགྲོའི་སྒོ་ནས་གྲངས་ངེས་སུ་གསུངས་པའོ། །མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་སོགས་སོ། །༈ ད་ནི་མདོར་བསྡུས་བཞི་པ་བཤད་པར་བྱའོ། །དེ་ལ་དང་པོར་གནས་པ་བཅུ་གཅིག་པ་ཉི་ཟླ་མེའི་འཆི་ལྟས་ཀྱི་གནས་པ་སྟོན་ཏེ། དེ་ལའང་། ཉི་ཟླའི་འཆི་ལྟས་གཉིས་ནི་དུས་མ་ཡིན་པ་དང་། མེ་སྟེ་སྒྲ་གཅན་ནམ། དབུ་མའི་འཆི་ལྟས་ནི་དུས་སུ་འཆི་བའི་ལྟས་སོ། །དེ་དག་ལས་དང་པོར་དུས་མིན་པར་འཆི་བའི་ཟླ་བའི་འཆི་ལྟས་ཀྱི་གནས་པ་སྟོན་པ་ནི། ད་ནི་སྲོག་ཅེས་པ་ལ་སོགས་པས། ཞེས་པ་ནས། ཟླ་བའི་འཆི་ལྟས་ཀྱི་ངེས་པའོ། ཞེས་པའི་བར་གསུངས་ཏེ། འདི་དག་གི་དོན་ཕྱོགས་གཅིག་ཏུ་བསྡུས་ཏེ་བཤད་པ་ནི་འདི་ཡིན་ཏེ། ལྟེ་བ་ན་དུས་སྦྱོར་བཅུ་གཉིས་ཀྱི་རླུང་རྒྱུ་བའི་རྩ་འདབ་བཅུ་གཉིས་ཡོད་ལ། དེའི་གཡས་ཀྱི་རྩ་དྲུག་ལ་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་དྲུག་དང་། གཡོན་གྱི་རྩ་འདབ་དྲུག་ལ། ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་དྲུག་གི་རླུང་རྒྱུ་བར་བྱེད་ལ། དེའང་། མཉམ་པ་དྲུག་གི་དབུགས། ལྟེ་བའི་རྩ་འདབ་གཡས་རོ་མ་དྲུག་ལས་འོངས་པ་ནི། སྟེང་དུའང་སྣ་སྒོ་གཡས་ནས་རྒྱུ་ལ། དེ་བཞིན་དུ་གཡོན་གྱི་དྲུག་ནས་སྣ་སྒོ་གཡོན་ནས་རྒྱུའོ། །ཕྱི་རོལ་ཏུ་ནི་ཁྱིམ་བཅུ་གཉིས་ཀྱི་འཕོ་བ། མཉམ་པ་དང་མི་མཉམ་པ་དྲུག་དྲུག་པོ་སྤེལ་ནས་མི་འབྱུང་བར། མཉམ་པ་དྲུག་བྱང་བགྲོད་


JLD011_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཟླ་བ་དྲུག་དང་། མི་མཉམ་པ་དྲུག་ལྷོ་བགྲོད་ཀྱི་ཟླ་བ་དྲུག་ལ་བར་མ་ཆད་པར་འཕོའང་ནང་དུ་ནི། གཡོན་གྱི་མི་མཉམ་པ་དྲུག་ཀྱང་། བར་དུ་མཉམ་པ་རེ་གཡས་ལ་རྒྱུ་བས་བར་ཆོད་པ་དང་། དེ་བཞིན་དུ། མཉམ་པ་དྲུག་ཀྱང་མི་མཉམ་པ་རེ་རེ་གཡོན་ནས་རྒྱུ་བས། བར་ཆོད་པའི་སྒོ་ནས་གཡས་ལ་རྒྱུའོ། །དེ་ལ་བུ་མངལ་དུ་ཆགས་པའི་ཚེ་ནི། བུ་དེ་ལ་རླུང་གི་འཕོ་བ་མེད་ཅིང་། སྐྱེ་བའི་ཚེ་ནའང་། མ་དང་བུ་གང་གིའང་། ནང་གི་དུས་སྦྱོར་གང་ལ་འདུག་བློ་ཁ་ཕྱོགས་པ་དང་། བརྩིས་ཟིན་པའི་སྐར་རྩིས་པའང་དཀོན་པས། ལུག་གི་དུས་སྦྱོར་ལ་སྐྱེས་པ་ཞེས་གསུངས་པ་ནི། ཕྱིའི་དུས་སྦྱོར་གྱི་དབང་དུ་བྱས་པ་སྟེ་དེས་ན་ལུག་གི་དུས་སྦྱོར་ལ་སྐྱེས་པ་ལྟ་བུ་ཞིག་གི་དབང་དུ་བྱས་ནས། སྐྱེས་པའི་རྗེས་ནས་ལུག་གི་དུས་སྦྱོར་གྱི་ལྟེ་བའི་རྩ་ལ་ཞག་གཅིག་བར་མ་ཆད་དུ་རླུང་བབས་ནས་ཞག་གཅིག་པུ་དེ་ལ་སྣ་བུག་གཡོན་ཁོ་ན་ནས་རླུང་བར་མ་ཆད་དུ་བརྒྱུས་ན་སྐྱེས་བུ་དེ་དེ་ནས་བརྩིས་པའི་ཟླ་བ་སུམ་ཅུ་རྩ་དྲུག་ན་འཆི་ཞིང་། དེ་ཙམ་ཞིག་ནི་ཐུབ་པོ། །འོ་ན་ཟླ་བ་སུམ་ཅུ་རྩ་དྲུག་ན་འཆི་ན། དེའི་བར་ལ་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འབབ་པའི་རྩ་འདབ་བཅུ་གཉིས་པོ་དེ་རིམ་བཞིན་རླུང་གིས་དོར་ནས་སྐམ་དགོས་པས་ཟླ་བ་ཇི་ཙམ་རེ་ནས། རྩ་འདབ་རེ་རླུང་གིས་འདོར་ཞེ་ན། ཟླ་བའི་འཆི་ལྟས་འདི་ལ། གཡོན་ནས་རིམ་བཞིན་རྩ་འདབ་གཅོད་པའམ་བསྐམས་པས། དང་པོར་གཡོན་གྱི་རྩ་འདབ་གཅོད་པ་ལ། ཞག་གསུམ་གྱིས་དམན་པའི་ཟླ་བ་དྲུག་དགོས་ཤིང་། དེའང་། དང་པོར་


JLD011_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་ལྟས་ཀྱི་རླུང་ཞག་གཅིག་རྒྱུ། དེ་ནས་རང་བཞིན་པའི་ཞག་ཉེར་དགུ །དེ་ནས་ཟླ་བ་གཉིས་པ་ཞག་སུམ་ཅུར་གཅིག་གིས་མ་ཚང་བའི་ཉེར་དགུ་ལ་ནི། རང་བཞིན་པའི་རླུང་འབའ་ཞིག་མ་གཏོགས་འཆི་ལྟས་མི་རྒྱུའོ། །དེ་ནས་ཟླ་བ་གསུམ་པའི་ཐོག་མར་འཆི་ལྟས་ཞག་གཅིག །དེ་ནས་རང་བཞིན་པའི་ཞག་ཉེར་དགུ །དེ་ནས་ཟླ་བ་བཞི་པ་ལ་ཞག་ཉེར་དགུ་ལས་མེད་ཅིང་། འཆི་ལྟས་མི་རྒྱུ། དེ་ནས་ཟླ་བ་ལྔ་པ་ལ། ཐོག་མར་འཆི་ལྟས་རྒྱུ་བ་ཞག་གཅིག །དེ་རྗེས་རང་བཞིན་པ་ཉེར་དགུ །དེ་ནས་ཟླ་བ་དྲུག་པ་ལ། ཞག་ཉེར་དགུ་ལས་མེད་ཅིང་། འཆི་ལྟས་མི་རྒྱུའོ། །དེ་ལྟར་འཆི་ལྟས་ཞག་རེ་ཐོག་མར་རྒྱུ་བ་དང་བཅས་པས་ཞག་སུམ་ཅུར་ལོངས་པས་ཟླ་བ་གསུམ་དང་ཞག་ཉེར་དགུ་རེ་ལས་མེད་པས། འཆི་ལྟས་མི་རྒྱུ་བའི་ཟླ་བ་གསུམ་སྟེ། དྲུག་གི་རྩ་འདབ་དང་པོ་གཅོད་ཅིང་རླུང་གིས་འདོར་རོ། །དེ་ནས་རྩ་འདབ་གཉིས་པ་ནས། བཅུ་གཅིག་པའི་བར་རྣམས་ལ་ནི། དང་པོར་འཆི་ལྟས་ཞག་རེ། དེ་ནས་རང་བཞིན་པ་ཉེར་དགུ་རེ་བརྒྱུ་བར་མཚུངས་པའི་ཟླ་བ་གསུམ་གསུམ་གྱིས་རྩ་འདབ་རེ་རེ་གཅོད་པར་ཁྱད་པར་མེད་ལ། དེའི་ཕྱིར་རྩ་འདབ་བཅུ་གཅིག་པ་བཅད་ཚར་བ་ཡན་ཆད་ལ། ཟླ་བ་སུམ་ཅུ་རྩ་དྲུག་ཏུ་ཞག་གསུམ་གྱིས་དམན་པ་རྫོགས་སོ། །དེ་ནས་ཞག་གསུམ་པོ་དེ་ལས། ཞག་གཉིས་ཀྱིས་རྩ་འདབ་བཅུ་གཉིས་པ་གཅོད་ལ། ལྷག་མ་ཞག་གཅིག་དབུ་མར་བརྒྱུས་པས། རྩ་འདབ་བཅུ་གཉིས་པོ་ཐམས་ཅད་ཀྱི་ལྟེ་བ་དབུ་མ་གཅོད་པའམ་དབུ་མ་རླུང་གིས་འདོར་ཏེ། དེ་ནས་རྣལ་འབྱོར་གྱི་སྟོབས་ཀྱིས། དབུ་མར་རླུང་འཆིང་མི་ནུས་པ་རྣམས་འཆིའོ། །དེ་ལ་འགྲེལ་པར། འཆི་ལྟས་ཀྱི་ཉིན་ཞག་སུམ་ཅུ་རྩ་


JLD011_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་། རྩ་གཉིས་དང་། ཞེས་སོགས་གསུངས་པ་ནི། ཟླ་བ་སྔ་མའི་འཆི་ལྟས་ཀྱི་རླུང་བརྒྱུས་པའི་ཞག་གང་སོང་བ་རྣམས་ཀྱི་སྟེང་དུ་ཟླ་བ་དེའི་འཆི་ལྟས་ཀྱི་ཞག་ཀྱང་བསྣན་ཏེ། བསྡོམས་ནས་བརྩིས་པའི་གྲངས་ཡིན་གྱི། ཟླ་བ་དེ་རང་ལ་བརྒྱུས་པའི་འཆི་ལྟས་ཀྱི་ཞག་གྲངས་མ་ཡིན་ནོ། །དེ་ནས་ཟླ་བ་གསུམ་པ་ནི་མི་འབབ་བོ། ཞེས་པ་འགྱུར་མ་དག་པ་སྟེ། ཙ་མི་སོགས་ཀྱི་འགྱུར་ལ་བཞི། ཞེས་ཡོད་པ་ལྟར་ལེགས་སོ། །དེ་ནི་གཡོན་པའི་རྩ་ལ་འོག་ཏུ་ཟླ་བའི་རླུང་། ཞེས་པ་ཐུར་སེལ་གྱི་རླུང་ཆ་མི་མཉམ་པ་ལས་བྱུང་བའི་འཆི་ལྟས་ཀྱི་ངེས་པའོ། །སྙིང་སྟོབས་དང་། རྡུལ་དང་། མུན་པའི་དབྱེ་བས། ཞེས་བྱ་བ་ནི། རྩ་འདབ་བཅུ་གཅིག་པ་ཡན་ཆད་གཅོད་པ་ལ། རྩ་འདབ་རེ་ལ་འཆི་ལྟས་ཀྱི་ཞག་གསུམ་གསུམ་འཕེལ་བ་དེ་དག །རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་དང་སྦྱར་བའོ། །ཟླ་བའི་འཆི་ལྟས་ཀྱི་རྩ་འདབ་འདོར་ཚུལ་བདེ་བླག་ཏུ་རྟོགས་པའི་ཆེད་དུ། ཁྱིམ་གྱི་འཁོར་ལོ་བཀོད་པ་གསུངས་པ་ནི། ལོགས་སུ་དཔེ་ཆུང་ལས་ཤེས་པར་བྱ་སྟེ་གོ་སླའོ། །ད་ནི། ལྔ་ནི། ཞེས་པ་ལ་སོགས་པ་ལ། ཞེས་པ་ནས། ཉི་མའི་འཆི་ལྟས་ཀྱི་ངེས་པའོ། ཞེས་པའི་བར་གྱིས་ཉི་མའི་འཆི་ལྟས་གསུངས་ཏེ། འདིའི་དོན་གཏན་ལ་དབབ་པ་ལ། འཆི་ཞག་དང་། ཚེ་ལྷག་ཇི་ཙམ་ཡོད་དཔྱད་པ། རྩ་འདབ་འདོར་བའི་ཞག་གི་རྒྱུ་ཚུལ། རྩ་འདབ་འདོར་བའི་ཞག་དང་ཞག་ལྷག །འཆི་ཞག་རྣམས་རྩ་འདབ་གཅོད་པའི་ཞག་ལ་གཏོགས་མི་གཏོགས། འཆི་ཞག་རྣམས་ཚེ་ལྷག་ལ་གཏོགས་མི་གཏོགས། འཆི་ཞག་གི་གྲངས་རྣམས་སྔ་མའི་


JLD011_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཕྱི་མ་སྣོན་པ་ཡིན་མིན་དཔྱད་པ་དང་དྲུག་གོ །དང་པོ་ནི། ལྟེ་བ་ན་ཁྱིམ་བཅུ་གཉིས་ཀྱི་རྩ་འདབ་བཅུ་གཉིས་ཡོད་པའི་འདབ་མ་དང་པོ་ལ། རླུང་སྣ་བུག་གཡས་ནས་བར་མ་ཆོད་པར་ཞག་ལྔ་བརྒྱུས་ན། ལོ་གསུམ་ལས་མི་ཐུབ་ཅིང་། དེ་ནི་ཐུབ་བོ། །དེ་བཞིན་དུ་འདབ་མ་གཉིས་པ་ལ་བཅུ་དང་། གསུམ་པ་ལ་བཅོ་ལྔ་དང་། བཞི་པ་ལ་ཉི་ཤུ་དང་། ལྔ་པ་ལ་ཉི་ཤུ་རྩ་ལྔ་དང་། དྲུག་པ་ལ་ཉེར་དྲུག་དང་། བདུན་པ་ལ་ཉེར་བདུན་དང་། བརྒྱད་པ་ལ་བཅོ་ལྔ་དང་། དགུ་པ་ལ་བཅུ་དང་། བཅུ་པ་ལ་ལྔ་དང་། བཅུ་གཅིག་པ་ལ་གསུམ་དང་། བཅུ་གཉིས་པ་ལ་གཉིས་རྣམས་སྣ་བུག་གཡས་ནས་བར་མ་ཆད་དུ་བརྒྱུས་ན། རིམ་པ་བཞིན། ལོ་གཉིས་དང་། ལོ་གཅིག་དང་། ཟླ་བ་དྲུག་དང་། ཟླ་བ་གསུམ་དང་། ཟླ་བ་གཉིས་དང་། ཟླ་བ་གཅིག །ཞག་ཉེར་གཅིག་དང་། ཞག་བཅུ་དྲུག་དང་། ཞག་བཅུ་གཅིག་དང་། ཞག་གསུམ་དང་། ཞག་གཅིག་ན་འཆིའོ། །གཉིས་པ་རྩ་འདབ་འདོར་བའི་ཞག་གི་རྒྱུ་ཚུལ་ནི། འདབ་མ་དང་པོ་ནས་སྣ་བུག་གཡས་ལ་ཐོག་མར་བར་མ་ཆད་པར་འཆི་ཞག་ལྔ་བརྒྱུ། དེ་ནས་ཞག་རང་བཞིན་པ་སུམ་བརྒྱ་སུམ་ཅུ། དེ་བཞིན་དུ་འདབ་མ་གཉིས་པ་ལ་ཐོག་མར་རང་བཞིན་པ་ཉེར་ལྔ། དེ་ནས་འཆི་ལྟས་ཞག་བཅུ། དེ་ནས་རང་བཞིན་པ་སུམ་བརྒྱ་བཅུ། རྩ་འདབ་གསུམ་པ་ལ་ཐོག་མར་རང་བཞིན་པ་བཞི་བཅུ། དེ་ནས་འཆི་ཞག་བཅོ་ལྔ། དེ་ནས་རང་བཞིན་པ་བརྒྱ་བཅོ་ལྔ། བཞི་པ་ལ་ཐོག་མར་རང་བཞིན་པ་ལྔ་བཅུ། འཆི་ཞག་ཉི་ཤུ། དེ་ནས་རང་བཞིན་པ་བཅུ་གཉིས། ལྔ་པ་ལ་ཐོག་མར་རང་བཞིན་པ་སོ་གཉིས། དེ་ནས་འཆི་ཞག་ཉེར་ལྔའོ། །དྲུག་པ་ལ་ཐོག་མར་རང་བཞིན་


JLD011_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས། དེ་ནས་འཆི་ཞག་ཉེར་དྲུགབདུན་པ་མན་ཆད་ལ་ནི་རྩ་འདབ་རེ་རེ་འདོར་བའི་ཞག་གྲངས་ལ། འཆི་ཞག་དང་། རང་བཞིན་པའི་ཞག་གཉིས་གཉིས་སུ་འབྱེད་རྒྱུ་མེད་ཀྱི་སྔར་བཤད་པའི་འཆི་ལྟས་ཀྱི་རྒྱུ་བའི་ཞག་གྲངས་དེ་ཉིད་ཀ་རྩ་འདབ་དོར་བའི་ཞག་གྲངས་ཀྱང་ཡིན་ནོ། །ཁ་ཅིག བུ། རྩ་འདབ་གསུམ་པ་ལ་ཐོག་མར་རང་བཞིན་པ་ཉེར་ལྔ། དེ་ནས་འཆི་ཞག་བཅོ་ལྔ་དང་། ལྔ་པ་ལ་ཐོག་མར་རང་བཞིན་པ་ཉེར་བརྒྱད། དེ་ནས་འཆི་ཞག་ཉེར་ལྔ། དེ་ནས་རང་བཞིན་པ་བཞི་དང་། དྲུག་པ་ལ་ཐོག་མར་རང་བཞིན་པ་གཅིག །དེ་ནས་འཆི་ཞག་ཉེར་དྲུག །དེ་ནས་རང་བཞིན་པ་གཅིག་རྒྱུའོ། ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟ་ན་རྩ་འདབ་གསུམ་པའི་འཆི་ཞག་ཚེ་ལྷག་ལ་མ་གཏོགས་ན། རྩ་འདབ་གསུམ་པ་ལ་འཆི་ལྟས་ཐོག་མ་བརྒྱུས་པ་ནས། ཚེ་ལྷག་ལོ་གཅིག་ལས་མི་འོང་རྒྱུ་ལ། ལོ་གཅིག་དང་ཞག་བཅོ་ལྔ་ཡོད་པར་འགྱུར་བས། རྩ་འདབ་གསུམ་པའི་འཆི་ཞག་ཚེ་ལྷག་ལ་མི་གཏོགས་པར་ཐལ་བ་དང་། རྩ་འདབ་ལྔ་པ་ལ་ཚེ་ལྷག་ཞག་དགུ་བཅུ་ལས་མི་འོང་རྒྱུ་ལ་གོ་ལྔ་དང་། དྲུག་པ་ལ་ཚེ་ལྷག་གི་ཞག་དྲུག་ཅུ་ལས་མི་འོང་རྒྱུ་ལ་རེ་བཞི་འོང་བ་སོགས་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གསུམ་པ་རྩ་འདབ་འདོར་བའི་ཞག་དང་ཞག་ལྷག་ནི། སྤྱིར་ལོ་གསུམ་ལ་ཞག་སྟོང་བརྒྱད་ཅུ་ཡིན་ལ། དེའི་སྟེང་ནས་འདབ་མ་དང་པོ་འདོར་བ་ལ་ཞག་སུམ་བརྒྱ་སོ་ལྔ། ཞག་ལྷག་མ་བདུན་བརྒྱ་དང་ཞེ་ལྔ། དེ་བཞིན་དུ་རྩ་འདབ་གཉིས་པ་འདོར་བ་ལ་ཞག་སུམ་བརྒྱ་ཞེ་ལྔ། དེ་ཕྱིན་ཆད་ཀྱི་ཚེའི་ཞག་ལྷག་བཞི་བརྒྱ། རྩ་འདབ་


JLD011_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་འདོར་བ་ལ་བརྒྱ་བདུན་ཅུ། ཞག་ལྷག་ཉིས་བརྒྱ་སུམ་ཅུ། རྩ་འདབ་བཞི་པ་འདོར་བ་ལ་ཞག་གྱ་གཉིས། ཞག་ལྷག་བརྒྱ་ཞེ་བརྒྱད། རྩ་འདབ་ལྔ་པ་འདོར་བ་ལ་ཞག་ལྔ་བཅུ་རྩ་བདུན། ཞག་ལྷག་གོ་གཅིག །རྩ་འདབ་དྲུག་པ་འདོར་བ་ལ་ཞག་ཉེར་བརྒྱད། ཞག་ལྷག་རེ་གསུམ། བདུན་པ་མན་ཆད་རང་རང་གི་འཆི་ཞག་གི་གྲངས་ཀྱིས་འདབ་མ་རྣམས་འདོར་ཞིང་། ལྷག་ཀྱང་དེས་ཤེས་པར་ནུས་སོ། །བཞི་པ་འཆི་ཞག་རྣམས་རྩ་འདབ་གཅོད་པའི་ཞག་ལ་གཏོགས་མི་གཏོགས་དཔྱད་པ་ནི། འཆི་ཞག་རྣམས་རྩ་འདབ་གང་བརྒྱུས་པ་དེ་དང་དེ་གཅོད་བྱེད་ཀྱི་གཙོ་བོ་ཡིན་པས། འདབ་མ་དེ་དག་འདོར་བའི་ཞག་ཏུ་མི་གཏོགས་པ་མི་རིགས་ཤིང་། མི་གཏོགས་པ་བྱས་ན་འདབ་མ་རེ་རེ་འདོར་བ་ལ། སྔར་བཤད་པའི་ཞག་གྲངས་དེ་མི་ཚང་ངོ་། དཔེར་ན། འདབ་མ་དང་པོ་ལྟ་བུ་ལ་མཚོན་ན། ཐོག་མར་འཆི་ཞག་ལྔ། དེ་ནས་རང་བཞིན་པ་སུམ་བརྒྱ་སུམ་ཅུ་སོ་ལྔར་བྱས་ན། དེ་ལྟ་ན་འདབ་མ་གཉིས་པ་སོགས་ལའང་དེ་བཞིན་དུ་བྱེད་དགོས་པས། འདབ་མ་གཉིས་པ་མན་ཆད་ལ། ཞག་བདུན་བརྒྱ་ཞེ་ལྔ་ལས་ཤིན་ཏུ་མང་བ་ཡོད་པར་འགྱུར་ཞིང་། ཚེ་ལྷག་གི་གྲངས་རྣམས་འཆོལ་བར་འགྱུར་རོ། །ལྔ་པ་འཆི་ཞག་རྣམས་ཚེ་ལྷག་ལ་གཏོགས་མི་གཏོགས་དཔྱད་པ་ནི། སྣ་བུག་འདི་ལ། རྩ་འདི་ནས། བར་མ་ཆད་པར་ཞག་འདི་ཙམ་ཞིག །རླུང་བརྒྱུས་ན། དེ་ནས་འདི་ཙམ་ལ་འཆི་ཞེས་ཟེར་བས། འཆི་ཞག་རྣམས་ཚེ་ལྷག་ལ་མི་གཏོགས་པ་འདྲ་བ་ཞིག་སྣང་ནའང་། འདབ་མ་དང་པོ་དང་། གཉིས་པ། གསུམ་པ། བཞི་པ། རྣམ་ཤེས་ཀྱི་སྐབས་


JLD011_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནི། འཆི་ཞག་གི་གྲངས་རྣམས་ཚེ་ལྷག་ལ་གཏོགས་དགོས་པར་སྣང་ངོ་། །འདབ་མ་དང་པོ་ནས་སྣ་བུག་གཡས་ལ་བར་མ་ཆད་དུ་ཞག་ལྔ་རླུང་བརྒྱུས་ན་ལོ་གསུམ་ན་འཆི་ཞིང་། ལོ་གསུམ་ལ་ཞག་སྟོང་བརྒྱད་ཅུ་ལས་མེད་ལ། དེའི་སྟེང་ནས་འདབ་མ་དང་པོ་འདོར་བའི་ཞག་སུམ་བརྒྱ་སོ་ལྔ་སོང་བ་ན། ཞག་ལྷག་བདུན་བརྒྱ་ཞེ་ལྔ་ལས་མེད་ལ། འཆི་ཞག་ཚེ་ཞག་ལ་མི་གཏོགས་ན། ཞག་ལྷག་བདུན་བརྒྱ་དྲུག་ཅུ་འོང་བ་སོགས་མི་འགྲིག་པ་ཆེན་པོར་འགྱུར་བས་སོ། །འདབ་མ་ལྔ་པ་མན་ཆད་ལ་ནི་མུ་གསུམ་དུ་འགྱུར་རོ། །འདི་ལྟར་འདབ་མ་ལྔ་པ། དྲུག་པ། བདུན་པ། བརྒྱད་པ་རྣམས་ཀྱི་ནི་རང་རང་གི་འཆི་ཞག་རྣམས། རང་རང་གི་ཚེ་ལྷག་ལ་མི་གཏོགས་ཏེ། གལ་ཏེ་གཏོགས་ན་ལྔ་པ་ལ་ཚེ་ལྷག་ཟླ་བ་གསུམ་ལས་མི་འོང་རྒྱུ་ལ་ཟླ་བ་བཞི་འོང་བ་ནས། བརྒྱད་པ་ལ་ཚེ་ལྷག་ཞག་ཉེར་གཅིག་ལས་མི་འོང་རྒྱུ་ལ། སོ་དྲུག་འོང་བའི་བར་གྱི་སྐྱོན་དུ་འགྱུར་བས་སོ། །དགུ་པ་ལ་ནི། འཆི་ཞག་བཅུ་པོ། ཚེ་ལྷག་གི་ཞག་བཅུ་དྲུག་པོའི་གྲངས་ལ་རིལ་བོ་གཏོགས་པར་བྱས་ན། ཚེ་ལྷག་བཅུ་དྲུག་ལས་ཐལ་ནས་ཞག་ཉེར་གཅིག་ཏུ་འགྱུར་ཏེ། ཁོ་རང་གི་འཆི་ཞག་བཅུ། འདབ་མ་བཅུ་པ་གཅོད་པའི་འཆི་ཞག་ལྔ། བཅུ་གཅིག་པའི་གསུམ། བཅུ་གཉིས་པའི་གཉིས། དབུ་མ་གཅོད་པའི་ཞག་གཅིག་རྣམས་ཡོད་པས་སོ། །གཅིག་ཀྱང་མི་གཏོགས་པ་བྱས་ན། ཚེ་ལྷག་ཞག་བཅུ་དྲུག་ཀྱང་མེད་པར་འགྱུར་ཏེ། བཤད་མ་ཐག་པ་ལྟར་རྩ་འདབ་ལྷག་མ་གཅོད་པའི་འཆི་ཞག་ལྔ་དང་། གསུམ་དང་། གཉིས་དང་། གཅིག་སྟེ།


JLD011_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་པོ་དེ་ལས་མེད་པས་སོ། །དེས་ན། དགུ་པའི་འཆི་ཞག་བཅུ་པོ་ལས། ཕྱེད་ཚེ་ལྷག་ཏུ་བགྲང་ཞིང་ཕྱེད་མི་བགྲང་ངོ་། །བཅུ་པའི་ཚེ་ལྷག་ཞག་བཅུ་གཅིག་ཏུ་གསུངས་པ་ལ་ནི། ཁོ་རང་གི་འཆི་ཞག་ལྔ་པོ་རིལ་བོ་གཏོགས་དགོས་ཏེ། དེ་མི་གཏོགས་པ་ལ། ལྷག་ཞག་དྲུག་ལས་མེད་པས་སོ། །བཅུ་གཅིག་པ་དང་། བཅུ་གཉིས་པ་ལ་རིམ་བཞིན། ཚེ་ལྷག་ཞག་གསུམ་དང་། གཅིག་ཏུ་གསུངས་པ་ལ་ནི། རང་རང་གི་འཆི་ཞག་གསུམ་དང་། གཉིས་བཤད་པ་དེ་དག་མི་གཏོགས་ཏེ། གཏོགས་ན་རིམ་བཞིན། ཚེ་ལྷག་ཞག་དྲུག་དང་གསུམ་དུ་འགྱུར་བས་སོ། །དེས་ན་འདི་དག་ལ། རང་གི་འཆི་ཞག་རང་གི་ཚེ་ལྷག་ལ་རིལ་བོ་གཏོགས་པ་དང་། རིལ་བོ་མི་གཏོགས་པ་དང་། ཕྱེད་གཏོགས་ཤིང་ཕྱེད་མི་གཏོགས་པ་སྟེ་མུ་གསུམ་གྱི་དབང་དུ་མཛད་ནས། འཆི་ཞག་དང་། ཚེ་ལྷག་གི་ཞག་གྲངས་གོང་དུ་བཤད་པ་དེ་ལྟར་འགྲེལ་ཆེན་ལས་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་འདི་སྙམ་དུ། འཆི་ཞག་དང་རང་བཞིན་པའི་ཞག་གི་རྒྱུ་ཚུལ་སྔར་བཤད་པ་དེ་ལྟར་བྱས་ཀྱང་། འདབ་མ་བཞི་པ་མན་ཆད་ལ་ཚེ་ལྷག་ཟླ་བ་དྲུག་ཡོད་ཅིང་། ལྔ་པ་མན་ཆད་ལ་ཟླ་བ་གསུམ་ཡོད་པས། བཞི་པ་ལ་ལྔ་པ་དང་། ཐུན་མོང་དུ་མ་སོང་བའི་ཚེ་ལྷག་ཟླ་བ་གསུམ་འོང་དགོས་པ་ལ། གྱ་དགུ་ལས་མ་བྱུང་ཞིང་། དེ་ལྟར་བརྩིས་པས། ལྔ་པ་ལ་དྲུག་པ་དང་ཐུན་མོང་དུ་མ་སོང་བའི་ཚེ་ལྷག་སུམ་ཅུ་འོང་རྒྱུ་ལ་ཉེར་བརྒྱད་དང་། དྲུག་པ་ལ་བདུན་པ་དང་། ཐུན་མོང་དུ་མ་སོང་བའི་ཚེ་ལྷག་ཞག་སུམ་ཅུ་འོང་རྒྱུ་ལ་ཉེར་བདུན་དང་། འདབ་མ་ལྔ་པ་ལ་། ཚེ་ལྷག་འདབ་མ་ལྷག་མ་རྣམས་དང་ཐུན་མོང་བ་ཞག་དགུ་བཅུ་ལས་


JLD011_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མི་འོང་རྒྱུ་ལ་གོ་གཅིག་དང་། དྲུག་པ་ལ་ཚེ་ལྷག་འདབ་མ་ལྷག་མ་དང་ཐུན་མོང་བ་ཞག་སུམ་ཅུ་ལས་མི་འོང་རྒྱུ་ལ་སོ་དྲུག་སོགས་མི་འགྲིག་པ་འདི་ལྟར་འབྱུང་བ་ཅི་ཞེ་ན་སྐྱོན་མེད་དེ། འགྲེལ་ཆེན་ལས་གསུངས་པའི་ཚེ་ལྷག་གི་གྲངས་དེ་དག་ནི། འདབ་མ་བཞི་པ། ལྔ་པ། དྲུག་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཚེ་ལྷག་ལ། ཞག་དྲུག་མ་ཚང་བ་དེ་ཉིད། འདབ་མ་དྲུག་པའི་ཚེ་ལྷག་ལ་ཞག་དྲུག་ལྷག་པས། ཁ་བཀང་བས་ན་ཐོབ་ཐང་ལ། ཇི་སྐད་བཤད་པ་ལྟར་གྱི་གྲངས་འགྲིག་པ་ལ་དགོངས་པས་སྐྱོན་མེད་དེ། འདབ་མ་དྲུག་པའི་སྐབས་སུ་སོ་དྲུག་བྱུང་བས། འདབ་མ་བཅུ་གཅིག་པ་ལ་ཞག་གསུམ་དང་། བཅུ་གཉིས་པ་ལ་གཉིས་དང་། དབུ་མའི་ཞག་གཅིག་རྣམས་བྱུང་བ་ཡིན་གྱི་དྲུག་པའི་སྐབས་སུ་ཞག་ལྷག་སུམ་ཅུ་ཁོ་ན་བྱས་ན་དེ་འདབ་མ་བཅུ་པ་ཡན་ཆད་ཀྱིས་རྫོགས་པས་བཅུ་གཅིག་པ་མན་གྱི་ཞག་རྣམས་མེད་པར་འགྱུར་རོ། །དེའི་ཕྱིར་ཞག་གྲངས་དེ་ལྟར་མི་འོང་རྒྱུ་མིན་གྱི། ངེས་པར་འོང་དགོས་པ་ཡིན་ནོ། །དགུ་བཅུ་འོང་རྒྱུ་ལ་གོ་གཅིག་བྱུང་བ་ནི། མཐའི་དབུ་མ་གཅོད་པའི་ཞག་གཅིག་པོ་བརྩིས་པས་གོ་གཅིག་ཏུ་སོང་བ་ཡིན་གྱི། རྩ་འདབ་གཅོད་པའི་ཞག་གྲངས་གོ་གཅིག་ཏུ་སོང་བ་མ་ཡིན་པས་སྐྱོན་མེད་དོ། །དྲུག་པ་འཆི་ཞག་གི་གྲངས་རྣམས་སྔ་མའི་སྟེང་དུ་ཕྱི་མ་སྣོན་པ་ཡིན་མིན་དཔྱད་པ་ནི། འཆི་ཞག་བཅུ་དང་བཅོ་ལྔར་བྱེད་པ་སོགས་རྣམས། འདིར་ནི་ཟླ་བའི་འཆི་ལྟས་ཀྱི་སྐབས་ལྟར་སྔ་མའི་སྟེང་དུ་བསྣན་ནས་བརྩིས་པའི་ཞག་གྲངས་མིན་གྱི། རྩ་འདབ་གཉིས་པ་གཅོད་པ་རང་གི་སྐབས་སུ། འཆི་ཞག་བཅུ་པར་མ་ཆད་པར་བརྒྱུ་བ་ལ་སོགས་པ་ཡིན་ཏེ། དེ་ལྟ་མིན་ན། བཤད་


JLD011_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་གྱི་རྩ་འདབ་གཅོད་པའི་ཞག་གྲངས་རྣམས་འཚོལ་བར་འགྱུར་རོ། །འདིར་ཁ་ཅིག༼བུ་དང་ཆོས་རྗེ།༽ ན་རེ། ནཱ་རོ་པས། རྩ་འདབ་བརྒྱད་མན་ཆོད་གཅོད་པ་ལ་འཕོ་བ་ལྔས་ཉིན་ཞག་བཅོ་ལྔ། འཕོ་བ་བཞིས་ཉིན་ཞག་བཅུ། འཕོ་བ་གསུམ་གྱིས་ཉིན་ཞག་ལྔ། འཕོ་བ་གཉིས་ཀྱིས་ཉིན་ཞག་གསུམ། ཞེས་གསུངས་པ་ནི་འགྲེལ་ཆེན་ལས། ཉིན་ཞག་ཉི་ཤུ་རྩ་གསུམ་པོ་འདི་རྣམས་རྩ་བརྒྱད་པ་དང་། དགུ་པ་དང་། བཅུ་པ་དང་། ཁྱིམ་གྱི་རྩ་བཅུ་གཅིག་པ་དཀྱིལ་འཁོར་ལྔ་འབབ་པར་བྱེད་པ་ནི། ཉི་མའི་རབ་ཏུ་བརྒྱུ་བས་འདོར་ཏེ། ཞེས་གཡས་གཅིག་པུ་ནས་འབབ་པར་གསུངས་པས། དེ་དང་འགལ་ལོ་ཞེས་ཟེར་རོ། །སློབ་དཔོན་ནཱ་རོ་པས་གསུངས་པའི་དེའི་དོན་ནི། ལྟེ་བ་རྩ་འདབ་བརྒྱད་པ་གཅོད་པ་མན་ཆད་ལ། རྩ་འདབ་བརྒྱད་པ་བཅད་ཚར་ནས་དགུ་པ་གཅོད་པ་ལ་འཕོ་བ་དང་། དེ་ནས་རྩ་འདབ་བཅུ་པ་གཅོད་པ་ལ་འཕོ་བ་སོགས་ཀྱི་འཕོ་བ་ལྔ་ཡོད། ཅེས་སོགས་ཀྱི་དོན་ཡིན་ལ། འགྲེལ་ཆེན་ལས་གསུངས་པ་ནི། སྣ་བུག་གཡས་གཅིག་པུ་ལས་བརྒྱུ་བར་གསུངས་པ་ཡིན་པས། དེས་ན་རྩ་འདབ་དང་། སྣ་བུག་གི་འཕོ་བ་མ་ཕྱེད་པར། ཚད་ལྡན་གྱི་པཎྜི་ཏ་ལ་ཉེས་པ་འཛིན་པ་ལ་རིངས་པར་མ་བྱེད་ཅིག །དེ་ལྟར་མིན་ན་འགྲེལ་ཆེན་ལས་ཀྱང་ཟླ་བའི་འཆི་ལྟས་ཀྱི་སྐབས་སུ། འཆི་ལྟས་ཀྱི་རླུང་ཞག་ཉི་ཤུ་སོགས་སྣ་བུག་གཡོན་གཅིག་པུ་ནས་བརྒྱུ་བར་བཤད་པ་དང་། འཕོ་བ་བཅུས་ཉིན་མཚན་བྱེད་དེ། ཞེས་སོགས་བཤད་པའང་ནང་འགལ་ལོ། །ཞེས་བརྗོད་པར་གྱིས་ཤིག །དེ་ལྟར་བཤད་པ་དག་གིས་ཚིག་དོན་ཀྱང་ཤེས་པར་ནུས་ལ། ཁྱིམ་གྱི་འཁོར་ལོ་དགོད་པ་དཔེ་ཆུང་ལྟར་ཤེས་པར་བྱའོ། །ཉི་མའི་འཆི་ལྟས་བཤད་ཟིན་ཏོ། །འདིར་ཁ་ཅིག༼བུ་སོགས།༽ ཟླ་བ་དང་ཉི་མའི་འཆི་ལྟས་འདི་གཉིས་


JLD011_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་སྙེ་མ་ལས་དུས་འཆིར་བྱས་པ། པཎྜི་ཏའི་ནོར་བ་ཆེན་པོའོ། །ཞེས་ཟེར་མོད་ཀྱང་བི་བྷཱུ་ཏིས་མཛད་པའི་ནང་གི་སྙེ་མ་ལས་ནི་ནད་མེད་པ་རྣམས་ཀྱི་ཁམས་སྙོམས་པ་ཡིན་ལ། མི་སྙོམས་པའི་ཚེ་སྲོག་མི་སྙོམས་པས་ཉི་མ་དང་ཟླ་བའི་སྐྱོན་གྱིས་དུས་མ་ཡིན་པར་འཆིའོ། །ཞེས་དུས་མ་ཡིན་པའི་འཆི་བའི་ལྟས་སུ་གསལ་བར་བཤད་པས། དཔེ་མ་དག་པས་འཁྲུལ་བའམ། མ་བརྟགས་པར་ཟད་དོ། ། ༈ ད་ནི་གསུམ་པ་དུས་སུ་འཆི་བའི་མཚན་ཉིད་འཆད་པ་ལ། མུ་སྟེགས་པས་བརྟགས་པའི་མི་འཐད་པའི་ཕྱོགས་དགག་པ་དང་། འཐད་པའི་ཕྱོགས་རྣམ་པར་བཞག་པའོ། །དང་པོ་ནི། དགག་བར་དམ་བཅའ་བས་མཚམས་སྦྱར་བ་དང་། གཞན་ལུགས་དགོད་པ་དང་། དེ་དགག་པ་དང་། དོན་བསྡུ་བ་དང་བཞིས་རིག་པར་བྱའོ། །དང་པོ་ནི། ད་ནི་ཞེས་པ་ནས་། བརྗོད་པར་བྱའོ། ཞེས་པའི་བར་ཏེ། འདི་ཉི་མའི་དབུ་མའི་འཆི་ལྟས་ཞེས་སོགས་འདི་ལ། ད་ནི་དབུ་མའི་འཆི་ལྟས་ཀྱི་དུས་ཀྱི་ལོའི་རིམ་པས་ཉི་མའི་ལོ་བརྒྱའི་མཚམས་སུ། ཞེས་བསྒྱུར་ན་རྒྱ་དཔེ་དང་ཡང་མཐུན་ནོ། །ཞེས་གསུང་ངོ་། །གཉིས་པ་འདོད་པ་དགོད་པ་ནི། འདིར་མུ་སྟེགས་པ་རྣམས། ཞེས་སོགས་ཏེ་རྣམས་བརྗོད་པ་གྲག་སྟེ། ཞེས་པ་རྭ་འགྱུར་ལ། རྣམས་ལ་གྲགས་པ་རྗོད་པར་བྱེད་དེ། ཞེས་འབྱུང་ཞིང་། ཕྱོགས་སྔ་མ་སྨྲ་བ་པོས། གཡོན་དང་། དབུ་མའི་འཆི་ལྟས་གཏན་ནས་ཁས་མི་ལེན་པར། གཡས་ཉི་མའི་འཆི་ལྟས་འབའ་ཞིག་གིས། བྱིས་པ་བཙས་མ་ཐག་ནས་ལོ་བརྒྱའི་


JLD011_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པའི་བར་གྱི་འཆི་བའི་དུས་ངེས་པར་བྱེད་པར་འདོད་པ་འགོག་པ་སྟེ། འདོད་པ་བརྗོད་པའི་ཚིག་དོན་གོ་སླའོ། །གསུམ་པ་དེ་དགག་པ་ནི། དེ་ཉིད་ནི་ཐམས་ཅད་མཁྱེན་པས། ཞེས་པ་ནས། མི་ཤེས་པ་རྣམས་ཀྱི་ཚིག་གོ །ཞེས་པའི་བར་གསུངས་ཏེ། དེའང་། འགོག་པའི་ཚུལ་ནི། ཉི་མའི་འཆི་ལྟས་ཀྱིས་ལོ་གསུམ་ལས་ཕན་ཆད་ཀྱི་འཆི་བར་ངེས་པ་མི་བྱེད་ཅིང་། ད་ཚུན་ཆོད་དུ་ངེས་པར་བྱེད་ཚུལ་དང་། ལོ་གསུམ་ཚུན་ཆོད་དུ་འཆི་བ་ནི་གཡོན་པ་ཟླ་བའི་འཆི་ལྟས་ཀྱིས་ཀྱང་ངེས་པར་བྱེད་པ་དང་། དུས་འཆི་ནི་དབུ་མའི་འཆི་ལྟས་ཀྱིས་ངེས་པར་བྱེད་པ་ཡིན་ཚུལ་བཤད་ནས། འདི་དང་མཐུན་པར་ཉི་ཟླ་དབུ་མའི་འཆི་ལྟས་གསུམ་དང་། ཉི་ཟླའི་འཆི་ལྟས་ཀྱིས་ལོ་གསུམ་གྱི་མཐར་འཆི་བ་ཙམ་ཚུན་ཆོད་ངེས་པར་བྱེད་པ་ཡིན་པར་ཁྱེད་རང་ཚད་མར་ཁས་ལེན་པའི་དབང་ཕྱུག་གི་གཞུང་ལས་ཀྱང་བཤད་པས། དེས་ན་ཁྱེད་རང་གི་སྟོན་པའི་གཞུང་དང་འགལ་ཞིང་། སྒྲུབ་བྱེད་ཀྱི་རིགས་པའང་མེད་ལ། སྲོག་རླུང་མ་སྙོམས་པས་འཆི་ལྟས་སུ་འགྱུར་བའི་ཉི་མའི་འཆི་ལྟས་ཁས་ལེན་ན་ཐུར་སེལ་མ་སྙོམས་པས་འཆི་ལྟས་སུ་འགྱུར་བའི་ཟླ་བའི་འཆི་ལྟས་ཀྱང་ཁས་ལེན་དགོས་པར་མཚུངས་པས་གནོད་པའི་ཕྱིར་མི་འཐད་དོ། །ཞེས་བྱ་བ་དགག་པའི་དོན་མདོར་བསྡུས་པའོ། །དེས་ན་འདིར་རང་ལུགས་ལ་ཟླ་ཉི་དབུ་མའི་འཆི་ལྟས་གསུམ་ཡོད་ཚུལ་བཤད་ནས། དབང་ཕྱུག་གིས་ཀྱང་དེ་དང་མཐུན་པར་བཤད་དོ། །ཞེས་འཆད་པ་ལ། དུས་འཆིའི་ལྟས་དབུགས་དང་། ཆུ་སྲང་དང་། ཆུ་ཚོད་དང་། ཉིན་ཞག་ཏུ་འཕེལ་


JLD011_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མདོ་ཙམ་ཞིག་བཤད་པ་ནི། འདིར་མི་རྣམས་ཀྱི་ནས། རིགས་པའོ་ཞེས་པའི་བར་ཏེ། འོག་ཏུ་རྒྱས་པར་འཆད་དོ། །རིགས་པ་འདི་ལས། ནས་ཡིན་པའི་ཕྱིར་རོ། །ཞེས་པའི་བར་ནི། དུས་འཆི་ལོ་བརྒྱའི་མཚམས་སུ་འཆི་བ་ལའང་། སྐྱེས་མ་ཐག་ནས་འཆི་ལྟས་དབུགས་སུ་ལོངས་པ་ལ་སོགས་པའི་བར་ལ་ལོ་མང་པོ་དགོས་པ་འདི་རིགས་པའམ་འཐད་པས་དུས་མིན་པར་ལོ་གསུམ་དང་ལྔ་དང་བཅུ་གཉིས་སོགས་ནས་འཆི་བ་ནས། ལོ་བརྒྱའི་དུས་སུ་འཆི་བའི་བར་གྱི་འཆི་ལྟས་ལ། ལོ་བརྒྱ་ནས་འཆི་བ་ལ་འཆི་ལྟས་ཐོག་མར་ཆུ་ཚོད་ལྔ་བརྒྱུ་བ་སོགས་སུ་དམ་འཆའ་བར་མི་རིགས་སོ། ཞེས་བྱ་བའོ། །ཉི་མའི་འཆི་ལྟས་ལུགས་འབྱུང་ནི་སྔར་བཤད་ཟིན་པས། འདིར་ལུགས་ལྡོག་འཆད་ལ་དེའང་། འདིར་གལ་ཏེ། ཞེས་སོགས་ཀྱི་དོན་ནི། བྱིས་པ་སྐྱེས་པའི་ཟླ་བ་གཅིག་གི་རྗེས་སུ་ཞེས་པ་རགས་པར་བརྩིས་པའི་གྲངས་ཡིན་པས་ཟླ་བ་གཅིག་དང་ཞག་དྲུག་ན་འཆི་ན། མངལ་ནས་སྐྱེས་པ་སྲོག་རླུང་རྫོགས་པའི་མཚམས་དེ་ནས། འཆི་ལྟས་ཀྱི་རླུང་ཚེས་ཕྱོགས་མདའ་དང་ཡོན་ཏན་ལ་སོགས་པ་ཞེས་པ། དང་པོར་རྩ་འདབ་བརྒྱད་པ་ལ་ཞག་བཅོ་ལྔ། དེ་ནས་རྩ་འདབ་དགུ་པ་འཆི་ཞག་བཅུ། དེ་ནས་རྩ་འདབ་བཅུ་པ་དང་། བཅུ་གཅིག་པ་དང་། བཅུ་གཉིས་པ་དང་། དབུ་མར། ཞག་ལྔ་དང་། གསུམ་དང་། གཉིས་དང་། གཅིག་བརྒྱུས་ནས་འཆི་བ་སྔར་ལྟར་རོ། །དེའང་སྔར་རྩ་འདབ་བརྒྱད་པ་ལ་ཚེ་ལྷག་ཞག་ཉེར་གཅིག་ཏུ་བཤད་ལ། འདིར་ཟླ་གཅིག་དང་ཞག་དྲུག་ཏུ་བྱེད་


JLD011_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་འགལ་ལམ་ཞེ་ན། བརྒྱད་པ་འཆི་ཞག་བཅོ་ལྔ་པོ་དེ་ཚེ་ལྷག་ལ་མ་གཏོགས་པ་ཉེར་གཅིག་ཏུ་བཤད་ལ། གཏོགས་པ་ཟླ་བ་གཅིག་དང་ཞག་དྲུག་ཏུ་བྱས་པས་མི་འགལ་ལོ། །དེ་བཞིན་དུ་སྔར་ལུགས་འབྱུང་དུ་བཤད་པ་ལ་དཔགས་པས་ལྷག་མའང་ཤེས་སླ་ལ། འདབ་མ་ལྔ་པ་ལ་འཆི་ཞག་བརྒྱུས་པ་ནས་ཚེ་ལྷག་ཟླ་བ་བཞི་ལ་སོགས་པར་བཤད་ལ། སྔར་ཟླ་བ་གསུམ་དུ་བཤད་པ་ལ་སོགས་པ་དང་མི་མཐུན་པའང་། འཆི་ཞག་གི་ཚེ་ཞག་ནི་ནང་དུ་བགྲངས་པ་དང་། མ་བགྲངས་པའི་ཁྱད་པར་ཡིན་པས་སྐྱོན་མེད་དོ་ཞེས་བྱ་སྟེ། དེ་བཞིན་དུ་གཞན་ལའང་ཤེས་པར་བྱའོ། །ཉི་མའི་འཆི་ལྟས་ལུགས་ལྡོག་ཏུ་འབྱུང་ཚུལ། དེ་ཇི་ལྟ་བར་ཟླ་བའི་འཆི་ལྟས་ལུགས་ལྡོག་འབྱུང་བའི་ཚུལ་ཡང་ཤེས་པར་བྱ་བར་བསྟན་པ་ནི། འདི་ནི་ཉི་མའི་འཆི་ལྟས་ཀྱི་ངེས་པ་སྟེ་ཉི་མའི་ཇི་ལྟ་བ་དེ་བཞིན་དུ་ཞེས་སོགས་སོ། །དེ་ལྟར་དབང་ཕྱུག་གིས་ཀྱང་བཤད་པར་བསྟན་པ་ནི། དེ་བཞིན་དུ་ཞེས་སོགས་སོ། །དེའི་ཕྱིར་ཁྱོད་རང་གི་སྟོན་པས་ཁོ་བོ་ཅག་གི་འདོད་པ་དང་མཐུན་པར་བཤད་པས་ཁྱོད་ནི་རང་གི་སྟོན་པའི་གཞུང་དང་འགལ་ལོ། །ཞེས་བྱ་བའི་དོན་ནོ། །འདི་ལྟར་མངལ་ནས། ཞེས་པ་ནས། རིགས་པའོ། ཞེས་པའི་བར་ནི། དེས་ན་ལས་ཀྱི་དུས་མ་ཡིན་པར། འཆི་བའི་ཚེ་ལ་ཟླ་བ་དང་ཞག་དང་ལོའི་གྲངས་གཅིག་ཏུ་ངེས་པ་མེད་ཀྱང་། སྐྱེས་མ་ཐག་འཆི་བ་ནས། ལོ་གསུམ་ན་འཆི་བའི་བར་གྱི་ཚེའི་ལྷག་མ་མི་འདྲ་བའི་ཁྱད་པར་ནི། ཉི་ཟླའི་འཆི་ལྟས་ཀྱིས་ངེས་པར་བྱེད་པ་སོགས་ནི། དམ་བཅའ་བར་རིགས་པའོ། ཞེས་བྱ་བ་ཡིན་གྱི། རང་ལུགས་ཀྱི་དམ་


JLD011_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འཆའ་འདི་དེའི་བཟློག་ཕྱོགས་ཀྱི་དམ་འཆའ་གཞན་འགོག་བྱེད་ཀྱི་རིགས་པའོ། །ཞེས་པ་ནི་མ་ཡིན་ནོ། །ཉི་མའི་དབུ་མ་རབ་ཏུ་བརྒྱུ་བས། ཞེས་སོགས་ཀྱི་དོན་ནི། ཉི་མའི་རྒྱུ་བ་ཁོ་ནས་དུས་མ་ཡིན་པའི་འཆི་ལྟས་སུ་འགྱུར་བ་ཐམས་ཅད་མཁྱེན་པས་གསུངས་པའི་དམ་འཆའ་ཡང་དག་ཏུ་མི་འཐད་དེ། སྲོག་རླུང་མི་སྙོམས་པས་དུས་མ་ཡིན་པའི་ཉི་མའི་འཆི་ལྟས་སུ་འགྱུར་ན། ཐུར་སེལ་མ་སྙོམས་པའི་དབང་གིས་དུས་མིན་པའི་ཟླ་བའི་འཆི་ལྟས་སུ་འགྱུར་བར་ཡང་མཚུངས་པའི་ཕྱིར། ཞེས་བྱ་བའོ། །བཞི་པ་དོན་བསྡུ་བ་ནི། འདིར་ལོ་གསུམ་གྱི་ཞེས་སོགས་ཏེ་ཤེས་སླའོ། །གཉིས་པ་འཐད་པའི་ཕྱོགས་བཞག་པ་ལ། བླ་མ་སྔ་མ་དག་གི་ལུགས་བརྗོད་པ་དང་། རང་གི་ལུགས་བཞག་པའོ། །དང་པོ་ནི། དུས་འཆིའི་ལྟས་འདིའང་། སྔ་རབས་པ་དག་བསླབས་ཀྱང་མི་ཤེས་པ་སུམ་ཆའི་ཁོངས་སུ་གཏོགས་ཞེས་ཟེར། དེའང་། ལོ་བརྒྱའི་མཐར་ལོ་གསུམ་ཕྱོགས་གསུམ་གྱི་རྗེས་སུ་ཞག་སོ་བཞི་གནས་པ་དགོས་པ་འདི། ལོ་གསུམ་ཕྱོགས་གསུམ་གྱི་ཞག་ལ་ཕྱེད་བཅས་སུམ་ཅུ་རྩ་གཉིས་ཀྱིས་བགོས་ནས་འཚོལ་བའི་རྒྱུ་མཚན་ཇི་ལྟར་ཡིན་དཔྱད་དཀའ་བར་བྱེད་པར་སྣང་ངོ་། །དེ་ལ་ཐང་སྟོན་ལོ་ཙཱ་ན་རེ། འདིར་ཕྱེད་དང་བཅས་པའི་སུམ་ཅུ་རྩ་གཉིས་ཀྱིས་ཐོབ་པ། ཞེས་སོགས་ཀྱི་དོན་དུ་བསམས་ནས། ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་བརྒྱ་ཉི་ཤུ་རྩ་ལྔ་ལ་སུམ་ཅུ་རྩ་ཕྱེད་དང་གསུམ་གྱིས་བགོས་པའི་ཐོབ་ནོར། ཞག་སོ་བཞི། ཆུ་ཚོད་སོ་དྲུག །ཆུ་སྲང་ང་ལྔ། དབུགས་


JLD011_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་དང་གསུམ་རྣམས་འཆི་ལྟས་འཕེལ་བའི་ཞག་གྲངས་ཡིན་ལ། དེ་ཙམ་རེ་ན་འཆི་ལྟས་ཞག་རེ་འཕེལ་བར་ཤེས་པར་བྱའོ། །འོན་ཀྱང་འཆི་ལྟས་ཀྱི་ཞག་འཕེལ་བ་ཐམས་ཅད་ནི། དེའི་ཁོངས་སུ་གཏོགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ཁ་ཅིག་ན་རེ། དེ་མི་འཐད་དེ། དེ་ལྟ་ན། མཐའི་དབུ་མའི་འཆི་ཞག་གཅིག་པུ་དེ་ལ། གསོག་བྱེད་ཀྱི་ཞག་ཡོད་དམ་མེད། ཡོད་ན། ཕྱེད་བཅས་སུམ་ཅུ་རྩ་གཉིས་ཀྱིས་བགོས་པའི་ཐོབ་ནོར། སོ་བཞི་རྗེས་འབྲང་དང་བཅས་པ་དེ་ཉིད་གསོག་བྱེད་ཀྱི་ཞག་ཏུ་ཁས་ལེན་དགོས་པས། དུས་འཆིའི་ཞག་གི་འཁོར་ལོ་སྟོང་བརྒྱ་ང་དྲུག་ཏུ་གསུངས་པ་ལས་ལྷག་ནས་སྟོང་བརྒྱ་བདུན་ཅུ་དོན་དྲུག་ཆུ་ཚོད་ང་ལྔ་ལ་སོགས་པར་འགྱུར་ལ། གསོག་བྱེད་མེད་ན་ཞག་སྟོང་བརྒྱ་ཞེ་གསུམ་དུ་འགྱུར་བས་དུས་འཆིའི་ཞག་གི་འཁོར་ལོ་ལྟར་འགལ་ལོ། །ཞེས་ཟེར་རོ། །དེ་ནི་ཐང་སྟོན་གྱི་འདོད་པ་ལ་གནོད་བྱེད་ཡང་དག་མ་ཡིན་ཏེ། ལུགས་དེས་དབུ་མའི་ཞག་གཅིག་ལ་གསོག་བྱེད་ཡོད་པར་ཁས་ལེན་ཡང་། ཞག་ཕྱེད་བཅས་སུམ་ཅུ་རྩ་གཉིས་པོ་ཉིད། དེའི་གསོག་བྱེད་དུ་ཁས་ལེན་གྱི་ཞག་སོ་བཞི་རྗེས་འབྲང་དང་བཅས་པ་དེ་དེའི་གསོག་བྱེད་དུ་ཁས་བླངས་པའང་མེད་ལ། ལེན་དགོས་པའང་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་གནོད་བྱེད་དེ་མི་འབྱུང་ཡང་། ལུགས་དེ་འཐད་པ་ནི་མ་ཡིན་ཏེ། འདི་ལྟར་ཐོབ་ནོར་དེ་མཐའི་ཞག་སོ་བཞི་ལས་གཞན་པའི་ཞག་སོ་བཞི་རྗེས་འབྲང་དང་བཅས་པར་ཁས་མི་ལེན་ན། ཐོབ་ནོར་ཀྱི་ཞག་དེ་དག་མཐའི་ཞག་དེ་དག་གི་གོང་གི་ཞག་ཕྱེད་བཅས་སུམ་ཅུ་རྩ་གཉིས་ཀྱིས་བགོ་བའི་གཞི་དེ་དག་གི་ནང་དུ་འཕེལ་བའི་


JLD011_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་ཞག་ཡིན་པར་ཁས་བླངས་པ་དང་འགལ་ཞིང་། གཞན་ཡིན་ན། ལོ་གསུམ་ཕྱོགས་གསུམ་ལས་ཞག་སོ་བཞི་པ་ཚར་གཉིས་ལྷག་པས། དུས་འཆིའི་རྣམ་གཞག་ཉམས་པས་སོ། ལོ་གསུམ་ཕྱོགས་གསུམ་རྫོགས་ནས། མཐའི་ཟླ་བ་གཅིག་འབྱུང་བ་དེའི་རྒྱུ་མཚན་ཅི་ཡིན་ཞེས་འདྲི་བ་ལའང་། གཞན་དག་ན་རེ། མངལ་གྱི་དང་པོའི་ཟླ་བ་གཅིག་དང་དག་པ་སྦྱོར་བ་ཡིན་ནོ། ཞེས་ཟེར་རོ། །དེ་ལ་ནི་མཐའི་ཟླ་བ་གཅིག་པོ་དེ་འབྱུང་བའི་རྒྱུ་མཚན་ཅིའང་སྟོན་རྒྱུ་མི་སྣང་ལ། ཟླ་བ་དེ་གཉིས། སྔ་མའང་མཐའི་དེ་དག་པ་མིན་ལ། མཐའི་དེའང་མངལ་གྱི་དེ་དག་པ་མ་ཡིན་པས་འབྲེལ་གང་ཡང་མེད་ཅིང་དག་པ་སྦྱོར་བ་ཞེས་པའི་ཐ་སྙད་སྦྱོར་ཚུལ་ཡང་མ་ལེགས་སོ། །སྐྱེས་བུ་ཚེ་ལོ་བརྒྱ་པ་དུས་སུ་འཆི་བ་ནི། སྐྱེས་ནས་ལོ་བརྒྱ་མ་སོང་བར་མི་འཆི་ཞིང་། སོང་ནས་ལྷག་པོ་མི་སྡོད་པས་མཚམས་དེར་འཆི་བ་ཞིག་དགོས་ཀྱི། གཞན་དུ་ན་དུས་སུ་མ་སླེབས་པའམ། དུས་ལས་ཐལ་ནས་ཤི་བས་དུས་འཆིར་མི་འགྱུར་རོ། །དེ་ལ་སྐྱེས་ནས་ལོ་བརྒྱ་ནི་མཐའི་ལོ་གསུམ་ཕྱོགས་གསུམ་རྫོགས་པ་དེའི་ཚེ་རྫོགས་པས། དེ་ནས་ཀྱང་ཟླ་བ་གཅིག་དང་། ཞག་གཅིག་གི་དུས་ལས་ལྷག་པར་བསྡད་པའི་ཕྱིར། དུས་འཆིར་མི་འགྱུར་ཏེ། དཔེར་ན་ལོ་བརྒྱར་ཟླ་བ་གཅིག་གིས་མ་ལོངས་པར་ཤི་ན་དུས་མ་ཡིན་པར་འཆི་བར་འགྱུར་བ་བཞིན་ནོ། །སྙམ་པའི་དོགས་པ་འདི་དཔྱད་དགོས་ཤིང་དཔྱད་དཀའ་བ་ཡིན་པ་ལ་དུས་འཆིའི་ལྟས་རྟོགས་སླ་བ་དང་། རྟོགས་དཀའ་བར་


JLD011_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་ཐམས་ཅད་ཀྱིས་ཀྱང་། དོགས་པ་འདི་ལྟར་དཔྱད་དགོས་པ་མ་གོ་བར་སྣང་ངོ་། །གཉིས་པ་རང་གི་ལུགས་བཞག་པ་ནི། དུས་འཆིའི་རྣམ་གཞག་འདི་དག་ཀྱང་། བསྡུས་པའི་དོན་གསུམ་གྱིས་རིག་པར་བྱ་སྟེ། འདི་ལྟར་སྐྱེས་ནས་འཆི་ལྟས་ཀྱི་རླུང་རིམ་པས་འཕེལ་བའི་ཚུལ། འཆི་ལྟས་ཞག་ཏུ་ལོངས་ནས་ལོ་གསུམ་ཕྱོགས་གསུམ་ལ་དཀྱིལ་འཁོར་ལྔ་དང་ཡོན་ཏན་གསུམ་གྱི་ཁམས་ཟད་པར་བྱེད་ཚུལ་ལོ་གསུམ་ཕྱོགས་གསུམ་རྫོགས་པའི་མཐར་ཡང་ཞག་སོ་གཅིག་འོང་དགོས་པའི་རྒྱུ་མཚན་ནོ། །དང་པོ་ནི། ཚེ་ལོ་བརྒྱ་པའི་སྐྱེས་བུ་མངལ་ནས་སྐྱེས་པ་ནས་ཟླ་བ་ཕྱེད་དང་བཅུ་གཅིག་ལ་བགྲོད་པ་གཉིས་སུ་བྱས་པ་ཕྱོགས་གསུམ་གྱིས་དམན་པའི་ལོ་དང་པོ་ལ་ནི་འཆི་ལྟས་ཀྱི་རླུང་མི་རྒྱུ་ལ། དེ་ནས་ལོ་གཉིས་པའི་དུས་བགྲོད་པ་གསུམ་པ་ལ་འཆི་ལྟས་ཀྱི་དབུགས་གཅིག་རྒྱུའོ། །དེའང་། སྐྱེས་མ་ཐག་ནས་ཡེ་ཤེས་ཀྱི་རླུང་ལྔ་བཅུ་རྩ་དྲུག་རྐང་བཅས་ཐོག་མར་རྒྱུ་ཞིང་། དེ་རྫོགས་པའི་རྗེས་ནས་དུས་སྦྱོར་གྱི་རླུང་ཐོག་མར་བརྒྱུ་བ་དེ་མཉམ་པའི་དུས་སྦྱོར་གྱི་རྩ་འདབ་ནས་ཐོག་མར་བརྒྱུས་པ་ཡིན་ན་འཆི་ལྟས་ཀྱི་རླུང་གི་ཐོག་མའང་གཡས་ནས་བརྒྱུ་ལ། གཡོན་མི་མཉམ་པའི་དུས་སྦྱོར་ལ་ཐོག་མར་བརྒྱུས་པ་ཡིན་ན་འཆི་ལྟས་ཐོག་མའང་གཡོན་ནས་འགོ་རྩོམ་པ་ཡིན་ནོ། །དེ་ནས་ལོ་གསུམ་པའི་དུས། བགྲོད་པ་ལྔ་པ་ཞེས་པ། སྐྱེས་པ་ནས་བརྩིས་པའི་བགྲོད་པ་ལྔ་པ་ལོ་གསུམ་པ་རང་ལ་བགྲོད་པ་གཉིས་ཡོད་པའི་དང་


JLD011_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟེ། དེ་ལ་འཆི་ལྟས་དབུགས་གཅིག་བརྒྱུའོ། །དེ་བཞིན་དུ་ལོ་རེ་ལ་རེ་རེ་བརྒྱུས་པས་མཐར་ལོ་བདུན་པའི་དུས་ཀྱི་བགྲོད་པ་དང་པོ། སྐྱེས་པ་ནས་བརྩིས་པའི་བགྲོད་པ་བཅུ་གསུམ་པ་ལ་དབུགས་གཅིག་བརྒྱུས་པ་ཡན་ཆད་ཀྱིས་འཆི་ལྟས་དབུགས་ཀྱི་འཁོར་ལོ་ལོངས་སོ། །དེའི་ཕྱིར་དབུགས་དྲུག་ནི་ཆུ་སྲང་ཡིན་པས་འཆི་ལྟས་ཆུ་སྲང་དུ་ལོངས་ཏེ། འདི་ནས་ལོ་དྲུག་ཅུའི་བར་དུ་ལོ་རེ་ལ་བགྲོད་པ་གཉིས་གཉིས་སུ་བྱས་པའི་བགྲོད་པ་དང་པོའི་ཐོག་མར་འཆི་ལྟས་ཀྱི་རླུང་ཆུ་སྲང་རེ་བརྒྱུ། བགྲོད་པ་གཉིས་པ་ལ་མི་བརྒྱུ། དེ་ལྟར་སྤེལ་ནས་བརྒྱུས་པའི་ལོ་དྲུག་ཅུ་ན་འཆི་ལྟས་ཀྱི་རླུང་ཆུ་སྲང་དྲུག་ཅུ་ལོངས་པས། ཆུ་སྲང་གི་འཁོར་ལོ་རྫོགས་ཤིང་། དེ་ནས་ཆུ་ཚོད་དུ་ལོངས་ཏེ། དེའང་ལོ་སུམ་ཅུའི་བར་དུ། ལོ་རེ་ལ་བགྲོད་པ་གཉིས་གཉིས་ཀྱི་བགྲོད་པ་རེའི་ཕྱེད་སྔ་མ་ལ་འཆི་ལྟས་ཆུ་ཚོད་གཅིག་རྒྱུ། ཕྱེད་ཕྱི་མ་ལ་མི་རྒྱུ། ཡང་བགྲོད་པ་གཉིས་པའི་ཕྱེད་སྔ་མའི་ཐོག་མར་འཆི་ལྟས་ཆུ་ཚོད་གཅིག་རྒྱུ། ཕྱེད་ཕྱི་མ་ལ་མི་རྒྱུ་བའི་རིམ་པས་ལོ་སུམ་ཅུ་ན་འཆི་ལྟས་ཆུ་ཚོད་དུ་ལོངས་པ་དྲུག་ཅུ་རྫོགས་པས། དེ་ནི་ཉིན་ཞག་ཏུ་ལོངས་པར་རྒྱུ་ཞིང་། དེའང་ལོ་གསུམ་ཕྱོགས་གསུམ་གྱི་རིང་ལ། ཞག་སུམ་ཅུ་སོ་ཕྱེད་དང་གསུམ་གསུམ་ན། འཆི་ལྟས་ཞག་རེ་དང་ཆུ་ཚོད་རེ་དང་། ཆུ་སྲང་ལྔ། དབུགས་བཅུ་གསུམ་ཆ་བཅུ་གཉིས། དེའི་བཅུ་བདུན་ཆ་དྲུག་རེ་དང་བཅས་པ་བརྒྱུ་བ་ཡིན་ལ། སྔར་ལོ་རེ་ལ། དབུགས་རེ་དང་། བགྲོད་པ་རེ་ལ་ཆུ་སྲང་རེ་དང་།


JLD011_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པ་ཕྱེད་རེ་ན་ཆུ་ཚོད་རེ་འཕེལ་བ་ལྟར། ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་བརྒྱ་ཉི་ཤུ་རྩ་ལྔ་པོའི་ནང་ནས་ཀྱང་། ཞག་སུམ་ཅུ་སོ་ཕྱེད་དང་གསུམ་གསུམ་ན་འཆི་ལྟས་ཞག་ཏུ་ལོངས་པ་རྗེས་འབྲང་འདི་ཙམ་རེ་དང་བཅས་པ་རྒྱུའོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ། ཞག་སྟོང་བརྒྱ་ཉི་ཤུ་རྩ་ལྔ་པོ་ལ་སུམ་ཅུ་སོ་ཕྱེད་དང་གསུམ་གྱིས་བགོད་པ་ཡིན་གྱི་དེ་ལྟར་བགོས་པའི་ཐོབ་ནོར་ལོ་གསུམ་ཕྱོགས་གསུམ་གྱི་མཐའི་ཞག་སོ་བཞིར་བྱེད་འདོད་ནས་བགོད་པ་མ་ཡིན་ལ། དེ་ལྟར་ཡིན་ན། ཞག་སོ་བཞི་ལས་ཆུ་ཚོད་སོ་དྲུག་སོགས་ཀྱིས་ལྷག་ཅིང་མཐའི་ཞག་སོ་བཞིས་རྩ་ཐམས་ཅད་རྫོགས་པར་བཅད་ཚར་བའི་ཕྱིར། ལོ་བརྒྱ་རྫོགས་ཤིང་། རྩ་ཐམས་ཅད་བཅད་ཚར་ནས་ཀྱང་། ཆུ་ཚོད་སོ་དྲུག་ཆུ་སྲང་ང་དྲུག་དབུགས་གཉིས་དབུགས་ཀྱི་བཅུ་གསུམ་ཆ་བཞི་རྣམས་ཀྱི་ཡུན་ཚད་མ་ཤི་བར་གནས་དགོས་པས་དུས་འཆི་ཡིན་པ་ཉམས་ཤིང་། དུས་ལས་ལྷག་པར་གནས་པ་མི་འདོད་བཞིན་དུ་ཁས་ལེན་དགོས་པར་འགྱུར་ལ། དབུ་མ་བཅད་ཚར་ནས་མི་འཆི་བར་གནས་པའི་ཐ་མལ་བ་མི་སྲིད་པར་ཡང་ཡང་བཤད་པ་ཐམས་ཅད་དང་འགལ་ལོ། །དེས་ན་ཞག་ཕྱེད་བཅས་སོ་གཉིས་ཀྱིས་བགོས་པའི་ཐོབ་ནོར་གྱི་ཞག་སོ་བཞི་དང་། མཐའི་ཞག་སོ་བཞི། ཞག་གི་གྲངས་སོ་བཞི་ཙམ་དུ་མཚུངས་ཀྱང་། དོན་མི་གཅིག་ཅིང་། རྗེས་འབྲང་ཡོད་མེད་སོགས་མི་མཚུངས་ལ། ཕྱེད་བཅས་སོ་གཉིས་ཀྱིས་བགོས་པའི་ཐོབ་ནོར་སོ་བཞི་རྗེས་འབྲང་དང་བཅས་པའང་།


JLD011_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་སྟོང་བརྒྱ་དང་ཉི་ཤུ་རྩ་ལྔ་པོའི་ཞག་གྲངས་ལ་གཏོགས་ལ། དེ་བཞིན་དུ་ལོ་དགུ་བཅུ་རྩ་དྲུག་གི་སྐབས་སུ་འཆི་ལྟས་འཕེལ་བའི་དབུགས་ཆུ་སྲང་ཆུ་ཚོད་རྣམས་ཀྱང་། ལོ་དང་དེའི་ཞག་གྲངས་ལ་གཏོགས་ཤིང་། དེ་དག་ལ་མི་གཏོགས་ན་དུས་འཆིའི་དུས་ལས་ལྷག་པར་འགྱུར་བའི་སྐྱོན་སོ་ན་གནས་སོ། །འོན་ཀྱང་འཆི་ལྟས་འཕེལ་ཞེས་པ་ནི། ལོ་དང་ཟླ་བ་སོགས་སྔ་མ་སྔ་མའི་དུས་འཆི་ལྟས་ཀྱི་དབུགས་བརྒྱུ་བའི་ཡུན་ཚད་ལས་ཕྱི་མ་ཕྱི་མའི་འཆི་ལྟས་ཀྱི་དབུགས་ཡུན་ཚད་རིང་བར་བརྒྱུ་བའི་དོན་ཡིན་གྱི། འཆི་ལྟས་ཀྱི་ཞག་ལ་སོགས་པ་རྣམས་ལོ་གསུམ་ཕྱོགས་གསུམ་སོགས་ཀྱི་ཞག་གྲངས་ལ་མི་གཏོགས་པའི་ཞག་ལྷག་པོ་འཕེལ་བའི་དོན་མིན་ནོ། །དབུགས་དང་ཆུ་སྲང་སོགས་སུ་འཕེལ་ཚུལ་འདི་དག་གཞུང་དུ། དཀྱིལ་འཁོར་སོགས་གཅོད་ཚུལ་གྱི་འོག་ཏུ་གསུངས་ཀྱང་། འདིར་རྟོགས་སླ་བའི་དོན་དུ་སྔར་བཤད་དོ། །གཉིས་པ་ལོ་གསུམ་ཕྱོགས་གསུམ་ལ་དཀྱིལ་འཁོར་ལྔ་དང་། ཡོན་ཏན་གསུམ་གྱི་ཁམས་ཟད་པར་བྱེད་ཚུལ་བཤད་པ་ནི། དང་པོར་གཡོན་ནས་འཆི་ཞག་འགོ་རྩོམ་པའི་དབང་དུ་བྱས་ན། དང་པོར་སྣ་བུག་གཡོན་ནས་འཆི་ལྟས་ཞག་གཅིག །རང་བཞིན་པ་ཞག་གཅིག །དེ་ནས་སྣ་བུག་གཡས་ནས་འཆི་ལྟས་ཞག་གཉིས། རང་བཞིན་པ་ཞག་གཉིས། དེ་ནས་གཡོན་ལ་འཆི་ལྟས་ཞག་གསུམ་རྒྱུ་ཞིང་། དེ་ནས་གཡོན་ལ་རང་བཞིན་པ་ཞག་གསུམ་བརྒྱུས་ནས་འཕོ་སྟེ། དེ་ནས་


JLD011_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ལ་འཆི་ལྟས་ཞག་བཞི་དང་། རང་བཞིན་པ་ཞག་བཞི། དེ་ནས་གཡོན་ལ་འཆི་ལྟས་ཞག་ལྔ་དང་། རང་བཞིན་པ་ཞག་ལྔ། བརྒྱུས་པས་གཡོན་གྱི་སྣ་བུག་ལ། སྣ་བུག་གཉིས་ལ་བརྒྱུ་བའི་འཕོ་ཆེན་བཅུ་གཉིས་ཀྱི་ནང་ནས། ནམ་མཁའི་དཀྱིལ་འཁོར་གྱི་འཕོ་བ་འདོར་ལ། དེ་ནས་གཡས་ལ། འཆི་ལྟས་ཞག་དྲུག་དང་། རང་བཞིན་པ་ཞག་དྲུག་གིས་འཕོ་བ་བཅུ་གཉིས་ཀྱི་ནང་ནས། སྣ་བུག་གཡས་ལ་སའི་དཀྱིལ་འཁོར་གྱི་འཕོ་བ་འདོར་རོ། །དེ་བཞིན་དུ་གཡོན་ལ་མི་མཉམ་པའི་ཞག་བདུན་པ། དགུ་པ། བཅུ་གཅིག་པ་ལྟ་བུའི་སྡེ་ཚན་གསུམ་གསུམ་དང་། གཡས་ལ་བརྒྱད་པ། བཅུ་པ། བཅུ་གཉིས་པ་ལྟ་བུའི་མཉམ་པའི་ཞག་གི་སྡེ་ཚན་གསུམ་གསུམ། གཡོན་ལ་ཞག་ཉེར་དགུ་པ་དང་། གཡས་ལ་ཞག་སུམ་ཅུ་པའི་བར་བརྒྱུ་བའི་འཆི་ཞག་དང་། རང་བཞིན་པའི་ཞག་དང་། གཡས་གཡོན་སྤེལ་ཚུལ་གོང་གི་རིགས་པ་ལྟར་སྦྱར་བས། འཕོ་བ་བཅུ་གཉིས་ཀྱི་ནང་ནས། སྣ་བུག་གཡོན་ལ་རིམ་བཞིན། རླུང་། མེ། ཆུ། སའི་དཀྱིལ་འཁོར་གྱི་འཕོ་བ་དང་། གཡས་ལ་རིམ་བཞིན། ཆུ། མེ། རླུང་། ནམ་མཁའི་དཀྱིལ་འཁོར་གྱི་འཕོ་བ་རྣམས་འདོར་རོ། །དེ་ལྟར་ན་སྣ་བུག་གཡོན་གྱི་དཀྱིལ་འཁོར་ལྔའི་འཕོ་བ་འདོར་བ་ལ་ཞག་བཞི་བརྒྱ་ལྔ་བཅུ་དང་། སྣ་བུག་གཡས་ཀྱི་དཀྱིལ་འཁོར་ལྔའི་འཕོ་བ་འདོར་བ་ལ་ཞག་བཞི་བརྒྱ་བརྒྱད་ཅུ་སྟེ། གྲིལ་བས་ཞག་དགུ་བརྒྱ་སུམ་ཅུའོ། །དེའི་འོག་ཏུ་ཡོན་ཏན་གསུམ་གྱི་ཁམས་ཟད་པར་བྱེད་ཚུལ་ནི། སྣ་བུག་གཉིས་ལ་དཀྱིལ་འཁོར་


JLD011_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་འཕོ་བ་འདོར་བ་དེ་ནས་གཡོན་མི་ཉམས་པའི་རྩ་ལ་འཆི་ལྟས་ཀྱི་ཉིན་ཞག་སོ་གཅིག་དང་། རང་བཞིན་པའི་ཉིན་ཞག་སོ་གཅིག་སྣ་བུག་གཡོན་ནས་བརྒྱུས་པས་སྙིང་སྟོབས་ཀྱི་ཁམས་སམ་བད་ཀན་གྱི་ཁམས་ཟད་པར་བྱེད་ལ། དེ་ནས་གཡས་ལ་འཆི་ལྟས་ཀྱི་ཞག་སོ་གཉིས་དང་། རང་བཞིན་པ་སོ་གཉིས་ཀྱིས་རྡུལ་ལམ་མཁྲིས་པའི་ཁམས་ཟད་པར་བྱེད་ཅིང་། དེ་ནས་སླར་ཡང་གཡོན་ལ་འཆི་ལྟས་ཉིན་ཞག་སོ་གསུམ་དང་རང་བཞིན་པ་སོ་གསུམ་བརྒྱུས་པས་མུན་པའམ་རླུང་གི་ཁམས་ཟད་པར་བྱེད་དོ། །དེ་བས་ན་ཡོན་ཏན་གསུམ་གྱི་ཁམས་ཟད་པར་བྱེད་པ་ལ། ཞག་བརྒྱ་དགུ་བཅུ་གོ་གཉིས་དང་། སྔར་དཀྱིལ་འཁོར་ལྔ་འདོར་བ་ལ་ཞག་དགུ་བརྒྱ་སུམ་ཅུ་སྟེ། ལོ་གསུམ་དང་ཕྱོགས་གསུམ་གྱི་ཞག་སྟོང་བརྒྱ་ཉི་ཤུ་རྩ་ལྔ་ལས་གསུམ་གྱིས་དམན་པ་སྟོང་བརྒྱ་ཉི་ཤུ་རྩ་གཉིས་སོང་ངོ་། །དེས་ན་གསུམ་པོ་དེ་དང་། ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་རྫོགས་པའི་མཇུག་ཏུའང་ཞག་སོ་གཅིག་སྟེ་ད་དུང་འཆི་བའི་བར་ལ་ཞག་སོ་བཞི་ཡོད་དོ། །གསུམ་པ་ལོ་གསུམ་ཕྱོགས་གསུམ་རྫོགས་པའི་མཐར་ཡང་། ཞག་སོ་གཅིག་འོང་བའི་རྒྱུ་མཚན་བཤད་པ་ནི། ད་ལྟར་ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་རྫོགས་པ་ན་སྐྱེས་ནས་ལོ་བརྒྱ་སོང་ཞིང་། དེ་ནས་ཀྱང་ཞག་སོ་གཅིག་འོང་དགོས་པ་དང་། འཆི་བ་བྱུང་ཡང་། དུས་འཆིར་མི་འགྱུར་བར་དུས་ལས་ཐལ་ནས་འཆི་བར་ཐལ་བ་སོགས་ཀྱི་ཉེས་པ་མི་འབྱུང་བའི་རྒྱུ་མཚན་ནི་འདི་ཡིན་ཏེ། དུས་


JLD011_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཆི་བའི་དོན་ནི། སྐྱེས་ནས་ལོ་བརྒྱ་ལོན་པ་རང་གི་མཚམས་སུ་འཆི་བ་ལ་མི་ཟེར་གྱི་རྩ་རྫོགས་པར་འཆགས་པའི་མཚམས་ནས་འགོ་བརྩམས་ཏེ། རྩ་རིམ་གྱིས་བཅད་པས་མཐར་རྩ་ཐམས་ཅད་རྫོགས་པར་བཅད་མ་ཚར་བར་དུ་མི་འཆི་ཞིང་། དེ་ནས་འཆི་བ་ནི། དུས་སུ་འཆི་བའི་དོན་ཡིན་ནོ། །དེ་ལྟར་རྩ་ཆགས་པ་མ་རྫོགས་པར་གཅོད་པ་མི་རྩོམ་པ་ཡིན་པ་ལ་མངལ་ནས་སྐྱེས་ཙམ་ནས་རྩ་ཆགས་པ་རྫོགས་པའང་མ་ཡིན་ཏེ། འདི་ལྟར་མངལ་དུ་ཟླ་བ་བཅུ་གཉིས་དང་། བཅུ་གཅིག་དང་། བཅུ་དང་། དགུ་གནས་པའི་ཚུལ་བཞི་འབྱུང་བར་གསུངས་པ་ལ། བཅུ་གཉིས་གནས་པ་ལ་མཚོན་ན། རྩ་བདུན་ཁྲི་ཉིས་སྟོང་འཆགས་པ་ནི། ཞག་རེ་ལ་རྩ་ཉིས་བརྒྱ་རེ་ཆགས་པས་ཆགས་པ་འགོ་བརྩམས་ནས་རྫོགས་ཀྱི་བར་ལ་ཟླ་བ་བཅུ་གཉིས་དགོས་ཤིང་། མངལ་དུ་ཟླ་བ་བཅུ་གཉིས་བསྡད་ཀྱང་། མངལ་ཆགས་པའི་ཟླ་བ་དང་པོ་ལ་ནི། ལུས་ཀྱི་རྩ་ཆགས་པ་མི་རྩོམ་པས། དེའི་ཕྱིར་མངལ་ནས་སྐྱེས་ནས་ཀྱང་། ད་དུང་རྩ་ཟླ་བ་གཅིག་གི་བར་དུ་ཆགས་དགོས་སོ། །དེའི་ཤུགས་བརྒྱབ་པས་མངལ་ནས་སྐྱེས་ནས་ལོ་བརྒྱ་སོང་བ་ནའང་། རྩ་ཆད་པའི་འགོ་བརྩམས་ནས་ལོ་བརྒྱར་ཟླ་བ་གཅིག་གིས་མ་ལོངས་ཤིང་། ཚེ་ལོ་བརྒྱ་པ་དུས་སུ་འཆི་བའི་དབང་དུ་བྱས་པའི་རྩ་བདུན་ཁྲི་ཉིས་སྟོང་གཅོད་པ་ལ་ནི། ལོ་བརྒྱ་དགོས་ཏེ། རྩ་བདུན་ཁྲི་ཉིས་སྟོང་གི་ནང་ནས། ཞག་རེ་ལ་གཉིས་ངེས་ཅན་དུ་གཅོད་ཀྱི། དེ་ལས་མང་བའམ་ཉུང་བར་མ་ཡིན་ལ། དེ་ལྟར་བྱས་པས་ལོ་བརྒྱ་དགོས་པས་སོ། །དེ་བས་ན་མཐར་ལོ་གསུམ་


JLD011_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གསུམ་རྫོགས་ནས་ཀྱང་། ཟླ་བ་གཅིག་འོང་བ་ནི། རྩ་གཅོད་པའི་ལོ་བརྒྱར། དེ་ནས་ཀྱང་ཟླ་བ་གཅིག་མ་ཐེམས་པའི་དབང་གིས་བྱུང་བ་ཡིན་ལ། མ་ཐེམས་པའང་མངལ་ནས་སྐྱེས་ནས་ཟླ་གཅིག་རྩ་གཅོད་པའི་འགོ་མ་བརྩམས་པའི་དབང་གིས་བྱུང་བ་ཡིན་ཞིང་། དེའང་མངལ་དུ་ཟླ་བ་དང་པོ་ལ་རྩ་ཆགས་པ་མ་བརྩམས་པའི་དབང་གིས་བྱུང་བ་ཡིན་པས། དེ་ལ་དགོངས་ནས་འགྲེལ་ཆེན་དུའང་། དེ་ནས་གཞན་ནི་སུམ་ཅུ་དག་དང་སྟེ། མངལ་བཟུང་བའི་ཟླ་བའི་ཉིན་ཞག་གི་ཚོགས་ཉིན་ཞག་སུམ་ཅུའི་བདག་ཉིད་དང་ཞེས་གསུངས་པ་ཡིན་ནོ། །དེས་ན་ཟླ་བ་གཅིག་པོ་དེའི་རིང་ལ་མ་ཤིའང་། དེའི་རིང་ལ་རྩ་མ་ཆད་པས་དུས་འཆི་ཉམས་པའི་ཉེས་པ་མེད་དོ། །འོ་ན་ཟླ་བ་གཅིག་པོ་རྫོགས་ནས་ད་དུང་ཞག་གཅིག་ཡོད་པས། དེ་ནི་དུས་ལས་ལྷག་པར་བསྡད་པ་མ་ཡིན་ནམ། ཞེ་ན་མ་ཡིན་ཏེ། རྩ་བདུན་ཁྲི་ཉིས་སྟོང་རྫོགས་པར་བཅད་ཀྱང་། དབུ་མ་ནི་རྩ་དེ་དག་ལ་མི་གཏོགས་པས། དབུ་མ་རླུང་གིས་འདོར་བ་ལ་ཞག་གཅིག་དགོས་པ་ཡིན་ལ། དེ་ནི་མཐའི་ཞག་གཅིག་ཡིན་པས། རྩ་ཆད་ཚར་ནས་ཀྱང་ཞག་གཅིག་བསྡད་པ་མ་ཡིན་པས་སོ། །འདིས་མཚོན་ནས། མངལ་དུ་ཟླ་བ་དགུ་ལས་མ་བསྡད་པ་ཡིན་ན་སྐྱེས་ནས་ཟླ་བ་བཞིའི་བར་རྩ་འཆགས་དགོས་པས་རྩ་ཆད་པ་རྫོགས་པའི་ལོ་བརྒྱ་འགྲོ་བ་ལ་སྐྱེས་ནས་ལོ་བརྒྱ་སོང་བའི་མཐར་ཡང་། ཟླ་བ་བཞི་འོང་དགོས་པ་སོགས་ཤེས་པར་བྱའོ། །དེ་ལ་མཐའི་ཟླ་བ་གཅིག་གི་བར་ལ་རླུང་སྣ་བུག་གཡོན་ལ་ཞག་གཅིག །


JLD011_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཡས་ལ་ཞག་གཅིག་ལ་སོགས་པའི་རིམ་པས་སྤེལ་ནས་བརྒྱུ་ཞིང་། དང་པོ་གཡོན་ནས་བརྒྱུས་པ་ཡིན་ན་ཉིན་ཞག་སུམ་ཅུ་པ་ལ་གཡས་ནས་རྒྱུ་བས་ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ། ཡུལ་ལྔ། ལས་དབང་ལྔ། ལས་དབང་གི་བྱ་བ་ལྔ་རྣམས་གཅོད་ལ། འཕོ་བ་ཐམས་ཅད་མེད་ཅིང་། མཐར་དབུ་མ་ཁོ་ན་ནས་རྒྱུ་བ་ཞག་གཅིག་པོས། ཕུང་པོ་དྲུག་པ་ནས། ལས་དབང་གི་བྱ་བ་དྲུག་པའི་བར་དྲུག་གཅོད་དོ། །དེ་ལྟར་ལས་དབང་གི་བྱ་བ་དྲུག་པ་བཅད་ནས། ཟླ་བ་བདུད་རྩིའམ་ཁུ་བ་འོག་ཏུ་འགྲོ་བ་དེ་དང་དུས་མཉམ་དུ་རྣམ་ཤེས་སྙིང་ག་ནས་འཕོ་ཞིང་སྲིད་པ་གཞན་དུ་འགྲོ་བར་འགྱུར་རོ། །དེ་ལྟར་བཤད་པ་དག་གིས་ཚིག་དོན་ཀྱང་ལྷག་མ་མེད་པ་ཤེས་པར་ནུས་ལ། དོགས་པའི་གནས་བཅད་པར་བྱ་བ་འགའ་ཞིག་གིས་ནི་རྩ་ཆད་ཀྱི་སྐབས་སུ་ཕྱོགས་གཅིག་ཏུ་བཤད་དགོས་པར་སྣང་བས་དེར་བཤད་པར་བྱའོ། །དུས་འཆིའི་ལྟས་ཀྱི་རྣམ་པར་བཞག་པ་བཤད་ཟིན་ཏོ། ། ༈ ད་ནི་གནས་པ་བཅུ་བཞི་པ་རྩལ་སོགས་ཆད་པའི་གནས་པ་བསྟན་པའི་ཕྱིར་དུ། ཕྱོགས་ཞེས་པ་ལ་སོགས་པས། ཞེས་སོགས་གསུངས་སོ། །འདི་དག་གི་དོན་གཏན་ལ་དབབ་པ་ལ། དཔྱད་པར་བྱ་བའི་དོགས་པའི་གནས་དགོད་པ་དང་། དོགས་པ་དེ་དག་སྤང་བའི་སྒོ་ནས་ཇི་ལྟར་རྩ་འཆད་པའི་རྣམ་གཞག་བཤད་པའོ། །དང་པོ་ནི། འདི་སྙམ་དུ། སྐྱེས་བུ་ཚེ་ལོ་བརྒྱ་པའི་ཚེའི་མཐར་འོང་བའི་ལོ་གསུམ་ཕྱོགས་གསུམ་པོ་འདི་ལ། དབུ་མའི་ལོ་གསུམ་ཕྱོགས་གསུམ་ཞེས་ཟེར་བའི་དོན་གང་ཡིན། སྣ་བུག་གཡས་གཡོན་གྱི་


JLD011_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་བཅུ་གཉིས་ཀྱི་མཚམས་རྣམས་སུ་ལྔ་བཅུ་རྩ་དྲུག་རྐང་བཅས་རེ་དབུ་མར་བརྒྱུས་པས། ཞག་རེ་ལ་དབུ་མར་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རེ་བརྒྱུས་པ་དེ་ལོ་བརྒྱའི་བར་དུ་བརྒྱུ་བ་བསགས་པས་ལོ་གསུམ་ཕྱོགས་གསུམ་དུ་ལོངས་པ་ལ་ཟེར་ན། དེ་ལྟར་བརྒྱུས་པ་ཐམས་ཅད་མཐར་ཚོགས་ནས་ལོ་གསུམ་ཕྱོགས་གསུམ་རྩོམ་ན། དབུ་མར་བརྒྱུས་པའི་དབུགས་རྣམས་རྟག་པར་འགྱུར་བས་མི་འཐད་ལ། ལོ་བརྒྱའི་བར་དུ་དེ་ལྟར་བརྒྱུས་པ་རྣམས་ཞག་ཏུ་དྲིལ་བའི་གྲངས་དང་། ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་མཉམ་པས། དབུ་མའི་ལོ་གསུམ་ཕྱོགས་གསུམ་ཞེས་ཟེར་ན། ལོ་དགུ་བཅུ་རྩ་དྲུག་ཟླ་བ་ཕྱེད་དང་བཅུ་གཅིག་གི་རིང་ལ། ཞག་རེ་ལ་འཕོ་མཚམས་སུ་ལྔ་བཅུ་རྩ་དྲུག་རྐང་བཅས་བརྒྱུས་པས་དྲུག་བརྒྱ་དོན་ལྔར་བརྒྱུ་བ་ཡོད་ཀྱང་། ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་སུ་ལོངས་པ་ལ། ལོ་བརྒྱའི་བར་དུ་དེ་ལྟར་བརྒྱུ་དགོས་པས་ལོ་གསུམ་ཕྱོགས་གསུམ་གྱི་རིང་ལའང་དེ་ལྟར་བརྒྱུས་པ་དགོས་པ་ལ། ལོ་གསུམ་གྱི་འགོ་ཚུགས་ནས། རླུང་སྣ་བུག་གཡོན་ཁོ་ན་ལ་ཞག་གཅིག་གསུམ་ལྔ་ལ་སོགས་པ་དང་། གཡས་ཁོ་ན་ལ་ཞག་གཉིས་ལ་སོགས་པ་ནས་སུམ་ཅུ་རྩ་གསུམ་ཉིས་འགྱུར་རེ་ཙམ་གཡོན་ཁོ་ན་ལའང་བརྒྱུ་བས། ཞག་རེ་ལ་སྣ་བུག་གཡས་གཡོན་འཕོ་བ་བཅུ་གཉིས་མེད་པའི་ཕྱིར། དེའི་འཕོ་མཚམས་ཀྱི་ཡེ་ཤེས་ཀྱི་རླུང་བསགས་པའི་ཞག་དང་གྲངས་མཉམ་ཇི་ལྟར་བརྩིར་ཡོད། དེ་བས་ན་དབུ་མའི་ལོ་


JLD011_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕྱོགས་གསུམ་ཞེས་པ་འདི་དངོས་སུ། དབུ་མ་ནས་བརྒྱུས་པ་དང་སྦྱར་ས་མེད་ཅིང་། དེ་ལྟར་ཞག་རེ་ལ་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་དོན་ལྔ་རེ་ལོ་བརྒྱའི་བར་དུ་ཐོབ་ཐང་ལ་བརྒྱུས་པའི་དབང་དུ་བྱས་ན་དེའི་ཞག་གྲངས་ལ་ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་འབྱུང་ངོ་། །ཞེས་རྟག་པ་མཐའ་བཟུང་གི་སྒོ་ནས་ཀྱང་བཞག་ཏུ་མི་རུང་སྟེ། དེ་ལྟར་ན། རྩ་བདུན་ཁྲི་ཉིས་སྟོང་གི་ནང་ནས་གཉིས་གཉིས་ཞག་རེ་ལ་གཅོད་པ་དང་། དེའང་། ཞག་རེ་ལ་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་དོན་ལྔ་རེ་དབུ་མར་རྒྱུ་བ་དེ་ལ། ཆུ་སྲང་ལྔ་བཅུ་རྩ་དྲུག་བཞི་ཆ་རེ་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་གཉིས་རེ་ཡོད་ཅིང་ཡེ་ཤེས་ཀྱི་རླུང་ཆུ་ཚོད་དེ་འདྲ་བ་གཉིས་རེ་ཞག་རེ་ལ་དབུ་མར་བརྒྱུས་པའི་དབང་གིས་ཞག་རེ་ལ་རྩ་གཉིས་རེ། ལོ་བརྒྱའི་བར་དུ་གཅོད་པར་བཤད་པ་ལ། ཡེ་ཤེས་ཀྱི་རླུང་ཐོབ་ཐང་གིས་བརྩི་བ་མིན་པ་དངོས་སུ་རྒྱུ་རྒྱུ་མ་བྱུང་ན། ཡེ་ཤེས་ཀྱི་རླུང་བརྒྱུས་པའི་དབང་གིས་རྩ་ཆད་པ་བཞག་ཏུ་མེད་པས། རྩ་བདུན་ཁྲི་ཉིས་སྟོང་ལས་ལོ་བརྒྱའི་བར་དུ་ཞག་རེ་ལ་རྩ་གཉིས་རེ་ཆད་པའི་རྣམ་གཞག་ཉམས་པས་སོ། །དེའི་ཕྱིར་དབུ་མའི་ལོ་གསུམ་ཕྱོགས་གསུམ་ཞེས་བྱ་བ་འདི་ཚུལ་ཇི་ལྟ་བུ་ཡིན་པ་བཤད་པར་བྱ་དགོས་སོ། །ཞེས་བྱ་བའི་དོགས་པ་འདི་དཔྱད་པར་བྱ་བ་ཡིན་ནོ། །གཞན་ཡང་འདི་སྙམ་དུ་གོང་དུ་བཤད་པ་ལྟར། དབུ་མའི་ལོ་གསུམ་གྱི་འགོ་ཚུགས་ནས། ཞག་དགུ་བརྒྱ་སུམ་ཅུའི་རིང་ལ། དཀྱིལ་འཁོར་ལྔའི་རླུང་ཐམས་ཅད་འདོར་བར་བཤད་ཅིང་། དེ་ལྟ་ན་ཞག་དགུ་བརྒྱ་སུམ་ཅུ་སོང་ནས། དེ་ཕྱིན་ཆད། ས་ཆུ་མེ་རླུང་ནམ་མཁའི་


JLD011_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་རླུང་གང་ཡང་རྒྱུ་བ་མི་སྲིད་དགོས་པ་ལ། འགྲེལ་ཆེན་ལས། ལོ་གསུམ་གྱི་སྟེང་དུ་ཕྱོགས་གསུམ་བརྒྱུས་པ་དང་། གསལ་བྱེད་རྣམས་བརྒྱུས་པ་ན་ཉིན་ཞག་དྲུག་གི་བར་དུ་ཁྱིམ་བཅུ་གཉིས་ཀྱི་རྩ་སྟོང་པའི་དཀྱིལ་འཁོར་དང་། སའི་དཀྱིལ་འཁོར་གྱི་བདག་ཉིད་ཅན་ནི་དབུགས་བརྒྱུ་བས་ངེས་པར་གནས་ཏེ། ཞེས་ལོ་གསུམ་ཕྱོགས་གསུམ་གྱི་མཐའི་སྐབས་སུའང་། སྟོང་པ་དང་སའི་དཀྱིལ་འཁོར་གྱི་དབུགས་བརྒྱུ་བར་བཤད་པ་དང་འགལ་ཞིང་། དཀྱིལ་འཁོར་ལྔ་བཅད་པ་དེའི་རྗེས་སུ་ཡོན་ཏན་གསུམ་གྱི་ཁམས་ཟད་པར་བྱེད་པའི་ཚེ། རླུང་སྣ་བུག་གཡོན་ཁོ་ན་ནས་ཞག་སོ་གཅིག་པ་གཉིས་དང་། གཡས་ནས་སོ་གཉིས་པ་གཉིས་སོགས་བརྒྱུ་བའི་རླུང་དེ་དག་འབྱུང་བ་ལྔའི་རླུང་གང་ཡང་མིན་པར་འགྱུར་ལ། གལ་ཏེ་དེ་ནས་ཀྱང་དཀྱིལ་འཁོར་ལྔའི་དབུགས་བརྒྱུ་བ་ཡོད་ན། དཀྱིལ་འཁོར་ལྔ་དོར་བའི་དོན་ཇི་ལྟར་ཡིན་པ་བཤད་དགོས་སོ། །ཞེས་བྱ་བ་འདིའང་དཔྱད་པར་བྱ་བའི་དོགས་པའི་གནས་གཉིས་པ་ཡིན་ནོ། །གཞན་ཡང་འདི་སྙམ་དུ། རྩ་བདུན་ཁྲི་ཉིས་སྟོང་ནི་ཞག་རེ་ལ། གཉིས་གཉིས་ལོ་བརྒྱའི་རིང་ལ་གཅོད་པར་གསུངས་ལ། ཡང་ལྟེ་བའི་རྩ་དྲུག་ཅུ་ནི་རེ་རེའང་། ཞག་བཅོ་བརྒྱད་རེས་གཅོད་དགོས་པ་དང་། ཚིགས་ཆེན་བཅུ་གཉིས་ཀྱི་རྩ་སུམ་བརྒྱ་དྲུག་ཅུ་ནི་རེ་རེའང་། ཞག་གསུམ་རེས་གཅོད་དགོས་པ་སོགས་གསུངས་པ་འདི་དག་མི་འགལ་བའི་ཚུལ་ཡང་། ཇི་ལྟར་ཡིན་སྙམ་པའི་དོགས་པ་འདིའང་དཔྱད་


JLD011_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ཡིན་ནོ། །གཉིས་པ་དོགས་པ་དེ་དག་སྤང་བའི་སྒོ་ནས་ཇི་ལྟར་རྩ་འཆད་པའི་རྣམ་གཞག་བཤད་པ་ནི། དབུ་མའི་ལོ་གསུམ་ཕྱོགས་གསུམ་ཞེས་པ་ནི། ལོ་བརྒྱའི་བར་དུ་འཕོ་ཆེན་བཅུ་གཉིས་ཀྱི་འཕོ་མཚམས་སུ། ཡེ་ཤེས་ཀྱི་རླུང་ལྔ་བཅུ་རྩ་དྲུག་རྐང་བཅས་ཏེ། དངོས་སུ་བརྒྱུ་བའི་གྲངས་ཞག་ཏུ་གྲིལ་ནས་བརྩིས་པ་དང་། ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་མཉམ་པས། དེའི་ཕྱིར་དབུ་མའི་ལོ་གསུམ་ཕྱོགས་གསུམ་ཞེས་བྱའི། དེའི་རིང་གི་དབུགས་ཐམས་ཅད་དབུ་མ་ནས་བརྒྱུ་བའང་མིན་ལ། སྔར་བརྒྱུས་པའི་དབུ་མའི་དབུགས་ཐམས་ཅད་བསགས་ནས་མཐའི་ལོ་གསུམ་ཕྱོགས་གསུམ་གྱི་ཞག་རྩོམ་པའང་མིན་ཞིང་། དངོས་སུ་མི་རྒྱུ་བར་ཐོབ་ཐང་ཙམ་བརྩི་བའང་མ་ཡིན་ནོ། །འོན་ཀྱང་ལོ་གསུམ་ཕྱོགས་གསུམ་གྱི་འགོ་བཙུགས་ནས་རླུང་སྣ་བུག་གཡས་ཁོ་ན་དང་། གཡོན་ཁོ་ན་ལ་ཞག་དུ་མ་མཐུད་ནས་བརྒྱུ་ཞིང་། གཡས་ཁོ་ན་ལ་ཞག་བཞི་བརྒྱུས་ནས། གཡོན་ལ་འཕོ་བ་ལྟ་བུའི་འཕོ་མཚམས་སུའང་། ཡེ་ཤེས་ཀྱི་རླུང་རྒྱུ་བ་མེད་ཀྱང་། དེའི་ཚེ་གང་ཟག་དེའི་སྣ་བུག་གི་འཕོ་བ་བཅུ་གཉིས་ཀྱི་འཕོ་རླུང་མཚམས་ཀྱི་ཡེ་ཤེས་ཀྱི་རླུང་དང་བཅས་པ་ཞག་རེ་བཞིན་སྔར་ལོ་དགུ་བཅུ་རྩ་དྲུག་ཟླ་བ་ཕྱེད་དང་བཅུ་གཅིག་གི་སྐབས་ལྟར་རྒྱུ་བ་མེད་པ་ཡིན་གྱི། ལར་གང་ཟག་དེའི་རྒྱུད་ལ་ཞག་རེ་ལ་འཕོ་བ་བཅུ་གཉིས་མེད་པ་མ་ཡིན་ལ། འཕོ་མཚམས་ཀྱི་ཡེ་ཤེས་ཀྱི་རླུང་ལྔ་བཅུ་རྩ་དྲུག་རྐང་བཅས་དངོས་སུ་བརྒྱུ་བ་མེད་པའང་མ་ཡིན་ནོ། །དེས་ན་དཀྱིལ་འཁོར་ལྔ་འདོར་ཞེས་པའང་།


JLD011_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་དེའི་རྒྱུད་ཀྱི་དཀྱིལ་འཁོར་ལྔའི་རླུང་གང་ཡིན་ཐམས་ཅད་འདོར་བ་མ་ཡིན་གྱི། སྣ་བུག་གཡས་གཡོན་གྱི་འཕོ་བ་བཅུ་གཉིས་ཀྱི་རླུང་གི་དཀྱིལ་འཁོར་ལྔ་ཞག་དགུ་བརྒྱ་སུམ་ཅུའི་རིང་ལ་རིམ་གྱིས་འདོར་བའི་དོན་ཡིན་ལ། དེའི་ཕྱིར་དེ་ཕྱིན་ཆད་ས་ཆུ་མེ་རླུང་ནམ་མཁའི་ཁམས་གང་གིའང་རླུང་བརྒྱུ་བ་མེད་པར་ཐལ་བའི་སྐྱོན་ཡང་མེད་དོ། །འོ་ན་བཅུ་གཉིས་རྩིབས་ཀྱི་ཁྱིམ་གྱི་འཁོར་ལོ་ལ་རིམ་པས་དཀྱིལ་འཁོར་ལྔ་ཡོངས་སུ་དོར་བའི་སླད་དུ་སྟེ། གཡོན་གྱི་རྩ་ལ་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ཟད་པའི་དོན་དུ་འཕོ་བར་བྱེད་ཅིང་། གཡས་ཀྱི་རྩ་ལ་ས་ལ་སོགས་པའི་དཀྱིལ་འཁོར་ཟད་པར་བྱེད་པའི་དོན་དུ་འཕོ་བར་བྱེད་དོ། །ཞེས་ལྟེ་བའི་རྩ་བཅུ་གཉིས་ལ་འཕོ་བའི་དཀྱིལ་འཁོར་ལྔ་འདོར་བར་བཤད་པ་དང་། དཀྱིལ་འཁོར་ལྔ་འདོར་བའི་ཚུལ་དེ་སྣ་བུག་གི་འཕོ་བ་ཁོ་ན་ལ་སྦྱོར་བ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། དེའི་དོན་ནི། སྣ་བུག་གི་འཕོ་བ་བཅུ་གཉིས་ཀྱི་དཀྱིལ་འཁོར་ལྔའི་རླུང་བརྒྱུ་བའང་། ལྟེ་བའི་རྩ་ཆེན་བཅུ་གཉིས་ལས་འོངས་ནས་སྣ་བུག་གི་སྒོར་བརྒྱུ་བ་ཡིན་པས། དེས་ན། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་གཡས་གཡོན་གྱི་རྩ་ལས་འོངས་ནས་སྣ་བུག་ཏུ་བརྒྱུ་བའི་སྣ་སྒོའི་འཕོ་བ་བཅུ་གཉིས་ཀྱི་དཀྱིལ་འཁོར་ལྔ་འདོར་བའི་དོན་ཡིན་གྱི་ལྟེ་བའི་རྩ་ལ་རྩ་འདབ་འཕོ་བའི་འཕོ་བ་བཅུ་གཉིས་པོ་ཐམས་ཅད་ཀྱང་། ཞག་དགུ་བརྒྱ་སུམ་ཅུའི་རིང་ལ་འདོར་བར་སྟོན་པ་མ་ཡིན་ནོ། །དེ་ནས་ལོ་དགུ་བཅུ་རྩ་དྲུག་ཟླ་བ་ཕྱེད་དང་


JLD011_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་གི་རིང་ལ། ཉིན་ཞག་རེ་ལ། སྣ་བུག་གཡས་གཡོན་འཕོ་བ་བཅུ་གཉིས་རེ་དང་། འཕོ་བ་རེ་རེ་ལ་དབུགས་སྟོང་བདུན་བརྒྱ་ཞེ་གསུམ་དང་། བཞི་གསུམ་རེ་རེ་དང་། འཕོ་མཚམས་སུ་ཡེ་ཤེས་ཀྱི་རླུང་ལྔ་བཅུ་རྩ་དྲུག་རྐང་བཅས་རེ་བརྒྱུ་བའི་རིམ་པ་དེ། དབུ་མའི་ལོ་གསུམ་གྱི་འགོ་ཚུགས་ནས། སྣ་བུག་གཡོན་ཁོ་ན་ལ་ཞག་གཉིས་བརྒྱུ་བའི་འགོ་བརྩམས་པ་ལྟ་བུའི་དུས་ཉིད་ནས་དོར་ཟིན་ཀྱང་། ད་དུང་འཕོ་བ་བཅུ་གཉིས་སྣ་བུག་ལ་བརྒྱུ་བ་ཙམ་ནི་མ་དོར་ཏེ། འདི་ལྟར་ལོ་དགུ་བརྒྱ་སུམ་ཅུའི་བར་ལ་སྣ་བུག་གཡས་གཡོན་གྱི་འཕོ་བ་བཅུ་གཉིས་ཚར་གཅིག་རྫོགས་ལ། དེའང་། སྣ་བུག་གཡོན་ཁོ་ན་ལ་ཞག་གཉིས་རྒྱུ་བ་དང་། དེ་ནས་གཡས་ལ་ཞག་བཞི་དང་། དེ་ནས་གཡོན་ལ་ཞག་དྲུག་དང་། དེ་ནས་གཡས་ལ་ཞག་བརྒྱད་དང་། དེ་ནས་གཡོན་ལ་ཞག་བཅུ་བརྒྱུས་པའི་གཡོན་རང་ལ་བརྒྱུས་པ་ཞག་བཅོ་བརྒྱད་པོ་དེའི་རིང་ལ་གཡོན་ལ་གང་བརྒྱུས་ཐམས་ཅད་ནམ་མཁའི་དཀྱིལ་འཁོར་གྱི་རླུང་ཁོ་ན་ཡིན་ལ། དེ་རྫོགས་ནས་ཕྱིན་ཆད་སྣ་བུག་གཡོན་ལ་སྣ་བུག་གཡོན་རང་ཉིད་ནས་ནམ་མཁའི་རླུང་མེ་ཆུ་སའི་རིམ་པས་དཀྱིལ་འཁོར་འཕོ་བ་ལྔའི་ཡ་གྱལ་གྱི་ནམ་མཁའི་དཀྱིལ་འཁོར་མི་འབབ་པས། དེའི་ཚེ་སྣ་བུག་གཡོན་ལ་འཕོ་བ་བཅུ་གཉིས་ཀྱི་ནང་ཚན་གྱི་ནམ་མཁའི་དཀྱིལ་འཁོར་འདོར་ཞེས་བྱའོ། །དེ་ནས་གཡས་སུ་འཕོས་ནས་འཆི་ཞག་དྲུག་དང་རང་བཞིན་པ་ཞག་དྲུག་སྟེ་བཅུ་གཉིས་བརྒྱུས་པས། གཡས་འབའ་ཞིག་ལ་བརྒྱུས་པ་ཉིན་ཞག་ཉེར་གཉིས་པོ་དེ་དག་གི་རིང་


JLD011_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཡས་ལ་གང་བརྒྱུས་སའི་དཀྱིལ་འཁོར་ཁོ་ན་ཡིན་པ་དང་། དེ་ནས་དེ་ཕྱིན་ཆད་སྣ་བུག་གཡས་ལ་སྣ་བུག་གཡས་རང་ཉིད་ནས། ས་ཆུ་མེ་རླུང་ནམ་མཁའི་རིམ་པས་དཀྱིལ་འཁོར་འཕོ་བ་ལྔའི་ནང་ཚན་གྱི་སའི་དཀྱིལ་འཁོར་འདོར་བ་སྔར་ལྟར་ཏེ། དེ་ལྟར་ན་འཕོ་བ་དང་པོ་ལ་ཞག་བཅོ་བརྒྱད་གཉིས་པ་ལ་ཉེར་བརྒྱད་ཡོད་པ་ནས་འཕོ་བ་བཅུ་གཉིས་པ་ལ་ཞག་དྲུག་ཅུ་ཡོད་པའི་བར་དུ་ཤེས་པར་བྱ་ལ། འཕོ་མཚམས་སུ་སྣ་བུག་ཏུ་ཡེ་ཤེས་ཀྱི་རླུང་བརྒྱུ་བ་མེད་དོ། །དེ་ལྟར་ཞག་གྲངས་རྣམས་གཡས་གཡོན་སྤེལ་མར་རྒྱུ་བའི་རྒྱུ་མཚན་ཡང་འདོར་རྒྱུའི་དཀྱིལ་འཁོར་བཅུ་གཡས་གཡོན་སྤེལ་ནས་འདོར་དགོས་པས། འདོར་བྱེད་ཀྱི་ཞག་ཀྱང་སྤེལ་ནས་འབྱུང་བ་ཡིན་ལ། དཀྱིལ་འཁོར་སྤེལ་ནས་འདོར་བའི་རྒྱུ་མཚན་ཡང་དང་པོར་སྣ་བུག་གཡས་གཡོན་ལ་དཀྱིལ་འཁོར་བཅུ་བརྒྱུ་བ་ན་གཡོན་གྱི་ལྔ་རྫོགས་པར་བརྒྱུས་ནས་གཡས་ལ་བརྒྱུ་བ་མ་ཡིན་པར། གཡས་དང་གཡོན་གྱི་དཀྱིལ་འཁོར་རེ་རེ་སྤེལ་ནས་བརྒྱུ་བས་སོ། །དེ་ལྟར་སྣ་བུག་གཡས་ཁོ་ན་དང་། གཡོན་ཁོ་ན་ལ་རྒྱུ་བ་ཞག་དགུ་བརྒྱ་སུམ་ཅུ་ལ་སོགས་པའི་སྐབས་སུའང་། ལྟེ་བའི་རྩ་ཆེན་བཅུ་གཉིས་ལ་དཀྱིལ་འཁོར་ལྔའི་རླུང་རྩ་འདབ་འཕོ་བའི་འཕོ་བ་བཅུ་གཉིས་ནི་ཡོད་ལ། རྩ་འདབ་འཕོ་མཚམས་སུ་ཡེ་ཤེས་ཀྱི་རླུང་ལྔ་བཅུ་རྩ་དྲུག་རྐང་བཅས་དབུ་མར་བརྒྱུ་བའང་ཡོད་ཅིང་། དེ་ལྟར་ནའང་། དེའི་ཡེ་ཤེས་ཀྱི་རླུང་དེ་དག་ཨ་བ་དྷཱུ་ཏཱིའི་ནང་གི་སྐབས་


JLD011_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ནས་འོག་ཏུ་ལྡོག་གི །སྟེང་དུ་སྣ་སྒོར་འབྱུང་བ་ནི་མ་ཡིན་ཏེ། དཔེར་ན། ཞག་རེ་ལ་སྣ་སྒོར་འཕོ་བ་བཅུ་གཉིས་རྒྱུ་བའི་སྐབས་སུའང་། ལྔ་བཅུ་རྩ་དྲུག་རྐང་བཅས་བརྒྱུ་བའི་བཞི་ཆ་དེ་ནི་སྣ་སྒོར་མི་སླེབ་པར་དབུ་མའི་ནང་གི་སྐབས་ཤིག་ནས་འོག་ཏུ་ལྡོག་པ་ལྟ་བུའོ། །དེས་ན་ལོ་དགུ་བཅུ་རྩ་དྲུག་གི་སྐབས་སུའང་། ཞག་རེ་ལ་ཡེ་ཤེས་ཀྱི་རླུང་དབུགས་གསུམ་གསུམ་དབུ་མའི་ནང་གི་མཚམས་ཤིག་གི་བར་དུ་འོངས་ནས་སྣ་སྒོར་མི་འོང་བ་ལྟར་འདིར་ཡང་ཡིན་པས་ཡེ་ཤེས་ཀྱི་རླུང་དབུ་མ་ནས་བརྒྱུ་བ་ལ་སྣ་སྒོར་མཉམ་རྒྱུ་བྱེད་པས་མ་ཁྱབ་ཅིང་། ཟླ་བའི་འཆི་ལྟས་ཀྱི་སྐབས་སུ་འདིར་ཁྱིམ་གྱི་འདབ་མ་ཡོངས་སུ་དོར་ཡང་དབུགས་ཀྱི་འཁོར་ལོ་ནི། དམན་པ་མེད་དོ། །ཞེས་སོགས་ཀྱི་སྐབས་སུ། ལྟེ་བའི་རྩ་འདབ་གཡོན་པ་རྣམས་རླུང་གིས་དོར་ནས་མི་བརྒྱུའང་སྣ་བུག་གཡོན་ལ་བརྒྱུ་བ་ཡོད་པ་གསུངས་པ་ལྟར། སྣ་བུག་གི་འཕོ་བ་བཅུ་གཉིས་ཀྱི་རིམ་པ་མེད་ཀྱང་ལྟེ་བའི་རྩ་འདབ་ལ་ཡོད་པའང་མི་འགལ་ལོ། །དེས་ན་ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་ཡེ་ཤེས་ཀྱི་རླུང་ལོ་བརྒྱར་ཞག་རེ་ལ་དྲུག་བརྒྱ་དོན་ལྔ་བརྒྱུས་པའི་གྲངས་ཞག་ཏུ་བསྡོམས་པ་དང་སྦྱོར་བ་མི་འགྲིག་པའི་སྐྱོན་དེ་དག་མི་འབྱུང་ངོ་། །དེ་ལྟ་མིན་པར་མཉམ་པ་དང་མི་མཉམ་པའི་ཞག་སྡེ་ཚན་གསུམ་གསུམ་དུ་བྱས་པ། ཞག་དགུ་བརྒྱ་དང་སུམ་ཅུས་དཀྱིལ་འཁོར་ལྔ་འདོར་བར་གསུངས་པ་དེ། ལྟེ་བའི་རྩ་འདབ་བཅུ་གཉིས་ལ་དཀྱིལ་འཁོར་ལྔ་འདོར་བ་ལ་བཞེད་པ་དག་ནི་ཤིན་ཏུ་མི་འཐད་


JLD011_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ལྟེ་བའི་རྩ་ཆེན་བཅུ་གཉིས་པོ་རེ་རེ་ལ་ལྔ་ལྔར་གྱེས་པའི་ལྟེ་བའི་རྩ་འདབ་དྲུག་ཅུ་བོ་ལ་དཀྱིལ་འཁོར་ལྔའི་རླུང་འདོར་བ་ནི། རྩ་རེ་རེ་འདོར་བ་ལ། ཞག་བཅོ་བརྒྱད་བཅོ་བརྒྱད་དགོས་པར་གསུངས་པས། ཞག་སྟོང་བརྒྱད་ཅུ་དགོས་ལ། དེ་དག་གང་ལས་གྱེས་པའི་རྩ་ཆེན་བཅུ་གཉིས་འདོར་བ་ལ་དགུ་བརྒྱ་སུམ་ཅུ་ལས་མ་སོང་བས། གང་ལས་གྱེས་པའི་རྩ་ཆེན་རླུང་གིས་དོར་ནས། དེ་ལ་གྱེས་པའི་རྩ་ལ་ད་དུང་རླུང་རྒྱུ་བ་ཤིན་ཏུ་འགལ་བའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། གཡོན་ལ་འཆི་ཞག་གཅིག་རྒྱུ། དེ་ནས་རང་བཞིན་པའམ་འཕོ་བའི་ཞག་གཅིག །དེ་ནས་གཡས་ལ་འཆི་ཞག་གཉིས། རང་བཞིན་པ་གཉིས་ལ་སོགས་པར་སྤེལ་ནས་བྱེད་པ་ནི་གཞུང་གི་དགོངས་པ་མིན་གྱི། གཡོན་ལ་འཆི་ཞག་དང་རང་བཞིན་པའི་ཞག་གཅིག་གསུམ་ལྔ་རྣམས་ཕྱོགས་གཅིག་ཏུ་བབས་ནས། དེ་ནས་གཡས་ལ། གཉིས་བཞི་དྲུག་རྣམས་ཕྱོགས་གཅིག་ཏུ་འབབ་པ་གཞུང་གི་དགོངས་པ་ཡིན་ནོ་ཞེས་ཟེར་བ་ནི་ཤིན་ཏུ་མི་རིགས་ཏེ། དབང་མདོར་བསྟན་གྱི་འགྲེལ་པར། སློབ་དཔོན་ནཱ་རོ་པས། མཉམ་པའི་དུས་སྦྱོར་ལ་སྐྱེས་པའི་དང་པོ་ཉིན་ཞག་གཉིས་པ་ལ་འབབ་བོ། །སླར་ཉིན་ཞག་གཉིས་ཇི་ལྟ་བ་བཞིན་དུའོ། །དེ་ནས་ཉིན་ཞག་གཅིག་གཡོན་པ་ལ་འབབ་བོ། །ཉིན་ཞག་གཅིག་ཇི་ལྟ་བ་བཞིན་དུའོ། །དེ་ནས་ཉིན་ཞག་བཞི་གཡས་པ་ལའོ། །བཞི་ཇི་ལྟ་བ་བཞིན་ནོ། །གསུམ་གཡོན་པ་ལའོ། །གསུམ་ཇི་ལྟ་བ་བཞིན་དུའོ། །དྲུག་གཡས་པ་ལའོ། །དྲུག་


JLD011_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་བཞིན་དུའོ། །ལྔ་གཡོན་པ་ལའོ། །ལྔ་ཇི་ལྟ་བ་བཞིན་དུའོ། །དེ་བཞིན་དུ་སུམ་ཅུ་རྩ་གཉིས་གཡས་པ་ལའོ། །སུམ་ཅུ་རྩ་གཉིས་ཇི་ལྟ་བ་བཞིན་དུའོ། །སུམ་ཅུ་རྩ་གསུམ་གཡོན་པ་ལའོ། །སུམ་ཅུ་རྩ་གསུམ་ཇི་ལྟ་བ་བཞིན་དུའོ། །ཞེས་པའི་བར་དུའོ། །ཞེས་སྤེལ་ཚུལ་དེ་ལྟར་ཆེས་གསལ་བར་བཤད་པ་དང་འགལ་བས་སོ། །ཇི་ལྟ་བ་བཞིན་དུའོ། ཞེས་པ་ནི་རང་བཞིན་པའི་མིང་ངོ་། །འོ་ན་སྣ་བུག་འཕོ་བ་དང་། རྩ་འདབ་འཕོ་བ་གང་གི་སྐབས་སུའང་འཕོ་བ་བཅུ་གཉིས་ཡོད་པ་ལ། དཀྱིལ་འཁོར་བཅུ་ལས་མེད་ཅིང་། གཡོན་ནམ་མཁའི་དཀྱིལ་འཁོར་རྫོགས་པར་བརྒྱུས་མ་ཚར་བར་གཡས་སུ་འཕོ་ན་གཡས་ཀྱི་ཐོག་མར་ཡང་ནམ་མཁའི་དཀྱིལ་འཁོར་གྱི་རླུང་གི་འཕྲོ་དེ་བརྒྱུས་ནས་དེ་རྗེས་སའི་དཀྱིལ་འཁོར་གྱི་རླུང་རྒྱུ་དགོས་ལ། སའི་དཀྱིལ་འཁོར་དེའང་གཡས་ནས་རྫོགས་པར་བརྒྱུས། མ་ཚར་བ་ལ་གཡོན་དུ་འཕོ་དགོས་པས། གཡོན་གྱི་རླུང་གི་རླུང་ཐོག་མར་སའི་རླུང་དེ་རྒྱུ་དགོས་པ་སོགས་འཆོལ་བར་འགྱུར་ལ། དེ་ལྟ་མ་ཡིན་པར་སྣ་བུག་གཡོན་ལ་ནམ་མཁའི་དཀྱིལ་འཁོར་རྫོགས་པར་བརྒྱུས་ནས། ལྔ་བཅུ་རྩ་དྲུག་རྐང་བཅས་དབུ་མར་བརྒྱུས་ཏེ། དེ་ནས་གཡས་སུ་འཕོས་ཤིང་སའི་དཀྱིལ་འཁོར་རྫོགས་པར་བརྒྱུས་ནས་སླར་ཡང་ལྔ་བཅུ་རྩ་དྲུག་དང་རྐང་བཅས་བརྒྱུས་ཏེ། སྣ་བུག་གཡོན་ལ་འཕོས་ནས་རླུང་གི་དཀྱིལ་འཁོར་གྱི་རླུང་རྫོགས་པར་བརྒྱུ་བ་སོགས་ཡིན་ན། དཀྱིལ་འཁོར་བཅུ་ལས་མེད་པ་ལྟར། འཕོ་བའང་


JLD011_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ལས་མེད་པའམ། འཕོ་བ་བཅུ་གཉིས་སུ་བྱེད་ན། འཕོ་བ་གཉིས་དཀྱིལ་འཁོར་གང་གིའང་རླུང་དང་སྦྱར་རྒྱུ་མེད་པར་འགྱུར་རོ་སྙམ་ན། དོགས་པ་༼དོགས་པ་འདི་རྩ་འདབ་རེ་དང་འབྱུང་བ་རེ་སྦྱོར་རྒྱུ་ཡིན་སྙམ་པས་འཁྲུལ་འདུག །དེའང་སྦྱོར་རྒྱུའང་མིན་ཞིང་། སྦྱར་ན་ས་སོགས་དཀྱིལ་འཁོར་འཆོལ་བའི་སྐྱོན་བཟློག་ཅིང་། ནཱ་རོ་པས་ཀྱང་འདབ་མ་དྲུག་གི་འདབ་མ་རེ་རེ་ལ་འབྱུང་བ་ལྔ་རེ་ལས་མ་སྦྱར་ཡང་། དྲུག་ལྔ་སུམ་ཅུ་ཡོད་པའི་གྲངས་མཁྱེན་པས། ངན་རྒྱབ་མི་བཅོལ་ལོ། །༽འདི་ལྟར་ཁས་བླངས་ནས་སྐྱོན་སྤོང་བ་ནི་འདིར་ཤིན་ཏུ་གལ་ཆེ་བ་ཡིན་ཡང་སྔ་མ་དག་གིས་མ་དཔྱད་དོ། །འོན་ཀྱང་དེ་ཉིད་མི་འགལ་བའི་ཚུལ་ནི་འདི་ཡིན་ཏེ། དཀྱིལ་འཁོར་བཅུ་ལས་མེད་ཀྱང་། གཡོན་ལ་ནམ་མཁའི་དཀྱིལ་འཁོར་གྱི་འཕོ་བ་ལན་གཉིས་དང་། གཡས་ལ་སའི་དཀྱིལ་འཁོར་གྱི་འཕོ་བ་ལན་གཉིས་ཀྱི་སྒོ་ནས་འཕོ་བ་བཅུ་གཉིས་སུ་འགྱུར་བ་ཡིན་ཏེ། འདི་ལྟར་གཡོན་ལ། ནམ་མཁའ། རླུང་། མེ། ཆུ། ས་ནམ་མཁའ་དང་། གཡས་ལ་ས་ཆུ་མེ་རླུང་ནམ་མཁའི་ས་ཞེས་པའི་ཚུལ་གྱིས་སོ། །དེ་ལྟར་ན་རྩ་འདབ་བཅུ་གཉིས་པོ་ལའང་། གཡོན་གྱི་དྲུག་པོ་ནི། ནམ་མཁའ་རླུང་མེ་ཆུ་ས་ནམ་མཁའི་དཀྱིལ་འཁོར་འབབ་པ་དང་། གཡས་ཀྱི་དྲུག་ནི་ས་ཆུ་མེ་རླུང་ནམ་མཁའ་སའི་དཀྱིལ་འཁོར་འབབ་པའོ། །གཞན་དུ་ན་རྩ་འདབ་གཡས་ཀྱི་གཅིག་དང་གཡོན་གྱི་གཅིག་ལ་དཀྱིལ་འཁོར་གང་ཡང་འབབ་རྒྱུ་མེད་པས་འཕོ་ཆེན་གྱི་རླུང་རྒྱུ་བ་འགལ་ལོ། །འོན་ཀྱང་དཀྱིལ་འཁོར་བཅུ་ལས་གྲངས་མང་


JLD011_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བར་ནི་མི་འགྱུར་ཏེ། གཡོན་གྱི་དང་པོར་བརྒྱུས་པའི་ནམ་མཁའི་དཀྱིལ་འཁོར་དང་། མཇུག་གི་ནམ་མཁའི་དཀྱིལ་འཁོར་གཉིས་རྩ་འདབ་སོ་སོ་ལས་བརྒྱུ་བ་ཡིན་ཡང་། དཀྱིལ་འཁོར་གཅིག་ཡིན་པས་སོ། །འོ་ན་གཡས་ལ་ས་གཉིས་དང་གཡོན་ལ་ནམ་མཁའ་གཉིས་བྱེད་ཀྱི། དེ་བཞིན་དུ། ཆུ་གཉིས་དང་མེ་གཉིས་སོགས་མི་བྱེད་པ་ཅི་ཞེ་ན། གཡས་གཡོན་གྱི་དཀྱིལ་འཁོར་རེ་རེ་ལན་གཉིས་གཉིས་མ་བྱས་ན་འཕོ་བ་བཅུ་གཉིས་མི་འོང་ཞིང་། རྩ་འདབ་བཅུ་གཉིས་ཀྱི་གཉིས་སྟོང་པར་འགྱུར་ལ། གཡས་ལ་ས་དང་གཡོན་ལ་ནམ་མཁའ་ལན་གཉིས་མ་བྱས་པར་དཀྱིལ་འཁོར་གཞན་ལ་ལན་གཉིས་བྱས་ན། གཡོན་ལ་ནམ་མཁའ་རླུང་མེ་ཆུ་ས། ཞེས་དང་པོ་ནམ་མཁའ་ནས་རྩོམ་པ་དང་། གཡས་ལ་དང་པོ་ནས་རྩོམ་པའི་གོ་རིམ་འཆོལ་བར་འགྱུར་བས་སོ། །དོན་འདི་ཉིད་དབང་མདོར་བསྟན་གྱི་འགྲེལ་པར། སློབ་དཔོན་ནཱ་རོ་པས་གསུངས་ཏེ། ཇི་སྐད་དུ། གཡོན་པ་དང་གཡས་པ་དང་དབུ་མའི་རྩ་འདི་རྣམས་ལ་ཉིན་མཚན་གྱིས་དཀྱིལ་འཁོར་དྲུག་ཅུ་འབབ་པོ། །དེ་ལ་ལྟེ་བའི་པདྨའི་འདབ་མའི་གཡོན་གྱི་འདབ་མ་དྲུག་ལུག་དང་། འཁྲིག་པ་དང་། སེང་གེ་དང་། སྲང་དང་། གཞུ་དང་། བུམ་པའི་བདག་ཉིད་རྣམས་ལ་སོ་སོར་ནམ་མཁའ་ལ་སོགས་པ་དཀྱིལ་འཁོར་སུམ་ཅུ་རྣམས་སོ། །དེ་བཞིན་དུ་གཡས་ཀྱི་འདབ་མ་དྲུག །གླང་དང་། ཀརྐ་ཊ་དང་། བུ་མོ་དང་། སྡིག་པ་དང་། ཆུ་སྲིན་དང་། ཉའི་བདག་ཉིད་རྣམས་ལ་སོ་སོར་ས་ལ་སོགས་པ་དཀྱིལ་


JLD011_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྔའི་བདག་ཉིད་ལས་དཀྱིལ་འཁོར་སུམ་ཅུ་རྣམས་སོ། །ཞེས་གསུངས་ཤིང་གོང་དུ་བཤད་པ་ལྟར་མ་བྱས་ན། འདབ་མ་དྲུག་ལ། དཀྱིལ་འཁོར་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་སུམ་ཅུར་ཇི་ལྟར་འགྱུར་ཏེ། ལྔ་ལྔ་ཉི་ཤུ་རྩ་ལྔ་ལས་མི་འབྱུང་བས་སོ། །གོང་དུ་བཤད་པ་ལྟར་བྱས་ན། དྲུག་ལྔ་སུམ་ཅུར་འགྱུར་ཏེ། དེའང་དཀྱིལ་འཁོར་སུམ་ཅུ་སུམ་ཅུར་གསུངས་པ་འདི་ནི། རྩ་ཆེན་རེ་རེ་ལ། གཙོ་བོ་ས་ལྟ་བུ་རེ་རེའི་དཀྱིལ་འཁོར་རེ་རེ་ལའང་། འཁོར་འབྱུང་བ་ཆུང་བའི་དཀྱིལ་འཁོར་བཞི་བཞི་ཡོད་པའི་དབང་དུ་བྱས་པའོ། །དེ་ན་འབྱུང་ཆེན་གྱི་དཀྱིལ་འཁོར་ལྔའི་བདག་ཉིད་ཀྱང་། འབྱུང་ཆུང་གི་དཀྱིལ་འཁོར་སུམ་ཅུ་སུམ་ཅུར་འགྱུར་ཞེས་བྱ་བའི་དོན་ནོ། །རྩ་སྟོང་ཕྲག་དོན་གཉིས་གཅོད་ཚུལ་དང་། རྩ་རེ་གཅོད་པ་ལ་ཞག་བཅོ་བརྒྱད་དགོས་པའང་བཤད་པ་སོགས་ཀྱི་མི་འགལ་བའི་ཚུལ་ལ་སོགས་པ་འགའ་ཞིག་ནི་འོག་ཏུ་རང་རང་གི་སྐབས་སུ་བཤད་པར་བྱའོ། །དེ་ལྟར་མཐའ་དཔྱད་པ་བྱས་ནས། ད་ནི་རྩ་འཆད་པའི་ཚུལ་བརྗོད་པར་བྱ་སྟེ། དེའང་ལོ་གསུམ་གྱི་རིང་ལ་ལྟེ་བ་དང་ཚིགས་ཆེ་ཆུང་གི་རྩ་དང་གསལ་བྱེད་གཅོད་ཚུལ་ཕྱོགས་གསུམ་གྱི་རིང་ལ་དབྱངས་ཀྱི་ཡི་གེ་དང་རྩ་གཅོད་ཚུལ། འཆི་བའི་གོང་གི་ཉིན་ཞག་དྲུག་གི་རིང་ལ་ལྷག་པའི་རྩ་ལ་རླུང་རྒྱུ་ཚུལ། ལོ་བརྒྱའི་ཉིན་ཞག་གི་ཚོགས་སུམ་ཁྲི་དྲུག་སྟོང་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གཅོད་པའི་ཚུལ། དུས་ཀྱི་རྩའི་ངེས་


JLD011_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཤད་པ། ཟླ་བ་དང་ཉི་མའི་རྐང་པའི་ཆ་ཤས་དང་ཡི་གེ་བརྒྱ་ཉི་ཤུ་ཕྱི་ནང་ལ་སྦྱར་བ་སྟེ་དྲུག་གིས་ཤེས་པར་བྱའོ། །དང་པོ་ནི། འདིར་ལྟེ་བ་ལ་ཁྱིམ་གྱི་རྩ་བཅུ་གཉིས་དང་། དཀྱིལ་འཁོར་དྲུག་ཅུ་འབབ་པར་བྱེད་པ་དྲུག་ཅུ་སྟེ། ཞེས་པ་ནས་ལོ་གསུམ་གྱི་རྩ་དང་ཡི་གེ་གཅོད་པའི་ངེས་པའོ། ཞེས་པའི་བར་གྱིས་འཆད་དེ། དེའང་དགུ་ཡིས་བསྣུན་པའི་ལག་འགྲོ་ཞེས་པ། བརྒྱད་ལ་དགུ་ཡིས་བསྒྱུར་བས་བདུན་ཅུ་རྩ་གཉིས་ཏེ། དེ་ནི་ལྟེ་བའི་རྩ་འདབ་བཅུ་གཉིས་དང་། དེ་ལས་གྱེས་པ་དྲུག་ཅུ་བསྡོམས་པའི་གྲངས་སོ། །དེ་ལ་རྩ་ཆེན་བཅུ་གཉིས་པོ་རེ་རེ་ལ་ལྔ་ལྔར་གྱེས་པས་དྲུག་ཅུ་ཡིན་ལ། དེ་འདྲ་བའི་དྲུག་ཅུ་བོ་རེ་རེ་གཅོད་པ་ལ། ཕྱོགས་ཞེས་པའི་མིང་ཅན་ཉིན་ཞག་བཅོ་བརྒྱད་རེ་བགོས་ཏེ། དེ་ལྟར་ན་ཕྱོགས་དྲུག་ཅུ་ལ་ལོ་གསུམ་གྱི་ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུ་འོང་ངོ་། །སྐབས་འདིའི་འགྲེལ་ཆེན་དུ་ཐམས་ཅད་དུ་དཀྱིལ་འཁོར་གྱི་རྩ་རྣམས་ལས་ལོ་གསུམ་གྱི་ཕྱོགས་རྣམས་ཀྱིས་དྲུག་གི་ཆ་ཤས་ཡོངས་སུ་དོར་ནས་དཀྱིལ་འཁོར་ལྔ་འབབ་པར་བྱེད་པ་འདོར་རོ། །ཞེས་པའི་དོན་ལ། ཁ་ཅིག་ལྟེ་བའི་དོན་གཉིས་པོ་ཐམས་ཅད་འདོར་རམ་སྙམ་ན་མ་ཡིན་ཏེ། ཉིན་ཞག་དྲུག་གི་མཚམས་སུ་ཕྱེ་བ་ལས། ལྷག་པའི་རྩ་རྣམས་སུ་རླུང་བཅུ་རྒྱུ་བར་བྱེད་པ་ལ་བགོས་པས། དོན་གཉིས་པོ་དེའི་དྲུག་ཆ་ནང་གི་རྩ་ཆེན་བཅུ་གཉིས་པོ་གཅོད་པ་ཡོངས་སུ་དོར་བས་དེ་མ་བཅད་པར་བཞག་ནས་དཀྱིལ་འཁོར་ལྔ་འབབ་པར་བྱེད་པ་གཞན་དྲུག་ཅུ་པོ་ཐམས་ཅད་


JLD011_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་འདོར་རོ། །དེ་བཞིན་དུ་ལས་དང་བྱ་བའི་འཁོར་ལོ་གཉིས་ལའང་དྲུག་ཆ་འཇོག་པར་ཤེས་པར་བྱའོ། །ཞེས་འཆད་པ་ནི་མི་འཐད་དེ། རང་ཉིད་ཀྱི་སྔར་ལོ་གསུམ་གྱི་ཞག་དགུ་བརྒྱ་སུམ་ཅུ་ལ་ཁྱིམ་བཅུ་གཉིས་ཀྱི་རྩ་ལ་དཀྱིལ་འཁོར་ལྔ་འདོར་བར་བཤད་པ་དེ་ཉིད་ལྟེ་བའི་རྩ་འདབ་བཅུ་གཉིས་ལ་འདོར་བར་བྱས་པ་དང་། ཁས་བླངས་འགལ་ལ་འཆི་བའི་མཐར་ཞག་དྲུག་གི་རླུང་རྒྱུ་བ་ནི། སྔར་བཅད་ཚར་བའི་རྩ་ལའང་བརྒྱུ་བ་མི་འགལ་ཏེ། ཚིགས་ཆེན་བཅུ་གཉིས་ཀྱི་རྩ་སུམ་བརྒྱ་དྲུག་ཅུ་སྔར་ལོ་གསུམ་གྱི་དུས་སུ་བཅད་ཚར་ཡང་། འཆི་བའི་གོང་གི་མཐའི་ཞག་དྲུག་གི་རིང་ལ་དེ་དག་ཏུའང་རླུང་བརྒྱུ་བར་འོག་ནས་འཆད་པར་འགྱུར་བ་བཞིན་ནོ། །གཞན་ཡང་འོག་ནས་ཚིགས་ཆེན་དང་སོར་ཚིགས་ཀྱི་རྩ་རྣམས་ཀྱི་དྲུག་ཆ་རེ་ལ་འཆི་རླུང་མི་བརྒྱུ་ཞིང་ལྷག་མ་རྣམས་ལ་འཆི་རླུང་བརྒྱུ་བར་བཤད་པས། ཁྱོད་ཀྱིས་འདིར་དྲུག་ཆ་རེ་ཞག་དྲུག་གི་རིང་ལ་འཆི་རླུང་བརྒྱུ་བའི་ཆེད་དུ་འཇོག་པར་འདོད་པ་དངོས་སུ་བཀག་པ་ཡིན་ནོ། །དེས་ན་དེའི་ཆེད་དུ་ད་ལྟ་མི་གཅོད་ན་འཇོག་པ་དོན་མེད་ལ། རྩ་ཆེན་བཅུ་གཉིས་ལ་བརྒྱུ་བའི་རླུང་གཏན་ནས་མ་དོར་བར་དེ་ལས་གྱེས་པའི་རྩ་དྲུག་ཅུ་བོ་རྣམས་རླུང་གིས་འདོར་བའང་མི་འཐད་དོ། །ཁ་ཅིག་ཕྱོགས་དྲུག་ཅུས་རྩ་དྲུག་ཅུ་བོ་ཐམས་ཅད་ཀྱི་སོ་སོ་ལ་དྲུག་ཆ་རེ་རླུང་གིས་གཅོད་པ་ཡོངས་སུ་འདོར་བ་སྟེ་མི་གཅོད་པར་འཇོག་ཅེས་པར་འཆད་པའང་


JLD011_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐད་དེ། རྩ་རྣམས་ཀྱི་དྲུག་ཆ་རེ་ལ་རླུང་བརྒྱུ་ན་རྩ་དེ་ལ་རླུང་རྒྱུ་བར་ཁས་ལེན་དགོས་ལ། རྩ་དེ་རླུང་གིས་དོར་ན། ད་ལྟ་རྩ་དེ་ལ་རླུང་རྒྱུ་བ་མེད་དགོས་པས། རྩ་དེ་བཅད་ཚར་བ་དང་། རྩ་དེའི་དྲུག་ཆ་རེ་ལ་རླུང་ནར་མར་བརྒྱུ་བ་ཤིན་ཏུ་འགལ་བའི་ཕྱིར་རོ། །འོ་ན་འོག་ཏུ། མགྲིན་པ་ལ་ཡུད་ཙམ་དྲུག་འབབ་པར་བྱེད་པ་སྟེ་རོ་དང་ཞེས་སོ། །ཞེས་སོགས་གསུངས་པ་རྣམས་དང་མི་འགལ་ལམ་ཞེ་ན། དེ་དག་ནི་རྩ་རྣམས་ཀྱི་དྲུག་ཆ་རེ་བཞག་པ་དེ་ལ་མཐའི་ཞག་དྲུག་གི་རིང་ལ་རླུང་བརྒྱུ་བའི་དོན་མིན་ཏེ། འོག་ཏུ་དེ་ཉིད་ཀྱི་སྐབས་སུ་བཤད་པར་བྱའོ། །དེས་ན་གཞུང་དེའི་དོན་ནི། ལོ་གསུམ་ཕྱོགས་དྲུག་ཅུ་བོ་རྣམས་ཀྱིས་རྩ་དོན་གཉིས་ཀྱི་དྲུག་གི་ཆ་ཤས་ཏེ་དྲུག་ཆ་རྩ་ཆེན་བཅུ་གཉིས་ལ་རླུང་བརྒྱུ་བ་ཡོངས་སུ་དོར་བའི་སྒོ་ནས། དེ་དག་ལས་གྱེས་པའི་རྩ་དྲུག་ཅུ། དཀྱིལ་འཁོར་ལྔ་འབབ་པར་བྱེད་པ་རྣམས་འདོར་རོ། ཞེས་བྱ་བའི་དོན་ཡིན་ནོ། །དེ་ལ་རྩ་ཆེན་བཅུ་གཉིས་དང་། དེ་ལས་གྱེས་པ་དྲུག་ཅུ། ཚིགས་ཆེ་ཆུང་གི་རྩ་དང་བཅས་པ་གཅོད་པའི་ཚུལ་ནི་འདི་ཡིན་ཏེ། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་ཆེན་བཅུ་གཉིས་པོ་རེ་རེ་ལས། ལྟེ་བའི་རྩ་ལྔ་ལྔ་གྱེས་ལ། ལྟེ་བའི་རྩ་ལྔ་ཚན་བཅུ་གཉིས་པོ་དེ་དག་གི་རྩ་རྒྱུད་རྐང་ལག་ལ་སོང་བས། ཚིགས་ཆེན་རེ་རེའི་ཐད་དུ། ལྔ་ཚན་རེའི་རྩ་རེ་རེ་ལས། དྲུག་དྲུག་གྱེས་པས། ཚིགས་ཆེན་རེའི་འཁོར་ལོ་རྩ་འདབ་སུམ་ཅུ་རེ་རེ་འགྱུར་རོ། །ཚིགས་ཆེན་གྱི་རྩ་རྣམས་ཀྱི་རྩ་རྒྱུད་རྐང་ལག་གི་སོར་མོ་རྣམས་ལ་སོང་བས་ཚིགས་ཕྲན་གྱི་རྩ་རྣམས་སུ་འགྱུར་


JLD011_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེའང་ལག་པ་གཡས་པའི་ཕྲག་པ་དང་དཔུང་བའི་བར་གྱི་རྩ་འཁོར་གྱི་རྩ་སུམ་ཅུ་བོའི་རྒྱུན་ལག་པ་གཡས་པའི་སོར་ཚིགས་འོག་མ་ལྔར་སོང་བས། སོར་ཚིགས་རེ་ལ་རྩ་དྲུག་དྲུག་སྟེ། སོར་ཚིགས་ཀྱི་ཕྲེང་བ་འོག་མའི་རྩ་སུམ་ཅུའོ། །དེ་བཞིན་དུ་དཔུང་བ་དང་། ཉེ་བའི་དཔུང་བ་ཞེས་པ་གྲུ་མོ་གཡས་པའི་བར་གྱི་རྩ་རྒྱུད་སོང་བས་ལག་པ་གཡས་པའི་སོར་མོའི་ཚིག་ཕྲེང་དབུས་མའི་རྩ་སུམ་ཅུ་དང་། གཡས་པའི་ལག་མགོ་དང་ཉེ་བའི་དཔུང་བའི་བར་མཁྲིག་མའི་རྩ་འཁོར་གྱི་རྩ་སུམ་ཅུ་བོའི་རྩ་རྒྱུད་སོང་བས་ལག་པ་གཡས་པའི་སོར་མོའི་ཚིགས་ཕྲེང་སྟེང་མ་སེན་མོའི་མཚམས་ཀྱི་ཚིགས་ལྔའི་རྩ་སུམ་ཅུར་འགྱུར་ཚུལ་འདི་ལག་པ་གཡོན་དང་རྐང་པ་གཉིས་ལའང་རིགས་བསྒྲེས་པས་ཤེས་ལ། དེ་ལྟར་ན་ཚིགས་ཆེན་བཅུ་གཉིས་རེ་རེ་ལ་རྩ་སུམ་ཅུ་རེ་ཡོད་པས་སུམ་བརྒྱ་དྲུག་ཅུ་དང་། ཚིགས་ཕྲན་དྲུག་ཅུ་བོ་རེ་རེ་ལ་རྩ་དྲུག་དྲུག་ཡོད་པས་སུམ་བརྒྱ་དྲུག་ཅུ་ཡོད་ཅིང་། ཚིགས་ཆེན་གྱི་འཁོར་ལོ་རྣམས་ནི་རྐང་པ་དང་ལག་པའི་ལས་ཀྱི་དབང་པོའི་བྱ་བ་འགྲོ་བ་དང་ལེན་པ་སོགས་ལ་འཇུག་པའི་དང་པོར་གྱུར་པའི་ཕྱིར་ལས་ཀྱི་འཁོར་ལོ་ཞེས་བྱ་ལ། སོར་ཚིགས་ཀྱི་རྩའི་འཁོར་ལོ་རྣམས་ནི་ལེན་པ་སོགས་ཀྱི་བྱ་བ་བྱེད་པས་བྱ་བའི་འཁོར་ལོ་ཞེས་བྱའོ། །ཚིགས་ཆེན་བཅུ་གཉིས་པོ་དེ་དག་ཕྱིའི་ཟླ་བ་བཅུ་གཉིས་དང་སྦྱར་ན་ལག་པ་གཡས་པའི་ཕྲག་པ་དང་དཔུང་བའི་བར་གྱི་འཁོར་ལོའི་རྩ་


JLD011_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་ནི་ཆུ་སྲིན་གྱི་ཟླ་བའི་ཚེས་སུམ་ཅུ་དང་། ལག་པ་གཡོན་པའི་ཕྲག་པ་དང་དཔུང་བའི་བར་གྱི་འཁོར་ལོའི་རྩ་སུམ་ཅུ་ནི། དབོའི་ཟླ་བའི་ཚེས་སུམ་ཅུའོ། །ཞེས་སོགས་སུ་སྦྱར་ཏེ། གཞུང་ཉིད་ན་གསལ་ལོ། །དེ་ལྟར་ཡིན་པ་ལ། ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུའི་རིང་ལ། ལྟེ་བ་དང་ཚིགས་ཆེ་ཆུང་གི་རྩ་དེ་དག་གཅོད་པའི་ཚུལ་ནི། ལྟེ་བའི་རྩ་དྲུག་ཅུ་བོ་རེ་རེ་གཅོད་པ་ལ་ཕྱོགས་ཀྱི་མིང་ཅན་ཞག་བཅོ་བརྒྱད་རེ་དགོས་ཤིང་། རྩ་དེ་དག་རེ་རེ་བཅད་པ་ན། དེ་ལས་གྱེས་པའི་རྩ་དྲུག་དྲུག་གཅོད་པས། ཞག་བཅོ་བརྒྱད་པོའི་རིང་ལ་ལྟེ་བའི་རྩ་གཅིག་དང་། དེ་ལས་གྱེས་པའི་ཚིགས་ཆེན་གྱི་རྩ་དྲུག་གཅོད་ཅིང་། དེས་ན་ཚིགས་ཆེན་རྣམས་ཀྱི་རྩ་རེ་རེ་གཅོད་པ་ལ། ཉིན་ཞག་རྩེ་མོ་ཅན་ཞེས་ཉིན་ཞག་གསུམ་གསུམ་དུ་གསུངས་པ་ཡིན་ལ། ཚིགས་ཆེན་རྣམས་ཀྱི་རྩ་རེ་རེ་བཅད་པ་ན་དེའི་རྩ་རྒྱུད་ཀྱི་སོར་ཚིགས་ཀྱི་རྩ་རེ་རེའང་གཅོད་དེ། དཔེར་ན། ལྟེ་བའི་རྩ་དྲུག་ཅུའི་ནང་ནས། གཡས་ཀྱི་སུམ་ཅུའི་དང་པོ་ཞག་བཅོ་བརྒྱད་ཀྱིས་བཅད་པ་ན་དེ་ལས་གྱེས་པ། ལག་པ་གཡས་པའི་ཕྲག་པ་དང་དཔུང་བའི་བར་གྱི་འཁོར་ལོའི་རྩ་དྲུག་དང་། དྲུག་པོ་དེའི་རྩ་རྒྱུད་ལག་པ་གཡས་པའི་སོར་མོའི་ཚིགས་ཕྲེང་འོག་མའི་ནང་ནས། མཐེ་བོང་གི་ཚིགས་འོག་མའི་རྩ་དྲུག་ཀྱང་གཅོད་པ་ལྟ་བུའོ། །དེས་ཐམས་ཅད་ལ་རིགས་བསྒྲེས་པས་ཤེས་ལ། ལྟེ་བའི་རྩ་ཆེན་བཅུ་གཉིས་གཅོད་ཚུལ་གྱི་ཞག་གྲངས་དངོས་སུ་མ་གསུངས་ཀྱང་ལྟེ་བའི་རྩ་དྲུག་ཅུའི་ནང་


JLD011_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རེ་རེ་དོར་བའི་སྒོ་ནས་དེ་ལས་གྱེས་པའི་ཚིགས་ཆེན་གྱི་རྩ་དྲུག་དྲུག་འདོར་ཞིང་། ཚིགས་ཆེན་གྱི་རྩ་དྲུག་དྲུག་དོར་བའི་དབང་གིས་དེའི་རྩ་རྒྱུད་སོར་ཚིགས་ཀྱི་རྩ་དྲུག་དྲུག་འདོར་བ་བཞིན་དུ། རྩ་ཆེན་བཅུ་གཉིས་ཀྱི་ནང་ནས་རེ་རེ་དོར་བའི་དབང་གིས། དེ་ལས་གྱེས་པའི་ལྟེ་བའི་རྩ་ལྔ་ལྔ་འདོར་བ་ཡིན་དགོས་ཏེ། རིགས་པ་མཚུངས་པའི་ཕྱིར་རོ། །དེས་ན་ལྟེ་བའི་རྩ་དྲུག་ཅུའི་ནང་ནས་ལྔ་འདོར་བ་ལ་ནི། ཕྱོགས་ལྔ་དགོས་པས། ཞག་དགུ་བཅུ་དགོས་ལ། དེ་ཉིད་རྩ་ཆེན་གཅིག་འདོར་བའི་ཡུན་ཚད་དུ་རིགས་སོ། །དེ་བས་ན་ཞག་དགུ་བཅུ་སོང་བ་ན། རྩ་ཆེན་གཅིག་དང་། དེ་ལས་གྱེས་པའི་ལྟེ་བའི་རྩ་ལྔ་དང་། ལྔ་པོ་དེ་ལས་གྱེས་པའི་ཚིགས་ཆེན་གྱི་འཁོར་ལོ་གཅིག་དང་། དེའི་རྩ་རྒྱུད་སོར་ཚིགས་ལྔའི་རྩ་རླུང་གིས་འདོར་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བྱས་པས་རྩ་ཆེན་བཅུ་གཉིས་འདོར་བ་ལ་ཞག་སྟོང་བརྒྱད་ཅུ་དགོས་པ་ནས། ཚིགས་ཕྲན་དྲུག་ཅུའི་རྩ་འདོར་བ་ལའང་ཞག་སྟོང་བརྒྱད་ཅུ་དགོས་པའི་བར་དུ་ཞག་གྲངས་མཚུངས་ཤིང་། ལོ་གསུམ་དང་རྩ་དེ་དག་གཅོད་པ་གཉིས་སྦྱར་བ་ལེགས་པར་འགྲིག་པར་འགྱུར་ལ། རྩ་འདི་དག་ཐམས་ཅད་ཀྱང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་ལ་མི་གཏོགས་པས། རྩ་འདི་དག་གཅོད་ཚུལ་འདི་ལྟར་བྱས་པ་དང་། རྩ་སྟོང་ཕྲག་དོན་གཉིས་ལས་ཞག་རེ་ལ་གཉིས་གཉིས་གཅོད་པའི་འགལ་བའི་སྐྱོན་མེད་དོ། །འོ་ན་


JLD011_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་སྟོང་ཕྲག་དོན་གཉིས་གང་ལས་གྱེས་པ་ཡིན་ཞེ་ན། འདི་ལ་བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས་ནི། སྙིང་གའི་རྩ་འབའ་ཞིག་ལས་གྱེས་པར་གསུངས་ཏེ། དེའང་སྙིང་གའི་རྩ་འདབ་བརྒྱད་པོ་རེ་རེ་ལས་ཁུ་བ་དང་། རྡུལ་དང་། རླུང་འབབ་པའི་རྩ་གསུམ་གསུམ་དུ་གྱེས་པས་ཉེར་བཞི། དེ་རེ་རེ་ལ་གསུམ་གསུམ་དུ་གྱེས་པས་དོན་གཉིས། དེ་རེ་རེ་ལ་སྟོང་ཕྲག་རེར་གྱེས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། དེ་དག་ལས་སྟོང་ཕྲག་ཉེར་བཞི་ནི་ཁུ་བ་འབབ་པ་དང་། སྟོང་ཕྲག་ཉེར་བཞི་ནི་རྡུལ་འབབ་པ་དང་། སྟོང་ཕྲག་ཉེར་བཞི་ནི་རླུང་འབབ་པར་གསུངས་ལ། འདིར་ཡང་ལོ་གསུམ་ཕྱོགས་གསུམ་ལ་ཁྱད་པར་དུ་གཅོད་པའི་དབྱངས་གསལ་གྱི་རྩ་འདི་དག་ལས་གྱེས་པ་མ་ཡིན་པར་བྱ་དགོས་ཏེ། གཞན་དུ་ན། གང་ལས་གྱེས་པའི་གཞིའི་རྩ་རླུང་གིས་དོར་ནས། དེ་ལས་གྱེས་པའི་རྩ་ཕྲན་རླུང་གིས་མ་དོར་བ་འདོད་དགོས་པར་འགྱུར་བས་སོ། །དེ་བས་ན་དབུ་མ་ཉིད་ལས་རྩ་ཕྲན་སྟོང་ཕྲག་དོན་གཉིས་སུ་གྱེས་པ་ལྟ་བུ་ཉིད་དུ་བྱ་དགོས་པར་མངོན་ནོ། ། ༈ ད་ནི་རྩ་རྣམས་ཀྱི་ལྷག་པའི་ལྷའི་ཡི་གེ་བརྗོད་པར་བྱ་སྟེ། ཞེས་བྱ་བ་ལ་ལྷག་པའི་ལྷའི་དོན་ནི། ཡི་གེ་འདི་དག་རྩ་དེ་དང་དེ་བསྐྱེད་པའི་ས་བོན་ནམ། རྩ་དེ་དག་གི་ནང་ན་ཡི་གེ་དེ་དག་གི་གཟུགས་སུ་ཡོད་པ་མིན་གྱི། རྩ་འདི་དག་སྦྱོང་བའི་དོན་དུ་བསྒོམ་པར་བྱ་བའི་ཚེས་ཀྱི་ལྷ་དེ་དང་དེའི་ས་བོན་གྱིས་རྩ་དེ་དང་དེ་དག་མཚོན་ནས་བསྟན་པས་


JLD011_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པར་བྱེད་པའི་ཡི་གེ་ཡིན་པས་ལྷག་པའི་ལྷའི་ཡི་གེ་ཞེས་བྱ་བ་ཡིན་ལ་དེ་ཉིད་འདི་ནས་མདོར་བསྟན་ཅིང་། འོག་ཏུ། ད་ནི་སྡེ་པ་ཞེས་པ་ལ་སོགས་པས། ཞེས་སོགས་ཀྱིས་རྒྱས་པར་འཆད་པ་ཡིན་ཏེ། དེ་དག་གི་དོན་མདོར་བསྡུས་ན། ལག་པ་གཡས་གཡོན་གཉིས་ཀྱི་ཚིགས་རྣམས་ཀྱི་རྩ་ནི་བྱང་བགྲོད་ཀྱི་ཟླ་བ་དྲུག་གི་ཚེས་རྣམས་ཀྱི་ཡི་གེ་དང་སྦྱོར་ལ། རྐང་པ་གཉིས་ཀྱི་ཚིགས་ཆེན་དྲུག་གི་རྩ་རྣམས་ནི་ལྷོ་བགྲོད་ཀྱི་ཟླ་བ་དྲུག་གི་ཚེས་རྣམས་ཀྱི་ས་བོན་གྱི་ཡི་གེ་དང་སྦྱོར་ཞིང་། ཐོག་མར་ལག་པ་གཡོན་ལྟ་བུ་ནས་མཚོན་ཏེ་བརྗོད་ན། ཀ་ཙ་ཊ་ཏ་པ་སའི་སྡེ་པ་སྟེ། གསལ་བྱེད་ཀྱི་ཡི་གེ་སྡེ་ཚན་དྲུག་ཡོད་ལ། སྡེ་ཚན་དྲུག་པོ་དེ་སྲོག་གི་དབྱངས་ཐུང་ངུས་ཕྱེ་བ་དང་། རིང་པོས་ཕྱེ་བའི་སྒོ་ནས་སྡེ་ཚན་བཅུ་གཉིས་སུ་འགྱུར་ཞིང་། དེ་ལ་སྲོག་གི་དབྱངས་ཐུང་ངུས་ཕྱེ་བའི་ཀ་ཙ་ཊའི་སྡེ་ཚན་གསུམ་ལག་པ་གཡོན་པའི་ཚིགས་ཆེན་གསུམ་གྱི་འཁོར་ལོའི་ཡི་གེ་དང་། སྲོག་གི་དབྱངས་རིང་པོས་ཕྱེ་བའི་ཀ་ཙ་ཊའི་སྡེ་ཚན་གསུམ་ལག་པ་གཡས་ཀྱི་ཚིགས་ཆེན་གསུམ་གྱི་འཁོར་ལོའི་ཡི་གེ་དང་། ཡང་། སྲོག་གི་དབྱངས་ཐུང་ངུས་ཕྱེ་བའི་ཏ་པ་སའི་སྡེ་ཚན་གསུམ་རྐང་པ་གཡོན་གྱི་ཚིགས་ཆེན་གསུམ་གྱི་འཁོར་ལོའི་ཡི་གེ་དང་། ཡང་སྲོག་གི་དབྱངས་རིང་པོས་ཕྱེ་བའི་ཏ་པ་སའི་སྡེ་ཚན་གསུམ་ནི་རྐང་པ་གཡས་ཀྱི་ཚིགས་ཆེན་གསུམ་གྱི་འཁོར་ལོའི་རྩའི་ཡི་གེ་ཡིན་ལ་དེ་བཞིན་དུ་རྐང་ལག་གི་སོར་མོའི་ཚིགས་ཕྲེང་རྣམས་ལའང་


JLD011_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བར་བྱ་སྟེ། གཡོན་གྱི་སོར་མོའི་ཚིགས་ཕྲེང་འོག་མ། བར་མ། སྟེང་མ་གསུམ་ལ་རིམ་པ་བཞིན་དབྱངས་ཐུང་ངུས་ཕྱེ་བའི་ཀ་ཙ་ཊའི་སྡེ་ཚན་གསུམ་དང་། གཡས་ཀྱི་གསུམ་ལ་དབྱངས་རིང་པོས་ཕྱེ་བའི་ཀ་ཙ་ཊའི་སྡེ་ཚན་གསུམ་དང་། རྐང་པ་གཡོན་གྱི་གསུམ་ལ་རིམ་བཞིན་དབྱངས་ཐུང་ངུས་ཕྱེ་བའི་ཏ་པ་སའི་སྡེ་ཚན་གསུམ་དང་། རྐང་སོར་གཡས་ཀྱི་ཚིགས་ཕྲན་གསུམ་ལ་འོག་ནས་རིམ་པས་དབྱངས་རིང་པོས་ཕྱེ་བའི་ཏ་པ་སའི་སྡེ་ཚན་གསུམ་སྟེ་ཚིགས་ཆེན་ཇི་ལྟ་བ་བཞིན་དུའོ། །དེ་ལ་སྡེ་ཚན་དྲུག་གི་སྡེ་ཚན་རེ་རེ་ལའང་གསལ་བྱེད་ཀྱི་ཡི་གེ་ལྔ་ལྔ་བཀོད་དེ། ཀ་ཁ་ག་གྷ་ང་། ཞེས་སོགས་སོ། །དེ་དག་གི་སྒོ་ནས་འབྱེད་པའི་སྲོག་གི་དབྱངས་ལ་སྡེ་ཚན་གསུམ་ཡོད་དེ། ཨ་ཨི་རྀ་ཨུ་ལྀ་ཞེས་པར་དབྱུང་གི་དབྱངས་དང་། ཨཱ་ཨེ་ཨར྄་ཨོ་ཨལ྄། ཞེས་པ་ཡོན་ཏན་ནམ་འཕེལ་བའི་ཡི་གེ་དང་། ཧ་ཡ་ར་ཝ་ལ། ཞེས་པ། ཡ་ཎིའི་ཡི་གེའོ། །འདི་དག་ཀྱང་རིང་ཐུང་དབྱེ་བས་རིང་པོའི་སྡེ་ཚན་གསུམ་དང་ཐུང་ངུའི་སྡེ་ཚན་གསུམ་སྟེ་དྲུག་ཏུ་འགྱུར་ལ། ཐུང་ངུ་གསུམ་གྱི་མཐར་ནི་རིམ་བཞིན་ཨཾ་ཨ་ལཾ་ཧཾ། ཞེས་པ་ཐིག་ལེ་ཅན་གསུམ་དང་། རིང་པོའི་སྡེ་ཚན་གྱི་མཐར་ནི་རིམ་བཞིན། ཨཿ ཨལཿ ཧཿ ཞེས་པ་ཚེག་དྲག་ཅན་གསུམ་བཞག་པར་བྱ་སྟེ། དེ་ལྟར་ན་སྡེ་ཚན་རེ་རེ་ལ་ཡི་གེ་དྲུག་དྲུག་ཏུ་འགྱུར་རོ། །དེ་ལ་གསལ་བྱེད་ཀྱི་ཡི་གེ་ང་ལྟ་བུ་ཞིག་ཀྱང་རང་བྱུང་གི་ཡི་གེ་ཐུང་ངུ་དྲུག་སྲོག་ཏུ་ཞུགས་པའི་དབང་གིས་ཕྱེ་བས་དྲུག་ཏུ་འགྱུར་ཏེ། ང་ངི་དྲྀ་དུ་དླྀ་དི་ཞེས་པའོ། །


JLD011_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དེས་གསལ་བྱེད་ཀྱི་ཡི་གེ་གཞན་ཐམས་ཅད་ལའང་རིགས་འགྲེའོ། །དེས་ན་གསལ་བྱེད་ཀྱི་ཡི་གེ་རིང་པོ་སུམ་ཅུ་དང་། ཐུང་ངུ་སུམ་ཅུ་བོ་དེ་དག་རང་བྱུང་གི་ཡི་གེ་ཐིག་ལེ་ཅན་དང་། ཚེག་དྲག་ཅན་དང་བཅས་པའི་རིང་པོ་དྲུག་དང་ཐུང་ངུ་དྲུག་གིས་ཕྱེ་བས་སུམ་བརྒྱ་དྲུག་ཅུར་འགྱུར་རོ། །དེ་བཞིན་དུ་གསལ་བྱེད་ཐུང་རིང་དྲུག་ཅུ་བོ་དེ་ཡོན་ཏན་ནམ་འཕེལ་བའི་ཡི་གེ་ཐིག་ལེ་དང་ཚེག་དྲག་ཅན་དང་བཅས་པའི་ཐུང་རིང་དྲུག་སྲོག་ཏུ་ཞུགས་པའི་དབང་གིས་ཕྱེ་བས་སུམ་བརྒྱ་དྲུག་ཅུ་དང་། ཡང་གསལ་བྱེད་ཐུང་རིང་དྲུག་ཅུ་ལ། ཡ་ཎའི་ཡི་གེ་ཐིག་ལེ་ཅན་དང་ཚེག་དྲག་ཅན་དང་བཅས་པའི་ཐུང་རིང་དྲུག་དྲུག་སྲོག་ཏུ་ཞུགས་པའི་དབང་གིས་ཕྱེ་བས་སུམ་བརྒྱ་དྲུག་ཅུ་སྟེ། དེ་ལྟར་ན་ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུའི་གྲངས་སུ་འགྱུར་ལ་ཚིགས་ཆེན་དང་ཚིགས་ཕྲན་གྱི་རྩ་སུམ་བརྒྱ་དྲུག་ཅུ་དྲུག་ཅུ་བོ་དེ་དག་ལ་རྩ་རེ་རེ་ལའང་མཚོན་པར་བྱེད་པའི་ས་བོན་གྱི་ཡི་གེ་རང་བྱུང་གི་སྲོག་ཏུ་ཞུགས་པས་ཕྱེ་བ་དང་། ཡོན་ཏན་ནམ་འཕེལ་བའི་ཡི་གེས་ཕྱེ་བ་དང་། ཡ་ཎའི་ཡི་གེས་ཕྱེ་བ་སྟེ་གསལ་བྱེད་ཀྱི་ཡི་གེ་གསུམ་གསུམ་སྦྱར་བར་བྱ་སྟེ། དཔེར་ན་རང་བྱུང་གི་ཨ་ཐུང་ངུས་ཕྱེ་བའི་ང་དང་། ཡོན་ཏན་གྱི་ཡི་གེ་ཨ་ཐུང་ངུས་ཕྱེ་བའི་ང་དང་། ཡ་ཎའི་ཡི་གེ་ཧ་ཐུང་ངུས་ཕྱེ་བའི་ང་གསུམ་ག་ལག་པ་གཡོན་གྱི་ཚིགས་ཆེན་གྱི་འཁོར་ལོ་དང་པོ་ཕྲག་པ་དང་། དཔུང་བའི་བར་གྱི་རྩ་སུམ་ཅུའི་ནང་ནས་རྩ་དང་པོའི་ཡི་གེར་སྦྱོར་བ་དང་། དེ་བཞིན་དུ་ལག་པ་གཡོན་པའི་མཐེ་བོང་ཚིགས་འོག་མ་ལ་


JLD011_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དྲུག་ཡོད་པའི་ནང་ནས་རྩ་དང་པོའི་ཡི་གེར་ཡང་དེ་གསུམ་སྦྱོར་བ་ལྟ་བུའོ། །དེའང་ལག་པ་དང་རྐང་པ་གཡོན་པའི་རྩའི་འཁོར་ལོ་ཆེ་ཆུང་ཐམས་ཅད་ལ་དབྱངས་ཐུང་ངུས་ཕྱེ་བ་རྣམས་ཀྱི་སྡེ་ཚན་ལུགས་འབྱུང་དང་། གསལ་བྱེད་ཀྱི་ཡི་གེ་ལུགས་ལྡོག་དང་སྲོག་གི་དབྱངས་ཡིག་ལུགས་འབྱུང་དུ་སྦྱར་བར་བྱ་སྟེ། རྩ་སུམ་ཅུའི་དང་པོ་ལ་ང་དང་། སུམ་ཅུ་པོ་ལ་ཀ་ལྟ་བུའོ། །གཡས་པ་རྣམས་ལ་དབྱངས་རིང་པོས་ཕྱེ་བ་དག་སྡེ་ཚན་དུ་མ་ཟད་གསལ་བྱེད་ཀྱི་ཡི་གེའང་ལུགས་འབྱུང་དང་། སྲོག་གི་དབྱངས་ལུགས་ལྡོག་ཏུ་སྦྱར་བར་བྱ་སྟེ། རྩ་སུམ་ཅུའི་དང་པོ་ལ་ཀཱ་རིང་པོ་དང་། སུམ་ཅུ་པ་ལ་ངཱ་རིང་པོ་ལྟ་བུའོ། །དེ་ལྟར་རྐང་པ་གཡོན་དང་གཡས་ལའང་རིག་པར་བྱ་ཞིང་། ཚིགས་ཆེན་གྱི་རིགས་པས་ཚིགས་ཕྲན་རྣམས་ལའང་རིག་པར་བྱ་ལ། དབྱངས་ཐུང་རིང་གིས་ཕྱེ་བའི་སྡེ་ཚན་དེ་དག་ཀྱང་ཚིགས་ཆེན་དང་པོར་ཚིགས་གཡས་ལ་སྦྱར་བ་དབྱངས་རིང་པོས་ཕྱེ་བ་ཐམས་ཅད་ནི་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས། ཞེས་པས་རིམ་པས་སྡུད་རིམ་དང་། གཡོན་ལ་དབྱངས་ཐུང་ངུས་ཕྱེ་བ་ཐམས་ཅད་ནི་ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཞེས་པ་སྤྲོ་བའི་རིམ་པས་སྦྱར་བར་བྱའོ། །དབྱངས་རིང་པོས་ཕྱེ་བའི་སྡེ་ཚན་དྲུག་ལྟ་བུ་ནི་རིགས་དྲུག་དང་། དེའི་ནང་ནས། ནམ་མཁའི་ཁམས་ཆོས་དབྱིངས་ཡེ་ཤེས་མི་བསྐྱོད་པའི་རང་བཞིན་ནི་ཆུ་སྲིན་གྱི་འཕོ་བའི་རྩ་ལག་པ་གཡས་པའི་ཕྲག་པ་དང་། དཔུང་བའི་བར་གྱི་འཁོར་ལོ་སྟེ། མི་བསྐྱོད་པ་དེ་ཉིད་ལ་རིགས་ལྔར་ཕྱེ་


JLD011_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་འཁོར་ལོ་དེའི་རྩ་དྲུག་ཚན་ལྔའོ། །དེ་ལྟར་ཕྱེ་བའི་མི་བསྐྱོད་པ་ལའང་རིགས་དྲུག་ཏུ་ཕྱེ་བ་ནི་འཁོར་ལོའི་རྩ་སྡེ་ཚན་ལྔའི་དང་པོ་ལའང་རྩ་དྲུག་ཏུ་ཕྱེ་བའོ། །ཞེས་དེའི་རིམ་པས་ཚིགས་ཕྲ་རགས་གཉིས་ཀའི་འཁོར་ལོ་ཐམས་ཅད་ལ་སྦྱར་བར་བྱ་སྟེ། རེ་རེ་ནས་སྦྱོར་བ་འགྲེལ་པར་རྒྱས་པར་གསུངས་ཤིང་ཤེས་སླའོ། །དེ་ལྟར་རྐང་ལག་གཉིས་ཀའི་གཡས་པ་རྣམས་ལྷོ་བགྲོད་དང་། གཡོན་པ་རྣམས་བྱང་བགྲོད་དུ་མི་མཛད་པར། སྟེང་གི་གཡས་གཡོན་གཉིས་ཀ་བྱང་བགྲོད་དང་། འོག་གི་གཡས་གཡོན་གཉིས་ཀ་ལྷོ་བགྲོད་དུ་གསུངས་པ་ནི་སྟེང་སྲོག་གི་རླུང་དང་། འོག་ཐུར་སེལ་གྱི་རླུང་གཉིས་ལས། སྲོག་འཛིན་གྱི་རླུང་གི་དབང་གིས་ཉི་མའི་འཆི་ལྟས་དང་། ཐུར་སེལ་གྱི་རླུང་གི་དབང་གིས་ཟླ་བའི་འཆི་ལྟས་འབྱུང་བའི་དབང་དུ་བྱས་ནས། སྟེང་གི་གཡས་གཡོན་གཉིས་ཀ་ཉི་མའི་ཆོས་བྱང་བགྲོད་དང་། འོག་གི་གཡས་གཡོན་གཉིས་ཀ་ཟླ་བའི་ཆོས་ལྷོ་བགྲོད་དུ་གསུངས་སོ། །གཉིས་པ་ཕྱོགས་གསུམ་གྱི་རིང་ལ་དབྱངས་ཀྱི་ཡི་གེ་དང་། རྩ་གཅོད་ཚུལ་ནི། དེ་ནས་ལོ་ནི་ཆེད་པར་འགྱུར་ན། ཞེས་བྱ་བ་ནས་རྩ་གཅོད་པའི་ངེས་པའོ་ཞེས་པའི་བར་ཏེ། དེའང་ཕྱོགས་གསུམ་གྱི་ཞག་ལ་བཅད་པར་བྱ་བའི་དབྱངས་ནི། དབྱངས་ཐུང་ངུ་བཅོ་ལྔ་དང་། རིང་པོ་བཅོ་ལྔ་དང་། ཤིན་ཏུ་རིང་པོ་བཅོ་ལྔ་སྟེ་ཞེ་ལྔ་ཡོད་ལ། ཕྱོགས་གསུམ་གྱི་རིང་ལ་བཅད་པར་བྱ་བ་དབྱངས་ཀྱི་ཆོས་ཅན་གྱི་རྩ་ནི། དཔྲལ་མགྲིན་སྙིང་གའི་རྩ་ལས། མགྲིན་པའི་སྟོང་པའི་རྩ་


JLD011_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་། དཔྲལ་བའི་སྟོང་པའི་རྩ་གཉིས་མ་གཏོགས་པ། རྩ་བཞི་བཅུ་ཡོད་ཅིང་། མངལ་གྱི་ཟླ་གཅིག་རྩ་མ་ཆགས་པའི་དབང་གིས་བྱུང་བའི་མཐའི་ཟླ་བ་གཅིག་གི་རིང་ལ་གསལ་བྱེད་སུམ་ཅུའི་ཆོས་ཅན་གསང་བའི་རྩ་སུམ་ཅུ་གཅོད་དེ་དེ་ཉིད་ཀྱིའང་སྟོང་པའི་རྩ་གཉིས་མ་གཏོགས་སོ། །དེ་ལ་ཆུ་ཚོད་དྲུག་ཅུ་ལ་ཉིན་ཞག་ཏུ་བྱས་པ་ཕྱོགས་གསུམ་གྱི་ཞག་ཞེ་ལྔ་པོ་དེ་ཉིད་ཆུ་ཚོད་ལྔ་བཅུ་རྩ་དྲུག་བཞི་ཆ་རེ་ལ་ཞག་ཏུ་བྱས་པའི་ཞག་ཞེ་བརྒྱད་དུ་འགྱུར་ལ། དེ་བཞིན་དུ། མཐའི་ཞག་སུམ་ཅུ་བོ་དེའང་ཆུ་ཚོད་ང་དྲུག་བཞི་ཆ་ལ་ཞག་ཏུ་བྱས་པའི་ཞག་སོ་གཉིས་སུ་འགྱུར་བས་ཕྱོགས་གསུམ་དང་མཐའི་ཟླ་གཅིག་གི་ཞག་དོན་ལྔ་པོ་དེ་ཉིད་ཆུ་ཚོད་ང་དྲུག་བཞི་ཆའི་ཞག་བརྒྱད་ཅུར་འགྱུར་ཞིང་། མཐའི་དབུ་མའི་ཞག་གཅིག་སྟེ་བརྒྱད་ཅུ་རྩ་གཅིག་གོ །དེ་དག་ལས་དཔྲལ་བ་ལ་དབྱངས་ཀྱི་ཆོས་ཅན་གྱི་རྩ་བཅུ་པཞི། མགྲིན་པ་ལ་ཉེར་བརྒྱད་དེ། ཞེ་གཉིས། ཕྱོགས་གསུམ་གྱི་ཞག་ཞེ་བརྒྱད་ཀྱི་ནང་ནས་ཞེ་གཉིས་ཀྱི་རིང་ལ་གཅོད་ལ། དེ་ནས་སྙིང་གའི་རྩ་གཅོད་ཚུལ་ནི། དེ་ནས་མགྲིན་པ་ལ་ཉིན་ཞག་བཞི་དང་། དཔྲལ་བ་ལ་ཉིན་ཞག་གཉིས་དང་། འཚོ་བའི་མཚན་མོ་གསུམ་མོ། །ཞེས་སོགས་ཀྱི་དོན་ནི་འདི་ཡིན་ཏེ་སྔར་དཔྲལ་བའི་རྩ་ལ་གཉིས་སྟོང་པ་དང་། མགྲིན་པའི་བཞི་སྟོང་པར་སོང་བས་དེ་དག་གཅོད་པ་ལ་སྦྱར་རྒྱུ་མི་འབྱུང་བའི་ཞག་དྲུག་པོ་དེ་དག་དང་། གསང་བའི་རྩ་གཉིས་སྟོང་པའི་ཆོས་ཅན་གྱི་རྩར་སོང་བས། དེ་གཉིས་གཅོད་པའི་ཞག་ཏུ་སྦྱར་ས་མ་བྱུང་བའི་ཞག་གཉིས་ཏེ།


JLD011_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་བརྒྱད་པོ་དེ་དག་ནི་སྙིང་གའི་རྩ་བརྒྱད་གཅོད་པའི་ཞག་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གཞན་དག་སྟོང་པའི་རྩ་བརྒྱད་གཅོད་པའི་ཞག་བརྒྱད་ནི་འཁོར་ལོ་དེ་དག་གི་རྩ་འདབ་དང་ལྷན་ཅིག་ཏུ་སྙིང་གའི་པདྨ་ལའང་བརྒྱུ་ཞིང་རྩ་བརྒྱད་གཅོད་དེ། ཞེས་ཟེར་བ་ནི་མི་རིགས་ཏེ། སྟོང་པའི་རྩའི་དོན་ནི་རླུང་གཏན་མི་རྒྱུ་བའི་རྩ་ལ་ཟེར་ཞིང་། རྩ་གཅོད་པའི་དོན་ནི་རྩ་དེ་ལ་སྔར་ནས་བརྒྱུ་བའི་རླུང་གིས་རྩ་དེ་ཉིད་དོར་བ་ལ་ཟེར་བས་སྟོང་པའི་རྩ་གཅོད་པ་ཞེས་བྱ་བ་ནི་ཤིན་ཏུ་འགལ་བའི་ཕྱིར་རོ། །གསང་བའི་ཞག་ཆུ་ཚོད་བཅོ་ལྔ་ང་དྲུག་བཞི་ཆ་ལ་ཞག་ཏུ་བྱས་པ་སོ་གཉིས་ལས་སུམ་ཅུ་མ་གཏོགས་པའི་ལྷག་གཉིས་དང་དབུ་མ་གཅོད་པའི་ཞག་གཅིག་རྣམས་ལ་འཚོ་བའི་མཚན་མོ་གསུམ་ཞེས་བྱ་སྟེ། དེ་ལས་འཚོ་བའི་མཚན་མོ་གཉིས་སྙིང་གའི་རྩ་གཅོད་བྱེད་ལ་སོང་ཞིང་གཅིག་གིས་དབུ་མ་གཅོད་དོ་ཞེས་བྱ་བའོ། །གསུམ་པ་འཆི་བའི་གོང་གི་ཉིན་ཞག་དྲུག་གི་རིང་ལ་ལྷག་པའི་རྩ་ལ་རླུང་བརྒྱུ་པའི་ཚུལ་ནི། ད་ནི། ལྟེ་བ་ཞེས་པ་ལ་སོགས་པས། ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་གསུངས་སོ། ཞེས་བྱ་བའི་བར་ཏེ། དེའང་ཉིན་ཞག་དྲུག་གི་མཚམས་སུ་འཆི་བ་ལས་ལྷག་པའི་རྩ་རླུང་བཅུ་རྒྱུ་བར་བྱེད་པ་རྣམས་གསུངས་ཏེ། ཞེས་བྱ་བའི་དོན་ནི་སྔར་བཅད་ཟིན་པའི་ལྷག་མ་མ་བཅད་པར་བཞག་པའི་རྩ་ལ་རླུང་བཅུ་རྒྱུ་བར་བྱེད་པ་གསུངས་ཏེ། ཞེས་པ་ནི་མིན་ཏེ། འདིར་ཞག་དྲུག་པོའི་བར་ལ་ཚིགས་བཅུ་གཉིས་པོ་རྣམས་ཀྱི་ཚིགས་སོ་སོ་ལ་རྩ་ལྔ་ལྔ་ནི་རླུང་བཅུ་རྒྱུ་བར་བྱེད་པ་སྟེ་ཞེས་


JLD011_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གསུངས་པ་ལྟར། ཚིགས་ཆེན་རྣམས་ཀྱི་རྩ་ཐམས་ཅད་ལའང་རླུང་རྒྱུ་ལ། རྩ་དེ་དག་སྔར་ལོ་གསུམ་གྱི་རིང་ལ་རྫོགས་པར་བཅད་ཟིན་པའི་ཕྱིར་རོ། །དེས་ན་ཉིན་ཞག་དྲུག་གི་མཚམས་སུ་འཆི་བའི་ཞག་དྲུག་པོ་དེའི་རིང་ལ་རླུང་བཅུ་ལྷག་པར་བརྒྱུ་བའི་རྩ་རྣམས་གསུངས་ཏེ། ཞེས་བྱ་བའི་དོན་ཡིན་ཞིང་འདིར་ལྟེ་བའི་འཁོར་ལོ་ལ་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་འབབ་པའི་རྩ་ཟད་པ་ཡོངས་སུ་དོར་བ་ལས། ཞེས་སོགས་ཀྱི་དོན་ནི་ལོ་གསུམ་གྱི་སྟེང་དུ་ཕྱོགས་གསུམ་བརྒྱུས་པ་དང་། གསང་བའི་རྩ་གཅོད་པའི་གསལ་བྱེད་རྣམས་བརྒྱུས་པ་ན། ལྟེ་བའི་འཁོར་ལོ་ལ་ཕྱི་རོལ་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་འབབ་པའི་རྩ་ཟད་པ་སྟེ། རྩ་དེ་དག་སྔར་ནས་ནར་མར་རྒྱུ་བའི་རླུང་གིས་ཡོངས་སུ་དོར་ཟིན་པ་ལས་འཆི་བའི་ཞག་དྲུག་གི་བར་དུ་སྔར་ནར་མར་རྒྱུ་བའི་རླུང་གིས་དོར་ཟིན་པའི་རྩ་དེ་དག་ཏུའང་ལྷག་པའི་རླུང་རྒྱུ་སྟེ། ཇི་ལྟར་ན་ལྟེ་བར་ཉི་མ་ཞེས་པ་ཁྱིམ་བཅུ་གཉིས་ཀྱི་རླུང་དང་། མགྲིན་པ་ལ་རོ་ཞེས་པ་ཡུད་ཙམ་དྲུག་གི་རླུང་དང་། དཔྲལ་བ་ལ་མེ་ཞེས་པ་ཐུན་ཕྱེད་དང་གསུམ་གྱི་རླུང་དང་། སྙིང་གའི་རྩ་ལ་ཐུན་ཚོད་ཕྱེད་དང་གཉིས་ཀྱི་རླུང་འབབ་པར་འགྱུར་རོ། །ཞེས་བྱ་བ་སྟེ། རོ་དང་། མེ་དང་། ཕྱེད་དང་བཅས་པའི་རྩ་ཞེས་པ་རྣམས་ནི་རྩ་འཁོར་དེ་དག་གི་རྩའི་དྲུག་ཆ་རེའི་དབང་དུ་བྱས་ནས། རྩ་དྲུག་དང་གསུམ་དང་ཕྱེད་དང་གཉིས་ཞེས་བྱ་བར་སྟོན་པ་ཡིན་ཞིང་། དེ་ལྟར་བྱས་ཀྱང་རྩའི་དྲུག་ཆར་ཡང་མི་འགྱུར་རོ། །དེ་བས་ན་ཕྱེད་དང་བཅས་པའི་རྩ་ཞེས་པའང་ཕྱེད་དང་བཅས་པའི་ཐུན་ཚོད་


JLD011_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རླུང་འབབ་པའི་རྩ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ལས་ཀྱི་འཁོར་ལོ་དང་། བྱ་བའི་འཁོར་ལོ་ལའང་ལྷག་པའི་རླུང་བརྒྱུ་བའི་ཚུལ་ནི། ཚིགས་ཆེན་རེ་རེའི་རྩ་ལྔ་ལྔ་ལ་རླུང་བཅུ་འབབ་ལ་རྩ་ལྷག་མ་ཐམས་ཅད་ལ་དུས་ཀྱིས་འཆི་བའི་མུན་པ་ཆེན་པོའི་རླུང་འབབ་ཅིང་། སོར་མོའི་ཚིགས་རེ་རེའི་རྩ་དྲུག་དྲུག་ལས་རྩ་རེ་རེ་ལ་རླུང་བཅུ་འབབ་ཅིང་ལྷག་མ་རྩ་ལྔ་ལྔ་ལ་དུས་འཆིའི་མུན་པའི་རླུང་འབབ་བོ། །དེ་ལྟར་ཞག་དྲུག་གི་རིང་ལ་སྔར་བཅད་ཟིན་པའི་རྩ་ཐམས་ཅད་དུ་རླུང་བཅུ་དང་། མུན་པའི་རླུང་དེ་ལྟར་བརྒྱུ་ཞིང་། དེས་ན་སྔར་རྩ་བཅད་པའི་དོན། རྩ་དེ་དག་སྔར་ནས་ནར་མར་བརྒྱུ་བའི་རླུང་གིས་དོར་ཞིང་། རྒྱུ་བ་ཆད་པའི་དོན་ཡིན་གྱི། རྩ་དེ་དག་བསྐམས་ནས་རླུང་ཕྱིན་ཆད་འགྲོ་འོང་བྱ་ས་མེད་པར་སོང་བ་མ་ཡིན་ནོ། །དེ་ནས་ཞག་དྲུག་པོ་རྫོགས་པའི་རྗེས་སུ་དབུ་མར་ཞག་གཅིག་བརྒྱུས་པས། དབུ་མ་གཅོད་པར་འགྱུར་རོ། །བཞི་པ་ལོ་བརྒྱའི་ཉིན་ཞག་གི་ཚོགས་སུམ་ཁྲི་དྲུག་སྟོང་ལས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གཅོད་པའི་ཚུལ་ནི། ད་ནི་སུམ་ཅུ་རྩ་དྲུག་ཅེས་པ་ལ་སོགས་པས། ཞེས་པ་ནས། རྩ་གཅོད་པའི་ངེས་པའོ། །ཞེས་པའི་བར་ཏེ། ལོ་བརྒྱའི་རིང་ལ་ཞག་རེ་ལ་ཡེ་ཤེས་ཀྱི་རླུང་ཆུ་ཚོད་གཉིས་རེ་དབུ་མར་བརྒྱུས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་ནས་གཉིས་གཉིས་ཞག་རེ་ལ་གཅོད་ལ། དེའང་ཆུ་ཚོད་ནི་ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་དུ་བྱས་པ་གཉིས་མིན་གྱི།


JLD011_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྲང་ང་དྲུག་བཞི་ཆ་ལ་ཆུ་ཚོད་དུ་བྱས་པ་གཉིས་ཡིན་པས། ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་གཉིས་ཀྱི་དབུགས་བདུན་བརྒྱ་ཉི་ཤུ་ལས། བཞི་བཅུ་རྩ་ལྔ་ཕྲི་བའི་དྲུག་བརྒྱ་གཅིག་ཡིན་པས། རྒྱུ་འབྲས་ཀྱི་རྒྱས་གདབ་མི་རུང་བར་བསྟན་པ་ཡིན་ནོ། །དེ་ལྟར་ངེས་པ་དོན་གྱི་ཕྱག་རྒྱ་ཆེན་མོའི་རྒྱས་འདེབས་ཚུལ་ཞར་བྱུང་གིས་བཤད་ནས། དངོས་ཀྱི་དོན་ནི། འདིར་གང་ཞིག་ཅེས་སོགས་ཏེ། དེའང་ཕྱོགས་གསུམ་གྱི་ཞག་ཞེ་ལྔ་པོ་ལ། བདུན་གྱིས་བགོས་པས་ཐོབ་ནོར་དྲུག་འབྱུང་བ་ནི། དུས་ཀྱི་འཁོར་ལོའི་ཕྱིའི་ཕྱག་རྒྱ་དྲུག་གི་གྲངས་ཏེ། འཁོར་ལོ་རྣ་ཆ་སོགས་དང་། བགོས་པའི་ལྷག་མ་གསུམ་ལུས་པ་ནི། ནང་གི་ཕྱག་རྒྱའི་གྲངས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་མོ། །དེའང་འཁོར་ལོ་སོགས་དྲུག་གིས་ནི་མི་བསྐྱོད་པ་སོགས་རིགས་བདག་གིས་རྒྱས་འདེབས་པའི་ལྷ་རིགས་དྲུག་མཚོན་ནོ། །གསུམ་པ་དེ་ལྟར་སྦྱར་བའི་ནང་ནས་པདྨའི་གདན་ཅན་གྱི་ལྷ་བརྒྱ་ང་དྲུག་པོ་ངོས་བཟུང་བ་ནི། ད་ནི་ནུས་མ་ཞེས་པ་ལ་སོགས་པས། ཞེས་པ་ནས། ངེས་པའོ། །ཞེས་པའི་བར་གསུངས་ཏེ། དེའང་འདིར་ནུས་མ་བཅུ། ཁྲོ་བོ་བཅུ། གཤེགས་པ་ལྔ་དང་གཤེགས་མ་ལྔ། རྡོ་རྗེ་མ་དྲུག །ས་སྙིང་སོགས་དྲུག །སྐུའི་དཀྱིལ་འཁོར་གྱི་དབང་པོ་ལ་སོགས་པ་བཅུ་གཉིས། ཙརྩི་ཀ་ལ་སོགས་པ་རྣལ་འབྱོར་མ་བརྒྱད། མཐའ་ཡས་ལ་སོགས་པའི་ཀླུ་བརྒྱད། ཁྱི་གདོང་མ་ལ་སོགས་པའི་གཏུམ་མོ་བརྒྱད། དེ་དག་


JLD011_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཀྱི་དབྱེ་བས་བརྒྱ་ང་དྲུག་ཏུ་འགྱུར་རོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལ། །

མདོར་བསྡུས་དང་པོ་ལ་ཨ་ཙ་ལ་གརྦས་དོན་ཚན་བདུན་དུ་བྱེད་པ།


JLD011_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་དང་པོ་ལ་ཨ་ཙ་ལ་གརྦས་དོན་ཚན་བདུན་དུ་བྱེད་པ་བཞུགས་སོ། །


JLD011_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་དང་པོ་ལ་ཨ་ཙ་ལ་གརྦས་དོན་ཚན་བདུན་དུ་བྱེད་དེ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་ཞེས་པ་ནས། བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །ཞེས་པའི་བར་ནི་རྡོ་རྗེ་ལ་ཕྱག་འཚལ་བའི་ངེས་པ་དང་། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཞེས་པ་ནས། བསྡུས་པའི་རྒྱུད་ལ་བྲི་བར་བྱ། །ཞེས་པའི་བར་ནི་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་བའི་ངེས་པ་དང་། རྒྱལ་བས་གསུངས་པའི་ཆོ་གས། ཞེས་པ་ནས། འཇིག་རྟེན་གསུམ་གྱི་བདག་པོ་ཉིད་སྟེར་འདི་ནི་ཀུན་ཏུ་སྟོན་པར་བྱེད་པའོ། །ཞེས་པའི་བར་ནི་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་གྱི་ཡོན་ཏན་བསྒྲགས་པའི་ངེས་པ་དང་། གང་ཞིག་ཕུང་པོ་ལ་སོགས་སྒྲིབ་པ་རབ་བཅོམ་ཞེས་པ་ནས། བླ་མ་དམ་


JLD011_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲིན་ལས་བྱུང་བ་ཡིན། ཞེས་པའི་བར་ནི། ལམ་གྱི་སྒྲིབ་པ་དགག་པའི་ངེས་པ་དང་། ལམ་ཟབ་རིན་ཆེན་འདི་ནི། ཞེས་པ་ནས། ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། །ཞེས་པའི་བར་ནི་ལམ་འཕྲོག་པའི་རྒྱུ་མཚན་བཤད་པའི་ངེས་པ་དང་། སྙིང་རྗེ་དང་ནི་སྟོང་ཉིད་སྐུ། །ཞེས་པ་ནས། དེ་ཡི་ཤེས་རབ་ཀྱིས་བསྐུལ་འགྲེལ་བཤད་བདག་གིས་བྲི། ཞེས་པའི་བར་ནི། འཇིགས་པ་ཆེན་པོ་བཅུ་དྲུག་གི་ཉེ་བར་འཚེ་བ་ཞི་བར་བྱེད་པའི་ངེས་པ་དང་། ཀ་ཡིག་ལས་ནི་རྒྱུ་ཞི་བ་ཞེས་པ་ནས། འགྲེལ་བཤད་འདི་ནི་མྱུར་དུ་བྲི། །ཞེས་པའི་བར་ནི་ཕྱི་དུས་ཀྱི་འཁོར་ལོའི་ངེས་པ་སྟེ་ངེས་པ་བདུན་དུ་བཤད་དོ། །མདོར་བསྡུས་དང་པོའི་མཚན་ལ་བཤད་སྦྱར་དུ། བདུད་


JLD011_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དང་བགེགས་མཐའ་དག་ཉམས་པར་བྱེད་པ་མཆོག་ཏུ་འདོད་པའི་ལྷ་དམ་པའི་ལམ་ངེས་པའི་མདོར་བསྡུས་ཆེན་པོ་ཞེས་བསྒྱུར་རོ། །ཕྱག་འཚལ་བའི་ཚིག་དངོས་སུ་བྱུང་བ་ལྔའི་དང་པོས་རྣམ་ཤེས་སྒྲིབ་བྲལ་དང་། གཉིས་པས་འདུ་བྱེད་སྒྲིབ་བྲལ་དང་། གསུམ་པས་ཚོར་བ་སྒྲིབ་བྲལ་དང་། བཞི་པས་འདུ་ཤེས་སྒྲིབ་བྲལ་དང་། ལྔ་པས་གཟུགས་སྒྲིབ་བྲལ་གྱི་ཡེ་ཤེས་བརྟན་པར་བཤད་སྦྱར་ལས་བྱུང་ངོ་། །རང་གི་ལུགས་ནི། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་པ་ནས། ལྷའི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་བཙལ་ཏེ། ཞེས་པའི་བར་གྱིས་མཆོད་འདོད་པའི་ལྷ་ལ་མཆོད་པར་བརྗོད་པས་དམ་པ་སྟེ། ཡང་དག་པའི་ལམ་ངེས་པར་བྱེད་དོ། །དེ་ལྟར་རྡོ་རྗེ་རྣལ་འབྱོར་ཞེས་པ་ནས། མཉམ་པར་བྱ་ཞེས་པའི་བར་གྱིས་ནི་བརྩམ་པར་དམ་བཅས་ཤིང་། བརྩམས་པའི་འགྲེལ་པ་ཉན་པར་བསྐུལ་བར་བསྟན། མངོན་ཤེས་མེད་གང་ཞེས་པ་ནས། འདི་ནི་ཀུན་ཏུ་སྟོན་པར་བྱེད་པའོ། །ཞེས་པའི་བར་གྱིས་འགྲེལ་པ་ཡང་དག་དང་ལྟར་སྣང་གི་དབྱེ་བ་གཉིས་བསྟན། གང་ཞིག་ཕུང་པོ་ལ་སོགས་ཞེས་པ་ནས། བླ་མ་དམ་པའི་དྲིན་ལས་བྱུང་བ་ཡིན། ཞེས་པའི་བར་གྱིས་ཡང་དག་པའི་ལམ་ལས་མི་གོལ་བའི་ཐབས་བསྟན། ལམ་ཟབ་རིན་ཆེན་འདི་ནི་ཞེས་པ་ནས། འབད་པས་ཤིན་ཏུ་ལེགས་པར་བསུ་བར་བྱ། ཞེས་པའི་བར་གྱིས་ལམ་འཕྲོག་པའི་རྒྱུ་སྤངས་ནས་ལམ་སྦེད་དགོས་པར་བསྟན། དཔའ་བོའི་རིམ་པ་ཞེས་པ་ནས། ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། ཞེས་པའི་བར་གྱིས་


JLD011_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་དང་བདག་བྱིན་རླབས་ཀྱི་རིམ་པ་གཉིས་ཀྱི་གྲངས་ངེས་ཀྱི་དོན་བསྟན། སྙིང་རྗེ་དང་ནི་སྟོང་ཉིད་སྐུ། ཞེས་པ་ནས་མུན་པ་ཐམས་ཅད་འཇོམས་པར་འགྱུར། ཞེས་པའི་བར་གྱིས་འཇིགས་པ་བཅུ་དྲུག་གི་འཚེ་བ་ཞི་ཚུལ་དེ་བསྟན་ཏེ། བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་ཞེས་པའི་དོན་ནོ། །འདིས་ཀྱང་དམ་པའི་ལམ་ངེས་པར་བྱེད་དོ། །ལྷ་ཀླུ་མི་དང་ཞེས་པ་ནས། འགྲེལ་བཤད་འདི་ནི་མྱུར་དུ་བྲི། ཞེས་པའི་བར་གྱིས་འགྲེལ་པ་བརྩམ་པར་དམ་བཅའ་བའི་ཚུལ་གཞན་ཞིག་བསྟན་ཏེ། དོན་བརྒྱད་དུ་བསྡུ་བར་བྱའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མདྒ་ལཾ། །

རྒྱུད་བརྟག་པ་གཉིས་པའི་ཟིན་བྲིས།


JLD011_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བརྟག་པ་གཉིས་པའི་ཟིན་བྲིས་བཞུགས་སོ། །


JLD011_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དཔལ་ཀྱཻ་རྡོ་རྗེའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱུད་བརྟག་པ་གཉིས་པ་འདི་ལ། རྒྱ་གར་དུ་རྒྱུད་རྒྱས་པ་ལས་བརྟག་པ་གཉིས་ཕྱུང་བར་འདོད་པ་དང་། རྒྱུད་ལོགས་པ་བསྡུས་རྒྱུད་དུ་འདོད་པ་གཉིས་བྱུང་སྟེ། མུ་ཏིག་ཕྲེང་བ་ལས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གླེང་གཞིའི་ཚིག་ནི། ཁ་ཅིག་ན་རེ། གང་གི་ཕྱིར་མདོར་བསྡུས་པའི་རྒྱུད་གཞན་ཡིན་ནོ་ཞེས་ཟེར་རོ། །གཞན་ན་རེ་རྒྱུད་ཆེན་པོ་ལས་བརྟག་པ་གཉིས་པ་འདི་བཏུས་ཏེ། དེར་ཇི་ལྟ་བ་བཞིན་དུ་བསྡུས་ཏེ་བཞག་པ་ཉིད་འདིར་གླེང་གཞིའི་ཚིག་དང་བཅས་ཏེ་བཏུས་སོ་ཞེས་ཟེར་རོ། ཞེས་གསུངས་ལ། རང་ལུགས་ཀྱི་འདི་འཐད་མ་གསུངས་སོ། །བྷ་བ་བྷ་དྲའི་འགྲེལ་པ་


JLD011_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དེ་ལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི། རྒྱུད་གཞན་ཉིད་དུ་གྱུར་པ་སྟེ། དགྱེས་པའི་རྡོ་རྗེ་ཆེན་པོ་ལས་ཕྱུང་བ་ནི་མ་ཡིན་ནོ། །ཞེས་འབྱུང་སྟེ་འདི་ཉིད་ལེགས་ཏེ་གུར་ནས་གསུངས་པ་ལྟར་གྱི་རྡོ་རྗེ་སྙིང་པོ་བྱང་ཆུབ་པ་དང་། སྒྱུ་འཕྲུལ་གྱི་བརྟག་པ་གཉིས་ལོགས་སུ་བཀོལ་བ་ཡིན་ན་ནི། གོང་དུ་བརྟག་པ་བཅུ་གཉིས་པར། ཞེས་གསུངས་པ་མི་རིགས་ལ། སྨད་ནས་ཕྱུང་བ་ཡིན་ནའང་མིང་མི་མཐུན་པས་གནོད་དོ། །དེས་ན་བརྟག་པ་སོ་གཉིས་པ་ལས་ཕྱུང་ཞེས་པའི་དོན་ནི། རྒྱུད་རྒྱས་པ་དེ་ལས་བསྡུས་ནས་གསུངས་པའི་བསྡུས་རྒྱུད་ཡིན་པ་ལ་དགོངས་སོ། །དེ་ལྟ་བུའི་རྒྱུད་འདི་ལ་བཤད་སྲོལ་གྱི་ལུགས་ཤིན་ཏུ་ཆེ་བ་གཉིས་ཏེ། རྡོ་རྗེ་སྙིང་པོའི་འགྲེལ་པ་དང་།


JLD011_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་འབྲང་གི་ལུགས་གཅིག་དང་། འགྲེལ་པ་སྐོར་གསུམ་རྒྱ་གར་དུ་མ་ཕེབས་པའི་གོང་དུ་བྱུང་བའི་རྒྱ་གར་བའི་བཤད་སྲོལ་ལོ། །ཕྱི་མ་ལ་བོད་དུ་འགྱུར་བའི་འགྲེལ་པ་མང་དུ་ཡོད་པ་ལས། འདིར་ནི་མཚོ་སྐྱེས་དང་ཊོམ་བི་ཧེ་རུ་ཀའི་བཤད་སྲོལ་འཛིན་པ་མི་ཐུབ་ཟླ་བའི་འགྲེལ་པ་ལ་ཤས་ཆེར་བརྟེན་པའི་ལུགས་སོ། །དེ་ལ་རྒྱུད་འདིའི་དེ་ཁོ་ན་ཉིད་ཀྱི་ལྟ་བ་ལ་འགྲེལ་ཚུལ་གཉིས་ལས། ཤཱནྟི་པ་རྗེས་འབྲང་དང་བཅས་པས། སེམས་ཙམ་དུ་བཀྲལ་བ་དང་། མཚོ་སྐྱེས། མི་ཐུབ་ཟླ་བ། བྷ་བ་བྷ་དྲ་སོགས་ཀྱིས་དབུ་མར་བཀྲལ་བ་གཉིས་ལས། འདིར་ནི་དབུ་མའི་ལུགས་སུ་བྱེད་ལ། དེ་ཉིད་རྒྱུད་ཀྱི་དགོངས་པ་ཡིན་ཏེ། རྩ་རྒྱུད་ལས། དེ་ཁོ་ན་ཉིད་སྟོན་པའི་སྐབས་ཐམས་ཅད་དུ། ཤེར་ཕྱིན་གྱི་མདོ་དང་། དེའི་དགོངས་འགྲེལ་ཀླུ་སྒྲུབ་ཀྱི་གཞུང་རྣམས་ལས་འབྱུང་བ་བཞིན་དུ། རྣམ་པར་མ་ཕྱེ་བར་ངོ་བོ་ཉིད་མེད་པར་གསུངས་ཤིང་དེའི་སྐབས་གང་དུའང་ངོ་བོ་ཉིད་གསུམ་དུ་ཕྱེ་ནས། ཀུན་བཏགས་ཙམ་རང་གི་མཚན་ཉིད་ཀྱིས་མེད་ལ། གཞན་གཉིས་རང་མཚན་གྱིས་ཡོད་པའི་ཕྱོགས་ཟུར་ཙམ་ཡང་མ་བྱུང་བའི་ཕྱིར་དང་། འདིའི་བཤད་རྒྱུད་གུར་ལས་ཀྱང་། ཀུན་རྫོབ་ཏུ་ནི་འཇིག་རྟེན་ཡོད། །དཔྱད་པས་གང་ནའང་འཇིག་རྟེན་ཅི། །རྟག་ཏུ་འཇིག་རྟེན་ལྡན་པར་འཇུག །བྱང་ཆུབ་ཚུལ་འདི་བསྟན་པའོ། ཞེས་བདེན་པ་གཉིས་སུ་ཡོད་མེད་ཀྱི་ཚུལ་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཇི་ལྟ་བ་བཞིན་དུ་མཛད་པའི་ཕྱིར་དང་། འདིའི་གདུལ་བྱའི་གཙོ་བོ་ནི་ཕར་


JLD011_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཐེག་པའི་གདུལ་བྱའི་གཙོ་བོ་ལས་ཀྱང་དབང་པོ་རྣོ་བའི་ཕྱིར་དང་། སེམས་ཙམ་ཡང་དྲང་བའི་དོན་དུ་བཞག་ནུས་པའི་ཕྱིར་རོ། །འོ་ན་འདིའི་ལུགས་དེ་ཐ་སྙད་དུ་ཕྱི་རོལ་གྱི་དོན་ཡོད་མེད་གཉིས་དང་། རྣམ་ཤེས་ཚོགས་བརྒྱད་དང་དྲུག་ཏུ་སྨྲ་བ་གང་གི་ལུགས་ཡིན་སྙམ་ན། འདི་ལ་མཚོ་སྐྱེས་དང་། མི་ཐུབ་ཟླ་བས་གསལ་བར་མ་བཤད་ལ། བྷ་བ་བྷ་དྲས་རྣལ་འབྱོར་སྤྱོད་པའི་དབུ་མ་བའི་ལུགས་སུ་འགྲེལ་ཏེ། མན་སྙེར་ཡང་དེ་བཞིན་དུ་འགྲེལ་ལོ། །འདི་ལ་གུར་གྱི་དྲུག་པ་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་པའི་དོན་དང་རྣམ་ཤེས་དག །ཕྱི་རོལ་གྱུར་པ་འགའ་ཡང་མེད། ཁམས་གསུམ་ན་ནི་དབང་ཕྱུག་ཆེ། །སངས་རྒྱས་ཀུན་ཉིད་ཡིད་ཀྱིས་བྱེད། ཁམས་གསུམ་ན་ནི་རྒྱལ་ཆེན་པོ། །སེམས་ཉིད་གཅིག་པུས་འཐོབ་པར་འགྱུར། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱར་སྐྱེས་པའི་དངོས། །རིན་ཆེན་སེམས་འདིར་བརྗོད་ཉིད་དེ། །ཆོས་དབྱིངས་མཆོག་ཏུ་ཞི་བའོ། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་ཤེས་ཉིད། །ཐམས་ཅད་སེམས་འདིའི་དངོས་པོ་ལས། །ཐུབ་པས་གཞན་དུ་མ་གསུངས་སོ། ཞེས་དང་། ཡུལ་དང་དབང་པོའི་རང་བཞིན་ནི། །སེམས་ལས་ཕྱི་རོལ་གྱུར་མེད་ཀྱང་། །གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་ཉིད་ཁོ་ན་སྣང་བ་ཡིན། །དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་


JLD011_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམས་ལ་ཞུས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད། སྟོང་པ་མ་ཡིན་པའི་ཕྱི་རོལ་གྱི་དོན་དུ་སེམས་སྟོང་པ་དེ་ཇི་ལྟར་སྣང་བར་འགྱུར་བ་ལགས། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ། ཐོག་མ་མེད་པའི་སྲིད་རྒྱུན་ནས། ཕྱི་ཡི་དོན་དུ་བཏགས་པ་སྟེ། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཞིང་། །སེམས་ཉིད་ཀུན་ཏུ་སོང་བའོ། །ཞེས་གསུངས་པ་རྣམས་ཀྱིས་ཕྱི་དོན་བཀག་ནས། སེམས་ཙམ་ཞིག་ཏུ་བཤད་པར་འདོད་པ་སྣང་མོད་ཀྱང་། གཞུང་གི་དོན་མིན་ཏེ། ལུང་ཕྱི་མའི་སྔོན་དུ། ཨེ་མ་ཧོ་ཆོས་ཀྱི་བསྟན་པ་ནི། །ཆོས་རྣམས་ཐམས་ཅད་སྟོང་པ་ལ། །ཡང་དག་དངོས་གྲུབ་རབ་གནས་གང་། །ཆུ་ཤིང་སྙིང་པོ་མེད་པ་ལ། །སྙིང་པོ་འབྲས་བུ་རོར་ལྡན་ཞིང་། །དེ་བཞིན་སྙིང་པོ་མེད་ལུས་ལ། །བདེ་བའི་འབྲས་སུ་དངོས་གྲུབ་གནས། །ནམ་མཁའ་འབྱུང་བ་ཐམས་ཅད་དང་། །ཆོས་རྣམས་ཀུན་གྱི་གཞིར་འགྱུར་བཞིན། །མཁའ་བཞིན་དག་པའི་སེམས་ཉིད་ཀྱང་། །བདེ་མཆོག་དག་པའི་སེམས་ཉིད་དེ། །ཡུལ་དང་དབང་པོའི་རང་བཞིན་ནི། །ཞེས་ནམ་མཁའ་སྟོང་པ་འབྱུང་བ་ལ་སོགས་པའི་ཆོས་ཀུན་གྱི་གནས་སུ་འགྱུར་བ་བཞིན་དུ། སེམས་རང་བཞིན་གྱིས་སྟོང་པའང་ཆོས་ཀུན་གྱི་གཞིར་གསུངས་པས། དེའི་ཆ་ནས་སེམས་ཆོས་ཀུན་གྱི་གཞིར་གསུངས་པ་དང་། ཡང་ཐ་སྙད་དུ་སེམས་འཁོར་འདས་ཀུན་གྱི་བྱེད་པ་པོ་ཡིན་པ་ལའང་དགོངས་ཏེ། ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཞིང་། །སེམས་ཉིད་ཀུན་ཏུ་


JLD011_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བའོ། ཞེས་པས་ཤེས་སོ། །ལུང་སྔ་མའི་གོང་དུའང་། སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ནི་སངས་རྒྱས་སོ། །རིན་ཆེན་སེམས་ལས་ཞེས་སོགས་གསུངས་པས། འཁོར་འདས་ཀུན་ལ་སེམས་གཙོ་བོར་བསྒྲུབ་པ་ཡིན་གྱི། ཕྱི་རོལ་འགོག་པ་མིན་ལ། ཐོག་མ་མེད་པ་ནས་ཕྱི་རོལ་ཏུ་མངོན་པར་ཞེན་པའི་དབང་གིས། སེམས་ལུས་ཅན་གྱིས་སྟོང་པ་དེ་ལུས་ཅན་གྱིས་མི་སྟོང་པའི་ཕྱི་རོལ་ཏུ་སྣང་བར་གསུངས་པ་ལ། མངོན་ཞེན་གྱི་བག་ཆགས་ཀྱི་དབང་གིས། མ་དག་པའི་སྣོད་བཅུད་དུ་སྣང་བ་འབྱུང་བ་ཕྱི་རོལ་ཡོད་པར་སྨྲ་བའི་ལུགས་ཀྱང་ཡིན་པས་ན་མི་གནོད་དོ། །སེམས་ཉིད་ཁོ་ན་སྣང་བ་ཡིན། ཞེས་གསུངས་པའང་དབང་ཤེས་ལ་གཟུགས་སོགས་སྣང་བ་ན། རྣམ་མེད་དུ་སྣང་བ་ལྟར་མི་སྣང་བར་རྣམ་བཅས་པ་ལྟར་སྣང་བར་སྟོན་པའོ། །གནས་པའི་དོན་དང་ཞེས་སོགས་ནི། སེམས་ཀྱིས་བཏགས་པ་ཙམ་ལས་ཕྱི་རོལ་ཏུ་གྱུར་པ་འགོག་གི །ཐ་སྙད་དུ་ཕྱི་རོལ་མི་འགོག་གོ །དེ་བཞིན་དུ་རྩ་རྒྱུད་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལས་འབྱུང་བ་ལྟར་འཇོག །ཅེས་སོགས་གསུངས་པ་རྣམས་ཀྱང་སྔར་བཤད་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལྟར་ན་སེམས་ཀྱི་རང་བཞིན་སྟོང་པ་ཉིད་ལས་ཕྱི་རོལ་ཏུ་གྱུར་པ་མེད་པ་དང་། ཐ་སྙད་དུ་ཆོས་རྣམས་ཀྱི་བྱེད་པ་པོ་ལ་གཟུགས་སེམས་གཉིས་ཀྱི་ནང་ནས་སེམས་གཙོ་བོ་ཡིན་པ་དང་། སེམས་ཀྱིས་


JLD011_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ཙམ་ལས་ཕྱི་རོལ་ཏུ་གྱུར་པ་མེད་པ་སོགས་ལ་བསམས་ནས་སེམས་ལས་ཕྱི་རོལ་ཏུ་གྱུར་པ་མེད་པ་དང་། གཟུགས་སོགས་སེམས་ཙམ་དུ་གསུངས་པའི་གསུང་རབ་རྣམས་ཀྱི་དོན་ཤེས་པར་བྱའོ། །རྒྱུད་ལ་མཚན་གྱི་དོན་དང་། མཚན་དེ་ལྡན་གྱི་གཞུང་གཉིས་སོ། །དེ་ལ་གཉིས། གླེང་གཞི་དང་། དེ་ལ་བརྟེན་ནས་འབྱུང་བའི་ཆོས་སོ། །དང་པོ་ལ་སྡུད་པ་པོ་དང་། སྟོན་པ་ངོ་བོ་ཐ་དད་ཀྱི་ཚུལ་དང་། ཐ་མི་དད་ཀྱི་ཚུལ་གྱིས་བཤད་པ་གཉིས་སོ། །དང་པོ་ནི། ཐོས་པས་ཁྱད་གཞིར་བྱའོ། །དེའི་ཁྱད་པར་གྱི་ཆོས་ལ་ལྔ་ལས། གང་ཐོས་པ་ནི་འདི་སྐད་ཀྱིས་སྟོན་ཏེ། དེ་བཞིན་ཞེས་པ་ནས་ཟེའུ་འབྲུ་ལ་ནི་ཨའི་རྣམ་པའོ་ཞེས་པའི་བར་ཏེ་ཁ་སྦྱོར་གྱི་དགོངས་པའོ། །ཡང་འདི་སྐད་ཅེས་པ་ཐོས་ཚུལ་ལའང་མང་པོ་བཤད་དེ། དོན་ནི་སྒྲོ་སྐུར་དང་བྲལ་བར་འོག་ནས་འབྱུང་བ་ལྟར་རོ། །བདག་གིས་ཞེས་པ་ནི་སྡུད་པ་པོ་སྟེ་འདི་རྡོ་རྗེ་སྙིང་པོ་ཡིན་པར་ཀུ་མུ་ཊི་དང་བྷ་བ་བྷ་དྲས་སོ། །གང་གི་ཚེ་ཐོས་པ་ནི། དུས་གཅིག་སྟེ། ཆོས་རྙེད་དཀའ་བ་དང་། སྡུད་པ་པོ་ཐོས་པ་མང་བ་དང་། བསམ་མི་ཁྱབ་ཀྱི་རྣམ་ཐར་ཐོབ་པར་སྟོན་པ་གསུམ་དུ་བཤད་དོ། །གང་ལ་ཐོས་ན། བཅོམ་ཞེས་པ་སྟེ། བྷ་ག་ཝན་གྱི་སྒྲ་སྔ་མ་སྐལ་བ་དྲུག་དང་། མི་མཐུན་ཕྱོགས་བཅོམ་པ་གཉིས་ལ་དྲང་དུ་རུང་ཞིང་། ལྡན་པ་ནི་དེ་གཉིས་དང་ལྡན་པའོ། །འདས་པ་ནི་བོད་ཀྱི་མཁས་པས་བསྣན་པའོ། །དེ་ལས་ཐོས་ཞེས་པའི་རྣམ་དབྱེ་ལྔ་པ་ལ། དེ་ལ་ཐོས་ཞེས་བདུན་པའི་


JLD011_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲའོ། །ཐོས་ཞེས་པ་ནི་རྒྱུད་དོན་ཐམས་ཅད་སྔོན་དུ་གྱུར་པ་གཅོད་ལ། བདག་གིས་སྟོན་པ་ལ་ཐོས་པར་བསྟན་པས། བརྒྱུད་ནས་འོངས་པའང་གཅོད་དོ། །གང་དུ་ཐོས་པ་ནི། གཞུང་ལྷག་མས་སྟོན་པའི་སྐུ་གསུང་ཐུགས་ཀྱི་ནི་རིགས་ལྔ་དང་། སྙིང་པོས་ནི་དེ་དག་གི་རྒྱུ་དང་མཆོག་ཏུ་གྱུར་པའི་དེ་བཞིན་གཤེགས་པ་དྲུག་པའོ། །དེ་ལྟར་དྲུག་གི་རིགས་ལྔའི་རྡོ་རྗེ་བཙུན་མོ་སྤྱན་སོགས་བཞི་དང་། བདག་མེད་མ་ལྔ་ནི་བཙུན་མོའོ། །བྷ་ག་ནི་གཙོ་བོ་དེ་རྣམས་ཀྱི་ལོངས་སྤྱོད་པའི་གནས་སམ། ཁྱིམ་སྟེ། བཤད་པ་དང་པོ་འདིར་གཞལ་ཡས་ཁང་གི་རྟེན་ཆོས་འབྱུང་ཡིན་ལ། དེའི་དབུས་ཀྱི་གཞལ་ཡས་ཁང་ན་བཞུགས་པ་ལ་ཐོས་སོ། །སྙིང་པོ་དང་བྷ་ག་རྣམས་ཞེས་ཀུ་མུ་ཊིར་ཡོད་ལ། མན་སྙེར་ཡང་སྟེ། དེར་སྙིང་པོའི་སྒྲ་དཔེ་ཁ་ཅིག་ལ་མེད་པ་མ་དག་པར་བཤད་ཅིང་། བྷ་བ་བྷ་དྲས་ཀྱང་མང་ཚིག་གི་དོན་བཤད་དོ། །སྡུད་པ་པོ་དང་སྟོན་པ་པོ་ཐ་མི་དད་ཀྱང་། སི་བྷུ་ཊི་ལས། འཆད་པ་པོ་དེ་ཞེས་སོགས་ཀྱིས་བཤད་དོ། །འདི་ལའང་གཞུང་ལྷག་མའི་དོན་ནི་སྔར་དང་འདྲ་ལ། སྡུད་པ་པོ་གཞན་མེད་པར་གསུངས་པ་ནི། རྒྱུད་གཞན་པ་དང་དམན་མཆོག་ཡོད་པ་འགོག་གི་སྡུད་པ་པོ་མེད་པར་སྟོན་འདོད་པ་ནི་གཏན་མིན་ནོ། །བཤད་པ་དེ་གཉིས་སྔོན་འབྱུང་རྣམ་འཕྲུལ་ལྟར་བཤད་པ་ཡིན་ལ། རྗེས་འཇུག་ཉམས་ལེན་ལ་ནི་བསྐྱེད་རིམ་སྟོན་པར་བོད་དག་འཆད་དེ། ཀུ་མུ་ཊི་དང་མཚོ་སྐྱེས་དང་།


JLD011_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་བ་བྷ་དྲ་སོགས་ཀྱིས་མ་བཤད་ཀྱང་རུང་ངོ་། །བཤད་པ་གཉིས་པ་ལ་ཨེ་ཡིག་ས་རུ་ཤེས་པར་བྱ། །ཞེས་སོགས་དྲངས་ཏེ་བཤད་པ་ནི། ཡི་གེ་དང་པོ་བཞིའི་བཤད་པ་ཡིན་ལ། རྫོགས་རིམ་དང་སྦྱར་ན་འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོ་བསྒོམ་པ་ལ་བཤད་དུ་རུང་ངོ་། །དེའི་ཚེ་རྡོ་རྗེ་བཙུན་མོའི་བྷ་ག་ནི་རྩ་འཁོར་བཞི་ལ་བྱ། སྲ་བའི་ཆོས་ཀྱི་ས་ཉིད་དེ། །ཞེས་སོགས་དྲངས་པ་ནི་ལས་རྒྱའི་སྐབས་སོ། །སྟོན་པ་ནི་ཡི་གེ་བཞིའི་ངོ་བོ་ཉིད་བཅོམ་ལྡན་འདས་ཀྱི་ངོ་བོར་བཤད་པས་ཀུ་མུ་ཊིའི་དགོངས་པ་ལྷན་སྐྱེས་ལ་བཤད་ན་བདེའོ། །ཡང་ན་ཞེས་བཤད་པ་གསུམ་པ་ལ། ཁ་སྦྱོར་གྱི་ཨེ་ཝཾ་གཉིས་ཀྱི་དོན་བཤད་པ་དྲངས་པར། བུད་མེད་ལ་ནི་ཨེ་མཛེས་པ། །དེ་ནི་བཾ་གྱིས་རྣམ་པར་བརྒྱན། །ཅེས་དྲངས་པ་ནི། ད་ལྟར་འགྱུར་བ་ལ་མི་སྣང་ཞིང་། མན་སྙེར་ཡང་དེ་མི་འདོན་པས་དཔེ་ཁ་ཅིག་ལ་མེད་པར་གསལ་ལོ། །དེ་དག་གི་དོན་ནི་སྔར་གྱི་བཤད་པ་གཞན་དོར་ནས་རྩ་འཁོར་གཉིས་འཆད་པའོ། །གཉིས་གཉིས་སུ་ནི་བརྗོད་པ་ཉིད། །བདག་གིས་ཐོས་པས་འདོད་ཆགས་ཆེ། །མཚོན་འགྱུར་འདི་ལ་ཡང་དག་གནས། །ཞེས་དྲངས་པ་ནི་ད་ལྟ་འགྱུར་བ་ལ། བདག་གིས་ཐོས་པ་ཞེས་བྱ་བ་ནི། དེ་སྐད་དུ་འདོད་ཆགས་ཆེན་པོ་འདི་ལ་རྟག་ཏུ་གནས་པའོ། །ཤྲུ་ཞེས་བྱ་བ་ནི་འཛག་པར་གསུངས་པའོ། །ཏྲ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོའོ། །ཞེས་པ་འདི་ཡིན་ལ། དེའི་དོན་ནི་མན་སྙེར་ཨེ་བཾ་གྱི་དོན་ལྷན་སྐྱེས་ཀྱི་ཆགས་ཆེན་གྱི་


JLD011_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་དབུ་ཞབས་ཐམས་ཅད་ཀྱི་དོན་དུ་གནས་པ་ལ་བཤད་དོ། །ཤྲུ་དང་ཏྲའི་དོན་བཤད་པ་ཀུ་མུ་ཊིར་མ་བྱུང་ཡང་། བཤད་པ་གསུམ་པའི་འཆད་ལུགས་ཡིན་པས་འདིར་བླང་ངོ་། །སྲ་བའི་ཆོས་ཀྱི་ཞེས་སོགས་ཀྱིས་ལས་རྒྱའང་བསྟན་པས། རྡོ་རྗེ་བཙུན་མོ་སྤྱན་སོགས་བཞིས་ནི་ནང་གི་རྩ་འཁོར་དང་། ཕྱིའི་ལས་རྒྱ་གཉིས་སྟོན་ནོ། །དུས་གཅིག་ན་ལ་གསུམ་བཤད་པའི་སྣ་ནི་མིའི་སྣ་སྟེ། སྐྱེས་པ་དང་བུད་མེད་ཀྱི་དྷཱུ་ཏཱིའི་མར་སྣ་དང་། དེར་འོ་མའི་རྒྱུན་བཞིན་དུ་འོང་བའི་བྱང་སེམས་འཛག་པ་བདེ་བའི་དུས་དང་། ཕྱི་རོལ་ཏུ་འཕོས་པ་ནི་འགྲོ་བ་སྟེ་གདུང་བར་བྱེད་པས་མེ་དང་འདྲ་བ་ལ་མན་སྙེར་བཤད་དོ། །མཚོ་སྐྱེས་ལྟར་ན་དེའི་འགྲེལ་པར། ཕྱི་དང་གསང་བ་དེ་བཞིན་ནང་། །དེ་བཞིན་ཉིད་དོན་རྣམ་པ་བཞིན། །དཀྱིལ་འཁོར་ལས་ཀྱི་ཕྱག་རྒྱ་དང་། །ལུས་དང་རང་བཞིན་མེད་རྣམས་སོ། །ཞེས་བྷ་ག་ལ་བཞི་གསུངས་པའི་ཕྱིའི་བྷ་གའི་དཀྱིལ་འཁོར་ལ་བཤད་པ་ནི་སྔོན་བྱུང་ལྟར་བཤད་པ་དང་དོན་འདྲའོ། །གསང་བ་ལས་ཀྱི་ཕྱག་རྒྱའི་བྷ་ག་ལ་བཤད་ན་ཐོས་པ་ནི་བཙུན་མོའི་བྷ་ག་ལས་འཛག་པའོ། །བི་ནི་སྣ་ཚོགས་པ་དང་། ཛ་ཧ་ར་ནི་འཕྲོག་པའི་དོན་དུ་བཤད་དོ། །ལས་རྒྱའི་བྷ་ག་ལ་བརྟེན་ནས་བྱང་སེམས་འཛག་པས། རྣམ་རྟོག་སྣ་ཚོགས་འཕྲོག་པའི་ལྷན་སྐྱེས་སྐྱེ་བ་ལ་བྱའོ། །བཤད་པ་དེ་ལ་ཨེ་བཾ་མ་ཡ་དང་། དུས་གཅིག་དང་། བཅོམ་ལྡན་འདས་ལ་བཤད་པ་མ་བྱུང་ཡང་།


JLD011_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་ནི་བཤད་རྒྱུད་སྔར་དྲངས་པས་ཤེས་པར་བྱ། སྟོན་པ་ནི་ཧ་རའི་དོན་དང་དོན་གཅིག་པར་བྱ་དགོས་པ་འདྲའོ། །བཤད་པ་གསུམ་པ་ནང་ལུས་ཀྱི་བྷ་ག་ལ་བཤད་ན། ཨེ་བཾ་མ་ཡ་ནི་འཁོར་ལོ་བཞི་དང་། ཤྲུ་ཏྲ་ནི་འཛག་པ་དང་འཁོར་ལོ་བཞི་ལ་བཞུགས་པར་བཤད་པ་ཙམ་ལས་མ་བྱུང་ཡང་། འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོ་བསྒོམ་པ་སློབ་དཔོན་འདི་ཡིས་སྒྲུབ་ཐབས་སུ་བཤད་པ་ལྟར་བྱའོ། །བཤད་པ་བཞི་པ་ལ། ཨེ་བཾ་ནི་ཡང་དག་པར་སྦྱོར་བ་དང་། བདག་གིས་ནི་བདག་ཏུ་འཛིན་པ་དང་། ཐོས་པ་ནི་འཛག་པ་དང་། དུས་གཅིག་ནི་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཅིག་ལ་བཤད་པ་ཙམ་ལས་མ་བྱུང་ངོ་། །བཤད་པ་ལྔ་པ་ལ་འདི་སྐད་བདག་གིས་ནི་ཚངས་པའི་གནས་བཞི་ལས་སོ། །ཐོས་པ་ནི་བྱུང་བ་དང་། བཅོམ་ལྡན་འདས་ནི་བདེ་བ་ཆེན་པོ་དང་། བྷ་ག་ལ་བཞུགས་པ་ནི་སྟོང་པ་ཉིད་ཀྱིས་སོ། །ཞེས་བཤད་པའི་སྔ་མ་དེ་བཞིན་ཉིད་ལ་བཤད་པ་དང་། ཕྱི་མ་འབྲས་བུ་ལ་སྦྱོར་བ་ཡོད་ཀྱང་། མི་འབྱོར་བས་སྔ་མས་ནི་ཚངས་པའི་གནས་བཞིའི་ངོ་བོ་འཁོར་ལོ་བཞིར་གནས་པའི་ཨ་ཧཾ་ཡང་དག་པར་སྦྱར་བས། བྱང་སེམས་འཛག་པ་ལ་བརྟེན་ནས། བདེ་ཆེན་གྱི་ལྷན་ཅིག་སྐྱེས་པའི་བདེ་བ། སྟོང་ཉིད་ཀྱི་དོན་ལ་ཞུགས་པ་ཉིད་ཀྱིས་བཞུགས་པ་ནི་བསྒྲུབ་བྱར་བཞེད་པའི་དོན་ནོ། །དེ་ལྟར་བྱས་ན་བཤད་པ་དང་པོའི་དོན་གྱིས་རྒྱུད་སྨིན་པར་བྱས། དེ་ནས་ནང་གི་འཁོར་ལོ་བཞི་ལ་བརྟེན་པའི་


JLD011_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་བསྒོམ་པ་དང་། གསང་བ་ཕྱག་རྒྱ་ལ་བརྟེན་པ་གཉིས་ནི་སྒྲུབ་བྱེད་ཡིན་ལ། བསྒྲུབ་བྱ་ནི་ལྷན་སྐྱེས་ཀྱི་བདེ་སྟོང་སྦྱོར་བ་ཡིན་ནོ། །ཞེས་པར་འགྱུར་ཏེ་ཤིན་ཏུ་ལེགས་སོ། །བསྒྲུབ་བྱ་བདེ་སྟོང་སྦྱོར་བའི་རང་བཞིན་མེད་པའི་སྟོང་པ་ནི། ལེའུ་ལྔ་པར་གཟུགས་མེད་ནས་སེམས་ལས་བྱུང་བའང་མེད་ཅེས་པའི་བར་གྱིས་གསུངས་པ་ལྟར་ཡིན་ལ། དེའང་མཚོ་སྐྱེས་ཀྱིས་མཐོང་བ་པོ་ལ་སོགས་པས། མིག་ནས་ལུས་དབང་གི་བར་ལྔ་དང་། གང་ཟག་ཀྱང་མེད་པ་དང་། ཆོས་ཀྱི་སྐྱེ་མཆེད་ཀྱང་སྡུད་དོ། །མེད་ཚུལ་ནི་ངོ་བོས་མེད་པ་ལ་བཤད་དེ། གང་ཟག་དང་ཆོས་ལ་རང་བཞིན་གྱིས་གྲུབ་པ་མེད་དོ། །དེ་ལྟར་དབུ་མའི་ལྟ་བས་གཏན་ལ་ཕབ་པའི་སྟོང་ཉིད་དེའང་བསྒོམ་པ་ན། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་བསྒོམ་དགོས་པས། བདེ་བ་དེ་འདྲེན་པའི་ཐབས་ནི། སྔར་བཤད་པའི་ནང་དང་གསང་བའི་སྒོ་ནས་ལུས་ལ་གནད་དུ་བསྣུན་པ་གཉིས་ཡིན་ནོ། །རྒྱུད་འདིར་རྩལ་དུ་བཏོན་ནས་འཆད་པ་ནི། ལྷན་སྐྱེས་ཀྱི་བདེ་སྟོང་སྦྱོར་བ་ཡིན་པར་གཞུང་གི་ཆ་དུ་མ་ཞིག་ལས་ཤེས་ལ། ཁྱད་པར་དུ་འཇིག་རྟེན་འདི་དང་ཕ་རོལ་ཏུ། །དེ་མེད་པས་ནི་དངོས་གྲུབ་མེད། །གང་གིས་མི་ཤེས་ཀྱཻ་རྡོ་རྗེ། །དེ་ཡི་ངལ་བ་དོན་མེད་འགྱུར། །ཞེས་གསུངས་པ་ལས་ཀྱང་ཤིན་ཏུ་གསལ་བས། བཅོམ་ལྡན་འདས་བྷ་ག་ལ་བཞུགས་པར་སྟོན་པའི་གླེང་གཞི་སྐབས་སུ།


JLD011_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་སྦྱོར་བ་ལ་ངེས་པ་ཆེན་པོ་སྟེར་བ་གྲུབ་ཆེན་མཚོ་སྐྱེས་ཀྱིས་བཤད་པ་འདི་འདྲ་ཞིག་ངེས་པར་དགོས་སོ། །འདིར་མུ་ཏིག་ཕྲེང་བ་ལས། གླེང་གཞིའི་ཚིག་གིས་གསང་ཆེན་བསྟན་པ་འགོག་པ་ལ། དང་པོར་བསྟན་པ་དང་། འོག་ཏུ་འཆད་པར་འགྱུར་བ་དང་། ཡི་གེའི་དོན་ལ་མ་ཞུགས་པའི་ཕྱིར། འཆད་འགྱུར་གྱི་དོན་གཞན་ལ། དོན་གཞན་གྱི་ཚིག་གིས་ནན་གྱིས་སྦྱོར་བ་ནི། རྨོངས་པ་ངོ་མཚར་བསྐྱེད་པའོ། །ཞེས་བཤད་པས་ནི་མཚོ་སྐྱེས་ཀྱིས་གླེང་གཞི་རྫོགས་རིམ་ལ་སྦྱོར་བ་འགོག་ཅེས་བོད་ཁ་ཅིག་སྨྲའོ། །རྒྱུད་འདིར་ཐོག་མར་བྱུང་བའི་གླེང་གཞིའི་ཚིག་རྣམས་རྒྱུད་རྒྱས་པ་ལས་བཀོལ་བའི་འགོར། རྒྱས་པའི་གླེང་གཞི་ཡང་བཀོལ་ནས་སྦྱར་བ་དང་། རྒྱུད་རྒྱས་པ་ལས་གཞན་པའི་བསྡུས་རྒྱུད་ཀྱི་འགོར་གླེང་གཞི་གསུངས་པར་འདོད་པ་དང་། གཞན་དག་ནི་འདི་གསང་ཆེན་མཆོག་གི་དོན་གཞན་ཡིན་ནོ། །ཞེས་ཟེར་རོ། །ཞེས་བཤད་པས་འདི་སྐད་བདག་ཐོས་སོགས་གླེང་གཞིའི་དོན་དུ་མི་འཆད་པར་རྫོགས་རིམ་སྟོན་པ་ལ་སྦྱོར་བ་འགོག་པར་འདུག་གོ །འོན་ཀྱང་རྒྱུ་མཚན་གསུམ་པོ་ལ་བརྟགས་ན། འདི་སྐད་སོགས་ཀྱི་དོན་ལ་རྫོགས་རིམ་གྱི་དོན་ལ་བཤད་པ་བྱེད་པའང་འགོག་པ་འདྲ་བ་ཞིག་འདུག་སྟེ་དགོངས་པ་གཞན་ཡོད་མཆིས་མེད་པར་དེ་ལྟར་བཞེད་ན་ནི་ཤིན་ཏུ་མི་རིགས་ཏེ། འདུས་པའི་གླེང་གཞི་ལ་དགོངས་པ་ལུང་སྟོན་དང་། རྡོ་རྗེ་ཕྲེང་བས་རྫོགས་རིམ་གྱི་དོན་དུ་མ་ཞིག་བཤད་པའི་ཕྱིར་དང་། ཁ་སྦྱོར་ལས་ཀྱང་དེ་ལྟར་


JLD011_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར་དང་། གསང་བ་གྲུབ་པ་དང་དེ་ཉིད་གསལ་བ་ལས་ཀྱང་རྫོགས་རིམ་ལ་སྦྱར་ནས་དུ་མ་ཞིག་བཤད་པའི་ཕྱིར་དང་། རྒྱུ་མཚན་གསུམ་པོ་ལའང་བཟློག་ན་གནོད་པ་ཅན་གྱི་ཚད་མ་མེད་པའི་མ་ངེས་པའི་རྟགས་སུ་འདུག་པའི་ཕྱིར་དང་། ཁྱད་པར་དུ་ཡི་གེའི་དོན་ལ་མ་ཞུགས་པས་གཞུང་དེའི་དོན་མིན་པ་དང་། དེ་ལྟར་འཆད་པ་རྨོངས་པ་ངོ་མཚར་བསྐྱེད་པར་སྨྲ་བ་ལྟར་ན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ནས་གསུངས་པའི་ཚུལ་བཞིའི་བཤད་པ་དང་། མཐའ་དྲུག་གི་དྲང་ངེས་གཉིས་དང་། སྒྲ་ཇི་བཞིན་མིན་པ་དང་། དགོངས་བཤད་ཐམས་ཅད་ཀྱང་དེ་ལྟར་ཐལ་བར་འགྱུར་རོ། །གཉིས་པ་དེ་ལ་བརྟེན་ནས་འབྱུང་བའི་ཆོས་ལ་བརྟག་པ་སྔ་ཕྱི་གཉིས་ཀྱི་དང་པོ་ལ། བརྟག་པ་སྔ་ཕྱི་གཉིས་ཀྱི་དང་པོའི་ལེའུ་དང་པོ་ལ་གཉིས་ཀྱི་ཞུ་བ་ནི། འདིར་མ་བྱུང་ཡང་དགོས་ཏེ། འོག་ནས་ལེགས་སོ་ལེགས་སོ་ཞེས་སོགས་ཀྱིས་ཤེས་སོ། །ཞེས་བོད་ཀྱི་བླ་མ་ཁ་ཅིག་གསུངས་ཏེ། ཀུ་མུ་ཊི་དང་མཐུན་ནོ། །ཇི་ལྟར་ཞུས་པ་ནི། རྡོ་རྗེ་སྙིང་པོས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་ཀྱི་དབང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བའི་ཡང་ཤིན་ཏུ་གསང་བའི་གླེང་གཞིའི་ཚིག་གསུངས་པ་ཉན་པར་འཚལ་ན། སྐུ་ནི་གང་གསུང་ནི་གང་ཐུགས་ནི་ཅི་ལགས། དེ་ཉིད་


JLD011_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་གསུམ་པོ་འདི་རྣམས་ཀྱིའང་སྙིང་པོ་ཤིན་ཏུ་ཆེས་གསང་བ་དེ་གང་ལགས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཤད་པར་རིགས་ལགས་སོ། །ཞེས་པའི་ཚུལ་གྱིས་ཞུས་པར་ཀུ་མུ་ཊི་ལས་འབྱུང་ངོ་། །ལན་ལ་བཤད་པར་དམ་བཅའ་བ་དང་། དོན་དངོས་སོ། །དང་པོ་ནི། དེ་བཞིན་ནས་ཉོན་ཅིག་ཅེས་པའི་བར་རོ། །འདིར་པདྨ་ཅན། མུ་ཏིག་ཕྲེང་བ། བྷ་བ་བྷ་དྲའི་འགྲེལ་པ་རྣམས་ནས། དེར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་འབྱུང་གི །དེ་ནས་ཞེས་པ་མེད་ལ། ཀུ་མུ་ཊིར་དེ་ནས་དེ་བཞིན་གཤེགས་པ་ཞེས་འབྱུང་ངོ་། །དེར་ཞེས་པ་ལྟར་ན་བཀའ་སྩལ་པའི་གནས་སོ། །དེ་ནས་ཞེས་པ་ལྟར་ན་ཞུས་པའི་རྗེས་དེ་ནས་སོ། །གསང་བ་གཉིས་དང་རྗེ་བཙུན་ལ་ཀུ་མུ་ཊིར་བཤད་པ་མ་བྱུང་ལ། པདྨ་ཅན་ལས་གསང་བ་ནི་རྡོ་རྗེ་གསུམ་དང་། ཆེས་ཤིན་ཏུ་གསང་བ་ནི། གསང་བ་གསུམ་གྱི་སྙིང་པོ་རྡོ་རྗེ་སེམས་དཔའ་འབྲས་བུ་ཉིད་ལ་བཤད་དོ། །མུ་ཏིག་ཕྲེང་བར་གསང་བ་ནི་གསང་སྔགས་ཀྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་དད་པར་དཀའ་བ་དང་། ཤིན་ཏུ་གསང་བ་ནི་དྲག་པོ་དང་ཆགས་པ་དང་ལྡན་པ་དང་། རྗེ་བཙུན་ནི་མཆོག་གི་ལྷ་དང་། ཨེ་མ་ཧོ་ནི་རྡོར་སྙིང་རྡོ་རྗེའི་རིགས་ཅན་ཡིན་པས་རིགས་དེ་རྙེད་དཀའ་བས་ངོ་མཚར་བ་དང་། གཞན་དོན་ལ་སེམས་དཔའི་སྙིང་རྗེ་ཆེན་པོ་དང་། རང་ལ་ཕན་པའི་བསམ་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་སྐྱེས་བུའི་མཆོག་ཏུ་གཟིགས་ནས་ལེགས་སོ་གཉིས་གསུངས་པར་བཤད་དོ། །ཞུ་བ་ལ་དགྱེས་པའི་དོན་དུ་མི་འཆད་དོ། །བྷ་བ་བྷ་དྲས་རྗེ་བཙུན་ནི་ཡི་དམ་འགྲོ་བ་ཀུན་གྱི་བླ་མར་གྱུར་པ་དང་།


