cover

ཇོ་ནང་ཆོས་སྤྱོད་རིན་ཆེན་ཕྲེང་བ།

ཞལ་འདོན།

སྣ་ཚོགས།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དུས་འཁོར་དང་འབྲེལ་བའི་ངག་བྱིན་བརླབ།

དུས་འཁོར་དང་འབྲེལ་བའི་ངག་བྱིན་བརླབ་བདུད་རྩིའི་ཟིལ་བ་ཞེས་བྱ་བ་བཞུགས། ངག་བྱིན་བརླབ་ནི། སྤྱིར་ཡི་དམ་གྱི་ལྷ་སྔགས་དང་། དབྱངས་གསལ། ཡིག་བརྒྱ། དུས་འཁོར་ལྟར་ཁ་དག་པའི་སྔགས། རྟེན་སྙིང་སྔགས་རྣམས་རིམ་པར་བརྗོད་དགོས་པ་ནི། དང་པོར་ཁ་ལ་སོགས་པ་དག་པའི་དོན་དུ་བདུད་རྩིའི་རིལ་བུ་ཁར་བཅུག་ནས་འདི་ལྟར་བརྗོད་པར་བྱ་སྟེ། ཨོཾ་ཧཀྵམལཝརཡ་སྭཱཧཱ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་ངྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་སྭཱཧཱ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾཿ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏཱ། བཛྲ་མཱ་མེ་མུཉྩ། བཛྲ་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿ ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཔྲཛྙཱ་ཨུ་པཱ་ཡ་ཨཱཏ་མ་ཀ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏི། མ་མཱ་ཀ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ། བཛྲ་ཨ་མྲི་ཏ་སྭཱ་བྷཱ་ཝྃ་ཀུ་རུ་ཀུ་རུ་སྐན་དྷ་དྷཱ་ཏུ་ཨཱ་ཡ་ཏ་ནྃ་ནིཿསྭ་བྷཱ་ཝྃ་སྭཱཧཱ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་ཏཱི་མཧཱ་ཤྲ་མ་ཎཿཡེ་སྭཱཧཱ། ཞེས་བརྗོད་ཅིང་གཙུག་ཏོར་དུ་ཝཾ་ལས་བྱུང་བའི་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་རྫོགས་པ་གདོད་ནས་བཞུགས་པ་གསལ་བཏབ་སྟེ། དེས་གཙུག་ཏོར་ནས་རྐང་སེན་གྱི་མཐར་ཐུག་པ་མ་དག་པའི་ལུས་སྦྲུལ་གྱི་ཤུན་པ་ལྟར་ལན་གསུམ་དུ་དོར་བས། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་བདུད་རྩིའི་རང་བཞིན་ཟླ་བ་དྲི་མ་མེད་པ་ལྟར་གདོད་ནས་བཞུགས་པ་མངོན་པར་བསམ། ཞེས་དུས་འཁོར་དང་འབྲེལ་བའི་ངག་བྱིན་བརླབ་བདུད་རྩིའི་ཟིལ་བ་ཞེས་བྱ་བ་འདི་སློབ་བུ་གྲགས་པ་རྡོ་རྗེ་ལ་མཁོ་ཕྱིར། བློ་བཟང་ཆོས་འཕེལ་བས་བསྡེབས་པའོ།། །།