JLD011_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་གཉིས་ནི་རིམ་པ་གཉིས་ལ་བཤད་དོ། །ཨེ་མ་ཧོ་ནི་ངོ་མཚར་བའོ། །ལེགས་སོ་གཉིས་ནི་ངོ་མཚར་བ་དང་རྩོད་པ་དང་ཞེས་སོགས་ལྟར་རོ། །སེམས་དཔའ་གསུམ་ནི་རིམ་པ་བཞིན་དུ་སྐུ་གསུང་ཐུགས་ཡིན་ལ། དེའང་རིམ་པ་བཞིན་དུ་ཕྱག་གཉིས་པ་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པ་སྟེ། དེ་གསུམ་དང་འབྲས་བུ་སྙིང་པོ་ཉོན་ཅིག་ཅེས་བཤད་དེ། སྙིང་པོ་ཀྱཻ་རྡོ་རྗེ་ནི་ཕྱག་བཅུ་དྲུག་པའོ། །ལན་དངོས་ནི། སྐུ་གསུང་ཐུགས་ནི་རབ་ཏུ་གྲགས་པས་གྲུབ་པས། དེ་གསུམ་གྱི་སྒྲ་དོན་ལ་མ་ཞུས་པར། དེ་གསུམ་གྱི་མཚན་གཞན་གྱི་སྒྲ་དོན་ཞུས་པའི་སྒོ་ནས། ཡོན་ཏན་གྱི་ཁྱད་པར་ཤེས་པར་འདོད་ནས་ཞུས་པ་ནི། གང་ཕྱིར་ཞེས་པ་གསུམ་མོ། །དེ་དག་གི་ལན་སྟོན་པ་ནི་གཟུགས་བརྙན་ལ་སོགས་པ་ལྟར་རང་བཞིན་མེད་པའི་སྟོང་ཉིད་ནི། མཚན་འཛིན་གྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེའོ། །ཡུལ་དེ་དང་གཉིས་སུ་མེད་པར་མཉམ་པ་ཉིད་དུ་ཞུགས་པའི་ངོ་བོས། སྲིད་པ་གསུམ་གྱི་དངོས་པོ་ཐམས་ཅད་གཅིག་པ་སྟེ་རོ་མཉམ་པ་ཉིད་དུ་གྱུར་པའི་ཡེ་ཤེས་ནི། སེམས་དཔའ་སྟེ་རྐང་པ་གཉིས་ཀྱི་སྐུ་རྡོ་རྗེ་ནི་རྡོ་རྗེ་སེམས་དཔར་གསུངས་སོ། །ཡེ་ཤེས་དང་ཆེན་པོ་གཞི་མཐུན་ཡིན་ལ། དེའང་ཡེ་ཤེས་ལྔ་རྣམས་སོ། །དེའི་ཕྱིར་སངས་རྒྱས་ལྔའོ། །རོ་ནི་ཁ་བ་སོགས་དྲུག་དང་། དེ་དང་ཡེ་ཤེས་ཆེན་པོ་གཉིས་ཀྱང་གཞི་མཐུན་པས་ཏེ་གུར་ལས། ཁ་བ་དང་ཚ་བ་གཉིས་རྡོ་རྗེ་མི་བསྐྱོད་པ་དང་། མངར་བ་རྣམ་སྣང་དང་། སྐྱུར་བ་རིན་འབྱུང་དང་། ལན་ཚྭ་འོད་དཔག་མེད་དང་། རོ་ཐམས་ཅད་དམ་


JLD011_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བསྐ་བ་ནི་དོན་གྲུབ་ཀྱི་རིགས་སུ་བཤད་ལ། རོ་ལོངས་སྤྱོད་པའི་གནས་ནི་མགྲིན་པ་ཡིན་པའི་ཕྱིར་རོ། །རོས་གང་བའི་གསུང་རྡོ་རྗེ་ནི་སེམས་དཔའ་ཆེན་པོར་གསུངས་སོ། །དམ་ཚིག་ནི་བསྐྱང་བར་བྱ་བ་སྟེ། དེ་ལའང་གཉིས་ལས་བསྲུང་བའི་དམ་ཚིག་བཞི་དང་། བཟའ་བའི་དམ་ཚིག་བཅུད་ལེན་ཏེ། བདུད་རྩི་ལྔ་བསྟེན་པ་ལ་འདྲིས་པ་དང་། གོམས་པར་བྱེད་པ་ནི། རྟག་ཏུ་དམ་ཚིག་ལ་སྤྱོད་པའོ། །དེའི་ཕྱིར་ཐུགས་རྡོ་རྗེ་ནི་དམ་ཚིག་སེམས་དཔའོ། །དམ་ཚིག་བཞི་ནི་རྣམ་ཤེས་ལྔ་ཡུལ་ལྔ་ལས་བསྲུངས་པ་དང་། ཕུང་པོ་ལྔ་འདུས་པ་དང་། ཁམས་བཞི་འདུས་པ་དང་། བྱང་ཆུབ་ཀྱི་སེམས་ལ་གོམས་པའི་དམ་ཚིག་ཏུ་ཀུ་མུ་ཊི་ལས་འཆད་དོ། །སེམས་དཔའ་གསུམ་གྱི་དྲིས་ལན་ནི། པདྨ་ཅན་དང་། མུ་ཏིག་ཕྲེང་བ་དང་། བྷ་བ་བྷ་དྲ་དང་། ནག་པོ་བའི་འགྲེལ་པ་རྣམས་སུ་རིམ་པ་བཞིན་དུ་ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་གསུམ་ལ་འཆད་པ་ཉིད་ལེགས་སོ། །ཤེས་རབ་འདི་ཡིས་རྡོ་རྗེ་སེམས་དཔར་བརྗོད་ཅེས་པའི་བཤད་པ་ནི། རིགས་པས་ཞེས་བྱ་སྟེ་ཆོས་ཀྱི་སྐུའོ། །ཡང་ན་ངེས་པར་འབྱེད་པ་འདིས་ཤེས་རབ་དང་རིག་པ་ནི་སྦྱོར་བ་སྟེ་སྙིང་རྗེའོ། །ཡེ་ཤེས་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །དེའི་རོས་གང་བ་ནི་ལོངས་སྤྱོད་རྫོགས་སྐུའོ། །ཆེན་པོ་ནི་བྱང་སེམས་རྣམས་ཀྱིས་རྟོགས་པར་བྱ་བའོ། །དམ་ཚིག་ནི་ཡང་དག་པར་འགྲོ་བར་བྱེད་ཅིང་ཐོབ་པར་བྱེད་པ་སྟེ། གདུལ་བྱ་རྣམས་ཀྱི་དོན་གྱི་ཕྱིར་རབ་ཏུ་འཇུག་པའི་དམ་ཚིག་སེམས་དཔའ་ནི་སྤྲུལ་སྐུའོ་ཞེས་པདྨ་ཅན་ལའོ། །སྙིང་པོ་དྲིས་


JLD011_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གྱི་དྲི་བ་ལ། མཚན་བསྡུས་པའི་དོན་དྲིས་པ་ནི། མིང་ཞེས་པ་གཉིས་སོ། །ཀྱཻ་རྡོར་གྱི་མཚན་སོ་སོར་ཕྲལ་བའི་དོན་དྲིས་པ་ནི་ཧེའི་རྣམ་པས་ཞེས་པ་གཉིས་སོ། །འདིར་ཀུ་མུ་ཊི་ལས། སྔར་གྱི་སེམས་དཔའ་གསུམ་གྱི་སྐུ་གསུང་ཐུགས་གྲུབ་པས་དེ་ལས་གཞན་པའི་ཀྱཻ་རྡོ་རྗེ་ཞེས་པའི་མཚན་འཇུག་པའི་རྒྱུ་མཚན་གང་ཡིན་སྙམ་ནས་དྲིས་པ་དང་། དེའི་ལན་དུ་སེམས་ཅན་ཐམས་ཅད་ལ་སྙོམས་ཤིང་ཉི་ཚེ་བ་ལས་ཆེ་བས་སེམས་ཅན་ཐམས་ཅད་སྐྱོབ་པས་སྙིང་རྗེ་ཆེན་པོ་དང་། ངེས་པ་རྙེད་པས་ཐེ་ཚོམ་ཆོད་པའི་ཤེས་རབ་ནི་རྡོ་རྗེ་དང་ཧེའི་དོན་སྔར་བཤད་པ་ལ་བལྟོས་ནས་ཡང་གི་སྒྲ་སྦྱར་རོ། །དེ་འདྲ་བའི་ཤེས་རབ་དང་སྙིང་རྗེའང་སྐུ་གསུམ་ཙམ་དུ་འགྱུར་བས་དེ་ལས་གཞན་པའི་དེ་རྣམས་ཀྱི་སྙིང་པོ་མེད་པས་སྙིང་པོ་ཀྱཻ་རྡོ་རྗེ་ཉོན་ཅིག་ཅེས་པ་མི་འཐད་དེ། སྐུ་གསུམ་ལས་གཞན་པའི་སངས་རྒྱས་མེད་ཅིང་། སྐུ་གསུམ་འདུས་པ་ཙམ་ལ་སངས་རྒྱས་སུ་འཇོག་པའི་ཕྱིར་ཏེ། འདུས་པ་ལས། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་མངོན་པར་བརྗོད། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །འདུས་པ་ཚོགས་པར་གསུངས་པ་ཉིད། ཅེས་བཤད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདུས་པ་དེར་སྐུ་གསུམ་བསྡུས་པའི་ཕྱིར། ཐབས་ཀྱི་ཡན་ལག་འབའ་ཞིག་གསུངས་ཀྱི། ཤེས་རབ་ཀྱི་ཡན་ལག་ནི་མ་ཡིན་ནོ། །འདིར་ནི་ཐབས་དང་ལྡན་ཞིང་དམིགས་པ་མེད་པའི་ཕྱིར་སྐུ་གསུམ་ལས་འདས་པ་ཤེས་རབ་ཀྱི་ཡན་ལག་གི་སྙིང་པོ་གསུངས་སོ། །དེ་བས་ན། དེ་ཡི་ཡན་ལག་


JLD011_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྟོན་པ། །ཀྱཻ་རྡོ་རྗེ་ཁྱོད་ཉོན་ཅིག །ཅེས་བྱ་བ་ནི་མཛེས་པའོ། །དེ་བཞིན་དུ་བཤད་པའི་རྒྱུད་དུ་སྙིང་རྗེ་ཤེས་རབ་དག་ནི་དམིགས་པ་མེད་པ་ཉིད་ལའང་གསུངས་པ། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་ཡོངས་སུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་མཛད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །ཞེས་འཆད་དོ། །དེ་ལྟར་འཆད་པ་ནི་ཐབས་སྒྱུ་ལུས་དང་། ཤེས་རབ་ལྷན་སྐྱེས་གཉིས་ཀྱི་ནང་ནས་འདུས་པར་སྔ་མ་གཙོ་ཆེར་བསྟན་ལ། འདིར་ནི་ཕྱི་མ་གཙོ་ཆེར་བསྟན་པར་འདོད་ན་ནི་རུང་གི །དེ་ལྟར་མ་ཡིན་པར་འདུས་པར་ཐབས་ཙམ་དང་། འདིར་དེ་གཉིས་ཀ་བསྟན་པར་འདོད་ན་ནི་མི་རིགས་ཏེ། གསང་བ་འདུས་པ་རྣལ་འབྱོར་གྱི་རྒྱུད་ཅེས་པའི་རྣལ་འབྱོར་གྱི་དོན་བཤད་པ་ན། རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར་དང་། གཉིས་སྣང་མེད་པའི་དམིགས་མེད་ཀྱི་ཤེས་རབ་ལ་འདོད་ན་ནི། འདུས་པར་སྟོང་པ་བཞིའི་སྒོ་ནས་གཉིས་སྣང་དག་ཚུལ་བཤད་པ་འདྲ་བ་འདིར་མེད་པའི་ཕྱིར་རོ། །དེས་ན་སེམས་དཔའ་གསུམ་སྐུ་གསུམ་དུ་བཤད་པ་དེ་ལས་ངོ་བོ་ཐ་དད་པའི་སྙིང་པོ་འདོད་ན་ནི་ཤིན་ཏུ་མི་རིགས་ཏེ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་ག་ལས་ངོ་བོ་ཐ་དད་པའི་སངས་རྒྱས་མི་སྲིད་པའི་ཕྱིར་དང་།


JLD011_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བཞི་པར་འཇོག་པ་ཡང་ལྡོག་པ་ཐ་དད་པའི་སྒོ་ནས་འཇོག་གི །ཆོས་སྐུ་སོགས་ལས་ངོ་བོ་ཐ་དད་མིན་པའི་ཕྱིར་དང་། ཧེ་བཛྲའི་དོན་ཡང་སྔར་བཤད་པའི་རྡོ་རྗེ་སེམས་དཔའ་ལས་ངོ་བོ་ཐ་དད་དུ་འདོད་ན། སྔར་གྱི་བཤད་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །དེས་ན་སྔར་བཤད་པའི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་དང་། སེམས་དཔའ་གསུམ་དང་། སྐུ་གསུམ་ལས་ངོ་བོ་ཐ་དད་པའི་སྙིང་པོ་ཀྱཻ་རྡོ་རྗེ་ཞེས་པའི་བཞི་པ་མེད་ཀྱང་། རྒྱུད་འདིའི་བརྗོད་བྱའི་གཙོ་བོ་རྩལ་དུ་བཏོན་ནས་འཆད་རྒྱུ་ནི། རྗེ་བཙུན་གསང་བ་ལས་ཀྱང་ཆེས་གསང་བ་ཞེས་པ་དང་། སྙིང་པོ་ཀྱཻ་རྡོ་རྗེ་ཞེས་པ་འདི་ཡིན་ལ། དེའི་སྟོང་པ་དང་སྙིང་རྗེའི་སྟོང་པ་ནི་བདག་མེད་པའི་དེ་ཁོ་ན་ཉིད་མཐར་ཐུག་པའི་ཡུལ་ལམ་དེ་རྟོགས་པའི་ཤེས་རབ་ཡིན་ལ། དེ་ཙམ་ཞིག་ནི་ཕར་ཕྱིན་ཐེག་པ་དང་། རྒྱུད་སྡེ་འོག་མ་དང་ཡང་ཐུན་མོང་བའོ། །སྙིང་རྗེ་ཞེས་པ་སེམས་ཅན་སྡུག་བསྔལ་བ་ལ་དམིགས་ནས། སྡུག་བསྔལ་ཐམས་ཅད་དང་འབྲལ་བར་འདོད་པའི་རྣམ་པ་ཅན་ཡང་དེ་དང་འདྲ་ལ། ཡང་སྙིང་རྗེའི་ཡུལ་ཅན་ཡེ་ཤེས་ཀྱིས་བྱས་ནས་དེ་དང་ཡུལ་སྟོང་ཉིད་གཉིས། ཆུ་ལ་ཆུ་བཞག་པ་བཞིན་དུ་སོང་བའི་ནམ་མཁའ་ལྟ་བུའང་། ལམ་གཞན་དེ་དག་ཏུ་དུ་མ་ཞིག་བྱུང་བས། དེ་གཙོ་བོར་སྟོན་པ་སྤྱིར་བླ་མེད་ཀྱི་རྒྱུད་རྣམས་དང་། བྱེ་བྲག་ཏུ་རྒྱུད་འདིའི་ཁྱད་ཆོས་ག་ལ་ཡིན། དེས་ན་ཡུལ་སྟོང་ཉིད་དང་ཡུལ་ཅན་ཡེ་ཤེས་རོ་གཅིག་ཏུ་སོང་བ་ནི། སྔར་རྡོ་རྗེ་སེམས་དཔའི་དོན་དུ་བཤད་པ་དེ་ཡིན་


JLD011_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ཉིད་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་སྣང་བའི་སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའང་ཡིན་པས་འདིར་བཤད་རྒྱུ་དེ་ལས་མ་བྱུང་ན། སྙིང་པོ་ཀྱཻ་རྡོ་རྗེ་ལ་འབུར་དུ་དོད་པའི་བཤད་པ་མ་བྱུང་བ་ཡིན་ནོ། །དེས་ན་པདྨ་ཅན་ལས། བསྒྲུབ་བྱའི་དོན་ཞུས་པ་ནི། ཧེ་བཛྲ་ཞེས་པ་སྟེ། ཐབས་བདེ་བས་སེམས་ཅན་རྣམས་སྐྱོབ་པར་བྱེད་པས། སྙིང་རྗེ་ཆེན་པོའམ་ཡང་ན་མཧཱ་ཀཾ་ཞེས་བྱ་བ་སྟེ། མ་ཧཱ་ནི་ཆེན་པོའོ། །ཀཾ་ནི་བདེ་བ་སྟེ། བདེ་བ་ཆེན་པོ་བསྡུས་པ་ཞེས་བྱ་བའོ། །དེ་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྒྱུད་ཅེས་པ། རྒྱུད་ནི་གཉིས་སུ་མེད་པའི་བདག་ཉིད་ཀྱི་སྦྱོར་བའོ། །ཞེས་གསུངས་པ་ལྟར་ཤེས་དགོས་སོ། །དེ་ལ་སྙིང་རྗེ་ཆེན་པོའི་སྐད་དོད་མ་ཧཱ་ཀ་རུ་ཎ་ཞེས་པའི་མ་དང་ཀ་དང་ཎ་ཕྱིས། རུའི་ཁོང་གི་ཨུ་ཡིག་ཨེར་བྱས་ནས་ཧ་ལ་སྦྱར་བས། ཧེ་ཞེས་པར་སོང་བ་ཤཱནྟི་པ་བཞེད་པ་ལྟར་ཡིན་པས། ཧེའི་ཡི་གེས་ནི། མཧཱ་ཀ་རུ་ཎ་ཤེས་དགོས་སོ། །དེའི་ཚེ་མཧཱ་ནི་ཆེན་པོ་དང་། ཀཾ་ནི་བདེ་བ་དང་། རུ་ཎ་བསྡུས་པ་སྟེ། བདེ་བ་ཆེན་པོ་བསྡུས་པ་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདེ་བ་ཆེན་པོ་ཡིན་གྱི། བདེ་བ་གཞན་མིན་ནོ། །བདེ་སྟོང་སྦྱར་བ་ནི་བདེ་བ་དེས་བདག་མེད་པའི་དེ་ཁོ་ན་ཉིད་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཚུལ་གྱིས་ཡུལ་ཡུལ་ཅན་དུ་སྦྱོར་བའམ། ཡང་ན་སྟོང་ཉིད་རྟོགས་པའི་བློ་དེ་བདེ་ཆེན་དེའི་ངོ་བོར་གྲུབ་བདེ་གཅིག་ཏུ་སྐྱེས་པ་ལ་བྱ་ཡི། བདེ་སྟོང་ཆེན་པོ་དང་ཆོས་ཉིད་ཡིན་པ་ཙམ་ལ།


JLD011_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་རྒྱས་བཏབ་པ་ཙམ་ནི་དེའི་དོན་མིན་ནོ། །དེ་ལྟར་ན་བདེ་སྟོང་སྦྱོར་ཚུལ་ཐུན་མོང་མ་ཡིན་པའི་དོན་ནི་མཚན་བསྡུས་པའི་དོན་དྲིས་པའི་ལན་ཡིན་ལ། ཕྲལ་ནས་ཞུས་པའི་དོན་ནི་དེ་གཉིས་ཀྱི་རེ་རེའོ། །སྔར་རྡོ་རྗེ་སེམས་དཔའི་དོན་བཤད་པ་ན། སྤྱིར་སྟོང་ཉིད་དང་ཡུལ་ཡུལ་ཅན་རོ་གཅིག་པ་ཙམ་ཞིག་བཤད་ཀྱི། ཡུལ་ཅན་ཁྱད་པར་ཅན་གྱི་སྟེང་ནས་རོ་གཅིག་ཏུ་བཤད་པ་མེད་ལ། འདིར་ནི་བདེ་སྟོང་སྦྱོར་བ་དེ་སྙིང་པོ་ཀྱཻ་རྡོ་རྗེའི་དོན་དུ་འཆད་པས་ཁྱད་པར་ཤིན་ཏུ་ཆེ་སྟེ། དེས་ནི་གསང་བ་དང་ཆེས་གསང་བའི་དོན་ཡང་ཤེས་པར་ནུས་སོ། །དེ་ནི་དཔེར་ན་བྱས་པ་མི་རྟག་པ་ཡིན་ཡང་། བྱས་པའི་དོན་ལྡོག་ཐུན་མོང་མ་ཡིན་པ་ངེས་པའི་བློ་དེས་མི་རྟག་པ་ངེས་པ་མིན་པ་དང་། བྱས་པ་བརྗོད་པའི་སྒྲས་ཀྱང་མི་རྟག་པ་མ་བརྗོད་པ་བཞིན་དུ། སྙིང་པོ་ཀྱཻ་རྡོ་རྗེ་སེམས་དཔའི་སྒྲའི་དོན་བཤད་པའི་སྐབས་ཀྱི་ཡུལ་ཡུལ་ཅན་རོ་གཅིག་པ་ཡིན་ཡང་། སྙིང་པོ་ཀྱཻ་རྡོ་རྗེ་འདིར་བདེ་སྟོང་སྦྱོར་བ་བརྗོད་པའི་དོན་ངེས་པའི་བློ་དང་། དེ་བརྗོད་པ་དང་། སྔར་གྱི་རྡོ་རྗེ་སེམས་དཔའི་དོན་བཤད་པའི་སྒྲ་བློས་བརྗོད་ཚུལ་དང་ངེས་ཚུལ་ནི་ཤིན་ཏུ་ཁྱད་པར་ཆེའོ། །དེ་ལྟར་མ་བྱས་པར་སྔར་གྱི་སྐུ་གསུམ་དབྱེར་མེད་ཙམ་ལ་བཤད་པ་དང་། དེ་ཉིད་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སོགས་སུ་སྣང་བའི་སྐུར་ཤར་བའི་སྟེང་ནས་དག་པ་རྒྱས་པར་ཡོད་པར་གོ་བས་ནི། སྙིང་པོ་ཀྱཻ་རྡོ་རྗེ་ཞེས་སྔ་མ་གསུམ་ལས་ཟུར་དུ་བཤད་པའི་དོན་མི་རྙེད་པས། རྒྱུད་འདིའི་བརྗོད་བྱའི་གཙོ་བོ་ངོས་མི་ཟིན་པའི་ཕྱིར་རོ། །གང་གིས་མི་ཤེས་ཀྱཻ་རྡོ་རྗེ། །དེ་ཡི་


JLD011_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ངལ་བ་དོན་མེད་འགྱུར། །ཞེས་པ་དེར་འགྱུར་རོ། །དེ་ནི་བདག་གིས་བཤད་ཀྱིས་ཉོན། །ཞེས་པའི་བཤད་བྱའང་ཤཱནྟི་པས་རྒྱུ་རྒྱུད་དང་འབྲས་རྒྱུད་ཀྱི་ཀྱཻ་རྡོ་རྗེ་སྔར་བསྟན་ཟིན་པས། འདིར་ཐབས་རྒྱུད་ཀྱི་ཀྱཻ་རྡོ་རྗེར་འཆད་གསུངས་ཀྱང་། པདྨ་ཅན་ལས་བཤད་པ་ལྟར་སྔར་བཤད་པའི་བདེ་སྟོང་སྦྱར་བ་དེ་ཉིད་བཤད་པ་ལ་སྦྱར་ཏེ། གཙོ་བོའི་དོན་ངེས་ན་འོག་ནས་འཆད་པའི་དོན་གཞན་རྣམས་དེ་ངེས་པའི་ཡན་ལག་ཏུ་གོ་བར་འགྱུར་བས་སོ། དེ་ལྟར་བྱས་ན་རྡོ་རྗེ་སྙིང་པོས་ཞུས་པའང་། སྙིང་པོ་ཀྱཻ་རྡོར་ཞུས་པ་ཡིན་ལ། དེ་ནས་བཀའ་སྩལ་ཞེས་པ་དང་། ཉོན་ཅིག་ཅེས་པ་དང་། མིང་དོན་དྲིས་པའི་ལན་གྱིས་ཀྱང་གཙོ་བོར་སྙིང་པོའི་དོན་ཉིད་འཆད་པས། གཞན་རྣམས་ནི་དེའི་ཡན་ལག་ཏུ་དྲིས་པ་དང་། བཤད་པར་ཟུངས་ཤིག །འཆད་པར་ཞལ་གྱིས་བཞེས་ནས་འཆད་པ་ན། ལྟ་སྟངས་ཞེས་པ་བརྒྱད་གསུངས་པ་ནི། བརྟག་པ་དང་པོའི་ལུས་རྣམ་གཞག་ཏུ་བླ་མ་དག་འཆད་དེ་བྷ་བ་བྷ་དྲ་དང་མཐུན་ནོ། །དེ་ལ་ལྟ་སྟངས་ནི་འཆད་པར་འགྱུར་བ་བཞིའོ། །དགུག་པ་ནི་དགའ་བཟང་མ་སོགས་དགུག་པའོ། །བརྡ་ཆེན་ནི་བདུན་པར་འཆད་པ་རྣམས་སོ། །དོན་བྱེད་པ་མང་པོ་ནི་ཆར་དབབ་པ་དང་སྤྲིན་བྲལ་བ་སོགས་སོ། །རེངས་པ་ནི་སྟོབས་ཅན་ལ་སོགས་པ་གནས་ནས་མི་གཡོ་བའོ། །སྐྲོད་པ་སོགས་གསུམ་ནི་སླའོ། །སྡེ་རེངས་ནི་དཔུང་རེངས་པ་སྟེ་སྔ་མ་དང་མི་འདྲའོ། །བསྐྱེད་པ་ནི་གང་དུ་བསྐྱེད་པའི་ཁ་དོག་དང་། དབྱིབས་སོགས་ཀྱི་མཚན་མའོ། །གནས་ནི་གཞལ་ཡས་ཁང་ངོ་། །བྱེད་རྒྱུ་ནི་མངོན་བྱང་ངོ་། །དོན་བྱེད་ནི་ནུས་པ་ཞེས་པར་ཡང་བསྒྱུར་ལ། དོན་ནི་བཟླས་


JLD011_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ལས་བྱུང་བའི་མཐུའོ། །ཡེ་ཤེས་ནི་དེ་ཁོ་ན་ཉིད་ལ་པདྨ་ཅན་དང་། མུ་ཏིག་ཕྲེང་བར་སྐར་མའི་རྩིས་ལ་སོགས་པ་ལ་བཤད་དོ། །རྣམ་ཤེས་ནི་སྔ་མར་རྡོ་རྗེ་མེ་ལ་སོགས་པ་དང་། ཕྱི་མར་སློབ་དཔོན་གྱི་ལས་ཐམས་ཅད་ཤེས་པ་ལ་བཤད་དོ། །ལྷ་རྣམས་ཇི་ལྟར་འབྱུང་བ་ནི་ཕྱག་གཉིས་པ་ལ་སོགས་པའི་རྣལ་འབྱོར་ལ་པདྨ་ཅན་ལས་སོ། །ཧེ་རུ་ཀ་ཞེས་སོགས་ཀྱིས་རེ་ཞིག་དམིགས་པ་དང་བཅས་པའི་ཐབས་གསུངས་སོ། །དེ་ལ་ཧེ་རུ་ཀ་བསྐྱེད་པའི་རྒྱུ་ནི། དེ་འབྱུང་བའི་ཕུན་ཚོགས་ཀྱི་རྒྱུ་རྩའི་འཁོར་ལོ་དང་། བསྐྱེད་རིམ་མོ། །དང་པོར་རེ་ཞིག་གཅིག་ཡིན་ནོ་ཞེས་འབྱུང་ངོ་། །གྲོལ་འདོད་སྲིད་པ་ལ་ཞེ་སྡང་བ་རྣམས། ཧེ་རུ་ཀ་བསྐྱེད་པའི་རྒྱུ་དང་། ཧེ་རུ་ཀས་ཀྱང་ཅི་ཞིག་བྱ་སྙམ་པ་ལ་དངོས་པོ་ཞེས་པ་གཅིག་གསུངས་ཏེ། གྲོལ་བ་ཐོབ་པའི་ཚེའང་ཕུང་སོགས་ཀྱི་དངོས་པོ་དང་བཅས་པས་ཡིན་གྱི་ཕུང་སོགས་ཀྱི་དངོས་པོ་མེད་པས་ནི་མ་ཡིན་ཏེ། ཉིད་ཀྱི་དོན་ནི་དེ་ལྟར་བྱའོ། །འདིར་དོགས་པ་སྐྱེ་མཁན་ནི་ཉན་ཐོས་སྡེ་པ་ཡིན་ལ། དེས་ལྷག་མེད་ཀྱི་དུས་སུ་འདུས་བྱས་རྒྱུན་ཆད་པར་འདོད་དོ། །དེ་ལ་ནི་འབྲས་བུ་མཐར་པའི་སྐབས་སུ་ཧེ་རུ་ཀའི་གཟུགས་ཀྱིས་ཅི་བྱ་སྙམ་པ་འོང་ཡང་། ལམ་གྱི་སྐབས་སུ་དངོས་པོ་ཅི་བྱ་སྙམ་པ་མི་འཐད་དོ་སྙམ་ན། ལམ་གྱི་སྐབས་སུ་དངོས་པོ་བསྒོམ་པ་འབྲས་བུའི་སྐབས་སུ་རིགས་འདྲ་འཇུག་པ་ལ་བསམས་པའོ། །གལ་ཏེ་གྲོལ་བའི་སྐབས་སུའང་ཕུང་སོགས་འོང་ན། སེམས་ཅན་རྣམས་གང་གིས་འཆིང་སྙམ་པ་ལ། དངོས་པོའི་འཆིང་བས་ཞེས་པ་གཅིག་སྟེ་དངོས་པོ་ལ་བདེན་པར་ཞེན་པས་འཆིང་ངོ་། །དོགས་པ་དེ་ནི་


JLD011_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་སོགས་ཡོད་པ་དེ་སྲིད་དུ་ཟག་བཅས་ཡོད་པས་གང་བཅིངས་པའི་སྡུག་བསྔལ་ཡོད་པ་ལ་བསམས་པའོ། །བདེན་ཞེན་གྱིས་བཅིངས་ན་ནམ་ཡང་མི་གྲོལ་ལོ་སྙམ་པའི་དོགས་པ་ནི་འཛིན་པ་དེ་ནམ་ཡང་མི་ལྡོག་གོ་སྙམ་པའོ། །དེ་ཡོངས་ཞེས་པ་གཅིག་སྟེ་ཕུང་སོགས་ཀྱི་རང་བཞིན་ཤེས་པས་གྲོལ་བར་འགྱུར་རོ། །དེ་ཇི་ལྟར་ཤེས་སྙམ་པ་ལ་དངོས་པོ་སྒོམ་འགྱུར་ཞེས་པ་གཉིས་སོ། །ཕུང་སོགས་གཅིག་དང་དུ་བྲལ་གྱི་རིགས་པས་རང་བཞིན་མེད་པར་ཡོངས་སུ་ཤེས་ནས། ལྷ་ལ་སོགས་པའི་དངོས་པོ་བསྒོམ་དགོས་ལ། དེ་ལྟ་ན་ཕུང་སོགས་ཀྱི་དངོས་པོའི་དངོས་མེད་རང་བཞིན་མེད་པའང་བསྒོམ་དགོས་ཀྱི་དངོས་པོ་འབའ་ཞིག་བསྒོམ་པ་མིན་ནོ། །དེ་ལྟ་ན་སྟོང་ཉིད་ཙམ་བསྒོམ་པར་བྱ་ཡི། །ལྷའི་དངོས་པོ་བསྒོམས་པས་ཅི་བྱ་སྙམ་ན། གུར་ནས་གསུངས་པའི། གལ་ཏེ་སྟོང་པ་ཐབས་ཡིན་ན། །སོགས་དྲངས་ཏེ། མི་འདྲ་བའི་རྒྱུས་བསྒྲུབ་མི་ནུས་པར་བཤད་དེ། ཀུ་མུ་ཊིའི་བཤད་པའོ། །རྒྱུད་ཀྱི་དང་པོར་གཅིག་སྟེ་གཉིས་སུ་མེད་པའི་ཡེ་ཤེས་བཤད་པ་ཡིན་ནོ། །དེ་བསྒོམ་པའང་དངོས་པོའི་ཡང་དག་པ་ཉིད་བསམས་པས་གྲོལ་གྱི་གཞན་དུ་མིན་པས་ཉིད་ཅེས་སོ། །གང་གིས་འཆིང་ན་དངོས་པོ་ལ་བདེན་པར་ཞེན་པའི་ཆགས་པས་སོ། །འཆིང་བྱེད་དེ་ནི་དངོས་མེད་ཡོངས་སུ་ཤེས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བཅད་པའི་སྒོ་ནས་གྲོལ་བར་འགྱུར་རོ། །དངོས་པོ་མེད་པ་ཤེས་པའི་ཡུལ་དེ་ཉིད་ཀྱང་བདེན་པ་མེད་པར་ཤེས་ཏེ། ཕུང་སོགས་ཀྱི་དངོས་པོ་དང་། དེ་བདེན་ཡོད་ཀྱིས་སྟོང་པ་གཉིས་ཀ་བདེན་པ་དང་བྲལ་བའི་དེ་གཉིས་ཀྱི་རང་བཞིན་དང་དབྱེར་མེད་པའི་ཧེ་རུ་ཀ་


JLD011_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་པ་དེ་ལྟར་བསྒོམ་པར་བྱའོ། ཞེས་པ་ནི་པདྨ་ཅན་གྱི་དགོངས་པ་བཞིན་ནོ། །དེར་དང་པོ་དངོས་པོ་བསྒོམས་པར་གསུངས་པས་བསྐྱེད་རིམ་ཐོག་མར་བསྒོམས་པའང་དགོངས་པའོ། །མདོར་བསྡུ་ན་གཞུང་འདིའི་དོན་ནི་འདི་ཡིན་ཏེ། སྔར་བཤད་པའི་བཛྲའི་དོན་སྟོང་ཉིད་ཀྱི་ཤེས་རབ་དགོས་པའི་རྒྱུ་མཚན་དང་། དེ་ལྷའི་རྣལ་འབྱོར་དང་སྦྱར་བ་ནི། སྔར་སེམས་དཔའ་གསུམ་གྱི་སྐབས་སུ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་སྐུ་གཉིས་སུ་ཤར་བར་བཤད་ལ། དེའང་རང་དང་རྗེས་མཐུན་གྱི་རྒྱུས་བསྒྲུབ་དགོས་པར་གུར་གྱི་ལེའུ་དང་པོ་དང་། བཅུ་བཞི་པ་ནས་འབྱུང་བས། དེ་བཞིན་དུ་སྒྲུབ་པ་དེ་ཤེས་པར་བྱེད་ལ། སྟོང་ཉིད་ཀྱི་ཤེས་རབ་དེའང་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ངོ་བོར་བསྐྱེད་པ་ནི་ལེའུ་དང་པོའི་གཞུང་ལྷག་མས་སྟོན་ནོ། །གཟུགས་སྐུའི་རྣམ་པ་ཅན་གྱི་ལམ་གྱིས་རིགས་མཐུན་གྱི་འབྲས་བུ་བསྒྲུབ་པ་ལ། གྲོལ་བའི་སྐབས་སུ་ཕུང་པོ་རྒྱུན་ཆད་འགོག་པ་ནི། དངོས་པོ་ཉིད་ཀྱིས་ཞེས་པས་བསྟན་ཏེ། འགོག་བྱེད་ཀྱི་རིགས་པ་ནི། རིག་པ་རྒྱུན་མི་འཆད་པར་བསྒྲུབ་པའི་རིགས་པས་བྱའོ། །ཐེག་ཆེན་པ་གཉིས་འབྲས་བུའི་སྐབས་སུ་གཟུགས་སྐུ་ཡོད་པར་མཐུན་ཡང་། རྒྱུ་ལ་མི་མཐུན་པས། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་དུ་ལྷའི་སྐུའི་དངོས་པོ་བསྒོམ་དགོས་པར་གསུངས་སོ། །དེ་ལའང་རིམ་པ་གཉིས་ཀྱི་སྐབས་གཉིས་དང་སྦྱར་ནས་གཟུགས་སྐུ་གྲུབ་ལུགས་ཤེས་པར་བྱའོ། །ལུས་ལ་སོགས་ལེའུ་དང་པོའི་གཞུང་ལྷག་མ་རྣམས་ཀྱིས། གཙོ་བོར་ཧེའི་ཡི་གེའི་དོན་སྟོན་ནོ། །ལུས་


JLD011_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་བདེ་བ་བརྟེན་པའི་རྣམ་དབྱེ་སྟོན་པ་ནི། ལུས་ཞེས་པ་བཞིའོ། །ལུས་མེད་པར་ཡེ་ཤེས་མི་གནས་པས། དེའི་རྟེན་དུ་ལུས་བླང་བར་བྱ་སྟེ། ཁ་སྦྱོར་ལས། རང་གི་ལུས་ནི་སངས་རྒྱས་ཉིད། །ལུས་ལས་གཞན་དུ་སངས་རྒྱས་ཉིད། །གཞན་ནི་གར་ཡང་མི་གནས་ཏེ། །མི་ཤེས་པ་ཡི་སྒྲིབ་པར་བརྗོད། །ཅེས་དྲངས་ནས་ཡེ་ཤེས་དེ་ཕྱོགས་གཅིག་པ་སྤང་བའི་ཕྱིར་རྐང་པ་གསུམ་པ་སྨོས་པར་བཤད་དོ། །ལུང་དེ་རྣམས་ཀྱི་དོན་མན་སྙེར་ཉན་ཐོས་སྡེ་པས་སངས་རྒྱས་ཀྱི་མྱང་འདས་ཀྱང་ཕུང་པོ་ལྔ་ཟད་པ་ལ་འདོད་པ་འགོག་པར་འཆད་དོ། །པདྨ་ཅན་ལས། ཡེ་ཤེས་ཆེན་པོ་ནི་བདེ་ཆེན་གྱི་ཡེ་ཤེས་སོ། །ཀུན་རྟོག་ཐམས་ཅད་སྤངས་པ་ནི་དམིགས་པ་མེད་པའི་ཡེ་ཤེས་ཏེ། དེས་ཀུན་རྟོག་འཇོམས་པའོ། །ལུས་ལ་བརྟགས་པ་ཡིན་ཡང་ལུས་ལས་མ་སྐྱེས་པས། ཁྱབ་པར་བྱེད་པ་དང་སྐྱེ་འགག་མེད་པ་སོགས་ཡིན་ནོ། །ཞེས་བཤད་པས། ཧེ་རུ་ཀ་གང་དུ་བསྒོམ་པར་བྱ་བའི་གནས་སྟོན་པར་མཛད་དོ། །རྐང་པ་གསུམ་པའི་དོན་ནི། ཡེ་ཤེས་དེ་དངོས་པོ་ཀུན་གྱི་དེ་ཁོ་ན་ཉིད་ལ་རྗེས་སུ་ཞུགས་པའི་དོན་ནོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན་པའི་དོན་ཡང་། གང་ལ་ཁྱབ་པའི་དེ་བཞིན་ཉིད་ལ་བཤད་པ་གཅིག་དང་། གང་གིས་ཁྱབ་པའི་ཡེ་ཤེས་ལ་བྱས་པ་གཉིས་ལས། དང་པོ་ནི། སྐྱེ་འགག་མེད་པའི་མ་སྐྱེས་པའོ། །གཉིས་པ་ནི། ལུས་ཀྱི་ཉེར་ལེན་གྱི་རྒྱུ་བྱས་ནས་སྐྱེས་པ་མིན་པའོ། །དོན་བསྡུས་ན་དང་པོས་ལུས་ལ་གནད་དུ་བསྣུན་པ་ལས། བདེ་ཆེན་བསྐྱེད་དགོས་པར་བསྟན། གཉིས་པས་མཚན་མར་འཛིན་པའི་ཀུན་རྟོག་ཐམས་ཅད་


JLD011_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་འགྲོ་བར་བསྟན། གསུམ་པས་ནི་དེ་ལྟར་འཇོམས་པའང་དངོས་པོ་ཀུན་གྱི་དེ་ཁོ་ན་ཉིད་ལ་རོ་མཉམ་པའི་ཚུལ་གྱིས་འཇུག་པར་བསྟན། བཞི་པས་ལུས་ལས་སྐྱེའང་ལྷན་ཅིག་བྱེད་རྐྱེན་དུ་འགྲོ་བར་བསྟན་ཏོ། །གང་ལ་གནད་དུ་བསྣུན་པའི་གནས་འདྲི་བ་ནི། ཀྱཻ་བཅོམ་ལྡན་འདས་ཞེས་བོས་ནས། རྡོ་རྗེའི་ལུས་ལ་རྩའི་གཙོ་བོ་དུ་ཞེས་པའོ། །ལན་སོ་གཉིས་ཏེ་ཞེས་པའོ། །སོ་གཉིས་ཏེ་ཞེས་པ་ནི་གཙོ་བོའི་དབང་དུ་བྱས་པ་ཡིན་ལ། གཙོ་བོར་འཇོག་པའང་བྱང་ཆུབ་ཀྱི་སེམས་འབབ་པའི་སྒོ་ནས་ཏེ། ཁ་སྦྱོར་ལས། འཁོར་ལོ་བཞི་ཡི་རབ་དབྱེ་བས། །བརྒྱ་དང་ཉི་ཤུ་ལྷག་པ་ཉིད། །བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་ནི་སུམ་ཅུ་རྩ་གཉིས་མཆོག །ཅེས་གསུངས་པ་ལྟར་རོ། །ཟག་བཅས་ཀྱི་ཡུལ་ལས་བྱུང་བའི་བདེ་བ་རྣམས་ལས་ཆེ་བ་ནི་བདེ་ཆེན་ནོ། །དེའི་གནས་ནི་ལྟེ་བའི་དཀྱིལ་འཁོར་རོ། །ཤཱནྟི་པས་བདེ་ཆེན་གྱི་གནས་ལས་འཛག་པ་ལ་གནས་སུ་འཛག་ཅེས་པ་ནི། ལྔ་པའི་དོན་ལ་བདུན་པར་འཆད་དོ། །མཆོག་རྣམས་ཀྱིའང་མཆོག་གསུམ་དུ་གསུངས་པ་ནི། དེ་རྣམས་ཀྱི་ནང་ནས་ཞེས་པ་ནས། ཀུན་འདར་མའོ་ཞེས་པའི་བར་རོ། །གཙོ་མོར་འཇོག་པའི་རྒྱུ་མཚན་ནི་རྐྱང་མ་ཞེས་པ་བཞིའོ། །དང་པོ་གཉིས་ཀྱི་དོན་ནི་ཐབས་ཤེས་ཀྱི་ངོ་བོས་ལེགས་པའི་ཐུན་མོང་མ་ཡིན་པའི་རྒྱུའོ། །ཕྱི་མ་གཉིས་ཀྱི་དོན་ནི་ཀུན་འདར་མ་འབྲས་བུར་གྱུར་པ་གཉིས་སུ་མེད་པ་སྟེ། མ་ནིང་གི་ཕྱིར་དང་། མཐའ་གཉིས་དང་བྲལ་བ་དང་གཟུང་འཛིན་སྤངས་པའོ། །དེ་རྣམས་ནས་གང་འབབ་པའི་དབྱེ་བ་ནི་རྐྱང་མ་ཞེས་པ་བཞིའོ། །ཁ་སྦྱོར་


JLD011_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས། །གང་ཚེ་འདིར་ནི་གང་གྱུར་པ། །དབང་པོ་ཕུང་པོ་ལྔ་འབྱུང་བ། །སངས་རྒྱས་དེ་ཡིས་དེ་མ་ཐག །ཅེས་སོ། །པདྨ་ཅན་ལས། ལུས་ལ་ཇི་ལྟར་བརྟག་པར་བྱ། །སྙམ་པའི་སྒོ་ནས་ཞུས་པ་ནི། །ཀྱེ་ཞེས་སོ། །བསྒྲུབ་བྱ་སོ་སོར་རྟོག་པའི་ཕྱིར་དུ་དེ་རྣམས་ཞེས་སོགས་གསུངས་ཏེ། ཐབས་ཤེས་སོ་སོ་བ་དང་དེ་གཉིས་དབྱེར་མེད་པའི་རྩ་གསུམ་གསུངས་པར་འཆད་དོ། །ཀུ་མུ་ཊི་ལས། རྡོ་རྗེའི་ལུས་ནི་ཀྱཻ་རྡོ་རྗེའི་ལུས་ལ་སྟེ་ཞེས་པ་ནི་འགྱུར་འཁྲུགས་པ་སྟེ། ཀྱཻ་ཞེས་པ་ནི་བོད་པའི་དོན་ཡིན་པའི་ཕྱིར་དང་། སྒྲུབ་པ་པོའི་ལུས་ལ་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །ཤཱནྟི་པས་ཤེས་རབ་རང་བཞིན་གྱིས་ཞེས་པ་གཙོ་བོར་ཟླ་བ་བརྒྱུ་བ་དང་། ཐབས་ཀྱི་ཞེས་པ་ནི་ཐབས་ཀྱི་ངོ་བོ་ཁྲག་བརྒྱུ་བ་དང་། རྣམ་རྟོག་བཏང་བས་ཨ་བ་དྷཱུ་ཏཱི་ནི་གཟུང་འཛིན་སྤངས་པ་སྟེ། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཙམ་འབབ་པ་དང་། ལཱ་ལ་ན་དང་ར་ས་ན་གཉིས་མགྲིན་པ་ནས་བཟུང་ནས་ལྟེ་བའི་ནང་གི་མཐའི་བར་གྱི་གཡོན་གཡས་ཀྱི་རྩ་ནི་ཟླ་བ་དང་ཉི་མ་ཞེས་བྱའོ། །ལྟེ་བའི་འོག་གི་སྐྱེ་གནས་ཀྱི་རྩ་གཉིས་ནི་ལ་ལ་ན་དང་ར་ས་ན་སྟེ། དང་པོ་ནས་མི་བསྐྱོད་པ་དང་། གཉིས་པ་ནས་གཙོ་བོར་ཁྲག་བརྒྱུའོ། །ཞེས་འཆད་དོ། །གཡས་གཡོན་གྱི་རྩ་གཉིས་རྒྱུར་བཤད་པ་ནི། དེ་གཉིས་སུ་རླུང་བརྒྱུ་བ་བཀག་པ་ནི་ལེགས་པའི་རྒྱུའོ། །དྷཱུ་ཏཱི་འབྲས་བུར་བཤད་པ་ནི་སྔ་མ་གཉིས་སུ་བཀག་པའི་སྟོབས་ཀྱིས་དྷཱུ་ཏཱིར་རླུང་ཚུད་པར་འབྲས་བུ་ཡིན་པའི་དོན་ཏེ། གཉིས་སུ་མེད་པའང་དེའོ། །མ་ནིང་གི་དོན་ནི། རྩ་གཞན་གཉིས་སྐྱེས་པ་དང་བུད་མེད་དུ་གྱུར་པའི་རླུང་གཉིས་


JLD011_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་སྟེ། མཐའ་གཉིས་དང་བྲལ་བའང་དེ་ཡིན་ལ། ཐབས་ཤེས་གཉིས་དབྱེར་མེད་ཀྱི་རྩར་བཤད་པའི་དོན་ཡང་དེ་ཡིན་ནོ། །དེ་ལྟར་ན་བྱང་སེམས་འཛག་པས་རྩ་སོ་གཉིས་འགེངས་པ་ལས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་སྐྱེ་ལ། དེའང་རོ་རྐྱང་ལས་བརྒྱུ་བའི་རླུང་བཀག་པའི་སྟོབས་ཀྱིས་དྷཱི་ཏཱིར་ཆུད་པ་ལས་གཏུམ་མོ་འབར་ཏེ་བྱང་སེམས་བཞུས་པ་ལས་འབྱུང་བར་སྟོན་པས། ཧེ་ཡིག་གི་དོན་རྒྱུད་ལ་བསྐྱེད་ཚུལ་ཐུན་མོང་མ་ཡིན་པ་སྟོན་པའི་དོན་དུ་གཟུང་ཞིག །མི་ཕྱེད་མ་ལ་སོགས་པ་སོ་གཉིས་ལ་རྐྱང་མ་སོགས་གསུམ་ནི་དེ་རྣམས་ཀྱི་ནང་ནས་གཙོ་མོ་གསུམ་དུ་བསྟན་ཅིང་། དབུས་དང་གཡས་གཡོན་དུ་གནས་པར་བཤད་པས། འཁོར་ལོ་བཞི་གང་གིའང་རྩ་འདབ་མིན་པས་འདིའི་བརྒྱད་ཚན་རེ་འཁོར་ལོ་རེ་རེའི་རྩ་འདབ་ཏུ་འདོད་པ་དང་། སྤྱི་བོའི་རྩ་འདབ་སོ་གཉིས་སུ་འདོད་པ་ནི་མི་རིགས་སོ། །སུམ་སྐོར་མ་ལ་སོགས་པ་ལྔ་ནི་སྙིང་གའི་དབུས་དང་ཕྱོགས་ན་གནས་པར་ཤཱནྟི་པ། ཨ་བྷྱ་ཀ་ར། བྷ་བ་བྷ་དྲ། རཏྣ་རཀྴི་ཏ་རྣམས་བཞེད་པ་ལྟར་ལེགས་སོ། །དེའི་ལྷག་མ་ཉེར་བཞི་ནི་ཡུལ་ཉེར་བཞིའི་རྩ་ཡིན་ནོ། །དེ་ལ་རྩ་རྣམས་ཀྱི་བྱ་བ་ནི། པུ་ལི་ར་མ་ལ་ཡ་ལ་སོགས་པར་བྱང་སེམས་འབབ་པར་བྱེད་པ་ནི་ཐུན་མོང་དང་། སོ་དང་སེན་མོ་འབབ་པ་སོགས་ནི་ཐུན་མོང་མ་ཡིན་པའོ། །མིང་ནི་མི་ཕྱེད་མ་སོགས་སོ། །ར་ནི་སྲིད་གསུམ་ཡོངས་གྱུར་ཅེས་པའི་དོན་ནོ། །སྲིད་པ་གསུམ་ནི་སྐུ་གསུམ་སྟེ་དེའི་གཟུགས་ཀྱི་གནས་པའི་རྩ་གསུམ་མོ། །ཐམས་ཅད་ནི་རྩ་སོ་གཉིས་སོ། །དེ་གསུམ་ཡོངས་སུ་གྱུར་པས་གནས་པ་ནི་སྐུ་གསུམ་ལ་


JLD011_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། ཐམས་ཅད་ཀྱང་ལུས་ངག་ཡིད་གསུམ་གྱི་ངོ་བོར་གནས་པའོ། །དོན་དམ་པ་ལས་ནི་དྷཱུ་ཏཱི་རང་བཞིན་ཏེ་དེས་ན་གཟུང་འཛིན་སྤངས་པའོ། །ཞེས་པདྨ་ཅན་ལས་བཤད་པ་ནི་ལྷག་མ་སོ་གཅིག་པོ་ཐམས་ཅད་ཀྱི་རླུང་དང་བྱང་སེམས་དྷཱུ་ཏཱིར་སྡུད་པ་ལ་དགོངས་སོ། །ཡང་ན་ཞེས་པ་ནི་དོན་དམ་པའི་ཚུལ་དེ་ལས་གཞན་དུ་ཡིད་ལ་བྱ་ཚུལ་སྟོན་ཏེ། ཐམས་ཅད་ཐབས་ཀྱི་ནི་ཞེས་པདྨ་ཅན་དུ་བསྒྱུར་བའི་སྟེང་ནས་བཤད་དེ། ཐམས་ཅད་ནི་རྩ་རྣམས་སོ། །ལྷ་མོ་བཅོ་ལྔའི་དངོས་པོའི་མཚན་ཉིད་དུ་བརྟག་པ་སྟེ་བསྒོམ་པར་བྱའོ། །ཐབས་ཀྱི་ཞེས་པ་ནི་སྔ་མའི་ངེས་དོན་ལ་བལྟོས་པའི་དྲང་དོན་ནོ། །ཅི་རྩ་འཁོར་འདི་ཁོ་ན་ཧེ་རུ་ཀ་བསྐྱེད་པའི་རྒྱུ་ཡིན་ནམ། འོན་ཏེ་རྒྱུ་གཞན་ཡང་ཡོད་ཅེ་ན། རྩ་འཁོར་ཙམ་དུ་མ་ཟད་སྡོམ་པའང་བཤད་པར་བྱའོ། །སྡོམ་པ་ལ་འདིས་སྡོམ་པའི་སྡོམ་ཐབས་དང་། འདིས་སྡོམ་པའི་སྡོམ་གཞི་གཉིས་ལས། ཕྱི་མ་ནི་རྡོ་རྗེའི་ལུས་སོ། །དེའི་དབྱེ་བ་ནི་ཁྱད་པར་ཏེ། འཆད་འགྱུར་གྱི་ལུས་ཡན་ལག་དང་ཉིང་ལག་གོ །སྡོམ་པའི་སྐད་དོད་སཾ་བྷ་ར་ལ་སཾ་མཾ་ཤཾ་ནི་བདེ་བ་དང་། བ་ར་ནི་མཆོག་ཡིན་པས། དེ་ལ་བསམས་ནས་ཀུ་མུ་ཊིར། སངས་རྒྱས་ཀུན་གྱི་བདེ་མཆོག་གི །བདེ་བ་སྡོམ་ཞེས་རྣམ་པར་བཤད། །སྒྱུ་མ་ཀུན་གྱི་སྦྱོར་བ་ཡིས། །སྡོམ་པ་དེས་ན་སྡོམ་པ་ཉིད། ཅེས་པ་དང་། །རྡོ་རྗེ་སྐྱེ་བ་མི་འདའ་བའི། །སྡོམ་པ་དམ་ཚིག་ཉིད་དུ་བརྗོད། །ཅེས་དྲངས་ཏེ། ཕྱི་མ་ནི་སྡོམ་པ་དམ་ཚིག་ཏུ་བྱས་ཏེ་སྒྲའི་དོན་བཤད་པའོ། །འདིར་གང་དུ་དང་གང་གིས་དང་གང་དང་ཇི་ལྟར་སྡོམ་པ་བཞི་དང་། སྡོམ་པ་རང་གི་ངོ་བོ་དང་ལྔས་ཤེས་པར་བྱའོ། །དེའི་དང་པོ་ནི་བཤད་ཟིན་ཏོ། །


JLD011_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི་འཆད་པར་འགྱུར་རོ། །གང་སྡོམ་པ་ལ་མང་དུ་ཡོད་པའི་ཐོག་མ་ཨཱ་ལི་ཞེས་སོགས་ལ། མུ་ཏིག་ཕྲེང་བར་ཉི་ཟླའང་ཡོད་ལ། ཀུ་མུ་ཊི་དང་། པདྨ་ཅན་དང་། བྷ་བ་བྷ་དྲའི་འགྲེལ་པར་དེ་གཉིས་མ་བྱུང་ངོ་། །ཨཱ་ལི་བཅོ་ལྔ་བསྡུས་པ་ལྟེ་བའི་ཨ་དང་། ཀཱ་ལི་སོ་བཞི་བསྡུས་པ་སྙིང་གའི་ཧཱུཾ་ནོར་བུའི་རྩེར་སོང་བ་སྟེ། རིམ་པ་བཞིན་ཟླ་ཉི་དང་། ཤེས་རབ་དང་། ཐབས་དང་། བདག་མེད་མ་དང་། ཧེ་རུ་ཀའི་རང་བཞིན་ནོ། །ཞེས་མུ་ཏིག་ཕྲེང་བར་བཤད་ཀྱང་། པདྨ་ཅན་ལས་ཨཱ་ལི་ཀཱ་ལི་ཉིད་ཐབས་དང་ཤེས་རབ་དག་སྟེ། དེ་དག་ཀྱང་ལ་ལ་ན་དང་ར་ས་ནའམ། ཡང་ན་ཙཎྜ་ལཱི་དང་གཞོམ་དུ་མེད་པ་དག་གོ །ཞེས་གསུངས་པ་ལྟར་རྩ་གཉིས་དང་ལྟེ་བའི་གཏུམ་མོ་དང་། སྤྱི་བོའི་ཧཾ་ཡིག་གིས་མཚོན་པའི་དོན་དཀར་དམར་གཉིས་སོ། །རྩ་གཉིས་སྡོམ་རྒྱུར་བཤད་པ་ལྟར་ན་སྡོམ་གཞི་ནི་དྷཱུ་ཏཱི་དང་སྡོམ་རྒྱུ་ནི་པདྨ་ཅན་ལས་ཟླ་བ་དང་ཉི་མ་དག་གི །སྣའི་བུ་ག་གཡས་དང་གཡོན་པ་དག་གི་རླུང་ངོ་། །དེ་ཉིད་ཨཱ་ལི་དང་ཀཱ་ལི་དག་སྟེ། ཞེས་གསུངས་པའི་རྩ་གཉིས་ནས་བརྒྱུ་བའི་རླུང་གཉིས་ལ་བྱའོ། །འདིར་སྡོམ་ཐབས་ནི་སྔར་བཤད་པའི་འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོ་བསྒོམ་པ་སོགས་ལུས་ལ་གནད་དུ་བསྣུན་པའི་ཐབས་རྣམས་སོ། །ཇི་ལྟར་སྡོམ་པ་ནི་རྩ་གཡས་གཡོན་ལ་རླུང་རྒྱུ་བ་བཀག་ནས་དྷཱུ་ཏཱིར་འཛུད་པའོ། སྡོམ་པའི་ངོ་བོ་ནི་རླུང་གཉིས་དབུ་མར་དང་པོར་རོ་གཅིག་ཏུ་བྱས་པ་དང་དེ་ནས་སྣ་བུག་ཏུ་འབྱུང་འཇུག་མི་བྱེད་པར་དེར་གནས་པར་བྱ་བ་དང་མཐར་རླུང་དེ་གཉིས་ཐིམ་པའོ། །འདིས་ནི། ཐབས་ཤེས་དབྱེར་མེད་ཀྱི་རྩ་དང་མ་ནིང་དང་། མཐའ་གཉིས་སྤངས་པ་སོགས་


JLD011_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཤེས་པར་བྱའོ། །དེ་ལྟར་བཤད་པ་ནི་རླུང་གི་དབང་དུ་བྱས་པའི་སྡོམ་པ་ཡིན་ལ། ཐིག་ལེའི་དབང་དུ་བྱས་པའི་སྡོམ་པ་ནི་རྩ་གཞན་ནས་བརྒྱུ་བའི་ཐིག་ལེ་གཉིས་དྷཱུ་ཏཱིར་བསྡུས་པ་དང་ལྟེ་བ་དང་སྤྱི་བོའི་དཀར་དམར་གཉིས་འདྲེས་པ་རྣམས་གསང་གནས་ཀྱི་རྩེར་འདུས་པ་སྟེ། འདི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་འདུས་པའི་དོན་འདྲེས་པར་གསུངས་པ་དང་འདྲའོ། །ཆོས་དང་ཞེས་པ་ནས་སུམ་ཅུ་རྩ་གཉིས་སོ་ཞེས་པའི་བར་གྱིས་ནི། སྡོམ་གཞིའི་དབང་དུ་བྱས་པ་ཤས་ཆེ་ལ། འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོ་བསྒོམ་པའི་སྒོ་ནས་བཤད་ན། སྡོམ་ཐབས་སུའང་འགྱུར་རོ། །འཁོར་ལོའི་གྲངས་ཀྱིས་བཞག་པའི་སྐད་ཅིག་མ་བཞི་དང་། དགའ་བ་བཞི་ནི་བསྡམས་པ་ལ་བརྟེན་ནས་འབྱུང་བའི་བདེ་བ་སྟེ། སྐད་ཅིག་མའི་ངོས་འཛིན་འོག་ནས་བཤད་པ་ལྟར་ན། རླུང་གཉིས་དྷཱུ་ཏཱིར་བསྡམས་པ་ལས་བྱུང་མ་བྱུང་ཅི་རིགས་སུ་ཡོད་ལ། དགའ་བ་བཞི་ལ་ནི་དེར་བསྡམས་པ་ལས་བྱུང་བ་ཤས་ཆེའོ། །སྐད་ཅིག་མ་བཞི་དང་དགའ་བཞི་འཁོར་ལོ་བཞི་ལ་མས་རིམ་གྱིས་བཞག་པ་ནི་མས་བརྟན་གྱི་དབང་དུ་བྱས་སོ། །བདེན་པ་བཞི་དང་དེ་ཁོ་ན་ཉིད་བཞི་དང་། སྡེ་པ་བཞི་འཁོར་ལོ་བཞི་ལ་བཞག་པ་ནི་ཕྱི་མ་ནི་འཁོར་ལོ་བཞི་དང་ཆོས་མཐུན་ཡོད་པས་མིང་བཏགས་པར་འོག་ནས་འཆད་ལ། དེ་ལྟར་བཤད་པའི་དགོས་པ་ནི། བདེན་པ་བཞི་ཡོན་ཏན་སྐྱེ་བའི་རྟེན་ཡིན་པ་བཞིན་དུ། འཁོར་ལོ་བཞིའང་དེ་ལྟར་གོ་བའི་ཕྱིར་དུ་ཡིན་ཏེ། ཐེག་པ་གཞན་གྱི་ཡོན་ཏན་ཐམས་ཅད་ལམ་འདི་ལ་འདུ་བ་ཤེས་པའི་ཕྱིར་དུའོ། །བདེན་པ་བཞི་ནི་ཡུལ་ཙམ་མིན་གྱི་ཤེས་སྤོང་མངོན་དུ་བྱེད་སྒོམ་པ་དེ་འཁོར་ལོ་


JLD011_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་བཞག་པའང་སྔ་མ་དང་འདྲའོ། །དེ་ཁོ་ན་ཉིད་བཞིར་འཇོག་ཚུལ་ནི། པདྨ་ཅན་ལས་ཐུགས་རྡོ་རྗེ་དེ་ཉིད་བདག་གི་རང་བཞིན་དང་། ལྷའི་རྣམ་པ་ལོངས་སྐུ་སྒྱུ་མ་ལྟ་བུའི་རང་བཞིན་དང་། དེ་ཉིད་ཤེས་པ་དང་འགྲོ་བ་སྐྱོབ་པའི་རང་བཞིན་དང་། གཉིས་མེད་ཀྱི་བདེ་བ་ཆེན་པོ་རང་རིག་པའི་ཚུལ་གྱིས་རིམ་པ་བཞིན་དེ་ཁོ་ན་ཉིད་བཞི་དང་། དེ་ཉིད་ཆུང་འབྲིང་ཆེན་པོ་ཆེན་པོ་ཆེན་པོའི་ཆེན་པོའི་དབྱེ་བས་དགའ་བཞིར་བཤད་ལ། ཐུགས་རྡོ་རྗེ་དེ་ཉིད་སྡུག་བསྔལ་ལ་སོགས་པའི་ཚུལ་གྱིས་ཤེས་པར་བྱའོ། །ཞེས་གསུངས་པ་ནི་དེ་ཉིད་སྡུག་བསྔལ་ཤེས་པ་སོགས་སུའང་འཇོག་པའི་དོན་ནོ། །བདེན་བཞི་མས་རིམ་ནས་བཞག་པའང་བདེན་བཞིའི་རིམ་པ་དང་། མས་བརྟན་གྱི་རིམ་པ་གཉིས་འདྲ་བ་ཙམ་མོ། །དེ་ཉིད་བཞི་མས་རིམ་ནས་བཞག་པའང་དེ་དང་འདྲ་བར་བྱའོ། །དེ་ལྟར་ཐམས་ཅད་བཞིའོ་ཞེས་པ་ནི་སྔར་བཤད་པ་སོགས་ཀྱི་བཞི་ཚན་རྣམས་འཁོར་ལོ་བཞི་ལ་འཇོག་པའི་དོན་ཡིན་ལ། སྐབས་ནི་དགེ་འདུན་ཕལ་ཆེན་པ་ཞེས་པའི་མཇུག་ཐོགས་སུ་འཇོག་པར་མུ་ཏིག་ཕྲེང་བ་ལས་འཆད་པ་ལྟར་རམ། ཡང་ན་དབྱུ་གུ་དང་ཐུན་ཚོད་དང་འཕོ་བ་དང་ཆུ་ཚོད་ཀྱི་རླུང་བརྒྱུ་བ་རྣམས་འཁོར་ལོ་བཞི་ལ་མས་རིམ་ནས་སྦྱར་རོ། །ཟླ་ཉི་ཞེས་སོགས་བཞི་དང་། ཐབས་ཤེས་ཞེས་པ་འདི་རྣམས་སྐབས་ཐོབ་ཀྱིས་དོན་དུ་མ་ཞིག་ལ་འགྲོ་མོད་ཀྱང་། སྡོམ་པའི་དབྱེ་བའི་སྐབས་འདིར་ནི་རྩ་གཉིས་དང་དེ་ནས་བརྒྱུ་བའི་རླུང་གཉིས་དང་། ཁམས་དཀར་དམར་གཉིས་ལ་ཅི་རིགས་པར་བཤད་དགོས་ལ། སྐབས་འདིར་ནི་རྩ་དང་རླུང་ངོ་། །སྣ་སྒོར་བརྒྱུ་


JLD011_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉིན་ཞག་གཅིག་གི་རླུང་ལ། ཉིན་མཚན་གཉིས་ཀྱི་རེ་རེ་ལ་ཐུན་བཞི་བཞི་སྟེ་ཐུན་བརྒྱད་དང་། དེ་ཕྱེད་མར་བྱས་པའི་འཕོ་བ་བཅུ་དྲུག་དང་། དེ་ཉིས་འགྱུར་གྱི་ཆུ་ཚོད་སོ་གཉིས་དང་། དེ་ཉིས་འགྱུར་གྱི་དབྱུ་གུ་རེ་བཞིར་བཤད་དེ་འཁོར་ལོ་བཞིའི་རྩ་འདབ་ནས་བརྒྱུ་བའི་རླུང་གི་གྲངས་དང་ཡང་སྦྱར་རོ། །འདིར་རླུང་བཤད་པ་ལ་ཉམས་ལེན་བྱ་ཐབས་ནི། མུ་ཏིག་ཕྲེང་བ་ལས་མཛོད་འགྲེལ་ནས་བཤད་པ་ལྟར་གྱི་བགྲང་བ་སོགས་བྱས་ནས། རླུང་ལས་རྒྱལ་བར་བྱེད་པ་ལ་བཤད་དོ། །འདི་འདྲ་བའི་བཤད་པ་རྣམས་ནི་ཡུལ་ཅན་ཁྱད་པར་ཅན་ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་བསྒོམ་པ་ལམ་འདིའི་གཞན་ལ་མེད་པའི་ཁྱད་ཆོས་སུ་འགྲོ་བའི་ཚུལ་གྱིས་བཤད་སྲོལ་ལ་མ་བརྟེན་པའི་རྒྱུ་མཚན་གྱིས་བྱུང་བའོ། །དེ་ནས་འདིར་རླུང་བཤད་པ་ལ་ཉམས་ལེན་ཇི་ལྟར་བྱེད་པ་ནི་ལྟ་སྟངས་ཀྱི་ལེའུར་དབྱུང་བ་སོགས་བཞི་བཤད་པ་དང་། བཤད་པའི་རྒྱུད་སཾ་བྷུ་ཊི་ལས། འཕོ་བའི་སྐབས་སུ་བུམ་པ་ཅན་བཤད་པ་ལྟར་དང་། དེར་རླུང་བཞི་བཤད་པ་ལ་བརྟེན་ནས་རྡོར་བཟླས་བྱེད་པར་མན་སྙེར་བཤད་པ་ལྟར་ཤེས་དགོས་ཏེ། འདིར་རླུང་བསྒོམ་པ་ནི་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པའི་ཕྱིར་ཡིན་ལ། ཐེག་པ་ཐུན་མོང་གི་རླུང་བགྲང་བ་སོགས་ལ་ནི་ཅི་ཙམ་ཞིག་འབད་ཀྱང་། བདེ་གསལ་མི་རྟོག་པ་ཞེས་གྲགས་པའི་སེམས་གནས་ཐུན་མོང་བ་ཙམ་ལས་བསྐྱེད་མི་ནུས་པའི་ཕྱིར་རོ། །སྡོམ་པའི་དབྱེ་བ་ལ་པདྨ་ཅན་ལས། དེ་ཉིད་བདེ་བ་ཆེན་པོའི་མཆོག་གི་དབྱེ་བ་བཤད་པར་བྱ་བ་ནི། དབྱེ་བའི་མཚན་ཉིད་དོ་ཞེས་གསུངས་པས། སྡོམ་གཞི་རྡོ་རྗེའི་ལུས་ཁོ་ན་ལ་མི་གཟུང་བར་ལྷན་


JLD011_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཀྱི་བདེ་ཆེན་ཡང་སྡོམ་གཞི་དང་སྡོམ་པའི་ངོ་བོ་གཉིས་ཀ་ལ་བཤད་དེ། ཀུ་མུ་ཊིར་སྡོམ་པ་བདེ་ཆེན་ལ་མཛད་པའི་ཁུངས་དྲངས་པ་དང་ཡང་འདྲའོ། །སྡོམ་གཞི་དེར་གང་སྡོམ་པ་ནི་སྐད་ཅིག་མ་བཞི་ལ་སོགས་པ་སྔར་པདྨ་ཅན་ལས་བཤད་པ་ལྟར་སྡོམ་པ་སྟེ། འཁོར་ལོ་བཞི་ཙམ་ཞིག་སྡོམ་གཞིར་མི་གཟུང་ངོ་། །བླ་མ་འགའ་ཞིག་གིས་བཤད་པ་ལ་འདིའི་སྡོམ་པའི་དབྱེ་བ་བཤད་པའི་དགོས་པ་དངོས་གཞི་ནི་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་རྩ་དང་འཁོར་ལོ་ལ་སོགས་པར་བསྡུས་པའི་སྤྲོས་པ་བཅད་པས་ལམ་ལ་ཐེ་ཚོམ་སེལ་ལོ་ཞེས་པ་དང་། ཡང་འགའ་ཞིག་སྡོམ་པའི་དབྱེ་བ་སྟོན་པའི་གཞུང་རྣམས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་རྣལ་འབྱོར་པ་རང་གི་ལུས་སེམས་གཉིས་ལ་ཚང་བར་བསྟན་ནས་དེ་ཤེས་པའི་ཆེད་ཡིན་ལ། ཤེས་ནས་ཀྱང་ཨཾ་ནས་པ་དང་རྫོགས་ཆེན་གྱི་ལྟ་བའི་དོན་དེ་ཤེས་ནས་ཅིའང་བྱ་མི་དགོས་ཟེར་བ་ལྟར་དང་། རང་ལ་དེ་རྣམས་ཚང་བས་ཅིའང་བྱ་མི་དགོས་པར་སྟོན་པ་མིན་གྱི། ཚང་བའི་རྒྱུ་མཚན་གྱིས་བསྒོམ་དུ་བཏུབ་པ་ཡིན་ཟེར་མོད་ཀྱང་། སྔར་བཤད་པ་ལྟར་གྱི་དྷཱུ་ཏཱིར་སྡོམ་ལུགས་དེ་ཧེ་ཡིག་གིས་མཚོན་པའི་དོན་སྙིང་རྗེ་ཆེན་པོ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པས། ཡེ་ཤེས་དེ་ལུས་ལ་གནད་དུ་བསྣུན་པ་ལས་སྐྱེ་བར་བཤད་པའི་དོན་ཉིད། སྡོམ་པའི་དབྱེ་བས་འཆད་པ། གནད་ཀྱི་དོན་མ་ཤེས་པ་ཡིན་པས། སྐབས་ཀྱི་དོན་སྟོར་བའི་བཤད་པའོ། །དེ་ནས་བདུད་རྩི་འོད་ལས། རྣལ་འབྱོར་མ་ནི་བདག་མེད་མའི། །སྡོམ་པའི་དབྱེ་བ་བཤད་པར་


JLD011_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ལྟེ་བར་ཕྱག་རྒྱ་ཆེན་པོ་གནས། །རྟག་ཏུ་བདེ་བ་ཆེན་པོ་འཛག །རྣོ་ཕྱིར་མེ་ཡི་གཟུགས་སུ་ནི། །འབར་བཅས་རྣམས་ལ་མ་མོ་ཁྱོད། །དང་པོ་དབྱངས་ཡིག་རང་བཞིན་ཏེ། །བློར་ནི་མཁས་པ་རྣམས་ཀྱིས་བརྟགས། །འཇིག་རྟེན་གསུམ་དུ་ཁྱབ་པ་ནའང་། །སོ་སོའི་སྐྱེ་བོས་མི་ཤེས་སོ། །བདག་མེད་ལུས་ཀྱི་ནང་གནས་པ། །གཞོམ་མེད་ཁ་ནི་འོག་ཏུའོ། །རྟག་ཏུ་བྱང་ཆུབ་སེམས་ཉིད་ཀྱི། །རྒྱུན་མི་འཆད་པའི་སྦྱོར་བས་འཛག །དེ་ཕྱིར་ལུས་ལ་རྩ་རྣམ་གསུམ། ཞེས་གསུངས་ཤིང་། དེ་ནས་རྐྱང་མ་ཤེས་རབ་རང་བཞིན་གྱིས། །ཞེས་སོགས་གསུངས་པའི་མཐར། ཉིན་མཚན་ཀུན་ཏུ་ལྷན་སྐྱེས་སྐྱེ་བ་དེ་བཟའ་བ་སྟེ་ལོངས་སྤྱོད་པར་གསུངས་པས། སྡོམ་ཐབས་ནི་གཏུམ་མོ་བསྒོམ་པ་ཡིན་ལ། སྡོམ་ལུགས་ནི་དེ་བསྒོམས་པས་རླུང་གཉིས་དྷཱུ་ཏཱིར་སྡོམ་པ་འདིའི་གནད་དུ་བཟུང་དགོས་སོ། །ལྟེ་བར་གཏུམ་མོ་ཞེས་སོགས་ཀྱིས་ནི། སྔར་བཤད་པ་ལྟར་རླུང་གཉིས་དྷཱུ་ཏཱིར་བསྡམས་པ་ན། ལྟེ་བའི་གཏུམ་མོ་འབར་ནས་སྤྱི་བོའི་ཧཾ་ལས་རི་བོང་ཅན་ཀུནྡ་ལྟ་བུའི་བྱང་སེམས་འཛག་པར་གསུངས་ཏེ། དེ་གསང་གནས་ཀྱི་རྩེར་ཕབ་པ་མི་འཕོ་བར་བཅིངས་པ་ལས། ཧེ་ཡིག་གི་དོན་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པ་བསྒོམ་པ་ནི། དངོས་སུ་མེད་ཀྱང་ཤུགས་ཀྱིས་ཤེས་ནུས་ལ། དེའང་བདག་མེད་པའི་དེ་ཁོ་ན་ཉིད་ཕུ་ཐག་ཆོད་པར་ངེས་པའི་ལྟ་བ་དང་སྦྱར་ནས་བསྒོམ་དགོས་པ་ནི། སྔར་གྱི་བཛྲའི་དོན་དུ་བཤད་པ་དང་། མཚན་བསྡུས་པའི་དོན་དྲིས་པའི་ལན་གྱིས་དང་། དངོས་པོའི་འཆིང་བས་འཆིང་བ་དང་།


JLD011_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡོངས་སུ་ཤེས་པས་གྲོལ་བར་གསུངས་པས་ཤེས་དགོས་སོ། །གཞུང་འདིས་ནི་གསང་བ་ལས་རྒྱ་དང་། ནང་ལུས་ཀྱི་བྷ་ག་ལ་བརྟེན་པའི་ལུས་ལ་གནད་དུ་བསྣུན་པའི་ཐབས་གང་བྱས་ཀྱང་བདེ་བ་སྐྱེ་ལུགས་ནི། ལྟེ་བའི་གཏུམ་མོ་འབར་བའི་མཐུས་སྤྱི་བོ་ནས་བྱང་སེམས་ཕབ་པ་ལས་ཡིན་པར་སྟོན་ལ། འོན་ཀྱང་འདི་ལ་བརྟེན་ནས་ནང་ལུས་ཀྱི་རྡོ་རྗེ་བཙུན་མོའི་བྷ་ག་རྩ་འཁོར་བཞི་ལ་བརྟེན་པའི་གཏུམ་མོ་བསྒོམ་པར་སྟོན་པ་ཡང་། ཌོམ་བི་པ་དང་མི་ཐུབ་ཟླ་བས་བཤད་པས་དེའང་ཤེས་དགོས་སོ། །ཀུ་མུ་ཊི་ལས་ཚིག་དོན་མ་བཤད་ལ། པདྨ་ཅན་ལས་གཏུམ་པ་ནི་ཉོན་མོངས་རྩད་ནས་འབྱིན་པའོ། །འབར་བ་ནི་མཆེད་པས་ཏེ་སྣང་བར་བྱེད་པའི་བར་དུའོ། །ཨཱ་ལི་ཞེས་པ་ནི་རི་མོའོ། །འདི་རྒྱ་དཔེ་ལ་ཙཎྜ་ལཱི་ཞེས་ཡོད་པའི་དོན་ཡིན་ཞེས་བོད་ཁ་ཅིག་ཟེར་བ་ལྟར་ཡིན་ནོ། །དེ་ལྟར་ན་སྔར་གཏུམ་མོའི་དོན་བཤད་པ་ནི་བྱེད་ལས་ཀྱི་སྒོ་ནས་ཡིན་ལ། འདིར་ནི་ཁྲག་རྡུལ་གྱི་རི་མོ་སྟེ་རང་གི་ངོ་བོའི་སྒོ་ནས་སོ། །ལྟེ་བ་ནི་བདེ་ཆེན་གྱི་པདྨའི་ལྟེ་བ་ལ་བཤད་པ་ནི། གང་ནས་འབར་བའི་ལྟེ་བ་ནི་གྲགས་པ་ལྟར་གྱི་ལྟེ་བ་ཡིན་ཡང་། དེར་ཡོད་པའི་རྡུལ་གྱི་རི་མོ་དེ་ཇེ་ཆེར་འཕེལ་བ་སྟེང་དུ་རིམ་གྱིས་གྱེན་དུ་སོང་བ་ཧཾ་ཡིག་གི་གནས་སུ་སླེབ་དགོས་པས། དེ་ལ་དགོངས་པའམ་ཡང་ན་ལྟེ་བ་ཞེས་པ་ཧཾ་འཛག་པའི་གནས་ལ་སྦྱོར་བའོ། །བསྲེགས་པ་ནི་ངོ་བོ་ཉིད་མེད་པར་བྱས་པ་ཡིན་ལ། དེའང་གཤེགས་པ་ཕུང་པོ་ལྔ་དང་། སྤྱན་སོགས་འབྱུང་བ་བཞིའོ། །གང་དུ་བསྲེགས་ན་


JLD011_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྲེགས་པ་སྟེ་བདག་ཏུ་འཛིན་པ་བསྲེགས་པའི་ཚེ་ནའོ། །ཞེས་བཤད་དེ། བསྲེགས་པའི་དོན་ནི་ཕུང་ཁམས་ཀྱི་རྟོག་པ་དང་བདག་འཛིན་བཅོམ་པའོ། །དེ་ལྟར་ན་ཞུས་པའི་གཙོ་བོའི་དོན་རྗེ་བཙུན་ཆེས་ཤིན་ཏུ་གསང་བ་སྐུ་གསུང་ཐུགས་ཀྱི་སྙིང་པོའི་དོན་ཡིན་ལ། དེ་ཉིད་ནི་ཧེ་དང་བཛྲ་སོ་སོར་ཕྲལ་ནས་ཞུས་པའི་དོན་གཉིས་མེད་དུ་སྦྱོར་བ་མིང་བསྡུས་པའི་དོན་དྲིས་པའི་ལན་ཡིན་ཞིང་དེ་ཉིད་བཤད་བྱར་ཞལ་གྱིས་བཞེས་པའི་དོན་འཆད་པ་ན། ལྟ་སྟངས་ཞེས་སོགས་ཀྱི་བརྟག་པ་དང་པོའི་དོན་མདོར་བསྟན། ཧེ་རུ་ཀ་ནི། ཞེས་པ་ནས་ཧེ་རུ་ཀ་བསྒོམ་བྱ། ཞེས་པའི་བར་གྱིས་བཛྲའི་དོན་མེད་ན་འཁོར་བ་ལས་འདའ་མི་ནུས་པས་དེ་ངེས་པར་བསྒོམ་དགོས་པར་བསྟན། དེ་ནས་དོན་དེ་ཧེའི་དོན་ལྷན་སྐྱེས་ཀྱི་བདེ་བའི་ཡེ་ཤེས་ཆེན་པོས་མ་བསྒོམས་ན་དོན་སྔ་མ་ཙམ་ཞིག་བསྒོམས་ཀྱང་སྲིད་པ་ལས་གྲོལ་བ་ཙམ་དང་། ཡང་ཐེག་པ་འདིར་བཤད་པའི་ལྷའི་འཁོར་ལོ་དང་། ཐེག་པ་གཞན་ནས་སྦྱིན་སོགས་ཀྱི་ཐབས་རྒྱ་ཆེན་པོ་དང་བཅས་པར་བསྒོམས་ཀྱང་ཚེ་གཅིག་གིས་བླ་མེད་ཀྱི་བྱང་ཆུབ་མི་འགྲུབ་པས་བདེ་སྟོང་སྦྱར་དགོས་ལ། དེའི་བདེ་ཆེན་ལུས་ལ་གནད་དུ་བསྣུན་པ་ལས་བསྐྱེད་དགོས་པར་ལུས་ལ་ཞེས་སོགས་ཀྱིས་བསྟན་ཏོ། །དེ་ནས་ལུས་ལ་གནད་དུ་བསྣུན་པ་ཞུས་པའི་ལན་དུ་དེའི་གཙོ་བོ་རྩ་སོ་གཉིས་དང་དེའི་ནང་ནས་གཙོ་མོ་གསུམ་དང་། དེ་ལས་ཀྱང་གཙོ་མོ་མཐར་ཐུག་པ་ཞིག་བསྟན་པས་དྷཱུ་ཏཱི་ལ་བརྟེན་ནས་ལྷན་སྐྱེས་འཆར་དགོས་པར་བསྟན། དེ་ནས་རྩ་སོ་གཉིས་ཀྱི་མིང་དང་རྩ་རྣམས་


JLD011_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་ཡིད་ལ་བྱ་ཚུལ་གཉིས་བསྟན། དེ་ནས་དྷཱུ་ཏཱིར་གནད་དུ་བསྣུན་པས་ལྷན་སྐྱེས་འཆར་བ་ལ། དེར་སྡོམ་ཚུལ་འཕྲོས་དང་བཅས་པ་བསྟན། དྷཱུ་ཏཱིར་གཡས་གཡོན་གྱི་སྲོག་བཅིངས་པ་ལ་བརྟེན་ནས་བདེ་བ་བསྐྱེད་ཚུལ་ནི། ལྟེ་བ་ཞེས་སོགས་ཀྱིས་བསྟན་ལ། འདིར་དངོས་སུ་འབར་འཛག་ལས་མ་བཤད་ཀྱང་དེ་ལ་བརྟེན་ནས་ཡས་བབས་ཀྱི་དགའ་བཞི་དང་། མས་བརྟན་གྱི་དགའ་བཞི་བསྐྱེད་ཚུལ་ནི། བཤད་རྒྱུད་ཕྱག་ཆེན་ཐིག་ལེ་ལས་ཤིན་ཏུ་གསལ་བར་བསྟན་ལ། དེ་འདྲ་བའི་ཡས་མར་གྱི་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ནས་སྙིང་པོ་ཀྱཻ་རྡོ་རྗེའི་དོན་བསྒོམ་དགོས་པ་འདི་དང་། རོ་རྐྱང་གི་རླུང་དྷཱུ་ཏཱིར་སྡོམ་པའི་ཐབས་མང་དུ་ཡོད་ཀྱང་། ལུགས་འདི་ལ་ལམ་འདིས་གྲུབ་པ་བརྙེས་པའི་བདག་ཉིད་ཆེན་པོ་ཡན་ལག་མེད་པའི་རྡོ་རྗེ་དང་ཌོ་བི་ཧེ་རུ་ཀ་དང་། མཚོ་སྐྱེས་རྡོ་རྗེ་སོགས་ཀྱིས་གཏུམ་མོའི་སྒོམ་རིམ་གཙོ་བོར་བཤད་པ་འདིའི་གནད་ལ་ངེས་པ་རྙེད་པ་ནི་ཀྱཻ་རྡོ་རྗེའི་ལེའུ་དང་པོར་བརྟག་པ་སྔ་ཕྱིའི་གནད་བསྡུས་ནས་བསྟན་པ་གཞུང་ལྷག་མའི་བཤད་པ་རྣམས་ཀྱི་མི་འཕྱུགས་པའི་གཟེར་འདེབས་ཡིན་པས། ལེགས་པར་བཤད་པའི་སྙིང་པོ་བསྡུས་པར་ཤེས་པར་གྱིས་ཤིག །རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་ལྷན་སྐྱེས་ཀྱི་ཧེ་རུ་ཀའོ། །དེའི་རིགས་ནི་དེ་བསྐྱེད་པའི་གནས་ཏེ་རྒྱུ་ཡིན་ལ། དེའང་གཞུང་འདི་ཡིས་གསལ་བར་བྱེད་པ་ལ་ལེའུ་ཞེས་བྱ་སྟེ་ཡོངས་སུ་བཅད་པའོ། །དང་པོ་ནི། གཉིས་པ་སོགས་ལ་ལྟོས་ནས་སོ། །དེ་ནི་པདྨ་ཅན་གྱི་


JLD011_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པའོ། །ཀུ་མུ་ཊིར་རྡོ་རྗེ་ནི་བདེ་སྟོང་སྦྱར་བའི་བྱང་ཆུབ་ཀྱི་སེམས་དང་། རིགས་ནི་དང་པོའི་རུས་ཏེ། ཨཱ་ལི་དང་ཀཱ་ལི་ཞེས་བཤད་པ་ནི་ཨཱ་ལི་བསྡུས་པའི་ཨ་ཐུང་གི་ངོ་བོ་གཏུམ་མོ་དང་། ཀཱ་ལི་བསྡུས་པའི་ཧཾ་ཡིག་གི་ངོ་བོ་ཀུནྡ་ལྟ་བུའི་འབར་འཛག་སྟེ། དེ་ནི་སྔ་མའི་རྒྱུའོ། །ལེའུ་ནི་བཤད་པའི་གཞུང་ལས་བཤད་དོ། །སྔགས་ཀྱི་ལེའུ་སྟོན་པའི་འགྲེལ་པ་ནི་ཀུ་མུ་ཊིར། གླེང་གཞིའི་ཡི་གེ་བཞིས་མཚོན་པའི་རྩའི་འཁོར་ལོ་རྟོགས་པའི་ཕྱིར་དུ་གསུངས་པར་བཤད་དེ། རྩ་འཁོར་ལ་དགོད་པའི་སྔགས་བསྟན་པར་འདོད་པའི་ལུགས་སོ། །ལེའུ་དང་པོར་བཤད་པའི་ཐུགས་རྡོ་རྗེ་དེ་ཉིད་སྔགས་ཀྱི་གཟུགས་ཀྱིས། སྣ་ཚོགས་པའི་དོན་བྱེད་པར་ནུས་སོ། ཞེས་བསྟན་པའི་ཕྱིར་དུ་གསུངས་པར་པདྨ་ཅན་ལས་སོ། །འདིར་བཤད་རྒྱུད་ཀྱི་དོན་ནག་པོ་སྤྱོད་པས། སྔགས་བཏུ་བ་རྫོགས་རིམ་དང་སྦྱར་བ་གསུངས་པས་དེ་ལྟར་བྱེད་ན། ཀུ་མུ་ཊིར་དྲངས་པ་ལས། ཨཱ་ལི་ཀཱ་ལི་གཉིས་ནི་སྔགས། །ཡང་ན་དེ་ལས་གང་བཏུས་པ། །ཞེས་པ་ལྟར་སྔགས་བཏུ་བའི་གཞི་དབྱངས་གསལ་དང་། དེ་ལས་བཏུས་པ་གཉིས་སོ། །དེའང་རྩ་འཁོར་གྱི་དབུས་ཀྱི་ཡི་གེ་བཞི་དང་། འདབ་མ་ལ་བཀོད་པའི་ཡི་གེ་སྟེ། གཏུམ་མོ་བསྒོམ་པ་ལ་སྦྱར་རོ། །བཏུས་པའི་བཟླས་པའི་སྔགས་རྣམས་ཀྱི་ངེས་དོན་གྱི་དབང་དུ་བྱས་ནས། རྡོ་རྗེའི་བཟླས་པ་ལའང་སྦྱར་རོ། །དེ་དག་གི་ནང་ནས་ཀྱང་གཙོ་བོ་ནི་ཨ་ཐུང་ཡིན་ལ། དེའང་ལྟེ་བའི་དབུས་སུ་གནས་པ་ལ་སཾ་བྷུ་ཊི་ལས་བཤད་ཅིང་དེ་ལ་བསྔགས་པ་མང་དུ་མཛད་དོ། །པདྨ་ཅན་ལས་ཀྱང་། ལྷ་ཡི་དང་། སྔགས་


JLD011_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དང་། རིགས་ཀྱི་ལེའུ་གསུམ་གྱིས་དབྱིབས་དང་། སྔགས་དང་ཆོས་ཀྱི་རྣལ་འབྱོར་གསུམ་བསྟན་པར་བཤད་ལ། བར་བ་ནི་རྡོར་བཟླས་ལ་མཛད་པ་མང་ངོ་། །མུ་ཏིག་ཕྲེང་བ་སོགས་སུ་དོན་བྱེད་རྣམ་མང་དང་། རེངས་པ་ནས་མངོན་སྤྱོད་ཀྱི་བར་རྣམས་འཆད་པར་བཤད་དོ། །སྔགས་ནི་སྙན་གསན་འབེབས་པ་དང་། དེ་ཁོ་ན་ཉིད་བསྐུལ་བ་ཡིན་ལ། དེ་ལས་ལྷ་བསྒོམ་པ་དང་མཆོད་པ་དང་རབ་གནས་དང་སྦྱིན་སྲེག་དང་དཀྱིལ་འཁོར་དང་ལས་ཚོགས་ཀུན་ལ་གཏོར་མ་སྔོན་དུ་འགྲོ་བས་ཐོག་མར་གཏོར་སྔགས་གསུངས་སོ། །ༀ་ནི་བཀྲ་ཤིས་པ་དང་དམ་བཅའ་བ་སོགས་ཀྱི་དོན་ནོ། །ཨ་ཀ་རའི་ཀ་ར་ནི་ཡི་གེ་ལའང་འཇུག་པའི་དབྱངས་ཡིག་གོ །མུ་ཁཾ་ནི། ཁ་དང་གདོང་དང་སྒོ་ལའང་འཇུག་པ་ལས། འདིར་སྒོ་སྟེ་དང་པོའི་སྒོའོ། །ཨ་ཡིག་དེ་ལས་ཡི་གེ་ཐམས་ཅད་འབྱུང་བས་ཡི་གེ་རྣམས་ཀྱི་སྒོའོ། །དེའི་ཕྱིར་མཆོག་ཏུ་གསུངས་ཏེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་སྡེ་ཚན་འདྲེན་པ་ཉིད། །ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི། །དེ་ཉིད་ལས་ནི་ཡང་དག་འབྱུང་། །ཞེས་སོ། །དེ་ལས་ཡི་གེ་གཞན་རྣམས་འབྱུང་དུ་ཆུག་ཀྱང་། ཇི་ལྟར་དང་པོ་ཡིན་ཞེ་ན། སརྦ་སོགས་ཀྱིས་གཏན་ཚིགས་སྟོན་ཏེ། སརྦ་དྷརྨཱ་ཎཱཾ་ནི་ཆོས་ཐམས་ཅད་དོ། །ཨ་དྱཱ་ནུད་པནྣ་ཏྭཱ་ད་ནི་གདོད་མ་ནས་སྐྱེ་བ་མེད་པ་ཉིད་དོ། །ཞེས་པས་ཏེ། ཨས་ནི་སྐྱེ་བ་མེད་པ་མཚོན་ཏེ། དེ་ཕྱིར་དེ་འགྲུབ་བྱེད་པའི་སྔགས། །ངེས་པར་གང་ཡང་ཡོད་མ་ཡིན། །སྐྱེ་བ་མེད་པའི་རང་བཞིན་ཕྱིར། །སྔགས་ཀྱི་


JLD011_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་ཚན་དབང་ཕྱུག་མཆོག །ཅེས་སོ། །འབྱུང་བོ་ནི་འགྲོ་བ་དྲུག་དང་། གཏོར་མ་ནི་མཆོད་པ་དང་དེ་བྱིན་གྱིས་རློབ་པའི་སྔགས་སུ་ཀུ་མུ་ཊིར་བཤད་དོ། །པདྨ་ཅན་ལས་སྐྱེ་མེད་དང་དབྱེར་མེད་པའི་བདེ་ཆེན་གྱི་ངོ་བོར་མོས་ནས་རྨི་ལམ་དང་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ཚིམ་པར་བྱ་བའི་ཕྱིར་དུ་གཏོར་མ་སྦྱིན་པར་གསུངས་པས། གཏོར་མ་འབུལ་སྔགས་སུའང་བྱའོ། །ཡི་གེ་གསུམ་གྱིས་ནི། སྒོ་གསུམ་བྱིན་གྱིས་བརླབ་པར་བཤད་པ་ནི་རང་དང་མགྲོན་གཉིས་ཀྱིའོ། །ཕཊ་ནི་གདུག་པ་ཅན་ཟློག་པར་བྱེད་པ་དང་། སྭཱཧཱ་ནི་སྒོ་གསུམ་དེ་ཁོ་ན་ཉིད་དུ་ཞི་བར་བྱེད་པར་བཤད་དོ། །མུ་ཏིག་ཕྲེང་བར། འབྱུང་བོ་ནི་དབང་པོ་ལ་སོགས་པ་འཁོར་བཅས་དང་། སརྦ་དྷརྨཱ་ཎཱཾ་ནི་མཆོད་བྱེད་སོགས་ཀྱི་འཁོར་གསུམ་དང་། ཡི་གེ་གསུམ་གྱིས་རང་དང་མགྲོན་གྱི་སྒོ་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་དང་མཉམ་པ་ཉིད་དུ་བྱེད་པ་ལ་བཤད་དོ། །དེ་བཞིན་གཤེགས་པ་ལ་རིགས་མཐའ་ཡས་ཀྱང་རིགས་ཐམས་ཅད་སྡུད་པ་ནི། རྣམ་སྣང་ལ་སོགས་པ་ལྔ་ཡིན་ལ། དེ་དག་གི་ས་བོན་བྷྲཱུཾ་ལ་སོགས་པ་ནི། དེ་དག་སྟོན་པ་དང་བསྐྱེད་པའི་སྔགས་སོ། །གཏོར་མའི་རྗེས་སུ་བྷྲཱུཾ་ལ་སོགས་པ་བསྟན་པ་ནི། གཏོར་མའི་རྫས་རྣམས་བི་ར་ཤུ་མ་མུའི་དོན་གྱིས་བདག་ཉིད་ལྔར་བྱ་བའི་དོན་དུ་བྷ་བས་བཤད་དེ། སྐབས་དུ་མ་ཞིག་ལ་འཁྱེར་དགོས་སོ། །རྒྱུད་འདི་ལ་ཕྱག་བཅུ་དྲུག་པ་གཙོ་བོ་ཡིན་པས། འདིའི་སྔགས་སྔོན་དུ་གསུངས་པ་དེ་བ་ནི་རོལ་པ་དང་ལྷའོ། །པི་ཙུ་ནི་ཕུལ་དུ་བྱུང་བའི་འདབ་བལ་ཏེ། ཐམས་ཅད་རྗེས་


JLD011_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཛིན་པས་བལ་ཤིན་ཏུ་འཇམ་པོས་རྩྭ་ལ་སོགས་པ་འཛིན་པ་དང་ཆོས་མཐུན་པས་པི་ཙུའོ། །བཛྲ་ནི་གདུག་པ་ཅན་འཇོམས་པ་ལ་རྡོ་རྗེ་དང་འདྲ་བར་བཤད་དོ། །ལྷག་མ་ནི་སྔར་བཞིན་ནོ། །སྔགས་ཐམས་ཅད་ཀྱི་རྐང་པ་ཞེས་པ་ལ་པཱ་ད་ཞེས་པ་རྐང་པ་དང་གནས་དང་ཚིག་ལའང་འཇུག་པས་སྔགས་ཐམས་ཅད་ཀྱི་ཚིག་ལ་ཞེས་འགྲེལ་པར་བསྒྱུར་པ་ཤིན་ཏུ་བདེའོ། །ཧཱུཾ་ཕཊ་ཀྱི་རྣམ་པ་ནང་དུ་གཞུག་པ་ནི། སྭཱཧཱའི་སྔོན་དུ་འཇུག་པའོ། །ཕཊ་དང་སྤེལ་ཞེས་ཀྱང་འབྱུང་ངོ་། །དེ་འདྲ་བ་དེ་འདིའི་སྔགས་གང་ལ་སྦྱོར་བ་ནི། ཀུ་མུ་ཊིར་ཁྱད་པར་མ་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་དང་། ལྷ་མོ་ཐམས་ཅད་ཀྱི་སྔགས་དང་གྲོང་ཁྱེར་དཀྲུག་པ་ལ་སྦྱར་གྱི་གཞན་ཁྱད་པར་བསྟན་པ་རྣམས་ལ་ནི་མ་ཡིན་ནོ། །སྦྱར་ཚུལ་ནི་ༀ་ཨཱཿ བྲུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་སོགས་དང་། ༀ་ཨཱཿ ཨ་ཨཱ། ཞེས་སོགས་དང་། ༀ་ཨཱཿ ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཧཱུཾ་ཕཊ་སཱཧཱ། ཞེས་པ་དང་། ཏྲཻ་དང་ཏྲི་ནི་གསུམ་མོ། །ལོཀྱ་ནི་འཇིག་རྟེན་ནོ། །ཀྵེ་པ་ནི་སྡུད་པས་ཏེ་ཁམས་གསུམ་བདེ་བ་ཆེན་པོའི་རང་བཞིན་དུ་སྡུད་པ་ཞེས་བཅོམ་ལྡན་འདས་ལ་བོད་པའོ། །ཛྭ་ལ་གཉིས་ནི་འབར་བ་སྟེ། དངོས་པོ་ཐམས་ཅད་བདེ་ཆེན་གྱི་རང་བཞིན་དུ་འབར་བར་གྱིས་ཤིག་པའོ། །བྷྱོ་ནི་བཅོམ་ལྡན་འདས་ཞེས་པའོ། །ཀི་ཊི་གཉིས་ནི་ཆོས་ཐམས་ཅད་དང་བདུད་ཐམས་ཅད་ཆོམས་ཤིག་པ་དང་། བཛྲ་ནི་ཀྱཻ་རྡོར་རོ། །མུ་ཏིག་ཕྲེང་བར་ཚངས་པ་དབང་པོ་ཁྱབ་འཇུག་དྲག་པོ་


JLD011_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འཇིག་རྟེན་གྱི་ལྷ་གཙོ་བོ་རྣམས་ནི་ཏྲཻ་ལོཀྱའོ། །ཀྵེ་པ་ནི་ཚར་གཅོད་པའོ། །ཛྭ་ལ་ནི་འབར་བའོ། །བྷྱོ་ནི་གདུག་པ་རྣམས་བསྲེག་པའི་ཕྱིར་ཞེས་བཤད་དེ། བྷྱོའི་སྒྲ་རྣམས་ལ་འཇུག་པའི་སྟེང་ནས་སོ། །ཡང་ན་ཆེད་དུ་ཞེས་པའི་དོན་དུ་བྱས་པའོ། །ཀི་ཊི་སྐད་ཀྱི་བྱིངས་ནི་འགྲོ་བའི་དོན་ཏེ་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པའོ། །བཛྲ་ནི་གདུག་པ་ཆད་པས་གཅོད་པ་ལ་བཤད་དོ། ཨ་ཕུའི་ཕུ་ནི་ཀླུ་སྤྱིའི་ས་བོན་ཡིན་ལ། ཨ་མཐའ་ཡས་ཀྱི་མིང་ཡིག་དང་པོའོ། །ཨ་ཕུ་ནི་ལན་བརྒྱད་འདོན་པ་དང་། དེ་ལ་མཐའ་ཡས་བསྐྱེད་པ་སོགས་ལ་བཤད་དོ། །ཨ་ནནྡ་ནས་པ་ཏ་ཡེ་ཞེས་པ་ནི་བོད་པའོ། །ཧེ་ནི་སྤྱན་དྲངས་པའོ། །ཧེ་རུ་ཀ་ནི་མིང་ངོ་། །འདིར་ཧེ་རུ་ཀའི་སྒྲ་གཉིས་པ་མེད་ཀྱང་དེ་གཉིས་ལན་གཉིས་སུ་བྱེད་པར་གཞན་དག་འདོད་ཅེས་འཆད་དོ། །བཟློག་ལུགས་ནི་སཱཧཱ། ཞེས་སོགས་ཀྱི་ཚུལ་གྱིས་སོ། །ཨརྫ་ག་ནི་པ་ན་ས་སྟེ་དེའང་སྡོང་བུ་དཀར་པོ་ཉི་འོད་ཀྱིས་རེག་པ་ཙམ་གྱིས་རྣམ་པ་དུ་མར་འགས་པ་ཞིག་ཡོད་པ་དེ་བཞིན་དུ་འགས་པ་ལ་བཤད་དོ། །ཁ་ཊི་ཀ་ནི་པདྨ་ཅན་དང་མུ་ཏིག་ཕྲེང་བར་རྡོ་རྒྱུས་སུ་བསྒྱུར་ཏོ། །ཀུ་ཐ་ར་ནི་སྟ་རེ་དང་། ཙྪིནྣ་ནི་གཅོད་པ་སྟེ་རྫས་ཤིག་གི་མིང་ངོ་། །གྲུབ་རྟགས་བྱུང་བ་ན་རྡོ་རྒྱུས་ཀྱིས་སྤྱི་བླུགས་ཀྱི་མགྲིན་པ་ལ་རི་མོ་བཏོད་ན་དགྲའི་མགྲིན་པའང་དེ་བཞིན་དུ་འོང་ལ། དེས་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་སོགས་ལ་ལྡོག་ན་ལེགས་ལ། མི་ལྡོག་ན་བསྐོར་ནས་བཅད་དོ། །ཚངས་པ་ནི་བླཀྵ་ལ་བཤད་ལ། བོད་དག་རྒྱ་སྐྱེགས་ཀྱི་ཤིང་ལ་འདོད་དོ།


JLD011_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཙི་ཊ་ཀ་སེན་རྩི་ཡིན་ཞེས་བོད་དག་ཟེར་རོ། །ཆང་སྐྱུག་པའི་སྔགས་པདྨ་ཅན་ལས་འབྱུང་ངོ་། །མྱ་ངན་མེད་པའི་བརྒྱད་ཀྱང་དཔྱིད་ཟླ་ར་བའི་ཚེས་བརྒྱད་དང་། མྱོས་བྱེད་ཀྱི་འབྲས་བུ་སོ་སོ་འཆའ་དང་། ཀ་ཀ་མ་ཙི་ཀའི་ཁུ་བ་ནི་རྒྱ་སྐྱེགས་ཀྱི་ཁུ་བ་དང་། དུས་མ་ཡིན་པའི་དུས་ནི་མར་ངོ་ལ་ཁ་ཅིག་འཆད་དོ། །ཟླ་བ་འཛིན་པ་དང་ན་གྲའི་སྔགས་ལྷག་མའང་པདྨ་ཅན་ལས་སོ། །ལྷག་མ་དང་ལེའུའི་མཚན་དོན་ནི་སླའོ། །ལེའུ་གཉིས་པས་གསུང་སྔགས་བརྗོད་ནས་གསུམ་པས་ལུས་སྐུ་བརྗོད་པའི་ཕྱིར་ལྷའི་ལེའུ་ཞེས་གསུངས་སོ། །སོ་སོ་སྐྱེ་བོ་བླ་མ་ལ་མ་བལྟོས་པར་འཇུག་པ་རྣམས་རྨོངས་པར་བྱ་བའི་ཕྱིར། ལྷའི་མངོན་རྟོགས་ཀྱི་རིམ་པ་འདིར་གསུངས་པས་ན། རྒྱུད་ནས་བཤད་པའི་སྒྲ་ཇི་བཞིན་པ་ནི་སྤངས་ཏེ་འཁྲུགས་པ་བསྡེབ་པར་བྱའོ། །རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་ནས། རྣལ་འབྱོར་པས་རང་གི་སྙིང་གར་བཾ་དམར་པོ་ལས་བྱུང་བའི་པདྨ་དམར་པོ་དང་། རཾ་དམར་པོ་ལས་བྱུང་བའི་ཉི་མ་ལ་ཧཱུཾ་ཡིག་བསྒོམས་པ་ལས། རང་གི་སྙིང་གར་རེ་ཕ་བསྒོམ། །ཞེས་པ་ནས་རང་བཞིན་ཅན་ཞེས་པའི་བར་རོ། །དེ་ནས་མྱུ་གུའི་ལྷན་ཅིག་བྱེད་རྐྱེན་ས་ཆུ་སོགས་དང་འདྲ་བའི་བསོད་ནམས་ཀྱི་ཚོགས་བསགས་པ་ནི། ནམ་མཁར་རྗེ་བཙུན་བལྟས་ནས་ནི། ཞེས་པ་ནས། གཡུང་མོས་སྐུ་ལ་འཁྱུད་པ་ཉིད། ཅེས་པའི་བར་རོ། །དེ་ནས་རྒྱུད་འདིར་མེད་ཀྱང་བཤད་རྒྱུད་གུར་དུ་མཐོང་བ་བླང་བ་ནི། སྡིག་བཤགས་


JLD011_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རང་སྐྱབས་འགྲོ་སེམས་བསྐྱེད་དོ། །དེ་ནས་ཚད་མེད་བཞི་བསྒོམ་པ་ནི་དང་པོར་བྱམས་པ་ཞེས་པ་བཞིའོ། །དེ་ནས་སྟོང་ཉིད་བསྒོམ་པ་ནི། སྟོང་ཉིད་བྱང་ཆུབ་ཅེས་ཏེ། དེ་ཁོ་ན་ཉིད་རྟོགས་པའི་སེམས་ནི་འབྲས་བུའི་བྱང་ཆུབ་ཀྱི་རྒྱུད་དང་། དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་པས་བྱང་ཆུབ་ཀྱི་སེམས་སོ། །ཡང་ནི་གོང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དོན་གྱིས་ཡོད་པ་ལ་ལྟོས་ནས་འདིར་ཡང་བྱང་ཆུབ་ཀྱི་སེམས་བསྒོམ་པ་བྱུང་བའོ། །བྱང་ཆུབ་ཀྱི་སེམས་སྟོང་པ་ཙམ་བསྒོམ་མམ་སྙམ་ན། ཡན་ལག་བཞི་བསྒོམ་དགོས་པ་ནི། གཉིས་པ་ལ་ནི་ཞེས་པ་གསུམ་གྱིས་སྟོན་ནོ། །སྟོང་པར་བསྒོམ་པ་ལས་ཡན་ལག་ལྷག་མ་གསུམ་དུ་འགྱུར་ཚུལ་ནི། རེ་ཕས་ཞེས་པ་གཉིས་ཏེ། བཾ་དང་རཾ་དམར་པོ་གཉིས་ལས་མདུན་དུ་པདྨ་དམར་པོ་དང་ཉི་མའི་སྟེང་དུ་ཧཱུཾ་ནི་ས་བོན་དང་། བསྐྱེད་པ་ནི་བསྡུ་ཞེས་པའི་དོན་ཏེ་ཡན་ལག་གཉིས་པའོ། །དེ་ལ་སྣ་ཚོགས་རྡོ་རྗེ་བསྐྱེད་པ་ནི་གཟུགས་བརྙན་དང་ཕྱག་རྒྱ་དང་། མཚན་མ་རྫོགས་པ་སྟེ། ཡན་ལག་གསུམ་པའོ། །དེ་ལྟེ་བ་ལ་ཧཱུཾ་ཡིག་གིས་མཚན་པ་ནི་ཡིག་འབྲུ་དགོད་པ་སྟེ་ཡན་ལག་བཞི་པའོ། །དེ་བསྒོམ་པས་ཅི་ཞིག་བྱ་སྙམ་ན། སྣ་ཚོགས་རྡོ་རྗེ་ས་བོན་དང་བཅས་པ་དེ་ཉིད་ཀྱིས་ནི་རྡོ་རྗེའི་ར་བ་དང་གུར་བྱ་སྟེ། ཡང་གིས་ས་གཞི་དང་བླ་བྲེའང་བསྡུའོ། །དེ་དག་གིས་ནི་རོ་གང་དུ་བསྒོམ་པའི་གདན་མ་བསྟན་ལ། གདན་ཡང་དགོས་ན་དེ་གང་ཞེ་ན། བླ་མ་ལ་ཞུ་བའམ་བཤད་རྒྱུད་དུ་བཙལ་དགོས་ཏེ། བཤད་རྒྱུད་ལས། ནམ་མཁའི་ཁམས་ནི་པདྨ་ལ། །ཉི་མའི་དཀྱིལ་


JLD011_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བསམ་པར་བྱ། །དེ་ལ་ཧཱུཾ་སྐྱེས་སྔོན་པོ་ནི། །བརྟུལ་ཞུགས་ཅན་གྱིས་ཕྱག་གཉིས་བསྒོམ། །ཞེས་གསུངས་པའི་ནམ་མཁའི་ཁམས་སུ་པདྨ་དམར་པོ་དང་། དེའི་སྟེང་དུ་ཉི་མ། དེའི་ཁར་རོ་བསྒོམ་པ་ནི་དང་པོར་རོ་ནི་ཞེས་པ་བཞིའོ། །རོའི་སྙིང་གར་མངོན་བྱང་ལྔ་བསྒོམ་པ་ལས། བཅོམ་ལྡན་འདས་བཞེངས་པ་བསྒོམ་པ་ནི། ཨཱ་ལི་ཞེས་པ་བཞིའོ། །ནང་དུ་ནི་ཟླ་ཉིའི་བར་དུའོ། །དེ་ཉིད་ནི་ས་བོན་ཧཱུཾ་ཡིག་གོ །རྡོར་སེམས་སུ་འཇོག་པའི་རྒྱུ་མཚན་ནི་མཆོག་ཏུ་དགའ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ནི་མུ་ཏིག་ཕྲེང་བར་ས་བོན་སྦྱོར་བ་དང་། ཕྱག་མཚན་དངོས་གཞི་དང་། མཚན་པའི་ས་བོན་ནི་རྗེས་ཀྱི་བདེ་བ་དང་། ཟླ་ཉི་འདུས་པ་ལས་བདེ་བ་སྐྱེ་བར་བཤད་པ་ལྟར་བྱས་ན་ལེགས་སོ། །ས་བོན་བསྐྱེད་པའི་འོག་ཏུ་ཇི་ལྟར་བྱ་བ་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནི། ཞེས་པ་བཅུའོ། །སྔོན་པོ་དང་སྔོ་དམར་དུ་བསྒོམ་པ་གདམ་ང་ཅན་དུ་སྟོན་པ་ནི། དད་པས་བསྒོམ་ཞེས་པས་བསྟན་ཏེ། གང་ལ་དད་པ་ལྟར་བསྒོམ་པའོ། །གཙོ་བོ་བསྐྱེད་ཚུལ་དེ་ལྟར་ཡིན་ན་འཁོར་གྱི་ལྷ་མོ་རྣམས་ཇི་ལྟར་བྱ་སྙམ་པ་ལ། རང་གི་ལུས་མཚུངས་རྣམ་པར་སྤྲོ། །ཞེས་སོགས་ཀྱིས་བསྟན་ཏེ་གོ་སླའོ་ཞེས་ཀུ་མུ་ཊིར་བཤད་ལ། བསྡུས་ནས་སྙིང་གར་བཀུག་པ་ན་རྣལ་འབྱོར་པ་ཞེ་སྡང་རྡོ་རྗེར་འགྱུར་ཚུལ་ཡང་མ་བཤད་དེ། ལུགས་འདི་ལ་མ་བཤད་པ་དེ་རྣམས་ཀྱང་དཀའ་བར་སྣང་ལ། སྔོ་དང་ཉི་མ་མཚུངས་པའི་མདོག །ཅེས་


JLD011_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པའང་སྔར་ཡང་དེ་ལྟར་བཤད་པས་ལན་གཉིས་སྨོས་པའི་རྒྱུ་མཚན་ཡང་དཀའོ། །དེ་འདྲ་བའི་བཅོམ་ལྡན་འདས་གང་དུ་ཅི་ཞིག་མཛད་སྙམ་ན། དུར་ཁྲོད་དུ་ནི་རྣམ་པར་རོལ། །ཞེས་སོགས་སྨོས་སོ། །དུར་ཁྲོད་ནི་གཉིས་ཏེ། ཡི་དྭགས་ཀྱི་གནས་དང་ལུས་སོ། །དང་པོ་ནི་ཤིང་བརྒྱད་ཀྱི་རྩ་བར་ཕྱོགས་སྐྱོང་བརྒྱད་གནས་པའི་གནས་ཏེ། དེ་ནི་ཕྱི་རོལ་གྱི་དུར་ཁྲོད་ཡི་དྭགས་ཀྱི་གནས་སུ་གྲགས་སོ། །འོ་ན་ལུས་ཇི་ལྟར་དུར་ཁྲོད་ཡིན་སྙམ་པ་ལ། དབུགས་བརྒྱུ་བ་དང་སྲོག་ནི་དུར་ཁྲོད་དེ་ཧེ་རུ་ཀའི་ལུས་སོ། །ཕྱག་གཉིས་པའི་བསྐྱེད་ཚུལ་ཇི་ལྟ་བར་ཕྱག་བཞི་པ་དང་། ཕྱག་དྲུག་པའང་དེ་བཞིན་ཏེ། ཁྱད་པར་ནི་ཕྱི་མ་གཉིས་ཤེས་རབ་མ་དང་བཅས་པའོ། །ཞེས་པ་ནི་ཀུ་མུ་ཊིའི་བཤད་པའོ། །ལེའུ་འདིར་སྒྲས་ཟིན་ཚོད་ལ་ལྷའི་རྣལ་འབྱོར་མི་འདྲ་བ་མང་དུ་གསུངས་པ་རྣམས་རྟོགས་དཀའ་བས། པདྨ་ཅན་ལྟར་བཤད་ན། སྔགས་དང་དབྱིབས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་པ་གསུམ་དུ་འདོད། །ཅེས་གསུངས་པའི་རིགས་པས་སྔགས་དང་ཆོས་གཉིས་སྔར་བརྗོད་ནས། འདིར་དབྱིབས་ཀྱི་རྣལ་འབྱོར་སྟོན་ལ། དེའང་ཆོས་ཐམས་ཅད་ཀྱི་རང་བཞིན་དང་དབྱེར་མེད་པའི་བདེ་བ་ཆེན་པོའི་ཚུལ་གྱིས་རོལ་བས་ལྷའོ། །དེ་གཏན་ལ་འབེབས་པ་ནི་དེའི་ལེའུ་སྟེ་དེ་བཤད་པར་བྱའོ། །བྱམས་སོགས་བསྐྱེད་པའི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། རང་གཞན་གྱི་དོན་གྲུབ་པར་བྱེད་པས་ན། ཚད་མེད་བསྒོམ་པ་ལ་འཇུག་པར་བྱའོ་ཞེས་སྟོན་པ་ནི་དང་པོར་ཞེས་


JLD011_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིའོ། །བྱམས་སོགས་བཞི་སྤྱི་ལྟར་རམ་ཁྱད་པར་དུ་ན་དགའ་བས་བསྡུས་པའི་རང་བཞིན་མཉམ་པ་ཉིད་ལ་གནས་པ་ནི་བྱམས་པ་དང་། སྙིང་རྗེའི་སྐད་དོད་ཀ་རུ་ཎའི་ཀ་ནི་བདེ་ཆེན་དང་རུ་ནི་སྡུད་པས་ཏེ། གཉིས་མེད་ཀྱི་བདེ་ཆེན་ལ་བརྩོན་པ་ནི་སྙིང་རྗེ་དང་། ལྷན་སྐྱེས་རྗེས་སུ་མྱོང་བས་མཆོག་ཏུ་དགའ་བ་ནི་དགའ་བ་དང་། དེ་ཉིད་དུ་ཉོན་མོངས་པ་ལ་བཏང་སྙོམས་པ་སྟེ་དཔྱོད་པར་མི་བྱེད་པ་ནི་བཏང་སྙོམས་སོ། །སྟོང་པའི་བྱང་ཆུབ་སེམས་ཞེས་པ་ལ་ངོ་བོ་ཉིད་དང་བྲལ་བ་ནི་སྟོང་པས་ཏེ་དེས་རྣམ་ཐར་གཞན་གཉིས་ཀྱང་བསྡུས་སོ། །དེ་འདྲ་བའི་ཆོས་ཐམས་ཅད་ཀྱི་དོན་དམ་པ་རྟོགས་པ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཤེར་ཕྱིན་ལྷན་སྐྱེས་ཀྱི་གནས་སྐབས་སོ། །ཡན་ལག་བཞི་གསུངས་པའི་གཉིས་པ་ལ་ནི་ས་བོན་བསྡུ། ཞེས་པའི་ས་བོན་ནི་ཧཱུཾ་ཡིག་ལ་སོགས་པ་དང་། དེ་ལས་བསྐྱེད་པ་ནི་བསྡུས་པའོ། །ཡང་ན་ས་བོན་གྱིས་བསྡུས་པ་ཞེས་པ་སྟེ་བྱང་ཆུབ་པ་བཞི་པ་བྱ་བ་བསྒྲུབ་པའོ། །དེ་ནས་གཟུགས་རྫོགས་པ་དང་ཡི་གེ་དགོད་པ་གཉིས་སོ། །ཡན་ལག་བཞི་པོ་དེ་ནི་སྤྱིར་བསྟན་པའོ། །སྟོང་ཉིད་བསྒོམ་པའི་འོག་ཏུ་ཡན་ལག་ལྷག་མ་གསུམ་བསྒོམ་ཚུལ་ནི་རེ་ཕས་ཞེས་པ་རཾ་ལ་ཞེས་བསྒྱུར་ཏོ། །དེ་ཉིད་ཀྱི་ནི་ཞེས་པ་ལ་བཤད་པ་མི་གསལ་ཡང་། སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ཉིད་ལས་སྤྲོས་པའི་འོད་ཟེར་གྱི་ར་བ་སོགས་བསྒོམ་སྟེ། འོག་དང་སྟེང་དུ་ཚངས་པའི་གནས་ལ་ཐུག་པ་དང་། རྒྱ་འཇིག་རྟེན་གྱི་


JLD011_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལ་སོགས་པའི་ཚད་ར་བ་གྲུ་བཞི་པ་སྣ་ཚོགས་རྡོ་རྗེ་འཕྲོ་བ་བསྒོམ་མོ། །ཡང་གི་སྒྲས་འོག་ཏུ་རྡོ་རྗེའི་སའོ། །ར་བའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཆོས་ཐམས་ཅད་བདག་མེད་པའི་ཕྱག་རྒྱའི་རང་བཞིན་མཚོན་པའི་རོ་བསྒོམ་པ་ནི། དང་པོར་ཞེས་པ་བཞིའོ། །རང་ཞེས་པ་ནི་དེ་མ་ཐག་ཏུ་བཤད་པའི་རོའོ། །དེའི་སྙིང་གར་ཉི་མ་ལ་ཧཱུཾ་དང་ཕྱག་མཚན་དེས་མཚན་པ་དང་། དེ་ལས་ལྷར་བསྒོམ་པ་ནི་རང་གི་ཞེས་པ་ནས་རྣམ་པར་བསྒོམ་ཞེས་པའི་བར་རོ། །ཞེ་སྡང་བདག་ཉིད་ནི་ཞེ་སྡང་རྣམ་པར་དག་པས་ཏེ། དེ་དག་གིས་ནི་དཔའ་བོ་གཅིག་ཏུ་བསྒོམ་པ་བསྟན་ཏོ། །ཡང་ན་དང་པོར་ལྷ་མོ་བརྒྱད་ཀྱིས་ཚོགས་ཞིང་ལ་མཆོད་པ་སྔོན་དུ་མ་བཏང་བར་བྱམས་སོགས་བསྒོམ་པ་ལས་གཞན་མཆོད་པ་སྔོན་དུ་བཏང་ནས་བྱམས་སོགས་བསྒོམ་པའི་ཚུལ་སྟོན་ཏེ། ཚུལ་དེས་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་མངོན་བྱང་ལྔ་བསྐྱེད་སྟོན་ནོ། །རྗེ་བཙུན་ནི་གང་ལ་དད་པ་སྒྲོལ་བའམ། མཆོག་གི་འདོད་པའི་ལྷ་ཀྱཻ་རྡོ་རྗེ་སོགས་སོ། །དེ་ནམ་མཁར་བལྟས་པ་ནི་འོད་ཀྱིས་སྤྱན་དྲངས་ཏེ། ནམ་མཁར་བཞུགས་པ་བསྒོམ་པའོ། །རྡོ་རྗེ་སྐྱེ་བ་ནི་བདེ་སྟོང་དབྱེར་མེད་ལས་བྱུང་བ་དང་། རྡོ་རྗེ་རྩེ་ལྔ་པ་ལས་བསྐྱེད་པ་གཉིས་སོ། །དཀར་མོ་དང་། གཽ་རཱི་དང་། རི་སྲས་དང་། ཨུ་མ་ནི་དབང་ཕྱུག་གི་ཆུང་མའི་མིང་གི་རྣམ་གྲངས་ཡིན་ལ། དེའི་མིང་གིས་ལྷ་མོ་འདི་ལ་བཏགས་པ་ཙམ་སྟེ། ཁ་དོག་གི་སྒོ་ནས་བཏགས་པ་ནི་མིན་ནོ། །རི་དྭགས་མཚན་མ་ནི་ཟླ་བ་སྟེ་དེའང་བྱང་སེམས་དཀར་པོའོ། །བདུད་


JLD011_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་བ་ནི་ཉི་མ་སྟེ་དེའང་རཀྟའོ། །ཆུ་ནི་དྲི་ཆུའོ། །སྨན་ནི་མར་མེ་ལྔ་ཞེས་ཏེ་སྒྲོན་མེ་ལྔ་ཞེས་གྲགས་པའི་ཤ་ལྔའོ། །རྡོ་རྗེ་ནི་དྲི་ཆེན་ནོ། །རོ་ནི་སྦྲང་རྩིའོ། །དེའི་རྗེས་སུ་བྱམས་སོགས་དང་སྟོང་ཉིད་བསྒོམ་པའི་འོག་ཏུ་རེ་ཕས་ཞེས་པ་བཞི་ནི་སྔར་བཞིན་ལ། ཕྱི་ནས་དུར་ཁྲོད་བརྒྱད་ཀྱིས་བསྐོར་ཅིང་། དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རོ་དང་། དེའི་སྙིང་གར་ཨཱ་ལི་ཀཱ་ལིའི་ཟླ་ཉི་དང་། དེར་ས་བོན་ཧཱུཾ་ལས་ཕྱག་མཚན་དང་། དེའི་དབུས་སུ་སྟེ་ལྟེ་བར་ས་བོན་ནོ། །དབུས་སུ་ས་བོན་ཞེས་འདོན་གྱི་ནང་དུ་ཞེས་མི་འདོན་ནོ། །ས་བོན་དེར་རྡོར་སེམས་སུ་འཇོག་པ་ནི་མཆོག་ཏུ་ཞེས་པའོ། །ཧཱུཾ་དེ་ལས་ཀྱི་རྡོ་རྗེའི་སྐུ་ལྟ་བུ་དང་། རྣལ་འབྱོར་མ་རྣམས་ཀྱི་སྐུ་ལྟ་བུའི་འོད་ཟེར་སྤྲོས་ཏེ་མཛད་པ་མཛད་ནས། ཚུར་བསྡུས་པ་ནི་སྙིང་ག་སྟེ་ཧཱུཾ་ལ་གཞུག་སྟེ་བྱ་བ་བསྒྲུབ་པའི་ཡེ་ཤེས་སོ། །སྙིང་གར་འགོད་པའི་ཧཱུཾ་ལ་སྙིང་ག་ཞེས་བཏགས་སོ། །ཡོ་གི་སྟེ་རྣལ་འབྱོར་པ་ཤིན་ཏུ་དག་པའི་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ཞེ་སྡང་དག་པའི་ཀྱཻ་རྡོར་དུ་གྱུར་པ་ནི་མངོན་བྱང་ལྔ་པའོ། །སྔོ་དམར་ནི་ཐབས་ཤེས་དག་པའོ། །མཚོ་སྐྱེས་ཀྱི་སྒྲུབ་ཐབས་སུ་དབྱངས་གསལ་ལས་ཟླ་ཉི་བསྐྱེད་པ་མི་གསལ་ཡང་། བྱ་དགོས་པ་ནི་འདིར་བཤད་པས་ཤེས་ལ། འཁོར་གྱི་ལྷ་མོ་བརྒྱད་བསྐྱེད་ཚུལ་མི་གསལ་ཡང་། སྒྲུབ་ཐབས་བཞིན་བྱ་དགོས་པས། རྒྱུ་འབྲས་གཉིས་ཀའི་ཧེ་རུ་ཀའི་སྐོར་རྣམས་ཚུལ་འདི་ལའང་བྱ་དགོས་པ་འདྲ་སྟེ་དཔྱད་པར་བྱའོ། །མགོན་


JLD011_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རོལ་ཞེས་པའི་རོལ་བའི་དོན་རང་གི་ཤེས་རབ་དང་ལྷན་ཅིག་ཏུ་གཉིས་སུ་མེད་པར་སྦྱོར་བས་དགྱེས་པ་ལ་བཤད་པས། ཕྱག་གཉིས་པ་ལའང་ཡུམ་བཞེད་དོ། །ཡུམ་ནི་མུ་ཏིག་ཕྲེང་བར་ཁ་ཅིག་གཡུང་མོ་ལ་འདོད་པ་ཡོད་ཀྱང་། དེ་མཆོད་པའི་ལྷ་མོ་ཡིན་པས་འདིའི་ཡུམ་ཡང་བདག་མེད་མ་ལ་བྱ་གསུངས་པ་ལྟར་ལེགས་སོ། །དུར་ཁྲོད་ལ་ཡི་དྭགས་དང་རོ་ལ་སོགས་པའི་གནས་དང་ནང་གི་ལུས་གཉིས་ལ་བྱས་ནའང་དུར་ཁྲོད་དུ་འཇོག་པའི་རྒྱུ་མཚན་ནི་པདྨ་ཅན་དང་ཀུ་མུ་ཊི་གཉིས་སུ་མི་གསལ་བས་མུ་ཏིག་ཕྲེང་བ་ལས། དེ་ལྟར་འདིའང་ཤྭ་ནི་སྟེ་རོའོ། །ས་ཏི་ནི་བ་ས་ཏི་སྟེ་གནས་སོ། །དེས་ན་ཤྭ་ས་ཏི་སྟེ་རོའི་གནས་སོ། །དེ་ལྟར་དོན་སྦྱར་བས་དུར་ཁྲོད་དུ་བརྗོད་དོ། །དུར་ཁྲོད་ནི་སྨ་ཤྭ་ནི་ཞེས་བྱ་བ་སྟེ། འདིར་ཤྭ་ས་ཏིའི་ཚིག་གི་དོན་རྣམ་པར་སྦྱར་བས་སོ། །དེ་ལ་ཚིག་རྣམ་པར་སྦྱར་བ་ནི། བ་སནྟ་སྨིན་ཞེས་པ་ནི་དེར་གནས་པར་བྱེད་པ་སྟེ། གནས་ཞེས་བྱ་བའི་དོན་ནོ། །དེའང་ཤ་བ་རྣམ་བ་སན་ཞེས་བྱ་བ་ལ། ཚིག་གོང་མ་ལ་འོག་གི་བ་མར་བསྒྱུར་ཏེ་བཏགས་ན་སྨའོ། །ཚིག་ཕྱི་མ་ལ་བ་ཨར་བསྒྱུར་ཏེ། ས་འོག་མ་ལ་བཏགས་ན་ས་རིང་པོར་བྱས་པས། ས་བ་བ་ས་ན་སྨ་སཱ་ནར་བསྒྱུར་ཏེ། ཞེས་ཤྭ་ས་ཏི་ལ་ཤྭ་བ་ནི་རོ་དང་། བ་ས་ཏི་ནི་གནས་ཡིན་པ་རོ་གནས་པའི་དུར་ཁྲོད་དང་། ཤྭ་བ་ནམ་བ་ས་ན་ཞེས་པའི་བ་གོང་མ་མར་བསྒྱུར་ནས་ཤ་ལ་བཏགས་པ་དང་། བ་འོག་མའི་ཨ་བཏོན་ནས་ས་ལ་བྱིན་པས་ས་རིང་པོར་བྱས་པ་སྨ་སན་ཞེས་པ་དུར་ཁྲོད་ཀྱི་སྐད་དོད་དུ་


JLD011_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས། དབུགས་རྒྱུའི་སྐད་དོད་ཤྭ་ས་ཏིའི་སྟེང་ནས་བཤད་དགོས་ལ། ནང་གི་ལུས་ལ་སྦྱོར་ན་དེ་དང་འདྲ་བར་བདག་དང་བདག་གི་བས་སྟོང་པའི་དོན་ཏེ། སྣོད་བཅུད་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་ལ་དམིགས་པའི་བདེ་བ་ཆེན་པོས་གནས་པ་ནི། དུར་ཁྲོད་དུ་རོལ་བའི་དོན་དུ་མན་སྙེ་ལས་བཤད་དོ། །དུར་ཁྲོད་ནི་མུ་ཏིག་ཕྲེང་བ་དང་མན་སྙེ་ལས་རྡོ་རྗེ་ར་བའི་ནང་དུ་བཤད་ལ། རྡོ་རྗེ་ར་བའི་ཕྱི་རོལ་ཏུ་བྱེད་པ་དང་ཚུལ་གཉིས་ཡོད་དོ། །དེ་ལྟར་ན་ཧེ་རུ་ཀ་གསུམ་གྱི་བསྐྱེད་ཚུལ་རིམ་པ་གཅིག་ཏུ་བྱས་ནས། ལྷ་མོའི་འཁོར་གྱིས་བསྐོར་བ་ཉིད་ལ་འཆད་པ་ཀུ་མུ་ཊིའི་ལུགས་དང་། ཧེ་རུ་ཀ་རྣམས་ལ་དཔའ་བོ་གཅིག་པ་དང་། རྣལ་འབྱོར་མའི་འཁོར་གྱིས་བསྐོར་བའི་བསྐྱེད་ཆོག་གཉིས་བྱས་ནས་དང་པོ་ནི་ཆོ་ག་གསུམ་བསྐྱེད་དང་། ཕྱི་མ་ནི་མངོན་བྱང་ལྔ་བསྐྱེད་ལ་འཆད་པ་པདྨ་ཅན་གྱི་ལུགས་ཏེ། འདིའི་ལུགས་ཀྱི་ཡན་ལག་བཞི་ནི་ལྷ་བསྐྱེད་ཚུལ་སྤྱི་ལ་སྦྱོར་གྱི། དེ་གཉིས་ལས་ལོགས་པ་མི་བྱེད་དེ། ཤཱནྟི་པས་ཡན་ལག་བཞི་བསྐྱེད་ཚུལ་ཟུར་བ་ཞིག་དང་དེ་ནས་ཆོ་ག་གསུམ་བསྐྱེད་ཅིག་དང་། དེ་ནས་མངོན་བྱང་ལྔ་བསྐྱེད་ལ་ལྷ་མོའི་འཁོར་ཡོད་མེད་གཉིས་བྱས་ནས་བསྐྱེད་ཚུལ་བཞིར་འཆད་དོ། །དེ་ལྟར་མང་དུ་ཡོད་ཀྱང་པདྨ་ཅན་ལྟར་ལེགས་སོ། །བསྐྱེད་ཚུལ་སྔར་བཤད་པ་དེ་ཕྱག་བཞི་པ་ལ་སྦྱོར་བ་ནི། གོང་དུ་ཞེས་སོགས་ཏེ་མདོག་གཟུགས་གཉིས་ཁ་དོག་དབྱིབས་སོ། །ཡུམ་རྡོ་རྗེ་ཕག་མོ་


JLD011_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། འོག་མ་ལྟར་གྲི་ཐོད་ཅན་དུ་ཁ་ཅིག་འཆད་དོ། །ཕྱག་དྲུག་པ་ལ་སྦྱོར་བ་ནི། གོང་དུ་ཞེས་སོགས་ཏེ། ཕྱག་མཚན་ནི་སཾ་བྷུ་ཊིར། ཐོད་པ་ཕྱག་གིས་བཟུང་བ་དང་། །གཞུ་དང་མདའ་ནི་འཛིན་པ་ཉིད། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །དང་པོར་རྡོ་རྗེ་འབར་བ་དང་། །གསུམ་པར་དེ་བཞིན་རྩེ་གསུམ་པ། །དཔལ་ལྡན་ཤེས་རབ་འཁྱུད་པ་དང་། །ཞེས་གསུངས་པའི་དོན་མན་སྙེར། གཡས་ཀྱི་གསུམ་ན་རིམ་པ་བཞིན་དུ་རྡོ་རྗེ་དང་མདའ་དང་། རྩེ་གསུམ་དང་གཡོན་གྱི་གསུམ་ན། དྲིལ་བུ་དང་གཞུ་དང་ཐོད་པ་དང་། ཕྱག་དང་པོ་གཉིས་ཀྱིས་འཁྱུད་པར་བཤད་དེ། གཞུང་འདི་དང་མི་མཐུན་ནོ། །ཧེ་རུ་ཀ་རྫོགས་པ་ནི་དབང་བསྐུར་ནས་རིགས་བདག་གིས་རྒྱས་བཏབ་པའི་བར་གྱིས་ཡིན་ལ། འདིར་ཐུན་གསུམ་དང་གུར་ལས་ཐུན་བཞིར་བཤད་དོ། །ལྷ་གསུངས་ནས་དེའི་རིགས་བརྗོད་པའི་ཕྱིར། དེ་ནས་ཞེས་གསུངས་སོ། །དེ་ཁོ་ན་ཉིད་ནི་དེའི་དངོས་པོ་སྟེ་ཕྱག་རྒྱ་རིགས་ལྔའོ། །དེ་གང་དུ་སྟོན་པ་ནི་དེ་ཁོ་ན་ཉིད་ཀྱི་ལེའུའོ། །དེ་རྟོགས་པའི་ཕྱིར་ངོ་བོས་ཞེས་གསུངས་ཏེ། ཡུལ་དྲུག་དང་དབང་པོ་དྲུག་དང་། སེམས་ཀུན་ནི་རྣམ་ཤེས་ཀྱང་ཡང་དག་པ་མ་ཡིན་པའི་ཕྱིར། གཟུང་བ་གཟུགས་སོགས་དང་། འཛིན་པ་མིག་ཤེས་སོགས་དོན་དམ་པར་མེད་དོ། །དེ་འདྲ་བའི་དེ་ཁོ་ན་ཉིད་དེ་གང་དུ་མཚོན་པར་བྱ་སྙམ་ན་སྐྱེད་བྱེད་ཅེས་གསུངས་ཏེ། མ་ནི་གསང་དབང་བསྐུར་བའི་བླ་མའི་ཡུམ་མོ། །སྲིང་མོ་ནི་བླ་མ་ལས་ལྷན་ཅིག་ཏུ་ཉན་པ་མོའོ། །མཆོད་པ་ནི་མཉེས་པ་བསྐྱེད་པའོ། །རྣལ་འབྱོར་


JLD011_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ནི་མཉམ་པར་སྦྱོར་བའི་བསྟན་བཅོས་ཤེས་པའོ། །མ་སྲིང་གང་ཡིན་སྙམ་པ་ལ། གར་མ་ཞེས་སོགས་གསུངས་སོ། །བཤད་རྒྱུད་ལས་མ་ནི་བྲམ་ཟེ་མོ་དང་། བུ་མོ་གཡུང་མོ་དང་། མནའ་མ་གདོལ་བ་མོ་དང་། སྲིང་མོ་གར་མ་དང་། སྲིང་མོའི་བུ་མོ་ཚོས་མའོ། །ཞེས་བརྡའི་སྐད་དུ་གསུངས་སོ། །དེ་ཁོ་ན་ཉིད་ཤེས་པར་འདོད་པས་རིགས་ལྔའི་ཕྱག་རྒྱ་འདི་རྣམས་ཐབས་རང་དང་། ཤེས་རབ་རིག་མའི་ཆོ་ག་ཤེས་པའི་སྒོ་ནས་མཆོད་པར་བྱ་བ་ཀུ་མུ་ཊི་ལས་བཤད་དོ། །འདི་ནི་དཀའ་བའི་གནས་གལ་ཆེ་བ་ཡིན་ལ། དེའང་པདྨ་ཅན་ལྟར་ཤེས་དགོས་པས་དེའི་ལུགས་ནི། སྔར་གསུངས་པའི་སྔགས་དང་ལྷའི་དེ་ཁོ་ན་ཉིད་འཆད་པའི་འབྲེལ་གྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གསུངས་པ་ནི་ངོ་བོས་ཞེས་སོགས་རྐང་པ་དྲུག་གོ །དེ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་། མཐོང་བ་པོ་ནས་རེག་པ་པོའི་བར་ལྔས་ནི་མིག་སོགས་ཀྱི་དབང་པོ་ལྔ་སྟེ། ཕུང་པོའི་ནང་ནས་གཟུགས་ཕུང་དང་། སྐྱེ་མཆེད་ཀྱི་དབང་དུ་བྱས་ནས་གཟུགས་ཅན་བཅུ་མེད་ཅེས་བཀག་གོ །སེམས་ནི་རྣམ་ཤེས་ཀྱི་ཕུང་པོ་དང་ཡིད་དོ། །སེམས་བྱུང་ནི་ཕུང་པོ་བར་མ་གསུམ་དང་། ཡིད་ཀྱི་དམིགས་ཡུལ་ཆོས་སྟོན་ནོ། །ཕུང་པོ་གཞི་མེད་ཅེས་པས་ནི་ཆོས་ཀྱི་སྐྱེ་མཆེད་ངོ་བོ་ཉིད་མེད་པར་བསྟན་ཏོ། །ཡང་ལྟ་བ་པོ་ལ་སོགས་པའི་ཚིག་ལྔས་བདག་དང་གང་ཟག་ལ་སོགས་པའང་འཛིན་པས། མདོར་ན་གང་ཟག་དང་ཆོས་རྣམས་མེད་པའོ། །མེད་


JLD011_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ནི་ངོ་བོས་མེད་ཅེས་པས་སྟོན་ཏེ། པདྨ་ཅན་ལས། ཇི་ལྟར་མེད་སྙམ་པ་ལ་ངོ་བོ་ཉིད་ཀྱིས་གཟུགས་ལ་སོགས་པའི་རང་བཞིན་མེད་དེ། ངོ་བོ་མེད་ཅེས་པའི་དོན་ནོ། །ཞེས་གསུངས་ཏེ། དགག་བྱ་ལ་ཁྱད་པར་སྦྱར་བའོ། །འདིར་ནི་རང་བཞིན་གྱིས་དང་རང་གི་མཚན་ཉིད་ཀྱིས་མེད་ཅེས་གསུང་རབ་ལས་མང་དུ་འབྱུང་བ་རྣམས་ཀྱི་དོན་ཡིན་ཏེ། འཆད་ཚུལ་དེ་ནི་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་གཏན་ལ་འབེབས་པའོ། །གཞན་ཡང་པདྨ་ཅན་ལས། ཡང་མེད་ཅེས་པ་ནི་ངེས་པར་མེད་པ་སྟེ། གཟོད་མ་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པར་དགག་པ་ནི་དངོས་པོར་མངོན་པར་ཞེན་པ་དགག་པའི་ཕྱིར་རོ། །ཞེས་གསུངས་པ་ནི་གང་ཟག་དང་ཆོས་ལ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་དགག་པ་དེའང་། བདག་གཉིས་ཀྱི་དངོས་པོར་མངོན་པར་ཞེན་པས་འཆིང་བས་དེ་བཟློག་པའི་ཕྱིར་དུ་ཡིན་པར་བཤད་དེ། ལྟ་བ་གཏན་ལ་ཕབ་པའི་དགོས་པའོ། །གུར་ལས། བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་བསྟན། །ཞེས་གསུངས་པའི་དོན་ནོ། །ཡང་པདྨ་ཅན་ལས། དངོས་པོ་མེད་པ་ནི་ཡུལ་དང་དུས་ངེས་པ་མེད་པ་ཉིད་ཀྱི་དངོས་པོ་མེད་པའོ། །རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དངོས་པོ་མེད་པ་ལ་ནི་དེ་བཞིན་དུ་དགག་པའི་སྦྱོར་བ་མེད་པའོ། །ཞེས་གསུངས་ལ་འདི་ལ་དཔེ་ཁ་ཅིག་ལས། ཡུལ་དང་དུས་ངེས་པ་ཉིད་ལ་དངོས་པོ་མེད་པའོ་ཞེས་འབྱུང་བ་ནི་མ་དག་སྟེ། རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་དངོས་པོའམ་རང་བཞིན་མེད་པ་ནི་ཡུལ་དུས་མ་ངེས་པར་ཐམས་ཅད་ལ་དང་།


JLD011_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་ཡོད་དགོས་པའི་ཕྱིར་རོ། །དེ་ལྟར་ཡིན་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ནི་མིན་ཏེ། ཡིན་ན་ནི་འགོག་མཁན་དང་དེའི་སྒྲུབ་བྱེད་སོགས་ཀྱང་མེད་པས་འགོག་མི་ནུས་པའི་དོན་ནོ། །དེའི་འོག་ཏུ་པདྨ་ཅན་ལས། འོ་ན་དེ་ལྟར་ན་དེ་ཁོ་ན་ཉིད་བསྒོམ་པ་ཇི་ལྟ་བུ་གང་དུ་ཉེ་བར་བརྟག་པར་བྱ་སྙམ་པ་ལ། མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་པར་བྱ་ཞེས་པ་ནི་དགའ་བ་ལ་སོགས་པའི་སྐད་ཅིག་བསྐྱེད་པར་བྱའོ། །སྦྱོར་བ་རིག་པས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་ཤེས་པའོ། །རྟག་ཏུ་ཞེས་པ་ནི། སྐད་ཅིག་ཀྱང་གཞན་དུ་སེམས་མ་ཡེངས་པའོ། །ཞེས་གསུངས་པའི་དོན་ཡང་ཤིན་ཏུ་གལ་ཆེ་ལ་དཀའ་བས་ཞིབ་ཏུ་བཤད་ན། སྔར་བཤད་པ་དེ་ལྟར་དེ་ཁོ་ན་ཉིད་གཏན་ལ་ཕེབས་ན། དེ་ཁོ་ན་ཉིད་དེ་ཇི་ལྟར་བསྒོམ་པར་བྱ། གང་དུ་ཉེ་བར་བརྟག་པ་སྟེ་བསྒོམ་པར་བྱ་བའི་གནས། རྟེན་གང་ལ་བརྟེན་ནས་བསྒོམ་པར་བྱ་ཞེས་པའི་ལན་དུ། མ་དང་ཞེས་པའི་རྐང་པ་གཉིས་ཀྱིས་དོན་དེ་སྟོན་ཏེ། མ་དང་སྲིང་མོ་སྔ་མ་དང་འདྲའོ། །རྟེན་དེ་མཆོད་པ་སྟེ་སྙོམས་འཇུག་གིས་མཉེས་པར་བྱས་པ་ལས་དགའ་བ་བཞི་བསྐྱེད་དེ་བསྒོམ་པ་ནི་དྲི་བ་གཉིས་པའི་ལན་ནོ། །དེ་ལས་བསྐྱེད་པའི་ལྷན་སྐྱེས་སྐྱེས་པ་དང་། ཐབས་ཤེས་ཀྱི་བདེ་སྟོང་གཉིས་མེད་དུ་སྦྱོར་ཤེས་པས་ཡུལ་ཡུལ་ཅན་གཉིས་མེད་དུ་སྦྱར་ཏེ་མ་ཡེངས་པར་རྟག་ཏུ་བསྒོམ་པ་ནི་དྲི་བ་དང་པོའི་ལན་ནོ། །


JLD011_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་ཀྱི་བསྒོམ་ཚུལ་འདྲི་བའི་ཚིག་གི་ནུས་པས་ནི། བདག་མེད་ཀྱི་ལྟ་བའི་གོ་བ་བསྐྱེད་པ་ལ་ཕར་ཕྱིན་གྱི་དབུ་མ་དང་ཐེག་པ་འདི་གཉིས་འདྲ་བས། དེ་བསྐྱེད་པའི་འོག་ཏུ་བསྒོམ་པ་ན་ཡུལ་ཅན་ཅི་འདྲ་བས་བསྒོམ་པའི་ཚུལ་ཤིན་ཏུ་མི་འདྲ་བས། དེ་དྲིས་ནས་ལན་སྟོན་པ་ན། ཨ་ཧཾ་གི་འབར་འཛག་གི་མཐུས་དྲངས་པའི་བདེ་ཆེན་གྱིས་བསྒོམ་དགོས་པ་སྟོན་པར་བཞེད་ནས། རིམ་པ་འདི་ལྟར་དུ་གསུངས་པའི་དོན་གྲུབ་ཆེན་གྱིས་བཀྲལ་བ་ལ་ངེས་པ་རྙེད་པ་གལ་ཆེའོ། །དེ་ལྟར་ན་ཧེ་དང་བཛྲའི་དོན་སྦྱོར་བའི་སྙིང་པོའི་དོན་ལེའུ་དང་པོར་བཤད་པ་ན། ཤེས་རབ་མེད་ན་འཆིང་བ་གཅོད་མི་ནུས་པ་དང་། དེའང་ཕུང་སོགས་ཀྱི་དངོས་མེད་རང་བཞིན་མེད་པར་ཤེས་པར་བསྟན་པ་ཟུར་ཙམ་ལས་མ་བྱུང་བ་ལ་འདིར། གང་ཟག་དང་ཆོས་ཀྱི་ཤེས་བྱ་མཐའ་དག་གི་སྟེང་དུ་རང་གི་ངོ་བོ་ཉིད་ཀྱིས་མེད་པའི་རང་བཞིན་མེད་པར་ཤེས་པ་དང་དགག་བྱ་ལ་ཁྱད་པར་སྦྱར་བའི་ནུས་པས་གང་ཡང་ཡོད་པ་མིན་པའི་ཆད་སྟོང་དུ་མ་སོང་བར་བྱ་བྱེད་ཀྱི་རྟེན་འབྲེལ་ཤིན་ཏུ་འཐད་པའི་ཚུལ་གཉིས་ཀྱིས། སྔ་མས་རྟག་ལྟ་དང་ཕྱི་མས་ཆད་པ་བཀག་པའི་རྟག་ཆད་དང་བྲལ་བའི་སྟོང་ཉིད་རྟོགས་པའི་ཤེས་རབ་བཛྲའི་དོན་ལེགས་པར་བཤད་དེ། དེ་ནི་ཐེག་པ་ཆེན་པོ་གཉིས་ཐུན་མོང་བ་ལྟར་དུ་གཏན་ལ་དབབ། དེ་གཏན་ལ་ཕེབས་ནས་བསྒོམ་པའི་དུས་སུ་སྲོག་དྷཱུ་ཏཱིར་བཙུད་པའི་མཐུས་གཏུམ་མོ་འབར་བས་བཞུས་པའི་བདེ་ཆེན་ཧེ་ཡིག་གི་དོན་སྔར་བཤད་པ། དེའི་ཐབས་ནི་གཉིས་ཏེ། །ཕྱིའི་ཐབས་ཤེས་


JLD011_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མ་ལ་བརྟེན་པ་དང་། ནང་གི་ཐབས་རྩ་འཁོར་དུ་དམིགས་ནས་བསྒོམ་པའི་ཚུལ་གཉིས་ལས། འདིར་སྔ་མ་བསྟན་པ་ནི་སྔར་གླེང་གཞིའི་སྐབས་སུ་བཤད་པའི་བཤད་པ་གཅིག་གི་དོན་ནོ། །རིམ་པ་ནི་སྔོན་དུ་ནང་གི་ཐབས་ཀྱིས་བྱེད་ལ། དེའི་འོག་ཏུ་འདིར་བསྟན་པ་བཞིན་བྱེད་དེ། དམིགས་བསལ་ནི་ཡོད་དོ། །མ་སྲིང་ཁོ་ནར་མ་ཟད་གཞན་ལའང་མཆོད་པ་ནི་གར་མ་ཞེས་པ་བཞིའོ། །བསྟེན་ཚུལ་ནི་ཇི་ལྟར་ཞེས་པ་གཉིས་ཏེ། བྱེ་བ་ནི་གཉིས་སུ་བྱེ་བ་དང་། སྣོད་མིན་གྱིས་ཤེས་པའོ། །སཾ་བྷུ་ཊིར་ཇི་ལྟར་རྟོགས་པར་མི་འགྱུར་བར། །ཞེས་ཀྱང་འབྱུང་ངོ་། །མ་གསངས་པར་བསྟེན་པའི་ཉེས་དམིགས་ནི་མ་གསངས་ཞེས་པ་གཉིས་ཏེ། མ་མཐོང་བ་ཕྱི་མའི་ཉེས་དམིགས་ནི་ངན་འགྲོར་འགྲོ་བའོ། །དེ་ཁོ་ན་ཉིད་ལ་ཆགས་པ་ལ་གར་མ་སོགས་འདིས་ཅི་ཞིག་བྱ་སྙམ་པ་ལ་ཐར་པ་ནི་མི་གནས་པའི་མྱང་འདས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་གོ་འཕང་ཡིན་ལ། དེ་ལ་རིགས་མཐུན་གྱི་རྒྱུ་བསྒོམ་པ་མྱུར་ཞིང་དེའི་རྒྱུར་ཕྱག་རྒྱ་ལྔ་པོ་འདི་རྣམས་དགོས་སོ། །བུད་མེད་རྣམས་ནི་རིགས་ཡིན་མོད་ཕྱག་རྒྱ་ཇི་ལྟར་ཡིན་སྙམ་པ་ལ། རྣལ་འབྱོར་པའི་གསང་བའི་རྡོ་རྗེ་འདིས་ནི་གང་ལ་བཏབ་པ་དང་། བསྐྱོད་པའི་ཕྱིར་ན་བུད་མེད་ནི་ཕྱག་རྒྱ་སྟེ། དེའང་གང་ལ་གསང་རྡོར་གསང་གནས་སུ་ཞུགས་པའི་གནས་ཀྱིས་ཡིན་གྱི། ཕྱག་རྒྱས་བཏབ་པ་དང་མཚན་མས་ནི་མིན་ནོ། །ཞེས་ཀུ་མུ་ཊིར་རོ། །པདྨ་ཅན་ལས། རྡོ་རྗེ་འདིས་ཞེས་པ་འདི་བ་ལ་གྲགས་པའི་


JLD011_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གསང་རྡོར་རམ། དེ་བཞིན་གཤེགས་པ་ལྔའི་རིགས་སམ། གཉིས་མེད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་འདིས་ཕྱག་རྒྱས་བཏབ་པས་ན་གར་མ་སོགས་ཀྱང་ཕྱག་རྒྱའོ། །ཡང་ན་དེ་རྣམས་ལ་རིགས་ལྔའི་ངོ་བོར་བལྟས་པས་དེ་ཁོ་ན་ཉིད་བསྒོམ་པས་ན། འབྲས་བུ་དེ་ཁོ་ན་ཉིད་ཀྱིས་ཕྱག་རྒྱའི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པར་འཆད་དོ། །ཕྱག་རྒྱ་ལ་འདེབས་བྱེད་དང་གདབ་བྱ་དང་། བཏབ་པ་གསུམ་ཡོད་པ་ལས། སྔ་མ་ལྟར་ན་གདབ་གནས་དེ་དང་། ཕྱི་མ་ལྟར་ན་དང་པོ་གཉིས་ཅི་རིགས་སུ་སྦྱར་རོ། །ཕྱག་རྒྱ་དེ་རྣམས་ཀྱི་མིང་ཅི་སྙམ་པ་ལ། རྡོ་རྗེ་ཞེས་པ་བཞིའོ། །སྙིང་རྗེ་ཆེན་པོ་དམ་པ་ཡིས། །ཞེས་པ་ནི་རིགས་མང་དུ་ཟིན་ཀྱང་། ལྔ་པོ་འདི་རིགས་མཐའ་ཡས་པ་སྡུད་བྱེད་ཡིན་པས་མཆོག་གོ་ཞེས་པའི་དོན་ཏེ། དམ་པ་ནི་མཆོག་གི་དོན་ནོ། །གར་མ་སོགས་དེ་རྣམས་གང་དང་གང་གི་རིགས་ཡིན་སྙམ་ན། རྡོ་རྗེའི་ཕྱག་རྒྱ་ཞེས་པ་ནས། མདོར་བསྡུས་པས་ནི་བརྗོད་པར་བྱ། །ཞེས་པའི་བར་རོ། །དེ་བཞིན་གཤེགས་པ་ཞེས་སྨོས་པའི་དོན་གང་སྙམ་ན། དཔལ་གྱི་ཚོགས་གཉིས་ཀྱིས་སོ། །ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་དེ་བཞིན་ཉིད་དུ་གཤེགས་པ་དང་། བསོད་ནམས་ཀྱི་ཚོགས་ཀྱིས་སླར་ཡང་འཁོར་བར་འོངས་པ་ནི་སླར་གཤེགས་ཏེ། མི་གནས་པའི་མྱང་འདས་སོ། །སྔར་ཕྱག་རྒྱ་མའི་རིགས་བཤད་ལ། འདིར་དེ་བཞིན་གཤེགས་པའི་རིགས་ཀྱི་དབྱེ་བ་སྟོན་པ་ནི། རིགས་ནི་ཞེས་པ་བཞིའོ། །ལྔ་རུ་འཇོག་ཚུལ་ནི། རིགས་ནི་ཞེས་པ་གཉིས་སོ། །གྲངས་དང་


JLD011_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་བྱ་ལ་མུ་ཏིག་ཕྲེང་བར་བསྔོས་དང་བགྲངས་པ་ཞེས་བྱ་འདིས། །ཞེས་པ་ཡོད་དེ། རིགས་མཐའ་ཡས་པ་རྣམས་འདིར་བསྡུས་པས་རིགས་སོ། །པདྨ་ཅན་ལས། དགའ་བ་ལ་སོགས་པའི་དབྱེ་བས་གྲངས་སུ་བྱས་པའི་ལྷན་སྐྱེས་ནི་རིགས་སུ་བརྗོད་པར་བཤད་དོ། །སྒོམ་པ་པོ་མེད་ཅེས་པ་གཉིས་ཀྱིས་སྔགས་དང་ལྷའི་དེ་ཁོ་ན་ཉིད་སྟོན་ཏེ། ཡེ་ཤེས་ཆེན་པོའི་ངོར་དེ་དག་མེད་པའོ། །དེ་ལྟར་ན་ངལ་བ་དོན་མེད་དོ་སྙམ་པ་ལ། སྔགས་དང་ལྷ་ཡོད་པར་བསྟན་ཏོ། །ཡོད་ན་རྟག་ལྟར་འགྱུར་རོ་སྙམ་པ་ལ་སྤྲོས་པ་མེད་ཅེས་ཏེ། གནས་པ་མེད་པའི་སྦྱོར་བས་ལྷན་སྐྱེས་སུ་གནས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མིང་ནི་ཅི་རིགས་དྲུག་ནི་གང་སྙམ་པ་ལ། སྣང་མཛད་ཅེས་པ་གཉིས་སོ། །འདི་དག་མིང་གཞན་གྱིས་རྟོགས་པར་བྱ་བའི་ཕྱིར་དུ་མིང་གསུངས་པ་ནི། ཚངས་པ་ཞེས་པ་གཉིས་སོ། །མིང་གི་དོན་འཆད་པ་ནི། ཚངས་པ་ཞེས་པ་དྲུག་གོ །དེ་ལ་སངས་རྒྱས་ནི་རྣམ་སྣང་ངོ་། །ཁྱབ་པ་ནི་ཆོས་དབྱིངས་ཀྱིས་ཏེ་མི་བསྐྱོད་པའོ། །བྱ་བ་གྲུབ་པའི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་དེ་ལས་འདས་པའི་དགེ་བ་སྟེར་བས་ཞི་བ་ནི་དོན་གྲུབ་བོ། །མཉམ་ཉིད་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མཉམ་པས་ཐམས་ཅད་ནི་རིན་འབྱུང་ངོ་། །སོར་རྟོག་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་བདེ་ཆེན་ནམ་མཁའ་ལྟ་བུར་གྱུར་པས་དེ་ཉིད་ནི་འོད་དཔག་མེད་དོ། །


JLD011_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཀྱི་བདེ་ཆེན་རྟོགས་པའི་གནས་སྐབས་ཀྱི། རྣམ་པར་སངས་རྒྱས་ནི་རྡོར་སེམས་སོ། །རིགས་ཐམས་ཅད་བསྡུ་ན་དེར་འདུ་བས་རྣམ་པར་ནི་ཁྱད་པར་དུ་འཕགས་པའི་སངས་རྒྱས་སོ། །ཡང་ན་བདེ་སྟོང་སྦྱར་བའི་ལྷན་སྐྱེས་ཉིད། སྔགས་དང་ལྷ་དང་། རྣམ་སྣང་སོགས་དྲུག་དང་། ཚངས་པ་སོགས་དྲུག་ཏུ་བཤད་དོ། །ལྷར་གསུངས་པའི་དོན་ལུས་ལས་ཞེས་པ་གཉིས་ཀྱིས་ཏེ། དྷེ་ཧ་སཾ་བྷ་བ་ཞེས་པའི་ཧ་དང་སཾ་བྷ་ཕྱིས་པའི་དྷེ་བ་ནི་ལྷ་དང་། ཡི་གེ་ཚང་བའི་དོན་ལུས་ལས་འབྱུང་བའོ། །བཅོམ་ལྡན་འདས་སུ་འཇོག་པའི་ཚུལ་གཉིས་ནི་སྔར་བཤད་ཟིན་ཏོ། །བདེ་ཆེན་གྱི་ཤེས་རབ་ཀྱིས་འགྲོ་བ་བསྐྱེད་པས་ནི་བརྟན་གཡོ་ཐམས་ཅད་དེའི་བདག་ཉིད་དུ་བྱུང་བའོ། །དགའ་བ་སོགས་འབྱེད་ཅིང་སྟོན་པར་བྱེད་པ་དང་། ཆགས་ཆེན་གྱི་དགའ་བར་བྱེད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་འཇོ་བ་དང་། འདྲེན་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གར་བྱེད་པ་དང་། མི་གནས་པས་གཡོ་བ་དང་། རྣམ་རྟོག་ལས་བྱུང་བའི་ཉོན་མོངས་ཐམས་ཅད་ཀྱིས་རེག་ཏུ་མེད་པས་མ་ལ་སོགས་པར་བརྗོད་དོ། །ཧེ་རུ་ཀའི་རྣལ་འབྱོར་པ་རྣམས་ཀྱི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་ཕྱག་རྒྱ་དང་སྔགས་དང་ཏིང་ངེ་འཛིན་དུ་སྟོན་པ་ནི། ཨཱ་ལི་སོགས་སོ། །རྐང་པའི་རྗེས་ཞེས་པ་གཉིས་ནི། བརྟེན་པ་ཧེ་རུ་ཀས་མནན་པའི་གཞི་དེ་རྟེན་གྱི་དཀྱིལ་འཁོར་དུ་འཇོག་པ་བཞིན་དུ་དཀྱིལ་འཁོར་དུ་སྟོན་པས་ཏེ། ཉེད་ཕྱིར་ནི་མནན་པས་ཞེས་བསྒྱུར་བའི་


JLD011_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནོ། །ཕ་ལས་བདེ་བ་ཐོབ་པ་ནི་བླ་མས་མན་ངག་བསྟན་པ་དང་། དེ་ལས་དབང་དུས་སུ་ཐོབ་པའོ། །འཆི་བ་ནི་ཀུན་རྟོག་བཅད་པའི་དོན་ནོ། །ལེའུའི་དོན་བསྡུ་ན་དེ་ཁོ་ན་ཉིད་ཀྱི་ལྟ་བ་བཙལ་རྙེད་པ་ན་གསངས་ཏེ། ལས་རྒྱ་ལ་བརྟེན་ནས་རྟག་ཏུ་བདེ་སྟོང་སྦྱར་ཏེ་བསྒོམ། དེ་ལྟར་བྱེད་པའང་འབྲས་བུའི་སའི་གནད་ཀྱིས་དང་། ཡུལ་དེ་རྣམས་ཕྱག་རྒྱར་འཇོག་པའི་གནད་ཀྱིས་ཡིན། ཕྱག་རྒྱ་བསྟེན་པ་ལ་སོ་སོའི་རིགས་བསྔགས་པས་རིགས་ངོ་ཤེས་པར་བྱེད་དོ། །དེ་བཞིན་གཤེགས་པ་རིགས་དྲུག་དང་ལྔ་དང་གསུམ་དུ་གསུངས་པའི་ངེས་དོན་གྱི་རིགས་ཀྱང་ཕྱག་རྒྱ་ལ་བརྟེན་ནས་བསྐྱེད་པའི་ཡེ་ཤེས་དེ་ཉིད་ལ་འཇོག་པ་ལ་ཕྱིའི་འཇོག་ཚུལ་དང་། སོ་སོའི་འཇོག་ཚུལ་གཉིས་དང་། ངེས་དོན་གྱི་ཕྱག་རྒྱ་ཤེས་རབ་མའང་། ཡེ་ཤེས་དེ་ལ་འཇོག་ཚུལ་དང་། ཡེ་ཤེས་དེ་ལྡན་གྱི་རྣལ་འབྱོར་པའི་བསྔགས་པ་སྟོན་པར་འདུའོ། །ལེའུ་དྲུག་པ་ལ་མཚམས་སྦྱོར་ནི། དེ་ནས་ཞེས་སོགས་ཏེ། རྒྱལ་ཚབ་ཀྱི་གནས་དབང་དུ་བྱས་པ་དེ་ཁོ་ན་ཉིད་རིག་པའི་རྣལ་འབྱོར་པས། སེམས་ཅན་རྗེས་སུ་བཟུང་བ་དང་དེ་ཁོ་ནའི་དོན་ལ་ངེས་པར་སེམས་པའི་ཕྱིར་དུ་། སྤྱོད་པའི་ལེའུ་བཤད་པར་བྱའོ། །དེ་ཁོ་ན་ཉིད་བཤད་པ་དེས་ན་དེར་མ་ཟད་དོན་གཞན་ཡང་བཤད་དོ། སྤྱོད་པ་ནི་གནས་དང་ཉེ་བའི་གནས་སུ་བརྒྱུ་ཞིང་འགྲོ་བའོ། །ཕ་རོལ་ཕྱིན་པ་ནི་སོ་སྐྱེ་གཞན་ལས་ཤིན་ཏུ་འདས་པའོ། །མཆོག་ནི་སྒྲུབ་པོའི་དམ་ཚིག་


JLD011_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚོགས་སོ། །འོ་ན་དགོས་པ་སྔ་མ་གཉིས་ཀྱི་ཕྱིར་ཐབས་མང་དུ་ཡོད་ན། ཀུན་ཏུ་རྒྱུ་བས་ཁམས་ཟད་པར་བྱེད་པའི་སྤྱོད་པ་འདི་ཅིའི་ཕྱིར་གསུངས་སྙམ་ན། སྤྱོད་པ་གང་གི་རྒྱུད་འདིར་གསུངས་པའི་གྲུབ་པའི་གནས་བཅུ་གཉིས་ཀྱི་མཐར་ཐུག་པར་འགྲོ་བའམ། གནས་དེར་བཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས་དང་ཉེ་བར་འགྲོ་བའོ། །དེར་འགྲོ་བའང་ཅིའི་ཕྱིར་སྙམ་པ་ལ། ཀྱེ་རྡོ་རྗེའི་དངོས་གྲུབ་ནི་སངས་རྒྱས་ཡིན་ལ། དེའི་རྒྱུ་ནི་རྣལ་འབྱོར་མ་སྟེ་དེ་དང་ལྷན་ཅིག་ཏུ་འདུས་པས་གོ་འཕང་དེ་འཐོབ་པའི་ཕྱིར་རོ། །རྒྱལ་ཚབ་དེའི་རྒྱན་ནི། སྒོམ་པ་པོ་ཡི་རྣམ་འཛིན་པ། །ཞེས་པ་ནས་སྟག་གི་པགས་པ་ཉིད་ཀྱི་བར་རོ། །ཁ་ཟས་ནི་བདུད་རྩི་ལྔའོ། །ཧེ་རུ་ཀ་ཞེས་པ་དྲུག་ལ་བཤད་པ་མ་བྱུང་ངོ་། །རྒྱལ་ཚབ་དེའི་བསྒོམ་པའི་གནས་ནི། ཤིང་གཅིག་ལ་སོགས་པ་ལྔ་ནི་རིམ་པ་བཞིན། ཤིང་གཉིས་པ་མེད་པ་དང་། སྲོག་སོང་བའི་གནས་དང་། ཚངས་མ་སོགས་མ་མོ་བདུན་གྱི་གནས་དང་། སྐྱེ་བོ་མང་པོ་སྤངས་པ་དང་། ལམ་རིང་པོའོ། །མཚན་མོ་ནི་དུས་མ་ཡིན་པའོ། །གནས་ཀྱི་བཤད་པ་གཉིས་ནི། རང་བཞིན་འོད་གསལ་གྱི་ཡེ་ཤེས་ནི་ཤིང་གཅིག་སྟེ་དེ་དང་འདྲ་བའོ། །ཇི་ལྟར་ན་ཤིང་གཞན་མེད་པ་བཞིན་སྤྲོས་པའི་ཆོས་གཞན་མི་དམིགས་པ་དང་། འབྲས་བུ་ལ་སོགས་པས་སེམས་ཅན་ལ་ཕན་པ་བཞིན་དུ། དངོས་གྲུབ་གསུམ་གྱིས་རྒྱུ་བྱས་ནས་ཕན་འདོགས་པའོ། །རྣལ་འབྱོར་མ་བཅོ་བརྒྱད་ཀྱི་མ་མོ་རྣམས་ཀྱི་ཁྱིམ་རྩའི་འཁོར་ལོ་དང་། དུར་ཁྲོད་ནི་


JLD011_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་རྒྱུ་ཞེས་པའི་རིགས་པས་རང་གི་ལུས་སོ། །ཡང་ན་རུས་པའི་དུམ་བུ་ལ་སོགས་པའི་གནས་ཡིན་པས་དུར་ཁྲོད་དོ། །དབེན་པ་ནི་སྐྱེ་བོས་ཏེ་རྟོག་པ་ལས་རྒྱལ་བའོ། །བས་མཐའ་ནི་བདེ་ཆེན་འཁོར་ལོའི་འོག་གི་འཁོར་ལོ་གསུམ་གྱི་ནང་གི་ལམ་ཞེས་ཏེ་དྷཱུ་ཏཱིའོ། །སྒོམ་པ་བཟང་བ་ནི་ཡིད་དེར་རོ་གཅིག་པའོ། །དྲོད་ཐོབ་པ་ནི་སྒོམ་པ་ཅུང་ཟད་ཐོབ་པའོ། །གལ་ཏེ་ཞེས་པ་ནི་སྤྱོད་པ་བྱ་བར་ངེས་པ་མེད་པའོ། །ཤེས་རབ་མ་མེད་པར་སྤྱོད་པ་སྤྱད་པ་མ་ཡིན་ཞེས་སྟོན་པ་ནི་ཤིན་ཏུ་བཞིན་བཟང་སོགས་སོ། །རྗེས་སུ་ཆགས་པར་བྱ་བའི་ཕྱིར་དགའ་རྩེད་ཀྱི་རྐྱེན་གསུངས་པ་ནི། གལ་ཏེ་གླུ་བླང་ཞེས་སོགས་ཏེ། དགའ་བ་ནི་རྣལ་འབྱོར་མ་དགའ་བར་བྱ་བའི་ཕྱིར་རོ། །རྡོ་རྗེ་ལྡན་པ་ནི་གླུ་ལེན་པ་རྡོ་རྗེའི་ཚིག་དང་ལྡན་པར་བྱེད་པའོ། །འདོད་པའི་རྩེད་མོའི་ལོངས་སྤྱོད་ནི། སྨན་ནི་ཞེས་སོགས་གསུངས་པའི་སྨན་ནི་ཙནྡན་དམར་པོའོ། །ཆུ་ནི་རི་དྭགས་ལས་སྐྱེས་པའི་ཆང་ངོ་། །ཞེས་ཏེ་ཀུ་མུ་ཊིའི་བཤད་པའོ། །སྔར་བཤད་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གྱིས། དྲོད་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་པ་བྱ་བ་ནི། དེ་ནས་ཞེས་པས་བསྟན་ཏོ། །སྤྱོད་པ་མ་ལུས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། མཆོག་ཏུ་གྱུར་པ་གཙོ་བོའི་སྤྱོད་པ་བཤད་པར་བྱའོ། །གང་ལ་ན། འཆད་པའི་སྤྱོད་པ་གང་གིས་གྲུབ་པའི་མཐའ་རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་པའི་གཞུང་ལུགས་དེར་འགྲོ་བ་སྟེ་དོན་དུ་གཉེར་བ་ལས་སོ། །དགོས་པ་ནི་ཀྱཻ་རྡོར་གྱི་རྒྱུད་དུ་གསུངས་པའི་


JLD011_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱི་རྒྱུ་སྟེ་མཚན་མ་བྱུང་བར་ཤེས་པ་དང་། སྤྱོད་པ་སྤྱད་པའི་ཕྱིར་རོ། །དེ་ནི་གཉིས་མེད་ཀྱི་དེ་ཁོ་ན་ཉིད་བསྒོམ་པའི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་ཀྱིས་ཆོས་ཀྱི་རྒྱལ་སྲིད་སྐྱོང་བའི་དབང་དུ་བྱས་ཏེ། རྒྱལ་ཚབ་ཀྱིས་རྒྱན་རྣམ་པར་འཛིན་པར་བཤད་པ་ནི། རྣ་བ་དག་ལ་ཞེས་སོགས་གསུངས་སོ། །ཧེ་ནི་རྒྱུ་སོགས་སྟོང་པ་སྟེ་ཞེས་སོགས་ཀྱི་ཚུལ་གྱི་བདག་ཉིད་དུ་སྦྱོར་བ་ནི་ཧེ་རུ་ཀའི་སྦྱོར་བའོ། །དེས་ཁ་དོག་ལྔ་ལ་གནས་པའི་ལྔ་ནི། བྲམ་ཟེ་ལ་སོགས་པ་དང་། རྡོ་རྗེའི་རིགས་ལ་སོགས་པའི་མཐར་ཐུག་པའི་ཐ་མ་རྣམས་སོ། །དེ་རྣམས་ལ་མཉམ་པར་གནས་ཏེ་སྤྱོད་པ་ནི་རིགས་ངན་མའང་གྲོགས་སུ་སློང་བ་དང་། ལུས་ལ་རེག་པ་སོགས་བྱེད་པ་སྟེ། རིགས་གཅིག་ཏུ་བརྟག་པའང་དེའོ། །ཡང་ན་རིགས་སམ་ཁ་དོག་ལྔ་ནི་སངས་རྒྱས་ལྔའི་བདག་ཉིད་ཀྱི་ཕུང་པོ་ལྔའོ། །དེ་ལ་མཉམ་པར་སྤྱོད་པ་ནི། དེ་ལྔ་ག་དེ་བཞིན་ཉིད་དུ་བསྡུས་ནས་རིགས་གཅིག་པ་སྟེ་རོ་གཅིག་ཏུ་བརྟག་པ་སྟེ་བསམ་པར་བྱའོ། །དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ནི་དོན་དམ་པར་ན་ཁ་དོག་རིགས་ལྔའི་དབྱེ་བ་སྣ་ཚོགས་པ་མི་དམིགས་པའི་ཕྱིར་རོ། །སྤྱོད་པ་བྱེད་པའི་གནས་ནི་ཤིང་གཅིག་ཅེས་སོགས་ཀྱིས་སྟོན་པའི་ཤིང་གཅིག་ནི་གནོད་སྦྱིན་ལ་སོགས་པས་བྱིན་གྱིས་བརླབས་པའོ། །མ་མོའི་གནས་སྔར་དང་འདྲ། མཚན་མོ་ནི་ཤེས་རབ་ཡིན་ལ། དེའང་རྣལ་འབྱོར་མའི་གནས་དང་ཞིང་ལ་སོགས་པའོ། །ནང་བཤད་ནི་ལག་རྐང་ལ་སོགས་པའི་ཡལ་ག་


JLD011_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་ལུས་ནི། བདེ་ཆེན་འབྲས་བུ་སྨིན་པ་བསྐྱེད་པས་ཤིང་དང་དབུགས་ཕྱུང་བས་དུར་ཁྲོད་དུ་བཤད་དེ། དུར་ཁྲོད་ལའང་འཇུག་པའི་ཤྭ་ས་ཏིར་དབུགས་ཕྱུང་གིས་འཇོག་པའོ། །མ་མོ་ནི་སྔར་དང་འདྲ། མཚན་མོ་ནི་ཤེས་རབ་ཀྱིས་ཆགས་སོགས་འགོག་པའོ། །དབེན་པ་ནི་སྙིང་སྟོབས་ལ་སོགས་པའི་རྟོག་པ་དང་བྲལ་བའོ། །བས་མཐའ་ནི་འཁོར་ལོ་བཞིའི་ནང་དྷཱུ་ཏཱིའི་ལམ་སྟེ། འདི་ནི་བགྲོད་དཀའ་བ་དང་ལམ་རིང་བའི་ཕྱིར་རོ། །སྤྱོད་པ་བྱེད་རན་པའི་དུས་ནི། དྲོད་ཅུང་ཟད་ཐོབ་ནས་ཞེས་ཏེ་དྲོད་ནི་མཐུའམ་ནུས་པ་སྟེ། དེའང་མུ་ཏིག་ཕྲེང་བར་མི་དང་མི་མ་ཡིན་དང་། བཀྲེས་སྐོམ་དང་གྲང་དྲོའི་གནོད་པས་མི་བརྫི་བ་ལ་བཤད་པ་ལྟར་ཡིན་པས། དྲོད་ནི་ནུས་པ་ལ་བསྒྱུར་བ་ལྟར་ལེགས་ཀྱི། སྦྱོར་ལམ་དྲོད་ཐོབ་པར་སྟོན་པ་ནི་མིན་ནོ། །གལ་ཏེ་དོན་ནི་སྔར་དང་འདྲ་བས། ཚེ་འདིར་མཆོག་ཐོབ་པར་འདོད་ན་ངེས་པར་སྤྱོད་པ་བྱ་དགོས་ལ་གཞན་ལ་མ་ངེས་སོ། །རང་གཅིག་པུས་མིན་པར་གྲོགས་ཁྱད་པར་ཅན་དགོས་པ་ནི། ཤིན་ཏུ་བཞིན་བཟང་ནས་གཟུང་བར་བྱ་བའི་བར་གྱིས་སོ། །རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་མ་མ་རྙེད་ན་རང་གི་ཡི་དམ་ལྷའི་རིགས་ཀྱི་ཤེས་རབ་མས་བྱ་བ་ནི་རང་འདོད་ཅེས་པའོ། །བྱང་ཆུབ་ཀྱི་ས་བོན་གདབ་པ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །སྦྱང་བ་ནི་དབང་བསྐུར་བའོ། །གླུ་ལེན་པའི་ཚེ་རྡོ་རྗེའི་ཚིག་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་མཆོག་དང་ལྡན་པས་


JLD011_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི། གྲོང་བའི་གླུ་ཕལ་བ་ནི་མིན་ནོ། །རྒྱན་ལྔའི་དག་པ་སླ་ལ། ཤེས་རབ་ནི་སྟོང་པ་ཉིད་ཀྱིའོ། །ཐབས་ནི་བདེ་ཆེན་ནོ། །ཞེ་སྡང་དག་པ་ནི་ཀྱཻ་རྡོར་གྱི་གཟུགས་སོ། །སྨན་ནི་དྲི་ཆེན་དང་། ཆུ་ནི་དྲི་ཆུའོ། །རྟག་པ་ཞེས་པ་དུས་ཅི་ཙམ་དུ་བྱ་བ་སྟོན་པས་བཟའ་བ་མི་འཆི་བཅུ་ཕྱེད་དང་མི་ཟློས་སོ། །དེ་ཟོས་པའི་ཕན་ཡོན་ནི་རྒ་ཤི་ཞེས་པ་གཉིས་ཀྱིས་སོ། །ཧུཾ་བྱུང་ནི་ཀྱཻ་རྡོར་ཏེ་དེ་ལས་རུས་པའི་རྒྱན་སྦྱར་བའམ། རང་ཉིད་དང་དེ་གཉིས་བསྒོམས་པས་སྦྱར་བར་བྱའོ། །སྐྲའི་སྐུད་པ་ནི་རྐུན་མའི་སྟེ། རྐུན་མ་མཚོན་གྱིས་བསད་པ་དང་། འགགས་ཏེ་ཤི་བ་སོགས་སོ། །རུས་པའི་སྐ་རགས་ཡོད་ཀྱང་སྐྲས་སྐ་རགས་བྱ་བར་བཤད་པའི་རིགས་པ་ནི། རིན་པོ་ཆེ་དང་རུས་རྒྱན་ལ་སོགས་པའི་སྐབས་གཞན་ཁ་ཅིག་ཏུའང་ཤེས་པར་བྱའོ། །རྡོ་རྗེ་ཐོད་པ་ནི་ཀྱཻ་རྡོར་ཏེ་ཞེས་པ་ནི་རྡོ་རྗེ་ནི་བཛྲ་དང་། ཐོད་པ་ནི་ཀ་པཱ་ལ་བདེ་བ་སྐྱོང་བ་ཧེའི་དོན་ནོ། །བརྐམ་པ་ནི་འདོད་ཆགས་དུག་གསུམ་དང་། འབྱུང་བོ་ལ་འཇིགས་པ་དང་། ངོ་ཚ་བ་ནི་ཞུམ་ནས་འཛེམ་པ་སོགས་ཏེ། འདི་རྣམས་ཀྱིས་ཧ་ཅང་མི་གནོད་པའོ། །གཉིད་སྤོང་བ་ནི་དེས་ལམ་གྱི་བར་ཆད་དུ་འགྱུར་བའོ། །བདག་ཉིད་ཀྱང་སྤང་ཞེས་ཁུའི་འགྱུར་ལ་ཡོད་པའི་དོན་ནི་བདག་ལྟ་རྩད་ནས་དབྱུང་བའོ། །ལུས་སྦྱིན་པར་གཏོང་བ་ནི་སེམས་ཙམ་གྱིས་ཡིན་ལ། དེའང་རྡོ་རྗེ་རྣལ་འབྱོར་མ་རྣམས་དང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་རོ། །སྐལ་དང་སྐལ་མིན་སོགས་ཀྱི་དོན་གཅིག་དང་དུ་མའི་སྦྱོར་བ་དང་བྲལ་བས།


JLD011_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བྱ་དང་སྦྱིན་བྱེད་དོན་དམ་པར་མི་དམིགས་པའི་ཕྱིར། དོན་དམ་པར་ལུས་སྦྱིན་པར་མི་བྱ་ཞེས་པ་ནི། སྐལ་བ་ཞེས་པ་མུ་ཏིག་ཕྲེང་བར་ཆ་དང་ཆ་མིན་ཞེས་པར་ཡང་བསྒྱུར་བས་ཆོག་ལ། དེའི་ཚེ་ཆ་བཅས་སམ་ཟླ་བཅས་ནི་དུ་མ་དང་། ཆ་མེད་དེ་ཟླ་མེད་ནི་གཅིག་ཡིན་པ་དང་། བདེན་པར་བཟུང་ནས་མི་སྦྱིན་པ་ནི་དོན་དམ་པར་མི་སྦྱིན་པའི་དོན་ནོ། །བཟའ་བཅའ་ཞེས་པ་ནས། རྣམ་རྟོག་ཉིད་དུ་མི་བྱའོ། །ཞེས་པའི་བར་གྱིས་ཞེན་པར་དང་། རྣམ་པར་རྟོག་པར་མི་བྱ་བའང་བདེན་འཛིན་མེད་པར་དེ་རྣམས་སྤྱད་པར་བྱ་བའི་དོན་ནོ། །སྤྱོད་པའི་སྐབས་འདིར་སྐུ་གཟུགས་སོགས་ལ་ཕྱག་བྱེད་པ་བཀག་ཡོད་པས། དེ་ལྟ་ན་བླ་མ་ལའང་ཕྱག་བྱ་མི་དགོས་སམ་སྙམ་ན། དངོས་གྲུབ་ཐོབ་པའི་སློབ་མ་གང་ཞེས་པ་བཞིས། ཕྱག་མ་བྱས་ན་མནར་མེད་དུ་ལྟུང་བས་ཕྱག་བྱ་དགོས་སོ། །ཞེས་གསུངས་པས་རྡོ་རྗེ་སློབ་དཔོན་གྱི་ཞིང་ནི་ཤིན་ཏུ་གཉན་ནོ། །ལུས་ལ་སོགས་པའི་འཇུག་ལྡོག་གི་བྱ་བ་ངེས་པ་ནི་བསླབ་པའོ། །དཀྱིལ་འཁོར་དུ་འཇུག་པ་ནི་དབང་ངོ་། །དབང་ནི་ཆོ་གར་ཡང་བསྒྱུར་ཏོ། །ངོ་ཚ་བ་ནི་འཛེམ་པ་སྟེ་ཁྲེལ་ཡོད་པའོ། །དེ་ནི་འདིར་རྡོ་རྗེ་ཐེག་པ་རང་གི་རིགས་ཀྱིས་བྱ་བ་བཟའ་མིན་ཟ་བ་དང་། བགྲོད་མིན་ལ་བགྲོད་པ་མ་འཛེམ་པའོ། །དེ་འགོག་པ་ནི་དེ་བཞིན་ཞེས་པ་སྟེ་དེ་ལས་ཀྱང་གྲོལ་ཞེས་པའོ། །ཕུང་པོ་ལྔའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྟོང་ཉིད་དང་། སྙིང་རྗེ་ཆེན་པོ་ནི་


JLD011_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཀྱི་བདེ་བ་ཡིན་ལ། དེ་འདྲ་བའི་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་སྦྱོར་བའི་སྐུ་ཡིས་གནས་ཞེས་པའོ། །རྣམ་དཔྱད་ནི་དེ་གཉིས་སྦྱོར་བའོ། །སྦྱིན་སྲེག་སོགས་ནི་ཕྱིའི་དབང་དུ་བྱས་ལ། དེ་བྱས་ནས་ནང་དུ་བདེ་སྟོང་ལ་སྦྱར་ཏེ་བསྒོམ་པ་ལ་གནོད་པ་རྣམས་མི་བྱེད་པའོ། །འཇིགས་པར་མི་བྱེད་པའི་ཚུལ་ནི། འཇིགས་པའི་རྒྱུ་མཐོང་ན་རང་དང་གཉིས་སུ་མེད་པར་དམིགས་ནས་སེམས་ཞུམ་པར་མི་བྱེད་པའོ། །སྙིང་རྗེ་ནི་བདེ་ཆེན་ནོ། །དེའི་རྒྱུར་བཏུང་བ་ནི་ཨ་ཝ་དྷཱུ་ཏཱི་བཞོས་ནས་ཏེ། དེར་ཀུན་ད་ལྟ་བུ་ཕབ་ནས་འཐུངས་པས་རྟག་ཏུ་བདེ་ཆེན་བསྐྱེད་པའོ། །རྣལ་འབྱོར་པ་བཏུང་བ་དེ་ལ་ཤིན་ཏུ་དགའ་བས་ནི། ཕྱི་རོལ་གྱི་བཏུང་བའི་རོ་ལ་ཆགས་ཤིང་དགའ་བར་མི་བྱའོ། །ཞེས་བཤད་པ་རྣམས་ནི་པདྨ་ཅན་གྱི་ལུགས་དེ་ལེགས་པར་སྣང་ངོ་། །དོན་བསྡུ་ན་ཕྱི་ནང་གི་ལྷན་སྐྱེས་འདྲེན་ཐབས་ཀྱིས་བདེ་ཆེན་དྲངས་ཏེ། དེ་ཁོ་ན་ཉིད་བསྒོམས་པ་ལ་བརྟེན་ནས། སྔར་བཤད་པ་ལྟར་གྱི་མཐུ་ཐོབ་པ་ནི། རིག་མ་མཚན་ལྡན་ཁྲིད། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཏེ། གནས་དང་ཞིང་ལ་སོགས་པའི་གནས་རྣམས་སུ་བྱོན་ནས། ཕྱག་རྒྱ་ལ་བརྟེན་ཏེ། ལྷན་སྐྱེས་ཀྱི་བདེ་སྟོང་ཉིད་སྐྱོང་བ་དང་། བདུད་རྩི་ལྔ་རྟག་ཏུ་བསྟེན་པར་བྱེད་དེ་འདི་ནི་ཁམས་རྒྱས་པའི་ཡང་རྒྱུ་ཆེན་པོའོ། །དེ་ལྟར་ན་རིག་མའི་འདོད་ཡོན་ལ་རང་བཞིན་ཡོངས་སུ་ཤེས་པའི་བདེ་ཆེན་གྱིས་སྤྱོད་པ་ནི། སྤྱོད་པའི་དོན་ཡིན་ལ། དེ་ལའང་སྤྲོས་བཅས་སོགས་གསུམ་གསུངས་པ་ལས།


JLD011_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གསུངས་ཚོད་ནི་སྤྲོས་མེད་རྒྱས་འབྲིང་བསྡུས་གསུམ་གྱིས་བསྡུས་པ་ཡིན་མོད་ཀྱང་། དེས་མཚོན་ནས་གཞན་རྣམས་ཀྱང་ཤེས་པར་བྱའོ། །ལེའུ་བདུན་པ་ལ་མཚམས་སྦྱར་བ་ནི། སྤྱོད་པའི་ལེའུ་གསུངས་པའི་རྗེས་དེ་ནས། ཙྪམྨ་སྟེ་བརྡའི་ལེའུ་བཤད་དེ། སྤྱོད་པ་བྱེད་པའི་ཚེ་གཞན་ནམ་རང་གིས་དམ་ཚིག་ལ་གནས་པའི་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་མཐོང་བ་ན། བརྡ་དང་བརྡའི་ལན་མ་ཤེས་ན། དེ་དག་དང་ཉེ་བར་འདུ་བའི་སྐལ་བ་མེད་པས། དེ་ཤེས་པའི་རྒྱུ་ཕྱག་རྒྱ་གསུངས་སོ། །ལེའུའི་དོན་དངོས་ལ་ནི་བརྡ་དང་བརྡ་ལན་ཤེས་པ་གང་གིས་རང་གི་དམ་ཚིག་ལ་གནས་པའི་རྡོ་རྗེ་སྤུན་དང་། སྲིང་མོར་ཐེ་ཚོམ་མེད་པར་ཤེས་པར་འགྱུར་བ་ནི་བཤད་དོ། །འདིར་ཕྱག་རྒྱ་རྣམས་ནི་ལག་པ་གཡོན་པས་བྱ་བར་མུ་ཏིག་ཕྲེང་བ་སོགས་ལས་བཤད་པས། རྣལ་འབྱོར་མ་གང་ཞིག་གི་སོར་མོ་གཅིག་སྟོན་པ་ནི། ལེགས་པར་འོངས་སམ། ཞེས་འདྲི་བ་ཡིན་ལ། རང་གི་སོར་མོ་གཉིས་བསྟན་པས་ནི། ཤིན་ཏུ་ལེགས་པར་འོངས་སོ་ཞེས་ལན་འདེབས་པའོ། །གཅིག་ནི་མཛུབ་མོ་དང་གཉིས་ནི་གུང་མཛུབ་དང་། མཛུབ་མོའི་བརྡས་ནི་ཤེས་རབ་ཀྱི་པདྨ་བསྐུལ་བ་དང་། ལེགས་པར་འོངས་སོ་ཞེས་པའི་བརྡས་ནི། སོར་མོའི་སྦྱོར་བས་བསྐུལ་བས་ཤུ་ཀྲ་བཀུག་པའི་དོན་དང་། སྙུན་གྱི་ཕྱག་རྒྱས་ནི་གཡོན་པ་ཤེས་རབ་ཀྱི་པདྨ་དང་། མཐེ་བོ་ནི་རྡོ་རྗེ་དང་བཅངས་པ་ནི་འབབ་པའི་དུས་སུ་ཤིན་ཏུ་བཙིར་བར་སྦྱོར་ཕྲེང་ལས་སོ། །སྙུན་གྱི་ཕྱག་རྒྱའི་ལན་སོར་མོ་གཅིག་སྟོན་པ་ལ་


JLD011_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་བས་སོ། །དེའི་ཞེས་པ་རྣམས་ནི་དེའི་ལན་དུ་ཞེས་པའོ། །གོས་སྟོན་ཞེས་པ་ནི་པདྨ་ཅན་དང་མུ་ཏིག་ཕྲེང་བ་སོགས་སུ། གུང་མཛུབ་གཉིས་དཔྲལ་བར་ཐོད་ལྟར་འཕྲེང་ལ་འཛིན་པ་ལ་བཤད་ཅིང་། ཕྱི་མར་ཐོད་སྟོན་པ་འབྱུང་གི །གོས་ཞེས་པ་མེད་ལ་བྷ་བའི་འགྲེལ་པར་བྱུང་ངོ་། །ས་ནི་སྤྲུལ་པའི་འཁོར་ལོ་དང་། ཁ་མི་སྨོས་པར་འཁོར་ལོ་ཞེས་སྟོན་ནས། དེའི་དོན་སྙིང་གའི་འཁོར་ལོ་ལ་སྦྱོར་ཕྲེང་ལས་བཤད་ཅིང་། བྷ་བས་འཁོར་ལོའི་དོན་མཐེབ་མཛུབ་གཉིས་རྩེ་སྦྱར་ཏེ། སོར་མོ་གསུམ་དགྲོལ་བ་སྔོན་དུ་འགྲོ་བས་ཟླུམ་པོར་འཆང་བ་ལ་བཤད་དོ། །ལྟོ་བས་ཞེས་པ་ལ་ནི་མུ་ཏིག་ཕྲེང་བར་ལྟ་བའི་དགའ་བས་བརྩེ་བར་བྱ། །ཞེས་འབྱུང་ལ། པདྨ་ཅན་ལས་ཕོ་ལོང་ཞེས་པ་ནི་བཙུན་མོ་དང་རྩེ་བའི་རྒྱུས་པགས་པ་ལ་སོགས་པའི་རིལ་བུ་གྱེན་དུ་འཕེན་པར་སྟོན་ཞེས་བཤད་དོ། །རྩེ་གསུམ་ནི་མཐེ་བོས་མཐེའུ་ཆུང་མནན་ནས་ལྷག་མ་གསུམ་བསྒྲེང་བའོ། །མཚམས་ནི་སྐྲ་མཚམས་སོ། །དམ་ཚིག་གིས་ནི་སྟེ་བརྡས་དབྱེ་བ་སྟེ་གསལ་བར་བྱའོ། །ཕྲེང་བ་བཏང་བ། ཕྲེང་བ་ལན་སྟོན་གྱི་བརྡས་ལན་དེ་དེ་ལྟར་བྱ་བར་སྟོན་པའོ། །བརྟུལ་ཞུགས་བཟང་ཞེས་བོས་ནས་དམ་ཚིག་ལ་གནས་པར་གྱིས་ཤིག་པའོ། །བཟང་པོའི་སྤྱོད་ཡུལ་ནི་ཞིང་དང་གནས་ལ་སོགས་པ་བཟང་པོར་རོ། །གང་དུ་འདུ་བའི་གནས་ཀྱི་གྲངས་ཞུས་པ་ནི། ཀྱཻ་བཅོམ་ལྡན་འདས་ཞེས་སོགས་སོ། །ལན་ནི་གནས་ཞེས་པ་ནས་བརྗོད་མི་བྱ་ཞེས་པའི་བར་རོ། །ས་བཅུ་གཉིས་ནི། རབ་དགའ་སོགས་བཅུ་ནི་སཾ་བྷུ་ཊི་ལས་བཤད་ལ།


JLD011_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་གཉིས་ནི་མོས་སྤྱོད་ཀྱི་ས་དང་། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ། མུ་ཏིག་ཕྲེང་བ་དང་། མན་སྙེ་དང་བྷ་བས་བཤད་དོ། །སཾ་བྷུ་ཊིར་གནས་ནས་ཉེ་ཞིང་གི་བར་བཞི། རབ་དགའ་ནས་འོད་འཕྲོའི་བར་བཞི་དང་། ཙྪནྡྷོ་མངོན་དུ་གྱུར་པ་དང་ཉེ་བའི་ཙྪནྡོ་སྦྱང་དཀའ་བ་དང་། འདུ་བ་གཉིས་དང་དུར་ཁྲོད་གཉིས་ནི་རིང་དུ་སོང་བ་ནས་ཆོས་ཀྱི་སྤྲིན་གྱི་བར་ལ་བཤད་པའི་མཐར། ཕ་རོལ་ཕྱིན་བཅུ་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །ཅེས་གསུངས་སོ། །དེའི་ཤུགས་ཀྱིས་ནི་འཐུང་གཅོད་མོས་སྤྱོད་དང་། ཉེ་བའི་འཐུང་གཅོད་ཀུན་ཏུ་འོད་ལ་བྱ་དགོས་སོ། །ས་རྣམས་ཀྱི་བདག་པོ་ལ། རབ་དགའ་སོགས་ས་བཅུའི་དབང་ཕྱུག་ནི་བྱང་སེམས་དང་། མགོན་པོ་ནི་སངས་རྒྱས་སོ། །དེ་རྣམས་ས་དེ་དག་ལས་གཞན་དུ་མེད་པ་ནི་རྐང་པ་ཐ་མས་སྟོན་ནོ། །གང་འདྲ་བ་ཞིག་གནས་ལ་སོགས་པ་ལགས་ཞེས་དྲིས་པ་དང་ལན་ནི་ཉེ་བའི་དུར་ཁྲོད་བརྗོད་པར་བྱ་ཞེས་པའི་བར་རོ། །མན་སྙེར་ཀོལླ་གི་རི་དང་ཨུརྞ་གི་རི་དང་། པུ་ལི་ར་མ་ལ་ཡ་དང་། རྡོ་རྗེའི་གནས་ཞེས་པ་རྣམས་རྣམ་གྲངས་སུ་བཤད་པས། ཀོལླ་གི་རི་ནི་པུ་ལི་རའོ། །བྱེད་པའི་བྲང་དང་པགས་པའི་བྲང་ཞེས་པ་གཉིས་ནི་མན་སྙེར། ཀ་རཱཎྜ་པ་ཌཀ་དང་། ཀརྨ་ར་པ་ཊ་ཀ་ཞེས་མ་བསྒྱུར་བར་བཞག་པ་ལྟར་བྱས་ན་དག་གོ །བའི་མཆོད་སྦྱིན་དང་ཁ་བའི་རི་ནི་གོ་ཏ་བ་རི་དང་། ཧི་མ་ལ་ཡ་གཉིས་བསྒྱུར་བའོ། །ཙྪནྡྷོ་ཧ་ནི་འདུན་རྟོག་ཅེས་པར་བསྒྱུར་ཏོ། །གྲོང་ཁྱེར་ནི་པ་ཊ་ལི་པུ་ཊར་དང་།


JLD011_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཚྭའི་རྒྱ་མཚོའི་དབུས་སུ་སོན་པ་ནི་ཧ་རི་ཀེ་ལའི་ཁྱད་པར་དུ་མུ་ཏིག་ཕྲེང་བར་རོ། །བིནྡྷ་ནི་མན་སྙེར་འབིགས་བྱེད་དུ་བཤད་དོ། །འཐུང་གཅོད་ལ་གྲོང་དང་གྲོང་ཁྱེར་གྱི་ས་གཞི་གཉིས་གཅིག་ཏུ་བྱས་པ་ནས་གཞོན་ནུའི་གྲོང་ཁྱེར་གྱི་བར་ལྔར་བྱས་ཤིང་། ཉེ་བའི་འཐུང་གཅོད་ཀྱང་དེ་དང་ཉེ་བ་ལྔར་བཤད་དོ། །དུར་ཁྲོད་ལ་རབ་སོང་གི་ས་གཞི་དང་། རྒྱ་མཚོའི་འགྲམ་གཉིས་སུ་བྱེད་པར་བརྟག་གཉིས་ཀྱི་ལུགས་སུ་མན་སྙེ་བཤད་པས་དགེ་འདུན་ཞེས་པ་འགྱུར་སྐྱོན་ནོ། །ཀྱཻ་རྡོར་དུ་འདུ་བ་དང་ཉེ་བའི་འདུ་བ་གོང་དུ་སྨོས་ནས། སྐབས་འདིར་མ་བཤད་པ་ནི་ཕྱག་ཆེན་ཐིག་ལེར། ཞིང་ལ་མུ་མུ་ཎི་དང་། དེ་ཝི་ཀོ་ཊི་གཉིས་སུ་བྱས་ནས། འདུ་བ་ལ་ཀརྨ་ར་པཱ་ཊ་ཀ་དང་། གསེར་གླིང་གཉིས་དང་། ཉེ་བའི་ཞིང་ལ་ཀུ་ལུ་ཏ་དང་ཨར་བུ་ཏ་གཉིས་དང་། འཐུང་གཅོད་ལ་ཁ་ཆེ་དང་ཀི་ར་ཏི་གཉིས་སུ་བྱས་ནས། ཉེ་བའི་འདུ་བ་ལ་ཀོང་ཀ་ན་དང་འབིགས་བྱེད་གཉིས་སུ་བྱས་པ་ལྟར་བྱས་ན་འཐད་པ་འདྲ་སྟེ་དཔྱད་དོ། །མན་སྙེར་ཨར་བུ་ཏ་སཾ་བྷུ་ཊིར་གནས་དང་། ཀྱཻ་རྡོར་དུ་ཉེ་བའི་ཞིང་དུ་བྱས་པ་དང་། གོ་ར་བ་ཏི་ནི་སཾ་བྷུ་ཊིར་ཉེ་བའི་གནས་དང་། ཀྱཻ་རྡོར་དུ་ཉེ་བའི་ཞིང་དང་། ཕྱག་ཆེན་ཐིག་ལེར་ཙྪནྡྷོ་ཧར་བཤད་པ་རྣམས་མི་འགལ་ཏེ། གནས་དང་ཞིང་གཉིས་དང་། ཙྪནྡྷོ་ཧ་རྣམས་ཚ་གྲང་བཞིན་དུ་མི་འགལ་བའི་ཕྱིར་དང་། དོན་གཅིག་ལའང་མིང་སྣ་ཚོགས་འཇུག་པའི་ཕྱིར་དང་། གདུལ་བྱའི་དབང་གིས་སྣ་ཚོགས་སྟོན་པ་མི་འགལ་བའི་ཕྱིར་རོ། །ཞེས་གསུངས་སོ། །ཙྪནྡོ་ཧ་ནག་པོ་སོགས་དྲུག་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་


JLD011_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ཁ་དོག་ཏུ་ཞེན་པའི་སྐྱོན་སྤོང་བའི་ཕྱིར་དུ་ཡིན་པར་པདྨ་ཅན་ལས་གསུངས་ཏེ། བསྒོམ་ལུགས་ནི་མཚོ་སྐྱེས་ཀྱི་སྒྲུབ་ཐབས་ཀྱི་འགྲེལ་པ་ལས། གཙོ་བོའི་ཐུགས་ཀའི་ཧཱུཾ་ཡིག་ནག་པོ་དང་། དེ་ལས་ཐིག་ལེའོ། །དེའི་འོད་ཟེར་གཙོ་བོའི་བ་སྤུའི་བུ་ག་ལས་ཐོན་ནས། རྟེན་དང་བརྟེན་པ་ཐམས་ཅད་ནག་པོར་བྱས་པར་སེམས་ཤིང་། དེ་བཞིན་དུ་ཁ་དོག་གཞན་ལའང་བྱེད་པར་བཤད་པ་ལྟར་རོ། །དེའི་མཐར་ཁ་དོག་བཤིག་ནས་འོད་གསལ་དུ་འཇུག་ཚུལ་ཡང་འགྲེལ་པ་དེ་ཉིད་ལས། ཐུགས་ཀའི་ཟླ་ཉིའི་བར་གྱི་ཧཱུཾ་ཡིག་ལས། ཨཱ་ལི་ཀཱ་ལི་འཕྲོས་པ་དབུགས་འབྱུང་བའི་ལམ་ནས་ཐོན་པའི་འོད་ཟེར་གྱིས་འཇིག་རྟེན་གསུམ་པོ་གཅིག་ཏུ་བསྡུས་ནས་དཀྱིལ་འཁོར་ལ་བསྡུས་ཤིང་། རིམ་པ་བཞིན་དུ་ལྷ་མོ་བརྒྱད་ཞལ་བརྒྱད་དང་། ཡུམ་ཡང་ཡབ་ལ་བསྡུས་པའི་མཐར། ཉི་ཟླ་ཁ་སྦྱོར་གྱི་བར་གྱི་ས་བོན་གནས་པའི་ཚེ་ཐོག་མ་ཐ་མ་ཞེས་སོགས་ཀྱི་དོན་རིག་པར་བྱས་ནས། གཙོ་བོ་ཡང་འོད་གསལ་དུ་འཇུག་སྟེ། ཡི་གེ་དང་ཟླ་ཉི་གསུམ་འདྲེས་པ་ནི་སྣང་མཆེད་ཐོབ་གསུམ་གྱི་ཡི་གེ་དག་པ་དང་། བདུད་རྩིའི་རང་བཞིན་འོད་གསལ་དང་མར་མེའི་རྩེ་མོ་ནུབ་ནས་འགྲོ་བ་བཞིན་དུ་འོད་ཟེར་གྱི་ཕུང་པོའི་རྣམ་པ་རྣམས་གཅིག་ལ་གཅིག་ཐིམ་ནས་རྣམ་ཤེས་ནམ་མཁའ་དང་འདྲ་བའི་འོད་གསལ་ལ་ཐིམ་ཞིང་དེ་ནས་སླར་ཡང་ལྡང་བའི་རིམ་པ་བཤད་དོ། །དེ་ལྟར་ན་དགའ་བྲལ་མཐར་ཡང་ཞེས་པའི་དོན་ནི། དགའ་བྲལ་གྱི་དོན་ནི་ལྷན་སྐྱེས་ཡིན་ལ་འང་གི་སྒྲས་ནག་པོ་


JLD011_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསྒོམ་པར་མ་ཟད་ལྷན་སྐྱེས་ཀྱང་བསྒོམ་ཞེས་པའི་དོན་ནོ། །ཡང་ན་དགའ་བྲལ་ཞེས་མི་འདོན་པར་རྣམ་པར་དགའ་བ་ཞེས་འདོན་ཏེ། ཁྱད་པར་དུ་འཕགས་པའི་དགའ་བ་ཡིན་ལ་དེའི་མཐའ་ནི་སྔར་དང་འདྲའོ། །དེ་བཞིན་ཞེས་པ་ནི་ཁ་དོག་བཤིག་པའི་མཐར་ལྷན་སྐྱེས་བསྒོམ་པར་མ་ཟད། སྐབས་གཞན་དུའང་སྔ་མ་བཞིན་དུ་བསྒོམ་པར་བྱ་ཞེས་པ་ནི་པདྨ་ཅན་གྱི་དགོངས་པ་སྟེ། མཐར་ཞེས་པ་སྐབས་གང་དུ་བསྒོམ་པ་སྟོན་པ་མིན་གྱི། བསྒོམ་བྱ་སྟོན་པའོ། །དཔལ་ཡན་ལག་མེད་པའི་རྡོ་རྗེས་ནི་སྤྲུལ་པའི་འཁོར་ལོ་ཨཾ་ཡིག་ནག་པོ་འོད་དང་བཅས་པ་བསྒོམ། དེ་གྱུར་པ་ལས་མར་མེའི་འོད་ལྟར་འབར་བའི་འོད་ཟེར་བ་སྤུའི་བུ་ག་ནས་བྱུང་སྟེ། གཽ་རཱི་སོགས་སྣང་བར་བྱས་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་མིག་སྨན་བཅག་པའི་མདོག་ལྟར་བསྒོམ་སྟེ། རིམ་པ་དེས་དཀར་པོའི་བར་ཡན་ལག་དྲུག་བསྒོམ་པར་བྱའོ། །ཕྱི་ནས་དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པ་ལྷ་མོ་བརྒྱད་རང་རང་གི་ཕྱོགས་ཀྱི་ཞལ་བརྒྱད་དུ་ཞུགས་ནས། རང་གི་ས་བོན་ལ་གནས་པར་བྱའོ། །དེ་ནས་ཡུམ་ཡང་ཡབ་ཀྱི་ཐུགས་ཀར་ཞུགས་པར་བསམ་མོ། །དེ་ནས་གཙོ་བོའང་སྔར་ལུས་ལ་བཀོད་པའི་རྩ་འཁོར་བཞི་ལས་འོད་ཟེར་འཕྲོས་པས། འོད་ཀྱི་རང་བཞིན་དུ་བྱས་ཏེ་ཐུགས་ཀའི་ས་བོན་ལ་གཞུག་གོ །ས་བོན་གྱི་གདན་ཉི་མའང་ས་བོན་ལ་དང་། ས་བོན་ཧཱུཾ་ཡང་ཐིག་ལེར་གྱུར་ནས་ཐིག་ལེ་དང་བཅས་པའི་འཁོར་ལོ་གསུམ་ནི། བདེ་ཆེན་གྱི་རང་བཞིན་འོད་ཟེར་དཀར་པོའི་རྣམ་པར་བསྒོམ་མོ། །དེའང་རིམ་གྱིས་རང་གི་བདག་


JLD011_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ཞུ་ནས་མི་དམིགས་པར་བསམ་མོ། །ཞེས་བཤད་དོ། །འདིའི་ལུགས་ཀྱིས་ཀྱང་ཡན་ལག་དྲུག་བསྒོམ་པའི་མཐར་ལྷན་སྐྱེས་ལ་འཇུག་ཚུལ་སྔ་མ་དང་འདྲ་ལ། ཌ໋་བི་བས། ཕྱི་ནས་ཁ་དོག་རྣམ་པར་དག །ཅེས་པའི་དོན་ཡང་དེ་དང་འདྲའོ། །ཡན་ལག་དྲུག་པ་ལས། ཡན་ལག་དྲུག་གིས་བསྐྱེད་པ་ནི། །དང་པོ་སྤྲིན་དང་འདྲ་བར་མཐོང་། །ཞེས་སོགས་གསུངས་པའི་ཡན་ལག་དྲུག་ཀྱང་། བདུད་རྩི་འོད་ལས་ནག་པོ་སོགས་བསྒོམ་པ་ལ་ཡན་ལག་དྲུག་ཏུ་གསུངས་པ་དང་འདྲའོ། །ཀུན་ལས་ཀྱང་། ཕོ་བྲང་བསྐྱེད་པ་སོགས་ཀྱི་ཡན་ལག་དྲུག་རྫོགས་པའི་མཐར་དེ་ནས་ཡན་ལག་དྲུག་བསྒོམས་ཏེ། རང་ཡང་རང་བྱིན་བརླབ་པ་ཡིས། །བྱིན་གྱིས་བརླབ་པར་བྱ་བ་ཡིན། །ཆོ་གའི་གོ་རིམ་རྣམ་པ་ཡིས། །དེ་ནས་མཚན་མོ་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །ཞེས་སོགས་གསུངས་པས། ཀྱཻ་རྡོར་གྱི་ལུགས་ལ་ཡན་ལག་དྲུག་ལ་འཆད་ཚུལ་གཉིས་ཡོད་དོ། །སེམས་འགྲེལ་གྱི་སྐོར་ནས། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །ཞེས་པའི་དོན་སོར་སྡུད་ལ་སོགས་པ་དྲུག་ལ་བཤད་པའང་ཡོད་དེ། རྡོ་རྗེའི་ཚིག་གཅིག་ལ་དོན་དུ་མ་ཡོད་པ་མི་འགལ་བས། ལུགས་རེ་རེ་ཁོ་ན་བཟུང་ནས་ལུགས་གཞན་འགོག་པར་མི་བྱའོ། །སྟོན་པས་བདེན་གཉིས་ཀྱི་དབྱེ་བས་རིམ་པ་གཉིས་གསུངས་པ་ལ། ནམ་མཁའི་ཁམས་སུ་བྷ་ག་བསམས་ཞེས་སོགས་ཀྱིས་ནི་བསྐྱེད་པའི་ཆའམ་རིམ་པ་ལྔར་བཤད་པས། དེ་དག་གི་དོན་གཉིས་


JLD011_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྫོགས་རིམ་གྱི་ཆ་བཤད་པ་ནི། ནམ་མཁའི་ཞེས་སོགས་སོ། །ནམ་མཁའི་ཁམས་དག་པའི་པདྨ་ནི་ནམ་མཁའོ། །བྷ་ག་ནི་བྱང་ཆུབ་ཀྱི་སེམས་སོ། །དབུས་སུ་བསྒོམ་པར་བྱ་བ་ནི་ཐབས་ཤེས་སྙོམས་པར་འཇུག་པའོ། །དེ་ལས་བྱུང་བའི་བདེ་ཆེན་ནི་འཁོར་ལོ་སྟེ་ལྷ་རྣམས་འདུས་པའི་ཕྱིར་རོ། །ཇི་ལྟར་རིགས་པ་ནི། དེའང་བདེ་བ་སྟེ་རིགས་པའི་སྟོབས་ཉིད་ཀྱིས་རང་རིག་པ་བདག་དང་གང་ཟག་ལ་སོགས་པ་མེད་པའོ་ཞེས་གསུངས་ཏེ། བདེ་བ་དེས་རང་གི་དེ་ཁོ་ན་ཉིད་བདག་མེད་རིག་པའི་དོན་ཏོ། །ལྷ་རྣམས་ཇི་ལྟར་འབྱུང་བ་ཞེས་པའི་ལྷ་ནི། བྱང་ཆུབ་ཀྱི་སེམས་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ལྷ་བདག་མེད་པའོ་ཞེས་བཤད་པ་ནི་སྔར་གྱི་རང་རིག་པ་གསལ་དུ་བཏང་བའོ། །ཇི་ལྟར་རྫས་ནི་འབྱུང་འགྱུར་བ་ཞེས་པ་ནི། དེ་ལས་འབྱུང་བའི་རིམ་པ་ལས་འདའ་བ་མེད་པའི་མཚན་ཉིད་དོ། །འདི་ནི་སྙོམས་པར་ཞུགས་པ་ལས་ཀུནྡ་ལྟ་བུ་འབྱུང་། དེ་ལས་བདེ་བ་དང་དེས་བདག་མེད་པ་རིག་པའི་རིམ་པ་ལས་མི་འདའ་བའོ། འདིར་བཤད་པའི་རྫས་ཁུ་བ་ནི་ཡབ་ཀྱི་དབང་དུ་བྱས་ལ། བྷ་ག་ཡེ་ཤེས་སམ་བྱང་ཆུབ་ཀྱི་སེམས་སུ་བཤད་པ་ནི་ཡུམ་གྱི་དབང་དུ་བྱས་པའོ། །དེ་ལྟར་ན་ནམ་མཁའ་ནི་པདྨའི་དབུས་ཀྱི་ནམ་མཁའ་དང་། བྷ་ག་ནི་བྱང་ཆུབ་ཀྱི་སེམས་འཛིན་པའི་རྟེན་སྐྱེ་གནས་ཀྱི་གཟུགས་དང་། དེའི་དབུས་སུ་བསྒོམ་རྒྱུའི་འབྱུང་བ་ནས་རྟེན་གྱི་དཀྱིལ་འཁོར་གྱི་བར་བསྒོམ་པ་ནི་བྷ་ག་དེར་རྡོ་རྗེ་ཞུགས་པའི་སྙོམས་འཇུག་དང་། འཁོར་ལོ་ནི་དེ་ལས་བྱུང་བའི་བདེ་བ་འདུས་པ་དང་། དེས་དེ་ཉིད་རིག་པ་ནི་ཇི་ལྟར་རིགས་


JLD011_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བདེ་སྟོང་དབྱེར་མེད་ནི་ལྷ་དང་དེ་རྣམས་ཀྱི་འབྱུང་རིམ་ལས་མི་འདའ་བར་བྱ་བ་ནི་ཇི་ལྟར་འབྱུང་བས་བསྟན་ཏོ། །འདི་རྫོགས་རིམ་གྱི་བདེ་བ་ལ་བཤད་པས་སྙོམས་འཇུག་གི་ཐབས་ཀྱིས་རླུང་དྷཱུ་ཏཱིར་བཙུད་པ་ལས་ལྷན་སྐྱེས་འདྲེན་པའོ། །ཚུལ་དེ་ལ་ལྷན་སྐྱེས་གཉིས་སུ་བྱེད་པ་ནི་ལྷན་ཅིག་གོ་ཞེས་པ་ཞིག་གོ །དེ་གཉིས་གནས་པའི་རྟེན་ལ་ཕོ་མོ་གཉིས་སུ་བྱེད་པ་ནི། རེ་ཞིག་ཅེས་པ་གཉིས་ཏེ། འདིས་ནི་སྔར་སྙོམས་འཇུག་པ་ཞེས་གསུངས་པའི་རྟེན་གཉིས་བསྟན་ཏོ། །བདེན་གཉིས་ཀྱི་དབྱེ་བ་ལས་སླར་ཡང་ལྷན་སྐྱེས་ལ་གཉིས་སུ་འབྱེད་པ་ནི་ཀུན་རྫོབ་ཅེས་པ་གཉིས་སོ། །དེའི་འབྱེད་ཚུལ་ལ་རྟེན་གྱི་སྒོ་ནས་འབྱེད་པ་ནི། རེ་ཞིག་ཅེས་པ་གཉིས་སོ། །དེ་རྟེན་གཞན་ལའང་སྦྱོར་བ་ནི་སྐྱེས་བུ་ཇི་བཞིན་ཞེས་པ་གཉིས་སོ། །རྟེན་ཁུ་བ་ལ་ལྷན་སྐྱེས་སུ་བཞག་པ་ནི། ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། །ཞེས་པའོ། །བརྟེན་པ་བདེ་བ་ལ་བཞག་པ་ནི། དོན་དམ་བདེན་པའི་གཟུགས་ཅན་ནོ། །ཞེས་པའོ། །གཞན་ཡང་བདེ་ཆེན་གྱི་ཆ་དང་། སྟོང་ཉིད་རྟོགས་པའི་ཆ་ནས་ཀྱང་། ལྷན་སྐྱེས་ལ་ཀུན་རྫོབ་དང་། དོན་དམ་པའི་དབྱེ་བ་གཉིས་སུ་བྱ་དགོས་སོ། །དེ་ཉིད་ཕྱིར་ན་དགའ་བ་ཡང་། །དབྱེ་བ་ཡང་ནི་རྣམ་པ་བཞི། །ཞེས་འདོན་ཏེ། དེའི་རྒྱུ་མཚན་ནི་གང་ཕྱིར་ལྷན་ཅིག་སྐྱེས་རྣམ་བཞི། ཞེས་འདོན་ཏེ། འདི་ལྟར་གྱི་དོན་ནི་གང་གི་ཕྱིར་གྱི་དོན་ནོ། །ལྷན་སྐྱེས་ཉིད་ཆུང་འབྲིང་ལ་སོགས་པའི་དབྱེ་བས་དགའ་བ་བཞིའི་རྗེས་སུ་འཇུག་པས། ལྷན་སྐྱེས་ཀྱི་དགའ་བ་ཉིད་ལ་དགའ་བ་བཞིར་འབྱེད་པ་ཡིན་ལ། ཚུལ་དེ་


JLD011_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་ལ་མེད་པས་རྫོགས་པའི་རིམ་པའི་ཕྱོགས་ལ་ཞེས་གསུངས་སོ། །དེ་ཉིད་ཕྱིར་ན་ཞེས་པ་ནི་རྟེན་གྱི་སྒོ་ནས་བཞིར་འབྱེད་པའང་ལྷན་སྐྱེས་ཁོ་ནའི་སྒོ་ནས་འཇོག་པ་དེའི་ཕྱིར་ན་ཞེས་པའི་དོན་ནོ། །བསྐྱེད་རིམ་པའི་དགའ་བཞི་ལ་ལྷན་སྐྱེས་རྗེས་སུ་མི་འགྲོ་བ་ལ། གནས་ངེས་པ་ཉིད་དོ་ཞེས་གསུངས་པ་ནི། བཞི་པོ་དེ་ངོ་བོ་སོ་སོར་ངེས་པའམ། ཡང་ན་དྷཱུ་ཏཱིར་ཞུགས་པ་མིན་པའི་འབར་འཛག་ལས་སྐྱེ་བའི་དོན་ནོ། །དེ་དག་གིས་ནི་བསྐྱེད་རིམ་པའི་དགའ་བཞི་ལྷན་སྐྱེས་ལ་མི་འབྱེད་པར་ངེས་ཀྱང་། རྫོགས་རིམ་པའི་དགའ་བཞི་ཐམས་ཅད་ལྷན་སྐྱེས་ལ་འབྱེད་པར་སྟོན་པ་མིན་གྱི། རྟེན་དེ་ལ་མཚམས་ཤིག་ནས་དེ་ལྟར་ཡོད་པར་སྟོན་པའོ། །ལེའུ་དགུ་པ་ནི་བརྒྱད་པར་གསུངས་པའི་བདག་མེད་མའི་དཀྱིལ་འཁོར་དང་ཕྱག་བཅུ་དྲུག་པའི་རྣམ་དག་སྟོན་པས། དེ་ནས་ཞེས་སོ། །རྣམ་དག་ལ་གཉིས་ལས་མཆོག་ནི་དེ་བཞིན་ཉིད་ཀྱི་དང་། ཕལ་བ་ནི་ལྷའི་རྣམ་དག་གོ །དང་པོ་ནི། ཕུང་སོགས་ཀྱི་དངོས་པོ་ཐམས་ཅད་ཀྱི་དག་པ་ནི་དེ་རྣམས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་དེ་བཞིན་ཉིད་དུ་བརྗོད་དོ། །འདི་ལ་དངོས་པོ་རྣམས་གདོད་མས་དེ་ལྟར་གནས་པ་ནི་ཡུལ་གྱི་རྣམ་དག་ཡིན་ལ། དེ་རྟོགས་པས་དྲི་མ་སྦྱོང་བ་ནི་ཁྱད་པར་གྱི་རྣམ་དག་སྟེ། བྷ་བས་བཤད་པ་ལྟར་གཉིས་སུ་བྱའོ། །ཕྱི་ནས་ཞེས་པ་གཉིས་ནི་ཕུང་སོགས་ལྷ་སོ་སོར་དག་པར་སྟོན་པའོ། །དག་པ་སྔ་མ་སྟོན་པ་ནི་ཕུང་པོ་ཞེས་སོགས་ཏེ་སྐྱེ་མཆེད་དྲུག་ནི་ཕྱིའི་ཡུལ་དྲུག་གོ །དེ་རྣམས་རང་བཞིན་གྱིས་དག་པ་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དག་པར་


JLD011_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལྟར་རང་བཞིན་གྱིས་གྲུབ་པས་སྟོང་པ་ནི། དེ་བཞིན་ཉིད་ཡིན་ལ་ཕུང་སོགས་རྣམས་སྟོང་པ་དེའི་ངོ་བོར་གནས་པའི་དོན་ནོ། །གལ་ཏེ་དེ་ལྟར་དག་ན་ལམ་གྱིས་དག་པར་བྱ་ཅི་དགོས་སྙམ་པ་ལ། ཉོན་མོངས་ཞེས་པ་ཞིག་སྟེ། རང་བཞིན་རྣམ་དག་ཀྱང་ཕུང་སོགས་ཀྱི་རང་བཞིན་ལོག་པར་ཞུགས་པའི་གློ་བུར་གྱི་ཉོན་མོངས་ཀྱིས་བསྒྲིབས་པས། དེའི་རང་བཞིན་རྟོགས་པར་བྱ་བའི་སྒོ་ནས་སྦྱོང་བར་བྱེད་དོ། །ཕུང་སོགས་གྱི་རང་བཞིན་དྲི་མས་བསླད་པ་མེད་ཀྱང་། སེམས་དྲི་མས་བསླད་ལ། དྲི་མའང་སེམས་ཀྱི་རང་བཞིན་མ་ཤེས་པའི་མ་རིག་པའི་དབང་གིས་འབྱུང་བས། དེའི་རང་བཞིན་ཤེས་པར་བྱས་པ་དེ་ཉིད་བསྒོམ་སྟེ་སྦྱོང་བའི་དོན་ནོ། །རང་རིག་བདག་ཉིད་དག་པ་ཡིས། །ཞེས་འདོན་པ་ལྟར་ན་དེས་དག་པར་འགྱུར་གྱི་དག་པ་གཞན་གྱིས་རྣམ་པར་གྲོལ་བས་སངས་རྒྱས་འཐོབ་པ་མིན་ཞེས་པའོ། །དག་པ་གཞན་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་དེ་བཞིན་ཉིད་ཀྱི་དག་པ་བཤད་པ་ཡིན་ལ། འདིར་ནི་རྫོགས་པའི་བྱང་ཆུབ་ཀྱི་ལམ་གྱི་ཚུལ་རང་གི་རིག་པའི་བདེ་བ་ཆེན་པོ་མཆོག་གིས་དེ་བཞིན་ཉིད་རྟོགས་པའི་རྣམ་དག་གོ །འདིས་ནི་ཡུལ་ཅན་གྱི་སྒོ་ནས་དེ་བཞིན་ཉིད་ཀྱི་རྣམ་དག་ཁྱད་པར་ཅན་སྟོན་པས། དེ་བཞིན་ཉིད་ཀྱི་རྣམ་དག་ལ་ཐེག་པ་འདི་དང་ཕར་ཕྱིན་གྱི་ཚུལ་གཉིས་སྟོན་པ་པདྨ་ཅན་གྱི་ལུགས་ལྟར་བྱའོ། །འགྲེལ་པ་གཞན་གྱིས་རང་གི་རིག་པའི་དག་པ་དེ་བཞིན་ཉིད་རྟོགས་པ་ཙམ་དང་། དག་པ་གཞན་ནི་དེ་བཞིན་ཉིད་མ་རྟོགས་པ་སྟེ། དེས་མ་གྲོལ་ཞེས་འཆད་པ་རྒྱུད་ཀྱི་དོན་མིན་ཏེ། རང་གི་རིག་པའི་


JLD011_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་མཆོག །ཅེས་པ་དང་། འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ངེས་པར་བསྟེན་པར་གསུངས་པས་སོ། །དེས་ན་གཞན་གྱིས་རྣམ་གྲོལ་མིན་ཞེས་པ་ནི། བདེ་སྟོང་སྦྱོར་བ་སྒོམ་པ་མེད་པའི་ལམ་རྣམས་ལའང་། མཐར་ལམ་འདི་མ་བསྣན་པར་འཚང་མི་རྒྱ་བའི་དོན་ནོ། །དེ་ལྟར་བྱས་ན་དེ་བཞིན་ཉིད་ཀྱི་དག་པ་དང་ལྷའི་རྣམ་དག་གཉིས་ཀྱི་དང་པོ་ལ། ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཡོད་པས་རྣམ་དག་གཉིས་སུ་བྱའོ། །རང་རིག་པའི་དག་པ་དང་། དེ་བཞིན་ཉིད་ཀྱི་དག་པ་གཉིས། སོ་སོར་བྱེད་པ་དོན་མིན་ཏེ། རང་རིག་པས་དག་པ་ལ་དེ་བཞིན་ཉིད་ཀྱི་དག་པས་ཁྱབ་པའི་ཕྱིར་རོ། །ཡུལ་གྱི་དངོས་པོ་དག་པའི་དོན་པདྨ་ཅན་ལས་མ་བཀྲལ་ཡང་། གཟུགས་སོགས་ཀྱི་ཡུལ་གྱི་དངོས་པོ་རང་བཞིན་གྱིས་དག་པ་བླ་ན་མེད་པ་དང་ཕར་ཕྱིན་པ་གཉིས་ཐུན་མོང་བ་ཡིན་པའི་ཕྱིར་དང་། ཐུན་མོང་མ་ཡིན་པའི་དག་པ་ཞིག་ཀྱང་འདིར་ཡོད་པས་ན། རང་གི་རིག་པའི་དག་པ་ཞེས་སྔར་བཤད་པ་ནི་ཡུལ་ཅན་ཁྱད་པར་ཅན་བདེ་བ་ཆེན་པོ་ཡིན་ལ། དེ་དང་དེ་བཞིན་ཉིད་ཀྱི་སྦྱོར་བ་ནི་གཞན་གྱི་དག་པ་ལས་མཆོག་གོ་ཞེས་སྦྱར་རོ། །གཟུགས་སོགས་ཀྱི་ཡུལ་དང་གཞན་ཡང་ཕུང་སོགས་རྣལ་འབྱོར་པས་གང་མཐོང་བ་རྣམས་ཀྱི་རང་བཞིན་རྣམ་དག་གི་ཚུལ་དང་། སངས་རྒྱས་ཀྱི་རང་བཞིན་དག་ལུགས་གཉིས་དབྱེར་མེད་པས། འགྲོ་བའི་དེ་ཉིད་སངས་རྒྱས་རྡོ་རྗེ་འཛིན་པའི་རང་བཞིན་དང་། དེ་ལྟར་རྟོགས་པས་འགྲོ་བ་སངས་རྒྱས་སུ་འགྱུར་རོ། །ཀྱེ་ཞེས་འདྲི་བ་ནི་འདི་ཐམས་ཅད་རང་བཞིན་གྱིས་དག་ན། མ་དག་པ་མི་འདུག་པ་སྙམ་ནས་འདྲི་བའོ། །དེའི་ལན་དུ་གཟུགས་


JLD011_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སོ་ཞེས་གསུངས་པ་ནས། དེ་ལས་དག་པ་ཡིན་ན་རང་བཞིན་གྱིས་དག་པར་བཤད་པ་དང་འགལ་སྙམ་པ་ལ། མ་དག་པར་འཇོག་ལུགས་འཆད་པ་ནི། ཅིའི་སླད་དུ་ནས་ཕྱིར་རོ་ཞེས་པའི་བར་རོ། །གཟུང་འཛིན་དུ་འགྲོ་ལུགས་དྲིས་ནས་ལན་མཛད་པ་ནི། ཀྱེ་ཞེས་པ་ནས། ཡིད་ཀྱི་བདེ་སོགས་འཐོབ་པ་ནི། །ཞེས་པའི་བར་ཏེ་གཟུང་འཛིན་ལ་བདེན་པར་ཞེན་པས་མ་དག་པར་འཇོག་ལ། གཟུགས་སོགས་ལ་བདེན་འཛིན་གྱིས་འཆིང་བ་དང་། གཟུགས་སོགས་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་ངོ་བོར་གནས་པ་ལ་འགལ་བ་མེད་པ། རང་བཞིན་གྱིས་དག་པར་བཤད་པ་དང་མི་འགལ་ལོ། །གཞན་ཡང་གཟུགས་སོགས་ཡུལ་ཡིད་དུ་འོང་བ་ལ་སྲེད་ནས། དེ་དག་ལོངས་སྤྱད་པའི་རྐྱེན་གྱིས་ཀྱང་ངན་འགྲོར་འཁྲིད་པ་སོགས་བྱེད་པའང་མ་དག་པའོ། །འོ་ན་བདེན་འཛིན་འབད་པ་ཀུན་གྱིས་མི་བསྐྱེད་པར་དགག་དགོས་པ་བཞིན་དུ། འདོད་ཡོན་ལ་སྲེད་པའང་དེ་ལྟར་བྱ་དགོས་ཏེ། དེ་གཉིས་ཀའང་འཆིང་བྱེད་ཀྱི་མ་དག་པར་མཚུངས་པའི་ཕྱིར་རོ། །དེས་ན་ཕྱག་རྒྱ་ལ་བརྟེན་པའི་ཞུ་བ་དེས་དེ་ཁོ་ན་ཉིད་བསྒོམ་པ་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ལམ་དུ་མི་འགྱུར་རོ་སྙམ་ན། བདེ་ཆེན་བསྐྱེད་པ་ནི་བདེན་མེད་ཀྱི་དེ་ཁོ་ན་ཉིད་བསྒོམ་པའི་ཕྱིར་ཡིན་ལ། དེ་ལྟར་བྱེད་པས་ནི་བདེན་འཛིན་གྱི་འཛིན་སྟངས་ཀྱི་དངོས་གཉེན་རྒྱུན་དུ་བསྟེན་པ་ཡིན་པས། བདེན་འཛིན་དེ་འབད་པས་དགག་དགོས་སོ། །སྲེད་ལྡན་གྱི་ལས་རྒྱ་ཆེད་དུ་བྱས་ནས་བསྟེན་པ་ན་འདོད་ཡོན་ལ་སྲེད་པ་འདྲེན་པར་བྱེད་ཀྱི། དེའི་འཛིན་


JLD011_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་ཀྱི་བཟློག་ཕྱོགས་མི་བསྟེན་པས་མི་མཚུངས་སོ། །བདེན་འཛིན་གྱི་འཛིན་སྟངས་ཀྱི་བཟློག་ཕྱོགས་རྒྱུན་ལྡན་དུ་བསྟེན་ཀྱང་། རེ་ཞིག་གི་བར་དུ་སྲེད་པ་མི་ལྡོག་ལ། མཐར་བདེན་འཛིན་ཟད་པ་ན་སྲེད་པ་ལྡོག་ཀྱང་དེ་མི་འདོད་པ་མིན་པས་འགལ་བའི་སྐྱོན་མེད་དོ། །དེས་ན་བདེ་ཆེན་གྱིས་དེ་ཁོ་ན་ཉིད་ཤེས་པས་དག་པས། འདོད་ཡོན་ལ་སྲེད་པས་ངན་འགྲོར་འཁྲིད་པ་དང་། ལམ་གྱི་གེགས་བྱེད་པའི་དུག་རྣམས་མེད་པར་བྱེད་པས། དེ་ལྟར་བྱས་ནས་འདོད་ཡོན་འདི་དག་ངེས་པར་བསྟེན་པར་བྱའོ། །མདོར་ན་རིག་མའི་འདོད་ཡོན་ལ་ཆགས་པ་གང་ཟག་ཕལ་མོ་ཆེ་ལ་དུག་ཏུ་འགྱུར་ཡང་། གང་ཟག་གི་ཁྱད་པར་འགའ་ཞིག་ལ་དུག་ཏུ་མི་འགྱུར་བའི་སྟེང་དུ་མྱུར་དུ་གྲོལ་བའི་ལམ་དུ་འགྱུར་བ་ལྟར། བདེན་འཛིན་འཆིང་རྒྱུར་འགྲོ་མི་འགྲོ་གཉིས་མེད་པའི་དོན་ནོ། །ལྷའི་རྣམ་དག་སྟོན་པ་ནི་གཟུགས་ཕུང་ནས་ཕུང་པོ་སྦྱང་བར་བྱ་ཞེས་པའི་བར་ཏེ་སླའོ། །འཇིག་རྟེན་བཅིངས་པ་ནི་ཕུང་པོ་དང་ཆགས་སོགས་སུ་བཤད་དོ། །འདི་དག་གི་བཟློག་ཕྱོགས་དེ་ཉིད་ཤེས་པས་གྲོལ་བ་ནི་བདག་མེད་ཤེས་པ་ཙམ་མིན་གྱི་ཡུལ་ཅན་ཁྱད་པར་ཅན་གྱིས་ཤེས་པའི་དོན་བསྒོམ་པའོ། །དེའི་ཕྱིར་དྲི་མེད་ཅེས་སོགས་ནི་ལྔ་པ་ལྟར་གཏན་ལ་དབབ་བོ། །དེ་ཉིད་ཤེས་པ་ཁྱད་པར་ཅན་ལ་ནི་དབང་མ་བསྐུར་ན་ཉན་པ་སོགས་བྱར་མེད་ལ། དབང་བསྐུར་བའང་དཀྱིལ་འཁོར་མེད་པར་མིན་པས། དཀྱིལ་འཁོར་ཇི་ལྟར་བྲི་བའི་རིམ་པ་བཤད་པར་བྱ་ཞེས་པ་ནི། དེ་ནས་ཞེས་པ་གཉིས་སོ། །དེ་ནས་གཉིས་ཀྱིས་ནི་དབང་བསྐུར་བའི་ཆོ་ག་བཤད་པར་དམ་འཆའ་བའོ། །


JLD011_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྦྱང་བ་དང་ལེའུ་གསུམ་པ་ལས་གསུངས་པ་ལྟར་སྲུང་འཁོར་བྱ་བ་ནི་དང་པོར་ཞེས་པ་བཞིའོ། །དཀྱིལ་འཁོར་བྱ་བའི་གནས་ནི་ཚལ་དང་ཞེས་པ་བཞི་སྟེ། བྱང་སེམས་ཀྱི་ཁྱིམ་ནི་ལྷ་ཁང་ངོ་། །དམ་པའི་ཚོན་ནི་རིན་ཆེན་ཞེས་པས་བསྟན་ཏོ། །བདག་མེད་མའི་དཀྱིལ་འཁོར་ལ་ཁྲུ་གསུམ་དང་མཐེབ་སོར་གསུམ་ལྷག་པར་བྱ་བའི་ནང་བཤད་ནི་ཀུ་མུ་ཊི་ལས། ལས་རྒྱའི་པདྨ་ཟུར་གསུམ་པ་དང་ཐབས་ཀྱི་རྡོ་རྗེ་སྦྱོར་བ་ལ་བཤད་དོ། །དཀྱིལ་འཁོར་གྱི་མཚན་ཉིད་ནི་འོག་ནས་སྟོན་པ་འདིར་བླང་ངོ་། །དེར་ནི་རིགས་ལྔ་ཞེས་སོགས་ནི། ས་ཆོག་དང་སྟ་གོན་དང་དཀྱིལ་འཁོར་བྲི་སྒྲུབ་དང་། གཞུག་པ་དང་ཞུགས་པ་ལ་སློབ་དཔོན་གྱི་དབང་གི་བར་བསྐུར་བའི་རྗེས་སུ། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དབང་དུ་བྱས་པའོ། །འདིའི་རིག་མ་ལ་བཅུ་གཉིས་ནས་ཉེར་ལྔའི་བར་གཞན་དུ་གསུངས་ལ། དེར་མ་ཟད་ཇི་སྲིད་ཅེས་པ་གཉིས་ཀྱིས་ཕྱག་རྒྱ་ལ་བྱང་སེམས་དཀར་པོ་ཇི་སྲིད་འཛག་པ་དེ་སྲིད་ཀྱི་བར་དུ་དབང་གི་ཕྱག་རྒྱར་བསྟེན་པ་འདིར་གསུངས་སོ། །གདོང་གཉིས་མིག་དར་གྱིས་འཆིང་བ་ནི། གསང་དབང་ལ་ཐེ་ཚོམ་ཟ་བ་སྲིད་པས་ཞེས་གསུངས་ཀྱང་། གསུམ་པ་ལའང་ངོ་ཚས་བཅིངས་ན་བདེ་ཆེན་ངོས་མི་ཟིན་པ་སྤང་བའི་ཕྱིར་ཡིན་ནོ། །བསྟེན་པ་ཞེས་པ་གཉིས་ནི་གསང་དབང་བསྐུར་བའོ། །རོ་མཉམ་ཞེས་པ་བྷ་བའི་འགྲེལ་པར་དེ་ཉིད་ལ་ཞེས་པའི་འོག་ན་ཡོད་པ་ལྟར་བྱའོ། །ཤེས་རབ་ཡེ་ཤེས་བསྐུར་བ་ནི་དེ་ཉིད་ལའང་བྱ་བ་ཉིད་ཅེས་འདོན་པའོ། །དེ་ཉིད་ནི་དཀྱིལ་འཁོར་གྱིས་དེ་


JLD011_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དམ་རིག་མ་དེ་ཉིད་དོ། །ཡང་གི་སྒྲས་ནི་རིག་མ་གཞན་ལའང་བྱའོ། །དབང་དེ་བསྐུར་བ་ལས་རོ་མཉམ་གྱི་དེ་ཉིད་སློབ་མའི་སྤྱོད་ཡུལ་དུ་མཚོན་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི་རང་རིག་ཅེས་སོགས་ཀྱིས་སྟོན་པར་པདྨ་ཅན་ལས་གསུངས་ལ། ཀུ་མུ་ཊིར་དབང་བཞི་པ་སྟོན་པར་བཤད་དོ། །རང་རིག་ཡེ་ཤེས་སུ་འགྱུར་ཚུལ་ནི་རང་དང་གཞན་དུ་སྣང་བའི་གཉིས་སྣང་རགས་པ་སྤངས་པའོ། །མཁའ་མཉམ་ནི་ནམ་མཁའ་དང་འདྲ་བའོ། །རྡུལ་བྲལ་ནི་ཉོན་མོངས་པ་དང་མ་འདྲེས་པའོ། །སྟོང་པ་ནི་དེ་ལ་ཞུགས་པའོ། །དངོས་དང་ཞེས་པ་གཅིག་གི་དོན་ནི་ཐབས་ཤེས་འདྲེས་པས་བསྟན་ཏེ། དེ་ལྟར་རམ་ཡང་ན་ཡུལ་རྟེན་གཉིས་ཀུན་ཏུ་དགའ་བར་མཚུངས་པས་མཉམ་པ་ཉིད་ཀྱི་སེམས་ཐོབ་པའོ། །ཆགས་དང་ཆགས་བྲལ་ནི་མཆོག་དགའ་དང་དགའ་བྲལ་གཉིས་འདྲེས་པ་སྟེ། འདིའི་དོན་ནི་ལྷན་སྐྱེས་ཀྱི་དུས་སུ་དེ་གཉིས་དངོས་སུ་འདྲེས་པ་མེད་ཀྱང་དེ་གཉིས་སོ་སོར་མ་དམིགས་པ་ཉིད་ཀྱི་དོན་ལ་མན་སྙེར་བཤད་དོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་གཙོ་བོ་ནི་གསང་གནས་ཀྱི་རྩེར་བྱང་སེམས་ཕབ་པ་ཕྱིར་མ་འཕོས་པ་ལས་སྐྱེས་པའི་ལྷན་སྐྱེས་ཀྱི་བདེ་བ་དང་སྟོང་པ་གཉིས་ཡུལ་ཡུལ་ཅན་དུ་དབྱེར་མེད་པར་སྦྱར་བ་ཡིན་པར་གཞུང་སྔ་མ་རྣམས་ཀྱིས་གསལ་བར་བསྟན་ཏོ། །ཡེ་ཤེས་དེ་ཐམས་ཅད་དུ་སོང་བ་མཚོན་པའི་ཕྱིར་དུ་གསུངས་པ་ནི། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །ཅེས་པ་ནས་ཡང་དག་གནས་ཞེས་པའི་བར་རོ། །སྲོག་ནི་དེ་ཉིད་དེ་མི་གནས་ན་འཆི་བར་འགྱུར་བའོ། །ཡི་གེ་ནི་འགྱུར་མེད་དུ་བསྒྱུར་ཏོ། །


JLD011_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དེ་མ་ཤེས་པས་མིང་གཞན་ནམ་ངོ་བོ་ཉིད་ཀྱི་གཞན་གྱིས་བཏགས་པ་རྣམས་དོན་དམ་པར་ནི་ལྷན་སྐྱེས་ཉིད་དོ། །དེ་དང་དེའི་རྣམ་པར་གར་བྱེད་དེ། ཞེས་བཤད་པས་ཐ་སྙད་མང་དུ་བཏགས་པ་རྣམས་ཀྱི་གཞི་ལ་དཔྱད་ན་ལྷན་སྐྱེས་ཀྱི་རང་བཞིན་ལས་མི་འདའ་བའི་དོན་ནོ། །འདིར་མུ་ཏིག་ཕྲེང་བ་ལས། རིག་བྱེད་ཀྱི་མཐའ་བ་ན་རེ་ཐམས་ཅད་རྣམ་པར་ཤེས་པའོ་ཞེས་ཟེར་རོ། །གྲངས་ཅན་ན་རེ། སེམས་ལ་སྐྱེས་བུ་ཞེས་ཟེར་རོ། །གང་ཟག་ཏུ་སྨྲ་བ་རྣམས་ན་རེ་ཡང་ནས་ཡང་དུ་འགྲོ་ཞིང་ཐིམ་པས་གང་ཟག་ཅེས་ཟེར་རོ། །དབང་ཕྱུག་ཏུ་སྨྲ་བ་རྣམས་ན་རེ། བདག་རྟག་པ་ཤེས་པ་རྟག་པ་དང་ལྡན་པ་ནི་དབང་ཕྱུག་གོ་ཞེས་ཟེར་རོ། །བདག་ཏུ་སྨྲ་བ་རྣམས་ན་རེ་བདག་ཉིད་སྐྱེ་བ་དང་འཚོ་བར་བྱེད་པ་དང་། འཆི་བར་བྱེད་པ་དང་། འཆིང་བར་བྱེད་པ་དང་གྲོལ་བར་བྱེད་པའོ་ཞེས་ཟེར་རོ། །དེ་བཞིན་དུ་གཅེར་བུ་བ་རྣམས་ན་རེ་འཚོ་བ་ཞེས་ཟེར་རོ། །དེ་བཞིན་དུ་སེམས་ཅན་དུ་སྨྲ་བ་རྣམས་ན་རེ་སེམས་ཅན་ཞེས་ཟེར་རོ། །དུས་སུ་སྨྲ་བ་རྣམས་ན་རེ་སྐྱེ་དགུ་འདི་དག་དུས་ཀྱིས་བསྡུས་སོ་ཞེས་ཟེར་རོ། །གང་ཟག་ཏུ་སྨྲ་བ་ཁ་ཅིག་ན་རེ་ལས་ཀྱིས་གང་ཞིང་དེ་རྣམས་འགྲོ་བར་ཟག་པར་བྱེད་པ་ཉིད་ཀྱིས་གང་ཟག་ཅེས་ཟེར་རོ། །ཞེས་གསུངས་པས་གསོ་བ་ནི་འཚོ་བ་ཞེས་བསྒྱུར་ལ་དོན་ཡང་དེ་ལྟར་བཤད་དོ། །དེ་ལྟར་ལྷན་སྐྱེས་བཤད་ནས་དགའ་བཞི་སོ་སོར་སྟོན་པ་ནི་དང་པོར་ཞེས་པ་བཞིའོ། །དགའ་བ་དང་པོ་གཉིས་ལྷན་སྐྱེས་བསྐྱེད་པའི་ཐབས་སུ་འགྱུར་ལ།