འདོན་པ་འབུམ་འགྱུར་དུ་འགྲོ་བའི་སྔགས་བཞུགས།

ཨོཾ་གྷ་དྷ་ར་བི་དྷ་ར་སྭཱཧཱ། རཏྣ་ཤ་ཁོ་ན་ཏ་ཐཱ་ག་ཏཱ་ཡ། ཨ་པྲ་ཏི་ཧ་ཏ་ཤ་ས་ན་ནཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཛྭ་ལ་ཛྭ་ལ། ཏིཥྛ་ཏིཥྛ་ཕཊ་ཕཊ་སྭཱཧཱ། སྔགས་འདི་ནི་བསྔོ་བ་འཁོར་ལོའི་མདོ་ལས་གསུངས་སོ། །འགྱུར་སྔགས་ནི། ཨོཾ་སམྦྷ་ར་སམྦྷ་ར་བི་མ་ན་ས་ར་མཧཱ་ཛ་ཝ་ཧཱུཾ། ཨོཾ་སྨ་ར་སྨ་ར་བི་མ་ན་སྐ་ར་མཧཱ་ཛ་ཝ་ཧཱུཾ། ལན་བདུན་བརྗོད་ན་དགེ་བ་འབུམ་འགྱུར་དུ་འགྲོ་བར་གསུངས་སོ། །མདོ་སྡེ་བྱེ་བ་ལས། དགེ་སྦྱོར་བསྙེན་སྒྲུབ་གང་བྱེད་ཀྱི་འགོར། ཨོཾ་སམྦྷ་ར་སམྦྷ་ར་མཧཱ་ཛ་བྷྲཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་བདུན་བརྗོད། ཨོཾ་དྷ་རེ་དྷ་རེ་བནྔྷ་རེ་སྭཱཧཱ། ལན་བདུན་བརྗོད་ན་དགེ་བ་གྲངས་མེད་དུ་འགྱུར་གསུངས་སོ། །ཨོཾ་དྷུ་རུ་དྷུ་རུ་ཛ་ཡ་མུ་ཁེ་སྭཱཧཱ། གཟུངས་འདི་སྔ་དྲོ་ལན་བདུན་བཟླས་ན་དེའི་ཉིན་པར་འདོན་པར་བྱས་ཚད་བྱེ་བ་དུང་ཕྱུར་དུ་འགྱུར་འགྲོ་བར་ཡོངས་སུ་བསྔོ་བ་དང་། འཁོར་ལོའི་མདོ་དང་། དུས་འཁོར་རྩ་རྒྱུད་སོགས་ནས་གསུངས་སོ། །ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུཾ། ལན་བདུན་བརྗོད་ནས་ཕྲེང་བ་ལ་བཏབ་ན་ཕྲེང་བ་དེ་བགྲང་བའི་བཟླས་པ་འབུམ་འགྱུར་དུ་འགྲོ་བར་གསུངས་སོ།། །།

དཀོན་མཆོག་རྗེས་དྲན།

དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་བཞུགས་སོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་ལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་ལྟ་བུའི་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམ་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་སྒྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པའི་ས་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱི་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོར་རང་གི་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་། འདུས་པ་དང་ལྡན་པ། བརྟེན་པ་ཡོད་པ་རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་བོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པས། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག། །།
༈ རང་བཞིན་གཤིས་ལུགས་དེ་བཞིན་ཉིད་ཀྱི་ཁམས། །ནང་དབྱིངས་ཆོས་སྐུའི་རྩལ་དུ་ཡེ་ནས་རྫོགས། །མ་ལུས་ཞིང་དུ་སྤྲུལ་པའི་སྤྲིན་སྤྲོ་བ། །ཤཱཀྱ་སེང་གེ་དེ་ལ་གསོལ་བ་འདེབས། །འདི་ཡང་ཚེ་རིང་རྡོ་རྗེ་ལ་མཁོ་ཕྱིར། མ་ཏིས་སྨྲས་ལྟར་མཆེད་ཀྱིས་བྲིས།།

མཛད་པ་བཅུ་གཉིས་ཀྱི་བསྟོད་པ།

མཛད་པ་བཅུ་གཉིས་ཀྱི་བསྟོད་པ་བཞུགས་སོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེར་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་འདུལ་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་དེ། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བསྟོད་མཚན་མཆོག་གིས། །བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ། །གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །ཨཾ་ག་མ་ག་དྷཱར་ནི་སྒྱུ་རྩལ་བསྟན། །སྐྱེས་བུ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྤྱོད་དང་མཐུན་པར་བྱ་བ་དང་། །ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །བརྩོན་པས་བྱང་ཆུབ་བསྒྲུབ་པར་དགོངས་ནས་ནི། །ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱོད་མཛད་བརྩོན་འགྲུས་མཐར་ཕྱིན་ཏེ། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་དྷཱ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །ཝཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །གཞན་གྱི་རྒོལ་བ་ངན་པ་ཚར་གཅད་ཕྱིར། །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པས། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བའི་ཕྱིར། །རྩྭ་མཆོག་དྲུང་གི་ས་གཞི་གཙང་མ་རུ། །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང་། །མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་འདས། །མཛད་པའི་ཚུལ་ལས་མདོ་ཙམ་བསྟོད་པ་ཡི། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །བདེ་གཤེགས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག །སྟོན་པ་བཅོམ་ལྡན་འདས་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་འདི། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །
༄། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །དང་པོར་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། །ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །གཞལ་ཡས་ཁང་དུ་མ་མ་བརྒྱད་ཀྱིས་མཆོད། །ཤཱཀྱའི་དྲུང་དུ་གཞོན་ནུས་རོལ་རྩེད་མཛད། །སེར་སྐྱའི་གནས་སུ་ས་འཚོ་ཁབ་ཏུ་བཞེས། །སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས། །མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། །ནེ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། །མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། །མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། །ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །སློབ་དཔོན་དཔའ་བོས་མཛད་པའོ། །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །སོགས་ནས། གནས་པའི་བཀྲ་ཤིས་ཤོག །
༈ ཐོགས་མེད་དབྱིག་གཉེན་འཕགས་པ་ཀླུ་སྒྲུབ་དང་། །ཨཱརྱ་དཱེ་ཝ་ཕྱོགས་གླང་ཆོས་གྲགས་དང་། །བྲམ་ཟེ་ཡོན་ཏན་འོད་དང་ཤཱཀྱའི་འོད། །འཛམ་གླིང་རྒྱན་མཆོག་རྣམས་ལ་གསོལ་བ་འདེབས། །