JLD011_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བྲལ་ནི་ཐབས་སུ་མི་འདོད་དོ། །ལྷན་སྐྱེས་བསྐྱེད་པའི་རིམ་པ་དེ་དྲན་པར་བྱེད་པ་ཙམ་ཡིན་པས། གསུམ་པོ་དེ་དག་ལ་མཚན་ཉིད་དང་བྲལ་བ་ལྷན་སྐྱེས་ནི་བཞི་པ་སྟེ། བཞི་པའི་གྲངས་རྫོགས་པ་ཡིན་གྱི་གསུམ་པའི་བར་མེད་པར་གནས་པ་ནི་མ་ཡིན་ནོ། །ཞེས་ལྷན་སྐྱེས་ཀྱི་མཆོག་དགའི་རྗེས་དང་། བྲལ་དགའི་གོང་དུ་སྐྱེ་བར་བཤད་དོ། །བརྟག་པ་ཕྱི་མ་ལས་ཀྱང་། བདག་གིས་བདེ་བ་ཟོས་པ་ཡི། །གྲོས་ནི་རྣམ་པར་ཉིད་པར་བརྗོད། །ཅེས་དང་། རྣམ་ཉེད་དགའ་བྲལ་དགའ་བ་ཉིད། །ཅེས་སྔར་དགའ་བ་གསུམ་རིམ་གྱིས་བསྐྱེད་པ་རྣམས་དྲན་པ་ལ་བྱས་སོ། །འོན་ཀྱང་བྱང་སེམས་ནོར་བུའི་རྩེར་རྫོགས་ནས་ཕྱིར་མ་འཕོས་པའི་ཚེ་ལྷན་སྐྱེས་སྐྱེ་བ་ལ་ནི་མཐུན་པར་སྣང་ངོ་། དགའ་བ་དང་པོ་སོགས་བཞི་ནི་ལྷན་སྐྱེས་ཤིན་ཏུ་ཕུལ་དུ་བྱུང་བ་དེ། སྟོན་པས་གསལ་བར་མཛད་དོ་ཞེས་པའི་དོན་ནོ། །འགྲོ་བ་ནི་གོང་མ་དང་བཅས་པའོ། །སྟོན་པས་རྣམ་པ་གཞན་གྱིས་ཀྱང་གསལ་བར་བྱེད་པ་ནི་འདོད་ཆགས་ཞེས་པ་བཞིའོ། །དེའི་དོན་ནི་ཐོག་མཐའ་ལ་བལྟོས་ནས་དབུ་མར་འཇོག་པ་ལ་དེ་གཉིས་མེད་པས་དབུ་མའང་མེད་དོ། །ཐོག་མ་དང་དབུས་དང་མཐའ་སྟོང་པའོ། །ཡང་ན་ཆགས་པ་དང་ཆགས་བྲལ་ལ་ལྷན་སྐྱེས་མེད་ན་དེ་གང་ལ་ཡོད་སྙམ་ན། གསུམ་པོ་ལས་གྲོལ་བ་ལ་ལྷན་སྐྱེས་འཇོག་སྟེ། དེའང་དམིགས་སུ་མེད་ཅིང་མི་འགྱུར་བའོ། །ཞེས་གསུངས་ཏེ་ལྷན་སྐྱེས་དམིགས་སུ་མེད་པའོ་ཞེས་འབྱུང་ངོ་། །གལ་ཏེ་དེ་ལྟ་ན་ལྷན་སྐྱེས་འཇིག་རྟེན་པའི་ཡུལ་མིན་པས། རྟོགས་པ་དང་འཐོབ་


JLD011_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་དོ་སྙམ་ན། དགའ་བྲལ་གྱི་དང་པོར་མཚོན་པར་བྱ་བའི་ལྷན་སྐྱེས་དེའང་། བླ་མའི་མན་ངག་བསྒོམ་པའི་སྟོབས་ལས་གསལ་བར་འགྱུར་རོ་ཞེས་ཁ་བསྐང་ངོ་། །དེ་ལས་གསལ་བར་འགྱུར་བའི་རིམ་པ་སྟོན་པ་ན། དང་པོ་སྤྲིན་ཞེས་པ་རྣམས་གསུངས་སོ། །རེ་ཞིག་ལ་སྤྲིན་གྱིས་བསྒྲིབས་པ་ལྟ་བུར་སྣང་ངོ་། །དེ་ནས་ཅུང་ཟད་གསལ་ཏེ་སྒྱུ་མ་ལྟ་བུར་རོ། ཞེས་བཤད་དོ། །བློ་ངོར། ངོ་བོ་ཉིད་གསལ་བ་སྙམ་བྱེད་ཀྱང་དེ་ལྟར་དུ་མི་གནས་པའོ། །དེ་ནས་བསྒོམ་བྱའི་དོན་དེ་ཤིན་ཏུ་གསལ་ཏེ་རྨི་ལམ་ལྟ་བུར་རོ། །སྔོན་སད་དུས་སུ་མཐོང་བ་དེ་ཉིད་རྨི་ལམ་དུ་གསལ་བར་མཐོང་བ་བཞིན་དུའོ། །དེ་ནས་ཀྱང་ཤིན་ཏུ་བསྒོམས་པས་རྨི་ལམ་དང་སད་པ་དབྱེར་མེད་པ་ལྟར་གནས་སྐབས་ཐམས་ཅད་མཉམ་པར་གསལ་བའི་ཚུལ་གྱིས་སོ། །ཡུལ་དང་ཡུལ་ཅན་དབྱེར་མེད་པ་དངོས་སུ་སྣང་བའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །སྟོན་པ་ཞེས་པ་ནས་གསུངས་པ་ཉིད་ཀྱི་བར་ནི་སླ་ལ། རྣམ་རྒྱལ་ཤར་དུ་སྦྱིན་པ་ནི་ཤར་སྒོའི་གཡས་སུ་བཞག་པའོ། །ཇི་ལྟར་བསམ་གཏན་ཞེས་པ་གཉིས་ནི། སྔར་ལྷའི་ལེའུ་ལས་གསུངས་པའི་སྲུང་འཁོར་ལྟར་བྱ་བ་སྟེ། སྔར་འབད་པས་ཧཱུཾ་ལས་ཞེས་པས་གསལ་དུ་བཏང་བའོ། །རང་གི་ཞེས་པ་རང་གི་ཡི་དམ་གྱི་ལྷའི་དཀྱིལ་འཁོར་དུའོ། །མཆོད་དང་ཞེས་པ་གཉིས་ནི་ཚོགས་ཞིང་གི་སྐབས་སུ་བྱ་བ་བཞིན་དུ་འདིར་ཡང་བྱ་བའི་དོན་ནོ། །སྟེང་འོག་གི་མཚན་མ་ནི་རིམ་པ་བཞིན་དུ་ཕྱིའི་གཽ་རཱི་དང་།


JLD011_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ལངས་མའི་མཚན་མ་དང་ཉེ་བར་བྱ་བ་ནི་མན་ངག་ཏུ་བཤད་དོ། །རྡོ་རྗེ་སེམས་དཔའ་ཞེས་པ་དགུ་ནི་སྔར་གྱི་ས་ཆོག་གི་སྐབས་སུ་དྲངས་སོ། །སློབ་མ་དབང་བསྐུར་བའི་ཕྱི་ནས་དེ་ཉིད་བཤད་དོ། །རྣམ་དག་ཡེ་ཤེས་རང་བཞིན་གྱིས་ཞེས་པ་ནི་ལྷན་སྐྱེས་ཀྱི་རང་བཞིན་གྱིས་སོ། །འཁོར་ལ་རྣམ་པར་བྱང་བ་ཞེས་པ་ལྟར་བྱ་ལ། དོན་དམ་པར་སྲིད་ཞི་གཉིས་མ་གྲུབ་པས་ཁྱད་པར་མེད་པའོ། །དེ་ལྟའི་སྲིད་པ་ཞེས་པ་ཉིད་མྱ་ངན་ལས་འདས་པའི་ཞེས་པའོ། །མཆོག་དགའ་ཞེས་སོགས་ནི་དོན་གྱི་ལྷན་སྐྱེས་ཀྱི་ངོར་བསྒོམ་བྱ་དང་སྒོམ་པ་པོ་གཟུང་འཛིན་དུ་གྱུར་པ་མེད་ཅིང་། ལུས་མེད་པས་ཤ་ལ་སོགས་པའང་མེད་དོ། །ཡང་ན་བསྒོམ་བྱ་ནི་རྟེན་གྱི་དཀྱིལ་འཁོར་དང་། སྒོམ་པ་པོ་ནི་བརྟེན་པའི་དཀྱིལ་འཁོར་རོ། །ལུས་ཀྱང་མེད་པ་ནི་ཕུང་པོ་ལྔ་ལྷར་དག་པའོ། །གཟུང་བ་གཟུགས་སོགས་དང་འཛིན་པ་མིག་སོགས་མེད་པ་ནི་གཽ་རཱི་དང་གཏི་མུག་རྡོ་རྗེའི་དག་པའོ། །ཤ་སོགས་མེད་པ་ནི་པུ་ཀ་སི་སོགས་དང་། སྐྱུག་བྲོ་བ་མེད་པ་ནི་སྙིང་རྗེ་ལ་སོགས་པའི་དག་པ་སྟེ། སྤྱན་ལ་སོགས་པའང་དེ་ཉིད་ཀྱི་རང་བཞིན་ནོ། །འདོད་ཆགས་མེད་ཅེས་སོགས་དྲུག་འཁོར་ལོ་སྒྱུར་བ་དྲུག་གོ །སྒོམ་པ་དང་སྒོམ་པ་པོ་མེད་པ་ནི་རིམ་པ་བཞིན་དུ་སེམས་དང་གང་ཟག་དང་སེམས་པ་སོགས་སོ། །གྲོགས་སངས་རྒྱས་ཀྱི་ཡོན་ཏན་འབྱུང་བྱེད་དང་། དགྲ་ནི་ཉོན་མོངས་ཏེ་འདི་ཐམས་ཅད་དམིགས་སུ་མེད་པའོ། །དེའི་རྒྱུ་མཚན་ནི་བྱེ་བྲག་དུ་མར་རྟོག་པ་ཞི་བས་ལྷན་སྐྱེས་ལ་དེ་དག་མི་རྟོག་པ་ནི་རློམ་སེམས་


JLD011_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དོན་ནོ། །སྣ་ཚོགས་ཉིད་ནི་དེ་སྤངས་པའོ། །གཟོད་ནས་ཞེས་པ་གསུམ་གྱིས་ཞུས་པ་དང་ལན་གྱི་རྐང་པ་གཉིས་ཀྱི་དོན་ནི། མཚོན་བྱ་དང་མཚོན་བྱེད་ཀྱི་ལྷན་སྐྱེས་ཀྱི་དབྱེ་བ་ཤེས་པར་འདོད་ནས་ཞུས་པ་སྟེ། ལྷན་སྐྱེས་ཐམས་ཅད་ལས་དབེན་པ་སྔར་བཤད་པ་ལྟར་ཡིན་ན། འབྱུང་བའི་ལུས་ཀྱི་བདག་ཉིད་དུ་འགྱུར་བ་འགལ་སྙམ་པའོ། །ལན་ནི་མི་འགལ་ཏེ་རང་བཞིན་ལ་དགོངས་ནས་དེ་རྣམས་ཀྱི་བདག་ཉིད་དུ་བཤད་ཅེས་པའོ། །ཀྱེ་ཞེས་པ་ནི་ཅིའི་སྟེ་གང་གི་སླད་དུ་འབྱུང་བའི་ཕུང་པོ་རྣམས་སུ་འགྱུར་ཞེས་དྲིས་སོ། །དེའི་ལན་དུ་མཚོན་བྱེད་དཔེའི་ལྷན་སྐྱེས་ནི། དང་པོར་ཕྱག་རྒྱ་ལས་བསྐྱེད་དགོས་ལ་དེ་བསྐྱེད་པ་ན། སྲ་གཤེར་སོགས་ཀྱི་འབྱུང་བ་ལས་སྐྱེ་བར་འགྱུར་ཏེ། མཚན་ནི་རྡོ་རྗེ་དང་པདྨ་སྦྱོར་བ་ན། རེག་པ་སྲ་བའི་ཆོས་དམིགས་དགོས་པ་དང་། བྱང་སེམས་ཞུ་བ་དགོས་ལ་ཆུའི་ཁམས་དང་བསྐྱོད་པ་དགོས་ལ། དེ་ལས་མེ་སྐྱེ་བ་དང་བྱང་སེམས་ཞུ་བ་དེ་གསང་གནས་ཀྱི་རྩེའི་བར་དུ་འགྲོ་དགོས་ལ། དེའི་གསོ་བ་ནི་རླུང་ཡིན་ལ་དེ་བཞི་ཚོགས་པ་ལས་སྐྱེ་བའི་བདེ་བ་ནི། ནམ་མཁའི་ཁམས་ཡིན་པས། ལྔ་པོ་རྣམས་ཀྱིས་བསྐོར་བ་སྟེ་ལྔ་པོ་ཚོགས་པ་ལས་མཚོན་བྱེད་དེ་འཇོག་དགོས་པའི་ཕྱིར་རོ། །དེ་འདྲ་བའི་འབྱུང་བ་ཆེན་པོས་བསྐྱེད་པའི་བདེ་བ་ཡིན་པ་དེའི་ཕྱིར་དེ་འདྲ་བའི་བདེ་བ་ནི། དོན་ལྷན་སྐྱེས་ཀྱི་དེ་ཉིད་ཡིན་ནོ། །བདེ་སྟོང་གི་ཐབས་ཤེས་ལྷན་ཅིག་ཏུ་སྦྱར་ཏེ་བསྒོམས་པ་ལས། གང་སྐྱེས་


JLD011_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ནི་དོན་དམ་གྱི་ལྷན་སྐྱེས་ཞེས་བྱ་སྟེ། དེའང་གང་སྙམ་ན་དངོས་པོ་རྣམས་ཀྱི་རང་གི་དོན་དམ་པའི་ངང་ཚུལ་དང་རོ་གཅིག་པ་ཉིད་དུ་སྐྱེས་པར་བརྗོད་པའོ། །དེ་ནས་ཕྱི་རོལ་གྱི་ཡུལ་ལ་སོགས་པ་ལ་དངོས་སུ་བལྟོས་པ་འབྱུང་བ་ཆེན་པོའི་བདག་ཉིད་ནི། རང་བཞིན་ལྷན་སྐྱེས་སུ་ཇི་ལྟར་འོས། བདེ་ཆེན་དེ་ནི་ཆོས་ཀྱི་རྣམ་པ་ཐམས་ཅད་དེ་ཁོ་ན་ཉིད་དུ་སྡོམ་པ་སྟེ་རོ་གཅིག་ཏུ་སྡུད་པའོ། །དེ་འདྲ་བའི་ཡོ་གི་རྣལ་འབྱོར་པའི་ཕྱག་རྒྱ་ནི་རང་རྒྱུད་ཀྱི་ཤེས་རབ་སྟེ། དེའང་དོན་དམ་པར་རྒྱུའི་སྦྱོར་བ་དང་བྲལ་བས་རང་བཞིན་གྱིས་སྐྱེ་བ་མེད་པའི་དེ་ཉིད་རྟོགས་པའོ། །དེ་དང་སྙིང་རྗེ་བདེ་ཆེན་གཉིས་དབྱེར་མེད་དུ་སྦྱོར་བ་ནི་བྱང་ཆུབ་ཀྱི་སེམས་སོ། །སྔགས་བཟླས་སོགས་མེད་པ་ནི་ཕྱིའི་འོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཤེས་པ་དང་། འགྲོ་བ་སྐྱོབ་པ་དང་། ཡང་དང་ཡང་དུ་བྱེད་པས་སྔགས་བཟླས་སོ། །དེ་ཉིད་ཁ་ན་མ་ཐོ་བ་ཐམས་ཅད་འགོག་པས་དཀའ་ཐུབ་སྟེ་བརྟུལ་ཞུགས་སོ། །ཉོན་མོངས་དང་ཕུང་པོའི་སྲེག་རྫས་འཇོམས་པས་སྦྱིན་སྲེག་དང་ངེས་དོན་རྡོ་རྗེ་རྣལ་འབྱོར་མ་དང་ཧེ་རུ་ཀ་འདུས་པས་དཀྱིལ་འཁོར་བ་དང་། ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་དཀྱིལ་འཁོར་རོ། །མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ་མདོར་བསྡུས་ན། དེ་ཉིད་ཆོས་ཐམས་ཅད་འདུས་པའི་ཚུལ་ཅན་ཏེ། ཆོས་ཐམས་ཅད་ཀྱི་བདག་ཉིད་ཅན་ཏེ། དེའི་ཕྱིར་དེ་ཉིད་བསྐྱེད་པར་བྱ་སྟེ། དེ་ཉིད་ཀྱིས་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་པདྨ་ཅན་ལས་གསུངས་སོ། །དེས་ན་


JLD011_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་འདུན་པའི་ཚུལ་ཅན་དུ་གསུངས་པའི་དོན་ནི། ཆོས་ཐམས་ཅད་ཀྱི་བདག་ཉིད་ཅན་ཁོ་ན་ལ་མི་བཟུང་བར། དེ་ཉིད་སྔགས་བཟླས་ནི་དཀྱིལ་འཁོར་དེ་ཉིད་དོ། །ཞེས་པ་ལམ་གཞན་རྣམས་འདིར་འདུས་པར་བཤད་དགོས་སོ། །ལམ་གཞན་གྱི་གནས་སྐབས་དང་མཐའི་དོན་གང་འགྲུབ་ཐམས་ཅད་ལམ་འདིར་མ་ཚང་བ་མེད་པ་དང་། རིང་པོར་མི་ཐོགས་པ་དང་། ལམ་བདེ་བས་འགྲུབ་པའི་ཚུལ་བྱེད་ལས་ཀྱི་སྒོ་ནས་ལམ་ཐམས་ཅད་འདིར་འདུ་བའི་ཚུལ་ཤེས་ནས་ཐ་ན་མོས་པའི་ཡིད་བྱེད་ཀྱིས་ཀྱང་བདེ་སྟོང་སྦྱོར་བ་ལ་རྒྱུན་མི་འཆད་དུ་གོམས་པར་བྱའོ། །དབང་བསྐུར་བ་སོགས་ཀྱིས་སློབ་དཔོན་གྱི་གོ་འཕང་ཐོབ་པས་ཆོས་བསྟན་ནས། སེམས་ཅན་གྱི་དོན་བྱེད་པའི་རྒྱུ་སེམས་ཅན་གདུལ་དཀའ་བ་བསྟན་པ་ལ་འཇུག་པར་བྱེད་པའི་ཐབས་གསུངས་པ་ནི་མཉམ་པར་ཞེས་གསུངས་སོ། །འདིར་ལྟ་སྟངས་བཞི་ལས་ལྟུང་བ་དང་རེངས་པར་བྱེད་པ་གཉིས་ནི་གཡས་གཡོན་ལ་མི་བལྟ་བར་དབུས་སུ་བལྟ་བ་ཡིན་པ་ནི། མཉམ་པར་དང་དབུ་མར་ཞེས་པས་སྟོན་ལ། ཁྱད་པར་ལ་དང་པོ་ནི་དཔྲལ་བའི་ཕྱོགས་ཀྱི་སྟེང་དུ་ཅུང་ཟད་བལྟ་བ་དང་། གཉིས་པ་ནི་སྣ་རྩེའི་དབུས་སུ་བལྟ་བའོ། །མ་རུངས་པ་ནི་ཁྲོས་པའི་སེམས་ཀྱི་དང་། གཉིས་ནི་མིག་འབྲས་གཉིས་སོ། །དབང་ལ་གཡོན་ན་གནས་ཞེས་པ་ནི་གཡོན་དུ་བལྟ་བ་དང་། གཟུགས་བརྙན་ཞེས་པ་ནི་འབྲས་བུར་མང་པོས་བསྒྱུར་བ་ལེགས་པས། མིག་འབྲས་གཉིས་ཀས་གཡོན་དུ་


JLD011_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བའོ། །དགུག་པ་ནི་གཡས་པའི་ཆ་སྟེ་ཕྱོགས་སུ་དང་། དེའང་མིག་འབྲས་གཉིས་དང་པོའི་སྟེང་དུ་བཟློག་སྟེ་དེ་ནས་གཡས་སུའོ། །རླུང་གི་རྣལ་འབྱོར་གང་གིས་ལྟ་སྟངས་གང་བསྒྲུབ་སྙམ་པ་ལ། འབྱུང་བ་ཞེས་སོགས་ཏེ་རླུང་ཕྱིར་འབྱིན་པ་དང་ནང་དུ་བརྔུབ་པ་དང་། ནང་དུ་དགང་བ་དང་། ནང་དུ་ཞི་བར་བྱེད་པ་བཞིན་བསྒྲུབ་སྟེ། འདི་རྣམས་ལ་ལྷའི་རྣལ་འབྱོར་དང་སྔགས་བཟླས་པ་ནི་སྔར་བཤད་ཟིན་པ་ལྟར་རོ། །དེ་ལྟར་བྱེད་པ་དེས་དང་པོར་གང་ལ་བསླབ་པ་ནི་ཤིང་རློན་པའི་འབྲས་བུ་མ་སྨིན་པ་ལྟུང་བ་དང་། རྒྱང་རིང་པོའི་མེ་ཏོག་རང་གི་དྲུང་དུ་བསྡུ་བ་དང་། མཁྲེགས་པའི་ཤིང་གྱེན་དུ་འགྲེང་བ་ཐུར་དུ་དགུག་པ་དང་། རླུང་དྲག་པོས་བཏབ་པའི་རྩ་རྣམས་མི་གཡོ་བར་བྱེད་པ་ལ་བསླབ་སྟེ། དེ་བྱུང་ན་ལས་བཞི་པོ་དེ་འགྲུབ་བོ། །ཡུན་ཅི་ཙམ་གྱིས་འགྲུབ་པ་ནི་ཟླ་བ་དྲུག་གིས་ཡིན་ལ། དེ་ལ་འཁྲུལ་བ་སྟེ་ཐེ་ཚོམ་མི་བྱ་བ་ནི། འདི་ལ་ཞེས་པ་གཉིས་སོ། །དགང་བ་བུམ་པ་ཅན་ལ་མུ་ཏིག་ཕྲེང་བར་བཤད་པས། དེ་རྣམས་ཀྱིས་རྡོར་བཟླས་དང་། བུམ་པ་ཅན་གྱི་རླུང་སྦྱོར་གཉིས་བསྟན་པར་བྱ་ལ། དེས་ནི་ལེའུ་གཉིས་པར་རླུང་གི་རྣམ་དབྱེ་མང་དུ་གསུངས་པ་ལ་བརྟེན་ནས། རླུང་ལ་ཉམས་ལེན་བྱ་ཚུལ་བསྟན་པར་ཡང་བཟུང་ངོ་། །བསད་ལས་བྱས་ན་དམ་ཚིག་ཉམས་པས་མི་བྱ་བར་གསུངས་པ་ནི། བསད་གསོ་ནུས་པ་སོགས་ཀྱི་མཚན་ཉིད་དང་མི་ལྡན་པས་བྱས་པ་ལ་དགོངས་ཀྱི། རྣམ་པ་ཐམས་ཅད་དུ་འགོག་པ་མིན་ཏེ། དེས་ནི་སེམས་ཅན་བསླུ་བ་སྟེ་གནོད་


JLD011_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦྱོར་བ་མ་གཏོགས་ཞེས་བཤད་པའང་རིག་པར་བྱའོ། །ན་དང་ག་དང་ཧ་ཡིག་མིང་གི་ཐོག་མར་འོང་བ་ནི། མི་དང་བ་ལང་གླང་པོ་ཆེའི་དབང་དུ་བྱས་ལ། བར་བ་ནི་ག་ཝི་ཞེས་པ་བ་ལང་གི་མིང་དུ་བྱས་པའི་ལུགས་སོ། །ཤྭ་ཡིག་མིང་གི་མཐར་འོང་བ་ནི་རྟ་ལ་ཨ་ཤྭ་ཟེར་བའོ། །ཤྭ་ཡིག་དང་དང་པོ་འོང་བ་ནི་ཁྱི་ལ་ཤྭ་ན་ཞེས་པའི་དབང་དུ་བྱས་སོ། དགའ་བྲལ་ལ་སྨོད་པ་ནི་རྣམ་རྟོག་སུན་འབྱིན་ཞིང་། ལྷན་སྐྱེས་ལ་དགའ་བ་སྟེ་དེས་འགྲུབ་པའོ། །པདྨ་ཅན་ལས་སྔར་བསྟན་ཅེས་བཏོན་ནས་སྔར་ལེའུ་གཉིས་པར་ཀུ་རུ་ཀུལླཻའི་སྔགས་གསུངས་པ་ལ་འཆད་པ་ལྟར་ན། གོང་དུ་ཞེས་པ་གཉིས་ད་ལྟའི་འགྱུར་ལ་འདུག་པ་བཞིན། ཡོད་མེད་གཉིས་རྒྱ་དཔེ་ལ་ཡོད་པར་གསལ་ལོ། །བྱེ་བས་ཕྱུགས་ཞེས་པ་ནི་དུད་འགྲོའི་བྱེ་བྲག་ཀླུ་དང་། གནོད་སྦྱིན་ཞེས་པ་ལ་གླེགས་བམ་ཁ་ཅིག་ལ་བཀྵ་ནི་ཞེས་པ་ཡོད་ཀྱང་། ཡཀྵ་ནི་ཞེས་ཡོད་པ་དག་པར་འགྲེལ་པ་ཁ་ཅིག་ལས་བཤད་དོ། །འདི་ལ་ལེའུའི་མིང་འདོགས་གསལ་བར་མ་བྱུང་ཡང་ལྟ་སྟངས་ཀྱི་ལེའུ་ཞེས་པ་དོན་གྱིས་འཐོབ་བོ། །རྡོར་སྙིང་མངོན་པར་བྱང་ཆུབ་པ་ནི་དེ་སངས་རྒྱས་པའོ། །མིང་དེ་ནི་སྔར་གྱི་ལེའུ་བཅུ་གཅིག་པོའི་སྤྱི་མིང་ངོ་། །དབང་བསྐུར་བ་སོགས་ལས་སློབ་དཔོན་གྱི་གནས་ཐོབ་པས་རབ་གནས་བྱེད་པས་དེ་སྟོན་པ་ནི་རྡོ་རྗེ་སོགས་སོ། །རྡོ་རྗེ་ནི་སངས་རྒྱས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དང་། དེའི་སྙིང་པོ་ནི་རྡོ་རྗེ་སེམས་དཔའ་ཡིན་ལ་ཞུ་བ་པོའང་དེའི་ངོ་བོ་


JLD011_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པས། སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པའོ། །ཅི་གསུངས་ཞེས་པ་ནི་ཇི་ལྟར་རྙེད་པས་སྦྱིན་སྲེག་བྱ་ཞེས་བསྒྱུར་ལ། དེའི་དོན་ཇི་ལྟར་འབྱོར་བས་བྱ་བར་པདྨ་ཅན་ལས་གསུངས་སོ། །འདིའི་སྦྱིན་སྲེག་ནི་རབ་གནས་ཀྱི་སྟ་གོན་གྱི་སྐབས་སུ་བྱའོ། །དཀྱིལ་འཁོར་ཞེས་པ་གཅིག་ནི་རབ་གནས་རྒྱས་པའི་དབང་དུ་བྱས་པ་སྟེ། རབ་གནས་ཀྱི་ལྷ་ལ་དབང་བསྐུར་བ་མི་བྱེད་ན་དཀྱིལ་འཁོར་བཞེངས་མི་དགོས་པའི་ཕྱིར་རོ། །འདི་ལ་ས་ཆོག་ནི་སྔར་བཤད་པ་བཞིན་བྱ་ལ། སྔ་བར་སྐུ་གཟུགས་སྦྱོང་བ་ནི། སྟ་གོན་ཞེས་པ་གཅིག་ནི་འོག་ཏུ་གདོན་ནོ། །སྟ་གོན་ལ་བུམ་པ་དང་ལྷ་དང་སྔ་བར་ནི་ནང་པར་ཞེས་པར་བསྒྱུར་ལ། མཚན་མོ་སྟ་གོན་བྱ་བ་ལ་བུམ་པ་སྟ་གོན་བྱས་པའི་འོག་ཏུ་སྦྱང་བ་བྱ་བ་དང་། ཆུ་དང་ཁྲུས་ཆལ་གྱིས་བཀྲུ། དེ་ནས་ལྷ་རྣམས་སྤྱན་དྲངས་ཏེ་མཆོད་ནས་སྙན་གསན་དབབ། དེ་ནས་ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་སྐུ་གཟུགས་སོགས་ལ་གཞུག་ལ་བཀྲུ་བ་དང་། མཆོད་པ་སོགས་བྱ་སྟེ་སླར་ཡང་མཆོད་ནས་ཡེ་ཤེས་པ་གཤེགས་སུ་གསོལ་ཏེ་ལྷ་སྟ་གོན་ནོ། །པདྨ་ཅན་ལས་དབང་བསྐུར་བ་མ་བཤད་ཀྱང་དཀྱིལ་འཁོར་བཞེངས་ན་དགོས་སོ། །སྣ་ཚོགས་ཧཱུཾ་ལས་སྐྱེས་པ་ཞེས་བསྒྱུར་བ་དང་། དེའི་དོན་ཡང་མེ་ཏོག་སོགས་དེ་ལས་སྐྱེས་པར་བཤད་དོ། །རྒྱུད་ཕྱི་མ་དེ་ཉིད་བསྡུས་པ་དང་། རྒྱུད་སྔ་མ་འདུས་པ་ལ་བཤད་དེ། རྒྱུད་རྒྱས་པ་ལ་དགོས་སོ། །ཐབ་རྣམས་ལ་སྟེང་ནི་རྒྱ་དང་འོག་ནི་དཔངས་ཚད་དོ། །འདི་ཉིད་ལ་ལྷག་མ་སྒྲུབ་པ་ནི་


JLD011_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དགུག་དང་དབྱེ་བསྐྲད་སོགས་མ་བཤད་དོ། །ༀ་ཨག་ནྱ་ནས་བྷི་ཏེ་བྷ་བའི་བར་ནི་མེ་ལྷ་ཐབ་ཀྱི་ཤར་ལྷོར་བཞུགས་སུ་གསོལ་བའི་སྔགས་དང་། སྭ་ཨརྠན། སོགས་ནི་གཤེགས་སུ་གསོལ་སྔགས་དང་། ༀ་བཛྲ་ཨ་ན་ལ་ནས། ཛཿ ཧཱུཾ་བཾཧོཿ ས་མ་ཡ་སྟྭཾ་ཞེས་པའི་བར་ནི་སྤྱན་འདྲེན་པའི་སྔགས་སུ་དང་། ༀ་ཛཿ ཧཱུཾ་སོགས་ནི་ཁ་ཁྱེར་ལ་བཞུགས་པའི་དུས་སུ་ཆུ་འབུལ་བའི་སྔགས་སུ་པདྨ་ཅན་ལས་ཏེ། འགྲེལ་པ་གཞན་ལས་མེ་ལྷ་ཉིད་ཀྱི་མཆོད་ཡོན་གྱི་སྔགས་སུ་བཤད་དོ། །སྦྱིན་སྲེག་གི་སྐབས་སུ་ནང་ངེས་དོན་གྱི་སྦྱིན་སྲེག་ཀྱང་པདྨ་ཅན་ལས་གསུངས་སོ། །ལེའུ་བཅུ་པའི་འབྲེལ་ནི་སྔར་ཐབས་མང་དུ་གསུངས་ཀྱང་ངེས་པར་གཟུང་བའི་ཕྱིར་དུ་ཞུས་པ་པདྨ་ཅན་དང་། གང་ཞིག་བསོད་ནམས་འདོད་པ་དང་། སྲིད་པའི་ལོངས་སྤྱོད་འདོད་པ་རྣམས་ནི། དཀྱིལ་འཁོར་དང་རབ་གནས་ཀྱིས་ཆོག་པར་འཛིན་ལ། སངས་རྒྱས་ཉིད་ངེས་པར་འདོད་པ་རྣམས་ཀྱི་དོན་དུ། དེའི་དངོས་གྲུབ་ཀྱི་རྒྱུ་གཏན་ལ་དབབ་པའི་ཕྱིར་དུ་ལེའུ་འདི་གསུངས་པར་ཀུ་མུ་ཊིར་བཤད་དོ། །ནམ་མཁའ་ལྟར་མཐའ་ཡས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་འཁོར་བའི་ཆོས་ལ་བྱིང་བར་གྱུར་པ། རྒྱ་མཚོ་ཆེན་པོར་ཀུ་བ་ལྷུང་བ་ལྟ་བུར་འཕྱོ་བའི་སེམས་ཅན་རྣམས། ཇི་ལྟར་ན་འདོད་པའི་ལྷའི་གཟུགས་འགྲུབ་པར་འགྱུར། ཞེས་ཞུས་པ་སྟེ། དེའང་ཧེ་རུ་ཀ་བཞི་དང་། བདག་མེད་མ་དང་། ཀུ་རུ་ཀུ་ལླཻའི་ལྷ་མང་དུ་གསུངས་པའི་ནང་ནས། ལྷ་གང་གི་རྣལ་འབྱོར་གྱིས་


JLD011_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་འགྱུར་ཞེས་ཞུས་པར་ཀུ་མུ་ཊིར་རོ། །ཆོས་རྣམས་ནམ་མཁའ་ལྟར་མཐའ་ཡས་པའི་ཕྱིར། རང་བཞིན་མེད་པའི་ངོ་བོ་དྲི་མ་མེད་པའི་ངོ་བོ་དེས། ཇི་ལྟར་རྒྱ་མཚོར་ཀུ་བ་ལྷུང་བ་ཆུང་བ་དང་ངེས་པ་མེད་པར་འགྲོ་བ་དེ་བཞིན་དུ། སེམས་ཅན་ངེས་པ་མེད་པར་འཕྱོ་བ་དང་། དགེ་རྩ་ཅུང་ཟད་པར་ངེས་པ་རྣམས་ཐབས་གང་གིས་འགྲུབ་པར་འགྱུར། ཞེས་ཞུས་པའི་ལན་དུ་བདག་མེད་མའི་རིམ་གཉིས་ཀྱི་རྣལ་འབྱོར་དང་ལྡན་པའམ། ཡང་ན་ཧེ་རུ་ཀའི་རིམ་གཉིས་ལ་བརྩོན་པས་འགྲུབ་བོ། །ཀུ་མུ་ཊིར་ཤེས་རབ་ཀྱི་རྣལ་འབྱོར་བྱེད་ན་བདག་མེད་མས་བྱའི་ཀུ་རུ་ཀུལླཻས་མིན་པ་དང་། ཐབས་ཀྱི་རྣལ་འབྱོར་གྱིས་བྱེད་ན་ཕྱག་བཅུ་དྲུག་པའི་ཧེ་རུ་ཀས་བྱེད་ཀྱི། ཧེ་རུ་ཀ་གཞན་གསུམ་ནི་དཔལ་ཞེས་པ་གཅོད་དེ། འབྲས་བུ་འབྱུང་བ་མེད་པའི་ཕྱིར་དཔལ་གྱི་འོས་མ་ཡིན་པའི་ཕྱིར་ཞེས་བཤད་དོ། །རྫོགས་རིམ་གྱི་རྟོགས་པ་རྫོགས་པར་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྲོ་བའི་བསྐྱེད་རིམ་ལ། བདག་མེད་མ་དང་ཧེ་རུ་ཀས་གཙོ་བོ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དགོས་པ་ལ་དགོངས་ནས་དེ་གཉིས་གསུངས་ཀྱང་། ཧེ་རུ་ཀ་གཞན་གསུམ་གྱིས་དཀྱིལ་འཁོར་གྱི་གཙོ་བོ་བྱེད་ན་ནི་ཤིན་ཏུའང་རུང་བས། ཕྱག་བཅུ་དྲུག་པ་གཙོ་བོར་གྱུར་པ་ལ་འགྲེལ་པ་མཁན་གྱིས་བསམས་པར་མངོན་ནོ། །རྣལ་འབྱོར་དེ་གཉིས་ལ་བརྩོན་པར་བྱེད་ཚུལ་ནི། གཞན་པས་ཞེས་པ་གཉིས་ཏེ། སྐད་ཅིག་ཀྱང་གཞན་སེམས་མེད་པས་ཞེས་བསྒྱུར་བ་ལྟར། གུས་སྦྱོར་དང་རྟག་སྦྱོར་གཉིས་ཀྱིས་བསྒོམ་པ་ཡིན་ལ། སྐད་ཅིག་ཀྱང་


JLD011_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་གཞན་ནི་འཆད་པར་འགྱུར་རོ། །དང་པོར་ཞེས་པ་བཞིས་ནི་བརྟན་པ་མ་ཐོབ་པ། གསར་དུ་གོམས་པར་བྱེད་པའི་གནས་དམིགས་ཀྱིས་བཀར་བ་ཡིན་ལ། རང་གི་ཁྱིམ་དུ་མཚན་དུས་ཞེས་པ་བཞིས་ནི། གཞན་གྱིས་མ་ཚོར་བར་བསྒོམ་དགོས་ཤིང་། དེ་ལ་ནི་མཚན་མོའི་དུས་བསྔགས་པས་དེར་མཉམ་པར་བཞག་པའི་རྣལ་འབྱོར་གྱིས་བསྒོམ་པའོ། །ཤེས་རབ་ཅན་ཞེས་པ་ནི་མཆོག་འགྲུབ་པ་ལ་རྫོགས་རིམ་དང་། དེའི་རྒྱུར་བསྐྱེད་རིམ་དགོས་པར་ཤེས་ནས་དེ་གཉིས་གང་རུང་བསྒོམ་པ་ནི་རྣམ་དཔྱོད་དང་ལྡན་པའི་སྔགས་པ་ཡིན་གྱི། མཆོག་བསྒྲུབ་པ་ལ་བསྐྱེད་རིམ་འདོར་བ་ནི་ཤེས་རབ་མེད་པར་སྟོན་པའོ། །བདག་ཉིད་ཅེས་པ་ནི་དངོས་གྲུབ་བདག་ཉིད་སེམས་དཔའ་ཡིས། །ཞེས་པར་བསྒྱུར་ལ་དོན་ནི་བདག་ནི་རང་བཞིན་གྱིས་དག་པའོ་སྙམ་པའི་ང་རྒྱལ་དང་ལྡན་པ་ལ་པདྨ་ཅན་ལས་སོ། །རྐང་པ་འཁྲུ་དང་ཞེས་པ་ནས་རྣལ་འབྱོར་མ་ནི་རྣམ་པར་བསྒོམ། །ཞེས་པའི་བར་གྱིས་ནི་ཉིན་མོ་མཉམ་པར་མ་བཞག་པའི་དུས་ཀུན་ཏུ་ལྷ་ཡིད་ལ་བྱ་བ་དང་མི་འབྲལ་བར་མུ་ཏིག་ཕྲེང་བར་རོ། །བཅོམ་ལྡན་འདས་མ་བསྟན་པར་བྱ་བ་ནི་བསྒོམ་པར་བྱ་བ་དང་སྦྱར་རོ། །ལམ་ལེགས་པར་ཤེས་པའི་ཤེས་རབ་དང་སྔགས་ཀྱི་ཀུན་སྤྱོད་ཇི་ལྟར་གསུངས་པ་ལས་མི་འདའ་བའི་བརྟུལ་ཞུགས་དང་ལྡན་པ་ཉིད་ཀྱིས་རྣལ་འབྱོར་མ་བསྒོམ་པ་ནི་མཚོན་པ་སྟེ་ཧེ་རུ་ཀའང་ངོ་། །གཞན་ཞེས་པ་ནི་རང་དང་ལྷ་དབྱེར་མེད་དུ་བྱས་པ་ལས་གཞན་དུ་


JLD011_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་སྟེ། ཐ་མལ་བའི་བློས་སྔ་མའི་འདུ་བྱེད་ཉམས་པའོ། །དེ་ལ་ནི་སྒྲུབ་པ་པོ་མཁས་པས་འབད་པ་དྲག་པོས་སྐད་ཅིག་ཀྱང་གནས་པར་མི་བྱའོ། །ལྷ་དང་དབྱེར་མེད་དུ་དྲན་པའི་འདུ་བྱེད་ཉམས་ནས་སོ་སོར་ཕྱེ་བ་ནི་མ་རིག་གདུག་པའི་སེམས་ཏེ། དེས་གནས་པར་བྱ་བ་མིན་ཞེས་སེམས་དེ་སུན་འབྱིན་ནོ། །བསམ་གཏན་སྡིག་པ་དུག་འཇིག་པ་ནི། བག་ཆགས་དང་བཅས་པའི་སྒྲིབ་པ་འཇིག་པར་བྱེད་པའོ། །བསྒོམས་པས་སྔོན་བསགས་པའི་སྡིག་པ་འདག་པ་དང་། ཉོན་མོངས་ཅུང་ཟད་ཕྲ་བར་གྱུར་པ་ན་དུར་ཁྲོད་ལ་སོགས་པར་དང་པོར་ནག་པོ་རབ་ཏུ་བསྒོམས། ཞེས་པའི་ཚུལ་གྱིས་ཟླ་བ་ཕྱེད་དུ་བསྒོམས་པས་དངོས་གྲུབ་ཀྱི་མཚན་མ་སྟེ་ནུས་པ་འབྱུང་བར་བྷ་བས་སོ། །རྩེ་བ་ནི་རིག་མ་ལ་རོལ་བའི་སྒོ་ནས་བསྒོམ་པའོ། །བསམ་པ་ཐམས་ཅད་ཅེས་པ་གཅིག་ནི་སྔར་བཤད་པའི་གཞན་དུ་སྐད་ཅིག་ཀྱང་མི་གནས་པའོ། །ལྷའི་གཟུགས་སུ་སེམས་པ་ནི་དེའི་རང་བཞིན་དུ་སེམས་པ་ཡིན་ལ། དེ་ལ་ནི་ལྷན་སྐྱེས་དང་ལྷའི་རྣམ་པ་བསྒོམ་པ་གཉིས་སོ། །ཚུལ་དེས་ཟླ་ཕྱེད་བསྒོམས་པའི་མཐར་ཉི་མ་གཅིག་ཏུ་བར་མ་ཆད་པར་བསྒོམས་པས་ཡོངས་སུ་བརྟག་པར་གྱིས་ཤིག་དང་། སྔར་བཤད་པའི་དྲོད་ཅེས་པ་མཐུ་ཁྱད་པར་ཅན་ཐོབ་པར་འགྱུར་རོ། །འཁོར་བ་ན་རང་གཞན་གྱི་དོན་བསྒྲུབ་པའི་ཐབས། གོང་དུ་བཤད་པའི་རིག་མ་ལ་བརྟེན་ནས་བསྒོམ་པ་ལས་གཞན་ཏེ། མཆོག་ཏུ་གྱུར་པ་མེད་པས། རིག་མ་དང་ལྷན་ཅིག་གོམས་པར་བྱས་པས་འཕྲལ་དུ་སྟེ་རིང་པོར་མི་ཐོགས་པར་འདོད་དོན་མངོན་དུ་


JLD011_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །དེ་ལྟར་བསྒོམས་པའི་ཕན་ཡོན་ནི་འཇིགས་ཞེས་སོགས་བཞིས་སྟོན་པ་ལ་འཇིགས་པ་ནི་སྐྲག་པའོ། །སྨྱོ་བ་ནི་སེམས་རྣམ་པར་འཁོར་བ་སྟེ་རྣམ་པར་འཁྲུལ་བའོ། །འབྲས་ལ་སོགས་པའི་སྡུག་བསྔལ་གྱིས་མྱ་ངན་དུ་འགྱུར་བ་ནི་ཡིད་གདུང་བའོ། །འཚེ་བ་ནི་གཞན་གྱིས་འཆིང་བ་དང་སྡོམ་པ་སོགས་སོ། །ཉོན་མོངས་པ་ཆེན་པོས་ཉོན་མི་མོངས་པ་ནི། གནོད་པ་དེ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའོ། །རང་གི་ལམ་གྱི་ཕན་ཡོན་དང་། དེ་ལས་གཞན་དུ་གཡེངས་པའི་སྤྱོད་པ་ལས། གནོད་པའི་འབྲས་བུ་འབྱུང་བར་ཤེས་ནས་ནི། རྣལ་འབྱོར་པ་དེ་ནི་སྐད་ཅིག་ཀྱང་དོན་མེད་དུ་ཇི་ལྟར་གནས་ཏེ་མི་གནས་སོ། །དེ་བཞིན་དུ་ངུ་འབོད་དེ་སྡུག་བསྔལ་དྲག་པོ་དང་། རྣམ་རྟོག་ལ་སོགས་པས་དཀྲུགས་པའི་འཁོར་བར་ཇི་ལྟར་གནས་ཏེ་མི་གནས་ཚུལ་ནི་སྔར་བཞིན་ནོ། །དེ་ལྟར་ཡིན་ན་བསོད་ནམས་ཀྱི་ལས་བྱེད་པ་རྣམས་འདིར་འཇུག་ལ། སྡིག་པའི་ལས་བྱེད་པ་རྣམས་མི་འཇུག་སྟེ། ཞུགས་ཀྱང་འབྲས་བུ་མི་འཐོབ་པོ་སྙམ་ནས། མཚམས་མེད་ཅེས་པ་དྲུག་གོ །རྨོངས་པ་ནི་བག་མེད་པར་གྱུར་པའོ། །མ་རུངས་པའི་ལས་ནི་ཉེ་བའི་མཚམས་མེད་སོགས་སོ། །དེ་དག་གིས་ཀྱང་ལམ་འདི་བསྒོམས་ན། སྡིག་པ་དེ་རྣམས་བཅོམ་ནས་ཚོགས་གཉིས་བསགས་པའི་མཐུས་སྣོད་དུ་འགྱུར་བའོ། །འདིའང་གཙོ་བོར་མཚན་ཉིད་དང་ལྡན་པའི་བཤེས་གཉེན་ལས་དབང་གི་དུས་ནས་ཀྱང་། བདེ་སྟོང་གི་


JLD011_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་བསྐྱེད་ནུས་པའི་དབང་དུ་བྱས་སོ། །དེ་རྣམས་ཀྱིས་ཀྱང་འགྲུབ་པ་ཡོད་ན་ཆོས་ལྡན་གྱི་གང་ཟག་གིས་ངེས་པར་འགྲུབ་པ་ནི། དགེ་བཅུ་ཞེས་པ་བཞིའོ། །རེ་ཞིག་ནི་རིམ་པ་སྟོན་པ་སྟེ་དང་པོར་འགྲུབ་པའི་དོན་ནོ། །དེ་ལྟར་རྒྱུན་དུ་བསྒོམས་པས་དངོས་གྲུབ་སྟེ་ནུས་པ་ཅུང་ཟད་འཐོབ་བོ། །ཟླ་བ་གཅིག་ཏུ་གསངས་ཏེ་སྤྱོད་པ་བྱེད་ཅེས་པའི་སྤྱོད་པའི་དོན་ནི་རྒྱུ་བར་བྱེད་པའོ། །གསང་བ་ནི་ཅུང་ཟད་ཀྱང་མི་བསྟན་པ་དང་། གཞན་གྱིས་མི་རྟོགས་པར་བྱ་བ་ལ་བཤད་དེ། སྤྱོད་པ་ཀུན་གྱི་མངོན་གྱུར་དུ་མི་བྱེད་པ་སྟེ་དེའང་ལུང་བསྟན་སོགས་མ་རྙེད་ཀྱི་བར་དུའོ། །ཟླ་བ་གཅིག་ནས་ནི། ལུང་བསྟན་རྣལ་འབྱོར་མ་ལས་རྙེད་དོ། །དེའང་ག་པུར་དང་ལྡན་པ། དགོས་པ་ནི་དེ་དང་མི་ལྡན་ན་སྤོང་བའོ། །དེའི་རྒྱུ་སྦྱོང་བ་ནི་བྱང་ཆུབ་ཅེས་པ་གསུམ་མོ། །ལྷའི་གཟུགས་གཅིག་པ་ནི་ཀྱཻ་རྡོར་ལྟ་བུར་ལྷའི་རྣལ་འབྱོར་གཅིག་པའོ། །སེམས་ཀྱང་གཅིག་པ་ནི་ཕྱག་རྒྱ་ཆེན་པོའི་དོན་དུ་བྱེད་པར་གཅིག་པའོ། །སྐལ་བ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་གོ །མཆོག་རྙེད་ཅེས་པར་བསྒྱུར་ནས་དེའི་དོན་རྣལ་འབྱོར་མས་བསྟན་པ་རྙེད་པ་ལ་བཤད་དོ། །དེ་ལྟར་ན་མཆོག་གིས་བསྟན་པའི་བུད་མེད་རྙེད་ཅེས་པའམ་ཡང་ན་བུད་མེད་མཆོག་རྙེད་པ་ཞེས་པའོ། །དེའི་ཕྱིར་རྟོག་པ་ཐམས་ཅད་སྤངས་པར་བཤད་པ་ནི་དེ་ལ་བརྟེན་ནས་རྟོག་པ་ཟད་པར་གྱུར་པའོ། །བདག་གི་དམ་པ་མངོན་དུའི་ཕྱིར་ཞེས་པ་ནི་བདག་ཉིད་བརྟན་པའི་རྐྱེན་དུའོ། །ཞེས་པདྨ་ཅན་ལས་འབྱུང་ལ་དོན་ནི་རང་ཉིད་སྡུག་བསྔལ་ལ་སོགས་པའི་


JLD011_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་འཕྲོགས་པ་དེ་འཐོབ་པར་བྱ་བའི་དོན་དུ་བཤད་དོ། །གོང་དུ་གང་བཤད་པའི་སྤྱོད་པ་འཇིགས་པའི་ཚུལ་དེ་ཐམས་ཅད་སེམས་རྩེ་གཅིག་པའི་དཀའ་སྤྱད་ཀྱིས་སྤྱོད་པ་དེ། འདོད་པ་ལ་ཆགས་པའི་དབང་གིས་ལོངས་སྤྱོད་པའི་ཕྱིར་མ་གསུངས་སོ། །བརྟན་པའི་རྐྱེན་དུའོ། ཞེས་འཆད་པ་ནི་སེམས་ནི་ཞེས་པ་གཉིས་ཀྱིས་སོ། །རྡོར་སྙིང་གིས་ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །ཅེས་པ་ནི། སྔར་བཤད་པའི་ལྷའི་རྣལ་འབྱོར་དང་ལྡན་པས་ཕྱག་རྒྱའི་རྣལ་འབྱོར་གྱིས་དངོས་གྲུབ་བསྒྲུབ་དགོས་ན། འོ་ན་བདག་མེད་མ་བསྒོམས་པའི་རྣལ་འབྱོར་པ་དེས་ཕྱག་རྒྱ་མ་གཞན་དང་ཐབས་ཤེས་སྦྱོར་བ་མེད་པས་ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འཐོབ་ཅེས་དྲིས་པའོ། །འདིའི་ལན་དུ་བུད་མེད་གཟུགས་ནི་སྤངས་ནས་ཞེས་སོགས་གསུངས་སོ། །སྔར་བདག་མེད་མར་བསྐྱེད་པའི་རྣལ་འབྱོར་གྱིས་འགྲུབ་པར་གསུངས་པ་ནི། རྟེན་ཕོ་མོ་གཉིས་ཀའི་དབང་དུ་བྱས་ཀྱི་བུད་མེད་ལ་དགོངས་པ་མིན་ནོ། །དེ་བཞིན་དུ་ཧེ་རུ་ཀའི་རྣལ་འབྱོར་ཡང་ཡིན་ནོ། །འོན་ཀྱང་སྔ་མ་སྒོམ་པ་ཉིད་ལ་འདྲི་བར་རྒྱུད་ཉིད་དང་པདྨ་ཅན་དང་། མུ་ཏིག་ཕྲེང་བ་དང་། བྷ་བས་བཤད་དོ། །དེས་ན་རྟེན་གྱི་སྒོ་ནས་མིན་གྱི་རང་ལྷ་མོར་བསྒོམ་པའི་དོགས་གཅོད་ཡིན་ཏེ། སྒོམ་མཁན་སྐྱེས་པ་ལའང་འདྲའོ། །དེ་ལྟར་མིན་པར་རྟེན་གྱི་སྒོ་ནས་ཡིན་ན་ནི། བུད་མེད་ཀྱིས་ཧེ་རུ་ཀ་བསྒོམ་པ་ལའང་ཞུ་བ་འདི་བྱ་དགོས་སོ། །དེ་ལྟར་ན། བུད་མེད་གཟུགས་ནི་


JLD011_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །ཞེས་གསུངས་པའི་དོན་ནི་བདག་མེད་མར་བསྒོམ་པའི་གཟུགས་ཡིན་ལ། སྤོང་ཚུལ་ནི་དམིགས་པ་བསྒྱུར་ནས་སྤོང་བ་ཡིན་གྱི་བུད་མེད་ཀྱི་རྟེན་སྐྱེས་པར་བསྒྱུར་བ་མིན་ནོ། །དེའང་ཞལ་གཅིག་ཕྱག་གཉིས་པ་དང་། སྐུ་མདོག་ནག་པོ་དང་། གྲི་ཐོད་འཛིན་པ་སྤོང་བ་མིན་གྱི། ལྷ་མོར་འཇོག་པའི་རྟགས་ཐུན་མོང་མ་ཡིན་པ་ནུ་མ་རྒྱས་པ་དང་། པདྨའི་རྣམ་པ་བསྒྱུར་བའོ། །ཇི་ལྟར་ན་ནུ་མ་གཉིས་ཀྱི་དམིགས་པ་བསྒྱུར་ནས་རྡོ་རྗེ་བྱེད། པདྨའི་འགྲམ་གཉིས་ཀྱི་དམིགས་པ་བསྒྱུར་ནས་དྲིལ་བུ་སྟེ་འབྲས་བུའི་རྣམ་པར་བྱེད། རྡོ་རྗེ་དེའང་པདྨའི་ཟེའུ་འབྲུ་གང་དུ་གནས་པའི་གནས་དེར་བྱེད་པས། ཟེའུ་འབྲུའི་དམིགས་པ་བསྒྱུར་ནས་རྡོ་རྗེ་གནས་དེར་བསྒོམ་པའོ། །དམིགས་པས་བསྒྱུར་བ་ནི་བྷ་བས་གསལ་བར་བཤད་ཅིང་། ལ་ལས་ནི་བུད་མེད་སྤངས་ཏེ་སྐྱེས་བུ་ཉིད་སྐད་ཅིག་ཙམ་གྱིས་མངོན་དུ་བྱེད་པའི་ནུས་པ་རྙེད་ནས་སྤྱོད་པ་བྱེད་པར་འདོད་པའི་གཞན་ལུགས་བཀོད་དོ། །བོད་ཁ་ཅིག་ཀྱང་ཐབས་ཀྱི་རྐྱེན་གྱིས་ཤེས་རབ་གྲོལ་གྱི། དེ་ལས་ཟློག་པས་མི་གྲོལ་བ་སྤྱིར་བཏང་བ་ཡིན་ལ། དམིགས་བསལ་དུ་རང་དང་རྟོགས་པ་མཉམ་པའི་ཐབས་རྙེད་ན་རྒྱུད་གཉིས་ཅིག་ཅར་གྲོལ་བར་འགྱུར་ལ། དེ་མ་རྙེད་ན་བུད་མེད་ཀྱི་རྟེན་དོན་ལ་བསྒྱུར་བར་བྱ། ལན་གྱི་གཞུང་གིས་བསྟན་པར་འདོད་པ་ནི་དོན་མིན་ནོ། །ལྷག་མ་བདག་ཉིད་ཆེན་པོ་ཉིད། །ཅེས་སོགས་ཀྱི་དོན་ནི་ཕྱག་གཉིས་པའི་ཧེ་རུ་ཀ་ལ་དེའང་ཕྱག་མཚན་གྲི་


JLD011_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཅན་དུ་བྱ་སྟེ། དེ་ལྟ་མ་ཡིན་ན་བདག་མེད་མར་མི་འགྱུར་རོ། །ཡང་ན་ནུ་མ་རྒྱས་པ་དང་པདྨ་སྤངས་པ་མ་གཏོགས་པ་བདག་མེད་མའི་སྒོམ་པ་འབའ་ཞིག་གིས་བྱའོ་ཞེས་བྷ་བས་བཤད་དོ། །བདག་མེད་མའི་རྣམ་པ་ཅན་གྱིས་བྱ་དགོས་པ་ནི། སྔར་བདག་མེད་མའི་རྣལ་འབྱོར་གྱིས་འགྲུབ་པར་གསུངས་པས་ཤེས་ལ། འོན་ཀྱང་ལྷ་ཕོའི་རྣམ་པ་ཅན་དུ་བསྒོམས་པ་ལ་ཧེ་རུ་ཀ་ཞེས་བྱའོ། །བྷ་བའི་འགྲེལ་པར་སྐྱེས་བུར་འགྱུར་གྱི་དོད་ལ་འགྲུབ་པར་འགྱུར་ཞེས་འབྱུང་བ་ལེགས་ཏེ། སྐྱེས་བུར་འགྱུར་བ་ནི་སྐྱེས་བུ་ཉིད་ཅེས་པ་ལ་བསྟན་ཟིན་པས། དེ་འདྲ་བའི་རྣལ་འབྱོར་གྱིས་རིང་དུ་འབད་པ་མེད་པར་བདེ་བླག་ཏུ་དངོས་གྲུབ་འགྲུབ་པའི་དོན་ནོ། །དེ་ལྟར་བདག་མེད་མའི་རྣམ་པ་ཅན་ལྷ་ཕོར་བསྒོམ་པའང་སྙོམས་འཇུག་གི་བྱ་བ་དགོས་པའི་སྐབས་སུ་བྱེད་ཀྱི། སྐབས་གཞན་དུ་ནི་ལྷ་མོ་ཉིད་དུ་བསྒོམ་པར་བྱའོ། །སློང་མོས་རྒྱུ་བ་དུ་མ་ཞིག་ཕྱག་རྒྱ་མ་དང་ལྡན་པར་མཐོང་ཡང་འགྲུབ་པར་མ་མཐོང་བས། སྤྱོད་པ་ལ་མི་དད་པའི་སེམས་ཅན་རྣམས་ཀྱིས་འཕགས་པའི་སྤྱོད་པ་འདིས་ཆོག་གོ་སྙམ་པ་ལ། གསལ་བར་ཞེས་པ་གཉིས་ཏེ། ནུས་མཐུ་རྫོགས་པའི་རྣལ་འབྱོར་པ་གསལ་བ་སྟེ་མངོན་དུ་གྱུར་པ་དེའི་ཕྱིར་དུ་སྤྱོད་པ་གསུངས་ཀྱི། ལྟོ་འཚོལ་བའི་ཆེད་དུ་སྤྱོད་པ་བྱེད་པ་ལྟར་འཆོས་པའི་ཕྱིར་དུ་མིན་ཞེས་ཀུ་མུ་ཊིར་རོ། །པདྨ་ཅན་ལས། ནུས་མཐུ་གསལ་བར་སྐྱེས་པའི་རྣལ་འབྱོར་པས་སྤྱོད་པ་བྱའི། ནུས་པ་སྲིད་པ་ཙམ་གཞན་གྱི་དབང་དུ་བྱས་པ་


JLD011_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མིན་ཞེས་སོ། །ཕྱག་རྒྱ་ཅན་གྱི་རྣལ་འབྱོར་པ་དང་ཕྱག་རྒྱ་གཉིས་གཞན་གྱིས་མི་ཕྱེད་པས་ལྷན་ཅིག་འགྲུབ་ཀྱི་གཅིག་པུས་ནི་མིན་ཏེ། གུར་ལས། མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱའི་དངོས་གྲུབ་རབ་ཏུ་བསྒྲགས། །མི་ཕྱེད་མཚན་ཉིད་ཕྱག་རྒྱ་ཡི། །དངོས་གྲུབ་ཡོ་གི་ཁྱད་པར་འཕགས། །ཞེས་གསུངས་པ་ཀུ་མུ་ཊིར་དྲངས་སོ། །ལྷན་ཅིག་ཅེས་པས་ནི་གཉིས་ཀས་འགྲུབ་པར་སྟོན་ཏེ། ཡུམ་ལ་བརྟེན་ནས་ཡབ་ལ་ལྷན་སྐྱེས་སྐྱེ་བ་ལྟར། ཡབ་ལ་བརྟེན་ནས་ཀྱང་ཡུམ་ལ་ངེས་པར་ལྷན་སྐྱེས་སྐྱེ་བའི་ཕྱིར་ཏེ། འདི་ནི་པདྨ་སུ་ཁ་དྷ་ར་སོགས་ཀྱི་གནད་ཤེས་པ་དང་། རྩ་འཚོལ་བའི་གནད་ལེགས་པར་ཤེས་པ་ལ་རག་ལས་སོ། །འདི་རྣམས་ལེགས་པར་མ་ཤེས་པས་སྔར་གྱི་གཞུང་རྣམས་མ་ཤེས་པར་སྣང་ངོ་། །ད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པའི་སྐྱེ་བ་དང་འཆི་བ་དགག་པའི་ཕྱིར་གསུངས་པ་ནི་ཆགས་དང་ཞེས་སོགས། པདྨ་ཅན་ལས། སྐྱེ་བ་དང་ནི་འཇིག་པས་ཀྱང་། །ཞེས་འབྱུང་ངོ་། །ཐབས་ཤེས་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་མཐར་སོན་པ་གང་། དེ་ཇི་ལྟར་སྐྱེ་འཆིས་འཆིང་བར་འགྱུར། རྒྱུ་མཚན་གང་གིས་ཕྱིར་ན། ཐབས་ཀྱི་སྟོབས་ཀྱིས་ནི་འབྱུང་བ་སྟེ་བལྟམས་པ་དང་། བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་བྱེད་ལ། ཤེས་རབ་ཀྱིས་ནི་སྲིད་པའི་བག་ཆགས་མ་ལུས་པ་སྦྱངས་ཏེ་མཐར་ཕྱིན་པར་བྱེད་དོ། །ཤེས་རབ་ཀྱིས་ནི་སྲིད་མཐར་བྱེད། །ཅེས་པར་བྱའོ། །དེ་འདྲ་


JLD011_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་ཤེས་དེ་ལ་རབ་ཏུ་འཇིག་པ་སྟེ་འཆི་བ་དང་། ཆགས་པས་ཏེ་སྐྱེ་བ་ལེན་པ་མེད་པ་ནི་དོན་དམ་པ་སྟེ་གནས་དོན་ནོ། །འོན་ཀྱང་བལྟམས་པ་དང་མྱ་ངན་ལས་འདས་པ་སྟོན་པ་ནི། ཀུན་རྫོབ་ཏུ་སྟེ་གཞན་དུའོ། །ལ་ལ་སྟེ་སེམས་ཅན་རྣམས་འཚོ་བའི་རྒྱུ་སྲོག་དང་བྲལ་བས་འཆི་མོད་ཀྱང་། གང་ནམ་མཁའ་ཇི་སྲིད་པར་བཞུགས་པའི་རྒྱུ་མཚན་མ་ཚང་བ་མེད་པ་དེ་ལ། འཇིག་པ་དངོས་མེད་ཟད་པའི་འཆི་བ་མེད་དོ། །ཀུ་མུ་ཊིར་འབྱུང་བ་ནི་སྐྱེ་བ་དང་ཟད་པ་སྤངས་པ་དང་འཇིག་པ་ནི་རྟོག་པ་ཐམས་ཅད་འཇིག་པ་དང་། ཤེས་རབ་ནི་བདེ་ཆེན་ལ་བཤད་དོ། །འབྲས་བུ་དེ་དོན་དུ་གཉེར་བ་འདི་འདྲ་བའི་དངོས་གྲུབ་གང་དུ་འགྱུར་ཞེས་དོགས་པ་ལ། བསྐྱེད་པ་ཞེས་པ་བཞི་སྟེ་དང་པོར་སྤྲོས་པ་བསྐྱེད་རིམ་དང་དེ་ནས་རྨི་ལམ་ལྟ་བུར་བྱས་ནས་སྤྲོས་མེད་བསྒོམ་པའོ། །ཇི་ལྟར་ཞེས་པ་བཞིས་ནི། དཀྱིལ་འཁོར་དཔེ་དེ་གསུམ་དང་ཁྱད་པར་དུ་བར་སྲིད་བཞིན་དུ་བསྒོམ་པར་གསུངས་ཏེ། འདི་ལ་ནི་བདག་བྱིན་གྱིས་བརླབ་པའི་སྒྱུ་ལུས་ཤེས་དགོས་སོ། །དཀྱིལ་འཁོར་སྤྲོས་མེད་དུ་འགྱུར་ཚུལ་ཕྱག་རྒྱ་ཆེན་པོ་ཞེས་སོགས་ཀྱིས་སྟོན་པར་ཀུ་མུ་ཊིར་བཤད་དོ། །འོན་ཀྱང་ཕྱག་ཆེན་ལྷན་སྐྱེས་མཚོན་པའི་ཕྱིར་དུ་དབང་གསུམ་པའི་སྐབས་དེར། ཇི་ལྟར་ཤེས་ཤིང་ཉམས་སུ་མྱོང་བའི་བདེ་ཆེན་དེ་ཡིས། རང་གི་སེམས་འདི་ནི་བྱིན་གྱིས་བརླབས་ཏེ་བསྒོམ་པ་ལས་བར་སྲིད་སོགས་དང་འདྲ་བའི་དཀྱིལ་འཁོར་དེ་འབྱུང་གི་དེ་དོར་བའི་རྒྱུ་གཞན་ལས་ནི་དེ་མི་འབྱུང་ངོ་། །བདེ་བ་ཆེན་པོ་དེས་


JLD011_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ཁྱབ་པར་སྟོན་པ་ནི། བདེ་བར་བརྣག་ཅིང་ནས། བདེ་བར་བརྗོད་ཀྱི་བར་རོ། །རྫོགས་རིམ་སྟོན་པ་ནི་རྡོ་རྗེ་ཞེས་སོགས་ཀྱི་དྲིས་ལན་ནོ། །འདིར་བསྐྱེད་རིམ་བསྒོམ་མི་དགོས་ཞེས་བརྩད་པའི་ལན་དུ། ལུས་ཀྱི་ཞེས་སོགས་ལན་དུ་འགྱུར་ཚུལ་ནི། བདེ་བ་ལ་གཞི་ལམ་འབྲས་གསུམ་གང་གི་སྐབས་སུའང་རྟེན་དུ་གྱུར་པ་དག་པའི་ལུས་ཤིག་དགོས་ལ་འབྲས་བུ་གཟུགས་སྐུའི་ལུས་བསྒྲུབ་པ་ལ་ནི། དེ་དང་རྣམ་པ་རྗེས་སུ་མཐུན་པ་བསྒྲུབ་དགོས་པའི་ཕྱིར་དང་། རྫོགས་རིམ་གྱི་བདེ་ཆེན་བསྐྱེད་པ་ལའང་ཕྱིའི་ཐབས་ལ་ནི་ལྷར་བསྒོམ་པ་ངེས་པར་དགོས་ལ། ནང་གི་ཐབས་ལའང་ལུས་ལྷར་བསྐྱེད་པའི་སྒོ་ནས་བྱ་དགོས་པའི་ཕྱིར་རོ། །དངོས་དང་དངོས་པོ་ང་མ་ཡིན། །ཞེས་པ་དང་། དངོས་པོ་དང་ནི་དངོས་མེད་ང་། ཞེས་པ་གཉིས་དོན་འདྲ་བས་སྔ་མ་ལྟར་ན། དངོས་པོ་དང་དངོས་མེད་ཀྱི་སྐུ་རེ་རེ་བས་སངས་རྒྱས་སུ་མི་འཇོག་པ་དང་། ཕྱི་མ་ལྟར་ན་གཉིས་ཀ་ཚོགས་པས་འཇོག་པ་སྟེ་ཐབས་ཤེས་ཀྱི་སྒོ་ནས་ཀྱང་སྦྱར་རོ། །དངོས་པོ་རྟོགས་ཕྱིར་ཞེས་པ་གསུམ་གྱི་དང་པོ་ནི། བུ་དྡྷའི་སྒྲའི་དོན་དང་མཐུན་པ་ཡིན་ལ། ཕྱི་མ་གཉིས་ནི་ཤེས་རབ་ཆུང་ཞིང་ལེ་ལོ་ཆེ་བས་ང་གོང་ལྟར་ཡིན་པ་མི་ཤེས་ཞེས་པའོ། །འཆད་པ་པོ་ནི་ལོངས་སྐུ་དང་། ཆོས་ནི་ཆོས་སྐུ་དང་། ཉན་པ་ནི་སྤྲུལ་སྐུ་དང་། འཇིག་རྟེན་སྟོན་པ་ནི་གཟུགས་སྐུ་གཉིས་དང་། བསྒྲུབ་བྱ་ནི་ལྷན་སྐྱེས་ཀྱི་ཆོས་སྐུའོ། །འཇིག་རྟེན་ཞེས་པ་གཅིག་ནི་སྔར་ཁྱབ་པར་བསྟན་པ་ལྟར་རོ། །ལྷན་སྐྱེས་ཀྱི་རང་བཞིན་ང་ནི་བདེ་ཆེན་དུ་སྟོན་པའོ། །


JLD011_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིགས་མཐུན་གྱི་རྒྱུས་བསྒྲུབ་པ་ནི། མཆོག་མཐའ་ཞེས་པ་གསུམ་མོ། །བཙུན་མོའི་ཞེས་པ་བཞིའི་དང་པོ་ནི་སྐུ་གཉིས་ཀྱི་གནས་བཞིའོ། །དེ་ནས་གཉིས་ནི་ལོངས་སྐུ་དང་། དེ་ནས་གཅིག་གིས་ནི་ཁུ་བ་དང་བདེ་བས་སྐུ་གཞན་གཉིས་མཚོན་ནོ། །དེ་མེད་ཅེས་པ་གཅིག་ནི་ཞུ་བ་མེད་ན་བདེ་བ་མེད་པ་དང་། བདེ་བ་ཞེས་པ་གཅིག་ནི་བདེ་བ་འབྱུང་རུང་དུ་མེད་ན་ཁམས་དྲུག་པའི་ཞུ་བ་མེད་པར་འགྱུར་རོ། །རྟེན་ཞུ་བ་དང་བརྟེན་པ་བདེ་བ་གཉིས་རེ་རེ་རྐྱང་བར་གནས་མི་ནུས་པས་ཕན་ཚུན་བལྟོས་པ་དང་བཅས་པ་ནི། གཞི་ལམ་གྱི་དུས་སུ་ཁམས་དྲུག་པ་ལ་ཡིན་ལ། འབྲས་བུའི་སྐབས་སུ་ནི་དག་པའི་ལུས་མེད་ན་བདེ་བ་མེད་པར་བཤད་དོ། །དེས་ན་ལྷའི་རྣལ་འབྱོར་ལས་བདེ་བར་འགྱུར་བས་དེ་བསྒོམ་པར་བྱའོ། །དེའི་ཕྱིར་ཞེས་པ་གཉིས་ནི་སྔར་བཤད་པ་དང་འདྲའོ། །ཞལ་ཕྱག་ཅེས་པ་གཅིག་ནི་སྔར་དངོས་པོ་ཞེས་པ་དེ་ཡིན་ལ། མཆོག་ཅེས་པ་ནི་དངོས་མེད་ཅེས་པའོ། །འགྲོ་ཀུན་ལྷན་སྐྱེས་དང་དེའང་རང་བཞིན་ལ་དགོངས་པར་བརྗོད་དེ། འགྲོ་བ་རྣམས་རེ་རེའི་རང་བཞིན་དང་དབྱེར་མེད་པའོ། །རྣམ་དག་ཅེས་པས་ནི་སྔ་མ་དེ་གསལ་དུ་བཏང་བའོ། །སངས་རྒྱས་དང་མིའི་ལུས་གཉིས་ཕུང་པོ་ལྔ་པ་ཉིད་དུའང་འདྲ་བ་དང་། ཤ་ལ་སོགས་པ་བུ་ཀ་སི་སོགས་ཀྱི་རྣམ་པར་དག་པའང་འདྲ་བ་ནི་བཞིན་ལག་ཅན་གྱི་ལྷའི་གཟུགས་དང་ལྡན་པའོ། །དེ་ལྟར་བྱེ་བྲག་མེད་ན་སེམས་ཅན་རྣམས་ཅིའི་ཕྱིར་འཁོར་སྙམ་པ་ལ། འོན་ཀྱང་རང་བཞིན་བག་ཆགས་ཀྱིས། །ཞེས་འབྱུང་སྟེ།


JLD011_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མེད་ཀྱི་མ་རིག་པའི་བག་ཆགས་ཀྱི་དབང་གིས་འཁོར་བའོ། །དུག་གི་ཞེས་སོགས་ཀྱིས་ནི་སྔར་བཤད་པའི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ལ་སྐྱོན་མེད་པའི་ཚུལ་སྟོན་ནོ། །མུ་ཏིག་ཕྲེང་བར་ལྷའི་སྐུ་བསྒོམས་པས་ཐ་མལ་གྱི་ལུས་ལྡོག་པའི་དཔེར། དཔེ་མང་པོ་གསུངས་པར་བཤད་དེ། དེ་ལ་དཔེ་སྔ་མ་གཉིས་ཀྱིས་ནི་རིགས་མཐུན་གྱི་གཉེན་པོ་བསྟེན་པས་སྔར་གྱི་དུག་དང་རླུང་ནད་མི་འཕེལ་བར་ཟད་པར་བྱེད་ཅིང་། གཉེན་པོ་གཉིས་ཀྱིས་ཀྱང་མི་འདོད་པ་མི་བསྐྱེད་པ་དེ་བཞིན་དུ། ཆགས་པ་ལམ་དུ་བྱེད་པ་ལའང་ངོ་། །དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་རྣམ་རྟོག་གིས་མི་རྟོག་ཡེ་ཤེས་འདྲེན་པ་དང་། སྲིད་པ་སྟེ་འཇིག་རྟེན་པ་ཚོགས་སྦྱོར་གྱི་ལམ་གྱིས། སྲིད་པ་དག་པའི་འཇིག་རྟེན་ལས་འདས་པ་ཟག་མེད་ཀྱི་ཡེ་ཤེས་བསྐྱེད་པ་དང་། དངོས་པོའི་རྣམ་རྟོག་ནི་ཐ་མལ་གྱི་རྟོག་པ་དང་། རྣམ་པར་ངེས་པ་ནི་རྣམ་སྣང་སོགས་སུ་བསྒོམ་པ་དང་། སྦྱོང་བྱེད་ཀྱི་ཆགས་པ་རྣམས་དེ་ཁོ་ན་ཉིད་ལ་ཆགས་པ་དང་། མི་བཟད་པའི་ལས་ཀྱི་གྲོལ་བ་ནི་མངོན་སྤྱོད་ཁྱད་པར་བ་བྱེད་པ་ལ་མུ་ཏིག་ཕྲེང་བར་རོ། །དེ་ལྟར་བཤད་པའི་མེའི་བར་ནི་རིགས་མཐུན་གྱི་གཉེན་པོ་བསྟེན་པར་འོས་པའི་དཔེ་ཡིན་ལ། དོན་ནི་སྐྱེ་བོ་ཞེས་པ་བཞིས་སྤྱིར་བསྟན་ཏོ། །བྱེ་བྲག་ཏུ་བཤད་ནས་འཆིང་རྒྱུ་འདོད་ཆགས་དང་། དེས་གྲོལ་བར་བསྟན་པ་ནི། སྔར་བཤད་པ་ལྟར་འཆིང་རྒྱུ་གཞན་ལ་མི་འཛིན་པར་བྱེ་བྲག་པ་ཆགས་པ་ཡིན་པར་བསྟན་པར་བཞེད་ནས་སོ། །རིགས་མཐུན་བསྟེན་ཚུལ་ནི། འདོད་ཆགས་ལ་མི་སྡུག་པ་བསྒོམ་པའི་རིགས་


JLD011_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་མི་བསྟེན་པར་ཐབས་མཁས་གཞན་དང་འབྲེལ་བར་དེ་སྟོན་པའོ། །ཆགས་པས་གྲོལ་ཞེས་པའི་ཆགས་པ་ནི་གང་ཟག་གཞན་ལ་འཆིང་རྒྱུར་བཤད་པའི་ཆགས་པ་ཡིན་པས། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ལ་བཤད་དུ་མི་རུང་ངོ་། །འོ་ན་ཅི་འདྲ་བ་ཞིག་ཡིན་ཞེ་ན། འདོད་ཡོན་ལ་ཆགས་པས་དྲངས་པའི་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་པས། མཐར་ཆགས་སོགས་ཀྱི་ཉོན་མོངས་ཐམས་ཅད་ཟད་པར་བྱེད་པའི་དོན་ཡིན་པས། དེ་ལྟར་བརྒྱུད་པ་མིན་པར་ཆགས་པ་དེ་དེ་ལས་གཞན་པའི་ཆགས་སོགས་ཀྱི་ཉོན་མོངས་ཀྱི་གཉེན་པོར་སྟོན་པ་མིན་ནོ། །དེས་ན་གུར་ལས། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་རྣམས། །འདོད་ཆགས་སྤངས་པས་བརླག་པར་འགྱུར། ཞེས་པ་དང་། ཆགས་དང་བྲལ་བའི་བྱང་ཆུབ་ནི། །ཆགས་པ་མཆོག་ལྡན་རྣམས་ཀྱི་སླད། ཅེས་གསུངས་པ་སོགས་ཀྱི་དོན་ནི། འདོད་ཡོན་ལ་ཆགས་པ་ལམ་དུ་བྱས་ནས་དྲངས་པའི་བདེ་ཆེན་གྱི་སྟོང་ཉིད་བསྒོམས་པ་འདྲ་བའི་ནུས་པ་ལམ་གཞན་གང་ལའང་མེད་པའི་གནད་ལ་དགོངས་སོ། །གསུང་རབ་གཞན་ནས་ཆགས་པ་ལ་རང་གི་འཛིན་སྟངས་ཀྱི་ཟློག་ཕྱོགས་འཛིན་པའི་གཉེན་པོ་བསྟེན་པ་ལས་བཟློག་ནས་རིགས་མཐུན་བསྟེན་པའི་བསྒོམ་ཚུལ་འདི། ལམ་འདི་ལ་གཞོལ་བའི་གང་ཟག་ལས་གཞན་པའི་རང་གི་སྡེ་པ་དང་། གཞན་སྡེ་ཐམས་ཅད་ཀྱིས་མི་ཤེས་པར་གསུངས་པས། ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་སྡེ་འོག་མ་ནས་


JLD011_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁྱད་པར་ཅན་ལ་འདོད་པ་སྤྱོད་ལ་ཐབས་མཁས་དང་ཞེས་སོགས་ཀྱི་ཚུལ་དེ་ཉེས་མེད་དུ་བཤད་པ་ཡོད་ཀྱང་། སྔར་བཤད་པ་དང་གཏན་མི་འདྲ་བའི་ཚུལ་རྣམས་ཞིབ་ཏུ་ཤེས་པར་བྱའོ། །འབྱུང་བ་ལྔའི་ཞེས་པ་ནས་མཆོག་དགའ་བའི་རིགས་ལས་བྱུང་བ་རྣམས་ཞེས་པའི་བར་གྱིས་རྣམ་སྣང་ལ་སོགས་པའི་རིགས་ཇི་སྙེད་པ་ཐམས་ཅད་ལྷན་སྐྱེས་ལས་བྱུང་བར་བསྟན་པའི་དོན་ནི། འདི་ཡིན་ཏེ། ལྷན་སྐྱེས་ཀྱི་བདེ་སྟོང་སྦྱར་བའི་སྟོང་པ་ནི་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ཇི་ལྟར་ཡིན་པ་བརྟགས་པ་ན་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་མེད་པ་དེར་ཐམས་ཅད་རོ་གཅིག་ཏུ་འགྱུར་བས། ཆོས་ཅན་མི་འདྲ་བ་མཐའ་ཡས་ཀྱང་དེའི་རིགས་ལས་མི་འདའ་བའི་ཚུལ་ཞིག་སྟེ་འདི་ནི་རྒྱུད་སྡེ་གཞན་དང་ཐེག་པ་གཞན་དང་ཡང་ཐུན་མོང་ངོ་། །དེ་ལྟར་སྟོང་པ་ལ་གང་ཟག་གི་བདག་མེད་ཕྲ་རགས་གཉིས་དང་། དབུ་སེམས་ཀྱི་དབྱེ་བས་ཆོས་ཀྱི་བདག་མེད་ལ་ཕྲ་རགས་གཉིས་ལ་སོགས་པའི་རིམ་པ་དུ་མ་ཞིག་བཤད་ཀྱང་མཐར་ཐུག་པར་གཏུགས་ན་ནི་སྔར་བཤད་པའི་སྟོང་པ་དེའི་ངོ་བོར། ཆོས་ཅན་ཐམས་ཅད་གནས་དགོས་པ་བཞིན་དུ། སྟོང་ཉིད་དེ་བསྒོམ་པ་ལའང་ཐབས་རྒྱ་ཤིན་ཏུ་ཆུང་བ་ཐེག་དམན་པ་དང་། ཤིན་ཏུ་རྒྱ་ཆེ་བ་ཕར་ཕྱིན་གྱི་ཐེག་ཆེན་དང་། སྔགས་དང་ཕྱག་རྒྱ་དང་ལྷའི་རྣལ་འབྱོར་དང་། གནས་སྐབས་ཀྱི་དངོས་གྲུབ་རིགས་མི་འདྲ་བ་དུ་མ་ལ་བརྟེན་ནས་སྒོམ་པའི་རིགས་ཇི་སྙེད་ཅིག་གསུངས་ཀྱང་། ལྷན་སྐྱེས་ཀྱི་བདེ་ཆེན་བསྐྱེད་ཐབས་གསལ་བར་མ་བསྟན་པ་ཐམས་ཅད་དུ། སྟོང་ཉིད་


JLD011_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་ཡུལ་ཅན་ཁྱད་པར་ཅན་གདུལ་བྱའི་དབང་གིས་མ་བསྟན་པར་སྦས་པ་ཡིན་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་ནི་དེའང་གསལ་བར་སྟོན་པས་སྟོང་ཉིད་བསྒོམ་པའི་ཡུལ་ཡུལ་ཅན་གཉིས་ཀ་ཚང་བར་གསལ་བར་བཤད་པ་ནི། འདི་ཁོ་ནར་ངེས་པས་དེ་བསྒོམ་པའི་ཡུལ་ཅན་མཐར་གཏུགས་པ་ནའང་བདེ་བ་ཆེན་པོ་ཉིད་ཡིན་པས། དེ་བཞིན་གཤེགས་པ་རྣམས་གང་ལས་སྐྱེ་བའི་རིགས་སྤྱི་དང་བྱེ་བྲག་མཐའ་ཡས་པ་ཐམས་ཅད་ཀྱི་གནས་ནི་དེར་ངེས་སོ། །རིགས་དེས་ཁྱབ་ཚུལ་ལ་སྟོང་པའི་ཕྱོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ལ་དངོས་སུ་ཁྱབ་ལ། བདེ་བས་ནི་དངོས་དང་འབྱུང་རུང་ཅི་རིགས་སུ་ཁྱབ་པའོ། །དེས་ན་གོང་དུ་ཆགས་པ་ལམ་བྱེད་བཤད་པ་དཔེ་མང་པོས་བསྒྲུབས་ཤིང་། དེས་ན་རྣམ་སྣང་སོགས་ཀྱི་བསྐྱེད་རིམ་སྟོན་པ་ན། རྡོ་རྗེ་དང་པདྨ་སྦྱར་ནས་ལྷན་སྐྱེས་ཀྱི་དགའ་བ་བསྐྱེད་པའི་ཚུལ་བསྟན་ཏོ། །ལེའུ་གསུམ་པའི་འབྲེལ་ནི་སྔར་བཤད་པའི་དངོས་གྲུབ་ཀྱི་ཐབས་ནི་འདུས་པ་ལ་སོགས་པའི་ཐབས་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་གྲགས་པའི་དོན་འདིས་སྟོན་པ་དང་། གླེང་གཞིའི་སྐད་དོད་ཀྱི་སྟེང་ནས་ངེས་པ་ལ་འཇུག་པ་ཡོད་པས། དེ་རྣམས་ལ་ངེས་པ་སྟེར་བའམ། དེ་རྣམས་ཀྱི་ངེས་པར་ཀུ་མུ་ཊིར་རོ། །རྒྱུད་ཀྱི་གླེང་གཞིའི་དོན་གང་གི་རྒྱུད་ཐམས་ཅད་ལ་འཇུག་པའི་ཐབས་དང་། ཐབས་དེས་དངོས་གྲུབ་འགྲུབ་པའི་ཐབས་སུ་པདྨ་ཅན་ལས་སོ། །ཐབས་དེ་མདོར་བསྟན་པ་ནི་སྡོམ་པ་དང་དབང་དང་། བརྡའི་སྐད་ཀྱི་དོན་དང་། དགའ་བ་དང་


JLD011_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མའི་དབྱེ་བ་དང་། བཟའ་བ་ལ་སོགས་པའོ། །སྡོམ་པ་ནི་ཤམ་པར་བདེ་བའི་མཆོག་དང་། ཆོས་ཐམས་ཅད་འོད་གསལ་དུ་སྡུད་པའོ། །དབྱེ་བ་ནི་གཉིས་ཏེ་ཐབས་སངས་རྒྱས་ཀྱི་སྡོམ་པ་དང་། ཤེས་རབ་རྣལ་འབྱོར་མའི་སྡོམ་པ་སྟེ་དེ་གཉིས་ནི་སངས་རྒྱས་ཀུན་གྱིས་ཞེས་པ་བཞི་དང་། ཨེའི་ཆ་བྱད་ཅེས་པ་བཞིས་བསྟན་ཏོ། །འདིར་རྒྱུད་ཐམས་ཅད་ནི་སཾབྷུ་ཊི་ལས། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་པ་ལ། རྒྱུད་ཐམས་ཅད་ནི་འདུས་པ་ལ་སོགས་པའོ། །ཞེས་གསུངས་པ་ལྟར་ཡིན་ལ། གླེང་གཞི་ཞེས་གྲགས་པའི་མིང་གི་དོན་དུ་གྱུར་པའི་ཐབས་ནི། དོན་དེ་རྟོགས་པས་འདུས་པ་སོགས་ཀྱི་རྒྱུད་ཐམས་ཅད་ཀྱི་གནད་དོན་རྟོགས་པ་ལ་འཇུག་པའི་ཐབས་དང་། ཚེ་འདིར་མཆོག་འགྲུབ་པའི་ཐབས་སོ། །དེ་ནི་སྤྱིར་གསུང་རབ་ཐམས་ཅད་དང་། ཁྱད་པར་དུ་རྣལ་འབྱོར་བླ་མེད་ཀྱི་དོན་གྱི་གཙོ་བོའི་གནད་ཐམས་ཅད་གླེང་གཞིའི་སྐབས་སུ་འབྱུང་བའི་ཨེ་བཾ་གྱི་དོན་དུ་འདུ་བར་རྒྱུད་མང་པོ་ལས་གསུངས་པས། འདིར་དེ་བཞིན་དུ་ཤེས་དགོས་སོ། །དེ་ལྟར་ན་ཨེ་བཾ་གྱི་དོན་ལ་གསུམ་དུ་དབྱེ་སྟེ། ཐོབ་བྱ་འབྲས་བུའི་ཨེ་བཾ་དང་། ཐོབ་བྱེད་ལམ་གྱི་ཨེ་བཾ་དང་། དེ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་མོ། །དེའི་དང་པོ་ནི་རྡོ་རྗེ་བཙུན་མོ་ཞེས་པ་བཞི་དང་། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །ཞེས་པ་བཞིས་བསྟན་ཏེ། ཆོས་འབྱུང་དང་དེའི་ནང་གི་གཞལ་ཡས་ཁང་ནི་རྟེན་གྱི་དོན་ཨེ་དང་། དེར་བཞུགས་པའི་རྒྱུད་འཆད་པ་པོ་ནི་བརྟེན་པའི་དོན་བཾ་མོ། །ཡང་


JLD011_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གཟུགས་གཉིས་སམ་འབྲས་བུའི་བདེ་སྟོང་གཉིས་ལའང་སྦྱར་རོ། །གཉིས་པ་ནི། ཨེ་བཾ་རྣམ་པའི་བདེ་ཆེན་པོ། །ཞེས་སོགས་ཀྱིས་བསྟན་ཏོ། །གསུམ་པ་ནི། སངས་རྒྱས་ཞེས་པའི་རྐང་པ་དང་པོ་དང་། རྐང་པ་གསུམ་པ་སྦྱར་བ་དེ་གང་དུ་གནས་པའི་གཞི་རྐང་པ་གཉིས་པས་བསྟན་པ་དང་། །མཁའ་འགྲོ་མའི་སྡོམ་པའི་སྐབས་ཀྱི་ཨེ་བཾ་གྱིས་སྟོན་ནོ། །ཀུ་མུ་ཊིར་རབ་ཏུ་གནས་པའི་དོན་འབྱུང་བའི་གནས་ཏེ། དེ་ལས་བདེ་ཆེན་སྐྱེ་བ་ལ་བཤད་ལ། པདྨ་ཅན་ལས་ཀྱང་། ཨེ་དང་བཾ་ལས་དབང་བསྐུར་བས་ཤེས་པར་བྱེད་པའོ། ཞེས་སོ། །དབང་ལས་ཤེས་པས་བདེ་ཆེན་དེས་དྲི་མ་འཁྲུད་པས་ཡང་དག་ཏུ་བཤད་པས། ཡང་དག་བདེ་ཆེན་གྱི་ཁྱད་པར་དུ་བྱའོ། །དབང་ལས་བདེ་ཆེན་ཤེས་པར་བྱ་བའི་དོན་དེ་གསལ་བར་བྱེད་པ་ནི། དེ་ནས་ཞེས་སོགས་སོ། །ཨེའི་ཆ་བྱད་ནི་དེའི་དབྱིབས་ཅན་གྱི་ཤེས་རབ་བོ། །གང་ཞེས་པ་ནི་སྤྱིར་བསྟན་པ་དང་། བཟང་པོ་ནི་དེར་བཅོས་ལྡན་འདས་བདེ་ཆེན་རོལ་པ་དང་། བཾ་ནི་ཐབས་དང་། དབུས་སུ་ནི་ཟེའུ་འབྲུ་ལ་དེས་བརྒྱན་པར་བྱས་པ་དང་། རིགས་ལྔ་པོ་ཐམས་ཅད་ཀྱི་བདེ་བའི་གནས་ཏེ་གཞི་དང་། སངས་རྒྱས་ནི་རྣམ་སྣང་སོགས་དང་། དེ་ཉིད་ཀྱི་ཁྱད་པར་དུ་འཕགས་པ་རིན་ཆེན་དང་། ཟ་མ་ཏོག་ནི་དེའི་གནས་སུ་ཀུ་མུ་ཊིར་བཤད་ཅིང་། པདྨ་ཅན་ལས་ཨེ་བཾ་ནི་ཐབས་དང་ཤེས་རབ་ལ་བཤད་པའི་དོན་ནི། ཐབས་སྒྲུབ་པ་པོ་དང་། ཤེས་རབ་རིག་མ་དང་། དེ་གཉིས་ཀྱི་རྟགས་གཉིས་ལའང་སྦྱར་རོ། །


JLD011_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་ལུས་ལ་སྦྱར་བ་ནི་སཾ་བྷུ་ཊིར་རྩ་འཁོར་བཞིའི་གཉིས་ཨེ་དང་། གཉིས་བཾ་གྱི་རྣམ་པར་གནས་པར་བཤད་པའོ། །འོ་ན་མཁའ་འགྲོ་མའི་སྡོམ་པ་ཤེས་པ་དང་། མི་ཤེས་པ་སྤྱོད་པ་འདིས་ཅི་ཞིག་བྱ་སྙམ་པ་ལ། སྐད་ཅིག་མ་བཞིའི་དབྱེ་བས་ཕྱེ་བའི་དགའ་བ་བཞི་པོ་ནི་མཁའ་འགྲོ་མའི་སྡོམ་པར་བཤད་པའི་ཨེ་ཝཾ་དེ་ལས་སྐྱེ་བར་འགྱུར་བས་དེ་ཤེས་དགོས་སོ། དེ་ལྟར་ན་སངས་རྒྱས་སྡོམ་པའི་ཨེ་ཝཾ་གྱི་བདེ་སྟོང་སྦྱར་བ་ནི་བསྐྱེད་བྱ་ཡིན་ལ། མཁའ་འགྲོ་མའི་སྡོམ་པའི་ཨེ་ཝཾ་ཐབས་ཤེས་གཉིས་ནི། སྔ་མ་དེ་སྐྱེད་པ་པོ་དང་། རྟགས་ཀྱི་ཨེ་ཝཾ་གཉིས་སྡོམ་པ་སྟེ་འདུས་པ་ནི་བསྐྱེད་ཐབས་དང་། དེའང་ཐོག་མར་དབང་གསུམ་པ་བསྐུར་ནས་མཚོན་དགོས་པར་བསྟན་ཏོ། །གླེང་གཞིའི་དོན་འདི་ལྟར་བཤད་པ་འདི་ནི། བླ་མེད་ཀྱི་རྒྱུད་ཐམས་ཅད་ལ་འཇུག་པ་དང་མཆོག་འགྲུབ་པའི་ཐབས་སོ། །སྐད་ཅིག་གི་དབྱེ་བ་བཞི་ཡོངས་སུ་ཤེས་ན། ཨེ་བཾ་སྡོམ་པའི་གཞིར་རབ་ཏུ་གནས་པའི་བདེ་ཆེན་ཤེས་པར་འགྱུར་རོ། །སྐད་ཅིག་མའི་མིང་གིས་དབྱེ་བ་ནི་སྣ་ཚོགས་ཞེས་པ་བཞིའོ། །དེ་ལྟར་ཞེས་པ་ནི་ཨེ་བཾ་གྱི་སྡོམ་པར་ཤེས་པར་བྱེད་པའོ། །འཁྱུད་དང་ཞེས་པ་བརྒྱད་ཀྱིས་དེ་བཞིའི་མཚན་ཉིད་བསྟན་ཏོ། །འདིའི་སྐབས་སུ་པདྨ་ཅན་དང་ཀུ་མུ་ཊི་གཉིས་ཀ་ནས། རྣམ་པ་སྣ་ཚོགས་སྣ་ཚོགས་དགའ། །འོ་དང་འཁྱུད་པ་ལ་སོགས་པའོ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །རྣམ་པར་སྨིན་པ་ཡེ་ཤེས་མཆོག །རྣམ་ཉེད་ཕྱག་རྒྱ་ཉེད་པའོ། །མཚན་ཉིད་བྲལ་བ་ངེས་བརྟག་བྱ། །ཞེས་དྲངས་པ་ནི་


JLD011_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་གཞུང་ན་འདུག་པ་དང་ཅུང་མི་འདྲ་ལ། མུ་ཏིག་ཕྲེང་བར་གཞུང་གི་འགྱུར་གཞན་ལ་བཤད་པ་མཛད་དོ། །སྐད་ཅིག་མ་དང་དགའ་བ་སྦྱོར་བ་ནི་སྣ་ཚོགས་དང་པོའི་དགའ་བ་ཞེས་པ་བཞིའོ། །དགའ་བ་རྣམས་སྐད་ཅིག་མ་དང་སྦྱོར་བ་ནི་དགའ་བ་ཤེས་པས། སྐལ་བ་དང་ལྡན་པར་བྱེད་པའི་རྒྱུ་ནི་དབང་སྟེ་དེ་ནི། སློབ་དཔོན་ཞེས་པ་བཞིས་སྟོན་ནོ། །གང་ལས་གང་དུ་ཇི་ལྟར་བསྒྲུབ་པར་བྱ་བ་བརྟག་སྙམ་པ་ལ། སློབ་དཔོན་ཞེས་སོགས་གསུངས་པར་བཤད་དེ། དགའ་བ་རྣམས་གང་ལས་བརྟག་པ་ནི་དབང་བསྐུར་བ་ལས་སོ། །དབང་གང་གི་སྐབས་སུ་བརྟག་པ་ནི་གསུམ་པར་རོ། །ཇི་ལྟར་བརྟག་པ་ནི་སློབ་མས་བླ་མ་ལ་མཆོད་བསྟོད་སྔོན་དུ་བཏང་བ་དང་། དེ་ལ་བླ་མས་རིག་མ་གཏོད་པ་སོགས་མཛད་པའོ། །དེ་ནས་དེ་ལྟར་བཞི་པའང་ཞེས་ལ། དེ་ནས་ནི་གང་བསྒྲུབ་པར་བྱ་བའི་བདེ་བའོ། །དེ་བཞིན་དཔེའི་བདེ་བ་ལས་འདས་པའོ། །ཡང་ནི་ཕྱིས་སྨྲ་བར་བྱ་བའོ། དེ་བཞིན་གྱིས་ནི་དཔེ་དང་ཆོས་མཐུན་པར་མན་ངག་གིས་སྟོན་པ་མུ་ཏིག་ཕྲེང་བར་རོ། །དབང་གི་གྲངས་ཀྱི་དགའ་བ་སོགས་ཤེས་པར་བྱེད་ཚུལ་ནི་རྒོད་པ་དག་པ་ཞེས་སོགས་བཞིས་སྟོན་པར་ཀུ་མུ་ཊིར་རོ། །པདྨ་ཅན་ལས་སློབ་དཔོན་གྱི་དབང་གིས་ནི། ཆུ་ལ་སོགས་པ་ཀུན་བསྡུས་ཏེ་དེས་སྐུ་དག་པ་དང་། གསང་དབང་གིས་གསུང་དག་པ་དང་། གསུམ་པས་ཐུགས་དག་པས་བསྒྲུབ་བྱ་བཞི་པ་བསྒྲུབ་པར་བྱའོ། །དབང་གསུམ་པ་བསྐུར་བ་གཅིག་པུར་དབང་


JLD011_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བཞི་འོང་ཚུལ་ནི། རྒོད་པ་ཞེས་པ་བཞིའོ། །རྒོད་པ་དང་སྨྲ་བ་སོགས་དག་པ་དང་། གསང་གནས་སུ་བསྟ་བ་དང་། ལག་པས་འཁྱུད་པ་དང་། ཕན་ཚུན་དུ་འདུས་ནས་འཁྱུད་པ་ཐབས་ཤེས་དབྱེར་མེད་ཀྱི་ཡེ་ཤེས་དེར་གནས་པར་བཤད་དོ། །རྒོད་པ་ནི་གཉིས་ཀས་དགའ་བ་འདོད་ནས་རྩོམ་ཞིང་སྤྱོད་པ་དང་། བལྟ་བ་ནི་མཚན་མ་སྦྱོར་བ་དང་། ལག་བཅངས་ནི། ཤེས་རབ་ཀྱིས་ཀུན་ཏུ་འཁྱུད་པས་ཕུལ་དུ་བྱུང་བའི་ཡེ་ཤེས་བསྐྱེད་པ་དང་། གཉིས་གཉིས་འཁྱུད་ནི་སྦྱོར་བའི་དགའ་བ་སྐྱེས་པ་ལ་མུ་ཏིག་ཕྲེང་བར་རོ། །གཏོར་ཞེས་པ་ལ་པདྨ་ཅན་དང་མུ་ཏིག་ཕྲེང་བར་བཀྲུས་ཞེས་འབྱུང་ངོ་། །བླུགས་པ་ནི་ནི་ཥི་ཏ་ཞེས་པས་ལུགས་སུ་བླུག་པའི་རྣམ་པར་བྱེད་པའོ། །གསང་དབང་སྔར་བཤད་ཀྱང་མཐེབ་སྲིན་གྱིས་སྟེར་བ་མ་བཤད་པ་འདིར་བཤད་དོ། །སློབ་མ་ཤེས་པ་ནི་གསུམ་པ་དངོས་དབང་དུ་བསྐུར་བའི་སྐལ་ལྡན་དུ་ཤེས་པའོ། །གཅིག་བཞེད་ནི་གཅིག་ཏུ་གུས་དང་གཅིག་ཏུ་བརྩོན། ཞེས་བསྒྱུར་ཏོ། །མཆོག་ཏུ་ནི་ཕྱི་ནས་སློབ་མས་མཆོག་ཏུ་དགའ་བ་ཐོབ་པའོ། །དབང་གཞན་གསུམ་བསྐུར་ནས་བཞི་པ་ནི་འདི་ཉིད་ཅེས་པ་ལྔས་སྟོན་པར་པདྨ་ཅན་ལས་སོ། །དེའང་ཐམས་ཅད་དུ་ཁྱབ་པར་བྱེད་པ་དང་གཉིས་སུ་མེད་པ་དང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དང་། གཉིས་སུ་གཟུགས་དང་མི་ལྡན་པའི་དེ་ཁོ་ན་ཉིད་ཅེས་བཤད་དོ། །རྣལ་འབྱོར་མའི་རྒྱུད་དུ་ནི་དོན་གྱི་བཞི་པ་བདེ་སྟོང་ལ་བྱེད་པ་མང་ཡང་། ཡན་ལག་བདུན་ལྡན་དུ་བཤད་པས་ཁ་བསྐང་


JLD011_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལེགས་སོ། །ཡེ་ཤེས་དེ་ཐབས་གང་གིས་འགྲུབ་པ་ནི། དཀྱིལ་འཁོར་འཁོར་ལོ་སོགས་ཐབས་ཀྱིས། ཞེས་པདྨ་ཅན་དང་མུ་ཏིག་ཕྲེང་བར་རོ། །སོགས་ཀྱི་དོན་མུ་ཏིག་ཕྲེང་བར་དཔའ་བོ་གཅིག་ཕུ་བསྒོམ་པ་ལ་བཤད་ཀྱང་། རང་བྱིན་རླབས་ལ་བཤད་ན་འོག་ནས་འབྱུང་བ་དང་མཐུན་ནོ། །རྣལ་འབྱོར་མ་རྣམས་ལ་བཟོད་པར་གསོལ་བ་ནི། རྣལ་འབྱོར་མའི་བདག་ཉིད་ཆེན་པོ་སྟོན་པ་ལ་ཡིན་པར་མུ་ཏིག་ཕྲེང་བར་རོ། །འཁྲུལ་བ་ནི་ཐེ་ཚོམ་སྐྱེས་པའི་དོན་ནོ། །དཀྱིལ་ནི་སྙིང་པོ་དང་། དེའང་བྱང་ཆུབ་སེམས་ནི་བདེ་ཆེན་པོ། ཞེས་པ་ལ་ཀུ་མུ་ཊིར་ཀུན་རྫོབ་དང་དོན་དམ་གཉིས་བཤད་དེ་འོག་ནས་འཆད་པ་ལྟར་བྱའོ། །མཎྜ་ལའི་ལ་ཡིག་ནི་གསུང་ལེན་པའི་དོན་ཏེ། བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་ཐོབ་པར་བྱེད་པ་ཡིན་ལ། དེའང་ཞེས་པ་གཉིས་ཀྱིས་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་ནི་ལྷ་རྣམས་འདུས་པས་ན། བསྟན་པའི་དཀྱིལ་འཁོར་གྱི་སྒྲས་བསྟན་ཏོ། །དེས་དཀྱིལ་འཁོར་བཤད་ནས་འཁོར་ལོའི་དོན་ནི། གཟུགས་སྒྲ་སོགས་ཀྱི་ཡུལ་ཡོངས་སུ་སྦྱོར་བ་སྟེ་མི་མཐུན་ཕྱོགས་གཅོད་པས་སོ། །དེའང་ནམ་མཁའ་དང་འདྲ་བའི་སྟོང་ཉིད་རྟོགས་པའོ། །བྷོ་ལ་ཞེས་པ་གཉིས་ཀྱིས་ནི་དཀྱིལ་གྱི་དོན་དུ་བཤད་པ་དེ་འཐོབ་པར་བྱེད་པའི་ཐབས་བསྟན་པའོ། །དེ་ལྟར་ན་ཐབས་ཤེས་ཀྱི་རྟེན་གཉིས་མཉམ་པར་སྦྱར་བ་ལས་སྙིང་པོའི་ཕྱོགས་གཅིག་ཀུནྡ་ལྟ་བུ་བླངས་པ་ལ་བརྟེན་ནས་སྙིང་པོའི་ཕྱོགས་གཅིག་བདེ་ཆེན་


JLD011_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ལ། དེ་དང་འཁོར་ལོའི་དོན་སྟོང་ཉིད་གཉིས་སྦྱར་བས་མ་དག་པ་སྦྱོང་བར་བྱེད་པ་དེ་གོམས་པས་དོན་གྱི་དབང་བཞི་པ། འདི་ཉིད་ཡེ་ཤེས་ཆེན་པོ་ཉིད་ཅེས་སོགས་ཀྱི་དོན་སྐྱེད་པར་བྱེད་དོ། །དབང་ཐོབ་པ་དེས་སྡོམ་པ་དང་དམ་ཚིག་ཇི་འདྲ་བ་ཞིག་གིས་གནས་པར་བྱ་བ་ནི། སྲོག་ཆགས་གསོད་པ་སོགས་བཞིའོ། །དེ་ལ་དྲང་ངེས་ཀྱི་དམ་ཚིག་གཉིས་ལས། དྲང་དོན་རྟོགས་སླ་བས། ངེས་དོན་བཤད་པ་ནི། སེམས་གཅིག་ཅེས་པ་དྲུག་གོ །རྣམ་པར་རྟོག་པའི་སེམས་བསྡུས་ནས་དེ་བཞིན་ཉིད་དུ་རོ་གཅིག་པར་བྱེད་པ་ནི་གསོད་པ་ཡིན་ཏེ། རྒྱུ་མཚན་གང་གིས་ཕྱིར་ན། སྲོག་ཆགས་སམ་སེམས་ཅན་དུ་ཐ་སྙད་འདོགས་པའི་གཞི་ནི་སེམས་ཡིན་པས་ན་དེ་སྡུད་པ་ནི་གསོད་པའོ། །འཇིག་རྟེན་ཞེས་པ་རྫུན་ཚིག་ཏུ་འགྲོ་ཚུལ་ནི། བསྒྲལ་བྱའི་བདག་མ་དམིགས་པ་དང་། ཐ་སྙད་དུ་སེམས་ཅན་ནམ་མཁའ་ལྟར་མཐའ་ཡས་པས་དེ་སྒྲོལ་མི་ནུས་པའོ། །ཕ་རོལ་གྱི་བུད་མེད་ནི་རང་དང་སྐལ་བ་མཚུངས་པའི་མཛེས་མ་ཡིན་ལ། དེ་བསྟེན་པ་ནི་དེ་དང་འདུ་བའོ། །དེའི་ཚེ་བཙུན་མོའི་ཁུ་བ་དེས་མ་བྱིན་པར་ཚུར་ལེན་པ་ནི་མ་བྱིན་པར་ལེན་པའོ། །འདིས་ནི་རིག་མའི་དམར་ཆ་ཚུར་འདྲེན་པར་འདོད་པ་བཀག་ལ། དཀར་ཆ་འདྲེན་ལུགས་ནི་རྩ་བཙལ་ཏེ་རྙེད་པ་ན་ཇི་ལྟར་བྱ་བ་ཤེས་པ་ལ་རག་ལུས་སོ། །བུད་མེད་བསྟེན་པ་སྒྲ་ཇི་བཞིན་མ་ཡིན་པའི་བཤད་པ་ནི་སྟོང་ཉིད་བསྒོམ་པ་ལ་བཤད་པ་མང་ངོ་། །དེ་ནས་ཞེས་སོགས་ཀྱིས་ནི་སྔར་ཡུལ་རྣམས་སྦྱོང་བར་བྱེད་པ་འདྲི་བར་


JLD011_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ནས་དྲིས་ལ། དྲི་བའི་དོན་ནི་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་དང་དེའི་རང་བཞིན་རྟོགས་ནས་སྦྱོང་བའི་རང་བཞིན་ཇི་ལྟར་ཡིན་ཞེས་ཞུས་སོ། །དྲི་བ་སྔ་མའི་ལན་ནི། ཡུལ་དྲུག་གི་ནི་ཞེས་པ་ནས་བཅོ་བརྒྱད་རྣམས་སུ་བཤད་ཅེས་པའི་བར་རོ། །གཉིས་པའི་ལན་ནི། རང་བཞིན་ཞེས་པ་བཞིའོ། །འདོད་པས་ཞེས་པ་ནི་བྱང་ཆུབ་འདོད་པས་རྣལ་འབྱོར་མ་ཞེས་པའོ། །དེ་ནི་རིགས་པ་དྲུག་ཅུ་པ་ལས་རྒྱུ་རྐྱེན་ལས་སྐྱེས་པ་རྣམས་རང་གི་རང་བཞིན་གྱིས་མ་སྐྱེས་པར་གསུངས་པ་ཀུ་མུ་ཊིར་དྲངས་ཤིང་། གཅིག་དང་དུ་བྲལ་གྱིས་བསྒྲུབ་པའང་བཤད་དོ། །རང་བཞིན་གྱིས་མ་སྐྱེས་པ་ལ་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་མི་འགལ་བ་ནི། འདི་ལྟ་སྟེ་ཞེས་སོགས་ཀྱིས་སྟོན་པ་ནི་པདྨ་ཅན་དང་ཀུ་མུ་ཊི་གཉིས་ཀའི་དགོངས་པའོ། །ཀུན་རྫོབ་པའི་བུམ་པ་ལྟར་བདེན་པ་མིན་པ་དང་། རི་བོང་གི་རྭ་ལྟར་རྫུན་པ་མིན་པར་ཀུ་མུ་ཊིར་རོ། །རྒྱུད་གཉིས་ལས། བཙལ་ན་གཅིག་ནའང་ཡོད་པ་མིན་པ་རྒྱུ་མཚན་དུ་བྱས་ནས་མེ་དེ་བདེན་པ་མིན་པར་བསྒྲུབས་པས་ན། གོང་དུ་རྐྱེན་གསུམ་ཚོགས་པ་ལས་མེ་འབྱུང་བར་བསྟན་པ་རྒྱུ་མཚན་དུ་བྱས་ལ། རྫུན་པ་མིན་པར་ཤེས་པར་བྱའོ། །དེ་ནི་གུར་ལས། ཀུན་རྫོབ་ཏུ་ནི་འཇིག་རྟེན་ཡོད། །དཔྱད་པས་གང་ནའང་འཇིག་རྟེན་ཅི། །ཞེས་འབྱུང་བ་དང་འདྲ་སྟེ་གནད་ཤིན་ཏུ་ཆེའོ། །སྔོན་བྱུང་ལ་རྣལ་འབྱོར་མ་རྣམས་ཀྱིས་དེ་ལྟར་རྟོགས་པའི་རྗེས་སུ། སྟོན་པ་ལ་བདེ་བ་བསྐྱེད་པའི་གསང་མཆོད་ཀྱིས་མཆོད་པ་ནི།


JLD011_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཇུག་ལ་དེ་ཁོ་ན་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པའི་འོག་ཏུ། བདེ་ཆེན་བསྐྱེད་ནས་བསྒོམ་དགོས་པར་སྟོན་ནོ། །སྔར་མདོར་བསྟན་ཏུ། གཞན་ཡང་བཟའ་བ་ལ་སོགས་པ། །ཞེས་གསུངས་པའི་དོན་བཤད་པར་བཞེད་ནས་བཤད་པར་ཞལ་གྱིས་བཞེས་པ་ནི། དེ་ནས་བཅོམ་ལྡན་འདས་དགྱེས་ནས་ཞེས་པ་ནས་ཉོན་ཞེས་པའི་བར་རོ། །བཤད་པ་དངོས་ནི་བཟའ་བཏུང་ཞེས་པ་ནས། མགོ་སྐྱེས་ལེགས་པར་བཅིང་བར་བྱ། །ཞེས་པའི་བར་རོ། །དེས་ན་དེ་འདྲ་བའི་སྟོང་ཉིད་ནམ་མཁའི་ཁམས་ལྟ་བུ་རྟོགས་པའི་བློས་མ་དག་པ་སྦྱང་བར་བྱའོ་ཞེས་གོ་བར་བྱའོ། །དེ་ལ་བཟའ་བ་ནི་ཤ་ལྔ་ལ་སོགས་པ་དང་། བཏུང་བ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང་། བགྲོད་བྱ་ནི་ཡུལ་ལས་བྱུང་བའི་བདེ་བ་དང་། བགྲོད་མིན་ནི་ཡུལ་ལས་འདས་པ་དང་། གཙང་སྦྲ་ནི་དག་པར་རྟོགས་པ་སྟེ་ཆོས་ཀྱི་དབྱིངས་རྟོགས་པ་ལས་ལྷག་པའི་གཙང་སྦྲ་མི་བྱེད་པ་དང་། གྲོང་གི་ཆོས་ནི་བདེ་བ་སྟེ་དེ་ཤེས་ནས་མི་སྤོང་བ་སྟེ། གྲོང་གི་ཆོས་ནི་སྤོང་མི་བྱེད་ཅེས་པར་བསྒྱུར་ཏོ། །རྣལ་འབྱོར་གྱི་གཉིད་མི་སྤོང་བ་དང་། མིག་གཏི་མུག་རྡོ་རྗེ་ལ་སོགས་པའི་རྣམ་པར་བསྒོམས་ནས་དབང་པོས་ཡུལ་གྱི་རོ་མྱང་བར་བྱེད་པ་མི་འགོག་གོ །དགྲ་གཉེན་ལ་ཁྲོ་ཆགས་མི་བྱེད་པ་དང་། ལྷ་རྣམས་ལ་ཕྱག་མི་བྱེད་པ་ནི། དེ་དག་དང་བདག་ལ་སོ་སོར་འབྱེད་པའི་བློ་མི་བསྐྱེད་པའོ། །གཡུང་མོ་སོགས་ལའང་བདག་གི་ལུས་ཧེ་རུ་ཀའི་སྐུ་ལྟ་བུར་བྱས་ནས་རེག་པའོ། །རེག་རིང་ཞེས་འདོན་པ་ལྟར་ན་རེག་པ་ཡུན་རིང་དུ་བྱེད་པའོ། །བུ་རམ་ནི་ཁྲག་


JLD011_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆང་ནི་རྐང་མར་དང་། དུག་ནི་ཞག་དང་། ནིམ་པ་ནི་པགས་པ་སྟེ། དེའང་བུ་བཙས་ཏེ་བུ་བཙས་པ་ལས་བྱུང་བའོ། །དྲི་ང་སོགས་ནི་རུལ་བ་ཆང་དང་ཆུ་དང་ཁྲག་དང་ཞེས་པར་བསྒྱུར་ནས་རིམ་པ་བཞིན་དུ་དོན་གྲུབ་དང་རྣམ་སྣང་མི་བསྐྱོད་པ་དང་། རིན་འབྱུང་དུ་བཤད་དེ། སྣང་མཐའ་བྱང་སེམས་དཀར་པོའང་དགོས་སོ། །མེ་ཏོག་རབ་སོང་ནི་སྲོག་སོང་བའི་རོ་ལ་གཏོར་བའི་མེ་ཏོག་གོ །སྔར་ལེའུ་དགུ་པར་དབང་པོའི་རྣམ་དག་མི་གསལ་བ་འདིར་ཞུས་པ་དང་ལན་ནི། །དེ་ནས་རྡོ་རྗེ་སྙིང་པོ་ཞེས་པ་ནས། སེམས་དཔའ་ཆེ་ཞེས་པའི་བར་རོ། །མདོར་བསྟན་དུ་དགོངས་པའི་སྐད་ཅེས་པ་འཆད་པ་ནི། དགོངས་པའི་སྐད་ནི་ཞེས་པ་ནས། གུས་པས་བཟུང་ཞེས་པའི་བར་རོ། །རྒྱུད་རྣམ་པ་བཞིར་མ་བསྒྲགས་པའི་དགོངས་པའི་སྐད་འདིར་གསུང་པར་ཞུས་པས། ཀྱཻ་རྡོར་རྒྱུད་སྡེ་ལྔ་པར་བྱ་དགོས་ཞེས་སྨྲ་བ་ནི་དོན་མིན་ཏེ། གཞན་དུ་ན་རྒྱུད་འདི་གཉིས་སྦྱོར་གྱི་རྒྱུད་མིན་དགོས་ལ། དེ་ལྟ་ན་ཐབས་ཤེས་མཉམ་པར་སྦྱར་བ་ལས། ཧེའི་དོན་ལྷན་སྐྱེས་ཀྱི་བདེ་ཆེན་དྲངས་ཏེ། བཛྲའི་དོན་སྟོང་པ་ཉིད་ཀྱི་ཤེས་རབ་དང་། དབྱེར་མེད་དུ་སྦྱར་བའི་སྙིང་པོ་ཀྱཻ་རྡོ་རྗེའི་དོན་གཙོ་བོར་སྟོན་པའི་རྒྱུད་མིན་པར་འགྱུར་བའི་ཕྱིར་དང་། བླ་མེད་ཀྱི་རྒྱུད་གཞན་གཉིས་སྦྱོར་གྱི་རྒྱུད་ཡིན་པ་དང་། རྒྱུད་འདི་དེ་མིན་པའི་ཁྱད་པར་འབྱེད་པའི་གཏན་ཚིགས་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེས་ན་གཉིས་སྦྱོར་གྱི་རྒྱུད་ཡིན་ཡང་འདིར་བཤད་པ་ལྟར། བརྡའི་སྐད་མ་བཤད་


JLD011_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་པོ་ཡོད་པས། དེ་ལ་དགོངས་ཀྱི་གཉིས་སྦྱོར་གྱི་རྒྱུད་གང་ཡིན་དུ་མ་བཤད་པ་མིན་ནོ། །ཀྱཻ་རྡོ་རྗེ་ནས་ཁྲོ་བར་བྱེད་ཅེས་པའི་བར་གྱིས། ཚོགས་འཁོར་ལ་སོགས་པའི་དུས་སུ་དེ་ལྟར་དེ་མི་སྨྲ་བའི་ཉེས་དམིགས་སྟོན་ནོ། །གནས་བཞི་ལས་སྐྱེས་པའི་གསུམ་ནི་ལྷན་སྐྱེས་དང་སྔགས་སྐྱེས་དང་ཞིང་སྐྱེས་ཡིན་ལ་བཞི་པ་ནི་ཤ་ཟ་མོ་ལས་སྐྱེས་པ་ལ་བོད་ཁ་ཅིག་འཆད་དོ། །ཕྱག་རྒྱའི་ལེའུ་ནི་སྔར་གསུངས་པའི་དོན་ལ་ཐེ་ཚོམ་ཞུགས་པར་ཞུ་བ་སྟེ། དེའང་སྤྱོད་པའི་ལེའུ་ལས། གལ་ཏེ་དགའ་བས་གླུ་བླངས་ཏེ། །དེ་ཚེ་རྡོ་རྗེ་མཆོག་ལྡན་ནོ། །ཞེས་སོགས་ཀྱི་སྐབས་སུ་གླུ་གར་གྱི་དངོས་གྲུབ་འགྲུབ་པར་གསུངས་པའི་འགྲུབ་ལུགས་དང་། གླུ་གར་ཇི་ལྟར་བྱེད་པ་འདྲི་བའོ། །ལྷ་དབང་བསྐུར་བའི་ལེའུ་ལས། རིགས་ཀྱི་ཕྱག་རྒྱས་རྒྱས་འདེབས་པར་གསུངས་པ་ལ། གང་ནི་སྟེ་གདབ་བྱ་དང་། ཕྱག་རྒྱ་ནི་འདེབས་བྱེད་དེ། དེ་ཅི་འདྲ་བ་ཞིག་ཅེས་པའོ། །སྔགས་ལེ་ལས། ཨཱ་ལི་རྣམས་རྣལ་འབྱོར་མ་རྣམས་ཀྱི་ས་བོན་དུ་གསུངས་པ་ལ། རྣལ་འབྱོར་མ་གང་གི་དང་། དབྱངས་ཀྱི་ནང་ནས་གང་ས་བོན་དུ་འགྲོ་བ་དང་། རིགས་ལེ་ལས་རྩ་སོ་གཉིས་བཤད་པ་དེ་རྣལ་འབྱོར་མ་གང་གི་རྣམ་དག་ཏུ་འཇོག་ཚུལ་འདྲི་བའོ། །དྲི་བ་དང་པོའི་ལན་ལ་གཉིས་ལས། གླུའི་ལན་ནི་ཀོ་ལ་ནས་བཛྫ་ཨ་ཨི་ཞེས་པའི་བར་རོ། །ཀོལླ་གོ་རི་ནི་གནས་སོ། །ཨི་ཏི་ནི་བོད་པ་སྟེ་ཀྱེ་ཧོའོ། །ཊྛི་ཨ་ནི་གནས་པའོ། །བོ་ལ་ནི་རྡོ་རྗེ་སྟེ། བསྡུ་ན་ཀོ་ལའི་རི་གནས་རྡོ་རྗེ་དང་། ཞེས་པའོ། །


JLD011_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གནས་པའི་སྦྱོར་བས་བོ་ལ་ནི་རྣལ་འབྱོར་པའི་རྡོ་རྗེའོ་ཞེས་བཤད་དོ། །མུམྨུ་ཎི་ཞིང་ངོ་། ཀ་ཀོ་ལ་ནི་ཞིང་དེ་ལ་གནས་པའི་རྣལ་འབྱོར་མའི་པདྨ་སྟེ། རྐང་པ་དེ་གཉིས་ཀྱིས་ནི་གནས་ལ་སོགས་པ་ན་ཞུགས་པའི་རྣལ་འབྱོར་ཕོ་མོ་འདུས་པ་གསུངས་ཏེ། བསྡུ་ན་མུ་མྨུའི་པདྨ་འདུས་པ་ཡི། །ཞེས་སོ། །དེ་ལྟར་ན་རེ་ནི་འདུས་པའི་དོན་ཡིན་ལ། བོད་ཁ་ཅིག་ནི་རེ་ཞེས་བོད་པའི་དོན་དུ་འདོད། མུ་ཏིག་ཕྲེང་བར་ཀོ་ལ་ཞེས་སོགས་འདི་ལ། ཚིག་རྐང་བཞི་པའི་ཚིགས་བཅད་བཞི་ཡོད་པའི་རྐང་པ་གཉིས་དུམ་བུ་ཁྲིགས་སུ་སྦྱར་བ་དང་། ཚིགས་བཅད་བཞི་ཆར་གྱི་མཐར་ཐ་མ་གཉིས་སྦྱར་བཤད་པའི་དོན་རྐང་པ་གཉིས་གཉིས་ཀྱི་མཐར་ཐ་མ་གཉིས་སྦྱོར་བ་ལ་མཁས་པ་དག་བཞེད་དོ། །གྷ་ན་ཀི་བི་ཌཱ་ཧོ་བཱཛྫ་ཨི་ཞེས་པའི་གྷ་ན་ནི་ཚོགས་ལ་འཇུག་མོད་ཀྱང་རྒྱུན་དུ་ཞེས་པ་ལའང་འགྲོ་བས་འདིར་ཕྱི་མའོ། །ཀི་བི་ཊ་ནི་རྔེའུ་ཆུང་ངོ་། །ཧོ་ལ་སོགས་པ་ནི་བརྡུང་བར་བྱ་བ་སྟེ། རྒྱུན་དུ་རྔེའུ་ཆུང་སྒྲ་སྒྲོགས་ཤིང་། །ཞེས་བསྒྱུར་ཏོ། །ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་གསུངས་པའི་དོན་མངོན་དུ་བྱས་ཏེ། གླུ་གར་བྱ་ཞེས་པའོ། །མུ་ཏིག་ཕྲེང་བར་ཧེའི་དོན་ནི་ཀྱེ་ཞེས་བོད་པ་ལ་བཤད་དོ། །ཀ་རུ་ཎེ་ཀི་ཨ་ཨི་ཎཱ་རོ་ལིའི་རོ་ལ་ནི། རྩོད་པ་དང་། ཀུ་ཅོ་དང་། འཐབ་པའོ། །དེ་མེད་པས་བཀག་པ་མི་བྱ་བ་དང་། ཀ་རུ་ཎེ་ཀི་ནི་སྙིང་རྗེའི་དབང་གིས་ཞེས་པ་སྟེ། སྙིང་རྗེས་ཀུ་ཅོ་མི་བྱེད་ལ་ཞེས་བསྒྱུར་ཏོ། །ཀུ་མུ་ཊིར་ཨ་ཨི་ཎཱ་ནི་མི་བྱེད་


JLD011_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ལ་བཤད་དོ། །བསྡུ་ན་ཕན་ཚུན་བྱམས་པར་བྱ་ཞིང་སེམས་ཅན་ཐམས་ཅད་ལའང་སྙིང་བརྩེ་བར་བྱའོ། ཞེས་པའོ། །ཏ་ཧཱིཾ་བཱ་ལ་ཁཱཛྫ་ཨིའི་ཏ་ཧཱིཾ་ནི་དེར་ཡང་ངོ་། །བཱ་ལ་ནི་ཤའོ། །ཁཱཛྫ་ཨི་ནི་བཟའ་བར་བྱ་བའོ། དེར་ནི་བསྒྲིམས་ཏེ་ཤ་ཟ་བ། །ཞེས་པར་བསྒྱུར་བ་ལྟར་ན། ཁཱ་སོགས་ཀྱི་དོན་ནི་བསྒྲིམས་ཏེ་ཞེས་པའོ། །གྷ་ཌྷ໊་མ་ཨ་ཎཱ་བིཛྫ་ཨ་ཨའི་ག་ཌྷ໋་མ་ནི་ཤིན་ཏུ་ཞེས་པའོ། །ཨ་ཎཱ་ནི་ཆང་ངོ་། །བིཛྫ་ཨི་ནི་བཏུང་བར་བྱའོ། ཤིན་ཏུ་དགའ་བ་སྐྱེད་པའི་ཆང་ཞེས་པའོ། །ཉིན་མཚན་ཆང་ནི་བཏུང་བ་ཡིན། །ཞེས་བསྒྱུར་བ་ལྟར་ན། དང་པོ་ཉིན་མཚན་ལའང་འཇུག་གོ །ཧླེ་ཀ་ལིཉྫ་ར་པ་ནི་ཨ་ཨིའི་དང་པོ་ཧླེ་ནི་ཀྱེ་ཞེས་རྣལ་འབྱོར་མ་རྣམས་ལ་བོད་པའོ། །ཀ་ལིན་ནི་སྐལ་ལྡན་དང་། ཛ་ར་སོགས་ནི་གཞུག་པར་བྱ་སྟེ་རྣལ་འབྱོར་དང་། རྣལ་འབྱོར་མ་སྐལ་ལྡན་ནོ། །དུ་དུ་ར་བཛྫ་ཨ་ཨིའི་དུ་དུ་ར་ནི་སྐལ་མེད་དམ་དམ་ཚིག་དང་མི་ལྡན་པ་སྟེ། དབང་མ་བསྐུར་ཅིང་ཐེ་ཚོམ་ཟ་བའོ། །ལྷག་མའི་དོན་ནི་སྤང་བར་བྱ་བའོ། །དམ་ཚིག་མི་ལྡན་སྤང་བར་བྱ། །ཞེས་བསྒྱུར་ཏོ། །ཙ་ཨུ་ས་མ་ཀ་ཀ་སྠུ་རི་སི་ཧླ་ཞེས་པ་ལ། ཙ་ཏུར་ཞེས་ཀྱང་འབྱུང་བས་དེ་བཞིའོ། །ས་མ་ནི་མཉམ་པའོ། །ཀསྠུ་ར་ལ་ཨི་ཨ་ཞེས་པ་དང་། རྐང་པ་སྔ་མ་ནི། བཞི་མཉམ་དང་ནི་གླ་རྩི་དང་། །སི་ཧླ་ག་པུར་བྱུག་པ་ཡི། །ཞེས་བསྒྱུར་ཏོ། །དེ་ལྟར་ན་ཨ་མན་ཆད་ཀྱི་དོན་བྱུག་པའོ། །པདྨ་ཅན་ལས། ཙ་ཨུ་པ་མ་སི་ཧླ་ཀ་པུར་ལ་ཞེས་འབྱུང་ལ། སྔར་བཤང་བ་ཙ་ཏུར་ས་མཾ་བརྗོད།


JLD011_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཅི་བ་ཀསྠུ་རི་ཞེས་བརྗོད། །ཅེས་བཤད་དོ། །པདྨ་ཅན་ལས། དྲི་ཆེན་དང་ཁུ་ཁྲག་གསུམ་གྱིས་བྱུག་པར་བཤད་ཀྱང་དྲི་ཆུའང་དགོས་སོ། །ཨི་ར་ཨི་ཞེས་ཀྱང་འབྱུང་ངོ་། །མ་ལ་ཨིནྡྷ་ན་ཤ་ལེཾ་ཛ་ལ། ཚོད་མ་མཱ་ལ་ཏིནྦྷ་ནཾ་ཞེས་པ་ལྟར་པདྨ་ཅན་ལས་ཀྱང་བཤད། ས་ལེཾ་ཛའི་དོན་ནི་པདྨ་ཅན་ལས་ཚོད་མ་རྣམས་དང་ཤ་ཆེན་ཁྱད་པར་གྱིས་དེར་བཟའ་བའོ་ཞེས་བཤད་ལ། ཤ་ཆེན་གྱི་ཚོད་མ་ཁྱད་པར་དུ་ཟ་བའོ། མུ་ཏིག་ཕྲེང་བར་པཱ་ལི་ལས་སྐྱེས་པ་ལས་བཤད་དེ། །ཛ་ནི་སྐྱེས་པའོ། །ཏེ་ཧིཾ་བྷ་རུ་ཁ་ཨི་ཨ་ཨིའི་ཏ་ཧཾ་ནི་དེར་རོ། །ལྷག་མའི་དོན་ནི་རྒྱུན་དུ་བཟའ་བར་བྱ་བའོ། །རྐང་པ་གཉིས་པ་དེ་ནི། ཤཱ་ལ་ལས་སྐྱེས་བཙོས་སྦྱར་བ། །དེར་ནི་རྒྱུན་དུ་ཟ་བ་ཡི། ཞེས་བསྒྱུར་ཏོ། །དེས་མ་ལ་ཨ་ཨིཎྷ་ཎ་ཤ་ལི་ཨ་ཞེས་ཟེར་རོ། །ཕྲེཾ་ཁ་ཎ་ཁེ་ཊ་ཀརྣྟེ་ནི་སྔར་འགྲོ་བ་ཁེ་ཊ་ཞེས་དང་། འོང་བ་ཕྲ໊་ཁ་ཎ་རུ་བརྗོད་ཅེས་པ་ལྟར་བྱ་ལ། ལྷག་མའི་དོན་ནི་བྱེད་པའོ། །ཕྲ໊་ཞེས་ཀྱང་འབྱུང་ངོ་། །ཤུདྡྷ་ནི་དག་པ་དང་། ཨ་ཤུདྡྷ་ནི་མ་དག་པའོ། །ན་མ་ནི་ཞེས་བྱ་བའོ། །དེར་ཡིད་ལ་མི་བྱེད་པ་ནི་ཎི་ཨ་ཨིའོ། །ནི་རཾ་ཤུ་ཨཾ་ག་ཙ་ཊ་བི་ལ། ནི་རངྴུ་ནི་རུས་རྒྱན་ནོ། །ཨརྒ་ནི་ཡན་ལག་གོ །བི་ནི་རྣམ་པ་ལའོ། །ཙ་ཊ་ནི་གདགས་པའོ། །ཏ་ཧཱིཾ་ཛ་པ་ར་བ་པ་ནི་ཨ་ཨི་ལ་ཤ་ར་བ་ནི་རོ་དང་། པ་ནི་ཨ་ཨི་ནི་གཞུག་པར་བྱ་བར་མུ་ཏིག་ཕྲེང་བར་རོ། །དུས་དེར་སྐྱེས་པའི་རོ་འབུལ་བའི་དོན་ནོ། །མ་ལ་ཨ་ཛེའི་མ་ལ་ཨ་ཛ་ནི་འདུ་བའོ།


JLD011_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཀུནྡྷུ་རུ་ནི་དབང་པོ་གཉིས་སྦྱོར་ཀུནྡྷུ་རུ་ཞེས་པ་ལྟར་རོ། །པ་ཌ་ཨི་ནི་དེ་བྱེད་པའོ། །ཌིཎྜི་མེ་ཏ་ཧཱིཾ་ཎ་བཛྫི་ཨ་ཨི་སྔ་མ་ནི་རིགས་ངན་པའོ། །པཛྫི་ཨ་ཨི་ནི་སྤོང་བ་ལ་བཤད་པས། འདིར་ཎས་བཀག་པས་མི་སྤང་བར་བསྟེན་པའོ། །དེ་རྣམས་ནི་སྒྲ་ཇི་བཞིན་པའི་བཤད་པ་སྟེ། ཚོགས་ལ་འདུས་པ་སོགས་ཀྱི་སྐབས་སུའོ། །ཡང་དེའི་དོན་ནང་གི་ལུས་ལ་གནད་དུ་བསྣུན་པའི་ཚུལ་ལྟར་བཤད་ན། ཀོལླ་ཨི་རི་ནི་མགོ་བོ་ལའོ། །ཊཱི་ཨ་ནི་དེ་ལ་གནས་པའོ། །བོ་ལ་ནི་རྡོ་རྗེ་འཛིན་པ་གཞོམ་མེད་ཀྱི་ཧཾ་ངོ་། །མུམྨུ་ཎི་རེ་ནི་ལྟེ་བའི་པདྨར་རོ། །ཀ་ཀོ་ལ་ནི་དེར་ཤེས་རབ་ཙནྜ་ལིའི་རྣམ་པར་གནས་པའོ། །གྷན་ནི་དགའ་བྲལ་མེད་པའི་དགའ་བ་རྒྱུན་ལྡན་པའོ། །ཀི་པི་ཊ་ནི་གཞོམ་མེད་ཀྱི་ལྷན་སྐྱེས་སོ། །བཛྫ་ཨི་ནི་ཀུནྡ་ཆར་ལྟར་འབབ་པའོ། ཀ་རུ་སོགས་ནི་བདེ་ཆེན་གྱི་ཡེ་ཤེས་ཀྱིས་རྣམ་རྟོག་གི་རྩོད་པ་མི་བྱ་བའོ། །ཏ་ཧིཾ་སོགས་ནི་ཆར་འབབ་པ་དེར་ཐ་མལ་བའི་ཤ་སྟེ་ཕུང་སོགས་སྣང་མེད་དུ་བྱེད་པའོ། །གཱ་ཌེཾ་མ་སོགས་ནི་སྙིང་རྗེ་བདེ་བ་ཆེན་པོའི་རོ་ཤིན་ཏུ་འཐུང་བའོ། །ཧྥེ་སོགས་ནི་རྡོར་སེམས་ཀྱི་རང་བཞིན་བདེ་ཆེན་བསྒོམ་པར་བྱ་བར་རོ། །དུ་དུ་ར་སོགས་ནི་རྣམ་རྟོག་ཐམས་ཅད་དུ་སྤང་བར་བྱ་བའོ། །ཙ་ཨུ་སོགས་ནི་བདེ་ཆེན་དེ་ལ། རྣམ་སྣང་སོགས་ཞུགས་པའོ། །མ་ལ་སོགས་མ་ནི་ས་དང་། ལ་ནི་ཆུ་དང་། ཨིནྡྷ་ནི་མེ་དང་། ཤ་ལེཾ་ཛ་ནི་རླུང་དང་། དེ་རྣམས་ཏ་ཧིཾ་སོགས་ཀྱིས་ཤིན་ཏུ་སྣང་མེད་དུ་བྱ་བར་སྟོན་ནོ། །ཕྲེཾ་སོགས་ནི་ཤེས་རབ་ཀྱི་འགྲོ་འོང་བྱེད་པ་དང་། ཤུདྡྷ་སོགས་ནི། དེ་གཉིས་ཡིད་ལ་མི་བྱེད་


JLD011_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པར་བདེ་ཆེན་དུ་རྩེ་གཅིག་པའོ། །ནི་རཾ་ནས་བ་པ་ནི་ཨ་ཨི་བར་གྱི་དོན་ནི། བྱང་སེམས་དཀར་པོ་ཡན་ལག་རྣམས་ལ་བཞག་ནས་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པས་གཞུག་པར་བྱའོ། །མ་ལ་སོགས་ཀྱི་དོན་ནི་སྔར་དང་འདྲ། ཌིཎྜི་མ་སོགས་ནི་རྣམ་རྟོག་གིས་རེག་རྒྱུ་ལྷན་སྐྱེས་བསྟེན་པའོ། །བཤད་ཚུལ་དེས་གཏུམ་མོ་སྒོམ་པ་རྒྱས་པར་ནི་བྷ་བས་བཤད་དོ། །རབ་ལ་དབང་བསྐུར་བའི་དབང་དུ་བྱས་ན། ཀོ་ནས་ལའི་བར་ནི་ཐབས་ཀྱི་ལྟེ་བའི་འོག་དང་། དེར་གནས་པའི་རྡོ་རྗེ་དང་། མཱུ་ན་ལའི་བར་ནི་ཤེས་རབ་ཀྱི་ལྟེ་བའི་འོག་དང་། དེར་གནས་པའི་པདྨ་དང་། གྷ་ན་སོགས་ནི་པདྨ་དེ་ལ་རྡོ་རྗེའི་རང་བཞིན་གྱི་ཀྲི་པི་ཏ་རྡུང་བ་ནི་སྐྱོད་པར་བྱེད་པའོ། ཀ་རུ་སོགས་ནི་བདེ་ཆེན་འབྱུང་བས་རྩོད་པ་མི་བྱེད་ཅིང་བརྟན་པས་རྒྱུན་དུ་བདེ་བའི་མཆོག་བསྟེན་པའོ། །ཏ་ཧིཾ་སོགས་ནི་དེའི་ཚེ་རྣམ་རྟོག་ཟ་བའམ། དགའ་བ་བྱུང་བ་ཟ་བའོ། །ཀ་སོགས་ནི་ཡང་ཡང་བཏུང་བའོ། །ཀ་ལིཉྫ་སོགས་ནི་ལྷན་སྐྱེས་བསྒོམས་པས་གཞུག་པའོ། །དུ་དུ་སོགས་ནི་དགའ་བྲལ་སྤང་བའོ། །ཙ་ཨུ་སོགས་ལྷག་མའི་དོན་ནི་སྔར་བཞིན་ནོ། །ཞེས་པདྨ་ཅན་ལས་སོ། །གར་འཆད་པ་ལ་ཧེ་རུ་ཀ་གཟུགས་ནི་ཀྱེ་རྡོར་གྱི་ང་རྒྱལ་གྱིས་སོ། །ཆགས་བྲལ་ནི་མ་ཞི་བ་སྟེ་དེ་མིན་པར་དེ་ཁོ་ན་ཉིད་གོམས་པའོ། །རྡོ་རྗེ་ཆོས་ནི་དེའི་བདག་ཉིད་ཀྱི་གླུ་ཞེས་པའམ། ཡང་ན་དེའི་རྣལ་འབྱོར་ཅན་གྱིས་སོ། །སངས་རྒྱས་ཀྱང་རྣམ་སྣང་གི་བདག་ཉིད་ཅན་གྱི་གར་རམ། དེའི་རྣལ་འབྱོར་དང་ལྡན་པའོ། །


JLD011_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱིས་སམ། ཡང་ན་གཽ་རཱི་སོགས་ཀྱིས་བསྐོར་བ་རྣམས་ཀྱིས་དེ་ལྟར་བྱའོ། །སྔ་མ་ནི་གར་མ་སོགས་ལ་འཆད་དོ། །གླུ་གར་བྱས་པའི་དགོས་པ་ནི། འདི་ཉིད་ཅེས་པ་སྟེ་རང་དང་གཞན་འཇིགས་པ་ལས་བསྲུང་བ་དང་། གཞན་དབང་དུ་བྱེད་པ་དང་སྔགས་ཀྱི་བཟླས་པར་འགྱུར་བའོ། །གང་དུ་གུས་པ་དང་རྒྱུན་གྱི་སྦྱོར་བས་གླུ་གར་བྱེད་པ་དེ། ཚོགས་ཀྱི་བདག་པོ་དཔལ་ཧེ་རུ་ཀ་མདུན་དུ་སྟེ་མངོན་དུ་བྱས་ནས་སོ། །ཚོགས་ཀྱི་བདག་པོ་མདུན་བྱས་ཞེས་འབྱུང་ངོ་། །གླུ་གར་བྱས་པ་དེ་ལ་དེའི་བྱིན་རླབས་མཚོན་པར་བྱ་བ་ལ། དྲིས་མཚོན་པ་ནི་སྒོག་པ་ཞེས་སོགས་གསུམ་སྟེ། མ་ལ་ཡའི་དྲི་ནི་ཙནྡན་གྱི་དྲིའོ། །སྒྲས་མཚོན་པ་ནི་ངང་བ་ཞེས་པ་ཞིག་དང་། བ་ལང་ཞེས་པ་ཞིག་དང་། གང་དུ་ཐོས་པ་ནི་ཕྱི་རོལ་ཚལ་དུའང་ཞེས་འབྱུང་བས་ཕྱི་ནང་གཉིས་གང་རུང་དུའོ། དེ་མཉན་པའི་དུས་ནི་གླུ་བླངས་པའི་རྗེས་ནས་སོ། །དྲི་ནི་གར་དང་སྒྲ་ནི་གླུའི་བྱིན་རླབས་སུ་བྷ་བས་སོ། །རྣལ་འབྱོར་མའི་འཁོར་ལོ་བསྒོམས་པ་ལས་དེ་འབའ་ཞིག་མངོན་དུ་འགྱུར་ན། རྒྱས་འདེབས་ཀྱི་ཕྱག་རྒྱས་ཅི་ཞིག་བྱ་ཞེས་དོགས་པ་ལ་རིགས་འཆོལ་བ་སྟེ་འཁྲུགས་པ་དང་། རིགས་ལ་ལྟོས་པ་མེད་པར་རིགས་བདག་གི་རྒྱལ་བས་སྟོང་པ་བསྒོམས་པ་ལས་མངོན་དུ་འགྱུར་ནའང་། གཟུགས་བརྙན་ལྟ་བུར་འདོད་དོན་བསྒྲུབ་པའི་ནུས་པས་སྟོང་པས་དངོས་གྲུབ་མེད་པའོ། །རང་གི་རིགས་གང་ཡིན་མི་ཤེས་པས་བསྒྲུབ་བྱ་མི་ཤེས་པའི་ཕྱིར་སྒྲུབ་པ་པོའང་མེད་དོ། །


JLD011_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་པ་རྣམ་སྣང་རིན་འབྱུང་སྣང་མཐའ་དོན་གྲུབ་ལྔས། རིམ་པ་བཞིན་དུ་བདག་མེད་མ་ནས་རྡོ་རྗེ་མཁའ་འགྲོ་མའི་བར་དང་། ཡང་དང་པོ་བཞི་རིམ་པ་བཞིན་དུ། པུ་ཀ་སི་དང་གཽ་རཱི་དང་། ཤ་བ་རི་དང་རཽ་རི་དང་། ཙཎྜ་ལི་དང་། བི་ཏ་ལི་དང་། གཡུང་མོ་དང་གྷསྨ་རི་ལ་དང་། རྣམ་སྣང་གིས་ས་སྤྱོད་མ་དང་། སྣང་མཐས་མཁའ་སྤྱོད་མ་ལ་རྒྱས་གདབ་བོ། །དབྱངས་གང་ལྷ་མོ་གང་གི་ས་བོན་ཡིན་པ་ནི། ཨཱ་ལི་དང་པོ་ཞེས་སོགས་ཀྱིས་སྟོན་པ་ལ་ས་བོན་ཐམས་ཅད་ཟླ་ཕྱེད་ཐིག་ལེ་དང་བཅས་པས་མཚན་པར་བྷ་བས་སོ། །ལྔ་གཉིས་ནི་དབྱངས་བཅུ་པའོ། རྩ་སོ་གཉིས་ལ་རྩ་གང་ལྷ་མོ་གང་དུ་སྟོན་པ་ལ། མི་ཕྱེད་མ་ལ་སོགས་པ་གཉིས་གཉིས་འཁོར་གྱི་ལྷ་མོ་རེ་རེ་དང་། རོ་རྐྱང་དྷཱུ་ཏཱི་གསུམ་གཙོ་མོར་སྟོན་པ་ནི་རིགས་ཀྱི་ཞེས་པ་དྲུག་གོ །དེ་ལྟར་ན་རྩ་སོ་གཉིས་ཀྱི་ལྷག་མ་གཅིག་ལུས་པས། ལྷ་མོ་རྣམས་ཀྱིས་རྩ་སོ་གཉིས་མ་བསྡུས་པར་འགྱུར་རོ་ཞེ་ན། འབད་པས་ཞེས་པ་གཅིག་གོ །དེ་སྤོང་བའི་གཏན་ཚིགས་ནི། གང་ཕྱིར་ཞེས་པ་གཅིག་གོ །གལ་ཏེ་བཅུ་དྲུག་གི་ཆ་མེད་པ་དང་། ལྷག་མ་སྤང་ཞེས་པ་གཉིས་འགལ་བས་བཅུ་དྲུག་གི་ཆ་ཡོད་དོ་ཞེ་ན། ཅིའི་སླད་དུ་ཞེས་སོགས་གསུངས་སོ། །དོན་དེ་དགོས་པ་བསྒྲུབ་པའི་དངོས་པོའི་བྱ་བ་སྟེ་སྐྱེད་པར་བྱེད་པའི་བཅུ་དྲུག་གི་ཆ་མེད་པས། བཅུ་དྲུག་ཆ་མེད་པས་ཞེས་གསུངས་ཏེ། དཔེར་ན་བུ་ཡོད་ཀྱང་བུའི་བྱ་བ་མི་བྱེད་པ་ན་བུ་མེད་ཅེས་བརྗོད་པ་བཞིན་ནོ། །དེའི་ཕྱིར་ཆ་བཅོ་ལྔ་པ་ཉིད་དུ་གྲུབ་ཅིང་། ཆ་


JLD011_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་པ་མ་ཡིན་པ་དེ་ཉིད་གསལ་བར་ནི་ཟླ་བ་ཞེས་སོགས་བཞིས་བྱེད་པ་ནི་ཀུ་མུ་ཊིར་རོ། །དེའི་དགོངས་པ་ནི་ཨཱ་ལིས་བདེ་ཆེན་མཚོན་ལ། ཕྱི་ནང་གི་དཀར་ཆ་འཕེལ་བའི་ཆ་བཅོ་ལྔས། ཕྱི་ནང་གི་ཟླ་བའི་དཀར་ཕྱོགས་རྫོགས་པའི་ཕྱིར་དང་། རྣལ་འབྱོར་མ་རྣམས་དཀར་ཆ་མཚོན་པའི་ཨཱ་ལིའི་ཆ་རེ་རེ་ཡིན་པའི་ཕྱིར་ན། བཅུ་དྲུག་པའི་ཆ་མེད་དེ་བཅུ་དྲུག་པ་ནི་ནག་ཕྱོགས་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་སོ། །འདི་ནི་དབྱངས་ཡིག་བཅུ་དྲུག་པ་འདོར་བའི་རྒྱུ་མཚན་དུ་སྣང་ཡང་། དེའི་སྒོ་ནས་རྩའི་ལྷག་མ་བདུད་བྲལ་མ་འདོར་བའི་རྒྱུ་མཚན་དུའང་བྱ་སྟེ། དེའང་གཞི་དང་ལམ་གྱི་སྐབས་མཐོན་པོར་མ་སླེབས་བར་དུ་རྩ་དེར་བྱང་སེམས་དཀར་པོ་མི་འབབ་པར་མན་སྙེར་བཤད་པས་ཤེས་དགོས་སོ། །པདྨ་ཅན་ལས། རྩ་དང་དབྱངས་རྣམས་ལྷ་མོ་རྣམས་དང་སྦྱོར་བ་ན། བདུད་འཇོམས་མའི་རྣམ་དག་ལྷ་མོ་རྣམས་ལ་མ་གསུངས་པ་དང་། ཨཱ་ལིའི་གཟུགས་ཅན་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་དང་ཆ་བཅུ་དྲུག་གི་ཆའི་རང་བཞིན་ས་བོན་ཨཿ མ་གསུངས་པས། རྩ་སོ་གཉིས་དང་དབྱངས་བཅུ་དྲུག་པོ་ལྷ་མོས་མ་བསྡུས་སོ་སྙམ་པ་ལ། ཀུན་གྱི་ཐ་མ་སྤོང་བའི་རྒྱུ་མཚན་གང་གི་ཕྱིར་བཅུ་དྲུག་ཅེས་གསུངས་སོ། །དེའི་རྒྱུ་མཚན་ཡང་དོན་གྱི་བྱ་བ་ཞེས་པ་གཅིག་གོ །དེའི་དོན་ནི་ཆའང་ཆ་མེད་པ་དང་། དོན་གྱི་བྱ་བ་སྦྱོར་བ་མེད་པས་ཏེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་སོ། །ལྷ་མོའི་རྣམ་དག་ལྷ་མོ་བཅོ་ལྔ་བསྒོམ་པའི་གནས་སྐབས་སུ་འདུས་པ་དང་། དོན་གྱི་བྱ་བ་


JLD011_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པ་དང་། གང་དུ་ཅིའི་ཕྱིར་བསྒོམ་པའང་དོན་གྱི་བྱ་བ་བསྒྲུབ་བྱ་དེ་ཉིད་ཡིན་ཞེས་གསུངས་སོ། །དེའི་དོན་ནི་རྩ་གཉིས་གཉིས་པ་བཅུ་དྲུག་བྱས་པ་དང་། ཡི་གེ་བཅུ་དྲུག་གི་ཆ་བཅུ་དྲུག་པ་ཡིན་ཡང་། དོན་གྱི་བྱ་བ་སྦྱོར་བའི་ཆ་མེད་དོ། །ཡི་གེ་བཅོ་ལྔས་བྱང་སེམས་ཀྱི་ཟླ་བ་འཕེལ་བའི་ཆ་བཅོ་ལྔ་རྫོགས་པས། བཅུ་དྲུག་པ་ནི་བདེ་བ་ལ་མིན་གྱི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྟོང་པ་ཉིད་མཚོན་པའི་དོན་ཡིན་པའི་ཕྱིར་རོ། །དེས་ན་ལྷ་མོ་བཅོ་ལྔ་བསྒོམ་པའི་གསེབ་ཏུ་འདུས་པ་ནི་བདེ་སྟོང་སྦྱོར་བའི་སྒོ་ནས་སོ། །དོན་གྱི་བྱ་བ་མི་བྱེད་པ་ནི་བྱང་སེམས་ཀྱི་ཟླ་བ་མཚོན་པའི་བྱ་བ་གཙོ་བོར་མི་བྱེད་པའོ། རྩ་གང་ལྷ་མོ་གང་དུ་དགོས་པ་ཅིའི་ཕྱིར་དུ་བསྒོམས་པའི་དགོས་པ་ནི། དོན་གྱི་བྱ་བ་བྱེད་པའི་བསྒྲུབ་བྱ་དེ་ཉིད་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །བྷ་བས་བདུད་འཇོམས་མ་འདོར་བ་ནི། ཀུན་གྱི་ལྷག་མ་སྤང་ཞེས་པའོ། དེའི་རྒྱུ་མཚན་ནི་གང་ཕྱིར་ཞེས་པ་གཅིག་གོ །དེ་བསྒྲུབ་པ་ནི་དོན་གྱི་ཞེས་གསུངས་པའི་ཆ་ནི་རྩ་གཉིས་གཉིས་ཡིན་ན། བདུད་འཇོམས་མ་ནི་རྩ་གཅིག་ཡིན་པས་ཇི་ལྟར་བྱེད་ཅེས་འཆད་དེ། དོན་དུ་མ་མཐོང་ངོ་། །མུ་ཏིག་ཕྲེང་བར་རྩ་སོ་གཉིས་ཀྱི་ཕྱེད་ཀྱི་ཆ་ཨཱ་ལི་བཅུ་དྲུག་ཡིན་ན། ཅིའི་ཕྱིར་ཆ་བཅུ་དྲུག་པ་སྤང་སྙམ་པ་ལ། དབྱངས་ཐམས་ཅད་ཀྱི་ལྷག་མ་བཅུ་དྲུག་པ་སྤོང་བའོ། །རྒྱུ་མཚན་ནི་བཅུ་དྲུག་ཅེས་སོགས་ཀྱིས་བསྟན་ཏེ་བྱ་བ་མི་བྱེད་པའོ། །ཇི་ལྟར་དང་པོའི་རྣལ་འབྱོར་མ་རྩ་གསུམ་ཡིན་པ་བཞིན་དུ། ཐ་མའི་


JLD011_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མའང་རྩ་གསུམ་མོ་ཞེས་ཤུགས་ཀྱིས་བསྟན་ཏེ། དེ་ལྟར་མ་ཡིན་ན་རྣལ་འབྱོར་མ་རེ་རེས་རྩ་གཉིས་གཉིས་བསྡུས་པར་བསྟན་པས་རྩ་སོ་གཉིས་མ་བསྡུས་པར་འགྱུར་རོ་ཞེས་འཆད་དོ། །འདིར་དོགས་གཅོད་ནི་རྩ་དང་ཡི་གེ་གཉིས་ཀ་ལ་དགོས་ཏེ། ཡི་གེ་ལ་བཅུ་དྲུག་པ་དངོས་སུ་ཡོད་པས། དེའི་རྒྱུ་མཚན་འདྲི་དགོས་པའི་ཕྱིར་དང་། རྩ་ལའང་གཙོ་མོ་ལ་གསུམ་དང་། གཞན་བཅུ་བཞི་ལ་གཉིས་གཉིས་སྦྱོར་བར་གསུངས་པས་ན། རྩ་གཅིག་ལྷག་མར་ལུས་ལ། དེའི་རྒྱུ་མཚན་དྲི་དགོས་པ་སྔ་མ་ལའང་མཚུངས་པའི་ཕྱིར་ན། པདྨ་ཅན་ལས་གསུངས་པ་ལྟར་རྩ་ཡིག་གཉིས་ཀ་ལ་དོགས་པ་བཀོད་ནས་བཅད་དགོས་སོ། །དེ་ལྟར་བྱས་ན་དབྱངས་བཅོ་ལྔ་དང་སྦྱོར་བ་དང་། བཅུ་དྲུག་པ་དང་མི་སྦྱོར་བའི་རྒྱུ་མཚན་གསལ་བར་ནི་ཀུ་མུ་ཊིར་བཤད་པ་ལྟར་བཅོ་ལྔའི་ཞེས་པ་བཞིས་སྟོན་ནོ། །དབྱངས་ཡིག་བཅུ་དྲུག་པ་སྤོང་བའི་རྒྱུ་མཚན་དུ་ནི། དེས་སྟོང་པ་མཚོན་པ་ཡིན་ལ། དེའང་དབྱངས་བཅོ་ལྔའི་མཚོན་དོན་དུ་འདུ་བས་བདེ་བ་མཚོན་པའི་གསེབ་ཏུ་བགྲང་མི་དགོས་པ། མཚོ་སྐྱེས་ཀྱི་བཞེད་པ་ལྟར་ལེགས་ཏེ། ཀུ་མུ་ཊིའི་ལུགས་ཀྱང་དེ་དང་འདྲ་བར་བྱས་ན་ལེགས་སོ། གལ་ཏེ་རྒྱུ་མཚན་དེས་བདུད་འཇོམས་མ་འདོར་བ་ཇི་ལྟར་ཤེས་སྙམ་ན། འདི་ནི་མན་སྙེ་ལྟར་བྱས་ན་ལེགས་སོ། །ཁ་ཅིག་ཤཱནྟི་པའི་ལུགས་དེ་རྩ་སོ་གཉིས་ལྷ་མོ་བཅོ་ལྔས་སྦྱོང་ན་འགལ་བ་གཉིས་ཏེ། རེ་ཞིག་གཞུང་དང་འགལ་བ་ནི། ཀུན་ཞེས་པའི་རྩ་དང་འཕོ་བ་ཡི་གེ་ལ་སོགས་པ་ཀུན་ཞེས་བཤད་དགོས་པས།


JLD011_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་འབའ་ཞིག་ལ་སྦྱོར་ན་ཀུན་གྱི་ཞེས་པའི་ཚིག་སྦྱོར་དུ་མི་རུང་བ་དང་། མཁའ་སྤྱོད་མས་རྩ་གསུམ་བསྡུས་ན། ལྷག་མ་ཞེས་པའི་ཚིག་མི་རུང་སྟེ། ལྷག་མ་མི་གནས་པའི་ཕྱིར་རོ། །དོན་དང་འགལ་བ་ནི་ལྷ་མོ་ནི་སྟོང་ཉིད་ཡིན་ལ། ་བདུད་བྲལ་མ་ཡང་སྤྲོས་བྲལ་གྱི་ཆ་སྟོང་ཉིད་ཡིན་པས། སྟོང་པས་སྟོང་པ་སྦྱང་བར་མི་ནུས་པའི་ཕྱིར་ཏེ། ནམ་མཁའི་མེ་ཏོག་གིས་རི་བོང་གི་རྭ་མཛེས་མི་ནུས་པ་བཞིན་ནོ། །ཟུང་འཇུག་གི་ལམ་མི་རུང་སྟེ། བདེ་ཆེན་གྱི་ངོ་བོ་ཡབ་ཀྱིས་སྟོང་པའི་ངོ་བོ་བདུད་བྲལ་མ་སྦྱངས་ན་ཟུང་འཇུག་ཏུ་འགྱུར་བ་ལ། ཁྱེད་ལྟར་ན་དེ་མི་རུང་སྟེ། སྟོང་པས་སྟོང་པ་སྦྱོང་བའི་ཕྱིར་ཞེས་འགོག་པ་ནི་མི་རིགས་ཏེ། དགག་པ་ལྟར་སྣང་འབའ་ཞིག་ཏུ་འདུག་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། མུ་ཏིག་ཕྲེང་བར་ནི། རྩ་ཡིག་གཉིས་ཀྱི་ནང་ནས་ཡི་གེའི་ལྷག་མ་སྤོང་བ་ཁོ་ན་ལ་སྦྱོར་གྱི། རྩའི་ལྷག་མ་སྤོང་བ་ལ་སྦྱོར་བ་མིན་ཏེ། རྩ་ཐ་མ་གསུམ་ལྷ་མོས་སྡུད་པར་བྱེད་པས་རྩ་ལ་ལྷག་མ་ལུས་པ་མི་འདོད་པའི་ཕྱིར་དང་། རྩ་འབའ་ཞིག་ལ་སྦྱོར་ན་ཞེས་པ་ཕྱོགས་སྔ་མའི་འདོད་པ་མ་གོ་བའི་ཚིག་ཡིན་པའི་ཕྱིར་རོ། །མཁའ་སྤྱོད་མས་རྩ་ཐ་མ་གསུམ་བསྡུས་ན་ལྷག་མ་ཞེས་པའི་དོན་མེད་ཅེས་པའི་དོན་མེད་ཅེས་པའང་ཕ་རོལ་པོས་རྩ་ལ་ཡིན་ན་འདོད་པ་ཡིན་ལ། ཡི་གེ་ལ་ཟེར་ན་ཁྱབ་པ་མ་ངེས་པའི་འབྲེལ་མེད་དུ་འགྱུར་རོ། །ཞེས་སྨྲ་བར་འགྱུར་བའི་ཕྱིར་རོ། །ཀུན་ཅེས་པའང་དབྱངས་ཀུན་གྱི་ཞེས་པའི་དོན་ཡིན་ཞེས་སྨྲ་བ་ན། ཀུན་ཅེས་པའི་དོན་དུ་རྩ་གནས་


JLD011_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ལ་རྒྱུ་མཚན་ཡང་དག་པ་ཅིའང་མེད་པར་དམ་བཅའ་བ་ཙམ་དུ་སྣང་བའི་ཕྱིར་རོ། །གཞན་ཡང་བཅོ་ལྔ་པོ་རྣམས་ནི་ཐབས་སྤྲོས་པའི་ཆ་བདེ་ཆེན་གྱི་ཡབ་ཡིན་ལ། བཅུ་དྲུག་པའི་ཆ་རྣམས་ནི། ཤེས་རབ་སྤྲོས་པ་དང་བྲལ་པའི་སྟོང་ཉིད་ཀྱི་ངོ་བོ་ཡུམ་ཡིན་ཞེས་འདོད་བཞིན་དུ། སྔར་བཤད་པ་བཞིན་སྨྲ་བ་ནི་ཤིན་ཏུ་མི་རིགས་ཏེ། དེ་ལྟ་ཡིན་ན་ལྷ་མོ་རྣམས་ཆ་ལྔར་འཇོག་པ་ལ། ཐབས་ཀྱིས་ཐབས་སྦྱོང་བ་མི་འཐད་པས་ཟུང་འཇུག་མི་རུང་བ་དང་། ལྷ་མོ་རྣམས་ཆ་བཅོ་ལྔ་ཡིན་ཞིང་དེ་ཐབས་ཀྱི་ཆ་ཡིན་པས། དེས་བདུད་བྲལ་མ་སྦྱོང་བ་དེ་སྟོང་པས་སྟོང་པ་སྦྱོང་བ་མིན་པར་འདོད་དགོས་སོ། །དེས་ན་ཀུན་དང་ཐམས་ཅད་ཅེས་པ་བརྗོད་འདོད་ཀྱི་དབང་གིས་ཕྱོགས་རེ་བ་ལ་འཇུག་པའང་མི་འགལ་ཏེ། དཔེར་ན། ལྷ་མོ་ཐམས་ཅད་ཁ་དོག་ནག །ཅེས་འབྱུང་ཡང་ལྷ་མོ་ཡིན་ཚད་ལ་བྱ་མི་དགོས་པ་བཞིན་ནོ། །རྡོར་སྙིང་གིས། ག་པུར་ཞེས་པ་འདི་ལ་པདྨ་ཅན་ལས། ག་པུར་ངེས་པར་ཅིས་མི་འབྱུང་། །ཞེས་འབྱུང་ལ། དེའི་དོན་ནི་ངེས་པའི་སྒྲ་ནི་བཟོད་པ་མ་ཡིན་པ་སྟེ། ཅིས་མི་འབྱུང་སྟེ། འོན་ཀྱང་གང་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏེ། ཞེས་གསུངས་པས་ག་པུར་འབྱུང་བ་སྟེ་བསྐྱེད་པར་མི་བྱེད་པ་ནི་མི་བཟོད་པས། ངེས་པར་བསྐྱེད་དགོས་ཞེས་ཏེ། སྔར་བདེ་བ་ཆེན་པོ་ཨཱ་ལིའི་གཟུགས་ཞེས་གསུངས་པའི་དགོངས་པར་ཤེས་ནས་ཞུས་པའོ། །ཇི་སྐད་སྨྲས་པ་ཞེས་སོགས་འོག་མ་རྣམས་ཀྱིས་ག་པུར་དབྱུང་ཐབས་སྟོན་པར་སྣང་བ་དང་འགྲིག་གོ །ཀུ་མུ་ཊིར། ག་པུར་ངེས་པར་ཅིས་མི་སྤོང་། །ཞེས་འབྱུང་ལ། དེའི་དོན་ཡང་


JLD011_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཅིས་ཞེས་བྱ་བ་ནི་མགོ་སྤྲུག་པའོ། །མི་ཞེས་བྱ་བ་ནི་ག་པུར་ཉིད་མི་སྤོང་བ་སྟེ། ཞེས་བཤད་པས་ག་པུར་ནི་ངེས་པར་ཅི་ལ་བབ་ཀྱང་། ཕྱི་རོལ་ཏུ་མི་སྤོང་ཞེས་པའི་དོན་ཡིན་ལ། སྔ་མ་ནི་སྤྱི་བོ་ལ་སོགས་པའི་ལུས་ཀྱི། གནས་ནས་ནང་དུ་འབྱིན་པའོ། །རྣལ་འབྱོར་མ་རྣམས་ཡང་དག་འབྱུང་། ཞེས་པ་ལྟར་ཡིན་པས་རྣལ་འབྱོར་མ་ཀུན་གང་ལས་འབྱུང་བ་ནི་ལྷན་སྐྱེས་སོ། །དེའང་འགྲིབ་མེད་དེ་ཟད་མེད་མི་འཇིག་པ་དང་། བཏུང་མཆོག་ནི་རྒྱས་པར་བསྒྱུར་བས་རྒྱུན་རྒྱས་པའོ། །དེ་གང་ལས་འབྱུང་བའི་ཀུན་རྫོབ་ཀུནྡ་ལྟ་བུ་ནི་བྱ་གདོང་མ་དྷཱུ་ཏཱིར་འོངས་པ་ཤེས་རབ་ཀྱི་པདྨར་གནས་པ་ནི་ནམ་མཁའི་དོན་ནོ། །འབྲས་བུ་བྱང་སེམས་གཅིག་ཉིད་བསྐྱེད་པ་ལ་རྒྱུ་གཉིས་བྱུང་བ་ནི་རྒྱུ་སྔ་མས་འབྲས་བུ་སྔ་མ་དང་། རྒྱུ་ཕྱི་མས་འབྲས་བུ་ཕྱི་མ་བསྐྱེད་པ་གཉིས་སུ་བྱ་བར་ཀུ་མུ་ཊིར་རོ། །པདྨ་ཅན་ལས། དཀྱིལ་འཁོར་འཁོར་ལོ་སོགས་ཐབས་ཤེས་འབྱུང་བའི་སོགས་ཀྱིས་ནི། ནང་གི་སྦྱོར་བ་བསྡུས་པས་བསྐྱེད་རྫོགས་ཀྱི་རིམ་པས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་དང་། བདག་བྱིན་རླབས་ཞེས་པ་ཐབས་ཤེས་ཀྱི་སྦྱོར་བས། ལས་རྒྱ་བྱིན་གྱིས་བརླབས་ནས་ཀུན་རྫོབ་ཀྱི་སེམས་བསྐྱེད་པར་བྱ་བ་དང་། སེམས་དེ་གཉིས་ཀའང་ཤེས་རབ་ཀྱི་པདྨར་བསྐྱེད་པ་ནི། བུད་མེད་ཅེས་པ་དྲུག་གིས་སྟོན་པར་བཤད་དེ། སྔར་དཀྱིལ་འཁོར་གྱི་འཁོར་ལོ་ལས་རྒྱ་དང་སྦྱོར་བ་ལ་བཤད་པ་ནི་སྒྲ་ཇི་བཞིན་མ་ཡིན་པའི་བཤད་པ་དང་། འདིར་བསྐྱེད་རིམ་ལ་


JLD011_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ནི་སྒྲ་ཇི་བཞིན་པའི་བཤད་པའོ། །གུར་ལས་རང་གི་སྙིང་གར་མི་ཤིགས་པ་དང་། འོག་སྒོར་ཕྲ་མོ་བསྒོམ་པའང་རང་བྱིན་རླབས་སུ་བཤད་པས་རེ་རེ་བར་མི་བཟུང་ངོ་། །འདི་ཉིད་ཅེས་པ་གཉིས་ནི་ཞུ་བདེའི་བྱང་ཆུབ་ཀྱི་སེམས་འདི་ཉིད་ཐབས་དང་བྲལ་མ་བྲལ་གྱི་དབང་གིས་འཁོར་འདས་གཉིས་སུ་སྟོན་ཏེ། འདི་ཉིད་བཤད་མ་ཐག་པའི་དོན་ལ་འདི་ཉིད་ཅེས་ཉེ་བའི་ཚིག་གིས་གསུངས་པ་ལ་འགྲིག་གོ །འཁོར་བ་ཞེས་པ་གཉིས་ནི་ཞུ་བདེའི་འཁོར་བ་ལམ་དུ་བྱེད་པ་སྤངས་ཞེས་པ་སྟེ། མྱང་འདས་ནི་དེ་ཐོབ་པ་སྟེ་དེའང་སངས་རྒྱས་ཀྱི་མྱང་འདས་སོ། །འཁོར་བ་གཟུགས་དང་ཞེས་པ་བཞིས་འཁོར་བ་གང་ཡིན་པ་བསྟན་ལ། འདི་རྣམས་ཆོས་ཞེས་པས་ནི་འཁོར་བར་བཤད་པ་འདི་རྣམས་ཀྱི་ཆོས་གང་ཁོ་ན་ལས་མྱང་འདས་སུ་འགྱུར་བ་དེ་གཏི་མུག་ལས་འཁོར་བར་འགྱུར་རོ། །དེ་ལ་ནི་ཚུལ་གཉིས་ཏེ། ཞུ་བདེར་བཞག་པ་དེ་ཐབས་དང་བྲལ་ནས་ལམ་དུ་བྱེད་མ་ཤེས་པ་དེ་ཉིད་ཤེས་ན་མྱང་འདས་སུ་འགྱུར་བ་དང་། ཕུང་སོགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་གང་རྟོགས་པས་མྱང་འདས་སུ་འགྱུར་བ་དེ་མ་ཤེས་པའི་དབང་གིས་འཁོར་བ་ཡིན་གྱི། འཁོར་འདས་ལ་གནས་ལུགས་སོ་སོ་བ་མེད་པའི་དོན་ནོ། །དེས་ན་ཐར་འདོད་རྣམས་ཀྱིས་ཕུང་སོགས་ཀྱི་དངོས་པོ་གཏན་ཟད་དུའང་མི་སྤང་ཞིང་གཏི་མུག་ཀྱང་འབད་པས་སྤང་བྱར་སྟོན་པ་ནི་རྨོངས་ཕྱིར་ཞེས་པ་བཞིའོ། །ཅི་མྱ་ངན་ལས་འདས་པ་དེ་ཐེག་དམན་གྱི་ལྟར་རམ་སྙམ་ན། བྱང་ཆུབ་ཅེས་པ་གཉིས་ཏེ། སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ལྷན་སྐྱེས་ཀྱི་གནས་སྐབས་ཉིད་ལ་མཐའི་


JLD011_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་འདས་སུ་འཇོག་གི །གཞན་དུ་མ་ཡིན་པའོ། །འདིའི་ཀུན་རྫོབ་དོན་དམ་ནི་ཞུ་བདེ་མིན་གྱི་བདེ་བ་དང་སྟོང་ཉིད་རྟོགས་པ་ལ་བྱའོ། །ཀུན་རྫོབ་ཀུནྡ་ལྟ་བུའི་བྱང་སེམས་བསྐྱེད་པའི་རིམ་པ་ནི། ཤིན་ཏུ་ནས་མཁས་པས་མི་སྤང་ཞེས་པའི་བར་རོ། །ཀུན་རྫོབ་ལེན་པའི་ཚུལ་ནི་དེ་ནི་ཞེས་པ་བཞི་སྟེ། ལྷན་སྐྱེས་མཚོན་ཟིན་ནས་ཀུནྡ་ལྟ་བུ་ཅུང་ཟད་པདྨར་འཕོས་པའོ། །ངེས་པའི་སྟོབས་ཞེས་འབྱུང་ལ། དེའི་དོན་སྟོབས་བཅུའི་སྟོབས་རྒྱས་པའི་ཕྱིར་དུ་ལེན་པར་ཀུ་མུ་ཊིར་རོ། །པདྨ་ཅན་ལས། བཟློག་པས་སྟོབས་ཞེས་པར་བྱས་ནས་བཟློག་པས་ཞེས་པ་ནི་བསྲུང་བའི་ཕྱིར་རོ། །སྟོབས་ནི་ནུས་པའོ་ཞེས་ནུས་པ་ཡོད་ན། གསང་གནས་ཀྱི་རྩེ་ནས་གྱེན་དུ་བཟློག་སྟེ། དེའང་འཛག་པ་བསྲུང་བའི་ཕྱིར་རོ། །ཀུ་མུ་ཊིར། ཞུ་བའི་སེམས་འདི་མཆོག་ཏུ་འགྱུར་རམ་ཞེ་ན། ཞེས་པའི་ལན་དུ། ག་པུར་ཞེས་པ་གཅིག་གིས་བསྐྱེད་རིམ་ལ་ཞུ་བདེ་བདག་མེད་མ་དང་། རྫོགས་རིམ་ལ་བདེ་བ་ཉིད་བདག་མེད་མ་ཡིན་པས། ཞུ་བའང་མཆོག་མིན་པར་མི་འགྱུར་བར་བཤད་དེ། དེའི་རྒྱུར་དགོས་པ་ལ་བསམས་སོ། །དབྱིབས་ལ་སོགས་པ་ནི། ལྟེ་བ་ནས་བྱེད་པ་ཅན་གྱི་བར་གྱིས་བསྟན་པར་འཆད་དོ། །པདྨ་ཅན་ལས། སྔར་བྱང་ཆུབ་སེམས་ནི་མྱ་ངན་འདས། །ཞེས་པ་འབའ་ཞིག་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པ་ལ་སོགས་པ་བསྟན་པ་ནི་ག་པུར་ཞེས་པ་གསུམ་མོ། །ག་པུར་ནི་བྱང་སེམས་དང་བདག་མེད་མ་ནི་དེའི་རྟེན་ཨ་བ་དྷཱུ་ཏཱི་དང་། དེར་བཞུགས་པའི་ག་པུར་ལས་སྐྱེས་པའི་བདེ་


JLD011_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བའང་བདག་མེད་མའི་ཚུལ་ཅན་དང་། དེའང་ཆོས་ཐམས་ཅད་བདག་མེད་མའི་རང་བཞིན་ལ་བཞུགས་པའི་བདེ་བ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་བསྒོམས་པས་མཐར་ཤིན་ཏུ་གསལ་བར་གྱུར་པ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །བདེ་བ་ཆེན་པོ་དེ་གང་དུ་གནས་སྙམ་པ་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་བདེ་ཆེན་སྡུད་བྱེད་གཞོམ་མེད་ཀྱི་ཚུལ་གྱིས་གནས་སོ་ཞེས་ཏེ་ཧཾ་ཡིག་གོ །དེ་ལ་འཁྱུད་པ་དེའི་རང་བཞིན་གྱིས་གནས་པ་དེ་ལས་བྱུང་བའི་བདེ་ཆེན། དེའང་དང་པོའི་དབྱངས་ཡིག་ཨ་ཐུང་གིས་མཚོན་པའི་རང་བཞིན་གྱིས་སྐྱེ་བ་མེད་པའི་རང་བཞིན་དང་། ཡུལ་ཡུལ་ཅན་དབྱེར་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་དང་ངོ་བོ་གཅིག་པའི་རྣམ་པ་ཅན་ནོ། །དེ་ཉིད་བློ་སྟེ་རང་རིག་བདེ་བ་ཆེན་པོར་སངས་རྒྱས་རྣམས་ཀྱིས་བརྟག་པ་སྟེ་བརྗོད་དོ། །ལྟེ་བའི་ཨ་ཐུང་ལ་གཏུམ་མོ་བདེ་ཆེན་གྱི་གནས་སུ་འཆད་ནའང་། སྔར་ལྟར་བཤད་པའང་དགོས་པ་ནི། རྫོགས་པའི་རིམ་པའི་རྣལ་འབྱོར་པ་སྟེ་དེའི་དབང་དུ་བྱས་ནས་བཤད་པའོ། །དེའི་དབང་དུ་བྱས་ནས་ཨ་ཐུང་དེ་ཉིད་སྐལ་བ་དྲུག་དང་ལྡན་པ་དང་བདུད་འཇོམས་པའི་ཤེས་རབ་ཡིན་པས་ཤེས་རབ་མར་བཤད་དོ། གཟུགས་སུ་མི་གནས་པ་ནི་དེ་ནི་ཞེས་པ་བཞིའོ། །དེ་ལས་ཞེས་པ་ནི་པདྨ་ཅན་དུ་དེ་ཉིད་རྣལ་འབྱོར་པས་བསྐྱེད་བྱ་ཞེས་འབྱུང་ལ། རྣལ་འབྱོར་པས་དེ་བསྐྱེད་པ་སྟེ་རྫོགས་པར་བྱ་ཞིང་བདེ་བ་མི་ཟད་པའི་ཚུལ་གྱིས་ལོངས་སྤྱད་པར་བྱའོ། །དེའི་ཕྱིར་ཡང་ཤེས་རབ་ཀྱི་གཟུགས་དང་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་རྣལ་འབྱོར་པས་སྤྱོད་པར་བྱེད་དོ་ཞེས་


JLD011_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་ལ་ཀུ་མུ་ཊིར་དོན་དམ་པའི་ལྷན་སྐྱེས་གཟུགས་སོགས་ལྔ་ལས་འདས་པར་བཤད་པ་ལ་དེ་རྣམས་མེད་པའི་ཕྱིར། ཡུལ་རྣམས་ལོངས་མ་སྤྱད་པས་བདེ་བ་མིན་པས་བདེ་བ་སྦྱིན་པའི་དངོས་གྲུབ་མེད་དོ་སྙམ་ན། གཟུགས་སྒྲ་ཞེས་པ་བཞི་སྟེ། ཡུལ་རེ་རེ་ལོངས་སྤྱད་པས་ཀྱང་བདེ་བར་འགྱུར་ན། བཅོམ་ལྡན་འདས་མ་ཤེས་རབ་མ་ཡུལ་ཐམས་ཅད་ཀྱི་རང་བཞིན་ལ་ལོངས་སྤྱོད་པའི་རྣལ་འབྱོར་པ་ཇི་ལྟར་བདེ་བས་ཕོངས་པར་འགྱུར། དེ་བས་ན་བདེ་བ་སྦྱིན་པས་འགྲུབ་སྟེ་དེ་ཉིད་ཅེས་པ་ཞིག་གིས་ཀྱང་དེ་སྟོན་ནོ། །དེ་ཉིད་དཀྱིལ་འཁོར་གྱི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ཐམས་ཅད་སྡུད་པ་དང་། དེ་ཉིད་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུར་མཐོང་བའི་ཡེ་ཤེས་ལ་སོགས་པ་འབྱུང་བ་དང་། བདེ་བ་ཆེན་པོའི་ཚུལ་གྱིས་ཡུལ་ལ་ཁྱབ་པར་བྱེད་པས་སྡུད་པ་དང་། གཉིས་མེད་ཀྱི་བདེ་ཆེན་ལས་ཡང་དག་པར་རིག་པར་འབྱུང་བ་དང་། དེ་ལས་འགྲོ་བའི་དོན་བྱ་བ་འབྱུང་བའི་ཆོས་དབྱིངས་ཤིན་ཏུ་དག་པའི་ངོ་བོ་ཉིད་ཀྱི་ཕྱིར་རིམ་པ་བཞིན་དུ་ཡེ་ཤེས་ལྔའོ། །ལེའུ་དང་པོར་གསུངས་པའི་སྡོམ་པའང་བཤད་དུ་གསོལ་ཞེས་པ་ནི། འཁོར་ལོ་བཞི་ལ་སྡེ་པ་བཞི་ལ་སོགས་པ་སྡོམ་ཚུལ་དྲིས་པའོ། །དེའི་ལན་དུ་རྣལ་འབྱོར་མ་ཞེས་པ་གཉིས་ཀྱིས་ནི། བདག་མེད་རྣལ་འབྱོར་མའི་ས་བོན་ཨ་ལུས་ཀྱི་དབུས་ན་གནས་པ་དེ་ཉིད་སྡོམ་པའི་གནས་སུ་གསུངས་ཏེ། ལེའུ་དང་པོར་ཨ་ཐུང་སྡོམ་གནས་སུ་མ་གསུངས་པ་འདིར་བཤད་པ་ནི་ཇི་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་དུ་ཨ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་བདག་མེད་མ་ནི། རང་ལ་ལྷན་སྐྱེས་འདྲེན་པའི་དོན་དུ་ཡིན་པ་དེ་


JLD011_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། ནང་གི་ལྟེ་བའི་གཏུམ་མོ་ཨ་ཐུང་ཡང་ལྷན་སྐྱེས་ཀྱི་བདེ་བ་འདྲེན་པའི་ཐབས་ཡིན་པས་དེའི་དོན་དུ་བཤད་དོ། །དེའང་རྡོ་རྗེ་སྟེ་ཐབས་ཀྱི་ཤེས་རབ་མ་དང་ལྷན་ཅིག་སྦྱོར་བ་ན་འབྱུང་བའི་བདེ་བ་ནི་ཕྱག་རྒྱ་ཆེན་པོ་བདེ་བའི་ཤེས་རབ་བོ། །རྡོ་རྗེ་ནི་ཐབས་རང་ཉིད་ཀྱཻ་རྡོ་རྗེར་བསྐྱེད་པའོ། །དེའི་བདེ་བ་གང་ལས་སྐྱེ་ཞིང་མཆེད་པར་འགྱུར་བའི་ཐབས་ནི། ས་བོན་ཏེ་ཨ་ཧཾ་ངོ་། ནང་གི་ཨ་ཧཾ་བསྟན་པ་འདིས་ནི་ཕྱི་རོལ་གྱི་གཉིས་སྦྱོར་བསྟན་པ་མིན་གྱི་གསང་བའི་སྙོམས་འཇུག་སྟོན་ཏེ། འདི་ལ་ནི་རོ་རྐྱང་གི་རླུང་དྷཱུ་ཏཱིར་སྡོམ་པ་སྔར་བཤད་པ་ལྟར་དགོས་པས། སྡོམ་གནས་འདིར་གང་སྡོམ་པའི་གཙོ་བོའོ། །གཞན་ཡང་ཇི་ལྟར་ཕྱི་རོལ་དེ་བཞིན་དུ། ནང་དུ་སྡོམ་ཚུལ་གཞན་ཡང་མང་དུ་སྟོན་པ་ལས་རེ་ཞིག་བདེ་ཆེན་གྱི་སྐུ་དང་བཅས་པའི་སྐུ་བཞི་ནང་དུ་འཁོར་ལོ་བཞིར་སྡོམ་པ་ནི། བདེ་ཆེན་གང་གིས་སྤྲུལ་ཞིང་བསྐྱེད་པ་ནི་ལྟེ་བའི་འཁོར་ལོར་གནས་པའི་ཙཎྜ་ལི་ཡིན་པ་དང་། བདེ་ཆེན་གྱི་རྟེན་ཀུནྡ་ལྟ་བུ་ལུས་ཀུན་ལ་གནས་ཀྱང་གཙོ་བོ་ནི་སྤྱི་བོ་ཡིན་ལ། དེ་ནི་བསྐྱེད་བྱ་ཡིན་པ་དང་གཏུམ་མོ་འབར་བས་སྤྱི་བོའི་བདེ་བའི་རྟེན་ཞུ་བ་ན། སེམས་ལ་ཆོས་སྐུ་ལྟ་བུའི་ཉམས་མྱོང་སྐྱེ་ཞིང་། སེམས་རྟེན་ཡང་སྙིང་གར་གནས་པ་དང་། དེ་རྣམས་ཀྱི་མཐུས་ཆོས་ཀྱི་རོ་ལ་རྫོགས་པར་ལོངས་སྤྱོད་པ་ལོངས་སྐུ་ཡིན་ལ། དེ་དང་མགྲིན་པའི་གནས་གཉིས་ཆོས་མཐུན་པའི་ཕྱིར། རིམ་པ་བཞིན་དུ་སྐུ་བཞིར་འཇོག་པ་ཤེས་པའི་ཕྱིར་ཡིན་ནོ། །འབྲས་བུ་བཞི་འཁོར་ལོ་བཞིར་སྡོམ་པ་ལ། ལས་ཆུང་འབྲས་བུ་ཆེ་བ་ཞེས་རྣམ་སྨིན་ལ་གསུངས་པས། ལྟེ་བར་ནི་ཆེ་ཆུང་རིགས་མཐུན་དགོས་པར་མངོན་ཏེ། འཁོར་ལོ་བཞིར་མས་བརྟན་གྱི་ཚུལ་གྱིས་དགའ་


JLD011_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉམས་སུ་མྱོང་བ་དང་སྦྱར་དགོས་པ་འདྲ་སྟེ་དཔྱད་དོ། །སྡེ་པ་བཞི་འཁོར་ལོ་བཞིར་སྡོམ་པ་ནི། བདེ་བ་སྐྱེ་བ་ནི་ཞུ་བ་ལ་རག་ལུས་ལ། དེའི་གནས་ཏེ་རྒྱུ་ནི་འབར་བ་ཡིན་ཞིང་དེ་དེར་རྒྱུན་དུ་གནས་པའི་ཕྱིར་དང་། ཆོས་སྨྲ་བའི་ཀུན་སློང་ནི་སེམས་ཡིན་ལ། དེའི་གནས་སྙིང་ག་དང་ལྟེ་བར་འབར་བ་ལ་སོགས་པའི་ཐབས་མང་པོས་བཀུར་བ་སྟེ་གོང་མར་བྱས་པ་དང་། སྤྱི་བོ་ན་བདེ་བའི་རྟེན་ཤས་ཆེར་གནས་པའོ། །སྡེ་པ་ནི་མངལ་ན་གནས་པའི་ལུས་སོ། །དེའི་གནས་ནི་མའི་ལྟོ་བའོ། །ཟླ་བ་རྫོགས་པ་ན་མངལ་དུ་གནས་པ་ལ་མི་འདོད་པ་སྐྱེས་ནས་ཕྱིར་འབྱུང་བར་འདོད་པ་ནི་ཆགས་བྲལ་ལོ། །འདི་དག་ཅེས་པ་གཉིས་ནི་སྔགས་འདོན་པའི་དགེ་སློང་དང་ཆོས་མཐུན་ཡོད་པ་ཙམ་ལ་བྱེད་ན་ནི། ཧ་ཅང་ཐལ་བས་ལམ་བསྒོམས་ན་སངས་རྒྱས་འཐོབ་པའི་གནད་ཤིན་ཏུ་ངོ་མཚར་བ་ཡོད་པར་གསལ་བས་དེ་གང་ཡིན་ཞེ་ན། མན་སྙེར་མངལ་གྱི་ཟླ་བ་བཅུ་ས་བཅུར་བཤད་པས། དེའི་སྔར་ཚོགས་སྦྱོར་གཉིས་དང་བཙས་པའི་གནས་སྐབས་མི་སློབ་ལམ་དང་སྦྱོར་བ་སྟེ། དེའང་བསྐྱེད་རིམ་ལ་སྦྱར་ན། སྦྱོར་བ་ཚོགས་བསག་ནི་ཚོགས་ལམ་དང་། སྟོང་ཉིད་བསྒོམ་པ་ནས་བར་དོ་མཚོན་པའི་ཡི་གེ་མ་ཞུགས་ཚུན་ཆོད་སྦྱོར་ལམ་དང་། དེ་ཞུགས་ཏེ་ཞུ་བ་ནས་བརྩམས་ཏེ། འབྲས་བུ་ཧེ་རུ་ཀ་མ་རྫོགས་ཀྱི་བར་ནི་མཐོང་སྒོམ་དང་། རྫོགས་པ་ཕྱིན་ཆད་མི་སློབ་ལམ་དང་སྦྱར་རོ། །དེའི་སྟེང་དུ་སྔགས་འདོན་པའི་དགེ་སློང་གི་རྣམ་པ་ཅན་དུ་བྱུང་བས་ན། སྔགས་བསྒྲུབ་པའི་རྟེན་དགེ་སློང་མཆོག་ཏུ་གསུངས་པ་མཚོན་ནོ། །ཨ་དང་ཧཾ་གི་སྔགས་འདོན་པས་ནི། ལྟེ་བའི་གཏུམ་མོ་དང་སྤྱི་བོའི་བྱང་སེམས་ཀྱི་འབར་འཛག་ལ་ཡང་དང་ཡང་དུ་གོམས་པར་བྱ་བ་མཚོན་ནོ། །མངལ་དུ་ཟླ་བ་བཅུ་བསྡད་པས་ནི། འཆི་སྲིད་དང་འདྲ་བའི་


JLD011_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་དང་། བར་སྲིད་དང་འདྲ་བའི་དེའི་ངང་ནས་ལྷ་སྐུར་ལངས་པའི་རྣལ་འབྱོར་གྱིས་མངལ་དུ་ཟླ་བ་བཅུར་གནས་པ་དང་འདྲ་བར་ས་བཅུས་བགྲོད་པར་བྱེད་པ་སྟོན་པའོ། །དེས་ན་དོན་དེ་རྟོགས་ནས་དེ་ལྟར་ཉམས་སུ་བླངས་ན་སངས་རྒྱས་འཐོབ་པར་ཐེ་ཚོམ་མེད་པར་གསུངས་སོ། །སེམས་ཞེས་སོགས་ཀྱི་རང་བཞིན་རྣམ་དག་གི་ངོས་ནས་སངས་རྒྱས་དང་། སངས་རྒྱས་པ་ནི་གློ་བུར་གྱི་དྲི་མ་བསལ་བ་ལ་རག་ལས་པར་བསྟན་ཅིང་། དེ་ལ་བདེན་རྫུན་མེད་པ་ནི་ཕྱོགས་རེ་དང་སྦྱར་རོ། །གང་གིས་ཞེས་པའི་དཔེ་དོན་རྣམས་ཀྱིས་ཀྱང་། གཞི་ལ་གནས་པའི་ཞུ་བདེ་ལམ་དུ་བྱས་པས་འགྲུབ་སླ་བར་སྟོན་ནོ། །ཐབས་དང་བྲལ་མ་བྲལ་གྱིས་འཆིང་གྲོལ་བྱེད་པ་ནི་གང་གིས་ཞེས་པ་བརྒྱད་དོ། །རང་ནི་རང་གི་དེ་ཁོ་ན་ཉིད་དོ། །རང་གིས་རྟོགས་པ་ནི་དེ་ལྷན་སྐྱེས་ཀྱི་བདེ་བས་རྟོགས་པའོ། །དེ་ལས་སངས་རྒྱས་མིན་པའི་སེམས་ཅན་མེད་པ་ནི། རང་བཞིན་ལྷན་སྐྱེས་ཤེས་པ་ལས་ལྷག་པའི་དོན་མེད་ཅེས་གསུངས་སོ། །འོན་ཀྱང་བདེ་སྟོང་གི་དེ་ཉིད་ལས་ལོགས་པའི་སེམས་ཅན་མེད་པར་སྟོན་པ་དང་། དམྱལ་བ་ཞེས་སོགས་ཀྱིས་ནི་དེ་ཁོ་ན་ཉིད་ལས་ཕྱི་རོལ་ཏུ་གྱུར་པ་མེད་པར་སྟོན་ནོ། །པུ་ཀ་སི་དང་ཤ་བ་རི་གཉིས་ཀྱི་རྒྱས་འདེབས་ལ་དོགས་གཅོད་ཀྱིས་ནི། ལམ་གྱི་སྐབས་སུའང་ལུས་ལྷའི་སྐུ་དང་སེམས་དེ་ཉིད་ལ་ཞུགས་པ་མི་འབྲལ་བར་ཉམས་སུ་ལེན་དགོས་པར་སྟོན་ཏེ། དེ་ནི་འབྲས་དུས་སུའང་ཆོས་གཟུགས་གཉིས་འབྲལ་མེད་དུ་སྟོན་ནོ། །ཙཎྜ་ལིའི་རྒྱས་འདེབས་ཀྱིས་ནི། ཁུ་ཁྲག་གི་འབར་འཛག་གཉིས་ཚོགས་དགོས་པར་སྟོན་ཏེ། འོག་ནས་གདོལ་བ་མོ་ཁུ་བར་བཤད་པའི་ཕྱིར་དང་། དེའང་དྲོད་ཀྱི་རང་བཞིན་གྱི་ཕྱིར་རོ། །གཡུང་མོའི་རྒྱས་འདེབས་ཀྱིས་ནི། ཕྲག་དོག་གི་སྐད་ཀྱི་དབྱིངས་ལས། འགྲོ་བའི་དོན་


JLD011_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདྲེན་ཞིང་། དེའང་སྔར་བྱང་སེམས་འགྲོ་བ་ལ་བཤད་པས། བྱང་སེམས་ཞུ་ནས་འགྲོ་འོང་བྱེད་པ་ནི་ཆགས་པ་ཆེན་པོའི་མེའི་ཁམས་ལ་བལྟོས་པར་བསྟན་པའི་ཕྱིར་རོ། །དཀར་མོ་ལ་མི་བསྐྱོད་པས་རྒྱས་གདབ་པ་ནི། དཀར་མོ་གཟུགས་ཕུང་ཡིན་པས་པུ་ཀ་སི་དང་འདྲའོ། །ཙཽ་རི་ལ་རྣམ་སྣང་གིས་རྒྱས་འདེབས་པ་ནི་སེམས་ལ་ལུས་ཀྱི་རྒྱས་འདེབས་བྱེད་པ་སྟེ། ཙཽ་རི་ཚོར་བ་ཡིན་པ་ལ་དགོངས་སམ་བརྟག་གོ །རོ་ལངས་མ་ལ་རིན་འབྱུང་གིས་རྒྱས་འདེབས་པ་ནི། འདུ་ཤེས་མེའི་ཁམས་སུ་དང་། རིན་འབྱུང་ཁྲག་ཏུ་བཤད་པའི་གནད་ཀྱིས་དང་། །གྷ་སྨ་རི་ལ་སྣང་མཐས་རྒྱས་འདེབས་པ་ནི། འདོད་ཆགས་རྒྱུར་མེད་པར་ཕྲག་དོག་མི་སྐྱེ་བས། འབྲས་བུ་ལ་རྒྱུའི་རྒྱ་ཟེར་ཏེ་དཔྱད་པར་བྱའོ། །ཛཀཁ་ལ་ཛཀྵ་ཞེས་འབྱུང་ལ། ཨུ་ལ་བ་ཡུ་ཞེས་དང་། བྷཱུཉྫ་ལ་པུཥྤ་ཞེས་ཀྱང་འབྱུང་ངོ་། །སྟེང་ཞལ་ཞེས་སོགས་འགྱུར་འཁྲུགས་པས། བྷ་བའི་འགྲེལ་པར་འོག་ཞལ་སྐུའི་རྡོ་རྗེ་མ་ཞེས་དང་། སྟེང་ཞལ་གསུང་གི་རྡོ་རྗེ། ཞེས་བསྒྱུར་བ་ལྟར་བྱའོ། །རིགས་གསུམ་དུ་སྡུད་པ་ན་སེར་སྣ་དང་ཕྲག་དོག་གཉིས་འདོད་ཆགས་སུ་དང་། རིགས་གཅིག་ཏུ་བྱེད་ན་གཏི་མུག་དང་འདོད་ཆགས་གཉིས་ཀྱང་ཞེ་སྡང་དུ་བསྡུས་པ་དང་། མི་བསྐྱོད་པའང་རྡོར་སེམས་ཀྱི་ནང་དུ་ཞུགས་པ་གཉིས་སོ། །རིགས་ལྔར་བྱེད་པ་ན་རྡོར་སེམས་མི་བསྐྱོད་པའི་ནང་དུ་བསྡུའོ། །ལེའུ་ལྔ་པ་ནི། སྔར་ལྷའི་ལེའུར་ཧེ་རུ་ཀ་གསུམ་བཤད་ཅིང་དཀྱིལ་འཁོར་མ་བཤད་ལ། ལེའུ་བརྒྱད་པར་བདག་མེད་མའི་རྟེན་དང་། བརྟེན་པའི་དཀྱིལ་འཁོར་བཤད་ཀྱང་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་མ་བཤད་པས། དེ་བཤད་པར་ཞུས་པ་ལས། གང་ལ་ཞུས་པ་ནི། ཕྱག་ནི་ཞེས་པ་ལྔའོ། །གང་གིས་ཞུས་པ་ནི། བདག་


JLD011_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མ་ཞེས་པ་གཅིག་གོ །ཇི་ལྟར་ཞུས་པ་ནི་བཅོ་ལྔ་ཞེས་པ་བཞི་སྟེ། བཅོ་ལྔ་ནི་གང་ལ་དང་། གང་གིས་བསྐོར་བ་སོ་སོར་མ་ཕྱེ་བའི་དབང་དུ་བྱས་པའོ། །དེའི་ལན་བཤད་པར་བཞེད་པ་ནི། བདག་མེད་ཅེས་པ་བཞི་སྟེ། ཐོད་པ་ནི་བདེ་བ་སྐྱོང་བའི་ཕྱིར་ཡུམ་གྱི་པདྨའོ། །སྟ་ནཾ་ནི་དཀར་འཛིན་ནོ། །བཤད་པ་དངོས་ནི་དཀྱིལ་འཁོར་ཞེས་སོགས་ཏེ། རྐང་པ་བཞིས་བདག་མེད་མའི་རྟེན་གྱི་དཀྱིལ་འཁོར་རོ། །བསྐྱེད་ཚུལ་ཇི་ལྟར་བཤད་པ་འདིའང་ཡིན་པ་དང་། དཀྱིལ་འཁོར་གྱི་མཚན་ཉིད་མདོར་བསྡུས་ནས་བསྟན་ཏེ། འོག་གི་བྲི་བའི་སྐབས་སུའང་འཆད་དོ། །སྒྲུབ་ཐབས་ཀྱི་རིམ་པ་ནི་ཐོག་མར་ཚོགས་ཞིང་སྤྱན་དྲངས་ཏེ། ལྷ་མོ་བརྒྱད་ཀྱིས་མཆོད་པ་དང་། དེ་ནས་ཚད་མེད་བཞི་བསྒོམ་པ་དང་། ཡང་ནི་སྟོང་པ་ཞེས་སོགས་བཞི་དང་། ཤྲཱི་ནི་ཞེས་པ་བཞི་དང་། ཧེ་ནི་ཞེས་པ་གཉིས་ཀྱི་མཐར། འདིས་ནི་ཤེས་རབ་རིགས་པ་ཡིས། །ཀྱཻ་རྡོ་རྗེ་ཡང་དག་དགོད། །ཅེས་བཏོན་ནས་ཤཱུ་ནྱ་ཏཱས་སྟོང་པར་བསྒོམ་པ་དང་། ལྷའི་ལེའུར་བཤད་པའི་སྲུང་འཁོར་དང་། ནམ་མཁའི་ཁམས་ལ་བྷ་ག་བསམ། །ཞེས་སོགས་དང་། ནང་དུ་པདྨ་འདབ་བརྒྱད་དང་། དེ་ཡི་དབུས་སུ་ཟླ་བ་དང་། དེ་ཡི་སྟེང་དུ་ས་བོན་དང་། དེ་ནས་ཉི་མ་བསྒོམ་པ་སོགས་ཀྱི་མངོན་བྱང་ལྔ་ལས་གཟུགས་རྫོགས་པ་དང་། དེའི་འོག་ཏུ། ང་ཡི་དབུས་སུ་གནས་པ་ཡང་། །བཞིན་བཟང་ཁྱོད་དང་ལྷན་ཅིག་ཏུ། །ལྷན་ཅིག་སྐྱེས་དགའི་རང་བཞིན་གྱིས། །འདོད་ཆགས་ཆེན་པོས་རྗེས་སུ་ཆགས། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་པོ་ནི་མཉམ་པར་མནན། །འཇིགས་པ་ཡང་ནི་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་རེ་ཞིག་ཇི་སྲིད་གླུ་བླངས་པའི་བར་རོ། །དེའི་འོག་ཏུ་བདག་པོ་དགའ་མའི་ས་བོན་གཉིས། །ཨ་ཧཱུཾ་འབར་མ་


JLD011_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་སུ་རུང་། །ཨ་དང་ཧཱུཾ་ནི་སྔོན་པོ་ལས། །རྡོ་རྗེ་འཛིན་པ་ཆེན་པོ་བཞེངས། །ཞབས་བཞི་པ་ལ་མནན་པ་ཡིས། །ལྷ་དང་ལྷ་མིན་སྲེག་པར་བྱེད། །གླང་པོ་རྟ་དང་བོང་བུ་གླང་ནས། གར་གྱི་རོ་ནི་དགུ་དང་ལྡན། །རྣལ་འབྱོར་མ་ནི་བརྒྱད་ཀྱིས་བསྐོར། །དུར་ཁྲོད་དུ་ནི་མགོན་པོ་རོལ། །ཞེས་སྟོན་ནས། དེ་ནས་མིག་སོགས་དང་། སྐུ་གསུང་ཐུགས་བྱིན་རླབས་དང་། ཡེ་ཤེས་པ་གཞུག་པ་དང་། དབང་བསྐུར་རྒྱས་འདེབས་དང་། མཆོད་བསྟོད་དང་བདུད་རྩི་མྱང་བ་དང་། དག་པ་དྲན་པའི་མཐར། དེ་ནས་གཽ་རཱི་སོགས་ལྷ་མོ། །རང་ཕྱོགས་ཁ་བལྟས་གཞུག་པར་བྱ། །ལྷ་མོའི་སྙིང་གར་གྲི་གུག་གནས། །ༀ་དང་ལྷན་ཅིག་ཞུ་གྱུར་ནས། །བཅོམ་ལྡན་སྙིང་གར་ཡང་དག་བཞུགས། །རང་སྙིང་ཉི་མ་ལ་གནས་ཧཱུཾ། །བཅོམ་ལྡན་འདས་དང་ལྷན་ཅིག་ཏུ། །གཅིག་ཏུ་གྱུར་པར་རྣམ་པར་བསམ། །ཉི་ཟླ་ཁ་སྦྱོར་ནང་ས་བོན། །གནས་སྐབས་ཀྱིས་ནི་ཀུན་ཏུ་གནས། །གནས་སྐབས་དེར་ནི་ཚིགས་བཤད་འདིས། །ཐོག་མ་མེད་སོགས་དྲན་པར་བྱ། །དེ་ཡི་ས་བོན་ཉི་ཟླ་དག །འདྲེས་པར་གྱུར་པའི་རིམ་པ་ཡིས། །མར་མེའི་ཚུལ་གྱིས་དགའ་བ་ཆེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཅན། །དམིགས་པ་མེད་པར་བསམ་པར་བྱ། །ཇི་སྲིད་ཤིན་ཏུ་སྟོང་པ་ཉིད། །འདི་དང་འདི་ལྟར་བརྟག་བྱ་སྟེ། །དཀྱིལ་འཁོར་རིམ་པ་སྤྲོ་བར་བྱ། །སྔགས་ནི་སྙིང་ག་ལས་རྡོ་རྗེ། །ལམ་ནས་བདེ་བའི་གཟུགས་ཀྱིས་སུ། །ལྷ་མོའི་པདྨར་སོང་དེ་ལས། །ལྷ་མོ་ཡི་ནི་ཁར་ཕྱུང་སྟེ། །རང་གི་ཁར་ནི་གཞུག་པར་བྱ། །ཡང་ནི་དེ་ཉིད་ཀྱིས་ཕྱུང་སྟེ། །ཞེས་པདྨ་ཅན་ལས་འཆད་དོ། །དཀྱིལ་འཁོར་རིམ་པར་སྤྲོ་བར་བྱ་བ་ནི། འོད་གསལ་ལས་སླར་ཡང་ལྡང་བའི་རིམ་པའོ། །དེ་འདྲ་བའི་


JLD011_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་རིམ་གྱིས་འོད་གསལ་དུ་འཇུག་པ་འདི་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་རྗེས་གཞིག་གི་བསམ་གཏན་གྱིས་འོད་གསལ་དུ་འཇུག་པར་བཤད་པ་དེ་ཡིན་ལ། འདིའང་མཚོ་སྐྱེས་ཀྱིས་མཛད་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་དཔལ་ཛ་ལནྡྷ་རི་པས་མཛད་པ་ལས་གསལ་བར་བཤད་དེ། འདི་ནི་གྲུབ་ཆེན་ཡན་ལག་མེད་པའི་རྡོ་རྗེའི་གཞུང་ལ་བརྟེན་ནས་མཛད་པར་སྣང་སྟེ། ཌ໋་བི་བས། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །ཕྱི་ནས་ཁ་དོག་རྣམ་པར་སྤོང་། །ཞེས་པའི་ཡང་དོན་ཡིན་ལ། དེ་རྣམས་ཀྱང་བཤད་པའི་རྒྱུད་གུར་ལས། དེ་ནས་ཡན་ལག་དྲུག་བསྒོམས་ཏེ། །རང་ཡང་རང་བྱིན་བརླབ་པ་ཡིས། །བྱིན་གྱིས་བརླབ་པར་བྱ་བ་ཡིན། །ཆོ་གའི་གོ་རིམ་རིམ་པ་ཡིས། །དེ་ནས་མཚན་མ་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་སྲིན་བུ་མེ་ཁྱེར་དངོས། །བཞི་པ་མར་མེ་གསལ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཐམས་ཅད་མཁྱེན་པའི་རྒྱུ་དེ་སྟེ། །དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། །ཞེས་བསྟན་པའི་བདག་བྱིན་བརླབ་ཅེས་པ་དེ་ཡིན་ནོ། །འདི་བདེ་མཆོག་སྟོད་འགྲེལ་སོགས་ལས། སོ་སོར་སྡུད་པའི་ཡན་ལག་དྲུག་ལ་སྦྱར་ནས་ཀྱང་འཆད་ལ། རྒྱུད་ཀྱི་རྡོ་རྗེའི་ཚིག་རེ་རེ་ལ་བསྐྱེད་རྫོགས་གཉིས་དང་། རྫོགས་རིམ་གྱི་དོན་དུ་མ་ལ་དྲངས་ཏེ་བཤད་པས་ཆོག་པས་ཚུལ་གཉིས་ཀ་ཤེས་པར་བྱའོ། །གུར་གྱི་ལེའུ་བཞི་པར་བཤད་པའི་རང་བྱིན་རླབས་བསྒོམ་ཚུལ་གསལ་བར་ནི། གུར་གྱི་ལེའུ་བཅུ་བཞི་པ་ལས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་དཔའ་བོ་ཆེན་པོ་རང་བྱིན་གྱིས་བརླབ་པའི་ཐེག་པ་ལ་ཞུགས་ཏེ། རང་བྱིན་བརླབ་པའི་སྦྱོར་བ་རུ། །དེ་ཉིད་ཕྱིར་ན་གསུངས་པ་སྟེ། །སྙིང་གའི་དབུས་


JLD011_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཟླ་བ་གནས། །ཟླ་བའི་གཟུགས་ལ་མི་ཤིགས་པ། །སྣ་ཚོགས་འོད་ཀྱི་རྣམ་འཁྲིགས་ལྡན། །དེས་ནི་རྡོ་རྗེ་རྣལ་འབྱོར་བསྒོམ། །རྡོ་རྗེ་བདག་མེད་མ་མཁའ་འགྲོ། །བསྐུལ་བའི་ཆོ་གས་བསྒོམ་པར་བྱའོ། །མཁའ་འགྲོ་མ་ཡི་སྣ་རྩེར་ནི། །ཡུངས་ཀར་གནས་པ་རྣམ་པར་བསྒོམ། །ཁམས་གསུམ་བརྒྱུ་དང་མི་བརྒྱུ་བའི། །འགྲོ་བ་མ་ལུས་ཡུངས་ཀར་དུའོ། །ཞེས་པས་སྙིང་གར་མི་ཤིགས་པ་དང་། འོག་སྒོར་ཕྲ་མོ་བསྒོམ་པའི་རང་བྱིན་རླབས་གཉིས་གསུངས་སོ། །དེ་གཉིས་བསྒོམས་པ་ལས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་འདྲེན་པའང་དེ་ཉིད་ལས། དེ་ལྟ་བུར་ནི་བསྒོམས་གྱུར་ན། །རང་བྱིན་བརླབ་པར་རབ་ཏུ་འགྲུབ། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་མངོན་ལྡན་ཞིང་། །རྣལ་འབྱོར་ཉིད་ཀྱིས་དེར་བསམས་ནས། །དེ་ནས་བདག་དང་གཞན་མེད་པར། །རྡོ་རྗེ་པདྨ་ལས་བྱུང་བཞིན། །ཡང་དག་བདེ་བ་དངོས་མཆོག་དེ། །རྦ་རླབས་མེད་ཅིང་སྣང་བ་མེད། །རྣམ་པར་རྟོག་མེད་འགྱུར་བ་མེད། །ཉུང་ཟད་ཆང་ལ་རབ་ཞུགས་ཏེ། །བདག་མེད་མ་ལ་རང་རིག་བཞག །བྲལ་བའི་དགའ་བ་དག་གི་མཐའ། །རྟོག་པའི་དྲ་བ་རྣམ་བྲལ་ཞིང་། །མི་གཡོ་རྣམ་པར་འཁྲུལ་བ་མེད། །ཅེས་གསལ་བར་གསུངས་སོ། །ལེའུ་བཞི་པར། དངོས་གྲུབ་ངེས་འཇུག་ཉེ་བ་ཡིན་གྱི་མཇུག་ཐོགས་སུ། ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པ་སྐད་ཅིག་འགྱུར། །ཁམས་གསུམ་བརྒྱུ་དང་མི་བརྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་འོད་གསལ་ལྷན་ཅིག་སྐྱེས་པའི་རྗེས་ནས་སྒྱུ་མའི་ལུས་འགྲུབ་པ་གསལ་བར་གསུངས་པའི་དོན་ནི། འོད་གསལ་ལས་ལྡང་བའི་རིམ་པ་བཤད་པ་དེ་ཡིན་ནོ། །ལེའུ་བཅུ་བཞི་པར། སྔར་ལྟར་བཤད་པའི་སྐབས་སུ་ཡང་། ཆུ་རྒྱུས་དྲ་བ་དང་བཅས་


JLD011_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །ཡན་ལག་ཀུན་ལྡན་བུ་ག་ཅན། །ལུས་དེ་མེད་པར་སྣང་བར་འགྱུར། །དེ་ཡི་སྐད་ཅིག་དེ་ཉིད་ལ། །དགྱེས་པའི་རྡོ་རྗེའི་སྐུ་འཛིན་འགྱུར། །ནམ་མཁའ་ཇི་བཞིན་དམིགས་མེད་བཞིན། །མཚན་མ་མེད་ཅིང་སྐྱེ་བ་མེད། །སྣ་ཚོགས་རྣམ་བྲལ་སྒྲིབ་ལྔ་སྤངས། །སངས་རྒྱས་དངོས་རྣམས་དང་བྲལ་བ། །མེ་ལོང་གཟུགས་བརྙན་ཇི་བཞིན་དུ། །དེ་ཡི་བདག་ཉིད་དུ་སྣང་བར། །ཧེ་རུ་ཀ་ཡི་དངོས་པོར་གསལ། །ཞེས་རྣམ་སྨིན་གྱི་ལུས་རགས་པ་འདི་དང་བྲལ་ནས། མེ་ལོང་གི་གཟུགས་བརྙན་ལྟ་བུའི་ཀྱཻ་རྡོ་རྗེའི་སྐུར་འགྱུར་བར་གསུངས་པས་ནི། སྔར་ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། ཞེས་པ་གསལ་བར་བསྟན་པ་ཡིན་ཏེ། རིམ་ལྔ་ལས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། ཞེས་གསུངས་པ་ལྟར་རོ། །འདིའང་ཀྱཻ་རྡོར་རྩ་རྒྱུད་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང་། །ཇི་ལྟར་བར་མའི་སྲིད་ཡིན་པ། །རྟག་ཏུ་གོམས་པའི་སྦྱོར་བ་ཡིས། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །ཕྱག་རྒྱ་ཆེན་པོའི་དབང་སྐུར་བར། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་འདི་ནི་བྱིན་བརླབས་ཡིན། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཅེས་གསུངས་པ་ལས་ཀྱང་ཤེས་ཏེ། གསུམ་པ་དངོས་དབང་དུ་བསྐུར་བ་ལས་མཚོན་པའི་ལྷན་སྐྱེས་ཀྱི་བདེ་ཆེན་དང་། སྟོང་པ་སྦྱར་བ་གོམས་པ་ལས། དཔེ་གསུམ་པོ་དང་འདྲ་བའི་དཀྱིལ་འཁོར་བྱུང་གི་དེ་ལས་གཞན་ལས་མི་འབྱུང་བར་གསུངས་པ་ན། སྣང་ལ་རང་བཞིན་མེད་པར་རྟོགས་པའི་ལྷ་སྐུ་ལ་བྱེད་ན་ནི། རྒྱུད་སྡེ་འོག་མ་གསུམ་དུའང་དུ་མ་ཞིག་འབྱུང་བས། གཞན་ལས་འབྱུང་བ་མེད་ཅེས་པ་མི་འཐད་ཅིང་། བར་སྲིད་དཔེར་བླངས་པའང་དོན་མེད་དོ། །དེས་ན་འཆི་བའི་འོད་གསལ་ལས་རླུང་སེམས་ཙམ་ལས་བར་དོའི་ལུས་འགྲུབ་པ་དང་འདྲ་བར། ལྷན་སྐྱེས་བདེ་ཆེན་གྱི་འོད་གསལ་ཐམས་ཅད་སྟོང་


JLD011_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། རླུང་སེམས་ཙམ་ལས་སྒྱུ་མ་ལྷའི་སྐུ་འཛིན་པ་བསྟན་པ་ཡིན་ལ། དེའང་སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་ཐམས་ཅད་འཆི་རིམ་དང་མཐུན་མོད་ཀྱང་། སྙིང་གར་རླུང་སེམས་བསྡུས་པ་ལས་འོད་གསལ་དུ་ཞུགས་པ་འདྲ་བ་གཞན་གང་ལའང་མེད་པས། སྙིང་གའི་སྡུད་རིམ་གནད་ཆེ་མོད་ཀྱང་། རྟོགས་དཀའ་བས་བཤད་པ་དེ་ཙམ་དུ་མ་ཐོན་སྣང་ངོ་། །འདི་རྣམས་ཀྱི་གནད་ཤེས་ན་བཤད་རྒྱུད་ལས་བསྐྱེད་རིམ་གྱི་སྐབས་སུ། བར་དོ་དང་དངོས་སུ་སྦྱར་བའི་ཤུགས་ཀྱིས་འཆི་བ་དང་སྐྱེ་བ་གཉིས་དང་སྦྱར་བའང་སྟོན་པ་དང་། ཡང་དེ་ལས་སངས་རྒྱས་ཀྱི་གཟུགས་སྐུ་རིགས་མཐུན་གྱི་རྒྱུ་ལྷའི་རྣལ་འབྱོར་གྱིས་བསྒྲུབ་དགོས་པར་བསྟན་པའི་གནད་ཀྱི་གཙོ་བོ་དང་། རྩ་རྒྱུད་ལས། བདེ་བ་གང་གིས་འཆི་བ་འདིར། །དེ་ཡི་བདེ་བ་བསམ་གཏན་བརྗོད། །ཅེས་གསུངས་པ་རྣམས་ཀྱི་དོན་རྣམས་ཤེས་པར་འགྱུར་རོ། །ལེའུ་འདིར་རྒྱུ་དང་འབྲས་བུའི་ཧེ་རུ་ཀ་གཉིས་ཀ་སྐུ་མདོག་ནག་པོར་གསུངས་ཤིང་། བརྟག་པ་དང་པོའི་ལེའུ་བརྒྱད་པར་རྒྱུའི་ཧེ་རུ་ཀ་དཀར་པོར་ཡང་གསུངས་པས་རྒྱུ་འབྲས་གཉིས་གཞན་རྣམས་མཐུན་ལ། སྐུ་མདོག་མཐུན་མི་མཐུན་གཉིས་ཡོད་དོ། །འདི་ཡིས་ས་བོན་ཕྱུང་བ་དང་། ཞེས་པ་ནི་ཀུ་མུ་ཊིར་ས་བོན་བརྒྱད་ལས་ལྷ་མོ་བརྒྱད་བསྐྱེད་པ་དང་། དེ་བརྒྱད་ཀྱིས་ལྷ་མོ་བརྒྱད་འབྱིན་པར་གསུངས་པ་ལྟར་བྱ་སྟེ། དེས་ལྷ་མོ་འབྱིན་པ་མང་པོ་ལས་གསུངས་སོ། །གདོལ་བ་མོའི་ས་བོན་ལ་ལཾ་ཞེས་པ་ཤིན་ཏུ་མང་ལ། ཁ་ཅིག་ལས་ཙམ་ཞེས་ཀྱང་འབྱུང་སྟེ། དེ་ནི་ལྷ་མོ་དེའི་མཚན་ལ་ཙཎྜ་ལི་ཞེས་འབྱུང་བ་དང་མཐུན། ལཾ་ཞེས་པའང་དེའི་མཚན་གྱི་རྣམ་གྲངས་གཞན་གྱི་དབང་དུ་བྱས་སོ། །རྡོ་རྗེ་སྙིང་པོ་དབང་སྦྱིན་ཕྱིར། །ཞེས་


JLD011_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཀྱིས་ནི། ལམ་གཞན་གྱི་མཐར་ཡང་ལས་རྒྱ་ལ་བརྟེན་ནས་ལྷན་སྐྱེས་བསྐྱེད་པ་བསྟན་པར་མན་སྙེར་རོ། །བུམ་པ་བརྒྱད་ཅེས་པས་རྣམ་རྒྱལ་དང་ལས་བུམ་གཉིས་ལོགས་སུ་སྟོན་ནོ། །དགའ་བྲལ་བཞི་པར་སྐྱེ་བར་འདོད་པ་ལྟར་ན་གཞུང་དོན་སླ་ལ། དེ་ལས་གཞན་དུ་སྨྲ་བ་ལྟར་ན། མཆོག་མཐའ་དགའ་བྲལ་སྔོན་མ་ཅན་གྱི་དོན་དུ་འདོད་དོ། །ཐམས་ཅད་རྒྱུད་དུ་སྦས་པ་ནི་རྒྱུད་སྡེ་འོག་མར་ལྷན་སྐྱེས་མ་བསྟན་པ་དང་། བླ་མེད་ཀྱི་རྒྱུད་གཞན་དུ་ལྷན་སྐྱེས་གསུམ་པར་སྐྱེ་བ་མ་བསྟན་པར། མཐར་ཐུག་པའི་རྒྱུད་འདིར་བསྟན་པ་ལ་སྦྱོར་བ་གཉིས་སོ། །ལོངས་སྤྱོད་ཀྱིས་ནི་ཞེས་པ་བཞིའི་སྒྲས་ཟིན་ལྟར་མིན་པར་དོན་གཞན་དུ་ལས་རྒྱ་ལ་བརྟེན་པ་ལ་འཆད་པ་དང་སྒྲས་ཟིན་ལའང་བཙན་ཐབས་སུ་གྲགས་པ་ལྟར་དང་། ཡེ་རྒྱ་ལ་བརྟེན་ནས་དབང་བསྐུར་བ་ལ་བཤད་པ་གསུམ་མོ། །སྟོང་དང་སྟོང་མིན་ནི་བདེ་སྟོང་རེ་རེ་བ་མིན་པར་དབྱེར་མེད་དུ་བྱས་པ་དང་། ལེའུ་དྲུག་པ་ནི་སྔར་སོ་སོའི་རྣམ་དག་བཤད་པའི་ཕྱག་རྒྱ་ལྔ་འཛིན་པའི་དགོས་པ་དང་། ལྷའི་དམིགས་པ་གསལ་བའི་དོན་དུ་བྲིས་སྐུ་སྟོན་ལ། མར་གྱི་བཅུ་བཞིས་ནི་དེའི་བརྒྱད་ཀྱང་མཚོན་ཏེ། དུས་ཁྱད་པར་བ་གསུངས་ཀྱི་དུས་གཞན་ལ་བྲིར་མི་རུང་བ་མིན་ནོ། །ལེའུ་བདུན་པར། སྦྲང་ཆེན་ཞེས་པ་ནི་མིའི་ཞུན་གྱི་མར་མེའི་དུད་པ་ལ་སྣག་ཚ་བྱེད་པའོ། །དུར་ཁྲོད་སོགས་ལ་ནང་བཤད་ཀྱང་ཡོད་དེ་སླའོ། །བརྒྱད་པ་ཀུན་རྫོབ་རྣམ་པའི་གཟུགས་ཀྱི་ཕྱག་ཆེན་གསུངས་པ་ནི། མཱ་མ་ཀཱའི་རིགས་ཅན་གྱི་ཕྱག་རྒྱའོ། །ཡབ་ལ་བདེ་བ་སྦྱིན་པ་ཞེས་པ་ནི་ཐབས་ཤེས་སྦྱོར་བ་ན་ཤེས་རབ་ཀྱི་རྐྱེན་གྱིས་ཐབས་ལ་དགའ་བཞི་བསྐྱེད་པ་བཞིན་དུ། ཐབས་ཀྱི་རྐྱེན་གྱིས་ཀྱང་ཤེས་རབ་ཀྱི་རྒྱུད་ལ་དགའ་བཞི་བསྐྱེད་པའི་དོན་ནོ། །ཕལ་བས་པདྨ་ཅན་དུ་བརྗོད་པ་ནི། འདོད་པའི་བསྟན་བཅོས་ལས་དེ་ལྟར་བརྗོད་


JLD011_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པར་པདྨ་ཅན་ལས་བཤད་པ་ནི། པདྨ་ཅན་ལ་སོགས་པའི་བུད་མེད་རིགས་བཞི་ག་བསྟན་བཅོས་དེ་ནས་བཤད་པ་ལྟར་རོ། །འོན་ཀྱང་ལག་སྨིས་རྩ་འཚོལ་བའང་བསྟན་བཅོས་དེ་ནས་བཤད་ཅེས་པ་ནི་གཏན་མིན་ཏེ། འདི་ནི་བླ་མེད་ཀྱི་ཁྱད་ཆོས་སུ་བཤད་པའི་ཕྱིར་རོ། །སྨྱོ་མེད་ནི་སྨྱོ་བཤད་ཕྱིན་ཅི་ལོག་ཏུ་མི་བྱེད་པར་ཇི་ལྟ་བ་བཞིན་འཆད་པ་ལ་ནཱ་རོ་གསུང་ཟེར་ཞེས་པ་ལས་འབྱུང་ངོ་། །བཙུན་མོའི་ཤུ་གྲ་ཟ་བ་དང་། སྔར་བཤད་པའི་བཙུན་མོའི་ཁུ་བ་མ་བྱིན་པར་ལེན་པར་བཤད་པ་གཉིས་དོན་གཅིག་ལ། དེའི་དོན་ནི་ཤེས་རབ་ཀྱི་དྷཱུ་ཏཱིའི་མར་སྣ་ནས་དེའི་དཀར་ཆ་རྡོ་རྗེའི་བུ་གའི་རྩར་འཇུག་པའོ། །མཉམ་ཟས་ཅན་གྱིས་ཕར་ལའང་འཇུག་པར་བསྟན་ཏེ། ཀ་ཀཱ་མུ་ཁ་ཨེ་ཀ་ར་སོ་ཞེས་པའི་དོན་གོ་ན་ཚུལ་དེ་ཤེས་སོ། །སྐལ་མེད་ཅེས་པའི་ཚིག་ལ་བརྟེན་ནས་འདིར་བཤད་པ་ནི། ཅིག་ཅར་འཇུག་པའི་སྐལ་བ་མེད་པ་རིམ་གྱིས་འཇུག་པ་ཡིན་པས་སྐལ་ལྡན་ཅིག་ཅར་དུ་འཇུག་པ་དང་བཅས་པའི་འཇུག་རིམ་གཉིས་ཡོད་པར་བོད་ཀྱི་རྒྱུད་པ་སོ་སོ་བ་རྣམས་འཆད་མོད་ཀྱང་། རྒྱུད་འདིའི་འགྲེལ་པ་ཁུངས་ཐུབ་གང་ནས་ཀྱང་དེ་ལྟར་བཤད་པ་མེད་ལ། རྒྱུད་དང་བསྟན་བཅོས་ཁུངས་ཐུབ་གཞན་གང་ནས་ཀྱང་ཅིག་ཅར་དུ་འཇུག་རིམ་མ་བཤད་ཅིང་། སྤྱོད་བསྡུས་ལས། དམིགས་ཀྱིས་ཕུག་ནས་བཀག་པའི་ཕྱིར་ལེགས་པ་མ་ཡིན་ནོ། །དེས་ན་འགྲེལ་པའི་འགྱུར་འགའ་ཞིག་ལས། སེམས་ཅན་གདུག་པ་འདུལ་དཀའ་བ་ཞེས་འབྱུང་བ་ལེགས་ཏེ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པའི་ཕྱིར་དང་། ཚེ་འདིར་མཆོག་འགྲུབ་པ་ལ་དབང་པོ་ཤིན་ཏུ་རྣོན་པོ་དགོས་པས། བྱེ་བྲག་ཏུ་སྨྲ་བ་སོགས་ཀྱི་བདག་མེད་ཀྱི་ལྟ་བ་ལ་རིམ་གྱིས་མ་ཁྲིད་པར། དང་པོ་ནས་དབུ་མ་བསྟན་


JLD011_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ན་མི་གོ་བ་ཡིན་པའི་ཕྱིར་དང་། སྐལ་མེད་ཀྱི་རིམ་འཇུག་ཡིན་ན་དེ་ལྟར་བྱ་དགོས་པའི་ཕྱིར་རོ། །དེས་ན་སེམས་ཅན་གདུག་པ་ནི་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཉོན་མོངས་ཤས་ཆེ་བའོ། །འདུལ་དཀའ་བ་ནི་ཀུན་སྤྱོད་ལས། །དུས་མཐར་གཞན་གྱིས་མི་འགྲུབ་སྟེ། །ཞེས་གསུངས་པ་ལྟར་ལམ་འདི་ལས་གཞན་པའི་ལམ་གྱིས་མི་འདུལ་བའོ། །དེ་འདྲ་བའི་གང་ཟག་ཚེ་འདིར་མཆོག་འགྲུབ་པའི་རིན་པོ་ཆེ་ལྟ་བུ་ལ་ནི། མང་དུ་ཐོས་པའི་ཕ་རོལ་ཏུ་སོན་པ་དགོས་པར་སྒྲོན་གསལ་ལས་གསུངས་ཤིང་། དེ་ལ་ནི་མདོ་རྒྱུད་གཉིས་ཅར་གྱི་མང་དུ་ཐོས་པ་ཕུན་སུམ་ཚོགས་པ་དགོས་པས། དེས་གང་ལ་སྦྱོང་བའི་གཞི་གསུངས་ཏེ། དེའང་དབུ་མའི་བར་གྱིས་ནི་མདོ་སྡེའི་ཕྱོགས་ཀྱི་ཐེག་པ་ཆེ་ཆུང་ལ་མཁས་པར་བྱ་བ་དང་། དེ་ནས་གཉིས་ཀྱིས་ནི་སྔགས་ཀྱི་ཕྱོགས་ལ་མཁས་པར་བྱ་བ་བསྟན་ཏེ། དེ་ལ་སྔགས་པ་ཁྱིམ་པ་དང་རབ་བྱུང་གི་རྟེན་ཅན་གཉིས་ལས། དང་པོ་ནི་གསོ་སྦྱོང་ཞེས་པས་སྟོན་ཏེ། བསྙེན་གནས་ནི་དགེ་བསྙེན་གྱི་གསོ་སྦྱོང་ཡིན་པ་དང་། བསྙེན་གནས་ཚེ་ཇི་སྲིད་དུ་བསྲུང་བ་ནི་གོ་མིའི་དགེ་བསྙེན་དུ་གསུངས་སོ། །བསླབ་པའི་གནས་བཅུས་ནི་དགེ་ཚུལ་གྱི་སྡོམ་པ་བསྟན་ལ། དེས་ནི་བསྙེན་རྫོགས་ཀྱི་སྡོམ་པའང་མཚོན་ནོ། །སྐབས་ཀྱི་སྟོབས་ཀྱིས་བྱང་སེམས་ཀྱི་སྡོམ་པ་འཛིན་པའང་བཟུང་ངོ་། །གྲུབ་མཐའ་བཞི་སྟོན་པ་ནི། གཙོ་བོར་བདག་མེད་པའི་ལྟ་བ་གཏན་ལ་འབེབས་པའི་ཆེད་ཡིན་ཏེ། བླ་མེད་ཀྱི་རྒྱུད་སྡེར་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་པའི་ཐབས་ཐུན་མོང་མ་ཡིན་པའི་གནད་དུ་མ་གསུངས་པ་ནི། དེས་བདག་མེད་པའི་དེ་ཁོ་ན་ཉིད་བསྒོམ་པའི་ཕྱིར་ཡིན་ལ། དེ་ཁོ་ན་ཉིད་ཀྱི་དོན་ཡང་། གྲུབ་མཐའ་སྨྲ་བ་གཞན་གསུམ་གྱིས་ཇི་ལྟར་གཏན་ལ་ཕབ་པ་མཐའ་དག་པར་མ་ཤེས་པར་དབུ་མའི་དོན་ཇི་ལྟ་བ་བཞིན་མི་རྟོགས་པའི་ཕྱིར་དང་། དེའི་དོན་མ་རྟོགས་བར་དུ་བདེ་སྟོང་སྦྱོར་བའི་སྟོང་


JLD011_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ལྟ་བ་མི་རྙེད་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་ཞེས་པའི་དོན་ནི། བྱེ་བྲག་ཏུ་བཤད་མཚོ་ཞེས་པའི་གཞུང་ལ་ཚད་མར་བྱས་ནས་དེས་རྩེ་ཞིང་རོལ་བའོ། །འདིར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བས་གནས་མ་བུ་ལ་སོགས་པ་གང་ཟག་རྫས་ཡོད་དུ་སྨྲ་བ་ལྟར་ཁས་མི་ལེན་ཡང་། ལྡན་མིན་འདུ་བྱེད་རྣམས་རྫས་སུ་གྲུབ་པར་སྨྲ་བས་དེའི་གནད་ཀྱིས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་གཉིས་ཀྱི་སློབ་ཚུལ་སོ་སོར་བཤད་པ་འདྲ་སྟེ་དཔྱད་དོ། །གང་ཟག་གི་བདག་མེད་ཀྱི་དབང་དུ་མ་བྱས་པའི་གཞི་ལྔ་འདོད་ཚུལ་རྣམས་ཀྱི་དབང་དུ་བྱས་པ་མིན་ཏེ། མཐའ་ཡས་པའི་ཕྱིར་དང་། ཚུལ་སྔ་མ་རྟོགས་ན་དེས་དགོས་པ་འགྲུབ་པའི་ཕྱིར་རོ། །མདོ་སྡེ་པ་ཞེས་པའི་མདོ་སྡེ་ནི་མཛོད་འགྲེལ་སྐོར་བཅས་ལྟར་ན། བསྟན་བཅོས་དང་འགལ་བ་ནི་བླའི། མདོ་དང་འགལ་བ་ནི་དེ་ལྟ་མིན་ནོ། །ཞེས་བཤད་པ་ལྟར། ཉན་ཐོས་པའི་སྡེ་པ་མངོན་པ་སྡེ་བདུན་ཚད་མར་མི་བྱེད་ཀྱི། སངས་རྒྱས་ཀྱི་མདོ་ཉིད་ཚད་མར་བྱེད་པས། ཐེག་དམན་གྱི་མདོ་སྡེ་རྩོད་མེད་རྣམས་སོ། །པདྨ་ཅན་ལས་ཐེག་ཆེན་གྱི་མདོ་སྡེ་ལས་བཤད་པ་ནི། མུ་ཏིག་ཕྲེང་བར་མདོ་སྡེ་ཞེས་པ་ནི་ཐེག་པ་ཆེན་པོའི་མདོའི་སྡེ་ཤིན་ཏུ་ཟབ་པ་མ་ཡིན་པ་རྣམས་ཏེ། དེའང་ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བ་དང་། ཚིགས་སུ་བཅད་པ་བཞི་པ་ཞེས་བྱ་བ་དང་། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ཞེས་བྱ་བ་དང་། སྒོ་དྲུག་པ་ཞེས་བྱ་བ་དང་། བཟང་པོ་སྤྱོད་པ་དང་། ཆོས་བཞི་པ་དང་། རྒྱ་ཆེར་རོལ་བ་དང་། ས་བཅུའི་མདོ་ལ་སོགས་པ་རྣམས་སོ། །ཞེས་མདོ་དེ་རྣམས་ལ་ཚད་མར་བྱེད་པའི་ཉན་ཐོས་སྡེ་པ་མདོ་སྡེ་པར་བཤད་དེ། ཚུལ་གཉིས་ཡོད་དོ། །རྣལ་འབྱོར་སྤྱོད་པ་ནི། མདོ་ལས་རྣལ་འབྱོར་སྤྱོད་པའི་དགེ་སློང་ཞེས་མང་དུ་འབྱུང་བ་ལྟར་ན། ནང་གི་རྣལ་འབྱོར་བསྒོམ་པ་ལ་བརྩོན་པ་སྤྱི་ལ་ཡིན་ཅིང་། རྣལ་འབྱོར་སྤྱོད་པ་བཞི་


JLD011_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་པ་ཞེས་ཀྱང་འབྱུང་བས། རྣལ་འབྱོར་སྤྱོད་པ་གང་ཡིན་སེམས་ཙམ་པ་མིན་ལ། འདིར་བཤད་པ་འདི་འདྲ་བ་རྣམས་ནི་སེམས་ཙམ་པའི་མིང་ངོ་། །དེའང་ས་སྡེ་ལ་རྣལ་འབྱོར་སྤྱོད་པའི་ས་ཞེས་འབྱུང་ལ། གཞུང་དེའི་ལུགས་ལྟར་དུ་གྲུབ་པའི་མཐའ་ཁས་ལེན་པ་རྣམས་སོ། །དེའང་ཕྱི་རོལ་གྱི་དོན་མེད་པ་དང་སེམས་བདེན་པར་འདོད་པའོ། །སྤྱིར་སེམས་ཙམ་པས་རང་གི་ལྟ་བ་དེ་ཉིད་དབུ་མ་པའི་དོན་དུའང་འདོད་པས། དེ་གཉིས་ལ་མཆོག་དམན་མི་འདོད་ཀྱང་། རྒྱུད་འདི་ནས་གང་གསུངས་པ་བཞིན་དུ་དེ་གཉིས་སོ་སོར་གསུངས་པའི་དོན་འཆད་པ་ལ། མུ་ཏིག་ཕྲེང་བ་ལས། བག་ཆགས་ཀྱི་སྟོབས་ཀྱིས་སེམས་ཉིད་དོན་མེད་བཞིན་དུ་དེར་སྣང་བས་ན། སྣ་ཚོགས་པ་འདི་དག་སེམས་ཙམ་དུ་སྨྲ་བའི་ཆ་ནས་རྣལ་འབྱོར་སྤྱོད་པ་དང་། སེམས་དེ་གཟུང་འཛིན་གཉིས་ཀྱི་ངོ་བོར་ཡོད་པ་མིན་པ་དང་། གཉིས་སྟོང་གི་ངོ་བོར་མེད་པའང་མིན་པས་དབུ་མ་པར་བཤད་དེ། སྔ་མ་དང་ཕྱི་མ་གཉིས་གཞི་མཐུན་དུ་འདོད་པའི་ལུགས་སོ། །སེམས་ཙམ་རྣམ་རྫུན་པ་ཁ་ཅིག་ནི་རྣམ་བདེན་པ་སེམས་ཙམ་པ་དང་། རྣམ་རྫུན་པ་དབུ་མ་པར་འདོད་དོ། །པདྨ་ཅན་དང་། བྷ་བ་དང་། ནག་པོ་བས་ཡོངས་སུ་གྲགས་པ་ལྟར་གྱི་སེམས་ཙམ་པ་དང་། དབུ་མ་པ་ལ་བཤད་དོ། །ཤཱནྟི་པས་སྔགས་ཀྱི་རིམ་པ་ཀུན་གྱི་བྱ་སྤྱོད་དང་། རྣལ་འབྱོར་དང་། རྣལ་འབྱོར་མ་དང་། རྣལ་འབྱོར་བླ་མེད་དང་ལྔར་བྱེད་ལ། ཀུན་ཤེས་པ་ནི་རྣམ་པ་མ་ལུས་པ་ཡིན་གྱི། རྫས་ནི་མིན་ཏེ་མཐའ་ཡས་པས་སོ་ཞེས་དང་། དེ་རྗེས་ཞེས་པ་སྔགས་ཀྱི་རིམ་པ་ཀུན་ལ་སྦྱར་རོ། །འདི་ལ་པཎྜི་ཏ་ཁ་ཅིག་བཞི་པ་ནི། འདུས་པ་སོགས་དང་། ལྔ་པ་ནི་རྣལ་འབྱོར་མའི་རྒྱུད་ལ་འདོད་པ་ཡོད་པས། དེའི་ལུགས་ཀྱིས་ཕ་རྒྱུད་ཀྱི་གོང་ན་མ་རྒྱུད་ཡོད་པའི་རྒྱུད་སྡེའི་རིམ་པའི་མཆོག་དམན་འདོད་ན་ནི་ཤིན་ཏུ་མི་རིགས་ཏེ། དགྲ་ནག་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །


JLD011_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ཞལ་ལུང་ལས། གོང་ན་མེད་པའི་ལུང་ཆེན་པོ། །ཞེས་པ་དང་། གསང་བ་གྲུབ་པར། དཔལ་ལྡན་འདུས་ལས་མཆོག་གཞན་མེད། །ཅེས་སོགས་དུ་མ་དང་འགལ་བའི་ཕྱིར་རོ། །དེས་ན་པདྨ་ཅན་ལས། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མ་དང་། རྣལ་འབྱོར་མའི་ཚུལ་ལོ། །ཞེས་ཐམས་ཅད་སྔགས་ཀྱི་ཚུལ་ཞེས་པའི་དོན་དུ་འཆད་པ་ནི། གསུམ་པར་བཤད་པའི་རྣལ་འབྱོར་གྱི་རྒྱུད་ལས་དབྱེ་བའི་ཕྱིར་རྣལ་འབྱོར་བླ་མ་ཞེས་བསྟན་ལ། དེ་ལ་དབྱེ་བའི་རྣལ་འབྱོར་ཕ་རྒྱུད་དང་། མ་རྒྱུད་གཉིས་སྟོན་པས་གཉིས་ཀའང་གུར་ལས། རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་གསུམ་པའི་ལྟག་མ་སྟེ་གོང་མ་ལ་རྣལ་འབྱོར་བླ་མེད་དུ་བཤད་པ་ལྟར་བྱའི། འདུས་པ་སོགས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལས་གཞན་དུ་མི་བྱའོ། །གལ་ཏེ་སྔགས་ཀྱི་རིམ་པ་ཀུན་ཤེས་པས་རྒྱུད་སྡེ་བཞི་འཛིན་ན། དེའི་རྗེས་སུ་ཀྱེ་རྡོར་སྟོན་པ་འགལ་ཏེ། དེའང་བླ་མེད་ཀྱི་རྒྱུད་ཡིན་པའི་ཕྱིར་རོ་སྙམ་ན། སྐྱོན་མེད་དེ་ཀྱཻ་རྡོར་བླ་མེད་ཀྱི་རྒྱུད་ཡིན་ཀྱང་། དེ་དེའི་རྗེས་སུ་བསྟན་པར་གསུངས་པ་ནི། བླ་མེད་ཀྱི་རྒྱུད་གཞན་རྣམས་བསྟན་པའི་རྗེས་སུ་སྟོན་པ་སྟེ། རྒྱུད་གཞན་གྱི་རྫོགས་རིམ་གྱི་བདེ་སྟོང་སྦྱོར་བའང་། འདི་ནས་ཤིན་ཏུ་གསལ་བར་བཤད་པ་ལྟར་ཤེས་དགོས་སོ། ཞེས་བསྟན་པའི་ཕྱིར་ཡིན་པས་སོ། །དེས་མཚོན་ནས་འདུས་པ་བསྟན་པས་ནི་རྫོགས་རིམ་གྱི་གནད་སྒྱུ་ལུས་དང་། འོད་གསལ་དང་ཟུང་འཇུག་རྣམས་གཞན་དུ་མི་གསལ་བ་ངེས་པའི་ཕྱིར་ཡིན་ཏེ། གཞན་རྣམས་ལའང་དེའི་རིགས་པ་སྦྱར་ཤེས་དགོས་སོ། །ལེའུ་དགུ་པ་ལས། སྔར་གསུངས་པའི་བསད་པའི་སྔགས་དང་སྦྱིན་སྲེག་སོགས་ནི་སྤྱིར་བཏང་ལ་ཅུང་ཟད་ཀྱང་མི་བྱ་སྟེ། འོན་ཀྱང་དམིགས་བསལ་དུ་ནུས་པ་ཁྱད་པར་ཅན་ཐོབ་པས། བླ་མ་ལ་འཁུ་


JLD011_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། བསྟན་པ་ལ་གནོད་པ་བྱེད་པ་རྣམས་བྱ་བ་དེ་ལས་བཟློག་པའི་ཐབས་གཞན་བྱས་ཀྱང་མ་བཟློག་ན། དེའི་ཚེ་སྙིང་རྗེ་ཆེན་པོས་ལུས་ཀྱི་ཁ་སྦྱོར་དབྱེ་བ་ནི། དེ་ནས་ཞེས་པ་གཉིས་སོ། །དངོས་གྲུབ་ནི་ལས་དེ་འགྲུབ་པའམ། མི་བསྐྱོད་པའི་ཞིང་དུ་སྐྱེ་བའོ། །བསམ་གཏན་གྱི་ལག་པས་བསྒྲུབ་བྱའི་ལྟེ་བའི་རྩ་བ་ནས་དབྱུང་བར་བྱའོ། ཞེས་པདྨ་ཅན་ལས་ཏེ། བཤང་ལམ་དུ་མེ་འབར་བའི་གཟུགས་ཅན་གྱི་ཁབ་བཅུག་ནས། ༀ་གྷཱུ་སཱཧཱ། ཞེས་བརྗོད་ནས་ལྟེ་བའི་རྩ་བར་དབྱུང་བ་ནག་པོ་བས་བཤད་པ་དེ་ཡིན་པ་འདྲའོ། །ཇི་ལྟར་ཕྱུགས་ཀྱི་གཟུགས། ཞེས་པ་ལ། ཇི་ལྟ་བའི་གཟུགས་སུ་བལྟས་ཞེས་མུ་ཏིག་ཕྲེང་བར་འབྱུང་སྟེ། བསྒྲུབ་བྱའི་རང་གཟུགས་ཀྱིས་བལྟས་པ་སྟེ་དྲན་པར་བྱས་པ་ལ་བཤད་དོ། །ཁ་ནི་འོག་ཏུ་ཞེས་པ་ནི་ལྷ་དང་སོ་སོར་ཕྱེ་ནས་ཁྲག་སྐྱུག་པ་ནས་ཁ་འོག་ཏུ་བལྟས་པའི་བར་དུ་བསྒོམ་མོ། །རིན་ཆེན་ནི་ཡིད་བཞིན་གྱི་ནོར་བུའོ། །འདིར་དཔེ་དོན་འདི་གཉིས་སྟོན་པ་ནི། ཧེ་རུ་ཀའི་རྣམ་དག་འཆད་པ་ལ། ཆོས་ཐམས་ཅད་ཀྱི་རྣམ་དག་དེ་བཞིན་ཉིད་དང་། རང་རིག་པའི་དག་པ་ཁྱད་པར་ཅན་བསྟན་པའི་ཕྱིར་དུའོ། །དམར་པོའི་སྐད་དོད་ནི་ཆགས་པ་ལའང་འཇུག་པས་དེའི་དབང་དུ་བྱས་སོ། །བྱམས་པའི་ཐུགས་ལས་གཞན་དུ་མི་འགྱུར་བ་ནི་ནག་པོས་སོ། །བྱམས་སྙིང་རྗེས་ཀུན་ནས་བསླངས་ནས་སེམས་ཅན་གྱི་དོན་བྱེད་པ་ནི་བསྡུ་བཞིའོ། །གུག་སྐྱེད་ཅེས་པ་ལ། ཕྱག་རྒྱ་ལྔས་ནི་སངས་རྒྱས་ཉིད། །ཅེས་པར་ཡང་བསྒྱུར་ཏེ། ཕྱག་རྒྱ་ལྔ་ནི་འཁོར་ལོ་སོགས་ལྔའོ། །དེས་ནི་སངས་རྒྱས་ལྔ་མཚོན་པའོ། །སྔགས་བཏུ་བའི་སྔགས་ནི་འདིར་བཤད་པ་ལ་རྩ་སྔགས་མ་གཏོགས་པ་རྣམས་སོ། །བཏུས་པའི་དགོས་པ་ནི་དག་པར་བྱ་བའི་ཕྱིར་རོ། །བཏུ་གཞི་ནི་དབྱངས་གསལ་གཉིས་ཡིན་ལ། དབྱངས་ནི་རྣལ་འབྱོར་མ་རྣམས་ཀྱི་


JLD011_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བརྡས་བསྟན་ཏེ། དབྱངས་དང་པོ་བཅོ་ལྔ་དང་། ལྷ་མོ་བཅོ་ལྔ་རིམ་པ་བཞིན་དུ་སྦྱར་བའི་སྟེང་ནས་བྱའོ། །གསལ་བྱེད་ནི་དང་པོ་ནས་ལྔའི་བར་གྱི་གསུངས་པ་ནི། ཀ་ཙ་ཊ་ཏ་པའི་སྡེ་ཚན་ནོ། །མཐར་གནས་ནི་ཡ་སོགས་བཞི་དང་། ཨུསྨ་ཎ་དྲོ་བའི་སྡེ་ཚན་ཤ་སོགས་བཞིའོ། །འཐུ་བའི་རིམ་པ་ནི། སྔགས་ལེར་རེངས་པ་ནས་ཀུ་རུ་ཀུ་ལླཻའི་བར་གྱིས་སྔགས་ཚན་བརྒྱད་གསུངས་པའི་རིམ་པ་བཞིན་དུ་འདིའང་འཐུ་བ་ལ། སྟོང་པ་ཞེས་པ་ནི་ཐམས་ཅད་དུ་ཐིག་ལེ་ལ་བྱའོ། །མདོག་དཀར་ནི་རེངས་པའི་སྔགས་ཀྱི་ཁ་དོག་ལ་བྷ་བ་དང་ནག་པོ་བས་བཤད་ལ། རྒྱུད་གཞན་དུ་སེར་པོར་བཤད་དོ། །སྣང་མཛད་ཡི་གེའི་བདག་པོ་དང་། དབང་ཕྱུག་དང་ཐུ་བོ་དང་། གཏི་མུག་གི་རིགས་ནི་ༀ་ཡིག་གོ །རིག་བྱེད་ཀྱི་དང་པོ་ནི་ཨོ་ཡིག་ཡིན་ཡང་འདིར་ༀ་ཡིག་གོ །མཐར་གནས་པའི་གསུམ་པ་ལ། །ཡང་ནི་དེ་ཉིད་ཡང་དག་ལྡན། ཞེས་པ་ནི། ལ་ཉིས་བརྩེགས་བྱེད་པའི་དོན་ནོ། །དེ་ནས་དེ་བ་པི་ཙུ་དང་། ཧེ་རུ་ཀ་གསུམ་གྱི་སྔགས་ཀྱང་སྔགས་ཀྱི་ལེའུར་བཤད་པའི་སྔགས་དང་སྦྱར་ལ་བཏུའོ། །ཕྱག་གཉིས་པའི་སྐབས་སུ་དང་པོ་ནི་དང་པོ་ལ་ཞེས་པ་གསུམ་གྱི་ནི། ཡ་ཀའི་ཡ་སྟར་དང་། ཨ་དེའི་སྲོག་ཏུ་སྟེར་བ་སྟོན་པས། ཨ་གྲལ་དུ་མི་བྲིའོ། །རྡོ་རྗེ་མའི་མཐའ་རུ་ཧཱུཾ། ཞེས་པ་ལ། ཀུ་མུ་ཊིར་རྡོ་རྗེ་མ་ནི་ཨཱའོ། །དབྱངས་ཀྱི་ཡི་གེའི་མཐའ། ཞེས་བྱ་བ་ནི་ཨཿ སྟེ་དེ་དང་ལྡན་པའོ། །ཞེས་གསུངས་པས། རྡོ་རྗེ་མའི་དབྱངས་ལ། མཐའི་ཚེག་དྲག་སྦྱར་བ་དགོས་སོ། །སརྦ་འཐུ་བ་ན་ཨུསྨ་ཎ་ཡི་གསུམ་པ་དང་། །མཐར་གནས་པ་ཡི་བཞི་པ་ནི། །སྟེང་དུ་མེ་ཡིས་རྣམ་པར་བརྒྱན། །ཞེས་མཐར་གནས་ཀྱི་བཞི་པ་བཏུས་ཀྱང་། རྒྱ་གར་གྱི་ཡི་གེ་ལ་བ་དང་། ཝ་གཉིས་གཟུགས་གཅིག་པ་དང་། ཝི་ཀྲྀ་ཏཱ་ན་ན་ལ་དུས་འཁོར་འགྲེལ་བར་བི་དང་།


JLD011_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་བདུན་གྱི་སྔགས་བཏུ་བར་ཝི་ཐུ་བ་བྱུང་བས་གང་བྱས་ཀྱང་འདྲ་བར་མངོན་ནོ། །ལེའུ་བཅུ་པ་ནི་གོ་སླ་ལ། བཅུ་གཅིག་པ་ལ་ལག་པའི་རི་མོ་དང་ཤ་མདོག་གིས་རིགས་སྟོན་པ་ནི། ཐབས་ཤེས་རིགས་མཐུན་བྱུང་ན་དགའ་བས་དེའི་ཆེད་ཡིན་ལ། རིགས་ངོ་ཤེས་ནས་འདུ་བའི་ཚེ་ཇི་ལྟར་བྱ་བ་ནི། ཚལ་དང་ཞེས་སོགས་ཀྱིས་སྟོན་ནོ། །འདི་ནི་དགོས་པ་ལྷན་སྐྱེས་མཚན་ཉིད་རྫོགས་པར་སྐྱེ་བའི་ཕྱིར་དུ། སྒྱུ་རྩལ་དྲུག་ཅུ་རྩ་བཞི་བྱེད་པའི་ཚུལ་སྟོན་ཏེ། རྡོ་རྗེ་མཁའ་འགྲོ་རྩ་འགྲེལ་ལས་ངེས་པར་ཤེས་དགོས་སོ། །ཤིན་ཏུ་བཀལ་བ་ནི་ཤིན་ཏུ་བརྐྱང་བ་ཞེས་པར་བྱ་དགོས་སོ། །འདི་ནི་སྔར་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པར་མང་དུ་བཤད་པ་ཐམས་ཅད་ལ་གོ་དགོས་སོ། །ལེའུ་བཅུ་གཉིས་པ་ལ་རྡོ་རྗེ་རབ་གནས་ནི་རྡོ་རྗེ་འཆང་དུ་བསྐྱེད་ནས་གནས་པའོ། །དགའ་བའི་གནས་སྟེར་བ་ནི། དེས་ཐབས་ཀྱི་ཀུནྡ་ལྟ་བུ་ཞུ་བར་བྱེད་པའོ། །ཡེ་ཤེས་འདི་ནི་ཞེས་པ་ནི་དབང་བཞི་པ་ཡིའོ། །ཆེས་ཕྲ་བ་ནི་བློ་རགས་པས་མི་ཤེས་པའོ། །རྡོ་རྗེའི་དཀྱིལ་ནི་མཁའ་འདྲ་བ། །ཞེས་བསྒྱུར་བས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནི་སྙིང་པོ་སྟེ་སྔར་བཤད་པའི་སྙིང་པོ་ཀྱཻ་རྡོ་རྗེའོ། །ནམ་མཁའ་འདྲ་བ་ནི་གཉིས་སྣང་མེད་པའོ། །རྡུལ་བྲལ་ནི་ཉོན་མོངས་མེད་པའོ། །མཐར་སྦྱིན་ཞེས་པ་ནི་འགྲེལ་པ་མང་པོས་མཐར་ཕྱིན་གྱི་དོན་དུ་བཤད་པ་ལྟར་བྱ་དགོས་ཏེ། ཐར་པ་མི་གནས་པའི་མྱང་འདས་སྟེར་བའོ། །ཞི་བ་ནི་ཉེར་འཚེ་ཞི་བའོ། །བཞི་པ་ལ་ཁྱོད་རང་གི་ནི་ཕ་ནི་ཁྱོད། ཅེས་འབྱུང་ལ། ཁྱོད་རང་གི་ཕ་ནི་རྡོ་རྗེ་འཛིན་པའོ། །ཁྱོད་ཅེས་པ་ནི་ཡེ་ཤེས་དེ་རྙེད་པས་དེའི་རང་བཞིན་དུ་གནས་པའོ། །ཞེས་པདྨ་ཅན་ལས་བཤད་དེ། ལྷན་སྐྱེས་ཀྱི་བདེ་སྟོང་ཁྱད་པར་བ་ནི་ཁྱོད་རང་གི་འདོད་དོན་བསྐྱེད་པས་པ་དང་། ཡེ་ཤེས་དེ་རྙེད་པ་ན་རང་གི་གནས་ལུགས་ཀྱང་། དེའི་རང་བཞིན་དུ་རྟོགས་པའི་དོན་ནོ། །རྡོར་པད་བྱིན་གྱིས་བརླབ་པ་འདི་ནི་གཙོ་བོར་ནི་ལས་རྒྱ་དང་སྦྱོར་བའི་དུས་


JLD011_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་ཡེ་རྒྱ་དང་སྦྱོར་བ་ནའང་བྱ་དགོས་སོ། །སྔགས་འདི་གཉིས་ཀའི་མཐར་ཀརྻཾ་ཀུ་རུ་ཤ་མེ་ཞེས་བདག་གི་བྱ་བ་མཛོད་ཅིག་ཅེས་འབྱུང་བའི་བྱ་བ་ནི། དགའ་བཞི་བསྐྱེད་པའི་བྱ་བ་ཡིན་པ་ནི། ཙ་ཏུར་ཨཱནནྡཞེས་པ་གཉིས་ཀྱིས་སྟོན་ནོ། །དེ་ལ་ལས་རྒྱ་དང་སྦྱོར་བ་ན་པདྨ་བྱིན་རློབ་ཐབས་ཀྱིས་དང་། རྡོ་རྗེ་བྱིན་རློབ་ཤེས་རབ་ཀྱིས་བྱེད་པར་བོད་ཁ་ཅིག་སྨྲ་བས་ན། རང་ལ་གྲོགས་ཀྱི་བྱ་བ་དེ་མཛོད་ཅིག་ཅེས་བསྐུལ་བའོ། །མཧཱ་རཱ་ག་སུ་ཁད་དྷ་ཞེས་པ་ནི། ཆགས་པ་ཆེན་པོའི་བདེ་བ་སྦྱིན་པའི་ཚུལ་གྱིས་མཛོད་ཅིག་ཅེས་པའོ། །པདྨ་སུ་ཁ་དྷ་རའི་པདྨ་དང་བྷ་ག་ནི་དོན་གཅིག་ལ། བདེ་བ་འཛིན་པ་ནི་པདྨའི་རྩེར་ཕྱིར་མི་འཕོ་བར་བྱང་སེམས་འཛིན་པ་དང་། པི་ཤྭ་ནི་སྣ་ཚོགས་པ་སྟེ། བྷ་གར་རྩོལ་བའི་བྱ་བ་སྣ་ཚོགས་པ་དགའ་བའི་བསྟན་བཅོས་ལས་བཤད་པ་སྟེ། ཐབས་དེས་སོ། །ཧཱུཾ་ནི་སྐུལ་བར་བྱེད་པ་སྟེ། །གསུམ་ནི་ནན་ཏན་དུ་བྱེད་པའོ། །ཤེས་རབ་ཀྱིས་རྡོ་རྗེ་བྱིན་གྱིས་བརླབ་པ་ནི། བཛྲ་མཧཱ་དྭེ་ཥ་ནི་ཞེ་སྡང་ཆེན་པོའི་རྡོ་རྗེ་སྟེ། ཧེ་རུ་ཀར་བྱས་པའི་རྡོ་རྗེའོ། །ཙ་ཏུར་ཨཱནནྟ་ད་ཡ་ནི་དགའ་བཞི་སྦྱིན་པ་སྟེ་དེ་དང་ཀརྻཾ་ཞེས་པ་གཉིས་སྦྱར་རོ། །དེ་ལྟར་ཐབས་ཤེས་གཉིས་ཀྱིས་ཕན་ཚུན་དུ་དགའ་བ་བཞི་བཞི་སྟེར་བའི་ཚུལ་ནི། ཀ་ཀཱ་མུ་ཁ་ཨེ་ཀ་ར་སོ་ནཱ་ཐ། ཞེས་པས་སྟོན་པའི་ཀ་ཀཱ་ནི་བྱ་རོག་གོ །མུ་ཁ་ནི་གདོང་སྟེ་བྱ་རོག་གདོང་མ་དང་། མཁའ་འགྲོ་གདོང་ཞེས་གྲགས་པ་སྟེ། གཉིས་ཀའི་དྷཱུ་ཏཱིའི་མར་སྣའོ། །ཨེ་ཀ་ནི་གཅིག་པ་སྟེ། དེ་འདར་སོ་ཞེས་པས་རོ་གཅིག་པའོ། །དེའི་དོན་ནི་རྩ་གཉིས་པོ་ཕན་ཚུན་ཕྲད་པས་དམ་དུ་བཅིངས་ཏེ་གཅིག་ཏུ་བྱས་པའི་མཐུ་ལས་ནཱ་ཐ་སྟེ། མགོན་པོ་བདེ་ཆེན་བསྐྱེད་པའོ། །ཟེའུ་འབྲུ་ཞེས་པ་ནི་མགྲིན་པའི་པདྨའི་ལྟེ་བའོ། །དེའང་གཉིས་ཀའི་ལུས་ཀྱི་གནས་གསུམ་དུ་འགོད་པ་དང་། རྡོར་པད་བྱིན་གྱིས་བརླབ་པའི་སྔོན་དུ་ཧཱུཾ་ལས་རྡོ་རྗེ་དང་། ༀ་ལས་ནོར་བུ་བསྐྱེད་པ་དང་། ཨ་ལས་པདྨ་


JLD011_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའང་བསྟན་ཏོ། །རྒྱུད་ཀྱི་ཐོག་མའི་ཨི་ཡིག་གི་ཨ་དང་། མཐའི་ཨ་གཉིས་ཀྱི་བར་དུ་རྒྱུད་གཞན་ཐམས་ཅད་ཚུད་པར་བྱས་པ་ནི། ཨའི་མཚོན་དོན་རང་བཞིན་སྐྱེ་མེད་ཀྱི་སྟོང་པ་དང་། ཨས་བསྐྱེད་པའི་པདྨས་བསྐྱེད་པའི་བདེ་ཆེན་གཉིས་ཀྱིས་རྒྱུད་ཀྱི་དོན་བཅིངས་པར་བསྟན་པའི་བདེ་བ་ཆེན་པོ་ལ་ཤིན་ཏུ་གུས་པར་བྱའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །

སྦྱོར་དྲུག་གི་རྡོ་རྗེའི་ཚིགས་བཅད། དེའི་བཤད་པ་དུས་འཁོར་གྱི་ཟིན་བྲིས། དུས་འཁོར་གྱི་མངོན་རྟོགས་དང་དབང་གི་ཟིན་བྲིས།སྦྱོར་དྲུག་ཉེར་མཁོའི་ཟིན་བྲིས། འཆི་ཞག་དང་ཚེ་ལྷག་ཇི་ཙམ་ཡོད་དཔྱད་པ་རྣམས།


JLD011_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དྲུག་གི་རྡོ་རྗེའི་ཚིགས་བཅད། དེའི་བཤད་པ་དུས་འཁོར་གྱི་ཟིན་བྲིས། དུས་འཁོར་གྱི་མངོན་རྟོགས་དང་དབང་གི་ཟིན་བྲིས།སྦྱོར་དྲུག་ཉེར་མཁོའི་ཟིན་བྲིས། འཆི་ཞག་དང་ཚེ་ལྷག་ཇི་ཙམ་ཡོད་དཔྱད་པ་རྣམས་བཞུགས་སོ། །


JLD011_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སོ་སོར་སྡུད་དང་བསམ་གཏན་ཡན་ལག་གིས། །ཨ་ཝ་དྷཱུ་ཏཱིའི་ཡར་སྣར་སྲོག་སྡུད་ཤེས། །སྒྲ་གཅན་ལམ་ནས་རླུང་སྔགས་མི་ཕྱེད་པས། །ལྷུན་གྱིས་གྲུབ་པའི་ཟབ་མོ་རྡོར་བཟླས་ཤེས། །བུམ་པ་ཅན་གྱིས་སྲོག་དང་ཐུར་སེལ་གཉིས། །དབུ་མའི་ནང་དུ་ཁ་སྦྱོར་བྱེད་ཚུལ་ཤེས། །འཛིན་པར་ཐིག་ལེ་ལ་ནི་སྲོག་ཞུགས་པས། །དག་པའི་སྐུ་ལས་སྤྲོ་དང་བསྡུ་བ་ཤེས། །རྗེས་དྲན་སྟོང་གཟུགས་ཕྱག་རྒྱའི་ཆུ་སྐྱེས་ཀྱིས། །མི་འགྱུར་བདེ་བ་ཆེན་པོའི་འདྲེན་ཚུལ་ཤེས། །དེ་ཕྱིར་ལུགས་འདི་དུས་འཁོར་ཚུལ་སྨྲ་བ། །ལུགས་གཞན་དག་ལས་ཁྱད་པར་འཕགས་པ་སྟེ། །དེ་ལྟར་མི་ཤེས་དུས་འཁོར་ཚུལ་སྨྲ་བ། །དེ་དག་ཆུ་ནང་ཤར་བའི་ཟླ་གཟུགས་བཞིན། །


JLD011_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་རྡོ་རྗེའི་ཚིགས་སུ་བཅད་པ་རྗེ་ཐམས་ཅད་མཁྱེན་པས་གསུངས་པའོ། ། ༈ དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྦྱོར་བ་ཡན་ལག་དྲུག་གིས་འཁྲིད་པ་ལ་གསུམ། །ཐོག་མར་དགེ་བ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག །བར་དུ་དགེ་བ་གསུང་རྡོ་རྗེ་ཉེར་སྒྲུབ་ཀྱི་ཡན་ལག །ཐ་མར་དགེ་བ་ཐུགས་དང་ཡེ་ཤེས་རྡོ་རྗེ་བསྒྲུབ་པ་སྒྲུབ་ཆེན་གྱི་ཡན་ལག་གོ །དང་པོ་ལ་གཉིས། གཟུགས་སྒྲུབ་བྱེད་སོར་སྡུད་ཀྱི་ཡན་ལག་དང་། དེ་བརྟན་པར་བྱེད་པ་བསམ་གཏན་ཀྱི་ཡན་ལག་གོ །དང་པོ་ནི། དུས་ཞབས་སྙན་བརྒྱུད་ལས། ཀུན་ལ་དྲུག་དྲུག་ཤེས་བྱ་སྟེ། ཞེས་འབྱུང་བ་ལྟར། སོར་སྡུད་ཀྱི་མཚན་དོན། སྒོམ་པའི་དུས་མཚམས། ཡན་ལག་གི་


JLD011_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའི་མཚན་ཉིད། ཚད་མ་གང་ཡིན་པར། སྦྱང་གཞི་གང་དག་ཚུལ་དང་དབྱེ་བ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །གསུམ་པ་ལ་ལྔ། སོར་སྡུད་ཀྱི་མཚན་ཉིད། རྣམ་འབྱོར་གཉིས་སུ་དབྱེ་བ། ཕྱེ་བ་སོ་སོའི་དོན་སྒོམ་ཚུལ། དཔོགས་ཆོག །སྒོམ་འཕྲོ་ལ་ཤི་ཡང་རྣམ་འབྱོར་གོམས་སྟོབས་ལས་འཇུག་པར་བསྟན་པའོ། །གསུམ་པ་ལ་མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་རྣལ་འབྱོར་སྒོམ་ཚུལ་ལོ། །དང་པོ་ལ་དྲུག །གང་དུ་བསྒོམ་པའི་གནས། ལུས་ཀྱི་འདུག་སྟངས། མིག་གི་ལྟ་སྟངས། དབང་པོའི་བྱེད་བཅིངས། སེམས་ཀྱི་འཇོག་ཚུལ། ཉམས་རྟོགས་སྐྱེ་ཚུལ་ལོ། །གཉིས་པ་ནི། གསུམ་པ་ནི། དྲི་མེད་འོད་ལས། འཁོར་ལོ་ཅན་གྱི་ཞེས་པ་གཙུག་ཏོར་གྱི་ཁྲོ་བོའི་བལྟ་བས་ཞེས་པ་མིག་མི་འཛུམ་བར་སྟེང་དུ་ལྟ་བས་མཚན་མར་གྱུར་ཏེ། ཞེས་སྟེང་དུ་བལྟ་བ་ཙམ་ལས་གཞན་གསལ་བར་མ་གསུངས་སོ། །སྦས་པ་མིག་འབྱེད་ལས། གཙུག་ཏོར་དུ་བལྟ་བར་བཤད་ཀྱང་དོན་མིན་ནོ། །བཞི་པ་ནི། རྣལ་འབྱོར་གསུམ་སྙིང་ལས། བྱེད་པ་ལྔ་ལ་བཅིང་བ་གཉིས། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་གསུངས་པའི་བྱེད་པ་ལྔ་ནི། དབང་པོ་ལྔའོ། །བཅིང་བ་གཉིས་ནི། དབང་པོའི་རླུང་ཕྱི་རོལ་ཏུ་འགྲོ་བ་སྟོད་སྨད་གཉིས་ནས་འཆིང་བའོ། །ལྔ་པ་ནི། དམིགས་པ་འདིས་སྲོག་དབུ་མར་སྡུད་པ་ནི་དུ་མ་ཞིག་བཤད་ལ། དེ་ལ་ལུས་ཀྱི་དབུ་མའི་གནས་གཅིག་ཏུ་སེམས་གཏོད་པ་མེད་ན་མི་འབྱུང་བས། སྨིན་མའི་


JLD011_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་དྲང་བ་ན་དྷཱུ་ཏཱིའི་ཡར་སྣ་ཡོད་པས་དེར་གཏོད་པ་ཡིན་ཏེ། རྩ་བའི་རྒྱུད་ལས། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །གང་ཞིག་ཁོ་ནར་ཡིད་དག་ནི། །བཀོད་པ་དེ་ཡི་ཕྱོགས་སུ་སྣང་། །མཚན་མའི་མཐར་ནི་རེ་ཁཱ་གང་། །དེ་ལ་སྣ་ཚོགས་རྒྱུ་མི་རྒྱུ། །མ་ལུས་སྒོམ་པར་བྱེད་དེ་ལ། །ཞེས་གསུངས་པ་ལས་ཤེས་ཏེ། མཚན་མ་བཅུའི་མཐར་རེ་ཁཱ་ནག་པོ་མཐོང་བ་ནི། མིའི་སྣ་ལ་ཨ་ཝ་དྷཱུ་ཏཱིར་མཐོང་བ་དང་། དེའང་སོར་སྡུད་ཀྱི་སྐབས་སུ་ཡིད་གཏོད་པར་གསུངས་པའི་ཕྱིར་དང་། དྷཱུ་ཏཱིར་ཡིད་གཏོད་པའང་གནས་གཞན་དུ་མིན་པའི་ཕྱིར་རོ། །དེས་ན་རི་གི་ཨ་ར་ལི་ལས། མིག་ཕྱེད་གྱེན་དུ་བཟློག་ནས་ནི། །སྨིན་མའི་དབུས་སུ་སེམས་བྱས་ན། །ཞེས་ཤིན་ཏུ་གསལ་བར་གསུངས་སོ། །པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་། དབུ་མར་རེངས་པའི་ལྟ་སྟངས་ཉིད། །ཅེས་བཤད་དོ། །༈ དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །འདིར་གཉིས་སུ་མེད་པ་རྣལ་འབྱོར་བླ་ན་མེད་པའི་ཕ་རྒྱུད་དང་། མའི་རྒྱུད་གཉིས་ཀའི་ལུགས་ཀྱི་རྫོགས་རིམ་གྱི་ལམ་གྱི་གཙོ་བོ་མང་དུ་ཡོད་ཀྱང་གཉིས་ཀ་ནས་གསལ་བར་སྟོན་པ་ནི་བདེ་སྟོང་སྦྱར་ཏེ་བསྒོམ་པའོ། །དེའི་བདེ་བ་ནི་སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཡིན་ནོ། །སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱེད་པའི་རྐྱེན་ལ་གཉིས་ལས། ནང་གི་རྐྱེན་ནི་རྡོར་བཟླས་དང་


JLD011_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ཅན་ལྟ་བུའི་རླུང་སྦྱོར་བྱེད་པ་དང་། རྩ་དབུ་མའི་གནད་ཆེ་སར་ཐིག་ལེ་སོགས་ལ་དམིགས་པ་གཏད་ནས་བསྒོམ་པའོ། །ཕྱག་རྒྱའི་རྐྱེན་ནི། ལས་ཀྱི་ཕྱག་རྒྱ་རིགས་བཞི་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་སྣ་ཚོགས་ཡུམ་ལ་སོགས་པ་བསྒོམས་པའི་ལྷ་མོ་དང་། སྟོང་ཕྱོགས་ཀྱི་ཕྱག་རྒྱ་ཆེན་མོའོ། །འདི་ལ་རྒྱུད་གཞན་ནས་ཐབས་དེ་དག་གིས་དྲངས་པའི་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་ཐུབ་ན་དེ་ཉིད་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ངོ་བོ་དབྱེར་མེད་དུ་སྦྱར་ནས་བསྒོམ་པ་དང་། སྒྱུ་ལུས་བསྒོམ་པ་ཉིད་ཀྱིས་ཆོག་གི །སྔ་མ་རྣམས་ལས་མ་གཏོགས་པའི་ཕྱག་རྒྱའི་སྟོབས་ཀྱིས་བདེ་ཆེན་འདྲེན་ཐབས་གསལ་བར་མ་བཤད་དོ། །དུས་ཀྱི་འཁོར་ལོའི་ལུགས་ཀྱིས་ནི། ཐབས་སྔར་བཤད་པ་དེ་དག་མིན་པ་ཕྱག་རྒྱའི་སྒོ་ནས་བདེ་ཆེན་འདྲེན་ཐབས་ཤིག་ཡོད་པ་དེ་རྒྱུད་གཞན་དུ་སྦས་ནས་གསལ་བར་མ་གསུངས་ཏེ། དེའང་། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསལ་བར་མ་བསྟན་པ་འདི་ཡིན་ནོ། །དེ་ཅི་འདྲ་ཞིག་ཡིན་སྙམ་ན། དབང་གསུམ་པ་དངོས་དབང་བསྐུར་བའི་དུས་སུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་དགའ་བ་བསྐྱེད་པ་དེ་དཔེར་བྱེད་དོ། །བྱེད་ལུགས་ནི། ལས་རྒྱ་དཔེར་བྱས་པའི་དོན་ནི། སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོའོ། །ལས་རྒྱ་ལས་བདེ་བ་བསྐྱེད་པ་བཞིན་དུ་སྟོང་གཟུགས་ལས་མི་འགྱུར་བའི་བདེ་བ་བསྐྱེད་པའོ། །དེས་ན་ཚུལ་དེ་རྒྱུད་གཞན་རྣམས་ཀྱི་དོན་དུ་ཡོད་ཀྱང་གསལ་བར་མི་སྟོན་པ་དུས་ཀྱི་འཁོར་ལོ་ལས་གསལ་


JLD011_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྟོན་པར་བཞེད་དོ། །དེ་འདྲ་བའི་ཕྱག་རྒྱ་ཆེན་མོ་དེས་དྲངས་པའི་དགའ་བ་གསུམ་གྱི་མཐར་སྐྱེས་པའི་ལྷན་ཅིག་སྐྱེས་དགའ་དེ། ཏིང་ངེ་འཛིན་གྱི་ཡན་ལག་གི་འགྱུར་མེད་ཀྱི་བདེ་བར་འཇོག་གི །ཕྱག་རྒྱ་དེ་དང་བྲལ་བའི་ཐབས་གཞན་གྱིས་དྲངས་པའི་ལྷན་སྐྱེས་ཀྱི་དགའ་བར་ནི་མི་འཇོག་གོ །འོ་ན་བདེ་བ་ཁྱད་པར་ཅན་དེ་འདྲེན་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་རྗེས་དྲན་གྱི་ཡན་ལག་དེ་ཇི་ལྟར་བྱས་པས་འགྲུབ་ཅེ་ན། དེ་ལ་ནི་སྔོན་དུ་གཟུགས་གྲུབ་པ་ཞིག་དང་། སྲོག་གྲུབ་པ་ཞིག་དགོས་པས། དེ་གཉིས་སྒྲུབ་བྱེད་ལ་ཡན་ལག་དང་པོ་བཞི་གསུངས་སོ། །དེ་ལ་གཟུགས་གྲུབ་པ་དགོས་པ་ནི། ཉིན་མཚན་གྱི་རྟགས་བཅུ་ནི། སྲོག་དབུ་མར་ཞུགས་པའི་སེམས་ཀྱི་སྣང་བ་ཡིན་ལ། ད་གཟོད་ཀྱི་སྟོང་གཟུགས་ཕྱག་ཆེན་ཡང་སྲོག་དབུ་མར་ཞུགས་པའི་སེམས་ཀྱི་སྣང་བ་ལས་གྲུབ་པ་ཞིག་དགོས་པ་དང་། ད་ལྟའི་རྟགས་བཅུ་མི་བརྟན་ནའང་ད་གཟོད་ཀྱི་གཟུགས་དེ་མི་བརྟན་པར་འགྱུར་བས། དེ་བརྟན་པོར་བསྒྲུབ་པ་ལ་ད་ལྟའི་རྟགས་བཅུའང་བརྟན་པ་ཞིག་དགོས་པས་གཟུགས་བསྒྲུབ་པ་ལ་སོར་བསམ་གཉིས་གསུངས་སོ། །སྲོག་སྒྲུབ་པ་དགོས་ལུགས་ནི་རྡོར་བཟླས་དང་བུམ་པ་ཅན་གཉིས་ཀྱིས་རླུང་སེམས་ཀྱི་རྗེས་སུ་བྱེད་པ་བསྒྲུབ་པ་ཡིན་ལ། འཛིན་པས་ནི་སེམས་རྗེས་སུ་བྱེད་པ་དེ་བརྟན་པར་བྱེད་དོ། །དེ་བྱས་པས་སྟོང་གཟུགས་ཀྱི་ཕྱག་ཆེན་འཕེན་པ་བཏང་བ་ཙམ་གྱི་རྗེས་སུ་བྱེད་པ་ཞིག་འོང་


JLD011_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྲོག་བསྒྲུབ་པ་ལ་སྲོག་འཛིན་གྱི་ཡན་ལག་གཉིས་གསུངས་སོ། །དེ་ལྟར་ན་སོར་སྡུད་ཀྱི་སྐབས་སུ་མུན་པ་ཤིན་ཏུ་གནག་པ་དང་། ཕྱེད་མིག་ལྟ་སྟངས་གྱེན་དུ་ཕྱོགས་པ་ཅུང་ཟད་ཀྱང་མི་འགུལ་བ་དང་། སེམས་སྨིན་མཚམས་སུ་གཏོད་པ་གསུམ་དངོས་གཞི་ཡིན་ལ། དེ་སྐྱོང་བ་ལ་བྱིང་རྒོད་གཅོད་ཚུལ་མཁས་པ་ཞིག་དགོས་ཏེ། དེ་ནི་ཏིང་ངེ་འཛིན་ཐུན་མོང་བ་དང་འདྲའོ། །དེ་ལྟར་བསྒོམས་པས་རྟགས་རྫོགས་པ་དགོས་ཤིང་། ཁྲིགས་ཆགས་སུ་འཆར་བ་མ་ངེས་པ་དང་། དབང་ཤེས་ཀྱི་སྣང་བ་ལོག་པ་རྣམས་ཐུན་ཅུང་ཟད་རེ་འཁྱོངས་པ་ཚུན་ཆད་ནི་སོར་སྡུད་དོ། །དེ་ནས་བསམ་གཏན་གྱིས་བརྟན་པར་བྱེད་པ་ནི་དམིགས་པ་སྔ་མ་དང་མི་འདྲ་བའི་སྐྱོང་ཚུལ་བསྟན་ནས་བརྟན་པར་བྱེད་པ་མིན་ཏེ། བསམ་གཏན་གྱི་ཡན་ལག་ལྔ་གའང་སོར་སྡུད་གོམས་པའི་མྱོང་བ་བསྐྱེད་རིམ་དུ་སྣང་བའི་ཕྱིར་རོ། །དེའི་ཕྱིར་སོར་སྡུད་ཀྱི་སྐབས་ཀྱི་སྐྱོང་ཚུལ་དེ་ཉིད་བྱས་པས་སྔར་བཤད་པ་ཐུན་ངེས་ཅན་དུ་འཁྱོངས་པ་བརྟན་པའི་དོན་དུ་བཟུང་ངོ་། །དེ་ལྟར་བྱས་པས་རྩ་དབུ་མ་སྦྱང་བ་འགྲུབ་ལ། དེ་གྲུབ་པ་ན་རྡོར་བཟླས་དང་བུམ་པ་ཅན་གྱི་སྲོག་རྩོལ་གཉིས་ཀྱི་གནད་ཟིན་པར་བྱས་ལ་བསྐྱང་ཞིང་། འཛིན་པའང་རེ་ཞིག་ལྟེ་བའི་བུམ་པ་ཅན་གྱིས་ཆོག་གོ །དེ་ལྟར་བྱུང་ན་སྟོང་གཟུགས་ཀྱི་ཕྱག་ཆེན་མཚན་ཉིད་ཚང་བ་འགྲུབ་ལ། དེ་གྲུབ་ཀྱང་བདེ་ཆེན་བསྐྱེད་མི་ནུས་པ་ཞིག་བཤད་པས། དེའི་ཚེ་ལས་རྒྱ་ལ་བརྟེན་པར་བྱས་ནས་རིམ་གྱིས་གཟུགས་ཀྱི་སྒོ་ནས་དགའ་བ་རྣམས་བསྒྲུབ་པར་བྱའོ། །སྟོང་གཟུགས་ཀྱི་ཕྱག་


JLD011_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་སྒྱུ་ལུས་གཉིས་དོན་གཅིག་ཏུ་བཤད་དུ་མི་རུང་བ་ནི་འདིའི་ལུགས་ཀྱི་ཀུནྡ་ལྟ་བུས་བཀང་ནས། བེམ་པོའི་ཕུང་ཁམས་སོགས་ཟད་པར་བྱེད་པ་ལས་ཤེས་པར་ནུས་སོ། །འདུས་པ་ནས་སྔོན་དུ་སྲོག་བསྒྲུབས་ནས་དེའི་འོག་ཏུ་སྒྱུ་ལུས་ཀྱི་གཟུགས་བསྒྲུབ་པ་ཡིན་ལ། དེའི་ཚེ་ཡུམ་དང་བཅས་པར་འགྲུབ་ཅིང་། དེ་དང་སྙོམས་པར་ཞུགས་པ་ལས་ལྷན་སྐྱེས་བསྐྱེད་པར་ནུས་པས་དུས་འཁོར་བཞིན་དུ་གཟུགས་བསྒྲུབ་པ་མ་བཤད་པ་ཡིན་ནོ། །སྟོང་ཉིད་ཀྱི་ཕྱག་རྒྱ་ལ་དུས་འཁོར་ནས་སྔར་བཤད་པ་ནི་སྣང་ཕྱོགས་ཀྱི་སྟོང་ཉིད་ཀྱི་ཕྱག་རྒྱའོ། །དྲིལ་བུ་ཞབས་ཀྱིས་ཕྱག་རྒྱ་ཆེན་པོ་བསྒོམས་པས་ནོར་བུ་འགེངས་པའི་རིམ་པ་གསུངས་པ་ནི་སྟོང་ཕྱོགས་ཀྱི་ཕྱག་རྒྱ་ཆེན་མོའོ། །དེ་ནི་སྟོང་ཉིད་བདེ་ཆེན་གྱིས་བསྒོམས་པས་བྱང་སེམས་ཞུ་ནས་ནོར་བུ་བཀང་བ་ལས་ལྷན་སྐྱེས་བསྐྱེད་པའོ། །འདི་མན་སྙེ་ནས་ལྷན་སྐྱེས་ཀྱི་གཏུམ་མོར་གསུངས་པ་དེ་ཡིན་ཏེ། སྟོང་ཕྱོགས་ཀྱི་ཕྱག་རྒྱ་ལ་དམིགས་ནས་ནོར་བུ་འགེངས་པ་འདི་དུས་འཁོར་གྱི་སྐོར་ན་གསལ་བར་མི་སྣང་བས་གཉིས་ཀ་ལ་མཁས་པར་བྱའོ། །རྗེས་དྲན་བསྒོམ་པའི་དུས་སུ་སྲོག་ཨ་ཝ་དྷཱུ་ཏཱིར་གཞུག་གོ །དེ་ནས་སྲོག་དབུ་མར་ཞུགས་བཞིན་པའི་དུས་ཀྱི་རླུང་དེ་དང་ངོ་བོ་གཅིག་པའི་ཡིད། །ཡེ་ཤེས་ཀྱི་སྣང་བ་ཕྱག་རྒྱ་ཆེན་མོར་ཤར་བ་དེ་དང་སྙོམས་པར་ཞུགས་པས་དགའ་བཞི་བསྐྱེད་པར་བྱའོ། །རྒྱུད་འདིར་ལས་རྒྱས་འཛག་པའི་བདེ་བ་དང་། ཡེ་རྒྱས་གཡོ་བའི་བདེ་བ་དང་། ཕྱག་


JLD011_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱིས་མི་གཡོ་བའི་བདེ་བ་སྦྱིན་པར་བཤད་པའི་འཛག་པ་སོགས་ནི་ལུས་ཀྱི་ནང་ནས་འཛག་པ་སོགས་ལ་བྱས་ན་ཞུ་བདེ་མི་འོང་བས་མི་འཐད་ལ། རྡོ་རྗེའི་སྒོའི་ཕྱི་རོལ་ཏུ་འཛག་པ་སོགས་ལ་བྱེད་ན། ཕྱག་རྒྱ་གཞན་གཉིས་ཀྱང་མི་འགྱུར་བའི་བདེ་བ་འཕེལ་བའི་དོན་དུ་བསྟེན་པར་གསུངས་པ་དང་འགལ་བས་དོན་དེ་གང་ཡིན་སྙམ་ན། འཛག་པ་སོགས་ནི་ནང་གི་མི་འཛག་པའི་རྐྱེན་དང་བྲལ་བའི་ཕྱག་རྒྱའི་ངོས་ཉིད་ནས་བརྩིའོ། །དེ་ལྟར་བྱས་ན་ལས་རྒྱས་ནི་ཕྱི་རོལ་ཏུ་འཛག་པར་འགྱུར་ལ། ཡེ་རྒྱས་ནི་ཕྱི་རོལ་ཏུ་མ་འཛགས་ཀྱང་ཁམས་རྡོ་རྗེར་བབས་པ་གནས་གཞན་དུ་འགྲོ་བས་གཡོ་བར་འགྱུར་རོ། །ཕྱག་ཆེན་གྱིས་ནི་ཁུ་བ་རྡོ་རྗེའི་ནང་དུ་བབས་པ་གནས་གཞན་དུ་མི་འགྲོ་བར་སྡོད་པར་འགྱུར་བས་བརྩེག་ཐུབ་པ་ཡིན་ནོ། །ཕྱག་རྒྱ་དེའི་རང་ངོས་ནས་བྱང་སེམས་ཞུ་བ་ཕྱིར་འཕོ་མི་སྲིད་ལ། བདེ་བའི་རྟེན་ནི་མི་ཡལ་བར་སྡོད་པར་ཡང་འགྱུར་རོ། །འདི་རྗེ་རིན་པོ་ཆེ་ཉིད་ཀྱི་མན་ངག་ཆོས་རྗེ་རྒྱལ་ཚབ་པའི་དྲུང་ནས། བླ་མ་ཇོ་གདན་བསོད་ནམས་ལྷུན་གྲུབ་ལ་འདི་ཚར་གཅིག་ལྟོས་གསུང་ནས་གནང་བ་ལ། སང་དཔལ་བདག་གིས་ཀྱང་འབད་རྩོལ་ཆེན་པོས་ཞུས་པས་དཔེ་འདི་འདྲིར་གནང་ཙམ་བྱུང་བ་ལགས་སོ།།༈ ནང་གི་ལེའུའི་འགྲེལ་པ་ལས། དགུ་དང་བཅུ་གསུམ་མི་བདག་ཅེས་པ་ནི་འདིར་ལྷ་དགུ་རྣམས་ཀྱི་དཀྱིལ་འཁོར་གྱི་ཚད་ནི་ཁྲུ་གཅིག་གོ །བཅུ་གསུམ་རྣམས་ཀྱི་ཁྲུ་གཉིས་སོ། །མི་བདག་ཅེས་པ་བཅུ་དྲུག་རྣམས་ཀྱི་ཁྲུ་བཞིའོ་ཞེས་པ་ནས་བརྩམས་ཏེ། ཉི་ཤུ་ལྷག་པའི་བརྒྱ་ཕྲག་


JLD011_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་རྣམས་ཀྱི་ཁྲུ་སྟོང་གི་མཐར་ཐུག་པར་བྲི་བར་བྱ་སྟེ་འབྱོར་བས་སོ། །དབང་མདོར་བསྟན་གྱི་འགྲེལ་པ་ལས། སྔར་མདོར་བསྟན་པའི་དབང་བཅུ་གཅིག་པོ་རྣམས་ཀྱི་ནང་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་གྱི་ཁང་བཟང་གི་ཐེམ་སྐས་སུ་གྱུར་པ། འོག་མ་ཀུན་རྫོབ་ཀྱི་གཟུགས་ཅན་དབང་བདུན་པོ་རྣམས་རྣམ་པར་བཤད་ནས་གང་ཞིག་རྣལ་འབྱོར་པ་ལ་ཀུན་རྫོབ་ཏུ་གྱུར་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་ཅིང་། དོན་དམ་པའི་རྗེས་སུ་མཐུན་པའི་དབང་རྣམ་པ་གསུམ་པོ་རྣམས་བུམ་པ་ཞེས་པ་ལ་སོགས་མདོར་བསྟན་ཏོ། །༈ ཙ་མིས། རྡོ་རྗེའི་རི་ནི་རྟ་གདོང་གི་མེའོ། །བ་ཚྭ་ཅན་གྱི་རྒྱ་མཚོ་ནི་ཆུའི་ཁོར་ཡུག་གི་བར་དུ་སྟེང་འོག་བརྒྱའི་ཆ་རྣམ་པར་གནས་པ་ནི་འཛམ་བུའི་གླིང་ཆེན་ས་གཞིའི་བར་དང་། ཕྱོགས་ཐམས་ཅད་དང་འོག་ཏུའང་བ་ཚྭ་ཅན་གྱི་མཚོ་གནས་སོ། །ཞེས་བསྒྱུར་བ་དང་། རྭས། རྡོ་རྗེའི་རི་ནི་རྟ་གདོང་གི་མེའོ། །ཚྭའི་རྒྱ་མཚོ་ནི་ཆུའི་ཁོར་ཡུག་གི་བར་ཏེ་འོག་ཏུ་བརྒྱའི་ཆ་མནན་པའོ། །ཞེས་བསྒྱུར། ལོ་གྲགས་པས། རྡོ་རྗེའི་རི་ནི་རྟ་གདོང་གི་མེའོ། །བ་ཚྭའི་རྒྱ་མཚོ་ནི་ཆུའི་ཁོར་ཡུག་གི་བར་ཏེ། འོག་ཏུ་བརྒྱའི་ཆ་ཡིས་གནས་པའོ། །ཞེས་བསྒྱུར་ཏོ། །ཆ་དྲུག་ལ་ནི་འབུམ་ཕྲག་གཉིས་གཉིས་ཞེས་པའི་སྐབས་སུ། ལོ་གྲགས་པས། ཕྱོགས་ཆ་དྲུག་ཏུ་འབུམ་ཕྲག་གཉིས་གཉིས་ཞེས་པ་ནི་འདིར་གསུངས་པའི་རིམ་པས་འོག་དང་སྟེང་དང་ཤར་དང་ནུབ་དང་ལྷོ་དང་བྱང་སྟེ་དྲུག་ཆ་ལ་སའི་ཁོར་ཡུག་


JLD011_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབུས་ནས་འབུམ་ཕྲག་གཉིས་གཉིས་ཞེས་བསྒྱུར་ཏོ། ། ༈ དུས་འཁོར་གྱི་མངོན་རྟོགས་དང་དབང་གི་ཟིན་བྲིས་བཞུགས། །བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དུས་ཀྱི་འཁོར་ལོའི་དབང་གིས་ལམ་གྱི་སྣོད་རུང་དུ་བསྒྲུབ་པ་ལ་དཀྱིལ་འཁོར་གསུམ་རྫོགས་པ་ལ་བརྟེན་པ་དང་། ཐུགས་ཀྱི་དཀྱིལ་འཁོར་རྐྱང་བ་ལ་བརྟེན་པའོ། །དེ་གཉིས་ལ་ལྷ་རྫོགས་མ་རྫོགས་ཡོད་ཀྱང་དབང་ལ་རྫོགས་མ་རྫོགས་ཀྱི་ཁྱད་པར་མེད་དོ། །དབང་བདུན་པ་དང་དབང་གོང་མ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དགོས་མི་དགོས་ནི། དབང་མདོར་བསྟན་གྱི་འགྲེལ་པ་ལས། དབང་བསྐུར་བདུན་པོ་འདི་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་རྣམ་པར་སྤངས་ནས། གཞན་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་དུ་སྦྱིན་པར་བྱ་བ་མ་ཡིན་ནོ། །བུམ་པ་ལ་སོགས་པའི་དབང་རྣམས་ནི་དཀྱིལ་འཁོར་བཞེངས་པ་ལས་གཞན་གྱིས་ཀྱང་སྦྱིན་པར་བྱའོ། །ཞེས་གསུངས་ལ་དེའང་དབང་གོང་མ་རྣམས་རྒྱུན་གཅིག་ལ་བསྐུར་ན་ནི་དཀྱིལ་འཁོར་ཟུར་པ་བཞེངས་མི་དགོས་པ་ལ་དོགས་པ་མེད་ལ། རྒྱུན་གཅིག་ལ་མི་བསྐུར་ན་དོགས་པ་འོང་བས་སྔར་རྡུལ་ཚོན་ལ་བརྟེན་པའི་དབང་བདུན་སྔོན་དུ་སོང་ན། ཕྱིས་དབང་གོང་མ་རྣམས་བསྐུར་བའི་ཚེ་དཀྱིལ་འཁོར་བཞེངས་མི་དགོས་པར་སྟོན་པ་ཡིན་གྱི་དབང་བདུན་སྔོན་དུ་མ་སོང་བར་དབང་གོང་མ་རྣམས་ཟུར་དུ་བསྐུར་བ་རྒྱུད་འགྲེལ་གྱི་དགོངས་པ་གཏན་མིན་ཏེ། དབང་ལེ་ལས། གང་གི་གནས་སུ་མེ་ཏོག་བཟང་པོ་ལྷུང་བ་དེ་ནི་མི་ཡི་བདག་པོ་དེ་ཡི་རིགས་སུ་ངེས། །ཕྱི་ནས་དབང་


JLD011_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདུན་པོ་རྣམས་དང་རྣམ་གསུམ་འདིར་ནི་དེ་བཞིན་བླ་མེད་ཡང་དག་རབ་སྦྱིན་བྱ། །ཞེས་དཀྱིལ་འཁོར་དུ་མེ་ཏོག་དོར་ནས་ལྷ་ངོ་བསྟན་པའི་ཕྱི་ནས་ཏེ་རྗེས་སུ་དབང་བཅུ་གཅིག་བྱ་བར་གསུངས་ཤིང་། དེའི་འགྲེལ་པར་དཱ་རི་ཀ་པས་ཀྱང་། དེ་ནས་རིགས་ཀྱི་ལྷ་ལ་སོགས་པའང་བསྟན་པར་བྱའོ། ཕྱི་ནས་དབང་བདུན་དང་ནི་རྣམ་གསུམ་བླ་མེད་ཆེན་མོ་འདིར་ནི་སྦྱིན་པར་བྱ། ཞེས་བྱ་བ་ནི་སློབ་དཔོན་གྱི་ལས་ཀྱི་གོ་རིམ་ཡིན་ཏེ། ཞེས་དབང་བཅུ་གཅིག་རིམ་པ་བཞིན་དུ་བསྐུར་བ་སློབ་དཔོན་གྱི་དབང་བསྐུར་བའི་ལས་ཀྱི་གོ་རིམ་དུ་བཤད་ལ། ཡང་དེ་ཉིད་ཀྱིས། དེའང་རྣམ་པ་བདུན་ཞེས་བྱ་བ་ནི་ཆུ་ལ་སོགས་པ་བདུན་ཏེ་བྱིས་པ་རྣམས་གཞུག་པར་བྱ་བ་ཡིན་ལ། རྣམ་གསུམ་ཞེས་བྱ་བ་ནི་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཏེ་འཇིག་རྟེན་ཀུན་རྫོབ་ཀྱི་དབང་གསུམ་མོ། །བླ་མེད་ཆེན་མོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་དབང་ཡིན་ཏེ། དེ་ནི་འཇིག་རྟེན་པའི་དབང་གི་རྗེས་སུ་སྦྱིན་གྱི་སྔོན་དུ་ནི་མ་ཡིན་ནོ། །ཞེས་འཇིག་རྟེན་པའི་དབང་བཅུའི་རྗེས་སུ་སྦྱིན་གྱི། དབང་འོག་མ་རྣམས་སྔོན་དུ་མ་སོང་བར་དབང་བཞི་པ་མི་སྦྱིན་པར་བཤད་པའི་ཕྱིར་རོ། །འཇིག་རྟེན་པའི་དབང་གིས་ནི་དབང་བཅུ་ག་འཇིག་རྟེན་པའི་དབང་དུ་ཡང་ཡང་བཤད་པ་ལྟར་བཟུང་གིབུམ་དབང་སོགས་གསུམ་ཙམ་ཞིག་ལ་མི་བྱའོ། །གཞན་ཡང་བསྐྱེད་རིམ་བསྒོམ་པའི་སྣོད་རུང་དུ་བསྒྲུབ་པའི་དབང་བཞག་ཅིང་།


JLD011_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་བསྒོམ་པའི་སྣོད་རུང་དུ་བསྒྲུབ་པའི་དབང་གཞན་རྣམས་ཀྱང་བཞག་ནས་དོན་དམ་པའི་དབང་བཞི་པ་ཙམ་བསྐུར་བས་ཀྱང་ཆོ་གའི་སྐྱོན་དུ་འགྱུར་ཏེ། འཇིག་རྟེན་པའི་དབང་བདུན་དོར་ནས་འཇིག་རྟེན་ལས་འདས་པའི་དབང་བཞི་པ་བསྐུར་བས་ཆོག་པའི་ཕྱིར་དང་། དབང་ཆོག་གི་ས་བདུན་ཐོབ་པའི་ནུས་པ་དགོད་པ་དོར་ནས་ས་བརྒྱད་པ་སོགས་ཀྱི་ནུས་པ་དགོད་པ་བྱས་པས་ཆོག་པའི་ཕྱིར་རོ། །བདེ་མཆོག་རྩ་རྒྱུད་ལས་ཀྱང་། དཀྱིལ་འཁོར་མ་མཐོང་བར་རྣལ་འབྱོར་ཉིད་འདོད་པ་ནི། སྨིག་རྒྱུའི་ཆུ་ལ་འཐུང་བར་འདོད་པ་དང་འདྲ་བ་དང་། དཀྱིལ་འཁོར་དུ་མ་ཞུགས་པས་བསྒྲུབས་ཀྱང་ཅིའང་མི་འགྲུབ་པར་གསུངས་པས་དཀྱིལ་འཁོར་དུ་གཞུག་པའི་སྐོར་དོར་ནས་དབང་བསྐུར་བ་ནི་མ་གོ་བ་ཆེན་པོའོ། །འོ་ན་འདིའི་དབང་བསྐུར་བ་ལ་ཐུགས་དཀྱིལ་ལྟར་དབང་བདུན་བསྐུར་བའི་ལྷ་ཚང་བ་དཀྱིལ་འཁོར་ན་དགོས་སམ་སྙམ་ན་ངེས་པར་མི་དགོས་ཏེ། ནང་གི་ལེའུ་རྩ་འགྲེལ་ལས། ལྷ་དགུ་མ་སོགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་གསུངས་པའི་ཕྱིར་རོ། །དེ་ལྟར་ན་དབང་གི་གོ་རིམ་ནི། ས་བདུན་གྱི་ནུས་པ་ཁྱད་པར་བ་འཇོག་པའི་དབང་བདུན་བསྐུར། རྒྱུད་རྫོགས་པར་ཉན་པའི་དོན་དུ་རྫོགས་པར་བསྐུར་བའི་འཇིག་རྟེན་པའི་དབང་བཞིས་ས་བརྒྱད་པ་དགུ་པ་བཅུ་པ་སོགས་ཀྱི་ནུས་པ་འཇོག །དེ་ནས་གོང་མའི་དབང་བཞི་བསྐུར་བ་ནི་རྒྱུད་སྟོན་པ་སོགས་ཀྱི་དོན་དུ་ཡིན་ལ་ས་བཅུ་གཉིས་པའི་ནུས་པ་འཇོག་གོ །འདི་ལ་རྒྱུད་གཞན་གྱི་དབང་ཆོག་རྣམས་


JLD011_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྔར་བཤད་པ་ལྟར་གྱི་དབང་བཞི་ཚད་པོ་ཐོབ་པས་རྒྱུད་རྫོགས་པར་ཉན་དུ་མི་རུང་བ་དང་། བཞི་ཚན་དང་པོའི་དབང་བཞི་པ་དེ་དབང་གསུམ་པར་འདོད་དོ། །འདིར་འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ་ལ་ནི། འཇིག་རྟེན་པའི་དབང་དགའ་བ་བཞི་ལས་རྒྱ་དང་ཡེ་རྒྱ་ལ་བརྟེན་ནས་བསྐྱེད་པ་སྔོན་དུ་འགྲོ་དགོས་སོ། །བུམ་དབང་གཉིས་ཀྱི་དཀར་འཛིན་ལ་རེག་པ་ནི་མཚོན་པ་ཙམ་སྟེ། འཁྱུད་པའང་དགོས་ཏེ་བུམ་དབང་གོང་མ་ནི་འཁྱུད་པས་དགའ་བཞི་དང་པོ་སྐྱེས་པའོ། །གསང་དབང་འོག་མ་ནི་གསང་རྫས་མྱངས་པ་དང་། གནས་གསང་བ་ལ་བལྟས་པ་ལས་བྱུང་བའི་བདེ་བའོ། །གསང་དབང་གོང་མ་ནི་ཡུམ་གྱི་པདྨ་རྡོ་རྗེ་སྙོམས་པར་ཞུགས་པས་དགའ་བ་གཉིས་པ་སྐྱེས་པའོ། །ཤེས་རབ་ཡེ་ཤེས་ཀྱི་གོང་མ་ནི་འོག་མའི་དབང་བཞི་པའང་འདུས་སོ། །དེ་ལ་ནི་དབང་བདུན་བསྐུར་བ་སྔོན་དུ་འགྲོ་དགོས་ཏེ། ཐ་མལ་བའི་ཕུང་ཁམས་སོགས་ཀྱི་དྲི་མ་འཁྲུད་པའི་ནུས་པ་མ་བཞག་པར་དགའ་བཞིའི་དབང་བསྐུར་དུ་མེད་པའི་ཕྱིར་ཏེ། དཔེར་ན་བསྐྱེད་རིམ་པའི་སྐབས་སུ་ཐ་མལ་བའི་སྣང་ཞེན་སྦྱོང་བའི་ལྷའི་གསལ་སྣང་བརྟན་པོ་མེད་ན་ཡེ་རྒྱ་ལ་བརྟེན་ནས་དགའ་བཞི་བསྐྱེད་མི་ནུས་པ་བཞིན་ནོ། །རྗེས་གནང་གི་མིང་འདོགས་ཀྱི་སྐབས་སུ་རྡོར་དྲིལ་གྱི་དམ་ཚིག་གཉིས་གསུངས་པའི་ཤུགས་ལ་བསྟན་པའི་ཕྱག་རྒྱའི་དམ་ཚིག་ལ་ཡབ་ཡུམ་འཁྱུད་པའི་རྣམ་པ་ཅན་དུ་བསྒོམ་པ་ནི་ལུགས་


JLD011_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མི་འཐད་དེ། དེ་ལྟར་བྱས་ན་བུམ་དབང་ཡེ་རྒྱ་ལ་བརྟེན་ནས་བསྐུར་བ་དང་ཁྱད་མེད་དུ་འགྲོ་བའི་ཕྱིར་རོ། །བརྟུལ་ཞུགས་ཀྱི་དབང་གི་སྐབས་སུ་མཐེ་བོའི་རྡོ་རྗེ་ཞེས་པ་ནི། དྭ་རི་ཀ་པའི་འགྲེལ་པར་སོར་གདུབ་ཏུ་བྱས་ཏེ་རྡོ་རྗེའི་སོར་གདུབ་པོ། །དེ་ལྟར་རྒྱུད་སྣོད་རུང་དུ་སོང་ནས་ལམ་བསྒོམ་པ་ལ་རིམ་པ་གཉིས་ལས་བསྐྱེད་རིམ་བསྒོམ་པ་ལ་བོད་ཀྱི་དུས་འཁོར་བ་མང་པོས་ཐུན་མོང་གི་དངོས་གྲུབ་བསྒྲུབ་པར་འདོད་པ་ལ་དེ་བསྒོམ་དགོས་པ་ཡིན་གྱི་མཆོག་འདོད་པས་ནི་རྫོགས་རིམ་ཉིད་ནས་བསྒོམ་པར་བྱའི་བསྐྱེད་རིམ་བསྒོམ་པར་མི་བྱ་སྟེ། དེ་ནི་རྣམ་རྟོག་གིས་བསྒོམ་པ་ཡིན་ལ། རྣམ་རྟོག་ཇི་འདྲ་བ་ཞིག་ཡིན་ཡང་མཆོག་འགྲུབ་པའི་གེགས་ཡིན་པའི་ཕྱིར་དང་། རྣམ་རྟོག་བསྒོམས་པ་ལ་འབྲས་བུ་རྣམ་རྟོག་ཉིད་འབྱུང་གི་མི་རྟོག་པའི་ཡེ་ཤེས་མི་འབྱུང་བའི་ཕྱིར་ན་སངས་རྒྱས་ཀྱི་རྒྱུ་མིན་ནོ་ཞེས་ཟེར་ཞིང་། ཡང་དབང་གི་སྐབས་སུ་དབང་བདུན་བསྐུར་བ་སོགས་ཀྱིས་ས་བདུན་གྱི་ནུས་པ་འཇོག་པ་སོགས་ཀྱང་ཟེར་བ་ནི་འགལ་བ་མི་བཟད་པའི་ཁུར་འཛིན་པ་ཞིག་སྟེ། བསྐྱེད་རིམ་བསྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་བསྐུར་གྱིས་མཆོག་འགྲུབ་པའི་ནུས་པ་འཇོག་ལ། བསྐྱེད་རིམ་བསྒོམ་པ་སངས་རྒྱས་ཀྱི་རྒྱུ་མིན་ཞིང་གེགས་སུ་སྨྲ་བའི་ཕྱིར་རོ། །གཞན་ཡང་ལུགས་འདི་ནི་འགྲེལ་ཆེན་དུ་གསུངས་པའི་ལེའུའི་གོ་རིམ་ངེས་པའི་རྒྱུ་མཚན་དང་། དགོས་འབྲེལ་གྱི་དགོས་པ་དང་ཉིང་དགོས་ཀྱི་འབྲེལ་བ་བཤད་པ་དང་དབང་བདུན་བསྐུར་བས་དཀྱིལ་འཁོར་གྱི་འཁོར་ལོ་སྔོན་དུ་བྱེད་ན་ས་བདུན་གྱི་དབང་ཕྱུག་འགྲུབ་པར་གསུངས་


JLD011_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རྡོར་སྙིང་འགྲེལ་པ་ལས། འབྲས་ས་ལུ་འདེབས་པ་ལ་ཐོག་མར་ཀོ་ཏྲ་བ་བཏབ་ནས་སྦྱོང་བ་བཞིན་དུ་རིམ་པ་གཉིས་ཀྱི་གོ་རིམ་ཡང་དེ་བཞིན་དུ་གསུངས་པ་ཐམས་ཅད་དང་འགལ་བར་འགྱུར་བ་སོགས་ཀྱི་གནོད་པ་དུ་མ་ཞིག་སྣང་བའི་ཕྱིར་རོ། །དེ་ལྟར་བྱ་དགོས་པར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབང་རྣམས་ཀྱི་གོ་རིམ་ལས་ཀྱང་ཤིན་ཏུ་གསལ་ལོ། །དབང་མདོར་བསྟན་གྱི་འགྲེལ་པར་ཡང་གསལ་བར་གསུངས་ཏེ། སྔར་མདོར་བསྟན་པའི་དབང་བཅུ་གཅིག་པོ་རྣམས་ཀྱི་ནང་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཁང་བཟང་གི་ཐེམ་སྐས་སུ་གྱུར་པ་འོག་མ་ཀུན་རྫོབ་ཀྱི་གཟུགས་ཅན་དབང་བདུན་པོ་རྣམས་རྣམ་པར་བཤད་ནས་གང་ཟག་གི་རྣལ་འབྱོར་པ་ལ་ཀུན་རྫོབ་ཏུ་གྱུར་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་ཅིང་དོན་དམ་པའི་རྗེས་སུ་མཐུན་པའི་དབང་རྣམ་པ་གསུམ་པོ་རྣམས་བུམ་པ་ཞེས་པ་ལ་སོགས་པས་མདོར་བསྟན་ཏོ། །ཞེས་ཀུན་རྫོབ་པའི་དབང་བདུན་དངོས་གྲུབ་གཉིས་འགྲུབ་པ་ལ་ཐེམ་སྐས་སུ་གསུངས་ཤིང་། བུམ་པ་ལ་སོགས་པ་གསུམ་དོན་དམ་པའི་དངོས་གྲུབ་ཀྱི་རྗེས་སུ་མཐུན་པའི་རྒྱུར་གསུངས་པས་དེ་དག་བསྐུར་བས་བསྒོམ་པར་བྱ་བའི་རིམ་པ་དང་པོའི་ལམ་རྣམས་མཆོག་གི་དངོས་གྲུབ་ཀྱི་རྒྱུར་ལྟ་ཅི་སྨོས་པའི་ཕྱིར་རོ། །རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་བསྒོམ་པར་བྱ་བ་ཡིན་ན་ཅི་ཙམ་ཞིག་བསྒོམ་པར་བྱ་སྙམ་ན། སྤྱིར་དུས་འཁོར་གྱི་སྒྲུབ་ཐབས་ལ་གཉིས་ཏེ། ལྷ་


JLD011_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པ་དང་། མ་རྫོགས་པའི་སྒྲུབ་ཐབས་གཉིས་སོ། །དེ་ལ་གཉིས་ཏེ། ཐུགས་དཀྱིལ་ཀྱི་སྒྲུབ་ཐབས་དང་། དེ་ལས་ཀྱང་ཉུང་བའི་སྒྲུབ་ཐབས་སོ། །སྒྲུབ་ཐབས་ཕྱི་མ་ལ་ནི་ཐུགས་དཀྱིལ་ལས་ནུས་མ་བརྒྱད་མཚན་མ་བཞི། བུམ་པ་རྣམས་དང་སྟེང་འོག་གི་ཁྲོ་བོ་གཉིས་བཞག་པས་ལྷ་ཉི་ཤུ་རྩ་ལྔ་མ་དང་། དེ་ལས་སེམས་དཔའ་སེམས་མ་བཞག་པ་ལྷ་བཅུ་གསུམ་མ་ནང་གི་ལེའུར་བཤད་པ་ལྟ་བུ་དང་། དེ་ལས་སྒོ་བ་བཞི་བཞག་པའི་ལྷ་དགུ་མ་དང་། དེ་ལས་གཤེགས་མ་བཞི་བཞག་པའི་ལྷ་ལྔ་མ་དང་། གཙོ་བོ་ལ་ནུས་མ་བརྒྱད་ཀྱིས་བསྐོར་བ་དང་། གཙོ་བོ་ཡབ་ཡུམ་རྐྱང་བ་དང་། ཡུམ་མེད་པའི་དཔའ་བོ་གཅིག་པ་ལ་སོགས་པའང་བསྒོམ་པར་གསུངས་ཏེ། འགྲེལ་ཆེན་ལས། དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའམ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དམ་ལྔའི་བདག་ཉིད་ལ་སོགས་པར་གསུངས་ཞེས་པ་དང་། གཅིག་པུའི་སྐུ་ནི་ནུས་མ་དང་ལྡན་གནས་དགུ་དང་བཅས་ཉི་ཤུ་ལྔ་ཡི་བདག་ཉིད་ལ་སོགས་པ། །བསྒོམ་ན་ཕྱག་རྒྱ་ལ་སོགས་གྲུབ་པ་རྣམས་སུ་ངེས་པར་ཉིན་ཞག་དག་གིས་ཡང་དག་འགྱུར། །ཞེས་གསུངས་པ་ལྟར་མི་འདྲ་བ་མང་ངོ་། །དེ་ལྟར་དགོས་པའི་དབང་གིས་མི་འདྲ་བ་མང་དུ་གསུངས་ཀྱང་། རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ལ་ནི་ཡབ་ཡུམ་རྐྱང་བ་མི་རུང་བས་ཡབ་ཡུམ་གཉིས་འཁྱུད་ལྷ་ལྔ་ཙམ་ལ་མ་མཐའ་བྱའོ། །སྒྲུབ་ཐབས་དངོས་གཞིའི་སྔོན་དུ་འགྲོ་བ་ལ་གཉིས་ཡོད་པའི་སྲུང་འཁོར་ལ་ནི་དབང་གི་ལེའུ་ནས་གསུངས་པའི་སྲུང་མ་དྲུག་ཅུ་ཡན་ཆད་


JLD011_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ནི་རྒྱས་པ་དང་། དེ་ལས་ཁྲོ་བོ་བཅུ་བསྒོམ་ཞིང་བཅུ་ཚན་ལྔ་བཞག་པ་ནི་འབྲིང་དང་སྲུང་འཁོར་གྱི་གཙོ་འཁོར་རྣམས་བཞག་ནས་རང་གི་ལུས་བསྲུང་བ་དང་། བདུད་བསྐྲད་ཙམ་བྱེད་པ་ནི་བསྡུས་པར་རུང་བ་འདྲ་སྟེ་བརྟག་གོ །ཡང་རྡོ་རྗེ་གུར་གྱི་ནང་དུ་ཞེས་གསུངས་པ་བྱེད་ནའང་སྲུང་བ་བསྡུས་པར་རུང་སྙམ་མོ། །དེ་ལྟར་བྱེད་ན་སྦྱོར་བ་ཚོགས་བསག་སྔོན་དུ་དང་། སྲུང་འཁོར་འོག་ཏུ་འོང་ངོ་། །སྦྱོར་བ་ཚོགས་བསག་ལ་ཁ་ཅིག་རྒྱས་བསྡུས་གཉིས་སུ་མཛད་པ་ལྟར་རུང་བས་ལྷ་ལྔ་མ་ལའང་བསྡུས་པ་བྱའོ། །སྟོང་པ་བསྒོམ་པ་ལ་རྩ་བ་ལྟར་ན་རྣམ་ཐར་གསུམ་དང་། འགྲེལ་པར་རྣམ་ཐར་བཞིའི་སྔགས་གསུངས་ཏེ་རྒྱས་བསྡུས་སུ་མངོན་ནོ། །འདིར་དངོས་པོ་མེད་པ་བསྒོམ་པ་མེད། །ཅེས་སོགས་ཀྱིས་རྣམ་པར་དཔྱད་ཅེས་པ་ནི་བསྡུས་རྒྱུད་ནས་གསུངས་པ་དང་མཐུན་པར་བྱ་དགོས་ཀྱི། ཚིགས་བཅད་དེ་རྫོགས་རིམ་ལ་སྦྱར་བའི་བཤད་པ་སྐབས་འདིར་བཤད་པ་ནི་མི་འགྲིག་གོ །བསྡུས་རྒྱུད་ཀྱི་རྣམ་ཐར་གསུམ་ཡང་གཞིའི་ལྟ་བ་གཏན་ལ་འབེབས་པ་ལ་བྱའི། དེ་བཞག་ནས་ཚུལ་གཞན་དུ་འཆད་པ་ནི་གཏན་མིན་ནོ། །མེ་དང་མུན་པའི་མཐའ་ཞེས་པ་ལ་མེ་ནི་ཉི་འོད་ཀྱི་སྣང་བ་དང་། དེའི་མཐའ་ནི་ཉི་མ་དམར་ཐག་ཆོད་པའི་མཚམས་སོ། །མུན་པ་ནི་དེའི་འོག་ཏུ་མུན་པ་དང་པོ་ཞུགས་པའོ། །དེའི་མཐའ་ནི་ཐོ་རངས་ཀྱི་ཆ་སྐྱ་རེངས་དང་པོའི་མདུན་ནོ། །མདོར་ན་སྣང་མུན་གྱི་དང་པོ་ནས་ཐ་མའི་བར་གྱིས་ཁྱབ་པའི་ནམ་མཁའོ། །


JLD011_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ཁམས་ནི་རྣམ་པ་ཐམས་ཅད་པའི་གཟུགས་ཞེས་པ་ནི་རྣམ་པ་ཐམས་ཅད་པའི་ངོ་བོ། ཡུལ་དང་རྣམ་པར་བྲལ་བ་ནི། བཟུང་བ་དོན་གཞན་དུ་མི་བདེན་པ་སྟེ། ཁམས་གསུམ་པོ་རྡུལ་ཕྲ་རབ་ལས་འདས་པའི་ཞེས་པའང་དེའོ། །དབུས་ཀྱི་ས་ནི་འོད་གསལ་སྟོང་པ་ཉིད་ཀྱི་གཟུགས་ཏེ་ངོ་བོ། དེ་ལ་གང་བཞག་པ་ནི་སེམས་ཀུན་གཞི་ནམ་མཁའི་ཁམས་སོ། །རྟེན་བསྐྱེད་པའི་སྐབས་སུ་ཡི་གེ་དགུ་རེ་རེ་ལས་རླུང་ནས་སྒྲ་གཅན་གྱི་བར་རེ་རེ་བསྐྱེད། དགུ་པོ་ཐམས་ཅད་གཅིག་ཏུ་འདྲེས་ནས་ཡི་གེ་དགུ་བསྐྱེད། དེ་ནས་དེ་ཡོངས་སུ་གྱུར་པ་ལས་རླུང་ནས་སྒྲ་གཅན་གྱི་བར་དགུ་གྲུབ་པར་སེམས་པའི་དགོས་པ་གང་ཞེ་ན། དང་པོ་ནི། ཕལ་ཆེར་སྣོད་བསྐྱེད་པ་དང་བསྟུན་ཏེ་སྣོད་སྦྱོང་བྱེད་དོ། །གཉིས་པ་ནི་ནང་གི་རང་རྒྱུད་སྦྱོང་བ་སྟེ། རླུང་ནས་པདྨའི་བར་དྲུག་ནི་ཁམས་དྲུག་ལྡན་གྱི་གང་ཟག་གོ །ཟླ་ཉི་སྒྲ་གཅན་གསུམ་ཚན་གསུམ་ལས། དང་པོ་ནི་སྒྲུབ་པ་པོའི་ལུས་ཀྱི་ཁུ་རྡུལ་རྣམ་ཤེས་གསུམ་མོ། །གཞལ་ཡས་ཁང་གི་ནང་གི་གདན་གསུམ་ནི་རྩ་གསུམ་མོ། །མདོར་ན་གང་ཟག་གཅིག་གི་ལུས་ལ་དགུ་པོ་དེ་བསྡུས་པ་དང་། ཕྱི་ལ་དེ་རྣམས་སོ་སོར་ཡོད་པའི་དབང་དུ་བྱས་སོ། །སྒྲ་གཅན་གྱི་གདན་གྱི་སྟེང་དུ་ཁང་བརྩེགས་བསྒོམ་པ་དང་། རྡོ་རྗེའི་གུར་བསྒོམ་པ་གདམ་ང་ཅན་མཛད་པའི་ཕྱི་མ་ལ་ཡུམ་གྱི་སྐྱེ་གནས་སུ་ནི་རྡོ་རྗེ་དང་བཅས་པདྨ་ཞེས་པའི་ཤེས་པར་བྱེད་ལས་སོ། །ཞེས་གསུངས་པའི་དོན་ནོ། །མའི་གསང་བའི་པདྨར་ཟླ་ཉི་སྒྲ་གཅན་གྱིས་མཚོན་པའི་བཤང་གཅི་དང་། ཁུ་བ་འབབ་པའི་རྩ་


JLD011_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འདུས་པར་གསུངས་པས། ཟླ་ཉི་སྒྲ་གཅན་གསུམ་ནི་དེ་གསུམ་ཡིན་པས་པདྨའི་སྟེང་དུ་རྡོ་རྗེའི་གུར་བསྒོམ་པར་སོང་ལ། དེའི་ཚེ་མའི་པདྨར་ཕའི་རྡོ་རྗེས་སོན་པ་མཚོན་པའོ། །གུར་གྱི་ཟླུམ་པོའི་དབྱིབས་ཀྱིས་མའི་ལུས་མཚོན་ལ། དེའི་རང་བཞིན་རྡོ་རྗེ་ཡིན་པས་ནི་སྔར་ལྟར་མཚོན་པས་སྐྱོན་མེད་དོ། །འགྲེལ་ཆེན་ལས་བཅོམ་ལྡན་འདས་མངལ་དུ་འཇུག་པའི་དུས་མངལ་སྦྱང་བའི་ཆོ་གའོ། །ཞེས་གཞལ་ཡས་ཁང་བསྐྱེད་པའི་སྐབས་སུ་གསུངས་པས་བསྒོམ་པ་གཞལ་ཡས་ཁང་ནི་ཡུམ་གྱི་མངལ་མཚོན་པའོ། །དེར་ཁུ་རྡུལ་གཉིས་དང་བར་དོའི་ཤེས་པ་འདུས་པ་མཚོན་པ་ནི། དབྱངས་དང་ཟླ་བ་དང་གསལ་བྱེད་དང་ཉི་མ་དང་ཧཱུཾ་ཡིག་གོ །དེ་དག་གིས་མངལ་འཛིན་པ་དང་མཐུན་པར་བསྒོམ་པ་བསྟན་ཏེ། རླུང་ནས་སྒྲ་གཅན་གྱི་བར་མ་ལ་སྦྱར་བ་དང་། གཞལ་ཡས་ཁང་མ་ལ་སྦྱར་བ་དང་། མའི་པདྨར་ཕའི་རྡོ་རྗེ་ཞུགས་པའི་དུས་སུ་ཕའི་ཁུ་བ་དང་མའི་རྡུལ་དང་བར་དོའི་ཤེས་པ་གསུམ་འདུས་པའོ། །འབྲས་བུ་ལ་སྦྱར་བ་ནི་མཚན་དཔེ་དང་ཡེ་ཤེས་ལྔ་དང་སྦྱར་བའོ། །ལམ་ལ་གཉིས་ལས། བསྐྱེད་རིམ་ལ་སྦྱར་བ་ནི་མངོན་བྱང་ལྔ་བསྒོམ་པའོ། །མངོན་བྱང་ལྔ་སྔོན་མ་བཞི་བསྒོམ་པ་ནི་ཕ་མའི་ཁུ་ཁྲག་དང་རྣམ་ཤེས་རླུང་གི་བཞོན་པ་ཅན་བཞི་མཚོན་པ་སྟེ། སྤྱིར་ཁུ་ཁྲག་འདུས་པ་ལས་རྣམ་ཤེས་བདེ་ཆེན་དུ་བསྐྱེད་པའི་རྫོགས་རིམ་གྱི་སྨིན་བྱེད། དེ་གསལ་བོར་མཚོན་པ་ནི་ཧཾ་ཡིག་གི་མངོནབྱང་བཞི་སྟེ། རྣམ་བཅད་ཉི་མ་དང་ཐིག་ལེ་ཟླ་བ་གཉིས་བརྩེགས་པས་རོ་


JLD011_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱང་གི་རླུང་དབུ་མར་འདུས་པ་ལས་རྣམ་ཤེས་རླུང་གི་བཞོན་པ་ཅན་བདེ་ཆེན་དུ་བསྐྱེད་པའི་རྫོགས་རིམ་གྱི་སྨིན་བྱེད་དོ། །འདིར་ཟླ་བ་ལ་དབྱངས་དང་ཉི་མ་ལ་གསལ་བྱེད་འགོད་པར་གསུངས་པའི་དོན་ལ་ཁ་ཅིག་ན་རེ། སྒྲ་གཅན་གྱི་དཀྱིལ་འཁོར་སྟེང་དུ་ཟླ་བ་ཞིག་བསྐྱེད་པ་ལ་དབྱངས་ཡིག་རྣམས་བཀོད་པ་ཡོངས་སུ་གྱུར་པ་ལས་ཟླ་བ་ལ་དབྱངས་ཡིག་གིས་མཚན་པ་བསྒོམ་པ་ཡིན། ཉི་མ་ལའང་དེས་འགྲེ་ཞེས་པ་མི་འཐད་དེ། ཉི་ཟླའི་དཀྱིལ་འཁོར་ལན་གཉིས་བསྒོམ་དགོས་པར་འགྱུར་བའི་ཕྱིར་རོ། །རང་གི་ལུགས་ཀྱི་ཟླ་བ་ཞིག་དཀྲོང་བསྐྱེད་བྱས་པ་ལ་དབྱངས་སོ་གཉིས་འགོད། དེ་ནས་ཟླ་བའི་འོག་ཏུ་ཉི་མ་ཞིག་བསྐྱེད་པ་ལ་གསལ་བྱེད་བརྒྱད་ཅུ་འགོད་པའོ། །ཟླ་བ་ཞུ་བ་དབྱངས་དང་ལྡན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། གཟུགས་ཕུང་བསྐྱེད་པར་བྱ་བ་རྣམ་པར་སྣང་མཛད་ཅེས་པ་ནི། གཞན་ནས་ཁུ་བ་འོད་དཔག་ཏུ་མེད་པ་ལ་བཤད་པ་དང་འགལ་ལོ་ཞེ་ན། ཞེས་པའི་ལན་དུ་སྐྱོན་མེད་དེ། ཟླ་སྟོབས་ཀྱིས་གཞན་དང་གཞན་དུ་འགྱུར་བའི་ཕྱིར། །བཤང་གཅི་ཁུ་བ་གསུམ་ལ་བཤང་བ་རྣམ་སྣང་དང་། གཅི་བ་མི་བསྐྱོད་པར་བྱས་ན་འོད་དཔག་མེད་དུ་འགྱུར་ཏེ། ཇི་ལྟར་བཤང་བ་རྣམ་སྣང་དང་། །གཅི་བ་ཁུ་བའི་དམ་ཚིག་ནི། །མི་བསྐྱོད་འོད་དཔག་མེད་ཡིན་པ། །ཞེས་རྡོ་རྗེ་སྙིང་འགྲེལ་ལས་གསུངས་པ་བཞིན་ནོ། །བདུད་རྩི་ལྔ་ལ་དྲི་ཆུ་འོད་དཔག་མེད་དུ་བྱས་པ་ན་ཁུ་བ་མི་བསྐྱོད་པ་ཡིན་ཏེ། ནང་ལེར་བསྟན་པ་བཞིན་ནོ། །འདིར་ཁུ་བ་དང་རྡུལ་དང་དྲི་ཟ་དང་རླུང་དང་རྣམ་ཤེས་རིགས་ལྔར་བྱས་པ་ན་ཁུ་བ་ནི་ཟླ་བ་ཡིན། ཟླ་བ་ནི་སྐུ་རྡོ་རྗེ་ཡིན།


JLD011_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རྡོ་རྗེའི་སྦྱང་གཞི་གཟུགས་ཕུང་ཡིན་པས་མེ་ལོང་ལྟ་བུའི་ཡེ་ཤེས་དང་རྣམ་སྣང་དུ་བྱས་པ་མི་འགལ་ཏེ། ཡེ་ལེར་སྐུ་རྡོ་རྗེའི་དབང་དུ་བྱས་ནས་རྣམ་སྣང་དཀར་པོར་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ནི་ལེགས་ཤིང་། མངོན་བྱང་ལྔས་བསྐྱེད་པའི་དུས་འཁོར་རྡོར་སེམས་ཀྱི་རིགས་ལ་རྩ་ཞལ་ནག་པོ་དང་། གླུས་བསྐུལ་བ་ལས་བཞེངས་པའི་དུས་འཁོར་མི་བསྐྱོད་པའི་རིགས་ལ་སྐུ་མདོག་ནག་པོར་གསུངས་པས་ཕྱོགས་རེའི་སྒོ་ནས། སྐུ་མདོག་དང་དཀྱིལ་འཁོར་གྱི་ཚོན་པའི་ཁ་དོག་གསུངས་པ་ལ་ངེས་ཅན་དུ་འཁྲུལ་བར་མི་བྱའོ། །༈ དུས་འཁོར་གྱི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཉེར་མཁོའི་ཟིན་བྲིས་བཞུགས། འདིར་དཔལ་དུས་ཀྱི་འཁོར་ལོའི་གོ་འཕང་འཐོབ་པར་བྱེད་པའི་ཐབས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་མན་ངག་ཉམས་སུ་ལེན་པར་བྱེད་པ་ལ། ཐོག་མར་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་བྱང་ཆུབ་སེམས་སྦྱོང་གི་བར་གྱི་ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང་། ཐུན་མོང་མ་ཡིན་པ་འདིའི་དབང་རྣམ་པར་དག་པ་རྫོགས་པར་མཉན་ལ། དམ་ཚིག་དང་སྡོམ་པ་རྫོགས་པ་ཚུལ་བཞིན་དུ་བསྲུང་བའི་གང་ཟག་གིས་རྡོ་རྗེ་སེམས་དཔའི་སྒོམ་བཟླས། བླ་མའི་རྣལ་འབྱོར་རྣམས་སྔོན་དུ་བཏང་སྟེ། ཡར་འབྲས་བུ་བར་དུ་རྫོགས་རིམ། མར་སྦྱང་གཞི་དང་ཆོས་མཐུན་པའི་བསྐྱེད་རིམ་གྱིས་རྒྱུད་སྨིན་པར་བྱེད་དགོས་ཤིང་། བསྐྱེད་རིམ་ལའང་རྒྱས་པར་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ། འབྲིང་ཐུགས་


JLD011_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ། བསྡུས་པ་ལྷ་ལྔ་ཙམ་ནི་ངེས་པར་དགོས་ལ། དཔའ་བོ་གཅིག་པ་དང་། ལྷན་སྐྱེས་ཙམ་ནི་མ་ཡིན་ནོ། །དེ་ལ་ཁ་ཅིག་རྫོགས་རིམ་བསྒོམ་པའི་སྣོད་རུང་དུ་བྱེད་པ་ལ། བསྐྱེད་རིམ་བསྒོམ་པ་སྤངས་ཤིང་། དུ་བ་ལ་སོགས་པའི་ལམ་དུས་ཀྱི་དབུ་མ་རྣམ་པར་སྦྱང་བ་དགོས་པ་ཞེས་པ་མི་འཐད་དེ། ངེས་པར་བསྐྱེད་རིམ་བསྒོམ་དགོས་པ་སྔོན་དུ་འགྲོ་དགོས་པ་རྒྱུད་འགྲེལ་དང་། བདག་གི་བླ་མ་དམ་པ་མཁས་གྲུབ་ཆེན་པོའི་མན་ངག་རྣམས་སུ་རྒྱས་པར་བཤད་ཟིན་ཅིང་གསུང་ལས་འབྱུང་ངོ་། །དུ་བ་ལ་སོགས་པའི་ལམ་གྱིས་དབུ་མ་སྦྱངས་པ་ནི། སོར་སྡུད་ཀྱི་དགོས་པའི་གཙོ་བོ་ཡིན་པས། རྫོགས་རིམ་གྱི་སྣོད་རུང་དུ་བསྒྲུབ་པའི་ཆོས་མིན་ནོ། །ཁ་ཅིག་རྫོགས་རིམ་གྱི་སྔོན་འགྲོའི་ཆོས་ལ་ཡིད་ཆེས་གསུམ་ལྡན་ཞིག་དགོས་ཞེས་པ་ནི། རྫོགས་རིམ་ཁོ་ནར་མ་ཟད་གསང་སྔགས་ཀྱི་ལམ་སྤྱིའི་སྔོན་དུ་འགྲོ་དགོས་ལ། དེའང་བླ་མས་རྒྱུད་བཤད་པ་ན་དེའི་ལེགས་བཤད་མཐོང་ནས་རྒྱུད་ལ་ཡིད་ཆེས་ལ། རྒྱུད་ནས་ཇི་ལྟར་བཤད་པའི་མན་ངག་རྣམས་བླ་མས་བསྟན་པས་བླ་མ་ལ་ཡིད་ཆེས་ཤིང་། མན་ངག་ཉམས་སུ་བླངས་པས་རྒྱུད་ནས་བཤད་པ་ལྟར་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པས་རང་ལ་ཡིད་ཆེས་པ་གསུམ་མོ། །རྫོགས་རིམ་དངོས་ལ་གང་གནད་དུ་བསྣུན་པའི་གཞི་རྡོ་རྗེ་ལུས་ཀྱི་གནད་ངོས་བཟུང་བ། དེ་ལ་གནད་དུ་སྣུན་བྱེད་སྦྱོར་བ་ཡན་ལག་དྲུག་གི་ཐུན་མོང་གི་དོན་བཤད་པ། ཡན་ལག་དྲུག་སོ་སོའི་དོན་བཤད་པའོ། །དང་པོ་ལ། གནས་པ་རྩ། གཡོ་


JLD011_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་བཤད་པའོ། །དང་པོ་ནི། རྩའི་འཁོར་ལོ་རོ་རྐྱང་དབུ་མ་གསུམ་ནི། གསང་གནས་ནས་གཙུག་ཏོར་གྱི་བར་ཁོག་པའི་དབུས་དྲང་བོ་ལ་སོང་སྟེ། གཙུག་ཏོར་ནས་གུག་སྟེ་སྨིན་མཚམས་ཀྱི་ཐད་དུ་རོ་མའི་རྩེ་སྣ་བུག་གཡས་དང་། རྐྱང་མ་གཡོན་དང་། དབུ་མ་དབུས་ཀྱི་ཐད་དུ་ཟུག་སྟེ། རོ་རྐྱང་གཉིས་ནས་སྣ་བུག་གཡས་གཡོན་གྱི་རླུང་རྒྱུའོ། །ཕྱག་ཆེན་ཐིག་ལེ་ལས་རྩ་མདུད་སུམ་ཅུ་རྩ་གཉིས་བཤད་ཅིང་རྒྱུད་འདིར་མི་གསལ་ལོ། །འདིར་ནི་རིགས་དྲུག་གི་རྩ་འཁོར་དྲུག་སྟེ། གཙུག་ཏོར་དུ་རྩ་འདབ་བཞི་པའི་འཁོར་ལོ་ནམ་མཁའི་ཁམས་ཁ་དོག་ལྗང་གུ །དཔྲལ་བར་ནང་སྐོར་ལ་འདབ་མ་བཞི། བར་སྐོར་ལ་བརྒྱད། ཕྱི་སྐོར་ལ་བཅུ་དྲུག་ཆུའི་ཁམས་ཁ་དོག་དཀར་པོ། དབྱིབས་ཟླུམ་པོའོ། །མགྲིན་པར་ནང་སྐོར་ལ་བཞི། བར་སྐོར་ལ་བརྒྱད། ཕྱི་སྐོར་ལ་སོ་གཉིས། མེའི་ཁམས་ཁ་དོག་དམར་པོ། དབྱིབས་གྲུ་གསུམ། སྙིང་གར་རྩ་འདབ་བརྒྱད། རླུང་གི་ཁམས་ཁ་དོག་ནག་པོ། དབྱིབས་གཞུའི་རྣམ་པ་ཅན་ནོ། །ལྟེ་བར་ནང་སྐོར་ལ་བཞི། དེའི་ཕྱི་སྐོར་ལ་བརྒྱད། དེའི་ཕྱི་སྐོར་ལ་བཅུ་དྲུག་པ་སྟེ། བཞི་སྟོང་པའི་རྩ་ཡིན། ལྷམ་མ་བཅུ་གཉིས་ལྷོ་བགྲོད་བྱང་བགྲོད་ཁྱིམ་བཅུ་གཉིས་ཀྱི་རྩ་སྟེ་གཡས་རོ་མ་ལ་ཟུག་པ་དྲུག །གཡོན་རྐྱང་མ་ལ་ཟུག་པ་དྲུག་སྟེ་དྲུག་ཚན་གཉིས་པོ་རེ་རེ་ཟུག་པའི་རྩ་ལྔ་ལྔ་སྟེ་དྲུག་ཅུ་དང་སྟོང་པའི་རྩ་བཞི་སྟེ་དྲུག་ཅུ་རེ་བཞིའོ། །འདི་སྤྱིའི་ཁམས་ཡིན། སའི་ཁམས་སེར་པོ། དབྱིབས་


JLD011_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་བཞི། ནང་གི་འདབ་མ་བཞི་ཡེ་ཤེས་ཀྱི་ཁམས་སོ། །གསང་གནས་ན་ནང་སྐོར་རྩ་འདབ་དྲུག །བར་སྐོར་བཅུ། ཕྱི་སྐོར་བཅུ་དྲུག་གོ །ཡེ་ཤེས་ཀྱི་ཁམས་ཁ་དོག་སྔོན་པོ། གཙུག་ཏོར་གྱི་རྩ་གཉིས། མགྲིན་པའི་རྩ་བཞི་ནི་སྟོང་པའི་རྩ་ཡིན་ནོ། །གཙུག་ཏོར་མགྲིན་པ་ལྟེ་བའི་རྩ་འདབ་ཀྱི་གྲངས་རྣམས་ནི་ཕྱི་སྐོར་གྱི་དབང་དུ་བྱས་ལ། གསང་གནས་ཀྱི་ནི་བསྡོམས་པའི་དབང་དུ་བྱས་པའོ། །དབང་མདོར་བསྟན་ནས་ནོར་བུའི་དབུས་ན་འདབ་མ་བརྒྱད་པའི་རྩ་འཁོར་ཡོད་པར་བཤད་དོ། །རོ་རྐྱང་དབུ་མ་གསུམ་ལྟེ་བ་ཡན་ཆད་དུ་གནས་པ་གསུམ། མན་ཆད་དུ་གནས་པ་གསུམ་སྟེ་རྩའི་གཙོ་བོ་དྲུག་གོ །རྩ་གསུམ་ལྟེ་བ་ཡན་ཆད་དུ་དྷཱུ་ཏཱི་ནི་དབུས། ཁ་དོག་ལྗང་གུ་རླུང་འབབ་པ་སྒྲ་གཅན་གྱི་རྩ་ཞེས་སོ། །རོ་མ་ནི་གཡས་ཁ་དོག་དམར་པོ་ཁྲག་འབབ་པ། ཤེས་རབ་ཀྱི་རྩ་རྭ་ས་ན་ཞེས་སོ། རྐྱང་མ་ནི་གཡོན། ཁ་དོག་དཀར་པོ་ཁུ་བ་འབབ་པ་ཐབས་ཀྱི་རྩ། ཟླ་བའི་རྩ་ལཱ་ལ་ན་ཞེས་སོ། །ལྟེ་བ་མན་ཆད་དུ་དྷཱུ་ཏཱི་ནི་ཁ་དོག་སྔོན་པོ་རྩ་གསུམ་གྱི་གཡས་ཁུ་བ་འབབ་པ་དུང་ཅན་མ་ཞེས་སོ། །རོ་མ་ནི་གཡོན་ཁ་དོག་ནག་པོ་གཅི་བ་འབབ་པ་དམར་སེར་ཅན་ཞེས་སོ། །རྐྱང་མ་ནི་དབུས་ཁ་དོག་སེར་པོ་བཤང་བ་འབབ་པ་ལུག་ཅེས་སོ། །ཁུ་བ་དང་ལྕི་བ་འབབ་པའི་རྩ་ནི་རྡོ་རྗེའི་རྩེར་ཟུག་བཤང་བ་འབབ་པ་ནི་བཤང་ལམ་དུ་ཟུག་གོ །ལུས་ལ་གནད་དུ་བསྣུན་ཞེས་པ་ནི། ལུས་ཀྱི་གནད་ཆེ་སར་དམིགས་པས་བསྣུན་པའོ། །དེའང་སོར་བསམ་གཉིས་སྨིན་མཚམས་སུ་དང་། སྲོག་རྩོལ་གྱིས་ལྟེ་བ།


JLD011_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་འཁོར་ལོ་དྲུག་ག་ལ། རྗེས་དྲན་གྱིས་ལྟེ་བ། ཏིང་འཛིན་གྱིས་གསང་གནས་ནས་གཙུག་ཏོར་གྱི་བར་ལ་གནད་དུ་བསྣུན་པར་བྱེད་དོ། །གཉིས་པ་གཡོ་བ་རླུང་བཤད་པ་ནི། སྲོག་འཛིན་ལ་སོགས་པའི་རླུང་བཅུ་དང་པོར་སྐྱེ་བའི་གནས་སྙིང་ག །བར་དུ་གནས་པའང་སྙིང་ག་ཡིན། རྒྱུ་བ་ནི་རླུང་རྒྱུ་བའི་རྩ་ཐམས་ཅད་ལ་རྒྱུའོ། །སྲོག་འཛིན་ནི་སྙིང་གའི་རྩ་མདུད་ཡན་ཆད་ཀྱི་རྩ་གསུམ་ལ་རྒྱུ་ཞིང་། སྟེང་རླུང་ཐམས་ཅད་གཡོ་བའི་བྱ་བ་བྱེད་དོ། །ཐུར་སེལ་ནི་སྙིང་གའི་མདུད་པ་ཕྱིན་ཆད་ཀྱི་རྩ་གསུམ་ལ་རྒྱུ་ཞིང་འོག་རླུང་ཐམས་ཅད་གཡོ་བའི་བྱ་བ་བྱེད་ལ། སྲོག་འཛིན་ནམ་མཁའི་ཁམས་ཁ་དོག་ལྗང་གུ །ཐུར་སེལ་ཡེ་ཤེས་ཀྱི་ཁམས་ཁ་དོག་སྔོན་པོ། མཉམ་གནས་དང་རུས་སྦལ་གཉིས་སྙིང་གའི་ཤར་དང་ཤར་ལྷོའི་རྩ་འདབ་ལ་གནས་རླུང་ཁམས་ཁ་དོག་ནག་པོ། གྱེན་རྒྱུ་དང་རྩངས་པ་གཉིས་ལྷོ་དང་ལྷོ་ནུབ་ཀྱི་འདབ་མ་ལ་གནས་མེ་ཁམས་ཁ་དོག་དམར་པོ། ཁྱབ་བྱེད་དང་ལྷ་སྦྱིན་གཉིས་བྱང་དང་བྱང་ཤར་གྱི་རྩ་འདབ་ལ་གནས་ཆུ་ཁམས་ཁ་དོག་དཀར་པོ། ཀླུ་དང་ནོར་ལས་རྒྱལ་གཉིས་ནུབ་དང་བྱང་གི་འདབ་མ་ལ་གནས་ས་ཁམས་ཁ་དོག་སེར་པོ། ལྟེ་བའི་རྩ་འདབ་བཅུ་གཉིས་ནས་རླུང་རྒྱུ་ཚུལ་ནི། གཡས་ཀྱི་འདབ་མ་དྲུག་སྒལ་ཚིགས་ལ་ཉེ་བའི་རྩ་ནས་ས་རླུང་སྟོང་བརྒྱད་བརྒྱ་ལ། ང་དྲུག་རྐང་བཅས་ཀྱིས་དམན་པ་རྒྱུ། ང་དྲུག་རྐང་བཅས་ནི་ཡེ་ཤེས་ཀྱི་རླུང་སྟེ་དྷཱུ་ཏཱི་ནས་རྒྱུའོ། །དེ་ནས་གཡོན་གྱི་རྩ་འདབ་ནས་ནམ་མཁའི་


JLD011_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སྟོང་བརྒྱད་བརྒྱ་ལ་ང་དྲུག་རྐང་བཅས་ཀྱིས་དམན་པ་རྒྱུ་ཞིང་། དེ་ནས་ཡེ་ཤེས་ཀྱི་རླུང་རྒྱུ་བ་སོགས་དང་། རེ་མོས་ཀྱིས་རྒྱུ་བ་སོགས་འདྲའོ། །ས་རླུང་ནི་སྣ་བུག་ནས་སོར་བཅུ་གཉིས་བར་དུ་ཕྱིར་འགྲོ་ཞིང་། ནང་དུ་ལྟེ་བར་སླེབ་པ་ཙམ། ཆུ་མེ་རླུང་ནམ་མཁའི་རླུང་རྣམས་རིམ་པ་བཞིན། ཕྱིར་སོར་བཅུ་གསུམ་བཅུ་བཞི་བཅོ་ལྔ་བཅུ་དྲུག་རྣམས་རྒྱུ་ཞིང་། ལྟེ་བར་སོར་གཅིག་གཉིས་གསུམ་བཞིས་མ་སླེབ་ཙམ་དུ་རྒྱུ་བར་བྱེད་དོ། །གསུམ་པ། བཀོད་པ་བྱང་ཆུབ་སེམས་ཀྱི་བཤད་པ་ནི། རྩ་འཁོར་རྣམས་སུ་གནས་སྐབས་བཞིའི་ཐིག་ལེ་གནས་ཤིང་། དེའང་སྤྱི་བོ་ན་སད་པའི་གནས་སྐབས་སྐྱེད་པར་བྱེད་པ་ལུས་ཀྱི་ཐིག་ལེ། མགྲིན་པ་ན་རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པ་ངག་གི་ཐིག་ལེ། ལྟེ་བ་ན་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པ་ཡེ་ཤེས་ཀྱི་ཐིག་ལེ་གནས། ཡང་ལྟེ་བ་གསང་གནས་ནོར་བུའི་དབུས་དྷཱུ་ཏཱིའི་མར་སྣ་རྣམས་ན་རིམ་པ་བཞིན། སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པའི་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་བཞི་བཞི་གནས་སོ། །སད་པའི་གནས་སྐབས་སྐྱེད་པར་བྱེད་པའི་ཐིག་ལེའི་སྟེང་གི་དྲི་མ་སྦྱངས་ཡུལ་སྣང་སྣ་ཚོགས་སུ་སྣང་བ་དེ་ཉིད་ཐབས་མཁས་ཀྱི་ལམ་དུ་བྱས་པ་ལ་བརྟེན་ནས་སྟོང་གཟུགས་སྣ་ཚོགས་པ་གྲུབ་པར་བྱེད་དོ། །རྨི་ལམ་གྱི་ཐིག་ལེའི་སྟེང་གི་དྲི་མ་བསལ། བརྗོད་པ་སྣ་ཚོགས་པ་དེ་ཉིད་ལམ་དུ་བྱས་པས་གསུང་རྣམ་པ་ཐམས་ཅད་འགྲུབ་པར་བྱེད། གཉིད་འཐུག་གི་ཐིག་ལེའི་སྟེང་གི་མི་ཤེས་པའི་མུན་པའི་ཆ་དེ་ཉིད་སྦྱངས། མི་རྟོག་པ་དེ་ཉིད་ལམ་


JLD011_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་འགྲུབ་པར་བྱེད་དོ། །བཞི་པའི་གནས་སྐབས་སྐྱེད་པར་བྱེད་པའི་ཐིག་ལེའི་སྟེང་གི་འཛག་པའི་དྲི་མ་བསལ། བདེ་བ་དེ་ཉིད་ལམ་དུ་བྱས་པ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་འགྲུབ་པར་བྱེད་དོ། །བཞི་པ་ཞེས་པའང་བདེ་བ་ཞེས་པའི་དོན་ཡིན་ཞིང་། གཞི་ལམ་གང་གི་སྐབས་སུའང་ཁམས་བབ་པ་བཞི་པའི་གནས་སྐབས་སྐྱེད་བྱེད་གྱི་ཐིག་ལེ་དང་ཕྲད་པ་ན་བདེ་བ་ཆེས་ཁྱད་པར་དུ་འཕགས་པ་འབྱུང་ངོ་། །གཉིས་པ་ཡན་ལག་དྲུག་གི་ཐུན་མོང་གི་དོན་བཤད་པ་ནི། ཐོག་མར་དགེ་བ་སྐུ་རྡོ་རྗེ། བར་དུ་དགེ་བ་གསུང་རྡོ་རྗེ། ཐ་མར་དགེ་བ་ཐུགས་རྡོ་རྗེ་དང་ཡེ་ཤེས་ཏེ། དགེ་བ་གསུམ་དང་རྡོ་རྗེ་བཞིའི་ཁྲིད། བསྙེན་སྒྲུབ་ཡན་ལག་བཞིའི་ཁྲིད། ཡན་ལག་དྲུག་གི་ཆིངས་སོ། །དེའང་སོར་སྡུད་ཀྱིས་སྟོང་གཟུགས་སྔར་མ་གྲུབ་གསར་ཏུ་སྒྲུབ་པར་བྱེད། བསམ་གཏན་གྱིས་དེ་ཉིད་བརྟན་པར་བྱེད་པས་ན། སོར་བསམ་གཉིས་སྐུ་རྡོ་རྗེའི་ཡན་ལག །སྲོག་རྩོལ་གྱིས་རླུང་དབང་དུ་བྱེད་ཅིང་འཛིན་པས་དེ་ཉིད་བརྟན་པར་བྱེད་ལ། ངག་གི་རྩ་བ་རླུང་ཡིན་པས་སྲོག་འཛིན་གཉིས་གསུང་རྡོ་རྗེའི་ཡན་ལག །རླུང་གི་དེ་ཉིད་དབང་དུ་བྱས་པའི་སྟོབས་ཀྱིས་སྟོང་གཟུགས་ཡབ་ཡུམ་གྱི་སྐུ་དངོས་གནས་ལ་ཤར་བ་དེ་ཉིད་མཉམ་པར་སྦྱར་བས་བདེ་ཆེན་གྱི་ཡེ་ཤེས་བསྐྱེད་པར་བྱེད་ལ། དེ་ཉིད་རྗེས་དྲན་དང་མཆོག་མི་འགྱུར་གྱི་བདེ་བ་དང་པོར་སྐྱེས་པ་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་འཇོག་ལ། དེ་ཉིད་ཐུགས་རྡོ་རྗེ་དང་ཡེ་ཤེས་རྡོ་རྗེའོ། །འདིར་ཏིང་ངེ་འཛིན་གྱི་ཡན་ལག་མཆོག་མི་འགྱུར་གྱི་བདེ་ཆེན་བསྐྱེད་པ་ལ། རྗེས་དྲན་གྱི་ཡན་ལག་སྟོང་གཟུགས་ཀྱི་སྐུར་དངོས་སུ་


JLD011_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་བ་དགོས་ཤིང་། དེ་ལའང་སྔོན་དུ་སྲོག་འཛིན་གྱིས་རླུང་དབང་དུ་བྱེད་ཅིང་། དེ་ལའང་སྔོན་དུ་སྟོང་གཟུགས་ཁྱད་པར་ཅན་བསྒྲུབ་པའི་སྒྲུབ་གཞིའི་སྟོང་གཟུགས་སྣ་ཚོགས་པ་དེ་ཉིད་སོར་བསམ་གྱིས་བསྒྲུབ་དགོས་སོ། །སོར་སྡུད་ཀྱི་སྐབས་ཀྱི་གཟུགས་མཐོང་བའང་དྷཱུ་ཏཱིའི་ནང་གི་སད་པའི་གནས་སྐབས་སྐྱེད་བྱེད་ཀྱི་ཐིག་ལེའི་ནང་དུ་མཐོང་བ་ཞིག་བྱུང་ན་རྒྱུད་འདི་ནས་བཤད་པའི་སྟོང་གཟུགས་སུ་འགྲོ་ལ། མཐོང་ས་ལུས་ལ་གནད་དུ་བསྣུན་པར་མི་འགྲོའོ། །ཡན་ལག་དྲུག་སོ་སོའི་དོན་བཤད་པ་ལ། སོར་སྡུད་ལ་གཉིས་སུ་དབྱེ་བ། ཕྱེ་བ་སོ་སོའི་དོན་བཤད་པ། མ་བྱུང་ན་དཔོགས་ཆོག་བྱ་ཚུལ་ལོ། །དང་པོ་ནི། ཡུལ་སོ་སོར་འཛིན་པའི་དབང་ཤེས་ཀྱི་བཞོན་པར་གྱུར་པའི་རླུང་ནང་དུ་བཀག་པའི་སྟོབས་ཀྱིས། ཡུལ་རྟེན་གྱི་འབྲེལ་བ་གཅོད་པས་ན་སོར་གཅོད་ཅེས་པའམ། སོར་སྤོང་སོར་སྡུད་ཅེས་པའོ། །མཚན་མོའི་རྣལ་འབྱོར་སྒོམ་པར་བྱེད་པ་ལ་ངེས་པ་དྲུག་དང་ལྡན་པ་དགོས་ཏེ། གནས་ཀྱི་ངེས་པ་ནི་མཚན་བུག་པ་མེད་པའི་ཁྱིམ་དུ་ཞེས་སོགས་གསུངས། ལུས་ཀྱི་གནད་ཀྱི་ངེས་པ་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་རྡོ་རྗེ་ཁུ་ཚུར་ཁ་ཕྱིར་བསྟན་ལ་བརླ་གཉིས་ཀྱི་རྩ་བར་བཞག །སྒལ་ཚིགས་དོང་ཙེ་ལྟར་བསྲངས། མགྲིན་པ་ཡིད་ཙམ་དགུག །མཆུ་དང་སོ་རང་སོར་བཞག །ལྟ་སྟངས་ཀྱི་ངེས་པ་ནི་ཕྱེད་མིག་གྱེན་དུ་ལྡོག་སྟེ་སྨིན་མཚམས་ཀྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ལྟ་བར་བྱེད་དོ། །ཀུན་ནས་ནམ་མཁར་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །ཞེས་པ་རྡོ་རྗེའི་ལམ་ནི་དྷཱུ་ཏཱིའི་ནང་ངོ་། །ཉམས་རྟགས་འཆར་ཚུལ་གྱི་ངེས་པ་ནི། སྔར་བཤད་པ་ལྟར་ལུས་གནད་ལྟ་སྟངས་རྣམས་བསྟེན་ནས་སེམས་ཅུང་


JLD011_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཟིན་པ་ན་མདུན་གྱི་བར་སྣང་ལ་དུ་བ་སྨིག་རྒྱུ་ལ་སོགས་པའི་སྣང་བ་སྣ་ཚོགས་འཆར་ལ། དེ་ལྟ་བུ་ནི་སེམས་གནས་ཆ་བརྟན་པོ་བྱུང་བ་ཕལ་ཆེ་བ་ལ་འོང་བས་སྟོང་གཟུགས་ཁྱད་པར་བ་མིན་ཞིང་། ལུས་འདར་བ་དང་སྦྲིད་པ་ལ་སོགས་ལ་བརྟེན་ནས་འཁྲབ་པ་དང་། ངག་ཏུ་ཚིག་སྣ་ཚོགས་སྨྲ་བ་འོང་ཡང་ཉམས་ཁྱད་པར་བ་མིན་ལ། གེགས་མིན་པས་དེའི་དབང་དུ་མ་སོང་བར་གེགས་སེལ་དགོས་སོ། །ལུས་ཀྱི་སྟོད་མགོ་སོགས་ཟ་བ་འཕྲུག་འདོད་པ་དང་། སྔར་གྱི་དུ་སོགས་ཀྱི་རྟགས་དེ་རྣམས་ཀྱང་དྭངས་ཤིང་ཕྲ་ལ་བརྟན་དུ་སོང་བ་ནི་རླུང་དྷཱུ་ཏཱིར་འཇུག་པར་རྩོམ་པའི་སྔ་ལྟས་ཡིན་ལ། དུ་སོགས་ཀྱི་མཚན་མ་དེ་དག་སྣ་བུག་ཏུ་ཞུགས་པ་དང་། དྷཱུ་ཏཱིའི་ནང་དུ་སྦྲུལ་དང་དབྱུག་པ་སྐུད་པ་སོགས་ཞུགས་པ་ལྟ་བུའི་སྣང་བ་འཆར་བ་དང་། རྟགས་དེ་དག་མགོན་པོ་དང་དྷཱུ་ཏཱིའི་ནང་དུ་མཐོང་ལ། སྣ་བུག་གི་རླུང་མཉམ་རྒྱུ་ཤེད་མཚུངས་བརྒྱུས་པ་ནི་དྷཱུ་ཏཱིའི་ནང་དུ་རླུང་ཞུགས་པའི་རྟགས་ཡིན་ལ། དེ་ནས་དབང་ཤེས་ལྔའི་བཞོན་པར་གྱུར་པའི་རླུང་རྣམས་རེངས་ཏེ་སྣ་བུག་གི་རྒྱུ་བ་ཆད་དེ་རླུང་རྣམས་དྷཱུ་ཏཱིའི་ནང་དུ་ཐིམ་པ་ན། དུ་བ་སྨིག་རྒྱུ་མཁའ་སྣང་མེ་ཁྱེར་མར་མེ་འབར་བ་ལྟ་བུའི་རྟགས་བཞི་ནི་བསྒོམ་རེས་ཀྱིས་རིམ་པ་ངེས་ཅན་དུ་འཆར་བ་ཞིག་དགོས་སོ། །མདོར་ན་དུ་སོགས་ཀྱི་སྣང་བ་སྣ་ཚོགས་པ་སྣང་ལ་འཆར་བ་ནི་རླུང་མ་རེངས་པ་ནས་ཀྱང་འོང་ལ། དུ་སོགས་ཀྱི་རྟགས་དེ་རྣམས་དྷཱུ་ཏཱིའི་ནང་དུ་ཤར་ནས་སྟོང་གཟུགས་ཁྱད་པར་ཅན་འགོ་རྩོམ་པ་ཡིན་ནོ། །དེའང་ཉིན་མཚན་གྱི་རྣལ་འབྱོར་གཉིས་དགོས་པའི་རྒྱུ་མཚན་ཁ་ཅིག་ལོ་གཅིག་ལ་བགྲོད་པ་གཉིས། ཟླ་བ་ལ་ཡར་ངོ་མར་ངོ་གཉིས་ཞག་གཅིག་ལ་ཉིན་མཚན་


JLD011_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་བྱེད་པ་ཐབས་ཤེས་སུ་སྤྱོད་པ་ནི་མ་འབྲེལ་བ་སྟེ། འདི་ནི་ཉིན་མཚན་གྱི་དུས་ཐམས་ཅད་དུ་འཆར་བའི་ཆེད་དུ་ཡིན་ལ། མཚན་མོའི་རྣལ་འབྱོར་ཐོག་མར་བསྒོམ་པ་ནི་སླ་བའི་གོ་རིམ་ཡིན་ལ། དེའང་མཚན་མོ་མདུན་དུ་ཕྱི་རོལ་གྱི་གཟུགས་རྣམས་རང་ཤུགས་ཀྱིས་མཐོང་ན་འགོག་ནུས་པའི་རྒྱུ་མཚན་གྱིས་ཡིན་ནོ། །ཉིན་མོའི་རྣལ་འབྱོར་ནི། ལུས་གནད་ལྟ་སྟངས་སེམས་ཀྱི་འཇོག་ལུགས་སྔར་ལྟར་ལ། གནས་ནི། ནམ་མཁའ་སྤྲིན་མེད་ཀྱི་བསེར་བུ་ཅུང་ཟད་ཀྱང་མེད་པའི་གནས་སུ་ཉི་མར་རྒྱབ་བསྟན་མིག་གིས་མཐོང་སར་ཉི་ཟེར་སོགས་ཀྱིས་མི་གནོད་པའི་གནས་སུ་བསྒོམས་པས་ནམ་མཁའ་སྤྲིན་མེད་པ་ལ་འབར་བ་མེ་དང་། ཟླ་འོད་དང་། ཉི་འོད་དང་། སྒྲ་གཅན་ཏེ་ནག་ལམ་གྱི་སྣང་བ་དང་། མཆོག་གི་ཆ་སྟེ་གློག་འཁྱུག་པ་ལྟ་བུའི་སྣང་བ་དང་། ཐིག་ལེ་སྔོ་སྐྱ་ཡུངས་འབྲུ་ཙམ་ཤིན་ཏུ་འཚེར་བ་མཐོང་ལ། དེའི་ནང་དུ་ངེས་པ་ལྔ་ལྡན་གྱི་སངས་རྒྱས་ཀྱི་སྐུ་ཁྱད་པར་ཅན་མཐོང་ལ། ངེས་པ་ལྔ་ལྡན་ནི། མཐོང་ས་ངེས་པ་དྷཱུ་ཏཱིའི་ནང་དུ། དུས་ངེས་པ་སོར་སྡུད་ཀྱི་རྟགས་དགུ་རྫོགས་པའི་དུས། རྣམ་པ་ངེས་པ་སངས་རྒྱས་ཀྱི་རྣམ་པ་ཅན། མཚན་ཉིད་ངེས་པ་མཚན་དཔེས་སྤྲས་པའི་ཡབ་ཡུམ་ཞལ་སྦྱོར་ལོངས་སྐུའི་རྣམ་པ་ཅན། ངོ་བོ་ངེས་པ་རྡུལ་ཕྲ་རབ་ལས་འདས་པའོ། །སྐུ་དེ་ཉིད་ཤར་བའི་རྗེས་སུ་རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་བ་ཐིག་ལེའི་ནང་དུ་འཆར་ལ། རེ་ཁཱ་དེའི་ནང་དུ་ཁམས་གསུམ་གྱི་སྣོད་བཅུད་དང་། སངས་རྒྱས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་མཐོང་ངོ་། །མ་བྱུང་ན་དཔོགས་ཆོག་བྱ་བ་ནི། བཙན་ཐབས་ཀྱི་སྦྱོར་བས་ནཱ་ད་བསྒོམ་པར་བྱ་སྟེ། ཞེས་པས་སྟོན་ལ། འདི་ཉིད་འཛིན་པའི་སྐབས་སུ་རྒྱས་པར་འཆད་ལ། སོར་སྡུད་དང་འཛིན་


JLD011_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཀའི་དཔོགས་ཆོག་སྟོན་པ་ཡིན་ནོ། །ཁ་ཅིག་འདིའི་དཔོགས་ཆོག་ལུས་ཀྱི་བྱེད་བཅིང་དམ་དུ་གཏོང་བ་ཙམ་གྱིས་བྱེད་པ་མི་འཐད་དེ། ལུས་གནད་ལྟ་སྟངས་སོགས་མ་འཕྱུགས་པར་བྱས་ཀྱང་། སྒོམ་རྟགས་མ་ཐོན་ན་དཔོགས་ཆོག་བྱ་བར་བཤད་པ་ཡིན་ནོ། །ཁ་ཅིག་མིག་སྦྲིད་པའི་ཐབས་སྣ་ཚོགས་བྱས་ཏེ། མིག་སྔར་ཟང་ཟིང་སྣ་ཚོགས་བྱུང་བ་དཔོགས་ཆོག་བྱེད་ཚུལ་དང་། དེ་ཡིས་འབྲས་བུ་འགྲུབ་པར་འདོད་པའང་དོན་མིན་ནོ། །གསང་འདུས་སུ་རྟགས་བཞིའི་སྔོན་དུ་སྨིག་རྒྱུ་འཆར་བ་དང་། འདིར་སྔོན་དུ་དུ་བ་འཆར་བར་བཤད་ལ། དེའང་འདུས་པ་ནས་བཤད་པ་དེ་ཉིད་རྣལ་འབྱོར་པའི་ལུས་ཀྱི་ས་ཁམས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་པ་ལས་རིམ་པ་བཞིན་དུ། སྨིག་རྒྱུ་དུ་བ་སྲིན་བུ་མེ་ཁྱེར་མར་མེ་འབར་བ་ལྟ་བུའི་རྟགས་རྣམས་འཆར་བ་ཡིན་ལ། འདིར་ནི་སྙིང་གའི་རྩ་བརྒྱད་སྟེང་འོག་གི་རྩ་གཉིས་དང་བཅུ་ལ་གནས་པའི་རླུང་བཅུ་དྷཱུ་ཏཱིའི་ནང་དུ་ཐིམ་པ་ལས་དུ་སོགས་ཀྱི་རྟགས་འཆར་བས་རྒྱུ་ས་དང་དུས་མི་གཅིག་གོ །སོར་བསམ་གྱི་སྐབས་ཀྱི་དུ་སོགས་ཀྱི་རྟགས་རྣམས་གནས་གྱུར་པ་ལས། འཛིན་པའི་སྐབས་སུ་ལྷ་མོ་དུ་བ་མོ་སོགས་ཀྱི་སྐུ་རྗེས་མཐུན་པ་འཆར་ཞིང་། རྗེས་དྲན་གྱི་སྐབས་སུ་ཡེ་ཤེས་ཀྱི་སྐུ་མཚན་ཉིད་པ་འཆར་བ་དང་སྙོམས་པར་ཞུགས་པས་མཆོག་མི་འགྱུར་བའི་བདེ་བ་ཁྱད་པར་ཅན་སྐྱེད་པར་བྱེད་དོ། །འདི་ཉིད་ཀྱི་སྨིན་བྱེད་བསྐྱེད་རིམ་གྱི་སྐབས་ནས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་དུ་བ་སོགས་ཀྱི་ལྷ་མོ་བརྒྱད་སྒོམ་པར་བྱེད་པ་ཡིན་ནོ། །སོར་སྡུད་ཀྱི་རྟགས་བཅུ་རྫོགས་པའི་རྗེས་སུ་རྣལ་འབྱོར་པ་ཚེའི་འཕེན་པ་བཏང་ན་སྔགས་སྤྱོད་པའི་


JLD011_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁྱད་པར་ཅན་གྲུབ་ནས་ལམ་བཟང་འདི་ལ་བརྟེན་ནས་ཚེ་ཕྱི་མ་ཉིད་ལ་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པར་འགྱུར་རོ། །འདིར་ཚད་མ་གང་གིས་གཟུགས་མཐོང་བ་ནི་རྒྱུད་འགྲེལ་འདིར་མི་གསལ་ལ། །རྡོ་རྗེ་སྙིང་འགྲེལ་དུ་དབང་པོའི་མངོན་སུམ་གྱིས་མཐོང་ཞེས་གསུངས་པ་ནི། མིག་དབང་གིས་གཟུགས་མཐོང་བ་ལྟར་ཡིད་དབང་གིས་དུ་སོགས་ཀྱི་རྟགས་མཐོང་བས་དབང་མངོན་ཞེས་བཏགས་པ་ཡིན་གྱི་དབང་མངོན་མཚན་ཉིད་པ་མིན་ནོ། །འདིའི་འབྲས་བུ་ནི་བདེན་པའི་ཚིག་འགྲུབ་པ་སོགས་ཡིན་ནོ། །དབྱེ་བ་ནི་དུ་སོགས་ཀྱི་རྟགས་བཅུའོ། །དག་པ་ནི་ཡེ་ཤེས་ཁམས་དང་ཕུང་པོ་དག་པའོ། །མཐར་ཐུག་ནི་འབྲས་བུ་རྡོ་རྗེ་སེམས་དཔའི་སྐུ་འགྲུབ་པའོ། །གྲུབ་ཟིན་བརྟན་པར་བྱེད་པ་བསམ་གཏན་གྱི་ཡན་ལག་ནི། ཁ་ཅིག་གཟུགས་གྲུབ་པ་དེ་ཉིད་བརྟན་པར་བྱེད་པས་ན་བསམ་གཏན་ཅེས་ཟེར་རོ། །དེའང་སོར་སྡུད་ཀྱི་རྟགས་ཡོངས་སུ་རྫོགས་ནས་བསམ་གཏན་ལ་འཇུག་པར་བྱེད་ལ། ཉིན་མཚན་གྱི་རྣལ་འབྱོར་ལུས་གནད་ལྟ་སྟངས་རྣམས་སོར་སྡུད་བཞིན་དུ་བྱེད་ཅིང་། སོར་སྡུད་ཀྱི་སྐབས་སུ་སྟོང་གཟུགས་ལ་ཕར་བལྟ་བའི་ཡུལ་ཡུལ་ཅན་རྒྱང་ཆད་དུ་སྣང་ལ། འདིར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་དང་བསྲེ་བ་སྟེ་དབྱེར་མེད་དུ་སོང་བའི་ང་རྒྱལ་བྱ་སྟེ། བརྟན་པར་སོང་བ་ན་སྟོང་གཟུགས་གང་ཤར་ཐམས་ཅད་རྡོ་རྗེ་སེམས་དཔའ་དང་དུས་ཀྱི་འཁོར་ལོའི་རྣམ་པར་བལྟས་ལ་རིམ་པ་བཞིན་གཅིག་ལ་གཅིག་བསྡུས། མཐར་རྩ་བའི་སྟོང་གཟུགས་ལ་བསྟིམ་པའི་སྡུད་རིམ་གྱི་དམིགས་པ་ཁྱད་པར་ཅན་བྱའོ། །བསམ་གཏན་གྱི་ཡན་ལག་ལྔ་ནི། ཕར་ཕྱིན་ཐེག་པ་ནས་བཤད་པ་ལྟར་རྟོག་དཔྱོད་དགའ་བདེ་སེམས་རྩེ་གཅིག་


JLD011_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔའོ། །འདིར་སྟོང་གཟུགས་རགས་པ་ལ་རྟོག་པ་རྟོག་པ་དང་། ཕྲ་བ་ལ་དཔྱོད་པ་དཔྱོད་པར་བྱེད་པ་ནི། དབང་མདོར་བསྟན་གྱི་ཚིག་རིགས་གཅིག་ལ་ཅུང་ཉེ་བའི་ལུགས་ཏེ་ཞིབ་ཏུ་དཔྱད་དགོས་སོ། །དགའ་བ་ནི་སེམས་ཤིན་ཏུ་སྦྱངས་པ་ལ་བརྟེན་ནས་སྐྱེས་པའི་དགའ་བ། བདེ་བ་ནི་ལུས་ཤིན་སྦྱངས་ཀྱི་བདེ་བ། སེམས་རྩེ་གཅིག་པ་ནི། ཤེས་དང་ཤེས་བྱ་བྱུང་ཟད་པའི་རང་སེམས་ལྔ་པར་ཤེས་པར་བྱ། ཞེས་པའི་འགྲེལ་པར། ནཱ་རོ་པས་ཤེས་པ་རང་གི་བློ་ཤེས་བྱ་ཡུལ་གཉིས་དབྱེར་མི་ཕྱེད་པ་ལ་གསུངས་སོ། །འདི་ཚད་མ་གོང་དང་འདྲ། དག་པ་ནི་རྣམ་ཤེས་ཀྱི་ཕུང་པོ་དང་ནམ་མཁའི་ཁམས་དག །དབྱེ་བ་རྟགས་བཅུའོ། །གནས་སྐབས་ཀྱི་འབྲས་བུ་ནི་ས་འོག་གི་གཏེར་མཐོང་བ་དང་མངོན་ཤེས་ལྔ་འགྲུབ་པའོ། །མཐར་ཐུག་མི་བསྐྱོད་པའི་སྐུ་མངོན་དུ་བྱེད་དོ། །བར་དུ་དགེ་བ་གསུང་རྡོ་རྗེ་སྲོག་འཛིན་གྱི་ཡན་ལག་ལ། བསྒོམ་པའི་དུས་ནི་བསམ་གཏན་གྱི་རྟགས་རྫོགས་པ་ནས་སོ། །གནས་ལུས་གནད་ལྟ་སྟངས་སོགས་ནི་ལག་པ་མཉམ་གཞག་མ་གཏོགས་པ་སྔར་དང་འདྲའོ། །སྲོག་རྩོལ་ལ་ཁ་ཅིག །བརྔུབ་པ་དང་། དབྱུང་བ་དང་། དགང་བ། གཞུག་པ། བུམ་པ་ཅན། རྡུལ་ཟླ་ཅན་ཏེ་རླུང་སྦྱོར་དྲུག་ཏུ་འདོད་པ་ནི་སེམས་འགྲེལ་སྐོར་གསུམ་གང་ནས་ཀྱང་མ་བཤད་དོ། །ཁ་ཅིག་སྣ་བུག་གཡས་པ་ནས་རླུང་རྒྱུ་བ་ན་རོ་མ་དང་། གཡོན་ནས་རྒྱུ་བ་རྐྱང་མ་ནས་རྡོར་བཟླས་བྱེད་ལ། དེ་ཉིད་ཟླ་ཉི་སྒྲ་གཅན་གྱི་རྡོར་བཟླས་ཀྱི་དོན་དུ་འཆད་པ་ནི་མི་འཐད་དོ། །རོ་རྐྱང་ལ་རྒྱུ་བ་འགོག་པའི་དོན་དུ་རྡོར་བཟླས་བསྟན་པ་ཡིན་ལ། ཟླ་ཉི་སྒྲ་གཅན་གྱི་སྐུ་གསུང་ཐུགས་ཀྱི་རྡོར་


JLD011_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ལ་སྦྱར་རོ། །སྲོག་རྩོལ་གྱི་སྐད་དོད་ཨ་ཡ་མ་ནི་ཚེ་བསྲིང་བ་ཞེས་པ་སྟེ། འདིར་སྲོག་ནི་རླུང་། རྩོལ་བ་ནི་འགོག་པ་སྟེ། དྷཱུ་ཏཱིའི་ནང་དུ་རླུང་འགོག་པའོ། །སྲོག་རྩོལ་གྱི་རླུང་སྦྱོར་ལ་རྡོར་བཟླས་དང་བུམ་པ་ཅན་གཉིས་སུ་ངེས་ལ། རྡོར་བཟླས་ནི་རླུང་ནང་དུ་འཇུག་པ་སྐུ་རྡོ་རྗེ་ༀ་གྱི་གདངས་ཀྱིས་དྷཱུ་ཏཱིའི་ཡར་སྣའི་ནང་གི་སྟོང་གཟུགས་དང་ལྷན་ཅིག་བརྔུབས་ལ། ལྟེ་བའི་དྷཱུ་ཏཱིའི་ནང་དུ་ཐུགས་རྡོ་རྗེ་ཧཱུཾ་གི་གདངས་སུ་གནས་པར་བྱེད་ལ། ཕྱིར་འབྱུང་བ་གསུང་རྡོ་རྗེ་ཨའི་གདངས་སུ་བྱས་ཏེ་རྡོར་བཟླས་བྱའོ། །འདིའི་དགོས་པ་གཙོ་ཆེར་དྷཱུ་ཏཱིའི་ནང་དུ་རླུང་འཇུག་པའི་ཕྱིར་དུ་ཡིན་ཡང་། ཐུན་མོང་མ་ཡིན་པའི་སྟོང་གཟུགས་ཁྱད་པར་ཅན་ལྟེ་བའི་དྷཱུ་ཏཱིའི་ནང་དུ་བཞེངས་པའི་ཆེད་དུ་ཡིན་ནོ། །སྲོག་རྩོལ་གྱིས་རླུང་དབང་དུ་བྱ་བའི་ཕྱིར་དང་། འཛིན་པས་དེ་ཉིད་བརྟན་པར་བྱེད་དོ། །དེ་ལྟར་རྡོར་བཟླས་བྱས་པས་སྲོག་འཛིན་གྱི་རླུང་སྟེང་སྒོ་ནས་དྷཱུ་ཏཱིའི་ནང་དུ་ཞུགས་པ་ན་ཐུར་སེལ་ཡང་འོག་སྒོ་ནས་དྷཱུ་ཏཱིའི་ནང་དུ་ངེས་ཅན་དུ་འཇུག་པས། སྲོག་ཐུར་གྱི་རླུང་དང་། རང་གི་སེམས་རྡོ་རྗེའི་སྐུ་དང་བཅས་པའི་ལྟེ་བའི་དྷཱུ་ཏཱིའི་ནང་དུ་བརྟན་པར་བྱས་ནས་བུམ་པ་ཅན་བསྒོམ་པ་ལ་འཇུག་སྟེ། དེས་ཡེ་ཤེས་ལེའུ་ནས་རྡོ་རྗེ་བཟླས་པའི་སྟོབས་ཀྱིས་བུམ་པ་ཅན་གྱི་གནས་སྐབས་ཐོབ་པ་ན་ཞེས་གསུངས་སོ། །བུམ་པ་ཅན་བསྒོམ་པ་ན་སྟེང་རླུང་ཕྱིར་འཐེན་འོག་རླུང་ཅུང་ཟད་ཡར་འཐེན་ཏེ། ལྟེ་བའི་དབུས་ཀྱི་ཐིག་ལེའི་ནང་དུ་སྲོག་ཐུར་བསྲེས་ཏེ་སེམས་ཀྱི་གཟུང་བྱ་དུས་ཀྱི་འཁོར་ལོ་ཡབ་ཡུམ་གྱི་རྣམ་པར་ཤར་བ་ལ་རྩེ་གཅིག་ཏུ་བརྟན་པ་ན། ལྟེ་བའི་གཏུམ་མོ་ཁྱད་པར་བ་འབར་ཏེ་ཁམས་ཞུ་བའི་ཡས་བབས་མས་བརྟན་གྱི་དགའ་བ་སྐྱེས་པ་ན་


JLD011_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ངེས་ཟིན་སྟོང་ཉིད་ཀྱི་ལྟ་བ་དང་སྦྱོར་བར་བྱེད་དོ། །འདིའི་གནས་སྐབས་ཀྱི་འབྲས་བུ་ནི། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལེགས་སོ་སྟེར་བ་དང་། འཆི་མེད་ཀྱི་དངོས་གྲུབ་འགྲུབ་བོ། །མཐར་ཐུག་གི་འབྲས་བུ་ནི། འདུ་བྱེད་ཀྱི་ཕུང་པོ་དྲུག་ཚན་དག་ཅིང་། རླུང་གི་ཁམས་ཀྱི་དྲུག་ཚན་དག་པར་བྱས་ཏེ། དོན་གྲུབ་ཀྱི་གོ་འཕང་ཐོབ་པར་བྱེད་དོ། །འདིའི་དཔོགས་ཆོག་བྱ་ཚུལ་ནི། རྐང་པའི་པུས་མོ་སྟན་ལ་ཕབ་པའི་སྐྱིལ་ཀྲུང་གཡས་པའི་རྟིང་བ་གཡོན་པའི་ལོང་བུ་ལ་གཏད། གཡོན་པའི་རྟིང་བ་རྟགས་དང་བཤང་ལམ་གྱི་བར་དུ་གཏད་དེ། ལག་པ་རྡོ་རྗེ་ཁུ་ཚུར་ནུ་མ་གཉིས་ཀྱི་སྟེང་དུ་བཞག །ཕྱེད་མིག་གྱེན་དུ་ལྡོག་སྟེ། དབུགས་ནང་དུ་འཇུག་པ་ཧཱུཾ་གི་གདངས་ཀྱིས་བརྔུབ་པ་དང་། ལྟེ་བ་ཕྱིན་གྱི་དྷཱུ་ཏཱིའི་ཁ་དོག་སྔོན་པོའི་མར་སྣའི་ནང་དུ་ཧཱུཾ་སྔོན་པོ་མགོ་གྱེན་དུ་བསྟན་པ་ཡར་འཐེན་ཏེ་ལྟེ་བའི་དྷཱུ་ཏཱིའི་ནང་དུ་ལྷན་ཅིག་ཏུ་འཛིན་པར་བྱེད་པའོ། །འཛིན་པའི་ཡན་ལག་བསྒོམ་པ་ནི། ལྟེ་བའི་དྷཱུ་ཏཱིའི་ནང་གི་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེའི་སྟེང་གི་རླུང་སེམས་ཤིན་ཏུ་ཕྲ་བ་དང་། སྲོག་ཐུར་གྱི་རླུང་བསྲེས་ཏེ་སེམས་ཀྱི་གཟུང་བྱ་དུས་འཁོར་ཡབ་ཡུམ་གྱི་རྣམ་པར་ཤར་བ་ལ་བརྟན་པ་ན། ས་ཆུ་ལ་ཐིམ་པའི་ཚུལ་དུ་སྙིང་གའི་གཉིད་འཐུག་གི་ཐིག་ལེའི་ནང་དུ་འཛིན། དེ་ནས་ཆུ་མེ་ལ་ཐིམ་པའི་ཚུལ་དུ་མགྲིན་པའི་རྨི་ལམ་གྱི་གནས་སྐབས་བསྐྱེད་པའི་ཐིག་ལེའི་ནང་དུ་འཛིན། དེ་ནས་མེ་རླུང་ལ་ཐིམ་པའི་ཚུལ་གྱིས་དཔྲལ་བའི་གནས་སྐབས་བསྐྱེད་པའི་ཐིག་ལེའི་ནང་དུ་འཛིན།


JLD011_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རླུང་ནམ་མཁའ་ལ་ཐིམ་པའི་ཚུལ་དུ་གཙུག་ཏོར་གྱི་ཐིག་ལེའི་ནང་དུ་འཛིན། དེ་ནས་ནམ་མཁའ་ཡེ་ཤེས་ལ་ཐིམ་པའི་ཚུལ་དུ་གསང་གནས་ཀྱི་ཐིག་ལེའི་ནང་དུ་འཛིན་པ་ཡིན་ལ། སྙིང་གའི་ཐིག་ལེའི་ནང་དུ་རླུང་འཛིན་དུས་ལྟེ་བའི་ཐིག་ལེའི་སྟེང་གི་རླུང་སེམས་ཤིན་ཏུ་ཕྲ་བའང་སྡུད་ནུས་ལ། ཐིག་ལེ་གཞན་གྱི་སྟེང་དུ་འཛིན་པའང་དེ་དང་འདྲའོ། །དེའི་གནད་དུ་བསྣུན་ས་འཁོར་ལོ་དྲུག་བསྣུན་ནོ། །གནས་སྐབས་ཀྱི་འབྲས་བུ་བདུད་བགེགས་གཞོམ་པ་དང་། མཐར་ཐུག་གི་འབྲས་བུ་ཚོར་བའི་དྲུག་ཚན་དག་ཅིང་། མེའི་ཁམས་ཀྱི་དྲུག་ཚན་དག་པས་འབྲས་བུ་རིན་འབྱུང་གི་གོ་འཕང་ཐོབ་པར་བྱེད་དོ། །ཐ་མར་དགེ་བ་ཐུགས་རྡོ་རྗེ་རྗེས་དྲན་དང་ཏིང་ངེ་འཛིན་གྱི་ཡན་ལག་བསྒོམ་པ་ལ་དང་པོ་ནི། སྔར་གྱི་རྣལ་འབྱོར་བསྒོམ་པའི་སྟོབས་ཀྱིས་དབང་པོ་རྣོན་པོས་ནི་སྟོང་གཟུགས་ཀྱི་ཕྱག་རྒྱ་རྗེས་མཐུན་པ་ལ་བརྟེན་ནས་སྟོང་གཟུགས་མཚན་ཉིད་པར་ལྡང་ནུས་ལ། དབང་པོ་འབྲིང་གིས་ཡེ་རྒྱ། རྟུལ་པོས་ལས་རྒྱ་དང་མཉམ་པར་སྦྱར་ཏེ། རླུང་ཁ་སྦྱར་བཟུང་ནས་ཞུ་བདེ་ཁྱད་པར་ཅན་འདྲེན་པ་ལ་གོམས་པའི་སྟོབས་ཀྱིས་སྟོང་གཟུགས་ཀྱི་སྐུ་མཚན་ཉིད་པར་ལྡང་ནུས་པའི་མཚམས་ནས་རི་རབ་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་རྣལ་འབྱོར་མའི་གྲངས་དང་མཉམ་པའི་ཕྱག་རྒྱ་དང་། ནུས་མ་བཅུའི་གྲངས་དང་མཉམ་པའི་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལ་བརྟེན་ནས་སྐྱེས་པའི་བདེ་བ་དང་། རྣམ་མེད་ཀྱི་སྟོང་ཉིད་གཉིས་སྦྱོར་བར་བྱེད་ནུས་སོ། །འདུ་ཤེས་ཀྱི་ཕུང་པོ་དང་ཆུའི་ཁམས་དག་པར་བྱེད་ནུས་ཤིང་། འོད་དཔག་མེད་ཀྱི་གོ་འཕང་མངོན་དུ་བྱེད་དོ། །སྟོང་གཟུགས་མཚན་


JLD011_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་པ་གྲུབ་ནས་སྐུ་ལས་འོད་ཟེར་བརྒྱ་ཕྲག་འགྱེད་པར་བྱེད་དོ། །ཏིང་ངེ་འཛིན་གྱི་ཡན་ལག་ནི་མཆོག་མི་འགྱུར་གྱི་བདེ་བ་སྐྱེས་པ་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་འཇོག་ལ། དབང་པོ་རྣོན་པོས་ཐོག་མ་ནས་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་མཆོག་མི་འགྱུར་གྱི་བདེ་བ་འདྲེན་ལ། དབང་འབྲིང་གིས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དགའ་བཞི་འདྲེན་ཞིང་། དེས་མཚོན་ནས་ཕྱག་རྒྱ་ཆེན་མོ་ལ་དངོས་སུ་དགའ་བཞི་འདྲེན་ལ། དབང་རྡུལ་གྱིས་ལས་རྒྱ་ལ་བརྟེན་ནས་དགའ་བཞི་འདྲེན་ཞིང་། དེས་མཚོན་ནས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མཆོག་མི་འགྱུར་གྱི་བདེ་ཆེན་འདྲེན་པར་བྱེད་དོ། །ནུ་མ་དང་སྐྲར་ལྡན་པའི་ལས་ཀྱི་ཕྱག་རྒྱ་ནི། འཛག་པའི་བདེ་བ་འབྱིན་པ་མོ་སྟེ། ཕྱག་རྒྱའི་ངོས་ནས་རྣལ་འབྱོར་པའི་ཁམས་ཕྱིར་འཛག་པའི་བྱ་བ་བྱེད་དོ། །ཡེ་རྒྱ་ལ་བརྟེན་ནས་ཁམས་རྩ་ནང་ནས་ནོར་བུའི་རྩེའི་བར་གཡོ་བར་བྱེད་ནུས་པས་ན། ཡེ་རྒྱ་ནི་གཡོ་བའི་བདེ་བ་འབྱིན་པ་མོ་ཡིན་ནོ། །ཁམས་ཞུ་བ་ནོར་བུར་སླེབས་པ་དེ་ཉིད་རྒྱས་བཏབ་པ་བཞིན་དུ་གཡོ་མེད་དུ་འཛིན་ཅིང་གནས་གཞན་དུ་འགྱུར་མི་སྲིད་པས་ཕྱག་རྒྱ་ཆེན་མོ་ནི་མི་འགྱུར་བའི་བདེ་བ་སྦྱིན་པ་མོ་ཡིན་ནོ། །ཕྱག་རྒྱ་ཆེན་མོ་དངོས་སུ་གྲུབ་པ་དེ་ཉིད་དང་མཉམ་པར་སྦྱར་བའི་ནོར་བུའི་རྩེ་མོ་ནས་གཙུག་ཏོར་གྱི་བར་ཐིག་ལེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བརྩེགས་པ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས། བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པ་ན། བེམ་པོའི་ཁམས་མ་ལུས་པ་ཟད་ནས་འཇའ་ལུས་ཀྱི་འཁོར་ལོའི་གོ་འཕང་མངོན་དུ་བྱེད་དོ། །བདེ་སྟོང་བརྒྱད་བརྒྱ་པ་


JLD011_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་དང་པོ་རྫོགས་ན་མོས་སྤྱོད་ཀྱི་ས་ཐོབ་ལ། གཉིས་པ་རྫོགས་པ་ན་མཐོང་ལམ་ཐོབ་པར་བྱེད་ཅིང་། བདེ་བ་སྟོང་བརྒྱད་བརྒྱ་པ་ཚར་བཅུ་གཉིས་རྫོགས་པ་ན་མོས་སྤྱོད་ཀྱི་ས་ནས་བཟུང་སྟེ་ས་བཅུ་གཉིས་ཐོབ་པར་བྱེད་དོ། །དེའང་ནོར་བུ་ནས་གསང་གནས། དེ་ནས་ལྟེ་བ། དེ་ནས་སྙིང་ག །དེ་ནས་མགྲིན་པ། དེ་ནས་དཔྲལ་བ། དེ་ནས་གཙུག་ཏོར་གྱི་བར་དྲུག་པོ་རེ་རེ་ལ་བདེ་བ་སུམ་སྟོང་དྲུག་བརྒྱ་རྫོགས་པ་གཉིས་གཉིས་ཐོབ་པར་བྱེད་དོ། །འདིའི་མི་འགྱུར་བའི་བདེ་བ་ཐོག་མར་སྐྱེས་པ་དང་། སྟོང་པ་ཟུང་དུ་འཇུག་པའི་བདེ་སྟོང་དབྱེར་མེད་ཀྱི་ཟུང་འཇུག་ནི་དབང་བཞི་པའི་དོན་དུ་གྱུར་པ་ཟུང་འཇུག་གོ །ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་ནས་དངུལ་ཆུས་ལྕགས་ཟ་བ་ལྟར། ལུས་ཀྱི་བེམ་པོའི་ཁམས་ཀྱི་ཆ་རྣམས་སོ་སོ་ནས་ཕྲ་རུ་སོང་ནས་ཐིག་ལེ་དང་བཅས་པ་ཟད་པའི་ཤུལ་དུ་འཇའ་ལུས་སུ་ལྡང་པ་ཡིན་ནོ། །འདིར་བེམ་པོའི་ཆ་ལྷག་མེད་དུ་མ་སོང་བར་དུ་སྟོང་གཟུགས་དང་གྲགས་པ་ལ་ལོགས་སུ་དབྱེ་མི་ནུས་པས། འདུས་པ་སོགས་ཀྱི་སྒྱུ་ལུས་དང་མི་འདྲའོ། །འདིར་སའི་ཁམས་དང་། གཟུགས་དྲུག་ཚན་དག་རྣམ་པར་སྣང་མཛད་ཀྱི་གོ་འཕང་ཐོབ་པའོ། །༈ འཆི་ཞག་དང་ཚེ་ལྷག་ཇི་ཙམ་ཡོད་བརྟག་པ་བཞུགས། གཡས་ཉི་མའི་འཆི་ལྟས་ལ་འཆི་ཞག་དང་ཚེ་ལྷག་ཇི་ཙམ་ཡོད་དཔྱད་པ། རྩ་འདབ་འདོར་བའི་ཞག་གི་རྒྱུ་ཚུལ། རྩ་འདབ་འདོར་བའི་ཞག་དང་ཞག་ལྷག །འཆི་ཞག་རྣམས་རྩ་འདབ་གཅོད་པའི་ཞག་ལ་གཏོགས་མི་གཏོགས་དང་འཆི་ཞག་རྣམས་ཚེ་ལྷག་ལ་གཏོགས་མི་གཏོགས་དང་། འཆི་ཞག་གི་གྲངས་རྣམས་སྔ་མའི་སྟེང་དུ་ཕྱི་མ་སྣོན་པ་ཡིན་མིན་དཔྱད་པ་


JLD011_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལས། དང་པོ་ནི། ལྟེ་བ་ན་ཁྱིམ་བཅུ་གཉིས་ཀྱི་རྩ་འདབ་བཅུ་གཉིས་ཡོད་པའི་འདབ་མ་དང་པོ་ལ་སྣ་བུག་གཡས་ནས་བར་མ་ཆད་པར་ཞག་ལྔ་བརྒྱུས་ན་ལོ་གསུམ་ལས་མི་ཐུབ་ཅིང་དེ་ཐུབ་པོ། དེ་བཞིན་དུ་འདབ་མ་གཉིས་པ་ལ་བཅུ་དང་། གསུམ་པ་ལ་བཅོ་ལྔ་དང་། བཞི་པ་ལ་ཉི་ཤུ་དང་། ལྔ་པ་ལ་ཉེར་ལྔ་དང་། དྲུག་པ་ལ་ཉེར་དྲུག་དང་། བདུན་པ་ལ་ཉེར་བདུན་དང་། བརྒྱད་པ་ལ་བཅོ་ལྔ་དང་། དགུ་པ་ལ་བཅུ། བཅུ་པ་ལ་ལྔ། བཅུ་གཅིག་པ་ལ་གསུམ། བཅུ་གཉིས་པ་ལ་གཉིས་རྣམས་བརྒྱུས་ན་རིམ་པ་བཞིན་ལོ་གཉིས་དང་། ལོ་གཅིག་དང་། ཟླ་བ་དྲུག་དང་། ཟླ་བ་གསུམ་དང་། ཟླ་བ་གཉིས་དང་། ཟླ་བ་གཅིག་དང་། ཞག་ཉེར་གཅིག་དང་། ཞག་བཅུ་དྲུག་དང་། བཅུ་གཅིག་དང་། གསུམ་དང་གཅིག་ན་འཆིའོ། །གཉིས་པ་ནི། འདབ་མ་དང་པོ་ནས་སྣ་བུག་གཡས་ལ་ཐོག་མར་བར་མ་ཆད་པར་འཆི་ཞག་ལྔ། དེ་ནས་ཞག་རང་བཞིན་པ་སུམ་བརྒྱ་སུམ་ཅུ། དེ་བཞིན་དུ་འདབ་མ་གཉིས་པ་ལ་ཐོག་མར་རང་བཞིན་པ་ཉེར་ལྔ། དེ་ནས་འཆི་ཞག་བཅུ། དེ་ནས་རང་བཞིན་པ་སུམ་བརྒྱ་བཅུ་གསུམ་པ་ལ་ཐོག་མར་རང་བཞིན་པ་བཞི་བཅུ། དེ་ནས་འཆི་ཞག་བཅོ་ལྔ། དེ་ནས་རང་བཞིན་པ་བརྒྱ་བཅོ་ལྔ། བཞི་པ་ལ་ཐོག་མར་རང་བཞིན་པ་ལྔ་བཅུ། དེ་ནས་འཆི་ཞག་ཉི་ཤུ། དེ་ནས་རང་བཞིན་པ་བཅུ་གཉིས། ལྔ་པ་ལ་ཐོག་མར་རང་བཞིན་པ་སོ་གཉིས། དེ་ནས་འཆི་ཞག་ཉེར་ལྔའོ། །དྲུག་པ་ལ་ཐོག་མར་རང་བཞིན་པ་གཉིས། དེ་ནས་འཆི་ཞག་ཉེར་དྲུག་གོ །བདུན་མན་ཆད་ལ་ནི་འཆི་ཞག་དང་རང་བཞིན་པའི་ཞག་སོ་སོར་


JLD011_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་རྒྱུ་མེད་དོ། །གསུམ་པ་ལ་ཐོག་མར་རང་བཞིན་པ་ཉེར་ལྔ། དེ་ནས་འཆི་ཞག་བཅོ་ལྔ་དང་། ལྔ་པ་ལ་ཐོག་མར་རང་བཞིན་པ་ཉེར་བརྒྱད། དེ་ནས་འཆི་ཞག་ཉེར་ལྔ། དེ་ནས་རང་བཞིན་པ་བཞི་དང་། དྲུག་པ་ལ་ཐོག་མར་རང་བཞིན་པ་གཅིག །དེ་ནས་འཆི་ཞག་ཉེར་དྲུག །དེ་ནས་རང་བཞིན་པ་གཅིག་ཅེས་ཟིན་བྲིས་ལས་འབྱུང་བའང་འདབ་མ་གསུམ་པའི་འཆི་ཞག་ཚེ་ལྷག་ལ་མི་གཏོགས་པ་དང་། ལྔ་པ་ལ་ཚེ་ལྷག་དགུ་བཅུ་ལས་མི་འོང་རྒྱུ་ལ་གོ་ལྔ་དང་། དྲུག་པ་ལ་ཚེ་ལྷག་ཞག་དྲུག་ཅུ་ལས་མི་འོང་རྒྱུ་ལ་རེ་བཞི་འོང་བ་སོགས་ཀྱི་སྐྱོན་སྣང་ངོ་། །གསུམ་པ་ནི། སྤྱིར་ལོ་གསུམ་ལ་ཞག་སྟོང་བརྒྱད་ཅུ་ཡིན་ལ། དེའི་སྟེང་ནས་འདབ་མ་དང་པོ་འདོར་བ་ལ་ཞག་སུམ་བརྒྱ་སོ་ལྔ། ཞག་ལྷག་བདུན་བརྒྱ་དང་ཞེ་ལྔ། དེ་བཞིན་དུ་གཉིས་པ་ལ་སུམ་བརྒྱ་ཞེ་ལྔ། ཞག་ལྷག་བཞི་བརྒྱ། །གསུམ་པ་ལ་བརྒྱ་བདུན་ཅུ། ཞག་ལྷག་ཉིས་བརྒྱ་སུམ་ཅུ། བཞི་པ་གྱ་གཉིས། ལྷག་བརྒྱ་ཞེ་བརྒྱད། ལྔ་པ་ལྔ་བཅུ་རྩ་བདུན། ལྷག་གོ་གཅིག །དྲུག་པ་ཉེར་བརྒྱད། ལྷག་རེ་གསུམ། བདུན་པ་མན་ཆད་རང་རང་གི་འཆི་ཞག་གི་གྲངས་ཀྱིས་འདབ་མ་རྣམས་འདོར་ཞིང་། ལྷག་ཀྱང་དེས་ཤེས་པར་ནུས་སོ། །བཞི་པ་ནི། འཆི་ཞག་རྣམས་རྩ་འདབ་དེ་དང་དེ་གཅོད་བྱེད་ཀྱི་གཙོ་བོ་ཡིན་པས་འདབ་མ་དེ་དག་འདོར་བའི་ཞག་ཏུ་མི་གཏོགས་པ་མི་རིགས་ཤིང་། འདབ་མ་རེ་རེ་འདོར་བ་ལ་སྔར་བཤད་པའི་ཞག་གྲངས་དེ་མི་ཚང་ངོ་། །དཔེར་ན་འདབ་མ་དང་པོ་ལྟ་བུ་ལ་མཚོན་ནས། ཐོག་མར་འཆི་ཞག་ལྔ། དེ་ནས་རང་བཞིན་པ་སུམ་བརྒྱ་སོ་ལྔར་བྱེད་དོ་སྙམ་ན། དེ་ལྟ་ན་འདབ་མ་གཉིས་པ་སོགས་ལའང་དེ་བཞིན་དུ་བྱེད་དགོས་པས། འདབ་མ་གཉིས་པ་


JLD011_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མན་ཆད་ལ་ཞག་བདུན་བརྒྱ་ཞེ་ལྔ་ལས་མང་བ་ཡོད་པར་འགྱུར་ཞིང་། ཚེ་ལྷག་གི་གྲངས་རྣམས་འཆོལ་བར་འགྱུར་རོ། །ལྔ་པ་ནི། འཆི་ཞག་རྣམས་ཚེ་ལྷག་ལ་གཏོགས་སམ་མི་གཏོགས་སྙམ་ན། སྣ་བུག་འདི་ལ་རྩ་འདི་ནས་བར་མ་ཆད་པར་ཞག་འདི་ཙམ་ཞིག་རླུང་བརྒྱུས་ན། འདི་ཙམ་ནས་འཆི་ཞེས་ཟེར་བས་འཆི་ཞག་རྣམས་ཚེ་ལྷག་ལ་མི་གཏོགས་པ་འདྲ་བ་ཞིག་སྣང་ཡང་། འདབ་མ་དང་པོ། གཉིས་པ། གསུམ་པ། བཞི་པ་རྣམས་ཀྱི་སྐབས་སུ་ནི་འཆི་ཞག་གི་གྲངས་རྣམས་ཚེ་ལྷག་ལ་གཏོགས་དགོས་པར་སྣང་སྟེ། འདབ་མ་དང་པོ་ནས་སྣ་བུག་གཡས་ལ་བར་མ་ཆད་དུ་ཞག་ལྔར་རླུང་བརྒྱུས་ན་ལོ་གསུམ་ན་འཆི་ཞིང་། ལོ་གསུམ་ལ་ཞག་སྟོང་བརྒྱད་ཅུ་ལས་མེད་ལ། དེའི་སྟེང་ནས་འདབ་མ་དང་པོ་འདོར་བའི་ཞག་སུམ་བརྒྱ་སོ་ལྔ་སོང་རྟིང་ཞག་ལྷག་བདུན་བརྒྱ་ཞེ་ལྔ་ལས་མེད་ལ། འཆི་ཞག་ཚེ་ལྷག་ལ་མི་གཏོགས་ན་ཞག་ལྷག་བདུན་བརྒྱ་དྲུག་ཅུ་འོང་བ་སོགས་མི་འགྲིག་པ་ཆེ་བར་འདུག་པས་སོ། །འདབ་མ་ལྔ་པ་མན་ཆད་ལ་ནི་རང་རང་གི་འཆི་ཞག་རྣམས་རང་རང་གི་ཚེ་ལྷག་ལ་མི་གཏོགས་ཏེ། ལྔ་པ་ལ་ཚེ་ལྷག་ཟླ་བ་གསུམ་ལས་མི་འོང་རྒྱུ་ལ་ཟླ་བ་བཞི་དང་། དྲུག་པ་ལ་ཟླ་བ་གཉིས་ལས་མི་འོང་རྒྱུ་ལ་གསུམ་འོང་བ་སོགས་ཀྱི་སྐྱོན་སྣང་ངོ་། །དེས་ལྷག་མའང་ཤེས་པར་ནུས་སོ། །འོན་ཀྱང་འཆི་ཞག་དང་རང་བཞིན་པ་རྒྱུ་ཚུལ་སྔར་ལྟར་བྱས་ཀྱང་། འདབ་མ་བཞི་པ་ལ་ལྔ་པ་དང་ཐུན་མོང་དུ་མ་སོང་བའི་ཚེ་ལྷག་ཟླ་བ་གསུམ་འོང་རྒྱུ་ལ་ཞག་གྱ་དགུ་དང་། ལྔ་པ་ལ་དྲུག་པ་དང་ཐུན་མོང་དུ་མ་སོང་བའི་ཚེ་ལྷག་ཞག་སུམ་ཅུ་འོང་རྒྱུ་ལ་ཉེར་བརྒྱད་དང་། དྲུག་


JLD011_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཐུན་མོང་མ་ཡིན་པའི་ཚེ་ལྷག་ཞག་སུམ་ཅུ་འོང་རྒྱུ་ལ་ཉེར་བདུན་དང་། འདབ་མ་བཞི་པ་ལ་ཚེ་ལྷག་འདབ་མ་ལྷག་མ་རྣམས་དང་ཐུན་མོང་བ་ཞག་དགུ་བཅུ་ལས་མི་འོང་རྒྱུ་ལ་གོ་གཅིག་དང་། འདབ་མ་ལྔ་པ་ལ་ཚེ་ལྷག་ཞག་དགུ་བཅུ་ལས་མི་འོང་རྒྱུ་ལ་གོ་གཅིག་དང་། དྲུག་པ་ལ་ཚེ་ལྷག་འདབ་མ་ལྷག་མ་དང་ཐུན་མོང་བ་ཞག་སུམ་ཅུ་འོང་རྒྱུ་ལ་སོ་ལྔ་སོགས་མི་འགྲིག་པ་འགའ་ཞིག་སྣང་བ་ནི་རགས་རྩིས་དང་ཞིབ་རྩིས་ཀྱི་ཁྱད་པར་དུ་མངོན་ནོ། །དྲུག་པ་ནི། འཆི་ཞག་བཅུ་དང་བཅོ་ལྔར་བྱེད་པ་སོགས་རྣམས་ཞག་སྔ་མའི་སྟེང་དུ་ཕྱི་མ་སྣོན་པ་ཡིན་ནམ། བཅུ་བཅོ་ལྔ་ཉི་ཤུ་སོགས་རྣམས་སྔ་མའི་སྟེང་དུ་ཕྱི་མ་མ་བསྣན་པར་རྒྱུ་སྙམ་ན། གཡས་ཉི་མའི་ལྟས་ལ་ནི་མི་སྣོན་པར་ཞག་བཅུ། བཅོ་ལྔ་སོགས་རྣམས་ཞག་བར་མ་ཆད་དུ་རྒྱུ་བ་ཡིན་ལ། གཡོན་ལ་སྔ་མའི་སྟེང་དུ་སྣོན་པ་ཡིན་ནོ། །གཡས་ཉི་མའི་འཆི་ལྟས་ལ་ལྟེ་བའི་རྩ་འདབ་བཅུ་གཉིས་ཀྱི་གཡས་སྐོར་གྱི་འདབ་མ་དང་པོ་ལ་འཆི་ཞག་ལྔ། ཚེ་ལྷག་ལོ་གསུམ། གཉིས་པ་ལ་འཆི་ཞག་བཅུ། ཚེ་ལྷག་ལོ་གཉིས། གསུམ་པ་ལ་འཆི་ཞག་བཅོ་ལྔ། ཚེ་ལྷག་ལོ་གཅིག །བཞི་པ་ལ་འཆི་ཞག་ཉི་ཤུ། ཚེ་ལྷག་ཟླ་བ་དྲུག །ལྔ་པ་ལ་འཆི་ཞག་ཉེར་ལྔ། ཚེ་ལྷག་ཟླ་བ་གསུམ། དྲུག་པ་ལ་འཆི་ཞག་ཉེར་དྲུག །ཚེ་ལྷག་ཟླ་བ་གཉིས། བདུན་པ་ལ་འཆི་ཞག་ཉེར་བདུན། ཚེ་ལྷག་ཟླ་བ་གཅིག །བརྒྱད་པ་ལ་འཆི་ཞག་བཅོ་ལྔ། ཚེ་ལྷག་ཉེར་གཅིག །དགུ་པ་ལ་འཆི་ཞག་བཅུ། ཚེ་ལྷག་བཅུ་གཅིག །བཅུ་པ་ལ་འཆི་ཞག་ལྔ། ཚེ་ལྷག་དྲུག །བཅུ་གཅིག་པ་ལ་འཆི་ཞག་གསུམ། ཚེ་ལྷག་གསུམ། བཅུ་གཉིས་པ་ལ་འཆི་ཞག་གཉིས།


JLD011_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལྷག་ཞག་གཅིག་སྟེ་དེ་ནི་དབུ་མ་ལ་རྒྱུའོ། ལྟེ་བའི་རྩ་ཆེན་བཅུ་གཉིས་ཀྱི་གཡས་སྐོར་གྱི་རྩ་འདབ་དང་པོ་བསྐམས་པ་ལ། ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུའི་སྟེང་ནས་ཞག་སུམ་བརྒྱ་སོ་ལྔ། ཞག་ལྷག་བདུན་བརྒྱ་ཞེ་ལྔ། གཉིས་པ་བསྐམས་པ་ལ་ཞག་ལྷག་སྟེང་ནས་ཞག་སུམ་བརྒྱ་ཞེ་ལྔ། དེའི་ཞག་ལྷག་བཞི་བརྒྱ། གསུམ་པ་བསྐམས་པ་ལ། ཞག་ལྷག་གི་སྟེང་ནས་བརྒྱ་བདུན་ཅུ། ཞག་ལྷག་ཉིས་བརྒྱ་སུམ་ཅུ། བཞི་པ་བསྐམས་པ་ལ། དེའི་སྟེང་ནས་ཞག་གྱ་གཉིས། ཞག་ལྷག་བརྒྱ་ཞེ་བརྒྱད། ལྔ་པ་བསྐམས་པ་ལ། དེའི་སྟེང་ནས་ང་བདུན། ལྷག་གོ་གཅིག །དྲུག་པ་བསྐམས་པ་ལ། ཉེར་བརྒྱད། ལྷག་རེ་གསུམ། བདུན་པ་བསྐམས་པ་ལ། ཞག་ཉེར་བདུན། ལྷག་སོ་དྲུག །བརྒྱད་པ་ནས་བཅུ་གཉིས་པའི་བར་གྱི་རྩ་འདབ་རེ་རེ་འདོར་པའི་ཞག་གྲངས་ལ་ནི་རང་རང་གི་འཆི་ཞག་གི་གྲངས་ཀྱིས་ཚད་འཛིན་ནོ། །ཞག་ལྷག་གི་གྲངས་ནི། ཚེ་ལྷག་གི་ཞག་གྲངས་ཉིད་ཡིན་ནོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །

སྦྱོར་བ་ཡན་ལག་དྲུག་གི་རྫོགས་རིམ་གྱི་གནད་བསྡུས་པ་རྗེའི་གསུང་བཞིན་རྒྱལ་སྟེངས་པས་མཛད་པ།


JLD011_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཡན་ལག་དྲུག་གི་རྫོགས་རིམ་གྱི་གནད་བསྡུས་པ་རྗེའི་གསུང་བཞིན་རྒྱལ་སྟེངས་པས་མཛད་པ་བཞུགས་སོ། །


JLD011_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿ ཕྲ་རབ་རྡུལ་སོགས་བེམ་པོའི་ཁམས་ཟད་ཅིང་། །རྣམ་ཀུན་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལས། །བྱུང་བའི་མི་འགྱུར་བདེ་བ་ཆེན་པོ་ནི། །པྲ་ཕབ་མཁའ་ལ་དབང་པོའི་གཞུ་བཞིན་དུ། །མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་པའི་སྐུར། །གང་དུ་ཤར་བའི་བླ་མ་དུས་འཁོར་གྱི། །ཞབས་ཀྱི་པདྨོར་གུས་པས་ཕྱག་བཙལ་ཏེ། །མང་དུ་གསུངས་པའི་རྒྱུད་ཀྱི་སྙིང་པོའི་དོན། །སྐལ་བཟང་སྐྱེ་བོ་བགྲོད་པའི་ལམ་གྱི་མཆོག །རྨད་བྱུང་ཡན་ལག་དྲུག་གི་གདམས་པའི་གནད། །སྔོན་མེད་ལེགས་བཤད་བརྗེད་དུ་ཕངས་པ་རྣམས། །རྡོ་རྗེ་འཆང་ཆེན་བླ་མའི་གསུང་བཞིན་འདྲི། །སྦྱོར་བ་ཡན་ལག་དྲུག་གི་བླ་མ་དམ་པ་ཉེ་བརྒྱུད་ཀྱི་ལོ་རྒྱུས་ནི། རྣལ་འབྱོར་


JLD011_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་ཕྱུག་དཔེ་མེད་འཚོ། དེས་ཚོང་དཔོན་གྱི་བུ་དཔལ་འཛིན། དེས་པཎྜི་ཏ་འོད་བྱེད་ལྷ། དེས་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཞི་བ། དེས་གྲུབ་ཐོབ་ཉི་མ་དཔལ་ཡེ་ཤེས། དེས་རིན་ཆེན་འཚོ། དེས་བི་བྷཱུ་ཏི་ཙནྡཱ། ཡང་ན་ཆོས་འབྱུང་ཞི་བས་པཎྜི་ཏ་གྲགས་པའི་ལྷ་ལ། དེས་པཎྜི་ཏ་ཆོས་འབངས། དེས་བི་བྷཱུ་ཏི། དེས་མང་པོ་ལ་གནང་དུ་ཟིན་ཀྱང་། བླ་མ་ཀོ་བྲག་པ་དང་། གཡུང་ཕུག་པ། ཉེག་པོ་ཆོས་ལྡན་གསུམ་ལ་གནང་། ཡང་བི་བྷཱུ་ཏི་ལ་ཤ་བ་རི་དབང་ཕྱུག་དངོས་སུ་བྱོན་ནས་གནང་བར་ཡང་བྱེད། བླ་མ་དེ་གསུམ་ལ་གོ་ལུང་པ་གཞོན་ནུ་དཔལ་གྱིས་ཞུས། དེས་ལོ་ཙཱ་བ་ཆེན་པོ་ཐར་པ་བ། དེས་བུ་རིན་པོ་ཆེ། དེས་བླ་མ་བདེ་ཆེན་པ་ཆོས་ཀྱི་དཔལ་བ། ཁྱུང་བོ་


JLD011_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལྷས་པ་གཉིས་ལ། དེ་རྣམ་གཉིས་ལ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་ཆེན་པོ། དེས་བདག་ལ་གནང་སྟེ། རྗེ་དེའི་གསུང་བྱིན་རླབས་ཀྱི་བདུད་རྩིར་བྱོན་པ་ནི། བསྐྱེད་པའི་རིམ་པས་རྒྱུད་སྨིན་ནས། རྫོགས་རིམ་སྒོམ་ཚུལ་ལ། ཡན་ལག་དྲུག་དང་བྲལ་བས་མཆོག་མི་འགྲུབ་པར་བསྟན་པ། རྫོགས་རིམ་འདིའི་མཚན་གྱི་རྣམ་གྲངས། གང་ཟག་སོ་སོའི་བསྒོམ་བྱར་འདོད་པ་མི་རིགས་པ། ཇི་ལྟར་སྒོམ་ཚུལ་དང་བཞི་ལས། འདུས་པ་ཕྱི་མར་དང་པོའི་དོན་ལ། བསྙེན་པའི་ཡན་ལག་དྲུག་ཏུ་ནི། །བྱས་ནས་མཆོག་ནི་བསྒྲུབ་པར་བྱ། །གཞན་དག་གིས་ནི་བསྒྲུབས་གྱུར་ན། །མཆོག་ནི་འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་པས། ཡན་ལག་དྲུག་དང་བྲལ་ན་མཆོག་མི་འགྲུབ་པས་ཡན་ལག་དྲུག་ངེས་པར་ཚང་དགོས་སོ། །འོ་ན་རྒྱུད་འདི་ནས་བཤད་པའི་གྲངས་ཁོ་ན་ལྟར་དགོས་སམ་སྙམ་ན། སོར་སྡུད་སོགས་དྲུག་གིས་དབུ་མ་སྦྱོང་བ་སོགས་ཀྱི་བྱེད་ལས་ཐད་ཀ་ཐད་ཀའི་གང་བྱེད་དེ་འདུག་ན་དོན་གྲུབ་པས། དྲུག་གི་ཐ་སྙད་དེ་ཁོ་ན་ལྟར་དགོས་པའང་མིན་ནོ། །ཡང་ཡན་ལག་དྲུག་གི་ཐ་སྙད་མཐུན་ཡང་། ཐམས་ཅད་དོན་གཅིག་ཏུ་འཆད་དགོས་པའང་མིན་ཏེ། རིམ་གཉིས་ཀྱི་བསྙེན་སྒྲུབ་བཞི་མིང་མཐུན་ཡང་དོན་མི་མཐུན་པ་བཞིན་དང་། ཡན་ལག་དྲུག་ཀྱང་སྒྲོན་གསལ་བཞིན་དུ། ནཱ་རོ་པས་རྒྱུད་ཕྱི་མའི་དོན་དུ་བཤད་ལ། འདི་བའི་ཡན་ལག་དྲུག་དབང་མདོར་བསྟན་བཞིན་དུ་བཤད་


JLD011_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གཉིས་པ་ནི། རྣལ་འབྱོར་ཡན་ལག་དྲུག །བསྙེན་སྒྲུབ་བཞི། རྡོ་རྗེ་གསུམ། ཕྱག་རྒྱ་བཞིའི་རྫོགས་རིམ་ཞེས་མཚན་གྱི་རྣམ་གྲངས་གསུངས་པ་ལ། ཕྱག་རྒྱ་བཞི་ལ། ལས། ཡེ་ཤེས། ཕྱག་རྒྱ་ཆེན་པོ་གསུམ་ནི་གྲགས་ཆེ་ལ། རྣལ་འབྱོར་རྒྱུད་དུ་ཆོས་རྒྱ་ཞེས་པ། འདིར་ཡེ་རྒྱ་འམ་ཕྱག་རྒྱ་བཞི་པ་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་ལ་འཇིག་པ་མེད་པའི་ཕྱག་རྒྱ་ཞེས་པ། འགྱུར་བ་མེད་པ་ཞེས་བསྒྱུར་བ་བདེ་བས། དམ་ཚིག་གི་ཕྱག་རྒྱ་འགྱུར་བ་མེད་པའི་བདེ་ཆེན་ཏེ། འདི་བསྒྲུབ་བྱ་ཡིན་ལ། ཕྱག་རྒྱ་སྔ་མ་གསུམ་ནི་སྒྲུབ་བྱེད་ཡིན་ནོ། །དེའང་དབང་པོ་རབ་ཕྱག་ཆེན། འབྲིང་ཡེ་རྒྱ། ཐ་མ་ལས་རྒྱ་ལ་བརྟེན་ནས་སྒྲུབ་པོ། །ཚུལ་འདིས་སེམས་འགྲེལ་སྐོར་གསུམ་གྱི་རྫོགས་རིམ་ལ་མི་འདྲ་བ་མེད་དོ། །གསུམ་པ་ནི། ཁ་ཅིག་སོར་བསམ་གཉིས་དབང་པོ་རབ། འབྲིང་གིས་སྲོག་འཛིན་གཉིས། རྗེས་དྲན་དང་ཏིང་ངེ་འཛིན་ཐ་མས་བསྒོམ། ཞེས་པ་མི་འཐད་དེ། འགྲེལ་པར་ཡན་ལག་གང་གི་སྐབས་སུའང་གང་ཟག་གཅིག་གི་ཆ་རྐྱེན་དུ་ཡན་ལག་དྲུག་ཁ་དགོས་པར་གསུངས་སོ། །བཞི་པ་ནི། བོད་ཀྱི་བླ་མ་སྔ་མ་རྣམས། སྔོན་འགྲོ་ལྟོས་མེད་དྲུག །དངོས་གཞི་རྣམ་གཞག་དྲུག །རྗེས་སྲུང་སྡོམ་དྲུག་དང་། བཅོ་བརྒྱད་དུ་མཛད་ནས། དང་པོའི་དོན། ལུས་ངག་ཡིད་གསུམ་ལ་བལྟོས་པ་མེད་པ་གསུམ། འཕོ་བའི་བདེ་བ་ལ་བལྟོས་པ་མེད་པ་དང་། ལུས་དང་དབང་པོ་


JLD011_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བལྟོས་པ་མེད་པ་གཉིས་བསྣན་ནས་དྲུག་ཏུ་བྱེད་དོ། །དེའི་ཚེ་ལྟོས་མེད་དྲུག་བསྙེན་པར་བཤད་པས། ཡན་ལག་དང་པོ་བཞི་ག་ཉེར་སྒྲུབ་ཏུ་བྱ་དགོས་སོ། །ཚུལ་འདི་རིམ་པ་གཉིས་ཀའི་སྔོན་འགྲོ་ཡིན་གྱི་རྫོགས་རིམ་ཁོ་ནའི་མིན་ནོ། །དངོས་གཞི་རྣམ་གཞག་དྲུག་ལ། སྐུ་རྡོ་རྗེ་ཐོག་མར་དགེ་བ་བསྙེན་པའི་ཡན་ལག་སོར་བསམ་གཉིས། གསུང་རྡོ་རྗེ་བར་དུ་དགེ་བ་ཉེར་སྒྲུབ་ཀྱི་ཡན་ལག་སྲོག་འཛིན་གཉིས། ཐ་མར་དགེ་བ་ལ་གཉིས་སུ་བྱས་ནས། ཐུགས་རྡོ་རྗེ་སྒྲུབ་པའི་ཡན་ལག་དྲུག་རྗེས་དྲན། ཡེ་ཤེས་རྡོ་རྗེ་སྒྲུབ་ཆེན་གྱི་ཡན་ལག་ཏིང་ངེ་འཛིན་དང་དྲུག་ཏུ་བྱེད་པ་ནི་རྒྱུད་འགྲེལ་གྱི་དགོངས་པ་ལེགས་པར་བཤད་པའོ། །དེའང་རྒྱུད་འདི་ལ་བརྟེན་པ་རྣམས་ཀྱིས། དབང་བཞི་པ། གསུམ་པ་དང་། དཔེ་དོན་དུ་སྦྱོར་ཞེས་སྨྲ་བ་ཙམ་མ་གཏོགས། བསྒྲུབ་བྱ་དབང་བཞི་པ་འདིའོ། །དེའི་སྒྲུབ་བྱེད་འདི་ལྟར་རོ་ཞེས་ཐོན་པ་ཉུང་བར་སྣང་ངོ་། །དེའང་རྒྱུད་འདིས་རྩལ་དུ་བཏོན་ནས་འཆད་པ་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་སྒྲུབ་པ་འདི་ཡིན་ལ། དེ་སྒྲུབ་བྱེད་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་བརྒྱུད་ནས་སྒྲུབ་བྱེད་ཡིན་ཡང་། དངོས་ཀྱི་སྒྲུབ་བྱེད་ཕྱག་ཆེན་ཁོ་ན་ཡིན་ལ། དེས་ན་རྒྱུད་འདིར་སྟོང་གཟུགས་ལ་བསྔགས་པ་ཆེ་བའི་རྒྱུ་མཚན་དེ་ཡིན་ནོ། །སྟོང་གཟུགས་ཕྱག་ཆེན་ལས་མི་འགྱུར་བའི་བདེ་བ་སྐད་ཅིག་དང་པོ་ཐོབ་ནས་དབང་བཞི་པར་འཇོག་གོ །དེས་ན་སྟོང་གཟུགས་


JLD011_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཉམས་སྣང་ཙམ་དང་། བདེ་བ་བན་བུན་ལ་དེ་ཙམ་མི་བསྔགས་ཏེ། ཕྱག་རྒྱ་ཆེན་མོ་ནི་རྗེས་དྲན་ཐོབ་ནས་འབྱུང་གི་དེའི་གོང་དུ་མི་འབྱུང་ངོ་། །དེས་ཕྱག་ཆེན་དེའི་གཟུགས་ནི་སོར་བསམ་གཉིས། སྲོག་འཛིན་གཉིས་ཀྱིས་སྲོག་བསྒྲུབས་པའི་སྒོ་ནས། ཕྱག་ཆེན་ལས་བདེ་བ་དངོས་སུ་འདྲེན་པས། ཕྱག་རྒྱ་གཞན་བར་དུ་བརྒྱུད་མི་དགོས་པས་དང་པོར་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་བསྒྲུབས། དེ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་བསྐྱེད་ཚུལ་ལ་ངེས་པ་རྙེད་ན། ལམ་གྱི་ལུས་རྫོགས་པ་ལ་གོ་བ་ཆགས་སོ། །ཚུལ་དེ་ལ་གསུམ། བདེ་ཆེན་འདྲེན་བྱེད་སྟོང་གཟུགས་ཀྱི་སྒྲུབ་བྱེད་ཀྱི་ཡན་ལག །གཟུགས་དེ་ལ་བརྟེན་ནས་བདེ་ཆེན་དངོས་སུ་སྒྲུབ་བྱེད་ཀྱི་ཡན་ལག །བསྒོམས་པས་གྲུབ་པ་བསྒྲུབ་བྱ་ཏིང་ངེ་འཛིན་གྱི་ཡན་ལག་གོ །དང་པོ་ལ་གཉིས། གཟུགས་སྒྲུབ་བྱེད་ཀྱི་ཡན་ལག །སྲོག་སྒྲུབ་བྱེད་ཀྱི་ཡན་ལག་གོ །དང་པོ་ལ་གཉིས། གཟུགས་མ་གྲུབ་པ་སྒྲུབ་བྱེད་སོར་སྡུད་ཀྱི་ཡན་ལག །གྲུབ་ཟིན་བརྟན་པར་བྱེད་པ་བསམ་གཏན་གྱི་ཡན་ལག་གོ །དང་པོ་ལ་དྲུག །སོར་སྡུད་ཀྱི་མཚན་དོན། དང་པོ་སྒོམ་པའི་དུས་མཚམས། ཡན་ལག་ཇི་ལྟར་སྒོམ་པའི་མཚན་ཉིད། ཚད་མ་གང་ཡིན་དཔྱད་པ། དག་དབྱེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ནི། སོ་སོ་ནི་ཐ་དད་དང་། སྡུད་པ་ནི་འགོག་པ་སྟེ། དབང་པོ་ལྔ་སོ་སོ་ཡུལ་སོ་སོར་འཇུག་པ་བཀག་ནས་སྟོང་པ་ལ་འཇུག་པ་སྟེ།


JLD011_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལྔ་དང་ཡུལ་ལྔའི་འབྲེལ་བ་ཆད་པ་ཡིན་གྱི། ཡིད་དང་ཆོས་ཀྱི་འབྲེལ་བ་ཆད་པ་མིན་ཏེ། ཡིད་ཀྱི་ཆོས་སྐྱེ་མཆེད་པའི་གཟུགས་སྟོང་གཟུགས་མཐོང་དགོས་པའི་ཕྱིར་རོ། །དྲི་མེད་འོད་ལས། འདིར་སྡུད་པ་ཞེས་པ་ནི། འཁོར་བ་རྣམས་ཀྱིས་སྡུད་པ་ནི། མིག་ལ་སོགས་པའི་དབང་པོ་རྣམས་གཟུགས་ལ་སོགས་པའི་ཡུལ་འཛིན་པའོ། །ཡོངས་སུ་སྤོང་བ་ནི་ཕྱིར་སྡུད་པ་ཞེས་བརྗོད་དོ། །སྟོང་པ་ཉིད་ཀྱི་གཟུགས་ལས། གཞན་ཤའི་མིག་ལ་སོགས་པ་རྣམས་ཀྱིས་གཞན་གཟུགས་ལ་སོགས་པའི་ཡུལ་འཛིན་པ་ནི། ཉེ་བའི་སྒྲུབ་པའོ། །ཞེས་སོ། །སྤྱིར་ཐུན་མོང་གི་ཏིང་ངེ་འཛིན་བརྟན་པས། དབང་ཤེས་ཀྱི་དེ་མ་ཐག་རྐྱེན་མ་ཚང་བས་དབང་ཤེས་ཡུལ་ལ་སྐྱེ་མི་ཐུབ་པ་འབྱུང་བའང་འདིར་དེ་ཙམ་གྱིས་མི་ཆོག་གི །དབང་ཤེས་ཀྱི་བཞོན་པར་གྱུར་པའི་རླུང་ཆིངས་པ་དགོས་སོ། །དེའང་ཡུལ་ཡུལ་ཅན་གྱི་འབྲེལ་བ་ཆད་པ་ཙམ་གྱིས་ཀྱང་མི་ཆོག་གི །གཞན་མཐོང་ཞེས་པ། སྟོང་པ་ཉིད་ཀྱི་ཡུལ་ལྔ་མཐོང་དགོས་ཏེ། དྲི་མེད་འོད་ལས། ཡུལ་ཡུལ་ཅན་གྱི་འབྲེལ་བ་བཅད་ནས་སེམས་སྟོང་པ་ཉིད་ལ་འཇུག་པ་ནི། སོར་སྡུད་ཀྱི་མཚན་ཉིད་དོ། །སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་གཞན་མིག་ལ་སོགས་པ་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་པའོ། ཞེས་སོ། །གཉིས་པ་ནི། སྣ་བུག་གཡས་ཀྱི་རླུང་རྒྱུ་བའི་དུས་སུ་ཐོག་མར་འགོ་འཛུགས་ཏེ། དེར་བཙུགས་ན་རླུང་སྡུད་སླ་བའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་དོ། །


JLD011_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ། ཐབས་ཉིན་མཚན་གཉིས་སུ་དབྱེ་བ་རྒྱུ་མཚན་དང་བཅས་པ། སོ་སོའི་སྒོམ་ཚུལ། མ་གྲུབ་ན་སྤོགས་པའི་ཆོ་ག །སྒོམ་འཕྲོ་ལ་ཤི་ནའང་རྣལ་འབྱོར་གོམས་སྟོབས་ཀྱིས་འཇུག་པའོ། །དང་པོ་ལ་གཉིས། དབྱེ་བ་དངོས་དང་། དེ་ལྟར་འབྱེད་པའི་རྒྱུ་མཚན་ནོ། །དང་པོ་ནི། སྤྱིར་ལོ་ལ་ལྷོ་བགྲོད་དང་བྱང་བགྲོད། ཞག་ལ་ཉིན་མོ་དང་མཚན་མོ། ནང་སེམས་ཅན་ལ་སྐྱེ་འཆི། རྣལ་འབྱོར་པ་ལ་སྤྲོ་རིམ་དང་སྡུད་རིམ་གཉིས་འདུག་པའི་ཕྱིར་གསུངས་པ་ཡིན་ཡང་། རྒྱུ་མཚན་དུ་འགྲོ་ཚུལ་དཔྱད་དགོས་པར་སྣང་ངོ་། །གཉིས་པ་ལ་གཉིས། རྣལ་འབྱོར་གཉིས་ཀྱི་ཁུངས་དགོད་པ། སོ་སོར་དགོས་པའི་རྒྱུ་མཚན་ནོ། །དང་པོ་ནི། ཕྱག་རྡོར་བསྟོད་འགྲེལ་ལས། བསྒོམ་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ་འདི་ལྟ་སྟེ། ལྷ་རྣམས་ཀྱི་དབང་པོས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་ཇི་ལྟར་བསླབ་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ །གང་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ། །བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེར་ཕྱིན་ལ་རྣལ་འབྱོར་དུ་བྱེད་པའོ། །ཞེས་གསུངས་སོ། །གཉིས་པ་ནི། ཁ་ཅིག་མཚན་མོའི་རྣལ་འབྱོར་གྱི་དུས་སུ། ཉིན་མོའི་རྟགས་རྣམས་ཤར་ན། ཉིན་མོའི་རྣལ་འབྱོར་སྒོམ་མི་དགོས་ཞེས་ཟེར་བ་མི་འཐད་དེ། མུན་པ་


JLD011_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྟོང་གཟུགས་འཆར་སླ་ལ། སྣང་བ་ཡོད་སར་འཆར་དཀའ་བས། མུན་པ་ལ་འཆར་ཐུབ་ཀྱང་། སྣང་བ་ལ་འཆར་ཐུབ་པའི་ངེས་པ་མེད། སྟོང་གཟུགས་རྣམ་པ་ཐམས་ཅད་དུ་འཆར་བ་ཞིག་དགོས་ཤིང་། དེ་འཆར་བ་ཐམས་ཅད་མུན་པ་ལ་བལྟོས་ན་ཧ་ཅང་ཐལ་བས། སྣང་བ་ལའང་འཆར་ཐུབ་པ་ཞིག་དགོས་སོ། །དེས་ན་མཚན་མོའི་དུས་ཉིན་རྟགས་རྣམས་ཤར་ཡང་། སྣང་བ་ལ་ངེས་པ་མེད་པས། ཐམས་ཅད་འདོད་དགུར་འཆར་བའི་ཆེད་དུ། ཉིན་མོའི་རྣལ་འབྱོར་ངེས་པར་བསྒོམ་དགོས་སོ། །ཡང་འདི་སྙམ་དུ། མཚན་རྟགས་རྣམས་མུན་པ་ལ་འཆར་སླ་བས། ཐོག་མར་མུན་པར་སྒོམ་པ་ལྟར། ཉིན་རྟགས་རྣམས་ཀྱང་ཐོག་མར་མུན་པ་ལ་བསྒོམས་ན་འཆར་སླ་མོད་སྙམ་ན། ཉིན་རྟགས་རྣམས་ནི། མཚན་རྟགས་ལས་འཆར་དཀའ་སྟེ། མཚན་རྟགས་རྣམས་རྫོགས་པར་ཤར་ནས། ཡུལ་ཡུལ་ཅན་གྱི་འབྲེལ་མ་ཆད་པར་ཉིན་རྟགས་རྣམས་འཆར་མི་སྲིད་པའི་ཕྱིར། དེས་ན་མཚན་རྟགས་རྣམས་འཆར་སླ་བས་མུན་པ་ལ་བསྒོམ། དེས་རྣམས་རྫོགས་པར་ཤར་བའི་མཚམས་ནས་ཉིན་མོའི་རྣལ་འབྱོར་བསྒོམས་པས། མཚན་རྟགས་རྣམས་འདོད་དགུར་འཆར་ཐུབ་པ་དང་། དེའི་སྟོབས་ཀྱིས་ཉིན་རྟགས་རྣམས་ཀྱང་མྱུར་དུ་འཆར་བས། རྣལ་འབྱོར་གཉིས་ཀྱིས་སོ་སོར་སྡུད་ཀྱི་ཡན་ལག་རྫོགས་པར་འཐོབ་བོ། གཉིས་པ་སོ་སོའི་སྒོམ་ཚུལ་ལ། མཚན་མོའི་རྣལ་འབྱོར་དང་ཉིན་


JLD011_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་རྣལ་འབྱོར་གཉིས་ལས། དང་པོ་ལ་དྲུག །གང་དུ་སྒོམ་པའི་གནས། ལུས་གནད། ལྟ་སྟངས། དབང་པོའི་བྱེད་བཅིངས་ཀྱི་ངེས་པ། བསྒོམས་པས་མྱོང་བ་སྐྱེ་ཚུལ། གང་ལ་དམིགས་པ་གཏོད་པའི་དེ་ཁོ་ན་ཉིད་ནི་བྱེད་བཅིངས་སུ་འདུའོ། །དང་པོ་ནི། སྣང་བ་ཅུང་ཟད་ཀྱང་མེད་པའི་མུན་ཁང་ཤིན་ཏུ་གནག་པ་སྟེ། དེར་བསྒོམས་ན་སྟོང་གཟུགས་འཆར་སླ་བའི་ཕྱིར་རོ། །དེའང་འདིར་པྲ་ཕབ་པ་དང་དཔེ་དོན་དུ་བྱས་ནས། པྲའི་རིགས་འགའ་ཞིག་ལ་མུན་པ་ཤིན་ཏུ་གནག་པར་མིག་འབྲས་མི་བསྒུལ་བར་བསྡད་པ་ཙམ་གྱིས་མཐོང་སྣང་འཆར་བ་བཞིན་ནོ། །གཉིས་པ་ལུས་ཀྱི་གནད་གཞན་ནི་སྤྱི་དང་མཐུན། ལག་པའི་འཇོག་སྟངས་ནི་དྲི་མེད་འོད་ལས། འདིར་ལག་པ་གཉིས་ཀས་རྡོ་རྗེ་ཁུ་ཚུར་བཅིངས་ནས་ཁུ་ཚུར་གྱིས་མཐེ་བོང་བསྡམས་པ་དག་བརླ་གཡས་དང་གཡོན་པའི་སྟེང་དུ་རྡོ་རྗེའི་གདན་ལ་གནས་པ་ནི་རྡོ་རྗེའི་ཕྱག་རྒྱར་འགྱུར་རོ་ཞེས་བྱ་བས། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བརླ་སྟེངས་སུ་བསྣོལ་བའམ་དྲང་བོར་བཞག་པ་གང་རུང་བྱའོ། །གསུམ་པ་ནི། འདུས་པའི་རྒྱུད་ཕྱི་མར་བསྙེན་པའི་དུས་སུ་གཙུག་ཏོར་ཆེ། །ཞེས་པའི་དོན་གཙུག་ཏོར་འཁོར་བསྒྱུར་གྱི་ལྟ་སྟངས་སུ་བཤད་པས། མིག་མ་ལྕིབས་ཀྱིས་ཕྱེད་བཀབ་སྟེ། ཕྱེད་མིག་སྟེང་དུ་བལྟས་ལ་མིག་འབྲས་མི་བསྒུལ་བར་བྱའོ། །འདིས་ཀྱང་སྟོང་གཟུགས་འཆར་བའི་དགོས་པ་ཡོད་དོ། །དྲི་མེད་འོད་དུ།


JLD011_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཅན་གྱི་ཞེས་པ་གཙུག་ཏོར་གྱི་འཁོར་ལོའི་བལྟ་བའི་ཤེས་པ་མིག་མི་འཛུམ་པར་སྟེང་དུ་བལྟ་བས་མཚན་པར་འགྱུར་རོ། །ཞེས་གསུངས་པས། རྭ་འབྲོའི་ཕྱག་བཞེས་ནམ་མཁའ་ལ་བལྟ་བར་བཞེད་པ་མི་ལེགས་སོ། །བཞི་པ་ནི། ཁ་ཅིག་བྱེད་པ་སོ་སོ་ལ་བཅིང་བ་སོ་སོར་བྱེད་པར་སྣང་སྟེ་ལེགས་པར་མི་སེམས་སོ། འཇམ་དབྱངས་ཀྱིས་མཛད་པའི་རྣལ་འབྱོར་གྱི་སྙིང་པོ་གསལ་བར། མཚན་མོ་གཡེང་མེད་ཁྱིམ་དུ་ནི། །ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། བྱེད་པ་ལྔ་ལ་བཅིངས་པ་གཉིས། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་མིག་གི་ལྟ་སྟངས་དེ་ཉིད་ཀྱིས། རྩ་དང་ཡན་ལག་གི་རླུང་གཉིས་ཀ་འཆིང་བར་ཁ་ཅིག་བཞེད་དོ། །འདིར་འཁྲིད་ཡིག་བྱེད་པ་ཁ་ཅིག་གིས་སོར་སྡུད་ཀྱིས་སྲོག་དྷཱུ་ཏཱིར་མི་ཚུད་ཅིང་། ཚུད་ན། ཡན་ལག་གསུམ་པ་དོན་མེད་དུ་འགྱུར་རོ། །ཞེས་ཟེར། ཁ་ཅིག་ཚུད་པར་བཞེད་ཀྱང་རྒྱུ་མཚན་ཡང་དག་བསྟན་རྒྱུ་མི་འདུག་གོ །འདིར་ཅུང་ཟད་བཤད་ན། སོར་སྡུད་ཀྱི་དུས་སུ་དབུ་མར་ཚུད་པ་དགོས་པའི་རྒྱུ་མཚན། གང་གིས་དྷཱུ་ཏཱིར་འཛུད་པའི་དམིགས་པ་གཉིས་ལས་དང་པོ་ནི། རྩ་རྒྱུད་དུ། དུ་བ་ལ་སོགས་བསྒོམ་བྱ་སྟེ། །སེམས་ནི་གཡོ་བ་མེད་བྱས་ལ། །དབུ་མ་སྦྱང་བ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །ཞེས་པ་སོར་སྡུད་དབུ་མ་སྦྱོང་བྱེད་དུ་བཤད་ལ། སྦྱོང་ཚུལ་ནི། ཆུ་འདྲེན་པ་ན་ཡུར་བའི་ནང་སེལ་བའི་དཔེས། སྦྱོང་མཁན་ནི་


JLD011_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཡིན་ལ། དེས་དབུ་མའི་ནང་དུ་མ་ཕྱིན་ན་དབུ་མ་ཇི་ལྟར་སྦྱོང་། ཡུར་བར་ཆུ་འདྲེན་པའི་ཕྱི་ནས་བསལ་ན་བཞད་གད་ཀྱི་གནས་ཡིན་ནོ། །དེས་ན་སོར་སྡུད་ཀྱིས་རླུང་དབུ་མར་མི་ཚུད་ན། དེས་དབུ་མ་ཇི་ལྟར་སྦྱོང་སོམས་ཤིགའགྲེལ་པར། འདིར་དང་པོར་སྲོག་དབུ་མར་གཞུག་པར་བྱ་སྟེ། གང་གིས་མཚན་མ་མཐོང་བར་གྱུར་པ་ཨ་ཝ་དྷཱུ་ཏཱི། ཞེས་གསུངས་ཤིང་། དུ་སོགས་ཀྱི་མཚན་མ་མཐོང་བ་སྲོག་དབུ་མར་ཞུགས་པ་ལ་བཤད་ཅིང་། སོར་སྡུད་ཀྱི་དུས་སུ་སྲོག་དབུ་མར་ཚུད་པ་མེད་ན། དང་པོར་སྲོག་དབུ་མར་འཛུད་པ་གཞག་ས་མེད་ཅིང་། གཞན་ཡང་། གཟུགས་ཀྱི་རྒྱུ་མཚན་ཉིད་པ་ནི་སོར་སྡུད་ཀྱི་སྐབས་སུ་རྟགས་བཅུ་འཆར་དགོས་པར་ནི་ཐམས་ཅད་འདོད་ལ། དེ་རྣམས་ཀྱང་རླུང་དབུ་མར་ཚུད་པ་ལས་ཡིན་ཏེ། འགྲེལ་ཆེན་དུ། འདིར་སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྣལ་འབྱོར་རྣམ་པ་གཉིས་ཏེ། ནམ་མཁའ་དང་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པའོ། །གང་ཞིག་ནམ་མཁའ་ལ་རྣལ་འབྱོར་གོམས་པར་བྱེད་པ་དེས་མཚན་མོ་བུག་པ་མེད་པའི་ཁྱིམ་དུ་མུན་པ་ལ་ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་མི་འཛུམ་ཞིང་། རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཞེས་འདིར་དབུ་མར་སྲོག་རབ་ཏུ་ཞུགས་པ་ལས་སྟོང་པ་ཁོ་ན་ལས་དུ་བ་ལ་སོགས་པའི་མཚན་མ་མཐོང་སྟེ། ནམ་མཁར་ཀུན་ནས་ཞེན་པའི་


JLD011_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་མིག་ནི་མི་འཛུམ་རྡོ་རྗེའི་ལམ་ལ་རབ་ཏུ་ཞུགས་པ་ཡི། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པ་ནམ་མཁའ་ཉི་དང་མར་མེ་དང་། །ཞེས་པ་ནས་མཚན་མོའི་རྣལ་འབྱོར་གྱིས་མཐོང་ཞེས་གསུངས་ཤིང་། མདོར་བསྡུས་དང་པོར་ཡང་། དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱར་བས་མཐོང་བར་འགྱུར། །ཞེས་དང་། ཤ་བ་རིའི་གཞུང་ཆུང་དུའང་། རླུང་བཅུ་དྷཱུ་ཏཱིར་ཚུད་གྱུར་པ། །སོ་སོར་དཔྱོད་པའི་ཡན་ལག་གོ །ཞེས་གསུངས་སོ། །སྲོག་རྩོལ་དུ་ཐལ་ཟེར་བ་འདོད་པས་ཆོག་ཅིང་དེ་ལྟ་ནའང་ཡན་ལག་གསུམ་པ་དགོས་མེད་དུ་མི་འགྱུར་ཏེ། དེ་གཉིས་དངོས་ཀྱི་དམིགས་ཚུལ་མི་འདྲ་བར་འོག་ཏུ་སྟོན་ནོ། །འོ་ན་ཐབས་གང་གིས་དྷཱུ་ཏཱིར་འཛུད་སྙམ་ན། འགྲེལ་པར་རྒྱུད་གཞན་དག་གིས་རྟོགས་པར་བྱ་བར་གསུངས་པ་ལྟར་རི་གི་ཨ་ར་ལི་ལས། མིག་གཉིས་མ་ཕྱེ་མ་བཙུམ་པར། །སྨིན་མའི་བར་དུ་སེམས་བྱས་ན། །མུན་པ་མི་བཟད་པ་ཡི་ཚུལ། །དང་པོར་རྣལ་འབྱོར་པས་མཐོང་འགྱུར། །ཞེས་རྐང་པ་དང་པོས་ལྟ་སྟངས། །གཉིས་པས་དམིགས་པ་གང་ལ་གཏོད་ཚུལ། ཐ་མས་རྟགས་གང་འཆར་བསྟན་ཏོ། དེ་བཞིན་གཤེགས་པའི་རྡོ་རྗེས། སོར་བསམ་གཉིས་རིམ་པ་དང་པོ་ལ་སྦྱར་བ་ཞིག་དང་། ཡང་སོར་སྡུད་ལ་བཤད་པ་གཉིས་པ་ཞིག་མཛད་པའི་སྐབས་སུ་མིག་གཉིས་གྱེན་དུ་ལྡོག་ནས་ནི། །སྨིན་མའི་


JLD011_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་སེམས་གཏད་དེ། །ཞེས་དང་། རྩ་བའི་རྒྱུད་ལས་ཀྱང་། སོ་སོར་སྡུད་པས་སྨིན་མ་དག་གི་དབུས་སུ་དྷཱུ་ཏཱིའི་ནང་དུ་བཞག་པར་བྱའོ་ཞེས་དྲངས་ཤིང་། འདི་བའི་ལུགས་ཀྱིས་དྷཱུ་ཏཱིའི་ཡར་སྣ་སྨིན་དབུས་ན་ཡོད་པར་བཞེད་པས་དེར་སེམས་བཟུང་བར་གསུངས་ཏེ། འདི་ཉིད་ཀྱི་རྩ་རྒྱུད་ལས། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །གང་ཞིག་ཁོ་ནར་ཡིད་དག་ནི། །གཏོད་པར་བྱེད་པ་ཕྱོགས་སྣ་ལ། །མཚན་མའི་མཐར་ནི་རེ་ཁཱ་གང་། །ཞེས་དང་། ལྟེ་བའི་གོང་དུ་གདོལ་མོར་བརྗོད། །ཨ་ཝ་དྷཱུ་ཏཱི་མི་ཡི་སྣ། །འོད་ཟེར་ལྔ་ཡི་རང་བཞིན་སྲོག །དཀྱིལ་འཁོར་ལྔ་ནི་འབབ་བྱེད་པ། ཞེས་བྱ་བས། འདིར་མིའི་སྣ་ནི་དྷཱུ་ཏཱི་ཙམ་ལ་བྱེད་པས། སོར་སྡུད་ཀྱི་སྐབས་སུ་ཡིད་སྣའི་ཕྱོགས་སུ་གཏོད་པར་བཤད་ལ། ལུང་ཕྱི་མས་དྷཱུ་ཏཱི་ལ་བཤད་པས་ཡིད་དྷཱུ་ཏཱིའི་ཕྱོགས་སུ་གཏོད་པ་གསལ་བོར་བཤད་དོ། །སྤྱིར་སོར་བསམ་གཉིས་འཁོར་སྒྱུར་གྱི་ལྟ་བ་དང་། སྲོག་འཛིན་བགེགས་མཐར་བྱེད་ཀྱི་ལྟ་བར་བཤད་ཀྱང་། དམིགས་ཀྱིས་བསལ་ན་འགྲེལ་པར། བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་བའོ། །དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོན་པ་སྟེ། དཔྲལ་བར་སོན་པའོ། །བགེགས་མཐར་བྱེད་ཀྱི་ལྟ་བ་བདུད་རྩིའི་གནས་སུ་སོན་པ་དེ་ཡིས་ཉེ་བར་སྒྲུབ་པ་ལ་ཡན་ལག་དྲུག་གོ །ཀྱང་ཡིག་གིས་སྲོག་རྩོལ་དང་འཛིན་པ་བྱ་སྟེ། སྲོག་གི་གཟུགས་བརྙན་མཐོང་བར་གྱུར་པ་ན་ཉེ་བའི་སྒྲུབ་པའོ། །ཞེས་བྱ་ལ་མདོར་


JLD011_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ན་བགེགས་མཐར་བྱེད་པའི་ལྟ་བ་ནི་བདུད་རྩིའི་གནས་དཔྲལ་བར་སོན་པའོ། །དེ་ཡིས་ཞེས་པ། གོང་གི་སོར་བསམ་གཉིས་བསྙེན་པའི་ཡན་ལག་ཏུ་བཤད་པས། བདུད་རྩིའི་གནས་དཔྲལ་བར་སོན་པས་བསྙེན་པའི་ཡན་ལག་ཐོབ་པ་དེ་ཡིས་ཉེ་བར་བསྒྲུབ་པ་ཡན་ལག་དྲུག་ཅེས་པ་ལ། འགྱུར་མང་ལས། ཡན་ལག་དྲུག་གི་ཉེར་སྒྲུབ་ལ་ཞེས་བསྒྱུར་བ་བདེ་བས། དེས་ན་བསྙེན་པའི་ཡན་ལག་ཐོབ་པ་དེ་ཡིས་ཀྱང་། ཉེར་སྒྲུབ་ཀྱི་ཡན་ལག་སྲོག་འཛིན་བསྒོམ་དགོས་ཤིང་། བསྒོམས་པས་སྲོག་གི་གཟུགས་བརྙན་མཐོང་བ་ན་དེ་གྲུབ་པའོ། །ཞེས་གསུངས། དེས་ན་བདུད་རྩིའི་གནས་སུ་སོན་པའི་ལྟ་བ་སྒོམ་པ་གཅིག་བཤད། སྲོག་འཛིན་གཉིས་ནི་མིན། བསམ་གཏན་སོར་སྡུད་བརྟན་བྱེད་ཡིན་པས། སོར་སྡུད་ཀྱི་སྐབས་སུ་སྒོམ་པ་འོས་མེད་ཀྱི་དམིགས་བསལ་ལོ། །འགྲེལ་པའི་ཀྱང་གི་ནུས་པའང་དེ་ལྟར་བྱ་དགོས་ཤིང་། མདོར་ན། དེ་ཡིས་ཤེས་པ་དང་། འཛིན་པ་བྱ་སྟེ་ཞེས་པ་དང་། མཐོང་བར་གྱུར་པ་ན་ཞེས་པའི་ནུས་པའང་། བདུད་རྩིའི་གནས་དཔྲལ་བའི་རྩ་འཁོར་ལ་བལྟས་ཤིང་གནད་དུ་བསྣུན་པས་སོར་བསམ་གཉིས་བསྙེན་པའི་ཡན་ལག་ཐོབ་པའི་གང་ཟག་དེས་སྲོག་འཛིན་ཉེར་སྒྲུབ་ཀྱི་ཡན་ལག་བསྒོམ་པར་བྱའོ། །ཞེས་བློ་གྲོས་ཀྱིས་དཔྱོད་ཤེས་ན་རྒྱུད་འགྲེལ་དེ་གཉིས་ཀྱིས་གསལ་བོར་བསྟན་སྣང་ངོ་། །སྔར་དྲངས་པའི་རྩ་རྒྱུད་ཀྱི་ལུང་ནི་འདིའི་ཡང་ཁུངས་ཡང་དག་གོ །དེས་ན་སོར་སྡུད་སྲོག་དྷཱུ་ཏཱིར་སྡུད་པའི་བརྒྱུད་པའི་


JLD011_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩོལ་ཡིན་ཡང་། ཡན་ལག་གསུམ་པའི་སྲོག་རྩོལ་ནི་དངོས་སུ་རླུང་ལ་དམིགས་ནས་སྲོག་འགོག་པས། དམིགས་པ་དངོས་མི་འདྲ་ཞིང་། སྲོག་རྩོལ་ནི་སྲོག་རྩོལ་གྱི་ཕྱོགས་གཅིག་གི་མིང་གིས་བཏགས་པས། འདིར་འགྱུར་བའི་སྐྱོན་ཡང་མེད་དོ། །དེས་ན་སྲོག་རྩོལ་ནི་རྒྱ་ཆུང་ཆུང་ཞིག་ལ་མི་བཟུང་ངོ་། །དེ་ལྟར་བྱས་ན་དཔྲལ་བར་མ་དག་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་ཡོད་ལ། སོར་སྡུད་ཀྱིས་དེ་སྦྱངས་ནས་དག་པའི་ལུས་བསྐྱེད་པས་སྐུ་རྡོ་རྗེའི་རྣལ་འབྱོར་ལའང་ཤིན་ཏུ་འགྲིག་གོ །དུས་ཞབས་པས་ཀྱང་། དཔྲལ་བའི་ཐིག་ལེར་སྲོག་བཅུག་ལ། །ས་རླུང་རྒྱུ་བའི་དུས་སུ་བསྒོམ། །ཞེས་དཔྲལ་བར་གནད་དུ་བསྣུན་པར་བཤད་དོ། །ལྔ་པ་ནི། དེ་ལྟར་ལུས་ལ་གནད་དུ་བསྣུན་ཏེ་བསྒོམས་པ་ལས། སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་ཞེས་སོགས་སྔར་དྲངས་པ་དང་། རྒྱུད་ཕྱི་མར། དང་པོ་སྨིག་རྒྱུ་ལྟ་བུ་དང་། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་མཁའ་སྣང་མེ་ཁྱེར་བཞིན། །བཞི་པ་མར་མེ་ལྟ་བུ་དང་། །ལྔ་པ་སྤྲིན་མེད་ནམ་མཁའ་འོ། །ཞེས་དང་། གུར་དུའང་དེ་བཞིན་འབྱུང་ངོ་། །མཁའ་སྣང་ནི་མེ་ཁྱེར་བཞིན་དུ་གསལ་ལོ། །དེའང་དུ་སོགས་ཀྱི་ཉམས་སྣང་གང་བྱུང་གིས་མི་ཆོག་གི་དྷཱུ་ཏཱིར་ཚུད་པ་ལས་དེ་རྣམས་ཤར་བ་དགོས་ཏེ། སྔར་བཤད་ཟིན་ཏོ། །གཉིས་པ་ཉིན་མོའི་རྣལ་འབྱོར་ལ། གནས་ནི་བླ་གབ་མེད་པའི་ཕྱོགས་ཆུ་དང་གངས་ཀྱི་བསེར་མས་མིག་


JLD011_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་གནོད་པའི་སར། སྔ་དྲོ་ནུབ། ཕྱི་དྲོ་ཤར་དུ་བལྟས་ཏེ་རྒྱབ་ཉི་མར་བསྟན་ཏེ་བསྒོམ། གུང་གི་དུས་སུ་ཉི་ཟེར་གྱིས་མིག་ལ་གནོད་པས་སོ། །གཞན་ལུས་གནད་སོགས་སྔ་མ་བཞིན་ནོ། །བསྒོམས་པས་མྱོང་བ་སྐྱེ་བའི་ཚུལ་ནི། རྒྱུད་ལས། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ལ་རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་དུའོ། ཞེས་དང་དྲི་མེད་འོད་ལས། དེ་ནས་སྤྲིན་མེད་པའི་ནམ་མཁའ་ལ་བལྟ་སྟེ། ནམ་མཁའ་དེ་ལས་ཀྱང་། ཉིན་མོའི་རྣལ་འབྱོར་གྱིས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། ཞེས་འབར་བ་མཐོང་སྟེ། སྤྲིན་མེད་པའི་ནམ་མཁའ་ལའོ། །དེ་བཞིན་དུ། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ་ནི་ཟླ་བ་སྣང་བའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་མེ་ནི་རྡོ་རྗེ་སྟེ་སྒྲ་གཅན་ནོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་སྟེ་མཆོག་གི་ཆའོ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ་ནི་ཐིག་ལེའོ། །དེ་ལྟར་མཚན་མ་རྣམ་པ་བཅུ་སྟེ། འདུས་པ་ལ་སོགས་པར་མཚན་མོའི་རྣལ་འབྱོར་དང་། མཚན་ཡང་དག་པར་བརྗོད་པ་ལས་ཉིན་མོའི་རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་གསུངས་


JLD011_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ལ་འབར་བ་ནི་མེ་འབར་བ་ལྟ་བུ་དང་། ཐིག་ལེ་ནི་དབྱིབས་ཟླུམ་པོ། ཁ་དོག་སྔོན་པོ། དེའི་ནང་དུ་དབང་པོ་ལྔའི་ཡུལ་ལྔ་འདྲ་བ་དང་། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཁ་ཅིག་དང་། ལྷ་སྐུ་སོགས་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དྷཱུ་ཏཱིའི་ནང་དུ་རེ་ཁུ་ནག་པོ་ལ་འོད་དང་ལྷ་སྐུ་སོགས་འཆར་བ་མཐོང་སྟེ། དེ་རྣམས་ཐིག་ལེར་བསྡུས་ཏེ་ཉིན་རྟགས་དྲུག་མཚན་རྟགས་བཞི་སྟེ་རྟགས་བཅུ་པོ། རླུང་བཅུ་དྷཱུ་ཏཱིར་ཚུད་པ་ལས། འཆར་བ་ཡིན་གྱི་གཡས་རླུང་ཚུད་པས་མཚན་རྟགས། གཡོན་རླུང་ཚུད་པས་ཉིན་རྟགས་འཆར་བར་འདོད་པ་མི་འཐད་དོ། །རོ་མ་ལ་རྒྱུ་བའི་རླུང་ཚུད་ན་རྐྱང་མ་ནས་རྒྱུ་བ་མ་ཚུད་པ་མི་སྲིད་དེ། གཡོན་ལ་རྒྱུ་བ་ན། གཡས་ཀྱི་དེ་ཉིད་འཕོས་ནས་རྒྱུ་བ་ཡིན་ཞིང་། དཀྱིལ་འཁོར་ལྔའི་རླུང་གཅིག་ཉིད་གཡས་གཡོན་ལ་འཕོས་ནས་རྒྱུ་བ་ཡིན་པའི་ཕྱིར་རོ། །གཡས་དང་གཡོན་གྱི་རླུང་གཉིས་སོ་སོར་བསྡུས་པས། རྟགས་གཉིས་སོ་སོར་འཆར་བར་འདོད་ན་དེ་གཉིས་རིམ་གྱིས་འཆར་ལ། དེ་ལྟ་ན་ཅིག་ཅར་འཆར་བའི་རྒྱུ་མཚན་བཤད་དཀའོ། །འོ་ན་རླུང་བཅུ་དྷཱུ་ཏཱིར་འདུས་པས། རྟགས་གཉིས་རིམ་ཅན་དུ་འཆར་བ་ཇི་ལྟར་ཡིན་ཞེ་ན། བཤད་པར་བྱ་སྟེ། མཚན་རྟགས་རྣམས་ནི་རླུང་དྷཱུ་ཏཱིར་ཚུད་ཙམ་ལ་འཆར་ལ། ཉིན་རྟགས་རྣམས་ནི་དྷཱུ་ཏཱིར་ཞུགས་གནས་ཐིམ་པ་ལས་འཆར་རོ། །ཤ་བ་རིས་ཀྱང་། དྷཱུ་ཏཱིར་རླུང་བཅུ་ཚུད་གྱུར་པས། །ཉིན་དང་མཚན་མོའི་རྟགས་བཅུ་མཐོང་། །སོ་སོར་སྡུད་པའི་


JLD011_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་གོ །ཞེས་གསུངས་ཤིང་། སྤྱིར་ནི་ཏིང་ངེ་འཛིན་ཐུན་མོང་བ་བསྐྱངས་པས་ཀྱང་། འོད་དང་ནམ་མཁའི་འོད་འདྲ་བ། རི་མོ་ནམ་མཁའི་དབྱིངས་འདྲ་མཐོང་བར་ལང་གཤེགས་ལས་གསུངས་སོ། །དེས་ན་རླུང་དྷཱུ་ཏཱིར་ཚུད་མ་ཚུད་གཉིས་ཀ་ལས་དུ་བ་སོགས་འདྲ་བ་འབྱུང་བས་ཁྱད་པར་ཕྱེད་པ་གལ་ཆེ་སྟེ། མུ་སྟེགས་དང་ཐུན་མོང་བའི་ཏིང་ངེ་འཛིན་འགའ་ཞིག་ལ་རྣལ་འབྱོར་བླ་ན་མེད་པའི་རྫོགས་རིམ་དུ་འཛིན་པ་མང་དུ་མཐོང་བས། ལམ་རྣམ་དག་ལ་བག་ཆགས་འཇོག་པའི་བགེགས་ཆེན་པོར་སྣང་ངོ་། །ཁྱད་པར་རྣམས་མ་ཕྱེད་ན། དུ་སོགས་ཀྱི་རྟགས་གང་ཤར་སོར་སྡུད་ཀྱི་རྟགས་སུ་སྐྱེས་པར་རློམ་ཞིང་། རྟགས་དེ་དག་སྐྱེས་པ་ན། རྒྱུད་འགྲེལ་ནས་བཤད་པའི་ཡོན་ཏན་དེ་དག་རང་ལ་མི་འདུག་པར་རིག་ནས། རྒྱུད་སྡེ་ནས་དེ་ལྟར་བཤད་ཀྱང་མི་བདེན་ནོ་སྙམ་ནས་སྡིག་གསོག་པ་ཐམས་ཅད་རླུང་དྷཱུ་ཏཱིར་ཚུད་པའི་རྟགས་དང་། ཏིང་ངེ་འཛིན་ཐུན་མོང་བའི་རྟགས་རྣམས་མ་ཕྱེད་པའི་སྐྱོན་ཡིན་ནོ། །དེ་ལྟར་མ་ཕྱེད་ན། མཚན་ཉིད་ཐེག་པ་ལ་སྟོང་གཟུགས་ཁྱད་པར་ཅན་གྱི་སྒྲུབ་བྱེད་ཡོད་པར་འདོད་དགོས་པས་ཧ་ཅང་ཐལ་ལོ། །དེས་ན་རླུང་དྷཱུ་ཏཱིར་ཚུད་མ་ཚུད་ཀྱི་རྟགས་རྣམས་ཀྱི་ཁྱད་པར་རྣམས་སྒྲོན་གསལ་དུ། བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ཞེས་པའི་འགྲེལ་པར། རྡོ་རྗེའི་ལམ་ནས་ཞེས་པ། འདའ་བར་མི་བྱ་བའི་མཚན་མ་ལྔའི་རིམ་གྱིས། ཞེས་པའི་སྐབས་སུ་བཤད་པ་བཞིན་གོ་དགོས་ལ་ཞལ་ལུང་གི་འགྲེལ་པ་


JLD011_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པའི་རྒྱན་དུ། དབང་པོའི་རླུང་ཅུང་ཟད་ལྡོག་པར་རྩོམ་པ་དང་། ལོག་པ་དང་། དྷཱུ་ཏཱིར་ཚུད་པ་དང་། ཐིམ་པ་ལས་རྟགས་རྣམས་འཆར་བར་གསུངས་པ་ནི་ལེགས་པས་ཚུལ་དེ་ལྟར་ཤེས་པར་བྱའོ། །གསུམ་པ་སྤོགས་ཆོག་ནི། དུས་ཞབས་པས། སོ་སོར་སྡུད་པའི་སྤོགས་པ་ནི། བྱེད་བཅིངས་དྲག་ཏུ་བརྩམ་པར་བྱ། །ཞེས་བྱེད་བཅིངས་དམ་དུ་གཏོང་བར་བཞེད་པ་དང་། ཁ་ཅིག་ཟངས་ཆུས་བཀང་བའི་ནང་དུ་མིག་སྤྲིད་སྤྲིད་དུ་བལྟ། དེ་ནས་ནམ་མཁར་བལྟས་པས་སྟོང་གཟུགས་འཆར་ཞེས་སོགས་ཁམས་པ་རྒ་ལོའི་མན་ངག་ཡིན་གསུངས་སོ། །དང་པོའི་དོན་དཔྱད་དགོས་ཏེ། དམ་དུ་གཏོང་བའི་དོན་གང་ཡིན། ལུས་གནད་སོགས་མ་བྱུང་བ་འཆོས་པ་ཡིན་ན་ནི། དེ་ནི་རྩ་བའི་སྒོམ་ལུགས་མ་ཤེས་པ་ཡིན་ལ་སྤོགས་ཆོག་ནི་སྒོམ་ལུགས་ཤེས་ནས་བསྒོམས་པས་ཀྱང་མ་གྲུབ་ན་བྱེད་པ་ཡིན་ཏེ། སྒོམ་ཚུལ་སློབ་པ་ཙམ་སྤོགས་ཆོག་ཏུ་ཇི་ལྟར་འཐད། སྒོམ་ཚུལ་ཤེས་ནས་བསྒོམས་པས་མ་གྲུབ་པ་ལ་སྒོམ་ཚུལ་དེ་ཉིད་དམ་དུ་གཏོང་བ་སྤོགས་ཆོག་ཡིན་ན་ནི། དེས་མ་གྲུབ་པ་ལ་ཇི་ལྟར་བྱ་བྱས་པ་ལ་དེ་མ་གྲུབ་ན་དེ་ཉིད་བྱའོ། །ཞེས་པར་སོང་བས། དེ་འདྲའི་སྤོགས་ཆོག་དགོས་པ་མེད་དོ། །གཉིས་པའི་དོན་ཀྱང་གནད་མ་རྙེད་པ་ཡིན་ཏེ། རླུང་དྷཱུ་ཏཱིར་སྡུད་པའི་ཐབས་མེད་པར་སྟོང་གཟུགས་འབའ་ཞིག་འཆར་བའི་ཐབས་ལ་འབད་ཀྱང་། རླུང་དྷཱུ་ཏཱིར་མ་ཚུད་པའི་སྟོང་


JLD011_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཇི་ཙམ་ཤར་ཡང་། སྟོང་གཟུགས་ཀྱི་ཕྱག་ཆེན་སྒྲུབ་པའི་ཡན་ལག་ཏུ་མི་རུང་བས་སོར་སྡུད་ཀྱི་ཡན་ལག་ཏུ་མི་རུང་ངོ་། །དེས་ན་འདིར་རླུང་དྷཱུ་ཏཱིར་ཚུད་པ་ལས་བྱུང་བའི་སྟོང་གཟུགས་འཆར་དགོས་ལ། དེ་ལ་སྔོན་དུ་རླུང་དྷཱུ་ཏཱིར་ཚུད་པ་དགོས་ལ། དེ་ཡོད་ན་སྟོང་གཟུགས་རང་ཤུགས་ཀྱིས་འབྱུང་བས། སྤོགས་ཆོག་གཞན་མི་དགོས་སོ། །དྷཱུ་ཏཱིར་འཛུད་ཐབས་མེད་པར་སྤོགས་ཆོག་གི་གཞི་སྟོང་གཟུགས་ལ་བྱས་ན། རྩ་བ་བོར་ནས་ཡལ་ག་འཚོལ་བ་བཞིན་ནོ། །དེས་ན་རྒྱུད་ལས། སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། །ཞེས་པའི་འགྲེལ་པར་སོ་སོར་སྡུད་པ་ལ་སོགས་པས་གཡས་པ་དང་གཡོན་པའི་རླུང་མ་ཆིངས་པ་ཉིད་ཀྱིས། ཞེས་གསུངས་པའི་སོར་སྡུད་ཀྱི་རླུང་དྷཱི་ཏཱིར་མ་ཆིངས་ན། དེའི་ཚེ་བཙན་ཐབས་བྱ་བར་བཤད་པ་ལྟར་བྱའོ། །གལ་ཏེ་སྒོམ་འཕྲོ་ལ་ཤི་ནའང་ཚེ་རབས་གཞན་དུ་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་ཐོབ་སྟེ་ལམ་བསྒོམས་པའི་བག་ཆགས་ཀྱིས་ལམ་མྱུར་དུ་རྒྱུད་ལ་སྐྱེས་ནས་མཆོག་འཐོབ་པར་འགྱུར་རོ། །བཞི་པ་ནི། དབང་པོའི་མངོན་སུམ་ཚད་མ་དང་འདྲ་བས་ན་དབང་པོའི་མངོན་སུམ་མོ། །དེའང་སྟོང་པ་ཉིད་ཀྱི་གཟུགས་སྒྲ་སོགས་ཀྱི་ཡུལ་ཅན་ཡིན་པས་དབང་པོའི་མངོན་སུམ་དང་འདྲ་ལ། མངོན་སུམ་ནི་རྟོག་པ་དང་བྲལ་བ་ལ་སྟོང་གཟུགས་སོགས་གསལ་བར་སྣང་བ་ཡིན་ཏེ། རྣམ་འགྲེལ་ལས། རྣམ་རྟོག་རྗེས་སུ་འབྲང་བ་ལ། །དོན་གསལ་


JLD011_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཅན་མ་ཡིན། །ཞེས་གསུངས་པས་སོ། །མ་འཁྲུལ་བའི་དོན་ནི། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འགྲུབ་པ་ལ་མི་སླུ་བ་ཡིན་ནོ། །ལྔ་པ་ནི། དབྱེ་བ་རྣམ་པ་བཅུའོ། །དྲུག་པ་ནི། གནས་སྐབས་ཀྱི་འབྲས་བུ་སྔགས་ཀྱི་ཚིག་འཛིན་པ་སོགས་དང་། མཐར་ཐུག་ཡེ་ཤེས་ཀྱི་ཕུང་པོ་སོགས་དྲུག་དྲི་བྲལ་དུ་གྱུར་པ་འཐོབ་སྟེ། རྟགས་འདི་རྣམས་ཡན་ལག་དྲུག་གི་སྐབས་ཐམས་ཅད་ལ་ཁྱབ་པས་དྲུག་པ་རྡོར་སེམས་ཀྱི་རིགས་ཡིན་ནོ། །རྒྱུད་ལས། སོ་སོར་སྡུད་པའི་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པ་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། །ཅེས་པའི་འགྲེལ་པར། ད་ནི་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་གསུངས་པ། སོ་སོར་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་སོ་སོར་སྡུད་པས་གཟུགས་བརྟན་པར་གྱུར་པའི་རྣལ་འབྱོར་པ་རྣམ་པར་དག་པར་གྱུར་པ་དེའི་ཚེ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརླབ་པར་འགྱུར་ཏེ། ཚིག་གིས་མཆོག་སྦྱིན་པ་ལ་སོགས་པ་སྦྱིན་པར་འགྱུར་རོ། ཞེས་དང་། འདིར་དང་པོའི་ལས་ལ་སོ་སོར་སྡུད་པ་ནི་རྒྱལ་བའི་དབང་པོ་ཞེས་པ་ཡེ་ཤེས་ཀྱི་ཕུང་པོའོ་ཞེས་གསུངས་ཤིང་། འདུས་པར། སོ་སོར་སྡུད་ལ་སྙོམས་ཞུགས་པས། །སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརླབ། །ཅེས་གསུངས་སོ། །མདོར་ན་རླུང་དྷཱུ་ཏཱིར་མ་ཚུད་ན། མཆོག་མི་འགྱུར་གྱི་བདེ་ཆེན་འདྲེན་པའི་སྟོང་གཟུགས་ཀྱི་ཕྱག་ཆེན་མི་འགྲུབ་ལ། སོར་


JLD011_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་སྒོམ་པ་ནི། སྟོང་གཟུགས་དེ་འདྲ་བའི་སྒྲུབ་བྱེད་ཡིན་ཞིང་། དེས་ན་སོར་སྡུད་ཀྱི་ཐོག་མར་རླུང་དྷཱུ་ཏཱིར་ཚུད་པའི་སྒོམ་པ་ཞིག་དང་། བར་དུ་དེ་ལྟར་བསྒོམས་པས་རླུང་དྷཱུ་ཏཱིར་ཆིངས་ཏེ། དབང་པོ་ལྔ་དང་ཡུལ་ལྔའི་འབྲེལ་བ་ཆད་པ་དང་། མཐར་དེའི་སྒོ་ནས་སྟོང་གཟུགས་མཐོང་སྟེ། རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་ལ་ཨ་ཝ་དྷཱུ་ཏཱིའི་ནང་དུ་མཐོང་བ་ན་སོར་སྡུད་ཀྱི་ཡན་ལག་མཚན་ཉིད་ཚང་བ་ཡིན་པས། མཚམས་དེ་ནས་བརྟན་བྱེད་བསམ་གཏན་གྱི་ཡན་ལག་སྒོམ་པ་ཡིན་ནོ། །དེས་ན་འདི་ལ་ཡན་ལག་ལྔ་སྟེ། དང་པོར་བསྒོམས་པའི་དུས་མཚམས། གང་སྒོམ་པའི་ཡན་ལག །དག་དབྱེ་ཚད་མ། འབྲས་བུའོ། །དང་པོ་ནི། སོར་སྡུད་ཀྱི་རྟགས་བཅུ་རྫོགས་པ་ནའོ། །གཉིས་པ་ལ། དགོས་པ་གང་གི་ཕྱིར་སྒོམ་པ། ཡན་ལག་གི་དབྱེ་བ། བསམ་གཏན་གྲུབ་པའི་ཚད་བསྟན་པའོ། །དང་པོ་ནི། སོར་སྡུད་ནི་གཟུགས་མ་གྲུབ་པ་འགྲུབ་པའི་ཕྱིར་སྒོམ་པ་ཡིན་ལ། བསམ་གཏན་ནི་དེ་གྲུབ་ཟིན་བརྟན་པའི་ཕྱིར་སྒོམ་པ་ཡིན་ནོ། །འོ་ན་དམིགས་པ་གཞན་ཞིག་བསྒོམས་ནས་བརྟན་པར་བྱེད་པ་ཡིན་ནམ། ཇི་ལྟར་ཡིན་ཞེ་ན། དམིགས་པ་དེ་ཉིད་གོམས་པས་རྒྱུན་བརྟན་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། འདུས་པ་ལས། བསམ་གཏན་རྣམ་པ་ལྔ་རུ་འགྱུར། །རྟོག་པ་དང་ནི་དཔྱོད་པ་དང་། །དགའ་བ་དང་ནི་བདེ་བ་དང་། །སེམས་ཀྱིས་རྩེ་གཅིག་ཉིད་དང་ལྔ། །ཞེས་པས་རྟོག་པ་ནི། སྟོང་གཟུགས་རགས་པ་མཐོང་བའོ། །དཔྱོད་པ་ནི་སྟོང་གཟུགས་


JLD011_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བ་མཐོང་བའོ། །དགའ་བདེ་ནི་ཕན་ཡོན་ཡིན་ཏེ། རིམ་པ་བཞིན་ལུས་དང་སེམས་ཤིན་སྦྱངས་འདྲེན་པའི་སེམས་ཀྱི་དགའ་བ་དང་། ལུས་ཀྱི་བདེ་བའོ། །ཤེས་རབ་ནི་འདུས་པར་སེམས་རྩེ་གཅིག་པ་ནི། ཤེས་དང་ཤེས་བྱ་ཅུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཡུལ་ཡུལ་ཅན་གྱི་འབྲེལ་བ་ཆད་པའོ། །ཁ་ཅིག་ཡན་ལག་སོ་སོ་ལ་སྒོམ་ཚུལ་རེ་རེ་བྱེད་པར་སྣང་སྟེ། ཡན་ལག་འདི་དག་བསམ་གཏན་བསྒོམས་པས་རྟོགས་པ་སྐྱེས་པའི་རིམ་པ་ཡིན་གྱི་སྒོམ་ཚུལ་སོ་སོ་བ་མི་དགོས་སོ། །གསུམ་པ་ནི། སོར་སྡུད་ཀྱི་སྐབས་སུ་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་དེ་ཉིད་བསྒོམས་པས་ཡེ་ཤེས་ཀྱི་ཡན་ལག་ཡུལ་ཡུལ་ཅན་གྱི་འབྲེལ་བ་ཆད། རྟོག་དཔྱོད་ཀྱི་ཡན་ལག་སྟོང་གཟུགས་ཕྲ་རགས་མཐོང་ནས་སྟོང་གཟུགས་དེ་ཉིད་བསྒོམས་པས་ཏིང་ངེ་འཛིན་ཐུན་འཁྱོངས་པའི་མཐར། ཕན་ཡོན་གྱི་ཡན་ལག་ལུས་སེམས་ཤིན་སྦྱངས་སྐྱེས་པ་ན་བསམ་གཏན་གྱི་ཡན་ལག་གྲུབ་པ་ཡིན་ཏེ། རྒྱུད་ལས། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་གཡོ་དང་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། ཞེས་དང་། དེའི་འགྲེལ་པར། དེ་བཞིན་དུ་གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པ་ནི་ལྟ་བའོ། །རྟོག་པ་ཞེས་པ་ནི་དངོས་པོར་འཛིན་པའོ། །དཔྱོད་པ་ཞེས་པ་ནི་ངེས་པའི་དོན་ནོ། །དགའ་བ་ཞེས་པ་ནི་གཟུགས་ལ་ཆགས་པའོ། །གཡོ་མེད་བདེ་བ་ཞེས་པ་ནི་གཟུགས་དང་ལྷན་ཅིག་སེམས་གཅིག་ཏུ་བྱེད་པའོ། །དེ་ལྟར་གཟུང་བ་


JLD011_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཛིན་པའི་དབྱེ་བས་བསམ་གཏན་རྣམ་པ་བཅུ་པའོ། །ཞེས་གསུངས་སོ། །ཡེ་ཤེས་སྤྱན་གྲུབ་ལས། སྣང་བའི་སྟེང་དུ་འོད་གསལ་བཟུང་། །ཕྲ་བའི་འོད་ལ་བརྟེན་ནས་ནི། །རགས་པའི་འོད་ཆེན་ངོ་སྤྲད་པས། །རྟོག་མེད་འོད་ལས་སྲིད་འདས་སྣང་། །སྲོག་རྩོལ་སྒོ་རུ་འོད་གསལ་བཟུང་། །འགྱུ་བ་རླུང་གི་དེ་ཉིད་ཤེས། །རླུང་ལྔའི་ཁ་དོག་མཐོང་བར་འགྱུར། །དྷཱུ་ཏཱིའི་ནང་དུ་འོད་གསལ་བཟུང་། །རྟོག་མེད་སེམས་ཀྱི་དེ་ཉིད་ཤེས། །རྡོ་རྗེ་ལུས་ཀྱི་གནས་ལུགས་མཐོང་། །གསང་སྔགས་ཆོས་ལ་མཁས་པར་འགྱུར། །ཞེས་པ་དང་། མངོན་ཤེས་སྒྲུབ་པ་རྣམས་འདིའི་སྤོགས་ཆོག་ཏུ་བྱེད་པར་སྣང་སྟེ། མངོན་ཤེས་ནི། བསམ་གཏན་གྲུབ་ཟིན་ནས་བྱེད་རྒྱུ་ཡིན་པས། འདི་མ་གྲུབ་པ་འགྲུབ་པའི་སྤོགས་ཆོག་ཏུ་ཇི་ལྟར་འཐད། གཞན་དེ་རྣམས་ཀྱང་སྟོང་གཟུགས་ཁོ་ནའི་སྤོགས་ཆོག་ཏུ་སྣང་བས། འདིའི་སྤོགས་ཆོག་འོག་ཏུ་འཆད་དོ། །དག་དབྱེ་ནི། རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་རྒྱལ་བ་མི་བསྐྱོད་པ་ཡིན་ལ། དབྱེ་བ་ནི། ཡན་ལག་ལྔ་ལ་ཡུལ་ཡུལ་ཅན་གྱིས་ཕྱེ་ན་བཅུར་འགྱུར་ཏེ། འགྲེལ་པར། བསམ་གཏན་མི་བསྐྱོད་པ་ཉིད་དོ། །ཞེས་པ་རྣམ་པར་ཤེས་པའི་ཕུང་པོ་སྟེ། རྣམ་པ་བཅུ་ནི། ཡུལ་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། ཞེས་པའོ། །འབྲས་བུ་ནི། གནས་སྐབས་སུ་མངོན་ཤེས་ལྔ་འཐོབ་ཅིང་སངས་རྒྱས་ལ་ཆོས་ཉན། མཐར་ཐུག་ནམ་མཁའི་ཁམས་དང་། རྣམ་ཤེས་ཀྱི་ཕུང་པོ་སོགས་དྲུག་ཚན་གཅིག་སྒྲིབ་བྲལ་


JLD011_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དག་པ་རྒྱལ་བ་མི་བསྐྱོད་པ་སོགས་དྲུག་ཚན་གཅིག་འགྲུབ་པར་བྱེད་དོ། །སོར་བསམ་གཉིས་སྐུ་རྡོ་རྗེ་སྒྲུབ་བྱེད་བསྙེན་པའི་ཡན་ལག་ཐོག་མར་དགེ་བའི་འཁྲིད་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་སྲོག་སྒྲུབ་བྱེད་ཀྱི་ཡན་ལག་ལ། སྤྱིར་བླ་མེད་ཀྱི་རྒྱུད་རྣམས་ལས། རླུང་དྷཱུ་ཏཱིར་ཞུགས་པ་དང་། གནས་པ་དང་། ཐིམ་པ་གསུམ་བཤད་ལ། རྒྱུད་འདིར་ནི་ཐིམ་པ་ནི་བཅིངས་པ་དང་། བསྲེས་པ་དང་། བསད་པ་ཞེས་བཤད་པ་རྣམས་ཡིན་ལ། ཞུགས་གནས་གཉིས་ཡན་ལག་རེ་རེར་བཤད་པས། འདི་ལ་གཉིས། སྲོག་རོ་རྐྱང་ལ་རྒྱུ་བ་བཀག་ནས་དྷཱུ་ཏཱིར་འཇུག་པར་བྱེད་པའི་ཡན་ལག་སྲོག་རྩོལ། ཞུགས་གནས་བརྟན་པར་བྱེད་པའི་ཡན་ལག་འཛིན་པའོ། །དང་པོ་ལ་དྲུག་ལས། མཚན་དོན་ནི། རྩོལ་བའི་སྐད་དོད་ལ་ཨ་ཡ་མ་ཞེས་པ་འགོག་པ་དང་། མཆུར་རིང་བ་ལ་འཇུག་པ་ལས་འདིར་ནི་འགོག་པའི་དོན་དུ་བཤད་དེ། དེ་ལ་སྲོག་ནི་རླུང་ཡིན་ལ། དེ་རོ་རྐྱང་ལ་རྒྱུ་བ་བཀག་ནས་དྷཱུ་ཏཱིར་འཛུད་པ་ནི་རྩོལ་བའི་དོན་ཏེ། སྒྲུབ་ལེར་སྲོག་གི་རྩོལ་བ་དག་ཀྱང་ལམ་ནི་གཉིས་པོ་དག་ནི་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །ཞེས་པའི་འགྲེལ་པར། ལམ་ནི་གཉིས་པོ་ཞེས་པ་གཡོན་དང་གཡས་པའི་ལམ་བསྒྱེལ་བ་སྟེ་འགོག་ཅིང་དབུ་མའི་ལམ་དུ་རབ་ཏུ་ཞུགས་པའོ། །དེའང་དཀྱིལ་འཁོར་བཅུ་འགག་པ་ལས་རྣམ་པ་བཅུའོ། །ཞེས་གསུངས་སོ། །འདུས་པར་སྲོག་ནི་ཚེ་དང་། རྩོལ་བ་ནི་རིང་དུ་མཆེད་


JLD011_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་དོན་ཡིན་གྱི་སྲོག་རྩོལ་ཞེས་འདི་དང་མི་མཐུན་པར་བཤད་ཀྱང་། རླུང་རོ་རྐྱང་ལ་རྒྱུ་བ་བཀག་ནས་དབུ་མར་འཇུག་པའི་རླུང་སྦྱོར་ལ་སྲོག་རྩོལ་གྱི་ཡན་ལག་ཏུ་བྱེད་པ་ལ། བླ་མེད་ཀྱི་རྒྱུད་ཀུན་འདྲ་བ་ཡིན་ནོ། །རྒྱུད་སྡེ་འོག་མ་དང་སྲོག་རྩོལ་ཅེས་མིང་ཙམ་མཐུན་ཡང་དོན་མི་མཐུན་ནོ། །གཉིས་པ་དུས་མཚམས་ནི། དང་པོར་སོར་བསམ་གཉིས་སྒོམ་པའི་དུས་སུ། དངོས་སུ་རླུང་ལ་མ་དམིགས་ཀྱང་། ལུས་ཀྱི་གནད་ཆེ་སར་བསྣུན་པས་རླུང་དབུ་མར་ཚུད་དེ་དབུ་མ་སྦྱངས་པའི་མཚམས་ནས་ཡིན་ཏེ། དེ་ནས་རླུང་ལ་དངོས་སུ་དམིགས་པའི་སྲོག་རྩོལ་བསྒོམས་ན་གནད་དུ་འགྲོ་ཚབས་ཆེ་བའི་དགོས་པ་ཡོད་པའི་ཕྱིར་རོ། །དེ་ལ་དགོངས་ནས་རྒྱུད་འདིར་གོ་རིམ་དེ་ལྟར་བཤད་པ་ཡིན་ཏེ། ཡེ་ལེར་དུ་བ་ལ་སོགས་སྒྲུབ་པ་བྱས་ནས་འཆི་བའི་འཇིགས་པ་བྱེད་པའི་དབུ་མ་དག་ནི་བསྒྲུབ་པར་བྱ། ཞེས་དང་། མཆོག་མི་འགྱུར་དུ། དུ་བ་ལ་སོགས་པའི་མཚན་མ་བསྒོམས་པས། ལས་དང་པོ་བ་དབུ་མ་ཡོངས་སུ་སྦྱངས་པ་ཞེས་གསུངས། གསུམ་པ་ཡན་ལག་དངོས་ལ། དབྱེ་བ། སྒོམ་ཚུལ། མ་གྲུབ་ན་སྤོགས་པའི་ཆོ་ག་གསུམ་ལས། དང་པོ་ནི། བླ་མ་སྔ་མ་རྣམས། རྡོར་བཟླས། རྔུབ་པ། དགང་བ། གཞིལ་བ། རེ་ཙ་ཀ །བུམ་པ་ཅན་ཏེ་དྲུག་ཏུ་བཞེད་ཀྱང་། གནས་སྐབས་འདིར་བུམ་པ་ཅན་དང་། ཡེ་ལེར། སྡོམ་ཆེན་གྱི་སྐབས་སུ་རྡོར་བཟླས་གསུངས་ཤིང་། དེ་གཉིས་ཀྱིས་དགོས་པ་འགྲུབ་པས། རྒྱུད་གཞན་ནས་ཁ་འགེང་མི་དགོས་ཤིང་།


JLD011_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་དབྱེ་བ། རྒྱུད་འགྲེལ་ལས་བྱུང་ཚོད་བུམ་པ་ཅན་དང་། རྡོར་བཟླས་གཉིས་སུ་བྱའོ། །གཉིས་པ་ནི། དངོས་སུ་རོ་རྐྱང་ལ་རྒྱུ་བ་མ་བཀག་པར་བསྒོམ་པ་རྡོ་རྗེ་བཟླས་པ་སྒོམ་ཚུལ་དང་། དངོས་སུ་རྒྱུ་བ་བཀག་ནས་བསྒོམ་པ་བུམ་པ་ཅན་སྒོམ་པ་གཉིས་ལས། དང་པོ་ལ་དྲུག་ལས། སྒོམ་པའི་གནས་དང་། ལུས་གནད་སོགས་ནི་སོར་སྡུད་དང་འདྲ་ལ། ཁྱད་པར་ནི། རྐང་པ་གཡོན་པའི་རྟིང་བས་དྲི་ཆེན་གྱི་ལམ་བཀག་པའམ། རྡོ་རྗེའི་རྩ་བ་མནན་པའོ། །ལྟ་སྟངས་ནི་སོར་སྡུད་ལྟར་བདུད་རྩི་འཁྱིལ་བའི་ལྟ་བ་སྟེ། དེ་ལ་དྲང་ངེས་གཉིས་ལས། ངེས་དོན་གྱི་བགེགས་མཐར་བྱེད་རླུང་ཡིན་ལ། དེ་ལ་ལྟ་བ་ནི། ཡིད་ཀྱིས་དམིགས་པ་ཡིན་ཏེ། རྡོར་བཟླས་ཀྱིས་རླུང་འཇུག་གནས་ལྡང་གསུམ་ལ་དམིགས་ལ། བུམ་པ་ཅན་གྱིས་རླུང་གཉིས་ཁ་སྦྱར་དུ་བྱས་པ་ལ་དངོས་སུ་དམིགས་པའོ། །དྲང་དོན་གྱི་བགེགས་མཐར་བྱེད་ཀྱི་ལྟ་བ་ནི། མིག་གིས་བལྟ་བའོ། །གསུམ་པ་བྱེད་བཅིངས་ནི། བྱེད་པ་ནི་དབང་པོ་དེའང་ལྟ་སྟངས་གཙོ་བོ། བཅིངས་པ་ནི་རླུང་ཡིན་ཏེ། ཕྱག་རྡོར་བསྟོད་འགྲེལ་དུ། སྲོག་རྩོལ་ཞེས་བྱ་བ་ནི་ལ་ལཱ་ན་དང་། ར་ས་ན་གཡོན་པ་དང་། གཡས་པའི་ལམ་འགོག་པ་ལས་སྲོག་གི་རླུང་རྟག་ཏུ་དབུ་མ་ཨ་ཝ་དྷཱུ་ཏཱིའི་ནང་དུ་རབ་ཏུ་འཇུག་པ་སྟེ། ཨ་ཝ་དྷཱུ་ཏཱིར་དགང་བ་དང་། བུམ་པ་ཅན་དང་། དབྱུང་བའི་སྦྱོར་བས་ༀ་ཡིག་གིས་འཇུག་པ་དང་། ཧཱུཾ་ཡིག་གིས་


JLD011_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་དང་། ཨཱཿ ཡིག་གིས་འབྱུང་བ་ཟླ་བ་དང་སྒྲ་གཅན་དང་ཉི་མའི་རང་བཞིན་གྱི་རྣལ་འབྱོར་པས་བྱེད་པས་སྲོག་རྩོལ་གྱི་ཡན་ལག་གོ །ཞེས་གསུངས་པའི་དོན་བཤད་ན། དེ་ལ་སྲོག་རྩོལ་ཞེས་པའི་རྩོལ་བའི་དོན། ལ་ལཱ་ན་ཞེས་པ་ནས་འགོག་པ་ལས་ཞེས་པའི་བར་གྱིས་རོ་རྐྱང་ལ་རྒྱུ་བ་འགོག་པར་བཤད་ལ། སྲོག་གི་དོན་ནི། རླུང་ཞེས་རླུང་ལ་བཤད་ཅིང་། ལས་ཞེས་པ་དང་། ཨ་ཝ་ཞེས་པ་ནས་འབབ་པ་སྟེ་ཞེས་པའི་བར་གྱིས་རོ་རྐྱང་ལ་རྒྱུ་བ་འགོག་པ་ལས་ཨ་ཝ་དྷཱུ་ཏཱིར་འབབ་པར་བཤད་དོ། །ཨ་ཝ་དྷཱུ་ཏཱིར་དགང་ཞེས་པ་མན་ཆད་ཀྱིས་ནི་རོ་རྐྱང་ལ་རྒྱུ་བ་འགོག་པའི་ཐབས་སྟོན་ཏེ། ཟླ་བ་སྟེ་སྐུ་རྡོ་རྗེ་ༀ་ཡིག་གི་རང་བཞིན་གྱིས་དགང་བ་སྟེ་ནང་དུ་འཇུག་པ་དང་། སྒྲ་གཅན་ཏེ་ཐུགས་རྡོ་རྗེ་ཧཱུཾ་གི་རང་བཞིན་གྱིས་བུམ་པ་ཅན་ཏེ་ནང་དུ་གནས་པ་དང་། ཉི་མ་སྟེ་གསུང་རྡོ་རྗེ་ཨཱཿ འི་རང་བཞིན་གྱིས་ཕྱིར་དབྱུང་བའི་སྦྱོར་བ་བྱའོ། །གནས་གང་ནས་བྱེད་ཅེ་ན། ཨ་ཝ་དྷཱུ་ཏཱིར་དགང་བ་དང་ཞེས་གསུངས་པས། དབུ་མ་ཉིད་ནས་འཇུག་གནས་དབྱུང་བའི་སྦྱོར་བ་བྱའོ། །རྣལ་འབྱོར་པས་བྱེད་པ་ཞེས་པ་ནི། ད་ལྟ་དྷཱུ་ཏཱི་ནས་འབྱུང་འཇུག་མི་བྱེད་པ་སྟེ། དབུ་མ་ནས་འཇུག་གནས་ལྡང་གསུམ་གྱི་སྦྱོར་བ་བྱེད་པ། རྣལ་འབྱོར་པས་བྱེད་པ་སྟེ་མོས་པས་བྱེད་པའོ། །སྲོག་ཅེས་པ་མན་ནི། སྦྱོར་བ་དེ་ནི་སྲོག་འགོག་པའི་ཡན་ལག་ཐབས་སོ་ཞེས་བསྟན་ཏོ། །མདོར་ན་གཞུང་དེས་རླུང་གི་གདངས་གསུམ་དང་ཡི་གེ་གསུམ་དབྱེར་མེད་དུ་སྦྱར་


JLD011_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཨ་ཝ་དྷཱུ་ཏཱི་ནས་འཇུག་གནས་ལྡང་གསུམ་བྱེད་པར་རྣལ་འབྱོར་པས་མོས་པ་བྱེད་པ་ནི། སྲོག་གི་རླུང་རོ་རྐྱང་ལ་རྒྱུ་བ་བཀག་ནས། དབུ་མར་འབབ་ཅིང་འཇུག་པར་བྱེད་པའི་ཡན་ལག་གོ །ཞེས་གསལ་བར་བསྟན་ཏོ། །དེས་ན་ཁ་ཅིག་གཡས་ནས་རྒྱུ་བ་རོ་མ་དང་། གཡོན་ནས་རྒྱུ་བ་རྐྱང་མ་ནས་རྡོར་བཟླས་བྱེད་པར་འདོད་པ་ནི་རྡོར་བཟླས་ཀྱི་མི་མཐུན་ཕྱོགས་འབའ་ཞིག་ཡིན་ཏེ། རྡོར་བཟླས་ཀྱི་དུས་སུ་ཡིད་ཀྱིས་དབུ་མ་ནས་འབྱུང་འཇུག་བྱེད་པར་མ་མོས་ན། དངོས་པོ་ལ་རོ་རྐྱང་གི་རླུང་དབུ་མར་འཛུད་པའི་ཐབས་ཅུང་ཟད་ཀྱང་མེད་དོ། །དེས་ན་རྡོར་བཟླས་ཀྱིས་དངོས་སུ་རོ་རྐྱང་གི་འབྱུང་འཇུག་མ་བཀག་ཀྱང་། རླུང་དབུ་མར་ཚུད་པའི་གནད་ཆེ་ཤོས་ནི། ཡིད་ཀྱིས་དབུ་མ་ནས་འཇུག་གནས་ལྡང་གསུམ་བྱེད་པར་མོས་པ་ཉིད་ཡིན་པས་དེ་བོར་ནས་རྡོར་བཟླས་གཞན་ཅི་ཙམ་བྱས་ཀྱང་དགོས་པ་འགྲུབ་པ་ལ་མི་ཕན་ནོ། །ཟླ་ཉི་སྒྲ་གཅན་ཞེས་སོགས་ཀྱི་དོན་ཡང་སྔར་བཤད་པ་ལྟར་ཡིན་ལ། གོང་དེ་མ་ཐག་ཏུ་འཇུག་གནས་ལྡང་གསུམ་བྱ་བར་བཤད་པས་ཤེས་སོ། །འགྲེལ་པར། གཡོན་པ་དང་གཡས་དང་དབུ་མའི་སྲོག་ཡང་དག་པར་རྒྱུ་བས་རྡོ་རྗེ་བཟླས་པའི་རིམ་པ་དང་། མ་ནིང་གི་བཟླས་པའི་རིམ་པའོ། །ཞེས་པ་ནི། བཅོམ་ལྡན་འདས་ཀྱི་ངེས་པའོ་ཞེས་པ་དང་། འདིར་ངེས་པའི་དོན་ནི། དུས་ཐམས་ཅད་དུ་བརྟན་པར་གྱུར་པ་དང་། བུམ་པ་ཅན་གྱི་གནས་སྐབས་སུ་གྱུར་པ་ཇི་སྲིད་


JLD011_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུས་ཐམས་ཅད་དུ་རྣལ་འབྱོར་པས་འཇུག་པ་དང་འབྱུང་བ་ཉིད་ཀྱི་སྲོག་དབུ་མར་བསྒོམ་པར་བྱའོ། །ཞེས་གསུངས་སོ། །འོ་ན་རླུང་སྔགས་སྦྱོར་ཚུལ་འདུས་པ་དང་མི་མཐུན་པ་འདི་ཇི་ལྟར་ཡིན་ཞེ་ན། ཅུང་ཟད་མི་མཐུན་ཡང་སྲོག་རྩོལ་གྱི་གནད་མི་འཕྱུག་པས་སྐྱོན་མེད་དོ། །རླུང་སྔགས་སྦྱོར་ཚུལ་ཡང་རླུང་གི་རང་གདངས་ཡི་གེ་གསུམ་དུ་སྒྲོག་གིན་ཡོད་པ་ཉན་པའི་རྣམ་པ་ལྟ་བུར་བྱའི། ཡི་གེ་གསུམ་གྱི་གཟུགས་དང་སྒྲའི་རྣམ་པ་ལྟ་བུར་བྱས་ན་ཕྱིན་ཅི་ལོག་ཏུ་བཟུང་བས། གནད་བླ་མའི་ཞལ་ལས་ཤེས་དགོས་སོ། །ལྔ་པ་བསྒོམས་པས་མྱོང་བ་སྐྱེ་ཚུལ་ནི། བླ་མ་སྔ་མ་རྣམས་བདེ་དྲོད་དང་རྩ་རླུང་གི་ཁ་དོག་མཐོང་བ་སོགས་འབྱུང་ངོ་ཞེས་གསུངས་ཏེ། དེ་ལ་ཉམས་སྣང་ལ་རྩའི་འཁོར་ལོ་དང་། དེ་ནས་རྒྱུ་བའི་རླུང་གི་ཁ་དོག་མཐོང་བ་དང་། འཇིག་རྟེན་གྱི་ཁམས་དུ་མ་མཐོང་བ་སོགས་འབྱུང་སྟེ། དེ་དག་ནི་རྨི་ལམ་དུ་མཐོང་བ་དང་འདྲ་བས་ཁ་ཅིག་བདེན་སྲིད་ཀྱང་ཡིད་བརྟན་མི་རུང་ངོ་། །རྡོ་རྗེ་འཕྲེང་བར་ལུས་དབེན་རྫོགས་ནས་རྡོར་བཟླས་ཟླ་བ་དྲུག་བྱེད་པར་བཤད་པའི་ཟླ་བ་བཞི་པ་ལ་རྩ་འཁོར་གྱི་ཁ་དོག་མཐོང་བར་བཤད་པ་ནི་རང་བཞིན་པ་མཐོང་བ་ཡིན་ཡང་རྡོར་བཟླས་ཀྱི་མྱོང་བ་སྐྱེ་ཚུལ་ཕལ་བ་ཡིན་ལ། གཙོ་བོ་ནི་རླུང་དྷཱུ་ཏིར་ཞུགས་པའི་རྟགས་འཁྲུལ་མེད་རྣམས་འཆར་དགོས་སོ། །སྙན་རྒྱུད་ལས། སྔོན་འགྲོ་གེགས་སེལ་རྡོ་རྗེ་བཟླས་པས་རྩ་ལམ་སྦྱོང་ཞེས་བཤད་པ་ལ་བོད་ཀྱི་མཁས་པས་སྔོན་འགྲོ་ཙམ་དུ་


JLD011_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་མི་འཐད་ཅེས་གསུངས་པ་བདེན་ཏེ། དེ་དག་གི་དགོངས་པས་སྲོག་རྩོལ་གྱི་དངོས་གཞི་བུམ་པ་ཅན་དང་། རྡོར་བཟླས་སྔོན་འགྲོ་གེགས་སེལ་དུ་བཞེད་ལ། དེ་ནི་བརྟགས་ན་མི་འཐད་དེ། རྡོ་རྗེ་བཟླས་པས་རྩ་སྦྱོང་བར་ནི་དེ་དག་ཀྱང་བཞེད་ལ། དབུ་མ་སྦྱོང་ན་དབུ་མའི་ནང་དུ་རླུང་ཞུགས་དགོས་ཤིང་། དེ་རྡོར་བཟླས་ཀྱིས་བསྒྲུབ་ན། རོ་རྐྱང་ལ་རྒྱུ་བ་བཀག་ནས་རླུང་དྷཱུ་ཏཱིར་འཛུད་པ་སྲོག་རྩོལ་གྱི་དངོས་གཞིར་ཇི་ལྟར་མི་འཐད། ཡང་སྙན་རྒྱུད་ལས། འཇམ་རླུང་དགང་སྟོང་གི་སྦྱོར་བས་སྲོག་དབུ་མའི་ཐིག་ལེར་གཞུག་ཅེས་གསུངས་པ། རླུང་འཇམ་པོས་གང་ལ་རྒྱུ་བའི་སྣ་བུག་ནས་རླུང་ནང་དུ་དྲངས་ཏེ་ལྟོ་བ་ཁེངས་པ་དང་། རླུང་མི་རྒྱུ་བ་ཕྱོགས་ཀྱི་སྣ་བུག་ནས་བཏང་བས་མཉམ་རྒྱུར་སྒྲུབ་ཅིང་། དེས་སྲོག་དབུ་མར་འཛུད་པར་འདོད་པར་སྣང་སྟེ། རླུང་སྦྱོར་འདི་ལའང་དབུ་མའི་ནང་གི་གནད་ལ་བརྟེན་པ་མི་སྣང་བས་དེ་ཇི་ཙམ་བསྒོམས་ཀྱང་དྷཱུ་ཏཱིར་ཚུད་པ་དཀའ་ལ་དབུ་མར་ཚུད་པའི་རྟགས་མཉམ་རྒྱུར་ཐིངས་པ་གཅིག་པུས་མི་ཆོག་གི །ནང་གི་རྟགས་འཁྲུལ་མེད་རྣམས་འཆར་དགོས་སོ། །རྒྱུད་འདིའི་སྐོར་ནས་ཚུལ་འདི་གསལ་བར་མ་བྱུང་ཡང་། རྒྱུད་གཞན་ནས་འབྱུང་གསུངས་ཀྱང་རྒྱུད་བསྒྱུར་ཚད་གང་དུའང་འདུག་པ་མ་མཐོང་གསུངས་སོ། །འོན་ཀྱང་རླུང་སྦྱོར་འདི་


JLD011_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁམས་བདེ་བ་སོགས་ཀྱི་དགོས་པ་ཡོད་པས་འདི་དང་འོག་གི་རླུང་སྦྱོར་བཞིའི་བྱེད་ལུགས་ཟུར་དུ་བྱའོ། །ཡང་ཁ་ཅིག་རྔུབ་པ་དང་དགང་བ་དང་གཞིལ་བའི་རླུང་སྦྱོར་མན་ངག་འགའ་ཞིག་ལས། མན་སྙེ་དང་། འགྲེལ་པར་དགང་བ་དང་། དབྱུང་བ་དང་། བུམ་པ་ཅན་གྱི་སྦྱོར་བས་རྟག་པར་བསྙེན་པར་བྱའོ། །ཞེས་པའི་དགོངས་པར་མཛད་སྣང་སྟེ། རྒྱུད་འགྲེལ་གྱི་དགོངས་པ་ནི་ཕྱག་རྡོར་བསྟོད་འགྲེལ་ལྟར། རྡོར་བཟླས་བསྟན་པ་ཡིན་ལ། མན་སྙེའི་དགང་དབྱུང་བུམ་པ་ཅན་གསུམ་ཡང་འཇུག་གནས་ལྡང་གསུམ་ལ་བཤད་ཅིང་། ཞི་བ་ནི། བཞུགས་ནས་གཡོ་མེད་དུ་གནས་པའོ། །ཞེས་བཤད་པས། དེའི་དགོངས་པའང་མ་ཡིན་ནོ། །སྡོམ་འབྱུང་ལས། འཆི་བླུའི་སྐབས་སུ། ལུས་ཀྱི་ནང་ཐམས་ཅད་རླུང་གིས་འགེང་བ་སོགས་བཤད་ཀྱང་། དབུ་མར་འཛུད་པའི་སྲོག་རྩོལ་སྒོམ་པའི་སྐབས་སུ། དྷཱུ་ཏཱིའི་རྩ་གནད་ལ་བརྟེན་པའི་སྲོག་རྩོལ་མེད་པར། ལྟོ་བ་དགང་བའི་རླུང་སྦྱོར་བསྒོམས་པས་ནི་རླུང་དབུ་མར་ཚུད་པ་ལ་ཅིའང་མི་ཕན་ནོ། །རྒྱུད་འདིར་སྲོག་རྩོལ་གྱི་ཡན་ལག་སོགས་བཤད་པས། གཞན་ནས་ཁ་འགེང་དགོས་པའང་མ་ཡིན་ནོ། །སློབ་དཔོན་གྱི་ཁ་ནས་འོངས་པ་མ་ཡིན་ནོ། །ཞེས་གསུངས་པས་བླ་མའི་མན་ངག་གཞན་གྱིས་ཀྱང་ཁ་འགེང་མི་དགོས་ཤིང་། རྒྱུད་འགྲེལ་ལས་བཤད་པའི་སྲོག་རྩོལ་གཉིས་


JLD011_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཉིད་ལ་ནན་ཏན་ཆེར་བྱའོ། །གཉིས་པ་གནས་ལ་སོགས་པ་དྲུག་ལས་གཞན་རྣམས་ནི། རྡོར་བཟླས་དང་འདྲ་ལ། བྱེད་བཅིངས་ནི་སྤྱིར་རླུང་འབྱུང་འཇུག་མི་བྱེད་པར་ནང་དུ་གནས་པ་ལའང་བུམ་པ་ཅན་དུ་བཤད་པ་ཡོད་ལ། དེ་རྒྱུད་སྡེ་འོག་མ་ལའང་ཡོད་ཅིང་། དེར་མ་ཟད་གྲངས་ཅན་ལའང་ཡོད་པར་བཤད་པས། པཎྜི་ཏ་སའི་སྙིང་པོས་མུ་སྟེགས་དང་མ་རྒྱུད་ཀྱི་རླུང་སྦྱོར་ཁྱད་པར་འབྱེད་དཀའ་གསུངས་པ་ལ་བླ་མ་སྔ་མ་རྣམས་ལྟ་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་མ་ཟིན་གྱིས་འབྱེད་གསུངས་པ་རླུང་སྦྱོར་གྱི་ངོ་བོའི་སྒོ་ནས་མ་ཕྱེད་པའི་གཏམ་དུ་སྣང་སྟེ། གྲངས་ཅན་སོགས་ལ་རླུང་ཁ་སྦྱར་ནས་རླུང་བུམ་པ་ཅན་བྱེད་པ་ཙམ་ཡོད་ཀྱང་ཁྱད་པར་ཆེ་སྟེ། རྩ་འཁོར་གྱི་དྷཱུ་ཏཱིའི་དབུས་སུ་ཁ་སྦྱར་བྱས་ནས་བཟུང་ནས་ལྷན་སྐྱེས་འདྲེན་པ་མེད་པའི་ཕྱིར་རོ། །དེས་ན་རླུང་ནང་དུ་གནས་པ་ཙམ་གྱིས་བུམ་པ་ཅན་མུ་སྟེགས་དང་རྒྱུད་སྡེ་འོག་མ་ལའང་ཡོད་པས། དེ་ལས་ཁྱད་པར་དུ་གྱུར་པའི་བུམ་པ་ཅན་དགོས་པས་དེ་བཤད་པར་བྱའོ། །འདི་ལ་ལྔ། འོག་གི་རླུང་འཐེན་པའི་གོ་རིམ། སྟེང་འོག་གི་རླུང་གང་ནས་འཐེན་པ། ཐེན་ནས་གང་དུ་ཁ་སྦྱར་བྱ་བ། བྱས་ནས་ཁ་སྦྱར་དེ་ཉིད་ལ་སེམས་གཏོད་པ། གཏད་ནས་སྒོམ་པའི་ཡུན་ཚད་བསྟན་པའོ། །དང་པོ་ནི། གཞི་དུས་སུ་སྲོག་འཛིན་སྟེང་གི་སྣ་སྒོ་ནས་ཕྱིར་འབྱུང་བ་ན། ཐུར་སེལ་འོག་སྒོ་ནས་ཕྱིར་


JLD011_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལ། སྲོག་འཛིན་ནང་དུ་ཞུགས་པ་ན། ཐུར་སེལ་ནང་དུ་ཞུགས་ནས་ལྟེ་བའི་བར་དུ་འོང་བས། རྟོག་པ་བྱང་ན་དུས་གཅིག་ཏུ་ཁ་སྦྱར་བྱེད་ནུས་སྲིད་ཀྱང་། ད་ལྟ་ཕལ་ཆེ་བས་མི་ནུས་པས་རིམ་ཅན་དུ་འཐེན་དགོས་པས། དེའི་ཚུལ་བཤད་པར་བྱ་སྟེ། བྱང་སེམས་འཛག་པ་དང་། དེ་སྲུང་བའི་མན་ངག་མེད་ན། སྲོག་འཛིན་ངེས་པར་སྔོན་དུ་འཐེན་དགོས་ཏེ། ཐུར་སེལ་སྔོན་དུ་འཐེན་ན་འཛག་པའི་ཉེན་ཆེའོ། །དེ་འདྲའི་མན་ངག་ཡོད་ན་སྔོན་དུ་འཐེན་ཡང་སྐྱོན་མེད་དོ། །གཉིས་པ་ལ། སྔ་མ་ཕལ་ཆེར་གྱིས། སྟེང་འོག་གི་རླུང་སྤྱིར་ཁོག་པ་ཙམ་ནས་འཐེན་པ་མ་གཏོགས་གནད་དུ་འགྲོ་བའི་འཐེན་ལུགས་མི་སྣང་ལ། འཐེན་ལུགས་དེས་ཇི་ཙམ་འཐེན་ཡང་གནད་དུ་འགྲོ་དཀའ་བས། གནད་དུ་འགྲོ་ངེས་ཤེས་པའི་འཐེན་ལུགས་ཤིག་དགོས་ཏེ། འདི་ལྟར་སྟེང་རླུང་དྷཱུ་ཏཱིའི་ནང་ནས་འོག་ཏུ་འཐེན་པའི་ཚེ། འོག་རླུང་ཡང་དྷཱུ་ཏཱིའི་ནང་ནས་སྟེང་དུ་འཐེན་པ་དགོས་ཏེ་རྒྱུ་མཚན་འོག་ཏུ་འཆད་དོ། །གསུམ་པ་ནི། འོ་ན་འཐེན་ནས་གནས་གང་དུ་ཁ་སྦྱར་བྱེད་ཅེ་ན། འདི་ལའང་སྔ་མ་དག །སྟེང་འོག་གི་རླུང་ལྟེ་བའི་བར་དུ་འཐེན་ནས་ཁ་སྦྱོར་བྱེད་ཟེར་བ་ཙམ་མ་གཏོགས། གནད་རྙེད་པའི་ཁ་སྦྱར་བྱེད་ལུགས་མི་སྣང་ངོ་། །འོ་ན་ཇི་ལྟར་བྱེད་ཅེ་ན། དབུ་མར་ཚུད་པའི་སྲོག་རྩོལ་བུམ་པ་ཅན་གནད་དུ་འགྲོ་བ་ཞིག་བྱེད་ན། འདི་ལྟར་བྱ་སྟེ། སྟེང་རླུང་དང་འོག་རླུང་དྷཱུ་ཏཱིའི་ལམ་ནས་ལྟེ་བའི་བར་དུ་འཐེན་ཏེ། དྷཱུ་ཏཱི་ལ་རོ་རྐྱང་གི་མདུད་པས་བཅིངས་པའི་


JLD011_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་ནང་དུ་རླུང་ཁ་སྦྱོར་དུ་བྱའོ། །བཞི་པ་ནི། དེར་ཁ་སྦྱོར་བྱས་ནས་དབུ་མའི་ནང་གི་ཁ་སྦྱར་གྱི་རླུང་དེ་ཉིད་ལ་སེམས་གཏོད་པ་ཡིན་ཏེ། འདུས་པར་ཉེ་བར་སྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་པའི་གཟུགས་བརྙན་ནོ། །ཞེས་པ་དང་། རྒྱུད་དུ། བགེགས་མཐར་བྱེད་པའི་བདུད་རྩིའི་ལམ་དུ་སོང་བ་ཡིས་ཀྱང་ཉེ་བའི་སྒྲུབ་པ་ཡན་ལག་དྲུག །ཅེས་དང་། བགེགས་མཐར་བྱེད་ནི་ངེས་དོན་གྱི་རླུང་ལ་བཤད་ལ། སྟོད་འགྲེལ་དུའང་དེ། དེ་ནས་བདུད་རྩི་འཁྱིལ་པའི་གཟུགས་བརྙན་གྱི་མིང་ཅན་དགོངས་པའི་སྐབས་གཞན་གྱི་རླུང་ལ་གསུངས་སོ། །དེའང་རྣམ་པ་ལྔ་སྟེ། དེ་བཞིན་དུ་འདུས་པར། རིན་ཆེན་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །ཅེས་སོགས་གསུངས་པ་ལྟར། གོང་བུའི་གཟུགས་ཀྱིས་ཞེས་པ་ལ། འགྱུར་ཁ་ཅིག་ལས། འདྲིལ་བའི་གཟུགས་ཀྱིས་ཞེས་འབྱུང་བས། ཡེ་ཤེས་ལྔའི་རང་བཞིན་དཀྱིལ་འཁོར་ལྔའི་རླུང་དེ་རོ་རྐྱང་གཉིས་ལ་སོ་སོར་རྒྱུ་བ་ཨ་ཝ་དྷཱུ་ཏཱིར་འདྲིལ་བའི་གཟུགས་ཀྱིས་ཕྱུང་བ་སྟེ། དབུ་མའི་ལམ་ནས་སྣ་དྲངས་ནས་སྣའི་རྩེ་མོ་ཞེས་པ་ལྟེ་བའི་རྩ་འཁོར་གྱི་དབུས་སུ་རབ་ཏུ་བརྟགས་ཏེ་བསྒོམ་མོ། །རྐང་པ་གསུམ་པས་རླུང་དབུ་མའི་ནང་ནས་འདྲེན་པར་བསྟན། རྐང་པ་བཞི་པས་ལྟེ་བའི་རྩ་འཁོར་གྱི་དབུས་སུ་བསྒོམ་པར་བསྟན་ཏོ། །མདོར་


JLD011_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ན་རབ་ཏུ་བརྟགས་པས་ཏེ་བསྒོམ་བྱའི་དངོས་པོ་དཀྱིལ་འཁོར་ལྔའི་རླུང་རོ་རྐྱང་ལ་རྒྱུ་བ་དབུ་མའི་ལམ་ནས་དྲངས་ནས། གང་དུ་སྒོམ་པའི་གནས་སྣའི་རྩེ་མོར་ཏེ་ལྟེ་བའི་རྩ་འཁོར་གྱི་དབུས་སུ་བསྒོམ་ཞེས་གཞུང་དེས་གསལ་བར་བསྟན་ཏོ། །ལྔ་པ་ནི། སེམས་གཏད་ནས་ཡང་ཡང་བསྒོམས་པས་མགོ་བོ་ན་བ་ལུས་ལ་འོད་ཀོར་མཐོང་བ། སྙིང་ག་རྡེབ་པ་སོགས་བྱུང་ན། དེ་ཕན་ཆད་དུ་བསྒོམས་ན་སྲོག་འཆད་པ་སོགས་ཉེས་དམིགས་ཡོད་པས་དེ་ཕན་ཆད་དུ་མི་སྒོམ་མོ། །དེའང་བུམ་པ་ཅན་བསྒོམས་པས་མཚམས་ཤིག་ནས་རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་ནང་དུ་གནས་པ་མིན་ཡང་། ལྟེ་བའི་རྩ་འཁོར་ཙམ་དུ་རང་ཤུགས་ཀྱིས་གནས་པ་ཞིག་འོང་བས་མཚམས་དེ་ནས་འཛིན་པ་ལ་ནན་ཏན་ཆེར་བྱའི། དེ་མ་བྱུང་བར་དུ་ཨ་ན་ཚུགས་བྱས་ན་གེགས་བསྐྱེད་པས། ལུས་ལ་མི་བདེ་བ་མ་བྱུང་གི་བར་དུ་བསྒོམ་པར་བྱའོ། །དྲུག་པ་དེ་ལྟར་བསྒོམས་པས་མྱོང་བ་སྐྱེ་ཚུལ་ནི། བོད་ཀྱི་མཁས་པས་འཛིན་པའི་སྐབས་ཀྱི་མྱོང་བ་སྐྱེ་ཚུལ་རྣམས་འདིར་དྲངས་ནས་བཤད་ཀྱང་། འཛིན་པའི་སྐབས་ཉིད་དུ་བབ་བོ། །འདིའི་སྐབས་སུ་གཏུམ་མོ་འབར་བ་དང་རྩ་དང་རླུང་གི་ཁ་དོག་མཐོང་བ་ལ་སོགས་པ་ནི་ཕལ་བ་ཡིན་ལ། གཙོ་བོ་ནི་སྲོག་དབུ་མར་ཚུད་པའི་རྟགས་འཁྲུལ་མེད་རྣམས་ཡིན་པས་དེ་དག་འཆར་དགོས་སོ། །རེ་ཙ་ཀའི་རླུང་སྦྱོར་ཡང་ཟུར་དུ་འཆད་ལ། ཡང་སྙན་རྒྱུད་ལས། རྩུབ་རླུང་བུམ་པ་ཅན་གྱིས་སྲོག་དབུ་


JLD011_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མར་བཅིངས་ཞེས་པའི་སྔ་མས་དབུ་མར་བཙུད་པ་འདིས་དབུ་མར་གནས་པར་བྱེད་པར་འདོད་པར་སྣང་སྟེ། སྲོག་རྩོལ་གྱིས་དབུ་མར་ཚུད་པ་དང་། དེར་གནས་པ་འཛིན་པའི་བྱེད་ལས་ཡིན་གྱི། སྲོག་རྩོལ་གྱིས་དབུ་མར་གནས་པ་བསྒྲུབ་ན་འཛིན་པའི་ཡན་ལག་དགོས་མེད་དུ་འགྱུར་ཞིང་། དེས་ན་སྲོག་དབུ་མར་ཞུགས་པའི་རྟགས་འཁྲུལ་མེད་རྣམས་ནི་སྲོག་རྩོལ་གྱི་བྱེད་ལས་ཡིན་ནོ། །ཡང་སྙན་རྒྱུད་དུ། མ་ཆུད་ཅིང་མ་ཆིངས་ན་བཙན་ཐབས་ཀྱི་སྦྱོར་བས་གཡས་གཡོན་ཉི་ཟླའི་རླུང་དགག་ཅེས་དང་། འོག་སྒོ་འགགས་ན་སྲོག་གི་སྦྱོར་བས་འགྲོལ་ཞེས་གསུངས་པའི་དོན། འཇམ་རླུང་གིས་མ་ཚུད་པ་རྩུབ་རླུང་གིས་མ་ཆིངས་ན། ཀྱཻ་རྡོ་རྗེ་ལས། ལོངས་སྤྱོད་ཀྱི་ནི་བརླབས་གཉིས་པ། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །ཞེས་ལོངས་སྤྱོད་འཁོར་ལོའི་ཁུ་རྡུལ་རླུང་གསུམ་གྱི་རྩ་གསུམ་གསུམ་གཡས་གཡོན་དུ་ཡོད་པའི་རླུང་གཉིས་རྒྱུ་བའི་རྩ་བགགས་ན། བདེ་བ་དང་མི་རྟོག་པ་སྐྱེ། རླུང་དྷཱུ་ཏཱིར་ཚུད་པར་འདོད་དོ། །དེ་འདྲའི་བཙན་ཐབས་རྒྱུད་འདིར་བཤད་པ་མེད་པས། འོག་ཏུ་འཆད་པ་ལྟར། རྒྱུད་འགྲེལ་ནས་བཤད་པའི་བཙན་ཐབས་ཉིད་བྱའོ། །རྡོར་བཟླས་ཀྱིས་རླུང་དབུ་མར་མི་ཚུད་ན་ནི་དེ་དབུ་མ་སྦྱོང་བྱེད་དང་འགལ་ཞིང་། ཚུད་ན་ནི་རླུང་སྦྱོར་དེ་གཉིས་རྡོར་བཟླས་ཀྱི་རྗེས་སུ་བྱེད་པའི་


JLD011_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ངེས་པས་འདིར་བཙན་ཐབས་བྱེད་དོན་མེད་དོ། །སྲོག་གི་སྦྱོར་བས་དགྲོལ་ཞེས་གསུངས་པའང་། དྲི་ཆེན་དྲི་ཆུའི་ལམ་གཉིས་འགགས་ན་ལྟེ་བའི་བར་དུ་ཐུར་སེལ་ལ་རྡོར་བཟླས་བྱེད་པའི་དོན་ནོ། །བཞི་པ་མ་གྲུབ་ན་སྤོགས་ཆོག་བཙན་ཐབས་ཀྱི་སྦྱོར་བ་ནི། སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། །ནཱ་ད་གོམས་པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། །ཞེས་དང་། དེའི་འགྲེལ་པར། ད་ནི་བཙན་ཐབས་ཀྱི་སྦྱོར་བ་གསུངས་ཏེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པས་གཟུགས་མཐོང་བར་གྱུར་པ་ལ་སྲོག་མ་ཆིངས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན་དེའི་ཚེ། ནཱ་ད་གོམས་པ་འཆད་པར་འགྱུར་བས་བཙན་ཐབས་སུ་དབུ་མར་འབབ་པར་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པའི་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཀག་ནས་མི་གཡོ་བས་འགྱུར་བ་མེད་པའི་སྐད་ཅིག་བསྒྲུབ་པར་བྱའོ། །ཞེས་པ་ནི་བཙན་ཐབས་ཀྱི་རྣལ་འབྱོར་རོ། །ཞེས་གསུངས་སོ། །འདིའི་དོན་བཤད་པ་ལ་གསུམ། དུས་ནམ་གྱི་ཚེ་བྱེད་པ། བྱེད་པའི་ཚུལ་དངོས། དེས་རླུང་ཆིངས་ན་སྒྲུབ་ཚུལ་ལོ། །དང་པོ་ནི། བོད་ཀྱི་མཁས་པས་རྒྱུད་འགྲེལ་དུ། འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན། ཞེས་པ་ལ་དགོངས་ནས། འཛིན་པའི་ཡན་ལག་ཐོབ་ནས་མཆོག་མི་འགྱུར་གྱི་བདེ་བ་མ་སྐྱེས་ན། དེའི་ཚེ་སྒོམ་ཞེས་གསུངས་པ་ནི་མི་བདེན་ཏེ།


JLD011_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཐོབ་ནས། རྗེས་དྲན་གྱི་སྐབས་སུ། ཕྱག་ཆེན་ལ་བརྟེན་ནས་བདེ་ཆེན་འདྲེན་མ་ནུས་པས་ལས་རྒྱ་ལ་བརྟེན་ནས་འདྲེན་དགོས་སྲིད་ཀྱང་། དེའི་སྐབས་སུ་རླུང་དབུ་མར་མ་ཆིངས་པའི་སྤོགས་ཆོག་བྱེད་དགོས་པ་མི་སྲིད་ལ། འདི་ནི་རླུང་དབུ་མར་མ་ཆིངས་པས་བདེ་བ་མ་སྐྱེས་ན། རླུང་དབུ་མར་འཛུད་ཐབས་སུ་གསལ་བར་བསྟན་ཏོ། །འགྱུར་བ་མེད་པའི་སྐད་ཅིག་མ་ཞེས་གསུངས་ཀྱང་མི་འགྲུབ་སྟེ། རྒྱུད་འདིར་འགྱུར་བ་མེད་པའི་བདེ་བ་ཞེས་གསུངས་པ་ཐམས་ཅད་དོན་གཅིག་ཏུ་བཟུང་ན། རྒྱུད་འདིའི་དོན་ལེགས་པར་འཆད་མི་ཐུབ་ཅིང་། སྐབས་ཀྱིས་གོ་བར་བྱེད་དགོས་པས། འདིར་ནི། འགྱུར་བ་མེད་པ་བྱང་སེམས་ནོར་བུའི་རྩེར་འཛག་པ་བཀག་ནས་ནོར་བུར་བརྟན་པའི་ལྷན་སྐྱེས་ལ་ཟེར་བ་ཡིན་ཏེ། རྡོ་རྗེ་ནོར་བུར་ཐིག་ལེ་བཀག་སྟེ་བསྒྲུབ་པར་བྱ། །ཞེས་གསུངས་པས་ཤེས་སོ། །སྔ་མ་ཁ་ཅིག་སྲོག་རྩོལ་གྱིས་མ་གྲུབ་ན་བྱེད་ཅེས་གསུང་ཡང་སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་ཞེས་སོར་སྡུད་ཀྱིས་མ་གྲུབ་ན་བྱེད་པར་གསལ་ཏེ། བསམ་གཏན་ནི་སོར་སྡུད་ཀྱི་བརྟན་བྱེད་ཙམ་ཡིན་ལ། དེས་ན་སོགས་ཁོངས་ནས་གཙོ་བོར་སྲོག་རྩོལ་བཟུང་ངོ་། །དེའང་སོར་སྡུད་ཀྱིས་དྷཱུ་ཏཱིར་ཚུད་ནས་སྲོག་རྩོལ་བསྒོམས་ན། སྲོག་རྩོལ་གྱིས་དྷཱུ་ཏཱིར་མི་ཚུད་མི་སྲིད་པས། སོར་སྡུད་ཀྱིས་དྷཱུ་ཏཱིར་མ་ཚུད་པར་སྲོག་རྩོལ་བསྒོམ་པའི་དབང་དུ་བྱའོ། །དེས་ན་སོར་སྡུད་དང་སྲོག་རྩོལ་བསྒོམས་པས་


JLD011_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གཟུགས་མཐོང་ཡང་རླུང་དྷཱུ་ཏཱིར་འདུས་རྟགས་མ་བྱུང་ན་འདི་བསྒོམས་པས་ཚུད་པར་འགྱུར་རོ། །འོ་ན་འདིས་དབུ་མར་ཚུད་ན་དང་པོ་ནས་འདི་བསྒོམས་པས་ཆོག་མོད་སྙམ་ན་མི་ཆོག་སྟེ། དང་པོར་སྲོག་སྡུད་ཀྱི་མན་ངག་ཡུན་རིང་དུ་བསྒོམས་ནས་རླུང་ཤིན་ཏུ་ལས་རུང་དུ་མ་བྱས་པར་བཙན་ཐབས་ཀྱི་དྲག་སྦྱོར་བྱས་ན་མི་ཚུད་ཀྱི་སྟེང་དུ་གེགས་ཆེན་པོ་བསྐྱེད་པས་དང་པོ་ནས་འདི་སྒོམ་དུ་མི་རུང་ངོ་། །དྲག་སྦྱོར་གྱིས་གེགས་མེད་པར་དབུ་མར་ཚུད་ན་སྲོག་རྩོལ་སྒོམ་པ་སོགས་ངལ་བས་ཅི་ཞིག་བྱ། ཡུན་རིངས་བསྒོམས་ཀྱང་མ་གྲུབ་ན་དེའི་ཚེ་འདི་བྱེད་པར་བཤད་དེ། སྤྱིར་བླ་མེད་ཀྱི་རྒྱུད་སྡེ་ཕལ་ཆེ་བར་རླུང་དབུ་མར་བཙུད་ནས་ལྷན་སྐྱེས་འདྲེན་པ་རྫོགས་རིམ་གྱི་དངོས་གཞིར་འཆད་ཅིང་། འདིར་དེའི་སྟེང་དུ་དེའི་ཐབས་སྟོང་གཟུགས་སྒྲུབ་པ་གཙོ་བོར་འཆད་དེ། སྔར་མང་དུ་བཤད་དོ། །དེ་ལའང་རླུང་དབུ་མར་ཚུད་དགོས་ཤིང་། དེ་མ་ཚུད་ན་བཙན་ཐབས་བྱ་བར་རྒྱུད་དང་འགྲེལ་པར་བཤད་པས། དེའི་དོན་ཅུང་ཟད་བཤད་ན། རྐང་པ་དང་པོས་སོར་སྡུད་སོགས་ཀྱིས་སྲོག་སྡུད་ཀྱི་དམིགས་པ་ཡུན་རིང་དུ་བསྒོམས་པས་དུ་སོགས་ཀྱི་མཚན་མ་མཐོང་ཡང་སྲོག་དྷཱུ་ཏཱིར་མ་ཆིངས་པས་དོན་དུ་གཉེར་བྱའི་འགྱུར་མེད་ཀྱི་བདེ་བ་མ་སྐྱེས་ན་ཞེས་བསྟན། འགྲེལ་པའི་ལུང་འདིས། རླུང་དབུ་མར་ཚུད་པའི་དུ་སོགས་ཀྱི་མཚན་མ་མཐོང་བ་མེད་པར་དུ་སོགས་ཀྱི་མཚན་མ་ཅི་ཙམ་མཐོང་ཡང་། འདོད་བྱ་ལྷན་སྐྱེས་འདྲེན་མི་ནུས་


JLD011_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་ནོ། །དེས་ན་སྟོང་གཟུགས་ཤར་ཙམ་ལས་ལྷན་སྐྱེས་འདྲེན་པ་དང་རྫོགས་རིམ་གྱི་གཙོ་བོར་འདོད་པའང་ལུང་འདིས་བཀག་གོ །དེས་ན་རླུང་དབུ་མར་ཚུད་མ་ཚུད་ལྷན་སྐྱེས་འདྲེན་མི་འདྲེན་གྱིས་ཤེས་སོ། །གཉིས་པ་ནི། ནཱ་ད་གོམས་པས་བཙན་ཐབས་ཞེས་པ། ནཱ་ད་ཞེས་པ་སྒྲ་ཙམ་དང་། དེའང་ཧཱུཾ་གི་སྒྲའོ། །དེའི་སྒོམ་ཚུལ་ནི་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ། མགོ་ཡིད་ཙམ་སྒུར། རླུང་སྣ་ནས་དྲག་ཏུ་དབུ་མའི་ནང་དུ་རྔུབ་པར་བྱ་སྟེ། རླུང་གི་གདངས་སྒྲ་ཧཱུཾ་སྒྲར་མོས། དེ་དང་ལྷན་ཅིག་འོག་སྒོ་གཉིས་གང་རུང་ནས་ཐུར་སེལ་ལྟེ་བའི་གོང་ཙམ་དུ་འཐེན་དེ་ནས་ཁད་ཀྱིས་ཇེ་མཐོ་ཇེ་མཐོར་འཐེན་པར་བྱའོ། །དེའང་དྲག་ལ་རྒྱུན་རིང་བར་བྱ་སྟེ། ཧ་ཅང་རིངས་ན་ཤུགས་ཟད་ནས། དྲག་པ་རྒྱུན་རིང་མི་འོང་བས། དེའང་ཐོག་མར་ཉི་ཤུ་རྩ་རེ་དཀྱུས་གཅིག་ལ་བྱ། གོམས་ནས་མང་དུ་བཏང་ངོ་། །དེ་ལྟར་བསྒོམ་པར་འདི་ནས་བཤད་ལ། རྒྱུད་གཞན་ནས་གསལ་བར་མ་བྱུང་ཡང་། བླ་མེད་ཀྱི་རྫོགས་རིམ་ཀུན་ལ་ཤེས་པར་བྱའོ། །གསུམ་པ་ནི། མཚན་བརྗོད་འགྲེལ་པར་ཉི་མ་དཔལ་ཡེ་ཤེས་ཀྱིས། རྒྱུད་ཀྱི་ལུང་འདི་ལྷན་སྐྱེས་མ་སྐྱེས་ནས། ལས་རྒྱ་ལ་བརྟེན་ནས་སྒྲུབ་པའི་ཁུངས་སུ་དྲངས་ཀྱང་། ནཱ་ད་གོམས་པས་ཞེས་པའི་འགྲེལ་པ་དང་མི་མཐུན་ནོ། །བཞི་པ་དག་དབྱེ་ནི་འདུ་བྱེད་དང་ཕུང་པོ་དག་པ་དོན་གྲུབ་དང་། དབྱེ་བ་རླུང་བཅུ་འགག་པས་བཅུའོ། །ཚད་མ་ནི་ཡིད་ཀྱི་མངོན་སུམ་ཚད་མའོ། །འབྲས་བུ་གོ་


JLD011_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སླའོ། །གཉིས་པ་འཛིན་པའི་ཡན་ལག་ལ་སྔར་བཞིན་དྲུག་ལས། མཚན་དོན་ནི། སྲོག་རྩོལ་གྱིས་རླུང་དབུ་མར་ཚུད་པ་འཛིན་པའམ། དབུ་མར་གནས་པར་བྱེད་པས་འཛིན་པའོ། །དུས་མཚམས་ནི། སྲོག་རྩོལ་གྱིས་དབུ་མར་ཚུད་པའི་རྟགས་འཁྲུལ་མེད་རྣམས་ཤར་ཏེ་བརྟན་པ་ནས་སོ། །ཡན་ལག་དངོས་ལ། མཚན་ཉིད་ནི། རྣལ་འབྱོར་གྱི་སྟོབས་ཀྱིས་རླུང་དྷུ་ཏིར་ཞུགས་པ་འགྲོ་འོང་མི་བྱེད་པར་དེར་གནས་པའོ། །སྲོག་རྩོལ་བུམ་པ་ཅན་ནི། རླུང་འགྲོ་འོང་མི་བྱེད་པར་གནས་པ་ཙམ་ཡོད་ཀྱང་། དབུ་མར་གནས་པ་མིན་པས་དེ་ལ་ཁྱབ་ཆེ་བའི་སྐྱོན་མེད་ལ། ཐོག་མར་འཛིན་པ་སྒོམ་པ་ལ་དྷཱུ་ཏཱིའི་ནང་དུ་གནས་པ་མེད་ཀྱང་དེ་བསྒོམས་པའི་འབྲས་བུ་ལ་ཡོད་པས་ཁྱབ་ཆུང་བའང་མིན་ནོ། །དབྱེ་བ་ནི། བོད་ཀྱི་མཁས་པས་ཉེ་བར་བསྒྲུབ་པ་ཡན་ལག་དྲུག་ཅེས་པ་ཁུངས་སུ་དྲངས་ནས། འཁོར་ལོ་དྲུག་ལ་འཛིན་པའི་འཛིན་པ་དྲུག་ཏུ་མཛད་ལ། ལུང་དེའི་དོན་ནི་དེ་མིན་ཡང་དབྱེ་བ་དེ་ལྟར་དགོས་སོ། །སྒོམ་ཚུལ་ནི། བོད་ཀྱི་མཁས་པས་རྩ་འཁོར་གྱི་དབུས་སུ་འཛིན་པར་གསུངས་པ་ལེགས་ཏེ། འཛིན་པ་ལ་རྩ་འཁོར་གྱི་དབུས་སུ་འཛིན་པ་དགོས་ན། དབུ་མར་འཇུག་པ་ལ་རྩ་འཁོར་གྱི་དབུས་སུ་དམིགས་པ་གཏོད་དགོས་པ་ཤེས་པར་གྱིས་ཤིག །སྔར་དྲངས་པའི་ལུང་དེ་བདེ་མཆོག་སྟོད་འགྲེལ་དུ། སྲོག་འཛིན་གཉིས་ཀའི་ཁུངས་སུ་དྲངས་པས་སྐྲའི་རྩེ་མོར་ཏེ་རྩ་འཁོར་གྱི་དབུས་སུ་རླུང་ཁ་སྦྱར་བྱེད་ཚུལ་སྔར་ལྟར་རོ། །དེའང་ཐོག་མར་ལྟེ་བར་བསྒོམ་ལ།


JLD011_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ས་ཆུ་ལ་ཐིམ་པའི་ཚུལ་གྱིས་སྙིང་ག་དང་། ཆུ་མེ་ལ་ཐིམ་པའི་ཚུལ་གྱིས་མགྲིན་པ་དང་། མེ་རླུང་ལ་ཐིམ་པའི་ཚུལ་གྱིས་དཔྲལ་བ་དང་། རླུང་ནམ་མཁའ་ལ་ཐིམ་པའི་ཚུལ་གྱིས་སྤྱི་བོ་དང་། ནམ་མཁའ་རྣམ་ཤེས་ལ་ཐིམ་པའི་ཚུལ་གྱིས་གསང་བའི་རྩ་འཁོར་གྱི་དབུས་རྣམས་སུ་བསྒོམ་མོ། །ཡང་ན་གསང་གནས་ནས་རིམ་པ་བཞིན་བྱའོ། །བསྒོམས་པས་མྱོང་བ་སྐྱེ་ཚུལ་ནི། དེ་བསྒོམས་པས་དང་པོར་རང་ཤུགས་ཀྱིས་གནས་པ་མི་འོང་ཡང་། མཚམས་ཤིག་ནས་དྷཱུ་ཏཱིར་རང་ཤུགས་ཀྱིས་གནས་པ་འོང་ལ། དེ་ནས་རྒྱུན་བསྲིངས་ནས་བསྒོམས་པས་རིམ་པ་བཞིན་ཞག་གཅིག་ཟླ་བ་ཕྱེད་དང་ཟླ་བ་གཅིག་དང་། ཟླ་བ་དྲུག་དང་། ལོ་གཅིག་དང་། རྟག་ཏུ་གནས་པ་འབྱུང་ལ། དེ་རྣམས་ལས་རིམ་པ་བཞིན། དཔྲལ་བ། སྤྱི་གཙུགམགྲིན་པ། སྙིང་ག །ལྟེ་བ། གསང་གནས། ནོར་བུའི་རྩེ་རྣམས་སུ་བྱང་སེམས་གཡོ་མེད་དུ་འཛིན་ནུས་པ། སྤྱིར་སྟོང་གཟུགས་ཀྱི་ཕྱག་ཆེན་ལ་བལྟོས་ཀྱང་། འདི་རྣམས་ཀྱིའང་ནུས་པ་ཡོད་པས་དེ་ལྟར་དུ་བཞག་གོ །རྟག་ཏུ་འཛིན་ནུས་ཞེས་པའང་ལོ་ལས་ལྷག་པའི་དུས་ཚིགས་གཅིག་བཟུང་དགོས་ཏེ། དུས་ཐམས་ཅད་དུ་འཛིན་ནུས་པ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མ་འགགས་པར་མི་འབྱུང་བའི་ཕྱིར་རོ། །དྲུག་པ་ནི། ཕུང་པོ་ལ་སོགས་པ་དྲུག་དྲི་བྲལ་དུ་གྱུར་པ་འཐོབ་བོ། །རྗེས་དྲན་གྱི་དོན་ནི། འཛིན་པའི་སྟོབས་ཀྱིས་རླུང་ཆིངས་ཏེ། དེས་གཏུམ་མོ་སྦར་བས་བྱང་སེམས་ཞུ་ནས་རིམ་གྱིས་བྱིས་པ་དང་། དར་ལ་


JLD011_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པ་དང་། རྒན་པོའི་བདེ་བ་ལྟར། དགའ་བ་གསུམ་རིམ་གྱིས་ཉམས་སུ་མྱོང་བས། མཐར་ལྷན་སྐྱེས་ཤར་ཏེ། དེ་ནས་ལྟ་བ་དྲན་ཏེ་བདེ་སྟོང་གི་ངང་ནས། འཕེན་ཤུགས་དང་བསམས་པ་ཙམ་གྱིས་སྟོང་གཟུགས་ཀྱི་འདོད་ལྷ་ཡབ་ཡུམ་དུ་ཤར་ནས་ཕྱག་རྒྱ་ཆེན་པོ་རྗེས་སུ་དྲན་ནས་འཁྱུད་པ་ལ་གསུངས་ཏེ། བདེ་མཆོག་སྟོད་འགྲེལ་དུ། དེ་ནས་ལྷ་ཡི་གཟུགས་བརྙན་སྒྲུབ་པ་ཞེས་པ་འཛིན་པའི་སྟོབས་ཀྱིས་ལྟེ་བའི་གནས་སུ་གཏུམ་མོ་འབར་བ་རྣལ་འབྱོར་པས་མཐོང་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་བ་པྲ་ཕབ་པ་ལྟ་བུ་ཕྱག་རྒྱ་ཆེན་མོ་སངས་རྒྱས་ཀྱི་འོད་ཟེར་གྱི་སྤྲིན་མཐའ་ཡས་པ་སྤྲོ་བར་བྱེད་པའི་འོད་ཟེར་གྱི་དཀྱིལ་འཁོར་གྱིས་སྤྲས་པ། དེའི་རྗེས་སུ་དྲན་པའི་ཡན་ལག་སྒྲུབ་པར་བརྗོད་དེ། འཛིན་པའི་མཐའ་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །ཞེས་པའི་ངེས་པའོ། །ཞེས་དང་། དྲི་མེད་འོད་ལས། རྗེས་སུ་དྲན་པ་ལེགས་པར་དག་པ་ཞེས་པ་ལ་འདིར་རྗེས་སུ་དྲན་པ་ནི། གཟུགས་ལ་འཁྱུད་པའི་སེམས་རྣམ་པར་རྟོག་པ་དང་བྲལ་བ། དེའི་ཕྱིར་གང་གི་ཚེ་དག་པར་གྱུར་པ་དེའི་ཚེ་དྲི་མ་མེད་པའི་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །ཞེས་གསུངས་སོ། །ཏིང་ངེ་འཛིན་གྱི་དོན་ནི། རྗེས་དྲན་གྱི་སྐབས་སུ། གཙོ་བོར། སྟོང་གཟུགས་ཀྱི་ཕྱག་ཆེན་ལ་བརྟེན་ནས་མས་བརྟན་གྱི་དགའ་བཞིའི་མཐར། མཆོག་ཏུ་མི་འགྱུར་བའི་བདེ་བས་སྟོང་པ་ངེས་པའི་སེམས་བདེ་སྟོང་དུ་སོང་བ་དང་། དེའི་དུས་སུ་ཡིད་ངོར་ལུས་སྟོང་གཟུགས་ཀྱི་དུས་ཀྱི་འཁོར་ལོ་ཡབ་ཡུམ་དུ་ཤར་


JLD011_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཚོགས་པ་ནས་འཛིན་ཏེ། ཕྱག་རྡོར་བསྟོད་འགྲེལ་ལས། ཏིང་ངེ་འཛིན་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་འགྱུར་བ་མེད་པའི་བདེ་བ་ཐོབ་སྟེ། དེ་ལ་གཅིག་ཏུ་གྱུར་པའི་སེམས་གཟུང་བ་དང་འཛིན་པ་དང་བྲལ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བརྗོད་དོ། །ཞེས་སོ། །དྲི་མེད་འོད་ལས། ཤེས་རབ་ཀྱི་བདག་ཉིད་ཀྱིས་ནི་ཞེས་པ། ཤེས་པ་དང་ཤེས་བྱ་གཅིག་ཏུ་འདྲེས་པར་གྱུར་ཏེ། འགྱུར་བ་མེད་པའི་བདེ་བའི་དབང་གི་གཟུགས་ལ་ཏིང་ངེ་འཛིན་ཏོ། །ཞེས་གསུངས་ཤིང་། འདི་ལའང་དབང་པོ་རྣོ་བརྟུལ་འབྲིང་གསུམ་གྱིས་ཕྱག་རྒྱ་གསུམ་ལ་བརྟེན་པའི་སྒོམ་ཚུལ་གསུམ་གསུངས་སོ། །ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད། །གསལ་བྱེད་སེམས་དཔའི་འགྲེལ་པ་གསུམ་གྱི་དོན། །རྗེ་བཙུན་བླ་མའི་མན་ངག་གིས་བརྒྱན་ཏེ། །བྱིན་གྱིས་བརླབས་པའི་གསུང་གི་བདུད་རྩིར་བྱོན། །འདིར་འབད་དགེ་བས་འགྲོ་རྣམས་སྲིད་མཚོ་ལས། །མྱུར་དུ་བསྒྲལ་ཏེ་ཐེག་ཆེན་ཞི་བའི་ཚལ། །རྣམ་ཀུན་ཕྱག་རྒྱ་ཆེན་པོའི་ལམ་ཞུགས་ཏེ། །དུས་ཀྱི་འཁོར་ལོ་མངོན་དུ་བྱེད་གྱུར་ཅིག །ཡན་ལག་དྲུག་གི་རྫོགས་རིམ་གྱི་གདམས་པའི་གནད་བསྡུས་པ་རྨད་དུ་བྱུང་བའི་མན་ངག་རྡོ་རྗེ་འཆང་གཉིས་པ་ཤར་ཙོང་ཁ་པ་ཆེན་པོའི་གསུང་བྱིན་རླབས་ཀྱི་བདུད་རྩིར་བྱོན་པ་བརྗེད་དུ་ཕངས་ནས། །རྗེ་བཙུན་བླ་མ་དམ་པ་དེ་ཉིད་ཀྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་ཞིང་གསུང་གི་བདུད་


JLD011_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རོ་ཅུང་ཟད་མྱངས་པ་ཤཱཀྱའི་དགེ་སློང་རྒྱལ་སྟེངས་པས། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བརྗེད་བྱང་ཡི་གེར་བཀོད་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མདྒ་ལཾ། །

གཟུགས་ཀྱི་ཆུང་མཐའ་དང་དུས་ཀྱི་ཐུང་མཐའ་སོགས་ལས་བརྩམས་པའི་དྲི་ལན་རྗེ་ཉིད་ཀྱིས་མཛད་པ།


JLD011_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་ཆུང་མཐའ་དང་དུས་ཀྱི་ཐུང་མཐའ་སོགས་ལས་བརྩམས་པའི་དྲི་ལན་རྗེ་ཉིད་ཀྱིས་མཛད་པ་བཞུགས་སོ། །


JLD011_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི་པྲ་ཛ་བྷྱཿ འཇིག་རྟེན་གསུམ་ན་སངས་རྒྱས་གཉིས་པ་ཞེས། །གང་གི་མཚན་གྱིས་རྣ་བའི་ལམ་མཛེས་པ། །དབྱིག་གཉེན་ཉིན་བྱེད་གསུང་གི་འོད་ཟེར་ཚོགས། །ད་དུང་གདུལ་བྱའི་གླིང་ན་གསལ་གྱུར་ཅིག །ཀུན་མཁྱེན་དེ་ཡིས་དཔག་ཚད་ལོ་དང་ནི། །དེ་དག་བརྗོད་པའི་ཐ་སྙད་མཚོན་པའི་སླད། །གཟུགས་མིང་དུས་མཐའ་རྡུལ་ཡིག་སྐད་ཅིག་དང་། །དྲུག་ཚན་ཉི་ཤུའི་སྐད་ཅིག་གསུངས་པ་དང་། །ཉིན་བྱེད་དབང་པོ་བྱང་དུ་ཕྱོགས་པ་ཡི། །དབྱར་ཟླ་གཉིས་པའི་ཐ་མའི་ཚེས་དགུ་དང་། །དབྱར་འབྲིང་ཉ་ལ་རྒྱུ་སྐར་གང་བྱུང་དང་། །གཞན་ཡང་ཉིན་མཚན་ཐོག་མཐའ་གང་ཡིན་ཞེས། །གསུང་རབ་དགོངས་དོན་རགས་དང་ཕྲ་བ་རྣམས། །རྣམ་དག་རིགས་པའི་རྗེས་འབྲངས་ཕྲ་བའི་བློས། །


JLD011_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་འབྱེད་པར་ནུས་པའི་སྤོབས་པ་ཅན། །གང་དེས་དྲིས་པའི་དོན་རྣམས་འདི་ལྟར་ཁུམས། །གཟུགས་ཀྱི་ཆུང་མཐར་བཞག་པའི་ཕྲ་རྡུལ་ནི། །ཤར་ལ་སོགས་པའི་ཆ་དང་བྲལ་བ་སྟེ། །དེ་ཡང་ཇི་སྲིད་ཕྱོགས་ཀྱི་ཆ་ཡོད་པ། །དེ་སྲིད་ཆུང་མཐར་བཞག་ཏུ་མི་རུང་ཕྱིར། །དུས་མཐའི་སྐད་ཅིག་རྒྱུ་ཚོགས་དུ་མ་ཡིས། །འབྲས་བུ་བསྐྱེད་པའི་ཡུན་དང་སེ་གོལ་གཅིག །རྫོགས་པའི་དུས་ལ་རེ་ལྔར་བྱས་པ་ཡི། །ཆ་གཅིག་དང་ནི་རྡུལ་གཅིག་གོ་འཕོས་དང་། །མཉམ་པའི་ཤེད་ཀྱིས་བལ་ཉག་གཅིག་གཅོད་པའི། །ཡུན་ལ་བཤད་པའི་རྣམ་གྲངས་མང་ཡོད་ཀྱང་། །མདོར་ན་དེ་ལས་ཐུང་བ་བྱར་མེད་པའི། །དུས་གཅིག་མཚོན་པར་བཞེད་ནས་དེ་དག་གསུངས། །མིང་མཐའ་ཡི་གེར་བཞག་པའི་དཔེ་བརྗོད་ལ། །


JLD011_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་འགྲེལ་པར་བ་ལང་བཞིན་ནོ་གསུངས། །འདི་ནི་ཡི་གེ་དུ་མ་ཚོགས་པའི་ཕྱིར། །དོན་འདི་ད་དུང་ཁོ་བོ་དཔྱོད་པའི་སྐབས། །དྲུག་ཚན་ཉི་ཤུའི་སྐད་ཅིག་ཚོགས་པ་ནི། །དེ་ཡི་སྐད་ཅིག་ཅེས་པའི་ཐ་སྙད་བཏགས། །དུས་མཐའི་སྐད་ཅིག་བརྒྱ་དང་ཉི་ཤུའི་མིང་། །འདི་ནི་དུས་མཐའ་རྟོགས་ན་ཐེ་ཚོམ་བྲལ། །དབྱར་ཟླ་གཉིས་པའི་ཐ་མའི་ཚེས་དགུ་དང་། །དེ་བཞིན་དགུན་ཟླ་བཞི་པའི་ཚེས་དགུ་ལ། །དབྱར་དགུན་ཉི་མ་ལྡོག་པར་གསུངས་པའི་དུས། །སྟོན་དཔྱིད་ར་བའི་དཀར་ཚེས་དགུ་ལ་ཡིན། །ཟླ་བ་དེ་གཉིས་ཉི་མ་གང་ལོག་པའི། །ཟླ་བ་དེ་ཉིད་ཡིན་པར་མང་པོ་འདོད། །འོན་ཀྱང་མཛོད་ཀྱི་དགོངས་པ་ཁྲུམས་དང་ཁྲའི། །ཟླ་བ་ཡིན་པར་རྒྱ་དཔེར་སྣང་ངོ་ཞེས། །བདག་གི་བླ་མ་ནམ་མཁའ་བཟང་པོ་བཞེད། །དེ་ལྟ་ན་ནི་དབྱར་འབྲིང་ཉ་ཡི་དུས། །ཆུ་སྟོད་ཟླ་བ་ཡིན་པར་ཤེས་པར་འགྱུར། །ཚུལ་དེ་མདོ་རྩའི་རྒྱ་དཔེ་ལས་ཀྱང་གསུངས། །གདགས་གཞག་མཛོད་དང་ཉི་མའི་སྙིང་པོ་དང་། མེ་ཏོག་ཕྲེང་རྒྱུད་མདོ་རྩ་ལོ་དྲི་བ། །འགྲེལ་ཆེན་སོགས་ནས་གསུངས་པའི་དུས་ཚིགས་ཀྱི། །རྣམ་གཞག་རྒྱས་པར་གཞན་དུ་སྤྲོ་བར་འདོད། །དེ་ཕྱིར་འདིར་ནི་ས་བོན་ཙམ་ཞིག་བསྟན། །འདི་དང་དེང་སང་ཉི་མའི་ལྡོག་དུས་གཉིས། །ཆེས་ཆེར་མི་མཐུན་གྱུར་པ་མཐོང་ནས་ནི། །རྔམས་དེ་སུན་འབྱིན་བྱེད་རྣམས་རེ་ཞིག་བཞག །ཉིན་གྱི་དང་པོ་སྐྱ་རེངས་དང་པོ་དང་། །ཐ་མ་ཉི་མ་ནུབ་པའི་མཐའ་ལ་བཤད། །དེ་ཡིས་མཚན་གྱི་ཐོག་མཐའ་དཔག་པར་ནུས། །འདི་ལས་གཞན་དུའང་གསུངས་མོད་དགོངས་པའི་དབང་། །


JLD011_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་བདེན་པར་འདོད་པའི་རིགས་པ་རྣམས། །བདག་གིས་ཕྲ་རྡུལ་ཡིན་ཞེས་སྨྲས་པ་མེད། །སྡེ་པ་གཉིས་ཀྱི་གྲུབ་མཐའ་གཞིར་བྱས་ལ། །དབང་པོའི་ཤེས་པས་ཕྲ་རྡུལ་མཐོང་ཞེས་སྨྲས། །རྣམ་ཤེས་ལྔ་ཡིས་བསགས་ལ་དམིགས་སོ་ཞེས། །གསུངས་པ་འདི་ལ་འཁྲུལ་ནས་མི་མཁས་པའི། །སྐྱེ་བོ་དུ་མ་མགྲིན་གཅིག་བྱས་ནས་ནི། །དབང་པོའི་ཡུལ་ན་ཕྲ་རྡུལ་མེད་དོ་ལོ། །གཟེགས་ཟན་ལུགས་འདི་འཐད་པར་མ་མཐོང་ནས། །རྡུལ་གྱི་རགས་པ་བརྩམ་ཚུལ་དབུ་ཚད་དང་། །ཕྱི་རོལ་དོན་གྲུབ་མངོན་པའི་སྡེ་སྣོད་ནས། །གསུངས་པ་རྣམས་ཀྱི་དོན་བཞིན་བདག་གིས་སྨྲས། །དོན་སྨྲ་གཉིས་ཀྱིས་རགས་པ་རྩོམ་པའི་ཚེ། །རེག་ན་ཕྲ་རྡུལ་ཉམས་པར་གྱུར་མཐོང་ནས། །བསྐོར་བ་བར་བཅས་བར་མེད་མ་གཏོགས་པ། །རེག་པ་མེད་པར་འདབ་སྦྱོར་གནས་པར་འདོད། །དེ་ཚེ་ཡན་ལག་ཅན་གཞན་མི་སྐྱེ་ཞིང་། །གཅིག་ལ་གཅིག་ཐིམ་གྱུར་པའང་མ་ཡིན་ལ། །ཕྲ་རྡུལ་རང་བཞིན་འདོར་བའང་མ་ཡིན་ཏེ། །འོན་ཀྱང་རྡུལ་རྣམས་འདུས་པ་ཙམ་དུ་ཟད། །དེ་ལྟ་ན་ནི་ཕྲ་རྡུལ་དུ་མ་དག །མངོན་སུམ་མཐོང་ཞིང་ཕྲ་རྡུལ་གཏན་མ་མཐོང་། །ཞེས་སྨྲ་དེ་ལ་རིག་པའི་གཏམ་གྱིས་ཅི། །ད་དུང་ཡི་གེའི་ཕྱི་མོ་བསླབ་པར་རིགས། །དབང་པོའི་ཤེས་པས་ཕྲ་རྡུལ་སིལ་བུ་དག །མཐོང་མོད་རྗེས་ཀྱི་ངེས་པས་རགས་པར་བཟུང་། །དུས་མཐའི་སྐད་ཅིག་བཟུང་ཡང་དཔྱད་ཤེས་ཀྱིས། །དེ་ལ་རྗེས་འགྲོའི་རྒྱུན་རྣམས་ངེས་པ་བཞིན། །གལ་ཏེ་རྣམ་པ་གཏོད་པའི་ནུས་མེད་པས། །


JLD011_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་རྡུལ་དབང་པོའི་ཡུལ་དུ་མི་རུང་ན། །རྣམ་པ་མ་གཏད་ཅེས་པ་བརྟག་པར་བྱ། །ཤེས་ལ་སྣང་བའི་རྣམ་པ་རྡུལ་ཕྲན་བཞིན། །སིལ་བུ་ཉིད་དུ་མི་སྣང་ཞེས་སྨྲ་ན། །སོ་སོའི་དུས་མཐའི་སྐད་ཅིག་རེ་རེ་ཡང་། །རང་འདྲའི་རྣམ་པ་གཏད་པ་མེད་འགྱུར་བས། །དབང་པོའི་ཡུལ་དུ་སྨྲ་བ་ངལ་སོས་ཤིག །རིགས་པ་མཁྱེན་པ་ཁྱེད་ལ་འདི་ལྟ་བུའི། །ལོག་རྟོག་ཕལ་ཆེར་མེད་པར་ཁོ་བོ་སེམས། །ཕྲ་བའི་གནས་ལ་དཔྱད་པ་མ་རྫོགས་པའི། །བློ་གྲོས་གཞོན་ནུ་འགའ་ཞིག་འདོད་པ་མཐོང་། །དེ་ཕྱིར་འདིར་ནི་རང་འདོད་ཟུར་ཙམ་བསྟན། །འདི་ལ་བརྟེན་ནས་སླར་ཡང་འདོད་པ་རྣམས། །ཡོངས་སུ་རྫོགས་པའི་རབ་ཏུ་བྱེད་པ་ཞིག །གྲུབ་པར་བགྱིས་ནས་གཟིགས་སུ་འབུལ་བ་ལགས། །ཚུལ་འདི་མང་ཐོས་བློ་བཟང་གྲགས་པ་ཡིས། །ཆོས་འཁོར་ཆེན་པོ་དཔལ་གྱི་ལྷ་ས་རུ། །མཁས་པ་ཆེན་པོ་གཞོན་ནུ་བློ་ལྡན་གྱི། །གསུང་གིས་དྲིས་པའི་ལན་དུ་སྦྱར་བ་ཡིན། ། ། །སརྦ་མངྒ་ལཾ། །

དཔལ་མཆོག་གི་ཟིན་བྲིས།


JLD011_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཆོག་གི་ཟིན་བྲིས་བཞུགས་སོ། །


JLD011_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཆོག་དང་པོའི་དུམ་བུ་དང་པོ་ཤེར་དུམ་ལ། རིགས་སོ་སོ་བ་དང་། རིགས་བསྡུས་པ་གཉིས་ལས། དང་པོ་ལ་རྡོར་སེམས་ནས་གནོད་སྦྱིན་གྱི་བར་དགུ །དེ་བཞིན་གཤེགས་པའི་དཀྱིལ་འཁོར་བཞི། འཇིག་རྟེན་པ་བཞི། རིགས་བསྡུས་ཀྱི་དཀྱིལ་འཁོར་ཏེ་བཅོ་ལྔ་ཡོད་དོ། །དེ་ལ་དང་པོ་ལ། རྣལ་འབྱོར་ཆེན་པོ་དང་། ཏིང་ངེ་འཛིན་གསུམ། ས་ཆོག །སྟ་གོན། དཀྱིལ་འཁོར་བྲི་སྒྲུབ། བུམ་པ་སྒྲུབ་པ། དེ་དག་བསྒྲུབས་ནས་མཆོད་པ། བདག་འཇུག་གཉིས། སློབ་མ་གཞུག་པ་རྣམས་རྒྱས་པར་གསུངས་ཤིང་། གཞན་རིགས་སོ་སོ་བ་དང་བསྡུས་པ་ལ། མིང་པོ་དང་སྲིང་མོ་ལ་ཐེ་ཚོམ་དང་། བསྡུས་པ་ལ་རྣལ་འབྱོར་ཆེན་པོ་རྡོར་སེམས་ལ་ཁ་འཕངས་པ་མ་གཏོགས་དུམ་བུ་དེའི་འགྲེལ་པ་ན་


JLD011_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མི་གསལ་ལོ། །གཞན་རྣམས་ལའང་ཏིང་ངེ་འཛིན་གསུམ་གྱི་དམིགས་འབྱེད་རྒྱུད་དང་སྦྱར་བ་རེ་མཛད་ཅིང་། རྣལ་འབྱོར་ཆེན་པོ་བྱེད་པ་དེ་ཉིད་བསྡུས་པ་ལ་ཁ་འཕངས་པ་ཁ་ཅིག་ཡོད་དོ། །དེ་ལ་རྡོར་སེམས་ཀྱི་སྐབས་སུ། སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པར་གྱུར་པའི་ས་བོན་ཧཱུཾ་དུ་བཤད། ཏི་རིན་ཏི་རིའི་ཕྱག་རྒྱ་བཅིངས་ནས་རྡོར་ཕྲེང་གི་དབང་ལེན་པ་ཙམ་དང་དར་དཔྱངས་བཤད། གནས་བཞི་བྱིན་རླབས་དང་རིགས་ལྔའི་དབང་མ་བཤད། བཅིངས་པའི་རྒྱ་ས་ལ་འཇོག་ཅིང་། ཕྱོགས་མཚམས་འཆིང་ལུགས་རྡོར་དབྱིངས་དང་འདྲ། འོན་ཀྱང་སྟེང་བཅིང་བ་རྟིང་མས་སྔ་མའི་སྟེང་དུ་འཆིང་བ་དང་། རྡོ་རྗེ་ནག་མོས་བྱང་ཕྱོགས་ཙམ་འཆིང་བ་བཤད། དང་པོའི་རྡོ་རྗེའི་ཕྱག་རྒྱ་འཆིང་བ་ལ་ཧཱུཾ་གདོན།


JLD011_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བསྡུས་ཀྱི་སྐབས་སུ་རྣལ་འབྱོར་ཆེན་པོ་བྱེད་ལུགས་རྡོར་སེམས་དང་འདྲ་བར་བཤད་པས། རྡོར་སེམས་ཀྱི་དཀྱིལ་འཁོར་ཙམ་སྤྲུལ་པས་ཆོག་པ་འདྲའོ། །ཚོགས་རྟེན་གཤེགས་པ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་རོའི་མཐར་ཐུག་པའི་བར། ཞེས་བཤད་ཅིང་། སྐབས་གཞན་དུའང་རྡོ་རྗེའི་རིགས་རྣམས་སྡུད་པ་ན། ཆུ་ལྷའི་བར་ཞེས་འབྱུང་བས་འཇིག་རྟེན་པ་ཞེས་བཞི་ལ་དམ་རྒྱ་བཅིངས་ནས་སྡུད་པ་མི་དགོས་པ་འདྲའོ། །དེ་ཉིད་བརྗོད་བཅིང་ནི་ཡིད་ཀྱིས་བརྗོད། པད་ཕྲེང་ལ་ཕྱག་རྒྱ་མི་འདུག །སྙིང་གར་དཀྱིལ་འཁོར་སྤྲུལ་པ་ལའང་རྡོར་སེམས་ཀྱི་དཀྱིལ་འཁོར་ཙམ་གྱིས་ཆོག་པར་མངོན་ནོ། །རྡོར་སེམས་ཀྱི་ཕྱག་མཚན་དང་སྐུའི་ང་རྒྱལ་བཟུང་བ་རེ་རེའི་སྔོན་དུ་ཧཱུཾ་བཟླ་བར་བཤད། རྣལ་འབྱོར་བཞི་ལྡན་གྱི་སྐབས་འདིར་ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ། ཛཿ ཧཱུཾ་བཾ་ཧོཿ ཞེས་པ་སྣང་། འོག་ཏུ་གང་ཞིག་བསྒོ་བར་བྱེད་མི་ནུས་པས་རྣལ་འབྱོར་ཆེན་པོ་བྱས་ལ་བཟླས་བརྗོད་འབུམ་བྱའོ། །ཞེས་པའི་སྐབས་སུ་སྔགས་ཀྱི་རིམ་པ་དཀྱིལ་ཆོག་བཞིན་སྣང་། དེའང་ཕྱག་མཚན་གྱི་ང་རྒྱལ་སྔགས་ཀྱི་ཐོག་མར་ཧཱུཾ་སྣང་ལ་གཞན་མི་གསལ་ལོ། །རྣལ་འབྱོར་ཆེན་པོ་བྱེད་ན། ལྷ་ཐམས་ཅད་ཕྱི་རོལ་ཏུ་བསྐྱེད་ནས། མཐར་དགུག་གཞུག་སོགས་བྱས་ནས་དང་རྡོར་བཅིངས་ནས་དྲི་བཤགས་སོགས་ལན་ཅིག་གིས་ཆོག་པ་དགོངས་པར་མངོན། གསང་བའི་ལྕགས་ཀྱུ་ཐོག་མཐའ་གང་རུང་ཞིག་ཏུ་བྱས་ནས། དྲི་བཤགས་སོགས་ལ་རེ་རེ་བྱེད་ཟེར་བ་ནི་གཏན་མིན་ནོ། །སྙིང་གའི་ཟླ་བའི་


JLD011_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་མདུན་དུ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་ཡིད་ལས་བྱུང་བ་བསམ་པར་ཤེས་པར་བྱའོ། །དཔྲལ་བར་ཀཱི་ལི་ཀཱི་ལཱ་དང་ནམ་མཁའི་སྙིང་པོའོ། །ལྐོག་མའི་ཕྱོགས་སུ་འཇིག་རྟེན་དབང་ཕྱུག་དང་རྡོ་རྗེ་དྲན་པའོ། །ཞེས་པ་ཙམ་ལས་གནས་ངེས་པ་མ་མཛད། སྐྱེ་མཆེད་བཞི་ལ། སྔགས་པའི་གཟུགས་ཀྱི་སྐྱེ་མཆེད་ལ་ནི་རྡོ་རྗེ་གཟུགས་སོ། ཞེས་སོགས་དང་། ཡེ་ཤེས་ཀྱི་ནང་དུ་ནི་འཕགས་པ་འཇམ་དཔལ་ལོ་ཞེས་གསུངས་སོ། །དགུག་སོགས་ཀྱི་སྔགས་ལ་ༀ་མེད། སྒྲུབ་ཆེན་བཅུག་པའི་སྐབས་སུ་དེ་རྣམས་ཀྱིས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལ་འདི་དག་ནི་རྡོ་རྗེ་ཁུ་ཚུར་ལས་བྱུང་བ་སྟེ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །མི་གཡོ་བ་ཡི་ས་ལ་རེག །རིན་ཆེན་གྱིས་ནི་མཆོག་སྦྱིན་པའོ། །ཚེ་དཔག་མེད་པའི་ཏིང་འཛིན་མཆོག །གདོན་མི་ཟ་བར་མི་འཇིགས་སྦྱིན། །ཞེས་གསུངས་ཤིང་། །ལས་རྒྱ་ལ་མཆོག་ཏུ་དཀྱིལ་ཆོག་ལྟར་གསུངས་སོ། །སེམས་དཔའི་རྡོ་རྗེ་ལ་ཞུགས་པའི་རྗེས་སུ། ཡིག་བརྒྱའི་འོག་གི་སྔགས་དང་སེམས་མ་བཞིས་གནས་བཞི་བྱིན་རློབ་མ་གཏོགས་པ་གཞན་གཉིས་མི་སྣང་འདིར་གཞལ་ཡས་ཁང་རི་རབ་ཀྱི་སྟེང་དུ་བསྐྱེད་པ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ཞེས་པ་གཉིས་མི་


JLD011_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ཞིང་། ཕྱག་རྡོར་སོགས་བྱང་སེམས་བྱེ་བ་ཕྲག་བརྒྱད་ཀྱིས་བསྐོར་བའང་འདིའི་དཀྱིལ་འཁོར་ལ་བཀོད་པའི་ལྷ་གྲངས་མིན་ཞིང་། དེ་དག་དཀྱིལ་འཁོར་ལ་བསྟིམ་པ་སོགས་ཀྱང་མི་སྣང་བས་འདི་དག་དང་པོ་སྦྱོར་བར་འོང་བའི་རྒྱུ་མཚན་ཡང་དཀའོ། །གཞན་ཡང་གཙོ་བོ་རྣམ་སྣང་། དཀྱིལ་འཁོར་རྒྱལ་མཆོག་གི་ཚེ་མི་འགྱུར་ན། དེའི་ཐུགས་ཀ་ནས་སྤྲུལ་པའི་རྡོར་སེམས་གཙོ་བོར་ཇི་ལྟར་རུང་། འགྱུར་ན་མངོན་བྱང་ལྔ་ལས་རྣམ་སྣང་དུ་བསྐྱེད་པ་དེས་དཀྱིལ་འཁོར་མི་སྤྲུལ་ན་དེར་བསྐྱེད་པ་དོན་མེད་དོ་ཞེ་ན། བདེན་ཏེ། དང་པོ་ནི་མི་འགལ་ཏེ། སྔོན་བྱུང་གི་གནས་ནི་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་། རྗེས་འཇུག་གིས་བསྒོམ་པའི་གནས་ནི་རི་རབ་ཀྱི་སྟེང་ཡིན་པས་སོ། །འོ་ན་སྒོམ་པའི་གནས་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས། ཞེས་པ་མི་རིགས་ཤེ་ན། ཡང་ན་ནི་སྔོན་བྱུང་དང་རྗེས་འཇུག་གཉིས་ཀའང་རི་རབ་ཀྱི་སྟེང་ཡིན་ཀྱང་། དེ་སྐད་སྨོས་པ་ནི་རྡོ་རྗེ་འཛིན་པ་ཉིད་ལྷ་གནས་དེའི་རྒྱལ་པོ་ཡིན་ལ། དེའི་བཞུགས་གནས་ལ་དེ་སྐད་ཅེས་བྱ་སྟེ། འགྲེལ་ཆེན་ལས། རྡོ་རྗེ་ལྷ་མོའི་ཚོགས་ཀྱི་དབུས་སུ་བཞུགས་པ་རབ་ཏུ་དགའ་བ་ཆེན་པོའི་སྐུ་འཛིན་པར་མཛད་པའི་རྡོ་རྗེ་འཆང་ཆེན་པོ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའོ། །དེར་གྱུར་ནས་བཅོམ་ལྡན་འདས་བཞུགས་ཤིང་ནམ་མཁའ་ཐམས་ཅད་ལ་རབ་ཏུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བཞུགས་གནས་སུ་བཅོམ་


JLD011_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་བཞུགས་སོ་ཞེས་བྱ་བའི་དོན་ནོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཇི་ལྟར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོར་གྱུར་པ་དེ་ནི་འདིའི་འོག་ནས་བཤད་པར་བྱའོ། །ཞེས་སོ། །གཉིས་པའི་རྒྱུ་མཚན་ནི། བྱེ་བ་ཕྲག་བརྒྱད་དང་སྦྱོར་དུ་གསུངས་པ་ནི་སྔོན་བྱུང་གི་འཁོར་དང་བསྟུན་པ་ཙམ་ཡིན་གྱི། ཉེ་བར་མཁོ་བའི་ཡན་ལག་ཏུ་དེ་དག་ཐམས་ཅད་མི་དགོས་ཤིང་། འགའ་ཞིག་དགོས་ནའང་ཐུགས་ཀ་ནས་སྤྲུལ་པས་ན་ཉམས་སུ་ལེན་པ་ན་འཁོར་རྣམས་དང་སྦྱོར་དུ་མི་དགོས་སོ། །གསུམ་པ་ནི། སྔོན་བྱུང་ལ་རྣམ་སྣང་འགྱུར་མི་དགོས་ཤིང་། བྱེ་བ་ཕྲག་བརྒྱད་ཀྱི་འཁོར་རྣམས་ཀྱང་ཡོད་ལ། འདིར་རྣམ་སྣང་འགྱུར་དགོས་ཏེ། དཀྱིལ་འཁོར་རྒྱལ་མཆོག་གི་ཚེ་རྡོར་སེམས་ཀྱི་ཕྱག་ཆེན་འཆིང་བར་བཤད་པས་སོ། །འགྲེལ་ཆེན་དུའང་། བཅོམ་ལྡན་འདས་ཀྱིས་ཧཱུཾ་ཞེས་བྱ་བ་གསུངས་པ་ཙམ་གྱིས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། འཇིག་རྟེན་པ་དག་གི་དཀྱིལ་འཁོར་གྱི་བར་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀའི་རྡོ་རྗེ་ལས་ཕྱུང་སྟེ་ཞེས་བཤད་པས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་ལྷན་ཅིག་ཏུ་གྱུར་ནས། ཞེས་པ་ནི་རིགས་བསྡུས་ལ་མི་དགོས་ཤིང་། བྱེད་ནའང་འཇིག་རྟེན་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་རྣམས་བཅུག་སོགས་བཞི་བྱས་ཏེ། དཀྱིལ་འཁོར་


JLD011_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དམ་ཚིག་པ་བྱས་ནས། དེ་རྣམས་དང་སྤྲུལ་པ་རྣམས་གཅིག་ཏུ་བྱེད་པ་དགོངས་པར་སྣང་བས་བཀུག་པ་སོགས་སྙིང་ག་ནས་སྤྲུལ་པ་རྣམས་ལ་མ་ཡིན་པ་འདྲའོ། །ཧཱུཾ་མཛད་རྩ་བའི་ལྷ་བཅུ་གསུམ་མཚན་མ་བཞི་འཇིག་རྟེན་པ་ཞེ་གཉིས་ཀྱིས་དཀྱིལ་འཁོར་དུ་འཇུག་པ་དཀྱིལ་ཆོག་ཏུ་མི་གསལ་བ་ནི། སྒོ་སྲུངས་བཞི་བཟླས་པའི་རས་སྔོན་གྱིས་གདོང་གཡོགས། ཤར་སྒོ་ནས་འཇུག་པ་གཉིས་པ་ཡོད། དང་རྡོར་གྱི་ཕྱག་རྒྱས་རེག་ལ་རྡོར་སེམས་སུ་བསྐྱེད་པ་ལ། མེའི་ཕྱག་རྒྱས་རེག་པ་ཐོབ་ཅིང་ཧཱུཾ་མཛད་དུ་བསྐྱེད་པར་བཤད། འཇུག་སྒོས་དབང་བསྐུར་བ་རྡོར་སེམས་ཀྱི་འདྲ་ཞིང་། བདག་འཇུག་གི་ཚེ་རྣལ་འབྱོར་གྱི་སེམས་བསྐྱེད་པའི་མཇུག་དང་། གཞན་གཞུག་ལ་རས་སྔོན་པོ་ལ་རྡོ་རྗེ་གནོད་སྦྱིན་བཟླས་ནས་སྟོད་སྨད་ཀྱི་གོས་དང་ཟེའུ་ཁ་བྱ། གཅིག་པ་སྒོ་སྲུངས་བཞི་བཟླས་པས་གདོང་གཡོགས་ཕྱག་འཚལ་བ་སོགས་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བར་བྱའོ། །རྣལ་འབྱོར་གྱི་སེམས་བསྐྱེད་བརྟན་བྱེད་མི་སྣང་། འཇུག་སྒོས་དབང་བསྐུར་ཏེ་རྡོར་སེམས་དང་འདྲ། འཇུག་པའི་དམ་རྒྱས་མེ་ཏོག་བཟུང་། བཛྲ་བཛྲ་ཧཱུཾ་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །སྒོ་བཞི་དང་ཡང་ཤར་ནས་འཇུག །མཧཱ་ར་ཏ་སོགས་བརྗོད། རྡོ་རྗེ་གསོར། ཁྲོས་པས་ཁྲོ་གཉེར་དང་འཛུམ་པ་དང་བཅས་པས་ཕྱག་བྱའོ། །འཇུག་རྒྱ་བཅིངས་ཏེ་སྐོར་བ་གསུམ་བྱས་ལ། འདོད་ཆགས་ནས། མལ་གྱི་བར་བརྗོད། རྡོ་རྗེའི་ཆུ་


JLD011_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་ལ། ཨ་བརྒྱ་བཟླས་ཏེ་དབབ་པའི་དམ་རྒྱ་བཅིངས་ནས། བཛྲ་ཨཱ་བེ་ཤ་ཨ་ཞེས་བརྒྱ་རྩ་བརྒྱད་བརྗོད། ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་མ་དྲལ་ལ་ཧཱུཾ་ལན་བརྒྱ་བརྗོད་ལ་དབབ། ཧཱུཾ་གིས་མེ་ཏོག་དོར། དེས་མགོ་ལ་འཆིང་བ་དང་དགྲོལ། ཧཱུཾ་མཛད་ཀྱི་ཕྱག་ཆེན་བཅིངས་ནས་བཅོམ་ལྡན་འདས་ལ་ཁྲོ་བོའི་ལྟ་བས་བལྟ། དེས་ཞལ་བསྟན་ནས་དངོས་གྲུབ་སྩལ་བ་དེ་སྲིད་དུ་བཟླས་པ་བྱ། དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བས་ཤིས་བརྗོད་ཀྱི་ཚུལ་དུ་སྙིང་གར་བཞག་ནས་མཚན་བརྒྱས་བསྟོད། ཁྲོ་བོའི་མཚོན་ཆ་སོགས་གསང་མཆོད་བཞིས་མཆོད། ཕྱག་ཆེན་དུ་བསམས་ལ། བཅོམ་ལྡན་འདས་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ལ། མེ་ཏོག་ལ་སོགས་པ་དང་དབང་བསྐུར་བ་རྣམས་ཀྱང་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནར་དམ་རྒྱས་གཟུངས་ཐག་བཟུང་ནས་མཧཱ་སུ་ཁ་སོགས་ཉེར་བཞི་བཟླ། བདག་ཉིད་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ལ། དམ་རྒྱས་རྣལ་འབྱོར་ཆེན་པོ་ལས་བཤད་པའི་གནས་སུ་རང་གི་ལུས་ལ་ཧཱུཾ་མཛད་སོགས་བཞག་ལ། དབང་སྟེགས་ཀྱི་སྟེང་དུ་དེའི་ཕྱག་ཆེན་གྱིས་གནས་པ་ལ་མེ་ཏོག་སོགས་ཀྱིས་མཆོད། མཆོད་ཡོན་བླངས་ཏེ་མཚན་བརྒྱས་བསྟོད། རྡོ་རྗེ་ཁུ་ཚུར་གྱིས་རྣམ་རྒྱལ་བུམ་པ་ལས་ཆུ་བླངས་ལ། ༀ་བཛྲ་ཨ་བྷི་ཥི་ཉྩ་ཧཱུཾ་དང་། དེས་བདག་ཉིད་དབང་བསྐུར་ཅིང་བཏུང་བར་ཡང་བྱའོ། །སངས་རྒྱས། རིན་པོ་ཆེ། པདྨ་། རྡོ་རྗེའི་འཕྲེང་བའི་དབང་


JLD011_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་ལྟར་བླང་། ལུགས་མའམ་བརྐོས་པའམ་བྱས་པའམ་བྲིས་པའི་དབུ་རྒྱན་སངས་རྒྱས་དང་རིན་པོ་ཆེ་དང་པདྨ་དང་རྡོ་རྗེའི་འཕྲེང་བ་དང་བཅས་པས་ཕྲེང་བ་དེ་བཅིངས་ལ། རེ་རེ་ཞིང་བཟླས་བརྗོད་བརྒྱ་རྩ་བྱ་ཞིང་། རྡོ་རྗེ་རིན་ཆེན་ཡང་བཟླས་ལ། དེས་བདག་ཉིད་དབང་བསྐུར་བ་དར་དཔྱངས་དང་བཅས་པ་བྱ་སྟེ། རྡོ་རྗེ་འབར་བ་དང་། བདག་པོ་དང་། མིང་དབང་བླང་། དངོས་གྲུབ་ཀྱི་བརྟུལ་ཞུགས་བླངས་ལ་ཕྱི་མཆོད་དང་། ཁྲོ་བོའི་མཚོན་ཆའི་ཕྱག་རྒྱ་རྣམས་ཀྱིས་མཆོད་པ་བདག་ལ་བྱས་ནས། དམ་ཚིག་གསུམ་བཟུང་། ལྷའི་བསྐྱེད་ཆོག་མི་སྣང་། བཅོམ་ལྡན་འདས་ལ་ཕྱག་བྱས་ནས་སྔགས་བཟླ། ཚིགས་བཅད་ལྔའི་རྗེས་གནང་དང་། གཟེངས་བསྟོད་དང་། ལུང་བསྟན་ཡང་བཅོམ་ལྡན་འདས་ལ་མནོས་ལ། ཡང་བདག་ལ་བྱིན་གྱིས་བརླབ་པ་སོགས་དང་། བཟླས་བརྗོད་བྱས་ནས། ཕྱག་བྱས་ལ། བདག་མིང་སོགས་བརྗོད་དོ། །སློབ་མ་གཞུག་པ་ནི་རང་གི་སྡོམ་པ་སྦྱིན་པར་འོས་པ་ལ་སྔར་བཤད་པའི་ཚུལ་གྱིས་དམ་ཚིག་འཛིན་དུ་གཞུག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ནས། རྡོ་རྗེ་ཧཱུཾ་མཛད་བྱིན་གྱིས་བརླབས་ལ། སྤོས་དང་མེ་ཏོག་ལ་སོགས་པས་མཆོད་དེ། ཡོན་གྱི་མཆོག་བླངས་ཏེ་ཤར་སྒོ་ལ་བལྟས་ནས་གནས་པའི་བུམ་པས་དབང་བསྐུར་ལ། བདག་ཉིད་འཇུག་པའི་ཆོ་གས་བཅུག་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །ཞེས་འགྲེལ་ཆེན་ལས་གསུངས་པའོ། །འགྲོ་འདུལ་དུ། རང་གཞན་འཇུག་ཚུལ་ནི། རས་དཀར་ལ་རྡོ་རྗེ་གནོད་སྦྱིན་བཟླས་


JLD011_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོད་སྨད་ཀྱི་གོས་དང་། རྟ་མགྲིན་སོགས་སྒོ་སྲུངས་བཞི་བཟླས་པའི་རས་དཀར་གྱིས་གདོང་གཡོགས་ནས། ཕྱག་སོགས་སྔོན་དུ་འགྲོ་བས་སྡོམ་པ་བླངས་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། རྡོ་རྗེ་པདྨ་རྡོ་རྗེ་ལྟེ་བ་ལྟ་བུའི་སྙིང་གར་པདྨའི་ཁུ་ཚུར་བཞག་ལ། འཇུག་སྒོས་སྔར་ལྟར་དབང་བསྐུར། རང་གི་དམ་རྒྱས་མེ་ཏོག་བླངས་ཏེ། བཛྲ་བཛྲ་ཧྲཱིཿ ནས་བྱའོ། །རྟ་མགྲིན། དོན་ཡོད་ཞགས་པ། པདྨའི་ལྕགས་སྒྲོག །དེའི་འབེབས་པས་དགུག་སོགས་བཞི་བྱས་ནས། ཤར་ནས་ཞུགས་ཨ་མཧཱ་སོགས་བརྗོད། སྒེག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། དྷྱ་མཾ་གྱི་བར་སྔར་ལྟར་ཏེ། ཁྱད་པར་ནི་ཚིགས་བཅད་བཞི་རྒྱ་སྐད་དུ་འདོན་པ་སྣང་། རྡོ་རྗེའི་ཆུ་འཐུང་ལ། ས་མ་ཡ་སྟྭཾ་གྱིས་སེམས་མ་རྡོ་རྗེ་མ་བཅིངས་ལ། ༀ་པདྨ་སྥོ་ཊ་སོགས་བརྗོད་དེ། སེམས་མ་རྡོ་རྗེའི་ཕྱག་རྒྱ་སྦྱར་ལ། ཨ་བརྒྱ་དང་། ཡང་ཧྲཱིཿ ཨ་བརྒྱ་བརྗོད་དོ། །མེ་ཏོག་དོར། བཅིང་། མིག་དབྱེ་བ་ཧྲཱིས་བྱ། དེ་ཟློས་ཤིང་ཤར་ནས་བཟུང་སྟེ་བལྟའོ། །འཇུག་རྒྱ་བཅིངས་ནས། ཏིཥྛ་བཛྲ་སོགས་བརྗོད་ཅིང་སྙིང་གར་དགྲོལ་ལོ། །འགྲོ་འདུལ་གྱི་ཕྱག་ཆེན་བཅིངས་ཏེ་བཅོམ་ལྡན་འདས་ལ་བལྟ་བ་ནས་བཏུང་བར་ཡང་བྱའོའི་བར་ཧཱུཾ་མཛད་བཞིན་ཏེ། ཁྱད་པར་ནི། རྡོ་རྗེའི་ལྟ་བས་བལྟ་བ་དང་། རྡོ་རྗེ་པདྨ་སོགས་གསང་མཆོད་བཞི་དང་། འགྲོ་འདུལ་གྱི་དམ་རྒྱས་གཟུངས་ཐག་བཟུང་


JLD011_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། དམ་རྒྱ་དེས་རྣལ་འབྱོར་ཆེན་པོ་ལས་གསུངས་པའི་གནས་རྣམས་སུ་འགྲོ་འདུལ་སོགས་དགོད་པ་དང་། དབང་སྟེགས་ཀྱི་སྟེང་དུ་འགྲོ་འདུལ་གྱི་ཕྱག་ཆེན་གྱིས་གནས་པ་དང་། པདྨའི་ཁུ་ཚུར་གྱིས་ཆུ་བླངས་ལ་ཥིཉྩའི་རྗེས་སུ་ཧྲཱིཿ ཞེས་བརྗོད་ལ་བསྐུར། འོད་དཔག་མེད་ཀྱི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ། ལུགས་མ་སོགས་ཀྱི་དབུ་རྒྱན་འོད་དཔག་མེད་ཀྱི་ཕྲེང་བ་དང་ལྡན་པས། རྡོ་རྗེ་རིན་པོ་ཆེ་དང་འོད་དཔག་མེད་ཀྱི་པདྨའི་ཕྲེང་བའི་སྔགས་བཟླས་ལ་དབང་བསྐུར་ཅིང་དར་དཔྱངས་བཅིང་ངོ་། །རྡོ་རྗེ་པདྨ་དང་པདྨའི་དྲིལ་བུ་བླངས་ལ་བདག་པོ་དང་མིང་དབང་བསྐུར་བརྟུལ་ཞུགས་ལ་རྡོ་རྗེ་པདྨ་མིན་པ་དྲིལ་བུ་མེད། ལེན་ལུགས་དཀྱིལ་ཆོག་ལྟར་རོ། །མེ་ཏོག་སོགས་ཕྱི་མཆོད་དང་། པདྨའི་མཚོན་ཆ་སོགས་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་མཆོད། དམ་ཚིག་གསུམ་བཟུང་བ་དཀྱིལ་ཆོག་ལྟར་ཏེ་བསྐྱེད་ཆོག་ནི་མི་སྣང་ངོ་། །བཅོམ་ལྡན་འདས་ལ་ཕྱག་བཞི་བྱས་ཏེ་སྙིང་པོ་བླང་། དེ་མན་ཆད་ཧཱུཾ་མཛད་ལྟར་རོ། །སློབ་མ་གཞུག་པ་ནི། སྡོམ་པ་དབབ་པར་འོས་པའི་སློབ་མ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་བཅུག་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ། དེའི་སྙིང་གར་དེ་བཞིན་དུ་པདྨ་བསྐྱེད་ལ། ད་འགྲོ་བ་འདུལ་བར་བྱིན་གྱིས་བརླབས་ནས། སྤོས་དང་མེ་ཏོག་ལ་སོགས་པས་མཆོད་དེ། ཡོན་གྱི་མཆོག་བླངས་ལ། སྒོ་ཕྱོགས་སུ་བལྟས་ནས་གནས་པའི་བུམ་པས་དབང་བསྐུར་ནས། བདག་ཉིད་འཇུག་པའི་ཆོ་གས་བཅུག་ལ། ཆོ་ག་ཐམས་


JLD011_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྗེས་སུ་སྤྱད་པར་བྱའོ། །ཞེས་པའོ། །ནམ་མཁའི་སྙིང་པོའི་རྣལ་འབྱོར་ཆེན་པོའི་བྱེད་ཚུལ་དེ་ཉིད་བསྡུས་པ་ལ་ཁ་འཕངས་སོ། །དེར་རང་གཞན་འཇུག་པ་ནི་སྟོད་སྨད་ཀྱི་གོས་དང་གདོང་རས་སེར་པོ་ལ་རྡོ་རྗེ་གནོད་སྦྱིན་དང་སྒོ་སྲུངས་བཞི་བཟླས་ཏེ་རིམ་པ་ལྟར་རོ། །ཕྱག་འཚལ་བ་ནས་སྡོམ་པ་བཟུང་བའི་བར་སྔར་ལྟར་རོ། རྡོ་རྗེ་རིན་པོ་ཆེ་སྙིང་གར་བསྐྱེད་ལ་སེམས་བསྐྱེད། འཇུག་སྒོས་དབང་བསྐུར། འཇུག་རྒྱས་མེ་ཏོག་བླངས་ལ། བཛྲ་བཛྲ་ཏྲཱཾ་ནས་བྱའོ། །སྒོ་སྲུངས་ནི། འཕགས་པ་སྐྱ་རེངས་དང་། རིན་པོ་ཆེའི་ཞགས་པ། ལྕགས་སྒྲོགའབེབས་པའི་སྙིང་པོ་བརྗོད་ནས་སྒོ་བཞི་དང་། ཡང་ཤར་ནས། དྷྱ་མཾ་གྱི་བར་སྔར་ལྟར་རོ། །རྣམ་པར་སྒེག་པ་ནས། ཆུ་འཐུང་བའི་བར་འགྲོ་འདུལ་ཇི་བཞིན་ནོ། །ཨ་བརྒྱ་བཟླ། གཡོན་རྡོ་རྗེ་ཁུ་ཚུར་གྱི་སྡིགས་མཛུབ་གཡས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབྱེ་ཞིང་ཨ་བརྒྱར་བཟླ། དོར་བཅིང་དགྲེལ་བ་ཏྲཱཾ་གིས་བྱ་ཞིང་། དེ་བཟླ་ཞིང་ཤར་ནས་བལྟའོ། །འཇུག་རྒྱ་དགྲོལ་སོགས་འདྲའོ། །དེ་ནས་བཏུང་བར་བྱའོའི་བར་འགྲོ་འདུལ་བཞིན་ཏེ། ཁྱད་པར་ནི། འགྲོ་འདུལ་གྱི་ཕྱག་ལེན་དང་དམ་རྒྱའི་གནས་སུ་ནམ་སྙིང་གཞུག །སྙིང་པོའི་གནས་སུ་ཏྲཱཾ་ཁུ་ཚུར་གྱི་གནས་སུ་རིན་ཆེན་ཁུ་ཚུར་ཏེ། རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ཏེ། ཞེས་སྣང་བ་མ་དག་པ་འདྲའོ། །རྣལ་འབྱོར་ཆེན་པོར་བཤད་པའི་གནས་རྣམས་སུ་ནམ་སྙིང་སོགས་བཞག་གོ །རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ། ལུགས་མ་སོགས་ཀྱི་ཅོད་པན་དར་དཔྱངས་དང་ལྡན་པ་ལ་ཏྲཱཾ་སོགས་བཟླས་པས་བདག་ཉིད་དབང་


JLD011_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། རྡོ་རྗེ་རིན་ཆེན། དེའི་དྲིལ་བུ་བླངས་ལ་བདག་པོ་དང་མིང་དབང་དང་། དངོས་གྲུབ་ཀྱི་རིན་པོ་ཆེའི་བརྟུལ་ཞུགས་བླངས་ལ། མེ་ཏོག་སོགས་ཕྱི་དང་། རིན་པོ་ཆེའི་མཚོན་ཆ་སོགས་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་མཆོད་ནས། དམ་ཚིག་གསུམ་བཟུང་བ་དཀྱིལ་ཆོག་ལྟར་ཏེ། བསྐྱེད་ཆོག་མི་སྣང་། ཕྱག་བྱ་བ་སོགས་སྔར་ལྟར་རོ། །སློབ་མ་གཞུག་པ་ནི། སྡོམ་པ་དབབ་པར་འོས་པའི་སློབ་མ་ལ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་གཞུག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་བྱའོ། །དེ་ནས་དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་རིན་ཆེན་བསྐྱེད་ལ། དེ་འཕགས་པ་ནམ་མཁའི་སྙིང་པོར་བྱིན་གྱིས་བརླབས་ཏེ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས། ཡོན་གྱི་མཆོག་བླངས་ཏེ། སྒོར་མངོན་པར་ཕྱོགས་ནས་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། རང་ཉིད་འཇུག་པའི་ཆོ་གས་བཅུག་སྟེ། ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་བཅིངས་ནས། རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་ཕྱེ་ལ་སྙིང་པོ་འདིས་དབབ་པར་བྱའོ། །ཏྲཱཾ་ཨ་ཨ་ཨ་ཨ་ཞེས་ལན་བརྒྱ་བཟླས་སོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་དཔྱད་དོ་ཞེས་པའོ། །འདིའི་གསང་མཆོད་བཞི་ནི། རིན་ཆེན་མཚོན་ཆ་སོགས་བཞིའོ། །རྡོ་རྗེ་ཁུ་ཚུར་གྱི་རྣལ་འབྱོར་ཆེན་པོ་བྱེད་ཚུལ་ཡང་དེ་ཉིད་བསྡུས་པ་ལ་ཁ་འཕངས་སོ། །དེར་འཇུག་པ་ནི་སྟོད་སྨད་ཀྱི་གོས་དང་གཡོགས་རས་དམར་པོ་ལ་རྡོ་རྗེ་གནོད་སྦྱིན་དང་ལྕགས་ཀྱུ་སོགས་བཟླས། ཕྱག་འཚལ་བ་ནས་རྡོ་རྗེའི་ཆུ་འཐུང་བའི་བར་སྔར་ལྟར་ཏེ། དམ་རྒྱ་དང་སྙིང་པོའི་གནས་སུ་ནི་ཁུ་ཚུར་གྱི་དམ་རྒྱ་


JLD011_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཨའོ། །སྙིང་གར་རྡོ་རྗེ་བསྐྱེད། སྒོ་སྲུངས་ཀྱི་སྔགས་ནི་བཛྲ་ཨཾ་ཀུ་ཤ་ཛཿ སོགས་སོ། །ཨ་བརྒྱར་བརྗོད་དེ་དབབ། ཡང་གཡོན་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་མ་ཕྱེ་ལ་བདག་ཉིད་ལ་དབབ་སྟེ་ཨ་བརྒྱ་བརྗོད་དོ། དོར་བཅིང་དགྲོལ་ཤར་ནས་བལྟ་བ་རྣམས་རང་གི་སྙིང་པོས་སོ། །རང་གི་དམ་རྒྱ་སྙིང་གར་དགྲོལ་བ་ནས། །བཏུང་བར་བྱ་བའི་བར་འགྲོ་འདུལ་བཞིན་ཏེ། གསང་མཆོད་བཞི་ནི་རྡོ་རྗེ་མཚོན་ཆ་སོགས་སོ། སངས་རྒྱས་ལྔའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ། ལུགས་མ་སོགས་ཀྱི་དབུ་རྒྱན་གྱིས་སྔ་མ་བཞིན་དུ་དབང་བསྐུར། དང་པོའི་རྡོར་དྲིལ་བླངས་ལ་བདག་པོ་དང་མིང་དབང་བསྐུར། མིང་དབང་གི་མཐར་ཚིགས་བཅད་བརྗོད། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླངས་ལ་ཕྱི་དང་རྡོ་རྗེ་མཚོན་ཆ་སོགས་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་མཆོད།དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་པ་ཙམ་ལས་མི་སྣང་ནའང་དབུས་མ་བཞིན་ཐོབ་བོ། །ཕྱག་བྱས་ནས་སྙིང་པོ་བཟླས་པ་སོགས། སྔར་ལྟར་ཏེ་གནང་བ་ནོད་པ་ན་རྡོ་རྗེ་སློབ་དཔོན་ཞེས་བྱའོ། །སློབ་མ་གཞུག་པ་ནི། སྡོམ་པ་དབབ་པར་འོས་པའི་སློབ་མ་སྔར་བཤད་པའི་ཆོ་གས་སྡོམ་པ་འཛིན་དུ་གཞུག་པར་བྱ་ཞིང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་གཞུག་པར་བྱའོ། །དེ་ནས་དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་


JLD011_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱིན་གྱིས་བརླབས་ཏེ། སྤོས་དང་མེ་ཏོག་ལ་སོགས་པས་མཆོད་ནས། ཡོན་གྱི་མཆོག་བླངས་ལ། སྒོར་བལྟས་ནས་གནས་པའི་བུམ་པའི་ཆུས་དབང་བསྐུར་ནས་རང་གི་འཇུག་པའི་ཆོ་གས་བཅུག་ཅིང་དབབ་པར་བྱས་ལ། ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པས་རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ཏེ། ཨ་ལྔ་ལན་བརྒྱ་བརྗོད་ལ་དབབ་པར་བྱའོ། །ཞེས་པའོ། །འཇམ་དཔལ་གྱི་རྣལ་འབྱོར་ཆེན་པོ་བྱེད་ཚུལ་ནི། རྡོར་སེམས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ་ཞེས་གསུངས་སོ། །དེར་འཇུག་པ་ནི། ཆས་འཇུག་ཁུ་ཚུར་ལྟར་རོ། །ཕྱག་འཚལ་བ་ནས་གཟུངས་ཐག་ལ་ཉེར་གཅིག་བཟླས་པའི་བར་རྣམས་ཀྱང་ཁུ་ཚུར་དང་འདྲ་བ་ལས། ཁྱད་པར་ནི། མེ་ཏོག་བཟུང་བ་དང་སྙིང་གར་དགྲོལ་བའི་ཕྱག་རྒྱ་ནི་གླེགས་བམ་དང་རལ་གྲིའི་ཕྱག་རྒྱའོ། །དེ་སྲིད་ཀྱི་བར་དུ་བཟླས་པ་ལ་ཨ་རྐྱང་ངམ་ཨ་ར་པ་ཙ་ན་བཟླའོ། །རྣལ་འབྱོར་ཆེན་པོ་དགོད་པ་ལ། བདག་ཉིད་འཇམ་པའི་དབྱངས་སུ་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་གསུངས་པའི་གནས་རྣམས་སུ་བཅོམ་ལྡན་འདས་རང་གི་གནས་སུ་བཀོད་ལ། རྡོ་རྗེ་ཁུ་ཚུར་དང་། ཧཱུཾ་གིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའང་རང་གི་ལུས་ལ་རང་གི་གནས་སུ་བཀོད་དོ་ཞེས་གསུངས་སོ། །གཟུངས་ཐག་ལ་འཛིན་པ་ནི་འཇམ་དཔལ་གྱི་དམ་རྒྱའོ། །མེ་ཏོག་སོགས་ཀྱིས་མཆོད་པ་ནས་བཏུང་བར་བྱའོའི་བར་ཡང་ཁུ་ཚུར་དང་འདྲའོ། །སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབང་


JLD011_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བའི་ཕྱག་རྒྱས་དབང་བསྐུར། ལུགས་མ་ནས་བྲིས་པའི་དབུ་རྒྱན་སངས་རྒྱས་ལྔའི་དབུ་རྒྱན་དང་ཅོད་པན་གྱི་དབང་བསྐུར། ཅོད་པན་ཞེས་པ་དར་དཔྱངས་སུ་མངོན་ནོ། །རྡོ་རྗེ་རལ་གྲི་དང་རྡོ་རྗེ་དྲིལ་བུ་བླངས་ལ། ཨ་ཞེས་ཟློས་ཤིང་བདག་པོ་དང་མིང་དབང་བསྐུར། མིང་གི་རྗེས་སུ་ཚིགས་བཅད་གདོན། དངོས་གྲུབ་ནས་མཆོད་པའི་བར་ཁུ་ཚུར་བཞིན་ནོ། །དམ་ཚིག་གསུམ་བཟུང་བ་རྡོར་སེམས་ལྟར་ཏེ། དང་པོ་ནི། རྡོ་རྗེ་རལ་གྲིའོ། །ཕྱག་བྱ་བ་སོགས་ཀྱང་ཁུ་ཚུར་ལྟར་རོ། །སློབ་མ་གཞུག་པ་ནི། སྡོམ་པ་དབབ་པར་འོས་པའི་སློབ་མ་ལ་སྔར་བཤད་པའི་ཚུལ་གྱིས་དམ་ཚིག་འཛིན་དུ་གཞུག་ཅིང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱེད་དུ་གཞུག་གོ །དེ་ནས་དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ལ། དེ་མེ་ཏོག་ལ་སོགས་པས་མཆོད་དེ། ཡོན་གྱི་མཆོག་བླངས་ནས། སྒོ་ལ་བལྟས་ནས་གནས་པའི་བུམ་ཆུས་དབང་བསྐུར་ལ་བདག་ཉིད་འཇུག་པའི་ཆོ་གས་བཅུག་སྟེ། ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་རྡོ་རྗེ་དྲིལ་བུ་དང་བཅས་པས། རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ལ། ཨ་ཨཿ ཨཿ ཨཿ ཨཿ ཞེས་བྱ་བ་སྟེ་ཚེག་དྲག་མེད་པའི་ཨ་དང་པོ་དང་ཚེག་དྲག་དང་བཅས་པའི་ཨ་བཞི་ལན་བརྒྱ་བཟླས་ལ་དབབ་བར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །ཞེས་པའོ། །རྡོ་རྗེ་རྒྱུའི་དཀྱིལ་འཁོར་དུ་འཇུག་པ་ནི། ཆས་འཇུག་ནས། སྤྱན་སྔར་འདུག་སྟེ་ཞེས་པའི་བར་ཁུ་ཚུར་དང་འདྲ་སྟེ། ཁྱད་པར་ནི། སྙིང་པོ་ཧཱུཾ་དང་། མེ་ཏོག་ཕྲེང་བ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་བཟུང་


JLD011_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །འདོད་ཆགས་ཆེན་པོ་བོད་སྐད་དུ་བསྒྱུར་བ་གདོན། དེ་ནས་ཆུ་འཐུང་བའི་བར་ཡང་འདྲ་ལ། ཨ་བརྒྱ་བཟླས་ལ་དབབ། ཡང་གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་མ་ཕྱེ་ལ། དེ་བཞིན་དུ་ཨ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །མེ་ཏོག་དོར་བ་ནས་བཏུང་བར་བྱའོའི་བར་ཡང་ཁུ་ཚུར་དང་འདྲ་སྟེ། ཁྱད་པར་ནི། ཨའི་གནས་སུ་ཧཱུཾ་དང་། ཁུ་ཚུར་གྱི་དམ་རྒྱའི་གནས་སུ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱའོ། །བཟླས་བརྗོད་བྱ་བ་ནི་ཧཱུཾ་དང་། ཕྱག་ཆེན་ནི་རྡོ་རྗེ་རྒྱུའིའོ། །སངས་རྒྱས་ལྔའི་དབུ་རྒྱན་གྱི་ཕྱག་རྒྱས་དབང་བསྐུར། ལུགས་མ་སོགས་ཀྱི་སངས་རྒྱས་ལྔའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་བསྐུར། རྡོ་རྗེ་འཁོར་ལོ་དྲིལ་བུ་དང་བཅས་པ་ཧཱུཾ་ཞེས་བྱ་བས་བླངས་ལ། ཧཱུཾ་ཟློས་ཤིང་བདག་པོ་དང་མིང་དབང་བསྐུར། དངོས་གྲུབ་ཀྱི་འཁོར་ལོའི་བརྟུལ་ཞུགས་བླངས་ལ། མཆོད་པ་གཉིས་ཀྱིས་མཆོད་པ་ནི་ཁུ་ཚུར་ལྟར་རོ། །རྡོ་རྗེ་འཁོར་ལོ་སོགས་དམ་ཚིག་གསུམ་བཟུང་བའི་ཚིག་རྡོར་སེམས་ལྟར་རོ། །ཕྱག་བྱ་བ་སོགས་ཀྱང་ཁུ་ཚུར་ལྟར་རོ། །སློབ་མ་གཞུག་པ་ནི། སྡོམ་པ་དབབ་པར་འོས་པའི་སློབ་མ་ལ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་གཞུག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པ་དག་བྱས་ལ། དེའི་སྙིང་གར་རྡོ་རྗེ་དེ་བཞིན་དུ་བསྐྱེད་ནས། རྡོ་རྗེ་འཁོར་ལོར་བྱིན་གྱིས་བརླབས་ཏེ། སྤོས་དང་མེ་ཏོག་ལ་སོགས་པས་མཆོད་ལ། ཡོན་གྱི་མཆོག་བླངས་ནས། ཤར་ཕྱོགས་ཀྱི་སྒོ་ལ་བལྟས་ནས། ཕྱི་རོལ་ན་གནས་པའི་ཆུས་དབང་བསྐུར་ལ། བདག་ཉིད་འཇུག་པའི་ཆོ་གས་བཅུག་ལ། ཡང་རྡོ་རྗེ་དབབ་


JLD011_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པས། རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ལ། ཧཱུཾ་ཨཿ ཨཿ ཨཿ ཨཿ ཞེས་ལན་བརྒྱ་རྩ་བརྒྱད་བཟླས་ན་འབབ་པར་འགྱུར་རོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །ཞེས་པའོ། །ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་དུ་འཇུག་པ་ནི། ཆས་འཇུག་ནས་བཏུང་བར་ཡང་བྱའོའི་བར་ཁུ་ཚུར་དང་འདྲ་བ་ལས། ཁུ་ཚུར་གྱི་སྙིང་པོ་དང་དམ་རྒྱའི་གནས་སུ་ༀ་དང་འདིའི་དམ་རྒྱའོ། །འདོད་ཆགས་ཆེན་པོ་སོགས་རྒྱ་སྐད་དུ་སྣང་། བཟླས་བརྗོད་བྱ་བ་དང་རང་གི་དམ་རྒྱས་རྣལ་འབྱོར་ཆེན་པོ་དགོད་པ་ནི་ༀ་མོ། སངས་རྒྱས་ལྔའི་དབུ་རྒྱན་དང་། སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཕྱག་རྒྱས་དབང་བླང་། ལུགས་མ་སོགས་ཀྱི་སངས་རྒྱས་ལྔའི་དབུ་རྒྱན་དང་། སྣ་ཚོགས་རྡོ་རྗེའི་ཕྲེང་བའི་དབང་བསྐུར། སྣ་ཚོགས་རྡོ་རྗེ་སྣ་ཚོགས་དྲིལ་བུ་དང་བཅས་པ་བླངས་ལ། ༀ་ཟློས་ཤིང་བདག་པོ་དང་མིང་དབང་བསྐུར། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་མཆོད་པ་གཉིས་རྣམས་ཁུ་ཚུར་བཞིན། དམ་ཚིག་གསུམ་བཟུང་བ་རྡོར་སེམས་ལྟར་རོ། །ཕྱག་བྱ་བ་སོགས་ཁུ་ཚུར་ལྟར་རོ། །སློབ་མ་གཞུག་པ་ནི། སྡོམ་པ་དབབ་པར་འོས་པའི་སློབ་མ་ལ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་འཇུག་པར་བྱའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་དེ། །དེ་ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས་ནས། དྲི་དང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། ཡོན་གྱི་མཆོག་ཡང་དག་པར་བླངས་ཏེ། རང་གི་འཇུག་པའི་ཆོ་


JLD011_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གས་གཞུག་པ་དང་དབབ་པ་བྱའོ། །དེ་ནས་ཡང་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་དང་། རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ལ། ༀ་ཨཿ ཨཿ ཨཿ ཨཿ ཞེས་བྱ་བ་ལན་བརྒྱ་བཟླས་ལ་དབབ་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །ཞེས་པའོ། །རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་དུ་འཇུག་པ་ནི། ཆས་འཇུག་ནས་བཏུང་བར་བྱའོའི་བར། ཁུ་ཚུར་དང་འདྲ་བ་ལས། ཁྱད་པར་ནི་ཆས་གོས་སྔོན་པོར་བྱ། སྙིང་པོ་ནི་ཧ་དང་། དམ་རྒྱ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱའོ། །འདོད་ཆགས་ཆེན་པོ་སོགས་ལ། མ་ཧཱ་རྭ་ག་མཧཱ་སཱཽ་ཁྱ་མཧཱ་བཛྲ་མཧཱ་དྷཱ། མཧཱ་ཛྙ་ན་མཧཱ་ཀརྨ། བཛྲ་ས་ཏྭ་ཨཱདྱ་སིདྷྱ་མཾ། ཞེས་རྒྱ་སྐད་དུ་འདོན་པ་སྣང་། རྡོ་རྗེའི་ལྟ་བས་བལྟ་བ་དང་ཁྲོ་བོའི་ལྟ་བས་བལྟའོ། །རྣལ་འབྱོར་ཆེན་པོ་དགོད་པ་ན། རང་གི་དམ་རྒྱ་ཧས་དགོད། བཟླས་བརྗོད་ཀྱང་ཧས་བྱ། སངས་རྒྱས་ལྔའི་དབུ་རྒྱན་དང་རྡོ་རྗེ་ཕྲེང་བའི་ཕྱག་རྒྱས་དབང་བསྐུར། ལུགས་མ་སོགས་བཞིའི་སངས་རྒྱས་ལྔའི་དབུ་རྒྱན་དང་རྡོ་རྗེ་ཕྲེང་བ་དང་དར་དཔྱངས་ཀྱི་དབང་བླང་། རྡོ་རྗེ་མཆེ་བ་དང་རྡོ་རྗེ་དྲིལ་བུ་ཧ་ཞེས་བྱ་བས་བླང་། ཧ་ཟློས་ཤིང་བདག་པོ་དང་མིང་དབང་བླང་། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་དང་མཆོད་པ་གཉིས་ཀྱང་ཁུ་ཚུར་བཞིན་ནོ། །རྡོར་དྲིལ་གྱི་དམ་ཚིག་གསུམ་བཟུང་བ་རྡོར་སེམས་ལྟར་རོ། །ཕྱག་བྱ་བ་སོགས་ཀྱང་ཁུ་ཚུར་ལྟར་རོ། །སློབ་མ་གཞུག་པ་ནི། སྡོམ་པ་དབབ་པར་འོས་པའི་སློབ་མ་ལ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་གཞུག་པར་བྱའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་


JLD011_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དེ་རྡོ་རྗེ་གནོད་སྦྱིན་དུ་བྱིན་གྱིས་བརླབས་ནས། དྲི་དང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། ཡོན་གྱི་མཆོག་ཡང་དག་པར་བླངས་ཏེ། རང་གི་འཇུག་པའི་ཆོ་གས་གཞུག་པ་དང་དབབ་པར་བྱའོ། །དེ་ནས་ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་དང་རྐང་པ་གཡོན་པས་དེའི་རྐང་པ་གཡས་མནན་ལ། ཧ་ཨཿ ཨཿ ཨཿ ཨཿ ཞེས་བྱ་བ་ལན་བརྒྱ་བཟླས་ལ་དབབ་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱ་ཞེས་པའོ། །དཀྱིལ་འཁོར་དགུ་པོ་ཐམས་ཅད་ལའང་། བྲིས་ནས་བསྒྲུབ་པའི་སྐབས་སུ་ཡེ་ཤེས་པ་གསང་བའི་ལྕགས་ཀྱུའི་ཕྱག་རྒྱ་དང་། རང་རང་གི་སྙིང་པོས་དམ་ཚིག་གི་དཀྱིལ་འཁོར་ལ་འཇུག་གི་སྒོ་བ་བཞིས་བྱེད་པ་མི་སྣང་། དམ་རྒྱས་སྒྲུབ་པ་ལན་ཅིག་གིས་བྱེད་པ་འདྲ་བ་ཞིག་སྣང་། ཆོས་རྒྱ་ལ་ཕྱག་རྒྱ་འཆིང་བ་མ་བཤད། ལས་དང་ཕྱག་ཆེན་ལ་སྙིང་པོ་བརྗོད་ཅིང་ཕྱག་རྒྱ་སོ་སོར་འཆིང་ངོ་། །སྔགས་ཉེར་གཅིག་ཟློ་བ་ནི་རྣམ་རྒྱལ་ཁོ་ན་ལ་བྱས་ནས་ཆུ་དབང་བསྐུར་བ་ལན་ཅིག་ལས་མི་གསལ་ལོ། །དབང་སྟེགས་ཐམས་ཅད་ལ་རང་གི་དཀྱིལ་འཁོར་དང་འདྲ་བར་བྲིས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་བཤད། རྡོར་སེམས་ལ་དབུས་ཀྱི་མཚན་མ་དང་པོའི་རྡོ་རྗེ་དམར་པོ་འབྲི་བར་བཤད་དོ། །གཞན་ལ་བཤད་པ་མི་སྣང་ངོ་། །ཧཱུཾ་མཛད་ལ་སྣ་ཚོགས་པདྨའི་སྟེང་དུ་དབང་ཕྱུག་ཆུང་མ་དང་བཅས་པ་དང་། རྡོ་རྗེ་གནོད་སྦྱིན་ལ་པདྨའི་སྟེང་དུ་འབར་བའི་དཀྱིལ་འཁོར་དང་། ནམ་སྙིང་ལ་རྟ་བདུན་གྱི་ཤིང་རྟའི་སྟེང་དུ་སྣ་ཚོགས་པདྨ་འབྲི་བར་བཤད། དཀྱིལ་འཁོར་གྱི་ཚད་ནི། རྡོར་སེམས་ལ་ནང་མའི་


JLD011_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ཚད་ཀྱི་དཀྱིལ་འཁོར་བྲི་ཞིང་སྒོ་གཅིག་ནུབ་ཏུ་བསྟན་པ་འདྲི་བར་བཤད་ནས་གཞན་ལ་མེད་དེ་མཚོན་པ་འདྲའོ། །ཞི་བ་མདུང་གི་དཀྱིལ་འཁོར་ལ་འཇུག་པ་ནི། སྟོད་སྨད་ཀྱི་གོས་དང་གཡོགས་རས་དཀར་པོ་ལ་རྡོ་རྗེ་གནོད་སྦྱིན་དང་ཏྲི་བཟླས་སོ། ཏྲི་བཟླས་པའི་ཐལ་བ་གཙང་མས་ལུས་ལ་བྱུག །ཕྱག་བྱས་ནས་སེམས་བསྐྱེད་ལ། སྙིང་གར་རྡོ་རྗེ་བསམ། ཤར་སྒོར་བལྟས་ནས་འཇུག་སྒོའི་བུམ་པས་དབང་བསྐུར། རྩེ་གསུམ་པའི་དམ་རྒྱས་མེ་ཏོག་གི་ཕྲེང་བ་བཟུང་ལ་བཛྲ་བཛྲ་ཏྲི་བརྗོད་ཅིང་འཇུག་པར་བྱའོ། །ཀྱེ་དྲག་པོ་སོགས་བརྗོད་དོ། །ཕྱག་བྱས་ལ་དཀྱིལ་འཁོར་ལན་གསུམ་བསྐོར་ནས་དབང་ཕྱུག་གི་མདུན་དུ་འདུག་སྟེ། ཛ་ནས་མམ་གྱི་བར་བརྗོད། རྡོ་རྗེའི་ཆུ་འཐུང་ལ་ཨ་བརྒྱ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། ཡང་གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་སེམས་མ་ཕྱེ་ལ། ཨ་དེ་བཞིན་དུ་ཟློས་ཤིང་བདག་ཉིད་ལ་དབབ་བོ། །དོར་བཅིང་དགྲོལ་བ་དང་ཤར་ནས་བལྟ་བ་ན་ཏྲི་བཟླ། རྩེ་གསུམ་གྱི་དམ་རྒྱ་ཏིཥྛ་སོགས་བརྗོད་ཅིང་སྙིང་གར་དགྲོལ། རྡོ་རྗེ་དབང་ཕྱུག་གི་ཕྱག་ཆེན་བཅིངས་ལ་རྡོ་རྗེའི་ལྟ་བས་དེ་ལ་བལྟ་ཞིང་། ཇི་སྲིད་དུ་དབང་ཕྱུག་གིས་མཐོང་བ་བྱིན་ནས་རང་གི་དངོས་གྲུབ་སྟེར་བ་དེ་སྲིད་དུ་ཏྲི་བཟླ། རྡོ་རྗེའི་དབང་ཕྱུག་ལ་རྡོ་རྗེའི་ལྟ་བས་བལྟས་ལ། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ཏེ། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་བར་བྱའོ། །དེ་ལ་ཞི་བ་མདུང་གིས་མཚན་པས་བཟུང་བའི་མདུང་རྩེ་གསུམ་པ་དང་། མེ་ཏོག་གི་ཡལ་ག་ལས་རྣམ་རྒྱལ་བུམ་པ་ལ་སྔར་བཤད་པའི་བུམ་པའི་སྔགས་དེ་བཞིན་དུ་ཡོངས་སུ་བཟླས་ཏེ། བདག་ཉིད་དབང་


JLD011_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཏུ་བྱིན་གྱིས་བརླབས་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་སྣ་ཚོགས་པདྨ་བྲིས་པའི་སྟེང་དུ་དབང་ཕྱུག་གི་ཕྱག་ཆེན་གྱིས་འདུག་སྟེ། མེ་ཏོག་སོགས་ཀྱིས་བདག་ཉིད་མཆོད། མཆོད་ཡོན་བླངས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་རྣམ་རྒྱལ་བུམ་པ་ལས་ཆུ་བླངས་ལ། ༀ་བཛྲ་ཨ་བྷིཥིཉྩཏྲི་ཟློས་ཤིང་དབང་བསྐུར་ལ་ཆུ་བཏུང་བར་ཡང་བྱའོ། །དབང་བསྐུར་བའི་ཕྱག་རྒྱས་རིན་པོ་ཆེའི་ཅོད་པན་དར་དཔྱངས་ཀྱི་དབང་བསྐུར་རོ། །ཏྲི་ཞེས་བྱ་བས་མདུང་རྩེ་གསུམ་དྲིལ་བུ་དང་བཅས་པ་བླངས། ཏྲི་ཟློས་ཤིང་བདག་པོ་དང་མིང་དབང་བླང་། དམ་ཚིག་གསུམ་བརྟུལ་ཞུགས་དཀྱིལ་ཆོག་ལྟར་བླངས་ཏེ་བསྐྱེད་ཆོག་གཉིས་དང་བརྟུལ་ཞུགས་ལ་མདུང་རྩེ་གསུམ་པའི་གསལ་ཁ་མི་སྣང་ངོ་། །མེ་ཏོག་ལ་སོགས་དང་རང་གི་ལས་ཀྱི་ཕྱག་རྒྱས་ཀྱང་མཆོད་ལ། དབང་བསྐུར་བ་བླངས་ཏེ། དབང་ཕྱུག་ལ་བྱས་ལ། ཏྲི་ཞེས་བྱ་བ་བཟུང་ནས། ཡང་བདག་ལ་བྱིན་གྱིས་བརླབ་པ་སོགས་བྱས་ཏེ། རང་གི་མིང་བརྗོད་ཅིང་དཀྱིལ་འཁོར་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་སྤྱན་འདྲེན་པའི་སྔགས་རྒྱས་དབང་ཕྱུག་འཁོར་བཅས་བཀུག་ནས། གནོད་སྦྱིན་གྱིས་བགེགས་བསལ་བ་ནས། སྲུང་བས་གོ་བསྐོན། ཏྲིས་མཆོད་ཡོན་ཕུལ་ཏེ། ཕྱག་རྒྱ་བཞིས་རྒྱས་གདབ། ཅོད་པན་གྱི་དབང་བསྐུར། ཏྲིས་མཆོད་ཡོན་དང་ཉེར་སྤྱོད་ལྔ་དང་ཕྱག་རྒྱས་མཆོད་ལ། སློབ་མ་གཞུག་པའི་ཕྱིར་རྗེས་སུ་གནང་བ་མནོས་ནས་སློབ་མ་གཞུག་པར་བྱའོ། །རྣམ་རྒྱལ་བུམ་པ་ལ་བཟླ་བའི་སྔགས་ལ་ཏྲི་བརྒྱ་རྩ་དང་། མཧཱ་སུ་ཁ་སོགས་ཉེར་གཅིག་བགྲང་བ་གཉིས་ལ་བསྙེག་པ་ཡོད་ཀྱང་ཕྱི་མར་


JLD011_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ནོ། །མ་མོའི་དཀྱིལ་འཁོར་དུ་འཇུག་པ་ནི། ཆས་འཇུག་ནས་ལན་གསུམ་བསྐོར་བའི་བར་ཞི་མདུང་དང་འདྲ་བ་ལས་ཁྱད་པར་ནི། ཆས་གོས་སྔོན་པོ་དང་། ཏྲི་དང་རྩེ་གསུམ་གྱི་དམ་རྒྱའི་གནས་སུ། བྷྱོ་དང་ཞི་བའི་ཕོ་ཉ་མོའི་ཕྱག་རྒྱའོ། །གཡས་དང་གཡོན་གྱི་ནག་པོ་ཆེན་པོ་ལ་ཕྱག་བྱས་ནས། དེ་ཉིད་ཀྱི་མདུན་དུ་འཇུག་པ་ལ་ཛ་སོགས་སྔར་ལྟར་རོ། །རྡོ་རྗེའི་ཆུ་ནས་བཏུང་བར་བྱ་བའི་བར་ཞི་མདུང་དང་འདྲ་བ་ལས། སྙིང་པོ་དང་འཇུག་རྒྱ་དང་ཕྱག་ཆེན་རྣམས་རང་གི་ཡིན་ལ། ལྟ་ལུགས་ཁྲོ་བོའི་ལྟ་བ་དང་། ལྟ་ཡུལ་ནག་ཆེན་དང་། མདུང་རྩེ་གསུམ་པའི་གནས་སུ་ཁ་ཊྭཱཾ་གའོ། །རིན་པོ་ཆེའི་ཅོད་པན་དང་། ཐོད་པའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར། བྷྱོ་ཞེས་བྱ་བས་ཁ་ཊྭཱཾ་ག་དང་ཁ་ཊྭཱཾ་ག་དྲིལ་བུ་དང་བཅས་པ་བླངས་ནས། བྷྱོ་ཟློས་ཤིང་མིང་དབང་བསྐུར་བ་བླང་ཞིང་། བདག་པོའི་དབང་བསྐུར་བའང་ཁ་ཊྭཱཾ་ག་དེ་ཉིད་གཟུང་བར་བྱའོ། །དམ་ཚིག་གསུམ་བཟུང་བ་དཀྱིལ་ཆོག་ལྟར་རོ། །མེ་ཏོག་སོགས་དང་རང་གི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་ལ་རྗེས་གནང་དང་དབང་བསྐུར་བ་བླངས་ལ། ནག་ཆེན་ལ་ཕྱག་བྱས་ཏེ། བྷྱོ་དང་རང་གི་ལྷའི་ཕྱག་རྒྱ་བཞི་བླང་ངོ་། །བྷྱོ་ཁ་ཟློས་ཤིང་མ་མོའི་ཚོགས་དང་བཅས་པའི་ནག་ཆེན་ལ་གཏོར་མ་བྱིན་ལ་ཁྲག་གི་ཐིགས་པ་ལན་བརྒྱད་མྱང་བར་བྱའོ། །ནག་ཆེན་གྱི་མདུན་དུ་འདུག་སྟེ། ཐོད་པ་ནག་པོ་བླངས་ལ། མཐེ་བོང་དང་སྲིན་ལག་གཉིས་དང་། ཧ་ཧ་ཟློས་ན་སྐད་ཅིག་དེ་ཉིད་ལ་མཁའ་ལ་འགྲོའོ། །ཡང་བདག་ལ་བྱིན་གྱིས་བརླབ་པ་སོགས་བྱས་ལ་བདག་གི་མིང་ནས་བརྗོད་དོ། །དཀྱིལ་འཁོར་རྡོ་རྗེར་བསྒྲུབ་པར་


JLD011_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བྷྱོ་བྷྱོ་ཟློས་ཤིང་དཀྱིལ་འཁོར་མེ་ཏོག་སོགས་ཀྱིས་མཆོད་ལ་གར་བྱས་ཏེ། ཁ་ཊྭཱཾ་གའི་ལྕགས་ཀྱུས་མ་མོའི་ཚོགས་དང་བཅས་པའི་ནག་ཆེན་ཨ་ར་ལླི་བྷྱོ་བྷྱོའི་སྙིང་པོ་དང་དགུག་པར་བྱའོ། །མ་མོ་ཐམས་ཅད་འདུས་ནས་ཅེ་སྤྱང་གི་སྒྲ་སྒྲོག་པར་འགྱུར་རོ། །མཁའ་འགྲོའི་ཚོགས་རྣམས་ཀྱང་འདུ་བར་འགྱུར་རོ། །ནག་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ལས་མཛུབ་མོ་ལྕགས་ཀྱུར་བྱ་བ་ནི་ཁ་ཊྭཱཾ་གའི་ལྕགས་ཀྱུའོ། །རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ནས། སྲུང་བས་གོ་བསྐོན། བྷྱོས་མ་མོའི་ཚོགས་དང་བཅས་པའི་ནག་ཆེན་ལ་མཆོད་ཡོན་བྱིན་ཏེ། ཕྱག་རྒྱ་བཞིས་རྒྱས་གདབ། རྡོ་རྗེ་རིན་ཆེན་དང་ཐོད་པའི་ཕྱག་རྒྱས་ནག་ཆེན་འཁོར་བཅས་ལ་དབང་བསྐུར། བྷྱོས་ནག་ཆེན་སོགས་ལ་མཆོད་ཡོན་བྱིན། མཆོད་པ་ལྔ་དང་ལས་ཀྱི་རྒྱ་དང་གར་གྱིས་ཀྱང་མཆོད་ལ། ཞི་བའི་ཕོ་ཉ་མོའི་ཕྱག་རྒྱ་བཅིངས་ལ། བྷྱོའི་སྒྲ་དཀྱིལ་འཁོར་ལས་ཐོས་པ་དེ་སྲིད་དུ་བཟླའོ། །སློབ་མ་གཞུག་པ་ནི། དེ་ལག་ན་མེ་ཏོག་ཐོགས་པ་རས་ཀྱིས་མིག་བཀབ་ལ། ནག་ཆེན་གྱི་དམ་རྒྱས་སློབ་དཔོན་འཇུག་པའི་ཆོ་ག་བཞིན་དུ་འཇུག་གོ །ཞུགས་པ་དང་། སློབ་མ་ལ་ཁྱོད་ལ་འཇིགས་པ་མེད་དམ་ཞེས་བསྒོའོ། །དེས་ཀྱང་མེད་དོ་ཞེས་བརྗོད་དོ། །སློབ་དཔོན་གྱིས་དེའི་རྣ་བར་བྷྱ་བྷྱོའི་སྒྲ་ཆེན་པོ་བསྒྲག་པར་བྱའོ། །དེ་དང་བཅིང་དགྲོལ་སྒོ་སྲུངས་ནས་ལྟ་བ་ན་བྷྱོ་བཟླའོ། །ནག་ཆེན་གྱི་དམ་རྒྱ་བཅིངས་ཏེ་སྙིང་གར་དགྲོལ། ནག་ཆེན་གྱི་གཟུགས་ལ་སོགས་པར་བྱིན་གྱིས་བརླབས་ཏེ། ཡོན་བླངས་ལ་བདུག་སྤོས་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་མཆོད་དེ། ཇི་ལྟ་བ་བཞིན་དབང་བསྐུར་བར་བྱའོ། །ཕྱུགས་ཆེན་པོ་ནས་ཁེངས་


JLD011_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་བར་དཀྱིལ་ཆོག་བཞིན། དེ་བླངས་ལ་སློབ་མ་དམ་པ་དང་ནག་ཆེན་མ་མོའི་ཚོགས་བཅས་ལ་དེ་བྱིན་ལ། བྷྱོ་བྷྱོ་ཞེས་གཉིས་བཟླས་ལ་དེ་ཉིད་ཟློས་ཤིང་བྱིན་ལ། སློབ་དཔོན་སོགས་སློབ་མའི་ཚོགས་ཐམས་ཅད་ཀྱིས་གཟུགས་བརྙན་དེ་བཟའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་པའི་གྲུབ་མཐའ་ལ་ནི་སྲོག་གཅོད་མ་གནང་སྟེ། ངུ་འབོད་སོགས་དམྱལ་བ་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་བག་ཟན་གྱི་གཟུགས་བྱའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ནས་བརྩམས་ཏེ་སློབ་མ་རྣམས་མཁའ་འགྲོ་མ་རྣམས་ཀྱིས་མི་གསོད་པར་འགྱུར་རོ། །མི་ཁྲག་གི་ཐིགས་པ་གཉིས་བླངས་ལ་གང་ཞིག་ཟ་བ་དེ་རིང་པོར་མི་ཐོགས་པར་རྣལ་འབྱོར་འགྲུབ་པར་འགྱུར་རོ། །ཡོངས་སུ་དག་པའི་སེམས་ཅན་གང་མི་ཟ་བ་དེ་དག་ཀྱང་བཟླས་བརྗོད་དང་སྒོམ་པ་དག་གིས་འགྲུབ་པར་འགྱུར་ཏེ། མཁའ་འགྲོ་མའི་ཚོགས་རྣམས་ལས་འཇིགས་པ་ཡོད་པ་མ་ཡིན་ནོ། །དམ་ཚིག་བྱིན་ལ་ནས། ཐམས་ཅད་བྱའོའི་བར་དཀྱིལ་ཆོག་ལྟར་རོ། །ཀྱེ་དྲག་པོ་སོགས་འདི་ལ་དོར། གཡས་གཡོན་གྱི་ནག་ཆེན་ལ་ཕྱག་བྱ་བ། ཡུལ་ལ་བྱས་ན་དཀྱིལ་འཁོར་ལ་ནག་ཆེན་གཉིས་མེད་པས་མི་བདེ་བས་གཡས་གཡོན་ནས་ནག་ཆེན་ལ་ཕྱག་བྱེད་པ་ལ་ཡིན་པ་འདྲའོ། །མིང་བོ་གསུམ་གྱི་དཀྱིལ་འཁོར་དུ་འཇུག་པ་ནི། ཆས་འཇུག་ནས་དར་དཔྱངས་ཀྱི་བར་ཞི་མདུང་དང་འདྲ་བ་ལས། ཁྱད་པར་ནི། གོས་བཟང་པོ་ཞེས་པ་ཙམ་ལས་ཁ་དོག་མེད། བཟླས་སྔགས་ནི་འདི་དང་། མ་མོ་གཉིས་ཀ་ལ་རང་གི་སྙིང་པོ་ཙམ་མོ། །འཇུག་རྒྱ་བཅིངས་ནས། བཛྲ་བཛྲ་སྭ་ཞེས་པའི་ཚེ་གླུ་ལེན། རོལ་མོ་རྣམས་བརྡུང་། གར་བྱེད་བཞིན་


JLD011_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇུག་པར་བྱའོ། །དཀྱིལ་འཁོར་ལན་གསུམ་བསྐོར་བ་མེད། ཀྱེ་དྲག་པོ་སོགས་ཀྱང་མེད། ལྟ་བའི་ཚེ་རྡོ་རྗེའི་ལྟ་བས་ཁྲོ་བོ་དང་བཅས་པར་བལྟ། བདག་ཉིད་མིང་བོ་གསུམ་དུ་བྱིན་གྱིས་བརླབས་ལ། དབང་སྟེགས་ཀྱི་སྟེང་དུ་སེང་གེའི་གདན་ལ་སོགས་ཞེས་བྱ་བས་བཞག་ལ། དེར་མིང་བོ་གསུམ་གྱི་ཕྱག་ཆེན་གྱིས་འདུག་གོ །སོགས་ཞེས་བྱ་བས་མདའ་གཞུ་དྲིལ་བུ་དང་བཅས་པ་བླངས་ཏེ། སྭ་ཞེས་བྱ་བ་ཉིད་ཀྱིས་མིང་བོ་གསུམ་གྱི་མིང་གི་དབང་དང་བདག་པོའི་དབང་བླང་ངོ་། །མེ་ཏོག་གི་མཆོད་པས་དཀྱིལ་འཁོར་མཆོད་དེ། བདག་ཉིད་མཆོད་པ་ལྔ་དང་ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་ལ། རྗེས་སུ་གནང་བའི་དབང་བསྐུར་བ་བླངས་ནས། མིང་བོ་གསུམ་ལ་ཕྱག་བྱས་ལ་སྭ་ཞེས་པ་དང་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པ་བཟུང་ལ། བདག་ལ་བྱིན་གྱིས་བརླབས་པ་སོགས་བྱས་ཏེ། རང་གི་མིང་ནས་ཀྱང་བརྗོད་ལ། འཇིག་རྟེན་གསུམ་མཆོག་སོགས་བརྗོད་དོ། །དཀྱིལ་འཁོར་རྡོ་རྗེས་བསྒྲུབས་ལ། བསྡུ་བར་བྱས་ཏེ། རྩེ་གསུམ་པས་མཚན་པའི་ཕྱག་རྒྱ་ལས་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་པ་དང་། སྭ་ཟློས་ཤིང་མིང་བོ་གསུམ་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ནས། གོ་ཆ་བསྐོན་པའི་བར་དང་། སྭ་མིང་བོ་གསུམ་འཁོར་བཅས་ལ་མཆོད་ཡོན་ཕུལ་ལ། ཕྱག་རྒྱ་བཞིས་རྒྱས་གདབ་བོ། །ཡང་སྔར་ལྟར་མཆོད་ཡོན་སྦྱིན། མཆོད་པ་ལྔ། ལས་རྒྱ་རྣམས་ཀྱིས་མཆོད་ལ། སློབ་མ་གཞུག་པའི་ཕྱིར་རྗེས་སུ་གནང་བ་མནོས་ཏེ། དེ་རྣམས་བདག་ཉིད་འཇུག་པའི་ཚུལ་དུ་


JLD011_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་པར་བྱའོ། །དེ་ནས་ཐམས་ཅད་བྱས་ལ། དམ་ཚིག་སྦྱིན་པར་བྱ་སྟེ། གལ་ཏེ་ནས། བསྒྲུབ་ཅེས་བྱ་བ་ནི་དམ་ཚིག་གོ །ལྷག་མ་རྣམས་ནི་སྔར་བཤད་པའི་ཚུལ་དུ་ཤེས་པར་བྱའོ། །ཚངས་པ་འདོད་ཁམས་ཀྱི་དབང་ཕྱུག་གི་གཟུགས་འཛིན་པ་ནི་སྦྲང་རྩིར་བྱེད་པ། དབང་ཕྱུག་སྟོབས་བཟང་གི་གཟུགས་འཛིན་པ་ནི་རྒྱས་པར་བྱེད་པ། ཁྱབ་འཇུག་དཔྱིད་ཀྱི་གཟུགས་འཛིན་པ་ནི་དོན་ཐམས་ཅད་གྲུབ་པ་སྟེ། དེ་སྐད་དུ། ཚངས་པ་འདོད་ཆགས་གཞན་སྤྲུལ་བ། །སོགས་དྲངས་སོ། །སྲིང་མོ་བཞིའི་དཀྱིལ་འཁོར་དུ་འཇུག་པ་ནི། ཆས་འཇུག་ནས་དར་དཔྱངས་ཀྱི་བར་མིང་བོ་དང་འདྲ་བ་ལས། འཇུག་རྒྱ་ནི། གཡས་དྲིལ་བུ་འཁྲོལ། གཡོན་པས་ཁ་ཊྭཱཾ་ག་བཟུང་བའོ། །འདིར་གླུ་གར་སོགས་མེད། བསྐོར་བ་གསུམ་སྣང་སྟེ། སྔ་མ་ལ་ཡི་གེ་མ་དག་པ་འདྲ། འཇུག་རྒྱ་དེ་ཉིད་དགྲོལ། མིང་བོ་གསུམ་གྱི་ཕྱག་ཆེན་འཆིང་བའི་གནས་སུ་དགའ་བ་བོའི་ཕྱག་ཆེན་འཆིང་། ལྟ་བའི་ཚེ་ཁྲོས་པ་མེད། རྣམ་རྒྱལ་བུམ་པ་ལ་ༀ་མཧཱ་སུ་ཁ་བཛྲ་ཨ་མོ་གྷ་ཞེས་སོགས་བཟླ་བར་གསུངས་པས་སྔ་མ་རྣམས་ལའང་མཚུངས་སོ། །མིང་བོ་གསུམ་གྱི་གཟུགས་སུ་བྱིན་གྱིས་བརླབས་ནས། དབང་སྟེགས་ཀྱི་སྟེང་དུ་དེ་གསུམ་གྱི་ཕྱག་ཆེན་གྱིས་འདུག་གོ །ཧཾ་ཞེས་བྱ་བ་དྲིལ་བུ་དང་བཅས་པའི་ཁ་ཊྭཱཾ་ག་བླངས་ནས་། ཧཾ་ཟློས་ཤིང་མིང་དང་བདག་པོའི་དབང་བླང་ངོ་། །བདག་ཉིད་ལ་མེ་ཏོག་སོགས་དང་ལྷ་མོ་བཞིའི་ལས་ཀྱི་ཕྱག་རྒྱས་ཀྱང་མཆོད་ནས། རྗེས་གནང་དང་དབང་བསྐུར་བླང་། ལྷ་མོ་བཞི་ལ་ཕྱག་བྱས་ཏེ། ཧཾ་ཞེས་པ་དང་ཕྱག་རྒྱ་བཞི་ཡང་བཟུང་ནས་བདག་ལ་བྱིན་གྱིས་བརླབ། རང་གི་མིང་ནས་ཀྱང་བརྗོད་དོ། །དཀྱིལ་འཁོར་རྡོ་རྗེས་བསྒྲུབ་


JLD011_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །བསྡུ་བ་བྱས་ལ་ཧཾ་ཟློས་ཤིང་། གསང་བའི་ལྕགས་ཀྱུས་སྲིང་མོ་བཞི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ནས། མཆོད་ཡོན་ཕྱག་རྒྱ་བཞིས་རྒྱས་གདབ། མཆོད་ཡོན་བྱིན། མཆོད་པ་ལྔ་དང་ལས་རྒྱས་མཆོད་ཕྱག་བྱས་ལ། སློབ་མ་གཞུག་པའི་ཕྱིར་གནང་བ་མནོས་ནས། བདག་ཉིད་འཇུག་པའི་སྦྱོར་བས་གཞུག་པར་བྱའོ། །དེ་ནས་རང་གི་ཆོ་ག་ཐམས་ཅད་དེ་རྣམས་ལ་སྤྱད་པར་བྱའོ། །འདི་རྣམས་ལ་དབང་སྟེགས་ཞི་མདུང་ལྟར་སྣང་། ཐོད་པའི་རྒྱ་དུམ་བུ་དང་པོར་མི་སྣང་། འདི་བཞི་ལ་རང་གི་ལས་རྒྱས་མཆོད་ཅེས་པ་གོང་མ་གཉིས་ལ་མི་གསལ་ཡང་། འགྲེལ་ཆེན་ལས་ཕྱག་རྒྱ་དང་གར་གྱི་རོལ་མོའི་མཆོད་པའང་བྱས་ལ། ཞེས་བྱ་བ་ནི་མིང་བོ་གསུམ་གྱི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ནི། ཕྱག་རྒྱ་དང་གར་གྱི་རོལ་མོའི་མཆོད་པ་སྟེ་དེས་མཆོད་པར་བྱའོ་ཞེས་དང་། དེ་ནས་ཕྱག་རྒྱ་དང་གར་གྱི་མཆོད་པ་བསྟབ་པར་བྱའོ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་བཞིས་གར་བྱའོ། །ཞེས་དང་། ལྷ་མོ་བཞིའི་ལས་ཀྱི་ཕྱག་རྒྱས་ཀྱང་མཆོད་ནས་ཞེས་དང་། ལས་ཀྱི་ཕྱག་རྒྱ་རྣམ་པ་བཞིས་ཡང་དག་པར་མཆོད་ལ་ཞེས་འབྱུང་བས། རང་གི་སྙིང་པོ་བརྗོད་ནས། རང་གི་དཀྱིལ་འཁོར་ན་གནས་པའི་ལྷ་གང་ཡོད་ཀྱི་ལས་རྒྱ་འཆིང་དགོས་པར་མངོན་ནོ། །མིང་བོ་གསུམ་དུ་བསྐྱེད་ཅེས་པར་རྒྱལ་བར་བྱེད་པ་བསྐྱེད་པས་ཆོག་པར་འདྲ་སྟེ་སྲིང་མོ་བཞིན་ནོ། །འགྲེལ་ཆེན་ལས། དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་གཟུགས་མདུན་དུ་སྤྲུལ་ལ། སྔ་མ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ཏེ།


JLD011_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་རྡོ་རྗེ་བཅིངས་ལ། ཧཱུཾ་ཏྲི་ཤྱ་ཞེས་བྱ་བས་ཐམས་ཅད་བལྟ་བར་བྱའོ། །དེ་ནས་སྔར་བཤད་པའི་གསང་བའི་ལྕགས་ཀྱུ་དང་ཧཱུཾ་གིས་རང་རང་གི་གནས་སུ་ཐམས་ཅད་བཅུག་ལ། ཡང་དང་པོའི་རྡོ་རྗེ་བཅིངས་ཏེ། ཛཿ ཧཱུཾ་བཾ་ཧོཿ ཞེས་ལན་གསུམ་བརྗོད་པ་དང་། ས་མ་ཡ་སྟྭཾ་ཞེས་བྱ་བས་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ། ས་མ་ཡ་སྟྭཾ་ཨ་ཧཾ་ཧཱུཾ་ཞེས་བརྗོད་དེ་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་གཟུགས་དང་ལྷན་ཅིག་ཏུ་གྱུར་པས་བདག་ཉིད་རྡོ་རྗེའི་ངོ་བོ་ཉིད་ཡིན་པར་བསམ་པར་བྱའོ། །ཞེས་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དེས་རྣལ་འབྱོར་ཆེན་པོ་དེ་ལས་གསུངས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ་བསྡུས་པའི་དཀྱིལ་འཁོར་ལས་གསུངས་པའི་ཏིང་ངེ་འཛིན་གསུམ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །ཞེས་སོ། ། ༈ ས་སྦྱང་བཟུང་དང་བསང་ཆུ་སྒྲུབ་པ་དམ་ཚིག་གསུམ་བཟུང་བ་སོགས་སྔོན་དུ་བྱ་བ་རྣམས་རྡོར་དབྱིངས་དང་འདྲ། རིགས་ལྔ་དང་རྡོ་རྗེ་ཕྲེང་བ། ཞེས་པའི་སྐབས་སུ་འོག་གི་རིགས་ལྔའི་དབང་བསྐུར་བ་བྱེད། སེམས་དཔའ་ཆོ་ག་ལྔ་བསྐྱེད་རྡོར་དབྱིངས་ཇི་བཞིན་ནོ། །ཕྱག་ཆེན་ལ་གནས་ནས་སྙིང་པོ་དང་སྔགས་ཟློ་བའང་རྡོར་དབྱིངས་ཇི་བཞིན་ནོ། །རྡོ་རྗེ་འཛིན་མ་དཔལ་ནི་གཡོན་ཐལ་མོ་ཁ་སྦུབ་པའི་སྟེང་དུ། གཡས་ཀྱི་ཐལ་མོ་གན་རྐྱལ་དུ་བཞག་ནས། གཡས་ཀྱི་མཐེའུ་ཆུང་དང་གཡོན་གྱི་མཐེ་བོང་བསྣོལ། གཡས་ཀྱི་མཐེ་བོང་དང་གཡོན་གྱི་མཐེའུ་ཆུང་གཉིས་བསྣོལ་བའོ། །ཤཱཀྱ་རི་དབང་གི་ཕྱག་རྒྱ་ལྟག་པར་འཇོག་པ་ནི། མཉམ་པའི་ཐལ་མོ་ལས་མཐེའུ་ཆུང་གཉིས་གཤིབས་པའི་ཚིགས་དང་པོར་མཐེ་བོང་གཉིས་གཤིབས་པ་བཞག །གཞན་གསུམ་གསུམ་


JLD011_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གཤིབས་ནས་ཁ་ཕྱེ་བའོ། །མེ་ཏོག་ཆེར་རྒྱས་ནི། གཡོན་པའི་མཐེ་བོང་དང་མཐེའུ་ཆུང་གཉིས་སྤྲད་ནས། གཞན་གསུམ་གཤིབས་ནས་རྣ་བ་གཡོན་པའི་ཐད་ཀར་ཕྱིན་ལ་བསྟན་པའོ། །ཕྱག་མཚན་གྱི་དབང་བསྐུར་བ་ན། སངས་རྒྱས་ཀུན་གྱི་སོགས་བསྣན། རྡོར་དྲིལ་བཟུང་ལ་སྔགས་རེ་དང་སྦྱར་ནས་གནས་ལྔར་གཏུག །མིང་དབང་ཡང་དེ་བཞིན་ནོ། །བརྟུལ་ཞུགས་ཀྱི་མཐར་སྙིང་གའི་དཀྱིལ་འཁོར་སྙིང་གའི་ཟླ་བ་ལ་ཐིམ་ཞེས་བརྗོད། དེ་ནས་རང་གཞི་ལུས་ལས་ཐ་དད་དུ་བྱེ་ཞེས་སོགས་དང་། བཛྲ་མུཥྚི་སོགས་ཀྱི་སྐབས་ཀྱང་འདྲའོ། །ཆུ་དབང་གི་ཕྱག་རྒྱ་ཡང་འདྲའོ། །ཆགས་པ་ལྕགས་སྒྲོག་ཁུ་ཚུར་གྱི་དམ་རྒྱ་རྡོར་དབྱིངས་དང་འདྲ་ཞིང་། ཆོས་དང་སྨྲ་བ་གཉིས་ཕན་ཚུན་འདྲའོ། །ལྷ་ཉེར་བརྒྱད་བསྐྱེད་པ་ན་གནས་དེ་དང་དེར་ཕྱག་ཆེན་འཆིང་བའང་འདྲའོ། །ཕྱག་རྒྱ་ཕྱི་མ་གསུམ་གྱིས་འདེབས་པ་འདི་ནས་བཤད་པའི་རིམ་པའམ་རྡོར་དབྱིངས་ལྟར་བྱེད་པའང་ཕྱག་ལེན་ནོ། །སངས་རྒྱས་བཞིའི་དམ་རྒྱ་ནི་དབང་བསྐུར་བའི་སྐབས་བཞིན་ནོ། །ཕྱག་རྒྱ་འཆིང་བའི་སྔགས་གཉིས་ཐམས་ཅད་ཟེར་ཡང་དམ་རྒྱ་ལ་བྱེད། ཆོས་ཆེན་གྱི་ཕྱག་རྒྱ་གཉིས་རང་རང་གི་སྔགས་བརྗོད་ཟེར། སྒྲུབ་ཆེན་ལ་བྱིན་རླབས་རྡོར་དབྱིངས་ལྟར་བྱ། སྒེག་སོགས་བརྒྱད། དམ་ཚིག་གསུམ་བཟུང་གླུ་དང་བཅས་པས། མཉམ་གསུམ་བསྒོམ་པ། དེ་ནས་ཅུང་ཟད་བཟླ་བ་རྣམས་ཀྱང་དེ་བཞིན་ནོ། །མངོན་བྱང་ལྔའི་མཐར་ཡིག་བརྒྱ་བསྣན་ཞིང་། ཚིགས་བཅད་ལྔ་མི་བསྣན་ནོ། །རྡོ་རྗེ་བྱིན་གྱིས་རློབ་པའི་སྐབས་སུ། སྟ་གོན་ནས་འཆང་བའི་སྔགས་རྒྱས་གནས་ཉེར་


JLD011_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་གཏུད་ངོ་། །དཀྱིལ་འཁོར་རྒྱལ་མཆོག་གང་བེ་ལ་ཀུན་རིག་གི་ཕྱག་ཆེན་བཅས་ནས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ༀ་བུད་དྷ་ནས། སྭཱཧཱའི་བར་དང་། རྩ་རིག་བརྗོད་ལ། དེ་ལས་འོད་ཟེར་ནས། སྣང་བར་བྱས། སྣང་བར་བྱས་ནས་ཀྱང་ནས་དགྲོལ་བར་བྱས། སླར་འདུས་སྙིང་གར་ཞུགས། ཆོས་ཀྱི་ཡི་གེ་ལ་ཐིམ་སྔགས་དང་འོད་ཟེར་འདྲེས་པ་ལས་སྤྱན་མ་ནས། ན་བཟའ་ཅན་བཞི་ཐུགས་ཀ་ནས་བྱུང་ནས་གྲྭ་བཞིར་པད་ཟླ་ལ་འཁོད་པར་གྱུར་ཅེས་བརྗོད་དེ། དེས་གཞན་ལའང་འགྲེ།བསྡུ་བ་དང་པོ་རྡོར་དབྱིངས་དང་འདྲ་ཞིང་། ཁྱད་པར་ནི་མགྲོན་ཐབས་ཀྱི་ལྷ་རྣམས་ཐུགས་ཀ་ནས་ཐོན་ནས་ཕྱོགས་ཕྱོགས་སུ་འཁོད་པ་ནི། ཞེས་བརྗོད་ནས་བྱམས་པ་སོགས་ཕྱོགས་གཅིག་ཏུ་གསལ་གདབ། ཡུམ་བཞི་ལ་ནི་རིགས་ལྔའི་རྗེས་སུ་རྒྱས་གདབ་བསྙེན་པའི་སྐབས་འདིར་རྩ་བའི་ལྷ་མིན་པ་ལ་རྒྱས་མི་འདེབས། ལས་འཆོལ་ནི། དེའང་སེམས་དཔའ་སོགས་ཚན་བཞིར་བྱས་པས། རྒྱས་པར་འདོད་ན། རྡོར་དབྱིངས་ལྟར་དག་པ་དང་མཐུན་པའི་ལས་བཅོལ་ལོ། །རིག་མ་བཅུ་དྲུག་གི་སྔོན་དུ་མཆོད་པ་སྤྲུལ་པ་རྡོར་དབྱིངས་ལྟར་རོ། །འཁོར་སྒྱུར་གྱི་བསྙེན་པ་ཡིན་ན། བསྙེན་པའི་མཐར་དམ་ཚིག་གསུམ་བཟུང་ངོ་། །གསོལ་གདབ་སོགས་རྡོར་དབྱིངས་དང་འདྲ། གཅིག་པུ་ཡིན་ན་ང་རྒྱལ་བཟུང་བ་ལ་གཞི་བཅའ་རེ་བྱ། ཕྱོགས་སོ་སོར་བལྟས་ལ་རྐང་ལག་གི་སྟབས་བྱའོ། །ཕུར་བུའི་བསྐྱེད་ཆོག་གྲུབ་ན་དབྱིངས་བཞིན་དང་། མ་གྲུབ་ན་ཁྲོ་བོ་ལྔ་པོ་སྨོས་ནས་དེར་འགྱུར་ཞེས་བརྗོད་དོ། །བསང་བུམ་སྒྲུབ་ལུགས་དང་གོ་རིམ་ཡང་དབྱིངས་ལྟར་རོ། །ལྷ་སྟ་གོན་གྱི་


JLD011_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་བསྐྱེད་ཚུལ་དང་བུམ་པ་ལྷག་གནས་སོགས་ཀྱང་དེ་བཞིན་ནོ། །ཆོས་བཤད་དང་། སྲུང་སྐུད་སོགས་ཀྱི་གོ་རིམ་ནི་ཆོ་ག་བཞིན་ནོ། །ཐིག་སྐུད་བྱིན་རླབས་ལ་གཞན་འདྲ། སྒྲུབ་གྲོགས་སྤྲུལ་པ་ན་དཀྱིལ་འཁོར་རྒྱལ་མཆོག་ལྟར་རོ། །ཚོན་བྱིན་རླབས་དང་ཕུར་བུ་དབྱུང་ཞིང་གང་བའང་འདྲའོ། བུམ་པའི་མཚན་མ་ནི། རྣམ་སྣང་ལ་འཁོར་ལོ་གདན་བཅས། གཞན་བཞི་དབྱིངས་ལྟར་རོ། །བུམ་པ་སོ་སོར་རྩ་བའི་ལྷ་རྣམས་རང་རང་གི་སྔགས་དང་ཕྱག་མཚན་ལས་བསྐྱེད། ཡེ་ཤེས་པ་གཞུག་རྒྱས་གདབ། དབང་བསྐུར། མཆོད་བསྟོད་ནས་བཟླ། ཟིན་པ་དང་མཆོད་ཡོན་སོགས་གསུམ་འབུལ་བ་འདྲའོ། །མེ་ཏོག་ཐོགས་ཏེ་ཤར་སྒོར་འདུག །ཅེས་པ་ལ་མོས་པ་ཙམ་བྱེད། རྡོ་རྗེ་བསྒྲུབ་པ་ཟིན་མ་ཐག་སྒོ་འབྱེད་པ་ཕྱག་ལེན་ལ་ཡོད། ཕྱི་རོལ་པ་གཏོང་ན་རྒྱས་བསྡུས་དབྱིངས་དང་འདྲ་ཞིང་། ལྷག་ཆོས་ལ་ཡི་དྭགས་ལ་གཏོང་སྟེ། དེའང་ཕྱོགས་གཅིག་ཏུ་བསང་སྦྱང་བྱིན་གྱིས་བརླབས་ནས་སྔ་མ་རྣམས་བཏང་བའི་མཐར། གཡས་སྡིགས་མཛུབ་བསྐོར་ཅིང་སེ་གོལ་བྱས་ལ། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས་འབྲིང་པོ་ནས་འབྱུང་བ་བརྗོད་ལ་བཏང་། དེ་ནས་ཕྱོགས་སྐྱོང་ལ་མཆོད་ནས་དབང་པོ་རྡོ་རྗེ་སོགས་ཀྱིས་བསྟོད་པ་སོགས་བྱའོ། །གྲུབ་ན་སྟེགས་བུ་སྔ་མ་ལ་འདབ་བརྒྱད་བྲིས་ལ། དབུས་སུ་བསང་བུམ། ཕྱོགས་མཚམས་སུ་དྲིའི་བུམ་པ་བརྒྱད་བཅས། གནོད་སྦྱིན་བསྐྱེད་པ་སོགས་བྱས་ལ། རྩ་རིག་སོགས་བཟླ། །བུམ་པ་བརྒྱད་ལ་ལྷ་མི་བསྐྱེད། ཨ་བྷི་ཥེ་ཀ་དང་རྩ་རིག་བཟླ། །དབུས་


JLD011_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་སྔར་གྱི་བསང་བུམ་ལ་བྱེད་ན་ལྷ་གསར་དུ་མི་བསྐྱེད། བུམ་པ་གསར་དུ་བཅས་ན། གནོད་སྦྱིན་བསྐྱེད་ནས་རྩ་རིག་བཟླའོ། །དེ་མ་གྲུབ་ཀྱང་པད་འདབ་སོགས་སའམ་ཤོག་བུ་ལ་བྲིས་པའི་སྟེང་དུ། པད་འདབ་སོགས་མིང་བྱང་སོགས་བཞག་ལ་ཆོ་ག་ལྟར་བསྐྱེད། མཆིས་པར་གྱུར་ཅིག་གི་རྗེས་སུ་འདོད་རྒྱལ་གྱི་ཕྱག་རྒྱ་དང་། ཊ་ཀྐི་ཧཱུཾ་ཛཿ ལན་གསུམ་བརྗོད། དེ་ནས་སྒོ་བ་བཞི་ཡིས་དགུག་སོགས་བྱས་ནས། ཚེ་འདས་ནས་ཐིམ་པར་གྱུར་ཅེས་བརྗོད། ༀ་ཤོ་དྷ་སོགས་འདོན་པ་ན་ཀུན་རིག་གི་དམ་རྒྱ་བྱེད། མཐར་ཚེ་ལས་འདས་པའི་སྡིག་པ་ཐམས་ཅད་བཀུག་པར་གྱུར་ཞེས་བརྗོད། ངན་འགྲོ་དགུག་པ་དབྱིངས་ལྟར་དང་། སྡིག་པ་སྦྱང་བ་ལ་སྡིག་པ་དྲལ་བའི་ཕྱག་རྒྱ་བྱ་ཞིང་། ངན་སོང་སྦྱང་བ་ལ། བཛྲ་བན་དྷ་ཏྲཊ་ཀྱི་ཕྱག་རྒྱས་བྱའོ། །བགེགས་སྦྱང་བ་དང་བསང་སྦྱང་བྱས་ལ། རྐང་མཐིལ་དུ་རླུང་བསྐྱེད་པ་སོགས་བྱ། དེའི་མདུན་དུ་གཡས་སུ་མེ། གཡོན་དུ་ཆུ་བཞག །རྡོ་རྗེ་མཁའ་འགྲོ་ཧཱུཾ་དང་རྡོ་རྗེ་ལས་བསྐྱེད། ཡེ་ཤེས་པ་གཞུག །ཇི་ལྟར་བལྟམས་པ་སོགས་ཀྱིས་དབང་བསྐུར། ཉེར་སྤྱོད་ཀྱིས་མཆོད་ནས། ཏིལ་བསྲེག་པ་དང་ཆུར་བསྐུར་རོ། །ༀ་སརྦ་པཱ་པཾ་སོགས་དང་། སྔགས་གོང་མ་དང་བཅས་པ་ཐམས་ཅད་ཀྱིས་བྱེ་མ་ལ་སྔགས་རྗེས་སུ། སྔགས་འོག་མས་བྲབ། གཙོ་བོ་ནས་བརྩམས་པའི་སྔགས་དང་སྔགས་གཞན་གྱིས་ཀྱང་བྲབ་བོ། །གོང་འོག་གཉིས་ཀའི་སྤེལ་ཚིག་ནི། སྔགས་ཀྱི་མཐར་མིང་སྨོས་ནས་སྡིག་པ་དག་པར་གྱུར་ཅིག་ཅེས་བརྗོད་པའོ། །སྐུ་གཟུགས་ལ་ཁྲུས་གསོལ་བ་ན། སློབ་མས་ཕྲག་པར་གོས་ཟུངས་དང་། གཡོན་དུ་


JLD011_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་། གཡས་སུ་བུམ་པ་ཐོགས་ཏེ། ཇི་ལྟར་བལྟམས་པ་སོགས་ཀྱིས་སྔོན་དུ་དང་། དེ་ནས་རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །ཚེ་འདས་ལུས་ཀྱི་དྲི་མ་དག་ཕྱིར་དུ། །རྒྱལ་བའི་སྐུ་ལ་ཁྲུས་ཆབ་འདི་གསོལ་བས། །ཚེ་འདས་ལུས་ཀྱི་དྲི་མ་དག་གྱུར་ཅིག །དེ་བཞིན་དུ་གསུང་དང་ཐུགས་ལའང་འདོན་པ་སྒྱུར། སྔགས་བརྗོད་པ་ན་རོལ་མོ་བྱའོ། །དེ་ནས་འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཞེས་བརྗོད་ནས་ཀུ་ཤའི་དྲུངས་པས་མེ་ལོང་ལ་བྱུག །དེ་ནས་གོས་ཟུང་དབུལ། དགེ་འདུན་གཟི་ཡིས་དུག་བཅོམ་མོ། །ཞེས་པ་ཡན་ལ་རྩ་རིག་ནམ་སྤེལ་བ་ན་ཁྲུས་རེ་བྱའོ། །འབྱུང་བཞི་ལ་ས་གཏོར། མེས་བསྐོར། ཆུ་གཏོར། འཐོར་གཡབ་ཀྱིས་རླུང་གཡབ། རྩ་རིག་སྤེལ་ལོ། །ཤིས་པ་བརྗོད་པ་ན་གཡོན་གྱིས་དྲིལ་གསིལ་རེ་དང་། གཡས་ཀྱིས་མེ་ཏོག་རེ་མཚམས་སུ་གཏོར་རོ། །ཕྱག་འཚལ་བྱེད་པ་ན་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ལ་སོགས་པ་ལའང་ཕྱག་བྱ་སྟེ། དཀྱུས་མའི་སྔོན་དུའོ། །སློབ་མའི་དབང་གི་སྟེགས་དང་སློབ་དཔོན་དུ་དབང་བསྐུར་བའི་སྟེགས་བྲི་ཚུལ། མཆོད་པ་དང་སྲུང་བ། ལུས་ལ་སྒྲུབ་པ་དང་སྒྲུབ་ཆེན་བྱེད་ལུགས་རྣམས་དབྱིངས་བཞིན་དང་། དེ་ནས་མཚན་བརྒྱས་བསྟོད། སྤྱི་བོར་སྐུ་བཞག་ནས་བཀྲ་ཤིས་བྱ། དེ་ནས་ཆུ་དབང་དབྱིངས་བཞིན་དང་། མཐར་ཆུ་དབང་བརྟན་བྱེད་ཀྱི། སྔགས་རྒྱ་མི་བྱེད་པ་དང་བྱེད་པ་ཅི་རིགས་སུ་ཡོད་ཀྱང་བྱེད་པ་ལེགས། དེ་ནས་ཅོད་པན་ཞེས་པ་ལ། བུམ་དབང་ཡང་བླངས་ནས་ཚིགས་བཅད་ལྷུག་པ་དང་


JLD011_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པར་བྱའོ། །དེང་ནས་བརྩམས་ཏེ་སོགས་ལ་འཁོར་ལོའི་ཕྱག་རྒྱ་ལ་གནས་ནས་སོ། །ཚིགས་བཅད་ལྔ་ལ་མི་བསྐྱོད་པ། རྣམ་སྣང་རིགས་གཞན་གསུམ་གྱི་ཕྱག་ཆེན་བཅས་ནས། ༀ་བཛྲ་ཙཀྲ་སོགས་ཀྱི་སྔགས་ལྔ་དང་སྤེལ། ཡུམ་ལྔའི་ཕྱག་རྒྱ་དབྱིངས་བཞིན་ནོ། །རྡོར་དྲིལ་གྱི་དབང་བསྐུར་བ་ན་ལག་ཏུ་གཏད་ནས་ཁྲོལ་དུ་གཞུག །ལྷ་རྫས་ལས་བྱས་སོགས་ཀྱིས་དབང་བསྐུར་བ་ན་ཕྱག་རྒྱ་དེ་དང་དེ་བྱས་ཤིང་སྔགས་བརྗོད་ནས་དཔྲལ་བར་གཏུག །མིག་ཐུར་གྱི་སོགས་པས་མེ་ལོང་། དྲིལ་བུ་མདའ་གཞུ། མེ་ལོང་གཉིས་པའི་བར་ཏེ། མཚན་བརྒྱ་མེད་དོ། །སྔགས་ཀྱི་རྗེས་གནང་བྱེད། རྡོ་རྗེ་ལག་ཏུ་སྟེར་བ་ན། འདི་དེ་སངས་རྒྱས་ཞེས་སོགས་ཀྱི་ཚིགས་བཅད་འདོན། དེ་ནས་མཎྜལ་ཞིག་ཕུལ་ནས། ཚེ་འདི་སོགས་སྒྲོག །མཆོད་པ་ལྔ་སོགས་ཀྱིས་མཆོད་པ་དཀྱིལ་འཁོར་ལ་ཡིན། ཟས་གཏད་བྱེད་ན་དང་པོར་རིན་པོ་ཆེ་བརྡར། དེ་ནས་བསང་སྦྱང་། ཨ་ཀཱ་རོས་བྱིན་གྱིས་བརླབ།ནམ་མཁའ་མཛོད་ཀྱི་སྔགས་ནི། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་ལ་སོགས་པའོ། །དཀོན་མཆོག་རིན་ཆེན་སོགས་བརྗོད་པ་ན་མེ་ཏོག་བཟུང་ནས་སྔགས་འོག་མའི་ཚེ་གཏོར་རོ། །རྙིང་པ་རྣམས་ཀྱིས་མཆོད་ཅེས་པར་འོག་གི་ཉེར་ལྔ་སོགས་ལེན་ཏེ་དེའང་ཉེར་སྤྱོད་ཙམ་གྱིས་ཀྱང་རུང་ངོ་། །མྱུར་དུ་ལྷན་སྐྱེས་ཀྱི་གཤམ་དུ་ༀ་སརྦ་སོགས་གདོན་ནོ། །གསོན་ཅིག་སོགས་ཀྱི་ཚེ་མིང་བྱང་ལག་ཏུ་བཟུང་ནས། འགྲུབ་པར་ཤོག་གི་མཇུག་ཏུ། ༀ་ཨགྣེ་ཛྭ་ལ་རི། ཞེས་བརྗོད་ལ་སྦར། གཟུགས་ལ་བརྩམས་པའི་སྟོང་པ་ཉིད་ཀྱི་བཞི་སྐོར་བྱའོ། །སྲུང་སྐུད་དང་སྙིང་གར་གཏུག་པ་སྦྱིན་སྲེག་མི་


JLD011_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན་མི་དགོས་སོ། །སངས་རྒྱས་ཀུན་པས་བསྟོད་པའི་སྔོན་དུ་ཉེར་སྤྱོད་གཅིག་བྱའོ། །འདོད་ཡོན་འབུལ་བ་ན། མོས་བློས་རྟེན་གྱི་ལྷ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་ཐོབ་གྱུར་ཅིག །ཅེས་པར་བསྒྱུར་རོ། །ལུང་བསྟན་གཟེངས་བསྟོད་ལ་དབུགས་དབྱུང་ཡང་བྱེད། སྔགས་ཀྱི་རྗེས་གནང་གི་ཚེ་རྩ་རིག་ཟློ། དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཞེས་སོགས་སུ་དམ་ཚིག་གསུམ་འཛིན་དུ་བཅུག་ནས་ཚིག་རྣམས་ལ་རྗེས་ཟློས་བྱེད་དོ། །གསང་བའི་ཡེ་ཤེས་ལ་བསླབ་པ་སོགས་བཞི་མིག་ཐུར་སོགས་ཀྱི་རྗེས་གནང་རྫོགས་མཚམས་སུ་བླང་ངོ་། །སྦྲེལ་ནས་བྱེད་ན་སྟ་གོན་བཞག །ལྷོ་སྒོ་རྒྱས་པར་གྲུབ་ན་ལེགས། མ་གྲུབ་ན་རྟེན་བསྐྱེད་པ་སོགས་འགའ་ཞིག་བྱ། བདག་འཇུག་ནི། གསོལ་གདབ་ནས། རྒྱུན་བཤགས་བཞི། དེ་ནས་སྡོམ་བཟུང་ནས་དབབ་པའི་བར། དེ་ནས་སངས་རྒྱས་ནས། སྔགས་སོགས་དེ་བཞིན་ནོའི་བར་དང་། དེ་ནས་སློབ་མའི་དབང་རྣམས་བཞག་ལ། དབང་སྟེགས་དབྱིངས་བཞིན་བསྐྱེད། རྡོར་སེམས་ཀྱི་དམ་རྒྱས་གཏུག་པ་ནས། སྒྲུབ་པའི་ལྷ་འགོད་པ་ནས་བཀྲ་ཤིས་རྗེས་ལ་མཚན་བརྒྱས་བསྟོད་པའི་བར་དབྱིངས་བཞིན་ནོ། །ཡང་ན་མཚན་བརྒྱས་བསྟོད་པ་སྔར་ལྟར་རོ། །ཆུ་དབང་དང་དེ་ལ་བརྟན་བྱེད་བསྣན། ཅོད་པན་ནས་མིང་གི་བར་བསྐུར་ལ། མཚན་བརྒྱས་བསྟོད། འཕྲིན་ལས་དང་འཁོར་ལོ་ལ་སྔགས་དང་ཕྱག་རྒྱ་ཙམ་བྱ། དེང་ནས་བརྩམས་ཏེ་སོགས་དང་། ཚིགས་བཅད་ལྔ་ལྔ་སྔགས་དང་སྤེལ་བ་དང་། ཡུམ་ལྔའི་ཕྱག་རྒྱ་ལའང་སྔགས་བརྒྱ་ཙམ་བྱ། ལུང་བསྟན་དང་གཟེངས་བསྟོད་ཚིགས་བཅད་སྔགས་དང་


JLD011_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུག་པ་དང་བཅས་ཤིང་། ཕྱག་རྒྱ་ཡང་དབྱིངས་བཞིན། དེ་ནས་གསང་དབང་ལ་སྔགས་བརྒྱ་ཙམ་གྱིས་གནས་ལྔར་གཏུགས་ནས་ཚིགས་བཅད་དང་སྔགས་བརྗོད། དམ་ཚིག་གསུམ་བཟུང་། དེ་ནས་འཁོར་ལོ་སོགས་བདུན་གྱི་སྔགས་རྒྱས་དབང་བསྐུར་ཟེར་ཏེ་བརྟག་གོ །དེ་ནས་དཀོན་མཆོག་ནས། སྨོས་ཅི་དགོས་ཀྱི་བར་དམ་ཚིག་གི་དབང་བསྐུར་དང་། ༀ་ནས་སྔགས་ཀྱི་བར་བཀའ་མ་རྗེས་གནང་གི་དབང་བསྐུར། སྔགས་ཀྱི་རྗེས་གནང་དབྱིངས་ཇི་བཞིན་དང་། མེ་ཏོག་རང་གི་སྤྱི་བོར་བཞག་ནས་སྔགས་བརྒྱ་རྩ་བརྒྱད་ཟློ་བ་བྱས་གདའ་དེ་ནས། ༀ་སརྦ་ཀརྨ་སོགས་ཀྱིས་དབང་བསྐུར། དེ་ནས་སེམས་མ་བཞིའི་སྔགས་རྒྱས་གནས་བཞི་བྱིན་གྱིས་བརླབ། །རིགས་ལྔའི་ཅོད་པན། དར་དཔྱངས། ཕྱག་མཚན། མིང་དབང་བསྐུར་ནས། བདག་ལ་མཆོད་དེ། ལྷ་ཐམས་ཅད་སྙིང་པོ་བརྗོད་པའི་སྒོ་ནས་གསལ་གདབ། རང་གིས་འཁོར་ལོས་བསྒྱུར་བའི་མིང་ནས་བརྗོད། རྡོ་རྗེ་འཛིན་མ་བཅིངས་ནས། ༀ་བཛྲ་དྷ་ར་སོགས་བརྗོད་ནས་ང་རྒྱལ་བྱ་སྟེ། བདག་འཇུག་གོ །གནས་བཞི་བྱིན་གྱིས་བརླབ་ནས། འཁོར་ལོས་བསྒྱུར་བའི་མིང་ནས་བརྗོད་པའི་བར། བདག་ལ་བྱིན་གྱིས་བརླབ་ཅེས་པའི་དོན་ནོ། །ཁ་ཅིག་གནས་ཉེར་གཉིས་སུ་གཏུག་པ་དེའི་དོན་དུ་འདོད་དེ་མིན་ནོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །།སརྦ་མངྒ་ལཾ། །

ཀྱཻ་རྡོ་རྗེའི་རྒྱུད་ཀྱི་ཟིན་བྲིས་རྗེས་གནང་བ་དང་ཀྱཻ་རྡོ་རྗེའི་ཟིན་བྲིས་བཅས།


JLD011_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ་རྡོ་རྗེའི་རྒྱུད་ཀྱི་ཟིན་བྲིས་རྗེས་གནང་བ་དང་ཀྱཻ་རྡོ་རྗེའི་ཟིན་བྲིས་བཅས་བཞུགས་སོ། །


JLD011_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས་དངོས་གྲུབ་གཏན་ལ་ཕབ་པ་ཞེས་བྱ་བའི་ལེའུའི་རྒྱ་ཆེར་བཤད་པ་གཉིས་པ་ལས། རྡོ་རྗེ་སྙིང་པོས་གསོལ་བ། ནམ་མཁའ་ལྟ་བུའི་ཆོས་རྣམས་ལས། །རྒྱ་མཚོར་ཀུ་བ་ཇི་བཞིན་དུ། །རང་འདོད་ལྷ་ཡི་གཟུགས་ཀྱིས་ནི། །སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར། །ཞེས་བྱ་བ་ལ། ཀྱཻ་བཅོམ་ལྡན་འདས་ཀྱིས་ཐོག་མ་དང་ཐ་མ་དང་བར་ཐམས་ཅད་དུ་ཆོས་རྣམས་ནམ་མཁའ་ལྟ་བུའོ། །ཞེས་ཡང་དང་ཡང་དུ་གསུངས་ལ། བདག་གིས་ཀྱང་ཁོང་དུ་ཆུད་ལགས་ན། འགྲོ་བ་འདི་དག་ནི་རང་གི་རྣམ་པར་རྟོག་པས་བསྐྱོད་དེ། དཔེར་ན་རྒྱ་མཚོ་ཆེན་པོ་ལ་ཀུ་བ་གཏོང་བ་དག་སྐྱེས་བུ་འགའ་ཞིག་གིས་དོར་ནས་ཕྱོགས་གཅིག་ཏུ་མི་


JLD011_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་འཕྱོ་བ་ལྟར། རང་རང་གི་རྣམ་པར་རྟོག་པས་བསྐྱོད་དེ་གནས་པ་འདི་དག་གིས་ཇི་ལྟར་བསྒྲུབས་ན་འགྲུབ་པར་འགྱུར་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་གྱི་སེམས་ཀྱིས་སྐད་ཅིག་ཀྱང་། །དངོས་གྲུབ་འདོད་པས་མི་གནས་སོ། ཞེས་བྱ་བ་གསུངས་ཏེ། ཀྱཻ་རྡོ་རྗེ་སྙིང་པོ་དེ་ལྟ་ཡིན་གྱིས་ཀྱང་། ལས་ཀྱི་དང་པོ་ལ་གནས་པའི་རྣལ་འབྱོར་པས། གོང་དུ་བསྟན་པའི་དཀྱིལ་འཁོར་དུ་གཞུག་ལ་བསྐྱེད་པ་ལྷའི་ང་རྒྱལ་གྱི་དུས་དང་། དེ་ཡོངས་སུ་རྫོགས་ནས་བདག་མེད་མའི་རྣལ་འབྱོར་ལ་གནས་པར་བྱས་ན། ངེས་པར་ཀྱཻ་རྡོ་རྗེར་འགྱུར་རོ། །དེའི་ཕྱིར་དངོས་གྲུབ་འདོད་


JLD011_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པས་རིམ་པ་གཉིས་ལ་བརྟེན་པ་མ་གཏོགས་པ་གཞན་གྱི་སེམས་ཀྱིས་སྐད་ཅིག་ཀྱང་མི་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་ཡང་ལས་དང་པོ་བས་ཐོག་མར་ཇེ་རིང་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ལ་མངོན་པར་ཞེན་པས་གནས་ལ། དེ་མཐར་གྱུར་པ་ན་བདག་མེད་མའི་རྣལ་འབྱོར་ལ་བསླབ་པར་བྱའོ། །བདག་མེད་མ་དེ་ཡང་ཇི་ལྟ་བུ་ཞིག་སྙམ་པ་ལ། ཇི་ལྟར་ནམ་མཁའ་ཕྱོགས་རྣམས་ཀྱི། །ཀུན་ནའང་རྟག་པར་མི་གནས་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །གསང་སྔགས་མགོན་པོ་མི་གནས་སོ། །ཇི་ལྟར་དངོས་རྣམས་ནམ་མཁའ་ལ། །གནས་ཤིང་རྟག་ཏུ་རྣམ་སྣང་ཡང་། །དེ་ནི་གནས་སུ་མི་འགྱུར་བ། །གསང་སྔགས་མགོན་པོ་དེ་བཞིན་ནོ། །ནམ་མཁའ་དུས་གསུམ་ལ་སོགས་དང་། །ཇི་ལྟར་བྲལ་བར་འདོད་པ་བཞིན། །དེ་ལྟར་གསང་སྔགས་མགོན་པོ་ཡང་། །དུས་གསུམ་མེད་ཀྱང་རྣམ་སྣང་མཛད། །མིང་ཙམ་དུ་ནི་གདགས་པའི་གནས། །བྱེད་པ་པོ་ལ་སོགས་དང་བྲལ། །ནམ་མཁའ་ལ་ནི་ཐ་སྙད་དུ། །མཁས་པ་རྣམས་ཀྱིས་འདོགས་པར་བྱེད། །མིང་མ་གཏོགས་པར་ཅུང་ཟད་ཀྱང་། །ཡོད་པ་མ་ཡིན་ནམ་མཁའ་བཞིན། །དེ་བཞིན་གསང་སྔགས་དབང་ཕྱུག་ཀྱང་། །ཐ་སྙད་ཙམ་དུ་སྣང་བར་ཟད། །མེ་དང་ཆུ་དང་རླུང་མ་ཡིན། །ས་དང་ཉི་མའང་མ་ཡིན་ཞིང་། །ཟླ་བ་ལ་སོགས་གཟའ་ཀུན་མིན། །ཉིན་པར་དང་ནི་མཚན་མོའང་མིན། །སྐྱེ་བ་དང་ནི་རྒ་བའང་མིན། །འཆི་བ་དང་ནི་རྒུད་པའང་མིན། །སྐད་ཅིག་མ་ཡིན་ཡུད་


JLD011_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མིན། །ལོ་ལ་སོགས་པའང་མ་ཡིན་ཞིང་། །འཇིག་པ་དང་ནི་ཆགས་པ་དང་། །བསྐལ་པའི་གྲངས་ཀྱང་ཡོད་མ་ཡིན། །དགེ་དང་མི་དགེ་ལས་བྱུང་བའི། །འབྲས་བུའང་ཡོད་པ་མ་ཡིན་ནོ། །ཀུན་མཁྱེན་གོ་འཕང་འདོད་པ་ཡིས། །རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལ་མེད་གྱུར་པ། །དེ་ལ་རྟག་ཏུ་བརྩོན་པར་བྱ། ཞེས་གསུངས་སོ། །དེ་བས་ན་བདག་མེད་པའི་རྣལ་འབྱོར་འདི་ལྟ་བུ་ལ་དུས་རྟག་པར་ནུས་པ་རྣམས་ཀྱིས་དུས་རྟག་པར་ཀྱཻ་རྡོ་རྗེ་མཐོང་བ་ཡིན་ནོ། །ཡང་དེ་ཉིད་ལས། དེ་ལྟར་ཡང་དཔེར་ན་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་གདོན་པར་བྱ། །ཞེས་བྱ་བ་གསུངས་ཏེ། རྣ་བའི་བུ་གའི་གཏིང་ན་ཆུའི་ཐིགས་པ་འགའ་ཡོད་ན་ཆུ་གཞན་སླར་བཞིན་བླུགས་པས་ཕྱིར་འབྱུང་བ་ནི་འཇིག་རྟེན་པ་ལ་མངོན་དུ་གྲུབ་བོ། །དཔེ་དེ་བཞིན་དུ། དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་རྟོག་ཉིད་ཀྱིས་སྦྱང་བར་བྱ། །ཞེས་བྱ་བ་སྟེ། སྤྲོས་པའི་ཏིང་ངེ་འཛིན་དང་བརྟགས་པའི་ཆོས་ལུས་དང་ལུས་ཀྱི་ཆ་ཤས་ལྷའི་རྣམ་པར་བརྟགས་པ་སྲིད་པའི་མཚན་ཉིད་ཅན་མ་གཏོགས་པར་གྲོལ་བར་འགྱུར་བའི་ཐབས་མེད་པར་འགྱུར་རོ། ། ༈ ཀྱཻ་རྡོ་རྗེ་ངེས་པའི་དོན་གྱི་རྒྱ་ཆེར་བསྟན་པ་ལས། ལྷའི་སྒྲུབ་ཐབས་བསྟན་པའི་ལེའུ་བརྒྱད་པར། སྟོང་ཉིད་དམིགས་པར་བྱ་བའི་ཕྱིར། །སྨོན་པ་རྣམ་པར་བརྟག་པར་བྱ། །དངོས་པོ་རང་བཞིན་སྟོང་པའི་ཕྱིར། །རྒྱུ་ཞེས་པ་ཡི་


JLD011_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་མེད། །རྟོག་མེད་ཕྱིར་ན་སྨོན་ཉིད་མེད། །འདུས་བྱས་དང་བྲལ་མི་ཕྱེད་པ། །སྐྱེ་དང་འགག་པའི་དངོས་མེད་པས། །སྨོན་པའི་དོན་ཉིད་མེད་པ་ལ། །ཆོས་དང་ཆོས་ཉིད་མེད་པའི་ཕྱིར། །བྱང་ཆུབ་མེད་ཅིང་སངས་རྒྱས་མེད། །ཇི་ལྟ་རྨི་ལམ་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་པར། །དེ་བཞིན་སངས་རྒྱས་སེམས་ཅན་ཡང་། །དེ་ཉིད་བསྒོམས་པས་བལྟ་བར་བྱའོ། །བྲག་ཆ་གྲག་པ་ཇི་ལྟ་བར། །དེ་བཞིན་སངས་རྒྱས་ཆོས་རྣམས་སྟོན། །དེ་ལྟར་རྣམ་པར་བརྟགས་ནས་ནི། །སེམས་ཅན་རྣམས་ནི་བཟུང་བའི་ཕྱིར། །འཁོར་བའི་སྲིད་པ་ཇི་སྙེད་པར། །བྱང་ཆུབ་སེམས་དཔའ་གནས་པར་མཛད། །ཤེས་བྱའི་སྒྲིབ་པ་ཉིད་དང་ནི། །ཉོན་མོངས་བདུད་ནི་མཉམ་གྱུར་པས། །སྤངས་པ་ཙམ་གྱིས་བསྲུང་བའི་ཕྱིར། །འཁྲུག་ཆེན་གྱིས་ཀྱང་བསྲེག་པ་མིན། །སེམས་ཅན་ཀུན་ལ་བརྩེར་ལྡན་པའི། །བྱང་ཆུབ་སེམས་དཔའ་བརྩོན་ཆེན་གྱིས། །སངས་རྒྱས་རྡོ་རྗེ་སེམས་ཉིད་ལ། །ཐམས་ཅད་ཉིད་དུ་རྣམ་དཔྱད་དེ། །སྟོང་པ་ཉིད་དུ་དམིགས་མེད་པའི། །སྔགས་འདི་དག་ནི་བརྗོད་པར་བྱ། །ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་དང་པོའི་སྨོན་ལམ་རྗེས་སུ་དྲན་པར་འགྱུར་ཏེ། དེ་ཡིས་སྨོན་ལམ་གྱི་སེམས་ཏེ་འགྲོ་བའི་དོན་གྱི་རོལ་མོ་བསྒྲུབ་པའི་ཕྱིར་ན། སྔགས་པ་རང་གི་སེམས་ལྷའི་དངོས་པོར་བརྟག་ཅིང་བསྒོམ་པར་བྱའོ། །རྩ་བའི་རྒྱུད་ལས་ཇི་སྐད་དུ། རྣམ་རྟོག་རྒྱ་རུ་ཆུད་པ་ཡི། །འགྲོ་བ་གསུམ་པོ་རྣམས་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་


JLD011_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི། །དེ་དང་དེ་ཡི་ཐབས་བསྟན་ཏོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་རྣམ་འཇུག་བྱ། །དཀྱིལ་འཁོར་འཁོར་ལོའི་ཁང་བ་དང་། །ལྷ་རྣམས་ཇི་ལྟར་བསྐྱེད་པ་དང་། །ཡེ་ཤེས་དགུག་དང་དབང་བསྐུར་དང་། །དེ་བཞིན་འཁོར་ལོ་རྩ་དང་ནི། །ཁུ་བ་རླུང་རྣམས་གང་བསྟན་ཏེ། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །འཇིག་རྟེན་མགོན་པོས་བསྟན་པ་ཡིན། །མ་ཡིན་ངེས་དོན་གཞན་དུ་དཔྱད། །དཀྱིལ་འཁོར་ཚུལ་དང་ལྷ་དག་དང་། །ཡེ་ཤེས་དགུག་དང་དབང་བསྐུར་དང་། །ཁུ་བ་རླུང་དུ་སུ་ལྡན་པ། །ཀྱཻ་རྡོ་རྗེ་ངེས་མི་ཤེས། །ཞེས་གསུངས་སོ། །༈ ཀྱཻ་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། རྣམ་པར་དག་པའི་ལེའུའི་རྒྱ་ཆེར་བཤད་པ་དགུ་པ་ལས། ཀྱཻ་བཅོམ་ལྡན་འདས་གཟུང་བ་དང་འཛིན་པ་གང་ལགས་ཞེས་བྱ་བ་ནི། གང་གིས་གང་ལ་ཇི་ལྟར་འཛིན་ཞེས་གསུངས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནི་ལན་དུའོ། །མིག་གིས་གཟུགས་ལ་འཛིན་པར་བྱེད། །སྒྲ་ལ་རྣ་བས་ཉན་པར་བྱེད། །སྣ་ཡིས་དྲི་ལ་སྣོམ་པར་བྱེད། །ལྕེ་ཡིས་རོ་ལ་མྱོང་བར་བྱེད། །དངོས་པོ་ལུས་ཀྱིས་རེག་པར་བྱེད། །ཅེས་གསུངས་ཏེ། བྱིས་པ་རྣམས་ནི་ཡུལ་དང་ཡུལ་ཅན་དང་། བདག་དང་བདག་གི་དང་། བདེ་བ་དང་སྡུག་བསྔལ་གྱི་ཚུལ་དུ་ཡུལ་རྣམས་ལ་འཇུག་པས།


JLD011_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མ་དག་པ་ཡིན་ལ། རྣལ་འབྱོར་པ་མཁས་པ་ནི། དེ་ཉིད་ཐབས་ཀྱིས་འཇུག་པར་བྱེད། དེ་རྣམ་པར་དག་གོ །འདི་ལྟར་བདེ་བ་དང་སྡུག་བསྔལ་ཐམས་ཅད་ནི། གཟོད་མ་ཉིད་ནས་ངོ་བོ་ཉིད་ཀྱིས་སྟོང་ཞིང་དབེན་ཏེ། གང་གིས་དེ་ལྟར་ཤེས་པ་དེ་ནི་རྣམ་པར་སྦྱངས་པ་སྟེ་ངེས་པའི་དོན་ནོ། །དེས་ན་ཡིད་ཀྱིས་བདེ་བ་སོགས་ཐོབ་པ་རྣམས། །དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པར་བྱ། །ཞེས་བྱ་བ་ལ། རྣལ་འབྱོར་ལ་མཁས་པ་དང་། བྱིས་པའི་རང་བཞིན་ཅན་དག་གིས་འདི་ལྟར་རིག་པ་བཞིན་དུ། བདེན་པ་གཉིས་ལ་བརྟེན་ཏེ། རྣལ་འབྱོར་པ་མཁས་པས་ཀྱང་། སྒྱུ་མའི་དཔེ་བཅུ་གཉིས་དང་། དམ་ཚིག་འཁོར་ལོས་ཀུན་རྫོབ་ཀྱི་བདེན་པ་མི་སྤང་སྟེ། རང་རང་ཇི་ལྟར་འདུལ་བ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་ཏོ། །ཀྱཻ་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། དབང་གི་ལེའུའི་རྒྱ་ཆེར་བཤད་པ་བཅུ་པ་ལས། རྡོ་རྗེ་སློབ་དཔོན་རིག་སྔགས་འཆང་གིས། གདོད་མ་ཉིད་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་ཆུ་ཟླ་ལྟ་བུ་ལ་ཉེ་བར་གནས་ཏེ། སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང་། ལས་རྒྱས་པ་ཐམས་ཅད་བྱ་བའི་སྐད་ཅིག་དེ་ལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་གཟོད་མ་ཉིད་ནས་ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་རོ། །དེ་སྟེང་གང་ལ་འདུ་ཤེས་འདི་དག་གིས་དབེན་པའི་སྐྱེ་བོས་ལས་འདི་དག་ལ་འཇུག་ཅིང་སློབ་མ་སྡུད་པ་དག་ནི། གླང་པོ་ཆེ་སྨྱོན་པ་དང་མཚུངས་


JLD011_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རང་གི་སྡེ་བརླག་པར་བྱས་ནས་ཕ་རོལ་གྱི་སྡེ་ཕུང་བར་བྱེད་པ་ཡིན་ནོ། །དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་རྡོ་རྗེའི་ཚིག་བཏུ་བ་ཞེས་བྱ་བའི་ལེའུ་བཞི་པར། འདི་སྐད་དུ་རྣལ་འབྱོར་པ་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སེམས་བདེ་བའི་འབྱུང་གནས་དེ་ཚོགས་པ་བཟང་ངན་གྱིས་འགྲོ་བ་དམ་པ་དང་། དམ་པ་མ་ཡིན་པར་གྱུར་པ་ཐམས་ཅད་ལ་བདེ་བ་ཆེན་པོ་དབྱེར་མེད་པར་རྟོགས་པ་འཐོབ་པའི་ཐབས་ནི་རང་གི་སེམས་ཁོ་ན་བས། རང་བཞིན་གྱིས་བདེ་བ་འབྱུང་བ་ཟག་པ་དང་བཅས་པའི་ཆོས་རྣམས་འགག་པ་ཐོབ་པ་ནི་བསམ་གཏན་ཕུལ་དུ་བྱུང་བ་བསླབས་པ་ལས་འབྱུང་བར་བླ་མ་དམ་པ་རྣམས་ཀྱིས་གསུངས་སོ། །ཞེས་བྱ་བ་སྟེ་འདི་ནི་འདིར་མན་ངག་གི་སྟེ། དེ་བས་ན་བརྟག་པ་དང་པོའི་ལེའུ་བཅུ་པ་ལས། ཕྱག་རྒྱའི་རྒྱུ་དང་རྣམ་པར་བྲལ་ཅེས་གསུངས་ཏེ། སྐྱེ་བོ་ཤེས་རབ་དང་སྙིང་རྗེའི་རྐང་པ་དང་ལྡན་པ་དེ་དག་ལ་ནི་དང་པོ་ཡང་གསང་བ་ཤེས་རབ་ཡེ་ཤེས་དང་བཞི་པ་རྣམས་དགོས་པ་མ་ཡིན་ལ། ཕྱི་ནས་ཀྱང་སྤྲོས་པ་དང་བྲལ་བའི་ཕྱག་རྒྱ་ཆེན་པོས་གཏོགས་པར་ཕྱག་རྒྱ་གཞན་ལ་བརྟེན་པ་ཉིད་མི་དགོས་སོ། །དེ་ལྟར་ན་དེ་དག་ནི་འདོད་ཆགས་ཀྱི་ཉེས་པས་ཀྱང་མ་རེག་ལ། འདོད་ཆགས་ཀྱིས་གྲོལ་བར་བྱེད་པའི་ཐབས་ལ་ཡང་གནས་པས་ན་གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་གནས་ཀྱི་མན་ངག་རྣམས་གཟུང་བ་དང་། སྦྱིན་པ་ལ་དབང་ཐོབ་པ་ཡང་ཡིན་ནོ། །ཇི་ལྟར་ན་


JLD011_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དབང་བསྐུར་བ་དང་བྲལ་བཞིན་དུ། དེའི་མན་ངག་འཛིན་པ་དང་། སྦྱིན་པ་ལ་དབང་ཐོབ་པ་དེ་ལྟ་ན། ཡང་དག་དབང་ནི་བསྐུར་བ་ལ། །དེ་ཉིད་བསྟན་ཅེས་རྡོར་འཛིན་གསུངས། །གཞན་དུ་དེ་ལ་དངོས་གྲུབ་ནི། །མེད་ཅིང་བྱང་ཆུབ་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཡང་དེ་ལྟ་མིན་ནོ། །ཞེ་ན། དེ་ནི་མ་ཡིན་ཏེ་དཔེར་ན་མིག་སྨན་གྱི་ཐུར་མས་མིག་དབྱེ་བའི་ཚོར་བ་སྡུག་བསྔལ་མ་མྱོང་བ་རྣམས་ལ། ཐུར་མའི་རིག་པ་གཟུང་བ་དང་། སྦྱིན་པའི་དབང་མེད་པ་ནི་མ་ཡིན་པ་ལྟར་འདི་ཡང་དེ་དང་འདྲའོ། །གལ་ཏེ་དེ་ནི་མ་ཡིན་ཏེ། འདིར་ཉམས་སུ་མྱོང་བའི་དོན་སྟོན་པ་ཡིན་ནོ། །ཞེ་ན། དེ་ནི་མ་ཡིན་ཏེ། ལྷན་ཅིག་སྐྱེས་དགའ་གཞན་དག་གིས། །བརྗོད་མིན་གང་ནས་མི་རྙེད་ཀྱང་། །ཞེས་གསུངས་པའི་ཕྱིར་དང་། དེ་བཞིན་དུ་གཞོན་ནུ་མ་ཡི་རབ་དགའ་ལྟར། །བསྟན་དུ་མེད་པའི་བདེ་བ་འབྱུང་། །ཞེས་གསུངས་པས། རང་གིས་ཉམས་སུ་མྱོང་བ་ཇི་ལྟ་བ་སློབ་མ་ལ་བརྗོད་པ་ཡིན་ནོ། །གཞན་ཡང་ཉམས་སུ་མྱོང་བའི་དོན་བརྗོད་ན། ཅི་དབང་པོ་གཉིས་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་བརྗོད་པའམ། ཡང་ན་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རྟོགས་པ་བརྗོད། དང་པོ་ནི་མ་ཡིན་ཏེ་དེ་ནི་བླ་མ་ལ་རག་མི་ལས་ཤིང་འདོད་ཆགས་དང་མ་བྲལ་བ་ཐམས་ཅད་ལ་འབྱུང་བའི་ཕྱིར་རོ། །ཕྱོགས་གཉིས་པ་ལྟར་ན་ནི་དེ་ཐོབ་པ་ལ་རག་མི་ལས་ཤིང་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་དང་མི་ལྡན་པ་འགའ་ཞིག་གིས་ཀྱང་འགྲུབ་པར་ཐལ་བའི་ཕྱིར་རོ། །གང་གསུངས་པའི་


JLD011_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་དབང་ནི་བསྐུར་བ་ལ་ཞེས་བྱ་བ་ལ་སོགས་པ་ནི་ཟློག་པར་བྱེད་པ་ཉིད་མ་ཡིན་ཏེ། རིག་པའི་དབང་གི་དགོངས་པ་དང་ཡུལ་ཐམས་ཅད་མ་གཟུང་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་འདི་ནི་རིགས་པ་མ་ཡིན་ཏེ། རིག་པའི་དབང་ནི་སྐུ་རྣམ་པར་དག་པ་ཡིན་ལ། གསང་བ་དང་ཤེས་རབ་ཡེ་ཤེས་དག་པ་ནི་གསུང་དང་ཐུགས་རྣམ་པར་དག་པ་ཡིན་པའི་ཕྱིར། གང་གིས་རིག་པའི་དབང་བསྐུར་བ་དེ་ནི་སྐུ་འབའ་ཞིག་རྣམ་པར་དག་པ་ཡིན་གྱི་ཐུགས་དང་གསུང་དག་པ་མ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་འདི་ནི་མཆོག་ཏུ་འཁྲུལ་བའི་གནས་གང་ཟག་གི་བསམ་པ་ལ་བརྟེན་པ་ཙམ་ཡིན་གྱི་ངེས་པར་གྱུར་པ་ཉིད་མ་ཡིན་ནོ། །དེ་ལྟར་མིན་ན་རིག་པའི་དབང་ཡོངས་སུ་ཉམས་པར་འགྱུར་ཏེ། འདི་ལྟར་ཆུ་དང་ཅོད་པན་དང་རྡོ་རྗེ་དང་དྲིལ་བུ་དང་། མིང་གིས་རིམ་པ་བཞིན་དུ་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པ་དང་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམས་འགྲུབ་པར་གསུངས་པའི་ཕྱིར་རོ། །གང་ཡང་ཡེ་ཤེས་ལྔ་རྣམ་པར་དག་པའི་མཐར་གྱུར་ཀྱང་གསུང་དང་ཐུགས་རྣམ་པར་མ་དག་པ་ཞིག་ན་སུ་ཞིག་བསྟན་པ་འདི་ལ་བརྩོན་པར་འགྱུར། དེ་བས་ན་གང་གིས་རིག་པའི་དབང་གཟུང་བ་དེ་ནི་དབང་རྣམ་པ་གསུམ་ལ་དབང་བ་ཁོ་ནའོ། །དེ་ལྟར་ན་འདི་དག་ནི་བརྟན་པར་མི་འགྱུར་ཏེ། དོན་མེད་དོ་ཞེ་ན་ཐམས་ཅད་དུ་ནི་དག་པར་མི་སྦྱོར་རོ། །དཔེར་ན་འགའ་ཞིག་ཏུ་ནི་མུ་ཏིག་དོ་ཤལ་དག་པ་བས། ཆད་པ་སྟོང་པ་བསྟན་པ་


JLD011_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆེས་ཐབས་སུ་འགྱུར་བ་ལྟ་བུའོ། །༈ བརྟག་པ་གཉིས་པའི་ལེའུ་གཉིས་པའི་རྡོ་རྗེའི་ཚིག་བཏུ་བ་ལས། དེ་ལྟར་ཡང་གསུངས་ཏེ། ཐ་མལ་རྣམ་པ་གཞོམ་པའི་ཕྱིར། །རང་ལ་ལྷ་ཡི་ངར་འཛིན་བྱ། །ངར་འཛིན་དེ་ཡང་གཞོམ་པའི་ཕྱིར། །དམིགས་པ་མེད་པའི་རྣམ་པར་བསྒོམ། །གང་ཚེ་སེམས་ནི་མཉམ་གནས་པའང་། །དེའི་ཚེ་དེ་ཉིད་ཡིན་པར་ངེས། །ཞེས་སོ། །ཇི་ལྟར་ངར་འཛིན་པའི་ཚུལ་ཡང་། དང་པོའི་ལས་ཅན་རྣལ་འབྱོར་པ། །དེས་ནི་སྤྲུལ་སྐུ་ལ་གོམས་བྱ། །སྤྲུལ་པ་བརྟན་པར་གྱུར་པ་ན། །ལོངས་སྤྱོད་རྫོགས་པ་བརྟན་པར་བསྒོམ། །སྤྲུལ་པའི་སྐུ་ནི་གསལ་གྱུར་ཅིང་། །ལོངས་སྤྱོད་རྫོགས་པ་གསལ་ཙམ་ན། །ཆོས་སྐུ་དམིགས་པ་མེད་པ་སྟེ། །འདི་ནི་མདོར་བསྡུས་སྨོས་པའོ། །ཞེས་གསུངས་སོ། །༈ ལེའུ་བཅུ་གཅིག་པའི་རྡོ་རྗེའི་ཚིག་བཏུ་བ་ལས། འདི་ཡང་ཡང་དག་པའི་ཡེ་ཤེས་མངོན་སུམ་དུ་བྱས་པ་དང་། དེ་དཔེའི་ཡེ་ཤེས་མངོན་སུམ་དུ་བྱས་པའི་དབྱེ་བས་རྣམ་པ་གཉིས་ཉིད་དུ་ཤེས་པར་བྱ་སྟེ། དེ་ལྟར་མིན་ན་དཔེའི་ཡེ་ཤེས་ཉི་ཚེ་འབྱུང་བ་ཡང་དང་པོར་དཔེ་སྔོན་དུ་ངེས་པར་འགྲོ་བའི་ཕྱིར་ན་མི་སྲིད་པའོ། །དེ་བས་ན་དཔེའི་ཡེ་ཤེས་ཀྱིས་ནི་འདི་དམན་པ་ཉིད་ལ་དཔེ་ཅན་གྱི་ཡེ་ཤེས་ཀྱིས་མཆོག་ཏུ་གྱུར་པ་ཁོ་ནའོ། །དེའི་ཕྱིར་གང་གིས་དང་པོ་ཉིད་ནས་དཔེ་ལ་མ་བརྟེན་པས་དཔེ་ཅན་གྱི་ཡེ་ཤེས་འབྱུང་བར་ནུས་པ་དེ་དག་ནི་དཔེའི་ཡེ་ཤེས་ལ་མི་བརྟེན་ལ། འགའ་ཞིག་དཔེའི་ཡེ་ཤེས་ལ་མ་བརྟེན་པར་དཔེ་ཅན་ལ་འཇུག་པར་མི་འགྱུར་བ་དེ་དག་ནི་གཉི་ག་ལ་


JLD011_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའོ། །འདིར་ཡང་ངེས་པར་ཚངས་པར་སྤྱོད་པའི་སྔགས་པས་ནི། དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མི་བྱ་སྟེ། རྩ་བའི་རྩ་བས་བླ་མ་དང་བཅས་ཏེ་ངན་འགྲོར་གཞོལ་བའི་ཕྱིར་རོ། །གང་ཞིག་ངས་དེ་ཉམས་སུ་མྱོང་བར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་པ་དེ་དག་གིས་ཀྱང་། དང་པོའི་སྡོམ་པ་ཉམས་པར་མི་བྱའི་ལེགས་པར་གཏད་པར་བྱའོ། །སློབ་དཔོན་ཆེན་པོ་ཀ་མ་ལ་དྷེ་ནུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ན་ཡ་དེ་པ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། །ཤུབྷཾ། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། ། །ཀྱཻ་རྡོ་རྗེའི་ཟིན་བྲིས། ༈ དཔལ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ལ། རིགས་བསྡུས་པ་དང་། རིགས་སོ་སོ་བ་གཉིས་ཏེ། གུར་ལེའུ་ལྔ་པ་ལས། དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཡང་ན་བསྡུས་པའི་དཀྱིལ་འཁོར་ཏེ། །ཞེས་སོ། །རིགས་བསྡུས་པ་ལའང་ཚུལ་གཉིས་ཏེ། དེའི་རྗེས་ནས་བརྒྱད་བརྒྱད་དབུས་སུ་གནས་པའམ། ཡང་ན་ཉི་ཤུ་རྩ་ལྔ་རུ། །གང་ཚེ་དཀྱིལ་འཁོར་བསྡུས་པ་ཡི། །སྒོར་ནི་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དེ་བཞིན་རྡོ་རྗེ་ཉིད། །ཅེས་གསུངས་ཏེ། འགྱུར་གཞན་ལས། དེ་བཞིན་རྡོ་རྗེ་འབེབས་མ་ཉིད། །ཅེས་གསུངས་ཏེ། ལྷ་ཞེ་ལྔ་དང་ཉེར་ལྔ་མ་གཉིས་ཏེ་སྒོ་མ་བཞི་ནི་གཉིས་ཀའོ། རིགས་


JLD011_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་བ་ལ་ལྔ་ཡོད་ཀྱང་། འདིར་རྡོ་རྗེའི་རིགས་ཀྱིའོ། །དེ་ལ་རྩ་རྒྱུད་ལས་བཞི་གསུངས་པ་ལ། འདིར་ནི་ཞལ་བརྒྱད་ཕྱག་བཅུ་དྲུག་པའོ། །དེ་རྣམས་ནི་ཡབ་གཙོ་བོར་གྱུར་པ་ཡིན་ལ། ཡུམ་བདག་མེད་མ་གཙོ་བོར་བྱས་པ་ལ་ལྷ་མོ་བཅོ་ལྔས་བསྐོར་བ་ནི། གུར་བརྟག་གཉིས་ཀ་ལས་གསུངས་ཤིང་། རིགས་ལྷག་མ་བཞི་སོ་སོ་བ་དང་། རིགས་བསྡུས་པ་གུར་ལས་གསུངས་སོ། །ཞལ་བརྒྱད་པའི་སྒྲུབ་ཐབས་ལ་མང་དུ་ཡོད་ཀྱང་། འདིར་ནི་མི་ཐུབ་ཟླ་བའི་ཡན་ལག་དྲུག་པའི་ལུགས་སོ། །སློབ་དཔོན་འདིས་མཛད་པ་ལ་དཀྱིལ་ཆོག་བཟང་པོ་ཡོངས་བཟུང་དང་། སྒྲུབ་ཐབས་ལ་རིགས་བསྡུས་དང་། ཡན་ལག་དྲུག་པ་དང་། བདག་མེད་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དང་། གཏོར་ཆོག་དང་། བཅུད་ལེན་གྱི་ཆོ་ག་དང་། རྩ་རྒྱུད་ཀྱི་འགྲེལ་པ་སྟེ་བདུན་མཛད་པར་གྲགས་སོ། །སློབ་དཔོན་འདི་ཊྃ་བི་ཧེ་རུ་ཀའི་དངོས་སློབ་ཏུ་གྲགས་ལ། དེ་ཡང་ཡན་ལག་དྲུག་པ་ལས། ཊ໋་བི་པའི་ཞལ་སྔ་ནས་ཀྱི་རིམ་རྙེད་པས། ཞེས་གསུངས་པ་དང་མཐུན་ནོ། །འདི་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས། དང་པོ་ལ་སྔོན་འགྲོ་དང་། དངོས་གཞི་དང་། རྫོགས་བྱེད་ཀྱི་ཡན་ལག་གསུམ་དང་དང་པོ་ལ་གཉིས་ཀྱི་སྦྱོར་བ་ཚོགས་བསག་པ་ལ། ཚོགས་ཞིང་སྒྲུབ་པ་ནི། འདིར་རང་ཉིད་ལྷར་བསྒོམ་པ་མི་གསལ་ཡང་། ཡན་ལག་མེད་པའི་རྡོ་རྗེས་ལྷར་བསྐྱེད་པ་གསུངས་ལ། གཙོ་བོ་ཞལ་


JLD011_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་པར་བྱའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །།མངྒ་ལཾ། །

རྗེ་བཙུན་མ་བདག་མེད་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཟིན་བྲིས


JLD011_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་མ་བདག་མེད་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཟིན་བྲིས་བཞུགས་སོ། །


JLD011_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བདག་མེད་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ལ། དང་པོ་གནས་དབེན་པར་རྡོ་རྗེ་སྐྱིལ་ཀྲུང་དང་། ལག་པ་མཉམ་གཞག་བྱས་ལ། རང་ལྷར་བསྒོམ་པ་མི་གསལ་ཡང་། མི་ཐུབ་ཟླ་བས་རང་གི་སྙིང་གར་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་སྟེང་དུ་ཨཾ་བསམ་པར་བཤད་པས། བདག་མེད་མར་བསྒོམ་མོ། །དེའི་འོད་ཟེར་གྱིས་གང་སྤྱན་འདྲེན་པ་ནི། ཤཱནྟི་པ་དང་ཨ་བྷ་ཡས་བདག་མེད་མའི་དཀྱིལ་འཁོར་ལ་བཤད། བདུད་རྩི་འོད་ལས། ནམ་མཁར་རྗེ་བཙུན་བླ་མ་དང་། །མི་བསྐྱོད་པ་ཡི་སྐུ་ལྟ་བུའི། །མངའ་བདག་རྡོ་རྗེ་དབང་དམིགས་ཏེ། །ཞེས་གསུངས་སོ། །དེ་ལ་བསོད་ནམས་གསོག་པ་ནི། བདུད་རྩི་འོད་ལས། ཕྱག་འཚལ་བ་དང་། དཀར་མོ་སོགས་ལྔས་བདུད་རྩི་ལྔ་དང་། ལྷག་


JLD011_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསུམ་གྱིས་རོ་དང་ཅང་ཏེའུ་དང་། འཁྱུད་པས་མཆོད་ནས། སྡིག་བཤགས། ཡི་རང་། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པར་བཤད་ལ། མི་ཐུབ་ཟླ་བས་ཡན་ལག་དྲུག་པ་བཞིན་དུ་བཤད་དོ། དེ་ནས་ཤཱུནྱ་ཏཱའི་སྔགས་དོན་བསྒོམ་པར་གཉིས་ཀས་བཤད་ལ། མི་ཐུབ་ཟླ་བས། དངོས་པོ་བདེན་རྫུན་རྣམ་དཔྱད་ནས། །རྟོག་པས་བྱས་ཀྱང་བསྒོམ་མི་ནུས། །སྐྱེ་བ་མེད་པར་རབ་སྦྱོར་ནས། །སྐྱེ་བ་འདི་ནི་རབ་བཤད་དོ། །ཞེས་འབྱུང་བ་ནི། རིགས་བསྡུས་ཀྱི་སྒྲུབ་ཐབས་ལས། ཡོད་མེད་དངོས་པོ་དཔྱད་པ་ལས། །བརྟགས་པས་ཉེ་བར་མི་གོས་ཏེ། །འདི་དག་གཟུགས་བརྙན་དག་དང་མཚུངས། །སྣ་ཚོགས་དངོས་པོ་མེད་པ་རུ། །དངོས་རྣམས་ཐམས་ཅད་


JLD011_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱ། །ཞེས་བསྒྱུར་བ་ལེགས་ཏེ། གུར་གྱི་འགྱུར་ལའང་ཅི་རིགས་སུ་ཡོད་དོ། །དེ་ནས་སྟོང་པའི་ངང་ལས་ལངས་ཏེ་སྲུང་འཁོར་བསྒོམ་པ་ལ། བདུད་རྩི་འོད་ལས་པདྨ་མ་བྱུང་ཡང་། མི་ཐུབ་ཟླ་བའི་སྒྲུབ་ཐབས་ལས། པདྨ་དང་སྣ་ཚོགས་རྡོ་རྗེ་གཉིས་ཀ་གསུངས་པ་ལྟར་བྱ་ལ། སྲུང་འཁོར་ནི། ཡན་ལག་དྲུག་པ་ལྟར་བྱའོ། །བདག་མེད་མ་ལའང་ཁྲོ་བཅུའི་སྲུང་འཁོར་བསྒོམ་པར་ལྷའི་རིགས་ཀྱི་བློ་གྲོས་ཆེན་པོས་བཤད་དོ། །དེ་ནས་ཆོས་འབྱུང་བསྒོམ་པ་ལ། ས་བོན་ནི་གཉིས་ཀར་མ་བཤད་དོ། །དེར་འབྱུང་བ་བསྒོམ་པ་ལ་བདུད་རྩི་འོད་དུ། ས་ནས་རླུང་གི་བར་དང་། ས་དཀྱིལ་ལྗང་གུར་བཤད་ལ། མི་ཐུབ་ཟླ་བས་ཡན་ལག་དྲུག་པ་ལྟར་མཛད་དོ། །བདུད་རྩི་འོད་ལས་འདྲེས་པའི་སྔོན་དུ་འཁོར་ལོ་བསྒོམ་པ་མ་བཤད་ལ། མི་ཐུབ་ཟླ་བས། བྷྲུཾ་ལས་འཁོར་ལོའི་སྟེང་དུ་བདག །སྲིད་པ་བར་མ་བསམས་བྱས་ནས། །ཨེ་ཝཾ་ཉིད་དུ་རབ་ཏུ་འདྲེས། །ཞེས་གསུངས་ཤིང་། བདུད་རྩི་འོད་དུ། ཨེ་ཝཾ་དུ་བདག་དང་འདྲེས་པར་གསུངས་པའི་དོན་ནི། ཨེ་ནི་རྟེན་ཆོས་འབྱུང་ཡིན་ལ། ཝཾ་ཡིག་ནི་སྐབས་འདིར་བརྟེན་པ་འབྱུང་བཞི་དང་འཁོར་ལོ། བདག་ནི་རང་གི་རྣམ་ཤེས་སོ། །དེ་སྲིད་པ་བར་དོར་བཤད་པ་ནི། སྐབས་འདིར་ཡང་སྦྱང་གཞི་དང་སྦྱར་ན་བར་དོའི་སྐབས་ཡིན་པ་ལ་དགོངས་སོ། །འདིར་སྟོང་ཉིད་ལས་ལངས་པའི་ཚེ། ནམ་མཁའ་བར་དོ་མཚོན་བྱེད་ཀྱི་ཡི་གེ་འཇོག་མི་འཇོག་ནི། མན་སྙེ་ལས། བདག་མེད་མ་ལའང་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་


JLD011_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་གཞག་མཛད་དེ། དེ་ཉིད་ལས། ཟླ་བ་དང་ཉི་མའི་དབུས་ན་གནས་པའི་ཕྱག་མཚན་གྱི་ནང་དུ་སོན་པའི་ས་བོན་གྱི་ངོ་བོ་ནི། འདིར་རྒྱུ་རྡོ་རྗེ་འཛིན་པའོ་ཞེས་དང་། འདི་སྐད་གསུངས་ཏེ་ཡེ་ཤེས་བཞི་རྣམས་ནི་རྒྱུར་གྱུར་པ་རྣམས་ཏེ། ལྔ་པ་འབྲས་བུའོ། །ཞེས་གསུངས་སོ། །ཞེས་སོ། །དེའི་ལྟར་ན་ཟླ་ཉིའི་བར་དུ་བར་སྣང་ལས་ནཱ་ད་བབས་ནས་རིམ་གྱིས་ཨཾ་དུ་རྫོགས་པར་བྱའོ། །མར་ལུགས་པ་རྣམས་འདི་ལ་བར་སྲིད་མཚོན་པའི་ནཱ་ད་འཇོག་པར་འདོད་དོ། །འདྲེས་པ་ལས་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་བསྒོམ་མོ། །དེར་འཕར་མ་གཉིས་བསྒོམ་པ་ནི། ཟེའུ་འབྲུ་ལས་ནི་གཅིག་འགྱུར་ཏེ། །གྲུ་གསུམ་གྱིས་ནི་ཕྱི་མར་བརྗོད། །ཅེས་པའི་ཀུ་མུ་ཊི་ལས། ཟེའུ་འབྲུ་ནི་སྙིང་པོའོ། །གྲུ་གསུམ་ནི་ཕྱི་རོལ་མཐའ་གསུམ་མོ། །ཞེས་དང་། འཕར་མ་གཉིས་ཞེས་བྱ་བ་ནི་ཁ་སྦྱོར་ལྟ་བུའི་འཕར་མ་སྟེ། རྡོ་རྗེའི་ཕྲེང་བས་ཡོངས་སུ་བཅད་པ་དང་། ཞེས་སོ། །མུ་ཏིག་ཕྲེང་བ་ལས། ལྟེ་བ་ཡིས་ཞེས་པ་ནི། ལྟེ་བས་ཉེ་བར་མཚོན་པ་འདབ་མ་བརྒྱད་དོ། །གྲུ་གསུམ་གྱི་ཞེས་པ་ཆོས་ཀྱི་འབྱུང་གནས་ཀྱིས་ཡོངས་སུ་འབྱེད་པ། པདྨའི་ཕྱི་རོལ་གཞལ་ཡས་ཁང་གི་ནང་གི་གནས་སོ། །ཞེས་གསུངས་ཏེ། མཚོ་སྐྱེས་དང་མན་སྙེ་ཡང་དེ་དང་མཐུན་ཏེ། དབུས་སུ་པདྨ་འདབ་བརྒྱད་དང་། དེའི་ཕྱིར་ལྷ་སྣམ་དང་བཅས་པའོ། །པདྨའི་ལྟེ་བ་དང་ཕྱོགས་བཞིའི་འདབ་མ་ལ་རོ་ལྔ་དང་། ཕྱི་རོལ་གྱི་མཚམས་དང་སྒོ་བཞི་དང་། སྟེང་འོག་ཏུའང་རོའི་


JLD011_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ནོ། །འདིར་མན་སྙེ་ལས། དེ་རྣམས་ཀྱི་སྙིང་གར་སྔོན་དུ་ཟླ་གདན་བསྐྱེད་དེ། དེ་ནས་མངོན་བྱང་ལྔ་བསྒོམ་པ་བཤད་དོ། །འདི་ལ་ཤཱནྟི་པས། ལྟེ་བར་དབྱངས་བཅོ་ལྔ་དང་། གསལ་བྱེད་སོ་བཞི་ལས་ཟླ་ཉི་སོགས་བསྐྱེད་ནས། གཙོ་མོ་རྫོགས་པ་དེའི་ཐུགས་ཀར། ས་བོན་ལས་འཁོར་གྱི་གདན་རྣམས་ཀྱི་སྟེང་དུ་ཟླ་བ་དང་ཉི་མ་བཅུ་བཞི་པ་གཉིས་སྤྲོ་བ་དང་། ཉི་མའི་སྟེང་དུ་ས་བོན་བསྒོམ་པར་བཤད་ལ། ཌ໋་བི་པའི་གཞུང་དང་མི་ཐུབ་ཟླ་བའི་སྒྲུབ་ཐབས་སུ་འདྲ་བར་རྒྱུད་བཞིན་ལས་མ་བྱུང་ཡང་། ས་སྐྱ་པས་མངོན་བྱང་ལྔ་བསྐྱེད་ནི་རེ་རེ་ལ་གཙོ་མོ་བཞིན་བྱེད་དེ། ཀུ་མུ་ཊིའི་དགོངས་པ་ཡིན་ལ། མན་སྙེ་དང་ཡང་མཐུན། ཟླ་ཉིའི་བར་དུ་ས་བོན་བསྒོམ་པར་བཤད་དོ། །རྔོག་པས་འཁོར་བཅུ་བཞི་ལ་ཡི་གེ་རེ་རེ་ལས་ཟླ་ཉི་བསྐྱེད་པའི་མངོན་བྱང་བྱེད་པས་གཙོ་མོ་དང་བསྐྱེད་ཚུལ་མི་འདྲའོ། །འདིར་མུ་ཏིག་ཕྲེང་བ་ལས། དང་པོའི་ས་བོན་ནི་སྦྱོར་བའི་དང་། ཕྱག་མཚན་ནི་དངོས་གཞིའི་དང་། དེ་ལ་མཚན་མའི་ས་བོན་ནི་ཡོངས་སུ་གཅོད་པ་དང་། སྤྲོ་བསྡུ་ནི་གཞོན་གྱི་བདེ་བ་སྟེ་བདེ་བ་བཞིར་བཤད་དོ། །མི་ཐུབ་ཟླ་བས་གཙོ་མོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་པར་བཤད་དོ། །ཏིང་ངེ་འཛིན་སེམས་དཔའང་དགོས་སོ། །དེ་ནས་ཌ໋མྦི་པའི་གཞུང་དུ་མི་གསལ་ཡང་མི་ཐུབ་ཟླ་བས་བཤད་པ་ལྟར། ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་པ་དང་། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །དེ་ནས་དབང་ལྷ་སྤྱན་དྲངས་པ་སོགས་ཡན་ལག་དྲུག་པ་དང་འདྲ་ལ། རིགས་བདག་


JLD011_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ནི། གཙོ་མོ་སོགས་ནང་གི་ལྔ་ལ་རིམ་པ་བཞིན་རིགས་ལྔ་དང་། ཕྱིའི་བཞི་ཚན་གཉིས་ལ་དོན་གྲུབ་མ་གཏོགས་པ་རིགས་བཞིས་རྒྱས་གདབ་བོ། །སྟེང་འོག་གཉིས་ལ་ནི་བདུད་རྩིའི་འོད་ལས། འོག་དང་སྟེང་དུ་སྐུ་གསུང་གི །ཕྱག་རྒྱ་བྱེད་པ་རྫོགས་པའོ། །ཞེས་གསུངས་ལ། མི་ཐུབ་ཟླ་བའི་སྒྲུབ་ཐབས་ལས། སྐུ་དང་གསུང་ཉིད་ཀྱིས། མཁའ་སྤྱོད་མ་དང་ས་སྤྱོད་མ། །ཞེས་བཤད་དོ། །མན་སྙེ་ལས། མཁའ་སྤྱོད་མ་ལ་རྣམ་སྣང་དང་། ས་སྤྱོད་མ་ལ་འོད་དཔག་མེད་ཀྱིས་རྒྱས་འདེབས་པ་བཤད་དོ། །དེ་ནས་ནག་པོ་སོགས་ཀྱིས་ཡན་ལག་དྲུག་དང་གཏུམ་མོ་བསྒོམས་པས་དུབ་ན། དག་པ་དྲན་པར་བྱ་སྟེ། དེ་ལ་བཞི་ལས། ཕུང་པོའི་དག་པ་ནི་གཟུགས་ཕུང་ནས་རྣམ་ཤེས་ཀྱི་ཕུང་པོའི་བར་ལྔ་རྡོ་རྗེ་མ་ནས། བདག་མེད་མའི་བར་ལྔ་དང་། ཁམས་ཀྱི་དག་པ་ནི་སའི་ཁམས་སོགས་བཞི་པུ་ཀ་སི་སོགས་བཞི་དང་། ཡུལ་གྱི་སྐྱེ་མཆེད་ཀྱི་རྣམ་དག་ནི། གཟུགས་ནས་རོའི་བར་བཞི་ཕྱིའི་གཽ་རཱི་སོགས་བཞི་དང་། རེག་བྱ་ནི་ས་སྤྱོད་མ་དང་། ཆོས་ཀྱི་སྐྱེ་མཆེད་ནི་མཁའ་སྤྱོད་མར་བསྒོམ་མོ། །ཉོན་མོངས་པ་དང་ཉེ་ཉོན་གྱི་རྣམ་དག་ནི། ཞེ་སྡང་འདོད་ཆགས་གཏི་མུག །ང་རྒྱལ་ཕྲག་དོག་ལྔ་ལ་རིམ་པ་བཞིན་དུ་བདག་མེད་མ། རྡོ་རྗེ་མ། ཆུའི་རྣལ་འབྱོར་མ། གཽ་རཱི་རྡོ་རྗེ་མཁའ་འགྲོ་མ་ལྔར་བསྒོམ་པར་བཤད་དོ། །ཕྱག་རྒྱ་ལྔའི་དག་པ་ལ་གཉིས་ལས་དགོས་པ་ནི། བླ་མ་དང་འདོད་ལྷ་ལ་འདུན་པ་དང་། སློབ་དཔོན་སྨོད་པའི་ཚིག་མི་


JLD011_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་པ་དང་། སྔགས་བཟླས་པ་དང་། སྲོག་ཆགས་ལ་གནོད་པ་སྤོང་བ་དང་། ཕྱག་རྒྱ་བསྟེན་པའོ། །ངོ་བོའི་རྣམ་དག་ནི་སྤྱི་བོའི་འཁོར་ལོ་མི་བསྐྱོད་པ་སོགས་སོ། །བསམ་གཏན་གྱིས་དུབ་ན་དབྱངས་བཅུ་དྲུག་གི་ཐ་མ་སྤངས་ཏེ། འགོར་ༀ་དང་མཐར་ཕཊ་སྭཱ་ཧཱ་སྦྱར་བའི་བཟླས་པ་བྱ་བ་དང་། དེ་ནས་གཏོར་མ་བྱ་བར་མི་ཐུབ་ཟླ་བས་བཤད་དོ། །བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་ལྷ་མོ་བརྒྱད་ཀྱིས་མཆོད་པའི་ཚུལ་ནི་མུ་ཏིག་ཕྲེང་བ་ལས། དེ་ལ་དང་པོ་དྲུག་གི་ཕྱག་ན་ཐོད་པར་མཆོད་པའི་རྫས་རྣམས་བསྟབས་པས། །རང་གི་མཐུས་དེ་རྣམས་སུ་འགྲོ་སྟེ་དེ་ཡོངས་སུ་སྤྱད་པས་མཆོད་དོ། །བརྒྱད་པ་སྨེ་མ་ནི། དཀྱིལ་འཁོར་གྱི་བདག་མོའི་མགུལ་ནས་འཁྱུད་དོ། །དེ་ལ་གཞན་རྣལ་འབྱོར་མ་བདུན་སྤྲོས་པའི་ཚུལ་གྱིས་འཇུག་པར་བྱའོ། དེའང་རང་གི་པདྨ་ལས་བྱུང་བའི་རྡོ་རྗེ་དང་སྦྱོར་བས་བཅོམ་ལྡན་འདས་མ་ཐམས་ཅད་ལ་ཡོངས་སུ་སྤྱོད་དོ། །ཞེས་ལྷ་མོ་སྔ་མ་དྲུག་གིས་མཆོད་རྫས་ཡུལ་རྣམས་ལ་བསྟབས་པ་ན། རང་གི་མཐུས་མཆོད་ཡུལ་གྱི་ཕྱག་གི་ཐོད་པར་སོང་ནས། ཡུལ་དེ་དག་གིས་ལོངས་སྤྱོད་དོ། །དེ་ནས་ལྷ་མོ་གཞན་བདུན་གཡུང་མོ་ལ་བསྡུས་ནས། པདྨ་རྡོ་རྗེར་གྱུར་པ་དང་པདྨ་སྦྱར་ནས་བདེ་བ་བསྐྱེད་པར་བཤད་དོ། །འདི་ནི་ཡབ་ཀྱི་སྒྲུབ་ཐབས་ཀྱི་སྐབས་སུའང་གཙོ་མོ་མ་གཏོགས་པ་གཞན་དགུ་ལའང་སྦྱར་རོ། །ཤཱནྟི་པས་གཙོ་མོ་རྫོགས་པ་དང་པོ་སྦྱོར་བ་དང་། དེའི་འོག་ནས་བཟུང་སྟེ་ཡན་ལག་དྲུག་བསྒོམ་པའི་བར་དཀྱིལ་འཁོར་


JLD011_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཆོག་དང་། དེ་ནས་གཙོ་མོས་བསྐུལ་བས་རང་རང་གི་སྐུ་ལས། རང་འདྲའི་སྤྲུལ་པའི་སྤྲིན་སྤྲོས་ནས་འགྲོ་བའི་དོན་བྱས་ནས་དེ་བསྡུས་པ་ནི་ལས་རྒྱལ་མཆོག་དང་། བསྒོམས་པས་སྐྱོ་ན་བཟླས་པ་བྱ་བར་བཤད་དོ། །གཞན་ཡང་ཐུན་གྱི་མཐར་འཁོར་གྱི་ལྷ་མོ་རྣམས་གཙོ་མོའི་ཐུགས་ཀའི་ས་བོན་ལ་བསྡུས་ཏེ་སྤྱོད་ལམ་ལ་འཇུག་པ་དང་། ཐུན་གཞན་ལ་འཇུག་པ་ན་རང་ཉིད་བདག་མེད་མར་གསལ་བའི་ཐུགས་ཀའི་ས་བོན་ལས་འཁོར་གྱི་ལྷ་མོ་སྤྲོས་ནས་གནས་སུ་བཀོད་པ་ལ་ཡེ་ཤེས་པ་གཞུག་པ་སོགས་དང་། ཐུན་ཐ་མའི་མཐར་འཁོར་གྱི་ལྷ་མོ་རྣམས་ཀྱི་ཡེ་ཤེས་པ་གཤེགས་ཏེ། དམ་ཚིག་པ་བདག་ལ་སྡུད་པ་སོགས་བྱེད་པར་མུ་ཏིག་ཕྲེང་བ་ལས་བཤད་དོ། །དེ་དག་གིས་ནི་གཞལ་ཡས་ཁང་བསྐྱེད་པ་དང་སྡུད་པ་སོགས་ཀྱང་ཤེས་ནུས་སོ། །བདུད་རྩི་འོད་ལས། རྣལ་འབྱོར་མ་ནི་བདག་མེད་མའི། །སྡོམ་པའི་དབྱེ་བ་བརྗོད་པར་བྱ། །ལྟེ་བར་ཕྱག་རྒྱ་ཆེན་པོ་གནས། །བདེ་ཆེན་བྱེད་པའི་གཞི་འབྲས་མ། །རྣོ་ཕྱིར་མེ་ཡི་གཟུགས་སུ་ནི། །འབར་བཅས་རྣམ་པ་མ་མོ་ཁྱོད། །དང་པོའི་དབྱངས་ཡིག་རང་བཞིན་ཏེ། །བློར་ནི་སངས་རྒྱས་རྣམས་ཀྱིས་བརྟགས། །ཞེས་དང་། བདག་མེད་ལུས་ཀྱི་ནང་གནས་པ། །གཞོམ་མེད་མ་ནི་ཐུར་དུ་བལྟས། །ཞེས་དང་། དེའི་ཕྱིར་ལུས་ལ་རྩ་གསུམ་གནས། །ཞེས་གསུངས་ནས། དེ་གསུམ་སྐུ་གསུང་ཐུགས་ཀྱི་གཟུགས་


JLD011_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དང་། རོ་མ་ཐབས་དང་རྐྱང་མ་ཤེས་རབ་ཀྱི་རང་བཞིན་གྱིས་གནས་པ་དང་། དྷཱུ་ཏཱིའི་དབུས་སུ་གནས་ནས་གཟུང་འཛིན་སྤངས་ཏེ་བདེ་ཆེན་བསྐྱེད་པར་བཤད་པའི་མཐར། མཚན་མོའམ་ཉིན་པར་དག་ཏུའམ། །རྟག་ཏུ་ཡེ་ཤེས་སྐྱེ་བ་ཉིད། །ལྷན་ཅིག་སྐྱེས་དགའ་མཆོག་དགའ་བ། །ཕ་ཡི་བདེ་བ་བཟང་པོ་འབབ། །ཅེས་གསུངས་སོ། །དེ་དག་གིས་ནི་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉིན་མཚན་ཀུན་ཏུ་སྐྱོང་དགོས་པ་དང་། དེའང་སྤྱི་བོའི་བྱང་སེམས་འཛག་པ་ལས་སྐྱེ་བ་དང་། དེ་འཛག་པའང་ལྟེ་བའི་གཏུམ་མོ་འབར་བ་ལས་དང་། དེའང་དྷཱུ་ཏཱིར་རླུང་ཚུད་པ་ལས་གཟུང་འཛིན་གྱི་རྟོག་པ་གཅོད་པའི་ཚུལ་གྱིས་ཡིན་པར་གསུངས་པས། ལེའུ་དང་པོའི་སྡོམ་པའི་དབྱེ་བ་རྣམས་དང་། ལྟེ་བར་གཏུམ་མོ་ཞེས་སོགས་དང་། ཀུན་འདར་མ་ནི་ཞེས་སོགས་ཀྱི་དོན་ཡང་དེས་ཤེས་པར་བྱའོ། །དབུ་མར་གཡས་གཡོན་གྱི་རླུང་གཉིས་བསྡོམ་པ་ལ་འཁོར་ལོ་བཞིའི་ལྟེ་བར་ཡི་གེ་བཀོད་པའི་གཏུམ་མོ་བསྡུས་པ་བསྒོམ་པ་དང་། སྙིང་གའི་སྡུད་རིམ་ཡན་ལག་དྲུག་བསྒོམ་པ་མཚོ་སྐྱེས་ཀྱིས་གསུངས་ལ། །ནག་པོ་སོགས་ཀྱི་ཡན་ལག་དྲུག་དང་གཏུམ་མོ་བསྒོམ་པ་ནི་ཌ໋མྦི་པ་དང་མི་ཐུབ་ཟླ་བས་ཀྱང་བཤད་དེ། འཁོར་ལོ་བཞི་དང་ཡི་གེ་བཞི་ལ་བརྟེན་པའི་རྫོགས་རིམ་ནི། ཀྱཻ་རྡོ་རྗེའི་སྒྲུབ་ཐབས་དུ་མ་ཞིག་ལས་གསུངས་པས། འདི་ལ་གཏུམ་མོ་ལེགས་པར་ཤེས་དགོས་སོ། །ཨོཾ་ཨ་ཨཱ། ཨི་ཨཱི།


JLD011_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཕཊ་སྭཱ་ཧཱ། འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་ངར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་གྱུར་ཅིག །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མདྨ་ལཾ། །

སངས་རྒྱས་ཐོད་པའི་མི་འཇིགས་གཞུང་འགྲེལ་སོགས་ཀྱི་ཟིན་བྲིས་རྗེས་གནང་བ།


JLD011_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐོད་པའི་མི་འཇིགས་གཞུང་འགྲེལ་སོགས་ཀྱི་ཟིན་བྲིས་རྗེས་གནང་བ་བཞུགས་སོ། །


JLD011_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐོད་པའི་འཇིགས་མེད་གཞུང་འགྲེལ་དུ། འོ་ན་འདི་རྣམས་མཆོད་པ་མཆོག་ནི་འདོད་པ་བྱེད་པ་ཁོ་ན་སྟེ། དེའང་སྐྱོན་ཡིན་ནོ་ཞེ་ན། སྐྱོན་མིན་ཏེ། གང་གི་ཕྱིར་མི་གོས་པས་སོ། །འོ་ན་འདོད་པ་བྱེད་པ་ཁོ་ན་གོས་པའོ་ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་ཕྲག་དོག་ལ་སོགས་པ་རྣམས་དང་ལྡན་པ་ནི་གོས་པར་བརྗོད་ན། རྣལ་འབྱོར་པ་དེ་ལ་ཕྲག་དོག་ལ་སོགས་པའི་ཉེས་པ་དེ་རྣམས་ཀྱིས་འདི་ལ་གནོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་འདི་འདྲ་བའི་མཆོད་པ་ནི། ཆེས་མཆོག་ཏུ་གྱུར་པ་དང་རྗེས་སུ་འབྲེལ་བ་ཅན་ཡིན། སྒྲོ་བཏགས་པའི་ཁྱད་པར་ཡིན་པའི་ཕྱིར་རོ་ཞེ་ན། སྒྲོ་བཏགས་པ་རྣམ་པ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་ངོ་བོ་དང་དེ་ཁོ་ན་ཉིད་མ་ཡིན་


JLD011_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོའོ། །དེ་ལ་དེ་ཁོ་ན་ཉིད་ཀྱི་ངོ་བོའི་བདག་ཉིད་ཀྱི་སྒྲོ་བཏགས་པ་ནི་མ་ལ་སོགས་པར་སྒྲོ་བཏགས་པ་བཞིན་དུ་བརྒྱུད་ནས་བྱང་ཆུབ་སྒྲུབ་པར་བྱེད་པའི་ཕྱིར་ཉེས་པ་མེད་དོ། །འོ་ན་འགའ་ཞིག་གིས་ཉམས་སུ་མྱོང་བའང་བཀག་པ་ཉིད་ཀྱི་ཕྱིར་འགལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ལས་ནི་རྣམ་པ་གཉིས་ཏེ། ཀུན་ནས་བསླང་བར་བྱ་བ་དང་ཀུན་ནས་སློང་བ་པོའི་དབྱེ་བས་སོ། །དེ་ལ་ལུས་དང་ངག་གི་ལས་ཐམས་ཅད་ཀུན་ནས་བསླང་བར་བྱ་བ་སྟེ། ཡིད་ཀྱིས་ནི་ཀུན་ནས་སློང་བའོ། །དེའང་རྣམ་པ་གཉིས་ཏེ། མ་ཆགས་པ་ལ་སོགས་པའི་ངོ་བོ་དང་དེ་ལས་ཅིག་ཤོས་སོ། །དེ་ལ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་


JLD011_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མི་དགེ་བ་སྟེ། དེའང་བཀག་པའོ། །མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བ་ཐམས་ཅད་ནི་དགེ་བ་ཁོ་ནའོ། །ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པ་ནི་མཐའ་དག་མ་ཆགས་པ་ལ་སོགས་པའི་བདག་ཉིད་འགྲོ་བ་ལ་སྣང་བར་བྱེད་དོ། །དེས་ན་འདི་སྤྱོད་ལམ་ཐམས་ཅད་དང་ལྡན་ཡང་མི་དགེ་བ་མི་དམིགས་པའི་ངོ་བོ་ཉིད་ཀྱི་ཕྱིར་དགེ་བའི་བདག་ཉིད་ཁོ་ནའོ་ཞེས་གསུངས་པ། རྣལ་འབྱོར་པ་དེ་ཞེས་པ་ལ་སོགས་པའོ། །དེ་ཁོ་ན་ཉིད་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །དེའི་ཕྱིར་འཁོར་བའི་ཉེས་པ་རྣམས་ཀྱིས་མ་གོས་སོ། །དེའི་ཕྱིར་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཁོ་ན་སྡིག་པ་ཐམས་ཅད་རྣམ་པར་སྦྱོང་བ་ལེགས་པ་ཐམས་ཅད་བྱེད་པའོ། །དེ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། འདི་ནི་ཐེག་པ་ཆེས་མཆོག་སྟེ། །འདི་ནི་བྱང་ཆུབ་སེམས་མཆོག་གོ །མཉམ་པར་བཞག་རྣམས་འབད་པ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །འཁོར་བར་རང་གཞན་དོན་བསྒྲུབ་ལ། །བྱང་ཆུབ་སེམས་ལས་མ་གཏོགས་པའི། །ཐབས་གཞན་སངས་རྒྱས་རྣམས་ཀྱིས་ནི། །སྔོན་ཆད་གཟིགས་པ་ནམ་ཡང་མེད། ཅེས་སོ། །འདི་དེ་རྣལ་འབྱོར་མཆོག་དེའི་ཕྱིར། །དེ་བཞིན་གཤེགས་རྣམས་ཀྱིས་ཕྱག་འོས། །དེ་ལས་བྱུང་བའི་རྣལ་འབྱོར་ནི། །མཐའ་ཡས་པ་རྣམས་རབ་ཏུ་བསྒྲགས། །དེ་ཁོ་ན་


JLD011_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཏིང་ངེ་འཛིན། །མཐའ་ཡས་པ་ལས་ཡང་དག་འབྱུང་། །ཕྱག་རྒྱ་དཀྱིལ་འཁོར་སྔགས་རྣམས་ནི། །རྣལ་འབྱོར་དེ་ལས་རྣམ་དག་ཉིད། །ཞི་བ་རྒྱས་པ་ཉིད་ཀྱི་ལས། །སྔགས་ལས་སྐྱེས་པ་གཞན་གང་ཡང་། །ཛ་ཧཱུའི་བུ་མོའི་བྱེ་མའི་གྲངས། །ཇི་སྙེད་དངོས་གྲུབ་ཕྲ་རྣམས་དང་། །ཕྱག་རྒྱའི་དངོས་གྲུབ་གཞན་ཉིད་རྣམས། །ཇི་སྙེད་པ་ལ་རྣམ་གྲངས་པ། །རྣལ་འབྱོར་འདི་ལས་སྐྱེས་པ་རུ། །ཐུགས་ཀྱི་རྡོ་རྗེས་གསུངས་པ་ཡིན། །གང་ཡང་ངེས་འབྱེད་ཆ་མཐུན་པ། །རྣམ་པ་བཞི་དང་ས་བཅུ་དང་། །འབྲས་བུ་ལ་གནས་དེ་ཐམས་ཅད། །རྣལ་འབྱོར་འདི་ལས་ཡང་དག་སྐྱེས། །བྱུང་དང་གང་ཡང་འབྱུང་འགྱུར་བ། །འབྱུང་བཞིན་པ་ཡི་རྒྱལ་བའི་སྲས། །འཇིག་རྟེན་དབང་སོགས་སེམས་དཔའ་ཆེ། །དེ་རྣམས་ཀྱང་འདི་ཁོ་ནར་གནས། །འདས་དང་མ་བྱོན་སངས་རྒྱས་དང་། །ད་ལྟར་བྱུང་བར་འདོད་གང་དང་། །བསེ་རུ་ཉན་ཐོས་དགེ་འདུན་ཏེ། །དེ་རྣམས་ཀྱང་ནི་འདི་ལས་བྱུང་། །རྣལ་འབྱོར་སྤྱོད་དང་བྱ་བ་ཡི། །དབྱེ་བས་ཇི་སྙེད་སྤྲུལ་པ་འབྱུང་། །དེ་སྙེད་ཐམས་ཅད་རྣལ་འབྱོར་ནི། །འདི་ཁོ་ན་ལས་ངེས་པར་འབྱུང་། །ཀུན་ཏུ་བརྟག་པའི་ངོ་བོ་ནི། །བག་ཆགས་སྟོབས་ལས་བྱུང་རྣམས་དང་། །ཇི་སྙེད་བརྟན་དང་གཡོ་བའི་དངོས། །དེ་སྙེད་དེ་ལ་བརྟེན་པའོ། ཞེས་སོ། །འདོད་པ་རྣམ་ལྔ་མེད་ན་སྟོང་པ་ཉིད་ནི་རོ་བྲོ་བ་མེད་པ་ཁོ་ནར་འགྱུར་རོ། །ཞེས་གསུངས་པ་ཇི་སྲིད་ཅེས་པ་ལ་སོགས་པ་སྟེ།


JLD011_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་དུ་ཡུལ་གྱི་བཅུད་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་མྱུ་གུ་སྐྱེད་པར་མི་བྱེད་པ་དེ་སྲིད་དུ་སངས་རྒྱས་ཀྱི་དཔག་བསམ་གྱི་ཤིང་འབྱུང་བར་མི་འགྱུར་ཏེ། ཆུ་བྲན་པ་དང་བྲལ་བའི་མྱུ་གུ་ལས་ཤིང་ཕུན་སུམ་ཚོགས་པ་བཞིན་ནོ། །དེ་ས་ར་ཧའི་ཞབས་ཀྱིས་གསུངས་པ། སེམས་ཀྱི་མྱུ་གུ་ཤིན་ཏུ་ཆུང་བ་ནི། །ཡུལ་བཅུད་དག་པས་གལ་ཏེ་མི་བྲན་ན། །ནམ་མཁའ་ཁྱབ་པའི་འབྲས་བུ་སྦྱིན་པ་ཡི། །དཔག་བསམ་ཤིང་ཉིད་ཇི་ལྟར་ཐོབ་པར་འགྱུར། །ཞེས་སོ། །ཡང་སངས་རྒྱས་ཐོད་པའི་མི་འཇིགས་གཞུང་འགྲེལ་དུ། གང་ཡིད་ཅེས་གསུངས་པ་དེ་ནི་འདིར་དངོས་པོའི་གྲོང་ཁྱེར་མ་ལུས་པར་རྣམ་པར་དཔྱད་པ་འཇུག་པའི་དོན་དུའོ། །དེ་ལྟར་ནི་རབ་ཏུ་འགྲེལ་པ་འདིས་ཁམས་བཅོ་བརྒྱད་རྣམས་གསུངས་ཤིང་། དེ་རྣམས་ཁོ་ན་བསྡུས་པ་ལས་སྐྱེ་མཆེད་བཅུ་གཉིས་རྣམས་ཏེ་ཤིན་ཏུ་བསྡུས་པ་ལས་ཕུང་པོ་རྣམས་སོ། །ཁམས་གསུམ་པའང་དེ་རྣམས་ཁོ་ནའོ། །དེའང་སེམས་ཙམ་ཁོ་ན་སྟེ། དེ་ལང་ཀར་གཤེགས་པའི་མདོར་གསུངས་པ། ཀྱེ་རྒྱལ་བའི་སྲས་རྣམས་འདི་ལྟ་སྟེ་ཁམས་གསུམ་པ་ནི་སེམས་ཙམ་མོ། །ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། བྱང་ཆུབ་སེམས་འགྲེལ་དུ་གསུངས་པ། བདག་ཏུ་འཛིན་པ་བཟློག་དོན་དུ། །ཕུང་པོ་ཁམས་སོགས་བསྟན་པ་སྟེ། །དེ་ཡང་སེམས་ཙམ་རྣམ་གཞག་པས། །བསྐལ་པ་ཆེན་པོ་རྣམས་ཀྱིས་བཤིག །ཅེས་སོ། །སེམས་དེའང་ཀུན་རྫོབ་པ་སྟེ་དེ་ཉིད་དུ་གསུངས་པ། འདི་རྣམས་ཐམས་ཅད་སེམས་ཙམ་


JLD011_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། ཐུབ་པ་རྣམས་ཀྱིས་གང་བསྟན་པ། །བྱིས་རྣམས་སྐྲག་པ་སྤང་ཕྱིར་ཏེ། །དེ་ནི་དེ་ཁོ་ན་ཉིད་མིན། །ཞེས་སོ། །ཇི་ལྟར་སེམས་དེ་ཁོ་ན་ཉིད་མ་ཡིན་ཞེ་ན། གསུངས་པ། གཉིས་རྣམ་དཔྱད་ལས་ཞེས་པ་དངོས་པོ་དང་དངོས་པོ་མེད་པའི་རང་གི་ངོ་བོ་རྣམ་པར་བརྟག་པ་ལས་སོ། །འོ་ན་རྣམ་པར་དཔྱོད་པ་པོའི་སེམས་དོན་དམ་པར་ཡོད་དོ་ཞེས་གསུངས་པ། རྣམ་དཔྱོད་ཅེས་པ་སྟེ། རྣམ་པར་དཔྱོད་དུ་འཇུག་གོ་ཞེས་པས་རྣམ་དཔྱོད་དེ་རྣམ་པར་དཔྱོད་པ་པོའི་རྣམ་ཤེས་ནི་དེར་ནི་སྟེ། གཉིས་རྣམ་དཔྱད་པར་གྱུར་པ་མ་ཡིན་ནོ། །དེ་འཕགས་པ་ཞི་བ་ལྷའི་ཞབས་ཀྱིས་གསུངས་པ། དཔྱད་བྱ་རྣམ་པར་དཔྱད་པ་ན། །རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཉིད་ཕྱིར་མི་སྐྱེ་སྟེ། །དེ་ཡང་མྱ་ངན་འདས་པར་བརྗོད། །ཅེས་སོ། །དེ་བཞིན་དུ། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་སོ། །རྒྱལ་པོ་ལ་གདམས་པ་རིན་པོ་ཆེའི་ཕྲེང་བར་ཡང་གསུངས་པ། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡིས་བུད་ཤིང་ཉིད་དུ་འདོད། །དེ་རྣམས་ཇི་བཞིན་རྣམ་དཔྱོད་པའི། ། མེ་ཡིས་བསྲེགས་པ་ཉེར་ཞིའོ། ཞེས་སོ། །ཇི་ལྟར་གཉིས་རྣམ་པར་དཔྱོད་ཅེ་ན། གསུངས་པ་དངོས་པོ་ལ་ཞེས་པ་ལ་སོགས་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་དག་ཕན་ཚུན་དེའི་བདག་ཉིད་དུ་མེད་དེ། །འགལ་བའི་ཕྱིར་རོ། །ཐ་དད་དུ་ཡོད་དོ་ཞེ་ན་


JLD011_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། དངོས་པོ་དངོས་མེད་གཉིས་ཀ་སྟོང་། །ཞེས་ཏེ། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་དག་སྟོང་པ་དག་སྟེ། སེམས་ནི་གཅིག་དང་གཅིག་མིན་གྱི་རང་བཞིན་དང་བྲལ་བ་ཉིད་ཀྱིས་ན་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་ནི་དེ་གཅིག་མ་ཡིན་ཏེ། གཅིག་ཉིད་ནི་སྔོན་པོ་དང་སེར་པོའི་ངོ་བོ་ཉིད་དུ་ཁྲ་བོར་སྣང་བའི་མྱོང་བར་མི་འགྱུར་ཞིང་། སེར་པོ་ལ་སོགས་པ་མཐའ་དག་སྔོན་པོའི་ནང་དུ་འདུས་པར་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྔོན་པོའང་སྔ་མ་དང་ཕྱི་མ་དང་བར་མ་ཐ་དད་ན་རགས་པར་སྣང་བ་ཉིད་ཀྱིས་རྟོགས་པར་མི་འགྱུར་གྱི། གང་ལ་ཕྱོགས་ཆ་དབྱེ་བ་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ་། །ཞེས་པའི་རིགས་པ་ལས། རྡུལ་ཕྲ་རབ་ཙམ་ཉིད་དུ་སྣང་བར་འགྱུར་རོ། །གཅིག་མིན་ཡང་མ་ཡིན་ཏེ། སེམས་གཅིག་མིན་ཉིད་ན་རྡུལ་ཕྲ་རབ་ཏུ་ཐ་དད་པའི་ཕྱིར་ན་དེ་ལས་གཞན་པ་ཡང་དག་པར་མྱོང་བ་མེད་ནའང་རྡུལ་ཕྲ་རབ་སོ་སོར་རང་རིག་པའི་ངོ་བོ་ཉིད་ཀྱིས་ན། དེ་ཁོ་ན་རྡུལ་ཕྲ་རབ་སོ་སོར་སྣང་བར་ཐལ་བར་འགྱུར་རོ། །གཉིས་ཀའི་ངོ་བོ་ཉིད་དུའང་མི་རིགས་ཏེ། དེ་ལྟ་བུའི་རྣམ་པར་མྱོང་བ་མེད་པའི་ཕྱིར་རོ། །ཐམས་ཅད་ལ་ཁོ་བོ་ཅག་གི་ལྟ་བ་ཚད་མའི་ཕྱིར་རོ། །ལྡོག་པའི་ངོ་བོ་ལྷན་ཅིག་པའམ་ལོགས་པ་རྗེས་སུ་རྟོགས་པར་བྱ་བ་མངོན་སུམ་དུ་མྱོང་བའང་ཉེ་བར་དམིགས་པ་མ་ཡིན་ཞིང་། རྗེས་སུ་དཔག་པའི་བདག་ཉིད་ཀྱང་སྟེ་དེ་ནི་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ། །མ་དམིགས་ཤིང་ཚད་མ་མེད་པའི་ལྡོག་པའི་ངོ་བོ་


JLD011_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྗེས་སུ་རྟོགས་པར་བྱ་བ་ཇི་ལྟར་རྟོགས་པར་བྱ་བ་ཇི་ལྟར་རྟོག །ཅི་སྟེ་ཁྲ་བོ་ཉིད་ཀྱིས་རགས་པའི་རྣམ་པ་རང་རིག་པའི་ངོ་བོ་མྱོང་བ་ནི་བསྙོན་མི་ནུས་ཤིང་དེ་ཙམ་དུ་ཡོད་ལ་དེའང་ལྡོག་པའི་ངོ་བོ་ཉིད་རྗེས་སུ་རྟོགས་པ་བྱ་བ་མེད་ན་མི་འགྱུར་རོ། །ཞེས་པས་དེ་ནི་དེ་ཡོད་པ་ལས་གཞན་དུ་མི་འཐད་པས་ཡོངས་སུ་བརྟག་པར་བྱའོ་ཞེ་ན། དེ་ནི་མ་ཡིན་ཏེ། གཉིས་ཀ་མ་ཡིན་པའི་ངོ་བོ་ཉིད་ཁོ་ནས་སྤྲོས་པ་མེད་པ་ཉིད་དུ་ཆེས་གསལ་བར་འཐད་པ་ལས་དོན་གྱིས་གོ་བར་ཟད་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བར་ཡང་མི་རིགས་ཏེ། འབྲས་བུ་དང་རྒྱུའི་དངོས་པོ་ལ་ཚད་མ་མེད་པའི་ཕྱིར་རོ། །སྔ་མ་དང་ཕྱི་མ་གཉིས་ཀྱི་ཚད་མ་འཇུག་པ་ནི་འབྲས་བུ་དང་རྒྱུའི་དངོས་པོ་རྣམ་པར་བཞག་པ་ཡིན་ན། རྣམ་པ་གཉིས་དང་བྲལ་བའི་གཉིས་མེད་པར་མྱོང་བ་ནི་སྔ་མ་དང་ཕྱི་མར་འཇུག་པ་དང་ལྡན་པའང་མེད་ཅིང་། དེ་ལས་གཞན་པའི་ཡང་དག་པར་རིག་པའང་ཡོད་པ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ་ཞེས་བསྒྲུབས་ཟིན་ཏོ། །གང་གི་ཚེ་དེ་ལྟར་འབྲས་བུ་དང་རྒྱུའི་དངོས་པོ་ལ་ཚད་མ་མེད་པའི་ཕྱིར་སྐྱེ་བ་མེད་པ་ཁོ་ན་ཡིན་པ་དེའི་ཚེ་བདག་ལས་སམ་གཞན་ལས་སམ་གཉི་ག་ལས་སམ་རྒྱུ་མེད་ལས་ཡིན། དེ་ལྟར་སྐྱེ་བ་མེད་པའི་ཕྱིར་སེམས་ནི་དངོས་པོའི་ངོ་བོ་ཉིད་དུའང་མེད་དེ། འབྱུང་ངོ་ཞེས་པས་ན་དངོས་པོ་སྟེ། མེད་པ་སྔོན་མ་ཅན་གྱི་འབྱུང་བ་ཁོ་ན་ལ་རྣམ་པར་བཞག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཉམས་པའི་ངོ་བོ་དངོས་པོ་མེད་པའི་ངོ་བོ་ཉིད་


JLD011_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མེད་དོ། །དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་མེད་པའི་ཕྱིར་ཡང་སྤྲོས་པ་ཐམས་ཅད་མེད་པ་སྟེ། དེ་རྣམས་ནི་དངོས་པོ་དང་དངོས་པོ་མེད་པའི་རྟེན་ཅན་ཉིད་ཀྱིས་ན་དེ་དག་གིས་ཁྱབ་པ་ཉིད་ཀྱི་ཕྱིར། ཁྱབ་བྱེད་མེད་ན་ཁྱབ་བྱའང་མེད་པའི་ཕྱིར་རོ། །དེས་ན་རྣམ་པར་དཔྱད་པ་འདིས་སྤྲོས་པ་མེད་པ་ཉིད་ཀྱི་སྟོང་པ་ཉིད་རྟོགས་པར་བྱའོ། །འདི་ཁོ་ནའང་དེ་ཁོ་ན་ཉིད་མཐོང་བ་སྟེ་གང་ཤེས་རབ་ཀྱི་མིག་གིས་ངེས་པར་དཔྱད་པ་ལས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་བ་ན། ཆོས་རྣམས་ཐམས་ཅད་མི་མཐོང་བའོ་ཞེས་པའོ། །ཇི་སྐད་དུ་བཅོམ་ལྡན་འདས་མར་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་ཅི་ཞེ་ན། གང་གིས་ཅུང་ཟད་ཀྱང་མི་མཐོང་བའོ། །དེ་བཞིན་དུ་དོན་དམ་པ་མཐོང་བ་ཅི་ཞེ་ན། གང་ཆོས་རྣམས་ཐམས་ཅད་མི་མཐོང་བའོ་ཞེས་སོ། །དེས་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་སྤྱོད་ལམ་ཐམས་ཅད་ལ་གནས་པ་རྣམས་ཀྱིས་ཀྱང་ཆོས་རྣམས་ཐམས་ཅད་མཐོང་ཡང་མཐོང་བ་མེད་པའོ། །འདི་འདྲ་བ་ཁོ་ན་མཐོང་བ་མེད་པར་དགོངས་ཀྱི། གཉིད་ལོག་པ་དང་མིག་བཙུམ་པ་དག་གི་མིག་བཞིན་དུ་གང་ཡིད་ལ་མི་བྱེད་པས་ནི་མ་ཡིན་ནོ། །དེ་ལྟར་ནི་བག་ཆགས་མ་སྤངས་པའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལངས་པ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པ་མངོན་པར་ཞེན་པའི་རྩ་བ་ཅན་འདོད་ཆགས་ལ་སོགས་པ་རྣམས་སྐྱེ་བའི་ཕྱིར་རྣལ་འབྱོར་པ་མ་གྲོལ་བ་ཁོ་ནར་འགྱུར་རོ། །ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་


JLD011_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པར་མངོན་པར་ཞེན་པ་ཡིད་ལ་བྱེད་པ་ཡོངས་སུ་བོར་བ་ཙམ་ལས་སྤོང་བའང་མིན་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ཀྱང་སྤངས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཟུགས་ལ་སོགས་པའི་ཡུལ་ལ་ཐེ་ཚོམ་སྤོང་བ་མེད་པར་དེ་ཡིད་ལ་བྱེད་པ་ཡོངས་སུ་སྤོང་བར་ཡང་ནུས་པ་མ་ཡིན་ཏེ། མེ་མ་སྤངས་ན་ཚ་བ་མི་སྤོང་བ་བཞིན་ནོ། །དེའི་ཕྱིར་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཁོ་ན་ལས་གཟུགས་ལ་སོགས་པར་མངོན་པར་ཞེན་པ་བསལ་བར་བྱའི། །ཚེར་མ་གདོན་པར་བྱ་བ་བཞིན་དུ་ནི་མ་ཡིན་ནོ། །ཞེས་བྱ་བ་ངེས་པའོ། །དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་དང་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ལ་སོགས་པར་ཡིད་ལ་བྱེད་པ་བསལ་བས་ཐམས་ཅད་ལས་ཡིད་བསྡུས་ཏེ་ཅུང་ཟད་ཀྱང་མི་བསམ་མོ། །དེ་དེ་ལྟར་མི་སེམས་པ་ལས་སྔོན་རྣམ་པར་དཔྱོད་པའི་དུས་ཁོ་ནར་བླ་མ་བསྙེན་བཀུར་བའི་རྣལ་འབྱོར་པས་གང་བླ་མའི་དྲིན་ལས་རྟོགས་པ་ཁོ་ནའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་སྟེ། ཚད་མ་དང་གཞལ་བྱ་དང་འབྲས་བུའི་ཚེ་དང་ཡང་དག་པར་བྲལ་བ་ཉིད་ཀྱིས་ནི་རང་གསལ་བའི་རང་བཞིན་སྤྲོས་པ་མེད་པ་ཉིད་ཀྱིས་ནི། སྤྲོས་པའི་བདག་ཉིད་ཅན་འཁོར་བའི་རང་བཞིན་གྱི་སྡུག་བསྔལ་གྱི་ཚོགས་དང་བྲལ་བ་ལས་མཆོག་ཏུ་དགའ་བའི་རང་གི་ངོ་བོ་ཉིད་མཐོང་བ་མེད་པའི་ཚུལ་གྱིས་མངོན་དུ་རྟོགས་ཏེ། དེའི་མཐུ་ལས་ཀྱེ་མ་མ་ལ་གཏི་མུག་གི་ནུས་པ་གང་གིས་སེམས་ཅན་འདི་རྣམས་མྱ་ངན་


JLD011_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་ཡིན་ཡང་བདག་ཉིད་མ་རྟོགས་ཏེ། འདི་རྣམས་ཇི་ལྟར་རྟོགས་པར་བྱ་ཞེས་རྣམ་པར་བསམས་ཏེ། དེའི་བདག་ཉིད་ཁོ་ནར་འགྲོ་བ་མཐའ་དག་ལའང་དམིགས་ཏེ། དམིགས་པ་མེད་པའི་ངོ་བོའི་སྙིང་རྗེ་ཆེན་པོ་སྐྱེའོ། །དེའི་བདག་ཉིད་ཅན་ཁོ་ན་རྫོགས་པའི་དཀྱིལ་འཁོར་གྱི་ངོ་བོ་བདག་དང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྙིང་རྗེ་ཆེན་པོའི་བདག་ཉིད་ནི། བཅོམ་ལྡན་འདས་མ་ཤེས་རབ་མ་མིང་གཞན་ཕྱག་རྒྱ་ཆེན་མོ་དང་དེའི་བདག་ཉིད་ཀྱི་ཕྱིར་དབྱེར་མེད་པའི་རང་བཞིན་དུ་བལྟའོ། །དེའི་ཚེ་སྟོང་པ་ཉིད་དང་སྙིང་རྗེ་དག་དེའི་བདག་ཉིད་དེ། དེའང་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ། །དེ་ཁོ་ན། སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་སྡོམ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་འདུས་པ་ཕྱི་མར་གསུངས་པའི་ཡན་ལག་དྲུག་གི་རྣལ་འབྱོར་རོ། །དེ་ལྟར་ནི་གཞོན་ནུ་མས་པྲ་ཕབ་པ་ན་མཐོང་བ་བཞིན་དུ་དབང་པོ་རྣམས་སྟོང་པ་ཉིད་དང་རོ་གཅིག་པས་རང་གི་ཡུལ་ལས་འཛིན་པ་ནི་སོ་སོར་སྡུད་པའོ། །དེ་ལས་བསམ་གཏན་ཏེ། དེའང་རྟོག་པ་དངོས་པོ་ངེས་པར་རྟོག་པ་དང་། དཔྱོད་པ་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྣམ་པར་དཔྱོད་པ་དང་། དེ་ལྟར་དཔྱད་པ་ལས་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་དུ་ཕྱོགས་པས་གང་ཡིད་བདེ་བ་ཉིད་དགའ་བ་དང་དེ་ལས་ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པ་བདེ་བ་ཆེན་པོ་


JLD011_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ལྟར་གོམས་པ་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཅིག་ཏུ་མཐར་ཐུག་པའི་ཤེས་རབ་ཀྱི་བདག་ཉིད་སེམས་རྩེ་གཅིག་པ་ཉིད་ཅེས་རྣམ་པ་ལྔའོ། །དེ་ནས་རྐྱང་མ་དང་རོ་མ་དག་འགགས་པའི་ཀུན་འདར་མའི་ལམ་ཁོ་ནར་འཇུག་པ་དང་གནས་པ་དང་འབྱུང་བའི་བདག་ཉིད་ཅན་གྱི་སྲོག་གི་རླུང་འཇུག་པ་ནི་སྲོག་སྡོམ་པའོ། །དེ་ནས་ཀུན་འདར་མ་ལས་ཕྱིར་མ་བྱུང་བར་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་སེམས་ཀྱི་བཞོན་པ་སྲོག་རླུང་འཇུག་པ་སྟོང་པ་ཉིད་དང་རོ་གཅིག་པ་ནི་འཛིན་པ་སྟེ། དེའི་ཚེའང་གཏུམ་མོ་ལས་ངེས་པར་བྱུང་བ་ཆེར་འབར་ཞིང་། རི་བོང་ཅན་ཡང་དེས་ཆེར་གདུངས་པས་ཤིན་ཏུ་ཆེས་འཛག་གོ །དེའི་ཚེ་རྡོ་རྗེ་ནོར་བུའི་ནང་དུ་ཚུད་པའི་མ་ཉམས་པའི་བྱང་ཆུབ་ཀྱི་སེམས་རིམ་གྱིས་རྒྱུ་མཐུན་པ་ལ་སོགས་པའི་བདེ་བས་རྫོགས་པ་དྲི་མ་མེད་པ་ཉིད་ཇི་སྲིད་པར་འགྱུར་རོ། །དེ་ནས་འཛིན་པ་ལ་སེམས་རབ་ཏུ་ཞུགས་པ་ན་མཚན་མ་སོ་སོར་སྣང་བ་སྔོན་མ་ཅན་རྫོགས་པའི་དཀྱིལ་འཁོར་གྱི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པ་ཅན་རྣམ་པར་རྟོག་པ་མེད་པ་དེ་ལས་འོད་ཟེར་དུ་མ་འཕྲོ་ཞིང་། དེ་ལས་ཁམས་གསུམ་པ་སྤྲོ་བ་ཞེས་དྲན་པའོ། །དེ་ནས་དེ་ཁོ་ན་རྣམ་པར་མི་རྟོག་པའི་རྣལ་འབྱོར་མི་འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་ཟུང་འཇུག་གི་བདག་ཉིད་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ནི་ཏིང་ངེ་འཛིན་ནོ་ཞེས་པའོ། །དེ་ལྟར་རྣལ་འབྱོར་པ་གང་གི་ཚེ་སྤྲོས་པ་མེད་པའི་ཤེས་


JLD011_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དང་ཐབས་ཀྱི་བདག་ཉིད་ཡིན་པ་དེའི་ཚེ། བསོད་ནམས་ཐམས་ཅད་ཀྱི་རང་བཞིན་དང་། ཡེ་ཤེས་ཐམས་ཅད་ཀྱི་རང་བཞིན་དཀྱིལ་འཁོར་གྱི་ལྷ་མཐའ་དག་གི་བདག་ཉིད་དང་ཕ་རོལ་ཏུ་ཕྱིན་པ་མཐའ་དག་གི་རང་བཞིན་དུ་མགོན་པོ་རྣམས་ཀྱིས་རྣམ་པར་བཞག་གོ །དེ་གསུངས་པ། འདི་དེ་རྣལ་འབྱོར་དམ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །གང་ལ་རྣལ་འབྱོར་པ་གནས་པ། །ཀུན་མཁྱེན་བཅོམ་ལྡན་དངོས་སུ་འགྱུར། །འདི་དེ་དེ་ཉིད་དམ་པ་སྟེ། །ཤེས་རབ་ཐབས་ཀྱི་རང་བཞིན་ཞི། །འདི་ཉིད་གཉིས་མེད་ཡེ་ཤེས་ཏེ། །འདི་ནི་བྱང་ཆུབ་སེམས་མཆོག་གོ །ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་པ། མི་གང་སྐད་ཅིག་གཅིག་ཙམ་ཡང་། །བྱང་ཆུབ་སེམས་ནི་རབ་བསྒོམ་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །འདི་ཙམ་ཞེས་པ་བགྲང་མི་ནུས། །ཉོན་མོངས་མེད་པའི་རིན་ཆེན་སེམས། །འདི་ནི་ནོར་མཆོག་གཅིག་པུར་བརྗོད། །ཉོན་མོངས་བདུད་སོགས་ཆོམ་རྐུན་གྱིས། །གཞོམ་དུ་མེད་ཅིང་དབྲོག་ཏུ་མེད། ཅེས་སོ། །འདི་ཐམས་ཅད་ལ་དགོངས་ཏེ་གསུངས་པ། འདི་དག་སེམས་ཀྱི་དག་པ་ཉིད། ཅེས་པ་སྟེ། འདི་རྣམས་ནི་འདིའོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་འཛིན་པའི་ས་ནི་འདི་ཁོ་ན་སྒྲུབ་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་འདི་ཁྱད་པར་རོ། །འོ་ན་འདི་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཁོ་ན་སྟེ། དེའི་ཁྱད་པར་ཅི་ཡིན་ཞེ་ན། ཁྱད་པར་ཡོད་དེ་དེའི་ངོ་བོ་ཉིད་དུ་བསྒྲུབ་པ་


JLD011_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནའོ། །ཇི་ལྟར་དངོས་པོར་ན་སྟོང་པ་ཉིད་དང་རོ་གཅིག་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཉན་ཐོས་ཀྱི་ཚུལ་ལ་རྟོགས་པ་རྣམས་ཀྱང་སྟོང་པ་ཉིད་དུ་མ་བསྒྲུབས་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བསྒྲུབ་པའི་ཕྱིར་ཁྱད་པར་ཆེན་པོ་སྒྲོགས་པ་བཞིན་ནོ། འོ་ན་བསམ་གཏན་དང་པོ་ཐོབ་པ་རྣམས་ཀྱང་འཁོར་ལོ་སྒྱུར་བ་རྣམས་བཞིན་དུ་བདེ་བ་ཉེ་བར་སྟོན་ན། བདག་མེད་པ་གཉིས་ཀ་རྟོགས་པས་ཅི་བྱ། །དེ་ལྟར་ནི་དགའ་བ་ལྷག་པ་ཁོ་ན་ལས་དང་པོ་བ་ནི་རབ་ཏུ་དགའ་བར་བརྗོད་དོ་ཞེ་ན་བདེན་ཏེ། འདི་ལྷན་ཅིག་སྐྱེས་པའི་བདེ་བ་ནི་མ་ཡིན་ཞིང་དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་མ་ཡིན་ལ། ལས་དང་པོ་བའི་གནས་སྐབས་སུ་ཐབས་སུ་གྱུར་པའང་མ་ཡིན་ཏེ། ཁབ་ཀྱི་བུག་པ་ནི་བུ་ག་ཞེས་པ་ནམ་མཁའ་དང་མཉམ་པ་ཉིད་དུ་ཉམས་སུ་མྱོང་བ་མ་ཡིན་པས་སོ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བའོ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། འདི་ནི་གསུངས་མོད་འདིའི་ཐབས་བསྟན་པ་ནི་མ་ཡིན་ཏེ་ཐབས་སུ་གྱུར་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉེ་བར་མ་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེའང་རིམ་པ་འདི་ཁོ་ནས་གོ་བར་བྱའོ། །དེ་ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བྱང་ཆུབ་མེད་དམ་ཞེ་ན་དེ་ལྟར་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་


JLD011_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དྲིའང་ཅི་ལས་ཡིན། མཐར་ཐུག་པའང་ངེས་པར་ཐབས་འདི་ལ་བལྟོས་སོ་ཞེས་བརྗོད་པར་བྱའོ། །ཞེས་པ་ཤིན་ཏུ་རྒྱ་ཆེ་བས་མཆོག་སྟེ། མན་ངག་རིག་པ་རྣམས་ཁོ་ན་ཁྱད་པར་འདི་ཡོངས་སུ་གསལ་བར་ཤེས་པར་འགྱུར་རོ། །བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་ཉིད་ཀྱིས་ན་གཙོ་བོར་ཡུལ་རེག་བྱ་དང་དེའི་དབང་པོ་དང་དེའི་རྣམ་པར་ཤེས་པ་སྙིང་རྗེ་ལ་སོགས་པའི་ངོ་བོར་དང་ཤེས་རབ་ལྔའི་ངོ་བོར་ཡང་སྒྲུབ་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཕྱི་རོལ་གྱི་ཤེས་རབ་མའི་ལུས་ཡུལ་དང་། དེ་དང་སྦྱོར་བ་ལས་ནང་གི་ལུས་དང་། ཡེ་ཤེས་དག་སྦྱོང་བའི་ཕྱིར་རོ། །གང་འགྱུར་བ་དེ་ནི་འཆད་པར་འགྱུར་རོ། །ལྟ་དང་ལྡན་པ་ཞེས་པ་བུད་མེད་མཆོག་མཐོང་བ་ནི་སྙིང་རྗེ་སྟེ། སྡུག་བསྔལ་དང་བྲལ་བའོ། །འཁྱུད་པ་བྱམས་པ་སྟེ། བདེ་བ་དང་ལྡན་པའོ། །དབང་པོ་གཉིས་དྲུད་པ་ལས་དགའ་བ་སྟེ་བདེ་བ་དང་མི་འབྲལ་བའོ། །བྱང་ཆུབ་སེམས་འགྱུར་བ་ལས་བཏང་སྙོམས་ཏེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེ་བཞིན་དུ་ནང་གི་ལུས་དང་ཤེས་རབ་དག་སྙིང་རྗེ་ལ་སོགས་པའི་ངོ་བོ་དག་གོ །དེ་ལྟར་གྱུར་པའི་རྣལ་འབྱོར་ལྡན་ཞེས་པ་སྙིང་རྗེ་ལ་སོགས་པའི་ངོ་བོའི་ཕྱག་རྒྱ་ཆེན་པོ་དང་ལྡན་པ་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་འཆིང་བ་མ་ཡིན་ན། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་མེད་ན་འགྲོ་བ་འཆིང་ངོ་ཞེས་


JLD011_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། མཐོང་བ་ལས་ཞེས་པ་ལ་སོགས་པའོ། །ཅུང་ཟད་ལྷག་པ་ནི་དེའི་འབྲས་བུའོ། །ཀུན་གྱི་མཐའ་སྟེ་འགྱུར་བ་ལས་སོ། །དེ་ལྟར་དགའ་བ་དང་སྐྱོ་བ་འབྲས་བུར་གསུངས་སོ། །ཁམས་གསུམ་པ་སྐྱེས་པ་ནི་སྟོང་པ་ཉིད་ཀྱིས་སྙིང་རྗེ་ལ་སོགས་པ་རྣམས་ཀྱང་གྲོལ་བའི་རྒྱུའོ། །ཞེས་པ་དགོངས་པའོ། །འདི་རྗེ་ཉིད་ཀྱིས་ཟུར་དུ་བཀོལ་བའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒ་ལཾ། །

འཕོ་ཁྲིད་ཀྱི་རྩ་ཚིག་བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་གསུམ་པ།


JLD011_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་ཁྲིད་ཀྱི་རྩ་ཚིག་བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་གསུམ་པ་བཞུགས་སོ། །


JLD011_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཅིག་རྡོ་རྗེ་འཕོ་བ་ཡི། །དེ་ཉིད་མཚན་ཉིད་དང་རྣལ་འབྱོར། །ལམ་བཟང་པོ་ཡི་རྣལ་འབྱོར་པ། །འགྲོ་བ་མཛེས་པ་སྟོན་པར་བྱེད། །སྒོ་དགུ་པོ་ནི་གང་ལེགས་དང་། །ཡེ་ཤེས་སྒོ་ཡི་བྱེ་བྲག་ལས། །སྐྱོན་དང་ཡོན་ཏན་ཅིར་འགྱུར་བ། །ཡེ་ཤེས་དབང་ལ་ཉན་པར་འཚལ། །སྲོག་ནི་འཆད་པའི་དུས་དག་ཏུ། །ཡང་དག་སྦྱར་བ་མཉན་པར་གྱིས། །ལམ་བཟང་པོ་ལ་ཡིད་འོང་གནས། །ལམ་ངན་གྱིས་ནི་སྲིད་པའི་སྐྱོན། །ཐིག་ལེ་ལྟེ་བ་སྤྱི་གཙུག་དང་། །མིག་དང་སྣ་སོགས་རྣ་བ་ཉིད། །ཆུ་དང་ཆུ་མིན་སྒོ་མཚན་ཉིད། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །ཐིག་ལེས་གཟུགས་ཅན་མཐོ་རིས་ཏེ། །སྟེང་ནས་འགྲོ་བས་སྟེང་གིས་ནི། །འགྲོ་བ་དག་ཏུ་རབ་ཏུ་བརྟག །སྣ་གནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་དག་ནི་འགྲུབ་


JLD011_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འགྲོ། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ལས་ཡི་དྭགས་འགྱུར། །དེ་བཞིན་ཆུ་ལས་དུད་འགྲོ་སྟེ། །ཆུ་མིན་གྱིས་ནི་དམྱལ་བ་བརྒྱད། །རིགས་ཀྱི་བུ་དེ་ལྟར་ན། སྲིད་པ་འཕོ་བའི་མཚན་ཉིད་ནི། སྒོའི་བྱེ་བྲག་ལས་འཁོར་བའི་བྱེ་བྲག་ཏུ་འགྱུར་བས། འཆི་བའི་དུས་ལ་བབ་ན། མཚན་མ་ཤེས་པར་བྱ་སྟེ། རྣལ་འབྱོར་པས་རིམས་ལ་སོགས་པས་མ་འཕོག་པར་སྒོ་ཁྱད་པར་ཅན་ལས་ཤིན་ཏུ་མཉམ་པར་བཞག་པས། འཕོ་བའི་སྦྱོར་བ་བྱས་ཏེ། སྒོ་རྣམས་ཐམས་ཅད་བཀག་ནས་ནི། །སྔོན་དུ་བུམ་པ་ཅན་ནི་བརྩམ། །རྒྱས་པ་ལྔ་ནི་མཆོད་རྟེན་གྱི། །སྒོ་ཡི་བུ་གར་བསྒོམ་པར་བྱ། །དེ་ལ་འོག་གི་སྒོ་རུ་ནི། །ཆུ་ཡི་ས་བོན་དཀར་པོ་བསམ། ཆུ་དང་ཆུ་


JLD011_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མིན་སྒོ་རུ་ནི། །མེ་ཡི་ས་བོན་འབར་བ་སྟེ། །དེ་ལ་ཤིན་ཏུ་མཉམ་གཞག་པས། །དབུགས་ནི་སྔོན་བཞིན་བསྒོམ་པར་བྱ། །ལུས་ནི་རླུང་གི་མདོག་ཏུ་སྟེ། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་རྩ་བར་རླུང་ཡིན་ཏེ། །རླུང་གི་རྩ་བའི་ས་བོན་ནོ། །ཐིག་ལེ་སྒྲ་དང་ལྡན་པ་ནི། །སེམས་ཀྱི་ས་བོན་འདྲེན་པར་བྱེད། །རྡོ་རྗེའི་ས་བོན་དྲག་པོ་ནི། །ལྕགས་ཀྱུ་རུ་ནི་སྦྱར་བར་བྱ། །ཉི་ཤུ་རྩ་བཞི་གནས་དང་ནི། །གནས་བཅུ་ལས་ནི་དྲག་པོ་དྲངས། །གནས་གང་ནས་ནི་གོང་མའི་གནས། །ཚིགས་དགུ་ལས་ནི་སྟེང་དུ་སྟེ། །སྨིན་མའི་ས་བོན་སྟེང་དུ་འདེགས། །ཡི་གེ་ཕྱེད་དང་གཉིས་ཀྱིས་སྦྱར། །ང་རོ་དྲག་ཏུ་བརྗོད་བྱ་བ། །བརྒྱད་ཀྱི་མཐའ་མའི་ས་བོན་ལ། །དྲག་པོའི་སྡེ་ནི་དྲག་པོ་ཉིད། །དང་པོ་དང་པོ་ཕྱེད་ཕྱེད་སྦྱར། །འོག་ཏུ་རླུང་གི་ས་བོན་ཏེ། །རླུང་གི་ས་བོན་ལྡན་པ་ཡི། །རླུང་གི་དཀྱིལ་འཁོར་བསམས་ནས་སུ། །སྒྲ་ཡིས་སྒྲ་ནི་འཕུལ་བར་བྱེད། །ཉི་ཤུ་རྩ་བཞིའི་གནས་ནས་ནི། །གོང་ནས་གོང་དུ་དེ་ནས་མཆོག །རྣལ་འབྱོར་པ་ཡིས་གྱེན་དུ་ནི། །རྩ་བར་ཕྱེད་ནི་སྦྱར་ཏེ་ཕུལ། །ཚིགས་དགུ་ལས་ནི་ཡར་འདེགས་ན། །མདོ་ལས་འཕོ་བར་ཤེས་པར་བྱ། །ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །རྐུ་འཕྲོག་གིས་ནི་ལྟོ་འབྱིད་པའང་། །ལས་འདི་ཡིས་ནི་དགང་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞེས། །སྲིད་པའི་སྐྱོན་ལས་རིང་དུ་འགྲོ། །འདི་ལྟར་འདམ་ནས་སྐྱེས་པ་ཡི། །པདྨ་དྲི་མེད་ཡིད་འོང་བ། །དེ་བཞིན་ལུས་ཀྱི་འདམ་ལས་ནི། །ཡེ་ཤེས་སྐུ་ནི་འོད་བཞིན་འགྲོ། །དུས་ལ་བབ་ནས་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་འགྱུར་


JLD011_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ལུས་ལ་མཚན་མ་ཤེས་བྱས་ལ། །བློ་དང་ལྡན་པས་སྦྱོར་བ་བརྩམ། །རྣལ་འབྱོར་བསྒྲུབ་པའི་ཁྱད་པར་གྱིས། །དེ་ཉིད་ཇི་བཞིན་རྡོ་རྗེས་ཉོན། །སྔོན་བཞིན་མཚན་ཉིད་ཐམས་ཅད་ནི། །མཉམ་ཉིད་སེམས་ཀྱིས་བསྒོམ་པར་བྱ། །སྙིང་གི་དཀྱིལ་འཁོར་དབུས་གནས་པར། །སངས་རྒྱས་ལྔ་ཡི་ས་བོན་ཏེ། །དེ་ཡི་འོད་ཟེར་འབར་བས་ནི། །གཟུགས་ཀྱི་མཚན་ཉིད་བསམ་པར་བྱ། །སྔོན་བཞིན་མཚན་ཉིད་ཡང་དག་ལྡན། །སྔོན་བཞིན་དུ་ནི་སྟོང་པ་ཡིས། །གཟུགས་རྣམས་ཐམས་ཅད་རྟོགས་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཧཱུཾ་ཞེས་བྱ་བ་གནས་པར་བསམ། །ས་བོན་གཟུགས་ནི་ཡོངས་བཟུང་བས། །པདྨའི་གདན་ལ་བཞུགས་པ་ཡི། །ཡེ་ཤེས་མཁའ་འགྲོ་དེ་ཉིད་བསམ། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །སྤྱན་གསུམ་ཅོད་པན་གྱིས་ནི་བརྒྱན། །བཞད་དང་ཁྲོ་དང་སྒེག་པའི་ཉམས། །རྒྱན་རྣམས་ཀྱིས་ནི་རྣམ་པར་ཀླུབས། །ཀུནྡ་ཟླ་བ་ལྟ་བུའི་མདོག །ཤིན་ཏུ་མཛེས་པའི་ན་བཟས་བརྒྱན། སེམས་དཔའི་དཀྱིལ་འཁོར་ལེགས་གནས་ཏེ། །སངས་རྒྱས་སྤྲིན་རྣམས་རྣམ་པར་སྤྲོ། །གཡས་ནས་མདའ་ནི་གསོར་བ་དང་། །དེ་བཞིན་གཉིས་པས་ལྕགས་ཀྱུ་སྟེ། །གསུམ་པ་ན་ནི་རྡོ་རྗེ་གསོར། །གཡོན་པ་སྡིགས་མཛུབ་ཞགས་པ་དང་། །གཉིས་པ་དཔག་བསམ་ལྕུག་མ་སྟེ། །དེ་བཞིན་གསུམ་པ་གོ་ཆའི་གཞུ། །འོད་ཟེར་སྣ་ཚོགས་འབར་བ་དང་། །དབུགས་ནི་མི་གཡོར་བསྒོམ་པར་བྱ། །ཨཱ་ལི་ཀཱ་ལི་རབ་སྦྱོར་བའི། །ས་བོན་ཇི་བཞིན་བཏུས་པ་


JLD011_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བརྒྱད་ཀྱི་མཐའ་ཡི་ཡི་གེ་ནི། །ས་བོན་དམ་པ་དགོད་བྱ་སྟེ། །འོད་ཀྱི་སྣང་བ་དཀར་པོ་ཅན། །ཆུ་ཤིང་མེ་ཏོག་པདྨ་ནི། །སྙིང་གའི་སྒོ་སྐྱེས་གནས་སུ་སྟེ། །དེ་དབུས་ཡེ་ཤེས་རྣམ་ཤེས་བཅས། །མི་གཡོ་འཚེ་བ་མེད་པར་ནི། །དངོས་པོ་བསྒོམ་པས་བསྒོམ་པར་བྱ། །དེ་ནས་ཕྱི་རོལ་སྦྱོར་བ་ནི། །མཁས་པ་ཡིས་ནི་གཟུང་བར་བྱ། །སེམས་ཀྱི་ཕྱོགས་ནི་བསྒོམ་པ་ལས། །ཕྱི་རོལ་རླུང་གི་དཀྱིལ་འཁོར་ཏེ། །དེ་ཡི་དབུས་སུ་མེ་ཡིན་ནོ། །མེ་ཡི་དབུས་སུ་ཉི་མ་ལས། །ཨཱ་ལི་ཀཱ་ལིར་ལྡན་པ་ཡི། །ས་བོན་དམར་པོར་བསམ་པར་བྱ། །རྣལ་འབྱོར་པ་ཡིས་ཁྱད་པར་དུ། །འབྱུང་དང་འཇུག་པ་བཟླས་པར་བྱ། །འབྱུང་བའི་ཡེ་ཤེས་ས་བོན་ཏེ། །དེ་ཡི་དབུས་སུ་བསྣུན་པར་བྱ། །འཇུག་པས་སྙིང་གི་ཡེ་ཤེས་ལ། །མེ་ཏོག་ལྟ་བུར་བསྣུན་པར་བྱ། །འབྱུང་དང་འཇུག་པའི་རྣལ་འབྱོར་གྱིས། །འབྱུང་དང་མི་འབྱུང་བཟླས་པར་བྱ། །བདག་ཉིད་ཕྱི་རོལ་བྱ་བ་ལ། མཚན་ཉིད་མཚོན་པར་བྱ་བ་ནི། །འབྱུང་དང་འཇུག་པའི་སྦྱོར་བ་ཡིས། །དེ་ཁོ་ན་ཉིད་མཉམ་བསྒོམ་པ། །མཉམ་གཞག་དང་པོར་བསྒོམས་ན་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྒྲུབ་པ་པོས་ནི་རྣམ་སྤྲུལ་པའི། །ཕྱི་རོལ་ལུས་ལ་དེ་ནས་ནི། །གཞན་གྱིས་སེམས་ནི་རྗེས་བསམས་ལ། །མཁས་པ་ཡིས་ནི་ཤེས་པར་བྱ། །བསྒོམ་དང་བཟླས་པའི་ཁྱད་པར་གྱིས། །ཤིན་ཏུ་མཉམ་གཞག་སེམས་ཀྱིས་ནི། །བཟང་པོའི་ལམ་གྱིས་རྣམ་བསམས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་ཡེ་ཤེས་གཟུགས་གྱུར་ནི། །མེ་མར་ལྟ་བུར་བསམས་ནས་སུ། །


JLD011_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཡིས་ནི་ལས་རྣམས་བྱ། །ཉན་ཐོས་ལ་སོགས་དེ་ཉིད་ནི། །འདིར་ནི་ལེགས་པར་བཤད་པ་ཡིན། །སེམས་ནི་ཤེལ་དང་འདྲ་བ་གནས། །མེ་མར་ལྟ་བུར་བསམ་པར་བྱ། །སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པས་སྤྲོས་པ་མེད་པར་བྱ། །རྣལ་འབྱོར་རང་བཞིན་མེད་པ་ཡིས། །འདི་དག་ཐམས་ཅད་ཡོངས་སུ་བཏང་། །ཀྱཻ་བཅོམ་ལྡན་འདས། ཡེ་ཤེས་ཀྱི་ཁྱད་པར་གང་དག་ལགས། བཀའ་སྩལ་པ། ཡེ་ཤེས་རྣམ་པ་ལྔར་གསུངས་ཏེ། ལྷ་རྣམས་ཡེ་ཤེས་གསལ་བ་ཡིན། །ལྷ་མིན་ཡེ་ཤེས་ཁྲོ་བོ་འོ། །ཡི་དྭགས་ཡེ་ཤེས་ཞན་པ་སྟེ། །དམྱལ་བའི་ཡེ་ཤེས་འཇིགས་པས་གནོན། །བྱོལ་སོང་ཡེ་ཤེས་བླུན་པ་སྟེ། །བརྟན་པ་རྣམས་ནི་སེམས་མེད་པའོ། །ལྐུགས་ཤིང་གླེན་པས་གྲིབ་པ་དང་། །བྱིས་པའི་ཤེས་པ་ཞན་པ་ཅན། །རྣལ་འབྱོར་བསྟན་བཅོས་ཁྱད་པར་གྱིས། །ཡེ་ཤེས་དེ་ཉིད་བྱེ་བྲག་ཤེས། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །དེ་བས་རྣལ་འབྱོར་བསྟན་བཅོས་ལ། །འབད་དེ་དད་པ་བསྐྱེད་པར་བྱ། གར་གྱི་གནས་དང་མཚུངས་པ་ཡི། །ཕྱི་རོལ་བསྟན་བཅོས་སུན་འབྱིན་པ། །རྣལ་འབྱོར་བསྟན་བཅོས་རྗེས་འབྲངས་ནས། །སྤྱོད་དང་གྲོལ་བའི་འབྲས་བུ་ཐོབ། །སྙིང་པོ་ལས་ཀྱང་སྙིང་པོ་མཆོག །རྣམ་འབྱོར་མཛེས་པ་ཁྱོད་ལ་བཤད། །ཀུན་ཏུ་ཁ་སྦྱོར་ལས་བྱུང་བ། །མུ་སྟེགས་ཅན་གྱི་ཡེ་ཤེས་ཀྱི་ཚུལ་བསྟན་པ་སྟེ། བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་གསུམ་པའོ། །སྭ་སྟི། རྒྱལ་པད་ཚལ་


JLD011_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒ་ལཾ། །

རྣམ་ཤེས་གོང་དུ་འཕོ་བའི་རྒྱ་ཆེར་བཤད་པ་གསེར་གྱི་སྒོ་འབྱེད་པ།


JLD011_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་གོང་དུ་འཕོ་བའི་རྒྱ་ཆེར་བཤད་པ་གསེར་གྱི་སྒོ་འབྱེད་པ་བཞུགས་སོ། །


JLD011_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་རྒྱལ་པོ་ཁ་སྦྱོར་གྱི་བརྟག་པ་བརྒྱད་པའི་རབ་བྱེད་གསུམ་པ། རྣམ་ཤེས་གོང་དུ་འཕོ་བའི་རྒྱ་ཆེར་བཤད་པ་གསེར་གྱི་སྒོ་འབྱེད་པ་ཞེས་བྱ་བ། རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ལོ། །ཡེ་ཤེས་དབང་པོ་སྟོན་པ་བཅོམ་ལྡན་འདས། །འཁོར་གྱི་གཙོ་བོ་རྡོ་རྗེ་སྙིང་པོ་དང་། །ལམ་འདིའི་ལྷ་མཆོག་ཡེ་ཤེས་མཁའ་འགྲོ་དང་། །འཇམ་དབྱངས་བླ་མའི་ཞབས་ལ་གུས་ཕྱག་འཚལ། །རྣམ་ཤེས་གོང་དུ་འཕོ་བའི་གདམས་ངག་ནི། །ལུགས་འདི་ཁོ་ན་ཤིན་ཏུ་ཟབ་པོ་ཞེས། །བྱང་ཕྱོགས་འདི་ན་ཤིན་ཏུ་མང་མོད་ཀྱང་། །རྒྱུད་དོན་ཇི་བཞིན་བཤད་པ་ཉུང་མཐོང་ནས། །རྡོ་རྗེ་མཁའ་འགྲོ་རྡོ་རྗེ་གདན་བཞི་དང་། །སྡོམ་འབྱུང་འཇམ་དཔལ་ཞལ་གྱི་ལུང་


JLD011_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི། གནད་ཀུན་བསྡུས་ནས་ཁ་སྦྱོར་རྒྱུད་ཀྱི་དོན། །རྒྱུད་སྡེའི་མཐར་སོན་གདམས་པའི་མཛོད་གྱུར་པ། །མཁས་པ་འཇིགས་མེད་འབྱུང་གནས་སྦས་པ་ཡི། །རྒྱ་ཆེར་འགྲེལ་པའི་རྗེས་སུ་འབྲངས་ནས་ནི། བཤད་ཀྱིས་འཕོ་བའི་གནས་ཀུན་ཤེས་འདོད་པའི། །རྣམ་དཔྱོད་ལྡན་རྣམས་གུས་པས་མཉན་པར་གྱིས། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་གསུམ་པ། མུ་སྟེགས་ཀྱི་ཡེ་ཤེས་འཇིག་པར་བྱེད་པ་ཞེས་བྱ་བ་འཕོ་བའི་རབ་བྱེད་ལ་གཉིས། རབ་ཏུ་བྱེད་པ་དངོས་བཤད་པ་དང་། རབ་ཏུ་བྱེད་པའི་མཚན་བསྟན་པའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གསུམ། ཡེ་ཤེས་གོང་དུ་འཕོ་བའི་ཚུལ་


JLD011_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང་། ཡེ་ཤེས་ཀྱི་ཁྱད་པར་བསྟན་པ་དང་། རྣལ་འབྱོར་གྱི་བསྟན་བཅོས་ཀྱི་ཆེ་བ་བསྟན་པའོ། །དང་པོ་ལ་ལྔ། འཕོ་བའི་མཚན་ཉིད་སྤྱིར་བསྟན་པ་དང་། འཕོ་བའི་ལམ་ཉིད་བཤད་པ་དང་། ཞར་ལ་གྲོང་འཇུག་དང་ཚར་བཅད་རྗེས་འཛིན་བསྟན་པ་དང་། དོན་བསྡུས་ཏེ་བསྟན་པ་དང་། འཕོ་བའི་རྣལ་འབྱོར་གང་གི་དོན་དུ་གསུངས་པ་བསྟན་པའོ། །དང་པོ་ལ་དྲུག །འཕོ་བའི་གདམས་པ་ཉན་པར་བསྐུལ་བ་དང་། དོན་དེ་ཞུས་པ་དང་ལན་གྱིས་ཡང་དག་པར་བཤད་པ་དང་། དབང་པོའི་སྒོ་རེངས་པར་བྱེད་པའི་ཐབས་བསྟན་པ་དང་། ཡི་གེ་ཕྱེད་དང་གཉིས་ཀྱིས་བསྐུལ་བ་ཞར་བྱུང་དང་བཅས་པ་དང་། འཕོ་བའི་ཕན་ཡོན་བསྟན་པ་དང་། འཕོ་བའི་དུས་བསྟན་པའོ། །དང་པོ་ནི། སྔགས་སྤྱོད་པའི་གནས་ཁྱད་པར་ཅན་དུ་གྱེན་དུ་བགྲོད་པ་ནི་འཕོ་བའོ། །དེའི་རྣལ་འབྱོར་ནི་དེའི་དོན་དུ་འཇུག་པའི་ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་དེའི་མཚན་ཉིད་དེ་རང་བཞིན་ནམ་རང་གི་ངོ་བོའི་ཁྱད་པར་དེ་ཉིད་ཇི་ལྟ་བ་གང་ཡིན་པ་དེ་རྡོ་རྗེ་སྙིང་པོ་ཞེས་བོས་ནས་ཉོན་ཅིག་ཅེས་གསུངས་སོ། །བཟང་པོའི་ལམ་གྱིས་ཏེ་འཕོ་བའི་ལམ་ཁྱད་པར་ཅན་གྱིས་དེ་བསྒོམ་པའི་རྣལ་འབྱོར་པ་རིག་པ་འཛིན་པའི་རྟེན་ཁྱད་པར་ཅན་གྱི་འགྲོ་བ་མཛེས་པར་འགྲོ་བའི་ཐབས་ཁྱོད་ལ་བསྟན་པར་བྱའོ། །འཕོ་བའི་རྣལ་འབྱོར་འདི་གཤིན་རྗེ་གཤེད་དམར་པོའི་རྒྱུད་ནས་མདོར་བསྡུས་པ་ཞིག་གསུངས་པ་དང་། འཇམ་དཔལ་ཞལ་ལུང་ནས་གསུངས་པ་མ་གཏོགས་པ། གསང་འདུས་ལ་སོགས་པ་ཕ་རྒྱུད་ཀྱི་སྐོར་ན་མི་གསལ་


JLD011_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །རྣལ་འབྱོར་མའི་རྒྱུད་ལ་ཡང་རྡོ་རྗེ་གདན་བཞི་དང་། ཐུན་མོང་གི་བཤད་རྒྱུད་སམྦུཊི་དང་། བདེ་མཆོག་གི་སྒོས་ཀྱི་བཤད་རྒྱུད་སྡོམ་འབྱུང་རྣམས་ནས་གསུངས་ལ། དེ་ཡང་འཕོ་བའི་སྤྱི་ཁོག་གི་གནད་རྣམས་ཇི་ལྟ་བ་བཞིན་དུ་མཐུན་པར་ཡོད་དོ། །གཞན་ཡང་འཕོ་བའི་རྣལ་འབྱོར་གྱི་སྐབས་སུ་འཆི་བ་བླུ་བ་དང་། རིམས་དང་དུག་འཇོམས་པ་དང་། གཏུམ་མོ་སྦར་ནས་དགའ་བཞི་བསྐྱེད་པ་སོགས་ཀྱི་དགོས་པ་མང་དུ་གསུངས་སོ། །འདི་གང་ལ་གསུངས་པའི་གང་ཟག་ནི། རབ་ཚེ་འདི་ལ་འཚང་རྒྱ་བ་དང་། འབྲིང་བར་དོར་འཚང་རྒྱ་བ་དང་། ཐ་མ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གསུམ་གྱི་ནང་ནས། ཕྱི་མ་ཉིད་ཀྱི་དབང་དུ་བྱས་ནས་གསུངས་སོ་ཞེས་བླ་མ་གོང་མ་རྣམས་འཆད་དོ། །འོན་ཀྱང་གང་ཟག་དང་པོའི་དབང་དུ་བྱ་བ་མིན་ཡང་། གཉིས་པའི་དབང་དུ་བྱས་ནས་འཕོ་བའི་རྣལ་འབྱོར་གསུངས་པ་འཇམ་དཔལ་ཞལ་ལུང་ན་ཡོད་ལ། གཞན་ནི་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་དབང་དུ་མཛད་ནས་གསུངས་སོ། །གཉིས་པ་ལ་ལྔ། སྟོན་པ་ལ་ཞུ་བ་འབུལ་བ་དང་། ཞུས་པའི་ལན་རྒྱས་པར་བཤད་པ་དང་། བཤད་པ་དེ་རྣམས་ཀྱི་དོན་བསྡུ་བ་དང་། འཆི་ལྟས་ཀྱི་མཚན་མ་བསྟན་པ་དང་། འཕོ་བའི་རྣལ་འབྱོར་མཆོག་ཏུ་འགྱུར་ཚུལ་ལོ། །དང་པོ་ནི། རྣམ་ཤེས་འཕོ་བའི་སྒོ་རྣམ་དགུ་ནི་ཇི་ལྟར་ལགས་པ་དང་། ཡེ་ཤེས་ཏེ་རྣམ་ཤེས་འཕོ་བའི་སྒོ་ཡི་དབྱེ་བ་ལ་བརྟེན་པ་ནི། བདེ་འགྲོར་སྐྱེ་བའི་ཡོན་ཏན་དང་། ངན་འགྲོར་


JLD011_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་སྐྱོན་ཇི་ལྟར་ལགས་པ་ཡེ་ཤེས་ཀྱི་དབང་པོ་ཞེས་སྟོན་པ་ལ་བོས་ནས་བདག་ཅག་རྣམས་ཉན་པར་འཚལ་བ་སྟེ་འདོད་དོ་ཞེས་ཞུས་སོ། །རྡོ་རྗེ་མཁའ་འགྲོ་ལས། ཞུ་བ་འདི་སྔོན་དུ་བཏང་ནས་དེའི་འོག་ཏུ་སྔར་གྱི་བཤད་པར་ཞལ་གྱིས་བཞེས་པ་འབྱུང་ངོ་། །འཆི་རྟགས་བྱུང་ནས་བཟློག་ཐབས་བྱས་ཀྱང་མ་བཟློག་པའི་དུས་སུ་སྲོག་ནི་འཆད་པ་སྟེ་འཆི་བར་འགྱུར་བའི་ཡང་དག་པ་སྟེ་འདོད་པའི་དོན་ལ་མི་བསླུ་བ་རབ་ཏུ་སྦྱོར་བ་སྟེ་རྗེས་སུ་སྒྲུབ་པ་ཉོན་ཅིག་ཅེས་རྡོ་རྗེ་སྙིང་པོ་ལ་ཉན་པར་གདམས་སོ། །འདི་ནི་དུས་སུ་ཞེས་གསུངས་པས། སྔར་བཤད་པའི་དུས་ལ་བབ་པ་ན། འཕོ་བའི་སྒོ་ནས་སྲོག་འདོར་བའི་དུས་ཡིན་གྱི་འཆི་ནད་ཀྱིས་ཐེབས་པའི་སྲོག་ཆད་པ་ལ་མི་བཟུང་སྟེ། དེ་ནི་འོག་ནས་བཀག་པའི་ཕྱིར་རོ། །དེའི་ཕྱིར་འགྱུར་གཞན་ལས། སྲོག་ནི་ཆད་པའི་དུས་དག་ཏུ། །ཡང་དག་སྦྱོར་བ་ཞེས་འབྱུང་བ་ནི། འགྱུར་གྱིས་མ་ཐོན་པའོ། །གཉིས་པ་ནི། དེ་ལྟར་དྲིས་པའི་ལན་སྟོན་པ་ན། ཐོག་མར་སྒོ་དགུ་དང་། དེ་ནས་འཕོ་བའི་སྐྱོན་ཡོན་སྟོན་པ་ནི། འབྲོག་འགྱུར་ལས་ལེགས་པའི་ལམ་ནི་མཛེས་པའི་གནས། །ངན་པའི་ལམ་ཡང་སྐྱོན་རྣམས་ཉིད། ཅེས་འབྱུང་བ་ལ། འགོས་འགྱུར་ལས། ལམ་བཟང་པོ་ཡིས་ཡིད་འོང་གནས། །ལམ་ངན་གྱིས་ནི་སྲིད་པར་སྐྱོན། །ཞེས་འབྱུང་བ་བདེ་བས་སྒོ་བཟང་པོ་ནས་འཕོ་བའི་ལམ་བཟང་པོ་ཡིས་ནི་ཡིད་དུ་འོང་བའི་གནས་ཏེ་བདེ་འགྲོར་སྐྱེ་བ་དང་། འཕོ་བའི་སྒོ་ངན་པའི་ལམ་གྱིས་ནི་སྲིད་པར་སྐྱོན་ནི་ངན་འགྲོ་གསུམ་དུ་སྡུག་


JLD011_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བར་གནས་པའོ། །རྣམ་ཤེས་འཕོ་བའི་སྒོ་དགུ་ནི། ཡོངས་སུ་གྲགས་པའི་ལྟེ་བའི་སྒོའི་མཚན་ཉིད་དང་། ལྷག་མ་བརྒྱད་ལ་ཡང་སྒོའི་མཚན་ཉིད་ཅེས་སྦྱར་རོ། །སྟེང་གི་སྒོ་ནི་སྤྱི་གཙུག་དང་། ཐིག་ལེའི་སྒོ་སྨིན་མཚམས་དང་། མིག་དག་དང་སྣའི་སྒོ་གཉིས་དང་། སོགས་ཀྱིས་བསྡུས་པ་སྲིད་པའི་སྒོ་ཞེས་པ་ཁའི་སྒོ་ལ་བཤད་དོ། །རྣ་བ་དག་གི་སྒོ་ནི་རྣ་བའི་བུག་པ་གཉིས་སོ། །བཏུང་བའི་སྒོ་ནི་གཅི་བའི་ལམ་གྱི་སྒོའོ། །བཏུང་བ་མིན་པའི་སྒོ་ནི་བཤང་བའི་ལམ་གྱི་སྒོའོ། །མིག་དང་རྣ་བ་དང་སྣ་ལ་བུག་པ་གཉིས་གཉིས་ཡོད་ཀྱང་སྒོ་དགུར་བྱེད་པ་ན་སྒོ་རེ་རེར་བྱའོ། །སྨིན་དབུས་ཀྱི་ཤ་དང་པགས་པ་ལ་བུག་པ་མེད་ཀྱང་རུས་པ་ལ་བུག་པ་ཡོད་པས་སྒོར་བཞག་སྟེ། སྤྱི་གཙུག་བཞིན་ནོ། །སྒོ་དེ་དག་ནས་འཕོས་པས་འགྲོ་བ་གང་དུ་སྐྱེ་བ་སྟོན་པ་ནི། ལྟེ་བའི་སྒོ་ནས་རྣམ་ཤེས་འཕོས་པས་འདོད་པ་ཅན་ཏེ་འདོད་ཁམས་ཀྱི་མཐོ་རིས་ཏེ་ལྷར་སྐྱེའོ། །ཐིག་ལེའི་གནས་སྨིན་མཚམས་ཀྱི་སྒོ་ནས་རྣམ་ཤེས་འཕོས་པས། །གཟུགས་ཁམས་ཀྱི་ལུས་ཅན་གྱི་ལྷར་སྐྱེའོ། །འདིར་འབྲོག་འགྱུར་ལས། སྟེང་ནི་སྟེང་དུ་གནས་པ་ཡི། །འགྲོ་དང་འོང་བར་ཡོངས་སུ་གྲགས། །ཞེས་འབྱུང་ལ། འགོས་འགྱུར་ལས། སྟེང་ནས་འགྲོ་བ་སྟེང་གི་ནི། །འགྲོ་བ་དག་ཏུ་རབ་ཏུ་བརྟག །ཅེས་གསུངས་པའི་འགྱུར་ཕྱི་མ་ལེགས་ཏེ། རྡོ་རྗེ་མཁའ་འགྲོ་ལས་ཀྱང་། སྟེང་ནས་འགྲོ་བ་སྟེང་གི་ནི། །མྱུར་དུ་འགྲོ་བ་བྱེད་པར་འགྱུར། །ཞེས་གསུངས་


JLD011_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། མན་ངག་སྙེ་མ་དང་། རྡོ་རྗེ་མཁའ་འགྲོའི་འགྲེལ་པ་ལས་ཀྱང་། འོང་བ་ཞེས་པ་མི་འབྱུང་བར་སྟེང་ནས་ཏེ་སྤྱི་གཙུག་གསེར་གྱི་སྒོ་ནས་རྣམ་ཤེས་འཕོས་པས། སྟེང་གི་འགྲོ་བ་སྟེ་འགྲོ་བ་ཁྱད་པར་ཅན་དུ་སྐྱེ་བར་བཤད་པའི་ཕྱིར་རོ། །སྟེང་གི་འགྲོ་བ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་གནས་རྣམས་སུ་གནས་པའི་འགྲོ་བ་གཞན་ཁྱད་པར་ཅན་དུ་འགྲོ་བར་མན་སྙེ་ལས་བཤད་དོ། །འོ་ན་སྡོམ་འབྱུང་ལས། སྟེང་གིས་གཟུགས་མེད་ཁམས་སུ་སྟེ། །དེ་ནི་བཟང་པོར་འགྲོ་དབྱེ་འོ། །ཞེས་གསེར་གྱི་སྒོ་ནས་འཕོས་ན། གཟུགས་མེད་ཁམས་སུ་སྐྱེ་བར་བཤད་ཅིང་། ཞལ་ལུང་ལས་ཀྱང་། སྤྱི་གཙུག་ཡེ་ཤེས་འཕོ་བ་ན། །གཟུགས་མེད་ཁམས་སུ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར་ན་གསེར་གྱི་སྒོ་ནས་འཕོས་ཀྱང་། སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་དུ་སྐྱེ་བར་མ་ངེས་སོ་ཞེ་ན། སྐྱོན་མེད་དེ་འདིར་སྒོ་འདི་ནས་འཕོས་ན་འདིར་སྐྱེ་ཞེས་བཤད་པ་རྣམས་ནི། འཕོ་བ་བསྒོམས་པའི་འབྲས་བུའི་དབང་དུ་བྱས་ནས་བཤད་པ་ཁོ་ན་མ་ཡིན་ཏེ། སྒོ་ངན་པ་གསུམ་ནས་འཕོས་ན་ངན་སོང་གསུམ་དུ་སྐྱེ་བར་བཤད་པ་བཞིན་ནོ། །དེས་ན་གཞི་དུས་ཀྱི་རྣམ་གཞག་བསྟན་པ་ཡིན་ལ། དེ་ཡང་གཟུགས་མེད་ཁམས་སུ་སྐྱེ་ན་སྤྱི་གཙུག་ནས་འཕོ་བ་དང་། གཟུགས་ཁམས་སུ་སྐྱེ་ན་སྨིན་དབུས་ནས་རྣམ་ཤེས་འཕོ་བ་སོགས་བསྟན་པ་ཡིན་གྱི། སྤྱི་གཙུག་ནས་རྣམ་ཤེས་འཕོས་ཚད་གཟུགས་མེད་དུ་སྐྱེ་བར་སྟོན་པ་མ་ཡིན་ནོ། །དེས་ན་འཕོ་བ་སྦྱངས་ནས་སྤྱི་གཙུག་


JLD011_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་སྒོ་ནས་རྣམ་ཤེས་འཕོས་པས་བྱང་ཆུབ་སེམས་དཔའི་གནས་སུ་སྐྱེ་བར་སྟོན་པ་ལ་འགལ་བ་མེད་དོ། །སྣའི་སྒོ་གཉིས་དག་ལས་རྣམ་ཤེས་འཕོས་པས། གནོད་སྦྱིན་དུ་སྐྱེ་བར་འགྱུར་ལ་རྣ་བའི་སྒོ་གཉིས་དག་ལས་རྣམ་ཤེས་འཕོས་ན་གྲུབ་པའི་ལྷར་སྐྱེ་བར་འདི་དང་རྡོ་རྗེ་མཁའ་འགྲོར་བཤད་ལ། ཞལ་ལུང་ལས་རིག་པ་འཛིན་པའི་གནས་སུ་སྐྱེ་བ་དང་། སྡོམ་འབྱུང་ལས་མིའམ་ཅིར་སྐྱེ་བར་བཤད་དོ། །གལ་ཏེ་མིག་གཉིས་ལས་རྣམ་པར་ཤེས་པ་འགྲོ་བ་སྟེ་འཕོས་ན། མི་རྣམས་ཀྱི་རྒྱལ་པོར་སྐྱེ་བར་འདི་དང་རྡོ་རྗེ་མཁའ་འགྲོ་དང་། གདན་བཞི་དང་སྡོམ་འབྱུང་དང་ཞལ་ལུང་རྣམས་ལས་བཤད་ལ། མན་ངག་སྙེ་མ་ལས། མིག་ནས་མིའི་འགྲོ་བར་རོ། །ཞེས་བཤད་པ་ལྟར་ན་རྒྱལ་པོ་ནི་མཚོན་པ་ཙམ་ཡིན་པས། མིའི་འགྲོ་བ་སྤྱི་ལ་བཤད་དོ། །སྲིད་པའི་སྒོ་ལས་རྣམ་ཤེས་འཕོས་ན་ཡི་དྭགས་སུ་སྐྱེ་སྟེ། དེ་བཞིན་དུ་གཅི་བ་དྲི་ཆུའི་ལམ་ནས་རྣམ་ཤེས་འཕོས་ན་བྱོལ་སོང་སོགས་སུ་སྐྱེའོ། །བཏུང་བ་མིན་པ་བཤང་བའི་ལམ་ནས་རྣམ་ཤེས་འཕོས་པས། ཚ་བ་ལ་སོགས་པའི་དམྱལ་བ་བརྒྱད་དུ་ནི་སྐྱེའོ། །དེ་ལྟར་ན་སྤྱི་གཙུག་གསེར་གྱི་སྒོ་ནི་རབ་བོ། །སྨིན་མཚམས་དང་མིག་དང་རྣ་བ་དང་སྣ་དང་ལྟེ་བའི་སྒོ་ལྔ་ནི་འབྲིང་པོའོ། །བཤང་གཅི་དང་ཁའི་སྒོ་གསུམ་ནི་སྒོ་ཐ་མའོ། །ཚ་དམྱལ་ནི་གཙོ་བོ་ཡིན་པས་འདི་དང་གདན་བཞི་ལས་བཤད་ཀྱི། རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་དང་ཞལ་ལུང་ལས་དམྱལ་བ་སྤྱི་ལ་བཤད་


JLD011_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ལྷ་མ་ཡིན་མ་བཤད་པ་ནི། གཞུང་གཞན་ནས་ལྷ་མ་ཡིན་རྣམས་དུད་འགྲོར་བཤད་པ་དང་། ཡང་ཁ་ཅིག་ནས་ལྷ་མ་ཡིན་འགའ་ཞིག་ལྷ་དང་འགའ་ཞིག་དུད་འགྲོར་བསྡུས་ནས་བཤད་པ་ལ་དགོངས་པ་འདྲའོ། །ཚུལ་འདི་དང་འཕགས་པ་ཐོགས་མེད་ཀྱིས་མངལ་སྐྱེས་རྣམས་ལ་དང་པོར་བར་དོའི་རྣམ་ཤེས་ཁུ་ཁྲག་གི་དབུས་གང་དུ་ཞུགས་པའི་གནས་དེ་ཕྱིས་སྙིང་གར་འགྱུར་ཞིང་། ལུས་འདོར་བ་ན་སྙིང་ག་ནས་རྣམ་ཤེས་འཕོ་བར་བཤད་པ་དང་མི་འགལ་ཏེ། ནང་ནས་རྣམ་ཤེས་འཕོ་བ་ན་སྙིང་ག་ནས་རྣམ་ཤེས་འཕོ་བ་ཡིན་ཡང་། ལུས་ཀྱི་སྒོ་སོ་སོ་ནས་ཕྱི་རོལ་ཏུ་རྣམ་ཤེས་འཕོ་བ་ན། འདི་ནས་གསུངས་པ་བཞིན་དུ་འཕོ་བའི་ཕྱིར་རོ། །འོ་ན་མཛོད་འགྲེལ་ལས། འཆི་བ་ན་ལུས་ཀྱི་ཕྱོགས་གང་དུ་རྣམ་པར་ཤེས་པ་འགག་ཅེས་དྲིས་པའི་ལན་དུ་ཅིག་ཅར་འཆི་བ་ནི་ཡིད་དང་བཅས་པའི་ལུས་ཀྱི་དབང་པོ་མོད་ལ་འགག་པར་འགྱུར་རོ། །ཞེས་བཤད་དེ་ཅིག་ཅར་འཆི་བ་ནི་འདིར་འདོད་གཟུགས་ཀྱི་སེམས་ཅན་རྫུས་སྐྱེས་འཆི་བའོ། །རིམ་གྱིས་འཆི་བ་ནི་སྐྱེ་གནས་གཞན་གསུམ་གྱིས་འཆི་བའོ། །གལ་ཏེ་རིམ་གྱིས་འཆི་ན་ངན་སོང་དུ་སྐྱེ་ན་རྐང་པ་དང་། མིར་སྐྱེ་ན་ལྟེ་བ་དང་། ལྷར་སྐྱེ་བ་དང་དགྲ་བཅོམ་པ་འཆི་ན་ནི་སྙིང་གར་རྣམ་ཤེས་འགག་གོ་ཞེས་གསུངས་པ་དང་། འདིར་བཤད་པ་མི་མཐུན་པ་ཇི་ལྟར་ཡིན་ཞེ་ན། མཛོད་ལས། རྐང་པ་དང་། ལྟེ་བ་སྙིང་གར་ཡིད་འཆི་འཕོ། ཞེས་གསུངས་པའི་ཡིད་འཕོ་བའི་དོན་ནི། འགྲེལ་པ་ལས་གནས་དེ་དག་ཏུ་


JLD011_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འགགས་པའི་དོན་དུ་བཤད་ལ། དེ་ཡང་ལུས་ཀྱི་དབང་པོ་མ་ལུས་པར་རྐང་པ་ལ་སོགས་པའི་གནས་སུ་འགགས་པའི་སྟོབས་ཀྱིས། ཡིད་ཀྱི་རྣམ་ཤེས་འགགས་པར་འགྲེལ་བཤད་ལས་བཤད་པ་ལྟར་ཡིན་པས། གང་དུ་ལུས་དབང་འགགས་པས་ཡིད་ཀྱི་རྣམ་ཤེས་འགག་ཚུལ་སོ་སོ་བ་སྟོན་པ་ཡིན་གྱི། གནས་དེ་དག་ནས་རྣམ་ཤེས་ཕྱི་རོལ་ཏུ་འཕོ་བར་སྟོན་པ་མིན་པས་འགལ་བ་མེད་དོ། །གསུམ་པ་ནི། རྡོ་རྗེ་སྙིང་པོ་ལ། རིགས་ཀྱི་བུ་ཞེས་བོས་ནས། སྔར་བཤད་པ་དེ་ལྟར་ན་གང་གི་ཕྱིར་སྲིད་པ་འཕོ་བའི་མཚན་ཉིད་ནི་རྣམ་ཤེས་འཕོ་བའི་སྒོའི་ཁྱད་པར་ཏེ། མཆོག་དམན་ལས་ནི་བདེ་འགྲོ་དང་ངན་འགྲོའི་འཁོར་བའི་སྒོ་མཆོག་དམན་གྱི་ཁྱད་པར་གྱི་དབྱེ་བ་ཡང་དག་པར་འབྱུང་བ་དེའི་ཕྱིར་རྣལ་འབྱོར་པས་ནི་མཉམ་པར་བཞག་པས་ཏེ་རྩེ་གཅིག་ཏུ་ལས་གཞན་མེད་པར་སྒོ་མཆོག་ནས་རྣམ་ཤེས་འཕོ་བའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །སྤང་ཕྱིར་ཞེས་པ་འགྱུར་གཞན་ལ་མེད་ཅིང་། མན་སྙེ་ལས་ཀྱང་དེའི་དོན་མ་བཤད་དོ། །བཞི་པ་ནི། འཆི་བའི་དུས་ཀྱི་སྟེ་དུས་ཐོབ་པ་རྣམས་ཀྱི་འཆི་བའི་མཚན་མ་སྟེ་འཆི་ལྟས་རྒྱུད་རྣམས་ལས་བསྟན་པ་ཉིད་ཤེས་པར་བྱའོ། །འདིར་འཕོ་བ་ལ་འཕོ་བའི་དུས་ལ་མ་བབ་པར་འཕོས་ན། ཉེས་དམིགས་ཆེན་པོ་གསུངས་པས་དུས་ངེས་པ་གལ་ཆེ་ལ། དེ་ལ་ཡང་འཆི་ལྟས་བྱུང་བ་ལ་འཆི་བླུ་བྱས་པས་ཟློག་མི་ནུས་ན།


JLD011_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་བྱེད་པས་འཆི་ལྟས་ལ་མཁས་པར་བྱའོ། །འདི་ལ་གསུམ། ཕྱིའི་འཆི་ལྟས་དང་། ནང་གི་འཆི་ལྟས་དང་། འཆི་བ་བླུ་བའི་ཚུལ་ལོ། །དང་པོ་ནི། སྡོམ་འབྱུང་ལས་རྐང་མཐིལ་དག་ཏུ་ཕུག་པ་དང་། །གང་ཚེ་ལྟེ་བར་ཕུག་སྙམ་གྱུར། །དེ་ཚེ་ཉི་མ་གསུམ་ཕ་རོལ། །ལྔ་ཡི་གོང་དུ་འགྲོ་བར་འགྱུར། །བཤང་གཅི་ཟག་པའི་དུས་དག་ཏུ། །དུས་མཚུངས་སྦྲིད་པ་བྱུང་གྱུར་ན། །དེ་ཉིད་ཀྱི་ནི་དུས་ཚོད་ལ། །ལོ་གཅིག་གིས་ནི་འཆི་བར་འགྱུར། །རྟགས་དང་བྷ་ག་མཉམ་སྦྱོར་བའི། །བར་དང་ཐ་མར་སྦྲིད་པ་བྱུང་། །དེ་ཚེ་དུས་མཚུངས་ཟླ་བ་ན། །ངེས་པར་འཆི་བ་དག་ཏུ་འགྱུར། །སྙིང་ག་ལྐོག་མའི་དབུས་དག་ཏུ། །གང་ཚེ་དུས་མཚུངས་ཟུག་གཟེར་བྱུང་། གལ་ཏེ་ཆོས་ལ་མི་བརྟེན་ན། །ཕྱོགས་གསུམ་ ཟླ་ཕྱེད་གསུམ། གྱིས་ནི་འཆི་བར་འགྱུར། །མིག་གཡོན་འབྲས་བུའི་གཟུགས་བརྙན་ནི། །གང་ཞིག་མེ་ལོང་ལ་མ་མཐོང་། །གལ་ཏེ་ཟློག་པར་མི་བྱེད་ན། །ཞག་བདུན་ནས་ནི་ངེས་པར་འཆི། །རྣ་བའི་རྩ་བ་ གཉིས་དང་། སྨིན་མའི་དབུས། །སྤྱི་དཀྱིལ་རྣམས་སུ་ཟུག་གཟེར་ནི། །བཞི་པོ་མཚུངས་པར་གཟེར་བྱུང་ན། །དེ་ཚེ་འཕྲལ་དུ་འཆི་བར་འགྱུར། །གློ་བུར་དུ་སྐྱེས་ཚོན་པོ་དང་། །རིད་དང་ཁྲོ་དང་འཇིགས་པས་འཁྲུགས། །གལ་ཏེ་ཆོས་ལ་མི་བརྟེན་གང་། །དེ་ནི་ལོ་ཡིས་འཆི་བར་འགྱུར། །དཀར་པོ་ཡི་ནི་ཚེས་གཅིག་ལ། །གལ་ཏེ་ཁུ་བ་ནག་པོར་འགྱུར། །དེ་ཚེ་ཟླ་བ་དྲུག་གིས་འཆི། །དམར་པོས་ནད་འབྱུང་མཚོན་པ་སྟེ། །རྟག་ཏུ་འཛག་པའི་མིག་དང་ལྡན། །


JLD011_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་བལྟས་ཀྱང་རྣམ་པར་འཁྲུལ། །གང་ཞིག་མེ་ལོང་ཆུ་ལ་ཡང་། །རང་གི་གྲིབ་མ་མ་མཐོང་དང་། །མཚན་མོ་དབང་པོའི་གཞུ་དང་ནི། །ཉིན་མོ་སྐར་མའི་དཀྱིལ་འཁོར་མཐོང་། །སྤྲིན་མེད་པར་ནི་ལྷོ་ཕྱོགས་སུ། །རྟེན་པའི་གློག་འགྱུ་མཐོང་བ་དང་། །ཉིན་པར་གྲིབ་མའི་ལམ་ དགུ་ཚིགས། མཐོང་དང་། །སྐར་མདའ་ལྟུང་བར་གྱུར་པ་དང་། །ངང་བ་བྱ་རོག་རྨ་བྱ་རྣམས། །གཅིག་ཏུ་འདུས་པ་མཐོང་བ་དང་། །ཟླ་བ་གཉིས་དང་ དུས་གཅིག་ཏུ་མཐོང་བ་དང་། ཉི་མ་གཉིས། །དེ་བཞིན་རང་གི་མགོ་བོར་འབར། །ཤིང་རྩེ་རི་ཡི་རྩེ་མོ་ལ། །དྲི་ཟའི་གྲོང་ཁྱེར་མཐོང་བ་དང་། །ཡི་དྭགས་ཤ་ཟ་མཐོང་བའམ། །གཞན་ཡང་འཇིགས་སུ་རུང་བ་མཐོང་། །གློ་བུར་དུ་ནི་རབ་ཏུ་འདར། །ཡང་དང་ཡང་དུ་བརྒྱལ་བ་དག །དེ་རྣམས་ལས་གཅིག །མཐོང་བར་གྱུར་ནའང་གཅིག་པུ་དེ། །ཟླ་བའི་ཁོངས་སུ་འཆི་བར་འགྱུར། །ཟླ་བ་ར་རི་སྤངས་པ་དང་། །ཉི་མ་འོད་ཟེར་དང་བྲལ་བ། །མཚན་མོ་ཉི་མ་ཉིན་མོ་ཟླ། །དེ་བཞིན་རང་ སྟེ་རང་གི་མིག །གི་འདྲེན་བྱེད་འབར། །སྐར་མ་ལྷུན་པོའི་ཚད་དང་ནི། །རྒྱ་མཚོ་ཡང་ནི་ཆུ་བོ་བཞིན། །བཤང་དང་གཅི་བའི་དུས་དག་ན། །མཚུངས་པར་ཁུ་བ་ལྷུང་གྱུར་པ། །གལ་ཏེ་ཆོས་ལ་མི་བརྟེན་ན། །ཕྱོགས་གཅིག་ལ་ནི་འཆི་བར་འགྱུར། །འཆི་བླུ་ལས། དེར་ཡང་ཞེས་པའི་གོང་དུ། སྔ་དྲོའི་ཡང་ན་ཕྱི་དྲོ་འམ། །ཟླ་ཟེར་དག་ལ་ཡུན་རིང་དུ། །དཔུང་པ་བརྐྱང་བའི་གྲིབ་མ་ལ། །བལྟས་ཏེ་རིམ་གྱིས་མཁའ་ལ་བལྟ། །ཞེས་ཚིགས་བཅད་ཅིག་འབྱུང་ངོ་། །དེར་ཡང་སྐྱེ་བོའི་གཟུགས་ཅན་གྱི། གྲིབ་མ་ལ་ནི་ཉིན་མོ་


JLD011_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ། །མགོ་བོ་མ་མཐོང་བ་ལས་དེ། །ལོ་ཡི་ནང་དུ་འཆི་བར་འགྱུར། །ལག་པ་གཡོན་པ་མ་མཐོང་བས། །བུ་དང་ཆུང་མ་རྣམ་པར་ཉམས། །གཡས་མ་མཐོང་བས་ཕ་དང་ནི། །ཆུང་མ་ལ་སོགས་ཚོགས་ཆེན་འཆི། །དྲི་ཆུའི་རྒྱུན་ནི་མངར་གྱུར་དང་། །གཡོན་ནས་འཁོར་ཞིང་དྲི་ང་དང་། །དྲི་ཆུ་སྐྱུར་བ་ལ་སོགས་གྱུར། །ཟླ་བ་དྲུག་གི་ནང་དུ་འཆི། །ཞེས་གསུངས་ལ།རྨི་ལམ་གྱི་འཆི་ལྟས་ཀྱང་དེ་ཉིད་ལས། གང་ཞིག་གིས་ནི་རྨི་ལམ་མཐར། །བྱེ་མའམ་ཐལ་བའི་ཕུང་པོ་འམ། །ལྷ་ཁང་མཆོད་སྡོང་ལ་འཛེགས་ཉིད། །དེ་ནི་སྔ་མ་བཞིན་དུ་འཆི། གལ་ཏེ་བོང་བུའམ་སྤྲེའུ་ཞོན། །གྲོག་མཁར་ཕྱག་དར་ཕུང་པོ་ལ། །མངོན་འཛེགས་ལྷོ་ཕྱོགས་འགྲོ་བ་ནི། །གང་གི་རྨི་ལམ་མཐར་མཐོང་དང་། །བུད་མེད་གང་ཞིག་གོས་ནག་ཅིང་། །མདོག་ནག་འདོད་པ་སྤྱོད་པའི་མི། །དེ་ནི་དུས་མཚན་མོར་ཤེས་བྱ། །གཤིན་རྗེ་རུ་ནི་འགྲོ་བར་བསྟན། །བྱ་རྒོད་ཅེ་སྤྱང་ཁྱི་དང་ཝ། །དྲེད་དང་ཡི་དྭགས་ཤ་ཟ་ཡིས། །ཟ་བར་རྨི་ལམ་མཐོང་ན་ནི། །ངེས་པར་ལོ་གཅིག་དག་གིས་སོ། །གོས་དམར་ལུས་ལ་རབ་གཡོགས་དང་། །ཕྲེང་བ་དམར་པོས་རྣམ་བརྒྱན་དང་། །གང་ཚེ་ཏིལ་མར་བཀུས་པ་རྨི། །དེ་ནི་ཟླ་དྲུག་ལས་མི་འཚོ། །ཞེས་གསུངས་ཏེ་དེ་རྣམས་ཕྱིའི་འཆི་ལྟས་སོ། །ཕྱིའི་འཆི་ལྟས་རྒྱས་པར་ཤེས་པར་འདོད་ན། ངག་དབང་གྲགས་པའི་འཆི་བླུའི་མན་ངག་ལས་ཤེས་པར་བྱའོ། །གཉིས་པ་ནི། ནང་གི་རླུང་གི་འཆི་ལྟས་ངེས་པར་མ་བྱས་པར། ཕྱིའི་འཆི་ལྟས་ཙམ་གྱིས་འཆི་བའི་ངེས་པ་མེད་ལ། ཕྱི་ནང་གཉིས་ཀ་ངེས་པར་


JLD011_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་གསལ་བ་ཡིན་ནོ། །ཞེས་འཆི་བླུ་དང་མན་ངག་སྙེ་མ་ལས་གསུངས་པས་ན་ནང་གི་འཆི་ལྟས་རྟོག་པ་གལ་ཆེའོ། །དེ་ཡང་སྡོམ་འབྱུང་ལས། དཀར་པོ་རྣམས་ཀྱི་ཚེས་གཅིག་ནས། །ཡང་དག་བརྩམས་ཏེ་ཉིན་གསུམ་རླུང་། །ཟླ་བ་ལ་རྒྱུ་ཐུན་ཕྱེད་ལ། །དེ་ནས་ཉིན་གསུམ་ཉི་མ་ལ། །ཡོངས་རྒྱུའི་ཚུལ་གྱིས་ཇི་སྲིད་རླུང་། །དཀར་པོའི་ཚེས་ནི་བཅོ་ལྔའི་བར། །ནག་པོ་རྣམས་ཀྱི་ཚེས་གཅིག་ནས། །བརྩམས་ཏེ་ཉི་མ་གསུམ་དུ་རླུང་། །ཉི་མར་བརྗོད་ལས་སྔ་དྲོ་རྒྱུ། །ཇི་སྲིད་ཚེས་ནི་བཅོ་ལྔའི་བར། །ཞེས་གསུངས་སོ། །དེ་དག་གི་དོན་ནི་དཀར་པོ་ཞེས་པའི་རྐང་པ་དྲུག་གིས། ཟླ་བ་ཡར་ངོའི་རླུང་རྒྱུ་ཚུལ་སྟོན་ཏེ། ཡར་ཚེས་གཅིག་ནས་བརྩམས་ཏེ་ཉི་མ་གསུམ་དུ་དང་པོར་ཟླ་བ་ལ་སྟེ་སྣ་བུག་གཡོན་པ་ནས་ཐུན་ཕྱེད་དུ་རླུང་འབབ་བོ། །དེ་ནས་ཚེས་བཞི་ནས་བརྩམས་ཏེ་ཉི་མ་གསུམ་དུ་དང་པོར་ཉི་མ་ལ་སྟེ་སྣ་བུག་གཡས་པ་ནས་ཡོངས་སུ་རྒྱུ་བའི་ཚུལ་གྱིས་ཐུན་ཕྱེད་དུ་རླུང་འབབ་བོ། །ཇི་སྲིད་ནས་བཅོ་ལྔའི་ཞེས་པའི་དོན་ནི་སྔ་མ་བཞིན་དུ། རླུང་ཇི་སྲིད་བཅོ་ལྔའི་བར་དུ་ཡང་རྒྱུ་བ་སྟེ། ཚེས་བདུན་ནས་བརྩམས་ཏེ་དགུའི་བར་ཉི་མ་གསུམ་དུ་སྣ་བུག་གཡོན་པ་ནས་དང་པོར་རྒྱུ། བཅུ་ནས་བརྩམས་ཏེ་བཅུ་གཉིས་ཀྱི་བར་ཞག་གསུམ་དུ་ཐོག་མར་སྣ་བུག་གཡས་ནས་དང་བཅུ་གསུམ་ནས་བརྩམས་ཏེ་བཅོ་ལྔའི་བར་དུ་ཞག་གསུམ་དུ་ཐོག་མར་གཡོན་ནས་རླུང་འབབ་བོ། །ནག་པོ་ཞེས་པ་བཞིའི་དོན་ནི། མར་ངོའི་ཚེས་གཅིག་ནས་བརྩམས་ཏེ་ཞག་གསུམ་དུ་ཉི་མར་བརྗོད་


JLD011_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། སྣ་བུག་གཡས་ནས་རླུང་རྒྱུ་བ་དང་། དེ་ནས་ཞག་གསུམ་གྱི་བར་དུ་གཡོན་ནས་རྒྱུ། དེ་ནས་ཞག་གསུམ་གྱི་བར་དུ་གཡས་ནས་དང་། དེ་ནས་ཞག་གསུམ་གྱི་བར་དུ་གཡོན་ནས་དང་། དེ་ནས་ཞག་གསུམ་གྱི་བར་དུ་དང་པོ་གཡས་ནས་རླུང་ཐུན་ཕྱེད་དུ་རྒྱུའོ། །ཚུལ་དེ་འདྲ་དེ་ནི། འཆི་བླུ་ལས། གོ་རིམ་འདི་ནི་ངེས་པ་ཡིན། ཞེས་གསུངས་པས། འོག་ནས་འཆད་པའི་འཆི་ལྟས་སོགས་ཀྱི་སྐྱོན་མེད་ན། རྒྱུ་ཚུལ་དེར་ངེས་པ་ཡིན་ནོ། །དང་པོར་རྒྱུ་བའི་དུས་སྡོམ་འབྱུང་དང་། འཆི་བླུ་ལས་མི་གསལ་ཡང་། མན་སྙེ་ལས་ཚེས་གཅིག་སོགས་ཀྱི་ཐོ་རངས་ཀྱི་དུས་ལ་བཤད་དོ། །ཞག་གི་ཐོ་རངས་ཀྱི་དུས་ཀྱང་ཞག་གསུམ་གྱི་རྣམ་དབྱེ་ལ་བརྟེན་ནས། མི་འདྲ་བ་མང་དུ་ཡོད་ཀྱང་། འདིར་ནི་འཇིག་རྟེན་ན་ཚེས་གཅིག་ལྟ་བུའི་ཐོ་རངས་ནི་ཚེས་གཅིག་གི་ཉི་མ་མ་ཤར་བའི་སྔ་རོལ་ཏུ་སོང་ཟིན་པ་ལ་བྱེད་ཅིང་། ཞག་དེ་ལ་ཉིན་མཚན་གཉིས་ཡོད་པའི་ཉིན་གྱི་དུས་མཚན་གྱི་དུས་ལས་དང་པོར་འོང་དགོས་པས། ཚེས་གཅིག་སོགས་ཀྱི་སྐྱ་རེངས་དང་པོ་ནི། ཞག་དེའི་ཉིན་གྱི་ཐོག་མ་ཡིན་པས། དེ་ནས་བཟུང་སྟེ་ནམ་ལངས་ཀྱི་བར་ལ་བྱའོ། །དེ་ཉིད་སྔ་དྲོ་དང་པོ་ཡང་ཡིན་པས། སྔ་དྲོ་ཞེས་གསུངས་པ་ཡང་མི་འགལ་ལོ། །ཐུན་ཕྱེད་ནི་རྒྱུད་དེ་ཉིད་ལས། ཐུན་ནི་བརྒྱད་ཆ་ཞེས་པ་དྲན། །ཞེས་གསུངས་པས། ཞག་གཅིག་ལ་ཐུན་ཕྱེད་བཅུ་དྲུག་ཡོད་པའི་ལུགས་ཡིན་ལ། ཐུན་ཕྱེད་རེ་ལ་ནི་ཕྱེད་དང་བཅས་པའི་དབུགས་བརྒྱ་ཕྲག་བཅུ་གསུམ་རེའོ། །མན་སྙེ་ལས་ཐོ་རངས་ཀྱི་དུས་སུ་དུས་སྦྱོར་གཅིག་གམ་ཐུན་ཕྱེད་ཀྱི་རླུང་རྒྱུ་ཞེས་དེ་གཉིས་


JLD011_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གདམ་ང་ཅན་དུ་བཤད་ལ། དུས་སྦྱོར་གཅིག་གི་རླུང་ནི་དབུགས་བརྒྱ་ཕྲག་བཅོ་བརྒྱད་ལ་བཤད་ཅིང་། ཐུན་ཕྱེད་ཀྱི་རླུང་ནི་སྔར་དང་འདྲའོ། །ཡར་ངོ་མར་ངོའི་ཐོག་མའི་རྒྱུ་ཚུལ་གྱི་རླུང་ལྟས་དེ་ཞག་དྲུག་དང་། ཕྱོགས་གཅིག་སྟེ་ཟླ་ཕྱེད་དང་། ཕྱོགས་གཉིས་ཏེ་ཟླ་ཕྱེད་གཉིས་དང་། ཕྱོགས་གསུམ་སྟེ་ཟླ་ཕྱེད་གསུམ་དུ་གོ་རིམ་ལོག་ན། སྐྱོན་ཅི་འབྱུང་བའང་སྡོམ་འབྱུང་ལས། གཅིག་དང་གཉིས་གསུམ་བཞི་དང་ལྔ། །ཉི་མ་དྲུག་ཏུ་ཟློག་པ་ལས། །གལ་ཏེ་རླུང་ནི་རྒྱུ་བ་ན། །དེ་ཚེ་རྩོད་པ་ཆེན་པོ་འབྱུང་། །ཕྱོགས་གཅིག་ཕྱིན་ཅི་ལོག་པ་ལས། །ནད་ནི་ཀུན་ཏུ་ཆེན་པོ་འབྱུང་། །ཕྱོགས་གཉིས་ཕྱིན་ཅི་ལོག་པ་ལས། །སྙིང་སྡུག་གཉེན་རྣམས་རྒུད་པར་འགྱུར། །ཕྱོགས་གསུམ་ཕྱིན་ཅི་ལོག་པ་ལས། །ཟླ་དྲུག་རྣམས་ཀྱིས་འཆི་བར་འགྱུར། ཞེས་སོ། །འོ་ན་ཡར་ངོ་མར་ངོའི་རླུང་གི་བརྟག་པ་འདི་ཟླ་བ་གང་ལ་བྱེད་པའི་ཟླ་བའི་ངེས་པ་ཡོད་དམ་མེད་ཅེ་ན། སྡོམ་འབྱུང་དང་མན་སྙེ་ལས་ཟླ་བའི་ངེས་པ་ཡོད་མེད་གསལ་བར་མ་བཤད་ཀྱང་། འཆི་བླུ་ལས། དགུན་ཟླ་འབྲིང་སོགས་འཕོ་བ་ཡི། །ཟླ་བ་ཉ་སོགས་ཐམས་ཅད་ལ། །འཆི་བའི་མཚན་ཉིད་སྤྱི་ཡི་ནི། །ནང་པར་ཐོག་མར་བརྟག་པར་བྱ། །ཞེས་ཟླ་བ་བཅུ་གཉིས་པོ་ཐམས་ཅད་ལ་འཆི་བ་སྤྱིའི་མཚན་ཉིད་ནང་པར་བརྟག་པར་གསུངས་སོ། །འོ་ན་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་རླུང་བལྟས་མ་ལོག་པར་བྱུང་ན། དེ་ལ་འབྲས་བུ་ཅི་ཞིག་འབྱུང་ཞེ་ན། འདི་ལ་གསལ་བར་བཤད་པ་མི་སྣང་། མ་ལོག་པ་ལ་སྐྱོན་ཡོན་གང་རུང་ཞིག་བསྐྱེད་དགོས་


JLD011_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ལོག་པ་ལ་སྐྱོན་བསྐྱེད་པས། མ་ལོག་ན་ཡོན་ཏན་བསྐྱེད་དགོས་ལ། དེའང་ནད་མེད་པ་དང་། གཉེན་མི་རྒུད་པ་དང་། མི་འཆི་བ་ལ་བྱ་དགོས་ཤིང་། དེ་རྣམས་ཀྱང་སྐྱོན་གྱི་ཕྱོགས་ལ་བཤད་པའི་རིགས་པས། ཡོན་ཏན་གྱི་ཕྱོགས་ལའང་ཟླ་བ་དྲུག་ཚུན་ཆད་དུ་མི་འཆི་བ་སོགས་ལ་བྱ་དགོས་སམ་སྙམ་སྟེ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ། །གཞན་ཡང་འཆི་བླུ་ལས། ལམ་གསུམ་ སྣ་བུག་གཉིས་དང་ཁའི། རྟོགས་པར་རླུང་རྒྱུ་ན། །སླར་གསོ་བར་ནི་ནུས་མ་ཡིན། །ཉི་མ་ཕྱེད་ནི་འདས་ནས་འཆི། །རླུང་ནི་འཕོ་བ་མེད་པ་རུ། །ལམ་ནི་གཉིས་ཀ་དག་ལས་ཀྱང་། །ཞག་བཅུའི་བར་དུ་རྒྱུ་གྱུར་ ནམ་སྣ་བུག་གཡས་གཡོན་དུ། ན། །འཕོ་བའི་ཚེ་ན་དེ་འཆིའོ། །ཉིན་ཞག་ གང་ལ་སྣ་བུག་གི་རླུང་གཉིས། མཉམ་ སྟེ་མཉམ་པོར་རྒྱུ་བ་ཐོབ་པའི་སྐད་ཅིག་དེ་ལ། འདྲ་སྐད་ཅིག་ཐོབ། །གང་གི་མིག་ནི་འགུལ་འགྱུར་བ། །དེ་ཡི་སྲོག་ནི་ཉིན་ཞག་ནི། །གཅིག་ན་འཇིག་པར་གདོན་མི་ཟ། །ཞེས་དང་། སྣ་བུག་གཉིས་སྤངས་ནས་རྣ་བ་ནས་རྒྱུ་ན། ཉིན་ཞག་དེ་ཁོ་ན་ལ་འཆི་བར་བཤད་ལ། ཡང་མན་སྙེ་ལས། དགུན་ཟླ་ར་བའི་འཕོ་བའི་དུས་བརྩམས་ནས་ཉིན་ལྔར་ཉི་མའི་ལམ་ནས་རྒྱུ་ན་ལོ་བཅོ་བརྒྱད་རྣམས་ཀྱིས་སོ། །ཐ་སྐར་ཅན་ལ་དེ་ལྟར་རྒྱུ་ན་ལོ་བཅོ་ལྔ་རྣམས་ཀྱིས་སོ། །དབྱར་ཟླ་ཐ་ཆུང་ལ་དེ་ལྟར་རྒྱུ་ན་ལོ་བཅུ་གཉིས་རྣམས་ཀྱིས་སོ། །དབྱར་ཟླ་ར་བ་ལ་དེ་ལྟར་རྒྱུ་ན་ལོ་དགུ་རྣམས་ཀྱིས་སོ། །ནག་པ་ཅན་གྱི་ལ་དེ་ལྟར་རྒྱུ་ན་ལོ་དྲུག་རྣམས་ཀྱིས་སོ། །མཆུ་ཅན་གྱི་ལ་དེ་ལྟར་རྒྱུ་ན་ལོ་གསུམ་རྣམས་ཀྱིས་སོ་ འཆི་བླུ་ལས་དགུན་ཟླ་འབྲིང་པོ་ལ་བཤད། །ཞེས་གསུངས་སོ། །དེ་རྣམས་ནི་འཆི་བླུའི་གཞུང་ལ་བརྟེན་ནས་


JLD011_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

མན་སྙེ་ལས་བཤད་པ་ལྟར་ཡིན་ལ། རྒྱས་པར་ཤེས་པར་འདོད་ན་འཆི་བླུ་ལས་ཤེས་པར་བྱའོ། །དེ་ལྟར་འཆི་ལྟས་རྟོག་པ་ཡང་ཁམས་སྙོམས་ཤིང་བདེ་བར་གནས་པའི་ལུས་ལས་བརྟག་དགོས་པར་འཆི་བླུ་ལས། གལ་ཏེ་འགའ་ཞིག་འཆི་བ་ཡི། །མཚན་ཉིད་ཤེས་པར་འདོད་གྱུར་ན། །དེར་ནི་བདེར་གནས་ལུས་ལས་ནི། །ཤེས་བྱ་གཞན་དུ་ཡིད་གཉིས་འགྱུར། །ཁམས་མི་སྙོམས་དང་འདོད་ཆགས་དང་། །རབ་རིབ་ལ་སོགས་དབང་གྱུར་དང་། །འཇིགས་དང་མྱ་ངན་སོགས་པའི་རྒྱུས། །གང་ཕྱིར་གཞན་དུ་སོ་སོར་སྣང་། །ཞེས་གསུངས་སོ། །གསུམ་པ་ནི། འཆི་བླུ་ལས། འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པར་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བླུ་བ་ཀུན་ཏུ་སྤྱོད། །གང་ཕྱིར་རིགས་པར་ཐབས་སྦྱར་བས། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ནོར་བུ་སྔགས་དང་སྨན་རྣམས་ཀྱི། །མཐུ་ནི་ཐམས་ཅད་འདོད་པ་ཡིན། །འཆི་བའི་མཚན་ཉིད་ལས་རིང་ནས། །ཤེས་པར་བྱས་ནས་རིགས་པས་བཅོ། །སྤྱི་བོར་ཐོག་ནི་བབས་པ་ལ། །རབ་ཏུ་མཁས་ཀྱང་ཅི་བྱར་ཡོད། །ཅེས་སྲོག་ལས་གཅེས་པ་གཞན་མེད་པས་འཆི་བླུའི་ཐབས་ཀྱིས་བཅོས་ན། ཕལ་ཆེར་འཆི་བ་བླུ་ཐུབ་པ་དང་། དེ་ཡང་སྔོན་དུ་རིང་མོ་ནས་འཆི་ལྟས་ཀྱི་མཚན་ཉིད་ཤེས་པར་བྱས་ནས་བཅོས་དགོས་པར་གསུངས་པ་ལྟར་འཆི་ལྟས་མཐོང་བ་དེས་སྔ་མོ་ནས་འཆི་བ་བླུ་བ་ལ་འབད་པར་བྱའོ། །སྡོམ་འབྱུང་ལས་ཀྱང་དེ་ལྟའི་གདམས་ངག་ལྡན་རྣམས་ཀྱིས། །འཆི་བ་བླུ་བར་འགྱུར་བ་སྟེ། །དེ་ཉིད་ཀྱིས་ནི་འཆི་ལས་རྒྱལ། །ཆོས་


JLD011_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འཆི་ལས་རྒྱལ་བ་སྟེ། །དེ་ཕྱིར་ཆོས་ནི་མཆོག་ཏུ་བསམ། །ཞེས་འཆི་བླུའི་སྒོས་ཀྱི་གདམས་ངག་དང་། སྤྱིར་ཆོས་ལ་བརྟེན་པས་འཆི་བ་བླུ་བར་གསུངས་སོ། །འཆི་བླུའི་སྒོས་ཀྱི་གདམས་ངག་རྒྱུད་དེ་ལས་བཤད་པ་ནི་གསུམ་སྟེ། དང་པོ་ནི་ལྷའི་རྣལ་འབྱོར་སྔོན་དུ་བཏང་ནས་ཐོ་རངས་རླུང་སྟོང་ཕྲག་རེ་མ་ཆག་པར་བགྲངས་པས་འབུམ་ཕྲག་གཅིག་གིས་བཟླས་པ་རྫོགས་ན། ཚེ་ཟད་པ་ཡང་ལོ་ལྔ་རུ་འཚོ་བར་ཐེ་ཚོམ་མེད། ཅེས་གསུངས་པ་ འཆི་བླུ་ལས། འཇུག་པའི་རླུང་འབུམ་ཕྲག་ཏུ་བགྲང་བ་ལ་བཤད་ཅིང་། ཉིས་འབུམ་ལ་སོགས་ཟློས་པ་ཉིད། །ཚེ་འཕེལ་བར་ནི་བསྒྲེ་བར་བྱ། །ཞེས་འབུམ་ཕྲག་གཉིས་བཟླས་ན་ལོ་ལྔ་ཉིས་འགྱུར་དུ་ཚེ་འཕེལ་བ་དང་འབུམ་ཕྲག་གསུམ་བཟླས་ན་སུམ་འགྱུར་དུ་འཕེལ་བ་སོགས་བཤད་དོ། །དང་། ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སྤྱི་བོ་ནས་རྐང་མཐིལ་གྱི་ བར་ཐམས་ཅད་རླུང་གིས་བཀང་ནས་འཛིན་པའི་བུམ་པ་ཅན་ལ་གོམས་པར་བྱས་པས། ལག་པ་ལན་གསུམ་མཉེ་ཞིང་ལན་དྲུག་སེ་གོལ་བརྡབས་པ་ལ་གཅིག་ཏུ་བྱས་པའི་རབ་བརྒྱ་རྩ་བརྒྱད། འབྲིང་བདུན་ཅུ་དོན་གཉིས། ཐ་མ་སུམ་ཅུ་རྩ་དྲུག་གི་ བར་དུ་རླུང་ནང་དུ་འཛིན་པར་ནུས་པ་བྱུང་ན་ཡང་འཆི་བ་བླུ་བར་བཤད་ཅིང་། གཞན་ཡང་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སྙིང་གའི་པདྨའི་ལྟེ་བར་ཟླ་གདན་ལ་གནས་པའི་ཧཱུཾ་ཡིག་དཀར་པོ་ལ་སེམས་བརྟན་པར་བྱས་ཏེ། སྟེང་འོག་གི་རླུང་ཁ་སྦྱར་བའི་སྙིང་གའི་བུམ་པ་ཅན་བསྒོམས་ན་ཡང་འཆི་བ་བླུ་བར་གསུངས་སོ། །འཆི་བླུའི་མན་ངག་ལས། འཆི་བདག་བླུ་བར་འབད་པ་ནི། །དད་པ་ཡིས་ནི་བྱེད་པར་ནུས། །དེ་བས་དད་པ་བརྟན་པར་བྱ། །གཞན་དུ་ངལ་བ་དོན་མེད་འགྱུར། །ཞེས་དཀོན་མཆོག་དང་བླ་མ་ལ་དད་པ་བརྟན་པོ་བསྐྱེད་པ་འཆི་བླུའི་གལ་ཆེ་ཤོས་སུ་གསུངས་ལ།


JLD011_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དང་ཉ་དང་རི་དྭགས་སྦྲུལ། །རྐུན་པོ་གསོད་པའི་ཕྱོགས་གཏོགས་རྣམས། །སྲོག་སྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །ཞེས་དང་། མི་དགེ་བཅུ་ནི་སྤངས་པ་དང་། །དེ་བཞིན་གསུམ་ལ་སྐྱབས་འགྲོ་དང་། །བསླབ་པ་ལྔ་དང་བརྒྱད་བསྲུངས་ན། །འཆི་བདག་ཐག་ནི་བསྲིང་བར་འགྱུར། །བཙོན་རར་བཅུག་དང་ནད་ཆེན་གདུངས། །དེ་བཞིན་འཇིགས་པས་ཉེན་པ་རྣམས། །སྐྱབས་བྱས་ན་ནི་ངེས་པ་རུ། །ཚེ་རིང་འཆི་བདག་བླུ་བྱེད་འགྱུར། །དམན་དང་མགོན་མེད་ངོ་མཚར་བཅས། །ཚུལ་ཁྲིམས་ལྡན་ལའང་གུས་པ་ནི། །འདོད་པའི་དོན་ནི་རབ་སྟེར་བས། །ཚེ་ནི་ངེས་པར་འཕེལ་བར་འགྱུར། །ཕ་དང་མ་དང་བླ་མ་རྒན། །ཤེས་པས་རྒན་སོགས་ལ་གུས་ཤིང་། །མཆོད་དང་བཀུར་སྟི་བྱིན་པས་ཀྱང་། །འཆི་བདག་དང་ནི་ཉེ་མི་འགྱུར། །རང་གི་འདོད་ལྷ་དེ་ལ་གུས། །དཀའ་ཐུབ་ཅན་ལའང་གུས་པ་ཡིས། །རྟག་ཏུ་ནང་པར་ལྷ་ཕྱག་བྱ། །བྱས་པས་ཚེ་ནི་འཕེལ་བར་འགྱུར། །མཆོད་རྟེན་གས་དང་འཇིག་པ་ལ། །སོ་ཕག་ལ་སོགས་ཀྱིས་བཅོས་ན། །ཚེ་ཐུང་ཚེ་ནི་རིང་བར་འགྱུར། །དགེ་སློང་བསོད་སྙོམས་པ་དང་མཚུངས། །ལྷ་ཁང་སྐུ་གཟུགས་མཆོད་རྟེན་སོགས། །བྱེད་དང་ཀུན་དགའ་ར་བ་འཛུགས། །མཆོད་རྟེན་ཆེ་བརྒྱད་སོགས་མཆོད་ཀྱིས། །རྟག་ཏུ་ཚེ་ནི་འཕེལ་བར་འགྱུར། །འདུན་པས་སློང་བ་ལས་རྙེད་པས། །རྫས་ཀྱིས་དགེ་འདུན་མཆོད་སྟོན་གསོལ། །ཞག་བདུན་ཚེ་ཐུང་ཚེ་རིང་འགྱུར། །ཆོས་རྒྱལ་མྱ་ངན་མེད་དང་མཚུངས། །བྱེ་མའི་མཆོད་རྟེན་བྱེད་པ་དང་། །དེ་བཞིན་ཚ་ཚ་འདེབས་པ་དང་། །མཆོད་རྟེན་ལ་སོགས་


JLD011_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བྱས་པས། །ཚེ་ནི་ངེས་པར་འཕེལ་བར་འགྱུར། །འདུས་པ་ཆེན་པོའི་མདོ་དང་ནི། །ཨ་ཏ་ན་ཏི་ཀ་ཡའི་མདོ། །ཕྲ་མོར་བཅས་དང་སྤྲིན་ཆེན་དང་། །ཤིན་ཏུ་བཀྲ་ཤིས་ཚིགས་བཅད་རྣམས། །གུས་པས་དགེ་སློང་འདོན་འཇུག་པའམ། །རང་ཉིད་ཀྱིས་ནི་རབ་བཏོན་ན། །དེ་བཞིན་ཚེ་རིང་འཐོབ་འགྱུར་ཞིང་། །འཆི་བདག་བླུ་བར་འགྱུར་བ་ཡིན། །ཐེག་པ་ཆེན་པོ་སྟོན་བྱེད་དང་། །སྡོང་བོ་རྒྱན་སོགས་མདོ་སྡེ་རྣམས། །རྟག་ཏུ་རྩེ་གཅིག་པས་བཀླགས་ན། །འཆི་བདག་བླུ་བར་འགྱུར་བ་ཡིན། །སངས་རྒྱས་ཀྱིས་གསུངས་རྣལ་འབྱོར་གྱི། །རྒྱུད་སོགས་མ་ལུས་བཀླགས་པའམ། །སྲུང་བ་ལྔ་ཡི་ཆོ་གས་ཀྱང་། །འཆི་བདག་བླུ་བར་འགྱུར་བ་ཡིན། །གཙུག་ཏོར་བཅུག་པའི་མཆོད་རྟེན་སོགས། །སྐོར་བ་དག་ནི་བྱས་པ་དང་། །གཟུངས་ནི་བཟླས་པ་བྱས་པས་ཀྱང་། །འཆི་བདག་གི་ནི་བརྩོན་པ་འཇོམས། དཀོན་མཆོག་སྒྲོན་མ་བཟླས་པ་དང་། །གཟུངས་ཀྱི་ཚོགས་ལས་གསུངས་པ་ཡི། །གཟུངས་སྔགས་ཟློས་ལ་བརྩོན་པས་ནི། །མཁས་པ་རྣམས་ནི་འཆི་བ་དང་། །ཉེ་བའང་རིང་དུ་གནས་པར་བྱེད། །དཀྱིལ་འཁོར་འདྲི་དང་སྦྱིན་སྲེག་དང་། །ཕྱག་རྒྱ་འཆིང་བར་བྱེད་པ་དང་། །གཏོར་མ་དང་ནི་ཚོགས་འཁོར་ལོ། །རབ་སྦྱིན་འཆི་བདག་བླུ་བ་ཡིན། །ཕྱོགས་བཞིའི་འཕགས་པའི་དགེ་འདུན་ལ། །མཆོད་བསྟོད་མལ་ཆ་སྦྱིན་སོགས་དང་། །ཆོས་གོས་ཙམ་ཞིག་འཆང་བ་ལའང་། །སྦྱིན་པ་འཆི་བདག་བླུ་བྱེད་འགྱུར། །ཞེས་གསུངས་ལ། གཞན་ཡང་ཨིནྡྲ་ནཱི་ལ་ལ་སོགས་པའི་ནོར་བུ་ཆེན་པོ་བཅངས་པས་ཀྱང་། འཆི་བ་བླུ་བར་བཤད་ཅིང་། སྒྲོལ་དཀར་གྱི་འཆི་བླུའང་གསུངས་ཏེ། པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་


JLD011_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་སུ། །མཆོག་སྦྱིན་པ་དང་ཨུཏྤལ་བསྣམས། །སྟོན་ཀའི་ཟླ་བའི་མདངས་འདྲ་བའི། །ཟླ་བ་ཡི་ནི་རྒྱབ་བརྟེན་པ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །མཆོག་སྦྱིན་ཀུན་ནི་འཆང་བའི་སྐུ། །འཕགས་མ་སྒྲོལ་མའི་སྙིང་གར་སྒོམ། །དེ་ཡི་འཁོར་ལོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་ནི། །བརྒྱད་ཀྱིས་ཡོངས་སུ་བསྐོར་བ་ལས། །ལྟེ་བར་ༀ་དང་ཧ་ཡིག་གི །དབུས་ནི་བསྒྲུབ་བྱའི་མིང་དང་ལྡན། །ཟླ་དྲུག་བརྟན་ཞིང་ངེས་པས་ནི། །རྩེ་གཅིག་པ་ཡི་སེམས་ཀྱིས་བསྒོམ། །ཡི་གེ་བཅུ་ཡི་སྔགས་འདི་ནི། །སྐྱོ་བར་མ་གྱུར་སེམས་ཀྱིས་བཟླས། །དང་པོར་ༀ་ནི་བཞག་ནས་སུ། །དེ་འོག་ཏཱ་རེ་རབ་ཏུ་སྦྱར། །དེ་འོག་ཏུཏྟཱ་རེ་ཏུ་རེ། །སྭཱ་ཧཱ་མཐའ་ཅན་ལས་ཀུན་བྱེད། །ཅེས་སོ། །འདི་ལའང་ཞོ་དང་མངར་གསུམ་གྱིས་བསྐུས་པའི་སྦྱིན་སྲེག་མང་དུ་བྱས་ན་སྔོན་གྱི་ལས་ལས་བྱུང་བའི་འཆི་བའང་ངེས་པར་ཟློག་པར་བྱེད་དོ་ཞེས་གསུངས་སོ། །དེ་བཞིན་དུ་གསང་འདུས་ནས་འབྱུང་བའི་སྤྱན་མའི་སྔགས་ཀྱི་བཟླས་པ་དང་། དེ་ལ་བརྟེན་པའི་དུར་བ་ལ་སོགས་པའི་སྦྱིན་སྲེག་བྱེད་པ་དང་། ལྕེ་ཆུང་བའི་བདུད་རྩི་འཐུང་བའང་འཆི་བླུ་བསྔགས་པ་ཅན་དུ་བཤད་ལ། སྟོང་ཉིད་རྒྱུན་ལྡན་དུ་བསྒོམས་པའང་འཆི་བླུ་རུ་གསུངས་པ་སོགས་མང་དུ་གསུངས་སོ། །ལྔ་པ་ནི། འབྲོག་འགྱུར་ལས། རིམས་ལ་སོགས་པས་མ་ཕྱེ་བའི། །འཕོ་བའི་རྣལ་འབྱོར་དམ་པ་ཉིད། །ཅེས་འབྱུང་ལ། འགོས་འགྱུར་ལས། རྣལ་འབྱོར་པས་རིམས་ལ་སོགས་པས་མ་ཕོག་


JLD011_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྒོ་ཁྱད་པར་ཅན་ལས་ཤིན་ཏུ་མཉམ་པར་བཞག་པས་འཕོ་བའི་སྦྱོར་བ་བྱ་སྟེ། ཞེས་འགྱུར་མི་འདྲ་བ་གཉིས་འབྱུང་ངོ་། །མན་ངག་སྙེ་མར་འཆི་བའི་དུས་ལ་མ་བབ་པ་ཁོ་ནར་རྒས་པ་དང་ནད་རྣམས་ཀྱིས་གདུངས་པས་ནི། རྣམ་ཤེས་དབྱེ་མི་བྱ་སྟེ་འཕོ་བར་མི་བྱའོ། ཞེས་རིམས་ལ་སོགས་པས་དབྱེ་མི་བྱ་ཞེས་པའི་དོན་དུ་བཤད་དོ། །ཁ་སྦྱོར་ལས་གསུངས་པ་དེ་ལྟར་ཡིན་ཡང་གདན་བཞི་ལས། འཆི་འཕོ་མཚན་མ་མཐོང་བ་ཡིས། །འཆི་བར་འགྱུར་བའི་དུས་བྱུང་ན། །རིམས་ལ་སོགས་པས་མ་ཕོག་པར། །འཕོ་བ་སྦྱོར་བའི་མཆོག་ཡིན་ནོ། །ཞེས་རིམས་ལ་སོགས་པས་མ་ཕོག་པའི་གོང་དུ་སྒོ་བཟང་པོ་ནས་འཕོ་བ་ནི་འཕོ་བའི་རྣལ་འབྱོར་གྱི་མཆོག་ཏུ་གསུངས་ལ། །ཞལ་ལུང་ལས་ཀྱང་། གང་ཞིག་དུས་ནི་ཕྱི་ཞིག་ལ། །འཆི་བའི་མཚན་མ་བདག་གིས་མཐོང་། །འཆི་བར་འགྱུར་བའི་དུས་བྱུང་ན། །ནད་ཀྱིས་ཡང་དག་མ་རྙོངས་པར། །འཕོ་བའི་སྦྱོར་བ་ཡང་དག་བྱ། །ཞེས་གདན་བཞི་དང་མཐུན་པར་གསུངས་པས། རྒས་པ་དང་ནད་ཀྱིས་གདུངས་ནས་འཕོ་བས་རྣམ་ཤེས་ལུས་ལས་འབྱེད་པ་དང་། ནད་ཀྱིས་མ་ཕོག་པའི་གོང་དུ་རྣམ་ཤེས་འཕོ་བའི་རྣལ་འབྱོར་བྱེད་པ་གཉིས་ཀ་ཤེས་པར་བྱའོ། །དེས་ན་བོད་ཀྱི་གདམས་ངག་ཁ་ཅིག་ལས། རྒས་པས་ཤིན་ཏུ་སྡུག་བསྔལ་བར་མཐོང་ནས། འཕོ་བ་བྱ་ཞེས་ཟེར་བ་ནི། དེ་ལྟར་བྱས་ན་དམྱལ་བར་ལྟུང་བར་གསུངས་པས། ཕྱིན་ཅི་ལོག་ཏུ་སྨྲ་བ་ཆེན་པོའོ། །གསུམ་པ་ལ་གཉིས། སྔོན་དུ་ཇི་ལྟ་བུ་ཞིག་བྱས་ནས་འཕོ་བ་བྱ་བ་དང་། དབང་པོའི་སྒོར་རླུང་རེངས་པར་བྱེད་པའི་ཐབས་དངོས་སོ། །དང་པོ་ནི། འཕོ་བ་བྱེད་པར་འདོད་པས། ལས་ལ་སྦྱོར་བའི་དང་པོར་ཏེ་སྔོན་དུ་བུམ་པ་ཅན་གྱི་རླུང་


JLD011_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བརྩམས་ནས་གོམས་པར་བྱས་ཏེ། དེས་ནི་མིག་ལ་སོགས་པའི་དབང་པོའི་སྒོ་རྣམས་ཐམས་ཅད་དུ་རེངས་པར་བྱེད་པ་སྟེ་རླུང་ཕྱིར་འགྲོ་བ་འཇོམས་པར་འགྱུར་རོ། །མིག་ལ་སོགས་པའི་སྒོར་ཡི་གེ་བཀོད་ནས་རླུང་ཕྱིར་འགྲོ་བ་འགོག་པ་ཡང་བུམ་པ་ཅན་གྱིས་རླུང་རེངས་པར་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་དེ་དང་བཅས་པའི་བུམ་པ་ཅན་བསྒོམ་པ་ཡིན་གྱི། བུམ་པ་ཅན་རྐྱང་བ་སྒོམ་པ་མིན་ནོ། །རྡོ་རྗེ་མཁའ་འགྲོ་ལས་ཀྱང་། གནས་ཀྱི་མཐའ་ནི་དག་པར་བྱ། །དག་པས་སྲིད་པ་འཕོ་བྱ་ཡི། །གཞན་དུ་ན་ནི་དོན་མེད་འགྱུར། །ཞེས་གསུངས་ལ། དེའི་དོན་བྷ་བ་བྷ་དྲས་བདེ་སྡུག་གི་སྣོད་ཡིན་པས་གནས་ནི་ལུས་ཏེ། གཏུམ་མོའི་རྣལ་འབྱོར་བསྒོམས་པས་ལུས་དག་པ་སྟེ་སྦྱངས་པའོ། །གནས་ཀྱི་མཐའ་ནི་ནང་སྟེ། ནང་གི་སྒོ་རྣམས་དག་པ་སྟེ་སྦྱངས་པའོ། །གཞན་དུ་ན་ནི་ཞེས་བྱ་བ་ནི། སྦྱང་བ་དེ་གཉིས་དང་བྲལ་ན་འཕོ་བ་བྱས་པའི་འབྲས་བུ་ཐོབ་པར་མི་འགྱུར་རོ། །ཞེས་གསུངས་ཤིང་། ཡང་རྡོ་རྗེ་མཁའ་འགྲོ་ལས། བུམ་པ་ཅན་གྱིས་སྒོ་བཅིངས་ན། །སྒོ་ཡི་བུ་ག་དག་པར་འགྱུར། །ཞེས་གསུངས་པ་བཞིན་གདན་བཞི་ལས་ཀྱང་གསུངས་སོ། །བུམ་པ་ཅན་སྦྱང་བར་གསུངས་པའི་དོན་ལ། བོད་མང་པོས་སྔར་བཤད་པའི་བུམ་པ་ཅན་རབ་འབྲིང་ཐ་མ་གསུམ་གྱི། ཐ་མ་ཡོད་ན་དེས་ཆོག་ཟེར་བ་ནི་རྒྱུད་ཀྱི་དོན་མ་རྟོགས་བཞིན་དུ་སྨྲ་བའོ། །རྒྱུད་སྡེ་ནས་བཤད་པའི་འཕོ་བས་ནི། བྷ་བ་བྷ་དྲས་འགྲོ་བ་ཁྱད་པར་ཅན་དུ་སྐྱེ་བར་བཤད་པ་དང་། མན་སྙེར་བྱང་ཆུབ་སེམས་དཔའ་ལ་སོགས་པ་གནས་པའི་གནས་སུ་གནས་པའི་འགྲོ་བ་ཁྱད་པར་


JLD011_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་སྐྱེ་བར་བཤད་ལ། དེ་ཡང་སྤྱི་གཙུག་གསེར་གྱི་སྒོ་ནས་འཕོ་ཐུབ་པའི་འབྲས་བུར་གསུངས་པས། ལྷ་མིའི་རྟེན་ཙམ་དུ་འཕོ་ཐུབ་པ་ལ་མི་བྱེད་དེ། སྒོ་གཞན་རྣམས་ནས་འཕོ་བ་བཀག་ནས་གསེར་གྱི་སྒོ་ནས་འཕོ་དགོས་པར་གསུངས་པའི་ཕྱིར་རོ། །རྟེན་ཁྱད་པར་ཅན་དེའང་ཞལ་ལུང་ལས། གལ་ཏེ་སྐུ་གསུམ་མ་གྲུབ་ན། །རིག་པ་འཛིན་པའི་གཙོར་འགྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོ་འགྲུབ། །ཅེས་འཕོ་བས་འཆི་བའི་འོད་གསལ་གྱི་དུས་སུ་ལམ་གྱི་ཆོས་སྐུ་དང་། བར་སྲིད་འགྲུབ་པའི་དུས་སུ་ལམ་དུས་ཀྱི་ལོངས་སྐུ་དང་། སྐྱེ་བ་ལེན་པའི་དུས་སུ་ལམ་དུས་ཀྱི་སྤྲུལ་སྐུ་འགྲུབ་པར་བཤད་པ་ལྟར་མ་གྲུབ་ན། རིག་པ་འཛིན་པའི་གཙོ་བོར་འགྱུར་བ་འཕོ་བའི་རྣལ་འབྱོར་གྱི་འབྲས་བུར་གསུངས་པ་ལྟ་བུའི་སྔགས་སྤྱོད་པའི་རིག་འཛིན་གྱི་རྟེན་ཁྱད་པར་ཅན་འགྲུབ་པ་ཡིན་ནོ། །ཡང་ཞལ་ལུང་ལས། །དེ་བས་བཀའ་ལུང་རབ་ཐོབ་ནས། །དམ་སྡོམ་རྣམ་པར་བསྲུང་བྱ་སྟེ། །ཞེས་གསུངས་པ་ལྟར་དབང་བསྐུར་བ་རྣམ་པར་དག་པ་ཐོབ་ནས་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་གཅིག་གིས་འགྲུབ་པར་གསུངས་ཀྱི། དེ་དག་མེད་པ་དང་སྦྱང་བ་གཉིས་སྔོན་དུ་མ་བཏང་བར་དང་པོ་ཉིད་ནས་རྣམ་ཤེས་འདོན་པའི་དམིགས་པ་ལ་གོམས་སུ་འཇུག་པ་གདམས་ངག་མང་པོ་ལ་འདུག་པ་ལྟར་གྱི་འཕོ་བས་ནི་བདེ་འགྲོའི་རྟེན་ཙམ་དུ་འཕོ་ཐུབ་ཏུ་ཆུག་ཀྱང་གཞུང་ཁུངས་ཐུབ་ནས་གསུངས་པའི་རྟེན་ཁྱད་པར་ཅན་འགྲུབ་པ་ཤིན་ཏུ་དཀའ་སྟེ། གཞན་དུ་ན་ནི་དོན་མེད་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འཕོ་བའི་གདམས་ངག་བྱས་པས་སྤྱིར་འཕོ་ཐུབ་པ་ཙམ་དང་། སྒོ་འབྲིང་པོ་ལྔ་ནས་འཕོ་ཐུབ་པས་མི་ཆོག་


JLD011_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གི །གསེར་གྱི་སྒོ་ནས་འཕོ་དགོས་པར་རྒྱུད་ཀྱི་དོན་དུ་ཤེས་པར་གྱིས་ཤིག །གཉིས་པ་ལ་གཉིས། མིག་ལ་སོགས་པའི་སྒོར་ཡི་གེ་དགོད་པ་དང་། རླུང་བུམ་པ་ཅན་སྒོམ་པའོ། །དང་པོ་ནི། འབྲོག་འགྱུར་ལས། མཆོད་རྟེན་རྣམས་ཀྱི་ལྕགས་སྒྲོག་ལྔ། །ཞེས་འབྱུང་ཡང་། མན་ངག་སྙེ་མ་འགྱུར་གསར་ལས། འབུར་བོ་ལྔ་ཅན་མཆོད་རྟེན་སྒོ། །ཞེས་བསྒྱུར་བ་ལེགས་པས། འབུར་བོ་ལྔ་ཞེས་པ་མངལ་གྱི་སྐབས་ལ་བཤད་པ་དང་འདི་མི་འདྲ་བས། ལག་པ་གཉིས་དང་། རྐང་པ་གཉིས་དང་། མགོ་དང་ལྔའོ། །ལྔ་པོ་དེ་དག་དང་ལྡན་པ་ཅན་ནི་ལུས་ཡིན་ལ། མཆོད་རྟེན་ནི་ལུས་དེའི་མགོ་བོའོ། །འབྲོག་འགྱུར་ལས། སྒོ་ཡི་བུག་པའི་སྒོམ་པ་ནི། །ཞེས་འབྱུང་བ་ལས། མན་སྙེ་འགྱུར་གསར་ལས། དེ་ཡི་བུག་པར་སྒོམ་པ་སྟེ་ཞེས་བསྒྱུར་བ་ལེགས་པས། མགོ་བོ་ལ་སྟེང་གི་སྒོ་དང་སྨད་ཀྱི་སྒོ་གཉིས་ལས། མགོ་བོའི་སྟེང་གི་སྒོ་ནི་སྤྱི་གཙུག་གསེར་གྱི་སྒོ་དང་སྨིན་མའི་དབུས་སོ། །གསེར་གྱི་སྒོ་དེ་ཡི་བུག་པར་ཀྵུཾ་དང་ཀྵུཾ་གྱི་འོག་ཧཱུཾ་བཀོད་དེ་བརྩེགས་པ་བསྒོམ་པར་བྱའོ། །སྨིན་དབུས་གནད་འབྱེད་བའི་སྒོར་ནི། ཧཱུཾ་དང་དེའི་ནང་བདེ་ཆེན་གྱི་འཁོར་ལོའི་ལྟེ་བར་ཧཾ་བཀོད་དོ། །མཆོད་རྟེན་དེའི་སྟེང་གི་སྒོ་དེ་བས་དམའ་བའི་སྒོ་ལྕེའི་རྩ་བ་དང་། མགྲིན་པའི་བུ་གའི་སྒོ་ཉིད་དུ་ནི་རིམ་པ་བཞིན། ས་བོན་སུཾ་དང་སྨྼྻུཾ་ཆུ་ལྟ་བུར་དཀར་བ་ཉིད་དགོད་དོ། །བཏུང་བ་དང་བཏུང་མིན་གྱི་སྒོ་དང་། དེ་ཡི་སྟེ་ལྟེ་བའི་སྒོ་གསུམ་དུ་མེ་ཡི་ནི་ས་བོན་ཀྵྨཾḈྻུ་མེ་འབར་བ་ལྟ་བུར་དམར་བ་དགོད་དོ། །འབྲོག་འགྱུར་ལས། དེ་ཡི་དང་པོ་དབུགས་ཀྱི་ཡང་། ཞེས་པ་ལ། འགོས་


JLD011_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལས། དེ་ལ་ཤིན་ཏུ་མཉམ་གཞག་པས། །དབུགས་ནི་སྔོན་བཞིན་བསྒོམ་པར་བྱ། །ཞེས་འབྱུང་བ་རྡོ་རྗེ་མཁའ་འགྲོ་དང་མཐུན་པས་ཤིན་ཏུ་ལེགས་ལ། དོན་ནི་ས་བོན་གྱི་ཡི་གེ་བཀོད་པ་དེ་རྣམས་ལ། ཤིན་ཏུ་མཉམ་པར་བཞག་པས་ཏེ་ཡིད་རྩེ་གཅིག་ཏུ་བྱས་ནས། དབུགས་ནི་སྔོན་དུ་བཤད་པ་བཞིན་དུ་བུམ་པ་ཅན་དུ་བྱས་ཏེ་བསྒོམ་པར་བྱ་སྟེ། ཡི་གེ་བསྒོམ་པ་འདི་རྣམས་བུམ་པ་ཅན་གྱིས་རླུང་རེངས་པར་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར་རོ། །མན་སྙེ་ལས། རླུང་འཆིང་བ་ནི། འདི་རྣམས་ཀྱི་དགོས་པའོ། །ཞེས་མངོན་པར་དགོངས་པའོ་ཞེས་མིག་ལ་སོགས་པའི་སྒོར་ཡི་གེ་བཀོད་པ་ནི། ནང་དུ་རླུང་འཆིང་བའི་ལྷན་ཅིག་བྱེད་རྐྱེན་དུ་གསུངས་པས། བུམ་པ་ཅན་བྱས་ནས་ཡི་གེས་མི་འགོག་པའམ། ཡི་གེས་སྒོ་རྣམས་བཀག་ནས་བུམ་པ་ཅན་མི་བྱེད་པ་ལྟ་བུ་མ་ཡིན་པར་གཉིས་ཀ་བསྒོམ་པར་བྱའོ། །ཞེས་པ་སྟེ་གཉིས་ཀ་བྱས་ན་རླུང་འགོག་མྱུར་བའི་དགོས་པ་ཡོད་པར་གསལ་ལོ། །རླུང་གི་ཁ་དོག་ཅན་སྔོན་པོ་ལུས་ཏེ་ཧཱུཾ་ཡིག་ནི་རླུང་གི་དཀྱིལ་འཁོར་རྣམ་པར་བཞག་པའི་སེམས་ཀྱིས་བསྒོམ་སྟེ། མིག་གི་སྒོ་གཉིས་སུ་དགོད་དོ། །ཧཱུཾ་ཡིག་འདི་ནི་འཕོ་བ་ལ་སོགས་པ་ལ་ཁ་དོག་དཀར་པོ་ཁོ་ནར་བྱའོ། །འདི་དང་ས་བོན་གཞན་རྣམས་ཀྱིའང་སྔོན་པོ་ཉིད་ནི་ལས་གཞན་སྒྲུབ་པ་ལ་ཁ་དོག་གཞན་ཉིད་མཚོན་པའོ། །རླུང་གི་ས་བོན་ནི་ཡཾ་ཡིན་ལ། ཡཾ་ས་བོན་དུ་ཡོད་པ་ཅན་གྱི་རླུང་ནི་འཁོར་འདས་ཀུན་གྱི་རྩ་བ་ཡིན་ནོ། །ཞེས་པ་སྟེ་ཞར་བྱུང་ངོ་། །མན་སྙེའི་འགྱུར་ལས། རླུང་གི་ས་བོན་རྩ་བ་ཅན། །ཞེས་


JLD011_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ་། །རླུང་ནི་ས་ཡི་རྩ་བ་ཅན། །ཞེས་པ་ལ། འགྲེལ་པས་བཤད་པ་མ་མཛད་ཅིང་། རྐང་པ་སྔ་མ་ལས་དོན་ཟུར་པ་མེད་ལ། རྡོ་རྗེ་མཁའ་འགྲོ་ན་ཡང་མེད་དོ། །ཐིག་ལེ་ནི་ཀླད་ཀོར་དང་ནཱ་ད་བསྒྱུར་ན་སྒྲ་ཙམ་ཡིན་ཡང་། འདིར་ནཱ་ད་ཨུ་ཡིག་ཏུ་མན་སྙེ་ལས་བཤད་པས། འདི་གཉིས་ལྡན་པའི་ཡུཾ་ཞེས་པའི་ས་བོན་རྣ་བའི་སྒོ་གཉིས་དང་སྣའི་སྒོ་གཉིས་ལ་བཀོད་དེ་བསྒོམ་མོ། །དེ་ལྟར་སྒོ་སོ་སོར་ས་བོན་གྱི་ཡི་གེ་བཀོད་པ་རྣམས་སེམས་ཀྱིས་ཡོངས་སུ་བསྒོམ་པ་ཉིད་ཀྱིས་རླུང་ཕྱིར་འགྲོ་བ་དགུག་པ་སྟེ་དགག་པར་བྱ་ལ་ནང་དུ་གཞུག་པར་བྱའོ། །འབྲོག་འགྱུར་ལས། རྡོ་རྗེ་ཅན་གྱི་ཡོན་ཏན་གྱིས། །འཇིགས་པའི་ལྕགས་ཀྱུ་ལ་སོགས་སྦྱར། །ཞེས་པ་ལ། མན་སྙེ་འགྱུར་གསར་ལས། །རྡོ་རྗེ་མ་ཞེས་དང་། འཇིགས་མ་ཞེས་བསྒྱུར་བ་ལེགས་ལ། དོན་ནི་ཡེ་ཤེས་མཁའ་འགྲོ་མ་ལྷ་བཅུ་གསུམ་གྱི་འཁོར་གྱི་ལྷ་མོ་རྡོ་རྗེ་མཁའ་འགྲོ་མ་དང་སེང་གེ་མའི་ས་བོན་སུཾ་དང་སྨཾḈྻུ་སྟེ། སྔར་ལྕེའི་རྩ་བ་དང་མགྲིན་པར་བཀོད་པའོ། །འཇིགས་མའི་ས་བོན་ནི་ཀྵུཾ་སྟེ་སྔར་སྤྱི་གཙུག་ཏུ་བསྒོམ་པར་བསྟན་པའོ། །སོགས་ཀྱིས་བསྡུས་པ་ལྷ་མོ་ལྷག་མ་རྣམས་ཀྱི་ས་བོན་གྱི་ཡི་གེ་ལྷག་མ་རྣམས་བཟུང་ངོ་། །སྔར་བཤད་པ་ལྟར་སྒོ་སོ་སོར་ས་བོན་གྱི་ཡི་གེ་རྣམས་སྒོ་སོ་སོའི་ནང་དུ་དགོད་དོ། །གཉིས་པ་ནི་བུམ་པ་ཅན་གྱིས་རླུང་རེངས་པར་བྱེད་ཚུལ་ནི། གནས་བཅུ་ནི་སྔར་བཤད་པའི་སྒོ་དགུའི་སྟེང་དུ་སྙིང་གའི་སྒོ་བསྣན་པས་བཅུའོ། །མགོ་བོ་དང་། སྤྱི་གཙུག་དང་། སྨིན་དབུས་དང་། མིག་དང་། རྣ་བ་གཡས་པ་དང་།


JLD011_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བ་གཡོན་པ་དང་། སྣ་དང་། ཁ་དང་། མགྲིན་པ་དང་། རྒྱབ་སྟོད་ལྟག་པ་དང་། ཕྲག་པ་དང་། མཆན་ཁུང་དང་། ནུ་མ་དང་། སྙིང་ག་དང་། ལྟེ་བ་དང་། ཕོ་མཚན་དང་། རྟགས་དང་། བཤང་སྒོ་དང་། བརླ་དང་། པུས་མོ་དང་། བྱིན་པ་དང་། རྐང་པའི་རྒྱབ་དང་། མཐེ་བོང་དང་། སོར་མོ་སྟེ་ལུས་ཀྱི་ཉི་ཤུ་རྩ་བཞིའི་གནས་ལས་འཇིགས་མས་ཏེ། གཏུམ་མོ་ཨཾ་ཡིག་གི་འོད་ཟེར་ལྕགས་ཀྱུ་ལྟ་བུས་དགུག་ཅིང་སྣ་བུག་ནས་ནང་དུ་འདྲེན་པའི་དགང་བ་ལ་སོགས་པས་ཀྱང་བཀུག་ནས། གསང་གནས་ཀྱི་འཁོར་ལོའི་དབུས་སུ་རླུང་གོང་བུ་གཅིག་ཏུ་བྱས་ཏེ། དེའི་དྷཱུ་ཏཱིར་དམིགས་པ་གཏད་ནས་གསང་གནས་ཀྱི་བུམ་པ་ཅན་བསྒོམ་པར་བྱའོ། །དེ་ལྟར་གོམས་པར་བྱས་པ་དེས་སྦར་བའི་གཏུམ་མོ་འབར་བའི་ལྕགས་ཀྱུ་འོག་ནས་འཆད་པའི་སྙིང་གའི་རླུང་གི་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་སྦྱར་བར་བྱའོ། །རླུང་བུམ་པ་ཅན་སྒོམ་པའི་བཤད་པ་གཞན་རྣམས་ལ་སྟེང་གི་སྣ་སྒོ་ནས་སྟེང་རླུང་ཕྱིར་འཐེན་པ་དང་། ལུས་ཀྱི་སྨད་ནས་འོག་གི་རླུང་གྱེན་དུ་འཐེན་པ་ཙམ་གྱི་ཁ་སྦྱར་ལས་མ་བཤད་ལ། འདིར་ནི་ཕྱིར་རྒྱུ་བའི་རླུང་འཐེན་པར་མ་ཟད། ཕྱིར་མི་རྒྱུ་བའི་ཁྱབ་བྱེད་ཀྱི་རླུང་སྤྱི་བོ་དང་། སྤྱི་གཙུག་ལ་སོགས་པའི་ལུས་ཀྱི་ནང་གི་གནས་རྣམས་ལ་བཀུག་སྟེ། བུམ་པ་ཅན་བསྒོམ་པར་བཤད་པས་གཞན་རྣམས་ལས་ཁྱད་པར་དུ་འགྱུར་རོ། །ནད་བསྐྱེད་པ་རྣམས་ཕལ་ཆེར་ཁྱབ་བྱེད་ཀྱིས་བསྐྱེད་པར་བཤད་པས། ཁྱབ་བྱེད་ཀྱི་རླུང་བསྡུས་ཏེ་དུལ་བར་བྱེད་པ་ནི། ནད་འཕྲོག་པ་ལ་བསྔགས་སོ། །རྡོ་རྗེ་མཁའ་འགྲོའི་འགྲེལ་པར་འཕོ་བ་ལ་སྔོན་དུ་


JLD011_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་བསྒོམས་ནས་ལུས་སྦྱང་དགོས་པར་བཤད་པ་ཡང་གསང་གནས་ཀྱི་བུམ་པ་ཅན་བསྒོམ་པ་དང་ལྷན་ཅིག་ཏུ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་བཏབ་ནས། རྩ་འདབ་ལ་ཡི་གེ་དགོད་པ་མ་བྱུང་ཡང་། དབུས་ཀྱི་ཡི་གེ་བཞི་བཀོད་དེ་འབར་འཛག་གི་དམིགས་པ་ལ་སེམས་གཏོད་པར་བྱས་ན་ལེགས་པར་སེམས་སོ། །དེ་ལྟར་འཕོ་བ་ལ་དབང་པོའི་སྒོར་འགྲོ་བའི་རླུང་ནང་དུ་ལྡོག་པ་བྱེད་པ་དང་། གསང་གནས་ཀྱི་བུམ་པ་ཅན་གྱིས་རླུང་འཆིང་བ་ནི་སྲོག་དབུ་མར་འཇུག་པའི་ཆེད་ཡིན་ལ། སྲོག་དབུ་མར་འཇུག་པ་སྔོན་དུ་འགྲོ་དགོས་པ་ནི། སྲོག་དབུ་མར་ཞུགས་པ་ན་འཆི་བའི་རིམ་པ་དང་རྗེས་སུ་མཐུན་པའི་རླུང་ཐིམ་པར་འགྱུར་བ་་ཡིན་ལ། དེ་བྱུང་ན་འཕོ་བས་རྣམ་ཤེས་ལུས་ལས་འདོན་པའི་རིམ་པ་རྣམས་འགྲུབ་པར་སླ་བའི་ཆེད་ཡིན་ཏེ། གྲོང་འཇུག་ལ་སྦྱང་བ་འདི་རྣམས་སྔོན་དུ་གཏོང་བའི་རྒྱུ་མཚན་ཡང་དེས་ཤེས་པར་བྱའོ། །བྷ་བ་བྷ་དྲས་གཏུམ་མོ་བསྒོམས་ནས་ལུས་སྦྱོང་བ་སྔོན་དུ་གཏོང་དགོས་པར་བཤད་པ་ཡང་། གཏུམ་མོ་འབྱོངས་ན་བྱང་སེམས་དཀར་དམར་གཉིས་ལུས་ཀྱི་གནས་རྣམས་ལས་བསྐྱེད་པ་བདེ་བླག་ཏུ་ནུས་ལ། དེ་ལྟར་ནུས་ན་སེམས་རྟེན་དུ་གྱུར་པའི་ཐིག་ལེ་དཀར་དམར་ཡང་བསྐྱོད་པར་ནུས་པ་ལ་དགོངས་པར་མངོན་ཏེ། གནད་འདི་རྣམས་འཕོ་བ་ལ་དགོས་པར་ཤེས་པ་ཤིན་ཏུ་གལ་ཆེ་བར་སྣང་ངོ་། །དེས་ན་འཕོ་བའི་སྔོན་དུ་ལུས་དང་། ལུས་ཀྱི་མཐའ་སྦྱོང་ལུགས་རྣམས་ནི་རྫོགས་རིམ་གྱི་ཡང་གནད་དམ་པར་སྣང་བས། འདི་རྣམ་


JLD011_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལུས་ལས་འདོན་པའི་འཕོ་བ་ཙམ་གྱི་དབང་དུ་བྱས་པ་མིན་པར་ཤེས་པར་བྱའོ། །བཞི་པ་ནི། འབྲོག་འགྱུར་ལས། གོ་འཕང་གནས་ཀྱི་གོ་འཕང་སྟེ། །ཞེས་པ་ལ། མན་སྙེ་འགྱུར་གསར་ལས། གོ་འཕང་གནས་ཀྱི་གཞི་ལ་ཅི། །ཞེས་འབྱུང་བ་ལེགས་ལ། གོ་འཕང་ནི་འཕོ་བའི་འབྲས་བུ་རྟེན་ཁྱད་པར་ཅན་ནོ། །དེའི་གནས་ནི་འཕོ་བའི་རྣལ་འབྱོར་རོ། །དེ་ལ་གོམས་པས་གནས་ནས་གཞི་ལས་ཏེ། རྣམ་ཤེས་འདོན་པའི་རྟེན་དམིགས་པ་ལ། གོང་དུ་བསྐྱོད་པའི་ས་བོན་ཅི་ལ་སྦྱར་ཞེས་དྲིས་ལ། དེའི་ཤུགས་ཀྱིས་འོག་གི་གནས་སུ་ས་བོན་ལ་སྦྱར་བའང་གསུངས་སོ། །དེའི་ལན་དུ། ཡི་གེ་ཕྱེད་དང་གཉིས་བུག་པའི་སྒོ་དགུའི་སྟེང་དུ་སྟེ། གསེར་གྱི་སྒོ་ལ་དག་པའམ་སྦྱང་བར་བྱའོ་ཞེས་པས་ལན་བསྟོན་ནོ། །མཛོད་སྤུ་ནི་སྨིན་དབུས་སོ། །དེར་སྐྲ་དཀར་ཉམས་པར་བྱེད་པ་ཉེ་བར་མཚོན་པའི་ས་བོན་ཧཾ་དང་ཧཱུཾ་དགོད་ལ། ས་བོན་དེ་གཉིས་ཀྱིས་སྐྲ་དཀར་ཉམས་པར་བྱའོ། །དྲག་པོ་ནི་འཆི་བའི་རྒྱུའོ་ཞེས་པས། འཚོ་བ་འཛིན་པ་རྣམས་ཀྱི་སྒྲ་སྐད་དེ། དེའི་སྟེང་དུ་གསང་ཆེན་པོར། །ནང་གི་བརྗོད་པས་བསྐུལ་བར་བྱ། ཞེས་སྦྲེལ་ལོ། །དེ་ཡི་གེ་ཅི་ཡི་གདངས་ཡིན་ཞེ་ན། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ་སྡེ་པ་བརྒྱད་རྣམས་ཀྱི་མཐའ་ནི་ཧ་ཡིག་སྟེ། དེ་ས་བོན་ཨ་ཡིག་གིས་ཁྱད་པར་དུ་བྱས་ན་ནི། དྲག་པོ་ཡི་གེ་ཕྱེད་ཀྱིས་སྦྱར་བའོ། །ཡི་གེ་ཕྱེད་དང་གཉིས་ནི་སྦྱར། །ཞེས་པ་ལ་མན་སྙེ་འགྱུར་གསར་ལས། ས་བོན་ཡི་གེ་ཕྱེད་ཀྱིས་སྦྱར། །ཞེས་འབྱུང་ངོ་། །ཡི་གེ་ཕྱེད་པ་དེ་གང་ཞེ་ན། སྡེ་པ་བརྒྱད་པོ་རྣམས་ཀྱི་སྔ་མ་


JLD011_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་སྡེ་པ་གང་གི་དང་པོ་ཡིན་པ་དེ་ནི། སྡེ་པ་སྔ་མ་དང་པོ་ཅན་ཏེ་ཀ་སྡེའོ། །དེ་ཡི་སྔ་མ་ཀ་ཡི་ས་བོན་ནོ། །འབྲོག་འགྱུར་ལས། འཇིགས་དང་འཇིགས་པའི་སྡེ་ཚན་གྱི། །དང་པོ་ལ་སོགས་དང་པོ་ནི། །ཞེས་པ་འགྱུར་མི་ལེགས་པས། མན་སྙེའི་འགྱུར་ལས་སྡེ་པ་སྔ་མ་དང་པོ་ཅན་ཞེས་པ་འགྱུར་ལེགས་ཏེ། མདོར་བསྡུ་ན། ཧ་ཡི་གེ་གང་བོ་དང་། ཀ་དབྱངས་མེད་ཡི་གེ་ཕྱེད་པར་བྱས་པའི་ཧིཀ་གོ །མན་སྙེ་ལས། སྒྲ་ཡི་སྒྲས་ཞེས་འབྱུང་བའི་སྒྲ་ནི། འོག་གི་གསང་གནས་ཀྱི་རླུང་ངོ་། །སྒྲས་ཞེས་པ་ནི་རླུང་དེས་སྦར་བའི་གཏུམ་མོའི་སྒྲ་ཡིས་སོ། །རླུང་གི་ས་བོན་ནི་ཡུཾ་སྟེ། འོག་མ་ལས་ཞེས་པ་ནི། ཡི་གེ་དེ་རླུང་གི་དཀྱིལ་འཁོར་གྱི་འོག་གི་མཐར་འགོད་ཅིང་། སྟེང་གི་མཐར་ཡང་རླུང་གི་ས་བོན་དེ་དགོད་ལ། འདི་ཐམས་ཅད་རླུང་གི་དཀྱིལ་འཁོར་ལ་གནས་པར་སེམས་ཀྱིས་བསྒོམས་པས། ནང་གི་གལ་ཏེ་གནས་ནི་ཉི་ཤུ་རྩ་བཞི་རྣམས་ནས་བསྐྱོད་པའི་རླུང་བཀུག་ནས། དེ་ནས་གསང་བའི་འཁོར་ལོ་ལས་སྟེང་དུ་ལྟེ་བ་དང་སྙིང་ག་དང་། དེ་ལས་སྟེང་དུ་མགྲིན་པ་དང་། སྨིན་དབུས་ཀྱི་མཚམས་དང་། དེ་ལས་གོང་དུ་འཕོ་བའི་དུས་སུ་བསྐུལ་བར་བྱ་བ་ནི་མཆོག་གོ །རྣལ་འབྱོར་པ་ཡིས་གལ་ཏེ་སླར་ཡང་འཆི་བ་བཅོམ་ནས་སྐྲ་དཀར་ལ་སོགས་པ་ཉམས་པར་འདོད་པ་དེའི་ཚེ། འཕོ་བའི་ཐབས་བསྒོམ་པ་བོར་ནས་གཞན་རྣམས་བསྒོམ་ཞིང་། སྟེང་གི་ཡི་གེ་སྐྲ་དཀར་ཉམས་བྱེད་ཀྱི་ས་བོན་ཧཾ་དང་། ཧཱུཾ་ནག་པོར་བསྒོམས་ལ་བཟའ་བར་བྱ་བ་སྟེ། འོད་ཟེར་


JLD011_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་རྣམས་ཀྱིས། བདུད་རྩིའི་ཆར་བས་ཁྱབ་པར་བྱས་ནས་མགོ་བོ་དང་། གཞན་དུ་ཡང་སྐྲ་དཀར་དང་སྤུ་དཀར་པོ་བསལ་བར་བྱའོ། །འདི་ཡང་ཉེ་བར་མཚོན་པ་སྟེ། གདམས་ངག་ཇི་ལྟ་བར་བསྒོམ་པའི་དབྱེ་བ་ལས། གཉེར་མ་དང་ནད་དང་འཆི་བ་ཉམས་པར་བྱེད་པ་སོགས་ལའང་བྱའོ། །འདིར་ནུས་པ་མེད་པ་ཡང་མཆོག་ཏུ་བསྐུལ་བར་བྱའོ། །ཞེས་གསུངས་སོ། །དེའི་ཚེ་ནི་བུག་གུ་སྟེ་སྒོ་དགུའི་སྟེང་མ་མཆོག་སྟེ་སྤྱི་གཙུག་གསེར་གྱི་སྒོ་ཕྱེ་ནས་འཕྲལ་དུ་ཡིད་ཉིད་འཕོ་བར་བྱེད་དོ། །ལྔ་པ་ནི། གལ་ཏེ་སྒོ་མཆོག་ནས་འཕོ་བ་དེ་སྡིག་པ་ཅན་གྱི་གང་ཟག་གིས་བྱེད་པར་མི་ནུས་སམ་སྙམ་ན། དེ་ལ་ཡང་སྒོ་མཆོག་ནས་འཕོ་བ་ཡོད་པར་སྟོན་པ་ནི། ཉིན་བཞིན་ཞེས་པ་ལ་སོགས་སོ། །སི་པུ་ཊའི་འགྱུར་གཉིས་དང་རྡོ་རྗེ་མཁའ་འགྲོ་དང་གདན་བཞི་ལས། ཉིན་ཞིང་དང་ཉིན་རེ་ཞེས་འབྱུང་ལ། མན་སྙེ་ལྟར་ན། ལྷ་དང་བྲམ་ཟེ་གསོད་པ་དང་། །ཞེས་འབྱུང་ངོ་། །དེ་ལ་ལྷའི་སྐུ་གཟུགས་ལ་སོགས་འཇིག་པའམ། ཉིན་རེ་ཞིང་བྲམ་ཟེ་སྟེ་སྡིག་པ་དང་བྲལ་བའི་མི་རྣམས་གསོད་པ་དང་། ཕ་མ་དང་དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་འཁོར་ལོའི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ། མཚམས་མེད་པ་ལྔ་ནི་བྱེད་པ་དང་། ཆོམ་རྐུན་ལ་ལོངས་སྤྱོད་པ། ཞེས་པ་ལ། རྡོ་རྗེ་མཁའ་འགྲོ་ལས། རྐུ་འཕྲོག་འདོད་ལ་སྤྱོད་པའང་། །ཞེས་འབྱུང་བ་ལེགས་པས། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་ཡང་།


JLD011_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་སྒོ་ནས་འཕོ་བའི་ལམ་འདིས་གྲོལ་བར་འགྱུར་རོ། །གྲོལ་བའི་དོན་ནི་འཕོ་བའི་ལམ་གྱིས་སྔོན་བག་མེད་པ་བྱས་པའི་སྡིག་པས་གོས་པར་མི་འགྱུར་བ་སྟེ། དེའི་དབང་གིས་ངན་སོང་དུ་མི་འགྲོའོ། །མང་པོས་ཅི་བྱ་སྟེ། སྲིད་པ་འཁོར་བའི་སྐྱོན་ཉོན་མོངས་ལ་སོགས་པ་དང་། ནད་དང་རྒ་བ་ལ་སོགས་པ་ལས་རིང་དུ་འགྱུར་ཏེ། འཕོ་བའི་མཐུས་བདེ་འགྲོར་སྐྱེས་པ་ན། བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་མཇལ་བས་སྐྱོན་དེ་རྣམས་རྩད་ནས་འབྱིན་པའི་ཐབས་སྒྲུབ་པའི་ཕྱིར་རོ། །དཔེར་ན་འདམ་ལས་སྐྱེས་པའི་པདྨ་གཟི་བརྗིད་དྲི་མ་མེད་པ་དང་ལྡན་པ་དེ་བཞིན་དུ། འདམ་སོགས་ཞེས་པའི་སོགས་ཀྱི་སྐད་དོད། མན་སྙེར་དང་པོའི་དོན་དུ་བཤད་པ་ལེགས་པས། འདམ་ལྟ་བུའི་སྡིག་པ་རྣམས་ཀྱིས་དང་པོར་ལུས་ལ་གོས་པ་ཡིན་ཡང་། འཕོ་བ་བྱས་པས་སྲིད་པ་བར་དོ་ལ་སོགས་པ་རྣམས་སུ་ཡེ་ཤེས་ཏེ། ཡིད་ཀྱི་རང་བཞིན་གྱི་སྐུ་སྟེ་ལུས་ཀྱིས་རང་འདོད་པའི་གནས་སུ་སྤྱོད་པར་འགྱུར་རོ། །དེ་ལྟར་དུ་རྒྱུད་མང་པོ་ལས་གསུངས་པས་ཤིན་ཏུ་དོན་ཆེ་བའི་ཕྱིར་ཚུལ་འདི་ལ་འབད་པར་བྱ་དགོས་སོ། །དྲུག་པ་ནི། འཕོ་བའང་འཆི་བའི་དུས་ཐོབ་པ་སྟེ། དུས་ལ་བབ་ན་འཕོ་བྱ་སྟེ། དུས་མ་ཡིན་པར་འཕོ་བ་བྱས་ན། ལྷ་གསོད་པའི་སྡིག་པར་འགྱུར་ཏེ། དེའང་། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་སྨོད་པ་བརྒྱད་པ་ཡིན། །ཞེས་པས་ཉེས་པ་འབྱུང་བས། ཡོན་ཏན་མི་སྐྱེ་བར་མ་ཟད་སྐྱོན་བསྐྱེད་པས་འཕོ་བར་མི་བྱའོ། །དུས་སུ་འཕོ་བར་བྱའི་དུས་མ་


JLD011_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་འཕོས་ན། ཉེས་པ་བསྐྱེད་པ་དེའི་ཕྱིར། ལུས་ཀྱི་སྟེ་ལུས་ལ་འཆི་བའི་མཚན་མ་སྟེ་རྟགས་བྱུང་བ་ཤེས་ནས་བློ་སྟེ་རྣམ་དཔྱོད་དང་ལྡན་པས་འཕོ་བའི་རྣལ་འབྱོར་བརྩམ་པར་བྱ་སྟེ། གདན་བཞི་ལས། དེ་བས་ལུས་ལ་རྟགས་བྱུང་ན། །བློ་དང་ལྡན་པས་སྦྱོར་བ་བརྩམ། །ཞེས་གསུངས་སོ། །རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་ལས་ཀྱང་། ལྷ་རྣམས་གསོད་པ་ཙམ་གྱིས་ནི། །དམྱལ་བར་ངེས་པར་བསྲེག་པར་འགྱུར། །དེ་བས་འཆི་བའི་མཚན་མ་ནི། །མཁས་པས་འབད་དེ་ཤེས་པར་བྱ། །ཞེས་འཕོ་བའི་ནུས་པ་ཐོབ་ཀྱང་། དུས་མ་ཡིན་པར་འཕོས་ན་དམྱལ་བར་ལྟུང་བར་བཤད་པའི་ཉེས་དམིགས་ཤིན་ཏུ་ཆེ་བས་འཕོ་བའི་དུས་གང་ཡིན་པ་ཤེས་པ་ཤིན་ཏུ་གལ་ཆེ་བར་སྣང་ངོ་། །དེ་ལ་འཕོ་བའི་དུས་ནི་འདི་ཡིན་ཏེ། ཞེས་རྒྱུད་རྣམས་ལས་གསལ་བར་མ་བཤད་ཀྱང་། དེའི་ཕྱིར་ལུས་ཀྱི་མཚན་ཤེས་ནས། །ཞེས་པ་དང་། དེ་བས་འཆི་བའི་མཚན་མ་ནི། །ཤེས་པར་བྱ་ཞེས་པ་རྣམས་ཀྱི་དོན་གདན་བཞི་ལས། ལུས་ལ་འཆི་ལྟས་ཀྱི་རྟགས་བྱུང་ན་འཕོ་བ་བརྩམ་ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེའང་འཆི་ལྟས་ཀྱི་རྟགས་བྱུང་བ་ཙམ་ནས་རྣམ་ཤེས་ལུས་ལས་འདོན་པའི་འཕོ་བ་བྱེད་པ་མ་ཡིན་གྱི། འཆི་རྟགས་བྱུང་ནས་འཆི་བླུ་བྱས་ཀྱང་མི་ཟློག་པར་མཐོང་བ་དགོས་སོ། །འོ་ན་འཆི་བླུ་བྱས་ནས་མི་ཟློག་པར་མཐོང་ན། དེ་ཙམ་ནས་འཕོས་པས་ཆོག་གམ་སྙམ་ན་དེས་ཀྱང་མི་ཆོག་སྟེ། དཔེར་ན་སྔར་བཤད་པ་ལྟར་གྱི་འཆི་རྟགས་བྱུང་ནས་ལོ་བརྒྱད་ན་འཆི་བ་སོགས་ལ་འཆི་བླུ་བྱས་ཀྱང་


JLD011_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་མི་ནུས་པར་མཐོང་བ་ཙམ་ནས་འཕོ་བ་བྱས་ན། དུས་མིན་ལྷ་རྣམས་གསོད་པར་འགྱུར། །ཞེས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །འོ་ན་དེ་དག་ལ་འཕོ་བའི་དུས་ནམ་ཡིན་སྙམ་ན། གདན་བཞིའི་འགྲེལ་པ་ལས། རིམས་ལ་སོགས་པས་མ་ཕོག་པར། །ཞེས་བྱ་བ་ནི། རིམས་ལ་སོགས་པས་ཕོག་པ་ན། གོང་དུ་འཕོ་བའི་སྦྱོར་བ་མི་ནུས་པའི་ཕྱིར་དང་། འཇིག་རྟེན་པས་བརྙས་པའི་ཕྱིར་དུས་ཟད་པ་ལས། ཟླ་བ་དྲུག་གི་གོང་རོལ་ཏུ་སྟོན་ནོ། །ཞེས་འདི་ཙམ་ན་འཆིའོ་ཞེས་པའི་དུས་ཟད་པ་ལས། ཟླ་བ་དྲུག་གི་གོང་དུ་འཕོ་བར་གསུངས་ཏེ། འཆི་ལྟས་བྱུང་ནས་ལོ་གཅིག་ནས་འཆི་བ་ཡན་ཆད་ཀྱི་དབང་དུ་བྱའོ། །སྔར་བཤད་པ་ལྟར་རིམས་ལ་སོགས་པའི་ནད་ཀྱིས་མ་གདུངས་པའི་གོང་དུ་འཕོ་བ་བྱ། ཞེས་པའི་དགོངས་པ་འཕོ་བའི་རྣལ་འབྱོར་གྱི་ནུས་པ་ཐོབ་པ་རྣམས་ཀྱང་ནད་ཀྱིས་མནར་བ་ན་གོང་དུ་འཕོ་མི་ནུས་པ་དང་། འཕོ་མ་ནུས་པ་ན་འཇིག་རྟེན་པས་ཀྱང་བརྙས་ཤིང་། མི་སྙན་པ་སྒྲོག་པའི་ཕྱིར་ན་ནད་ཀྱིས་མ་ཕོག་པའི་གོང་དུ་འཕོ་བ་བྱ་ཞེས་བསྟན་པ་ལྟར་ཡིན་པས། འཆི་བའི་ནད་ཀྱིས་ཐེབས་པའི་དུས་སུ་འཕོ་བ་བྱེད་པ་ནི་རྒྱུད་རྣམས་ཀྱི་དོན་དུ་མི་སྣང་ངོ་། །འཆི་ལྟས་བྱུང་ནས་འདི་ཙམ་ན་འཆི་ཞེས་པའི་ངེས་པ་མ་ཐོབ་པ་རྣམས་ལ། འཆི་བླུ་བྱས་ཀྱང་མི་ཟློག་པའི་མཚན་མ་མཐོང་ན། ཇི་ལྟར་བརྟགས་པས་ཇི་ལྟར་འོས་པ་ཞིག་གི་མཚམས་སུ་འཕོ་བ་བྱས་ན། དུས་མ་ཡིན་པར་འཕོས་པའི་ཉེས་པ་མེད་དམ་སྙམ་སྟེ། དཔེར་ན་པཎྜི་ཏ་ག་ཡ་དྷ་རའི་རྣམ་པར་ཐར་པ་བཞིན་


JLD011_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེས་ན་མན་སྙེ་ལས། དུས་ལ་བབ་པ་ན་འཕོ་བར་གསུངས་པའི་འབྲུ་གནོན་ལ། འཆི་བའི་དུས་ལ་བབ་པ་ན། །ཞེས་བཤད་པའང་འཆི་ལྟས་བྱུང་བ་ལ་ཟློག་ཐབས་བྱས་ཀྱང་མ་ཟློག་པའི་དུས་ལ་བྱའི། །འཆི་ནད་ཀྱིས་ཐེབས་པའི་དུས་ལ་མི་བཟུང་ངོ་། །གཉིས་པ་འཕོ་བའི་ལམ་ཉིད་བཤད་པ་ལ་གཉིས། ཚིག་གི་དོན་སོ་སོར་བཤད་པ་དང་། ཉམས་སུ་བླང་བའི་རིམ་པ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། ཡེ་ཤེས་མཁའ་འགྲོ་མ་སྒོམ་པའི་གཞུང་བཤད་པ་དང་། དེའི་སྒོ་རྣམས་སུ་ས་བོན་གྱི་ཡི་གེ་བཀོད་ནས་རླུང་གཡོ་བ་མེད་པར་བྱ་བ་དང་། འཕོ་བའི་དམིགས་པ་དངོས་བསྟན་པའོ། །དང་པོ་ནི། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱིས་འཕོ་བ་བསྒྲུབ་པར་བྱ་བ་སྟེ། བྱེད་པའི་ཁྱད་པར་ལས་ཏེ་ལྷའི་རྣལ་འབྱོར་ཁྱད་པར་བས་ཇི་ལྟར་འཕོ་བའི་དེ་ཉིད་སྒྲུབ་པར་བྱེད་པ་རྡོ་རྗེ་སྙིང་པོ་ཉོན་ཅིག །སེམས་ཀྱི་དངོས་པོ་སྟེ་རང་བཞིན་གྱིས་ནི་རོ་གཅིག་པའི་མཉམ་པ་ཉིད་སྔར་རབ་བྱེད་དང་པོར་གསུངས་པའི་ཁམས་བཅོ་བརྒྱད་ཀྱི་མཚན་ཉིད་ཐམས་ཅད་ལ་སྔར་རབ་བྱེད་དང་པོར་གསུངས་པའི་སྟོང་པ་ཉིད་ཀྱི་ནི་མཚན་ཉིད་ཡང་དག་པ་དང་ལྡན་པར་གཟུགས་སོགས་ཐམས་ཅད་གཞིག་པར་ཏེ་མི་དམིགས་པར་བྱ་བ་ནི། སྔར་གྱི་སྟེ་སྔོན་དུ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་ལྔ་སྟེ། ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་ས་བོན་ཧཱུཾ་འོད་ཟེར་དམར་པོ་དང་ཧཱུཾ་ཡིག་འདི་ནི་འོད་ཟེར་ཉི་མའི་འོད་ཟེར་ལྟ་བུ་འབར་བའི་ངོ་བོ་སེམས་ཀྱིས་མཚན་པར་བྱ་བ་སྟེ་བསྒོམས་པར་བྱ་ལ། ཧཱུཾ་


JLD011_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི་འོད་ཟེར་གྱིས་ཡེ་ཤེས་མཁའ་འགྲོ་མ་མདུན་དུ་བཀུག་པར་སེམས་ཀྱིས་ནི་བསམ་ཞིང་། མཆོད་པ་དང་སྐྱབས་སུ་འགྲོ་བ་དང་སྡིག་པ་བཤགས་པ་དང་སེམས་བསྐྱེད་པ་ལ་སོགས་པ་བྱས་ནས། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡང་། ས་བོན་ཧཱུཾ་དཀར་པོའི་གཟུགས་ཀྱིས་ནི་ཡེ་ཤེས་མཁའ་འགྲོ་མའི་གཟུགས་བསྐྱེད་ནས་པདྨ་དང་ཟླ་བའི་གདན་ལ་བཞུགས་པར་ནི། ཡེ་ཤེས་མཁའ་འགྲོ་མར་བདག་ཉིད་བསམ་པར་བྱ་སྟེ། ཞལ་གསུམ་མ་དང་ཕྱག་དྲུག་ཉིད་དང་། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་དབུ་རྒྱན་གྱིས་ནི་བརྒྱན་པ་དང་། རྩ་བའི་ཞལ་བཞད་ཅིང་དཀར་བ་དང་། གཡས་ཞལ་ཁྲོས་ཤིང་ནག་པ་དང་། གཡོན་ཞལ་སྒེག་ཅིང་དམར་བ་དང་། རིན་པོ་ཆེའི་རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན་ཅིང་། ཀུནྡ་དང་ཟླ་བའི་མདོག་ལྟར་དཀར་བ། ཤིན་ཏུ་མཛེས་པའི་སྣ་ཚོགས་པའི་གོས་ཀྱིས་བརྒྱན་ཅིང་། སྐྲའི་ཞགས་པ་འཆོས་ལེགས་པ་དང་། སངས་རྒྱས་སྤྲིན་ནི་སྤྲོ་བ་རྣམས་ཀྱིས་ནམ་མཁའི་ཁམས་འགེངས་པ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་གནས་པ་བསམ་མོ། །ཕྱག་གཡས་ཀྱི་དང་པོར་མདའ་ནི་དགོད་པར་བྱ་ལ། དེ་བཞིན་དུ། གཉིས་པར་ལྕགས་ཀྱུ་ཉིད་དང་། གསུམ་པར་རྡོ་རྗེ་འཕྱར་བའོ། །གཡོན་གྱི་དང་པོར་སྙིང་གར་སྡིགས་མཛུབ། ཞགས་པ་དང་བཅས་པ་ཉིད་དང་། གཉིས་པར་དཔག་བསམ་གྱི་ཤིང་གི་ལྷུག་མ་དང་། གསུམ་པར་གཞུ་ཡི་གོ་ཆས་ཁྱབ་ཅེས་པ་ལ། འགྲེལ་པར་སྟེང་དུ་གོ་གོན་པའི་གཞུ་བསྣམས་པ་ཞེས་འབྱུང་བ་


JLD011_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ནི། གདན་བཞི་ལས། སྟེང་དུ་གཞུ་ནི་འགེངས་པ་སྟེ་ཞེས་འབྱུང་བ་ལྟར་བྱ་སྟེ་གཡས་པའི་ཕྱག་ཚན་རྣམས་ནི་ཡས་རིམ་དང་། གཡོན་པའི་ཕྱག་མཚན་རྣམས་ནི་མས་རིམ་ནས་འགོད་པའོ། །འོད་ཟེར་གྱི་འཕྲེང་བ་དུ་མ་ཅན་དབུགས་ཀྱི་རླུང་ནི་ཕྱིར་གཡོ་བ་མེད་པར་བསྒོམ་པར་བྱའོ། །གཉིས་པ་ནི། དབུགས་མི་གཡོ་བ་ཉིད་ཇི་ལྟར་བྱ་ཞེ་ན། ཧཱུཾ་སུཾ་ཡུཾ། ཀྵུཾ་སྨྲྻུཾ་ཧྨྲྻུཾ་ཡྨྲྻུཾ་ཀྨྲྻུཾ་ཞེས་པའི་ས་བོན་བརྒྱད་ནི་བརྩོན་པ་དང་ལྡན་པ་ཡིས་ཡི་གེའི་གཟུགས་ཀྱི་རྣམ་པར་དགོད་པའི་སྒོ་ནས་མིག་ལ་སོགས་པའི་སྒོར་དགོད་པར་བྱའོ། །དེ་ལའང་གོ་ཆའི་དོན་དུ་ཕྲག་པ་གཉིས་ལ་ཧྨྲཾཡུ་དང་སྙིང་གར་ཡྨྲཾཡུ་དགོད་ལ། ལྷག་མ་དྲུག་སྒོ་དགུར་དགོད་དོ། །ལྕེའི་རྩ་བར་སུཾ་དང་མགྲིན་པའི་བུ་གར་སྨྲྻུཾ་སྟེ་གཉིས་ནི་ཁའི་སྒོ་གཅིག་ཏུ་བགྲང་བ་ལ་གཉིས་དགོད་པའོ། །འོ་ན་སྒོ་ལྷག་མ་བརྒྱད་ཡོད་པ་ལ་ཡི་གེ་ཚན་པ་བཞིར་བྱེད་པ་ཇི་ལྟར་ཡིན་ཞེ་ན། ཧཱུཾ་ལ་གསུམ་ཡོད་ཀྱང་ཀྵཱུཾ་གི་འོག་གི་ཧཱུཾ་མི་བརྩི་བས་ཧཱུཾ་གཉིས་དང་། ཡུཾ་ལ་གཉིས་དང་། ཀྵྨྲྻུཾ་ལ་གསུམ་དུ་བྱེད་པས་སྐྱོན་མེད་དོ། །འདིར་སྨིན་མཚམས་ཀྱི་ཧཱུཾ་གི་ནང་དུ་ཧཾ་བཀོད་པ་མ་བགྲངས་འདུག་གོ །ས་བོན་དེ་རྣམས་ཀྱང་ཨཱ་ལི་ཀཱ་ལི་རབ་ཏུ་སྦྱར་བ་ལས། ཇི་ལྟར་རིགས་པར་བཏུས་པ་ཅན་ཏེ་མན་སྙེ་ལས་ས་བོན་ལྡན་ཞེས་པའི་དོན་དུ་བཤད་དོ། །གལ་ཏེ་ཡང་ཡི་གེ་རྣམས་སྔར་ཁ་དོག་སྣ་ཚོགས་པར་བརྗོད་མོད་ཀྱང་། །འདིར་ས་བོན་ཐམས་ཅད་ཁ་དོག་དཀར་པོ། ཟླ་བའི་འོད་ཟེར་ལྡན་པ་སྟེ་འོད་ཟེར་དཀར་པོ་ཅན་རྣམས་སོ། །འདིར་མན་སྙེ་ལས། འོད་ཟེར་འཐུག་པོ་རྣམས་ཀྱིས་བར་མཚམས་མེད་པར་


JLD011_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་ནང་དུ་མགོ་བོ་བསྟན་པ་རྣམས་བསམ་མོ། །ཞེས་གསུངས་པས། ཡི་གེ་རྣམས་མགོ་བོ་ནང་དུ་བསྟན་པ་ལ། འོད་ཟེར་འཐུག་པོ་རྣམས་ཀྱིས་སྒོ་སོ་སོའི་བུག་གུ་བར་མཚམས་མེད་པར་བཀག་པར་སྒོམ་དགོས་ཏེ། ཕྲག་པ་དང་སྙིང་གའི་གོ་ཆའི་ཡི་གེ་ལ་དེ་ལྟར་མི་དགོས་སོ། །དེ་ལྟར་སྒོ་རེ་རེ་ལ་དམིགས་པ་གཏད་དེ་བསྒོམས་ན་དམིགས་པ་གསལ་བ་དང་། དེ་ལ་སེམས་ཟིན་པ་རྣམས་ཀྱིས་ཡུན་མི་རིང་བར་སྣ་སྒོའི་རླུང་ཕྱིར་འགྲོ་བ་ནང་དུ་ཟློག་པ་འོང་བར་སྣང་ལ། དེ་ནི་སྒོ་གཞན་ལའང་མཚུངས་ཏེ་སྲོག་དྷཱུ་ཏཱིར་འཛུད་པའི་ཐབས་ཀྱི་དམིགས་པ་ཤིན་ཏུ་ཟབ་པ་ཡིན་པར་སྣང་བས། འཕོ་བ་མིན་པའི་སྲོག་དབུ་མར་འཛུད་པའི་ཐབས་ལ་ཡང་འདི་རྣམས་བསྒོམས་ན་ཤིན་ཏུ་ལེགས་པར་གོའོ། །གསུམ་པ་ནི། པདྨ་སྙིང་གར་གནས་པའི་རྩ་འཁོར་ལ་བྱ་སྟེ། མན་སྙེ་འགྱུར་གསར་ལས། སྙིང་གར་པདྨ་ཆུ་ཤིང་གི །ཞེས་འབྱུང་བ་ལྟར་རོ། །ཆུ་ཤིང་མེ་ཏོག་གི། ཞེས་པ་ནི་རྒྱུད་འདིའི་རབ་བྱེད་ཉེར་གསུམ་པར། རྩ་དབུ་མ་འཆད་པའི་སྐབས་སུ། ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱང་ཞིང་ཁ་ནི་འོག་ཏུའོ། །ཞེས་ཆུ་ཤིང་གི་མེ་ཏོག་ཁ་ཅུང་ཟད་ཕྱེ་བ་དང་། ཁ་ཐུར་དུ་བསྟན་པ་བཞིན་དུ་སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་དབུ་མ་ཡང་ཁ་ཐུར་དུ་བསྟན་པ་དང་ཁ་ཅུང་ཟད་དབྱེ་བར་བཤད་ལ། སྙིང་གའི་རྩ་འཁོར་ཡང་ཁ་ཐུར་བསྟན་ཏོ། །སྙིང་གའི་དབུ་མའི་དབུས་སུ་སྒོང་སྐྱེས་ཏེ་ཧཱུཾ་ཡིག་གཞག་པར་བྱའོ། །དེ་ཡི་དབུས་སུ་སྟེ་སྙིང་གའི་པདྨའི་དབུས་སུ་རྣམ་ཤེས་ཀྱི་བཞོན་པར་གྱུར་པའི་


JLD011_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་འཛིན་གྱི་རླུང་མཚོན་པའི་རླུང་གི་དཀྱིལ་འཁོར་འགོད། དེའི་སྟེང་དུ་ཡེ་ཤེས་ཏེ་རླུང་གི་བཞོན་པ་ཅན་གྱི་རྣམ་ཤེས་མཚོན་བྱེད་ཧཱུཾ་ཡིག་དགོད། རྣམ་པར་ཤེས་པ་ལྷན་ཅིག་པས་ཞེས་པའི་དོན་ནི། ཧཱུཾ་གི་སྟེང་དུ་ཡུཾ་དང་། ཧཱུཾ་གི་འོག་ཏུ་ཡུཾ་དང་། །ཡུཾ་སྔ་མའི་དབུས་སུ་ཧི་དང་། གཉིས་པའི་སྟེང་དུ་ཀ་དགོད་པ་ཡིན་ནོ། །སྡོམ་འབྱུང་ལས། སྙིང་གར་ཡི་གེ་ཧཱུཾ་སྦྱར་ཏེ། །ཡི་གེ་ཕྱེད་དང་གཉིས་པོ་ནི། །འོག་དང་སྟེང་དུ་གཞག་པར་བྱ། །དེའི་འོག་གི་ཆར་རླུང་གི །ས་བོན་འོག་ཏུ་བལྟས་པའོ། །རླུང་གི་ས་བོན་གཉིས་བྱ་སྟེ། །རྣལ་འབྱོར་ལྡན་པས་ཁ་སྦྱོར་བྱ། །ཞེས་གསུངས་སོ། །ཡུཾ་ཧིཀ་ལ་སོགས་པ་རྣམས་སྔོན་པོ་དང་ཧཱུཾ་ཡིག་ལ་སོགས་པ་རྣམས་འོག་ཏུ་མགོ་བསྟན་པར་སྒོམ་མོ། །འབྱུང་བས་ན་དངོས་པོ་སྟེ་ཁམས་བཅོ་བརྒྱད་ཀྱི་ངོ་བོ་རང་བཞིན་མེད་པའི་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་བ་འདི་ཐམས་ཅད་བསྒོམ་པར་བྱ་ཞེས་པའི་དོན་ནོ། །གཡོ་བ་མེད་ཅིང་འཚེ་བ་མེད། །ཅེས་པ་ལ། གདན་བཞིར། འཇིགས་པ་མེད་ཅིང་འཚེ་མེད་པར། །ཞེས་འབྱུང་སྟེ་སྒོམ་པའི་གནས་བསྟན་ཏོ། །དེ་ནས་ཕྱི་རོལ་ཏེ་རང་ལས་གཞན་པའི་རྣམ་ཤེས་འཕྲོག་པའི་རྣལ་འབྱོར་རྣམས་ལ་རྣམ་པར་མཁས་པས་གཟུང་བར་བྱ་བ་སྟེ་བསམ་པར་བྱའོ། །འདི་འོག་གི་ཚར་བཅད་དང་རྗེས་འཛིན་གྱི་སྐབས་དང་འབྲེལ་བ་ཡིན་ནོ། །ལུས་ཀྱི་སྟེང་དང་འོག་གི་གནས་གཉིས་ཀྱི་སྟེང་གཉིས་སུ་སེམས་པར་བྱེད་པས་ན་སེམས་ཏེ། སྟེང་འོག་གི་སྒོ་ནས་རྒྱུ་བའི་རླུང་རྣམས་སོ། །རླུང་དེ་རྣམས་ཀྱིས་དགང་བ་དང་བུམ་པ་ཅན་དང་ཞི་བྱེད་རྣམས་ཀྱིས་སྡུད་པས། ལྟེ་བའི་འོག་ཏུ་སོར་བཞི་དོར་


JLD011_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རླུང་གི་དཀྱིལ་འཁོར་བསྒོམ་པའི་སེམས་ཀྱིས་བཟླས་པ་བྱ་ཞེས་འོག་ཏུ་འབྲེལ་ལོ། །གསང་གནས་ཀྱི་རླུང་དེའི་སྟེང་དུ་དབུས་སུ་མེ་ཉིད་དེ་མེའི་དཀྱིལ་འཁོར་རོ། །གསང་གནས་དེའི་སྟེང་དུ་ལྟེ་བ་ལ་ཉི་མ་སྟེ་རྡུལ་ལོ། །དེར་ཨཱ་ལིའི་གཙོ་བོ་ས་བོན་ཨཾ་སྟེ་ནཱ་དའི་ངོ་བོའོ། །ཀཱ་ལིར་ལྡན་པའི་ས་བོན་ཧཱུཾ་སྟེ་སྔར་སྙིང་གར་བཀོད་པའོ། །དེ་ཉིད་དེ་དེ་ཁོ་ནར་ནི་ཨཾ་གི་ས་བོན་དེ་ཁ་དོག་དམར་པོར་བྱའོ། །དེ་ཁོ་ན་དམར་པོ་ཞེས་པའི་ཁོ་ནས་གང་ལས་ཁྱད་པར་བྱེད་ཅེ་ན། ཧཱུཾ་ཡིག་ལས་ཁྱད་པར་དུ་བྱེད་པས་ཨཾ་ཡིག་ཁོ་ན་དམར་པོར་བྱ་ཞེས་པའོ། །ཁ་ཅིག་རྒྱུད་ནས་དེ་ལྟར་གསུངས་པ་ལས་ཟློག་ནས་ཧཱུཾ་དམར་མོ་ཞེས་པའི་འཕོ་བ་བྱེད་པར་སྣང་ངོ་། །འདིར་རྣལ་འབྱོར་པས་ཁྱད་པར་དུ་བྱ་བ་ནི། འབྱུང་དང་རྔུབ་པ་ཞེས་པ་ཐམས་ཅད་མན་ངག་སྙེ་མར། ཁྱོགས་དང་འཁྱེར་བྱེད་ཅེས་པའི་དོན་དུ་བཤད་དོ། །དེ་ལ་སེམས་ཀྱི་རྒྱལ་པོ་ཞོན་པའི་ཕྱིར་ཁྱོགས་དང་འདྲ་བས་ཁྱོགས་ཏེ། སྟེང་དུ་རྗེས་སུ་འགྲོ་བའི་རླུང་ངོ་། །འཁྱེར་བར་བྱེད་དོ་ཞེས་པས་ཁྱེར་བ་ཁོ་ན་འཁྱེར་བྱེད་དེ་རླུང་ནང་དུ་འཇུག་པའི་ཚེ་འོག་ཏུ་འཇུག་པའོ། །དེ་དག་གིས་བཟླས་པ་བྱ་བ་སྟེ་གོམས་པར་བྱ་བའོ། །སྙིང་གའི་དབུས་སུ་གནས་པའི་ཡེ་ཤེས་ཏེ། སེམས་མཚོན་བྱེད་ཀྱི་ས་བོན་ནི་ཧཱུཾ་དང་དེ་གང་གི་དབུས་སུ་བཞག་པ་སྔར་བཤད་པའི་རླུང་དཀྱིལ་ཡུཾ་ལ་སོགས་པའི་ཡི་གེ་དང་བཅས་པ་འབྱུང་བ་ཡིས་ནི་སྟེ་རླུང་ཕྱིར་འབྱུང་བའི་ཚེ་བསྣུན་བྱ་ཞིང་སྟེ་སྤྱི་བོ་ཇི་སྲིད་པར་ལུས་ཀྱི་སྟོད་དུ་འདྲེན་ནོ། །དེའི་རྗེས་སུ་རླུང་ནང་དུ་རྔུབ་པས་སམ། ཁྱེར་བྱེད་ཀྱིས་སྙིང་གའི་ཡེ་ཤེས་ཏེ་ཧཱུཾ་ཡིག་འཁོར་དང་བཅས་པ་ནི་བསྣུན་པར་བྱ་བ་སྟེ་སྙིང་ག་སྲིད་པར་ཚུར་འདྲེན་ནོ། །


JLD011_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཀ་ཤིའི་མེ་ཏོག་བཞིན་འདྲེན་པ་དང་། ཚུར་འདྲེན་པ་ནི་རྣམ་པར་ཤེས་པ་ཁྱེར་བར་བྱེད་དོ། །སྙིང་གའི་འཁོར་ལོ་ཁ་ཐུར་བལྟ་ཡིན་ཞིང་། སྟེང་དུ་བསྣུན་པའི་ཚེ་རྩ་འཁོར་ཕྱི་ནང་ལོག་ནས་སྟེང་དུ་ཕྱོགས་པ་དང་། སྙིང་གར་འཁྱེར་བྱེད་ཀྱིས་ཁྱེར་བའི་ཚེ་འཁོར་ལོ་དང་རྩ་འཁོར་ལ་སོགས་པ་ཐམས་ཅད་ཁ་འོག་ཏུ་ཕྱོགས་ཏེ་དང་པོར་གནས་པ་བཞིན་གནས་པར་བསམ་མོ། །རྣམ་ཤེས་ལུས་ལས་འདོན་པའི་དམིགས་པའི་བྱེད་ཚུལ་འདིར་བཤད་པ་ལྟར་ན་འཆི་བའི་ཚེ། སྙིང་གའི་རྩ་འཁོར་ཁ་གྱེན་དུ་ལྡོག་པ་འདྲའོ། །འབྱུང་དང་འབྱུང་མིན་ནས་རྔུབ་པའི་ཞེས་པའི་བར་གྱི་དོན། ཁྱོགས་ཀྱི་སྟེ་སྟེང་དུ་འགྲོ་བའི་རླུང་གིས་ཁྱོགས་ཞེས་པ། སྙིང་གའི་ཧཱུཾ་ཡིག་འཁོར་བཅས་གྱེན་དུ་སྐྱོད་པར་བྱེད་པའོ། །ཁྱོགས་ཀྱི་རྗེས་ཐོགས་སུ་འཁྱེར་བྱེད་ཀྱང་། བཟླས་པས་སྲོག་རླུང་དབང་དུ་བྱས་ནས། རྣལ་འབྱོར་པས་བདག་ཉིད་ཀྱི་ལུས་ལས་ཕྱི་རོལ་ཏུ་ཡང་གོམས་པར་བྱའོ། །ཕྱི་རོལ་ཏུ་གོམས་པར་བྱེད་ཚུལ་ཇི་ལྟ་བུ་ཞེ་ན། འདེགས་པ་ནི་ཁྱོགས་ཏེ་སྙིང་ནས་ཕྱི་རོལ་ཏུ་འདྲེན་པའོ། །དེས་རླུང་ལ་སོགས་པ་མཚོན་པར་བྱ་བས་ན་མཚན་ཉིད་དེ་ཁྱེར་བ་ནི་འཁྱེར་བྱེད་དེ་སྙིང་ག་ཇི་སྲིད་པར་འཇུག་པའོ། །དེ་ཉིད་མཚན་ཉིད་དེ་བློས་མཚོན་པར་བསམ་པར་བྱའོ། །དེ་ལྟར་མཉམ་པར་བཞག་པ་སྟེ་རྣམ་གཡེང་མེད་པར་ཇི་ལྟར་འགྱུར་བ་དེ་ལྟར་ཡང་དང་ཡང་དུ་གོམས་པས། འབྱུང་བ་སྟེ་ཁྱོགས་དང་རྔུབ་པ་སྟེ་འཁྱེར་བྱེད་ཀྱི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལས་མཉམ་པ་ཉིད་དེ་རོ་གཅིག་པ་ཉིད་རང་གི་ངང་གིས་འབྱུང་བ་ཉིད་དེ་འགྲུབ་པར་འགྱུར་རོ། །རླུང་དང་རྣམ་ཤེས་ཀྱི་དེ་ཁོ་ན་ཉིད་


JLD011_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མཉམ་ཉིད་དང་དེ་ལྟར་བསྒོམས་པ་དེ་རང་གི་ངང་གིས་འབྱུང་བ་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། མདོར་ན་སྟེང་དུ་འགྲོ་བའི་རླུང་གིས་རབ་ཏུ་སྦར་བའི་ལྟེ་བའི་ཨི་ཡིག་གི་མེ་གྱེན་དུ་སོང་བས་བསྣུན་པའི་མཐུས། རླུང་ཕྱིར་འབྱུང་བའི་ཚེ་སྙིང་གའི་རྩ་འཁོར་ཕྱི་ནང་ལོག་ནས་ཧཱུཾ་ཡིག་འཁོར་བཅས་སྤྱི་བོ་རུ་ཡར་ལ་འདྲེན་པ་དང་། རླུང་ནང་དུ་འཇུག་པའི་ཚེ་ཧཱུཾ་ཡིག་འཁོར་བཅས་སྙིང་གར་ཕབ་ནས་མགོ་ཐུར་དུ་བལྟ་བ། རླུང་འབྱུང་འཇུག་གཉིས་ལ་ཡང་དང་ཡང་དུ་གོམས་པར་བྱས་པས། རང་གི་ངང་གིས་འཇུག་པར་འགྱུར་བ་འགྲུབ་འགྲུབ་ཀྱི་བར་དུ་བྱེད་པའོ། །གཉིས་པ་ནི། སྔར་བཤད་པ་དེ་དག་གི་དོན་ཉམས་སུ་ལེན་པའི་རིམ་པར་བསྡུས་ཏེ་བསྟན་ན། ཡེ་ཤེས་མཁའ་འགྲོ་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རམ། བདེ་དགྱེས་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་བའི་གང་ཟག་གིས། སྔར་བཤད་པ་བཞིན་དུ་སྟོང་པ་ཉིད་སྒོམ་པ་དང་། སྦྱོར་བ་ཚོགས་བསགས་ནས་བརྩམས་ཏེ། ཡེ་ཤེས་མཁའ་འགྲོ་མར་བསྐྱེད་པ་རྫོགས་ཀྱི་བར་དུ་བྱས་ལ། ཡེ་ཤེས་མཁའ་འགྲོ་མའི་སྐུ་ལ་དམིགས་པ་གསལ་བ་དང་། སེམས་གནས་པ་བྱུང་བྱུང་གི་བར་དུ་བསླབ་བོ། །དེ་ནས་སྤྱི་གཙུག་གི་སྒོར་ཀྵུཾ་དགོད་ལ་དེའི་འོད་ཟེར་གྱིས། སྤྱི་གཙུག་གི་སྒོ་བར་མཚམས་མེད་པར་དགག །ཀྵུཾ་གི་འོག་ཏུ་ཧཱུཾ་ཡིག་དགོད། སྨིན་མཚམས་ཀྱི་བུ་གར་ཧཱུཾ་ཡིག་བཀོད་ནས་སྒོ་འགོག་པ་སྔར་བཞིན་བྱ། ཧཱུཾ་བཀོད་པ་དེའི་ནང་དུ་ཧཾ་


JLD011_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དགོད། ལྕེའི་རྩ་བར་སུཾ་དང་དེའི་ཐད་ཀའི་མགྲིན་པའི་བུག་པར་མིག་གཉིས་ལ་ཧཱུཾ་དང་། རྣ་བའི་བུག་པ་གཉིས་དང་།སྣ་བུག་གཉིས་ལ་ཡུཾ་དང་། ལྟེ་བའི་སྒོ་དང་དྲི་ཆུའི་སྒོ་དང་དྲི་ཆེན་གྱི་སྒོ་གསུམ་གར་ཀྵྨྲྱུཾ་རེ་དགོད། ཡི་གེ་རྣམས་ཉལ་སྟབས་སུ་གནས་ཤིང་མགོ་ནང་དུ་བསྟན་པ། ཁ་དོག་དཀར་པོ། དེ་དག་གི་འོད་ཟེར་དཀར་པོ་འཐུག་པོ་རྣམས་ཀྱིས་སྒོ་སོ་སོ་རྣམས་བར་མཚམས་མེད་པར་བཀག་པར་བསྒོམས་ཏེ། དེ་ཡང་སྒོ་སོ་སོའི་སྒོ་རེ་རེའི་ཡི་གེ་འོད་ཟེར་དང་བཅས་པ་ལ་རིམ་པ་བཞིན་དུ་གསལ་སྣང་དང་དེ་ལ་སེམས་གནས་པ་གཉིས་བསྒྲུབས་ལ་རླུང་ནང་དུ་ལྡོག་པའི་རྟགས་བྱུང་བྱུང་གི་བར་དུ་བསྒོམ་མོ། །ཕྲག་པ་གཉིས་ལ། ཧྨྲཾཡུ་ རེ་དང་སྙིང་གར་ཡྨྲཾཡུ་གི་གོ་ཆ་དགོད་དོ། །དེའི་རྗེས་སུ་སྙིང་གར་ཁ་ཐུར་དུ་བལྟས་པའི་རྩ་འཁོར་གྱི་དབུས་སུ། ཐུར་དུ་ཕྱོགས་པའི་སྲོག་གི་རླུང་གི་དཀྱིལ་འཁོར་དང་དེའི་དབུས་སུ་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་དེའི་སྟེང་གི་མཐར་ཡུཾ་ཡུཾ་གྱི་དབུས་སུ་ཧི། ཧཱུཾ་ཡིག་གི་འོག་གི་མཐར་ཡུཾ་ཡུཾ་གྱི་སྟེང་དུ་ཀ་ཡིག་སྟེ། ཡི་གེ་ལྔ་པོ་ཐམས་ཅད་ཁ་དོག་སྔོན་པོ་མགོ་བོ་ཐུར་དུ་བསྟན་པའོ། །དེ་རྣམས་ཀྱི་གོམས་པ་སྔོན་དུ་བཏང་ནས་ཁྱད་པར་དུ་བུམ་པ་ཅན་བསྒོམ་པ་ནི། སྐྱིལ་ཀྲུང་བཅས་ནས་ལུས་དྲང་བོར་བྱས་ཤིང་མིག་སྣ་རྩེར་གཏད་ལ། སྔར་བཤད་པའི་ལྟེ་བར་བཀོད་པའི་ཨི་ཡིག་དམར་པོའི་འོད་ཟེར་གྱི་ལྕགས་ཀྱུས་ལུས་ཐམས་ཅད་ལ་སོང་བའི་ཁྱབ་བྱེད་ཀྱི་རླུང་བཀུག་སྟེ། ལྟེ་བའི་ནང་དགང་བར་བྱའོ། །དགང་བའི་རླུང་སྦྱོར་གྱིས་དུག་དང་གདུང་བ་དང་རིམས་ལ་སོགས་པ་ཞི་བར་བྱེད་པའི་འབྲས་བུ་མཐོང་བས་ནི། ལྟེ་བ་ཁོ་ནར་


JLD011_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དང་སེམས་རབ་ཏུ་ཞུགས་པ་བུམ་པར་ཆུ་མི་འབོ་བར་གནས་པ་ལྟ་བུའི་བུམ་པ་ཅན་བྱའོ། །དེས་ནི་སྒོ་དགུ་པོ་རྣམས་ཀྱི་རླུང་རེངས་པར་འགྱུར་རོ། །དེ་ཡང་ཐོག་མར་ཟུག་མི་བསྐྱེད་ཙམ་གྱི་བར་དུ་རླུང་བཀག་སྟེ་བསྒོམས་ལ། རྩོལ་བས་རླུང་བཀག་པ་རྐྱང་བ་མིན་པར་རླུང་རང་ཤུགས་ཀྱིས་གནས་པའི་འགོ་རྩོམ་པ་ནས་རླུང་ནང་དུ་འཛིན་པ་ཡུན་རིང་དུ་བྱ། གཏོང་བའི་ཚེ་ཁ་ནས་མི་གཏོང་བར། སྣ་བུག་ནས་དལ་བུས་གཏོང་། དེའི་རྗེས་སུ་དལ་བུས་ལུས་ཐམས་ཅད་ལ་སོང་བའི་རླུང་གསང་གནས་ཀྱི་འཁོར་ལོའི་ལྟེ་བ་ཁོ་ནར་རིལ་བོ་གཅིག་ཏུ་བྱས་པ་འབྱུང་བ་དང་འཇུག་པ་དང་བྲལ་བའི་བུམ་པ་ཅན་བསྒོམ་པར་བྱའོ། །ཞེས་པ་རབ་ཏུ་ཞི་བའི་མཐར་ཐུག་པས་རླུང་དབང་དུ་བྱའོ། །དེ་ལྟར་བྱས་པས་སྟེང་དུ་འགྲོ་བའི་རླུང་གིས་རབ་ཏུ་སྦར་བའི་ལྟེ་བའི་ཨཾ་ཡིག་གི་མེ་གྱེན་དུ་སོང་བས་བསྣུན་པའི་མཐུས། སྙིང་གའི་པདྨ་ཁ་གྱེན་དུ་ཕྱོགས་པར་བྱས་ནས། དེར་སོན་པའི་རླུང་གི་དཀྱིལ་འཁོར་ཡི་གེ་དང་བཅས་པ་སྟེང་དུ་ཕྱོགས་ཏེ། ཧི་དང་ཀ་ཧཱུཾ་ཡིག་གི་སྟེང་དང་འོག་ཏུ་གནས་པའི་ཧི་འོག་དང་། ཀ་སྟེང་དུ་གནས་པར་གྱུར་པ་དག་མན་ངག་ཇི་ལྟ་བར་ནང་གི་བཟླས་པ་བྱེད་ཅིང་། བདེ་བ་ཆེན་པོའི་འཁོར་ལོ་ཇི་སྲིད་པར་དྲང་བར་བྱའོ། །དེའི་རྗེས་སུ་རླུང་འོག་ཏུ་འཇུག་པའི་འཁྱེར་བྱེད་ཀྱིས་སྔར་བཞིན་དུ་ཐམས་ཅད་འོག་ཏུ་ཕྱོགས་ཤིང་ཀ་དང་ཧི་དག་ཀྱང་། རང་གི་གནས་སུ་སླར་དྲང་བར་བྱའོ། །དེ་ལྟར་ཡུད་ཙམ་སོ་སོ་ལ་དེ་ལྟ་ཁོ་ནར་འདྲེན་པ་དང་སླར་འདྲེན་པ་དག་གིས་རྣམ་ཤེས་ཀྱི་བཞོན་པ་སྲོག་རླུང་དབང་དུ་བྱས་ཏེ། སྟེང་དུ་དབྱུང་བ་དེ་ཁོ་ནས་སྟེང་གི་སྒོ་ཕྱེ་ནས་འཕོ་


JLD011_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བར་རུང་བ་ཉིད་ཀྱི་ཆེད་དུ་ཕྱི་རོལ་ཏུ་ཡང་དེ་ལྟ་ཁོ་ནར་དེ་དག་གི་དབང་དུ་བྱའོ། །ཞེས་དང་། འཆི་བ་ནི་ཇི་ལྟར་བཤད་པའི་གཏུམ་མོའི་རྣལ་འབྱོར་གོམས་པ་རབ་ཏུ་གྱུར་པ་ཁོ་ན་ལས་ངེས་པར་བླུ་བར་བྱེད་ཅིང་། གཉེར་མ་ལ་སོགས་པ་སྤངས་ཏེ། དེ་ཁོ་ན་ལས་རླུང་དབང་དུ་གྱུར་པ་ལ་སོགས་པ། ཡོན་ཏན་རིན་པོ་ཆེའི་ཕུང་པོ་བསྐྱེད་པའི་ཕྱིར་ཞེས་མན་སྙེ་ལས་བཤད་དོ། །དེ་ལྟར་དབུགས་འབྱུང་རྔུབ་གཉིས་དང་མཉམ་པོར་སྲོག་གི་རླུང་ཡི་གེ་དང་བཅས་པ་སྤྱི་བོའི་བར་དུ་འདྲེན་པ་དང་། སླར་ཡང་སྙིང་གར་འབེབས་པ་ལ་རང་གི་ངང་གིས་འཇུག་ཐུབ་ཐུབ་ཀྱི་བར་དུ་གོམས་པར་བྱེད་པ་ནི། རྣམ་ཤེས་ཀྱི་བཞོན་པའི་སྲོག་རླུང་ལ་དབང་བྱེད་པའི་ཆེད་དུ་སྣང་ལ། མཚམས་དེ་ནས་སྤྱི་གཙུག་གི་ཕྱི་རོལ་ཏུའང་འབྱུང་འཇུག་གི་དམིགས་པ་སྔར་བཞིན་བྱ་སྟེ། སྲོག་གི་རླུང་དབང་དུ་བྱེད་པར་སྣང་སྟེ། དེ་ཉིད་ནི་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་གཙོ་བོ་ཡིན་པའི་ཕྱིར། སྡོམ་འབྱུང་ལས། རྣམ་ཤེས་བཞོན་པ་རླུང་ཡིན་ཏེ། །གང་དང་གང་དུ་བགྲོད་པ་ཡི། །རླུང་གི་སྒོར་ནི་བསམ་བྱས་ན། །གྲོལ་བའི་དངོས་གྲུབ་སྟེར་བྱེད་པའི། །ཞེས་སྲོག་གི་རླུང་གི་དབང་དུ་བྱས་ནས་གསུངས་སོ། །ལུགས་འདི་ལ་སྦྱོང་བའི་དུས་སུ་དང་པོར་སྤྱི་གཙུག་ཏུ་འཕུལ་བ་ཁོ་ན་བྱས་པའི་མཐར། ལུས་ཀྱི་ནང་དུ་འབེབས་པ་མ་ཡིན་གྱི་དང་པོ་ནས་ཡང་འཕུལ་དང་མར་འབེབས་གཉིས་རེ་མོས་སུ་བྱེད་པས། སྔར་བཤད་པ་ལྟར་བཟླས་པ་གཉིས་ཀྱི་དམིགས་པ་རང་གི་ངང་གིས་འཇུག་ཐུབ་ཀྱི་བར་ལ་མཚམས་བྱས་པར་སྣང་གི །སྤྱི་གཙུག་ན་བ་ལ་སོགས་པའི་བར་ལ་བཟུང་བར་མི་སྣང་ངོ་། །སྔར་


JLD011_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ཕྱེད་དང་གཉིས་སྐད་གསང་མཐོན་པོས་བརྗོད་ནས་གྱེན་དུ་སྐྱོད་པར་བྱེད་པ་སྐབས་འདིར་མན་སྙེ་ལས་མ་གསུངས་པ་ནི། སྦྱོང་བའི་དུས་སུ་དེ་མི་དགོས་པས། ལས་སྦྱོར་གྱི་དུས་སུ་བྱེད་པར་གསལ་ལ། ཧི་ཀའི་གྲངས་ཀྱང་སྡོམ་འབྱུང་ལས། ཉི་ཤུ་རྩ་གཅིག་རིམ་པ་ཡིས། །ཡི་གེ་ཕྱེད་དང་གཉིས་སྔར་བརྗོད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ཞར་ལ་གྲོང་འཇུག་དང་ཚར་བཅད་རྗེས་འཛིན་བསྟན་པ་ནི། སྔར་བཤད་པ་ལྟར་ཡེ་ཤེས་མཁའ་འགྲོ་མ་བསྒོམ་པ་དང་། ཡི་གེ་བཀོད་ནས་དབང་པོའི་སྒོ་རེངས་པར་བྱེད་པ་དང་། བུམ་པ་ཅན་སྒོམ་པ་སྔོན་དུ་བཏང་སྟེ་ཁྱོགས་དང་འཁྱེར་བྱེད་ཀྱི་བཟླས་པ་རང་གི་ངང་གིས་འཇུག་ཐུབ་པ་དེ་ནས། སྒྲུབ་པ་པོ་རང་གི་ལུས་ལས་རྣམ་པར་ཤེས་པ་བཏོན་ནས། ཕྱི་རོལ་ཏུ་རྣམ་པར་ཤེས་པ་སྲིད་པ་བར་དོ་ལ་སོགས་པར་སྤྲུལ་པ་དང་། ཕ་རོལ་གྱི་ལུས་ཀྱི་གྲོང་དུ་སྤྲུལ་པ་སྟེ། འཇུག་པར་འགྱུར་བ་དང་། གཞན་གྱི་སེམས་ལུས་ལས་ཕྲལ་ནས། རང་གི་ལུས་ལ་བཅུག་སྟེ་གསང་གནས་ཀྱི་མེ་ལ་བཟུང་བའི་རྗེས་སུ། གཞན་གྱི་སེམས་གཞན་གྱི་སྙིང་གར་བཅུག་ནས་རྗེས་སུ་སེམས་པ་ལ་རྣམ་པར་མཁས་པར་ཤེས་པར་བྱའོ། །དེ་ལྟར་ཚར་བཅད་དང་རྗེས་བཟུང་ནུས་པ་འདི་ནི། བདག་ཉིད་ཆེན་པོ་ཞེས་གཞན་ལ་རྟོགས་སུ་གཞུག་པར་བྱའོ། །རྟོགས་ན་ཕ་རོལ་བསྟན་པ་ལ་སོགས་པ་ལ་གནོད་པ་བྱེད་པ་སྤངས་ནས་ཕན་པ་བྱེད་པ་ལྟ་བུར་བྱེད་པར་འགྱུར་རོ། །ཚར་བཅད་དང་རྗེས་འཛིན་བྱེད་པའི་ཚུལ་ནི། གཏུམ་མོའི་ས་བོན་གྱི་ཐིག་ལེ་ལས་བྱུང་བའི་འོད་ཟེར་དང་བཅས་པ་འབར་བས། རང་གི་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་


JLD011_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལི་ཀཱ་ལིའི་ཕྲེང་བ་དང་ལྷན་ཅིག །སྣ་གཡས་ནས་བྱུང་སྟེ་བསྒྲུབ་བྱའི་སྣ་བུག་གཡོན་ནས་ཞུགས་ནས། སྙིང་གའི་ཆུ་སྐྱེས་སུ་སོང་བའི་འབར་བའི་རིན་པོ་ཆེའི་རྣམ་པ་ཅན་གྱི་རྣམ་ཤེས་ལ་ཁྱབ་པར་བྱས་ཏེ། རྣམ་ཤེས་དེ་དྲངས་ནས་བསྒྲུབ་བྱའི་སྣ་གཡས་པ་ནས་བྱུང་ཞིང་། རང་གི་སྣ་བུག་གཡོན་པ་ནས་ཞུགས་གསང་གནས་ཀྱི་མེར་བཅུག་ལ་བསྲེག་ཅིང་ཚར་བཅད་དོ། །དེའི་རྗེས་སུ་བསྒྲུབ་བྱ་གནོད་པ་བྱེད་པ་ལ་སོགས་པའི་བསམ་པ་ལོག་པ་དེ། མེ་དང་བྲལ་བའི་གསང་གནས་ཀྱི་རླུང་ལ་བཞག་པ་ལ་བདུད་རྩིའི་རྒྱུན་དཀར་པོ་རྣམས་ཀྱིས་དབང་བསྐུར་བ་ལས། ནད་ལ་སོགས་པ་རབ་ཏུ་ཞི་ཞིང་། སེར་པོ་རྣམས་ཀྱིས་ཡོན་ཏན་གྱི་ཚོགས་རྒྱས་ལ། དམར་པོ་རྣམས་ཀྱིས་དབང་དུ་བྱས་པ་དེ་ཁོ་ན་ལྟར་སྟོན་ནོ། །བཅུག་ནས་སྙིང་གའི་ཆུ་སྐྱེས་སུ་གནས་སུ་བཅུག་པས་རྗེས་སུ་འཛིན་ནོ། །ཨཱ་ལི་ཀཱ་ལིའི་ཕྲེང་བ་དང་ལྡན་པའི་རྣམ་ཤེས་འདོན་འཇུག་གི་དམིགས་པ་འདིར་མི་གསལ་ཡང་། སྡོམ་འབྱུང་ལས། རྣམ་ཤེས་དབྲོག་པའི་སྦྱོར་བ་དང་། །གཞན་ཡང་ཕ་རོལ་བགྲོད་པ་ལ། ཨ་ལི་ཀཱ་ལིའི་མཉམ་ལྡན་པར། །མཁས་པ་ཡིས་ནི་སྦྱར་བར་བྱ། །ཞེས་གསུངས་པའི་དོན་ནོ། །ཕ་རོལ་བགྲོད་པ་ནི་གཞན་གྱི་ལུས་ཀྱི་གྲོང་དུ་འཇུག་པ་ཡིན་ལ། དེ་ཡང་རང་གི་སེམས་ཀྱི་ངོ་བོ་ཧཱུཾ་ཡིག་ཨཱ་ལི་ཀཱ་ལིའི་ཕྲེང་བ་དང་བཅས་པ། རང་གི་ལུས་ལས་སྣ་བུག་གཡས་ནས་ཐོན་ནས། རོའི་སྣ་བུག་གཡོན་ནས་ཞུགས་ཏེ། སྙིང་གར་གནས་པ་ཡིན་ནོ། །འདི་ལ་བོད་ཀྱི་བླ་མ་འགའ་ཞིག་གིས་དམིགས་པ་མང་པོ་བཤད་ཀྱང་། རྒྱུད་ནས་འབྱུང་བའི་ཚུལ་ནི་


JLD011_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཙམ་མོ། །བཞི་པ་ནི། ཡེ་ཤེས་མཁའ་འགྲོ་མ་སྒོམ་པ་དང་ཁྱོགས་དང་འཁྱེར་བྱེད་ཀྱི་བཟླས་པ་མཉམ་པར་བཞག་པ་སྟེ། རྩེ་གཅིག་པའི་སེམས་ཀྱིས་ནི། ལེགས་པ་སྟེ་གསེར་གྱི་སྒོ་ལ་སོགས་པའི་ལམ་ནི་བསམ་པར་བྱས་ན་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་ཅེས་དོན་བསྡུས་སོ། །འཕོ་བའི་རྗེས་ཐོགས་དེ་ནས་ཀྱང་ཡེ་ཤེས་གཟུགས་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་སུ་གྱུར་ནས་རང་དང་གཞན་གྱི་མུན་པ་འཇོམས་པའི་ཕྱིར་མར་མེ་བཞིན་དུ་དེ་ཁོ་ན་ཉིད་སྣང་བའི་སེམས་ཀྱིས་ཡུལ་རྣམས་ཀྱིས་སེང་གེ་བཞིན་དུ་དོགས་པ་མེད་པར་རྣམ་པར་རོལ་ཞིང་། རང་དང་གཞན་ལ་ཕན་པའི་ལས་བྱའོ། འདིར་སེང་གེ་རྣམ་རོལ་གྱི་ཕྱག་རྒྱ་བྱེད་པའི་གཞུང་ཞིག་ཡོད་པར་སྣང་སྟེ་འབྲོག་མི་དང་འགོས་འགྱུར་ལ་ཆད་དོ། དེའི་ཕྱིར་ཞེས་པ་འགོས་འགྱུར་ལ་མེད་ཅིང་། མན་ངག་སྙེ་མར་ཡང་བཤད་པ་མེད་དོ། །ལྔ་པ་ནི། འོ་ན་འདི་ཐམས་ཅད་ལེགས་པར་བཤད་པ་ཁོ་ན་སྟེ། འདི་འདྲ་བའི་ཆ་ཤས་ཀྱང་ལྟ་བ་གཞན་ལ་ཡོད་པ་མ་ཡིན་མོད། འོན་ཀྱང་བདེ་སྟོང་གི་དེ་ཁོ་ན་ཉིད་ལ་གོམས་པ་དང་ལྡན་པའི་གང་ཟག་ནི། དེ་ཁོ་ན་ལས་འདོད་པ་ཐམས་ཅད་འགྲུབ་པའི་ཕྱིར་ན་འཕོ་བའི་ཐབས་བྱས་པས་ཅི་ཞིག་བྱ་ཞེ་ན། ཉན་ཐོས་ལ་སོགས་ནི་ཐེག་པ་འདིར་རིགས་མ་ངེས་པའི་གང་ཟག་རྣམས་སོ། །དེ་རྣམས་སྐྱེ་བ་གཅིག་ལ་བདེ་སྟོང་གི་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པ་བརྟན་པ་མ་ཡིན་པས། འདིར་འཕོ་བ་ལ་སོགས་པའི་དེ་ཉིད་ལེགས་པར་བཤད་པ་ནི་བསྒྲགས་པ་ཉིད་ཡིན་ནོ། །གང་དག་ཤིན་ཏུ་ཡུན་


JLD011_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོར་བསོད་ནམས་བསགས་པའི་རིགས་ཆེན་པོ་སད་པའི་གང་ཟག་རྣམས་ནི། ཐེ་ཚོམ་དང་བཅས་པའི་དྲི་མས་མ་རྙོག་པ་ཉིད་ཀྱིས་ཤེལ་ལྟར་དག་པའི་སེམས་ནི་བརྟན་པར་བྱས་ནས་གང་ཟག་སྔ་མ་ལྟ་བུ་ལ་ཕན་པའི་ཆེད་དུ་གསུངས་པ་རྟོགས་ནས་སྤྲོས་པ་རྣམས་དོར་བར་བྱའོ། །མར་མེའི་རྣམ་པ་ལྟ་བུ་འོད་གསལ་བའི་སེམས་ཀྱིས་ཀྱང་སྔོན་དུ་སྤྲོས་པ་ཐམས་ཅད་དམིགས་ནས་ནི། སྤྲོས་པ་ཉིད་ནི་ཐམས་ཅད་རྫོགས་རིམ་གྱིས་སྤྲོས་པ་མེད་པར་བྱེད་དེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རྣལ་འབྱོར་ཁོ་ན་ལ་དམིགས་ནས་ནི། འཕོ་བ་ལ་སོགས་པས་འདི་དག་ཐམས་ཅད་ཡོངས་སུ་སྤོང་། དེ་ནི་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་གོམས་པ་ཤིན་ཏུ་བརྟན་པོ་བྱར་ཡོད་པ་རྣམས་ཀྱིས་འཕོ་བ་ལ་སོགས་པ་མ་བྱས་ཀྱང་། ལམ་དེ་ཉིད་བསྐྱངས་པས་ཆོག་པར་སྟོན་པ་ཡིན་གྱི་གང་ཡང་རུང་བ་མ་ཡིན་ནོ། །གཉིས་པ་ཡེ་ཤེས་ཀྱི་ཁྱད་པར་བསྟན་པ་ནི། སྔར་ལྷ་ལ་སོགས་པའི་འགྲོ་བ་རྣམས་ཀྱི་རྣམ་ཤེས་སྒོ་འདི་ནས་འཕོས་ན། འདིར་སྐྱེ་ཞེས་གསུངས་པ་ལས་འཕྲོས་ནས་ཀྱཻ་བཅོམ་ལྡན་འདས་ཞེས་བོས་ནས། ལྷ་ལ་སོགས་པའི་འགྲོ་བ་རྣམས་ཀྱི་ཡེ་ཤེས་ཏེ་རྣམ་ཤེས་ཀྱི་ཁྱད་པར་ཇི་ལྟ་བུ་ལགས་ཞེས་ཞུས་སོ། །འབྲོག་འགྱུར་ལས། གང་གི་ཡེ་ཤེས་ཁྱད་པར་པ་ལགས། ཞེས་འབྱུང་བ་ནི་འགྱུར་མ་ལེགས་པས། འགོས་འགྱུར་ལས། ཡེ་ཤེས་ཀྱི་ཁྱད་པར་གང་ལགས་ཞེས་འབྱུང་བ་ལྟར་བྱ་སྟེ། མན་ངག་སྙེ་མར་ཡང་དེ་ལྟར་དུ་བཤད་དོ། །དྲི་བ་དེའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡེ་


JLD011_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནི་ལྷ་དང་ལྷ་མ་ཡིན་དང་། ཡི་དྭགས་དང་དམྱལ་བ་དང་བྱོལ་སོང་གི་ཤེས་པ་སྟེ་རྣམ་པ་ལྔ་རུ་གསུངས་སོ། །འགྲོ་བ་དམན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་ན་གསང་བ་དང་། ཡུལ་ལ་སྤྱོད་པའི་ཤེས་པ་རྣམས་མེ་ལོང་བཞིན་དུ་དྭངས་ཤིང་། ཕལ་ཆེར་མི་དགེ་བ་མི་སྤྱོད་པའི་ཕྱིར། མེ་ལོང་ཡེ་ཤེས་ནི་ལྷའི་ཡེ་ཤེས་སོ། །ལྷ་མ་ཡིན་རྣམས་ཀྱི་ཡེ་ཤེས་ནི། ལྷའི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་འབར་བའི་ཁྲོ་བའི་སེམས་སོ། །ཡི་དྭགས་ཀྱི་ཡེ་ཤེས་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་གྱིས་འཁྲུགས་པས། དམན་པའམ་ཞན་པའི་ཡིད་ཅན་ནོ། །འགོས་འགྱུར་ལས། ཡི་དྭགས་ཡེ་ཤེས་ཞན་པ་སྟེ། །འབྱུང་བ་མན་སྙེ་དང་མཐུན་ནོ། །དམྱལ་བ་པ་རྣམས་ཀྱི་ཡེ་ཤེས་སམ་ཤེས་པ་ནི། གཤིན་རྗེའི་སྐྱེས་བུ་རྣམས་ཀྱི་ལས་མི་མཉམ་པའི་སྡུག་བསྔལ་གྱིས་ངུ་བ་དང་། འཇིགས་པས་ནོན་པའི་སེམས་རྣམས་སོ། །བྱོལ་སོང་སྟེ་དུད་འགྲོ་རྣམས་ཀྱི་ཡེ་ཤེས་ནི། ཤིན་ཏུ་བརྟན་པའི་གཏི་མུག་དང་རྨོངས་པ་དང་ལྡན་པའི་སེམས་སོ། དེ་ལྟར་ལྔ་ཡི་དབྱེ་བས་ཡེ་ཤེས་ལྔར་བསྒྲགས་སོ། །མི་རྣམས་ཀྱི་ཡེ་ཤེས་ནི་ཤིན་ཏུ་དང་བ་དགེ་བ་ལ་གཞོལ་བ་ཡིན་པས། ལྷའི་ཡེ་ཤེས་ལས་ཟུར་དུ་མ་སྨོས་སོ། །འོ་ན་ཤིང་རྣམས་ནི་སེམས་པ་ཅན་ཡིན་ཏེ། མཚན་མོ་ཉལ་བའི་ཕྱིར་རོ་ཞེས་ཕྱོགས་ཀྱི་གོས་ཅན་གཅེར་བུ་པ་རྣམས་འདོད་པའི་ཡེ་ཤེས་ཀྱི་ཁྱད་པར་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་འདྲ་བ་ནི་ཅི་ཡང་མེད་དེ། ཤིང་རྣམས་ལ་སེམས་པ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་གསུངས་པ་ནི། རྒྱུན་རིང་དུ་གནས་པ་ཤིང་སྡོང་བོ་ལ་སོགས་པ་བརྟན་པ་


JLD011_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལ་སོགས་པས་བསྡུས་པ་དུས་ཐུང་ངུར་གནས་པ་གློག་ལ་སོགས་པ་ནི་སེམས་མེད་པ་ཁོ་ནའོ། །ཉལ་བ་ལ་སོགས་པའི་སྒྲུབ་བྱེད་ནི་ཕྱོགས་གཞན་དུ་ཤིང་རྟ་ཆེན་པོ་རྣམས་ཀྱིས་སུན་ཕྱུང་ཟིན་ཏོ། །སྔར་བཤད་པའི་རྣམ་པ་དེ་ལྟ་བུའི་ཤེས་པ་ཅན་འཁོར་བ་པ་ལྷ་ལ་སོགས་པ་འདི་རྣམས་ནི་གླེན་པ་སྟེ། མ་རིག་པས་ཡང་དག་མ་ཡིན་པ་སྒྲོ་བཏགས་པའི་འདོད་ཆགས་ལ་སོགས་པས་ངན་པར་སེམས་པའི་ཕྱིར་རོ། །ཁེབས་པ་ནི་འདོད་ཆགས་ལ་སོགས་པས་ཁྱབ་པས་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པའི་ཕྱིར་རོ། །ལྐུགས་པ་ནི་ཡང་དག་པའི་དོན་གྱི་དེ་ཁོ་ན་ཉིད་སྨྲ་བར་མི་ནུས་པའི་ཕྱིར་རོ། །མན་སྙེ་འགྱུར་གསར་ལས། གླེན་པ་ཁེབས་པ་ལྐུགས་པ་རྣམས། ཞེས་འབྱུང་ངོ་། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་བྱིས་པ་སྟེ། སེམས་ཀྱིས་བསམ་པ་ངན་པ་སེམས་ཤིང་ལུས་ཀྱིས་བྱ་བ་ངན་པ་བྱེད་ལ། ངག་གིས་སྨྲ་བ་ངན་པ་སྨྲ་བའི་ངང་ཚུལ་ཅན་ནི་བྱིས་པའོ། །ཞེས་གསུངས་སོ། །དེ་རྣམས་ཀྱི་བྱིས་པའི་ཤེས་པའི་ཤེས་པ་སྟེ་བསམ་པ་ཅན་ནི་འཁོར་བ་པའོ། །གསུམ་པ་རྣལ་འབྱོར་གྱི་བསྟན་བཅོས་ཀྱི་ཆེ་བ་བསྟན་པ་ནི། དེ་འདྲ་བའི་འཁོར་བའི་བག་ཆགས་སྤོང་བར་འདོད་པས། དེ་ཁོ་ན་ཉིད་ཁྱད་པར་ཅན་བདེ་སྟོང་དབྱེར་མེད་པར་སྦྱོར་བའི་ཡེ་ཤེས་ནི། ཤེས་རབ་དང་ཐབས་དབྱེར་མེད་པ་གསལ་བར་བྱེད་པའི་ཕྱིར་རྣལ་འབྱོར་དང་། ཉོན་མོངས་པའི་དགྲ་འཆོས་པ་དང་ངན་འགྲོའི་འཇིགས་པ་ལས་སྐྱོབ་པས་ན་བསྟན་བཅོས་ཏེ། རྒྱུ་རྒྱུད་དང་ཐབས་རྒྱུད་དང་འབྲས་བུའི་རྒྱུད་གསུམ་བསྡུས་པ་རྫོགས་པ་སྙིང་པོའི་དོན་རབ་ཏུ་གསལ་བར་བྱེད་པས་ན་ཁྱད་པར་ཏེ། རྒྱུད་གཞན་རྣམས་ལས་ཁྱད་པར་དུ་འཕགས་པ་


JLD011_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡང་དག་པར་སྦྱོར་བའི་རྒྱུད་འདི་ལས་རྟོགས་པར་བྱའོ། །རྒྱུད་འདིའི་ཆེ་བའི་བདག་ཉིད་གསལ་བར་བྱེད་པ་གཞན་གསུངས་པ་ནི། རྣལ་འབྱོར་གྱི་བསྟན་བཅོས་འདི་སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ་ཤིན་ཏུ་རྙེད་དཀའ་བ་སྟེ། འདུས་པའི་ལེའུ་བཅུ་བདུན་པ་ལས་བཤད་པ་ལྟར་བཅོམ་ལྡན་འདས་མར་མེ་མཛད་ཚུན་ཆད་དུ་སངས་རྒྱས་ཀྱི་ཞིང་འདིར་བསྐལ་པ་ཤིན་ཏུ་མང་པོ་རྣམས་ལ་རྒྱུད་མ་ལུས་པའི་སྙིང་པོ། རྒྱུད་སྡེ་རིན་པོ་ཆེ་འདི་བདག་ཁོ་ནས་བཤད་ཀྱི། སངས་རྒྱས་གཞན་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ཕྱིར་ང་ཡིས་ཏེ་བདག་གིས་འདིར་བཤད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བསྐུལ་བའི་རྣལ་འབྱོར་གྱི་བསྟན་བཅོས་འདི་ཁོ་ན་ལ། ཀྱེ་ཐར་པ་འདོད་པ་རྣམས་འབད་པས་དད་པ་བསྐྱེད་པར་བྱས་ཏེ་འཇུག་པར་གྱིས་ཤིག་དང་། མཁས་པ་སྟེ་དེ་ཁོ་ན་ཉིད་ཁྱད་པར་ཅན་ཤེས་པ་དང་ལྡན་པ་ཤིན་ཏུ་བར་འགྱུར་རོ། །ཕྱི་རོལ་བསྟན་བཅོས་སྒྲ་ལ་སོགས། །ཞེས་འབྱུང་བ་ཡང་། མན་སྙེར། ཕྱི་རོལ་བསྟན་བཅོས་སྒྲ་བཀོད་པ་ཞེས་པ་ལྟར་ལེགས་པས་འབྱུང་བ་ལྷ་མོ་ཨུ་མའི་བདག་པོ་དབང་ཕྱུག་ལ་སོགས་པས་བཤད་པ། བླ་ན་མེད་པའི་དེ་ཁོ་ན་ཉིད་ལས་ཕྱིར་ཕྱོགས་པ་ཕྱི་རོལ་གྱི་བསྟན་བཅོས་རྒྱུད་ལ་སོགས་པའི་སྒྲ་བཀོད་པ་རྣམས་ལས། དེ་ཁོ་ན་ཉིད་ཁྱད་པར་ཅན་གྱི་ཡེ་ཤེས་བཙལ་ཡང་རྙེད་པ་མིན་ཏེ། དེ་རྣམས་དཔེར་ན་གར་གྱི་གནས་ཀྱི་ས་གཞི་ལ། གསར་དུ་ཚིག་བཀོད་པ་འཐད་པ་དང་བྲལ་བ་ཉིད་ཀྱིས་ན། ལྟད་མོ་བ་རྣམས་རངས་པ་ཙམ་གྱིས་ཡིད་ཆགས་པར་བྱེད་པའི་ཕྱིར་གར་མཁན་གྱི་ཚིག་དང་འདྲའོ། །ཁ་དོག་


JLD011_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཞེས་པ་མེད་པར་གར་གྱི་གནས་ཀྱི་གཞི་དང་མཚུངས་ཞེས་པའི་དོན་དུ་འགྲེལ་པས་བཤད་དོ། །དེས་ན་སྔར་བཤད་པའི་རྣལ་འབྱོར་གྱི་བསྟན་བཅོས་ཁྱད་པར་ཅན་རྗེས་སུ་བཙལ་བ་ཁོ་ན་ལས། འགོས་འགྱུར་ལས། སྤྱོད་དང་གྲོལ་བའི་འབྲས་བུ་ཐོབ། ཅེས་འབྱུང་བ་ལྟར། འདོད་པའི་ཡོན་ཏན་གྱི་ཡུལ་ལ་ཡང་དག་པར་སྤྱོད་པ་དང་རྣམ་པར་གྲོལ་བའི་འབྲས་བུ་འཐོབ་པའི་ཆེད་དུ་རྣལ་འབྱོར་ལ་འབད་པས་བསྒྲུབ་པར་བྱའོ། གཉིས་པ་དོན་བསྡུ་བ་ནི། དོན་འདི་ཁོ་ན་སྙིང་པོ་ལས་ཏེ་བསྐྱེད་པའི་རིམ་པ་ལས་སྙིང་པོ་ལ་རྫོགས་པའི་རིམ་པའི་སྙིང་པོ་མཆོག །རྣམ་འབྱོར་ཞལ་མཆོག་སྟེ་ཞལ་མཛེས་པ་ཁྱོད་ལ་བཤད་དོ། །གཉིས་པ་རབ་ཏུ་བྱེད་པའི་མཚན་བསྟན་པ་ནི། ཁ་སྦྱོར་ལ་བརྟག་པ་བཅུ་ཡོད་པའི་བརྒྱད་པ་ལས་མུ་སྟེགས་ཅན་གྱི་བདེ་འགྲོ་དང་། ངན་འགྲོར་འཕོ་བའི་ལམ་ཕྱིན་ཅི་ལོག་ཏུ་སྟོན་པའི་ཡེ་ཤེས་ཏེ་ཤེས་པ་འཇིག་པར་བྱེད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ། །འགོས་འགྱུར་ལས། མུ་སྟེགས་ཅན་གྱི་ཡེ་ཤེས་ཀྱི་ཚུལ་བསྟན་པ་ཞེས་འབྱུང་ཡང་སྔ་མ་ལེགས་ལ། མན་སྙེར་མཚན་དེ་ལ་བཤད་པ་མ་བྱུང་ངོ་། །འཕོ་བའི་རྣམ་གཞག་རྣམས་ལེགས་པར་དམིགས་མ་ཕྱེད་པའི་འཕོ་བ་ལ་ཡང་ཕན་ཡོན་ཅུང་ཟད་འབྱུང་མོད་ཀྱང་། གོ་བས་ལེགས་པར་དམིགས་ཕྱེད་པ་དང་ཁྱད་པར་ཤིན་ཏུ་ཆེའོ། །དེའི་ཕྱིར་རྡོ་རྗེ་མཁའ་འགྲོ་དང་། གདན་བཞི་དང་། སྡོམ་འབྱུང་དང་། ཞལ་ལུང་དང་། ཁ་སྦྱོར་དང་། དེ་དག་གི་འགྲེལ་པ་རྣམས་ལ་བརྟེན་ནས་གཞུང་དེ་རྣམས་ལེགས་པར་གུང་བསྒྲིགས་ཏེ་མཁས་པ་ཆེན་པོ་ཨ་བྷ་ཡཱ་ཀ་རའི་བཤད་པ་ཞིབ་པར་མཛད་པའི་རྗེས་སུ་འབྲངས་


JLD011_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཤད་པ་ཡིན་པས། བསྟན་བཅོས་འདི་ལ་བརྟེན་ནས་འཕོ་བའི་གནད་རྣམས་ལེགས་པར་ཤེས་པར་བྱས་ཏེ། འཕོ་བའི་གདམས་ངག་ལ་སྦྱངས་ན་འཕྱུག་པ་མེད་པའི་གདམས་པར་ཡོད་པས་སྒོ་ཁྱད་པར་ཅན་སྤྱི་གཙུག་གསེར་གྱི་སྒོ་འབྱེད་པར་ནུས་ལ། དེ་མ་ནུས་ནའང་སྒོ་འབྲིང་པོ་ནས་འཕོས་པའི་རྟེན་ཁྱད་པར་ཅན་དུ་སྐྱེས་ནས། བླ་ན་མེད་པའི་ལམ་རྣམས་ལེགས་པར་བགྲོད་ནུས་པར་འགྱུར་རོ། །ཤིན་ཏུ་ཟབ་པའི་རྒྱུད་སྡེ་མང་པོ་ནས། །གསུངས་པའི་འཕོ་བའི་གནད་རྣམས་དབྱེ་དཀའ་བའི། །རྡོ་རྗེའི་ཚིག་གིས་དམ་དུ་བཅིངས་པ་རྣམས། །མཁས་པ་འཇིགས་མེད་འབྱུང་གནས་རྗེས་འབྲངས་ཤིང་། །རྡོ་རྗེ་མཁའ་འགྲོ་རྡོ་རྗེ་གདན་བཞི་ཡི། །འགྲེལ་པ་སོགས་ལ་བརྟེན་ནས་ལེགས་པར་བཤད། །འདིར་ནི་ནོངས་གང་སྙིང་ནས་བདག་གིས་འཆགས། དགེ་བས་འགྲོ་ཀུན་ཡང་དག་ལམ་བགྲོད་ཤོག །ཅེས་རྒྱུད་ཀྱི་རྒྱལ་པོ་ཁ་སྦྱོར་གྱི་བརྟག་པ་བརྒྱད་པའི་རབ་བྱེད་གསུམ་པ། རྣམ་ཤེས་གོང་དུ་འཕོ་བའི་རྒྱ་ཆེར་བཤད་པ། གསེར་གྱི་སྒོ་འབྱེད་པ་ཞེས་བྱ་བ། རྒྱུད་གདན་བཞི་དང་། ཞལ་གྱི་ལུང་རྣམས་ལེགས་པར་གུང་བསྒྲིགས་ཤིང་། དེ་དག་གི་འགྲེལ་པ་རྣམས་ལ་འདྲིས་པར་བྱས་ནས། མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་དགེ་སློང་བསོད་ནམས་བློ་གྲོས་སོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་


JLD011_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ནུས་པར་གྱུར་ཅིག །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །

བཅོམ་ལྡན་འདས་འཁོར་ལོ་ཆེན་པོའི་མངོན་རྟོགས།


JLD011_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཁོར་ལོ་ཆེན་པོའི་མངོན་རྟོགས་བཞུགས་སོ། །


JLD011_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བའི་རྟེན་གྱི་གང་ཟག་གིས། མཚན་ཉིད་དང་ལྡན་པའི་གནས་སུ་སྟན་བདེ་བ་ལ་འདུག་ནས། སྔོན་འགྲོ་གཏོར་མ་བཏང་སྟེ་འོག་ནས་འབྱུང་བ་ལྟར་ནང་མཆོད་བྱིན་གྱིས་བརླབས་ལ།མཆོད་པ་རྣམས་ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུཾ་ཧཱུཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རང་བཞིན་སྟོང་པ། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོ་ཨརྒྷཾ་ཨཱཿཧཱུཾ།


JLD011_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

པཱདྱཾ། པུཥྤེ། དྷཱུཔེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྟ་ རྣམས་སྦྱར་རོ། །སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེས། དུས་གསུམ་འབྱུང་བའི་སངས་རྒྱས་དང་། །ཐེག་ཆེན་དམ་ཆོས་འདི་དང་ནི། །དགེ་འདུན་སངས་རྒྱས་སྲས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ངོ་མཚར་ཆེ་མཆོག་བྱང་ཆུབ་ནི། །བླ་མེད་དག་ནི་ཐོབ་ནས་སུ། །ཤིན་ཏུ་མཐར་ཐུག་མྱང་འདས་ལ། །འགྲོ་བ་མྱུར་དུ་དགོད་པར་བགྱི། །རང་ཉིད་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས། ཕྱོགས་བཅུ་ན་བཞུགས་པའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་དང་། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས། འོད་ཟེར་རང་གི་སྙིང་གར་ཐིམ།


JLD011_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་རྣམས་ཀྱིས་ཚོགས་ཞིང་སྤྱན་དྲངས་ནས། འཛམ་གླིང་སོག་ཁ་སོགས་བསྐྱེད་པའི་སྟེང་དུ་བཞུགས་པ་ནི། རྡོ་རྗེ་སློབ་དཔོན་ལ་གསོལ་བ་གདབ་པའི་མཎྜལ་དབུལ་བའི་སྐབས་ལ་བསམ་པར་སྣང་སྟེ། ཛཱ་བ་རི་པའི་གཞུང་དུ་སྐབས་འདིར་དེ་ལྟར་བཤད་པ་མེད་པས་འཐད་པར་མ་མཐོང་ངོ་། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །དཀྱིལ་འཁོར་གསང་བའི་ལྷ་ཚོགས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །མཆོད་པ་བླ་ན་མེད་པས་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ པཱ་དྱཾ་ ནས ཤཔྟ འི་བར་གྱིས་མཆོད་ལ། འཁོར་བ་ཐོག་མ་མེད་པ་ནས། །མཚམས་མེད་ལྔ་དང་ཉེ་བ་ལྔ། །བྱང་སའི་ཕམ་པ་བཞི་སོ་སོར་ཕྱེ་བ་ལ་སྔ་མ་རྣམས་བཞེད། མི་དགེ་བཅུ་དང་ལྕི་བ་བརྒྱད། །ཁ་ན་མ་ཐོ་ལ་སོགས་རྣམས། །འཕགས་པའི་སྤྱན་སྔར་སོ་སོར་བཤགས། །འཇིག་རྟེན་དགེ་བཅུ་སྤྱོད་པ་དང་། །ཉན་ཐོས་རང་རྒྱལ་དགེ་ཚོགས་བཅས། །སངས་རྒྱས་སྲས་བཅས་འགྲོ་དོན་མཛད། །དེ་ཀུན་ལ་ཡང་ཡི་རང་ངོ་། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་སུ། །མངོན་པར་རྫོགས་པར་སངས་རྒྱས་ནས། །རིང་པོར་མ་ལོན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བཅུ་ཇི་སྙེད་ཡོད་པ་དང་། །བསྡུ་བའི་དངོས་པོ་བཞི་དང་ནི། །ཕ་རོལ་ཕྱིན་པ་བཅུ་ལ་སོགས། །བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །བདག་གི་ལུས་འདི་ཇི་སྲིད་དུ། །ལེན་པ་རྡོ་རྗེ་སློབ་དཔོན་དང་། འཁོར་ལོ་ཆེན་པོའི་ལྷ་ཚོགས་དང་།


JLD011_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྲས་དང་བཅས་པ་ལ། །ངག་ཡིད་དང་བས་དབུལ་བར་བགྱི། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །འདོད་ཆགས་བྲལ་བའི་ཆོས་རྣམས་དང་། །ཚོགས་ཀྱི་ཞིང་གྱུར་དགེ་འདུན་ལ། །དང་བའི་ཡིད་ཀྱིས་སྐྱབས་སུ་མཆི། །བྱང་ཆུབ་མཆོག་གི་རང་བཞིན་ཅན། །སེམས་ཅན་ཀུན་ལ་ཁྱབ་པར་གནས། །མ་རྟོགས་འཁོར་བར་འཁྱམས་པ་རྣམས། །དེ་དག་དོན་དུ་སེམས་བསྐྱེད་དོ། །དུས་གསུམ་སངས་རྒྱས་སྲས་བཅས་རྣམས། །བསླབ་དང་སློབ་པར་འགྱུར་བ་ཡི། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང་། །སྡོམ་པའི་ཚུལ་ཁྲིམས་ལྡན་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །ཡང་དག་བླངས་ཏེ་གནས་པར་བགྱི། །དུས་འདི་ནས་ནི་བཟུང་ནས་ནི། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་ཀུན་དང་ལྡན་པར་ནི། །དུས་ཀུན་ཏུ་ནི་བདེ་བར་མནོས། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཕྱི་དང་ནང་གི་དངོས་པོ་ཐམས་ཅད་བདེན་པའི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། རང་བཞིན་གྱིས་སྟོང་ཞིང་བདག་མེད་པར་གྱུར། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བར་སྲིད་མཚོན་པའི་ཡི་གེ་རྒྱུད་དང་གཞུང་གཞན་དུ་བྱུང་ཡང་། སློབ་དཔོན་འདིའི་གཞུང་ནས་བཤད་པ་མ་བྱུང་ངོ་། །སྟོང་པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་


JLD011_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར། ལྷོའི་རྭ་སེར། ནུབ་ཀྱི་རྭ་དམར། བྱང་གི་རྭ་ལྗང་། ལྟེ་བ་མཐིང་ནག་ལ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་ར་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་བྲེ། སྒྲུབ་ཐབས་ཀྱི་གཞུང་ཁ་ཅིག་ཏུ། ར་གུར། ཆོས་འབྱུང་། མེ་རི། འབྱུང་བ་རིམ་བརྩེགས་རྣམས་མེད་ཀྱང་། དྲག་པོ་གསུམ་འདུལ་གྱི་རྒྱུད་ལས། དེ་ནས་གསང་བའི་དཀྱིལ་འཁོར་ནི། །རྡོ་རྗེ་མེ་དཔུང་འོད་དང་ལྡན། །དེ་ཉིད་མཁའ་དང་འབྱུང་བ་ལས། །ཞེས་གསུངས་པས་འཐོབ་གསུང་ངོ་། །ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུ་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བ། ར་བའི་དབུས་སུ་ཨེ་ལས་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་ཤིང་། རྩེ་མོ་ཕྲ་བ་ཐུར་དུ་ཟུག་པ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་སྔོན་གཞུ་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་ གོང་མ་རྣམས་ཆོས་འབྱུང་དུ་འབྱུང་བ་རིམ་བརྩེགས། གོ་ལྡོག་བཞུ་ནས་གཞལ་ཡས་ཁང་བསྐྱེད་པ་ནི། ཀྱེ་རྡོར་གྱི་གཞུང་འགའ་ཞིག་འབྲུ་མ་ནོན་པར་སྣང་ངོ་། །དཀྱིལ་འཁོར་དམར་པོ་གྲུ་གསུམ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་ཆུས་གང་བས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞིའི་


JLD011_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན། དེའི་སྟེང་དུ་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་སྟེང་དུ། ཧཱུཾ་ལས་ སྣ་ཚོགས་པདྨ་དང་དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་མི་བྱེད་པ་ཕྲེང་བར་བཀག་གོ །སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཕྱི་ནས་རིམ་པ་བཞིན། དཀར་སེར། དམར་ལྗང་། སྔོ་བའི་རྩིག་པ་ལྔ་དང་ལྡན་པའི་སྟེང་དུ། རིན་པོ་ཆེའི་ཕ་གུ་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་དང་གྲུ་བཞི་ལ་སོགས་པས་སྤྲས་པ། ཕ་གུའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་བ་དན་དང་རྒྱལ་མཚན་སྣ་ཚོགས་པས་མཛེས་པར་བྱས་པ། རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་བ་ལ་ལྷ་མོ་མཆོད་རྫས་ཐོགས་པ་རྣམས་འཁོད་ནས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞི་སོ་སོའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། ནང་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། སྟེང་གི་ཐོག་དང་འོག་གི་ས་གཞི་ཐམས་ཅད་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་། དབུས་སྔོ་བ། རྡོ་


JLD011_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ར་བ་མེ་རི་དང་བཅས་པའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་བརྒྱད་ན་ཤིརྵ་ལ་སོགས་པའི་ཤིང་བརྒྱད་ཀྱི་རྩ་བ་ན་གནས་པའི་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་རྣམས་དང་། གཞན་ཡང་། རྫུ་འཕྲུལ་ཆེན་བོ་གླང་པོ་ཆེའི་གདོང་བ་ཅན་ལ་སོགས་པའི་ཞིང་སྐྱོང་རྣམས་དང་། ཆུ་བརྒྱད་དང་། དེ་ལ་གནས་པའི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད། སྟེང་གི་ནམ་མཁའ་ལ་སྒྲོགས་པ་ལ་སོགས་པའི་སྤྲིན་བརྒྱད། མེ་བརྒྱད། མཆོད་རྟེན་བརྒྱད། གཞན་ཡང་ཀེང་རུས་དང་། གསལ་ཤིང་གིས་ཕུག་པའི་རོ་དང་། ཤིང་ལ་དཔྱངས་པ་དང་། སྐྱེས་བུ་ཟ་བ་དང་། མཚོན་གྱིས་ཕུག་པ་དང་། བྱ་རོག་དང་། བྱ་རྒོད་དང་། ཁྱི་དང་། ཅེ་སྤྱང་དང་། སེང་གེ་དང་། སྟག་ལ་སོགས་པ་དང་། ཅ་ཅོ་སྒྲོག་པའི་རོ་ལངས་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ། གྲུབ་པ་དང་། རིག་པ་འཛིན་པ་དང་། དམ་ཚིག་སྤྱོད་པའི་རྣལ་འབྱོར་པ་བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་བ་གཅེར་བུ་སྒྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་ཐོད་པ་དང་ཁ་ཊྭཱཾ་ག་ཐོགས་པ། ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དུ་འཇུག་པ་སོགས་ཀྱིས་ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ། འཁོར་ལོ་སྔོན་པོ་རྩིབས་བཞི་པ། ལྟེ་བ་མུ་ཁྱུད་དང་བཅས་པའི་ལྟེ་བར། གཡས་སུ་ཚངས་པ་དཀར་པོ་ཁ་སྦུབ་ཏུ་བསྒྱེལ་བའི་སོག་དབྲག་ཏུ་ཟླ་བ། གཡོན་དུ་བརྒྱ་བྱིན་དམར་པོ་ཁ་སྦུབ་ཏུ་


JLD011_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱེལ་བའི་སོག་དབྲག་ཏུ་ཉི་མ། རྩིབས་བཞིའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ། ཤར་གྱི་རྩིབས་ལ་དྲི་ཟ་ཕོ་མོ། ལྷོའི་རྩིབས་ལ་གཤིན་རྗེ་ཕོ་མོ། ནུབ་ཀྱི་རྩིབས་ལ་ཆུ་ལྷ་ཕོ་མོ། བྱང་གི་རྩིབས་ལ་གནོད་སྦྱིན་ཕོ་མོ། སྒོ་བཞིར་ཟླ་གདན། དབུས་ཀྱི་ཉི་མའི་སྟེང་དུ་ཧཱུཾ་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་དང་ཐོད་པ་ཧཱུཾ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་གདྨའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་སྤྱན་དྲངས་དེ་ཉིད་དུ་ཐིམ་ གོང་མ་རྣམས་ཨཱ་ལི་ཀཱ་ལི་ལས་ཉི་ཟླ་སོགས་མངོན་བྱང་ལྔ་བསྐྱེད་མཛད་ཀྱང་། སློབ་དཔོན་གྱི་གཞུང་དུ་ཆོ་ག་གསུམ་བསྐྱེད་གསལ་བའི་ཕྱིར་རོ། །ཡོངས་སུ་གྱུར་པ་ལས། རང་ཉིད་སངས་རྒྱས་འཁོར་ལོ་ཆེན་པོ་གོས་སྔོན་པོ་ཅན། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ་རྩ་ཞལ་མཐིང་ག་ཞལ་གཡས་དཀར་བ། གཡོན་ཞལ་དམར་པོ་ཞལ་གསུམ་ཟླ་བའི་དཀྱིལ་འཁོར་ལྟར་རྒྱས་པ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་མེའི་ཕུང་པོ་འདྲ་བ། སྨིན་མ་དང་དཔྲལ་བའི་མཚམས་སུ་ཁྲོ་གཉེར་བསྡུས་པ། ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ། ཧཱུཾ་ཧཱུཾ་དང་ཨ་ལ་ལའི་སྒྲ་སྒྲོག་པ། དབུགས་མེ་ལྕེ་ལྟར་ཚ་ཞིང་འབར་བ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། རལ་བའི་ཅོད་པན་ལ་སངས་རྒྱས་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ལྟོ་བ་ཡངས་ཤིང་གསུས་པའི་སྨད་འཁྱིལ་བ།


JLD011_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་ཀྱི་དང་པོས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་། གཡོན་དང་པོས་སྡིགས་མཛུབ་མཛད་པ། བར་བ་གཉིས་ཐལ་མོའི་སྒྲ་སྒྲོག་པས་ཡུམ་ལ་འཁྱུད་པ། ཐ་མ་གཉིས་ཀྱིས་གདོལ་བའི་རིགས་སྟོབས་རྒྱུ་དང་རིགས་ལྡན་ནག་པོའི་རྐེད་པ་ནས་བཟུང་སྟེ། མགོ་བོ་རྩ་ཞལ་དུ་གསོལ་ཞིང་མཇུག་མ་ཞབས་འོག་ཏུ་མནན་པ། གོས་སྔོན་པོའི་སྟོད་གཡོགས་དང་། སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། རྒྱལ་རིགས་ནོར་རྒྱས་དང་དུང་སྐྱོང་སེར་པོས་དབུ་སྐྲ་བཅིངས་ཤིང་། རྗེ་རིགས་དགའ་བོ་དང་ཉེ་དགའ་བོ་དམར་པོས་སྙན་རྒྱན་བྱས་པ། བྲམ་ཟེའི་རིགས་པདྨ་དང་ཆུ་ལྷ་དཀར་པོས་ཕྱག་གདུབ་དང་དཔུང་རྒྱན་དང་ཞབས་གདུབ་བྱས་པ། གདོལ་བའི་རིགས་སྟོབས་རྒྱུ་སྔོན་པོས་མཆོད་ཕྱིར་ཐོགས་བྱས་ཤིང་རིགས་ལྡན་ནག་པོས་སྐ་རགས་བྱས་པ། དེའི་པང་ན་ལྷ་མོ་མཛེས་ལྡན་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་འཛིན་པས་ཡབ་ལ་འཁྱུད་ཅིང་གཡོན་ཐོད་པ་ཁྲག་གིས་གང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། དབུ་སྐྲ་རལ་བ་ཁམ་སེར་ཕྱེད་བཅིངས་སུ་བྱས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཟེར་བའང་འདུག དར་སྣ་ཚོགས་ཀྱི་ན་བཟའ་མནབས་པ། ཞལ་མཆེ་བ་གཙིགས་ཤིང་། སྤྱན་གསུམ་དང་ལྡན་པ། ཡབ་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡེ་ཤེས་སེམས་དཔའ་ཕྱག་ན་རྡོ་རྗེ་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། གོས་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་


JLD011_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཅན་དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ནག་འོད་ཟེར་ལྔ་འཕྲོ་བ། ཡབ་ཀྱི་གསང་གནས་མི་དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་བུ་ག་ཧཱུཾ་གིས་མཚན་པ། ཡུམ་གྱི་གསང་བ་མི་དམིགས་པའི་ངང་ལས་ཨ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཐིག་ལེ་ཁ་སྦྱོར་བརྒྱད་དུ་གྱུར་པའི་ཐིག་ལེ་ཁ་སྦྱོར་བཞི་སྦྱོར་མཚམས་ནས་རྩིབས་བཞིའི་གདན་གྱི་སྟེང་དུ་སྤྲོས་པའི་ཆ་བཞི་ལས་རྡོ་རྗེ་བཞི། ལྷག་མ་ཆ་བཞི་ལས་ཐོད་པ་བཞི། དེ་རྣམས་ཡོངས་སུ་གྱུར་པ་ལས། བདུད་ལས་རྒྱལ་བྱེད་ལ་སོགས་པའི་ཁྲོ་བོ་བཞི་དང་། འོད་ཟེར་ཅན་མ་ལ་སོགས་པའི་ཁྲོ་མོ་བཞིར་གྱུར་པ་ནི། ཤར་གྱི་གདན་ལ་ཁྲོ་བོ་བདུད་ལས་རྒྱལ་བྱེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི། གཡས་དང་པོས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་། གཡོན་དང་པོས་རྩེ་གསུམ་འཛིན་པ། འོག་མ་གཉིས་སྡིགས་མཛུབ་བསྣོལ་བས་ཡུམ་ལ་འཁྱུད་པ། དེའི་པང་དུ་ལྷ་མོ་འོད་ཟེར་ཅན་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་སྤུ་གྲི་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་ཐོད་པ་ཁྲག་གིས་གང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། ལྷོའི་གདན་ལ་རྡོ་རྗེ་གཟི་བརྗིད་སེར་པོ་ཞལ་གཅིག་ཕྱག་


JLD011_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གཡས་དང་པོ་སྔར་བཞིན་དང་། གཡོན་དང་པོ་དབྱུག་ཏོ་འཛིན་པ། འོག་མ་གཉིས་སྡིགས་མཛུབ་བསྣོལ་བས་ཡུམ་ལ་འཁྱུད་པ། དེའི་པང་དུ་ལྷ་མོ་མདངས་ཅན་མ་སེར་མོ་ཞལ་གཅིག་ཕྱག་གཉིས། གཡས་ཟངས་གྲི་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་སྔ་མ་བཞིན། ནུབ་ཀྱི་གདན་ལ་རྔམ་པ་སྒྲ་སྒྲོག་དམར་པོ་ཞལ་གཅིག་ཕྱག་བཞི་གཡས་དང་པོས་སྔ་མ་བཞིན། གཡོན་པས་ཞལ་ཞགས་འཛིན་པ། འོག་མ་གཉིས་སྔར་བཞིན། དེའི་པང་ན་ལྷ་མོ་སྒྲ་གཅན་མ་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་སྟ་རེ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་སྔར་བཞིན།བྱང་གི་གདན་ལ་བདུད་རྩི་འཁྱིལ་བ་ལྗང་གུ་ཞལ་གཅིག་ཕྱག་བཞི། གཡས་དང་པོས་སྔར་བཞིན། གཡོན་དང་པོས་བེ་ཅོན་འཛིན་པ། འོག་མ་གཉིས་སྔར་བཞིན། དེའི་པང་ན་ལྷ་མོ་རླུང་འབྱིན་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས། གཡས་འཁོར་ལོ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་སྔར་བཞིན། ཐིག་ལེ་ཁ་སྦྱོར་བཞི་སྒོ་བཞིའི་ སྟེང་དུ་ཟེར་བའང་འདུག །གདན་གྱི་སྟེང་དུ་འཕྲོས་པའི་ཆ་གཉིས་གཉིས་ཡོངས་སུ་གྱུར་པ་ལས། ཤར་སྒོར་ལྕགས་ཀྱུ་གཉིས། ལྷོ་སྒོར་ཞགས་པ་གཉིས། ནུབ་སྒོར་ལྕགས་སྒྲོག་གཉིས། བྱང་སྒོར་དྲིལ་བུ་གཉིས། དེ་རྣམས་ཡོངས་སུ་གྱུར་པ་ལས། ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་བཞི་དང་། ལྕགས་ཀྱུ་མ་ལ་སོགས་པའི་ཁྲོ་མོ་བཞིར་གྱུར་པ་ནི། ཤར་སྒོའི་གདན་ལ་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་ལྕགས་ཀྱུ་འཕྱར་ཞིང་།


JLD011_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་སྡིགས་མཛུབ་མཛད་པས་རང་འདྲའི་ལྷ་མོ་ལྕགས་ཀྱུ་མ་ལ་འཁྱུད་པ། ལྷོ་སྒོའི་གདན་ལ་རྡོ་རྗེ་ཞགས་པ་སེར་པོ་ཞལ་གཅིག་ཕྱག་གཉིས་གཡས་ཞགས་པ་འཕྱར་ཞིང་། གཡོན་སྡིགས་མཛུབ་མཛད་པས་རང་འདྲའི་ལྷ་མོ་ཞགས་པ་མ་ལ་འཁྱུད་པ། ནུབ་སྒོའི་གདན་ལ་རྡོ་རྗེ་ལྕགས་སྒྲོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་ལྕགས་སྒྲོག་འཕྱར་ཞིང་། གཡོན་སྡིགས་མཛུབ་མཛད་པས་རང་འདྲའི་ལྷ་མོ་ལྕགས་སྒྲོག་མ་ལ་འཁྱུད་པ། བྱང་སྒོའི་གདན་ལ་རྡོ་རྗེ་དྲིལ་བུ་ལྗང་གུ་ཞལ་གཅིག་ཕྱག་གཉིས། གཡས་དྲིལ་བུ་འཕྱར་ཞིང་། གཡོན་སྡིགས་མཛུབ་མཛད་པས་རང་འདྲའི་ལྷ་མོ་དྲིལ་བུ་མ་ལ་འཁྱུད་པ། བདུད་ལས་རྒྱལ་བྱེད་ལ་སོགས་པའི་ཁྲོ་བོ་བརྒྱད་པོ་ཐམས་ཅད་ཀྱང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཞལ་མཆེ་བ་གཙིགས་ཤིང་། སྤྱན་གསུམ་གསུམ་དང་ལྡན་པ། གོས་སྔོན་པོའི་སྟོད་གཡོགས་དང་། སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། ཀླུ་རིགས་བཞི་རྒྱན་དུ་བྱས་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། འོད་ཟེར་སྤྱན་མ་ལ་སོགས་པའི་ཁྲོ་མོ་བརྒྱད་པོ་ཐམས་ཅད་ཀྱང་དབུ་སྐྲ་རལ་བ་ཁམ་སེར་ཕྱེད་བཅིངས་སུ་བྱས་པ། ཞལ་མཆེ་བ་གཅིགས་ཤིང་སྤྱན་གསུམ་གསུམ་དང་ལྡན་པ། དར་སྣ་ཚོགས་ཀྱི་ན་བཟའ་མནབས་པ། དེར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཟེར་བའང་འདུག །ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་ཡེ་


JLD011_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཡི་གེ་ཉེར་གཅིག་པས་ཕྱི་འབྲང་གི་བགེགས་བསྒྲད། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །དཀྱིལ་འཁོར་གསང་བའི་ལྷ་ཚོགས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔས་མཆོད་ལ། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱཾ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜཧོཿ ཡེ་ཤེས་པ་རྣམས་རང་རང་གི་དམ་ཚིག་པ་རྣམས་ལ་གཉིས་སུ་མེད་པར་གྱུར། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿ དམར་པོ། སྙིང་གར་ཉི་མ་ལ་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་སྤྱན་མ་ལ་སོགས་པ་རྣམས་སྤྱན་དྲངས་སྔར་བཞིན་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེ་རྩེ་ལྔ་པས་མཚན་པའི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་དང་། ༀ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པས་དབང་བསྐུར། ཆུ་ལྷག་མ་ཡར་ལུད། ཐམས་ཅད་ལ་མི་བསྐྱོད་པས་དབུ་བརྒྱན། སྔར་བཞིན་ཆུ་གཉིས་སྔོན་དུ་འགྲོ་བས་མཆོད། ནང་མཆོད་གཏོར་མ་བཞིན་བྱིན་གྱིས་བརླབས། རྩ་བའི་བླ་མ་ནས་བཟུང་སྟེ་བླ་མ་རྣམས་ཀྱི་མཚན་དང་། ལྷ་


JLD011_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་སྔགས་ཀྱི་མཐར་ༀ་ཨཱཿ ཧཱུཾ་བཏགས་ལ་འབུལ།ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །རྣམ་ཤེས་ཞེ་སྡང་རྣམ་དག་ཅིང་། །མི་བསྐྱོད་རྡོ་རྗེའི་བདག་ཉིད་དཔལ། །ཞལ་གསུམ་ཕྱག་དྲུག་རྡོ་རྗེ་འཛིན། །གདུག་པ་ཚར་གཅོད་ཡབ་ཡུམ་སྐུ། །རིགས་བཞི་ཀླུ་ཡིས་རྒྱན་དུ་བྱས། །སྣ་ཚོགས་པདྨའི་གདན་སྟེང་ན། །ཚངས་པ་དབང་པོ་བདུད་བཞི་རྣམས། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །དབང་བསྐུར་རྗེས་གནང་མཐུ་སྟོབས་ཅན། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །གཟུགས་དང་གཏི་མུག་རྣམ་དག་ཅིང་། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། རྣམ་པར་སྣང་མཛད་བདག་ཉིད་དཔལ། །བདུད་ལས་རྒྱལ་བྱེད་ཡབ་ཡུམ་བསྟོད། །ཚོར་བ་སེར་སྣ་རྣམ་དག་ཅིང་། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་འབྱུང་ལྡན་བདག་ཉིད་དཔལ། །རྡོ་རྗེ་གཟི་བརྗིད་ཡབ་ཡུམ་བསྟོད། །འདུ་ཤེས་འདོད་ཆགས་རྣམ་དག་ཅིང་། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །འོད་དཔག་མེད་པའི་བདག་ཉིད་དཔལ། །རྔམ་པ་སྒྲ་སྒྲོག་ཡབ་ཡུམ་བསྟོད། །འདུ་བྱེད་ཕྲག་དོག་རྣམ་དག་ཅིང་། །བྱ་སྒྲུབ་ཡེ་ཤེས་ངོ་བོ་ཉིད། །དོན་ཡོད་གྲུབ་པའི་བདག་ཉིད་དཔལ། །རྡོ་རྗེ་འཕྲིན་ལས་ཡབ་ཡུམ་བསྟོད། །དྲི་ཟ་གཤིན་རྗེ་ཆུ་ལྷ་དང་། །གནོད་སྦྱིན་རྣམས་ནི་གདན་དུ་བྱས། །ཞལ་གཅིག་ཕྱག་བཞིས་མཚོན་ཆ་འཛིན། །དྲག་པོས་ཚར་གཅོད་ཕྱག་འཚལ་བསྟོད། །སྒོ་ཡི་


JLD011_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ན་གནས་པ་ནི། །ཚད་མེད་བཞི་ཡི་ངོ་བོ་ཉིད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ཡབ་ཡུམ་འཕྲིན་ལས་བསྒྲུབ་ལ་ རྒྱུད་ཀྱི་བསྟོད་པའི་ལེའུ་ནས་དྲངས། བསྟོད། །དམར་གྱི་མངོན་རྟོགས་སུ་བསྟོད་པ་འདི་དྲངས། དེ་ནས་གསང་བའི་དཀྱིལ་འཁོར་ནི། །རྡོ་རྗེ་མེ་དཔུང་འོད་དང་ལྡན། །དེ་ཉིད་མཁའ་དང་འབྱུང་བ་ལས། །དུར་ཁྲོད་བརྒྱད་དང་ལྡན་པའི་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པའི། །འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད། །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །དྲི་ཟའི་གདུག་པ་འདུལ་མཛད་པའི། །བདུད་ལས་རྒྱལ་བྱེད་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །གཤིན་རྗེའི་གདུག་པ་འདུལ་མཛད་པའི། །རྡོ་རྗེ་གཟི་བརྗིད་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །ཆུ་བདག་གདུག་པ་འདུལ་མཛད་པའི། །རྔམ་པ་སྒྲ་སྒྲོག་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །གནོད་སྦྱིན་གདུག་པ་འདུལ་མཛད་པ། །རྡོ་རྗེ་འཕྲིན་ལས་ཕྱག་འཚལ་བསྟོད། །འབྱུང་བ་ལྔ་ཡི་བདག་ཉིད་ཆེ། །མཛེས་ལྡན་འོད་ཟེར་ཅན་དང་ནི། །མདངས་ཅན་སྒྲ་དབྱངས་རླུང་འབྱིན་ཏེ། །སྐྱེད་བྱེད་ལས་ཀུན་གྲུབ་པ་ལ། །འགུགས་ཤིང་སྡུད་དང་སྡོམ་ཞིང་འཛིན། །མཐའ་རྟུལ་ལས་རྣམས་བསྒྲུབ་ལ་བསྟོད། །ཆོས་རྣམས་གཟུགས་བརྙན་


JLD011_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྟེ། དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང་། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བའི་སློབ་མ་ཡི། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །བསྐྱེད་པའི་རིམ་པ་ལ་བསླབ་ཚུལ་ལ། རྣམ་པ་ལ་བསླབ་པ་ནི། ཐོག་མར་གཙོ་བོ་ཞལ་གཅིག་ཕྱག་གཉིས་པ་ལྟ་བུའི་རྣམ་པ་གསལ་བཏབ་ལ། དེ་ལ་གསལ་བ་ན་ཞལ་ཕྱག་རྒྱན་ཆ་ལུགས་ཡུམ་དང་བཅས་པ་ལ་བསླབ། དེ་ལ་སྔར་ལྟར་ལོབས་པ་ན་སྔ་མ་མ་བརྗེད་པའི་ངང་ནས་ལྷ་དེ་འཁོར་གྱི་ལྷ་གཉིས་དང་སྦྲེལ་བ་ནས་རྟེན་བརྟེན་པའི་དཀྱིལ་འཁོར་དུར་ཁྲོད་དང་བཅས་པ་ཇི་ལྟར་གསལ་བཏབ་པ་ལྟར་འཆར་བ་དང་། དེའང་ཇི་སྲིད་འདོད་ཀྱི་བར་སེམས་གནས་པའི་གནས་ཆ་བརྟན་པ་དང་། ང་རྒྱལ་ལ་བསླབ་པ་ནི་ཐ་མལ་གྱི་ཞེན་པ་བསལ་ནས་ལྷ་དེ་དང་དེའི་ང་རྒྱལ་བཅོས་མ་མ་ཡིན་པ་བསྐྱེད་པ་ལ་འབད་པར་བྱའོ། །རྫོགས་པའི་རིམ་པ་ལ་བསླབ་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །བསྒོམས་པས་སྐྱོ་ན་ཐུན་མཚམས་སུ་བཟླས་པ་བྱ་བ་ནི། ལྷ་སོ་སོའི་ཐུགས་ཀའི་ས་བོན་གྱི་མཐར། བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས་འགྲོ་བའི་དོན་བྱས། སླར་འདུས་ཏེ་ཐུགས་ཀའི་ས་བོན་ལ་ཞུགས་པའི་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་བསམས་ལ། ཏ་དྱ་ཐཱ། འདི་ལྟ་སྟེ། བྷོ་བྷོ་ ཀྱེ་ཀྱེ་བན་ཞེས་པ་ལྟར་ན་བྲང་འགྲོའི་ཀླུ་རྣམས་ཀྱི་བདག་པོ་ཁྱོད་ཅེས་པ་དང་། བཱན་ཞེས་པ་ལྟར་ན་བཅོམ་ལྡན་


JLD011_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀླུ་རྣམས་ཀྱི་བདག་པོ་ཞེས་པའོ། །བན། ནཱ་ག་ཨ་དྷི་པ་ཏེ་ཨི་དཾ་ནཱི་ལཱི་བ་ར་དྷ་ར་ཤ་ གོས་སྔོན་པོ་འཛིན་པའི་སྐུ་ཅན། རཱི་རཾ། བཛྲ་པཱ་ཎི་ཧྲི་ད་ཡཾ ཕྱག་ན་རྡོ་རྗེའི་སྙིང་པོ་ལས། །ཡཿ ས་མཱ་ཏེ་ཀྲ་མ་ མ་འདའ་ཞིག །ཐ། མཱ་ཀུ་ལ་ཨུཧ་སཱ་ད་ནཾ་བྷ་ཝི་ཥྱནྟི། རིགས་ཉམས་པར་གྱུར་ན་མི་རུང་ངོ་། །ཏ་དྱ་ཐཱ། འདི་ལྟ་སྟེ། བུདྡྷ་བུདྡྷ། རྟོགས་པ་རྟོགས་པ། བི་བུདྡྷ་བི་བུདྡྷ། རྣམ་པར་རྟོགས་པ་རྣམ་པར་རྟོགས་པ། མཱ་ཏི་ཀྲ་མ་ཐ། མ་འདའ་ཞིག །ཧ་ར་ཧ་ར། ཕྲོགས་ཕྲོགས། ནཱ་གཱ་ནཱཾ། ཀླུ་རྣམས་ཀྱི། པྲ་ཧ་ར་པྲ་ཧ་ར། རབ་ཏུ་ཕྲོགས་རབ་ཏུ་ཕྲོགས། སརྦ་ནཱ་གཱ་ནཱཾ། ཀླུ་རྣམས། ཙྪིནྡ་ཙྪིནྡ། ཆོད་ཆོད། ནཱ་ག་ཧྲི་ད་ཡཱ་ནི། ཀླུ་རྣམས་ཀྱི་སྙིང་། བྷིནྡ་བྷིནྡ། ཕུག་ཅིག་ཕུག་ཅིག །ནཱ་ག་མ་རྨཱ་ཎི། ཀླུ་རྣམས་ཀྱི་གནད། བི་ཤཱ་རྻནྟུ་ནཱ་ག་ཤ་རཱི་ར་ཎི། ཀླུ་རྣམས་ཀྱི་ལུས་སྙིལ། བི་སྤོཊ་ཡ་ནཱ་ག་ན་ཡ་ནཱ་ནི། ཀླུ་རྣམས་ཀྱི་མིག་ཕྱུང་། ཏ་དྱ་ཐཱ་ཧཱུཾ་ཕཊ། ནཱ་ག་བིདཱ་ར་ཎཱ་ཡ་ཧཱུཾ་ཕཊ། ཀླུ་རྣམས་འཇོམས་ཤིག །ནཱ་གོ་ཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ཀླུ་རྣམས་ཉམས་པར་གྱིས་ཤིས། ནཱི་ལཱཾ་བ་ས་ནཱ་ཡ་ཧཱུཾ་ཕཊ། ཤམ་ཐབས་སྔོན་པོ་ཅན། ཨ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཧཱུཾ་ཕཊ། གཞོམ་དུ་མེད་པའི་སྟོབས། པ་རྭ་ཀྲ་མཱ་ཡ་ཧཱུཾ་ཕཊ། ཕ་རོལ་གནོན་པའི། ཀྲྀ་ཏ་ནཱ་ཡ་ཧཱུྃ་ཕཊ། མཐར་བྱེད་ཀྱི་ཆེད་དུ། ཀྲི་ཏནྟ་རཱུ་པཱ་ཡ་ཧཱུཾ་ཕཊ། མཐར་བྱེད་ཀྱི་གཟུགས་ཅན། རོ་ཁ་ཎཱ་ཡ་ཧཱུཾ་ཕཊ། ཁྲོས་པའམ་གཏུམ་པོའི་ཆེད་དུ། ཏྲཱ་ས་ནཱ་ཡ་ཧཱུཾ་ཕཊ། སྐྲག་པར་གྱིས། ཀུཾ་བྷཱཎྜོ་ཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། གྲུལ་བུམ་རྣམས་ཉམས་པར་གྱིས་ཤིག །པྲེ་ཏ། ཡི་དྭགས། པི་ཤཱ་ཙ། ཤ་ཟ། བི་ནཱ་ཤ་ཀ་རྭ་ཡ་ཧཱུཾ་ཕཊ། རྣམ་པར་ཞི་བར་མཛོད། ཡཀྵ་ཨ་པ་སྨཱ་ར། གནོད་སྦྱིན་བརྗེད་བྱེད། བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། རྣམ་པར་ཞི་བར་མཛོད། ཧ་ས། བཞད་པ། ཧ་ས། བཞད་པ། དྷ་ར། ཟུངས། དྷ་ར། ཟུངས། མཱ་ར་ཡ། སོད། མཱ་ར་ཡ། སོད།


JLD011_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ཤ་ཡ། ཞི་བར་གྱིས། ནཱ་ཤ་ཡ། ཞི་བར་གྱིས། སརྦ་བི་གྷྣཱན། བགེགས་ཐམས་ཅད། བི་ནཱ་ཤ་ཀ་རྭ་ཡ་ཧཱུཾ་ཕཊ། རྣམ་པར་ཞི་བར་མཛོད། སརྦ་ཤ་ཏྲུཾ་སཾ་གྷ་བཾ་ནཱ་ཤ་ཀ་རཱ་ཧཱུཾ་ཕཊ། དགྲའི་ཚོགས་ཐམས་ཅད་རྣམ་པར་ཞི་བར་མཛོད། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རྭ་ཛྙཱ་པ་ཡ་ཏི་སཱ་ཧཱ། གོས་སྔོན་པོ་འཛིན་པའི་ཕྱག་ན་རྡོ་རྗེའི་བཀས་བསྒོ་བར་བྱེད་དོ། ། ༀ་པ་རྭ་ཀྲ་མཱ་ཡ་ཧཱུཾ་ཕཊ། ༀ་ཀྲྀ་ཏནྟྲ་ཡ་ཧཱུྃ་ཕཊ། ༀ་ཀྲྀ་ཏནྟྲ་རཱུ་པཱ་ཡ་ཧཱུྃ་ཕཊ། ༀ་རོ་ཥ་ཎཱ་ཡ་ཧཱུཾ་ཕཊ། ཁྲོ་བོ་བཞིའི་སྙིང་པོའོ། །ༀ་བི་དྭ་ར་ཎཱ་ཡ་ཧཱུཾ་ཕཊ། ༀ་ནཱ་གོ་ཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ༀ་ནཱི་ལཱཾ་བ་ས་ནཱ་ཡ་ཧཱུཾ་ཕཊ། ༀ་ཨ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཧཱུཾ་ཕཊ། འགྲེལ་པར། འོག་མ་འདི་གཉིས་ལ་ༀ་དང་ཧཱུཾ་མ་སྦྱར་རོ། །ཁྲོ་མོ་བཞིའི་སྙིང་པོའོ། །དཔང་གིས་དག་ཐེར་བྱས་པ་ལྟར་ཡིན་ནོ། །ༀ་ཧ་ར་ཧ་ར་ཧོཿ ༀ་པྲ་ཧ་ར་པྲ་ཧ་ར་བཾ། ༀ་ཙྪིནྡྷ་ཙྪིནྡྷ་ཛཿ ༀ་བྷིནྡྷ་བྷིནྡྷ་ཧཱུཾ། སྒོ་བ་ཡབ་བཞིའི་སྙིང་པོ་དང་། ༀ་ཧ་ས་ཧ་ས་ཧཱུཾ། ༀ་དྷ་ར་དྷ་ར་ཛཿ ༀ་མཱ་ར་ཡ་མཱ་ར་ཡ་བཾ། ༀ་ནཱ་ཤ་ཡ་ནཱ་ཤ་ཡ་ཧོཿ སྒོ་བ་ཡུམ་བཞིའི་སྙིང་པོར་འབྲེལ་བར་བཤད་དོ། །ༀ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། ཁ་ཅིག་འདི་ཉེ་སྙིང་དུ་འདོད། །ༀ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧྲི་ད་ཡ་མཧཱ་ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཡབ་ཀྱི་སྙིང་པོའོ། །ཐུན་མཚམས་སུ་གཏོར་མ་བྱ་བ་ནི། ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས་ལ། ཡཾ་ལསརླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་མེ་འབར་བས་མཚན་པ། དེའི་སྟེང་དུ་ཨ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། པདྨ་དམར་པོ་འདབ་མ་བརྒྱད་པ་ལྟེ་བ་ལ་ཧྲཱིཿ ས་


JLD011_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། ཤར་ལ་སོགས་པའི་ཕྱོགས་བཞི་དང་དབུས་སུ། བྲུཾ་ཨཾ་ཛིཾ་ཁཾ་ཧཱུཾ་ལས་བྱུང་བའི་བ་ལང་། ཁྱི། གླང་པོ་ཆེ། རྟ། མིའི་ཤ་ལྔ་ལ། གོ་ཀུ་ད་ཧ་ནའི་ཡི་གེས་མཚན་པ། མེ་ནས་བརྩམས་ཏེ་མཚམས་བཞི་དང་། དབུས་སུ། ལཾ་མཾ་པཾ་ཏཾ་བཾ་ལས་བྱུང་བའི་དྲི་ཆེན། རཀྟ། བྱང་སེམས་དཀར་པོ། རྐང་མར། དྲི་ཆུ་རྣམས་ལ། བི་ར་ཤུ་མ་མཱུའི་ཡི་གེས་མཚན་པ། དེའི་སྟེང་དུ་ཟླ་བ་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེའི་སྟེང་དུ་ༀ་ཡིག་དཀར་པོ་འོད་ཟེར་འཕྲོ་བ། རྡོ་རྗེའི་ལྟེ་བའི་ཧཱུཾ་གི་འོད་ཟེར་གྱིས་རླུང་བསྐྱོད་པས་མེ་སྦར་ཐོད་པའི་རྫས་རྣམས་བསྐོལ་བའི་ནང་དུ། རྡོ་རྗེ་ཟླ་གདན་དང་བཅས་པ་ལྷུངས་ནས་དཀྲུགས་པས། དྲི་མ་སྦྱངས་སྐྱོན་མེད་པར་བྱས། པདྨ་ཧྲཱིཿ དང་བཅས་པ་ཞུ་བས་བདུད་རྩི་ཆགས་པའི་རོ་དང་ལྡན་པར་རྟོགས་པར་བྱས། ༀ་ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བསྣན་པས་མང་པོར་སྦར་ཞིང་སྤེལ་བར་གྱུར། ༀ་ཨཿ ཧཱུཾ་ཧ་ཧོ་ཧྲཱིཿ ས་བྱིན་གྱིས་བརླབས་ལ། མདུན་གྱི་ནམ་མཁར་པདྨ་འདབ་མ་བརྒྱད་པའི་ལྟེ་བའི་དབུས་སུ། སངས་རྒྱས་འཁོར་ལོ་ཆེན་པོ་ཡབ་ཡུམ། ཤར་དུ་བདུད་ལས་རྒྱལ་བྱེད་ཡབ་ཡུམ། ལྷོར་རྡོ་རྗེ་གཟི་བརྗིད་ཡབ་ཡུམ། ནུབ་ཏུ་རྔམ་པ་སྒྲ་སྒྲོག་ཡབ་ཡུམ། བྱང་དུ་བདུད་རྩི་འཁྱིལ་བ་ཡབ་ཡུམ། དེའི་ཕྱིའི་ཤར་དུ་རྡོ་རྗེ་ལྕགས་ཀྱུ་ཡབ་ཡུམ། ལྷོར་རྡོ་རྗེ་ཞགས་པ་ཡབ་ཡུམ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་ཡབ་ཡུམ། བྱང་དུ་རྡོ་རྗེ་དྲིལ་བུ་ཡུབ་ཡུམ། འདབ་མ་བརྒྱད་ལ་ཕྱོགས་སྐྱོང་བ་རྣམས་དང་། ཀླུ་ཆེན་པོ་བརྒྱད་གསལ་བཏབ་ལ།


JLD011_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་ལ་ཕྱོགས་སྐྱོང་དང་ཀླུ་རྣམས་ཀྱིས་བསྐོར་བ་སྤྱན་དྲངས་སྔར་བཞིན་མཆོད་ནས། དགུག །གཞུག །བཅིང་། མཉེས་བྱ། དབང་བསྐུར་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མི་བསྐྱོད་པས་རྒྱས་བཏབ། མཆོད་པས་མཆོད་ནས། མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་འོད་ཀྱི་སྤུ་གུ་ཅན་ༀ་ཡིག་གིས་མཚན་པས་གསོལ་བར་བསམས་ལ། ཡི་གེ་ཉེར་གཅིག་པས་འཇིག་རྟེན་ལས་འདས་པ་རྣམས་དང་། ཕྱོགས་སྐྱོང་འབྱུང་བོ་རྣམས་ལ་ཨ་ཀཱ་ རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུ་དྤ་ནྣ་ཏྲཱད་ༀ་ཨཿ ཧཱུཾ། རོས་འཇིག་རྟེན་པ་རྣམས་ལ་ལན་གསུམ་གྱིས་དབུལ། ཕྱི་ནང་གི་མཆོད་པ་དང་། བསྟོད་པས་བསྟོད་ནས། ནོངས་པ་བཟོད་པར་གསོལ། འདོད་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་བཟླས་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་པ་དང་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས། འདས་པའི་དམ་ཚིག་པ་བདག་ལ་བསྡུ། ཐུན་མཚམས་སུ་སྤྱོད་ལམ་ཐམས་ཅད་ལྷའི་ང་རྒྱལ་གྱིས་གནས་པར་བྱའོ། །ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་གསུང་ལས་ཟིན་བྲིས་སུ་བྱས་པའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །།སརྦ་མངྒ་ལཾ། །

སྟོབས་པོ་ཆེ་ལ་བརྟེན་པའི་ཆར་འབེབས་རྗེའི་མན་ངག་ཞལ་ཤེས།


JLD011_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་པོ་ཆེ་ལ་བརྟེན་པའི་ཆར་འབེབས་རྗེའི་མན་ངག་ཞལ་ཤེས་བཞུགས་སོ། །


JLD011_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དམ་པ་ཙོང་ཁ་པ་ཆེན་པོས་མཛད་པའི་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེའི་སྒོ་ནས་ཆར་དབབ་པའི་ཆོ་ག་འདིའི་ལག་ལེན་བྱ་བའི་མན་ངག་ལ་དང་པོར་བཅའ་གཞི་ནི། ཀླུ་གནས་པའི་སའི་ཕྱོགས་སུ་ཆུའི་སྐར་མ་དང་འགྲིག་པའི་དུས་བཟང་པོ་ལ་ཕྱིན་ཏེ། ཆུ་མིག་གི་དྲུང་དུ་རང་གི་མདུན་དུ་ཆུའི་རྫིང་བུ་བསྐྱིལ། རྫིང་བུ་དེའི་ནུབ་ཕྱོགས་ཀྱི་འགྲམ་དུ་དཀྱིལ་འཁོར་གྱི་ས་མཉམ་པར་བྱས་ལ། དེའི་སྟེང་དུ་མེའི་དཀྱིལ་འཁོར། རླུང་གི་དཀྱིལ་འཁོར། ཆུའི་དཀྱིལ་འཁོར་རྣམས་རིམ་པ་བཞིན་གཅིག་སྟེང་དུ་གཅིག་ཡོད་པའི་རྣམ་པ་ཅན་བྲིས་པའི་སྟེང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར། ཆུ་ལྷ་སྐུ་སྟོད་སྐྱེས་བུའི་གཟུགས་ཅན་གདེངས་ཀ་བདུན་ལྡན་མདོག་དཀར་བ། ཕྱག་གཉིས་ན་སྤྲུལ་ཞགས་


JLD011_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་འབྲིའོ། །འདབ་མ་ལ་ཤར་དུ་མཐའ་ཡས་སྔོ་བསངས། ལྷོར་ནོར་རྒྱས་དཀར་པོ། ནུབ་ཏུ་འཇོག་པོ་དམར་པོ། བྱང་དུ་སྟོབས་རྒྱུ་སྔོན་པོ། མེར་པདྨ་དམར་པོ། བདེན་བྲལ་དུ་པདྨ་ཆེན་པོ་སེར་སྐྱ། རླུང་དུ་དུང་སྐྱོང་སེར་པོ། དབང་ལྡན་དུ་རིགས་ལྡན་ཁ་དོག་སྣ་ཚོགས་པ་བྲིས་ཏེ། འདབ་བརྒྱད་ཀྱི་ཁ་དོག་ཀྱང་དེ་བཞིན་དུ་བྱའོ། །མཆོད་པ་ཉེར་སྤྱོད་ལྔ་དང་། བ་དན་སྔོན་པོ་དང་། བུམ་པ་སྔོན་པོ་ཆུ་སྔོན་པོས་གང་བ་དང་། མེ་ཏོག་སྔོན་པོ་དང་། རྒྱ་སྤོས་དང་། ཡུངས་ཀར་དང་། ནཱ་ག་གེ་སར་གྱི་ཕྱེ་མ་དང་། ཤ་ཁ་ར་དང་བཅས་པའི་བདུག་པ་དང་། མར་དཀར་གྱི་མར་མེ་དང་། བུ་རམ་དང་འོ་མས་སྦྲུས་པའི་ལྷ་བཤོས་རྣམས་འཚོགས་པར་བྱ། གཞན་ཡང་ཁམ་ཕོར་སོ་མ་བཏང་བ་ལ།


JLD011_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

རམས་གྱི་ཁུ་བས་རལ་གྲི་ལྕེ་བརྒྱད་པའི་འཁོར་ལོ་བྲིས་པའི་དབུས་སུ་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར། ༀ་ཤཱུ་ལི་ནི་སྭཱཧཱ། ཞེས་མདུང་ཅན་མའི་སྔགས་འདི་དང་། ཀླུ་རྣམས་ཀྱི་སྙིང་པོ། ནཾ་ཞེས་པ་སྤེལ་ནས་འབྲི། དེ་ནས་ཁམ་ཕོར་ཁ་སྦྱར་ཏེ། སྐུད་པ་སྔོན་པོས་དཀྲིས་ལ་མདུན་དུ་བཞག །གཞན་ཀླུ་ལ་ཕོག་ཐུག་ཏུ་འགྱུར་བའི་ཡོ་བྱད་ཉེ་ལམ་དུ་མི་བཅང་། སྒྲུབ་པ་པོ་རྣམས་ཁྲུས་དང་གཙང་སྦྲ་ལ་གནས་པས། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་སྔོན་དུ་བཏང་ནས། ཤཱུནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འོག་དང་ཕྱོགས་མཚམས་བརྒྱད་དང་སྟེང་དུ་འཕྲོས་པ་ལས་སྲུང་འཁོར་ཐུན་མོང་བ་བསྒོམ། དེའི་དབུས་སུ་སྣ་ཚོགས་པདྨ་དང་། ཉི་མའི་གདན་གྱི་སྟེང་དུ། ཧཱུཾ་ལས་རྩེ་གསུམ་ཧཱུཾ་གིས་མཚན་པ་ལས་རང་ཉིད་སྟོབས་པོ་ཆེ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཡས་བསྐུམ་ཞིང་། གཡོན་བརྐྱངས་ཀྱིས་བཞུགས་པ། སྤྱན་གསུམ་དམར་ལ་ཟླུམ་པ། སྦྲུལ་བརྒྱད་ཀྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཕྱག་གཡས་པ་ན་མདུང་རྩེ་གསུམ། གཡོན་པ་ན་ཀླུའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ་བསྐྱེད་ལ། རང་གི་སྤྱི་བོར་ༀ། མགྲིན་པར་ཨཱཿ ། ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ རང་དང་གཉིས་སུ་མེད་པར་བསྟིམ། སླར་ཡང་ཧཱུཾ་ལས་


JLD011_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས་ཏེ་དེ་རྣམས་ཀྱིས་དབང་བསྐུར་བས་ལུས་གང་དྲི་མ་དག་མི་བསྐྱོད་པས་དབུ་བརྒྱན་པར་བསྒོམ། འོག་ནས་འབྱུང་བའི་སྔགས་ཅི་འགྲུབ་ཅིག་བཟླའོ། །དེ་ནས་སྔར་གྱི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་མདུན་དུ་མེའི་དཀྱིལ་འཁོར། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་སྔོན་པོ། ཤར་གྱི་འདབ་མ་སྔོ་བསངས། ལྷོའི་འདབ་མ་དཀར་པོ། ནུབ་ཀྱི་འདབ་མ་དམར་པོ། བྱང་གི་འདབ་མ་ལྗང་གུ །ཤར་ལྷོའི་དམར་པོ། བདེན་བྲལ་གྱི་སེར་སྐྱ། ནུབ་བྱང་གི་སེར་པོ། དབང་ལྡན་གྱི་ཁ་དོག་སྣ་ཚོགས་པའོ། །པདྨ་དེའི་ལྟེ་བར་པཾ་དང་། འདབ་མ་བརྒྱད་ཀྱི་དབུས་སུ་ནཾ་རེ་རེ། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་ཆུ་ལྷ་ཝ་རུ་ཎ་དཀར་པོ། སྐུ་སྟོད་སྐྱེས་བུའི་གཟུགས་ཅན། སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། ཕྱག་གཉིས་སྦྲུལ་གྱི་ཞགས་པ་ཐོགས་པའོ། །འདབ་མ་བརྒྱད་ལ་ཤར་དུ་མཐའ་ཡས་སྔོ་བསངས། ལྷོར་ནོར་རྒྱས་དཀར་པོ། ནུབ་ཏུ་འཇོག་པོ་དམར་པོ། བྱང་དུ་སྟོབས་རྒྱུ་སྔོན་པོ། མེར་པདྨ་དམར་པོ། བདེན་བྲལ་དུ་པདྨ་ཆེན་པོ་སེར་སྐྱ། རླུང་དུ་དུང་སྐྱོང་སེར་པོ། དབང་ལྡན་དུ་རིགས་ལྡན་ཁ་དོག་སྣ་ཚོགས་པ། དེ་དག་ཐམས་ཅད་སྟོད་མི་འདྲ་བ་ལ་གདེངས་ཀ་བདུན་དང་ལྡན་པ། སྨད་སྦྲུལ་མཇུག་ཏུ་མཁྱིལ་བ། ཕྱག་གཉིས་ཐལ་མོ་སྦྱར་བའོ། །


JLD011_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རང་ཉིད་ཁྲོ་བོ་སྟོབས་པོ་ཆེའི་ང་རྒྱལ་བརྟན་པར་བྱས་པའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། འོག་གི་འཇིག་རྟེན་ནས་ཆུ་ལྷ་ཝ་རུ་ཎ་ཀླུ་བརྒྱད་ཀྱིས་བསྐོར་བ་སྤྱན་དྲངས་ལ། ངག་ཏུ་ཧཱུཾ་ཕུཿ ཕཊ། ཅེས་ལན་བདུན་གྱིས་སྤྱན་དྲངས་པ་རྣམས་མདུན་གྱི་གཟུགས་རྣམས་ལ་དགུག་ཅིང་གཞུག །ཀླུ་དེ་དང་དེ་དངོས་ཡིན་པའི་ཞེན་པ་དྲག་པོ་བྱ། དེ་ནས་སྔར་གྱི་ཁམ་ཕོར་སྐུད་པས་བཅིངས་པ་བཀྲོལ་ཏེ་ཁ་ཕྱེ་ནས་རང་གི་མདུན་དུ་བཞག་ལ། སྔར་བཞིན་ཁྲོ་བོར་གསལ་བའི་སྙིང་གའི་ཧཱུཾ་གིས་ས་འོག་གི་འཇིག་རྟེན་ནས་ཝ་རུ་ཎ་འཁོར་ཀླུ་བརྒྱད་དང་བཅས་པ་བཀུག་ནས་ཁམ་ཕོར་གྱི་ནང་གི་ཡི་གེ་རྣམས་ལ། ཧཱུཾ་ཕུཿ ཕཊ་ཅེས་ལན་བདུན་བཟླས་ནས་དགུག་གཞུག་སྔར་བཞིན་བྱ། དེ་ནས་དཀྱིལ་འཁོར་གྱི་ཀླུ་དང་ཁམ་ཕོར་གྱི་ཀླུ་ཐམས་ཅད་ལ་མཆོད་པ་འབུལ་བ་ནི། ཉེར་སྤྱོད། འདོད་ཡོན། བུམ་ཆུ། བ་དན་སོགས་ལ། ༀ་ནི་ཞེས་མང་དུ་བཟླས་པས་བྱིན་གྱིས་བརླབ་སྟེ། ༀ་ཨཱཿ ནཱ་ག་ཨ་ཏི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་སོགས་ཀྱིས་དབུལ།དེ་ནས་ཁམ་ཕོར་སྐུད་པས་བཅིངས་ལ། རྫིང་བུའི་དབུས་སུ་ཆུ་ལ་མ་རེག་ཙམ་གྱི་སྟེགས་བུ་ལ་བཞག་ནས་སྔགས་ཀྱི་བཟླས་པ་བྱ་བ་ནི། བཅོམ་ལྡན་འདས་ཀྱི་བཀས་ཀླུ་རྣམས་བདག་ལ་དགའ་ཞིང་ཆར་ཆེན་པོ་འབེབས་པར་བསམས་ལ། ན་མཿ ས་མནྟ་བུདྡྷེ་བྷྱོ་ན་མོ་མ་ཧཱ་བ་ལ་ཡ་ཨུཙྪུཥྨ་མཧཱ་ཀྲོ་དྷ་རཱ་ཛཱ་ཡ། སརྦ་ནཱ་ག་ནཾ། ཧྲི་ད་ཡཱ་ཏྲ་ཊ་ཡ། ཧཱུཾ་ཕུཿ ཕཊ།


JLD011_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཤཱུ་ལ་པཱ་ཎི་བརྵ་ཡ་ཤྲཱི་གྷྲཾ། ༀ་ཛྱོ་ཏི་ནི་᪇ཱ་ད་བརྵ་ཡ་ཤྲཱི་གྷྲཾ་ཞེས་བསྐུལ་བའི་ཚིག་དང་བཅས་པ་བཟླ་བར་བྱ། གཉིད་རྨུགས་སོགས་དང་མ་འདྲེས་པར་བཟླས་ན་ངེས་པར་ཆར་འབབ་སྟེ། རྡོ་རྗེ་འཆང་གི་བཀའ་མི་བསླུ་བའི་ཕྱིར་རོ། འདིའི་གནད་ལ་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ལྟ་བུར་བལྟ་བ་དང་། བྱང་ཆུབ་ཀྱི་སེམས་ཅི་ནུས་སུ་བསྒོམ་པ། རྡོ་རྗེ་འཆང་གི་བཀའ་ལ་ཡིད་ཆེས་པ་རྣམས་དགོས་སོ། །ལུག་ལོའི་དབྱར་ཆར་དཀོན་པོ་བྱུང་དུས། རྗེ་རིན་པོ་ཆེས་གདམས་པ་འདི་མཛད་པས། ཆར་གྱི་རྒྱུན་ཆེན་པོས་འཛིན་མའི་ཁྱོན་གྱི་འབྲུ་བཅུད། རྩི་ཤིང་མེ་ཏོག་སྨན་ཐམས་ཅད་ལྷག་པར་རྒྱས་ཤིང་འཕེལ་བ་ཡིན་ནོ། །ཆར་ཕེབས་ནས་ཀླུ་སྔར་བཞིན་མཆོད་ནས་རང་གནས་སུ་བཏང་ངོ་། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །།མངྒ་ལཾ། །

སྤྲིན་བྲལ་བའི་མན་ངག་དང་། རྟ་མགྲིན་ཤྭ་ན་བཞིས་བསྐོར།


JLD011_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་བྲལ་བའི་མན་ངག་དང་། རྟ་མགྲིན་ཤྭ་ན་བཞིས་བསྐོར་བཞུགས་སོ། །


JLD011_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྤྲིན་བྲལ་བའི་ཚུལ་ནི། རོ་རས་ལ་འོག་གི་སྔགས་བྲིས་པ་མདུན་དུ་བཀྲམ། རོ་རས་གདན་དུ་བྱས་ནས། ཇི་ལྟར་བདེ་བར་འཁོད་དེ། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ།སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ། ཧཱུཾ་ལས་པདྨ་དམར་པོ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན། སྐུ་མདོག་དམར་པོ་དམར་ནག་དཀར་བའི་ཞལ་ཅན། རྩ་ཞལ་གྱི་སྟེང་ན་རྟ་མགོ་ལྗང་གུ །ཕྱག་བརྒྱད་ཀྱི་གཡས་དང་པོས་བ་དན་རྩེ་གསུམ་པའི་ཕྱག་རྒྱ་མཐེ་བོས་མཐེའུ་ཆུང་མནན་ནས་སོར་མོ་ལྷག་མ་གསུམ་བརྐྱངས་པ། གཉིས་པས་


JLD011_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རྡོ་རྗེ། གསུམ་པས་རལ་གྲི། བཞི་པས་མདའ། གཡོན་དང་པོས་སྣ་ཚོགས་པདྨ། གཉིས་པས་འཕང་མདུང་། གསུམ་པས་མེ་ལོང་། བཞི་པས་གཞུ་འཛིན་པ། ཞབས་བཞིའི་མདུན་མ་གཉིས་གཡས་བརྐྱངས་དང་། རྒྱབ་མ་གཉིས་གཡོན་བརྐྱངས་པའི་འོག་ཏུ། ཚོགས་བདག་དང་དབང་ཕྱུག་མནན་པ། ཧཱུཾ་གི་སྒྲས་གདུག་པ་ཅན་ཐམས་ཅད་འཇིལ་བར་མཛད་པ། ཤིན་ཏུ་ཆེ་བའི་སྐུ། ཁྲོ་བོའི་ཉམས་དང་རྒྱན་ཐམས་ཅད་རྫོགས་པ། དེའི་སྤྱི་བོར་ཨོ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་པ་ལ་མཆོད་ནས། ཛཿ ཧཱུཾ་བཾ་ཧོཿ དགུག་གཞུག་བཅིང་མཉེས་བྱ།


JLD011_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་འོད་ཟེར་འཕྲོས་པས་དབང་ལྷ་སྤྱན་དྲངས། མཆོད། གསོལ་བ་གདབ། དབང་གི་ཆུས་ལུས་གང་། ཆུ་ལྷག་མ་ཡར་འཁྱིལ་བ་ལས། རྩ་ཞལ་གྱི་དབུ་ལ་འོད་དཔག་མེད་པས་དབུ་བརྒྱན་པར་བསམས་ལ། ༀ་ཧ་ཡ་གྲཱི་བ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། སོགས་ཀྱིས་མཆོད། བསྟོད་པ་ཅི་ཤེས་པས་བསྟོད། ཧཱུཾ་ལས་བྱུང་བའི་ལྗགས་ཁ་དོག་དམར་པོ་རྒྱ་ཆེན་པོར་གྱུར་པ་བསྐྱོད་པས་ཆུ་འཛིན་པའི་སྤྲིན་ཐམས་ཅད་ཞལ་དུ་གསོལ་བ་དང་། དབུགས་ཕྱིར་སྤྲོ་བའི་ཚེ་དེས་སྤྲིན་རྣམས་རྡུལ་ཕྲ་རབ་ཏུ་གཏོར་ཞིང་། ཐུགས་ཀ་ནས་ཁྲོ་བོའི་ཚོགས་མཚོན་ཆ་སྣ་ཚོགས་པ་བསྣམས་པ་སྐུ་ལས་མེ་འབར་བ་དཔག་མེད་སྤྲོས་པས་སྤྲིན་ཐམས་ཅད་བྲལ་བར་བསམས་ལ། ༀ་ཏརྫ་ཡ་ཏརྫ་ཡ་ཤ་མ་ཤ་ན་པྲི་ཡ་ཡ་ཕཊ་སྭཱཧཱ། ཞེས་བཟླས་པས་འགྲུབ་པོ་ཞེས་རྗེ་བཙུན་མཚུངས་མེད་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་ཀྱིས་གསུངས་སོ། །རྟ་མགྲིན་གྱི་སྒོ་ནས་ཆར་གཅོད་པའི་མན་ངག་འདིའང་། ཧ་ཅང་ཆར་ཆེས་པས་སྤྱིལ་བུ་རྣམས་ལ་ཞིག་རལ་དང་། ཞིང་རྣམས་ལའང་ཆར་ཆེས་པའི་གནོད་པ་བྱུང་དུས། སྔ་མ་བཞིན་དུ་ཞུས་པའི་ངོར་གནང་བའི་མན་ངག་ཡིན་པར་གདའོ། །སརྦ་མངྒ་ལཾ། །༈ རྟ་མགྲིན་ཤྭ་ན་བཞིས་བསྐོར་བཞུགས། བླ་མ་དང་དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ། །དང་པོར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་བྱའོ། །དེ་ནས་སྙིང་གར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས།


JLD011_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་བླ་མ་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་པ་ལ་ཡན་ལག་བདུན་པ་བྱ། ཚད་མེད་པ་བཞི་བསྒོམ། སྦྱོར་བ་ཚོགས་བསག་པའོ། །དེ་ནས་སྭ་བྷྭ་ཝས་སྟོང་པར་གྱུར། དེའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སྟེང་ཐམས་ཅད་རྡོ་རྗེའི་བླ་བྲེ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཕྱོགས་ཐམས་ཅད་རྡོ་རྗེའི་ར་བ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བའི་བསྲུང་བའི་འཁོར་ལོ་བསྐལ་པ་འཇིག་པའི་རླུང་གིས་ཀྱང་མི་ཐར་བར་གྱུར།དེའི་དབུས་སུ་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་པའི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི་དང་ལྡན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧྲཱིཿ ལས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཧྲཱིཿ ས་མཚན་པ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། གཙོ་འཁོར་ལྔ་ཅིག་ཅར་དུ་སྐུ་ཡོངས་སུ་རྫོགས་པར་གྱུར། དེ་གསལ་གདབ་པ་ནི། བདག་ཉིད་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག །ཞབས་བཞི་པ། རྩ་བའི་ཞལ་སྐུ་མདོག་དང་མཚུངས་པ། གཡས་དཀར་བ། གཡོན་ལྗང་བ། དམར་ཞིང་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། རབ་ཏུ་བགྲད་པའི་ཞལ་མཆེ་བ་རྣམ་པར་གཙིགས་པ། སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་འབར་བ། དབུ་སྐྲ་ཁམ་


JLD011_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སེར་གྱེན་དུ་བརྫེས་པའི་གསེབ་ནས་རྟ་མགོ་ལྗང་གུ་རྟ་སྐད་འཚེར་བཞིན་པ་གསུམ་འདོན་པ། ཐོད་སྐམ་གསུམ་གསུམ་གྱིས་དབུ་བརྒྱན་ཅིང་། ཐོད་རློན་གྱི་ཕྲེང་བའི་དོ་ཤལ་ཅན། སྦྲུལ་རིགས་ལྔས་རྣམ་པར་བརྒྱན་པ། གཡས་ཀྱི་དང་པོས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འཕྱར་བ། གཉིས་པས་གསེར་གྱི་ཞགས་པ། གསུམ་པས་སེང་ལྡེང་གི་དབྱུག་པ། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་བཟུང་བ། གཉིས་པ་ན་རལ་གྲི། གསུམ་པའི་ཕྱག་སོར་མོ་རབ་ཏུ་གདེངས་པ་བརྐྱངས་པ་ལས་རིགས་ལྔའི་ཁྱུང་འཕྲོས་ནས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་བཞི་གཡས་ཅུང་ཟད་བསྐུམ་ཞིང་གཡོན་བརྐྱངས་པའི་དོར་སྟབས་ཀྱིས་སྦྲུལ་བརྒྱད་དྲིལ་བའི་སྟེང་དུ་ཚངས་པ་བརྒྱ་བྱིན་མནན་པ། ཁྲོ་བོའི་གད་རྒྱངས་རབ་ཏུ་སྒྲོག་པའི་དབྱངས་ཀྱི་ང་རོས་ཁམས་གསུམ་ཐམས་ཅད་འཇིགས་པ་ལས་ཀྱང་ཆེས་ཤིན་ཏུ་འཇིགས་པར་མཛད་པའི། ཤར་དུ་རྡོ་རྗེ་ལས་བྱེད་མ། ལྷོར་གཤིན་རྗེ་ལས་བྱེད་མ། ནུབ་ཏུ་ཀླུའི་ལས་བྱེད་མ། བྱང་དུ་གནོད་སྦྱིན་ལས་བྱེད་མ། རིམ་པ་བཞིན་དཀར་སྔོ་དམར་སེར་གྱི་ཁ་དོག་ཅན། གཡས་ཐམས་ཅད་ཀྱིས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་ཐམས་ཅད་ཀྱིས་ཐོད་པ་སྙིང་གར་བཟུང་བ། རབ་ཏུ་ཁྲོ་མོའི་རྣམ་པ་ཅན། གཡས་བསྐུམས། གཡོན་བརྐྱངས་སུ་འཁོད་པ། སོ་སོའི་


JLD011_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བགེགས་ཐམས་ཅད་སྐྲག་པར་མཛད་པ། ཐམས་ཅད་ཡེ་ཤེས་ཀྱི་མེ་བསྐལ་པའི་མེ་འབར་བ་ལྟ་བུའི་དབུས་ན་བཞུགས་པར་གྱུར་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར།ཡང་རིགས་ལྔ་སྤྱན་དྲངས་དབང་བསྐུར། གཙོ་བོ་ལ་འོད་དཔག་མེད། འཁོར་རྣམས་ལ་རིགས་བཞིས་ཇི་ལྟ་བར་དབུ་བརྒྱན་པར་གྱུར། དེ་ནས་གཙོ་བོའི་ཐུགས་ཀར་ཉི་མའི་སྟེང་དུ་རྟ་མགྲིན་ཞལ་གཅིགཕྱག་གཉིས་པ། ཕྱག་གཡས་སེང་ལྡེང་གི་དབྱུག་པ་འཕྱར་བ། གཡོན་ཐུགས་ཀར་སྡིགས་མཛུབ། རྟ་མགོ་གཅིག་དང་ལྡན་པའི་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧྲཱིཿ མཐར་ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱིཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་པས་བསྐོར་བ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་ལ་མཆོད། ཚུར་འདུས་བྱིན་རླབས་ནུས་པ་ཐམས་ཅད་བཀུག་ནས་རང་ལ་ཐིམ། བདག་ཉིད་ཁྲོ་བོའི་ནུས་པ་དང་བྱིན་རླབས་དཔག་ཏུ་མེད་པ་དང་ལྡན་པར་གྱུར། སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་གྱི་ཚོགས་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་ལྟར་འབར་བ་མང་པོ་ཕྱོགས་བཅུར་འཕྲོས་པས་བདག་ཉིད་ལ་གནོད་བྱེད་ཀྱི་གདོན་བགེགས་ཐམས་ཅད་བྱ་སྒྲོ་མེས་བཤུར་བ་བཞིན་གྱུར་པར་བསམ་ཞིང་བཟླས་པ་བྱའོ། །གཙོ་བོའི་སྔགས་སྟོང་ཚོ་རེའི་མཐར། བཛྲ་ཤྭ་ན་ས་མ་ཡ། ཡ་མ་ཤྭ་ན་ས་མ་ཡ།


JLD011_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ག་ཤྭ་ན་ས་མ་ཡ། ཡཀྵ་ཤྭ་ན་ས་མ་ཡ། ཞེས་པའི་ཤམ་བུ་བཏགས་པ་བརྒྱ་རྩ་རེ་བཟླའོ། །གཙོ་བོ་ལ་བརྒྱ་རྩ་གཅིག་ལྟ་བུ་བཟླས་ན། ཤམ་བུ་ཅན་ཉེར་གཅིག་གོ །ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། །བཛྲ་ཤྭ་ན་ས་མ་ཡ། ཡ་མ་ཤྭ་ན་ས་མ་ཡ། ནཱ་ག་ཤྭ་ན་ས་མ་ཡ། ཡཀྵ་ཤྭ་ན་ས་མ་ཡ། ཞེས་སོ། །མངྒ་ལཾ། །

རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་རྗེ་རིན་པོ་ཆེས་གནང་བ།


JLD011_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་རྗེ་རིན་པོ་ཆེས་གནང་བ་བཞུགས་སོ། །


JLD011_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཐམས་ཅད་འཇོམས་མ། འཕགས་མ་རི་ཁྲོད་ལོ་མ་ཅན་སྒོམ་པར་འདོད་པས་སྔོན་དུ་འགྲོ་བ་བྱས། སྭ་བྷཱ་ཝས་སྟོང་པར་སྦྱངས། པཾ་ལས་པདྨ་དང་ཟླ་བའི་སྟེང་དུ་རང་གི་ཤེས་པ་པཾ་ལས་རྡོ་རྗེ་པཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་བསལ། ནད་བདག་ཐམས་ཅད་བཏུལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་ཅན། སྐུ་མདོག་སེར་མོ་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་སེར། གཡས་དཀར། གཡོན་དམར། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ། མིའུ་ཐུང་ཤིན་ཏུ་ཁྲོས་པའི་ཆ་ལུགས་ཅན། ཕྱག་གཡས་དང་པོས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་དགྲ་སྟ་འདེབས་པའི་ཚུལ། གསུམ་པས་མདའ་


JLD011_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གསོར་ཞིང་འཛིན་པ། གཡོན་དང་པོས་སྡིགས་མཛུབ་རྡོ་རྗེའི་ཞགས་པས་དཀྲིས་པ། གཉིས་པས་འབྲས་བུ་སྣ་ཚོགས་ཀྱིས་བརྒྱན་པའི་ཤིང་ལོ་གསར་བའི་རྔ་ཡབ་འཛིན་པ། གསུམ་པས་གཞུ་འཛིན་པ། ཤིང་ལོ་གསར་བའི་ན་བཟའ་མནབས་པ། མེ་ཏོག་དང་འབྲས་བུ་སྣ་ཚོགས་པས་བརྒྱན་པར་བསྒོམ་མོ། །དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ། སྙིང་གར་ཧཱུཾ། སྙིང་གའི་པཾ་ལས་འོད་ཟེར་འཕྲོས། བཅོམ་ལྡན་འདས་མ་སྤྱན་དྲངས། མཆོད། ཛཿ ཧཱུཾ་བཾ་ཧོཿ དགུག་གཞུག་བྱ།ཡང་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། མཆོད། དབང་བསྐུར་ནས་ཆུ་ལུད་པས། མི་བསྐྱོད་པས་དབུ་བརྒྱན། མཆོད་པས་མཆོད། སྙིང་གའི་པཾ་གྱི་མཐའ་སྐོར་དུ་སྔགས་ཕྲེང་གིས་བསྐོར་བའི་འོད་ཀྱིས། བགེགས་དང་ཉེ་བར་འཚེ་བ་རྣམས་དང་།


JLD011_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ནད་རྣམས་བསལ་བར་བསམ་ཞིང་། ༀ་པི་ཤཱ་ཙི་པརྞ་ཤ་ཝ་རི་སརྦ་ཛྭ་ར་པྲ་ཤ་མ་ཎ་ཡེ་སྭཱཧཱ། ཞེས་པ་ཅི་ནུས་བཟླས།བུམ་ཆོག་བྱེད་ན་སྤྱི་དང་མཐུན་ནོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་བ་ལས་བྱུང་བའི། །ལྷ་མོ་གང་གིས་བསྒྲུབ་པའི་ནད་རིམས་བགེགས། །ཀུན་ཏུ་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མངྒ་ལཾ། །

ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་རྗེ་ཙོང་ཁ་པས་མཛད་པ་དང་། དབྱངས་ཅན་མའི་སྒྲུབ་ཐབས་རྗེས་གནང་བ།


JLD011_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་རྗེ་ཙོང་ཁ་པས་མཛད་པ་དང་། དབྱངས་ཅན་མའི་སྒྲུབ་ཐབས་རྗེས་གནང་བ་བཞུགས་སོ། །


JLD011_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ལྷ་མོ་དབྱངས་ཅན་མ་དཀར་མོ་ཤེལ་དཀར་པོ་དྲི་མ་མེད་པ་ལྟར། ཕྱི་ལྟས་ནང་གསལ། ནང་ལྟས་ཕྱི་གསལ་བ་འོད་ཟེར་དཀར་པོ་འཕྲོ་བ་དང་བཅས་པ། པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པའི་སྟེང་དུ། ཙོག་པུའི་ཚུལ་དུ་བཞུགས་པ། དབུ་སྐྲ་འཇམ་ཞིང་མཉེན་པ། བུང་བ་ལྟར་གནག་པ། ཐོར་ཅོག་ཅུང་ཟད་དང་བཅས་པ་ལ། མེ་ཏོག་དཀར་པོའི་ཕྲེང་བས་བཅིངས་པ། ལྷག་མ་རྣམས་རྒྱབ་ཏུ་འཕྱང་བ་ལ། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་སྤྲས་པ། གསེར་གྱི་རྣ་ཆ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཀོད་པས་མཁུར་ཚོས་མཛེས་པར་བརྒྱན་པ། དབུ་རྒྱན། མགུལ་རྒྱན། དོ་ཤལ། ཕྱག་གདུབ་ཞབས་གདུབ་རྣམས་རིན་པོ་ཆེ་སྣ་ཚོགས་པས་སིལ་ཁྲོལ་གྱི་


JLD011_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སྙན་པར་སྒྲོགས་པ། གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། ལང་ཚོ་དར་ལ་བབ་པ། རེག་ན་བདེ་བ་བསྐྱེད་པའི་ནུ་འབུར་གཉིས་འཁྲང་ཞིང་རྒྱས་པ། ཆགས་པའི་ཉམས་དང་ལྡན་པས་གཡོན་དུ་འགྱིང་ཞིང་། སྤྱན་མིག་ཟུར་གྱིས་གཟིགས་པ། ཀ་ཙ་ལི་ཀའི་སྟོད་གཡོགས་དང་། སྨད་གཡོགས་ལ་མེ་ཏོག་གི་ཚོམ་བུས་སྤྲས་པ། པདྨ་དཀར་པོའི་མེ་ཏོག་གི་ཆུན་འཕྱང་གིས་མཛེས་པར་བརྒྱན་ཅིང་། ཕྱག་གཉིས་ཀྱིས་བཻ་ཌཱུརྱ་སྔོན་པོའི་པི་ཝང་རྒྱུད་སྟོང་དང་ལྡན་པ་བསྒྲེངས་པས། ལྷ་དང་དྲི་ཟ་དང་རིག་པ་འཛིན་པ་ལ་སོགས་པའི་སྐྱེ་དགུ་ཐམས་ཅད་ཀྱི་ཡིད་མགུ་ཞིང་འཕྲོག་པར་བྱེད་པ། སྤྱི་གཙུག་ཏུ་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པ་བསྒོམ།དེའི་སྙིང་གི་མགོ་ཐུར་དུ་བསྟན་ཅིང་ཡོད་པ་བློས་གྱེན་དུ་བསླང་སྟེ། ཚལ་བ་བརྒྱད་ཕྱིར་གྱེས་


JLD011_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

པས་པདྨ་དཀར་པོ་འདབ་མ་བརྒྱད་པ། དཀར་ཞིང་འཇམ་པ་ལྟེ་བ་ལྗང་སེར་ལ། ཟེའུ་འབྲུ་དམར་སེར་གྱིས་བསྐོར་བའི་མཚམས་ནས། ཉི་མ་སྟོང་དང་ལྡན་པའི་འོད་ཟེར་འཕྲོ་བ། ལྟེ་བའི་སྟེང་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དྲི་མ་མེད་པའི་དབུས་སུ། སེམས་ཀྱི་ངོ་བོ་ཧྲཱིཾཿ དཀར་པོ་རིང་ཆ་ཟླ་ཚེས་ནཱ་ད་དང་བཅས་པ། འདབ་མ་རྣམས་ལ་མདུན་ནས་བརྩམས་ཏེ། གཡས་སྐོར་དུ་དབྱངས་ཡིག་བཅུ་དྲུག །འདབ་མ་རེ་ལ་ཡི་གེ་གཉིས་གཉིས་གནས་པ། ཐམས་ཅད་ཀྱང་ཤེལ་དཀར་པོ་དྲི་མ་མེད་པ་ལྟར་དྭངས་ཤིང་གསལ་བ། འོད་ཟེར་དཀར་པོ་དྲི་མ་མེད་པ་འཕྲོ་བ་ལྷམ་མེར་གདན་ལ་མ་རེག་ཙམ། ཅུང་ཟད་འདར་ཞིང་། འཁོར་ལོ་ཡི་གེ་དང་བཅས་པའི་འོད་ཟེར་གྱི་དྲ་བས་སྙིང་གི་མུན་པ་མ་ལུས་པ་སེལ་བར་གྱུར། ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས། འོད་ཟེར་སྣ་བུག་གཡས་ནས་སོང་། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་པས་མཆོད། ༀ་སྭ་ར་སྭསྟི་ཧྲི་ད་ཡ་ཏིཥྛ་ཧྲཱིཾཿ ཞེས་བརྗོད་པས། དམ་ཚིག་པའི་ལུས་ངག་ཡིད་གསུམ་ལ་ཡེ་ཤེས་པའི་ལུས་ངག་ཡིད་གསུམ་ཐིམ་སྟེ། གཉིས་སུ་མེད་པར་སྒོམ། ལུས་ཀྱི་དམིགས་པ་དེ་དང་མ་བྲལ་བར་སྒོམ་ཞིང་། ཐུགས་ཀའི་ཧྲཱིཾཿ ལས་ཧྲཱིཾཿ མུ་ཏིག་གི་དོ་ཤལ་ལྟ་བུ་ཁ་ནས་ཐོན། ལྟེ་བ་ནས་ཞུགས། ཐུགས་ཀའི་ཧྲཱིཾཿ ལ་ཐིམ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་གྲུབ་ཐོབ་པཎྜི་ཏ་རིག་འཛིན། དྲང་སྲོང་། རིན་པོ་ཆེ། སྨན། བདུད་རྩི་ལ་སོགས་ཐམས་


JLD011_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་མཐུ་ནུས་ཤེས་རབ། ཡོན་ཏན་གྱི་ཚོགས་ཐམས་ཅད་བསྡུས། སྙིང་གའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ་པས། ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཐོགས་པ་མེད་པར་རྒྱས་པར་སྒོམ་ཞིང་། ཧྲཱིཿ ཞེས་པའི་བསྙེན་པ་ཅི་ནུས་བཟླས་ནས། བསྙེན་པའི་རྟགས་སྔར་ལས་ལྕེ་བདེ་བ་དང་། དྲན་པ་གསལ་བ་དང་། འཛིན་བཟང་བ་དང་། བུ་མོ་གཞོན་ནུ་མས་ཟས་གོས་དང་ཕྲེང་བ་བྱིན་པ་དང་། ཉི་ཟླ་ཤར་བ་དང་། མར་མེ་ཟོས་པ་ལ་སོགས་པའི་རྟགས་དངོས་སམ། རྨི་ལམ་དུ་འབྱུང་ངོ་། །བསྙེན་པ་ནི་འབུམ་ཕྲག་ལྔ་ལ་སོགས་པའམ་གོང་གི་རྟགས་བྱུང་གི་བར་བྱའོ། །དབྱངས་ཡིག་ནི། ཨ་ཨཱ། ཨི་ཨི། ཨུ་ཨུ། རི་རཱི། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ། ༈ དབྱངས་ཅན་མའི་སྒྲུབ་ཐབས་རྗེས་གནང་བ་ནི། ངག་དབང་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །འདིར་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་སྒྲུབ་པ་ཉམས་སུ་ལེན་པར་འདོད་པས། གནས་ཡིད་དུ་འོང་བ་ལ་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་བྱ། ཚད་མེད་པ་བཞི་སྒོམ། སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ཉམས་སུ་བླང་སྙམ་དུ་བསམ་ཞིང་སྭ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བདག་ཉིད་ཀྱི་སེམས་ཉིད་ཧྲཱིཿ དཀར་པོ་ལས་འོད་འཕྲོས་འཕགས་པ་རྣམས་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་


JLD011_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས། རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་འཛུམ་པའི་མདངས་ཅན། དགྱེས་པས་སྤྱན་གཉིས་རྒྱུད་མངས་བསྒྱུར་བ་ལ་གཟིགས་ཤིང་དབུ་སྐྲའི་ཐོར་ཅོག་མེ་ཏོག་དཀར་པོའི་ཕྲེང་བས་བཅིངས་པ་སིལ་བུར་འཕྱང་བ་རྣམས་ལ་གསེར་གྱི་གཡེར་ཁ་དཔག་ཏུ་མེད་པ་འཁྲོལ་བ། ཕྱག་གཡོན་དུ་བཻ་ཌཱུརྱ་སྔོན་པོ་ལས་གྲུབ་པའི་པི་ཝང་རྒྱུད་སྟོང་དང་ལྡན་པ་བསྣམས་པ། ལག་པ་གཡས་པའི་འདུ་བྱེད་ཀྱིས་བསྒྱུར་བས་ལྷ་དང་དྲི་ཟ་སོགས་སྐྱེ་དགུ་རྣམས་ཀྱི་ཡིད་རང་དབང་མེད་པར་འགུགས་པ། རིན་པོ་ཆེ་དང་དར་སྣ་ཚོགས་ཀྱི་རྒྱན་ཅན་ཀ་ཙ་ལི་ཀའི་སྟོད་གཡོགས་དང་སྨད་གཡོགས་ཀྱིས་མཛེས་པ་པདྨ་དཀར་པོའི་ཆུན་འཕྱང་དང་ལྡན་ཞིང་། གཞོན་ནུ་མ་བཅུ་དྲུག་ལོན་པའི་ན་ཚོད་ཅན་རེག་ན་བདེ་བ་སྐྱེད་པའི་ནུ་འབུར་གཉིས་རྒྱས་པ། ཆགས་པའི་ཉམས་དང་ལྡན་པས་གཡོན་དུ་འགྱིང་ཞིང་། པད་ཟླའི་གདན་ལ་ཙོག་པུའི་ཚུལ་གྱིས་བཞུགས་པ་སྤྱི་གཙུག་ཏུ་ཟླ་བའི་དཀྱིལ་འཁོར་གྱིས་མཚན་པ་ཞིག་སྒོམ་མོ། །དེ་ནས་བདག་གི་སྙིང་མགོ་གྱེན་དུ་བསླངས་ཏེ་ཚལ་བ་བརྒྱད་དུ་གྱེས་པ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལྗང་སེར། ཟེའུ་འབྲུ་དམར་སེར་གྱིས་བསྐོར་བའི་མཚམས་ནས་ཉི་མ་སྟོང་གི་འོད་ཟེར་དང་མཉམ་པའི་འོད་ཟེར་འཕྲོས་པས་སྙིང་གའི་མུན་པ་སེལ། དེའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདག་གི་སེམས་ཉིད་དབྱངས་ཅན་གྱི་ངོ་བོ་ཧྲཱིཾ་གི་རྣམ་པར་སྒོམ། ཧྲཱིཾ་གི་མཐའ་མ་རྣམས་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨཱ་ལིས་བསྐོར་བ་གསུང་དབྱངས་


JLD011_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དྲུག་ཅུའི་རྣམ་པར་སྒོམ། རྣམ་ཤེས་འོད་གསལ་དང་བཅས་པ་གདན་ལ་མ་རེག་ཙམ་དུ་བཞུགས་པར་བསམ། དེ་ནས་སྙིང་གའི་ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས་པས་ སྣ་བུག་གཡོན་པ་བཀག་ནས་རླུང་ཅུང་ཟད་ཕྱིར་བཏང་། རྒྱ་མཚོའི་འགྲམ་ན་ལྷ་མོ་བཞུགས་པར་འཕོག་པས་ཐུགས་རྒྱུད་བསྐུལ་ནས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་ལ་སོགས་པའི་མཆོད་པས་མཆོད། བསྟོད་ནས་རང་ལ་ཐིམ་པས་གཉིས་སུ་མེད་ སྣ་བུག་གཡོན་ནས་ཞུགས་པར་བསྒོམས་ལ་རླུང་ཅུང་ཟད་ནང་དུ་རྔུབ་བོ། །པར་གྱུར།དེའི་ངང་ལས་ཅི་ནུས་པའི་བཟླས་པ་བྱ་ཞིང་། དེ་ཡང་ཧྲཱིཾཿ ལས་མུ་ཏིག་གི་ཕྲེང་བ་ཁ་ནས་འཐོན་ནས། ལྟེ་བ་ནས་ཞུགས་ སྙིང་གའི་ཧྲཱིཿ ལ་ཐིམ་ཞིང་རྒྱུན་དུ་འཁོར་བར་བསམ། པའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་དང་འཕྲིན་ལས་ལྷ་དང་དྲང་སྲོང་རྣམས་ཀྱི་རིག་པ་སྔགས་འཆང་གྲུབ་པ་བརྙེས་པ་རྣམས་ཀྱི་མཐུ་སྟོབས་དང་རྟོགས་པ། པཎྜི་ཏ་རྣམས་ཀྱི་མཁྱེན་བརྩེ། འབྲུ་རྣམས་ཀྱི་བཅུད་དང་ནུས་པ་རྣམས་ལྟེ་བར་ཞུགས་སྙིང་གར་ཧྲཱིཾཿ ལ་ཐིམ་པའི་དམིགས་པས་འབུམ་ཕྲག་ལྔའི་བར་དུ་བཟླས་པའི་ཐུན་འཕྲོ་འཇོག་པ་ན། ལྷ་མོ་མདུན་དུ་སྤྱན་དྲངས་ནས་གང་ཤེས་པས་བསྟོད་ཅིང་མཆོད་ནས། གང་འདོད་པའི་དོན་ལ་གསོལ་བ་གདབ། བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་ལ་མཐར་ལྷ་མོ་རང་ཉིད་ལ་བསྟིམ། དམིགས་པ་གསལ་བར་བྱུང་ནས་ཆགས་པ་དྲག་པོ་སྐྱེས་ན་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་རྒྱས་གདབ་བོ། །ཞེས་


JLD011_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རིན་པོ་ཆེ་རང་ཉིད་ཀྱིས་མཛད་པ། རྗེས་དགྱེས་བཞིན་དུ་བཀོད་པའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །།མངྒ་ལཾ། །

བཅོམ་ལྡན་འདས་སྨེ་བརྩེགས་ཀྱི་སྒྲུབ་ཐབས་རྗེས་གནང་བ།


JLD011_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་སྨེ་བརྩེགས་ཀྱི་སྒྲུབ་ཐབས་རྗེས་གནང་བ་བཞུགས་སོ། །


JLD011_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་སྨེ་བ་བརྩེགས་པ་བསྒོམ་པར་འདོད་པས། སྐྱབས་འགྲོ་དང་སེམས་བསྐྱེད་པ་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྟོང་པར་བསྒོམ། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ། ཧཱུཾ་ལྗང་སྔོན་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་རང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས། དེ་ཡོངས་སུ་གྱུར་བ་ལས། རང་ཉིད་ཁྲོ་བོ་སྨེ་བ་བརྩེགས་པ་སྐུ་མདོག་ལྗང་སྔོན། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་ལྗང་གུ །གཡས་དཀར། གཡོན་དམར་བ། ཕྱག་དང་པོ་གཉིས་ཐུགས་ཀར་སྡིགས་མཛུབ་བསྣོལ་བ། གཡས་ཀྱི་འོག་མ་གཉིས་རྡོ་རྗེ་དང་རལ་གྲི་འཛིན་པ། གཡོན་འོག་མ་གཉིས་ཞགས་པ་དང་ལྕགས་ཀྱུ་འཛིན་པ།


JLD011_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཁྲོ་གཉེར་མཆེ་བ་གཙིགས་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྐུ་སྟོད་ལ་དར་ལྗང་སྔོན་གྱི་ན་བཟའ་གསོལ་བ། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་ཅུང་ཟད་བསྐུམ་པ། གཡོན་བརྐྱངས་པས་བཞུགས་པའོ། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས། ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཨརྒྷཾ་ལ་སོགས་པས་མཆོད་ནས། ཛཿ ་ཧཱུཾ་བཾ་ཧོཿ ས་རང་དང་གཉིས་སུ་མེད་པར་བསྟིམ། ཡང་ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ལ། ཨརྒྷཾ་ལ་སོགས་པས་


JLD011_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས་ཤིང་སྤྱི་བོ་ནས་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བས། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པས། དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསམ་མོ། །སྔགས་བཟླ་བར་འདོད་ན། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལྗང་སྔོན། དེའི་མཐར་གཡས་སྐོར་དུ། ༀ་བྷཱུར་ཀུཾ་མཧཱ་པྲཱ་ཎཱ་ཡེ་བྷཱུར་རྩི་བྷཱུར་ཀི་བྷི་མ་ནཱ་སེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པས་བསྐོར་བར་བསམ་མོ། །དེ་དག་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་ཀྱི་དོན་བྱས། ཚུར་འདུས་རང་གི་སྡིག་པ་དང་སྒྲིབ་པ་ཉམས་གྲིབ་ལ་སོགས་པ་མི་གཙང་བ་ཐམས་ཅད་དག་པར་བསམ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པར་བསམ་ཞིང་། གོང་གི་སྔགས་བཟླ་བར་བྱའོ། །ཡང་རང་གཞན་གྱི་དོན་དུ་ཁྲུས་བྱེད་པར་འདོད་ན། རང་སྔར་བཤད་པ་ལྟར་ལྷར་བསྒོམ། མདུན་དུ་ཟངས་གཞོང་ལ་སོགས་པའི་སྣོད་ཁ་ཏེབ་ཀྱི་ནང་དུ། སྲོག་ཆགས་མེད་པའི་ཆུ་གཙང་མ་བླུག་ལ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་གོང་གི་སྔགས་ཀྱི་ཡིག་འབྲུ་ཁ་དོག་ལྗང་གུ་རྣམས་ཀྱིས་ཁེངས་པར་བསམ་མོ། །དེ་ནས་རང་གི་སྙིང་ག་ནས་ས་བོན་དང་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས། མདུན་གྱི་ཡིག་འབྲུ་ལ་ཕོག །དེ་ལས་བདུད་རྩིའི་རྒྱུན་བབས་པར་བསམ་ཞིང་


JLD011_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་སྔགས་བཟླ་བར་བྱའོ། །བཟླས་པ་ཚར་བ་དང་། ཨརྒྷཾ་ལ་སོགས་པས་མཆོད་ནས། སྔགས་བཟླས་པའི་མཆིལ་མ་ཟངས་གཞོང་དུ་བཏབ་པས། ཟླ་བ་དང་ཡིག་འབྲུ་འོད་དུ་ཞུ་ནས་ཆུ་ལ་ཐིམ་པར་བསམས་ལ། རང་གཞན་གྱི་ཁོང་དུ་བཏང་བ་དང་། ཁྲུས་བྱས་ན། དམེ་དང་། མཛེ་དང་། ཡུག་ས་དང་། ཉམས་གྲིབ་ལ་སོགས་པ་མི་གཙང་བ་ཐམས་ཅད་སེལ་བའི་མཆོག་ཏུ་འགྱུར་རོ། །ཟས་དང་། གནས་དང་། གྲོགས་ལ་སོགས་པ་ཉམ་ང་བ་བྱུང་བའི་ཚེ་རང་ལྷར་དྲན་པ་ཙམ་བྱས་ལ། སྔགས་ལན་གསུམ་ཙམ་བཟླས་པས་ཐུབ་པར་ངེས་སོ། །འདིའི་བརྒྱུད་པ་ནི་རྡོ་རྗེ་སྨེ་བ་བརྩེགས་པ། དཔལ་ལྡན་ཨ་ཏི་ཤ། དགོན་པ་བ་དབང་ཕྱུག་རྒྱལ་མཚན། སྣེའུ་ཟུར་པ་ཡེ་ཤེས་འབར། དགྱེར་སྒོམ་གཞོན་ནུ་གྲགས། དཔོན་སྟོན་གཞོན་ནུ་འབྱུང་གནས། དཔལ་ལྡན་དགོན་པ་བ། བླ་མ་དོ་བ། བླ་མ་བཀྲ་ཤིས་རྒྱལ་མཚན། མགོན་པོ་ཚུལ་ཁྲིམས་སོ། །མངྒ་ལཾ། །

སངས་རྒྱས་སོ་ལྔའི་མངོན་རྟོགས་དང་། ལྷ་སྐུའི་ཕྱག་ཚད།


JLD011_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སོ་ལྔའི་མངོན་རྟོགས་དང་། ལྷ་སྐུའི་ཕྱག་ཚད་བཞུགས་སོ། །


JLD011_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སོ་ལྔའི་སྐུ་བྲི་བར་བརྩམས་པ་ན། ལྷ་བཟོས་སྐུ་མདོག་ཇི་ལྟར་འབྲི་མ་ཤེས་ནས། རྗེ་ལ་ཞུས་ཚེ་གསོལ་བ་བཏབ་པས་ཇི་ལྟར་བྲི་བའི་གོ་རིམ་དང་མཐུན་པར་སྐུའི་སྣང་བ་དངོས་སུ་བསྟན་པ་ལྟར་འབྲིར་བཅུག་པས་ཕྱི་ནས་ཀྱང་གཟིགས་པ། མདོ་དང་མཐུན་པའི་བཀོད་པའོ། །ཀླུ་དབང་རྒྱལ་པོ་མགུལ་ཕྱིན་མཐིང་ག །མགུལ་ཡན་དཀར་པོ། ན་བཟའ་གོས་འཁྱུད་པ། ཕྱག་གཉིས་ཐུགས་ཀར་རྡོ་རྗེ་ནང་བསྡམས་ཀྱིས་མཛུབ་མོ་གཉིས་བསྒྲེང་བའི་རྩེ་ཅུང་ཟད་མ་རེག་པའི་བར་དུ་མཐེ་བོང་གཤིབས་པ། ཤཱཀྱ་ཐུབ་པ་སེར་པོ་གཡས་ས་གནོན་གཡོན་མཉམ་གཞག །རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་སེར་པོ། ཕྱག་གཉིས་ཆོས་འཆད། རིན་ཆེན་འོད་འཕྲོ་


JLD011_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཕྱག་གཉིས་མཉམ་གཞག །དཔའ་བོའི་སྡེ་སེར་པོ། གཡས་སྐྱབས་སྦྱིན། གཡོན་ཐུགས་ཀར་ཐལ་མོ་ཅུང་ཟད་གཟུར་བ་ལས་མཐེ་བོང་དང་མཐིལ་ཕྱིར་བསྟན་པ། དཔལ་དགྱེས་སེར་པོ་ཕྱག་གཉིས་ཆོས་འཆད། རིན་ཆེན་མེ་དམར་པོ་ཐུབ་པ་འདྲ། རིན་ཆེན་ཟླ་འོད་དཀར་པོ་ཐུབ་པ་འདྲ། མཐོང་བ་དོན་ཡོད་ལྗང་གུ་དཔའ་བོའི་སྡེ་དང་འདྲ། རིན་ཆེན་ཟླ་བ་དཀར་པོ་ཆོས་འཆད། དྲི་མ་མེད་པ་མཐིང་ཁ་མཉམ་གཞག །དཔལ་སྦྱིན་སེར་པོ་ཆོས་འཆད། ཚངས་པ་སེར་པོ་ཐུབ་པ་འདྲ། ཚངས་པས་བྱིན་དམར་པོ་ཆོས་འཆད། ཆུ་ལྷ་དཀར་པོ་མཉམ་གཞག །ཆུ་ལྷའི་ལྷ་དཀར་པོ་ཆོས་འཆད། དཔལ་བཟང་སེར་པོ་དཔའ་བོའི་སྡེ་དང་འདྲ། ཙནྡན་


JLD011_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དཀར་པོ་ཐུབ་པ་དང་འདྲ། གཟི་བརྗིད་མཐའ་ཡས་དམར་པོ་ཆོས་འཆད། འོད་དཔལ་མཐིང་ཁ་ཆོས་འཆད། མྱ་ངན་མེད་པའི་དཔལ་དམར་སྐྱ་མཉམ་གཞག །སྲེད་མེད་ཀྱི་བུ་སེར་པོ་ཆོས་འཆད། མེ་ཏོག་དཔལ་སེར་པོ་དཔའ་བོའི་སྡེ་དང་འདྲ། ཚངས་པའི་འོད་ཟེར་སེར་པོ་ཐུབ་པ་འདྲ། པདྨའི་འོད་ཟེར་དམར་པོ་ཐུབ་པ་འདྲ། ནོར་དཔལ་མཐིང་ཁ་མཉམ་གཞག །དྲན་པའི་དཔལ་སེར་པོ་མཉམ་གཞག །མཚན་དཔལ་ཤིན་ཏུ་ཡོངས་གྲགས་དཀར་པོ་གཡས་ཆོས་འཆད། གཡོན་མཉམ་གཞག །དབང་པོ་ཏོག་གི་རྒྱལ་མཚན་མཐིང་ཁ་གཡས་རྒྱལ་མཚན་ཕྲག་པ་གཡོན་ཕྱོགས་སུ་བསྒྲེང་བ། གཡོན་པ་མཉམ་གཞག །ཤིན་ཏུ་རྣམ་པར་གནོན་པ་མཐིང་ཁ། གཡས་རལ་གྲི་ཐུགས་གར་འཛིན་པ། གཡོན་མཉམ་གཞག །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་མཐིང་ཁ། ཕྱག་གཉིས་གོ་ཁྲབ་སེར་པོ་འཛིན་པ་རྣམ་པར་གནོན་པས་གཤེགས་པ་མཐིང་ཁ། ཕྱག་གཉིས་ས་གནོན། ཀུན་ནས་སྣང་བ་བཀོད་པ་དམར་པོ། རིན་ཆེན་པད་མས་རྣམ་པར་གནོན་པ་དམར་སེར། གཉིས་ཀ་གཡས་སྐྱབས་སྦྱིན། གཡོན་མཉམ་གཞག །རི་དབང་གི་རྒྱལ་པོ་སེར་པོ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་རི་བོ་འཛིན་པའོ། །༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ལྷ་སྐུའི་ཕྱག་ཚད་རྒྱལ་བའི་གཟུགས་བརྙན་ལེགས་པར་བལྟ་བའི་མེ་ལོང་ཞེས་བྱ་བ། བླ་མ་དང་རྗེ་བཙུན་གསུང་གི་དབང་ཕྱུག་


JLD011_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །རབ་མཛེས་མཚན་དཔེའི་ཉིན་བྱེད་སྐལ་ལྡན་མིག་གི་པདྨོར་བདུད་རྩིར་བཀོད་མཛད་ཅིང་། །ཚངས་དབྱངས་ནམ་མཁའི་རྔ་གསང་སྒྲོག་པས་ཆར་འདོད་སྲིད་ཞིའི་སྙིང་གི་གདུང་བ་སེལ། །གང་ཐུགས་མཁའ་ལྟར་སྤྲོས་པས་དབེན་ཡང་ཤེས་བྱའི་རྒྱུ་སྐར་མཐའ་དག་གསལ་མཛད་པའི། །རྗེ་བཙུན་འཇམ་དབྱངས་མཁྱེན་བརྩེའི་སྤྱན་རས་ཀུན་ཏུ་གཡོ་བས་དགེ་ལེགས་སྩོལ་གྱུར་ཅིག །གང་གིས་མཛད་པའི་རྣམ་སྤྲུལ་པ། །འཕགས་ཡུལ་བི་ཤཱ་ཀརྨ་དང་། །གངས་ཅན་བསོད་ནམས་རྒྱལ་མཚན་སོགས། སྐྱེ་དགུའི་ཕུན་ཚོགས་ཞིང་གྱུར་པའི། །མཁས་མཆོག་རྣམས་ལ་གུས་ཕྱག་འཚལ། །བློ་གསལ་རིག་པ་འཛིན་པ་ཡི། །དོན་གཉེར་བུང་བའི་གླུས་བསྐུལ་བས། །གཟུགས་སྐུའི་མཚན་ཉིད་པདྨོའི་ནགས། །བདག་བློའི་ཟེར་གྱིས་འབྱེད་པར་བྱ། །དེའང་ཐོག་མར་སྐུ་གཟུགས་ཀྱི་ཕན་ཡོན་བསྟན་པའི་སྒོ་ནས་རང་རྒྱུད་ལ་དད་པ་འདྲེན་ནུས་པ་ཞིག་གལ་ཆེ་བར་སྣང་བས། རྒྱུད་དང་མདོ་ཡི་ཕན་ཡོན་བཤད་པ་དང་། །བདེ་གཤེགས་སྐུ་གཟུགས་མཆོད་པའི་བསོད་ནམས་དང་། །ཐལ་མོ་བཅུ་དང་ཐལ་མོ་དགུ་པ་དང་། །གདོང་བ་བརྒྱད་པའི་ཚད་ཀྱི་མཚན་ཉིད་དེ། །ཚད་དང་མི་ལྡན་ཉེས་པའི་སྐྱོན་རྣམས་དང་། །ལྷ་བཟོ་སྦྱིན་བདག་མཚན་ཉིད་འདི་དྲུག་བཤད། །དཔལ་གསང་བ་འདུས་པ་ལས། །མཆོད་རྟེན་སངས་རྒྱས་ཐམས་


JLD011_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡིན་པར་བཤད། །ཅེས་པ་དང་། བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས། སྔགས་པ་ལས་ནི་དང་པོ་བས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབས་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་དང་། འཇམ་དཔལ་རྩ་བའི་རྟོག་པར་ཡང་། ལུས་སྦྱང་བ་བྱས་ལ། རང་གི་ལག་གིས་མཆོད་རྟེན་བྱས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་བོ། །མཆོད་རྟེན་འབུམ་བྱས་ན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བར་འགྱུར་ཏེ། བསྟན་བཅོས་ཐམས་ཅད་མངོན་པར་ཤེས་པ་ལ་ཐམས་ཅད་ཤེས་པ་དང་ལྡན་ཞིང་། བསྐལ་པར་གནས་ལ། ཤི་ནས་ཀྱང་སྐྱེ་བ་རྣམས་སུ་རྒྱལ་པོ་བྱེད་ཅིང་ངན་སོང་དུ་མི་འགྲོ། ཡུལ་དབུས་སུ་ཉི་མ་ཤར་བ་ལྟ་བུའི་དབང་པོ་ཐམས་ཅད་དང་ལྡན་པར་འགྱུར། ཐོས་པ་འཛིན་པ་དང་སྐྱེ་བ་དྲན་པར་འགྱུར་རོ། །ཡང་། བསྐལ་པ་བྱེ་བར་བྱས་པའི་སྡིག །ཤིན་ཏུ་མི་བཟད་གང་ཡིན་པ། །ས་སྟེང་རི་མོ་མཐོང་བ་ཡིས། །དེ་ཡི་མོད་ལ་བྱང་བར་བྱེད། ཅེས་དང་། འཇིག་རྟེན་དོན་དུ་སྐྱོབ་པ་ཡི། །སྐུ་གདུང་རྣམས་ལ་མཆོད་བྱེད་ན། །དེས་ནི་བདེ་བ་མྱོང་འགྱུར་ཏེ། །མི་ཉུང་ལྷ་ཡི་འཇིག་རྟེན་དུ། །རྒྱལ་པོའམ་ཡང་ན་ལོངས་སྤྱོད་དང་། །རྙེད་དཀའ་སྔགས་ཀྱི་དངོས་གྲུབ་རྣམས། །རྣམ་པ་སྣ་ཚོགས་རྙེད་པ་དང་། །འགྲོ་དང་སྤྱོད་པ་སྣ་ཚོགས་དང་། །འཇིག་རྟེན་ཕུན་སུམ་ཚོགས་པའི་མཆོག །གདུགས་དང་ཐར་པ་རྣམ་གསུམ་


JLD011_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན། །སྐུ་གདུང་རྣམས་ནི་མཆོད་བྱས་ན། །དངོས་གྲུབ་རྣམས་ནི་ཐོབ་པར་འགྱུར། །ཞེས་གསུངས་ཤིང་། འཕགས་པ་དོན་དམ་མངོན་པར་ངེས་པའི་མདོར། རྒྱལ་བའི་དབང་པོས་བཀའ་སྩལ་པ། དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ཆེན་པོ་ལྟ་བུར་ཀུན་ཏུ་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་དག་འཇིགས་པ་ལ་དབུགས་དབྱུང་བ་བྱས་པས་འགྲུབ་ཅེས་གསུངས་ཤིང་། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞེངས་པའི་ཕན་ཡོན་ཡང་དག་པར་བརྗོད་པའི་མདོ་ལས་ཀྱང་། དགེ་སློང་དག །དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ། ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང་། བོངས་ཚོད་བཟང་བར་གྲགས་པ་དང་། སྤྲོ་བ་མང་བ་དང་། ཚེ་རིང་བ་དང་། གྲགས་པ་དང་ལྡན་པ་དང་། བདེ་བ་མང་བ་སྟེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་དང་པོ་ཡིན་ནོ། །གཞན་ཡང་། ཕྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་དང་། ཡོ་བྱད་མང་བ་དང་། བདག་དབང་བ་དང་། བདག་གིར་བྱ་བ་མང་བ་དང་། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། མཛོད་དང་། བང་བའི་ཚོགས་མང་བ་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་དང་། ལུག་དང་། བྲན་


JLD011_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ་དང་། བློན་པོ་དང་། མཛའ་བཤེས་དང་། གཉེན་དང་། སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ། དགེ་སློང་དག །འདི་ནི་ཕན་ཡོན་གཉིས་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་། གཟུགས་བཟང་བ་དང་། ལྟ་ན་སྡུག་པ་དང་། མཛེས་པ་དང་། མདོག་གསེར་ལྟར་བཟང་བ་དང་། མགོ་གདུགས་ལྟར་ཟླུམ་པ་དང་། ལག་པ་རིང་བ་དང་། དཔྲལ་བའི་དབྱེས་ཆེ་བ་དང་། སྨིན་མཚམས་བར་མ་ཆད་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་ཏེ། དགེ་སློང་དག་འདི་ནི་ཕན་ཡོན་གསུམ་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཁོར་བཟང་པོ། རིན་པོ་ཆེ་སྣ་བདུན་དང་ལྡན་པ། བུ་སྟོང་གིས་བསྐོར་བར་འགྱུར་ཏེ། དེའི་བུའམ། ཆུང་མའམ། བྲན་ནམ་ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང་། བཀའ་ཉན་པར་བྱེད་དེ། དགེ་སློང་དག་འདི་ནི་ཕན་ཡོན་བཞི་པའོ། །དགེ་སློང་དག་གཞན་ཡང་། དེ་ལུས་དང་བྲལ་ན། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས། ལྷའི་རྒྱལ་པོ་ཁྱད་པར་ཅན། ལྷ་དང་ལྷའི་བུ་དང་། ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་ལྷའི་ཚེ་དང་། ལྷའི་མདོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་པ་དང་། ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་


JLD011_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པ་ལས་ཀྱང་། རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། གལ་ཏེ་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམ་པར་གྲོལ་བ་བརྒྱད་དང་ལྡན་པ། བསམ་གཏན་ལ་སྙོམས་པར་ཞུགས་པའི་དགྲ་བཅོམ་པ་ཆེན་པོ་ཤ་སྟག་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡོངས་སུ་གང་བ་ནི། འདི་ལྟ་སྟེ། འབྲས་ཀྱི་ལྗང་བུའམ། ཏིལ་ལམ། འོད་མའམ། འདམ་བུའམ། བུ་རམ་ཤིང་གི་ཚལ་ལྟ་བུར་གྱུར་ལ། དེ་དག་ཐམས་ཅད་བཅིང་བ་ལྔས་བཅིངས་ནས་ལོ་བརྒྱ་སྟོང་སྙེད་ལོན་པ་ལས། མཐུ་ཆེན་པོ་དང་ལྡན་པའི་གང་ཟག་གཅིག་འཇིག་རྟེན་དུ་མངོན་པར་བྱུང་སྟེ། བསོད་ནམས་འདོད་པའི་ཕྱིར་དེ་དག་གི་བཅིང་བ་ཐམས་ཅད་བཀྲོལ་ནས། དགྲ་བཅོམ་པ་དེ་དག་ཐམས་ཅད་སྤོས་ཆུས་བཀྲུས་ཏེ། ཆོས་གོས་དང་ལྷུང་བཟེད་ལོ་བརྒྱ་སྟོང་གི་བར་དུ་ཕུལ་ནས། གནས་ཁང་དང་། ཁྲི་སྟན་དང་། གོས་དང་། བསོད་སྙོམས་དང་། ནད་ཀྱི་གསོས་སྨན་དང་། འཚོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱང་ཡིད་བཞིན་དུ་བྱེད་ལ། དགྲ་བཅོམ་པ་དེ་དག་མྱ་ངན་ལས་འདས་ནས་ཀྱང་། མཆོད་པ་བྱས་ཏེ་བསྲེགས་ནས་དེ་དག་གི་རིང་བསྲེལ་བསྡུས་ནས་རིན་པོ་ཆེ་སྣ་བདུན་གྱིས་མཆོད་དམ་དེ་མཆོད་རྟེན་གྱི་ནང་དུ་བཅུག་གོ །གཞན་ཡང་། རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། གདུགས་དང་།


JLD011_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་དང་། མེ་ཏོག་དང་། རོལ་མོ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པའི་བསོད་ནམས་ཀྱི་ཕུང་པོ་བས། སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་བརྩིགས་པའི་བསོད་ནམས་ཀྱི་ཕུང་པོ་མང་སྟེ། དགྲ་བཅོམ་པ་བཅིངས་པ་བཀྲོལ་ཏེ་མཆོད་པ་བྱས་པའི་བསོད་ནམས་ཀྱིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། ཁྲག་ཁྲིག་གི་ཆར་ཡང་ཉེ་བར་མི་འགྲོ་བས་ན། རྩིས་ཀྱི་ཆ་དང་། གྲངས་ཀྱི་ཆ་དང་། དཔེའི་ཆའམ། རྒྱུའི་ཆར་ཡང་ཉེ་བར་མི་འགྲོའོ། །ཞེས་གསུངས་སོ། །འཕགས་པ་རྨད་དུ་བྱུང་བའི་མདོར་ཡང་། ཛམྦུའི་གླིང་དཔག་ཚད་བདུན་སྟོང་པ་དང་། ལུས་འཕགས་ཀྱི་གླིང་དཔག་ཚད་བརྒྱད་སྟོང་པ་དང་། བ་ལང་སྤྱོད་ཀྱི་གླིང་དཔག་ཚད་དགུ་སྟོང་པ་དང་། སྒྲ་མི་སྙན་གྱི་གླིང་དཔག་ཚད་སྟོང་ཕྲག་བཅུ་པ་དང་། ལྷའི་དབང་པོའི་ཁང་བཟང་རྣམ་པར་རྒྱལ་བྱེད་རྣམས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་


JLD011_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་སྐྱ་རུ་རའི་འབྲས་བུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན། དེ་ནི་དེ་བས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །ཀུན་དགའ་བོ་ཛམྦུའི་གླིང་ཡང་ལྟ་ཞོག །ཤར་གྱི་ལུས་འཕགས་གླིང་ཡང་ལྟ་ཞོག །ནུབ་ཀྱི་བ་ལང་སྤྱོད་ཀྱང་ལྟ་ཞོག །བྱང་གི་སྒྲ་མི་སྙན་ཡང་ལྟ་ཞོག །ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བའང་ལྟ་ཞོག་སྟེ། ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲུ་ཙམ་དུ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་


JLD011_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ན། དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ། །ཞེས་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་ཡེ་ཤེས་དཔག་ཏུ་མེད་པའོ། །ཚུལ་ཁྲིམས་དཔག་ཏུ་མེད་པའོ། །བཟོད་པ་དཔག་ཏུ་མེད་པ། བརྩོན་འགྲུས་དཔག་ཏུ་མེད་པ། བསམ་གཏན་དཔག་ཏུ་མེད་པ། ཤེས་རབ་དཔག་ཏུ་མེད་པ། བྱམས་པ་དཔག་ཏུ་མེད་པ། སྙིང་རྗེ་དཔག་ཏུ་མེད་པ། དགའ་བ་དཔག་ཏུ་མེད་པ། བཏང་སྙོམས་དཔག་ཏུ་མེད་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དྲན་པ་ཉེ་བར་བཞག་པ་གསུམ་དང་། སྙིང་རྗེ་ཆེན་པོ་མ་འདྲེས་པ་སྟེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཡོན་ཏན་དཔག་ཏུ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །ལས་རྣམ་པར་འབྱེད་པའི་མདོར་ཡང་། བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་བཅོ་བརྒྱད་དེ། བཅོ་བརྒྱད་པོ་གང་ཞེ་ན། རྒྱལ་པོ་ཆེན་པོའི་ཁྱིམ་དུ་སྐྱེ་བ་དང་། གཟུགས་བཟང་བ་དང་། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་། དབང་པོ་རྣོ་བར་འགྱུར་བ་དང་། ལུས་རྡོ་རྗེའི་ཚོགས་ལྟར་འགྱུར་བ་སྟེ། གཡོག་འཁོར་ཆེན་པོར་འགྱུར་བ་དང་། གཡོག་འཁོར་མི་ཕྱེད་པ་དང་། ལོངས་སྤྱོད་ཆེན་པོར་འགྱུར་བ་དང་། མངོན་དུ་འགྲོ་བར་


JLD011_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་འགྱུར་བ་དང་། བརྟན་དུ་འགྱུར་བ་དང་། ཕྱོགས་བཅུར་བརྗོད་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་མངོན་དུ་འབྱུང་བར་འདོད་པ་དང་། ལྷ་དང་མིས་མཆོད་པར་འགྱུར་བ་དང་། ནོར་མང་པོ་དང་ལྡན་པར་འགྱུར་བ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཐོབ་པར་འགྱུར་བ་དང་། ཚེ་དང་ལྡན་པར་འགྱུར་བ་དང་། ལུས་རྡོ་རྗེའི་ཚོགས་ལྟར་འགྱུར་བ་དང་། ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅོ་བརྒྱད་པོ་འདི་དག་ནི་དེ་བཞིན་གཤེགས་པའི་སྐུ་བཞེངས་པའི་ཕན་ཡོན་ནོ། །ཞེས་གསུངས་སོ། །གསལ་རྒྱལ་གྱིས་ཞུས་པའི་མདོར་ཡང་། ཐུབ་པའི་དབང་པོའི་མཆོད་རྟེན་བཞེངས་པ་ཡིས། །མྱ་ངན་རྣམས་བསལ་ལུས་ཀུན་རྒྱས་པ་ཡི། །གཙོ་བོར་གྱུར་པའི་རིན་ཆེན་མཛོད་མང་དང་། །ས་སྟེང་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །ཞེས་འབྱུང་ངོ་། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོར། རྟག་ཏུ་དགའ་བའི་སེམས་བསྐྱེད་དེ། །སངས་རྒྱས་གཟུགས་སམ་རྟེན་ཡང་རུང་། །མཐེ་བོང་ཙམ་ཞིག་གང་བྱས་པ། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །ཞེས་བཀའ་སྩལ་ཏོ། །བུ་མོ་རྣམ་དག་གིས་ཞུས་པ་ལས་གསུངས་པ། གཞན་ཡང་བུ་མོ། བྱང་ཆུབ་སེམས་དཔའ་ནི་ཆོས་རྣམ་པ་བརྒྱད་དང་ལྡན་པའི་ཕྱིར་སངས་རྒྱས་རྣམས་ཀྱི་སྤྱན་སྔར་པདྨ་


JLD011_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །བརྒྱད་གང་ཞེ་ན། སྲོག་ལ་བབ་པར་གྱུར་ཀྱང་། གཞན་གྱི་ཉེས་པ་མི་བརྗོད་པ་དང་། སེམས་ཅན་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བསྐུལ་བ་དང་། ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་འགོད་པ་དང་། ཚངས་པར་སྤྱོད་པ་ལ་གོས་པ་མེད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་བྱས་ནས་པདྨའི་གདན་ལ་འཇོག་པ་དང་། སེམས་ཅན་མྱ་ངན་བྱེད་པ་དག་གི་མྱ་ངན་སེལ་བར་བྱེད་པ་དང་། ཁེངས་ཤིང་ང་རྒྱལ་བྱེད་པ་དག་གི་མདུན་དུ་རྟག་པར་བདག་ཉིད་དམན་པར་བྱེད་པ་དང་། གཞན་ལ་འཚེ་བར་མི་བྱེད་པ་གང་ཡིན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། གལ་ཏེ་སྡུག་བསྔལ་གཟིར་གྱུར་ཀྱང་། །ནམ་ཡང་གཞན་གྱི་སྐྱོན་མི་སྨྲ། །རྟག་པར་དཀོན་མཆོག་གང་བསྔགས་པ། །སངས་རྒྱས་སྤྱན་སྔར་བརྫུས་ཏེ་སྐྱེ། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །ཐམས་ཅད་མཁྱེན་པར་ཉེར་བསྐུལ་ནས། །རྟག་ཏུ་ཚངས་པར་གང་སྤྱོད་པ། །སངས་རྒྱས་སྤྱན་སྔར་བརྫུས་ཏེ་སྐྱེ། །གསེར་གྱིས་སངས་རྒྱས་གཟུགས་བརྒྱན་ཏེ། །རིན་ཆེན་པདྨའི་གདན་ལ་བཞག །སེམས་ཅན་མྱ་ངན་གང་སེལ་བ། །སངས་རྒྱས་སྤྱན་སྔར་བརྫུས་ཏེ་སྐྱེ། །ང་རྒྱལ་བྱེད་པ་དེ་དག་ལ། །སློབ་མ་བཞིན་དུ་བདག་དམན་ཞིང་། །གཞན་ལ་གང་ཞིག་མི་འཚེ་བ། །སངས་རྒྱས་སྤྱན་སྔར་བརྫུས་ཏེ་སྐྱེ། །ཞེས་སོ། །བུ་མོ་རིན་ཆེན་གྱིས་ཞུས་པ་ལས། དེ་བཞིན་


JLD011_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཐུ་བོ་ཆེ་ཆེན་པོའི་ལུས་ཀུན་ནས་མཛེས་པ་འདི་ནི། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་འཇིགས་པ་དག་དབུགས་ཕྱུང་བ་དང་། སེམས་ཅན་མི་མཐུན་པ་སྡུམ་བྱས་པས་འགྲུབ་སྟེ། བུ་མོ། སྔོན་དགེ་བའི་རྩ་བའི་ཆོས་ཚད་མེད་གྲངས་མེད་པ་འདི་དག་སྤྱད་པས། དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་འགྲུབ་བོ། །ཞེས་དང་། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའི་ཆོས་བཅུ་དང་ལྡན་ན་མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པ་དང་། མཆོད་རྟེན་ཞིག་པ་གསོ་བ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཀྱི་བྱུག་པ་འབུལ་བ་དང་། ཁྲུས་ཀྱི་སྤོས་ཆུ་འབུལ་བ་དང་། ཕྱག་བདར་བྱ་བ་དང་། སྐྱང་ནུལ་བྱ་བ་འབུལ་བ་དང་། ཕ་མ་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། མཁན་པོ་དང་སློབ་དཔོན་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། དེ་དག་ཀྱང་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ། ཟང་ཟིང་དང་བཅས་པའི་སེམས་ཀྱིས་མ་ཡིན་པ་དང་། དགེ་བའི་རྩ་བ་དེའང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱི་དྲི་མས་མ་གོས་པར་སྐྱེ་བར་གྱུར་ཅིག །ཅེས་ཡོངས་སུ་བསྔོ་ཞིང་། དེའང་བསམ་


JLD011_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐག་པ་ནས་སེམས་པ་སྟེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན་མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །པདྨ་དཀར་པོའི་མདོར་ཡང་བཀའ་སྩལ་པ། རྒྱལ་བ་མྱ་ངན་འདས་པ་དེ་དག་གི །རྒྱལ་བའི་རིང་བསྲེལ་དག་ལ་སུ་མཆོད་ཅིང་། །རིང་བསྲེལ་མཆོད་རྟེན་སྟོང་ཕྲག་དུ་མ་དག །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱི་འམ། །རྡོ་ཡི་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བཻ་ཌཱུརྱ་མཆོག་དེ་བཞིན་ཨནྡ་རྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་གིས་ཨ་ཀ་རུ་འམ་ཙནྡན་ནམ། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་ངམ་གཞན་ལས་བྱས་པ་དང་། །ས་འམ་སོ་ཕག་ལ་ནི་བརྩིགས་པ་ཡི། རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་དག་ཏུ་བྱས་པ་དང་། །བྱིས་པ་རྩེད་མོའི་ཕྱིར་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ལ་ལས་དེ་བཞིན་རིན་ཆེན་གཟུགས་བྱས་པ། །སུམ་ཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལ། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་


JLD011_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །ལྟ་ན་སྡུག་པའི་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་རྒྱལ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འདྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་རུང་། །གང་དག་ལ་ལ་དེ་ན་སློབ་པའི་ཚེ། །རྩེད་མོ་དག་དང་གསར་བ་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་པོ་ཅན་དུ་འགྱུར། །ཐམས་ཅད་ཀྱང་ནི་སྲོག་ཆགས་བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །དེ་བཞིན་གཤེགས་པ་རྣམས་ཀྱི་རིང་བསྲེལ་དང་། །འཇིམ་པའི་གཟུགས་དང་མཆོད་རྟེན་དག་ལའང་རུང་། །རྩིག་ངོས་བྲིས་དང་རྡུལ་ཕུང་མཆོད་རྟེན་ལ། །དེ་ལ་མེ་ཏོག་དང་ནི་སྤོས་གསོལ་ཏེ། །དེར་ནི་གང་གིས་རབ་སྙན་ཅང་ཏེའུ་དང་། །དུང་དང་རྔ་ཆེན་རོལ་མོའི་སྒྲ་བྱེད་བཅུག །བྱང་ཆུབ་མཆོག་རབ་མཆོད་པར་བྱ་བའི་ཕྱིར། །གང་དག་རྔ་རྣམས་རབ་ཏུ་རྡུང་བྱེད་ཅིང་། །པི་ཝང་དང་ནི་ཕེག་དང་འཁར་བའི་རྔ། །རྫ་རྔ་རྒྱུད་གཅིག་གླིང་བུ་ཡིད་འོང་དང་། །ཨ་ཀོ་ན་ད་རབ་ཏུ་སྙན་བྱིན་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་


JLD011_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར། །གང་དག་ལྕགས་ཀྱི་སིལ་ཁྲོལ་བརྡུང་བཅུག་དང་། །ཆུ་ལ་བཏབ་དང་ཐལ་མོ་བརྡབས་པ་དང་། །ཡིད་དུ་འོང་ཞིང་སྙན་པའི་གླུ་དབྱངས་དང་། །རིང་བསྲེལ་དེ་དག་རྣམ་མང་མཆོད་བྱས་པ། །དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་ཀྱང་། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་བྱུང་བ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་གཟུགས་ནི་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའི་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལུས་ཀྱང་ལན་ཅིག་བཏུད་པ་དང་། །གང་གི་རིང་བསྲེལ་གནས་པ་དེ་དག་ལ། །ཡེངས་པའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་པ་སོགས་རྒྱས་པར་གསུངས་སོ། །དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་མདོར་ཡང་གསུངས་པ། །བརྟན་པའི་བློ་གྲོས་གཞན་ཡང་མངོན་པར་ཤེས་པ་མྱུར་བ་ཉིད་དུ་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་མཆོད་རྟེན་མཆོད་པ་དང་། ཕྱིར་བཅོས་པ་དང་། བྱི་དོར་བྱ་བ་ལྷུར་བླང་བར་བྱ་སྟེ། བརྟན་པའི་བློ་གྲོས། དེ་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག །དེ་བཞིན་གཤེགས་པའི་མཆོད་རྟེན་


JLD011_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་དོར་བྱེད་པ་དེ་ནི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་བཞི་རྗེས་སུ་འཐོབ་བོ། །བཞི་གང་ཞེ་ན། གཟུགས་ཀྱི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་དང་། དལ་བ་ཕུན་སུམ་ཚོགས་པ། ཡང་དག་པར་བླང་བ་བརྟན་པ། དེ་བཞིན་གཤེགས་པ་ལྟ་བའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པའོ། །ཞེས་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུར་ཡང་གསུངས་པ། སའམ། རྡོ་ཐལ་ལམ། ཤིང་ངམ། རྡོའམ། རུས་པའམ། ལྕགས་སམ། གསེར་རམ། དངུལ་ལམ། བེ་ཌཱུརྱའམ། ཤེལ་ལམ། མུ་ཏིག་དམར་པོའམ། རྡོའི་སྙིང་པོའམ། སྤུག་གམ། དུང་ངམ། མན་ཤེལ་ལམ། སྤོས་སམ། རས་སམ། ཤིང་ལེབ་བམ། རྩིག་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པར་བྱའོ། །རལ་བ་གསོ་བར་བྱའོ། །གྲུམས་པ་འཆོས་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན། རིགས་དམའ་བ་རྣམས་དང་། སྡིག་པ་བྱེད་པའི་རིགས་རྣམས་དང་། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ། ཡན་ལག་གང་ཡང་མ་ཚང་བར་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན། ལས་དེས་སེམས་ཅན་དམྱལ་བ་ཆུང་ངུ་མྱོང་སྟེ། ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བས་རེག་པ་ལ། རབ་ཏུ་དག་པར་བཀྲུས་ཏེ། སྤོས་ཀྱིས་བྱུགས་ན། དྲི་མི་ཞིམ་པ་དེ་མེད་པར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་


JLD011_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དེའི་སྡིག་པའང་མེད་པར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པའང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ། དེའི་སྐུ་གཟུགས་བྱས་ན། དེའི་སྡིག་པ་དེ་ཇི་ལྟར་མེའི་ཕུང་པོས་མར་ཚིག་སྟེ། དུ་བའང་མི་མངོན་པ་བཞིན་དུ་དེའི་སྡིག་པ་དེའང་མི་སྣང་བར་འགྱུར་རོ། །ཞེས་གསུངས་སོ། །སྐུ་གཟུགས་བཞེངས་པའི་ཕན་ཡོན་གྱི་མཚན་ཉིད་དེ་དང་པོའོ། །གཞན་ཡང་མཆོད་པའི་ཕན་ཡོན་ནི། རྒྱལ་བ་དངོས་སུ་མཆོད་པ་དང་། ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པ་ལ་བསོད་ནམས་ཁྱད་པར་མེད་དེ། མེ་ཏོག་བརྩེགས་པའི་མདོ་ལས། སེང་གེ་རྣམ་པར་བརྩེ་བ་གང་གིས་དེ་བཞིན་གཤེགས་པ་མཐོང་སྟེ། སེམས་དང་བས་མཆོད་པ་དང་། གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་བྱེད་པ་ནི་རྣམ་པར་སྨིན་པ་མཉམ་པར་ཤེས་པར་བྱ་སྟེ། བྱེ་བྲག་གམ་ཐ་དད་དུ་བྱ་བ་མེད་དོ། །ཞེས་དང་། འཕགས་པ་དཀོན་མཆོག་བརྩེགས་པར། དྲང་སྲོང་རྒྱས་པས་ཞུས་པ་ལས་ཀྱང་། དྲང་སྲོང་ཆེན་པོ། གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ད་ལྟར་བཞུགས་པ་ལ་མཆོད་པ་བྱེད་པ་དེའི་རྣམ་པར་སྨིན་པ་ནི་མཚུངས་པ་དང་མཉམ་ཞིང་འདྲའོ། །ཞེས་ང་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་གྱི། གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །གང་ལ་ལ་ཞིག །ང་འདུག་པའམ། ཡོངས་


JLD011_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱ་ངན་ལས་འདས་པ་ལ་མཆོད་ན་བསོད་ནམས་མཚུངས་པའི་ཕྱིར། འདི་གཉིས་ལ་བསོད་ནམས་ཀྱི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །ཞེས་པ་ལ་སོགས་དུ་མ་ཞིག་གསུངས་ཤིང་། མཆོད་པའི་བྱེ་བྲག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནམ་མཁའ་ལྟ་བུར་དཔག་ཏུ་མེད་པའི་ཕ་རོལ་ཏུ་སོན་པས། ཡོན་གནས་དམ་པ། བླ་ན་མེད་པ། མཉམ་པ་མེད་པ། མཚུངས་པ་མེད་པ་ཉིད་ཀྱི་ཕྱིར། དེའི་སྐུ་གཟུགས་དང་། མཆོད་རྟེན་མཆོད་པ་དང་། བསྐོར་བ་ལ་སོགས་པའི་དགེ་བའི་རྩ་བ་ཡང་དཔག་ཏུ་མེད་ཅིང་། མཐར་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་སུ་གསུངས་ཏེ། ཇི་སྐད་དུ། ལས་རྣམ་པར་འབྱེད་པའི་མདོར། བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནི་བཅུ་པོ་འདི་དག་སྟེ། བཅུ་གང་ཞེ་ན། རྒྱལ་པོ་ཆེན་པོའི་ཁྱིམ་དུ་སྐྱེ་བ་འཐོབ་པ་དང་། རྒྱ་ཆེ་བའི་གཟུགས་དང་། རྒྱ་ཆེ་བའི་གཡོག་འཁོར་དང་། རྒྱ་ཆེ་བའི་མཆོད་པ་དང་། བཀུར་སྟི་དང་། རྒྱ་ཆེ་བའི་ནོར་དང་། རྒྱ་ཆེ་བའི་ཐོས་པ་དང་། རྒྱ་ཆེ་བའི་དད་པ་དང་། རྒྱ་ཆེ་བའི་དྲན་པ་དང་། རྒྱ་ཆེ་བའི་ཤེས་རབ་དང་། རྒྱ་ཆེ་བའི་རྟོགས་པ་འཐོབ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནོ། །ཕྱག་བཙལ་བའི་ཕན་ཡོན་བཅུ་སྟེ། བཅུ་


JLD011_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། གཟུགས་བཟང་སྟེ་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། མཛེས་ཏེ་མིག་ཏུ་སྡུག་པར་འགྱུར་བ་དང་། སྐད་སྙན་ཞིང་བཟུང་བའི་ཚིག་ཏུ་འགྱུར་བ་དང་། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། གཟི་བརྗིད་ཆེན་པོར་འགྱུར་བ་དང་། གཟི་བརྗེད་ཆེན་པོའི་གང་ཟག་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་བཙལ་བའི་ཕན་ཡོན་ནོ། །ཕྱག་བདར་བྱས་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང་། ལྟ་ན་སྡུག་པ་དང་། མཛེས་པར་འགྱུར་བ་དང་། སྐད་སྙན་པར་འགྱུར་བ་དང་། དེའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པར་འགྱུར་བ་དང་། ལམ་དུ་འགྲོ་ན། གསེག་མ་དང་། རྩྭ་དང་། གྱོ་མོ་རྣམས་མེད་པར་འགྱུར་བ་དང་། བཙུན་པའི་རིགས་སུ་སྐྱེ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་བདར་བྱས་པའི་ཕན་ཡོན་ནོ། །གདུགས་ཕུལ་བའི་ཕན་ཡོན་ལ་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་གདུགས་ལྟ་བུར་འགྱུར་བ་དང་། ལུས་ལ་གདུང་


JLD011_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པར་འགྱུར་བ་དང་། སེམས་ལ་གདུང་བ་མེད་པར་འགྱུར་བ་དང་། འཇིག་རྟེན་གྱི་རྟེན་དུ་འགྱུར་བ་དང་། བདག་པོའི་ལས་བྱེད་ཅིང་གསོག་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཡང་དང་ཡང་དུ་འཐོབ་པ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་ཡིན་ནོ། །དྲིལ་བུ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བར་འགྱུར་བ་དང་། སྒྲ་སྙན་པར་འགྱུར་བ་དང་། ཡིད་དུ་འོང་བ་དང་སྨྲ་བ་དང་ལྡན་པར་འགྱུར་བ་དང་། ཀ་ལ་པིང་ཀའི་སྒྲ་ལྟ་བུར་སྨྲ་བ་དང་ལྡན་པར་འགྱུར་བ་དང་། བཟུང་བའི་ཚིག་ཏུ་འགྱུར་བ་དང་། རབ་ཏུ་དགའ་བར་འགྱུར་བ་དང་། ཀུན་ཏུ་དགའ་བ་རྒྱ་ཆེན་པོའི་སྒྲ་ཐོས་པ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་ཕུལ་བའི་ཕན་ཡོན་ནོ། །བ་དན་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ཀྱིས་བསྟི་སྟང་དུ་བྱེད་བླ་མར་བྱེད་རི་མོར་བྱེད་མཆོད་པར་བྱེད་པ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་གྲགས་པ་དང་།


JLD011_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མངོན་དུ་འབྱུང་བ་དང་། གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པར་འགྱུར་བ་དང་། སྐྱེ་བ་གཞན་རྣམས་སུ་ཚེ་རིང་ཞིང་རིང་དུ་གནས་པར་འགྱུར་བ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་དང་། རིགས་བཙུན་པར་སྐྱེ་བར་འགྱུར་བ་དང་། ལོངས་སྤྱོད་ཆེན་པོར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་ཕུལ་བའི་ཕན་ཡོན་ནོ། །གོས་ཕུལ་བའི་ཕན་ཡོན་བཅུ་གཉིས་ཏེ། བཅུ་གཉིས་གང་ཞེ་ན། མཛེས་ཤིང་ལྟ་ན་སྡུག་པར་འགྱུར་བ་དང་། པགས་པ་འཇམ་པ་དང་། པགས་པ་སྣུམ་པ་དང་། པགས་པ་སྲབ་པ་དང་། དེའི་ལུས་ལ་རྡུལ་དང་དྲི་མ་མི་འཆགས་པ་དང་། དེའི་གོས་བཟང་པོ་བཟང་པོར་འགྱུར་བ་དང་། གདིང་བ་དང་། བགོ་བ་ཕྲ་མོ་རྙེད་པར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་། མཐོང་ན་དགའ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་གཉིས་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གོས་ཕུལ་བའི་ཕན་ཡོན་ནོ། །མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་། དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང་། ལུས་ཀྱི་དྲི་ང་བ་རྣམ་པར་དག་པར་འགྱུར་བ་དང་། དྲི་ཞིམ་པོ་འབྱུང་བར་


JLD011_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བར་འགྱུར་བ་དང་། འཇིག་རྟེན་གྱི་མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང་། སྡུག་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ནོ། །ཕྲེང་བ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་ཕྲེང་བ་ལྟ་བུར་འགྱུར་བ་དང་། ལུས་ཀྱི་དྲི་ང་བ་རྣམ་པར་དག་པར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་དྲི་ངད་ལྡང་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། བརྒྱན་པར་འགྱུར་བ་དང་། གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང་། སྐྱེས་པ་དང་བུད་མེད་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་ནོ། །མར་མེ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་། དེའི་མིག་གི་དབང་པོ་ནམ་ཡང་འགག་པར་མི་འགྱུར་བ་དང་། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང་། ལྷའི་མིག་རྣམ་པར་དག་པ་ཐོབ་པར་འགྱུར་བ་དང་། དགེ་བ་དང་མི་དགེ་བའི་ཆོས་


JLD011_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང་། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང་ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་བ་དང་། དེ་འཁོར་བ་ན་འཁོར་བའི་ཚེ་ནམ་དུའང་མུན་པ་ན་གནས་པར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ། །སྤོས་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་སྤོས་ལྟ་བུར་འགྱུར་བ་དང་། སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ་དང་། ལུས་ཀྱི་དྲི་མི་ཞིམ་པ་རྣམ་པར་དག་པར་འགྱུར་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། གཟུགས་བཟང་བར་འགྱུར་བ་དང་། འཇིག་རྟེན་གྱི་མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང་། སྡུག་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་ཕན་ཡོན་ནོ། །རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་ལྟ་ན་སྡུག་པར་འགྱུར་བ་དང་། སྐད་སྙན་པར་འགྱུར་བ་དང་། ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང་། གྲགས་པ་དང་ལྡན་པར་འགྱུར་བ་དང་། བཟུང་བའི་ཚིག་ཏུ་འགྱུར་བ་དང་། རྟག་ཏུ་དགའ་བར་འགྱུར་བ་དང་། ཀུན་དགའ་བའི་སྒྲ་རྒྱ་ཆེན་པོ་རྟག་ཏུ་ཐོབ་པར་


JLD011_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་ནོ། །འཕགས་པ་སྤྱན་རས་གཟིགས་ཀྱི་མདོར་ཡང་བཀའ་སྩལ་པ། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་འགྱུར་ཚེ། །ཛམྦུའི་གླིང་དུ་སྐྱེ་བར་མི་འགྱུར་ཞིང་། །དེ་ནི་དེ་ཚེ་མཐོ་རིས་བདག་པོར་འགྱུར། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །དྲི་མི་ཞིམ་དང་མི་གཙང་སྨད་པ་རྣམས། །རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་ཕུང་པོར་གནས། །དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདི་སྤྱོད། །འདི་ནས་ཤི་འཕོས་མཐོ་རིས་ལྷ་དབང་འགྱུར། །རིང་པོར་མི་ཐོགས་དོན་མཐོང་རྣམས་ལ་རྟོག །ལྷ་རྣམས་ལ་ནི་རྒྱ་ཆེ་དོན་ཡང་བྱེད། །བཅོམ་ལྡན་རྒྱལ་བ་མཆོད་རྟེན་གསལ་བྱས་ན། །དེ་ནི་མི་ཁོམ་བརྒྱད་པོ་ཀུན་སྤོང་ཞིང་། །དེ་ནི་དལ་འགྱུར་དེ་བཞིན་ཁྱད་པར་འཕགས། །དེ་ནི་སངས་རྒྱས་མཚུངས་མེད་མཆོད་པ་བྱེད། །བག་ཡོད་བློ་གྲོས་བརྟན་ལ་དཔའ་བོར་འགྱུར། །འདོད་པའི་ཡོན་ཏན་དག་ལ་དགའ་མི་བསྐྱེད། །མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར། །དེ་ནི་ནམ་ཡང་བྱང་ཆུབ་སེམས་མི་འདོར། །ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་སྡོམ་པར་འགྱུར། །རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་འཐོབ། །དེ་ནི་མདོག་ངན་དུས་


JLD011_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན་ཏུ་སྤོང་། །འཆལ་བའི་ཤེས་རབ་མ་ལུས་རྣམ་པར་སྤོང་། །ཤེས་རབ་རྒྱ་ཆེན་གྱུར་ནས་སྤྱོད་ལ་གནས། །ཁ་ཟས་གཙང་མ་དག་ཀྱང་རྙེད་འགྱུར་ཞིང་། །ཁྱད་འཕགས་ཁ་དོག་ལྡན་ཞིང་ལྟ་སྡུག་ལ། །རེག་དང་ལྡན་ཞིང་རབ་མཛེས་གོས་རྣམས་འཐོབ། །དད་པའི་ཤུགས་སྐྱེད་བཅོམ་ལྡན་མཆོད་རྟེན་ལ། །མེ་ཏོག་སྐམ་པོ་ཉལ་ཉིལ་ཕྱགས་བྱས་ན། །འདོད་པ་དམན་པ་སྡུག་བསྔལ་བྱེད་པ་སྤོང་། །སྟོབས་བཅུ་མངའ་བའི་དེད་དཔོན་བརྙེས་པར་བྱེད། །དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར། །སྐྱེ་བོ་མང་པོས་མཆོད་འོས་བལྟ་འོས་འགྱུར། །དེ་ལ་རྒྱལ་པོ་གནོད་པར་སེམས་མི་འགྱུར། །ངན་སོང་ས་ཡི་ལམ་ངན་ཐམས་ཅད་གཅོད། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཕུང་པོར་གནས། །བག་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤོང་། །ནད་རྣམས་དུ་མ་མ་ལུས་རྣམ་པར་སྤོང་། །བསྐལ་པ་མཐའ་ཡས་རྣམས་སུ་དབུགས་འབྱིན་འཐོབ། །སྦྱིན་གནས་མཚུངས་མེད་སངས་རྒྱས་ཐོབ་པར་འོང་། །མཚུངས་མེད་ཐོབ་ཅིང་ལྷ་མིས་མཆོད་འོས་འགྱུར། །རྣམ་དག་ལུས་ལྡན་རྒྱན་གྱིས་བརྒྱན་པར་འགྱུར། །ལྷ་ཡི་མེ་ཏོག་རབ་མཛེས་མནྡ་ར། །མཚུངས་མེད་པ་ཏ་ལ་ཡང་སུ་འབུལ་དང་། །མཆོད་རྟེན་མེ་ཏོག་ཉལ་ཉིལ་སུས་ཕྱགས་པ། །དེ་དག་རྣམ་སྨིན་འདྲ་སྟེ་མཆོག་ཏུ་འགྱུར། །ཞེས་པ་ལ་སོགས་དུ་མ་གསུངས་སོ། །ཁང་བུ་བརྩེགས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཕྱག་བདར་བྱས་


JLD011_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕན་ཡོན་ནི་ལྔར་འགྱུར་ཏེ། གང་ཞེ་ན། བདག་གི་སེམས་དང་བར་འགྱུར་བ་དང་། གཞན་གྱི་སེམས་དང་བར་འགྱུར་བ་དང་། ལྷ་རྣམས་ཡིད་དགའ་བར་འགྱུར་བ་དང་། མཛེས་པའི་ལས་བྱས་ཤིང་བསགས་པ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །སྙིང་རྗེ་པདྨ་དཀར་པོའི་མདོར་ཡང་། ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པ་ལས་རྒྱུ་འབྲས་ཀྱི་དཔེ་འདི་ལྟར་བསྟན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་པ་ལ་གང་བསྟི་སྟང་དུ་བྱེད་པ་ལྟ་ཞོག །ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་ལ་མཆོད་པ་བྱེད་པའང་ལྟ་ཞོག །ཀུན་དགའ་བོ། གང་དག་ཁ་ཅིག །ཐ་ན་རྨི་ལམ་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས། སེམས་དང་བར་བྱེད་ན། ཀུན་དགའ་བོ། དགེ་བའི་རྩ་བ་དེའི་འབྲས་བུ་མྱ་ངན་ལས་འདའ་བ་ཡིན་ཏེ། མྱ་ངན་ལས་འདས་པ་ཀླས་ཤིང་མྱ་ངན་ལས་འདས་པའི་མཐས་གཏུགས་པར་འགྱུར་བར་ང་སྨྲའོ་ཞེས་དང་། ཉ་མཚོ་ནང་ནས་འདྲེན་པའི་དཔེར་མཛད་ནས་བཀའ་སྩལ་པ། དེ་བས་ན་རིགས་ཀྱི་བུ་དག །དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བའི་དགེ་བའི་རྩ་བ་ནི་འབྲས་བུ་ཆེན་པོ་དང་། རྙེད་པ་ཆེན་པོ་དང་ལྡན་པ་དག་སྟེ། རིགས་ཀྱི་བུ་དག །དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བའི་དགེ་བའི་རྩ་བ་ནི། དེ་ལྟ་བུ་དག་ལ་བཞག་པ། བསོད་ནམས་ཀྱི་ཞིང་ཆེན་པོ་ལ་བཏབ་པ་


JLD011_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ལ་ནི། ཐ་ན་ཡུན་རིང་པོ་ཇི་སྲིད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུའང་ཆུད་ཟ་བར་མི་འགྱུར་རོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདའ་བར་འགྱུར་རོ། །ཀུན་དགའ་བོ། དོན་ཤེས་པར་བྱ་བའི་ཕྱིར། ངས་དཔེ་འདི་བྱས་པ་ལ་དོན་དུ་ལྟ་བ་གང་ཞེ་ན། ཀུན་དགའ་བོ། ཉ་ཞེས་བྱ་བ་དེ་ནི་སོ་སོ་སྐྱེ་བོའི་ཚིག་བླ་དྭགས་སོ། །མཆིལ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའི་ཚིག་བླ་དྭགས་སོ། །སྲད་བུ་ཞེས་བྱ་བ་དེ་ནི་བསྡུ་བའི་དངོས་པོ་བཞིའི་ཚིག་བླ་དྭགས་སོ། །ཉ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །ཉ་གསོན་པོ་ཞེས་བྱ་བ་དེ་ནི་སེམས་ཅན་མྱ་ངན་ལས་འདས་པའི་འབྲས་བུ་ལ་འགོད་པའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། གང་སངས་རྒྱས་ལ་ཡོན་ཕུལ་བ་ནི་ཇི་སྲིད་མྱ་ངན་ལས་འདས་པར་འགྱུར་བ་མ་གཏོགས་པར་ཇི་སྲིད་ཡུན་རིང་པོར་ཡང་འཇིག་པ་མེད། ཡོངས་སུ་ཟད་པ་མེད། མཐར་ཐུག་པ་མེད་དོ། །ཞེས་སོགས་རྒྱས་པར་གསུངས་ཤིང་།ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་རྒྱལ་རབས་ཀ་ཁོལ་མར་ཡང་། འཇམ་དཔལ་གྱིས། བཅོམ་ལྡན་འདས་ད་ལྟ་སེམས་ཅན་རྣམས་ཀྱི་མཆོད་པའི་རྟེན་སངས་རྒྱས་ཉིད་ལགས་ཏེ། ཡོངས་སུ་མྱ་ངན་ལས་འདས་ནས་ཇི་ལྟར་བགྱི་བ་བཀའ་སྩལ་ཏུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་


JLD011_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

པ། ང་ཡི་འཁོར་ནི་རྣམ་བཞི་ཡིས། །ད་ལྟར་ང་ལ་མཆོད་བྱས་དང་། །མ་འོངས་པ་ན་དད་པ་ཡིས། །གཟུགས་བརྙན་རྣམས་ལ་མཆོད་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཅི་དེ་སངས་རྒྱས་བྱིན་རླབས་ཏེ། །སོ་སོ་སྐྱེ་བོས་ཤེས་མི་འགྱུར། །དེ་ཕྱིར་སངས་རྒྱས་མ་བྱོན་པའི། །ཞིང་ན་སྐུ་གཟུགས་ཡོད་མིན་ཞིང་། །མཐའ་འཁོབ་ཀླ་ཀློ་རྣམས་ན་མེད། །བསྟན་པ་ནུབ་ན་ཡོད་མིན་ཞིང་། །མུ་སྟེགས་བྱོལ་སོང་སོགས་མི་མཐོང་། །དེ་ཕྱིར་སྐུ་གཟུགས་སྤྲུལ་པ་ཡིན། །ཞེས་གསུངས་ཤིང་། དེའི་ཚེ་ལྷ་ཚངས་པ་དང་། བརྒྱ་བྱིན་དང་། ཁྱབ་འཇུག་རྣམས་ཀྱིས། སངས་རྒྱས་ཀྱི་ཆོས་སྐུ་མཚོན་བྱེད་མཆོད་རྟེན་དང་། ལོངས་སྐུ་སྤྲུལ་པའི་སྐུ་རྣམས་བཞེངས་ཤིང་། དེ་དག་དང་ཚུལ་མཚུངས་པར་རྒྱལ་པོ་ཉིད་ཀྱིས་ཀྱང་། མཐའ་འདུལ་ཡང་འདུལ་ལ་སོགས་པའི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་རྣམས་བཞེངས་སོ། །འདི་ལྟ་བུའི་ཕན་ཡོན་འབྱུང་བའང་ཤིན་ཏུ་རིགས་ཏེ། ཐུབ་པའི་དབང་པོ་འདིས་མུ་མཐའ་མེད་པའི་འགྲོ་བ་རྣམས་ཀྱི་དོན་དུ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་ནི་གྱུར་པས། དཔག་པར་དཀའ་བའི་སྙིང་སྟོབས་ཀྱི་རྣམ་པར་ཐར་པ་ཕྱོགས་ཙམ་ཞིག་གིས་ཀྱང་ཡིད་ཆེས་ཤིང་། དེ་དག་བལྟ་བར་བྱའོ། །རྣམ་གྲངས་འདི་དག་གིས་ནི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཚོན་པར་བྱེད་དོ། །བསོད་ནམས་ཀྱི་ཞིང་སྐུ་གཟུགས་མཆོད་པའི་ཕན་ཡོན་གྱི་ལེའུ་སྟེ་


JLD011_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའོ། །གཟུགས་སྐུའི་ཆུ་གཏེར་ཕན་ཡོན་ནོར་བུ་ཡིས། །ལེགས་པར་གང་བ་སྲེད་ལྡན་བདག་གིས་མཐོང་། །སྤྲོ་དགའི་དེད་དཔོན་ལྷག་བསམ་གྲུ་རྫིངས་ཅན། །ལེགས་བཤད་དབང་གི་རྒྱལ་པོ་འདིར་བླངས་སོ། །དེའང་འདི་ལྟ་སྟེ། སྐུ་གཟུགས་ཆེ་ཆུང་གང་བྱེད་ཀྱི། །ཤིང་ཚད་ཐོག་མར་བླངས་ནས་ནི། །བཞེངས་སྐུ་འགྱིང་ནི་མེད་པ་ལ། །ཆ་ནི་བཅུ་གཉིས་སྙོམས་པར་བགོ །འགྱིང་ཅན་ཞལ་གང་བཟླུམས་པ་ཡིས། །ཆ་ནི་བཅུ་གཅིག་ཤེས་པར་བྱ། །བཞུགས་སྐུ་བདུན་དུ་བགོ་བ་ཡིན། །དེ་ཡི་ཆ་གཅིག་དག་ལ་ནི། །ཆ་ཆེན་གདོང་དང་ཐལ་མོ་དང་། །མཐོ་དང་ཞལ་ཚད་ཅེས་པ་རྣམས། །མིང་གི་གྲངས་སུ་རིག་པར་བྱ། །དེ་ནི་ཕྱེད་བཅས་བཅུ་གཉིས་སུ། །ཤིན་ཏུ་སྙོམས་པར་བགོས་པ་ནི། །སོར་དང་ཆ་ཕྲན་དག་ཏུ་བརྗོད། །དེ་ལྟར་གྱུར་པའི་བརྒྱད་ཀྱི་ཆ། །ནས་ཞེས་མིང་གི་རྣམ་གྲངས་རྣམས། །སོ་སོར་མ་འདྲེས་ཤེས་པར་བྱ། །དེ་ལྟའི་ཚད་ཀྱིས་གཞལ་བྱའི་ཡུལ། །མཆོག་གི་སྤྲུལ་སྐུ་ལོངས་སྐུ་བཅས། །དཔལ་ལྡན་གསང་བ་འདུས་པ་དང་། །བདེ་དགྱེས་དུས་ཀྱི་འཁོར་ལོ་སོགས། །དྲང་སྲོང་ཁྲོས་པའི་སྐུ་རྣམས་སོ། །སྐུ་ཡི་སྲིད་དང་ཞེང་མཉམ་ལས། །ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །སྲིད་ཞེང་སོ་སོར་ཞལ་ནི་བཅུ། །གཙུག་ཏོར་ནང་དུ་བྱས་པ་ཡི། །རལ་བའི་ཅོད་པན་ཐལ་མོའི་ཚད། །འཇིགས་བྱེད་དུས་མཚན་ཆ་ཕྲན་བརྒྱད། །ཉི་མ་སོར་གཅིག་པདྨ་གསུམ། །དྲིལ་བས་གདན་ནི་ཞལ་གང་ངོ་། །དེ་ནི་བཅུ་གཉིས་ཆ་རུ་བརྗོད། །བཞུགས་སྐུ་ཞལ་ཚད་བདུན་


JLD011_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ། །སྐུ་ཡི་ཕྱེད་ཚད་གསང་གནས་ཡན། །ཞལ་ལྔ་ནོར་བུ་ཆ་ཕྲན་གཉིས། །གསང་བའི་འོག་ནས་སྤྱི་བོར་བཞི། །པདྨ་ཆ་ཆེན་ཕྱེད་དང་གཉིས། །དེ་རྣམས་ལ་ནི་ཞལ་བདུན་ནོ། །ད་ནི་ནང་ཚན་དབྱེ་བ་ལ། །གཙུག་ཏོར་སོར་བཞི་ཐོད་པའི་དཔངས། །ཕྱེད་བཅས་སོར་མོ་བཞི་རུ་བྱ། །སྐྲ་མཚམས་དག་ནས་མཛོད་སྤུ་དང་། །དེ་ནས་ཤངས་ཀྱི་རྩེ་ཡི་བར། །སོ་སོར་ཆ་ཕྲན་བཞི་ཡི་ཚད། །ཀོས་ཀོ་ཕྱེད་བཅས་ཆ་ཕྲན་བཞི། །མགྲིན་པ་སོར་བཞི་ཐུགས་ཀ་དང་། །ལྟེ་བ་གསང་བའི་ཆུ་སྐྱེས་བར། །སོ་སོར་ཐལ་མོའི་ཚད་ཡིན་ཏེ། །ཆུ་སྐྱེས་སྟེང་ནས་གཙུག་ཏོར་བར། །ཕྱེད་བཅས་དྲུག་ཅུ་རེ་གསུམ་གྱི། །སོར་མོ་དག་དང་ལྡན་པའོ། །དེ་ནས་དཔྱི་ནི་སོར་བཞི་དང་། །བརླ་ནི་ཆ་ཆེན་གཉིས་སུ་བྱ། །པུས་མོ་སོར་བཞི་རྗེ་ངར་ལ། །ཐལ་མོ་གཉིས་སུ་བཤད་པ་ཡིན། །བོལ་ནི་ཕྱེད་བཅས་ཆ་ཕྲན་བཞི། །གསང་བའི་གནས་ནས་ཞབས་ཀྱི་མཐར། །ཕྱེད་བཅས་དྲུག་ཅུ་རེ་གསུམ་གྱི། །ཆ་ཕྲན་དག་དང་ལྡན་པར་བྱ། །ད་ནི་ཞེང་གི་ཚད་བཤད་པ། །ཐུགས་ཀའི་ཚངས་པའི་རི་མོ་ནས། །མཆན་ཁུང་རྩེ་བར་ཞལ་གྱི་ཚད། །དཔུང་པ་སོར་མོ་ཉི་ཤུ་ལ། །ཕྱག་ངར་ཆ་ཕྲན་བཅུ་དྲུག་ཡིན། །ཕྱག་མགོ་བཅུ་གཉིས་སོར་མོའི་ཚད། །མཁྲིག་མ་གྲུ་མོའི་ཚིགས་གཉིས་ལ། །ཆ་ཕྲན་རེ་རེ་སྦྱིན་པ་ཡིས། །བསྡོམས་པས་ཕྱེད་བཅས་རེ་གསུམ་འགྱུར། །དེ་ནི་ཅིག་ཤོས་དག་ལའང་སྦྱར། །དེ་ལྟར་སྲིད་ཞེང་ཞལ་བཅུ་པ། །སོར་མོ་བརྒྱ་དང་ཉི་ཤུ་ལྔའི། །ཚད་ནི་མཁས་པས་ཤེས་པར་


JLD011_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །སྲིད་ཞེང་ཚད་ལ་མ་གཏོགས་པའི། །དབྱེ་བ་འདི་ལྟར་བཤད་བྱ་ཡིན། །ནོར་བུའི་དཔངས་སུ་སོར་མོ་གཉིས། །ཟླུམ་པོར་བསྐོར་བ་སོར་མོ་བཞི། །གཙུག་ཏོར་བསྐོར་བ་བཅུ་གཉིས་སོ། །ཐོད་ཁྱིམ་ཟླུམ་རྒྱས་གདུགས་ལྟ་བུ། །བཞི་བཅུ་ཞེ་ལྔའི་སོར་གྱིས་བསྐོར། །གཙུག་ཏོར་རྩ་ནས་སྐྲ་མཚམས་བར། །ཚངས་ཐིག་ཐད་སོར་ཆ་ཕྲན་བརྒྱད། །དེ་ནས་དཔྲལ་བ་སོར་བཞིའི་མཚམས། །སྨིན་ཕྲག་མཛོད་སྤུ་སོར་མོ་གཅིག །སྤུ་ནི་གཡས་འཁྱིལ་ཀུན་དའི་མདོག །དེ་ཡི་འོག་ཟུར་སྨིན་མའི་བར། །རྐང་པ་གཉིས་ཀྱིས་དམན་པ་ཡི། །སོར་གཉིས་དོར་ནས་སྨིན་མའི་དཀྱུས། །ཆ་ཕྲན་བཞི་དང་སོ་སོར་ལྡན། །རེ་ཁཱའི་སྦོམས་སུ་རྐང་པ་གཅིག །ཟླ་བ་ཚེས་ལྟར་མཛེས་པར་འདྲི། །མཛོད་སྤུའི་ཐད་ནས་ཆ་ཆུང་གཉིས། །འོག་ཏུ་གཞལ་བའི་འཕྲེད་ཐིག་སྟེང་། །སྤྱན་གྱི་དབྱེ་བ་འདི་ལྟར་བྱ། །སངས་རྒྱས་པསམ་གཏན་ལ་བཞུགས་པའི། །སྤྱན་གྱི་ཞེང་ལ་ནས་གཉིས་དང་། །དཀྱུས་སུ་ནས་དྲུག་སོར་མོ་གཉིས། །གཞུ་ཡི་དབྱིབས་ཅན་ཞི་བའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །སྤྱན་གྱི་ཞེང་ལ་སོར་མོ་ཕྱེད། དཀྱུས་སུ་ནས་བཞི་ཆ་ཕྲན་གཉིས། །ཨུཏྤལ་འདབ་ལྟར་ཤིན་ཏུ་མཛེས། །བདེ་མཆོག་རྩ་ཞལ་སྤྱན་གྱི་ཞེང་། །ནས་བཅུ་སྲིད་དུ་བཅུ་བཞི་ནས། །དྲང་སྲོང་ཁྲོས་པ་གཞན་ལའང་སྦྱར། །གཡས་གཡོན་སྤྱན་ཞེང་སོར་མོ་གཅིག །སྲིད་དུ་ཆ་ཕྲན་གཉིས་བྱས་ཏེ། །པདྨའི་འདབ་ལྟར་རབ་ཏུ་མཛེས། །རྒྱབ་ཞལ་སྤྱན་ཞེང་ནས་དྲུག་ཡིན། །དཀྱུས་སུ་ཕྱེད་བཅས་སོར་མོ་བཞི། །ཉ་ཡི་


JLD011_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་འདྲ་མཛེས་པ་ནི། །ལྷ་མོ་སྒེག་ཉམས་ཅན་ལའང་སྦྱར། །མིག་དཀྱུས་སོར་མོ་བཞི་དག་ལ། །རྐང་པ་བཞི་པའི་ཞེང་གིས་མཛེས། །ཀུན་གྱི་ཡིད་འཕྲོག་མཛེས་པའི་སྤྱན། །མིག་དབུས་སུམ་ཆའི་འབྲས་བུ་ནག །དེ་དབུས་མཐོང་མིག་ཕྱེད་བཅས་ནས། །རྫི་མ་རྐང་པ་ཕྱེད་ཀྱི་ཚད། །མིག་འབྲས་དཀར་ནག་ཆ་མཉམ་ཞིང་། །སོ་སོར་མ་འདྲེས་མཛེས་པར་བྱ། །མིག་ལྤགས་སོར་གྱི་ལྔ་ཆའི་དཔངས། །སྤྱན་གཉིས་བར་དུ་སོར་མོ་ཟུང་། །དེ་དབུས་ཤངས་ནི་སོར་གཅིག་དཔངས། །མངོན་པར་མཐོ་ཞིང་ཡིད་ཙམ་གཟུར། །དྲང་ཞིང་མཛེས་པའི་ཤངས་རྩེའི་དཔངས། །ཕྱེད་བཅས་སོར་གཅིག་རྣམ་རིག་བྱ། །ཤངས་དཀྱུས་སོར་གཅིག་སྔར་བཤད་པ། །ཤངས་ཀྱི་རྩ་བ་དག་ལ་སྦྱར། །ཤངས་རྩེ་འཆད་པས་སོར་ཕྱེད་བསྣན། །སྣ་ཡི་ཀ་བ་སོར་ཕྱེད་ཞེང་། །སྣ་བུག་རྒྱར་ཡང་དེ་བཞིན་ནོ། །སྣ་གཤོག་རྒྱས་པ་ནས་གཉིས་སོ། །བསྡོམས་པས་ཤངས་ཞེང་སོར་གཉིས་རྒྱས། །སྣ་བུག་ཟབས་སུ་སོར་གྱི་ཚད། །ཤངས་ཀྱི་འོག་ནས་མཆུ་སྒྲོས་བར། །ཡ་མཆུའི་པདྨ་ཞེས་བྱ་བ། །དཀྱུས་སུ་སོར་བཞི་ཞེང་ལ་ནི། །རྐང་པས་དམན་པའི་སོར་མོའི་དབུས། །ཅུང་ཞིག་དམའ་བ་ནས་གཅིག་གོ །གུ་ཙྪི་ཞེས་ཀྱང་རྣམ་པར་གྲགས། །དགེ་དང་མི་དགེ་འཇུག་ལྡོག་གི །ལེགས་གསུང་བདུད་རྩི་སྤྲོ་བའི་སྒོ། །འཛུམ་ཞལ་དཀྱུས་སུ་ཆ་ཕྲན་བཞི། །ཡ་མཆུའི་པད་སྒྲོས་དབུས་དག་ན། །ནེ་ཙོ་ཁྲ་ཡི་གདོང་འདྲ་བ། །འཕྱར་བའི་ངོས་ལ་རྐང་པ་གཅིག །མ་མཆུ་དག་ཀྱང་དེ་


JLD011_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལ། །དཔངས་སུ་ནས་དྲུག་འཛུམ་པ་དང་། །རྒོད་དང་ཞལ་ནི་གདངས་པ་རྣམས། །མཁས་པས་ཉམས་དང་ལྡན་པར་བྱ། །ཀོས་ཀོའི་རྩེ་མོ་ཟླུམ་ཞིང་རྒྱས། །རྒྱ་དཔངས་སོར་མོ་གཉིས་སུ་བྱ། །ལྐོག་མ་འཕྱར་བ་སོར་མོ་བཞི། །མགྲིན་པ་བུམ་པ་ལྟར་མཛེས་པ། །ཟླུམ་རྒྱས་རི་མོ་གསུམ་ལྡན་པ། །དང་པོ་སོར་གཅིག་རྐང་པས་དམན། །གཉིས་པ་སོར་གཅིག་རྐང་པ་གཅིག །ལྷག་མ་ཆ་ཕྲན་གཉིས་སུ་བཤད། །རི་མོ་རྣམས་ཀྱི་རྩེ་མོ་ཡང་། །རིམ་གྱིས་ཕྲ་ཞིང་གྱེན་དུ་ཕྱོགས། །སོར་མོ་ཉི་ཤུ་རྩ་བཞི་ཡིས། །མགྲིན་པར་བསྐོར་བའི་ཚད་དུ་བཤད། །ཞལ་གྱི་དབྱིབས་ནི་རྣམ་བཞི་སྟེ། །བྱ་ནག་སྒོ་ང་ཏིལ་དང་ནི། །གྲུ་བཞི་པ་དང་ཟླུམ་པོ་འོ། །སྐྱེས་ཆེན་ལྷ་དང་ལྷ་མོ་ནི། །བྱ་ནག་སྒོ་ང་ཏིལ་གྱི་དབྱིབས། །མཛེས་ཤིང་བལྟ་ན་སྡུག་པ་ཡི། །ཞལ་ནི་རྣམ་གཉིས་ཉིད་དུ་བྱ། །ཡི་དྭགས་འབྱུང་བོ་ཤ་ཟ་དང་། །ཁྲོ་རྣམས་མི་སྡུག་རྣམ་པ་སྟེ། །གྲུ་བཞི་པ་དང་ཟླུམ་པོར་གསུངས། །ཞལ་གང་གྲུ་བཞིའི་ཐིག་གི་ནང་། །དཔྲལ་དཀྱུས་སོར་མོ་བརྒྱད་དམ་བཅུའི། །མཚམས་ནས་དཔྲལ་བ་གཞུ་ལྟར་གུག །ཞལ་དཔངས་འགྲམ་པའི་ཟུར་ཁུགས་ནས། །གཅིག་གཉིས་གསུམ་དང་ཕྱེད་དང་གསུམ། །སོར་མོས་ཕྲི་བས་བ་ཡིག་དང་། །ཨ་འབྲས་ཏིལ་དང་བྱ་སྒོང་དབྱིབས། །དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །ཞལ་བཞི་ལ་ཡང་སྦྱར་བྱ་སྟེ། །གཡས་ཞལ་སྒོ་ངའི་དབྱིབས་འདྲ་ཞིང་། །རྩ་ཞལ་ཨ་འབྲས་རྒྱབ་ཞལ་ཏིལ། །གཡོན་ཞལ་གྲུ་བཞི་པ་ཡིག་སྟེ། །མཁས་པས་ལྷ་ཡི་གདོང་བ་བརྒྱན། །ཤངས་ཀྱི་རྩ་བའི་ཐད་ཟུར་གྱི། །འགྲམ་པ་དག་ནས་ལེགས་སྐྱེས་པའི། །སྙན་དཀྱུས་སོར་མོ་ཕྱེད་


JLD011_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྔ། །སྨིན་མའི་རྩེ་དང་སྙན་རྩེ་མཉམ། །མིག་གི་ཐད་ཟུར་འགྲམ་པ་ལས། །ཐོན་པའི་རྣ་བའི་འཁྱིལ་བ་ཞེས། །ལོགས་སུ་འཕྱར་བ་སོར་ཕྱེད་ཀྱིས། །ཤངས་འབུར་མེ་ཏོག་སྒང་བུའི་དབྱིབས། །སྲིད་དུ་སོར་གཅིག་ལྡན་པའི་འོག །རྣ་བའི་ཁུང་བུ་རྒྱ་དང་དཔངས། །ཆ་ཕྲན་གཅིག་གིས་ཉེ་བར་མཛེས། །དེ་དང་འབྲེལ་བའི་འོག་གི་ཁུང་། །རྒྱ་དཔངས་སོར་མོ་ཕྱེད་དུ་བྱ། །དེ་གཉིས་ཕྱི་མཐའ་བསྐོར་བ་ཡི། །པགས་པ་འབུར་དང་དམའ་བ་གཉིས། །སོ་སོར་རྐང་པ་གཉིས་ཀྱི་ཞེང་། །དེ་ཡི་ཕྱི་མཐའ་རྣ་བའི་རྒྱུན། །ཞེང་དུ་སོར་ཕྱེད་དཔངས་སོར་གཅིག །བསྡོམས་པས་སྙན་ཞེང་སོར་མོ་གཉིས། །རྒྱབ་ཏུ་སོར་ནི་ཕྱེད་དང་གཉིས། །འགྲམ་པ་དག་ལས་མངོན་པར་འཕགས། །སྙན་ཤལ་སོར་བཞི་ལྔ་ཡང་རུང་། །ཞེང་དུ་ཆ་ཕྲན་ཕྱེད་དང་གཉིས། །མདུན་དུ་ཕྱོགས་ཤིང་མཛེས་པར་བྱ། །སྙན་བར་མདུན་ལོགས་བཅོ་བརྒྱད་སོར། །རྒྱབ་ལོགས་སོར་མོ་བཅུ་བཞིར་བྱ། བསྡོམས་པས་སུམ་ཅུ་སོ་དྲུག་བསྐོར། །མགྲིན་དཀྱུས་སོར་བརྒྱད་ཕྱི་ཟུར་ནས། །ཕྲག་པ་ཞལ་གང་སོར་མོ་གཉིས། །དཔུང་མགོ་ཟླུམ་ཞིང་ཕྲག་གོང་རྒྱས། །དཔུང་བའི་མགོ་ནས་མཆན་ཁུང་རྩེར། །སོར་དྲུག་ནུ་མའི་བར་ཡང་ངོ་། །མཆན་ཁུང་རྩེ་ནས་ཕྲག་པའི་སྟེང་། །སོར་དགུ་ཉི་ཤུ་རྩ་བཞིས་བསྐོར། །དཔུང་ལྷུ་སོར་མོ་ཉི་ཤུ་དང་། །ཕྱག་ངར་བཅུ་དྲུག་ཚད་དག་གིས། །རང་རང་སྦོམས་སུ་རྣམ་པར་བསྐོར། །མཁྲིག་མ་བསྐོར་བ་ཆ་ཆེན་གཅིག །དཔུང་ལྷུ་ཕྱག་ངར་མཁྲིག་མ་རྣམས། །བསྐོར་བའི་སུམ་ཆ་བྲི་བྱ་ལའོ། །ཕྱག་


JLD011_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་སྲིད་ཞེང་སོར་མོ་བདུན། །གུང་མོ་སོར་ལྔ་ཚིགས་ཕྱེད་ཀྱིས། །ཕྲི་བས་མཛུབ་མོ་སྲིན་མཐེབ་ནི། །གུང་མོ་དག་ལས་སོར་ཕྱེད་དམན། །སྲིན་མཐེབ་དག་གི་ཚིགས་གཅིག་གི །མཐེབ་ཆུང་དམའ་ཞིང་སོར་མོ་རྣམས། །ཆ་མཉམ་ཚིགས་པ་གསུམ་དང་ལྡན། །ཚིགས་ཕྱེད་མཚམས་ནས་སེན་མོ་ནི། །མདོག་དམར་སྒལ་ནི་མཐོ་བར་བྱ། །སོར་མོའི་དཀྱུས་ཀྱི་སུམ་ཆ་ནི། །ཚད་པས་རང་རང་རྩ་བ་བསྐོར། །རྩ་བའི་སུམ་ཆ་ཚད་པ་སྦོམས། །དེ་ཡི་སུམ་ཆ་ཕྲི་བ་ཡིས། །སོར་མོའི་རྩེ་མོ་བསྐོར་བར་བྱ། །རིམ་གྱིས་ཕྲ་ཞིང་མཉེན་ཞིང་མཛེས། །མཁྲིག་མ་དག་ནས་སོར་བཞིའི་མཚམས། །ལེགས་སྐྱེས་མཐེ་བོང་སོར་བཞི་པ། །ཚིགས་པ་གཉིས་ལྡན་སོར་མོ་ནི། །རྩ་བའི་ཚིགས་ཀྱི་ཕྱེད་དུ་སླེབ། །མཐེ་བོང་སྦོམས་སུ་སོར་བཞིས་བསྐོར། །མཐེ་བོ་དག་གི་རྩ་བ་ནས། །མཛུབ་མོའི་རྩ་བར་སོར་མོ་གཉིས། །མཐེའུ་ཆུང་གི་རྩ་བ་ནས། །མཁྲིག་མའི་བར་དུ་སོར་ལྔ་ཡིན། །ཕྱག་མཐིལ་དུང་དང་འཁོར་ལོ་དང་། །དཔལ་གྱི་བེའུ་ལ་སོགས་པའི། །རི་མོ་དག་གིས་ལེགས་པར་སྤྲས། །མཆན་ཁུང་རྩེ་ནས་རྩེ་ཡི་བར། །ཉི་ཤུ་རྩ་ལྔའི་སོར་མོ་ནི། །རྒྱབ་མདུན་གཉིས་སུ་སོ་སོར་གནས། །མཆན་ཁུང་འོག་གི་ལོགས་གཉིས་ལ། །ཆ་ཕྲན་བརྒྱད་བརྒྱད་ཀུན་དྲིལ་བས། །དྲུག་ཅུ་རེ་དྲུག་སོར་མོས་བསྐོར། །ནུ་ཏོག་ནས་བཞི་རྣམ་པར་བརྒྱན། །ནས་གཉིས་འོད་ཀྱིས་ཀུན་ཏུ་བསྐོར། །ནུ་མའི་བར་དུ་མཐོ་ཡི་ཚད། །ནུ་མའི་ཐད་ཀྱི་མདུན་རྒྱབ་རྒྱར། །སོར་མོ་ཉི་ཤུ་ཕྱེད་དང་གསུམ། །ལོགས་གཉིས་སོ་སོར་བཅུ་གཉིས་སོར། །དྲིལ་བས་དྲུག་ཅུ་རེ་དགུས་བསྐོར། །ནུ་མའི་འོག་ནས་སོར་གཉིས་ཐད། །


JLD011_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་མདུན་རྒྱབ་ཉི་ཤུ་སོར། །རྩིབས་ལོགས་སོ་སོར་ཆ་ཕྲན་བཅུ། །བསྡོམས་པས་ཆ་ཕྲན་དྲུག་ཅུས་བསྐོར། །ལྟེ་བ་ནུ་མའི་བར་དག་ལ། །ཆ་ཕྲན་དག་ནི་བཅུ་དྲུག་དང་། །ནུ་མ་ཕྲག་པར་ཞལ་གང་ངོ་། །ལྟེ་བའི་ཐད་སོར་ཞེང་དྲུག་ཅུ། །ཟླུམ་པོར་བསྐོར་བས་སུམ་འགྱུར་རོ། །ལྟེ་གོང་སོར་མོ་གཅིག་གི་མཚམས། །ཞེང་ནི་སོར་མོ་བཅོ་ལྔ་ལ། །སུམ་འགྱུར་ཚད་ཀྱིས་བསྐོར་བ་ཡིན། །རྐེད་པ་ཕྲ་ཞིང་སྐབས་ཕྱེད་བྱ། །ལྟེ་ཁུང་རྒྱ་དཔངས་སོར་གཅིག་པ། །ཟབ་དང་གཡས་སུ་འཁྱིལ་བ་ཡིན། །ལྟེ་བའི་འོག་ནས་སོར་བརྒྱད་མཐར། །སྟ་ཟུར་བར་དུ་བཅོ་བརྒྱད་སོར། །བཅུ་དགུ་དག་ཀྱང་ལེགས་པར་བཤད། །དེ་དག་སུམ་འགྱུར་བསྐོར་བར་བྱ། །གསང་བའི་ཆུ་སྐྱེས་ཡུ་བ་ལ། །སོར་བཞི་ནོར་བུ་ཆ་ཕྲན་གཉིས། །ཆ་ཕྲན་དྲུག་གིས་སྦོམས་སུ་བསྐོར། །འོག་ཏུ་འཕྱང་བའི་འབྲས་བུའི་དཀྱུས། །སོར་ལྔ་ཞེང་དུ་ཆ་ཆུང་བཞི། །གཉིས་པོ་ཡིད་ཀྱིས་སྤྲུལ་པར་གསུངས། །འཕོངས་ཚོས་ཟླུམ་པོ་ཆ་ཕྲན་བརྒྱད། །འབུར་བ་ལ་ནི་ཆ་ཕྲན་གསུམ། །བརླ་ཡི་རྩ་བ་བསྐོར་བ་ལ། །ཆ་ཕྲན་སུམ་ཅུ་སོ་དྲུག་གོ །དེ་འོག་སྦོམས་སུ་སུམ་ཅུ་གཉིས། །པུས་མོའི་ཐད་སོར་ཉི་ཤུ་བརྒྱད། །རྗེ་ངར་དབུས་སུ་ཉི་ཤུ་གཅིག །ལོང་བུའི་ཐད་སོར་བཅུ་བཞི་རྣམས། སོར་མོའི་ཚད་ཀྱིས་བསྐོར་བ་ཡི། །རིམ་གྱིས་ཕྲ་ཞིང་མཛེས་པའོ། །དེ་དག་རྣམས་ཀྱི་སུམ་ཆ་ནི། །བྲིས་སྐུ་དག་ལ་བཀོད་པར་བྱ། །ཞབས་མཐིལ་སོར་མོ་བཅུ་གཉིས་ཏེ། །མཐེ་བོང་མཛུབ་མོ་སོར་མོ་གསུམ། །མཛུབ་མོའི་བཅུ་དྲུག་ཆ་ཡིས་ནི། །དམན་པའི་གུང་མོ་རིམ་པ་བཞིན། །སོ་སོར་བརྒྱད་


JLD011_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་བརྒྱད་ཆས་དམན། །མཐེ་བོང་སྦོམས་སུ་སོར་ལྔས་བསྐོར། །ལྷག་མ་རང་རང་དཀྱུས་ཀྱིས་བསྐོར། །སོར་མོ་ཐམས་ཅད་ཚིགས་གཉིས་པ། །སེན་མོ་རྣམས་ནི་ཚིགས་ཕྱེད་དོ། །ཞབས་མཐིལ་སོར་མོར་བཅས་པའི་དཀྱུས། །སོར་ནི་བཅོ་ལྔ་དག་དང་ལྡན། །བཅུ་ཡི་ཚད་ཀྱང་ལེགས་པར་བཤད། །སོར་མོ་རྣམས་ཀྱི་རྩ་བ་ཡི། །ཞབས་མཐིལ་ཞེང་དུ་སོར་མོ་དྲུག །དབུས་སུ་སོར་ལྔ་རྟིང་པར་བཞི། །རྟིང་པ་འབུར་བ་སོར་མོ་གཉིས། །མཐེ་བོའི་རྩ་བ་ཞབས་ཀྱི་དཔངས། །སོར་མོ་གཉིས་སུ་རིག་པར་བྱ། །མཐེའུ་ཆུང་ནས་རྟིང་པའི་བར། །དཔངས་སུ་ཆ་ཕྲན་གཅིག་ཡིན་ནོ། །ཞབས་མཐིལ་མཉམ་ཞིང་འཁོར་ལོ་སོགས། །དགེ་མཚན་རི་མོ་འདྲི་བར་བྱ། །དེས་ནི་རྫོགས་པའི་སངས་རྒྱས་ཀྱི། །ཚད་ཀྱི་དབྱེ་བ་མདོ་ཙམ་བཤད། །སངས་རྒྱས་རྣམས་ཀྱི་ཞལ་གྱི་ཚད། །ཕྱེད་བཅས་སོར་མོ་བཅུ་གཉིས་ཀྱི། །ཕྱེད་ཀྱི་ཆ་རྣམས་ཕྲི་བ་ཡིས། །སོར་མོ་བཅུ་གཉིས་ཞལ་ཚད་ཀྱི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚད། །སྲིད་དང་ཞེང་དུ་ཞལ་ནི་བཅུ། །སོར་མོ་བརྒྱ་དང་ཉི་ཤུར་འགྱུར། །རལ་བའི་ཅོད་པན་སོར་མོ་ནི། །བཅུ་འམ་བརྒྱད་དུ་ལེགས་པར་བཤད། །གཞན་ནི་སྔར་བཞིན་ཤེས་པར་བྱ། །གདོང་བ་དགུ་པའི་ཚད་བཤད་པ། །སྲིད་ཞེང་ཞལ་དགུ་སོར་མོ་ནི། །བརྒྱ་དང་བརྒྱད་དུ་རིག་པར་བྱ། །ཞལ་རས་ཐུགས་ཀ་ལྟེ་བ་དང་། །གསང་བའི་གནས་བར་ཆ་ཆེན་རེ། །སོ་སོར་མ་འདྲེས་ཤེས་པར་བྱ། །ཐོད་དཔངས་སོར་གསུམ་མགྲིན་པ་ཡང་། །དེ་དག་ཚད་དང་མཐུན་པ་ཡི། །གསང་བའི་གནས་ནས་སྤྱི་བོའི་བར། །ཞལ་ནི་ཕྱེད་དང་ལྔ་རུ་འགྱུར། །བརླ་དང་བྱིན་པ་ཞལ་དོ་རེ། །བོལ་གྱི་དཔངས་དང་པུས་མོའི་དཔངས། །སོ་སོར་ཆ་ཕྲན་


JLD011_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དག་གིས། །གསང་བའི་གནས་ནས་ཞབས་ཀྱི་མཐར། །ཞལ་ནི་ཕྱེད་བཅས་ལྔ་རུ་འགྱུར། །དེས་ནི་སྲིད་ཚད་རྟོགས་པར་བྱ། །ཐུགས་ཀའི་ཚངས་པའི་རི་མོ་ནས། །མཆན་ཁུང་རྩེ་བར་སོར་མོ་བཅུ། །དཔུང་ལྷུ་ཆ་ཕྲན་བཅོ་བརྒྱད་དང་། །ཕྱག་ངར་བཅུ་བཞིའི་སོར་མོ་ཡིན། །ཕྱག་མགོ་སོར་མོ་བཅུ་གཉིས་རྣམས། །བསྡོམས་པས་སོར་མོ་ལྔ་བཅུ་བཞི། །ཞལ་ནི་ཕྱེད་བཅས་ལྔ་རུ་འགྱུར། །དེ་བཞིན་གཡས་གཡོན་མཚུངས་པ་ཡི། །ཞེང་གི་ཚད་ནི་རིག་པར་བྱ། །ནུ་མ་རྒྱ་དཔངས་ཆ་ཕྲན་བཞི། །མཁྲེགས་ཤིང་ཟླུམ་རྒྱས་ཉིད་དུ་བྱ། །རལ་བ་ཕྱེད་བཅིངས་སྒྲ་ཡི་ཚད། །སོར་དྲུག་ལྷ་མོ་རྣམས་ལ་མཛེས། །དེ་དག་ལྷ་མོ་སྒྲོལ་མ་སོགས། །དཀྱིལ་འཁོར་ས་ཡི་ལྷ་མོ་དང་། །ཆུ་ལྷ་བདེན་བྲལ་ནོར་ལྷ་དང་། །ཞི་བའི་གཟའ་དང་འདོད་ལྷ་དང་། །ཉན་ཐོས་རྣམས་ཀྱི་ཚད་དུ་བཤད། །དེ་ལྟར་ཐལ་མོ་བཅུ་པ་དང་། །ཐལ་མོ་དགུ་ཞེས་བཤད་པ་ཡིས། །མཚན་ཉིད་གསུམ་པ་རིག་པར་བྱ། །ཁྲོ་བོ་བཅུ་དང་གནོད་སྦྱིན་དང་། །ཐགས་བཟང་བདེན་བྲལ་གཤིན་རྗེ་དང་། །མེ་ལྷ་དྲག་པོའི་གཟའ་ལ་སོགས། །སྲིད་ཞེང་ཐལ་མོ་བརྒྱད་དུ་གསུངས། །ཞལ་དང་ཐུགས་ཀ་ལྟེ་བ་དང་། །གསང་བའི་གནས་རྣམས་ཆ་ཆེན་རེ། བརླ་དང་བྱིན་པ་སོ་སོར་ནི། །སོར་མོ་བཅོ་བརྒྱད་དག་ཏུ་བྱ། །ཁྲོ་བོའི་མགྲིན་ཚད་དོར་བ་ཡིན། །བོལ་དང་པུས་མོ་ཐོད་པའི་དཔངས། །སོ་སོར་ཆ་ཕྲན་བཞི་ཡིས་ནི། །སྲིད་ཀྱི་ཚད་ནི་རྟོགས་པར་བྱ། །བྲང་ཞེང་ཕྱེད་ལ་སོར་མོ་བཅུ། །དཔུང་ལྷུ་སོར་མོ་བཅུ་བཞི་དང་། །ཕྱག་ངར་ཕྱག་མགོ་ཞལ་གྱི་ཚད། །ཆ་ཤས་གཞན་ལའང་སྦྱར་བ་ཡིས། །


JLD011_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཞེང་གི་ཚད་ནི་ལེགས་པར་ཤེས། །སྐུ་ཡི་སྤོམ་ཕྲ་ཡན་ལག་རྣམས། །རགས་དང་གྲིམས་དང་རོལ་པ་སོགས། །མཁས་པས་ཉམས་དང་རྗེས་སུ་བསྟུན། །སྤྲུལ་སྐུའི་དབུ་སྐྲ་བུང་བ་ནི། །ཚད་ཡིག་རྣམས་སུ་མི་གསལ་བས། །འདུལ་བ་དག་ནས་ལེགས་གསུངས་པ། །དགོན་པ་བ་དང་གྲོང་མཐའ་བའི། །རབ་ཏུ་བྱུང་བའི་སྐྲ་ཡི་ཚད། །སོར་མོ་གཉིས་སམ་ཕྱེད་བཅས་བྱ། །འཁོར་ལོ་སྡོམ་པ་ལ་སོགས་དང་། །ཁྲོ་བོའི་ཞབས་ནི་བགྲད་པ་རྣམས། མཐོ་ལྔ་རུ་ནི་གསུངས་པ་ཡིན། །ཟླ་གདན་རྒྱར་ཡང་དེ་བཞིན་ནོ། །ཐལ་མོ་བཅུ་པའི་ལྷ་རྣམས་ཀྱི། །བཞུགས་པའི་བརླ་ཡི་རྩ་བའི་དཔངས། །ཆ་ཆེན་གཅིག་ཏུ་རིག་པར་བྱ། །པུས་མོའི་དཔངས་སུ་སོར་མོ་བདུན། །སྐྱིལ་ཀྲུང་སྣོལ་མཚམས་དཔངས་སོར་བརྒྱད། །པུས་མོ་གཉིས་ཀྱི་བར་དུ་ནི། །སྐྱིལ་ཀྲུང་ཞལ་བཞི་སོར་མོ་བཞི། །རྟིང་གཉིས་བར་དུ་སོར་མོ་བཞི། །སྐྱིལ་ཀྲུང་བྱས་པའི་ཕྱི་མཐའ་ནས། །གསང་གནས་བར་དུ་སོར་བརྒྱད་དམ། །སོར་མོ་བཅུ་ཡི་བར་དུ་བྱ། །དེ་རྣམས་ཚད་དང་མཐུན་པ་ཡི། །བཟོ་ཐིག་ཅུང་ཞིག་བརྗོད་པ་ཡིན། །གཞན་ཡང་ཡན་ལག་ཉིང་ལག་སོགས། །བརྐྱང་བསྐུམས་བསྐྱེད་བྲི་སྣ་ཚོགས་པ། །མཁས་པ་རྣམས་ཀྱིས་ཤེས་བྱ་ཡིན། །དེ་ལྟར་རྨད་བྱུང་ཕྱག་ཚད་ཀྱི། །གདོང་བ་བརྒྱད་པ་ཞེས་པ་ཡིས། །མཚན་ཉིད་བཞི་པ་ལེགས་པར་བརྗོད། །སྐུ་གཟུགས་མཚན་ཉིད་མི་ལྡན་པའི། །ཉེས་དམིགས་འདི་དག་རིག་པར་བྱ། །བདེ་མཆོག་སྡོམ་པ་འབྱུང་བ་ལས། །རིང་བ་གསུམ་ནི་སྐྱོན་ཆེན་ཏེ། །ཀོས་ཀོ་མགྲིན་པ་བྱིན་པའོ། །


JLD011_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་བདག་ཉིད་སྔགས་པ་ཡི། །གནས་ལས་ཉམས་ཤིང་སྐྲོད་པར་བྱེད། །འགྲམ་པ་བྲང་དང་རྩིབ་ལོགས་ཏེ། །གསུམ་པོ་ཞོམ་ན་སྐྱོན་ཆེན་པོ། །དོན་རྣམས་ཉམས་པར་འགྱུར་བ་དང་། །འདིར་ནི་བགེགས་འབྱུང་ཐེ་ཚོམ་མེད། །ནུ་མ་ཤངས་དང་དཔྲལ་བ་སྟེ། །གསུམ་པོ་ཡོ་ན་སྐྱོན་ཆེན་པོ། །སྒྲུབ་པོ་དེ་དག་མྱུར་བར་ནི། །དགྲ་ཡིས་རྩོད་པས་གདུང་བར་འགྱུར། །བརླ་དང་དཀུ་དང་ནམ་ཚོང་སྟེ། །གསུམ་པོ་ཉམས་ན་སྐྱོན་ཆེན་ཡིན། །ཆོམ་རྐུན་སོགས་ཀྱིས་འཇོམས་པ་འམ། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །སྙན་དང་མཆུ་དང་དཔྲལ་བ་དང་། །ཤངས་ཉམས་སྤྱན་ནི་ཡོ་བའི་སྐྱོན། །ངེས་པར་སྔགས་པ་བདག་ཉིད་ལ། །སྣ་ཚོགས་བགེགས་འབྱུང་འཆི་བར་འགྱུར། །གྱེན་དུ་གཟིགས་ཤིང་དབུགས་བསྐྱོད་ཚུལ། །གདན་ལས་ཡོ་ཞིང་བསྐྱོད་ལྟ་བུ། །རང་གི་གནས་ནས་ངེས་འཕོ་ཞིང་། །དོན་རྣམས་འཇོམས་པ་ཉིད་དུ་འགྱུར། །མགྲིན་པ་ནམ་ཚོང་ལ་སོགས་པའི། །སྐྱོན་ནི་གྲངས་མེད་ཞིག་ཏུ་གནས། །འདིར་ནི་སྤྱན་སོགས་ཡོ་བ་དང་། །ཕྱག་རྒྱ་ཕྱག་མཚན་ནོར་གྱུར་ན། །མྱ་ངན་སྡུག་བསྔལ་གྱིས་རབ་གདུང་། །དེ་ཕྱིར་སྐྱོན་བརྟགས་དཔྱོད་པར་བྱ། །རྒྱབ་ཡོལ་གདུགས་དང་གདན་རྣམས་ཏེ། །གསུམ་པོ་ཆུང་ཞིང་དོག་པའི་སྐྱོན། །མཛའ་བོས་མི་སྙན་བརྗོད་པ་དང་། །དཔལ་ཉམས་འཆི་བར་འགྱུར་བ་ཡིན། །སྐྱོན་འདི་དག་ནི་སྐྱོན་ཆེན་པོ། །མཁས་པས་ལེགས་པར་བརྟག་པར་བྱ། །ཞེས་གསུངས་ཤིང་། ཨིན་དྲའི་བུས་


JLD011_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པའི་ཚད་ཡིག་ལས། སྐུ་གཟུགས་ལྷག་དང་ཆད་པ་ཡི། །ཡོན་ཏན་སྐྱོན་རྣམས་བརྗོད་བྱ་ཞིང་། །རིང་ཞིང་ཡངས་དང་ལྡན་གྱུར་ན། །གནས་རྣམས་ལེགས་པར་བརྟན་པ་སྟེ། །དབུ་ནི་གདུགས་ཀྱི་དབྱིབས་ལྟ་བུ། །ནོར་བུ་འབྲུ་ནི་ལེགས་འཕེལ་ཏེ། །དཔྲལ་བ་སྨིན་མའི་དབྱིབས་ལེགས་པས། །རྟག་ཏུ་དཔལ་ནི་སྟེར་བར་འགྱུར། །པད་སྒྲོས་ནེ་ཙོ་འདྲ་བ་ཡིས། །སྐྱེ་དགུ་སྡེ་བཅས་རྒྱལ་བར་འགྱུར། །སྐུ་ཡི་མགྲིན་པ་དུང་འདྲ་ན། །དངོས་གྲུབ་ཐམས་ཅད་རྟག་ཏུ་བྱེད། །སྐུ་སྟོད་སེངྒེའི་དབྱིབས་འདྲ་བས། །ལོ་ལེགས་དང་ནི་སྟོབས་འཕེལ་འགྱུར། །ཕྱག་ནི་གླང་ཆེན་ལག་འདྲ་བས། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད། །ཕྱལ་ལེགས་འབྲས་བུ་ཕུན་སུམ་ཚོགས། །རྟག་ཏུ་ལོ་ལེགས་རྣམས་སུ་བྱེད། །བརླ་ཡི་ཆ་ལེགས་ར་བ་འཕེལ། །བྱིན་པའི་དབྱིབས་ལེགས་གྲོང་རྣམས་འཕེལ། །སྐུ་ཡི་ཞབས་ནི་ལེགས་གྱུར་པས། །ཚུལ་ཁྲིམས་རིག་པ་རབ་ཏུ་འགྲུབ། །དེ་རྣམས་སྐུ་ཡི་བསྔགས་བརྗོད་དོ། །དམན་པས་ཡུལ་ཕྱོགས་ནོར་རྣམས་འཇོམས། ཞེང་དང་སྲིད་དུ་དམན་པ་ཡིས། །མུ་གེ་དང་ནི་ཡུལ་འཇོམས་འགྱུར། །ལུས་དམན་གྱུར་པས་སྒུར་པོ་དང་། །ཤངས་དམན་པ་ཡིས་ཁྲོ་བ་དང་། །གཡོན་མིག་ཕྱུགས་རྣམས་ཟད་བྱེད་ཅིང་། །སྟེང་མིག་ནོར་ནི་འཛད་པར་བྱེད། །མིག་ཆུང་མིག་ནི་ཟླུམ་པོ་དང་། །དེ་བཞིན་དུ་ནི་མིག་ཡོན་དང་། །མིག་དམན་པ་དང་འོག་མིག་རྣམས། །རིང་དུ་རྣམ་པར་སྤང་བར་བྱ། །སྐུ་ཡི་ཕྱལ་ནི་དམན་གྱུར་ན། །འབྲུ་རྣམས་རྟག་ཏུ་ཉམས་པར་བྱེད། །སྐུ་ཡི་བརླ་ནི་དམན་གྱུར་ན། །མངལ་ནས་དམན་


JLD011_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷུང་བར་འགྱུར། །ཤངས་དང་སྤྱན་དང་ཕྱག་སོར་གསུམ། །ཐུང་བ་རྣམས་ནི་ཉེས་པ་ཆེ། །མགྲིན་པ་ཀོས་ཀོ་རྗེ་ངར་གསུམ། །རིང་བ་རྣམས་ནི་ཉེས་པ་ཆེ། །དབུ་དང་སྙན་དང་ཤངས་དང་གསུམ། །ཕྲ་བ་རྣམས་ནི་ཉེས་པ་ཆེ། །དེ་ཕྱིར་སྐྱོན་ཡོན་ཤེས་བྱས་ནས། །སྐུ་གཟུགས་རྣམ་པར་སྤྲོ་བར་བྱ། །ཡང་དེ་ཉིད་ལས། སྐུ་ནི་ཚད་མི་སྟེར་བ་དང་། །ཡང་ན་ནོར་རྣམས་ཟད་པར་བྱེད། །སྐུ་ནི་ཆག་པས་རིགས་ཉམས་ཤིང་། །གས་པས་ཕྱོགས་རྣམས་འཁྲུག་པར་བྱེད། །སྐུ་འམ་གལ་ཏེ་ལིང་ག་དང་། །ལྷ་མོ་མ་མོའི་ཚོགས་དེ་བཞིན། །ཆོ་གའི་ལས་ནི་ལྟ་བྱས་ནས། །མྱུར་དུ་དེ་རྣམས་གཤེགས་པར་བྱ། །མེ་ཏོག་མཆོད་རྟེན་དེ་བཞིན་དུ། །སྤོས་དང་ཞལ་ཟས་གཏོར་མ་དང་། །གོས་ལ་སོགས་པ་འབུལ་བྱ་ཞིང་། །དེ་བཞིན་སྦྱིན་སྲེག་ལས་སྦྱངས་ནས། །དགེ་དང་ཞི་བའི་ཆུ་བོ་ལ། །ལྷ་ཡི་སྔགས་ནི་བཟླས་བྱས་ནས། །སྐྲ་དང་ཐག་པ་མུན་ཛ་དང་། །ཟར་མ་དུ་ཀུ་ལ་དེ་བཞིན། །ཆོ་ག་བཞིན་དུ་བྱས་ནས་ནི། །ཐག་པ་ཡིས་ནི་བཅིང་བར་གསུངས། །ཁྱུ་མཆོག་སྟེང་དུ་བཅིངས་ནས་ནི། །ལྷ་རྣམས་རྙིང་པ་སྤྱན་དྲངས་ལ། །གོས་ཀྱི་རང་བཞིན་སྐུ་གཟུགས་ནི། །ཆུ་བོ་ཆེན་པོའི་འགྲམ་དག་དང་། །དེ་བཞིན་གཙང་བོ་འདུས་རྣམས་ལ། །དེ་རུ་དེ་བཞིན་འཕང་བར་བྱ། །གསེར་དང་དངུལ་དང་དེ་བཞིན་དུ། །ཟངས་དང་ར་གན་རང་བཞིན་ཡང་། །གལ་ཏེ་བདག་ཉིད་དཔལ་འདོད་ན། །དེ་ཀུན་མེ་ལ་ཞུ་བར་བྱ། །ཤིང་གི་རང་བཞིན་ལས་གྱུར་སྐུ། །དེ་བཞིན་གོས་


JLD011_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཡོངས་གྲིབ་ནས། །སྣུམ་དང་སྦྲང་གིས་བརླན་བྱས་ལ། །སྒྲོན་མེ་གཅིག་ནི་སྦར་བར་བྱ། །ས་རྡོ་རང་བཞིན་ལས་བྱུང་སྐུ། །རི་བོའི་ཕྱོགས་གྱུར་གང་ཞིག་ཏུ། །ས་ནི་མི་གང་ཙམ་བརྐོས་ནས། །སྐུ་གཟུགས་སྦས་ཏེ་དགང་བར་བྱ། །སྐུ་གཟུགས་རྙིང་པ་གཤེགས་བྱ་བ། །གཞན་གྱིས་བྱས་ན་ཉེས་དམིགས་འབྱུང་། །བདག་ཉིད་ཆེན་པོ་རྣམས་ཀྱིས་བྱ། །དུས་ནི་བྱེ་བ་སྟོང་རྣམས་སུ། །ལྷ་ཡི་འཇིག་རྟེན་རྣམས་ཀྱིས་མཆོད། །ཅེས་གསུངས་སོ། །དེ་ལྟར་མཚན་ཉིད་མི་ལྡན་པའི། །ཉེས་སྐྱོན་བཤགས་ཤིང་སྡོམ་པ་དང་། །ཚད་ལྡན་འབད་པས་སྒྲུབ་བྱེད་པ། །དེ་ཡི་ཕན་ཡོན་བདག་གིས་མཐོང་། །སྐུ་གཟུགས་ཆེ་ཆུང་ནམ་མཁའི་རྒྱུ་སྐར་རྣམས། །འབད་མེད་སེམས་ཀྱི་ཆུ་མཚོར་ཞུགས་སམ་སྙམ། །མཚན་ཉིད་ལང་ཚོ་རྫོགས་པའི་མཛེས་སྐུ་དེས། །དད་ལྡན་ཐར་པའི་བདེ་བ་འདྲེན་ནམ་སྙམ། །རང་ཉིད་སྤྲོ་དགའི་ཟློས་གར་རྣམ་བསྐྱོད་པས། །སྔོན་བྱས་དགེ་བ་གོང་དུ་འཕེལ་ལམ་སྙམ། །མཁས་མཆོག་རི་དྭགས་རྒྱུ་བའི་ནགས་ནང་དུ། །རིག་གནས་གདོང་ལྔ་པ་ཡང་བདེ་བར་རྒྱུ། །འཆི་བདག་གཤིན་རྗེའི་འཇིགས་པས་གཙེས་གྱུར་ཀྱང་། །འགྱོད་པ་མེད་པའི་སེམས་དེ་བདེ་བར་གནས། །བདག་ལ་གློ་བ་ཉེ་བའི་བློ་གསལ་རྣམས། །ཚད་ལྡན་སྐུ་གཟུགས་སྒྲུབ་ལ་བརྩོན་པར་མཛོད། །ཕྱག་ཚད་ལྡན་དང་མི་ལྡན་པའི། །སྐྱོན་ཡོན་མཚན་ཉིད་ལྔ་པའོ། །མཛེས་པའི་མཐར་སོན་བདེ་གཤེགས་སྐུ། །སྐྱེ་དགུའི་དད་པའི་ཞིང་གྱུར་པ། །ལེགས་པར་བསྒྲུབ་པའི་ལྷ་བཟོ་ཡི། །མཚན་ཉིད་མདོ་ཙམ་བརྗོད་པར་བྱ། །


JLD011_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་སྡོམ་པ་འབྱུང་བ་ལས། །དུལ་ཞིང་བཟོ་རྣམས་ཀུན་ཤེས་ལ། །ཆོ་ག་མཐོང་ཞིང་མཉམ་གཞག་པས། །ཞེས་སོགས་གཞན་ཡང་གསུངས་པས་ན། །དད་བརྩོན་བློ་དང་ལྡན་པ་ཡིས། །སྡོམ་གསུམ་དགེ་བསྙེན་བསྙེན་གནས་ཀྱི། །རབ་འབྲིང་སྡོམ་པར་ལྡན་པ་ཡིས། །སྐུ་གཟུགས་ཕན་ཡོན་བསྟེན་བྱས་ཏེ། །རབ་དཀར་དགེ་བའི་ལམ་འདི་ལ། །འཇུག་པ་དལ་འབྱོར་དོན་ཡོད་སྙམ། །སྤྲོ་དགའི་བསམ་པས་ལྷུར་ལེན་ཞིང་། །རྙེད་དང་བཀུར་སྟིར་མི་ལྟ་ཞིང་། །བྱང་ཆུབ་སྒྲུབ་ཕྱིར་སེམས་བསྐྱེད་དོ། །དེ་ལྟའི་བློ་ནི་མ་སྨིན་ནའང་། །སྦྱིན་བདག་སུན་ནི་མ་ཕྱུང་ཞིང་། །རང་གཞན་བསོད་ནམས་མི་ཉམས་པས། །སེམས་ནི་ཡང་དག་བསྲུང་བ་དང་། །འབྱོར་བས་དབེན་པའི་དད་ལྡན་ཀྱིས། །དགེ་བའི་གྲོགས་སུ་འགྱུར་བར་བྱ། །ཕྱག་ཚད་ལྡན་པའི་ཕན་ཡོན་དང་། །ཉེས་དམིགས་དག་ཀྱང་ཡང་ཡང་བསམ། །བྱ་བ་བསྒྲུབ་པའི་སྐབས་རྣམས་སུ། །སྐུ་ལ་བརྙས་སེམས་འབྱུང་ཉེ་བས། །བཟོ་འཕྲོ་ཙམ་ཡང་བཀུར་སྟི་ཡིས། །གུས་པའི་ཚུལ་གྱིས་མཆོད་པར་བྱ། ཁྱད་པར་བླ་ན་མེད་པའི་སྐུ། །བཞེངས་ན་དབང་བསྐུར་མཆོག་ཐོབ་ཅིང་། །དམ་ཚིག་ལྷ་ཡི་རྣལ་འབྱོར་དང་། །ལེགས་པར་ལྡན་པའི་བློ་ལྡན་གྱིས། །ལག་ཆ་ལས་ཀྱི་ལྷར་བསྐྱེད་ནས། །གསང་བའི་ཚུལ་གྱིས་བསྒྲུབ་པ་དང་། །ཐ་ནའང་དཀྱིལ་འཁོར་འཇུག་པ་ཙམ། །མེད་མི་རུང་དུ་བླང་བར་བྱ། །དེ་ལྟར་ཉམས་སུ་ལེན་པ་ནི། །ཡོན་གནས་མཆོག་ཏུ་དེ་འགྱུར་ཞིང་། །ཇི་ལྟར་གསུངས་པའི་ཕན་ཡོན་རྣམས། །བདེ་བླག་ཉིད་དུ་འགྲུབ་པར་ངེས། །དེ་ལས་


JLD011_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པའི་བག་མེད་ནི། །རང་ཉིད་འཚོ་བའི་ཕྱིར་དང་ནི། །ཆང་ལ་སོགས་པས་བློ་མྱོས་ཤིང་། །འདོད་ཆེན་རང་བཟོས་སྒྲུབ་བྱེད་པ། །དེ་ནི་མི་བཟད་ངན་འགྲོའི་རྒྱུ། །མཁས་པས་བླང་དོར་ཤེས་པར་བྱ། །སྦྱིན་བདག་ལྷག་བསམ་མི་ལྡན་པ། །ཕྲག་དོག་འགྲན་སེམས་ཀུན་སློང་གིས། །ཐེག་པ་ཆུང་ཞིང་འགྱོད་སེམས་ཅན། །ངང་ཐུང་བཟོད་བསྲན་ཤིན་ཏུ་ཆུང་། །ནོར་གྱི་ཐ་ཤལ་གཡོ་སྒྱུས་སླུས། །དཔའ་བོ་བཞིན་དུ་གཟེངས་མཐོ་བ། །དགེ་བའི་ལམ་སྲོལ་སྣུབ་བྱེད་ནི། །རང་གཞན་ཕུན་ཚོགས་ཉམས་པའི་རྒྱུ། །བློ་དང་ལྡན་པས་ཐོག་མར་ནི། །ལེགས་པར་བརྟག་པ་ཤིན་ཏུ་གཅེས། །བསོད་ནམས་ཚོགས་ནི་མི་ཉམས་ཤིང་། །ལེགས་པར་སྡུད་པའི་སྦྱིན་བདག་ནི། །དད་ལྡན་བྱས་པ་ཤེས་པ་ཡིས། །ལྷ་དང་ལྷ་བཟོ་དབྱེར་མེད་དུ། །དགེ་བའི་ལམ་ལ་དད་པའི་བློས། །གཏོང་བའི་གོམ་པ་འགོད་པར་བྱེད། །ཐེག་པ་ཆེ་ཞིང་སྙིང་སྟོབས་ལྡན། །ཕན་ཡོན་མཐའ་དག་སྡུད་པར་བྱེད། །སྦྱིན་བདག་མཆོག་གི་མཚན་ཉིད་ཡིན། །དེ་ལྟར་ལྷ་བཟོ་སྦྱིན་བདག་གི །མཚན་ཉིད་དྲུག་པ་མདོ་ཙམ་བཤད། །ལེགས་བཤད་མཁས་པའི་སྲད་བུ་ཡིས། །ལེགས་པར་བརྒྱུས་པ་པདྨོའི་ཕྲེང་། །ལེགས་པར་འདྲིས་ཤིང་ཉམས་སུ་བླངས། །ལེགས་པར་འདོད་པའི་དོ་ཤལ་འདི། །ཚུལ་ཁྲིམས་དཔག་བསམ་རྐང་འཐུང་ནི། །ལུང་རིགས་འབྲས་བུ་བཟང་པོ་ཡིས། །ལེགས་པར་གང་བའི་དྲི་བསུང་དང་། །དོན་གཉེར་མང་པོས་བསྐུལ་ཕྱིར་བྲིས། །སྲིད་པའི་འཇིགས་པས་སེམས་གཡོས་ཤིང་། །ཐར་པའི་བདེ་བས་ཡིད་ཕྲོགས་པའི། །བློ་གསལ་རིག་གནས་འཛིན་པ་ཡི། །སོར་མོའི་ཕྲེང་བ་


JLD011_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྐྱོད་པས། །རིན་ཐང་མེད་པ་རྒྱལ་བའི་སྐུ། །དཔག་ཡས་ཚོགས་གཉིས་བསྐྲུན་གྱུར་ཅིག །མཛེས་སྐུའི་མཚན་ཉིད་འདིར་བཤད་པས། །ཆོས་སྐུ་མངོན་དུ་མཐོང་འགྱུར་ཞིང་། །རྒྱལ་སྲས་སྤྱོད་པ་རླབས་ཆེན་ལ། །བདག་གཞན་མྱུར་དུ་འཇུག་གྱུར་ཅིག །སྙིང་རྗེ་ཆེན་པོའི་གཞན་དབང་གིས། །ཉམ་ངའི་འགྲོ་བ་མ་ཟད་པར། །སེམས་ཅན་གཅིག་གི་ཕྱིར་དུ་ཡང་། །དཀའ་བ་དཔག་མེད་ལྷུར་བླངས་ནས། །སྲིད་པའི་སྡུག་བསྔལ་མྱུར་སེལ་ཤོག །ཕྱག་ཚད་ཀྱི་དབྱེ་བ་འདི་ནི་སྙིགས་དུས་ཀྱི་རྒྱལ་བ་དཔལ་ལྡན་བླ་མ་དམ་པ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་ཀྱིས་དཔལ་རི་བོ་དགེ་ལྡན་དུ་གསང་བ་བླ་ན་མེད་པའི་དཀྱིལ་འཁོར་བསླང་མ་རྣམས་དང་། ཐུབ་པ་ཆེན་པོའི་སྐུ། ཇོ་བོའི་སྐུ་ཚད་སོགས་ཡི་དམ་ཞི་ཁྲོ་དུ་མ་བཞེངས་པའི་དུས་སུ་རྒྱལ་བའི་སྐུ་གཟུགས་ཀྱི་སྒོ་ནས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་དགོངས་ནས་ཚད་ཡིག་གི་རྣམ་གྲངས་དུ་མ་ཞིག་ལས་བདེ་མཆོག་སྡོམ་འབྱུང་གི་དཀའ་འགྲེལ་རྒྱ་གར་གྱི་གྲུབ་ཆེན་རཀྵི་ཏས་མཛད་པའི་ལེའུ་སུམ་ཅུ་པ་ལས་ཕྱག་ཚད་ཀྱི་དེ་ཉིད་རྒྱས་པར་གསུངས་པ་ལས་ལེགས་པར་གཏན་ལ་ཕབ་ཅིང་། གངས་ཅན་གྱི་རིག་བྱེད་འཛིན་པ་རྣམས་ཀྱི་གཙུག་རྒྱན་སྡོམ་པ་གསུམ་ལ་སོགས་པའི་ལུང་རྟོགས་ཀྱི་ཡོན་ཏན་དུ་མས་ཐུགས་རྒྱུད་ལེགས་པར་གང་བ་ཁྱད་པར་བླ་མ་དེ་ཉིད་ཀྱི་བྱིན་རླབས་ཞུགས་པས་འཕྲིན་ལས་དང་འགྲོ་དོན་བསམ་གྱིས་མི་ཁྱབ་པའི་བཤེས་གཉེན་མཁས་པའི་དབང་པོ་བསོད་ནམས་རྒྱལ་མཚན་དང་། ཤེས་རབ་རྒྱལ་མཚན་ཞེས་ཡོངས་


JLD011_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲགས་པ་གཉིས་ཀྱིས་རྗེའི་བཀའ་བཞིན་དུ་ཐིག་དང་གོ་རིམ་རྣམས་མ་འཁྲུགས་པར་རི་མོ་དང་འབུར་དུ་དོད་པ་ལ་གཏན་ལ་ཕབ་ཅིང་དགོངས་པ་ཡང་དག་པར་བླངས་པ་རྣམས་ལ་འདྲིས་ཤིང་ལེགས་པར་སྦྱངས་པ་དཔལ་ལྡན་བླ་མ་ཙོང་ཁ་པ་ཡབ་སྲས་སོགས་བཤེས་གཉེན་དམ་པ་རྣམས་ཀྱི་ཞབས་རྡུལ་སྤྱི་བོར་ནོད་པའི་བཙུན་པ་མངྒལ་ཤཱི་ལས་ཕྱག་ཚད་ཀྱི་སྲིད་ཞེང་དུས་འཁོར་འགྲེལ་ཆེན་དང་བསྟུན་ནང་ཚན་གྱི་དབྱེ་བ་སྡོམ་འབྱུང་དང་མཐུན་པར་རང་བཟོ་སྤངས་ཏེ་གཙང་རོང་གི་བྱམས་ཆེན་དུ་ཡི་གེར་བཀོད་པའོ། །ཡི་གེ་པ་ནི་བླ་མའི་མིང་ཅན་བདག་གིས་བྲིས། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒལཾ། །

དེ་ཉིད་བསྡུས་པའི་འགྲེལ་པའི་ཟིན་བྲིས་རྗེས་གནང་བ།


JLD011_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བསྡུས་པའི་འགྲེལ་པའི་ཟིན་བྲིས་རྗེས་གནང་བ་བཞུགས་སོ། །


JLD011_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་གྱི་ལེའུ་དང་པོ་ལས། དེའང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ཡིན་ཏེ། ཞི་གནས་ནི་ཏིང་ངེ་འཛིན་ལ་སེམས་པའི་མཚན་ཉིད་དེ་སེམས་གང་དམིགས་པར་བྱ་བ་གཅིག་ལ་རབ་ཏུ་འཇུག་པའོ། །ལྷག་མཐོང་ནི་ཤེས་རབ་སྟེ། དེའང་སེམས་ལས་བྱུང་བ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་དེ་མཉམ་པར་འཇོག་པའི་སེམས་ཀྱིས་འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །འདི་ནི་ཀུན་ནས་ཉོན་མོངས་པའོ། འདི་ནི་རྣམ་པར་བྱང་བའོ། །ཞེས་འབྱེད་པའི་རྣམ་པའོ། །ཞི་གནས་ཤས་ཆེ་ན་ནི་སེམས་རྨུགས་པའི་ཉེ་བར་གཡེང་བར་འགྱུར་ལ། །ལྷག་མཐོང་ཤས་ཆེ་ན་ནི་རྒོད་པའི་ཉེ་བར་གཡེང་བར་


JLD011_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་བས་ན་རིམ་བཞིན་དུ་སྣང་བ་ཡིད་ལ་བྱེད་པ་དང་། མི་རྟག་པ་ཡིད་ལ་བྱེད་པས་ཀྱང་ཉེ་བར་གཡེང་བའི་དངོས་པོ་ཉིད་བཟློག་ནས་བསམ་པར་བྱ་བའི་དངོས་པོ་དེ་ལ་ཟུང་དུ་འཇུག་པར་གནས་ལ། དྲན་པའི་ཐག་པས་གང་དང་གང་དུ་ཞི་གནས་དང་ལྷག་མཐོང་གི་ཚུལ་དེ་ལྟ་བུ་གང་ལས་ཉམས་པ་ལས་བློ་བཟློག་སྟེ། ཡང་དག་པ་ལ་སྦྱོར་བ་ནི་ཟུང་དུ་འཇུག་པའོ། །ཟུང་དུ་འཇུག་པ་ཉིད་ཀྱིས་ན་རྣམ་པ་འདིས་འཇུག་པའི་ངང་ཚུལ་ཅན་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་གོ །ཞེས་བྱ་བའི་དོན་ནོ། །ཐབས་དེས་ན་མྱ་ངན་ལས་འདས་པའི་ལམ་དུ་གྱུར་པས་ན་ཟུང་དུ་འཇུག་པ་ནི་ལམ་མོ་ཞེས་བཤད་དོ། །ཡང་དེ་ཉིད་ལས་རང་གི་སེམས་ལ་རྟོག་ཅིང་མཉམ་པར་ཞོག་ལ་ཞེས་བྱ་བ་སྨོས་པ་ལ་རང་གི་སེམས་


JLD011_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་རང་གི་སེམས་ཏེ། ཡིད་ཀྱི་རྣམ་པར་ཤེས་པའོ། དེའི་སོ་སོར་རྟོག་པ་ནི་སོ་སོར་རིག་པ་སྟེ། དོན་ལ་སོ་སོར་རྟོག་པས་སོ་སོར་རྟོག་པའོ། །དེའང་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་མཚན་ཉིད་ལ་སོ་སོར་རྣམ་པར་དཔྱད་ན། དེ་ནི་གཅིག་ཆའང་ཡུལ་མིན་པ། །ཕྲ་རབ་རྡུལ་དུ་དུ་མའང་མིན། དེ་དག་འདུས་པའང་མ་ཡིན་ཏེ། འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །དྲུག་གིས་གཅིག་ཆར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་བྱ་བ་སྟེ། །དེ་དག་ལ་སོགས་པའི་ཚུལ་གྱིས་ན་དམིགས་པ་དང་མི་ལྡན་པས་ན། འདི་དག་ནི་སེམས་ཙམ་ཡིན་ནོ་ཞེས་ངེས་པ་ཡིན་ལ། སོ་སོར་རྟོག་པ་ནི་ངེས་པའི་དོན་འདི་ཉིད་ཡིན་ལ། བསྒོམ་པ་ན། སེམས་རྩེ་གཅིག་པ་ཐོབ་པ་ནི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་འཇོག་པའོ། །ཡང་ཀོ་ས་ལའི་རྒྱན་ལས། འདི་སྐད་སྟོན་ཏེ་མཚན་མ་དེར་སེམས་ཀྱི་རྒྱུན་མི་འཆད་པར་བསྐྱེད་པར་བྱ་སྟེ། ཉིན་རེ་བཞིན་ཏིང་ངེ་འཛིན་མི་དམིགས་པ་ལེགས་པར་རྟོག་པར་བྱས་ནས། རྟོག་པ་ངན་པ་དང་། ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། འདྲེ་བ་ལ་སོགས་པ་རྣམ་པར་རྟོག་པའི་མཚན་མ་རྣམས་སྤང་བར་བྱའོ། །དེའང་ཇི་སྐད་དུ། ཡིད་ཀྱི་གླང་སྨྱོན་ལམ་ལོག་སྤྱོད། །དྲན་པའི་ཐག་པས་དམིགས་པ་ཡི། ཀ་བ་ལ་གདགས་རིམ་གྱིས་ནི། །ཤེས་རབ་ལྕགས་ཀྱུས་དབང་དུ་བྱས། ཞེེས་བཤད་པ་ལྟ་བུ་སྟེ། དེ་ལྟར་ན་སྣའི་རྩེ་མོར་བསམ་པ་ཡིན་ནོ། །རྡོ་རྗེ་ཕྲ་མོ་ནི་སྣའི་རྩེ་མོར་བསྒོམ་པ་བརྟན་པར་གྱུར་ན་བདེ་བའི་རེག་པའི་མཚན་མ་སྐྱེ་སྟེ།


JLD011_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་རྒྱུའི་རེག་པ་ཡིན་པས་ན་བདེ་བའི་རེག་པའོ། །རྡོ་རྗེ་ཕྲ་མོ་ཡོད་ན་བདེ་བ་ལ་རེག་པས་ན་རྡོ་རྗེ་ཕྲ་མོ་བདེ་བ་ལ་རེག་པ་སྟེ། རྡོ་རྗེ་ཕྲ་མོ་ནི་བདེ་བའི་རེག་པ་དེ་ལས་སེམས་ནི་མཉམ་པར་བཞག་པར་འགྱུར་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ། །འདི་སྐད་སྟོན་ཏེ་རྡོ་རྗེ་ཕྲ་མོ་བསྒོམས་པར་འགྱུར་ན། སྣའི་རྩེ་མོའམ་དེ་མ་ཡིན་པའི་ཕྱོགས་གཞན་དུ་བདེ་བའི་རེག་པའི་མཚན་མའི་ཁྱད་པར་གང་གིས་ལུས་ཀྱི་གནས་ངན་ལེན་ལ་སོགས་པའི་ཉེས་པ་སེལ་བར་ནུས་པའི་ལུས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་སྐྱེ་བར་འགྱུར་རོ། །ལུས་ཀྱི་གནས་ངན་ལེན་དང་བྲལ་བར་གྱུར་ན་ལུས་ལས་སུ་རུང་བར་འགྱུར་ཏེ། མི་མངོན་པར་བྱེད་ནུས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་པས་ནི་བདེ་ན་མྱོང་བར་འགྱུར་ལ་བདེ་བ་དང་ལྡན་པས་ནི་སེམས་རྩེ་གཅིག་པར་འགྱུར་རོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །རྡོ་རྗེ་ཕྲ་མོ་བདེ་རེག་པའི། །མཚན་མ་གང་ཚེ་བྱུང་བ་ན། ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམས་པར་གྱུར་པ་ལས་གང་གི་ཚེ། ལུས་ཀྱིའམ་སེམས་ཀྱི་བདེ་བའི་རེག་པ་སྐྱེས་པར་གྱུར་པ་དེའི་ཚེ། མཚན་མ་དེ་ནི་ཁྱབ་བྱ་བ་ཞེས་བྱ་བ་སྟེ་རྣམ་པར་སྤྲོ་ཞིང་རྒྱ་ཆེར་གྱིས་ཤིག་པའོ། །སེམས་དེ་ཞེས་བྱ་བ་ནི་གང་གི་ཕྱིར་ཕྱི་རོལ་གྱི་གཟུགས་ཀྱི་མཚམས་དཀར་པོའང་སེར་པོ་ལ་སོགས་པ་སེམས་སོ་སོར་སྣང་བའི་རང་བཞིན་དེ་ལ་སེམས་དེ་ཞེས་བྱའོ། །ཀུན་ཏུ་ཁྱབ་པར་བྱ་ཞེས་བྱ་བ་ནི་ཕྱོགས་བཅུ་རྣམས་སུའང་བཏང་བར་བྱའོ་ཞེས་བྱ་བའི་དོན་ནོ། །ནང་གི་མཚན་མ་ནི་བདེ་བའི་ཚོར་བའི་


JLD011_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་རེག་པའི་ཁྱད་པར་ཏེ། དེ་ལའང་སེམས་ཞེས་བྱའོ། །ཀུན་ཏུ་ཁྱབ་པར་བྱ་ཞེས་བྱ་བ་ནི་རང་གི་ལུས་ཐམས་ཅད་དུ་བདེ་བའི་རེག་པའི་མཚན་མ་དེས་ཁྱབ་པར་བྱའོ་ཞེས་པའི་དོན་ནོ། །ཇི་ཙམ་འདོད་པར་སེམས་ཁྱབ་ནས། །ཁམས་གསུམ་དུ་ཡང་ཁྱབ་པར་འགྱུར། །ཞེས་བྱ་བ་ལ་ཇི་ཙམ་འདོད་པར་ཁྱབ་པར་བྱ་བ་ནི། གནས་ཁང་དང་ཀུན་དགའ་ར་བ་དང་ཡུལ་ལ་སོགས་པར་སྤྲོ་བ་ནི་ཇི་ཙམ་འདོད་པར་བྱ་བའོ། །དེ་ལྟར་ཅི་འདོད་པ་ཁྱབ་པར་བྱས་པས་སེམས་ཞེས་བྱ་བ་མཉམ་པར་བཞག་པའི་སེམས་གཟུགས་སུ་སྣང་བའོ། །ཁམས་གསུམ་དུ་ཡང་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲས་ནི་རྣལ་འབྱོར་ལ་དབང་ཐོབ་པས་ནམ་མཁའི་ཁམས་རྣམས་སུའང་དབང་བྱ་བའོ། །དེ་ནས་དེའང་བསྡུ་བ་ནི་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་སེམས་སོ། །ཡང་ཞེས་བྱ་བའི་སྒྲས་ནི་ཁྱབ་པ་ལས་བལྟོས་པའོ། །བསྡུ་བ་ནི་ཞེས་བྱ་བ་ནི་བརྟུལ་བའོ། །ཇི་ཙམ་གྱི་བར་དུ་བསྡུ་བར་བྱ་ཞེ་ན། དེའི་ཕྱིར་སྣའི་རྩེ་མོའི་བར་དུ་གནས་ཞེས་གསུངས་པ་སྟེ་ཁྲུ་གང་དང་ཁྲུ་དོ་དང་ཁྲུ་གསུམ་ལ་སོགས་པར་འདོད་ཅིང་ཇི་སྲིད་སྣའི་རྩེ་མོར་ཕྱིན་པ་དེ་སྲིད་ཀྱི་བར་དུ་བསྡུ་བར་བྱའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །

རྡོ་རྗེ་དབྱིངས་ཀྱི་ས་ཆོག་གི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།


JLD011_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དབྱིངས་ཀྱི་ས་ཆོག་གི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ་བཞུགས་སོ། །


JLD011_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་གསོལ་གདབ་སོ་སོར་བྱེད་པ་ལ་རྒྱས་པ་ལ་ཤར་ནས་བརྩམས་ཏེ། ཅིག་ཅར་དུ་མཆོད་པ་བསང་སྦྱང་བྱིན་དབབ། དེ་ནས་ཕྱོགས་བཞི་ནས་རིམ་པ་བཞིན་སྟོང་གསུམ་མ། ཕྱི་སྒེག །ནང་སྒེག །མཚན་བརྒྱས་བསྟོད་པ་ན། དབྱངས་སོ་སོར་བྱ། ཕྱག་རྒྱ་དང་དྲིལ་སྟབས་ཐུན་མོང་དུ་བྱ། དེ་མ་གྲུབ་ན་ཤར་ནས་ཉེར་སྤྱོད་དང་སྒེག་སོགས་བརྒྱད་བྱ། བསྟོད་པ་ཟིན་པ་དང་མཎྜལ་བཤམས། དེ་ནས་ལངས་ཏེ་དབུལ། བདག་གཞན་ནས་བཞེས་སུ་གསོལ་གྱི་བར་བརྗོད། རིགས་བསྡུས་གཉིས་ཡིན་ན་སྒོ་སོ་སོ་ནས་རིམ་པ་བཞིན་གསོལ་གདབ་བྱ།གཞན་ལ་སྒོ་ན་གནས་པ་རྣམས་ཀྱིས་དུས་གཅིག་ཏུ་ལངས་ནས། དབྱངས་རྐང་པ་གཉིས་གཉིས་བྱས་ནས་མཐར་ཚིགས་བཅད་ཐ་མ་ལ་ལན་གཉིས་བྱེད། དེ་


JLD011_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་དབྱངས་ཀྱི་ཚེ་རིགས་ལྔའི་དྲིལ་སྟབས་དང་། ཚིགས་བཅད་ཀྱི་ཚེ་རྫོགས་མཚམས་སུ་དྲིལ་གསིལ་རེ། དབྱངས་ཀྱི་ཐོག་མ་བརྩམས་པ་ལ་དྲིལ་གསིལ་རེ། མཐར་གཡས་སྔོན་འགྲོའི་གཞི་བཅའ་འཇམ་པོ་ལ་དྲིལ་གསིལ་རེ་དང་བཅས་པས་པུས་མོ་གཡོན་བཙུགས་ནས། གུ་རུ་སོགས་བརྗོད་ནས་བཞི་ག་ནས་དུས་གཅིག་ཏུ་དབུལ། བླ་མས་སྐོར་ཕྱོགས་ནས་རིམ་པས་ལེན། དེ་ནས་ལངས་ནས་ཤར་དུ་ཕྱོགས་པར་ལྷོ་བྱང་དུ་བསྒྲིགས་ཏེ། གཡས་སྔོན་འགྲོའི་གཞི་བཅའ་འཇམ་པོ་གར་སྐོར་དང་བཅས་པའི་མཐར་མཉམ་པ་བྱས་ནས་ཕྱག་འཚལ། དེ་ནས་ང་རྒྱལ་བཟུང་བ་ལ་རྐང་པ་གཉིས་གཉིས་ཕྱོགས་རེ་རེར་བྱེད་པ་ལ། དང་པོ་རྣམས་ལ་དྲིལ་སྟབས། གཉིས་པ་རྣམས་ལ། རྡོར་


JLD011_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རིན་ཆེན་ཆོས་རབ་ལས་རབ་ཀྱི་ཕྱག་ཆེན་འཆའ་ཞེས་བླ་མ་བཞེད། རྐང་པ་དང་པོ་གཉིས་ལ་གཡས་རོལ་དང་ལག་པ་རྣམ་སྣང་དང་། རྡོར་སེམས་ཀྱི་ཕྱག་ཆེན་འཆའ་སྟེ་ཤར་དུའོ། །གསུམ་པ་གཡས་རོལ་དང་། རྡོར་སེམས་ཀྱི་ཕྱག་ཆེན། བཞི་པ་ལ་གཡོན་བརྐྱང་དང་ལག་པ་ཧཱུཾ་མཛད་དེ་ལྷོ་རུའོ། །ལྔ་པ་ལ་ས་གོ་དང་ཆོས་རབ་ཀྱི་ཕྱག་ཆེན་ཏེ་ནུབ་ཏུའོ། །དྲུག་པ་ལ་ཟླུམ་པོ་དང་། རིན་ཆེན་གྱི་ཕྱག་ཆེན་ཏེ་བྱང་དུའོ། །བདུན་པ་ནི་གཉིས་པ་ལྟར་དང་། བརྒྱད་པ་ལ་གཡོན་བརྐྱང་དང་། ལག་པ་རྡོར་སེམས་ཀྱི་ཕྱག་ཆེན་ཏེ་ཤར་དུ་བལྟས་ལ་བྱའོ། །ཞེས་གཞན་དག་ཟེར་རོ། །དེ་ནས་མིག་རྐང་བྱིན་གྱིས་བརླབ། དཀྱིལ་འཁོར་འདེགས། གནས་གཞི་བྱིན་གྱིས་བརླབ། རྡོར་སེམས་ཀྱི་ཕྱག་ཆེན་ལ་གནས་པས་བལྟ། དེ་ནས་རྐང་པ་བྱིན་གྱིས་བརླབ་པ་ཕྲེང་བ་ལྟར་བྱས་ནས། ཧཱུཾ་བཞི་པའི་སྔགས་དང་། སྣ་ཚོགས་རྡོ་རྗེའི་འགྲོས་ཀྱིས་བསྐོར་ལ། རི་རབ་ཀྱི་རྩེ་མོ་ནས་རླུང་གི་བར་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར། ཅེས་བརྗོད།དེ་ནི་རྒྱས་པ་ལའང་དགོས་ལ། འབྲིང་པོ་ལྟར་ན། དེ་ནས་མེ་ལྟར་འབར་བར་བསྐྱེད། ཁྲོ་བོ་སྤྱན་འདྲེན་དང་། བསྟོད་པ་ལ། དཀྱིལ་འཁོར་ས་གཞི་མའི་དབྱངས་བྱས་ནས། རིམ་བཞིན་སྤྱན་འདྲེན་དང་། རིགས་ལྔའི་དྲིལ་གསིལ་བྱ། བསྐལ་པ་མེ་ལྟར་ལ། གདུག་པ་སྦྲགས་ཅན་གྱི་འགྲོས་བྱ། དཀྱིལ་འཁོར་ས་གཞི་མ་ལ། རང་གི་དབྱངས་ལྟར་ན། ས་ཆོག་གར་བྱ། ཉི་ཟླ་འོད་སྟོང་མ་བྱེད་ན།


JLD011_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ལ་དྲིལ་གསིལ་དང་། ཚིག་འགོ་ལའང་དེ་བྱ། དེ་ནས་འདེགས་འཇོག་གི་མཚམས་དང་བསྟུན་ལ། རིགས་ལྔའི་དྲིལ་གསིལ་བྱས་ནས་མཐར་ཧཱུཾ་དང་པོ་གསུམ་ལ། གཡས་སུ་འགྲོ་བ་དང་། ཕྱི་མ་བཞི་ལ་གཡོན་དུ་འགྲོ་བ་བྱ། ས་ཆོག་ལྟར་གར་བྱེད་ན། དང་པོར་ཧཱུཾ་མཛད། དེ་ནས་མདའ་གཞུ། དེ་ནས་རལ་ལྕགས། དེ་ནས་རྡོར་ཞགས་བྱ། རྐང་པ་རེ་རེའི་ཚིག་བར་སྔ་མ་ལ་མི་འདེགས་པར་དབྱངས་ཀྱི་འདེགས་མཚམས་ལ་གཡས་གཡོན་དུ་གདབ་བོ། དེ་ནས་བཀའ་བསྒོ་དང་པོའི་ཚིག་བགེགས་སྐྲོད་དང་བཅས་པ་བྱ། དེ་ནས་བསྣུན་བསྲེགས་བཅིངས་གསུམ་ནས་གུར་གྱི་བར་བྱ། དེ་ནས་དཀྱིལ་འཁོར་ཆོ་གའི་རིམ་པ་ལྟར་བསང་ཆུའི་བར་དུ་བྱ་སྟེ་ས་ཆོག་གོ །བསྡུས་པ་ནི། སྤྱན་འདྲེན་སོགས་དབྱངས་དང་བྲལ་བའོ། །རྒྱས་པ་ནི། འགྲོས་ཀྱི་འཕྲོ་ནས། སྟོང་གསུམ་མའི་ཉེར་སྤྱོད། གཞི་བཅའ་མེད་པ་གཞན་སྐེག་སོགས་དང་འདྲ་བ་གཅིག་དང་། སྒེག་སོགས། དེ་ནས་རྡོ་རྗེ་རིགས་ཀྱི་མཚན་བརྒྱ་རྩ་ལ། སེམས་དཔའི་ཕྱི་འགྲོས་དང་དབྱངས་བྱས་ནས་བསྟོད། འདིར་མཆོད་སྦྱིན་མི་བྱེད། གྲུབ་ན་སྒོ་དང་དབུས་ཀྱི་སློབ་དཔོན་རྣམས་ཕྱོགས་མདོག་གི་གོས་གྱོན་ཏེ། སློབ་དཔོན་རྣམས་སྔ་ནས་ཀྱང་དེ་ལྟར་རུང་ངོ་། །དེ་ནས་གསོལ་གདབ་ལ། ཕྱོགས་སོ་སོ་ནས་དབྱངས་རེ་དང་། ཚིགས་བཅད་མ་གཉིས་གཉིས་བྱ། དབྱངས་ཀྱི་རྐང་པ་དང་པོ་གསུམ་ལ་རིགས་ལྔའི་དྲིལ་སྟབས། ཐ་མ་ལ་གར་བསྐོར་


JLD011_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྣམ་སྣང་གི་ཕྱག་ཆེན་བཅའ། འདིར་མཎྜལ་འབུལ་བ་མེད། གསོལ་གདབ་འོག་མ་ལ་དབྱངས་འབའ་ཞིག་བྱེད། ཕྱག་རྒྱ་སོ་སོ་དེ་མིན་པ་མི་བྱེད། ཁྲོ་བོ་བཅས་ནས་ཟིལ་གནོན་གྱི་འགྲོས་ཟིན་པ་དང་། མ་རུངས་པ་རྣམས་ཞེས་པ་བརྗོད་དེ། །ཧཱུཾ་བཏེག་པའི་ཚེ་སྔོན་ལ་གཞི་བཅའ་དྲག་པོ་དྲིལ་གསིལ་དང་བཅས་པས་གཡོན་བརྐྱངས་བྱས་ནས། འཕར་ཐེབ་རེ་ལ་སྔགས་གཉིས་ཀུན་བཟང་ལ་གར་བསྐོར་ནས་ཕྱག་ཆེན་འཆའ། ཞལ་བཞི་པ་ལ་སྔོན་ལ་དྲིལ་གསིལ་གཅིག །རིགས་ལྔའི་ཕྱག་རྒྱ་འཆའ་བའི་ཚིག་རྐང་གཉིས་ཚན་རྣམས་ལ་དེ་ཉིད་དུ་བལྟས་ནས། དང་པོ་ལ་རིགས་ལྔའི་དྲིལ་སྟབས། གཉིས་པ་ལ་གར་བསྐོར་ནས་ཕྱག་ཆེན་བྱེད་དོ། །གནས་གཞི་བྱིན་རླབས་ཟིན་པ་དང་། རྐང་པ་བྱིན་རླབས་དང་འགྲོས་སྔར་ལྟར་བྱས་ནས། གཞི་བཅའ་དྲག་པོ་ཧཱུཾ་དང་། དྲིལ་གསིལ་དང་བཅས་པའི་གཡོན་བརྐྱང་དང་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ནས་ཁྲོ་བོའི་ལྟ་བས་བལྟ། ཁྲོ་བོ་ཉེར་དྲུག་ལ་སྔོན་ལ་དྲིལ་གསིལ་རེ། སྔགས་དབྱངས་ལ་དྲིལ་གསིལ་མེད། མེ་ཏོག་འབུལ་བའི་རྐང་པ་ཐ་མ་ལ་གར་བསྐོར་ནས་མེ་ཏོག་ནས་གཞི་བཅའ་འཇམ་པོས་གཡས་རོལ་བྱ། ཁྲོ་བོའི་བསྟོད་པ་ལ་སེམས་དཔའི་སྤྱི་འགྲོས་ལྟར་བྱེད་ན་རྔ་མི་བརྡུང་། རྔ་བརྡུང་བྱེད་ན། དང་པོ་བསྟོད་ཙམ་ན་ཆེ་བ་གསུམ། ཞན་པ་གསུམ། ཡང་ཆེ་བ་གསུམ་སྟེ་གསུམ་བརྡེག་བྱ། དེ་ནས་གར་མའི་འགྲོས་ཀྱིས་འགྲོ་བ་ན། ཇེ་ཆུང་ལ་སོང་བ་ན། གསུམ་མམ་ལྔ་སོགས་བརྡུང་ཞིང་། རྔ་བརྡུང་བ་རྣམས་རྐང་པ་


JLD011_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོལ་ཞིང་། འགྲོའང་ཕྱོགས་སུ་སླེབ་པ་ན་དབྱངས་དང་། རིགས་ལྔའི་དྲིལ་སྟབས་བྱ། ཡང་གསུམ་བརྡེག །དེ་ནས་འགྲོ་བསྲེ་བྱའོ། །དེ་ནས་ཕྱག་རྒྱ་ལ་འགོ་བོར་དྲིལ་གསིལ་མེད། སྔགས་དབྱངས་ལ་གཡས་གཡོན་དུ་འཁྱེར་བ་རྣམས་ལ། གཡས་སུ་བཅས་ནས་གཡོན་དུ་འཁྱེར་བ་ནས་དྲིལ་གསིལ་རེ་བྱེད། སུ་ཁ་དྲེ་གཤར་བར་བྱེད། རྡོ་རྗེ་འཇིགས་བྱེད་ལ་སྔགས་དབྱངས་ཀྱི་ཚེ་གཡས་སྐོར་དུ་བསྐོར་ནས་ལུས་སྒྱུར་བ་ནའང་གཡས་བསྐོར་དུ་བསྒྱུར་བས་ཁ་ནང་དུ་བལྟ། ལྷོ་ནས་ནུབ་ཏུ་འགྲོ་བ་ན། གཡོན་སྔོན་འགྲོ་ཐོག་མར་བྱེད་དེ། དེ་བྱེད་པ་ན། ཁ་ཕྱིར་བལྟ། གཡས་སྔོན་འགྲོས་འགྲོ་བ་ན། སྔོན་ལ་ཁ་ནང་དུ་སྟེ། གཉིས་ལ་མཐར་དང་པོའི་ཁ་བལྟ་ལུགས་ལས་ལོག་པ་རེ་དགོས། སོ་ལོ། ཕྱག་རྒྱའི་སྔགས་དབྱངས་ལ། དང་པོ་མདུན་མས་ཕར་ལ་འཐེན་ཕྱག་རྒྱ་ཟིན་པ་དང་སློབ་དཔོན་དབུས་སུ་ཕུར་བུ་བསྒྲུབ། སློབ་མ་རྣམས་ཀྱིས་མཐའ་བསྐོར་ཅིང་འཛབ་བསྒྲངས། བསྐུལ་ལོ་ཡན་ཆད་ཀྱི་ཚེ་རྡོ་རྗེ་གཡོན་ནས་གཡས་སུ་འཁྱེར་བར་བྱེད་དེ། སྔགས་དབྱངས་ཀྱི་ཚེ་རྐང་པ་བསྣོལ་ཞིང་འགྲོ།དེ་ནས་དབུས་སུ་གཡས་སྔོན་འགྲོའི་གཞི་བཅའ། དྲག་པོས་ཧཱུཾ་དང་དྲིལ་གསིལ་རེའང་བྱས། ཧཱུཾ་ཧཱུཾ་ཞེས་བརྗོད་པ་དང་། རྐང་པ་གཡས་པ་མདུན་དུ་ནུད་ནུད་གདབ་ནས། པུས་མོ་གཡོན་པ་བཙུགས་ནས་ཕུར་བུ་གདབ། དེ་ནས་ས་ཆོག་བཞིན་ནམ། ཡང་ན་ཕུར་བུ་རྣམས་དཀྱུས་གཅིག་ལ་གདབ་བོ། །སྭ་སྟི། རྒྱལ་པད་


JLD011_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒལཾ། །

རྡོ་རྗེ་དབྱིངས་ཀྱི་འཁོར་སྒྱུར་གྱི་བསྙེན་པའི་རིམ་པ་སོགས་རྗེ་ཉིད་ཀྱིས་ཟིན་བྲིས་སུ་གནང་བ།


JLD011_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དབྱིངས་ཀྱི་འཁོར་སྒྱུར་གྱི་བསྙེན་པའི་རིམ་པ་སོགས་རྗེ་ཉིད་ཀྱིས་ཟིན་བྲིས་སུ་གནང་བ་བཞུགས་སོ། །


JLD011_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་དབྱིངས་ཀྱི་ལྷག་པའི་ལྷའི་བསྙེན་པ་ནི། དཀྱིལ་ཆོག་ལྟར་ཡིན་ལ། འཁོར་སྒྱུར་གྱི་བསྙེན་པའི་རིམ་པ་ནི། དང་པོར་དཀྱིལ་འཁོར་བྱེད་པའི་སར་སློབ་དཔོན་ཤར་ནས་དཀྱིལ་འཁོར་ལ་ཕྱོགས་པར་བྱས་ནས། ཆ་གསུམ་འབྲིང་པོ་བཏང་སྟེ། དེའང་རྣལ་འབྱོར་གསུམ་གང་རུང་ལ་གནས་སོ། །དེ་ལ་ཁྲོ་བོའི་རྣལ་འབྱོར་ནི། ནང་ཁྲུས་ནས་གོ་བགོ་བའི་བར་རོ། །རྣལ་འབྱོར་གཅིག་ལྡན་ནི། སྙིང་གའི་བདག་འཇུག་དང་པོར་གཞི་ལུས་ལ་རྡོར་སེམས་གཅིག་པུ་བསྒྲུབས། དེ་ལ་སྒྲུབ་ཆེན་བཅུག་ནས་གཞི་བྱིན་རློབ་པ་ལ་སོགས་དང་། རྡོར་སེམས་དང་སྒྲུབ་ཆེན་ལ་རང་རང་གི་ཕྱག་རྒྱ་བཞིས་རྒྱས་འདེབས་པ་ཙམ་བྱེད། གཞན་རྣལ་འབྱོར་ཆེན་པོ་དང་འདྲ་བའོ། །རྣལ་


JLD011_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཆེན་པོ་ནི་དཀྱིལ་ཆོག་ཇི་ལྟ་བ་བཞིན་ཡིན་ལ། གཞི་ལུས་དང་། ལྕེ་ལག་བྱིན་བརླབ་ཀྱི་གོང་དུ་རྡོར་སེམས་སུ་བསྐྱེད་པ་ནི་ཁྱད་པར་དེར་འདིས་ལྷ་བསྙེན་ལའང་རྣལ་འབྱོར་གསུམ་ཤེས་པར་བྱའོ། །དེ་དག་མ་གྲུབ་ཀྱང་རུང་སྟེ། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་མེ་ཏོག་དང་བཅས་པ་དགོད། དེའི་མདུན་དུ་ཚོམ་བུའི་གཡས་ནས་བརྩམས་པའི་ཉེར་སྤྱོད་ཚར་གཅིག་བཤམ། དེའི་ཕྱིར་གཏོར་ཆུང་གཅིག་བཤམ། ཚོམ་བུའི་གཡོན་ནས་འགོ་བཟུང་སྟེ། ཡུངས་ཀར་སོགས་ལྔ་བཤམ་མོ། །དེ་ནས་མཆོད་པ་བསང་སྦྱང་བྱིན་བརླབ་བྱས་ནས་སྐྱབས་འགྲོ་སོགས་སྔོན་དུ་བཏང་སྟེ། ཁྲོ་བོའི་རྣལ་འབྱོར་ཙམ་བྱས་ལ། གཏོར་མ་བསངས་སྦྱངས་བྱིན་གྱིས་


JLD011_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། བྱིན་གྱིས་བརླབ་པའི་སྔགས་རྒྱས་མཆོད། སྤྱན་འདྲེན་གྱི་དྲིལ་གསིལ་ལྟར་བྱས་ནས། ས་ལ་རྒྱུ་བ་སོགས་ལན་གསུམ་བྱ། དེ་ནས་ལངས་ཏེ། ཡུངས་ཀར་སོགས་ལྔ་གཡས་པས་བླངས་ནས་དབང་ལྡན་ནས་བརྩམས་པའི་གཡས་བསྐོར་བྱ་ཞིང་གདོན་འབྱིན་གྱི་སྔགས་བརྗོད་ལ་དཀྱིལ་འཁོར་ལ་གཏོར། བ་བྱུང་དང་དྲི་བཟང་གིས་གཏོར་རྗེས་སུ་སྟེགས་བུ་ལ་ཕྱེ་མ་མེད་པར་བྱུག །དེ་ནས་དབུས་དང་དབང་ལྡན་སོགས་གྲྭ་བཞིར་རིན་པོ་ཆེ་བརྡར་ཏེ་ས་སྦྱང་བའོ། །ས་བཟུང་བ་ལ་དཔལ་དང་བསོད་ནམས་འཕེལ་བ་དང་། ས་བྱིན་རླབ་དང་། ལྷ་འབྱོན་པ་དང་ས་རྡོ་རྗེར་བྱ་བའི་ཕྱིར་རྒྱན་དང་རྟེན་དང་མཆོད་རྫས་ཀྱིས་ས་བཟུང་བ་དང་། དབང་ལྡན་ནས་བརྩམས་པའི་བའི་ཆུས་ཆག་ཆག་གདབ་པར་བྱ།དེ་ནས་རྡོར་དྲིལ་ཐོགས། དཀྱིལ་འཁོར་གྱི་དབུས་སུ་སོང་། ཁ་ཤར་དུ་ཕྱོགས། ཙོག་པུར་འདུག་སྟེ། གཡོན་དཀུར་བརྟེན། གཡས་ཐུགས་ཀར་བཞག་པའི་ཕྱག་ཆེན་བཅའ། དེའི་སྔགས་གཅིག་བཟླ། གཡས་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བྱས་པ་ས་ལ་གཏུགས་ནས་སྔགས་དང་ཡིག་བརྒྱ་ལན་བདུན་བཟླས་ནས། ས་ཕྱོགས་འདིར་རྡོར་དབྱིངས་ཀྱི་དཀྱིལ་འཁོར་འདྲི་བར་བྱའོ། །ཞེས་བརྗོད་དེ་ས་བཟུང་བའོ། །དེ་ནས་ཉི་མ་དེ་ཉིད་དམ། ཞག་གིས་ཆོད་ན་སང་སྔ་བར་སྟེགས་བུའི་དབུས་དང་། སྒོ་སོ་སོར་སྒོའི་སློབ་དཔོན་དང་བཅས་པའི་གདན་བཤམ། དེ་དག་རེ་རེའི་མདུན་དུའང་ཉེར་སྤྱོད་ཚང་བ་རྡོར་དྲིལ་དང་བཅས་པ་དང་། སློབ་དཔོན་


JLD011_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མདུན་དུ་དུང་ཆོས་སུ་དྲི་ཞིམ་པའི་བསང་ཆུ་འཐོར་ཡབ་དང་བཅས་པ་བཤམ་མོ། །མལ་ནས་ལངས་པ་ན། པཱ་ད་སོགས་ཀྱིས་ཤར་ཕྱོགས་ལ་ཕྱག་བྱ། སྒྲུབ་ཁང་གི་ཕྱིར་སོང་སྟེ། ཁྲུས་ཆུས་གནོད་སྦྱིན་གྱི་སྔགས་རྒྱས་བསངས། དེ་ཉིད་བརྗོད་ཅིང་ཁྲུས་བྱ། དེ་ཚེ་གུ་གུལ་གྱི་དུད་པས་མཐའ་སྐོར་ནས་བདུག་ཅིང་རོལ་མོ་དྲག་པོ་བྱ། དེ་ནས་ཙོག་པུར་རྟིང་བ་གཉིས་ལ་འཕོང་ཚོས་བཞག་ལ་བསྡད། གཡོན་རྡོ་རྗེ་ཁུ་ཚུར་དུ་ཆུ་བླུག་ལ་གཡས་པས་དེ་ནས་བླངས་ཏེ། ཁ་སྣ། མིག་རྣ། ཁ་ལག་མགོ་ལྟེ་བ་རུ་བྱབས་ནས་གཡོན་པའི་ཆུ་ལ་ཧུབ་གསུམ་བྱས་ཏེ། ཁུ་ཚུར་དེའི་མ་མཐའ་གཡོན་པ་དང་། ཡ་མཐའ་གཡས་པའི་ཁའི་གྲྭ། ཕྱི་དེ་ནས་སྨྲ་བ་བཅད། སྒྲུབ་གྲོགས་དང་བཅས་པ་སྤོས་དུད་ཀྱི་སྣ་དྲངས་ཏེ་ནང་དུ་འོངས་པ་དང་། རང་རང་གི་གདན་གྱི་མདུན་དུ་མཉམ་པའི་སྟབས་ཀྱིས་ལངས་ནས། ཁྲོ་བོའི་ཁུ་ཚུར་གྱིས་གཡོན་གཡས་སུ་ལུས་བསྐོར་ནས་དབང་ལྡན་མཐོང་བའི་བར་བལྟའོ། །དེ་ནས་ཁང་བ་སྟན་གོས་རྒྱན་དང་བཅས་པ་བསངས་ནས་གོས་སོགས་བགོ །ས་མ་ཡ་སྟྭཾ་ཞེས་པས་གདན་ལ་བསྡད་བསང་ཆུ་ལ་གནོད་སྦྱིན་གྱི་ལས་རྒྱས་གཏུགས་ནས་དེའི་སྔགས་བདུན་དང་། རྩེ་མོའི་སྔགས་རྒྱས་གཏུགས་ནས་བདུན་བཟླའོ། །དེ་ཉིད་གྱི་ཚེ་སློབ་མ་རེང་བུའི་དུད་པས་བདུག །དེ་ནས་ཆུ་གཏོར་ལ་ཤར་ནས་དབྱངས་བྱ་བའམ། མེད་ན་རང་གིས་བརྗོད་ནས། ༀ་སརྦ་སཾ་


JLD011_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཤོ་དྷ་ནེ་སྭཱ་ཧཱ་དང་། གནོད་སྦྱིན་རྩེ་མོའི་སྔགས་ཀྱིས་བསང་བ་ནས་སྤྲུལ་པའི་བར་བྱ། དེ་ནས་ལྷོ་ནས་མཆོད་པ་བྱིན་རླབས་ཀྱི་དབྱངས། རང་རང་གི་སོ་སོའི་སྔགས་རྒྱས་ལན་གསུམ་གསུམ་དུ་བྱིན་དབབ། དེ་ནས་གར་བསྐོར་ཏེ་རྡོར་དྲིལ་ལ་མེ་ཏོག་དབུལ་ལ། གཡོན་སྟེང་གཡས་འོག་ཏུ་བསྣོལ་ཏེ་བླངས་ནས། གཡོན་དཀུར་བརྟེན། གཡས་པས་གསོར་བ་སོགས་བྱས་ལ་ཧཱུཾ་ལས་རྡོར་སེམས་སུ་བསྐྱེད། ཞུ་བ་ལས་རྡོ་རྗེར་བལྟ། རྡོ་རྗེ་བྱིན་རླབས་ཀྱི་དབྱངས་ནུབ་ནས་བྱ། དེ་ནས་དྲིལ་བུ་ལག་པ་གཡོན་པའི་མཐིལ་དུ་བཞག་ནས། ཨ་ལས་རྡོ་རྗེ་བསྙེམས་མར་བསྐྱེད་པ་སོགས་བྱས་ནས་བྱིན་གྱིས་བརླབ་པའི་དབྱངས་བྱང་ནས་བྱ། དྷཱརྨཱཿ སོགས་ཀྱི་སྔགས་བརྗོད་པ་ན་ཅུང་ཟད་དཀྲོལ། སྲིད་པ་ནས་ཞེ་ནའི་བར་དུ། རྡོ་རྗེའི་ལྟེ་བ་དང་དྲིལ་བུའི་ཞལ་སྦྱར་བ་བཟུང་། འདི་ལྟར་ནས་གར་བསྐོར་ཚིག་ཐ་མའི་ཚེ་རྡོར་སེམས་ཀྱི་ཕྱག་ཆེན་བྱས་ནས་ཅུང་ཟད་དཀྲོལ་ཏེ། ལེན་པའི་ལག་སྟངས་ཀྱིས་བཞག་གོ །དེ་ནས་སྐྱབས་སུ་འགྲོ་བ་སོགས་ནས་གོ་བགོ་བའི་བར་བྱའོ། །ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་པ་གཅིག་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ནས་སེ་གོལ་གསུམ་གཏོགས། སྤྱན་དྲངས་པ་དང་། ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། པདྨ་ཙནྡྲ་ཨཱ་ས་ན་ཏིཥྛཾ་ཏུ་སྭཱཧཱ། ཞེས་པ་དང་། ལག་པ་གཉིས་ཀྱི་མཐེ་བོང་དང་། མཐེའུ་ཆུང་སོ་སོར་སྦྱར་ཏེ། པད་འདབ་ལྟར་བྱས་ལ་གདན་དབུལ། ཉེར་སྤྱོད་ཀྱིས་མཆོད།


JLD011_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་ལ་རིགས་ལྔའི་དྲིལ་སྟབས་བྱ། དཀྱིལ་འཁོར་ས་གཞི་མའང་བརྗོད། རྡོར་དྲིལ་དང་བཅས་པས་གནས་གཞི་དང་ཕྱོགས་མཚམས་བཞི་བསྲུང་། དེ་ནས་གཡོན་དྲིལ་བུ་བཞག་པའམ་བཅས་པ་གང་རུང་གིས་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ནས་བསྣུན་བསྲེག་ནས་ལུས་བཅིང་བའི་བར་བྱའོ། །ཧུ་ལུའི་ཕྱག་རྒྱ་ལ་ཕྱི་ལ་བསྐོར་བའི་ཕྱག་ལེན་སྣང་ངོ་། །དེ་ནས་མཆོད་པ་བསང་བ་སོགས་དཀྱིལ་ཆོག་བཞིན་བྱ། དམིགས་བསལ་མེད་པའི་མཆོད་པ་ལ་རང་གི་ལྷ་ཞེས་པ་མེ་ཏོག་ཕོག་པ་ལ་བྱེད་གསུངས། བཛྲ་མུཿ གཅིག་ལ་ནང་ཕྱི་ཐད་ཀར་སེ་གོལ་གསུམ་བྱེད་པ་དང་། བཛྲ་བནྡྷ་བཾ་དང་དབབ་པ་བསྡུ་བ་རྣམས་དང་། ལྟུང་བ་སློང་བ་སྡིག་པ་དྲལ་བ་ལ་གསུམ་གསུམ་བྱེད་པ་ཕྱག་ལེན་ནོ། །ཚོགས་རྟེན་གྱི་སྔགས་ཚར་བ་དང་། ཡང་རྡོ་རྗེ་བསྡུ་བ་གཅིག་བྱེད། ཕྱག་རྒྱ་ཆེན་པོ་ནམ་མཁའི་ཕྱོགས་ནས་བབ་ཅེས་པར། དེར་དུས་ནས་མཆོག་ཡིན་པའི་བར་ལ་ཕྱག་ཆེན་གྱི་དྲིལ་གསིལ་ལྟར་བྱས་ནས་པཱ་ད་སོགས་ཀྱིས་ཕྱག་བྱེད། དེ་ནས་ཡང་དྲིལ་གསིལ་སྔར་ལྟར་དང་། མ་ལུས་པ་ནས་གསོལ་གྱི་བར་ལན་གསུམ་བྱེད་དེ། བསམ་གཏན་གྱི་རིམ་པ་བསྒོམས་ནས་བྱ། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ་བཞིན་གཤེགས་པ་གང་ཡིན་གྱི་ཕྱག་ཆེན་བཅིངས་ནས། གཞན་ཡི་གེ་ཇི་ལྟ་བ་བཞིན་བརྗོད། བསྡུ་བ་དང་པོའི་དུས་སུ་དམ་ཚིག་པའི་རྣམ་སྣང་གི་ཐུགས་ཀར་རིགས་ལྔ་རེ་གཞི་


JLD011_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་འཇོགཕྱག་རྒྱ་བཞིས་རྒྱས་འདེབས་པ་རྩ་བའི་ལྷ་ཉིད་དེ་འོག་མ་ལའང་ངོ་། །སྒོ་དབྱེ་བ་ན། ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ནས། ཧཱུཾ་ཞེས་བརྗོད་ནས། བདག་ཉིད་སྐད་ཅིག་གིས་ཧཱུཾ་མཛད་དུ་གྱུར་ཅེས་བརྗོད། ཕྱག་རྒྱ་དགྲོལ་བ་ན། གནས་དེ་དང་དེར་སེ་གོལ་གསུམ་གསུམ་བྱ་ཞིང་། སྔགས་སམ་སྙིང་པོའང་གསུམ་གསུམ་བརྗོད། འདིའི་ཚེ་ཕྱག་རྒྱ་བཀྲོལ་བ་ཙམ་ཡིན། སེམས་མ་རྡོ་རྗེ་མ་སྤྱི་བོར་བཀྲོལ་བ་ན་གཤེགས་པ་ཡིན། ཕྱག་རྒྱ་བཀྲོལ་བ་ན་བཞི་ག་དང་། ལས་རྒྱས་འགྲོལ་བ་ཡོད་ཀྱང་འདི་དམ་རྒྱས་བྱེད། ལྷ་བསྙེན་གྱི་ཚེ། ལུས་དང་དཀྱིལ་འཁོར་གཉིས་ཀར། འགྲོལ་བས་སེམས་མ་བཞིའང་འགྲོལ། འཁོར་སྒྱུར་གྱི་བསྙེན་པའི་ཚེ། དཀྱིལ་འཁོར་གྱི་ལྷ་ནམ་མཁར་བཞག་དགོས་པས་སེམས་མ་བཞི་མི་དགྲོལ། ༀ་ལེགས་སོ་ཞེས་སོགས་རྡོ་རྗེ་སྲུང་བ་སོགས་བཞི་བསྐྱེད་པའི་གནས་བཞི་བསྲུང་བཀྲ་ཤིས་བསྡུས་པ་ཞིག་བྱས་ནས། མཎྜལ་དབུལ་བ་སོགས་ལ་འཇུག་པའི་ཚེ་ཡིན་ནོ། །འདི་ལྷ་བསྙེན་ལ་ཡིན་གྱི། བསྙེན་པ་གཞན་ལ་དཀྱིལ་ཆོག་གི་མཇུག་ནས་འབྱུང་བ་ལྟར་བྱའོ། །བསྙེན་པ་གསུམ་གྱི་དང་པོ་གཉིས་ལ་གཞི་ལུས་གང་ཡིན་དང་། ཐ་མ་ལ་ལྷ་རེ་རེ་ནས་བསྙེན་པ་བྱ་ཞིང་འཁོར་སྒྱུར་གྱི་བསྙེན་པ་ལ། རྡོར་སེམས་ཀྱི་དབང་དུ་བྱས་ནས་བཟླའོ། །གསོལ་གདབ་ཀྱི་སྔོན་དུ་མཆོད་པ་བསང་སྦྱང་བྱས་ནས་བསྟོད་མཆོད། བསྟོད་པ་བྱེད་པ་དང་། མཎྜལ་བཤམས་ཟིན་པ་བླངས་


JLD011_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ལངས་ནས་རིགས་ལྔའི་དྲིལ་སྟབས་བྱེད་དེ་ནས་གཡས་སྔོན་འགྲོའི་གཞི་བཅའ་འཇམ་པོ་དྲིལ་གསིལ་དང་བཅས་པ་བྱས་ལ། མཎྜལ་དབུལ། སློབ་དཔོན་གྱིས་ཤར་ནས་གཡས་སུ་བརྩམ་སྟེ་བླངས། དེ་ནས་ལངས་ཏེ་ལྷོ་བྱང་དུ་བསྒྲིག །གཡས་སྔོན་འགྲོའི་གཞི་བཅའ་འཇམ་པོའི་གར་བསྐོར་བའི་མཐར་མཉམ་པ་བྱས་ལ། ང་རྒྱལ་བཟུང་། དེ་ནས་གཞུང་ཊཱིཀ་དང་དཀྱིལ་ཆོག་ལྟར་ན། དབུས་སུ་བསྡད་ནས་གནས་གཞི་བྱིན་རླབས་ཀྱི་བར་བྱ། དེ་ནས་ལངས་ནས་དབང་ལྡན་ནས་གཡོན་གཡས་སུ་བསྐོར་བ་ན། རྐང་པ་མཉམ་པ་དང་ལུས་བསྐོར་བྱ། འགྲོས་བྱེད། བསྡུས་པ་ལས་མི་བྱེད་ན། འདིར་ཁྲོ་བོ་བསྒོམ་པ་ནས་བྱིན་གྱིས་བརླབས་པའི་བར་ལ། ཁ་ཤར་དུ་ཕྱོགས་ནས་ལངས་ཏེ་བྱ། ལངས་ནས་བྱ་བ་ནི་ཆོ་ག་རྒྱས་པ་ལའང་སྟེ། ཁྱད་པར་ནི་དེར་ཁྲོ་བོ་བསྒོམ་པ་མི་དགོས་སོ། །དེ་ནས་སློབ་དཔོན་དབུས་སུ་བསྡད། ཕུར་བུ་རྣམས་མདུན་དུ་སྣོད་དུ་ནས་བླུག་པ་ལ་དབུས་དང་མཚམས་སུ་མ་ནོར་བར་བཙུགས་ལ། བསངས་སྦྱངས་ནས་བསྐྱེད་དེ། མཐའ་ཡས་ནི་སེར་པོ་ཞལ་གསུམ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའོ། །རྣམ་རྒྱལ་ནི་སྔོན་པོ་ཞལ་གཅིག་ཕྱག་བརྒྱད་པ། དང་པོ་གཉིས་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱས་རྡོར་དྲིལ་ཐུགས་ཀ་དང་། དེ་འོག་གཉིས་མདའ་གཞུ། དེ་འོག་གཉིས་རྡོ་རྗེ་པདྨ་བསྣམས་པ། གཡོན་བརྐྱང་


JLD011_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟབས་ཀྱིས་དྲག་པོ་དང་གཡས་བསྐུམ་པས་དབུ་མ་མནན་པ། འབར་བའི་ཕྲེང་བའི་འོད་མངའ་བ། རིགས་ལྔ་དང་། རིན་ཆེན་དང་། པདྨ་དང་། རྡོ་རྗེ་དང་དར་དཔྱངས་ཀྱི་དབང་བསྐུར་བ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྤྲིན་སྒྲ་ནི་ནག་པོ་ཞལ་བཞི་ཕྱག་བཞི་ཞབས་དྲུག །གཡས་གཉིས་ན་རལ་གྲི་དང་། དགྲ་སྟ། གཡོན་གཉིས་ན་ཞགས་པ་དང་གཏུན་ཤིང་བསྣམས་པའོ། །གསུས་པོ་ཆེ་ནི་སྔོན་པོ་ཞལ་གསུམ་གྱི་དབུས་མ་བཞད་པ། གཡས་གདངས་པ། གཡོན་ཚེམས་ཀྱིས་མ་མཆུ་མནན་པ། མི་བསྐྱོད་པའི་དབུ་རྒྱན་ཅན། ཕྱག་དྲུག་གི་གཡས་རྡོ་རྗེ་བེ་ཅོན། རལ་གྲི་མདའ། གཡོན་སྡིགས་མཛུབ་ཞགས་པ་དང་བཅས་པས་ནུ་མ་ཐོ་བ། གཞུ་འཛིན་པའོ། །རྒྱལ་བ་དམར་པོ་ཞལ་གསུམ་གྱི་དབུས་མ་བཞད། གཡས་ལྗགས་འདྲིལ། གཡོན་ཚེམས་ཀྱིས་མ་མཆུ་མནན་པ། ཕྱག་བརྒྱད་ཀྱི་གཡས་རྡོ་རྗེ་དབྱུག་ཐོ། ལྕགས་ཀྱུ། མདའ། གཡོན་སྡིགས་མཛུབ། ནུ་མ། པདྨ་ཞགས་པ་གཞུ་འཛིན་པའོ། །འདི་ལ་ཡེ་ཤེས་པ་དགུག་གཞུག་སོགས་བཞི་བྱེད་པའང་ཡོད། དེ་ནས་སློབ་དཔོན་དབུས་སུ་ཀཱི་ལཱ་ཡ་བགྲང་ཞིང་བསྡད། སྒྲུབ་གྲོགས་རྣམས་ཀྱིས་རྡོར་དྲིལ་ཐོགས། རྡོ་རྗེ་ལ་ཕུར་བ་འདྲིལ་བ་ལྟར་བྱ་ཞིང་དབྱངས་བྱས་ལ་བསྐོར་བ་བྱ། བཟླས་པ་ཟིན་པ་དང་། དབུས་སུ་ཕུར་བུ་འདེབས་སྟངས་བྱས་ནས་དབང་ལྡན་གྱི་འཁྲིས་སུ་གདབ། དེ་ནས་དབང་ལྡན་ནས་མེ་སོགས་སུ་གདབ་སྟེ།


JLD011_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་གནས་དེ་དང་དེར་ཕུར་འགྲོས་ཀྱིས་ཕྱིན་ནས། གཡོན་སྔོན་འགྲོའི་གཞི་བཅའ་དྲག་པོ་དྲིལ་གསིལ་དང་བཅས་པ་རེ་བྱས་ནས་སོ། །འདི་རྣམས་དམིགས་པ་ཙམ་ལས་འདེབས་རྒྱུ་མེད་ནའང་བྱ། ཕུར་བུ་མཆོད་པ་འདི་བ་ལ་མེད་དོ། །བསང་ཆུའི་བུམ་པ་ལས་མ་ཟིན་ན། སྔར་ལྟར་ཕྱག་རྒྱ་དགྲོལ། སང་ནས་རྣལ་འབྱོར་ཆེན་པོ་བྱ་སྟེ། དེའང་འདི་མན་ཆད་དུ། ས་བླའི་མཆོད་གཏོར་དང་། སྦྱང་བཟུང་གི་ཆོ་ག་དང་། བསང་ཆུ་བསྒྲུབ་པ་རྣམས་ལན་ཅིག་གིས་ཆོག་པས་མཆོད་པ་བསང་སྦྱང་བྱིན་བརླབ་དམ་ཚིག་གསུམ་བཟུང་བའི་བར་བདག་རྫོགས་བྱའོ། །ལྷ་སྟ་གོན་ལ་བསང་སྦྱང་སྔོན་དུ་བཏང་སྟེ། དང་སྦྱོར་ལྟར་གཞལ་ཡས་ཁང་གདན་བཅས་བསྐྱེད། དེ་ནས་ལྷ་དང་རང་རང་གི་མདུན་གྱི་དབང་ལྡན་ནས་གཡས་སུ་བརྩམས་པའི་དྲིའི་ཐིག་ལེ་མེ་ཏོག་དང་བཅས་པ་སྔགས་ཀྱིས་བཀོད་ནས་ལྷ་རེ་རེ་ཞིང་བསྐྱེད། དེ་ཟིན་པ་དང་མཐའ་མཆོད་པས་གྲུ་བཞིར་བསྐོར། ཤོག་སྐོར་བཏང་། གདན་ལ་འཁོད་ནས་དགུག་པ་སོགས་བྱའོ། །གསུམ་པ་བསང་སྦྱང་ནས་པཾ་ལས་པདྨ་དང་། ཨ་ལས་ཟླ་གདན་གྱི་སྟེང་དུ་བུམ་པ་མཚན་ཉིད་དང་ལྡན་པར་བསྐྱེད། ལྷ་གསུམ་དབུས་སུ་རྡོར་སེམས། གཡས་སུ་གནོད་སྦྱིན། གཡོན་དུ་མེ་ལྟར་འབར་བ་རྣམས་ཆོ་ག་གསུམ་ལས་བསྐྱེད། གཡོན་པའི་དམ་རྒྱ་ནི། རྡོ་རྗེ་མེའི་ཕྱག་རྒྱ་དང་། སྔགས་ཀྱང་ཐུན་མོང་


JLD011_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ལ་དྲིལ་སྔགས་གདགས་ལ་སྒྲུབ་ཆོས་དང་ཕྱག་ཆེན་རྡོར་སེམས་ལྟར་དང་། ཆོས་ཀྱི་ཡི་གེ་ནི་གསུམ་ག་ལ་རང་རང་གི་བསྟོད་པ་རེའང་བྱ། སློབ་མས་གཟུངས་ཐག་གཏོད་པ་ན་མེ་ཏོག་དང་བཅས་པས་གར་བསྐོར་ནས་བཏད། སློབ་དཔོན་གྱིས་ཀྱང་གར་བསྐོར་བ་དང་བཅས་པས་བླངས་ནས་མེ་ཏོག་དུམ་ཞིག་བཟུང་། གཞན་མདུན་དུ་བཞག་སྟེ། དེ་ནས་སྒྲུབ་གྲོགས་རྣམས་ལའང་གཟུངས་ཐག་གཏད། སྡུད་པ་ན་མས་རིམ་གྱིས་བསྡུས་ནས་ཡང་གར་བསྐོར་ཏེ། སློབ་དཔོན་གྱིས་མེ་ཏོག་དང་བཅས་པས་སློབ་མ་ལ་གཏད། དེས་ཀྱང་གར་བསྐོར་ནས་བླངས། དེ་ནས་བུམ་པར་དུང་ཆོས་ཀྱི་ཆུས་མཆོད་ཡོན་དབུལ། མེ་ཏོག་རེ་གཞུག །རེང་བུས་བདུག་གོ །དེ་ནས་གྲུབ་ན་སྦྱིན་སྲེག་སྟ་གོན་དང་། མ་གྲུབ་ན་ཕྱི་རོལ་པ་བཏང་། དེ་ནས་ནང་དུ་འོང་བ་དང་། སྐོར་བ་བྱེད་པ་ཕྱག་ལེན་ལ་སྣང་། བཤད་པ་མི་འདུག །སྒྲུབ་མཆོད་རྐྱང་བ་ཡིན་ན། བསྟོད་པ་ནས་མཆོད་ཡོན་འབུལ་བའི་བར་བྱས་ནས་སྙན་གསན་དབབ་པ་ལ་འཇུག །དབང་བསྐུར་ཡིན་ན་འདི་ནས་སློབ་མ་སྟ་གོན་ལ་འཇུག་སྟེ། དེའང་གསོལ་གདབ་དང་། མཉམ་པར་གདམས་པའི་བར་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་སྡོམ་པ་བཟུང་། རྣལ་འབྱོར་གྱི་སེམས་བསྐྱེད་པའི་ཚེ་དངོས་གཞི་ལྟར་མ་བརྗོད་ཀྱང་ཆོག །གནས་གཞི་བྱིན་བརླབ་ཀྱི་ཚེ་སེམས་མ་བཞིའི་ཕྱག་རྒྱས་གཏུག་པ་དང་། རྡོ་རྗེ་དང་བཅས་པའི་གཡས་པས་གང་རུང་བྱེད། མཆོད་པ་བཞི་ལས་མ་བཤད་


JLD011_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། དུང་ཆོས་སུ་མཆོད་ཡོན་ལག་པ་གཅིག་གིས་དང་། གཅིག་གིས་བཟེད་ཞལ་བཟུང་ནས། རང་གི་སྔགས་ཀྱིས་རེ་རེ་ཞིང་དང་། མེ་ཏོག་དབུ་དང་། དྲི་སྙིང་གར་དབུལ། སྤོས་ཞལ་ཟས་མར་མེ་རྣམས་ལག་ཏུ་སྔགས་བརྗོད་ཅིང་གཏད་དོ། །མཐར་རོལ་མོ་ཐུན་མོང་དུ་དབུལ། སོ་ཤིང་སྲུང་སྐུད་ཀུ་ཤ་རྣམས་ལ་གནོད་སྦྱིན་གྱི་སྔགས་ཀྱིས་བསང་། རང་རང་གི་སྔགས་ཀྱང་བཟླའོ། །སྲུང་སྐུད་མདུད་མཚམས་སུ་གཡོན་པའི་མཐེབ་སྲིན་གྱིས་མནན་ནས་གཡས་པ་ལས་ཆུས་དེར་རེག་པ་ཞིག་བྱའོ། །ཀྱེ་བཞིན་བཟང་ཞེས་སོགས་སུ་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཕྱག་བྱེད་བཅུག་ནས་ནངས་པར་ཞེས་སོགས་བརྗོད་དགོས་པར་མངོན་ནོ། །ཕྱག་རྒྱ་བཀྲོལ་བའི་མཐར། བཀྲ་ཤིས་རེ་བྱེད་པ་ཕྱག་ལེན་ནོ། །དཀྱིལ་འཁོར་འདེགས་པའི་སྔོན་དུ་མཆོད་བསྟོད་བསྡུས་པ་ཞིག་བྱ་གྲུབ་ན་ཉེ་རེག་ནས་ཀྱང་ངོ་། །དེ་བར་དུ་ཚོམ་བུའི་དཀྱིལ་འཁོར་མི་བཤིག་སྟེ། དེ་ནས་བསྡུའོ། །དེ་ནས་ཐིག་སྐུད་རྣམས་བསངས་སྦྱངས་ནས། ཆོ་ག་གསུམ་མམ་ས་བོན་ལས་བསྐྱེད་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་བྱུང་བ་མ་གཏོགས། གཞན་ཡེ་ཤེས་པ་འཇུག་པ་དང་དབང་བསྐུར་བ་སོགས་མི་དགོས་སོ། །ཐིག་སྐུད་རྣམས་ཀྱང་ཕྱག་ལེན་ལ་དབུས་དང་ཕྱོགས་བཞིར་སྣོད་སོ་སོར་འགོད་ཀྱང་། རང་གི་ལག་ཏུ་རིམ་པ་བཞིན་བཟུང་ནས་བསྐྱེད་ན་འཐད་པར་སྣང་།དེ་ནས་བསྒྲིལ་བའི་ཚེ་སྣོད་དུ་བཞག་ན་རིམ་པ་བཞིན་ལག་བསྡོགས་བྱས་ནས། དེ་རེ་རེ་ནས་གཅིག་གིས་ཁྱེར་ཏེ། སློབ་མའི་


JLD011_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་གཏད། སློབ་དཔོན་བསྡད་ནས་སྔགས་གསུམ་སྒྲུབ་གྲོགས་དང་བཅས་པས་བརྗོད་ལ་ལན་གསུམ་དང་། དེ་ནས་འཁོར་སྒྱུར་གྱི་སྔགས་བརྗོད་ཅིང་། མཉམ་པོར་སོང་སོང་བར་དུ་བསྒྲིམས་ནས་གཅིག་བྱ། གཡས་པས་དྲི་བཟང་ལ་སྦགས་པའི་རས་ཀྱིས་ཐིག་སྐུད་ལ་བྱུག་ཅིང་། སཏྭ་ཧཱུཾ་བརྗོད་ཅིང་ལག་སྡོགས་བྱ། རིན་པོ་ཆེའི་སྣོད་དྲི་བཟང་བྱུགས་པའི་ནང་དུ་བཞག་ནས་མཆོད། འཛིན་པའི་རྡོ་རྗེ་བསྡམས་པ་ནང་བསྡམ་ལ་འདོད་པ་ཡོད་ཀྱང་། ཕྱི་བསྡམ་ཡིན། དཀྱིལ་འཁོར་ལ་བསང་གཏོར་བྱ་བ་ནས་ལངས་ཏེ། རྡོར་དྲིལ་སྐུད་པ་དང་བཅས་པ་ཐོགས་ནས་གྲྭ་གཉིས་སུ་སོང་ནས། རྣམ་སྣང་གི་ཕྱག་ཆེན་བཅས་ནས་བསྒྲུབ། སྒྲུབ་གྲོགས་སྤྲུལ་ཏེ། ཐིག་སྣ་གཏད་ཟིན་པ་དང་། ཤར་ནུབ་དྲང་བོར་ཕྱིན། རྡོར་སེམས་སུ་བསྒྱུར། སྟ་གོན་གྱི་ལྷ་ལ་མཆོད་པ་ལྔས་ཤར་ནས། ལྷོ་ནས་བརྒྱད་ཀྱིས། ནུབ་ནས་དབྱངས་དང་བཅས་པའི་གར་གྱིས་མཆོད། སྒྲུབ་གྲོགས་སྤྲུལ་པའི་ཚིགས་བཅད་ལའང་གྲུབ་ན་དབྱངས་བྱ། དེ་ནས་ཡིད་ཀྱིས་ཕྱག་སྔགས་བརྗོད་ནས་བྱ་སྟེ། མིག་ཉི་ཟླར་བསྐྱེད་ནས་ཐིག་འདེབས་པ་ཕྱག་ལེན་ལ་སྣང་ཞིང་། ཆོ་ག་དང་མི་མཐུན་པས་དཔྱད་དོ། །འདེབས་པའི་ཚེ་གཡས་རྡོ་རྗེ་དང་བཅས་པའི་མཐེབ་གུང་གཉིས་ཀྱིས་སྟེང་ནས་བཟུང་། དེ་ནས་འོག་ནས་ཁ་གྱེན་དུ་བསྟན་ལ་སྟེང་དུ་གསུམ་གདབ། འོག་ཏུ་བསྟན་ནས་ཚངས་ཐིག་གཉིས་དང་ཟུར་ཐིག་གཉིས་ལ་རེ་རེའམ་གསུམ་གསུམ་རྩ་ཐིག་རྣམས་ལ་སྒོ་གཉིས་ཀྱི་དྲུག་གདབ། ཐིག་སྐོར་གཡས་ནས་བྱ། གཉིས་ཀ་དུས་


JLD011_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་མི་འགྲོ། སློབ་དཔོན་ལ་རྒྱབ་བསྟན་ནས་མི་འགྲོ་བ་ལ་བསླབ་པོ། །གནས་སྔ་མ་རྣམས་སློབ་དཔོན་གྱི་སའོ། །ཕུར་བུ་དབྱུང་བ་དང་ཕྱུང་ནས་དགང་བ་གཉིས་ཀ་འོག་ཏུ་བྱེད། རྡོར་དྲིལ་དང་བཅས་ནས་རྡོ་རྗེ་ཤུགས་ཀྱིས་འཇུག་པས་ནུབ་ནས་ཞུགས། དཀྱིལ་འཁོར་ནང་མའི་ཤར་གྱི་སྒོ་དྲུང་སར་སོང་གཡོན་བརྐྱང་དང་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་ས་བོན་བརྗོད་ནས་ཁྲོ་བོ་རྡོ་རྗེ་གུར་ཞེས་བརྗོད་ནས་མིག་སོགས་བསྐྱེད་པ་བྱས་ལ་གཡས་པས་དྲི་བཟང་བླངས་ནས་སྔགས་བརྗོད་ཅིང་ཤར་སྒོ་ཕྱི་ནང་གཉིས་སུ་དབྱི། དེ་ནས་ལྷོ་སོགས་རིམ་པ་བཞིན་དབྱིའོ། །དེ་ནས་དབུས་དེར་བསྡད་ནས། ལིང་ཚེ་ལྔ་ལ་ཚོན་བཀོད། ས་བོན་བྲིས་པ་བསངས་སྦྱངས་ནས་སྔར་ལྟར་བསྐྱེད། བསྐྱེད་པའི་རིམ་པ་ནི་ཡི་གེ་ཇི་ལྟ་བའོ། །སྔགས་གོང་མ་བཟླ་བ་ན། རྡོར་དྲིལ་དང་བཅས་པའི་ཕྱག་རྒྱས་ས་བོན་བསུབ་ཚོན་འདྲེས་ན་སྐྱོན་ཡོད་པས་རེ་རེ་ཞིང་མཛུབ་རྩེས་ཕྱི། དབུས་མ་རྟིང་ནས་བྱ། སྦྱོར་བའི་དུས་སུ་བདེན་པ་གང་གིས་སོགས་བརྗོད་ལ། ཧཱི་བརྗོད་ཅིང་ཕྱག་རྒྱ་ཚོན་རྣམས་ཀྱི་སྟེང་དུ་བཅའོ། །དེ་ནས་རྡོར་དྲིལ་དང་བཅས་ནས་འདོད་རྒྱལ་གྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀ་སྐམ་པའི་ཕྱག་རྒྱས་ཕུར་བུ་དངོས་མེད་ནའང་དབྱུང་བའི་ཚུལ་བྱ། དེ་ནས་རྩིག་པའི་ཕྱི་ནས་བརྩམས་པའི་རིམ་པ་བཞིན་དགང་ངོ་། །ཁ་ཅིག་འདི་ནི་ཆོས་དབྱིངས་དག་པ་སྟེ། །ཞེས་སོགས་ཡེ་ཤེས་ལྔའི་ཚིགས་བཅད་རེ་བཏོན་དྲིལ་གསིལ་རེ་བྱས་ནས་


JLD011_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

འགེང་བའང་ཡོད། འདི་ཡང་ཕུར་བུ་མ་བཏབ་ཀྱང་བྱེད་པ་ཕྱག་ལེན་ལ་སྣང་ངོ་། །རྡོ་རྗེ་ཤུགས་ཀྱིས་འཇུག་པ་ནི། སྔགས་བརྗོད་རི་མོ་བཏེག་པའི་འོག་ནས་འཛུལ་བར་མོས་པ་ཙམ་ཡིན་གྱི་འདི་ལ་ཕྱག་རྒྱ་མེད་དོ། །ཐིག་སྐུད་སྒྲུབ་གྲོགས་ལ་གཏོད་པ་ན། དཀྱིལ་འཁོར་གྱི་སྟེང་དུ་འགྲོ་དགོས་བྱུང་ནའང་བྱེད་དགོས་པར་མངོན་ནོ། །དཀྱིལ་འཁོར་བྲིས་ཟིན་པ་དང་ཡེ་ཐིག་རྟིང་མ་བཏབ་ཟིན་པའི་ཚེ་མཆོད་ནས་ཡེ་ཤེས་པ་གཤེགས་པ་སོགས་བྱ། ཐིག་སྐུད་བསྡོགས་ནས་རྡོ་རྗེ་ལ་དཀྲིའོ། །བྲི་བ་ཟིན་ནས་མཐའ་རྣམས་དྲིས་བྱུག །མེ་ཏོག་བཀྲམ། དེ་ནས་གནོད་སྦྱིན་དང་རྩེ་མོའི་སྔགས་ཀྱིས་བསངས་ནས་དང་སྦྱོར་ལྟར་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། དེ་ནས་ལྷ་རེ་རེ་ནས་ཆོ་ག་རེ་རེ་ནས་བསམ། ཡང་ན་བྲིས་པའི་ཐིག་ལེ་དེ་ཐམས་ཅད་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་འདུས་ཡོངས་སུ་གྱུར་པ་ལས་རང་རང་གི་ས་བོན་དུ་གྱུར་དེ་ལས་འོད་འཕྲོས་སོགས་ལས་རང་རང་གི་ཕྱག་ཆེན་ས་བོན་གྱིས་མཚན་པར་གྱུར། དེ་ལས་འོད་འཕྲོས་སོགས་ལས་རང་རང་གི་སྐུའི་ཆ་ཤས་ཡོངས་སུ་རྫོགས་པར་གྱུར་པ་ནི་ཞེས་བྱས་ནས་རིམ་པ་བཞིན་གསལ་གདབ། འདི་ལ་སོ་སོའི་སྙིང་པོ་བརྗོད་པའམ། མིན་པ་གང་རུང་བྱ། དེ་ནས་བསྐལ་བཟང་གི་བར་ལ་དམ་རྒྱས་བཏབ་ནས་སྟ་གོན་གྱི་དཀྱིལ་འཁོར་དགུག་སོགས་བྱས་ལ། རང་རང་གི་སྙིང་པོས་བརྟན་པར་བྱས་ནས་ཕྱག་རྒྱ་ཕྱི་མ་གསུམ་གྱིས་རྒྱས་གདབ་བོ། །དེ་


JLD011_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མེ་ཏོག་སོགས་བླངས་ནས་སྐོར་བ་སོགས་བྱས་ཏེ། མེ་ཏོག་འབུལ་བ་ན་སྤྲོ་ན་དབྱངས་དང་བཅས་པས་བྱའོ། །སྒོ་དབྱེ་བ་ན་སྒྲུབ་གྲོགས་དང་བཅས་པས་བྱས་ན་རང་རང་གི་ཆོ་ག་ཚང་བས། དེའང་གཞི་བཅའ་འཇམ་པོ་དྲིལ་གསིལ་དང་བཅས་པས་མཐར་གཡོན་བརྐྱང་བྱས་ལ་ནུབ་དང་བྱང་ཤར་ལྷོ་ཤར་ནས་ཤར་དང་ལྷོ་ནུབ་བྱང་གིས་སྒོ་དབྱེ། དེ་ནས་བསྐོར་ལ་གདན་ལ་འཁོད་པའམ། ཤར་སྒོ་ནས་ཕྱག་གཅིག་བྱའོ། །དེ་ནས་གྲུབ་ན་ལྷ་སོ་བདུན་གྱི་ལྷ་བུམ་གང་བུམ་གཉིས་གཉིས་ཏེ་དོན་བཞི། བསང་ཆུ་འཇུག་སྒོ་བསྐལ་བཟང་གསུམ་བསྣན་པས་དོན་བདུན། དེའང་བསྐལ་བཟང་ལ་སྤྱིའི་རིག་པ་ཙམ་བཟླ་བ་མ་གཏོགས་ལྷ་མི་བསྐྱེད་ཟེར། མ་གྲུབ་ན་བུམ་པ་བཅུ་བྱས་པས་ཕྱོགས་ཕྱོགས་སམ། ཤར་ཕྱོགས་སམ། གང་བདེ་བར་བཞག །སྔར་ལྟར་བསངས་སྦྱངས་ནས་མཚན་ཉིད་དང་ལྡན་པར་བསྐྱེད་པའི་སྟ་གོན་གྱི་རྣམ་རྒྱལ་གྱི་ནང་དུ། རིགས་ལྔ་རྡོར་སེམས་དང་དྲུག་རང་རང་གི་གདན་གྱི་སྟེང་དུ་ཆོ་ག་གསུམ་གྱིས་བསྐྱེད། ཡེ་ཤེས་པ་གཞུག །ཕྱག་རྒྱ་བཞིས་རྒྱས་གདབ། མཆོད་བསྟོད་འོག་ཏུ་ཐུན་མོང་དུ་བྱ། ཕྱོགས་སོ་སོར་བུམ་ལྷ་སྤྲུལ་པ་ནི་རིགས་སོ་སོའི་ཕྱག་ཆེན་ལ་གནས། ལྷ་བརྒྱད་བརྒྱད་ཀྱི་མིང་སྨོས་ནས་སྤྲུལ། ཕྱོགས་རེ་རེའམ། ཐུན་མོང་དུ་མཐར་སྙིང་པོས་བརྟན་པར་བྱའོ། །མཆོད་བསྟོད་ཟིན་ནས་རིམ་པ་བཞིན་བཟླས་པ་བྱ། མཐར་སྟ་གོན་གྱི་ལྷ་གསུམ་ལའང་བཟླ། དེའི་གོང་དུ་བསང་ཆུ་དང་འཇུག་


JLD011_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བསྐལ་བཟང་ལའང་དམིགས་ནས་བཟླའོ། །དེ་དག་གི་མཐར་དབུས་མ་ལ་གནས་ནས། ཨུ་ད་ཀ་སྟོང་ཙམ་ཡང་བཟླ། འདི་བཟླས་ནས་རྣམ་རྒྱལ་མི་འདེགས་པར་བཤད། རྣམ་རྒྱལ་གྱི་སྟེང་དུ་དུང་ཆོས་གཟུངས་ཐག་བཞག་པའི་གཟུངས་ཐག་གིས་བུམ་པ་རྣམས་སྤྲོས་ནས་བཟླས་ཏེ་གཞན་སྔར་ལྟར་རོ། །བདག་འཇུག་ལེན་པ་ན་སྔོན་ལ་དཀྱིལ་འཁོར་ལ་བསང་སྦྱང་དང་བྲལ་བའི་མཆོད་པ་ཞིག་བྱ། དེ་ནས་བུམ་པ་ཐམས་ཅད་ནས་ཆུ་བསྡུས་ལ་བསང་ཆུའི་བུམ་པར་བླུག་ལ་མདུན་དུ་བཞག་སྟེ། མཎྜལ་དང་ཅོད་པན་ཡང་ངོ་། །ཇི་ལྟར་བལྟམས་པས་ཁྲུས་བྱས་ནས་མཎྜལ་འབུལ། དགའ་ཆེན་སོགས་ཀྱིས་གསོལ་བ་གདབ་བོ། །གནོད་སྦྱིན་དང་སྒོ་བཞིའི་སྔགས་བརྗོད་ལ་གདོང་གཡོགས་འཆིང་ཚུལ་དང་རྡོ་རྗེ་སྲུང་བའི་སྔགས་བཟླས་ཏེ། སྟོད་སྨད་ཀྱི་གཡོགས་བགོས་པར་བསམ། ཨ་ཁཾ་བཱི་ར་ཧཱུཾ་གིས་མེ་ཏོག་ཕྲེང་བ་བཟུང་། སྡོམ་པ་བཟུང་བ་ནི། ཇི་ལྟར་དུས་གསུམ་ནས་འགོད་ཀྱི་བར་རོ། །མཆོད་པ་ལྔས་མཆོད་ཅེས་པ་གོང་དུ་བླངས་ཏེ། དེའང་རྣལ་འབྱོར་གྱི་སེམས་བསྐྱེད་པ་ནས་མཆོད་པའི་བར་བྱས་ནས་འཇུག་སྒོས་དབང་བསྐུར། སེམས་མ་རྡོ་རྗེ་མ་འཆིང་བའི་ཚེ་དེ་ཉིད་ལ་བྱས་ནས་སྔགས་ལྔ་བརྗོད་དེ། དམ་གཞག་སྔར་ལྟར་བྱ། ཡེ་ཤེས་དབབ་པ་དང་པོ་དང་གཉིས་པ་དང་འབེབས་པའི་དམ་རྒྱ་དང་ཨ་རྐྱང་དང་བཛྲ་ཨ་བེ་ཤ་བརྗོད། ཁྲོ་བོའི་ཁུ་ཚུར་གྱིས་དྲལ་བ་ན། དེའི་སྐབས་ཀྱི་སྔགས་བརྗོད། མེ་ཏོག་དོར་བ་ནས་དབབ་པ་བསྡུ་བའི་བར་སྙིང་གའི་བདག་འཇུག་བཞིན་ནོ། །སློབ་


JLD011_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དུ་དབང་བསྐུར་བ་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་དབང་སྟེགས་གྲུ་བཞི་སྒོ་གཅིག་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་རྡོ་རྗེ་དམར་པོ་རྩེ་ལྔ་པ་དེའི་སྟེང་དུ་སེང་གེའི་ཁྲིའི་སྟེང་དུ་པད་ཟླའི་གདན། རྡོར་སེམས་ཀྱི་སྔགས་དང་། དེའི་ཕྱག་ཆེན་གྱིས་དབང་སྟེགས་ཀྱི་སྟེང་དུ་འཁོད་པར་གྱུར་ཅེས་བརྗོད་ནས། དེའི་དམ་རྒྱ་རང་ལ་གཏུགས་ལ། རྡོར་སེམས་སུ་བསྐྱེད་པ་ནས་བྱིན་རླབས་ཀྱི་བར་བྱས་ཏེ། ས་མ་ཡ་ཨ། ཟླ་གདན་རྣམས་གསལ་གདབ། དེ་ནས་ལྷ་ཉེར་བརྒྱད་ཀྱི་སྔགས་བརྗོད་ལ། ལྷ་གསལ་གདབ། རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྒྲུབ་ཆེན་གཞུག །སེམས་མ་བཞི་དང་དབྱིངས་ཕྱུག་མའི་སྔགས་རྒྱས་གནས་བཞི་བྱིན་གྱིས་བརླབ། ཉེར་སྤྱོད་དང་། སྒེག་སོགས་ཀྱིས་མཆོད། རྡོར་སེམས་ཀྱི་སྐུ་དངོས་སམ་མེད་ན་དམ་རྒྱ་སྤྱི་བོར་བཞག །བཀྲ་ཤིས་རིང་མོ་བྱེད་པ་ན་མེ་ཏོག་རེ་བདག་ལ་གཏོར། བསྟོད་པ་ན་དྲིལ་གསིལ་བྱ། ཅོད་པན་གྱི་ཚེ་དར་དཔྱངས་དང་། དེའང་སྔགས་རྒྱ་སྔོན་ལ་བྱས་ནས་དབུ་རྒྱན་བཅིང་། གཞན་སྔགས་ཀྱི་རྗེས་གནང་གི་བར་གོང་བཞིན་ནོ། །ལྷ་ཐམས་ཅད་གསལ་བར་བསྒོམ་ཞེས་པའི་དོན། རྣམ་སྣང་སོགས་ཀྱི་སྙིང་པོ་བརྗོད་ལ་གསལ་གདབ་བོ། །བདག་འཇུག་བླང་རྒྱུ་འདིར་དམིགས་ཀྱིས་བསལ་བ་དང་། ཆོ་གའི་སྡོམ་ཉིད་ཙམ་ཞིག་གོ །མི་བསྐྱོད་པ་ལ་སོགས་པ་བཞི་དང་། ཡུམ་བཞིའི་རྡོ་རྗེའི་སྒྲུབ་


JLD011_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ནི། རང་རང་གི་སྙིང་པོ་ལ་ཨ་བཏགས་ལ་ཕྱག་མཚན་དབབ། ཕྱག་མཚན་དང་མི་བསྐྱོད་པའི་ང་རྒྱལ་ནི། བཛྲོ་ཧཾ་དང་། ཨཀྵོ་བྷྱ་ཧཾ་ངོ་། །དེ་བཞིན་དུ་བཛྲ་རཏྣ་ཨ་རཏྣ་མ་ཧཱ་རཏྣ་སཾ་བྷོ་ཧཾ། བཛྲ་པདྨོ་ཧཾ། ཨ་མི་ཏཱ་བྷ་བ་ཧཾ། བི་ཤྭ་བཛྲོ་ཧཾ། ཨ་མོ་གྷ་སིདྡྷི་ར་ཧཾ་རྣམས་རིགས་གསུམ་གྱིའོ། །སཏྭ་བཛྲི་དང་། བཛྲོ་དང་། སཏྭ་བཛྲི། རཏྣ་བཛྲི། དྷརྨ་བཛྲི། པདྨོ། དྷརྨ་བཛྲི། ཀརྨ་བཛྲི། བི་ཤྭ་བཛྲི། ཀརྨ་བཛྲི་རྣམས་ཀྱི་དང་པོའི་མཐར་ཨ་དང་ཕྱི་མ་གཉིས་ལ་ཧཾ་སྦྱར་བ་ནི་ཡུམ་བཞིའོ། །ཕྱི་རོལ་རྒྱས་པ་གཏོང་བ་ན། ཤར་དུ་ཤར་པ་དང་སྟོང་པ་གཉིས། ནུབ་ཏུ་ནུབ་པ་དང་འོག་པ་གཉིས། དབང་ལྡན་དུ་དེ་བཞིན་གཤེགས་པ་དང་། སྡེ་བརྒྱད་དང་བགེགས་གཉིས་རྣམས་བཏང་། གཙྪ་ཞེས་པའི་ཚེ་རོལ་མོ་དྲག་པོ་རེ་བྱའོ། །མཆོད་པ་བཞི་བཤམ་ཟེར་ཡང་། ཉེར་སྤྱོད་ཚང་བར་བཤམ། བསྡུས་པ་གཏོང་བ་ན་རང་གི་མདུན་དུ་སྟེགས་ཀྱི་སྟེང་དུ་གཏོར་མ་གཉིས། དེའི་ནང་དུ་གཡོན་ནས་བརྩམས་པའི་ཉེར་སྤྱོད་ལྔ་བཤམ། ལྷ་ནས་སྤྱོན་ཞིག་གི་བར་ལ་ཕྱག་ཆེན་གྱི་དྲིལ་གསིལ་དང་། འབྱུང་བོ་ནས་མཆིས་མཛོད་འོག་མའི་བར་ལ་རྒྱུན་ལྡན་དུ་དྲིལ་བུ་གསིལ། དེ་ནས་རྡོར་དྲིལ་དང་བཅས་པས་གཏོར་སྔགས་ཀྱིས་དབུལ། འདིར་འབྱུང་བོ་ལ་མ་བཤད་ཀྱང་སྤྱན་དྲངས་ཤིང་གཏོར་མ་ཡོད་པས་དེ་རྣམས་ཀྱི་སྔགས་ཀྱིས་དབུལ། མཆོད་སྦྱིན་གཏོར་མ་ཞེས་པའི་དུས་སུ། ཉེར་སྤྱོད་རྣམས་མས་རིམ་ནས་གོང་མ་གོང་


JLD011_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

མར་དྲིལ་ནས། གཏོར་མར་བླུག །དེ་ནས་མཆོད་ཡོན་བཟུང་ནས་གཏོར་མ་ལ་གཡས་བསྐོར་གསུམ་རེ་རེ་ལ་གཏོར་མར་དུམ་པ་རེ་བླུག །མཐར་མཆོད་སྦྱིན་གྱི་ལམ་ཕྱེ་བ་ན། གཏོར་མ་སྐྱེལ། རོལ་མོ་དྲག་པོ་བྱའོ། །དེ་ནས་ནང་དུ་འོང་བའི་སྒོར་དཀྱིལ་འཁོར་བསྲུང་མཁན་གྱིས་བསང་ཆུས་གཏོར། གུ་གུལ་གྱིས་བདུག །འདིར་དཀྱིལ་འཁོར་ལ་བསྐོར་བ་ཡོད་ཀྱང་མ་བཤད་དོ། །དེ་ནས་སློབ་མ་འཇུག་ན། དཀྱིལ་འཁོར་གྱི་ཤར་སྒོར་ལངས་ནས་མཆོད་ཡོན་འབུལ། མཚན་བརྒྱས་བསྟོད་ལ་དྲིལ་གསིལ་དང་བཅས་པ་བྱས་ནས། ཕྱག་བྱས་ལ་གནང་བ་ནོད་པ་ལན་གསུམ་བྱའོ། །དེའི་རྒྱུན་ལའམ་མིན་ན་སྒོ་དེར་དྲིལ་བུ་ལན་ཅིག་གསིལ། ཐལ་མོ་སྦྱར་ནས་གསོལ་བ་གདབ། ཕྱག་ལེན་ལ་སློབ་མ་འཚོག་པ་ན་བྱེད་དོ། །དེ་ནས་མཎྜལ་ཕུལ་ནས་གསོལ་བ་གདབ་པ་སོགས་བྱ། ཕྱག་བཞི་མ་གྲུབ་ན་སྒོ་དེ་དང་དེར་ཕྱིན་པ་ལ་དམིགས་པ་ཕྱག་ལེན་ལ་བྱས་ན་ལེགས། ལྷ་ལ་གསོལ་བ་གདབ་པའི་ཚེ། སློབ་དཔོན་ཤར་སྒོར་སོང་ནས་དྲིལ་གསིལ་དང་བཅས་པས་བྱེད་དོ། །རྡོར་སེམས་སུ་བསྐྱེད་པ་ན་ཕྱོགས་གཅིག་ཏུ་དམ་རྒྱས་རེག་ནས་དམིགས་པ་སྤྲོད། ཉེར་སྤྱོད་ལྔས་མཆོད་པ་ན་སྟ་གོན་ལྟར་རོ། །སློབ་མས་ཡོན་གྱི་མཆོག་ཕུལ་ཞེས་པར་མཎྜལ་རེ་བྱེད། དམ་གཞག་དང་པོ་དང་། ཐ་མ་ལ་གནས་གྱུར་པ་རྣམས་སེམས་མ་རྡོ་རྗེ་མའི་


JLD011_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྒྱ་སྤྱི་བོར་འཇོག །འདི་བ་རྡོ་རྗེ་སྤྱི་བོར་འཇོག །འདི་ནི་སོགས་ལ་ཁ་ཐུར་བསྟན་སྙིང་ག་དང་། ཚིག་རྫོགས་མཚམས་སུ་གྱེན་བསྟན་སྤྱི་བོར་འགྲོལ་བ་བྱེད། གལ་ཏེའི་ཚེ་གྱེན་བསྟན་སྙིང་གར་འཇོག །དམ་གཞག་ལ། རྡོར་དྲིལ་དང་བཅས་ཀྱང་དྲིལ་བུ་མི་གསིལ་བ་འདི་བའི་ལུགས་སོ། །ཡེ་ཤེས་དབབ་པ་གཉིས་ཀ་ལ་ཕྱག་རྒྱ་སློབ་དཔོན་གྱིས་བཅའ། སྔགས་གཉིས་ཀས་བརྗོད། གར་གར་ལན་གྱི་ཕྱག་རྒྱ་གཉིས་ཀ་དམ་རྒྱ་རེ་རེ་ནས་ལྷ་གང་དུ་བསྒོམ་པའི་གནས་དེར་དགྲོལ། བཞི་བཞིའི་བར་དུ་གོ་བགོ་བ་གཉིས་བྱ་བ་ནི་སློབ་མ་རེ་རེ་ནས་སོ། །པད་འདབ་འདྲ་བའི་ཕྱག་རྒྱ་ནི། མཐེ་བོང་དང་མཐེའུ་ཆུང་གཉིས་ཐད་ཀར་སྦྱར་ནས་སོར་མོ་ལྷག་མ་རྣམས་གདངས་ནས་པད་འདབ་ལྟར་བྱས་པའོ། །མེ་ཏོག་འདོར་བ་ན་སྤྲོ་ན། ༀ་མཆོག་སོགས་ལ་དབྱངས་བྱ། ལྷ་སྟོན་པ་ན་ཕྱོགས་གཅིག་ཏུ་རྟེན་དང་བརྟེན་པ་རྣམས་བསྟན་ཏོ། །སློབ་མ་དང་སློབ་དཔོན་གྱི་དབང་ལ་མཎྜལ་རེ་འབུལ། དབང་སྟེགས་ནི་ཤར་སྒོའི་ཕྱོགས་སུ་རེ་རེ་ལ་རེ་རེ་བྲི། ཆེ་རྒྱས་དབང་སྟེགས་ལ་བཞག་པ་གོང་དུ་བླངས། མཆོད་འབུལ་སྟ་གོན་ལྟར་རོ། །བཀྲ་ཤིས་རྒྱས་བསྡུས་དང་དབྱངས་དང་བཅས་པ་ཅི་རིགས་སུ་བྱ། དེའི་ཚེ་རོལ་མོ་མེད་པར་མེ་ཏོག་རེ་ལངས་ནས་གཏོར། ལྷ་བུམ་དང་གང་བུམ་གཉིས་ནི་བུམ་པ་རྒྱས་ན་མེ་ཏོག་གང་ཕོག་གི་དེ་གཉིས་ཀྱིས་བྱ་ལ། བསྡུས་པ་ཡིན་


JLD011_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ན། མེ་ཏོག་གང་ཕོག་གི་ཕྱོགས་དེའི་བུམ་པ་གཉིས་སོ། །མེ་ཏོག་གང་ཕོག་གི་དམ་རྒྱས་གནས་བཞི་བྱིན་རླབས་བྱེད་པ་ན། རང་རང་གི་སྙིང་པོ་ལ་ཨཱ་དྷི་ཏིཥྠ་སྭ་མཾ་བཏགས་པའི་བདག་རྫོགས་ལྟར་རོ། །སྟོད་གཡོགས་སྨད་གཡོགས་ནི་བྱུང་ན་དམར་པོ་དང་། དེ་མིན་གང་རུང་ངོ་། །རིན་པོ་ཆེའི་ཅོད་པན་ནི་པྲོག་ཞུ་ལྟ་བུའོ། །གཤེགས་པ་ལ་མེ་ཏོག་ཕོག་ན་དེའི་ཁུ་ཚུར་གྱིས་དང་། གཞན་ལ་ཕོག་ན། རྡོ་རྗེ་ཁུ་ཚུར་གྱིས་སྦྱིན་པ་དང་བླང་བ་བྱས་ཏེ། སློབ་མས་ནི་ལེན་པའི་གོང་དུ་རྡོ་རྗེ་ཐལ་མོ་བསྐོར་བ་རེ་བྱའོ། །འདིའི་ཉེར་སྤྱོད་དང་སྒེག་སོགས་ལ་མཆོད་པ་གསར་དུ་བཤམ་པའམ་སྔ་མས་བྱ་ལ་སྤྲོ་ན་དབྱངས་བྱའོ། །སློབ་དཔོན་དུ་དབང་བསྐུར་བའི་སྟེགས་ནི། རྟ་བབས་དང་བྲལ་བ་མདའ་ཡབ་བར་ཚང་བ་ཞིག་འདྲི། དེའི་སྟེང་དུ་ཁྲིའམ། གདུང་ལ་པད་ཟླ་བྲིས་པ་གོས་སམ་སྟན་གྱིས་གཡོགས་པ་ལ་ཕྱག་ཆེན་རྒྱས་བཞག་ནས། བསྐྱེད་པ་སོགས་བྱ། སྒྲུབ་ཆེན་འགོད་པ་ན། རེ་རེའི་གནས་ཉེར་བརྒྱད་དུ་རང་རང་གི་སྔགས་བརྗོད་ཅིང་དམ་རྒྱས་གཏུགས། རྗེས་སུ་དམིགས་པ་ཐམས་ཅད་ཕྱོགས་གཅིག་ཏུ་སྤྲོད། ཉེར་སྤྱོད་དང་སྒེག་སོགས་ལ་དབྱངས་བྱ་ཞིང་། ཕྱི་མ་ལ་གར་ཡང་བྱ། བཀྲ་ཤིས་ལའང་དབྱངས་བྱའོ། མཚན་བརྒྱ་རྩས་བསྟོད་པ་ན། སྐོར་ས་ཡོད་ན་སེམས་དཔའི་ཕྱི་འགྲོས་བྱ་ཞིང་བསྐོར། མེད་


JLD011_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ན་དྲིལ་སྟབས་བྱ་ཞིང་བརྗོད། དེ་ནས་ལྷ་རེ་རེ་ཞིང་བུམ་པ་གཉིས་གཉིས་ཀྱིས་དབང་བསྐུར་ནས་དབང་དོན་རེ་བཤད། རྣམ་རྒྱལ་གྱིས་བསྐུར་བ་ན་འབྱུང་གཞུག །ཆུ་དབང་བརྟན་བྱེད་ཀྱི་ཕྱག་རྒྱ་སློབ་མ་རང་རང་གིས་བཅས་ནས་སྤྱི་བོར་འཇོག་པའང་ཡོད། སྔགས་བརྒྱ་རྩ་གཉིས་ཀ་བཟླ། ཅོད་པན་མ་གཏོགས་པའི་ཆས་འཇུག་རྣམས་སྔར་དབང་སྟེགས་ལ་བཞག་པ་ན་བྱེད། གཞན་རྣམས་འདིར་རེ་རེ་ནས་བྱའོ། །ཚིགས་བཅད་བརྗོད་པ་ན་མིག་ཐུར་གྱིས་ཕར་ལ་འཁྱེར། སྔགས་ཀྱི་ཚེ་ཚུར་ལ་འཁྱེར་བ་རེ་བྱེད། མེ་ལོང་སྟོན་པ་ན་རེག་པ་རེ་བྱས་ལ་བལྟ། དྲིལ་བུ་ལག་ན་ཡོད་པ་ཉིད་བླངས་ནས་གཏོད། མེ་ལོང་གཉིས་པ་སྟོན་པ་ན་རྡོ་རྗེ་དེའི་སྟེང་དུ་བླངས་ནས་སྟོན། འཁོར་ལོ་ལ་བདག་འཇུག་གི་ཚེ་ཕྱག་རྒྱ་རེ་དང་སྔགས་ཙམ་བྱེད། དུང་ལ་སྔགས་ཙམ་དང་པོ་ཏི་ལ་ཚིགས་བཅད་ཙམ་བརྗོད། རྡོ་རྗེ་འཁོར་ལོ་སོགས་ལ་སྦྱིན་ནམ་བྲིས་པ་སྟེར། མེད་ན་ཁྲོ་བོའི་འཁོར་ལོ་ལ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆའ་རུ་གཞུག །གཞན་སླ། ལུང་བསྟན་གྱི་ཚེ་སྣམ་སྦྱར་གྱོན་ནས་བྱེད་དེ་རེ་རེ་ནས་སོ། །གཟེངས་བསྟོད་དེ་དག་གི་མདུན་དུ་ཕྱོགས་གཅིག་ཏུའོ། །གསང་དབང་བསྐུར་བའི་གོང་དུ་སེམས་མ་རྡོ་རྗེ་མའི་དམ་རྒྱ་འཆིང་དུ་བཅུག་ནས་ས་མ་ཡ་ཧཱུཾ་ཞེས་བརྗོད་དུ་བཅུག །ཞུགས་ནས་ལྷ་རྣམས་ལ་གནས་པ་ལ། ལྷ་རྣམས་ལས་འོད་འཕྲོས་ནས་ཕོག་སྡིག་


JLD011_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་དག་པར་སེམས་ཞེས་པའི་དམིགས་པ་སྤོད་པའང་ཡོད། དེ་ནས་རྡོ་རྗེ་བྱིན་རླབས་ནི་ཞེས་སོགས་ཀྱི་ཚིགས་བཅད་དང་སྔགས་རྣམས་ཤར་ཏེ། ཀློག་པའང་ལན་རེ་མཛད། གཙོ་བོར་སྙིང་པོ་ལ་སོགས་བླང་བ་ནས་མཛད། འདིར་གསོལ་གདབ་གཉིས་ཀ་ཡིད་ཀྱིས་ཡིན། སློབ་དཔོན་གྱིས་སྙིང་པོ་ཅི་རིགས་ཤིག་བཟླས་ནས་མེ་ཏོག་བླངས་ཏེ། འདི་ནི་ཞེས་སོགས་བརྗོད་པའི་ཚེ་སྤྱི་བོར་བཟུང་ནས་གཏོད། མཛོད་ཅིག་གི་བར་རྗེས་ཟློས་ཚར་བ་དང་། རང་རང་གི་ལག་ཏུ་སྦྱིན་པ་ནི་རེ་རེ་ནས་བྱ་ལ། དེ་ནས་རང་རང་གི་སྤྱི་བོར་བཟུང་ནས་རྡོར་སེམས་ཀྱི་སྔགས་འདི་ནས་བཟླའོ། །ཕྱག་རྒྱ་བཞི་ཡེ་ཤེས་ལ་བསླབ་པ་དང་། འདས་པ་དང་། སེམས་ཞེས་པ་ནས་བསྒྲུབ་པར་བྱའི་བར་གྱི་ཚིགས་བཅད་བརྗོད་པ་ཙམ་བྱེད། དེ་ནས་ཁྱོད་ནས་འགྱུར་རོའི་བར་བརྗོད་དོ། །དེ་ནས་རང་དང་སློབ་མས་མཆོད་པ་ནས་འདིའི་བར་བསྡད་ནས་བྱ། བཅོམ་ལྡན་འདས་ཞེས་སོགས་ཀྱི་ཚེའང་བསྡད་ནས་དཀྱིལ་འཁོར་ལ་ཁ་ཕྱོགས་པར་ཐལ་མོ་སྦྱར་ལ་བྱའོ། །དེའི་རྗེས་ཉིད་ལ་དངོས་གྲུབ་ཀྱི་བརྟུལ་ཞུགས་སྔར་བཞིན་སྦྱིན་ཞིང་དེའི་སྔགས་སློབ་མས་ཀྱང་སློབ་དཔོན་གྱིས་བརྗོད་པའི་ཚེ་བརྗོད་དེ། ཆོ་ག་ནས་གཅིག་གི་བར་ལན་ཅིག་བྱ་ལ། ཚིགས་བཅད་འགྱུར་ཏ་རེའི་བར་རེ་རེ་ནས་


JLD011_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། ཚིགས་བཅད་ཀྱི་ཚེ་སེམས་མ་རྡོ་རྗེ་མའི་དམ་རྒྱ་དང་རྡོ་རྗེ་སྙིང་གར་གཏུགས་པ་གང་རུང་བྱ། དེ་ནས་སྦྱིན་སྲེག་གྲུབ་ན་ཆོ་ག་ལྟར་དང་། མ་གྲུབ་ན་དེའི་འཕྲོ་ནས་རྡོ་རྗེ་གནོད་སྦྱིན་བཟླས་པའི་ཆུས་སྤྱི་བོར་ཞེས་པ་ནས་སྲུང་བའི་བར་བྱས་ཏེ། དེའང་སྲུང་སྐུད་འཆིང་བ་ན། རྡོ་རྗེ་སྲུང་བའི་སྔགས་བཟླ་ཞིང་། སློབ་མའི་མིང་ནས་སྨོས་ཏེ། བགེགས་སོགས་ཞི་བའི་སྨོན་ལམ་བྱ། དེ་ནས་སློབ་མ་རྣམས་ཕྱག་བྱེད་དུ་བཅུག་ལ་རང་གནས་སུ་བཏང་ངོ་། །ཕྱི་རོལ་པ་གཏོང་བ་བསྡུས་པས་བྱ་སྟེ། གཏོང་ཚུལ་སྔ་མ་ཇི་ལྟ་བའོ། །མཆོད་ཡོན་ཕུལ་བའི་འོག་ཏུ་གཤེད་དམར་ནས་བྱུང་བ་ལྟར་གསོལ་གདབ་ཆེན་མོ་བྱའོ། །ཁྱོད་ཀྱི་ཞེས་པ་ནས་མཆོད་ཡོན་ཕུལ་བའི་བར་ཁ་ཅིག་ནི་བསྡད་ནས་བྱེད་ཁ་ཅིག་ལངས་ནས་ཤར་སྒོར་ཕྱིན་ཏེ་བྱེད་ཟེར། སེམས་མ་རྡོ་རྗེ་མ་བཅིངས་པ་ནས་ལྡང་དགོས་ལ། དེའང་རྡོར་དྲིལ་དང་བཅས་པ་ཡིན་ཞིང་། ཤར་སྒོར་ལངས་པ་དེ་ལ་གནས་ནས་སཏྭ་དང་ཡིག་བརྒྱ་བགྲང་ཞིང་སྐོར་བ་བྱ། དེའི་ཚེ་རོལ་མོའང་བྱ། མཐར་ཤར་སྒོར་ཕྱིན་ༀ་ཁྱེད་ཀྱིས་སོགས་ལ་དབྱངས་བྱས་ནས། ༀ་བཛྲ་མུཿ ཞེས་བརྗོད། དེ་ནས་རྡོར་སེམས་ཀྱི་ཕྱག་ཆེན་བཅའ། ཤར་རམ་ནུབ་ནས་ཤར་དུ་བལྟས་ལ། བཅོམ་ལྡན་འདས་ནས་མཛོད་ཀྱི་བར་བརྗོད། དེ་ནས་


JLD011_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་གི་ཕྱག་ཆེན་བཅས་ལ། བཅོམ་ལྡན་འདས་བཞུགས་ཤིག་གི་བར་བརྗོད་དོ། །དེ་ནས་རྡོར་སེམས་ཀྱི་ཕྱག་ཆེན་བྱས་ལ། མདོར་ན་ནས་བསམ་པར་བྱའོའི་བར་བརྗོད། དེ་ནས་གཡོན་དྲིལ་བུ་དང་བཅས་པའི་མེ་ལོང་། གཡས་རྡོ་རྗེ་དང་བཅས་པས་མཚན་མ་བསྡུས་ཏེ། དེ་ནས་ལག་པས་མ་སྙོགས་ན་ཕྱགས་མས་རྩིག་པ་ལ་ཐོ་ཡེ་མི་ཡོང་བར་བྱས་ནས་ཁོར་ཡུག་སོགས་ལ་སྒོ་བ་ལྕགས་ཀྱུ། དེ་ཕྱོགས་ཀྱི་བསྐལ་བཟང་། བདུག་པ་མ། སྒེག་མོ། མི་བསྐྱོད་པ། གཙོ་འཁོར་ལྔ། སེམས་མ་རྡོ་རྗེ་མའི་རྟགས་ཀྱི་མཚན་མ་རྣམས་མེ་ལོང་གི་སྟེང་དུ་བསྡུ། དེ་ནས་གཡས་སྐོར་དུ་ཕྱོགས་གཞན་གསུམ་ཡང་དེ་བཞིན་དུ་བསྡུའོ། །མཐར་གཙོ་བོའི་མཚན་མ་བསྡུས་ལ་དུམ་ཞིག་རང་དང་འདོད་པའི་སྤྱི་བོར་བཀོད། དེ་ནས་དབྱུག་པའི་སྣེ་མོ་ལ་རྡོ་རྗེ་བཏགས་པས། ཤར་ནས་ནུབ་བར་དུ་དྲང་བོར་སྒོའི་དབུས་ནས་རི་མོ་བྱ། དེ་བཞིན་དུ་ལྷོ་ནས་བྱང་དུ། མེ་ནས་རླུང་དུ། བདེན་བྲལ་ནས་དབང་ལྡན་དུ་བཤིག །མཚན་མ་བསྡུ་བ་དང་། རྡུལ་ཚོན་བཤིག་པའི་ཚེ་ཨ་ཀཱ་རོ་བཟླ། དེ་ནས་རྡུལ་ཚོན་རྣམས་ཕྱོགས་དེ་བར་དུ་གཞན་གྱིས་བཤིག་ཏུ་མི་རུང་། མཚན་མ་རྣམས་བུམ་སྨན་ལ་


JLD011_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་དྲིལ་དང་བཅས་ཏེ་ཕུར་བུ་བཏོན་ལ། མཐེབ་སྲིན་གྱིས་ཕུར་བའི་དབལ་ལ་འོ་མས་བྱུག །ཁུང་བུར་ཡང་བླུག་གོ །དེ་ནས་དབུས་སུ་གདན་སྟེང་དུ་ཀུ་ཤ་བཏིང་བ་ལ་སློབ་དཔོན་བསྡད། སྒོའི་སློབ་དཔོན་རྣམས་ཀྱང་སྒོ་སོ་སོར་རྡོར་དྲིལ་དང་བཅས་པས་འཁོད་ནས། རི་རབ་ཀྱེ་ཞེས་པ་ནས་ཁས་བླངས་ཞེས་པའི་བར་ལ་སློབ་དཔོན་དང་སློབ་མས་དྲིས་ལན་དུ་བརྗོད། སློབ་དཔོན་ནི་རྡོར་སེམས་ཀྱི་ཕྱག་ཆེན་ལ་གནས་ནས་སོ། །དེ་ནས་རྡོ་རྗེ་སེམས་དཔའ་ཞེས་སོགས་ལ་དབྱངས་དང་། སེམས་དཔའི་ཕྱི་འགྲོས་བྱས་ནས་སློབ་དཔོན་ལ་བསྐོར་བ་བྱའོ། །རྡོ་རྗེ་ཐེག་པ་ཞེས་སོགས་ཀྱིས་རང་རང་གི་སྒོའི་ཐད་ཀ་ནས་སློབ་དཔོན་དབུས་ན་ཡོད་པའི་སར་རྡོར་དྲིལ་དང་བཅས་པའི་ལེགས་སོའི་ཕྱག་རྒྱ་བཅས་ནས། ཕུར་བསྙེན་གྱི་དུས་ཀྱི་འགྲོ་ལུགས་བཞིན་བྱས་ནས་སླར་ཡང་ཕྱིར་ལ་ཕྱག་རྒྱ་དང་འགྲོས་དེས་རང་གནས་སུ་ཕྱི་འགྲོས་བྱའོ། །དེ་ནས་སློབ་དཔོན་ཐམས་ཅད་ཀྱིས་དྲིལ་བུ་གསིལ་ཞིང་། སཏྭ་དང་ཡིག་བརྒྱ་བཟླ་ཞིང་བསྐོར་བ་བྱ། བཀྲ་ཤིས་པར་བྱའོ། །སྒྲུབ་མཆོད་སྦྲེལ་ནས་བྱེད་ན། དང་པོའི་བྱེད་ལུགས་སྔར་ལྟར་དང་། སང་ནས་མཆོད་པ་བསང་སྦྱང་། དམ་ཚིག་གསུམ་བཟུང་བ། སྐྱབས་འགྲོ་སོགས་ནས་བདག་རྫོགས་བཟླས་པ་དང་བཅས་པ་


JLD011_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་བ་དང་། མདུན་བསྐྱེད་ལ་ཉེར་སྤྱོད་གཅིག་གིས་མཆོད་ནས་རྡོར་སེམས་ཀྱི་དམ་རྒྱ་དང་། སྔགས་ཀྱིས་ནམ་མཁར་བཏེགས་ལ་བཞག །དེ་ནས་གནོད་སྦྱིན་རྩེ་མོས་བསངས། ཨ་ཀཱ་རོས་སྦྱངས་ནས། འབྱུང་བ་རིམ་བརྩེགས་ནས་གཞལ་ཡས་ཁང་གདན་བཅས་བསྐྱེད་ནས་ལྷ་སྔར་བཞིན་བསྐྱེད་པ་སོགས་བྱ། དེ་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་མེ་ཏོག་བཟུང་བ་ནས་སྒོ་དབྱེ་བའི་བར་བྱ། ། ། །མངྒ་ལཾ། །༈ ༀ་སྭསྟི། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ། སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །

རྗེ་རིན་པོ་ཆེས་འཇམ་དཔལ་གསང་ལྡན་གྱི་དཔྱད་ལ་ཡོངས་སུ་རྫོགས་ནས་རྗེ་རང་ཉིད་ཀྱིས་ཟིན་བྲིས་སུ་གནང་བ།


JLD011_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རིན་པོ་ཆེས་འཇམ་དཔལ་གསང་ལྡན་གྱི་དཔྱད་ལ་ཡོངས་སུ་རྫོགས་ནས་རྗེ་རང་ཉིད་ཀྱིས་ཟིན་བྲིས་སུ་གནང་བ་བཞུགས་སོ།


JLD011_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་རྡོར་གྱིས་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་ཀྱི་གཞུང་ནི་གསང་ལྡན་ཡིན་ཀྱང་དེར་མི་གསལ་བ་གསལ་བ་དང་། མངོན་རྟོགས་ལ་ཁ་སྐོང་བ་ནི། ཡོན་ཏན་ཀུན་འབྱུང་ན་ཡོང་པས་དེ་གཉིས་ལེགས་པར་བསྒྲིག་པ་དང་། སྔགས་དོན་གཟིགས་པ་ལས་ཀྱང་འགའ་ཞིག་ཤེས་དགོས་པ་ཡོད་ལ། ཡོན་ཏན་ཀུན་འབྱུང་མ་བསྒྲིགས་པར་གསང་ལྡན་གྱི་དོན་བཤད་པས། དེ་དང་མི་མཐུན་པ་མང་བར་སྣང་བས་འདིར་བཤད་པར་བྱའོ། གསང་ལྡན་ལས། བསྲུང་འཁོར་གྱི་སྐབས་སུ་བདག་དང་གནས་བསྲུང་བ་དང་ར་བ་དང་དྲ་བ་དང་། ཕྱོགས་དང་སྟེང་བཅིང་བ་སོགས་བྱ་བར་བཤད་ཀྱང་། རང་ལྷ་འདིར་བསྐྱེད་དང་རབ་སོགས་འདིས་བྱེད་མ་གསྲུངས་པ་ལ་


JLD011_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག རང་མེ་ལྟར་འབར་བར་བསྐྱེད་ཅིང་གནས་བསྲུང་བའི་ར་བ་སོགས་རྡོ་རྗེ་འབྱུང་བ་ལྟར་བྱེད་མོད་ཀྱང་། ཡོན་ཏན་ཀུན་འབྱུང་ནས་དགེ་ལ་གསུམ་ཀྱི་སྔགས་ཁྲུས་བྱས་ནས་གཤིན་རྗེ་གཤེད་དུ་བསྐྱེད་པ་དང་། དེའི་ཐུགས་ཀའི་ཧཱུྃ་ལས་སྤྲོས་པའི་འོད་ཀྱི་ར་བ་སོགས་བྱེད་པར་སློབ་དཔོན་ཉིད་ཀྱིས་བཤད་པས་དེ་བཞིན་དུ་བྱའོ། ཚོགས་ཞིང་གི་སྐབས་སུ་མེ་ལྟར་འབར་བ་དང་། དང་པོ་སངས་རྒྱས་ཞལ་ལྔ་ཕྱག་བརྒྱད་པར་སྔ་མ་རྣམས་འདོད་ཀྱང་། ཡོན་ཏན་ཀུན་འབྱུང་ལས་འཇམ་དཔལ་ཞི་བ་སེར་པོ་ཕྱག་གཉིས་པར་བསྐྱེད་ནས་ལྕེ་ནག་སོགས་ཕྱིན་གྱིས་བརླབ་པར་བཤད་པ་བཞིན་དུ་བྱའོ། འདི་ནི་འཕྲིན་ལས་ཀྱི་འཇམ་དཔལ་དང་། དང་པོའི་སངས་རྒྱས་ཀྱི་ངོ་


JLD011_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ཀུན་འབྱུང་ནས་བཤད་དོ། འདི་ལ་ཕྱག་མཚན་གསལ་བར་མ་བཤད་ཀྱང་འགྲེལ་བ་དང་གསང་ལྡན་ལས་རིན་པོ་ཆེའི་རིགས་ཀྱི་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་དང་གཡོན་རིན་པོ་ཆེ་འཛིན་པར་བཤད་པ་བཞིན་བྱའོ། དེ་ཉིད་བསྡུས་པར་རིན་པོ་ཆེའི་རིགས་མ་གཏོགས་པ་རིགས་ཟུང་དུ་བཤད་པའི་དགོངས་པ་གང་ལས་རིགས་དང་དེ་གཉིས་བྱེད་པ་པོ་དང་བྱ་བ་ཡིན་པས་དེ་གཉིས་གཅིག་ཏུ་བསྡུས་ནས་བཤད་པས་འཕྲིན་ལས་ཀྱི་འཇམ་དཔལ་དུ་མི་འགལ་ལོ། ལྕེ་ལག་བྱིན་རློབ་ཀུན་སྙིང་གིས་བསྲུང་འཁོར་གྱི་སྔོན་དུ་བཤད་པ་དང་མ་མཐུན་ཀྱང་དེ་འདྲ་མང་བས་གོ་རིམ་བསྒྱུར་མི་དགོས་སོ། ཚོགས་ཞང་སྤྲུལ་པའི་ཕྱག་རྒྱ་འཆིང་པའི་སྔོན་དུ་སོར་མོ་རྣམས་ལ་ཡི་གེ་ལྔ་བཀོད་པ་ཡོན་ཏན་ཀུན་འབྱུང་ནས་མ་བྱུང་ནས་མ་བྱུང་ཡང་གསང་ལྡན་གསལ་བས་དེའང་དགོས་སོ། ཚོགས་ཞིང་ལ་ཡོན་ལག་བཅུ་བྱེད་པ་ལ་གསང་ལྡན་ནས་དངོས་སུ་མཆོད་པ་དང་། ཡི་རང་དང་། བཤགས་པ་དང་། གསོལ་གདབ་དང་། ཕྱག་འཚལ་དང་། ལྷག་མ་སོགས་ཀྱིས་བསྡུས་པ་མི་འདྲ་བ་འགའ་རེ་ཡོད་ཀྱང་། ཡོན་ཏན་ཀུན་འབྱུང་ནས་བསྐུལ་བ་དང་། བདག་འབུལ་དང་། སྐྱབས་འགྲོ་དང་། སེམས་བསྐྱེད་པ་དང་། སྡོམ་པ་བཟུང་བ་ལྔ་བཤད་པ་ལྟར་བུའོ། དེ་ནས་ཚིགས་སུ་བཅད་པའི་གླུས་བསྟོད་ཅེས་པ་འདུད་ཉི་ཤུ་ལ་འདོད་པ་ཡོད་ཀྱང་། ཡོན་ཏན་ཀུན་


JLD011_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ནས། བདེ་བ་ལས་འཁྲུངས་ཞེས་པའི་ཚིགས་བཅད་བྱེད་དང་གཉིས་གསུངས་པ་ལ་བྱའོ།། དྲིས་ལན་དུ་བྱང་ཆུབ་སེམས་དཔའ་ནི་ཞེས་སོགས་ཀྱི་བསྟོད་པ་ནི་ཡོན་ཏན་ཀུན་འབྱུང་ལས་མཚན་བརྒྱ་རྩའི་བསྟོད་པར་བཤད་དོ།། དེ་ནས་ཕྱག་ལྔ་བྱས་པའི་འོག་ཏུ་སེམས་བསྐྱེད་དང་སྡོམ་པ་བཟུང་བ་གསང་ལྡན་ནས་བཤད་པ་བཞིན་དུ་ཡོན་ཏན་ཀུན་འབྱུང་ལས་ཀྱང་བཤད་པས་འདིར་ཡང་དེ་གཉིས་བྱའོ།། དེ་ནས་ཡེ་ཤེས་ལྔའི་མངོན་བྱང་ལྔ་སྒོམ་པ་དང་། རྟེན་བསྐྱེད་པ་དང་། རྣམ་སྣང་དང་། དང་པོའི་སངས་རྒྱས་དང་ཡེ་ཤེས་སེམས་དཔའ་སྒོམ་པ་སོགས་ཡོན་ཏན་ཀུན་འབྱུང་ལས་མིང་ཙམ་ཞིག་ལས་མ་བཤད་དེ། གསང་ལྡན་དང་འགྲེལ་པ་བཞིན་བྱའོ།། འོ་ན་དང་པོ་སྦྱོར་བའི་གཙོ་བོ་འདི་ལ་རིགས་སོ་སོ་བ་དྲུག་དང་རིགས་བསྡུས་གཅིག་སྟེ། བདུན་བཤད་པ་འདི། འཁོར་གྱི་དཀྱིལ་འཁོར་ཇི་འདྲ་བ་རེའི་དབང་དུ་བྱས་པ་ཡིན་ཞེ་ན། འདི་ལ་རིགས་བསྡུས་ཀྱི་རྣམ་སྣང་དང་། རིགས་སོ་སོ་བའི་རྣམ་སྣང་དང་། བྱང་སེམས་རྡོ་རྗེས་གཙོ་བོ་བྱེད་ན་ཡེ་ཤེས་སེམས་དཔའ་གསུམ་མི་འདྲའང་འཁོར་གྱི་ལྷ་མི་བསྐྱོད་པ་ནས་སྒྲིབ་པ་རྣམ་སེལ་གྱི་བར་རྣམས་འདྲའོ།། མི་བསྐྱོད་པས་གཙོ་བོ་བྱེད་ན་དེའི་གནས་སུ་རྣམ་སྣང་འགྲོ། སྒོ་ཉིས་སྦྲགས་ལ་གང་དུ་མི་བསྐྱོད་པ་ནས་སྒྲིབ་སེལ་གྱི་བར་གྱི་ལྷ་འགོད་པ་འདི་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་དེའང་བྱང་


JLD011_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྡོ་རྗེའི་དཀྱིལ་འཁོར་དུ་འགྲེལ་པར་གསུངས་ཀྱང་། འདི་རྣམས་གཙོ་བོ་གཞན་གྱི་དཀྱིལ་འཁོར་དུ་འགྱུར་བ་ནི་མི་འགོག་གོ། དེས་ན་གཙོ་བོ་གཞན་བཞི་གང་རུང་དབུས་སུ་སོང་བ་ན། འཁོར་གྱི་དེ་བཞིན་གཤེགས་འི་གནས་ལ་ཁྱད་པར་བྱུང་ཡང་ལྷ་གཞན་རྣམས་ལ་འཕོ་འཇུག་མེད་དོ།། དེ་ལྟར་གསང་ལྡན་གྱི་བསྙེན་པའི་སྐབས་དང་དཀྱིལ་འཁོར་འབྲི་བའི་སྐབས་གཉིས་ཀ་ལ་སྤྱིར་གཙོ་བོ་བདུན་ཡོད་ཀྱང་། ད་ལྟ་ཕྱག་ལེན་ལ་མཛད་པ་ནི་རིགས་བསྡུས་ཀྱི་རྣམ་སྣང་ཉིད་ལ་གཙོ་བོར་བྱེད་ལ་དཀྱིལ་འཁོར་ནི་ཉིས་སྦྲགས་ཁོ་ནའོ།། ཡོན་ཏན་ཀུན་འབྱུང་ལྟར་ན་རིགས་བསྡུས་ལ་དཀྱིལ་འཁོར་སྒོ་སུམ་སྦྲགས་ཀྱི་གཙོ་བོ་གངས་ཆེན་མཚོར་བཤད་དེ། འགྲེལ་པ་དང་གསང་ལྡན་དང་འདྲི་བར་མངོན་ནོ།། དཀྱིལ་འཁོར་གསུམ་པ་ལ་ལྷ་སྣམ་ལྔར་བྱས་པ་ལ་ལྷ་རིགས་གཞན་ལྔའི་ཡེ་ཤེས་སེམས་དཔའ་ཤ་སྟག་ཚན་པ་ལྔར་བྱས་ནས་འགོད་པར་བཤད་དེ། འདི་ལ་རིགས་རེ་རེ་ལ་ལྷ་གྲངས་གསལ་བར་མ་བཤད་པ་ལ། བླ་མ་སྔ་མ་རྣམས་ལྷ་ང་གསུམ་རེ་ཡིན་ཟེར། མཁས་པ་ཁ་ཅིག། རིགས་སོ་སོ་ལ་ལྔའི་མཚན་གྱི་གྲངས་ཀྱིས་ལྔར་བཞེད་དོ།། དེ་ལ་རྡོར་དབྱིངས་ཀྱི་དཀྱིལ་འཁོར་ལ་ང་བདུན་ཡོད་ཅིང་། མཚན་གྱི་དྲུག་ཏུ་འགྲེལ་པར་བཤད་པ་མཚན་གྱིས་གྲངས་གྱི་ལྷ་འགོད་པ་མིན་ནོ།། ཁོར་ཡུག་ལ་འགོད་པ་ཡིན་པས་ཡང་ན་ལྷ་ང་དྲུག། ཡང་ན་ང་གཉིས་བྱ་དགོས་པ་མངོན་ནོ།། རིགས་སོ་སོ་ལ་


JLD011_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་ནི། སྒོ་ཉིས་སྦྲགས་དང་གཞན་ལྔ་སྒོ་རྐྱང་དང་། དེ་རྣམས་ཀྱི་ཐིག་ཡོན་ཏན་ཀུན་འབྱུང་ལས་བཤད་པ་ལ་དཔགས་ན་བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་ལྷ་རིགས་བསྡུས་དང་འདྲ། རིགས་གཞན་ལྔའི་འཁོར་ལོ་བསྐལ་བཟང་བཅུ་དྲུག་མི་འགོད་པ་འདྲ་བ་ཞིག་འདུག་སྟེ་བརྟག་པར་བྱའོ།། སྔ་མ་རྣམས་རིགས་སོ་སོ་ལ་བརྟེན་ནས་མཚན་དུམ་བུར་འདོན་ན་གཞལ་ལས་ཁང་སྒོ་རྐྱང་གི་རིགས་ལྔའི་གདན་གྱི་སྟེང་དུ་ཚན་པ་ལྔ་བཅད་ནས་འགོད། རིགས་བསྡུས་དང་རིགས་སོ་སོ་ལ་བརྟེན་ནས་མཚན་རྫོགས་པར་འདོན་ན། རྡོར་དབྱིངས་ཀྱི་དཀྱིལ་འཁོར་གཉིས་པའི་ཕྱིར་དུ་གཞལ་ཡས་ཁང་མེད་པར་ཁོར་ཡུག་ལྔ་ལ་མཚན་པར་འགོད་པར་འདོད་དོ།། ཡོན་ཏན་ཀུན་འབྱུང་ལྟར་ན། ཡེ་ཤེས་སེམས་དཔའ་རིགས་ལྔ་ཁོར་ཡུག་ལ་འགོད་ན་གཙོ་བོ་རིགས་བསྡུས་ཉིད་ཀྱིས་བྱེད་པ་གསལ་ཏེ། གཙོ་བོ་རྣམ་སྣང་ཞལ་བཞི་བར་གསུངས་པ་ལ་ཞལ་གྱི་མདོག་མི་གསལ་ཡང་། འགྲེལ་བར་ཞལ་བཞི་སངས་རྒྱས་བཞིའི་གདན་གྱིས་སྦྱོར་བས་གནས་པར་གསུངས་པས་བྱེ་མ་ལུང་བ་བཞེད་པ་ལྟར་ཕྱོགས་མདོག་ཏུ་བྱ་ལ། ཕྱག་བརྒྱད་པ་དང་། ཕྱག་གཉིས་པ་གཉིས་སུ་བྱེད་པ་ལ་ཕྱི་མ་ལེགས་པར་མངོན་ནོ།། རིགས་བསྡུས་ཀྱི་གཙོ་བོ་རྣམ་སྣང་ཞལ་བཞི་པ་དང་། རིགས་སོ་སོ་བའི་རྣམ་སྣང་ཞལ་གཅིག་ཕྱག་གཉིས་པར་བྱེད་པ་ལེགས་ལ། རིགས་གཞན་


JLD011_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་སོང་བའི་ཤུལ་དུ་རྣམ་སྣང་འཕོས་པའང་ཞལ་གཅིག་པར་བྱའོ།། རིགས་གཞན་བཞི་འཁོར་དུ་ཡོད་པ་ལ་དཔགས་ན་ཚིག་རྐྱང་དང་། གཙོ་བོ་བྱེད་པ་ན་སུམ་རྩེགས་སུ་བྱ། ཞལ་ཕྱག་ལ་ཁྱད་མེད་དོ།། སྒེག་རྡོར་གྱི་ལུགས་ལ་རིགས་ལྔའི་ཕྱག་མཚན་གྱི་བཤད་པ་མི་གསལ་བས་ཕྱག་མཚན་མི་འཛིན་པར་སྔ་མ་རྣམས་བྱེད་ཀྱང་། གསང་ལྡན་ལས་འཁོར་གྱི་ལྷ་ཐམས་ཅད་ཆོ་ག་གསུལ་ལས་བསྐྱེད་པར་བཤད་པས་རིགས་བཞི་ལ་རྡོ་རྗེ་སོགས་ཀྱི་ཕྱག་མཚན་འཐད་ལ། རྣམ་སྣང་ལ་ལུགས་གཞན་ནས་འབྱུང་བ་ལྟར་རྡོ་རྗེའམ་ཡང་ན་རྣམ་སྣང་གི་རིགས་ཀྱི་ཡེ་ཤེས་སེམས་དཔའ་འཁོར་ལོ་འཛིན་པར་བཤད་པའི་རིགས་ལ་སྦྱར་རོ།། དེ་ལྟར་ན་གཙོ་བོ་རྣམ་ཡང་ཆོ་ག་གསུམ་ལས་བསྐྱེད་པའི་ལུགས་ལྟར་བྱའོ།། འཁོར་ལོ་ནང་མ་རྩིབས་བརྒྱད་པ་ནི་གསར་ལྡན་དང་། འགྲེལ་པ་ནས་བཤད་ལ། དཀྱིལ་ཆོག་ནས་རྩིབས་བཞི་པར་བཤད་པ་ནི་ཚུལ་སོ་སོ་བའོ།། དེའང་སྒོ་གསུམ་སྦྲགས་ཀྱི་རིགས་བསྡུས་ཀྱི་ཁྱད་ཆོས་སོ།། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་འཕྲེང་སྔགས་བརྗོད་ནས་ལྟ་རྣམས་གསལ་བར་སྒོམ་པར་གསུངས་པ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་སྤྲོས་པའི་དུས་ཡིན་ལ། ཆོ་ག་གསུམ་ལས་སྐུ་རྫོགས་པར་བཤད་པ་ནི། རང་རང་གི་གདན་གྱི་སྟེང་དུ་བསྐྱེད་པའི་སྐབས་སོ།། དཀྱིལ་ཆོག་ལས། རང་རང་གི་གདན་གྱི་སྟེང་དུ་མཚན་གྱི་སྔགས་དང་། ཡི་གེ་ལས་བསྐྱེད་ཅེས་པའི་ཕྱི་མ་ནི་ཨ་ལ་སོགས་པའོ།།


JLD011_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི་དཀྱིལ་འཁོར་གསུམ་པའི་ཁྱམས་ཀྱི་ཡེ་ཤེས་སེམས་དཔའ་རྣམས་རིགས་སོ་སོའི་མཚན་སྔགས་ལས་བསྐྱེད་པ་ཡིན་གྱི་འཕྲེང་སྔགས་ལས་བསྐྱེད་པ་མིན་ཏེ། དེའང་སྒོ་སུམ་སྦྲགས་ཀྱི་རིགས་བསྡུས་ཀྱི་བསྙེན་པ་དང་། དཀྱིལ་འཁོར་སྒྲུབ་པའི་སྐབས་ཡིན་ནོ།། རྡོར་སེམས་ལ་སོགས་པའི་ཁ་དོག་དཀྱིལ་ཆོག་དང་གསང་ལྡན་གཉིས་མི་མཐུན་པ་ནི། སྒོ་ཉིས་སྦྲགས་དང་སུམ་སྦྲགས་ཀྱི་རིགས་བསྡུས་ཀྱི་རིགས་བསྡུས་ཀྱི་བསྙེན་པ་དང་། དཀྱིལ་འཁོར་སྒྲུབ་པའི་སྐབས་ཡིན་ནོ།། རྡོར་སེམས་ལ་སོགས་པའི་ཁ་དོག་དཀྱིལ་ཆོག་དང་གསང་ལྡན་གཉིས་མི་མཐུན་པ་ནི། སྒོ་ཉིས་སྦྲགས་དང་སུམ་སྦྲགས་ཀྱི་རིགས་བསྡུས་དང་། བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་གྱི་ཁྱད་དོ།། ལས་རྒྱལ་མཆོག་གི་ལྷ་སོ་སོ་ལས་རང་འདྲ་སྤྲོས་ནས་རང་རང་གི་མཛད་པ་མཛད། སླར་བསྡུས་པ་ལ་བྱེད་པ་གསང་ལྡན་གྱི་དགོངས་པ་ཡིན་ཏེ། ནམ་མཁའ་དྲི་མེད་ཆུང་བ་དང་ཡང་མཐུན་ནོ།། དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་སོགས་དང་། རྒྱས་བཏབ་དང་དབང་བསྐུར་བ་ནས་ཕྱག་གི་བར་དང་། དེ་ནས་ཏིང་ངེ་འཛིན་གཉིས་ལ་གནས་པ་དང་། སྐྱོན་བཟླས་པ་བྱ་བ་དང་། དེའི་མཐར་རིམ་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ནི་དཀྱིལ་ཆོག་ནས་ཤེས་དགོས་སོ།། བཟླས་པའི་སྔགས་འཕྲེང་སྔགས་ཡིན་པར་གསང་ལྡན་ལས་བཤད་དེ། མཐར་བསྡུས་ཏེ་དེ་ལ་གནས་པ་ལ་རིམ་པའི་ཏིང་ངེ་འཛིན་ཟེར་ལ། དེ་ནི་གསང་ལྡན་ནས་མདོར་བསྡུས་ཤིག་བཤད་ལ། དོན་ནི་གོང་མ་རྣམས་གསུངས་པ་ལྟར་བྱའོ།། བསྙེན་པ་གསུམ་གསུངས་པའི་དང་པོ་ནི། ནམ་མཁའ་དྲི་མེད་ལྟར་ཡིན་ལ། ཕྱི་མ་གཉིས་


JLD011_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

མི་གསལ་བས་གཞན་དང་བསྟུན་ནོ།། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས་འཇམ་དཔལ་གསང་ལྡན་གྱི་དཔྱད་པ་ཡོངས་སུ་རྫོགས་ནས་མཛད་པའི་ཟིན་བྲིས་རྗེ་རང་ཉིད་ཀྱིས་ཕྱག་བྲིས་མཛད་པའི་སྟེང་ནས་བྲིས་སོ།། །།སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །

འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པ།


JLD011_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པ་བཞུགས་སོ། །


JLD011_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ལ་གསུམ། ཡབ་ཀྱི་ཞི་ཁྲོ་སྦྲགས་སྒྲུབ་ཡུམ་གྱི་ཞི་ཁྲོ་སྦྲགས་སྒྲུབ། ཡབ་ཡུམ་གཉིས་ཀའི་ཞི་ཁྲོ་སྦྲགས་སྒྲུབ་བོ། །ཡབ་ལ་སྐུའི་ཞི་ཁྲོ་སྦྲགས་སྒྲུབ། གསུང་གི་ཞི་ཁྲོ་སྦྲགས་སྒྲུབ། ཐུགས་ཀྱི་ཞི་ཁྲོ་སྦྲགས་སྒྲུབ། དང་པོ་ནི། རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཇིགས་བྱེད་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཨ་ར་པ་ཙ་ན། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རལ་གྲི་བཀོད་ནས་སྒོམ་པ་ནི་འཆད་པ་གཙོ་བོར་བྱེད་པའི་སྐབས་ཡིན་ལ། དམ་ཚིག་སེམས་དཔའ་ཡི་དམ་གྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཡེ་ཤེས་སེམས་དཔའ། དེའི་


JLD011_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རལ་གྲི་བཀོད་ནས་སྒོམ་པ་ནི་རྩོད་པ་གཙོ་བོར་བྱེད་པའི་སྐབས་ཡིན། དམ་ཚིག་སེམས་དཔའ་ཡི་དམ་གྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རལ་གྲི་བཀོད་ནས་སྒོམ་པ་ནི་རྩོམ་པ་གཙོ་བོར་བྱེད་པའི་སྐབས་ཡིན་ནོ། །གསུང་གི་ཞི་ཁྲོ་སྦྲགས་སྒྲུབ་ནི་རལ་གྲི་ལ་ཡ་མ་རཱ་ཛཱས་བསྐོར་བའི་ཕྱི་རོལ་དུ་ཨ་ར་པ་ཙ་ནས་བསྐོར་བའོ། །ཐུགས་ཀྱི་ཞི་ཁྲོ་སྦྲགས་སྒྲུབ་ནི་རལ་གྲིའི་དབུས་སུ་ཧཱུཾ་ཡིག་དང་། དེའི་དབུས་སུ་རལ་གྲི་བཀོད་པའོ། །ཡུམ་གྱི་ཞི་ཁྲོ་སྦྲགས་སྒྲུབ་ལ་སྐུ་གསུང་། ཐུགས་ལས། དང་པོ་ནི། རོ་ལངས་མའི་ཐུགས་ཀར་དབྱངས་ཅན་མ། དེའི་ཐུགས་


JLD011_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་པི་ཝང་ངོ་། །གསུང་གི་ཞི་ཁྲོ་སྦྲགས་སྒྲུབ་ནི། པི་ཝང་ལ་རོ་ལངས་མའི་སྔགས་ཀྱིས་བསྐོར་བའི་ཕྱི་རོལ་དུ་དབྱངས་ཅན་མའི་སྔགས་ཀྱིས་བསྐོར་བའོ། །ཐུགས་ཀྱི་ཞི་ཁྲོ་སྦྲགས་སྒྲུབ་ནི་པི་ཝང་གི་དབུས་སུ་གྲི་གུག་དང་། དེའི་དབུས་སུ་པི་ཝང་བཀོད་པའོ། །ཡབ་ཡུམ་གཉིས་ཀའི་ཞི་ཁྲོ་སྦྲགས་སྒྲུབ་ནི། །རྡོ་རྗེ་འཇིགས་བྱེད་ཀྱི་ཐུགས་ཀར་རོ་ལངས་མ། དེའི་ཐུགས་ཀར་རལ་གྲི་ལ་ཡ་མ་རཱ་ཛཱས་བསྐོར་བའི་ཕྱི་རོལ་དུ་ཨ་ར་པ་ཙ་ནས་བསྐོར་བའོ། །རོ་ལངས་མའི་ཐུགས་ཀར་འཇམ་དབྱངས། དེའི་ཐུགས་ཀར་གྲི་གུག །དེ་ལ་དབྱངས་ཅན་མའི་སྔགས་དང་། དེའི་ཕྱི་རོལ་དུ་རོ་ལངས་མའི་སྔགས་ཀྱིས་བསྐོར་བའོ། །ཡབ་ཡུམ་གཉིས་ཀའི་དམ་ཚིག་སེམས་དཔའ། ཡེ་ཤེས་སེམས་དཔའ། ཏིང་ངེ་འཛིན་སེམས་དཔའི་སྔགས་ཐམས་ཅད་ཞལ་སྦྱོར་ཞིང་འོད་ཟེར་རྣམས་ཕན་ཚུན་འཁྱུད་པར་བསྒོམ་པའོ། །དེ་ཡང་གསུང་རབ་ཀྱི་གོ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་གཙོ་བོར་བྱེད་ན་འཇམ་དབྱངས་ཨ་ར་པ་ཙ་ན་ལ་གཙོ་བོར་བྱེད། ལྟ་བ་རྣམ་དག་གཙོ་བོར་བྱེད་ན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གཙོ་བོར་བྱེད། སྤྱོད་པ་སྙིང་རྗེ་ཁྱད་པར་ཅན་དང་། བློ་ཆོས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་ལ་གཙོ་བོར་བྱེད་ན་འཇམ་དབྱངས་དཀར་པོ་ལ་གཙོ་བོར་བྱེད། རྫོགས་རིམ་གྱི་རྟོགས་པ་ཟབ་མོ་གཙོ་བོར་བྱེད་ན་འཇམ་དབྱངས་ནང་སྒྲུབ་ལ་གཙོ་བོར་བྱེད། སྒྲ་དང་སྙན་དངགས་དང་། སྡེབས་སྦྱོར་སོགས་ལ་གཙོ་བོར་བྱེད་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་དབྱངས་ཅན་མ་ལ་གཙོ་བོར་བྱེད། ནོར་སྒྲུབ་དང་།


JLD011_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་དང་། བདེ་ཆེན་འབར་བ་ལ་གཙོ་བོར་བྱེད་ན་འཇམ་དབྱངས་གསང་སྒྲུབ་ལ་གཙོ་བོར་བྱེད། འཇམ་དབྱངས་ཨ་ར་ཙ་ན་ནི་གཙོ་བོ་རིགས་བདག་ཡིན་པས་འདི་སྤྲུལ་གཞི་ཡིན་ནོ། །དམ་ཚིག་སེམས་དཔའ་འཇིགས་བྱེད་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དབྱངས་ཨ་ར་པ་ཙ་ན། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རལ་གྲི་ཡུ་བ་དྷཱིཿས་མཚན་པ་བཀོད། དེའི་མཐར་གྲི་གུག་གི་ཕྲེང་བ་ཡ་མ་རཱ་ཛཱས་མཚན་པས་བསྐོར་བ་དེའི་མཐར་རལ་གྲི་དྲུག་གིས་བསྐོར་བའི་ཆང་ཟུང་རྣམས་ནང་དུ་བསྟན་པ་འོད་ཟེར་རྣམ་ལྔས་སྦྲེལ་བའི་ཆང་ཟུང་ལ་ཨ་ར་པ་ཙ་ན་དྷཱིཿདྲུག་གིས་མཚན་པ་ཁ་དོག་དམར་སེར་ཡོད་པ། རལ་གྲི་ཁ་དོག་སྔོན་པོར་ཡོད་པ།རྩེ་མོ་ཕྱིར་བསྟན་པ་ལས་མེ་རབ་ཏུ་འབར་ཞིང་མགྱོགས་པར་འཁོར་བ། རལ་གྲིའི་འཁོར་ལོ་དེའི་དབུས་ཀྱི་རལ་གྲིའི་རྩེ་མོ་གྱེན་དུ་བསྟན་པ་ལ་རྒྱབ་བརྟེན་པའི་འཇམ་དབྱངས་རྡོ་རྗེ་དང་རལ་གྲི་འཛིན་པས་ཡུམ་དབྱངས་ཅན་མ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་འཁྱུད་པ། གཉིས་ཀའང་སྐུ་མདོག་དམར་སེར་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཡབ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ཡབ་ཀྱི་ཐུགས་ཀར་ཧཱུཾ་ཡིག་སྔོན་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ། རོ་ལངས་མའི་ཐུགས་ཀར་དབྱངས་ཅན་མ་དཀར་མོ། དེའི་ཐུགས་ཀར་གྲི་གུག་གི་མཐར་དབྱངས་ཅན་མའི་སྔགས། དེའི་མཐར་རོ་ལངས་མའི་སྔགས་ཀྱིས་བསྐོར་བའོ། །གྲི་གུག་ལ་རྒྱབ་བརྟེན་པའི་དབྱངས་ཅན་མ་གྲི་


JLD011_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

གུག་དང་ཐོད་པ་འཛིན་པས་འཇམ་དབྱངས་གྲི་གུག་དང་ཐོད་པ་འཛིན་པ་འཁྱུད་པ། གཉིས་ཀའང་སྐུ་མདོག་དམར་སེར་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ནོར་སྒྲུབ་དང་ཚེ་སྒྲུབ་ལ། ཡི་དམ། རོ་ལངས་མ། འཇམ་དབྱངས། དབྱངས་ཅན་མ་ཐམས་ཅད་དམར་པོ་ལ་རལ་གྲིའི་ཚབ་ཏུ་ནོར་བུ་དང་།རྒྱལ་མཚན་ནོར་བུས་མཚན་པ་འགོད་ཅིང་། སྔགས་དེ་ཉིད་སྤེལ་ཚིག་དང་བཅས་པའོ། །ཞི་རྒྱས་དབང་དྲག་གི་ལས་གཞན་རྣམས་ཀྱང་འདིས་གོ་ནུས་ཞེས་གསུངས། འདི་ནི་ཆེས་ཤིན་ཏུ་གཉན་ཅིང་། ཐུན་མོང་མ་ཡིན་པའི་གསང་བའི་གསང་བར་འདུག་པས་གཞན་ལ་བསྟན་བྱ་མིན་ལ། གང་ཟག་ཐ་མལ་པས་ད་ལྟའི་འདི་བཞིན་བསྒྲུབས་ན་སྲོག་རླུང་གི་རྒྱུར་འགྱུར་ཉེན་ཆེ་བས་འཆུན་དཀའ། འདི་ལ་དམིགས་པ་གསལ་ཞིང་བརྟན་པར་གྱུར་ན་ཕུལ་དུ་ཕྱིན་མོད། བཤར་སྒོམ་གྱི་མོས་བློ་རེ་ཙམ་བྱས་པ་ལ་ཡང་འཇམ་དབྱངས་སྒྲུབ་ཚུལ་གཞན་དང་གཏན་ནས་མི་འདྲ་བར་ཤེས་རབ་འཕེལ་བ་ལ་ཆེས་མཆོག་ཏུ་འགྱུར་ཞིང་། བར་ཆད་ཀྱི་མཚན་མ་མི་འབྱུང་ཞེས་གསུངས། ད་ལྟའི་ཞི་ཁྲོ་སྦྲགས་སྒྲུབ་ལ་ཉི་གདན་ཟླ་གདན་དུ་བསྒྱུར་བ་དང་ཉི་གདན་འཁོར་ལོ་རྩིབས་དྲུག་པར་བསྒྱུར་བ་དང་། རྡོ་རྗེ་འཇིགས་བྱེད་རང་ཡང་ཞི་ཁྲོ་སྦྲགས་སྒྲུབ་ཡིན་མོད་ཀྱི། འདི་དང་ཕྱོགས་གཏན་ནས་མི་གཅིག་གོ། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལ་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་དབྱངས་དང་། ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས་དང་། འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐབས་སུ་ཡང་འཇམ་


JLD011_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་ཞལ་དངོས་སུ་ཡོད་པས་ཁྱད་ཆོས་གསུམ་པོ་འདིས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་གཤིན་རྗེ་གཤེད་གཞན་རྣམས་ལས་ཁྱད་པར་དུ་འཕགས་པའོ་ཞེས་གསུངས། འདི་ལྟ་བུའི་ཞི་ཁྲོ་སྦྲགས་སྒྲུབ་ནི་ལམ་ཐུན་མོང་བས་རྒྱུད་སྦྱངས་པའི་གང་ཟག་ཁྱད་པར་ཅན་ཁྱེད་ལྟ་བུ་ལ་གསུངས་པས། སྤྱིར་འཇམ་དབྱངས་སྒྲུབ་ཚུལ་དང་ཁྱད་པར་ཞི་ཁྲོ་སྦྲགས་སྒྲུབ་འདི་ལྟ་བུ་ཤེས་རབ་སྤེལ་བ་རྣམས་ཀྱི་ནང་ནས་འགྲན་ཟླ་དང་བྲལ་ཞིང་མཆོག་ཏུ་གྱུར་པ་རྗེ་བཙུན་རང་ཉིད་ཀྱིས་ཞལ་དངོས་སུ་བསྟན་ནས་ཡང་ཡང་གསུངས་པས་ཐུགས་ཆེས་པར་མཛད་ནས་ལྷག་པའི་ལྷ་ལ་སྒྲུབ་པ་སྙིང་པོར་མཛོད། རྗེ་བཙུན་ཉིད་ཀྱིས་དངོས་སུ་འདོམས་པར་གདོན་མི་ཟའོ། །འདི་ཅུང་ཟད་འཁྲུག་ཅིང་གོ་དཀའ་བས་ཞག་ཤས་ཚགས་མཛད་ནས་རྒྱ་དམ་དུ་མཛད་དེ་སྔས་འོག་ཏུ་སྦེད་པ་མཛོད་ལ། ཐུགས་སུ་ཆུང་པ་དང་མེ་ལྷ་ལ་འབུལ་བ་མཛད་པ་གལ་ཆེ། གང་ཟག་གཞན་ལ་གཏན་ནས་བསྟན་བྱ་མིན་ཞིང་བློར་ཤོང་དཀར། རྗེ་བཙུན་གྱིས་གནང་བ་བྱུང་ཡང་བྲི་བ་ལ་འཚུབ་འགྱུར་ཆེ་བར་བྱུང་བས་དེ་དགོངས། མདོར་ན་རྗེ་བཙུན་གྱིས་ཇི་ལྟར་གནང་བ་ལྟར་ལྷག་ཆད་མེད་པར་ཚང་མར་ཕུལ་བ་ལགས། གསུང་ཤོག་རྗེ་བཙུན་ལ་ཞུས་ནས་བསྐུར་གསུང་བ་རྟིང་དུ་མཇལ་ནས་རྒྱུ་མཚན་འབུལ་བས་དགོངས། སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་དུས་ཁྱད་པར་ཅན་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་བློ་བཟང་གྲགས་པའི་དཔལ་གྱིས་གྲུབ་པའི་དབང་ཕྱུག་རྗེ་བཙུན་མདའ་བའི་


JLD011_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ་ཕུལ། ནང་ན་འདུག་པ་འདི་རྣམས་ཞུ་ཡིག་གི་རྟེན་ལགས། ཉིན་མོ་བདེ་ལེགས་ཡུག་ཚང་བ་ཁ་ཚར་དང་བཅས་པ་གཅིག་དང་། ཉ་ཧ་ཁྲིའི་ཇ་སེར་པོ་ཞོ་གསུམ་ལ་རྒྱ་འདི་འབྱར་བ་འབུལ་དུ་བཏང་བ་དགེ་ལེགས་འཕེལ།། སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །

བླ་མ་དང་ཡི་དམ་དབྱེར་མེད་དུ་སྒྲུབ་ཚུལ་ཤིན་ཏུ་ཟབ་པ།


JLD011_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་ཡི་དམ་དབྱེར་མེད་དུ་སྒྲུབ་ཚུལ་ཤིན་ཏུ་ཟབ་པ་བཞུགས་སོ།


JLD011_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཇམ་དབྱངས་གསུང་གི་མདོ་རྒྱུད་ཀྱི། །ལེགས་བཤད་དཔལ་ལྡན་ཁྱོད་ལ་མངོན་སུམ་དུ། །རྟག་ཏུ་འདོམས་པ་སྦས་དོན་རྒྱ་མཚོ་ཡི། །དེ་ཉིད་རྟོགས་ནས་སྒྲུབ་པ་ལྷུར་མཛད་པ། །རྗེ་བཙུན་བླ་མའི་ཞབས་ལ་གུས་བཏུད་ནས། །དེ་ཡིས་དགྱེས་བཞིན་སྩལ་བའི་བདུད་རྩིའི་རྒྱུན། །མ་གོད་དད་པའི་སྙིམ་པས་ལེགས་བཟུང་ནས། །བློ་ཡི་བུམ་པར་བཞག་ཕྱིར་བརྗེད་བྱང་བྲི། །འདིར་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་བླ་མ་དང་ཡི་དམ་དབྱེར་མེད་དུ་བྱས་ནས་རྒྱུན་དུ་གསོལ་བ་ཇི་ལྟར་འདེབས་པའི་ཚུལ་དང་། དེ་ཉིད་དང་འབྲེལ་བའི་ཏིང་ངེ་འཛིན་གྱི་དབང་བཞི་རྒྱུན་དུ་བླང་བའི་མན་ངག་ཐུན་མོང་མིན་པ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས་ཕྱག་ལེན་ཇི་ལྟར་མཛད་ཀྱི་ཞལ་ཤེས་ནི་འདི་ལྟར་


JLD011_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་གསུངས་ཏེ། དེ་ལ་ཐོག་མར་བླ་མའི་རྣལ་འབྱོར་སྒོམ་ཚུལ་ནི། སྔོན་དུ་རང་འཇམ་དབྱངས་སམ་ཡི་དམ་གང་རུང་དུ་བསྒོམ་པའི་སྙིང་གི་ནང་དུ། རྟེན་བརྟན་པའི་གཞལ་ཡས་ཁང་བསྐྱེད་པ་ནི། རང་གི་སྙིང་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པ་ཁ་གྱེན་དུ་བསྟན་པའི་ནང་དུ། བྷཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྩིག་པ་རིམ་པ་ལྔ་དང་ལྡན་པ་རྒྱན་དུ་མས་སྤྲས་པའི་གཞལ་ཡས་ཁང་ཆེན་པོའི་ཕྱི་རོལ་ཏུ། དུར་ཁྲོད་བརྒྱད། ཕྱོགས་སྐྱོང་བརྒྱད། ཤིང་བརྒྱད། ཞིང་སྐྱོང་བརྒྱད་ལ་སོགས་པ་ཐམས་ཅད་ཀྱིས་བསྐོར་བའི་དབུས་སུ། སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་


JLD011_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིའི་སྟེང་དུ། པདྨ་དང་ཉི་མའི་གདན་ལ་དྷཱིཿ ཧྲཱིཿ དམར་པོ་འོད་དུ་ཞུ་བ། རྒྱས་པ་བྱེད་ན་གཞལ་ཡས་ཁང་བསྐྱེད་ཚུལ་འཇིགས་བྱེད་དཔའ་གཅིག་བཞིན་བྱེད་གསུང་བ་རྗེའི་གསུང་ཡིན་ནོ། །ལས། རྗེ་བཙུན་འཇམ་དབྱངས་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབྱངས་ཅན་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀ་རུས་པ་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་ཅིང་། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། ཡབ་ཡུམ་གཉིས་ཀྱི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿ་དམར་པོ། །ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་རྩ་བའི་བླ་མ། བཀའ་བརྒྱུད་ཀྱི་བླ་མ་སྒྲུབ་བརྒྱུད་ཀྱི་བླ་མ། བཤད་བརྒྱུད་ཀྱི་བླ་མ། མན་ངག་བརྒྱུད་ཀྱི་བླ་མ། དབང་བསྐུར་བའི་བླ་མ། ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དཔའ་མོ། །མཁའ་འགྲོ་དང་མཁའ་འགྲོ་མ། ཆོས་སྐྱོང་བསྲུང་མའི་ཚོགས་དང་བཅས་པ། མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཨོཾ་གུ་རུ་ཨཱ་རྱ་མ་ཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་དང་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ལ། ཇི་ལྟར་མགོན་པོ་ཁྱོད་ཀྱིས་ནི། །སྔོན་ཚེ་འགྲོ་ལ་དབང་བསྐུར་ལྟར། དེ་བཞིན་ཐུགས་རྗེས་བདག་ལ་ཡང་། །དབང་བསྐུར་དམ་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བུམ་པའི་ཆུས་བླ་མ་ཡབ་ཡུམ་གྱི་སྤྱི་བོ་ནས་དབང་བསྐུར་ཞིང་། ཇི་ལྟར་སྔོན་ཚེ་འགྲོ་རྣམས་ལ། །དབང་བསྐུར་དམ་པ་མཛད་ཇི་བཞིན། །དེ་རིང་ཡེ་ཤེས་བདུད་རྩིའི་ཆུས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨོཾ་ཨཱ་རྱ་ཉྫུ་ཤྲཱི་སརྦ་ཏ་ཐཱ་ག་ཏ་ཨ་བྷི་


JLD011_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་། དབང་བསྐུར་བས་ཆུ་རྒྱུན་དེས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །དབང་བཞི་ཐོབ། ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས། རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་བརྒྱན་པར་གྱུར་པར་བསམ། སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བཀའ་བརྒྱུད་བླ་མའི་ཚོགས་རྣམས་སྤྱན་དྲངས་ཏེ་བླ་མ་ཡབ་ཡུམ་གྱི་སྤྱི་བོར་ཐིམ། ཡང་འོད་ཟེར་གྱིས་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་དཔའ་མོ་མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་སྤྱན་དྲངས་ཏེ་བླ་མ་ཡབ་ཡུམ་གྱི་སྐུ་སྟོང་ལ་ཐིམ། ཡང་འོད་ཟེར་གྱིས་ཆོས་སྐྱོང་བསྲུང་མའི་ཚོགས་རྣམས་སྤྱན་དྲངས་ཏེ་སྐུ་སྨད་ལ་ཐིམ། ཡང་འོད་ཟེར་གྱིས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། ཨཱ་ལི་དང་ཀཱ་ལི་བུམ་པ་དང་། ཐོད་པ་བདུད་རྩིས་བཀང་བ། ནོར་བུ་དང་རྒྱལ་མཚན་རལ་གྲི་དང་གྲི་གུག་ལ་སོགས་པ་ཕྱག་མཚན་གྱི་རྣམ་པར་བཀུག་ནས་བླ་མ་ཡབ་ཡུམ་གྱི་ལུས་ཀུན་ལ་ཐིམ་པར་གྱུར། ཅེས་བརྗོད་ལ། དག་པ་དྲན་པ་ནི། དེ་རྣམས་དང་གཉིས་སུ་མེད་པའི་བླ་མ་ཡབ་ཡུམ་གྱི་ཉོན་མོངས་བ་ལྔ་ཡེ་ཤེས་ལྔ་མི་དགེ་བ་བཅུ་དགེ་བ་བཅུ་ཁམས་བཅོ་བརྒྱད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཕུང་པོ་ལྔ་སྐུ་ལྔ་འབྱུང་བ་བཞི་ཡུམ་བཞི་ཕྱག་སོར་བཅུ་ཁྲོ་བོ་བཅུ་ཞབས་སོར་བཅུ་ཁྲོ་མོ་བཅུ། སྒལ་ཚིགས་རྣམས་ལ་སེམས་དཔའ་བཅུ་དྲུག་དང་སེམས་མ་བཅུ་དྲུག །ཡན་ལག་བཞི་སྒོ་


JLD011_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞི། ཚིགས་ཆེན་བཅུ་གཉིས་ལ་མཆོད་པའི་ལྷ་མོ་བཅུ་གཉིས་མཆོད་རྫས་དུ་མ་ཐོགས་ནས། བླ་མ་འཁོར་བཅས་ལ་མཆོད་པ་སྤྱི་བོ་རྣམ་པར་སྣང་མཛད་མགྲིན་པ་འོད་དཔག་མེད་ཐུགས་ཀ་མི་བསྐྱོད་པ། མིག་སའི་སྙིང་པོ། །རྣ་བ་ཕྱག་ན་རྡོ་རྗེ། སྣ་ནམ་མཁའི་སྙིང་པོ། །ལྕེ་འཇིག་རྟེན་དབང་ཕྱུག །ལུས་སྒྲིབ་པ་རྣམ་སེལ། ཡིད་ཀུན་ཏུ་བཟང་པོ། །ཨཱ་ལི་ལུགས་འབྱུང་དང་ལུགས་ལྡོག །སུམ་ཅུ་རྩ་གཉིས་མཚན་སོ་གཉིས། ཀཱ་ལི་ལུགས་འབྱུང་དང་ལུགས་ལྡོག་བརྒྱད་ཅུ་དཔེ་བྱད་བརྒྱད་ཅུའི་རང་བཞིན་དུ་གྱུར། ཅེས་བརྗོད་ཅིང་དོན་ཡིད་ལ་བསམ་མོ། །དེ་ནས་མཆོད་པ་འབུལ་བ་ནི་ཅི་འབྱོར་པའི་མཆོད་པ་དངོས་སུ་བཤམས་པའམ་ཡིད་ཀྱིས་སྤྲུལ་ཏེ་བྱིན་གྱིས་བརླབ་པ་ནི། ཧྲཱིཿཥྚཱིཿའི་ཡི་དམ་གང་ཡིན་གྱི་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་ཨཱཿ ལས་བྱུང་བའི་ཐོད་པའི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས་རང་བཞིན་སྟོང་པ་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་དང་པུ་ཥྤེ་ནས་ཤ་པྟའི་བར་དང་། རཱུ་པ་ནས་སྤ་ཪྴིའི་བར་སྦྱར་བ་བརྗོད་ལ་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས་ཏེ། ཨོཾ་གུ་རུ་ཨཱརྱ་མ་ཉྫུ་ཤཱི་སརྦ་བུ་ངྔྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨ་རྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་དང་བཅས་པས་མཆོད་ལ། ནང་མཆོད་བྱིན་རླབས་བྱས་ཏེ་འབུལ་བ་ནི། ནང་མཆོད་ལས་


JLD011_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས་ཏེ་ཡཾ་ལས་རླུང་རཾ་ལས་མེ་ཨཱཿ ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿ ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཡི་གེ་གསུམ་དང་བཅས་པར་གྱུར། རང་གི་ཐུགས་ཀ་ནས་འོད་འཕྲོས་པས་རླུང་གཡོས་མེ་སྦར་ཏེ། ཐོད་པའི་ནང་གི་རྫས་རྣམས་ཞུ་བ་ལས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ་ཧཱུཾ་ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་དཔལ་ལྡན་བླ་མ་དམ་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་རྡོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྒྱལ་སྲས་དཔའ་བོ་རྡོ་རྗེའི་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་གུ་རུ་ཨཱ་རྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། ཞེས་པས་དབུལ་ཞིང་དེ་ནས་ཕྱོགས་སྐྱོང་ལ་སོགས་པ་ལའང་འབུལ་བ་སྤྱི་ལྟར་བྱས་ཏེ་བསྟོད་པ་བྱ་བ་ནི། གཞོན་ནུའི་སྐུ་ལུས་འཆང་བའོ། །ཞེས་སོགས་ཚིགས་བཅད་གཅིག་གམ། ཡང་ན་འདུད་ཉི་ཤུས་བསྟོད་པའོ། །གཞན་ཡང་བསྟོད་པ་རྒྱས་བསྡུས་གང་རུང་གིས་བསོད། དེ་ནས་མཎྜལ་རྒྱས་བསྡུས་གང་འགྲུབ་ཕུལ་ཏེ། རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་ལྟོས་མེད་དུ་ཕུལ་བར་དམིགས་ནས་འདུན་པ་ཤུགས་དྲག་པོས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་ནི། བླ་མ་ཀུན་འདུས་ཀྱི་ངོ་བོ་དཔལ་ལྡན་བླ་མ་ལ་


JLD011_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ། །ཡི་དམ་ཀུན་འདུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཀུན་འདུས་དཔའ་བོ་དང་དཔའ་མོ། །ཀུན་འདུས་མཁའ་འགྲོ་དང་ཆོས་སྐྱོང་། ཀུན་འདུས་ཀྱི་ངོ་བོ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལེགས་ཚོགས་ཀུན་འདུས་ཀྱི་ངོ་བོ། ས་དང་ལམ་གྱི་བདག་ཉིད། འབྲས་བུ་སྐུ་བཞིའི་བདག་ཉིད། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཟབ་མོའི་དོན་རྟོགས། ཐར་པ་ཆེན་པོའི་གྲོང་ཁྱེར། མཐོ་རིས་ཀྱི་ཐེམ་སྐས་ཐབས་དང་ཤེས་རབ་ཀྱི་བདག་ཉིད། སྲིད་ཞིའི་རྒུད་པ་ཀུན་སེལ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་སོ། །ཞེས་སོགས་ཀྱིས་གསོལ་བ་ལན་མང་དུ་བཏབ་ལ། བླ་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་བདག་གི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མངོན་སུམ་དུ་མཛད་ནས། ཚེ་རབས་ཐམས་ཅད་དུ་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་མ་ལུས་པ་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་འཛིན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོགས་སྨོན་ལམ་གང་འགྲུབ་བཏབ་པའི་མཐར། གང་ཚེ་བལྟ་བར་འདོད་པའམ། ཞེས་གསུངས་པའི་སྨོན་ལམ་བརྗོད། ཐོག་མར་དེ་ལྟར་བསྒོམས་ཏེ་གསོལ་བ་བཏབ་པ་དེ་ནས་བཟུང་སྟེ། བླ་མ་ཡབ་ཡུམ་གཞལ་ཡས་ཁང་དང་བཅས་པ་གཤེགས་གསོལ་མི་བྱེད་པར། དུས་དང་རྣམ་པ་ཐམས་ཅད་དུ་ཡང་ཡང་གསལ་བཏབ་ཀྱིན། སྐད་ཅིག་ཀྱང་འབྲལ་མེད་དུ་སྙིང་ནང་དུ་བཞུགས་པར་སྒོམ་པ་གལ་ཆེའོ། །དེ་ཕྱིན་ཆད་བླ་མའི་རྣལ་འབྱོར་སྒོམ་ཚུལ་ནི། མདུན་གྱི་ནམ་མཁར་སྣ་ཚོགས་པདྨ་


JLD011_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་སྟོང་དང་ལྡན་པའི་སྟེང་དུ། ཞེས་པ་ནས་གེགས་མེད་པར་ཡང་མཐོང་བར་ཤོག །ཅེས་པའི་བར་མདུན་དུ་བླ་མ་ཡབ་ཡུམ་བསྒོམས་ཏེ་མཆོད་བསྟོད་གསོལ་བ་བཏབ་པ་རྣམས་སྔར་བཞིན་བྱས་པའི་མཐར་རང་གི་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་ཏེ་མདུན་གྱི་བླ་མ་ཡབ་ཡུམ་གཞལ་ཡས་ཁང་དང་བཅས་པ་རང་གི་སྙིང་ནང་གི་བླ་མ་ཡབ་ཡུམ་གཞལ་ཡས་ཁང་དང་བཅས་པ་ལ་ཐིམ་པས་མཐུ་སྟོབས་དང་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་པར་བསམ་མོ། །དེ་ཡང་རྣམ་པ་རྗེ་བཙུན་ཡབ་ཡུམ་དུ་སྒོམ་ཡང་ངོ་བོ་རྩ་བའི་བླ་མ་རང་དུ་སྒོམས་ནས་རབ་ཐུན་དྲུག་འབྲིང་ཐུན་བཞི་ཐ་མའང་ཉིན་ཞག་རེ་ལ་ལན་རེ་མ་ཆག་པ་བསྒོམ་ཞིང་གསོལ་བ་འདེབས་པ་ཡིན་ཏེ། དེ་ལྟར་བྱས་པའི་ཕན་ཡོན་ནི་ཤིན་ཏུ་གནད་ཆེ་བ་མང་དུ་ཡོད་དོ། །དེ་ལྟར་སྔོན་དུ་བླ་མའི་རྣལ་འབྱོར་སྒོམ་ཚུལ་བསྟན་པ་དེ་དང་སྦྲེལ་ཏེ་ཏིང་ངེ་འཛིན་གྱི་དབང་བཞི་ལེན་པའི་གདམས་པ་ཁྱད་པར་ཅན་ནི། (རྗེ་རིན་པོ་ཆེ་བདག་བསྐྱེད་གཙོ་བོར་གསང་སྒྲུབ་ལ་མཛད། རྡོ་རྗེ་འཇིགས་བྱེད་ལའང་མང་དུ་མཛད། དེས་ན་གསང་འདུས་དང་བདེ་མཆོག་ལ་བྱས་ཀྱང་ཆོག །བདག་གིས་ནི་ནང་སྒྲུབ་ལ་གཙོ་བོར་བྱས་ནང་སྒྲུབ་ནི་གཙོ་ཆེར་དགོངས་ལ། གསང་སྒྲུབ་ནི་བླ་མེད་ཀྱི་ཐུན་མོང་མིན་པ་འཇིགས་བྱེད་ལ་དགོངས་པས་བདག་བསྐྱེད་ནང་སྒྲུབ་དང་། མདུན་བསྐྱེད་གསང་སྒྲུབ་ལ་བྱས་ན་ལེགས་སོ། །སྔོན་དུ་བདག་བསྐྱེད་འཇམ་དཔལ་ནང་སྒྲུབ་ལ་སོགས་པ་གང་ལ་བྱེད་ཀྱང་འདྲ་སྟེ། དེའི་མཆོད་བསྟོད་ཀྱི་བར་རྫོགས་པར་བྱས་ནས་མདུན་བསྐྱེད་བླ་མ་ཡབ་ཡུམ་སྔར་ལྟར་བསྐྱེད་


JLD011_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆོད་བསྟོད་གསོལ་བ་བཏབ་པ་སོགས་བྱས་ནས་རང་ལོ་མ་བསྟིམ་པའི་གོང་དུ་བཟླས་པ་གང་གྲུབ་བྱས་ཏེ་དབང་ལེན་པ་ཡིན་ལ། དེའི་ཚུལ་ནི། ཡབ་ཀྱི་ཐུགས་ཀར་ཉི་མའི་གདན་ལ་དྷཱིཿཡུམ་གྱི་ཐུགས་ཀར་ཉི་གདན་ལ་ཧྲཱིཿའི་མཐའ་མར་ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཿས་བསྐོར་བར་གྱུར་བར་བསམས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཿཞེས་བསྙེན་པ་གང་གྲུབ་བྱས་པའི་མཐར་མཆོད་བསྟོད་གང་གྲུབ་བྱས་ལ་མཎྜལ་ཕུལ་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ་བླ་མའི་རྗེས་ཟློས་བྱེད་པར་བསྒོམ་སྟེ་བརྗོད་པས་ཐུན་མོང་གི་སྡོམ་པ་གཟུང་། དེ་བཞིན་དུ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། ཅེས་པའི་བར་ལན་གསུམ་གྱིས་རིགས་ལྔའི་སྡོམ་པ་གཟུང་ལ། དབང་ལེན་པ་དང་པོ་ནི། བུམ་དབང་གི་དངོས་གཞི་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་བདག་ལའང་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པས། །བླ་མ་ཡབ་ཡུམ་རང་གི་སྦྱི་བོར་བྱོན། སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་ནས་ཞུགས། སྐུའི་དབྱིབས་བརྒྱུད། ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་ཀྱི་བདུད་


JLD011_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྒྱུན་བྱུང་བ་རང་གི་སྤྱི་གཙུག་ནས་ཞུགས། བདེ་བ་ཆེན་པོས་ལུས་ཐམས་ཅད་གང་བར་གྱུར་པར་བསམ། རང་ཉིད་ཀྱིས་རྡོར་དྲིལ་དང་བཅས་པས་རིག་མ་ལ་འཁྱུད་པའི་བདེ་བ་བསྐྱེད་པ་རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོ་ཡིན་ནོ་སྙམ་དུ་བསམ་མོ། །དེས་བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་སྲོག་གཅོད་སོགས་གསུམ་དག་ལུས་ཐ་མལ་དུ་འཛིན་པའི་དྲི་མ་འཁྲུད་པས་སྐུ་རྡོ་རྗེ་སྦྱོང་། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །ཅེས་བརྗོད་ཀྱིན་དོན་ཡིད་ལ་བྱའོ། །དེ་ནས་གསང་དབང་གི་དོན་དུ་མཎྜལ་གསོལ་བཏབ་སྔར་བཞིན་བྱས་ལ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས་ཡབ་ཀྱི་སྤྱི་བོ་ནས་ཞུགས། སྐུའི་དབྱིབས་བརྒྱུད། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་བྱང་སེམས་དཀར་དམར་མྱངས་པས། ཆུ་རྒྱུན་དེ་མགྲིན་པའི་གནས་རྣམས་ལ་ཐིམ། ལྕེ་སྟེང་དུ་མྱངས་པ་ལས་སྐྱེས་པའི་བདེ་བས་སྟོང་པ་ཡུལ་དུ་བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་གསང་དབང་གི་ངོ་བོར་གྱུར་པར་བསམས་ལ། དེས་གསང་དབང་ཐོབ། ངག་གི་དྲི་མ་བརྫུན་དུ་སྨྲས་པ་སོགས་བཞི་དང་། རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་འཁྲུད་པས་གསུང་རྡོ་རྗེ་སྦྱོང་། ལམ་ཀུན་རྫོབ་སྒྱུ་མའི་སྐུ་བདག་བྱིན་རླབས་སྒོམ་པ་ལ་དབང་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་


JLD011_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནུས་པ་ཁྱད་པར་ཅན་བཞག་གོ། ཞེས་དོན་བསམས་ལ་བརྗོད་དོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་སྔར་ལྟར། རང་འཇམ་དབྱངས་དཔའ་བོ་གཅིག་པ་སོགས་སུ་བསམ་པ་ལ། བླ་མས་དབྱངས་ཅན་མ་རིག་མ་ལོ་བཅུ་དྲུག་ལོན་པ་ཞིག་བྱིན་པར་བསམས་པའམ། ཡང་ན་རང་གི་རིག་མ་དེ་ཉིད་གསལ་བཏབ་ལ་རང་གི་གསང་གནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་དབུས་མའི་ནོར་བུ་ལ་ཨོཾ་ཡིག་གིས་མཚན་པ། །ཡུམ་གྱི་གསང་གནས་ཨཱཿལས་པདྨ་དམར་པོ་འདབ་མ་ལྔ་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པར་བསམ། ཡབ་ཡུམ་སྙོམས་པར་ཞུགས་པས་ལུས་ཐམས་ཅད་ཐིག་ལེས་གང་། ཐིག་ལེ་ཐམས་ཅད་བདེ་བའི་རང་བཞིན་སྟོང་པ་ཡུལ་དུ་བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་དགའ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་ཐོབ་པར་བསམས་ལ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་བརྣབ་སེམས་ལ་སོགས་པ་དག །གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་བ་ལ་སྒྲིབ་པའི་དྲི་མ་འཁྲུང་པའི་ཐུགས་རྡོ་རྗེ་སྦྱོང་། ལམ་འོད་གསལ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་བཞག །ཅེས་བརྗོད་ལ་དོན་བསམ་མོ། །འདིར་བདེ་བའི་ཡུལ་གྱི་སྟོང་པ་ནི། གང་ཟག་དང་གཟུགས་སོགས་ཕྱིའི་ཡུལ་ལྔ། མིག་ཤེས་ལ་སོགས་པའི་སྐྱེ་མཆེད་ཚོགས་དྲུག །དེ་རྣམས་རང་བཞིན་གྱིས་སྟོང་པ་དང་། བདེན་པས་སྟོང་པ་དང་། དོན་དམ་པར་སྟོང་པ་དང་། རང་གི་མཚན་ཉིད་ཀྱིས་སྟོང་པ་དེ་རྣམས་དོན་གཅིག་ཅིང་། གང་ཟག་དང་ཡུལ་


JLD011_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྒྲ་སོགས་དེ་རྣམས་ཀྱི་སྟེང་དུ་གང་གིས་སྟོང་པའི་དགག་བྱ་ནི་ཐོག་མ་མེད་པ་ནས་རྟོག་པའི་དབང་གིས་བཞག་པ་མ་ཡིན་པའི་ཡོད་པ་ཡིན་ལ། ཡོད་པ་དེ་ནི་དོན་དམ་པར་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། བདེན་པར་གྲུབ་པ་དང་། རང་གི་ངོ་བོས་གྲུབ་པ་ཡིན་ལ། དེ་རྣམས་དོན་གཅིག་ཅིང་། རང་བཞིན་གྱིས་སྟོང་པའི་སྟོང་རྒྱུའི་དགག་བྱ་དང་། དོན་དམ་པར་མེད་རྒྱུའི་དགག་བྱ་ནི། དོན་དམ་པར་གྲུབ་པ་སོགས་དེ་རྣམས་ཡིན་ནོ། །དོན་དམ་པར་གྲུབ་པ་དང་རང་བཞིན་གྱིས་གྲུབ་པ་སོགས་དེ་རྣམས་ཁྱད་གཞི་གང་ཟག་གི་སྟེང་དུ་མེད་པ་ནི། གང་ཟག་གི་བདག་མེད་དང་མིག་ལ་སོགས་པ་ཆོས་ཀྱི་སྟེང་དུ་མེད་པ་ནི་ཆོས་ཀྱི་བདག་མེད་ཡིན་ནོ། །གང་ཟག་དང་རང་ཉིད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྟོང་ཉིད་དང་། ཆོས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྟོང་ཉིད་ནི་བདེ་བའི་ཡུལ་གྱིས་བསྒོམ་བྱ་ཡིན་ནོ། །གང་ཟག་རང་བཞིན་གྱིས་སྟོང་པ་དང་། ཆོས་རང་བཞིན་གྱིས་སྟོང་པ་ནི་གང་ཟག་དང་ཆོས་ཀྱི་བདག་མེད་ཀྱང་ཡིན་པས་དོན་གཅིག་གོ། གང་ཟག་དང་ཆོས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་དང་། གང་ཟག་དང་ཆོས་དོན་དམ་པར་གྲུབ་པར་འཛིན་པའི་བློ་ནི། ཉོན་མོངས་ཅན་གྱི་མ་རིག་པ་འཁོར་བའི་རྩ་བ་ཡིན་ལ་གང་ཟག་དང་ཆོས་ཀྱི་བདག་འཛིན་ཡང་ཡིན་ཏེ། འཛིན་ཚུལ་ནི་གང་ཟག་དང་ཆོས་རྟོག་པའི་དབང་གིས་ཕར་བཞག་པ་མིན་པར། གང་ཟག་དང་ཆོས་ཁོ་རང་གི་ངོས་ནས་གྲུབ་པར་འཛིན་པ་


JLD011_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། སྤྱིར་གྱི་གོང་དུ་བཤད་པའི་རང་བཞིན་སྟོང་པ་ཉིད་དེ་བློའི་ཡུལ་དུ་བྱས་ནས་བསྒོམ་པ་ཡིན་ཞིང་། བདེ་བས་སྟོང་པ་ཡུལ་དུ་བྱས་ནས་བསྒོམ་པའི་ཚེ་བློས་སྟོང་པ་ཡུལ་དུ་བྱས་ནས་བསྒོམ་པ་བཞིན་དུ། བདེ་བ་དང་བློ་གཉིས་གོལ་ས་བརྗེས་ནས་བདེ་བས་སྟོང་པ་ཡུལ་དུ་བྱས་ནས་བསྒོམ་པར་བྱའོ། །དེ་ལྟ་བུའི་སྟོང་པ་སྒོམ་ཚུལ་ནི་གསང་དབང་ཤེར་དབང་། དབང་བཞི་པའི་སྐབས་ཀྱི་བདེ་བས་སྟོང་བ་ཡུལ་དུ་བྱས་ནས་བསྒོམ་པའི་ཚུལ་ཡིན་ནོ། །དེས་ན་དབང་བཞི་པའི་དོན་དུ་མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨོའི་ཞེས་སོགས་ཀྱིས་གསོལ་བ་བཏབ་པས་བླ་མས་འདི་ལྟར་གསུངས་པར་བསམས་ཏེ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྐབས་སུ་རང་དང་རིག་མ་གཉིས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་ངང་ནས་སྙོམས་པར་ཞུགས་པའི་དུས་ན་ལྷན་ཅིག་སྐྱེས་པའི་བདེ་བས་རང་བཞིན་སྟོང་པ་ཉིད་ཡུལ་དུ་བྱས་ནས་མཉམ་སྦྱོར་དུ་ཡོད་པ་དེ་བཞིན་དུ། བདེ་བས་སྟོང་པ་ཡུལ་དུ་བྱས་ནས་བསྒོམ་པའི་རྒྱུན་གོམས་པར་བྱས་པ་ལས་མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པ་ཡེ་ཤེས་ཀྱི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན། དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང་། རང་བཞིན་སྟོང་པ་གཉིས་རོ་གཅིག་ཏུ་ཞུགས་པའི་ཐམས་ཅད་སྟོང་པ་འོད་གསལ་དང་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་ཐོབ་པ་དབང་བཞི་པའི་ངོ་བོ་ཡིན་ནོ། །དེས་ན་དབང་བཞི་པ་ཚིག་གི་སྒོ་ནས་བརྡ་སྤྲད་ནས་ངོ་སྤྲོད་པར་བྱེད་པས་ན་དབང་བཞི་པ་ཚིག་གི་དབང་ཞེས་པའི་དོན་དེ་ཡིན་ནོ། །ཞེས་གསུངས་ཏེ་


JLD011_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་སྤྲད་པར་བསམས་ལ། དེས་དབང་བཞི་པ་ཚིག་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་ཁྱད་པར་ཅན་བཞག །ལམ་བདེན་པ་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་བྱས་སོ། །ཞེས་དབང་གི་དག་པ་བྱིན་པར་བསམས་ལ་བརྗོད། དེ་ནས་སྐུ་གསུང་ཐུགས་སྤྱིའི་དབང་གི་དོན་དུ་མཎྜལ་ཕུལ་ཏེ། ཇི་ལྟར་མགོན་པོ་ཁྱོད་ཀྱི་ནི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས། །གཞན་ཕྱིར་མངོན་དུ་མཛད་པ་བཞིན། །མགོན་པོས་བདག་ལ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་མགོན་པོ་འཇམ་དབྱངས་ལ། །ཡོན་ཏན་དཔག་མེད་མངའ་ཇི་བཞིན། །འཇམ་པའི་དབྱངས་ཀྱི་ཐུགས་རྗེ་ཡིས། །སྐལ་ལྡན་འདི་ལ་འཇུག་པར་ཤོག །ཅེས་གསུངས་ཏེ། བླ་མ་ཡབ་ཡུམ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བླ་མ་ཡབ་ཡུམ་གཉིས་པ་བྱོན་ཏེ། རང་གི་སྤྱི་གཙུག་ནས་ཞུགས་པས་བླ་མ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ་མོ། །དེ་ནས་བཀའ་དྲིན་གྱི་ཡོན་དུ་མཎྜལ་ཕུལ་ཏེ། མཆོད་བསྟོད་གང་འགྲུབ་བྱས་ལ་བཟོད་གསོལ་དང་སྨོན་ལམ་གང་འགྲུབ་བྱས་ཏེ། སྔར་བཤད་པ་ལྟར། སྙིང་གའི་འོད་ཟེར་གྱིས་སྤྱན་དྲངས་ཏེ། རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་ནང་གི་བླ་མ་ཡབ་ཡུམ་ལ་ཐིམ་པ་སྔར་ལྟར་བསམ་མོ། །བླ་མ་ཡི་དམ་དབྱེར་མེད་དུ་བྱས་ནས་


JLD011_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་པ་དང་ཏིང་ངེ་འཛིན་གྱི་དབང་བཞི་རྒྱུན་དུ་ལེན་པའི་གདམས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཞལ་ཤེས་ཁྱད་པར་ཅན་འདི་ནི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་གསུང་རྒྱུན་ལས་ཇི་ལྟར་བྱུང་བ་བཞིན་ཡི་གེར་བཀོད་པའོ།། སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །

སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཟབ་མོའི་དམིགས་རིམ་གྱི་ལག་རྗེས།


JLD011_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཟབ་མོའི་དམིགས་རིམ་གྱི་ལག་རྗེས་བཞུགས་སོ། །


JLD011_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་ཀཱ་ལ་ཙ་ཀྲ་ཡ། གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་པའི་ཚུལ་དང་གསུམ། དང་པོ་ལ། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་བཤད་པའོ། །དང་པོ་ལ་རྩ་ཆེན་དྲུག་བཤད་པ། རྩ་འཁོར་དྲུག་བཤད་པའོ། །དང་པོ་ནི། རོ་རྐྱང་དབུ་མ་གསུམ་གྱི་མར་སྣ་རྟགས་ཀྱི་རྩེ་དང་བཤང་བའི་སྒོར་ཟུག་ཅིང་། ལུས་ཀྱི་དབུས་དྲང་ཐད་སྒལ་ཚིགས་ཕྱོགས་ལ་ཅུང་ཉེ་བ་ན་ཡར་གྱེན་དུ་སོང་སྟེ། ཐོད་པའི་འོག་ནས་བརྒྱུད་དེ་འོངས་པའི་ཡར་སྣ་སྨིན་མཚམས་ན་ཡོད་དོ། །དེའི་ལྟེ་བ་ཡན་ཀྱི་དབུ་མ་ལ། སྒྲ་གཅན་དང་། གཉིས་སྤངས་དང་། ཨ་ཝ་དྷཱུ་ཏཱི་ཟེར།ཁ་དོག་ལྗང་གུ་ནམ་མཁའི་ཁམས་པ། གཙོ་བོར་རླུང་འབབ།


JLD011_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཀྱི་རྩ་ལ་རོ་མ་དང་། ར་ས་ནཱ་དང་། ཉི་མའི་རྩ་ཟེར། ཁ་དོག་དམར་པོ་མེའི་ཁམས་པ། གཙོ་བོར་ཁྲག་འབབ། གཡོན་གྱི་རྩ་ལ། རྐྱང་མ་དང་། ལ་ལ་ནཱ་དང་། ཟླ་བའི་རྩ་ཟེར། ཁ་དོག་དཀར་པོ་ཆུའི་ཁམས་པ། གཙོ་བོར་ཁུ་བ་འབབ། ལྟེ་བ་མན་གྱི་དབུ་མ་གཡས་སུ་འཁྱོགས་ཏེ། རྟགས་ཀྱི་རྩེར་ཟུག་ཅིང་། དེ་ལ་ཀུན་རྡར་མ་དང་། དུང་ཅན་མ་དང་དུས་མེ་ཟེར། ཁ་དོག་སྔོན་པོ་ཡེ་ཤེས་ཀྱི་ཁམས་པ། གཙོ་བོར་ཁུ་བ་འབབ། གཡོན་གྱི་རྩ་དབུས་སུ་འཁྱོགས་ཏེ་རྟགས་ཀྱི་རྩེར་ཟུག་ཅིང་། ལུག་ཅེས་བྱ་བ་ཁ་དོག་ནག་པོ་རླུང་གི་ཁམས་པ། གཙོ་བོར་དྲི་ཆུ་འབབ། གཡས་ཀྱི་རྩ་གཡོན་དུ་འཁྱོགས་ཏེ། བཤང་བའི་སྒོར་ཟུག་ཅིང་། དམར་སེར་ཞེས་བྱ་བ། ཁ་དོག་


JLD011_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་སའི་ཁམས་པ་གཙོ་བོར་བཤད་བ་འབབ་པའོ། །རྩ་འཁོར་དྲུག་ནི། ནོར་བུའི་དབུས་ན་རྩ་འཁོར་འདབ་མ་བརྒྱད་པ། གསང་གནས་ན་རྩ་འདབ་སོ་གཉིས་པ། ལྟེ་བར་རྩ་འདབ་རེ་བཞི་པ། སྙིང་གར་བརྒྱད་པ། མགྲིན་པར་སོ་གཉིས་པ། དཔྲལ་བར་བཅུ་དྲུག་པ། གཙུག་ཏོར་ན་རྩ་འདབ་བཞི་པ་རྣམས་སུ་ཡོད་དོ། །དྷཱུ་ཏཱིའི་ཡར་སྣ་མར་སྣ་གཉིས་དང་། རྩ་འཁོར་དེ་རྣམས་ཀྱི་དབུས་ནི་ལུས་ལ་གནད་དུ་བསྣུན་པ་ཡིན་ནོ། །ཅིའི་ཕྱིར་གནད་དུ་བསྣུན་པ་ཡིན་ན། གང་དུ་དམིགས་པ་བཟུང་ནས་གནད་དུ་བསྣུན་ན་ཡེ་ཤེས་ཁྱད་པར་ཅན་སྐྱེ་བས་དེ་སྐད་ཅེས་བྱའོ། །འཁོར་ལོ་གང་ལ་ཡན་ལག་དྲུག་གང་གིས་བསྣུན་ན། སོར་བསམ་གཉིས་ཀྱིས་དྷཱུ་ཏཱིའི་ཡར་སྣ་དང་། སྲོག་རྩོལ་རྗེས་དྲན་གཉིས་ཀྱི་ལྟེ་བ་དང་། འཛིན་པས་རྩ་འཁོར་དྲུག་ག་དང་། ཏིང་ངེ་འཛིན་གྱི་དྷཱུ་ཏཱིའི་མར་སྣ་ནས་ཡར་སྣ་ལ་ཐུག་གི་བར་ལ་བསྣུན་ནོ། །རླུང་ལ། སྲོག་འཛིན། ཐུར་སེལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད། ཀླུ། རུས་སྦལ། རྩངས་པ། ལྷས་བྱིན། ནོར་ལས་རྒྱལ་ཏེ་བཅུ་ཡོད་ཅིང་།རླུང་བཅུ་པོ་དེ་ལས་ཞག་གཅིག་ལ་འཕོ་ཆེན་བཅུ་གཉིས་ཡོད་ལ། འཕོ་མཚམས་སུ་དབུ་མ་ནས་རླུང་ལྔ་བཅུ་རྩ་དྲུག་རྐང་བཅས་རེ་རྒྱུ་བས། །ཞག་གཅིག་ལ་དབུ་མ་ནས་རླུང་དྲུག་བརྒྱ་དོན་ལྔ་རེ་རྒྱུའོ། །དེ་རྣམས་སྐྱེ་བ་དང་གནས་པ་དང་། རྒྱུ་བ་ནི་སྙིང་གའི་རྩ་མདུད་ཡན་གྱི་དབུ་མ་ནི་སྲོག་འཛིན་སྐྱེ་བ་དང་། གནས་པའི་གནས་ཀྱི་གཙོ་བོ་ཡིན་ལ།


JLD011_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བ་ནི་དེ་ཡན་གྱི་རོ་རྐྱང་དབུ་མ་གསུམ་ལ་ཅི་རིགས་པར་རྒྱུའོ། །སྙིང་ཁའི་རྩ་མདུད་མན་གྱི་དབུ་མ་ནི། ཐུར་སེལ་སྐྱེ་བ་དང་གནས་པའི་གནས་ཀྱི་གཙོ་བོ་ཡིན་ལ། རྒྱུ་བ་ནི་དེ་མན་གྱི་རོ་རྐྱང་དབུ་མ་གསུམ་ལ་ཅི་རིགས་པར་རྒྱུའོ། །དེ་བཞིན་དུ། ཤར་དང་ཤར་ལྷོའི་རྩ་འདབ་ལ། མཉམ་གནས་དང་། རུས་སྦལ། ལྷོ་དང་ལྷོ་ནུབ་ཀྱི་རྩ་འདབ་ལ། གྱེན་རྒྱུ་དང་།རྩངས་པ། བྱང་དང་བྱང་ཤར་གྱི་རྩ་འདབ་ལ། ཁྱབ་བྱེད་དང་། ལྷས་བྱིན། ནུབ་དང་ནུབ་བྱང་གི་རྩ་འདབ་ལ། ཀླུ་དང་། ནོར་ལས་རྒྱལ་བ་རྣམས་སྐྱེ་བ་དང་གནས་པའི་གནས་ཀྱི་གཙོ་བོ་བྱེད་ལ། རྒྱུ་བ་ནི་ཡུར་པོ་ཆེ་གཅིག་ནས་འབབ་པའི་ཆུ་ཡུར་ཕྲན་དུ་མར་གྱེས་ནས་འབབ་པ་བཞིན། རྩ་བཅུ་ལ་རྒྱུ་བའི་རླུང་དེ་རྣམས་མང་པོར་གྱེས་ཏེ། རྩ་ཕྲན་རྣམས་ལ་རྒྱུ་བའི་ཚུལ་གྱིས་ལུས་ཀྱི་རྩ་ཐམས་ཅད་ལ་རྒྱུ་བ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ལ། སད་པ་བསྐྱེད་པའི་ཐིག་ལེ། རྨི་ལམ་བསྐྱེད་པའི་ཐིག་ལེ། གཉིད་འཐུག་བསྐྱེད་པའི་ཐིག་ལེ། བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་རྣམས་སུ་ཡོད་ལ། དེ་ཡང་གཙུག་ཏོར་ན་སད་པ་བསྐྱེད་པའི་སྐུའི་ཐིག་ལེ། མགྲིན་པ་ན་རྨི་ལམ་བསྐྱེད་པའི་གསུང་གི་ཐིག་ལེ། སྙིང་ག་ན་གཉིད་འཐུག་བསྐྱེད་པའི་ཐུགས་ཀྱི་ཐིག་ལེ། ལྟེ་བ་ན་བཞི་པའི་གནས་སྐབས་བསྐྱེད་པའི་ཡེ་ཤེས་ཀྱི་ཐིག་ལེ་ཡོད་ཅིང་། སླར་ཡང་ལྟེ་བ་ན་སད་པ་བསྐྱེད་པའི་ལུས་ཀྱི་ཐིག་ལེ། གསང་གནས་ན་རྨི་ལམ་བསྐྱེད་པའི་


JLD011_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ཐིག་ལེ། ནོར་བུའི་དབུས་ན་གཉིད་འཐུག་བསྐྱེད་པའི་ཡིད་ཀྱི་ཐིག་ལེ། ནོར་བུའི་རྩེ་ན་བཞི་པའི་གནས་སྐབས་བསྐྱེད་པའི་ཡེ་ཤེས་ཀྱི་ཐིག་ལེ་ཡོད་དོ། །དེ་ཡང་ལྟེ་བ་དང་ནོར་བུའི་རྩེར་བཞི་པའི་གནས་སྐབས་འཇོག་པ་ནི། ཁམས་ཞུ་བ་གནས་དེ་གཉིས་སུ་སླེབ་པ་ན་ལུས་ཀྱི་གནས་གཞན་དུ་སླེབ་པ་ལས། བདེ་བའི་འགྱུར་བ་ཆེ་་བ་རེ། གཞི་དུས་སུ་ཕོ་མོ་འདོད་པ་སྤྱོད་པ་ན་འབྱུང་བ་ཡིན་ལ། དེ་ཡང་དེ་གཉིས་ན་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་རེ་ཡོད་པས་ཡིན་ནོ། །སད་པ། རྨི་ལམ། གཉིད་འཐུག་གི་ཐེག་ལེ། ཞེས་པ་ནི། གཉིད་འགྲོ་དུས་ཡས་རླུང་རྣམས་སྙིང་ག་དང་། མས་རླུང་རྣམས་ནོར་བུའི་དབུས་སུ་འདི། རྨི་ལམ་འོང་དུས་ཡས་རླུང་རྣམས་མགྲིན་པ་དང་། མས་རླུང་རྣམས་གསང་གནས་སུ་འདུ། སད་པའི་དུས་སུ་ཡས་རླུང་རྣམས་གཙུག་ཏོར་དང་། མས་རླུང་རྣམས་ལྟེ་བར་འདུ་བ་ཡིན་ནོ། །དེས་ན་གཞི་དུས་ནས་རང་རྒྱུད་ལ་ཡོད་པའི་ཆོས་གཅིག་ཐབས་མཁས་ཀྱི་ལམ་དུ་བླངས་པས། སངས་རྒྱས་ཀྱི་ཡོན་ཏན་བསྒྱུར་བ་ནི་མཚན་ཉིད་ཐེག་པ་དང་། རྒྱུད་སྡེ་འོག་མ་རྣམས་ལ་མེད་པའི་བླ་མེད་ཀྱི་ཁྱད་ཆོས་ཡིན་པས། འདིར་ཡང་། སད་པ། རྨི་ལམ། གཉིད། བཞི་པའི་གནས་སྐབས་ཀྱི་ཐིག་ལེ་རྣམས་ཀྱི་སྟེང་ན། མ་དག་པའི་ཡུལ་སྣང་དང་། ཡུལ་སྣང་ཙམ་དང་། སྨྲ་བརྗོད་འཁྲུལ་བ་དང་། སྒྲ་ཙམ་དང་། མི་གསལ་བ་དང་། མི་རྟོག་པ་དང་། འཛག་པ་དང་། བདེ་བ་བསྐྱེད་


JLD011_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནུས་པ་རེ་ཡོད་པས། མ་དག་པའི་ཡུལ་སྣང་དང་། སྨྲ་བརྗོད་འཁྲུལ་བ་དང་། མི་གསལ་བ་དང་། འཛག་པ་བསྐྱེད་པའི་ནུས་པ་རྣམས་སྦྱངས་ནས། ཡུལ་སྣང་ཙམ་དང་། སྒྲ་ཙམ་དང་། མི་རྟོག་པ་དང་། བདེ་བ་བསྐྱེད་པའི་ནུས་པ་རྣམས་ལམ་དུ་བྱས་པས། རིམ་པ་བཞིན་ལམ་དུས་སུ་སྟོང་གཟུགས་དང་། གཞོམ་དུ་མེད་པའི་སྒྲ་དང་། མི་རྟོག་ཡེ་ཤེས་དང་། མི་འགྱུར་བའི་བདེ་བར་འགྱུར་ལ། དེ་རྣམས་གོང་ནས་གོང་དུ་ཁྱད་ཞུགས་པ་ལས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པ་དང་། ཡེ་ཤེས་ཆོས་ཀྱི་སྐུར་འགྱུར་རོ། །དྲི་མ་དེ་རྣམས་ཡན་ལག་དྲུག་པོ་གང་གི་སྦྱོངས་ན། སོར་བསམ་གཉིས་དང་། རྗེས་དྲན་གྱི་ཕྱོགས་གཅིག་གིས་སད་པའི་ཐིག་ལེའི་སྟེང་གི་དྲི་མ་སྦྱོང་ཞིང་རིགས་ལམ་དུ་བྱེད་དོ། །ལམ་ནི། ཁ་ཅིག །སོར་སྡུད་ཀྱི་དམིགས་པ་ལུས་ཀྱི་སྨིན་མཚམས་ཀྱི་ཕྱི་རོལ་གྱི་ནམ་མཁའ་ལ་འཇོག་པ་མི་འཐད་དེ། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་དུ་བ་ལ་སོགས་པའི་རྟགས་རྣམས་འཆར་དགོས་ལ། ལུས་ཀྱི་ཕྱི་རོལ་དུ་དམིགས་པས་བཟུང་བས། དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །དེ་ནས་སོར་སྡུད་ཀྱི་དམིགས་པ་དབུ་མར་འཛིན་དགོས་ཏེ། ཡེ་ཤེས་ལེའུ་ལས་རེ་ག་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་


JLD011_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

དུའོ། །ཞེས་པའི་འགྲེལ་ཆེན་དུ། དུས་ཀྱི་རྩ་ཞེས་པ་ཨ་ཝ་ཧཱུ་ཏཱི་ལ་མཐོང་གི་བར་དུའོ། །ཞེས་པའི་བར་དང་། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། ཞེས་པའི་འགྲེལ་ཆེན་དུ། རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་ཞེས་པ་འདིར་སྲོག་དབུ་མའི་ལམ་དུ་རབ་ཏུ་ཞུགས་པས་སྟོང་པ་ཁོ་ན་ལས་དུ་བ་ལ་སོགས་པའི་མཚན་མ་རྣམས་མཐོང་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་དབུ་མའི་ཡར་སྣར་བསྒོམ་དགོས་ཏེ། སྒྲུབ་ལེར། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱིས་ཁྲོ་བོས་བལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིས་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་སྒྲུབ་པ་ཡན་ལག་དྲུག་ཅེས་པའི་འགྲེལ་ཆེན་དུ། འཁོར་ལོ་ཅན་གྱི་ལྟ་བ་ཞེས་པ་གཙུག་ཏོར་ཅན་གྱི་ལྟ་བ་ཞེས་པས་མིག་མི་འཛུམ་པར་སྟེང་དུ་བལྟས་པས། མཚན་མར་འགྱུར་ཏེ་ཞེས་དང་། བགེགས་མཐར་བྱེད་ཀྱི་ལྟ་བ་ཞེས་པ་ལ་བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་པ་ཡིན་ལ། དེའི་ལྟ་བ་ནི་བདུད་རྩིའི་ལམ་དུ་སོན་པ་སྟེ་སྟེང་དུ་སོན་པའོ། །ཞེས་དང་། རི་གི་ཨ་ར་ལིའི་རྒྱུད་ལས། མིག་ཕྱེད་གྱེན་དུ་ལྡོག་ནས་ནི། སྨིན་མའི་དབུས་སུ་བསམས་བྱས་ནས། ཞེས་དང་། པཎ་ཆེན་ཤཱཀྱ་ཤྲཱིས། དབུ་མར་རེངས་པའི་ལྟ་སྟངས་ཉིད། ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྒོམས་པས་རླུང་དབུ་མར་ཞུགས་པའི་


JLD011_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སྣ་བུག་གི་རླུང་ཤེད་མཚུངས་སུ་རྒྱུ། གནས་པའི་རྟགས་སྣ་བུག་གི་རླུང་རྒྱུ་བ་འཆད། ཐིམ་པའི་རྟགས་ཤར་ལྷོའི་རྩ་འདབ་ལ་རྒྱུ་བའི་རླུང་རུས་སྦལ་ཐིམ་པའི་རྟགས་དུ་བ། ལྷོ་ནུབ་ཀྱི་རྩ་འདབ་ལ་རྒྱུ་བའི་རླུང་རྩངས་པ་ཐིམ་པའི་རྟགས་སྨིག་རྒྱུ། བྱང་ཤར་གྱི་རྩ་འདབ་ལ་རྒྱུ་བའི་རླུང་ལྷ་སྦྱིན་ཐིམ་པའི་རྟགས་མཁའ་སྣང་། ནུབ་བྱང་གི་རྩ་འདབ་ལ་རྒྱུ་བའི་རླུང་ནོར་ལས་རྒྱལ་ཐིམ་པའི་རྟགས་མར་མེ། ཤར་གྱི་རྩ་འདབ་ལ་རྒྱུ་བའི་རླུང་མཉམ་གནས་ཐིམ་པའི་རྟགས་འབར་བ། ལྷོའི་རྩ་འདབ་ལ་རྒྱུ་བའི་རླུང་གྱེན་རྒྱུ་ཐིམ་པའི་རྟགས་ཟླ་བ། བྱང་གི་རྩ་འདབ་ལ་རྒྱུ་བའི་རླུང་ཁྱབ་བྱེད་ཐིམ་པའི་རྟགས་ཉི་མ། ནུབ་ཀྱི་རྩ་འདབ་ལ་རྒྱུ་བའི་རླུང་ཀླུ་ཐིམ་པའི་རྟགས་སྒྲ་གཅན། སྟེང་གི་རྩ་འདབ་ལ་རྒྱུ་བའི་རླུང་སྲོག་འཛིན་ཐིམ་པའི་རྟགས་མཆོག་གམ་གློག་གི་རྩ་འདབ་ལ་རྒྱུ་བའི་རླུང་ཐུར་སེལ་ཐིམ་པའི་རྟགས་ཐིག་ལེའམ་རེ་ག་ནག་པོ་དྲི་མ་མེད་པ་འོད་ཟེར་ལྔ་འཕྲོ་བའི་དབུས་སུ་ངེས་པ་ལྔ་ལྡན་གྱི་སྟོང་གཟུགས་འཆར་བ་ཡིན་ནོ། །ངེས་པ་ལྔ་ནི། དུས་ངེས་པ་རྟགས་བཅུ་རྫོགས་པའི་མཇུག །གནས་ངེས་པ་དབུ་མའི་ནང་། ངོ་བོ་ངེས་པ་རྡུལ་ཕྲ་རབ་བསགས་པ་ལས་མ་ཡིན་པར་རང་གི་སེམས་ཀྱི་སྣང་བ་ལས་གྲུབ་པ། སྐུ་ངེས་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ། །རྣམ་པ་ངེས་པ་ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་སོ། །དེ་ནས་སྟོང་གཟུགས་བསམ་གཏན་བསྒོམས་པས།


JLD011_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་བཞིན། དུ་བ། སྨིག་རྒྱུ། མཁའ་སྣང་། མར་མེ་འབར་བ། ཟླ་བ། སྒྲ་གཅན། ཉི་མ། མཆོག་གམ། གློག་གི་སྣང་བ། ཐིག་ལེའམ་རེ་ག་ནག་པོ། དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བའི་དབུས་སུ་ངེས་པ་ལྔ་ལྡན་གྱི་སྟོང་གཟུགས་འཆར་རོ། །བསམ་གཏན་ལ་རྟོག་དཔྱོད་དགའ་བདེ་རྩེ་གཅིག་པའི་ཡན་ལག་ལྔ་ཡོད། དེ་ཡང་སྟོང་གཟུགས་ཀྱི་ངོ་བོ་ལ་རགས་པར་རྟོག་པ། རྟོག་པ་ཞིབ་པར་རྟོག་པ་དཔྱད་པ། ལུས་ཤིན་སྦྱངས་ཀྱིས་དྲངས་བའི་དབང་ཤེས་འཁོར་གྱི་ཚོར་བ་སིམ་པ་ནི་དགའ་བ། སེམས་ཤིན་སྦྱངས་་ཀྱིས་དྲངས་པའི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་ནི་བདེ་བ། རང་གི་སེམས་དང་སྟོང་གཟུགས་ངོ་བོ་གཅིག་པ་ལ་རྩེ་གཅིག་ཏུ་གནས་པ་ནི་རྩེ་གཅིག་པའི་ཡན་ལག་ཡིན་ནོ། །དེ་ནས་སྲོག་རྩོལ་བསྒོམས་པས་དུ་བ་ནས་སྟོང་གཟུགས་ཀྱི་བར་སྔར་བཞིན། དེའི་ཚེ་བྱང་སེམས་ཞུ་བ་གཙུག་ཏོར་ནས་དཔྲལ་བར་སླེབས་པ་ན་དགའ་བ། དེ་ནས་སྙིང་གར་སླེབས་པ་ན་མཆོག་དགའ། དེ་ནས་གསང་གནས་སུ་སླེབས་པ་ན་ཁྱད་དགའ། དེ་ནས་ནོར་བུའི་རྩེར་སླེབས་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་ཞིང་། དེ་དང་སྟོང་གཟུགས་ངོ་བོ་དབྱེར་མེད་དུ་བསྒོམ། སླར་ཡང་ནོར་བུ་ནས་ལྟེ་བར་སླེབས་པ་ན་དགའ་བ། སྙིང་གར་སླེབས་པ་ན་མཆོག་དགའ། དབྲལ་བར་བསླེབས་པ་ན་ཁྱད་དགའ། གཙུག་ཏོར་དུ་སླེབས་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་ཞིང་། དེ་དང་སྟོང་གཟུགས་ངོ་བོ་དབྱེར་མེད་དུ་བསྒོམ་པར་བྱའོ། །དེ་ནས་


JLD011_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཐུར་གཉིས་དང་། རང་གི་སེམས་སྟོང་གཟུགས་བཞི་ངོ་བོ་དབྱེར་མེད་དུ་བྱས་ནས་སྤྱིར་རྩ་འཁོར་དྲུག་ག་དང་། ཁྱད་པར་དུ་ལྟེ་བར་འཛིན་པ་བསྒོམ་པས་དུ་བ་སྨིག་རྒྱུ་ནས་སྟོང་གཟུགས་ཀྱི་བར་སྔར་བཞིན་འཆར། དགའ་བཞི་ལུགས་འབྱུང་ལུགས་བཟློག་སྔར་བཞིན་ལྷན་སྐྱེས་ཀྱི་དུས་སུ་སྟོང་གཟུགས་ཀྱི་ངོ་བོར་བསྒོམ་པར་བྱའོ། །དེ་ནས་རྗེས་དྲན་བསྒོམ་པའི་རྣལ་འབྱོར་པ་ལ་དབང་པོ་རྟུལ་འབྲིང་རྣོ་གསུམ་ཡོད་པའི་དབང་པོ་རྟུལ་པོ་ལས་རྒྱ་དང་སྙོམས་པར་འཇུག་བཞིན་པའི་ངང་ནས་ཡིད་ངོའི་སྟོང་གཟུགས་ཡབ་ཡུམ་སྙོམས་འཇུག་བྱེད། འབྲིང་པོས་ཡེ་རྒྱ་དང་སྙོམས་པར་འཇུག་བཞིན་པའི་ངང་ནས་ཡིད་ངོའི་སྟོང་གཟུགས་ཡབ་ཡུམ་སྙོམས་འཇུག་བྱེད། རྣོན་པོས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་མི་ལྟོས་པར་ཡིད་ངོའི་སྟོང་གཟུགས་ཡབ་ཡུམ་སྙོམས་འཇུག་བྱས་པས། དུ་བ་ནས་འོད་ཟེར་ལྔ་འཕྲོ་བའི་བར་སྔར་བཞིན། དེའི་དབུས་སུ་ངེས་པ་ལྔ་ལྡན་གྱི་སྟོང་གཟུགས་དངོས་གནས་ལ་འཆར་རོ། །དེ་ནི་བསྡུས་རྒྱུད་པ་གཞན་གྱི་སྒྱུ་ལུས་ཀྱི་དོད་ཡིན་ལ། དེའི་བ་སྤུའི་བུ་གའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་དོ། །རྗེས་དྲན་མཐར་ཕྱིན་པའི་རྣལ་འབྱོར་པ་དེ་ལ་ཡང་། དབང་པོ་རྟུལ་འབྲིང་རྣོ་གསུམ་ཡོད་པའི་རྟུལ་པོ་ལས་རྒྱ་དང་སྙོམས་པར་འཇུག་བཞིན་པའི་ངང་ནས་སྟོང་གཟུགས་ཡབ་ཡུམ་དངོས་གནས་ལ་སྙོམས་འཇུག་བྱེད། འབྲིང་པོས་ཡེ་རྒྱ་དང་


JLD011_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་འཇུག་བཞིན་པའི་ངང་ནས་སྟོང་གཟུགས་ཡབ་ཡུམ་དངོས་གནས་ལ་སྙོམས་འཇུག་བྱེད། རྣོན་པོས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་མི་ལྟོས་པར་སྟོང་གཟུགས་ཡབ་ཡུམ་དངོས་གནས་ལ་སྙོམས་འཇུག་བྱས་པས་ཁམས་དཀར་པོ་གྱེན་དུ་སོང་ཞིང་། དམར་པོ་ཐུར་དུ་བབས་པ་དྷཱུ་ཏཱིའི་ཡར་སྣ་མར་སྣ་མི་འགྱུར་བར་གནས་པ་ལ་ཏིང་ངེ་འཛིན་འཇོག་པ་ཡིན་ནོ། །ཏིང་ངེ་འཛིན་དེ་ལ་སོ་སྐྱེ་དང་འཕགས་པའི་ས་གཉིས་ཡོད་པའི་དང་པོ་ལ། ཁམས་དཀར་དམར་བརྩེགས་པ་སྟོང་བརྒྱད་བརྒྱ། མི་འགྱུར་བའི་བདེ་བ་དང་སྟོང་གཟུགས་ངོ་བོ་གཅིག་པ་སྟོང་བརྒྱད་བརྒྱ། ཉོན་སྒྲིབ་མངོན་གྱུར་མགོ་གནོན་པའི་གཉེན་པོ་བར་ཆད་མེད་ལམ་སྟོང་བརྒྱད་བརྒྱ། མངོན་གྱུར་མགོ་མེད་མནོན་པའི་རྣམ་གྲོལ་ལམ་སྟོང་བརྒྱད་བརྒྱ། ལས་རླུང་འགགས་པ་སྟོང་བརྒྱད་བརྒྱ། བེམ་པོའི་ཁམས་ཟད་པ་སྟོང་བརྒྱ་བརྒྱ་རྣམས་མཉམས་གཞག་ཏུ་འབྱུང་ཞིང་། རྗེས་ཐོབ་ཏུ་མི་འགྱུར་བའི་བདེ་བས་ངེས་ངོར་སྟོང་ཉིད་ངེས་པ་དང་། སྣང་ངོར་འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་དོ། །འཕགས་པ་ལ། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་འཕྲོ་བ། བཞི་པ་འོད་བྱེད་པ། ལྔ་པ་སྦྱངས་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ཏེ། བཅུ་ཡོད་པ་ལ་ཁྱད་པར་བ་གཅིག་དང་གཉིས་ཡོད་དོ། །ས་དང་པོ་རབ་ཏུ་དགའ་བ་ལ་ཁམས་དཀར་དམར་


JLD011_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པ་སྟོང་བརྒྱད་བརྒྱ། མི་འགྱུར་བའི་བདེ་བས་སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་དང་། སྟོང་གཟུགས་ངོ་བོ་གཅིག་པ་བརྒྱད་བརྒྱ། ཉོན་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་སྟོང་བརྒྱད་བརྒྱ།ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་སྟོང་བརྒྱད་བརྒྱ། ལས་རླུང་འགགས་པ་སྟོང་བརྒྱད་བརྒྱ། བེམ་པོའི་ཁམས་ཟད་པ་སྟོང་བརྒྱད་བརྒྱ་རྣམས་མཉམ་གཞན་ཏུ་འབྱུང་ཞིང་། རྗེས་ཐོབ་ཏུ་མི་འགྱུར་བའི་བདེ་བས་ངེས་ངོར་སྟོང་ཉིད་ངེས་པ་དང་། སྣང་ངོར་འཇིག་རྟེན་གྱི་ཁམས་ཉིས་བརྒྱ་སྣང་བ་འབྱུང་ངོ་། །ས་གཉིས་པ་དྲི་མ་མེད་པ་ལ་ཡང་ཁམས་དཀར་དམར་བརྩེགས་པས་སྟོང་བརྒྱད་བརྒྱ། མི་འགྱུར་བའི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་། སྟོང་གཟུགས་ངོ་བོ་གཅིག་པ་སྟོང་བརྒྱད་བརྒྱ། རང་གི་ངོས་སྐལ་གྱི་ཤེས་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་སྟོང་བརྒྱད་བརྒྱ། ངོས་སྐལ་གྱི་ཤེས་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་སྟོང་བརྒྱད་བརྒྱ། ལས་རླུང་འགགས་པ་སྟོང་བརྒྱད་བརྒྱ། བེམས་པོའི་ཁམས་ཟད་པ་སྟོང་བརྒྱད་བརྒྱ་རྣམས་མཉམ་གཞག་ཏུ་འབྱུང་ཞིང་། རྗེས་ཐོབ་ཏུ་མི་འགྱུར་བའི་བདེ་བས་ངེས་ངོར་སྟོང་ཉིད་ངེས་པ་དང་། སྣང་ངོར་འཇིག་རྟེན་གྱི་ཁམས་བརྒྱ་སྣང་བ་རྣམས་འབྱུང་ངོ་། །དེ་བཞིན་དུ་ས་བཞི་པ་ནས་བཅུ་པའི་བར་དུ་འབྱུང་ཞིང་། བཅུ་པ་ཁྱད་པར་བ་ལ་ཁམས་དཀར་དམར་བརྩེགས་པ་སྟོང་བརྒྱད་བརྒྱ། མི་འགྱུར་བའི་


JLD011_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་སྟོང་གཟུགས་ངོ་བོ་གཅིག་པ་སྟོང་བརྒྱད་བརྒྱ། ཤེས་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་སྟོང་བརྒྱད་བརྒྱ། ཤེས་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་སྟོང་བརྒྱད་བརྒྱ། ལས་རླུང་འགགས་པ་སྟོང་བརྒྱད་བརྒྱ། བེམ་པོའི་ཁམས་ཟད་པ་སྟོང་བརྒྱད་བརྒྱ་རྣམས་འབྱུང་ཞིང་། དེའི་ཚེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མི་འགྱུར་བའི་བདེ་བས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་ཅིག་ཅར་རྟོགས་པ་དང་། སྟོང་གཟུགས་ལོངས་སྤྱོད་རྫོགས་པའི་སྐུར་གྱུར་པ་དང་། ཤེས་སྒྲིབ་མ་ལུས་པར་སྤངས་པ་དང་། གདུལ་བྱ་ལས་དག་ལ་སྤྲུལ་སྐུ་བྱེ་བ་ཐེར་འབུམ་སྟོན་པ་རྣམས་དུས་མཉམ་དུ་འབྱུང་བ་ཡིན་ནོ། །དེ་འདྲ་བའི་ཆོས་གཟུགས་ཚོགས་པའི་སྐུའི་རྒྱུར་རྗེས་དྲན་གྱི་ཡན་ལག་འགྲོ་དགོས། དེའི་རྒྱུར་འཛིན་པ། དེའི་རྒྱུར་བསམ་གཏན། དེའི་རྒྱུར་སོར་སྡུད་ཀྱི་ཡན་ལག་འགྲོ་དགོས། དེའི་རྒྱུར་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་འགྲོ་དགོས། དེའི་རྒྱུར་དབང་མཚན་ཉིད་ཚང་བ་ཐོབ་སྟེ་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་འགྲོ་དགོས། དེའི་རྒྱུར་སྨོན་སེམས་དང་མཇུག་སྡོམ་བླངས་ཏེ། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པའི་སྐྱེས་བུ་ཆེན་པོའི་ལམ་འགྲོ་དགོས། དེའི་རྒྱུར་འཁོར་བའི་སྡུག་བསྔལ་གྱི་ཉེས་དམིགས་མཐོང་སྟེ་ཐར་པ་ལ་དོན་གཉེར་གྱིས་བསླབ་པ་གསུམ་ལ་ཚུལ་བཞིན་དུ་སློབ་པའི་སྐྱེས་བུ་འབྲིང་གི་ལམ་འགྲོ་དགོས། དེའི་རྒྱུར་འཆི་བ་མི་རྟག་པ་དང་། ངན་སོང་གསུམ་གྱི་ཉེས་དམིགས་མཐོང་སྟེ། དཀོན་


JLD011_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་སྐྱེ་བས། མི་དགེ་བཅུ་སྤོང་གི་སྐྱེས་བུ་ཆུང་ངུའི་ལམ་འགྲོ་དགོས། དེའི་རྒྱུར་དལ་འབྱོར་དོན་ཆེ་རྙེད་དཀར་བསམས་པ་འགོ་དགོས། དེའི་རྒྱུར་ལམ་གྱི་རྩ་བ་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་འགྲོ་དགོས་པ་ཡིན་ནོ། །དམིགས་པའི་ཞིབ་ཆ་རྣམས་ཤེས་དགོས་པ་ཡོད་ལགས་སོ། །ཨྠྀི། དགེའོ། །སྦྱོར་དྲུག་ཁྲིད་ཀྱི་དམིགས་རིམ་ལག་རྗེས་འདི། བློ་བཟང་གྲགས་པའི་ཞལ་ཤེས་སྙན་བརྒྱུད་ཡིན། །སྲོག་བས་གཅེས་བཟུང་སྣོད་མིན་གསང་བ་གཅེས། །རྩེ་གཅིག་སྒྲུབས་དང་སངས་རྒྱས་ལག་མཐིལ་ཡོད། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །

དཔལ་རྡོ་རྗེ་འཇིགས་བྱེད་སེར་པོ་ལ་བརྟེན་པའི་ཤིན་ཏུ་ཟབ་པའི་མན་ངག


JLD011_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་སེར་པོ་ལ་བརྟེན་པའི་ཤིན་ཏུ་ཟབ་པའི་མན་ངག་བཞུགས་སོ། །


JLD011_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་བྷཻ་ར་ཝཱ་ཡ། རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་མདུན་དུ། ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་ནང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ། སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར། པདྨ་ཟླ་བ་ཉི་མའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རིན་པོ་ཆེ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་སེར་པོ་མ་ཧེའི་ཞལ་ཅན་ཕྱག་གཉིས་པ། ཕྱག་གཡས་པ་ནོར་བུ་དབང་གི་རྒྱལ་པོ་ནམ་མཁའ་ལ་འཕྱར་བ། གཡོན་མཚན་ལྡན་གྱི་ཐོད་པ་བདུད་རྩིས་གང་བ་དང་། རྩྭ་དུར་བའི་སྡོང་པོ་སྦྲགས་ནས་


JLD011_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། སྐུ་སྟོང་ལ་དར་སེར་པོ་སྣ་ཚོགས་ཀྱི་ན་བཟའ་གསོལ་ཞིང་། རིན་པོ་ཆེ་སེར་པོ་སྣ་ཚོགས་ཀྱིས་བརྒྱན་པ། སྤྱི་བོར་འཇམ་དཔལ་གྱི་ཞལ་སེར་པོ་ཡིད་ཙམ་འཛུམ་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ནོར་བུ་དབང་གི་རྒྱལ་པོ་དང་རལ་གྲི་སྦྲགས་ནས་ནམ་མཁའ་ལ་འཕྱར་བ། ཕྱག་གཡོན་རྩྭ་དུར་བའི་སྡོང་པོ་དང་གླེགས་བམ་ཐུགས་ཀར་བསྣམས་པ། དར་སེར་པོའི་ན་བཟའ་གསོལ་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རྡོ་


JLD011_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། །དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སེར་པོ། །མིག་གཉིས་སུ་ས་སྙིང་གི་རང་བཞིན་ཀྵིཾ་ཀྵིཾ་དཀར་པོ་ལས་རྡོ་རྗེའི་མིག་དཀར་པོ། །རྣ་བ་གཉིས་སུ་ཕྱག་རྡོར་གྱི་རང་བཞིན་ཛྲི་ནག་པོ་ལས་རྡོ་རྗེའི་རྣ་བ་ནག་པོ། སྣ་གཉིས་སུ་ནམ་སྙིང་གི་ངོ་བོ་ཁཾ་སེར་པོ་ལས་རྡོ་རྗེའི་སྣ་སེར་པོ། ལྕའི་རྩ་བར་འཇིག་རྟེན་དབང་ཕྱུག་གི་ངོ་བོ་གཾ་ལས་རྡོ་རྗེའི་ལྕེ་དམར་པོ། །དཔྲལ་བར་སྒྲིབ་སེལ་གྱི་ངོ་བོ་ཀཾ་ལས་རྡོ་རྗེའི་ལུས་ལྗང་ཁུ། ལྟེ་བར་ཀུན་བཟང་གི་ངོ་བོ་སཾ་ལས་རྡོ་རྗེའི་ཡིད་དཀར་པོ། །སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། །མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། །ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྦྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རྣམས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད་ནས། དབང་བསྐུར་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བྱིན་གྱིས་བརླབས་པའི་མཆོད་རྫས་ནམ་མཁའ་གང་བ་རྣམས་ཀྱིས་མཆོད་པར་བསམས་ལ། ཨོཾ་ཡ་མཱནྟ་ཀ་སྔོན་དུ་འགྲོ་བའི་ཨརྒྷཾ་སོགས་ཆུ་གཉིས་རོལ་མོ་ནང་མཆོད་དང་བཅས་པས་མཆོད། གཉིས་མེད་ཐུན་མོང་སོགས་ཀྱིས་བསྟོད་ལ། མདུན་བསྐྱེད་ཀྱི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐའ་སྐོར་ལ་སྔགས་འཁོར་བ་ལས་མདུན་གྱི་རྩ་ཞལ་གྱི་ཤངས་བུག་གཡས་ནས་འཐོན་རང་གི་རྩ་


JLD011_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱི་ཤངས་བུག་གཡོན་ནས་ཞུགས་སྙིང་ཁའི་ཧཱུཾ་ལ་ཐིམ་དེ་ལས་འཐོན་རང་གི་རྩ་ཞལ་གྱི་སྣ་བུག་གཡས་ནས་འཐོན། མདུན་གྱི་ཤངས་བུག་གཡོན་ནས་ཞུགས་པའི་སྔགས་ཕྲེང་འོད་ཟེར་སེར་པོ་ལས་དོན་གཉིས་བྱས། རང་གཞན་གྱི་ལུས་སེམས་ལ་ཁྱབ་པས་སྡིག་སྒྲིབ་ཞི་ཞིང་། ཆེ་དང་བསོད་ནམས་ཡེ་ཤེས་སོགས་ཡོན་ཏན་ཐམས་ཅད་རྒྱས་པར་བསམས་ལ། ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ་ཨ་པ་རི་མི་ཏ་ཨཱ་ཡུར་པུ་ཎྱ་ཛྙཱ་ན་སཾ་བྷ་རོ་པ་ཨུ་པ་ཙ་ཡ་ཀ་རི་ནི་སྭཱ་ཧཱ། ཞེས་བཟླས་པའི་རྗེས་སུ་ཨརྒྷཾ་སོགས་ཀྱིས་མཆོད། ནོངས་པ་བཟོད་པར་གསོལ། ཡིག་བརྒྱ་བཟླས། མདུན་བསྐྱེད་རང་ལ་བསྡུ་བའམ་གཤེགས་པ་གང་རུང་བྱས་ལ། བསྔོ་བ་སྨོན་ལམ་བཀྲ་ཤིས་དང་བཅས་པ་བྱའོ། །ཤིན་ཏུ་ཟབ་པའི་མན་ངག་གུ་ཏྱྀ་ཨྠྀི། །ཞེས་པ་འདི་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གསུང་གི་བདུད་རྩི་བླ་ན་མེད་པའོ།། སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།

ཡི་གེ་བཞི་བསྲུང་བ་དང་མན་ངག་རྩ་གསུམ་དང་གཤིན་རྗེ་སྦྱོར་ཚུལ་རྩལ་འབྲེལ་དང་བཅས་པ་རྣམས།


JLD011_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བཞི་བསྲུང་བ་དང་མན་ངག་རྩ་གསུམ་དང་གཤིན་རྗེ་སྦྱོར་ཚུལ་རྩལ་འབྲེལ་དང་བཅས་པ་རྣམས་བཞུགས་སོ།


JLD011_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་བྷཻ་ར་ཝཱ་ཡ། བླ་མ་དང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དབྱེར་མ་མཆིས་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཡི་གེ་བཞི་པའི་བསྲུང་བ་ནི།ཐོག་མར་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས། དེ་རྗེས་འདི་ལྟར་བྱའོ། །མདུན་གྱི་ནམ་མཁའི་གནས་སུ་པདྨ་དང་ཉི་མ་དང་། མ་ཧེའི་གདན་གྱི་སྟེང་དུ། ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། མ་ཧེའི་གདོང་པ་ཅན། དམར་ཞིང་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཞབས་གཡས་བསྐུམ་ཞིང་གཡོན་


JLD011_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་པའི་སྟབས་ཀྱིས་བཞུགས་པ། རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ལིང་ག་དམར་པོ་གྱེན་དུ་ལངས་པ་ཞིག་བསྒོམ། དེའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བཞི་པ་བསྒོམ། པདྨའི་ལྟེ་བར་རྣམ་སྣང་། ཤར་གྱི་འདབ་མ་ལ་མི་བསྐྱོད་པ་སོགས་བསྒོམ། རང་ཐ་མལ་དུ་གནས་པ་དེ་ཡི་དམ་གྱིས། ཤངས་བུག་ནས་རྔུབས་ཏེ་སྐུའི་དབྱིབས་བརྒྱུད་ནས་རྣམ་སྣང་གི་ཐུགས་ཀར་གནས་པར་བསམས་ལ། ཨེ་ས་བྷྱོ་བཟློག་སྲུངས་ཞེས་དངོས་སུ་རང་གིས་བརྗོད། བསྒོམ་དོན་ལ་ཡི་དམ་གྱིས་བསྲུང་བར་མོས། །ན་མོ་བཛྲ་བྷཻར་ཝཱ་ཡ། བླ་མ་དང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་ལ་ཕྱག་འཚལ་


JLD011_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །རྗེ་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་ཡི་དམ་རང་ཉིད་ཀྱིས་གསུངས་པའི་མན་ངག་ཆེས་ཟབ་པ། གདོན་བགེགས་ཀྱི་གནོད་པ་དྲག་པོ་བྱུང་བའམ། ཁྱད་པར་དུ་ཕ་རོལ་གྱི་རྦོད་གཏོང་དང་། བྱད་ཁ་དྲག་པོ་བྱུང་ན། དེ་ཉིད་བཟློག་པར་བྱེད་པའི་གདམས་པ་ཐུན་མོང་མ་ཡིན་པ་ནི། རང་ཉིད་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བསྒོམ། ང་རྒྱལ་ཤིན་ཏུ་བརྟན་པའི་གདེང་དང་ལྡན་པར་བྱས་ལ། ཁ་ལྷོ་ནུབ་ཏུ་བསྟན་ཏེ། གོས་ཕྱི་མ་མགོ་གཤམ་ལྡོག་ནས་གྱོན། ལྷམ་གཉིས་ཕྲག་པ་གཡས་གཡོན་ལ་བཀལ་བའི། ལྷམ་གྱི་མཐིལ་མདུན་ཕྱོགས་དང་། ཡུ་བ་རྒྱབ་ཕྱོགས་ལ་བསྟན། ཞྭ་མོ་གདན་དུ་བཏིང་། རྐང་པའི་མཐེ་བོང་གིས་མདུན་དུ་འབྲུབ་ཁུང་ཟུར་གསུམ་རྩེ་མོ་ཕར་ལ་བསྟན་པ་བྲི། དེ་ནས་རང་ཉིད་ཞྭ་མོ་བཏིང་བའི་སྟེང་དུ་སྐྱིལ་ཀྲུང་གྲུ་གསུམ་བཅས་ཏེ་འདུག་ནས། མདུན་གྱི་ཧོམ་ཁུང་གྲུ་གསུམ་དེ་ཉིད་ཡངས་ཤིང་རྒྱ་ཆེ་བ། གཏིང་ཤིན་ཏུ་རིང་བ། དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་བསྒོམས་ནས། ཧོམ་ཁུང་དེའི་ནང་དུ་འདོད་ཆགས་ཀྱི་ཆུ་འཁྲུགས། ཞེ་སྡང་གི་མེ་འབར། གཏི་མུག་གི་དུ་བ་འཁྲིགས། ནད་ཀྱི་ན་བུན་འཐིབས། དེའི་ནང་དུ་ཆུད་པ་ཙམ་གྱིས་དགྲ་བགེགས་སེམས་མྱོས་ཤིང་དྲན་པ་ཉམས། ལུས་འབྲལ་བར་བྱེད་ནུས་པ་དེ་ལྟ་བུར་བསྒོམ་པར་བྱའོ། །དེ་འདྲ་བའི་ཧོམ་ཁུང་དེའི་ནང་ན། ཆོས་ཀྱི་རྒྱལ་པོ་ལ་སོགས་པའི་ཟ་བྱེད་གཤིན་རྗེའི་ཚོགས། འཇིགས་སུ་རུང་བ་ཁ་གདངས་


JLD011_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

པ། རབ་ཏུ་ཁྲོས་པ་དཔག་ཏུ་མེད་པ་རང་ལ་མདུན་བསྟན་ནས་ཡོད་པར་བསམས་ལ། དེ་ནས་རང་གཤིན་རྗེ་གཤེད་ཀྱི་ང་རྒྱལ་ཤིན་ཏུ་བརྟན་པས་ཁྲོས་པའི་སེམས་ལ་གནས་པར་བྱས་ཤིང་། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་ཁྲོ་བོ་གཤིན་རྗེ་གཤེད་ཞགས་པ་དང་ལྕགས་ཀྱུ་འཛིན་པ་དཔག་ཏུ་མེད་པ་སྤྲོས་ཏེ། དགྲ་བགེགས་བྱད་མ་ལ་དམིགས་པའི་བྱད་གཟུགས་ཇི་ལྟ་བ་བཞིན་དུ་སྙིང་ག་ནས་ལྕགས་ཀྱུས་བཀུག་ཅིང་། མགྲིན་པ་ནས་ཞགས་པས་བཅིངས་ཏེ། རླུང་གི་དཀྱིལ་འཁོར་ལ་བསྐྱོན་ནས། གཤིན་རྗེའི་ཁྲོ་བོས་རྒྱབ་ནས་བརྡེག་ཅིང་། འཇིགས་པའི་སྒྲ་སྒྲོགས་པས་བཀུག་པར་བསམས་ལ། ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། དགྲ་བགེགས་བྱད་མ་ཨཾ་ཀུ་ཤ་ཛཿཞེས་བརྗོད་པ་ལན་གསུམ་མམ། བདུན་ལ་སོགས་པས་དགུག་གཞུག་དྲག་པོ་ཡང་ཡང་བྱའོ། །དེ་ལྟར་དགུག་གཞུག་དྲག་ཏུ་བྱས་པས་དངོས་སུ་ཁུགས་པའི་མོས་པ་བརྟན་པོ་བྱས་ཏེ། དགྲ་བགེགས་བྱད་མ་ཅི་ཡིན་ཀྱང་། དེའི་གཟུགས་དགུག་ཐེབས་རིམ་པ་ཁ་ཡར་དུ་བྱས་པ་རྣམས་རིམ་པ་བཞིན། ཧོམ་ཁུང་གི་གཤིན་རྗེའི་ཞལ་དུ་སྟོབ་པ་དང་། རང་གི་ཕྲེང་བ་ལ་བསྟིམ་པ་དང་། ཧོམ་ཁུང་གི་ནང་དུ་བཅུག་ཅིང་བསྟིམ་པ་གསུམ་བྱའོ། །དེ་ནས་རང་གི་ལག་པ་གཡས་པའི་གུང་མཛུབ་དངུལ་གྱི་བརྟན་པ། མཐེ་བོང་གསེར་གྱི་སྟ་རེར་བསྒོམས་ནས་དགྲ་བགེགས་བྱེད་མ་གང་ལ་དམིགས་པ་ཐམས་ཅད་ཀྱི་སྐེ་སྟ་རེས་


JLD011_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

རྦད་རྦད་བཅད་ནས། ཧོམ་ཁུང་གི་ནང་དུ་བསྐྱུར་བས། ཧོམ་ཁུང་གི་ནང་གི་གཤིན་རྗེ་རྣམས་ཀྱི་ཞལ་དུ་ཁྱུར་ཁྱུར་སོང་བར་བསམས་ལ། ཕྲེང་བ་ལག་པ་གཡས་པའི་གུང་མཛུབ་ལ་བཀལ་ནས། མཐེ་བོང་གིས་ཕྲེང་རྡོག་ཕྱིར་བཅད་ཅིང་། ཨེས་བྷྱོ་བཟློག །ཅེས་བཟླས་པར་བྱ་སྟེ། ཕྲེང་རྡོག་རེ་ཕྱིར་བསྐྱུར་བ་དང་། སྔགས་རེ་དང་དམིགས་པ་རེ། དུས་མཉམ་དུ་འོང་བར་བྱའོ། །དེའང་རང་གི་ཁང་པའི་ནང་དུ་ཐོག་མར་རང་གི་གདོང་གཡས་དཀར། གཡོན་དམར། དབུས་ནག་པོའི་རྣམ་པར་བསྒྱུར་བའམ། ཡང་ན་བོང་ང་ནག་པོ་ཆུང་ངུ་ཞིག །གུ་གུལ་རྡོག་པོ་ཞིག །མགར་གྱི་སོལ་རྡོག་ཅིག་རྣམས་ཆུ་ནང་དུ་བསྐྱུར་བ་ལ། ཧྲཱིཿཥྚྲཱིཿསོགས་མང་དུ་བསྔགས་པའི་སྔགས་ཆུ་བྱས་ལ། དེས་རང་གི་ཁ་གདོང་དང་རྐང་ལག་བཀྲུ། དེ་ནས་ཐོག་ཁའམ། ས་ཕུག་སོགས་དབེན་པར་སོང་སྟེ། ཆས་འཇུག་དང་། ཧོམ་ཁུང་དགུག་གཞུག་བཟླས་པ་རྣམས་གོང་དུ་བཤད་པའི་རིམ་པ་ལྟར་བྱའོ། །བཟླས་པ་རྫོགས་པ་དང་། གོས་ཀྱི་ཐ་མ་ནས་བཟུང་སྟེ། ལན་གསུམ་ཧོམ་ཁུང་བྲིས་པ་དེ་ལ་བརྡབས་ནས། ཧོམ་ཁུང་བསུབ་པ་དང་དུས་མཉམ་དུ། ཟ་བྱེད་གཤིན་རྗེའི་ཚོགས་རྣམས་ཀྱིས་ཟས་སྐལ་འཐུང་སྐལ་དགྲ་བོ་བྱད་མ་འདི་ལ་གྱིས་ལ་སོང་ཞིག །རྒྱུག་ཅིག །ཅེས་བརྗོད་པས་སོང་བར་བསམས་ལ། བདེན་སྟོབས་བརྗོད་དོ། །དེ་ནས་ལྷམ་མགོ་གཤམ་བསྒྱུར་ལ་གྱོན། གོས་གཞན་རྣམས་དྲང་པོར་གྱོན་ནས་ནང་དུ་འོངས་ནས། སྔགས་ཆུས་


JLD011_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་དང་རྐང་ལག་བཀྲུས་ཏེ། སྲུང་འཁོར་བསྒོམས་ཏེ། ལྷའི་རྣལ་འབྱོར་ལ་གནས་པར་བྱའོ། །ཡར་ངོ་མ་ཡིན་མར་ངོ་སྟེ། །བཅུ་བདུན་བཅུ་དགུ་ཉེར་གཅིག་གམ། །ཉེར་གསུམ་ཉེར་ལྔ་ཉེར་བདུན་དང་། །ཉེར་དགུ་ཁོ་ནར་བྱེད་ཀྱང་རུང་། །ཧ་ཅང་མཐར་ཐུག་ནུབ་རེ་བཞིན། །སྔ་དྲོ་མ་ཡིན་ཕྱི་དྲོ་སྟེ། །ཉི་མ་རྒས་དང་མཉམ་དུ་བྱ། ཁ་ནི་ལྷོ་ནུབ་དག་ཏུ་བལྟ། །ཡུན་རིང་དྲགས་ན་བཟློག་ཉེན་ཆེ། །ཡི་དམ་མ་བསྙེན་བར་ཆད་འབྱུང་། །དམ་ཚིག་མི་གཙང་ན་མི་བྱ། །འདི་ནི་རང་གི་བཟློག་པ་ཡིན། །ཡོད་པས་ཆོག་པའི་གདམས་པ་འདི། །སྣོད་ལྡན་མིན་པ་ཀུན་ལ་གསང་། སྣོད་ལྡན་རེ་རེ་ཙམ་ལ་ཡང་། །ལུང་ནོད་བཀའ་རྒྱས་བཏབ་ལ་བྱིན། ཅེས་གསུངས་སོ། །འདི་ནི་གཤིན་རྗེ་བ་གཞན་ལའང་། ཨེ་ས་བྷྱོ་བཟློག །ཅེས་པའི་མན་ངག་ཡོད་པ་དང་སྔགས་དེ་འདྲའང་གདམས་ངག་གི་གནད་གཞན་ཡེ་མི་འདྲ་བའི་ཁྱད་པར་ཆེ་ཞིང་། མང་པོ་ལ་འཕེལ་ན་རང་ལ་འཁོར་་བའི་དགྲའི་ལག་ཆར་སོང་དོགས་ཡོད་པས་ཤིན་ཏུ་གསང་ཞིང་སྦྱིན་པའི་ཡུལ་བརྟག་པ་ཤིན་ཏུ་གལ་ཆེའོ། །གསུང་གསལ་བར་བཀོད་པ་ཡིན་པས་དཔེ་གཞན་གྱིས་མཐོང་དོགས་ཤིན་ཏུ་གལ་ཆེའོ། །གུ་ཧྱ་ས་མ་ཡ་ཨྠྀི།། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། རྗེ་བཙུན་ཙོང་ཁ་པ་ཆེན་པོ། །མཁས་གྲུབ་ཆོས་རྗེ། །༈ རྩ་དང་བཤིན་རྗེ་སྦྱོར་ཚུལ་བཞུགས་སོ། ན་མོ་བཛྲ་བྷེ་ར་ཝཱ་ཡ། གྲུབ་ཆེན་དཔལ་འཛིན་གྱི་དངོས་ཀྱི་སློབ་མ་མཆོག་གྲུབ་ཆེན་མ་ཏི་པ་ཞེས་བྱ་བས་རྗེས་སུ་བཟུགས་ནས་


JLD011_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་བརྙེས་པའི་རྒྱ་གར་ཤར་ཕྱོགས་ཀྱི་པཎྡི་ཏ་ད་རྦན་ཨཱརྻ་ཨཱ་ཙ་རྱའི་དཔལ་གཤིན་རྗེ་གཤེད་ཀྱི་མན་ངག་ལས་འབྱུང་བ་ནི། དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ལས། སྦས་པ་བླ་མའི་ལུང་གི་བཤད། ཕྱི་དང་ནང་དང་གཞན་རྣམས་ཀྱི། །དུས་དགྲའི་ཚུལ་ནི་ཤེས་བྱ་སྟེ། །ལྷོ་ཕྱོགས་ས་འོག་རིམ་པ་བདུན། །སྒོ་མེད་མུན་ཁང་བཅུ་དྲུག་ན། །ཆོས་ཀྱི་རྒྱལ་པོ་ལས་ཀྱི་འཁོར། །བྱེ་བ་འབུམ་བཅས་གཤིན་རྗེ་སྟེ། །བརྒྱད་གཉིས་གྲུབ་པ་ཕུན་སུམ་ཚོགས། །གདུལ་དཀའ་འདུལ་ཕྱིར་མི་སྡུག་གཟུགས། །འཇམ་དཔལ་དབྱངས་གང་དེ་ཡི་གཤེད། །ལྷར་བཅས་འཇིག་རྟེན་ཀུན་གྱི་སྐྱབས། །བདུད་དང་དེ་ཡི་རིགས་གྱུར་གང་། །ལོག་པར་ལྟུང་བ་གཤིན་རྗེ་ཡིན། །སྙིང་རྗེ་ཆེན་པོ་ཁྲོ་ཚུལ་གྱིས། །ཚར་གཅོད་པ་ནི་གཤེད་ཡིན་ནོ། །ཀཱ་ལི་ཕ་སྟེ་ཨཱ་ལི་མ། །གཡས་དང་གཡོན་པ་གཤིན་རྗེ་སྟེ། །ཀུན་འདར་མ་ནི་དབུས་གནས་སུ། །གང་ཞིག་གཉིས་སུ་མེད་དེ་བཤད། །ཉི་མ་ཟླ་བའི་ལམ་གཉིས་པོར། །འགྲོ་བ་གང་ཡིན་གཤིན་རྗེ་སྟེ། །དེ་ཡང་དབུས་སུ་གང་གནས་པ། །ཡེ་ཤེས་དེ་ནི་གཤེད་ཡིན་ནོ། །ཐ་མལ་སྙིང་གི་དབུས་སོང་རྩ། །ཉོན་མོངས་ངོ་བོ་ཉིད་ཡིན་ཏེ། །སྲིད་པའི་རྩ་བ་གཤིན་རྗེར་བཤད། །རྣལ་འབྱོར་པ་ལ་ཚུལ་དེ་ཉིད། །ཡང་དག་ཡེ་ཤེས་ཉིད་དུ་འགྱུར། །དེ་ནི་དེ་ཡི་གཤེད་ཡིན་ནོ། །ཨ་ནི་གདོད་ནས་སྐྱེ་བ་མེད། །རྒྱུ་ནི་གང་ཡིན་སྙིང་རྗེ་སྟེ། །དབྱེར་མེད་གྱུར་པ་དེ་ཡི་གཤེད། །སྲིད་པའི་ཕུང་པོ་དེ་ཡི་


JLD011_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །གང་ཡིན་གཤིན་རྗེར་བརྗོད་པ་སྟེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལས། །རྡོ་རྗེ་འཛིན་པར་གྱུར་ཏེ་གཤེད། །ལྟེ་སྙིང་མགྲིན་པ་སྤྱི་བོ་སྟེ། །བདུད་བཞིས་བཅིངས་པ་གཤིན་རྗེ་སྟེ། །གྲོལ་བ་ནང་གི་དེ་ཁོ་ན། །མཐར་བྱེད་བཞི་ནི་གཤེད་ཡིན་ནོ། །ཡ་ལ་སོགས་པའི་ཡི་གེ་ནི། །མ་དག་ལས་ཀྱི་གཤིན་རྗེས་གཟིར། །སྲོག་གི་དེ་ཉིད་སྦྱོར་བ་ཡིས། །དག་པས་དཔལ་ལྡན་དུས་ཀྱི་དགྲ། བདུད་བཞིའི་འཆིང་བ་ལས་གྲོལ་ཞིང་། །དངོས་གྲུབ་བདེ་ཆེན་མཆོག་སྟེར་ཡིན། །ཡ་མ་གཉིས་སུ་འཛིན་པ་སྟེ། །སྤྲོས་མེད་འོད་གསལ་ཨནྟར་བརྗོད། །ཀ་ཡིག་བླ་མས་བསྟན་པ་ཉིད། །གཤིན་རྗེ་མཐར་བྱེད་ཅེས་སུ་གྲགས། ཞེས་དང་། ལྟེ་སྙིང་མགྲིན་པ་སྤྱི་བོ་བཞི། །ས་ཆུ་མེ་རླུང་ཞེས་བྱ་བ། །ང་རྒྱལ་ཞེ་སྡང་ཆགས་དང་རྨོངས། །བདུད་བཞི་པོ་ཡིས་རྣམ་པར་བཅིངས། །སྡུག་བསྔལ་ཀུན་འབྱུང་ལམ་དང་འགོག །བདེན་པ་བཞི་ལ་རྨོངས་བདག་ཉིད། །སྲིད་པའི་སྐྱེ་གནས་བཞི་མཚམས་སྦྱོར། །ཨེ་ཝཾ་ཡི་གེ་བཞི་པ་ཉིད། །དེ་བཞིན་ཡ་ཀྵེ་མ་མེ་བཞི། །མཐར་བྱེད་ཆེན་པོ་བཞི་པོ་ཉིད། །དེ་བཞིན་ཛ་ས་དོ་རུ་བཞི། །སྤྱན་དང་མཱ་མ་གོས་དཀར་སྒྲོལ། །ཙ་རྩི་ཀ་སོགས་རྣམ་པ་སྟེ། །དགའ་བ་བཞི་དང་སྐད་ཅིག་བཞི། །རྒྱུ་མཐུན་རྣམ་སྨིན་འབྲས་བུ་ཅན། །དྲི་མ་མེད་པའི་འབྲས་བུ་བཞི། །དམ་ཚིག་ལས་ཆོས་ཕྱག་རྒྱ་ཆེ། །ཕྱག་རྒྱ་བཞི་ཡིས་


JLD011_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གདབ་པོ། །རིགས་བཞི་ཡེ་ཤེས་བཞི་ཡི་དངོས། །སྐུ་བཞིའི་བདག་ཉིད་ཡེ་ཤེས་སྐུ། །རྡོ་རྗེ་འཛིན་པར་བདག་ཉིད་འགྱུར། ཞེས་དང་། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །བླ་མའི་ཐུགས་སུ་ཤེས་བྱ་སྟེ། །མི་ཕྱེད་བརྟན་པས་གུས་པ་ཡིས། །བལྟོས་པ་མེད་པའི་བསྙེན་བཀུར་བྱ། །དེ་ཉིད་ཞལ་གྱི་བཀའ་དྲིན་ལས། །འབད་པས་སྦས་པའི་དེ་ཉིད་བཙལ། ཞེས་གསུངས་སོ།། པཎྜི་ཏ་དརྤ་ན་ཨཱ་ཙརྻའི་དཔལ་གཤིན་རྗེ་གཤེད་ཀྱི་མན་ངག་ལས་འབྱུང་བ་ནི། །ཕྱི་དང་ནང་དང་གཞན་རྣམས་ཀྱི། །དུས་དགྲའི་ཚུལ་འདི་ཤེས་བྱ་སྟེ། །འདི་ལ་དུས་ཞེས་པ་གཤིན་རྗེ་ཡིན་ལ། །དེ་ལ་ཕྱི་ནང་གཞན་གསུམ་ལས། ཕྱིའི་གཤེན་རྗེ་ནི། ལྷོ་ཕྱོགས་ཞེས་པ་ནས། གཤེན་རྗེ་སྟེ། ཞེས་པས་བསྟན་ལ། དེའི་གཤེད་ནི། བརྒྱད་གཉིས་གྲུབ་པ། ཞེས་པ་ནས། འཇམ་པའི་དབྱངས་གང་དེ་ཡི་གཤེད། ལྷར་བཅས་འཇིག་རྟེན་ཀུན་གྱི་སྐྱབས། ཞེས་པས་བསྟན། ནང་གི་གཤིན་རྗེ་ནི། བདུད་དང་། ནས། གཤིན་རྗེ་ཡིན་ལ། ཞེས་པ་བསྟན། སྙིང་རྗེ་ནས། གཤེད་ཡིན་ནོ། ཞེས་པས་དེའི་གཤེད་བསྟན། ཕས་མཚོན་པ་ཀཱ་ལིའི་རླུང་གཡས་རོ་མ་ནས་རྒྱུ་བ་དང་། མས་མཚོན་པ་ཨཱ་ལིའི་རླུང་གཡོན་རྐྱང་མ་ནས་རྒྱུ་བ་ནི་གཤིན་རྗེ་ཡིན་ལ། རོ་རྐྱང་གི་རླུང་དེ་གཉིས་ཀུན་འདར་མ། དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ནི་དེའི་གཤེད་ཡིན་ནོ། །ཉི་མ་རོ་མ་དང་ཟླ་བ་རྐྱང་མའི་ལམ་གཉིས་པོར་ཀུན་རྟོག་གི་


JLD011_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་འཕོ་ཞིང་འགྲོ་བ་གང་ཡིན་པ་གཤིན་རྗེ་ཡིན་ལ། དེ་ཉིད་དབུ་མའི་ནང་དུ་ཞུགས་པའི་ཡེ་ཤེས་དེ་ནི་གཤེད་ཡིན་ནོ། །སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་མདུད་པའི་ནང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་གཉུག་ལུས་དེ་ནི་ཐ་མལ་པ་བླ་མ་དམ་པའི་མན་ངག་དང་མི་ལྡན་པ་རྣམས་ལ། ཉོན་མོངས་བསྐྱེད་པའི་རྟེན་གྱི་ངོ་བོ་དང་སྲིད་པའི་རྩ་བ་གཤིན་རྗེ་ཡིན། རྣལ་འབྱོར་པ་ལ་ཚུལ་དེ་ཉིད་ཡང་དག་པའི་འོད་གསལ་གྱི་ཡེ་ཤེས་དང་ངོ་བོ་གཅིག་ཏུ་གྱུར་པའི་སྒྱུ་མའི་སྐུ་དེ་ནི་དེའི་གཤེད་ཡིན་ནོ། །ཡ་མཱན་གྱི་མའི་ཁོང་གི་ཨཱ་རིང་པོས་གདོད་ནས་སྐྱེ་བ་མེད་པའི་སྟོང་ཉིད་བསྟན་ལ། ཏ་ཀྲིཏ་ཀྱི་ཀའི་ར་ལ་ཞབས་ཀྱུ་གདགས་ལ་ཀ་ལ་ཀླད་ཀོར་བྱས་པས་ཀཾ་རུ་ན་ཞེས་པས་སྙིང་རྗེར་གྱུར་ལ། སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་སྦྱར་བ་དེ་གཤེད་ཡིན་ནོ། །ཀུན་རྟོག་བརྒྱད་ཅུའི་ཚོགས་ཀྱི་རྟེན་དུ་གྱུར་པའི་སྲིད་པའི་ཕུང་པོ་ནི་གཤིན་རྗེ་ཡིན་ལ། སྐུ་གསུང་ཐུགས་ཏེ་སྣང་མཆེད་ཐོབ་གསུམ་རིམ་གྱིས་ཐིམ་པ་ལས་རྡོ་རྗེ་འཛིན་པ་སྒྱུ་མའི་སྐུ་གཤིན་རྗེ་གཤེད་ཀྱི་སྐུར་བཞེངས་པ་ནི་དེའི་གཤེད་ཡིན་ནོ། །ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོའི་རྩ་འཁོར་བཞི་པོ་བདུད་དེ་མདུད་པ་བཞིས་བཅིངས་པ་གཤིན་རྗེ་ཡིན་ལ། རྩ་མདུད་གྲོལ་བའི་ནང་གི་དེ་ཁོ་ན་མཐར་བྱེད་བཞི་སྟེ་དགའ་བ་བཞི་ནི་དེའི་གཤེད་ཡིན་ནོ། །ཡ་སོགས་ཡི་གེ་བཞིས་མཚོན་པའི་ས་ཆུ་མེ་རླུང་གི་རླུང་བཞི་སྟེ་སྙིང་ག་མགྲིན་པ་སྤྱི་བོའི་མདུད་པ་བཅིངས་པ་ནི་མ་དག་ལས་


JLD011_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཤིན་རྗེས་གཟིར་བ་ཡིན་ལ། དེ་ལས་ཀུན་རྟོག་གི་གཡོ་བ་འབྱུང་། དེའི་དབང་གིས་ང་རྒྱལ་ལ་སོགས་པའི་བདུད་བཞི་པོ་རྣམ་པར་བཅིངས་པ་དང་།བདེན་པ་བཞི་ལ་རྨོངས་པའི་བདག་ཉིད། སྲིད་པའི་སྐྱེ་གནས་བཞིར་མཚམས་སྦྱོར་བ་འབྱུང་ངོ་། །སྲོག་སྟེ་རླུང་རོ་རྐྱང་ནས་རྒྱུ་བ་བཀག་པའི་སྦྱོར་བ་ཡིས་དབུ་མའི་ནང་དུ་དག་པས་དཔལ་ལྡན་དུས་ཀྱི་དགྲ་བཞིའི་འཆིང་བ་ལས་གྲོལ་བའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཡེ་ཤེས་དེ་ཉིད་ཨེ་ཝཾ་ཡི་གེ་བཞིས་མཚོན་པ་སོགས་སུ་འགྱུར་རོ།། སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།

རྗེའི་གསུང་སྦྱོར་དྲུག་གི་ཟིན་བྲིས་ཤར་ཁ་བ་རིན་ཆེན་ཆོས་རྒྱལ་གྱིས་གནང་བ་ཞུས་ནས་བཀོད་པ།


JLD011_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གསུང་སྦྱོར་དྲུག་གི་ཟིན་བྲིས་ཤར་ཁ་བ་རིན་ཆེན་ཆོས་རྒྱལ་གྱིས་གནང་བ་ཞུས་ནས་བཀོད་པ་བཞུགས། །


JLD011_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཀཱ་ལ་ཙཀྲ་ཡེ། དཔལ་ལྡན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་ཡིད་གུས་པ་ཆེན་པོས་ཉེ་བར་བཏུད་དེ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལུས་རྣམ་སྣང་གི་ཆོས་དང་ལྡན་པའི་སྨིན་མའི་དབུས་དབུ་མའི་རྩ་ནང་དུ་སེམས་དང་མིག་འབྲས་གཉིས་སྣའི་ཕྱོགས་སུ་ཧྲིལ་བྱས་ལ་ཕྱེད་མིག་གྱེན་དུ་ཕྱོགས་པའི་ལྟ་སྟངས་ཀྱི་རྩེ་གཉིས་དབུ་མའི་ནང་དུ་འཕྲད་པ་སྒོམ་པ་ཡིན་པས་རྩ་འཁོར་ནས་ཐད་དཀར་སོར་བཞི་ན་ཡོད་ན་མི་འགལ་ལོ། །དེ་ལྟར་མཚན་མོ་དང་ཉིན་མོའི་རྣལ་འབྱོར་གཉིས་བསྒོམས་པས་རྟགས་བཅུ་གོ་རིམས་ངེས་ཅན་དུ་རྫོགས་པ་སྟེ། བསམ་གཏན་གྱི་ཡན་ལག་ལྔའི་སྒོ་ནས་བརྟན་པར་བྱེད་དགོས་སོ། །དེ་ལྟར་་ཡིན་ཡང་


JLD011_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་གོ་རིམས་ངེས་པའི་སྒོམ་པ་མིན་པས། རྟགས་བཅུ་གོ་རིམས་ངེས་པ་ཅན་རྫོགས་པར་འཆར་བ། གསལ་བ། སྲ་བ། རང་གི་ལུས་ལ་འོད་ཀོར་གྱིས་འཁོར་བ་སོགས་འབྱུང་ཡང་། རྟགས་བཅུ་གཅིག་པ། དུས་ཀྱི་རྩ་ལ་མཐོང་བ་ཅུང་དཀའ་ལ། དེ་མཐོང་བར་བྱེད་པ་དང་། ཁྱད་པར་གསུང་འདུས་སོགས་སུ། གཉིད་ཀྱི་འོད་གསལ་རླུང་སྟོབས་ཀྱིས་ཟིན་པས་བླ་མའི་མན་ངག་གིས་ལུས་ཀྱི་ནང་རྩ་འཁོར་གྱི་དབུས་ནས་ཕྱི་རོལ་ཏུ་ལོགས་སུ་མཚོན་བྱེད་ཀྱི་སྒྱུ་ལུས་སུ་ལྡང་ནུས་པ་ཡོད་པ་བཞིན་དུ། འདིར་ཡང་། དགའ་བཞིའི་མཐར་ལུས་ཀྱི་ནང་རྩ་འཁོར་གྱི་དབུས་དེ་ཉིད་དུ་རྗེས་དྲན་རྗེས་མཐུན་པར་ལྡང་བ་ཡོད་ལ། དེའི་རྒྱུར་ད་ལྟར་གྱི་སྟོང་གཟུགས་རྣམས་ལ་རང་གི་


JLD011_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་དབང་ཐོབ་ནས་འདུན་པ་ཙམ་གྱིས་རྗེས་སུ་བྱེད་པ་སྒྲུབ་པ་ཡིན་ནོ། །དེ་དག་ནི་སྣོད་བཅུད་རྣམས་མཐའ་ནས་རིམ་གྱིས་བསྡུས་ཏེ་རྣལ་འབྱོར་པ་རང་གི་ལུས་ཀྱི་ནང་དུ་འཇུག་པ་དང་། སྨིན་མའི་དབུས་དབུ་མའི་རྩ་འཁོར་གྱི་དབུས་སུ་བསྡུས་ལ་སྔར་བཤད་པའི་སེམས་དང་། ལྟ་སྟངས་དང་གསུམ་གཅིག་ཏུ་བྱས་ནས་དམིགས་རྣམ་སྐྱོང་པ་དང་། རེས་འགའ་སྟོང་གཟུགས་རྣམས་ལ་སྒོས་སུ་དེ་ལྟར་བྱ་བའོ། །རྟགས་ཀྱི་སྟོང་གཟུགས་དབུ་མའི་རྩ་འཁོར་གྱི་ཐད་ནམ་མཁར་འདུག་པ་རྣམས་ཀྱི་ནང་ནས་གང་འདོད་པ་ཞིག་རྩ་འཁོར་གྱི་དབུས་སུ་འདུག་པར་བསྒོམས་ལ་བཟུང་ནས་སྔར་ལྟར་བསྐྱངས་པས་གང་བཟུང་བ་དེ་མ་གཏོགས་གཞན་ཀུན་དག་ནས་འགྲོའོ། །བསམ་གཏན་གྱིས་བརྟན་པར་བྱེད་པ་ལའང་། ཡན་ལག་ལྔའི་སྟེང་དུ་འདི་མཛད་དོ། །རྡོར་བཟླས་སོགས་སྲོག་ཐུར་གང་རུང་རེ་རེ་ལ་དམིགས་པ་དང་བུམ་པ་ཅན་སོགས་གཉིས་ཀ་ལ་དམིགས་པའི་སྲོག་ཐུར་དབུ་མར་བསྲེག་པ་སྲོག་རྩོལ་དང་། སྲོག་ཐར་འདྲེས་པ་རྩ་འཁོར་ལོ་དྲུག་གི་ལྟེ་བར་སེམས་རྟེན་གྱི་ཐིག་ལེ་ངང་གཅིག་ཏུ་བྱས་དམིགས་པས་འཛིན་པ་ནི་འཛིན་པའོ། །དེ་ལྟ་ན། གཏུམ་མོ་འབར་ཀྱང་སླ་ལ་གེགས་མེད་པས་འཛིན་པ་འདི་མཛད་དོ། །རླུང་དབུ་མར་ཞུགས་པའི་རྟགས་སྣ་བུག་གི་སྒོར་ངེས་ཅན་མཉམ་པོར་གྱུར་པ་ན་སྲོག་ཐུར་སོགས་རང་གི་རླུང་ཀུན་གཅིག་ཏུ་བསྡུས་པ་


JLD011_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

བོང་ཚོད་སྲན་མའམ། ཡུངས་ཀར་གྱི་ཚོད་དམ། ཁ་དོག་སྔོ་ལ་དམར་བའི་མདངས་ཅན་ལྟེ་བའི་རྩ་འཁོར་གྱི་དབུས་སུ་བཞག་ལ་སེམས་བཅུག །འགྲོ་འོང་བཀག་ནས་མི་བདེ་བ་མེད་ཙམ་དུ་གཡོ་མེད་དུ་གཟུང་བར་བྱའོ། །འདི་ལ་གནས་ཆ་རྙེད་ན་གོ་རིམས་ངེས་པའི་འཛིན་པ་ལྟ་བུ་ཁམས་གསུམ་པའི་སྟོང་གཟུགས་མི་འཆར་ཡང་། སོར་བསམ་གྱིས་གཟུགས་རྙེད་ནས་ཞུགས་པ་ཡིན་པས། སྟོང་གཟུགས་དུ་མ་འཆར་དགོས་ཀྱང་དགོས་ལ་འཆར། དེ་ལྟར་བྱས་ཀྱང་སྲོག་མ་ཆིངས་པའམ། འཛིན་པ་མཐར་ཕྱིན་ཀྱང་དབུ་མ་ནས་གཏུམ་མོ་བསྐུལ་བའི་སྟོབས་ཀྱིས་བྱུང་བའི་ཞུ་བདེ་མཚན་ཉིད་ཚང་བ་མེད་པའི་དབང་པོའི་རིགས་ཡོད་སྟེ། སོ་སོར་སྡུད་པ་ལ་སོགས་པས་སྔགས་པ་རྣམས་ཀྱི་འདོད་པ་ཞེས་པ་ལྷན་སྐྱེས་ཀྱི་བདེ་བ་མཚན་ཉིད་ཚང་བ་མ་གྲུབ་ན་ནོར་བུར་ནཱ་ད་སྒོམ་པ་གསུངས་པས། ལུས་ཀྱི་འདུག་སྟངས་རྐང་པ་གཡོན་པའི་རྟིང་པས་རྡོ་རྗེའི་རྩ་བ་གནོན་པ་གནད། གཡས་པའི་སོར་མོའི་རྩེ་མོ་གཡོན་པའི་པུས་མོའི་འོག་ཏུ་ཆུག་ཙམ་བྱ། ལག་པ་རྡོ་རྗེ་ཁུ་ཚུར་གཡོན་ནང་དུ་འོང་བ་བྱས་ནས་སྙིང་གར་བསྣོལ། ནཱ་ད་རླུང་ཧཱུཾ་གི་སྒྲ་ཅན་བྱ་བ་ལ་བཤད་ཀྱང་། རྡོ་རྗེ་ནོར་བུའི་དབུས་ན་རྩ་དབུ་མའི་མར་སྣ་ཡོད་པས། དེའི་ནང་དུ་ཧཱུཾ་ཡིག་ནས་འབྲུ་ཙམ་མགོ་ཐུར་དུ་བལྟ་བ། རྩེ་མོ་ཕྱིན་ཏུག་ཙམ་ཞིག་དང་། ལྟེ་བ་མན་གྱི་རོ་རྐྱང་དབུ་མ་གསུམ་གསལ་


JLD011_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། མགོ་མདུན་དུ་སྐུར་ཙམ་བྱས་ཏེ། སྣ་ནས་ཧཱུཾ་ཞེས་པ་རླུང་གི་སྒྲ་དྲག་པོ་གཅིག་བྱ་བ་དང་ལྷན་དུ་ནོར་བུའི་ནང་གི་ཧཱུཾ་དེ་རོ་རྐྱང་ལ་དམིགས་པས་ཡེ་མ་ཤོར་བ་བྱས་བསྒྲིམས་ཏེ། རྒྱུ་མ་ཕྱི་ནང་ལོག་པ་ལྟར་ཧྲིལ་བྱས་ལ་མགོ་གྱེན་དུ་བལྟས་པ་དབུ་མའི་ནང་ན་ཡར་འཐེན་ཏེ་ལྟེ་བའི་རྩ་འཁོར་གྱི་དབུས་སུ་སེམས་དང་ལྷན་ཅིག་བཞག །རྐང་སོར་རྣམས་བསྐུམ་བྱ་ཞིང་མིག་གི་ལྟ་སྟངས་སོར་སྡུད་དང་འདྲ་བར་བྱའོ། །འདི་ལ་ལུས་ཀྱི་འདུག་སྟངས་དང་ཧཱུཾ་ཡིག་གི་སྒྲ་དྲག་པོ་བྱ་བ་གཙོ་བོ་ཡིན་པས་ཡུན་རིངས་ན་དྲག་ཏུ་མི་འབྱུང་གསུང་ངོ་། །འདི་དང་ལོངས་སྤྱོད་ཀྱི་རླབས་འཚིར་བའི་བཙན་ཐབས་གཉིས་ཀ་ལ་རླུང་མཉམ་རྒྱུར་སོང་ནས་མ་གཏོགས་མི་ཉན་ནོ། །དེ་ལྟར་བྱས་པས་དབུ་མ་ནས་གཏུམ་མོ་ཚུལ་བཞིན་དུ་སྦར་ཏེ་དགའ་བ་བཞི་པ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་སྟོང་པ་ཉིད་ཀྱི་དོན་ངེས་པར་བྱས་པའི་མཐར་ཕྱག་རྒྱ་ཆེན་མོ་དྲན་པ་ཙམ་གྱིས་ལུས་མ་བརྟགས་པའི་སྟོང་གཟུགས་ཡབ་ཡུམ་དུ་ཤར་བ་ནི་རྗེས་དྲན་ནོ། །སྲོག་འཛིན་གྱི་ཏིང་ངེ་འཛིན་མཚན་ཉིད་ཚང་བ་མ་ཐོབ་ཀྱང་དགའ་བཞི་རིམ་ཅན་དུ་ངེས་པའི་མཐར་སྟོང་གཟུགས་རྗེས་མཐུན་པ་འདོད་ལྷའི་རྣམ་པ་ཅན་དང་། རྡུལ་ཕྲ་རབ་ཀྱི་རྣམ་པ་ཅན་ལ་སོགས་པས་འཁྱུད་དེ་མི་འགྱུར་བའི་བདེ་བ་ཆ་མཐུན་ཙམ་ཞིག་སྟེར་བ་འོང་བས་དེ་དྲན་པས་ལྡང་བ་ལ་ནི་འཛིན་པའི་སྐབས་སུ་སྟོང་གཟུགས་དུ་མ་ཤར་བ་ན་འདིར་རྗེས་དྲན་དུ་ལྡང་


JLD011_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི་འདུན་པ་དྲག་པོ་དང་། བསམ་གཏན་གྱི་སྐབས་སུ་སེམས་ཀྱི་དབང་སྒྱུར་ཐོབ་པར་སྒྲུབ་པ་དེ་ལ་འདི་དག་མཐུན་པ་ཙམ་གྱི་རྗེས་སུ་བྱེད་པ་ཡིན་པས་དགའ་བཞིའི་མཐར་དྲན་པར་བྱས་ལ་ལྡང་སྙམ་པའི་འདུན་པ་དྲག་པོ་བྱ་བའོ། །འཛིན་པའི་སྐབས་སུ་དེ་ལྟར་བྱེད་པའང་གཏུམ་མོ་མ་འབར་གོང་དུ་སེམས་རྟེན་ལ་གནས་ཆ་རྙེད། སྟོང་གཟུགས་ཤར་བའི་དུས་ན་ཡིན་ནོ། །ཡན་ལག་བཞི་པའི་རྗེས་དྲན་མཚན་ཉིད་ཚང་བར་ལྡང་ཐུབ་ཀྱང་ལྷ་མོ་དེས་བདེ་བ་མི་སྟེར་བའི་གང་ཟག་འོང་སྟེ། གཟུགས་རྣམས་ཀྱིས་མགུ་བར་མ་གྱུར་ན་ཞེས་པ། སྟོང་གཟུགས་ཀྱི་མཆོག་མི་འགྱུར་གྱི་བདེ་བ་སྟེར་མ་ཉན་ན་ཞེས་པ་ཡིན་པས། ལས་རྒྱ་དང་སྙོམས་པར་འཇུག་པར་བྱའོ། །འདི་སྲོག་རྩོལ་དུ་འགྲོ་བ་ལ་དོན་འདི་རྣམས་ཚང་དགོས་ཏེ། མཚན་ལྡན་གྱི་ཡུལ་ངོས་བཟུང་། དབང་གིས་སྣོད་རུང་དུ་བྱས་པ། དམ་ཚིག་དང་སྡོམ་པ་དག་པ། སྔགས་དང་རྒྱུད་ཤེས་པ། སྟོང་ཉིད་ལྟ་བ་ཕུ་ཐག་ཆོད་པར་གོ་བ་ལྔ་དགོས་སོ། །ཞེས་འབྱུང་ཡང་། ཡུལ་ནི་རྟོག་ཤེས་པས་བརྟགས་ན་མང་བར་འདུག་གསུང་། དབང་མཚན་ཉིད་ཚང་བ་ཐོབ་པ་དང་། རྩ་ལྟུང་གིས་མ་གོས་པ་ངེས་པར་དགོས་སོ། །བཞི་པ་རྒྱུད་དོན་མཐའ་དག་ཤེས་པ་མ་རྙེད་ཀྱང་། མཁའ་གསང་བྱིན་གྱིས་རློབ་པ་དང་། ལྷའི་རྣལ་འབྱོར་ལ་བྱང་བ། དགའ་བཞི་བསྐྱེད་པའི་ས་ཚིགས་ལ་མཁས་ཤིང་། དམིགས་ཕྱེད་


JLD011_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་མཐའ་དགོས། ཡབ་ཡུམ་གཉིས་ཀའི་དབུ་མའི་མར་སྣའི་རྩ་འཚོལ་བ་དང་། སྤྲོད་འཆིང་ལ་མཁས་པ་འདི་གཙོ་བོ་ཡིན་ནོ། །སྐྱེ་གནས་ཨ་ལས་པདྨར་བསྐྱེད་པ་དེའི་དབུས་ན། དྷཱུཾ་ཏཱི་ཧཱུཾ་ལས་རྡོ་རྗེར་བསྐྱེད་པ་དེ། སོར་མོས་དྲུད་པས་རྙེད་པ་དང་། སད་ནུས་ཀྱང་། ཁུ་རྡུལ་སོགས་ཀྱི་དྲི་མས་ཁ་འབྱར་ཡོད་པ་དེ་ལྕེ་རྩེ་ལ་ཧྲི་བཀོད་དེ། ཆོས་འབྱུང་དུ་བཅུག་ནས་དྲུང་པས་སད་དེ། ལས་སུ་རུང་ནས་ཁབ་ལ་རེག་པ་ལྟར་ལྕེ་རྩེ་ལ་ཧྲད་དེ་མ་བྱུང་གི་བར་ལ་མྱུལ་ལོ། །དེ་ལྟར་སད་ན། ཡབ་ཀྱི་རྡོ་རྗེ་ལས་སུ་རུང་བས་ཡུམ་གྱི་པདྨ་འབྱེད་ནུས་པ་ལྟར། རྡོ་རྗེའི་དབུས་ན་ཨ་ལས་པདྨར་བསྐྱེད་པའང་ཡུམ་གྱི་ངེས་འབྱེད་ནུས་ཏེ། འདི་ནི་ཆོས་ཉིད་དོ། །དེ་ལྟར་གྱུར་པ་དང་། ཕན་ཚུན་བཅུག་ལ་ནོར་བུའི་དབུས་ཞེས་པ་མགྲིན་པ་མགོ་སྒྱེར་གྱི་མཚམས་ན་རྩ་འཁོར་ཡོད་པས་དེར་ཡུམ་གྱི་རྩས་སླེབ་པ་ངེས་པར་དགོས་ཏེ་རིགས་བརྟག་པའི་ཚེ་ཆོས་འབྱུང་གི་ནང་རྩ་ཕྲ་འང་རིང་པོ་འབྲིང་དུ་གསུངས་པའང་དེ་ཡིན་ནོ། །ལྔ་པ་ནི། དེ་དུས་ཡིད་ཤེས་བདེ་བ་ཆེན་པོའི་ངོ་བོར་སྐྱེས་ཡོད་པས་དོན་དྲན་པ་ཙམ་གྱིས་བདེ་སྟོང་སྦྱོར་ནུས་སོ། །དྲན་རྒྱུའི་ལྟ་བ་ནི་གཅིག་དང་དུ་བྲལ་སོགས་གཏན་ཚིགས་གང་རུང་ཞིག་གིས་ལེགས་པར་གཏན་ལ་འབེབས་ནུས་པ་ཞིག་དགོས་སོ། །དེ་ལྟར་ཡིན་ན་ལག་ཏུ་བླང་དུ་ཡོད་དོ། །འདི་རྗེས་དྲན་སྒྲུབ་བྱེད་དུ་གསུངས་པས་དེ་ལྟར་ཡང་ཤེས་དགོས་སོ། །གོང་དུ་བཤད་པའི་སྟོང་གཟུགས་


JLD011_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱག་ཆེན་དང་སྙོམས་པར་ཞུགས་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཉམས་སུ་མྱོང་བ་ནི་ཡན་ལག་དྲུག་པའི་ཏིང་ངེ་འཛིན་ཡིན་ནོ། །བདེ་བ་དེ་རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག་པས་བདེ་བ་སྟེར་བ་ནི་སྟོང་ཕྱོགས་ཀྱི་ཕྱག་རྒྱ་ཆེན་མོ་དྲིལ་བུ་ཞབས་ཀྱིས་ལྷན་སྐྱེས་ཀྱི་གཏུམ་མོར་བཤད་པའང་འདི་ཉིད་དོ། །འདི་གཉིས་སྤེལ་མར་ཉམས་སུ་བླངས་པས་འབྲས་བུ་མྱུར་དུ་འཐོབ་ཅེས་གསུངས་སོ། །གཞན་ཡང་འདི་ལྟར་ས་ར་ཧས། ཁྱིམ་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང་། བདེ་ཆེན་གནད་ནི་ཡོངས་སུ་ཤེས་པ་མེད། ཅེས་གསུངས་སོ། །རྒྱུད་སྡེ་སོ་སོར་འབྱུང་བ་རྣམས་ཚིག་མི་མཐུན་ཡང་། དོན་ལག་རྗེས། རླུང་གཉིས་དྷཱུ་ཏཱིར་ཐིམ་པའི་འབྲས་བུ་དགའ་བ་བཞི་འདྲེན་ལ། ངེས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ངེས་ནས་བསྒོམས་པའི་ལྷན་སྐྱེས་དང་། འོད་གསལ་གྱི་རྒྱུན་སྐྱོང་བ་ལམ་གྱི་སྙིང་པོར་མཛད་པ་ཞིག་ཤེས་ན། གདམས་ངག་གི་འགག་མི་འཕྱུགས་པའི་གཟེར་ཐེབས། རྒྱུད་ཀྱི་དོན་ལ་མི་འཇིགས་པའི་སྤོབས་པ་ཐོབ། ཚུལ་དེ་ལ་དགོངས་ནས། ས་ར་ཧས། ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང་། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེང་། །ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པའི་འཇིག་རྟེན་མགོ་བོར་རྡོག་པས་མནན་ནས་སོང་། །གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང་། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་བ། །མི་


JLD011_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དག་གནས་དེར་སེམས་ནི་དབུགས་ཕྱུངས་ཤིག །མདའ་བསྣུན་གྱིས་ནི་མན་ངག་ཐམས་ཅད་བསྟན་ནས་སོང་། ཞེས་རྨོངས་པ་རྩད་ནས་གཅོད་པ་གདམས་ངག་ཐམས་ཅད་ཀྱི་གནད་བསྡུས་པར་གསུངས་སོ། །འདི་ལྟར་མཚན་ཉིད་ཚང་བ་ལ་ནི། མན་སྙེ་ལས། ཤེས་རབ་དང་བཅས་པའི་ཐབས་དགེ་སྙོམས་པར་འཇུག་པ་ན། ལ་ལ་ན་དང་། ར་ས་ནའི་རླུང་དག་དྷཱུ་ཏཱིར་འཇུག་པ་ན་གཏུམ་མོ་འབར་རོ། །དེའང་ཕུང་པོ་ལ་སོགས་པ་བསྲེག་ཅིང་། ཟླ་བ་འཇུ་བར་བྱེད་དོ། །ཞེས་དེ་དང་སྦྱར་བས་བྱང་སེམས་འཇུ་བར་བཤད་ལ། དེ་བཞིན་གཤེགས་པའི་རྡོ་རྗེས། དེའི་ཚེ་སྣ་བུག་གཉིས་ཀྱི་རླུང་རྒྱུ་བ་ལྡོག་པར་བཤད་པས་དྷཱུ་ཏཱིར་ཐིམ་པ་ཡིན་ནོ། །དེ་ནི་ཕྱིའི་སྲོག་རྩོལ་ལོ། །ཏི་ལོ་པས། གཟུགས་སྒྲ་དྲི་རོའི་འདོད་ཡོན་ལ། །སེམས་ལ་ཞེན་པ་བྱུང་བའི་ཚེ། །སྦྲང་མ་རྩི་ལ་སྦྱར་དང་མཚུངས། །ཞེན་པ་ཐོང་ཞིག་ནཱ་རོ་པ། ཞེས་སྤྱིར་གསུངས་པ་ལྟར་ཡིན་ལ། ཁྱད་པར་རིག་མའི་འདོད་ཡོན་ལ་མ་ཞེན་ཞིང་། དོན་དམ་པའི་ཡུལ་ལ་ཆགས་པས་སེམས་འཕྲོག་པ་དང་། ཕྱི་ནང་གི་རྟེན་འབྲེལ་ཀུན་སྒྱུ་མར་ཤེས་པ་ཤིན་ཏུ་གལ་ཆེའོ། །ཞེས་གསུངས་སོ། །གཞན་དུ་ན་ཧེ་རུ་ཀ་མངོན་འབྱུང་ལས་གསུངས་པའི་ཉེས་དམིགས་རྣམས་འབྱུང་ལ། ཁྱེ་ཆེ་ས་ན་ཉེན་ཡང་ཆེ་བ་དང་། བླ་མས་ཞིབ་ཏུ་བསྟན་དགོས་པའང་ཡོད་པས། རྣམ་དཔྱོད་ཅན་གྱིས་ཚིམ་པར་མ་སླ་བར་ཉིན་མཚན་དུ་བརྟག་པར་རིགས་སོ། །ཞེས་ཐེག་པ་བླ་ན་མེད་པའི་


JLD011_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སྲོག །གསང་བ་ལས་ཀྱང་ཆེས་གསང་བའི་མན་ངག་གནད་ཀྱི་ཉིང་ཁུ་འདི་ནི། བླ་མ་རྡོ་རྗེ་འཆང་ཆེན་པོ་དང་མི་གཉིས་པ་དེ་ཉིད་སྒོ་གསུམ་གྱི་སྒོ་ནས་གུས་པས་ཡུན་རིང་དུ་མཉེས་པར་བྱས་ལ། རིན་པོ་ཆེའི་མཎྜལ་དང་བཅས་ཏེ། གསོལ་བ་བཏབ་པ་ལས་དགྱེས་བཞིན་དུ་གནང་བ་ལ། སྔགས་ཀྱི་ཚུལ་ལ་ཉམས་སུ་ལེན་པའི་ཚུལ་གྱིས་ནན་ཏན་ཡུན་རིང་དུ་འགྲུས་པར་བྱས་ལ། ཤར་ཁ་བ་རིན་ཆེན་ཆོས་རྒྱལ་གྱིས་ཡི་གེར་འདྲི་བའི་གནང་བ་མནོས་ནས། རི་བོ་དགེ་ལྡན་གྱི་གཟིམས་ཁང་དུ་བརྗེད་བྱང་དུ་བྱས་སོ། །དཔེ་མི་ལ་མི་སྟོན་པའི་བཀའ་རྒྱས་བཏབ་བོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།