བར་ཆད་ལམ་སེལ་ཉུང་བསྡུས།

བར་ཆད་ལམ་སེལ་ཉུང་བསྡུས་བཞུགས་སོ། །ཆོས་སྐུ་དོན་དམ་དབྱིངས་ལས་ཉེར་བཞེངས་པ། །ཀུན་རྫོབ་གཞན་ངོར་རླབས་ཆེན་འགྲོ་མགོན་རྗེ། །རིགས་ལྡན་སྤྲུལ་སྐུ་ཡབ་སྲས་བརྒྱུད་འཛིན་ཚོགས། །དགོངས་ཆེན་ཀློང་ནས་གཟིགས་རྒྱ་བསྐྱེད་དུ་གསོལ། །དུས་གསུམ་སངས་རྒྱས་རྟོན་པ་བཞི་ལྡན་ཆེ། །ཐུགས་སྲས་ཀུན་སྤངས་ཆེན་པོ་ཆོས་གྲགས་དཔལ། །གང་རྣམ་གཉིས་ལ་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ཇོ་ནང་ལོ་ཙཱ་བློ་གྲོས་དཔལ་གྱི་མཚན། །མ་ཏི་པཎ་ཆེན་རྒྱལ་མཚན་དཔལ་བཟང་པོ། །གང་རྣམ་གཉིས་ལ་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ཀུན་མཁྱེན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། །འབྲི་གུང་ལོ་ཙཱ་མ་ཎི་ཀ་ཤྲཱི་མཚན། །གང་རྣམ་གཉིས་ལ་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་ཆེ། །རྒྱལ་སྲས་རིན་ཚུལ་མཛད་པ་ཟླ་བྲལ་བ། །གང་རྣམ་གཉིས་ལ་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ཞང་སྟོན་རྒྱ་བོ་བསོད་ནམས་གྲགས་པའི་མཚན། །གྷ་རུང་ལྷ་ཡི་རྒྱལ་མཚན་མཁས་པའི་ཕུལ། །གང་རྣམ་གཉིས་ལ་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ཉ་དབོན་ཀུན་དགའ་དཔལ་བཟང་རིགས་པའི་གཏེར། །ཕུན་ཚོགས་དཔལ་བཟང་འགྲོ་བའི་འདྲེན་པ་རྗེ། །གང་རྣམ་གཉིས་ལ་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ཐང་བོ་ཆེ་བ་ཀུན་དགའ་འབུམ་ཞེས་མཚན། །ཐང་ཆུང་བློ་གྲོས་དཔལ་གྱི་གྲགས་སྙན་ཅན། །གང་རྣམ་གཉིས་ལ་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ཡབ་སྲས་དེ་དག་རྣམས་ཀྱི་ཐུགས་སློབ་མཆོག །མཚལ་མིན་བསོད་ནམས་བཟང་པོ་སྐྱེ་དགུའི་མགོན། །གང་ཉིད་ལའང་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ངེས་དོན་བསྟན་པའི་རྩ་ལག་གང་དག་གི །བརྒྱུད་འཛིན་ཆེན་པོ་རྗེ་བཙུན་སྒྲོལ་བའི་མགོན། །གང་ཉིད་ལའང་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །གཞན་ཡང་ངེས་དོན་སྒྲུབ་བརྒྱུད་འཛིན་པའི་བཤེས། །ཇོ་ནང་རང་ལུགས་འཛིན་པའི་སྐྱེས་ཆེན་ཚོགས། །དེ་དག་ཀུན་ལ་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ངེས་དོན་ལུགས་བཟང་འཛིན་སྐྱོང་སྤེལ་བ་ཡི། །ཇོ་ནང་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི། །རྣམ་པར་འཕྲུལ་ཆེན་ཡི་དམ་རབ་འབྱམས་དང་། །མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་མ་ལུས་པ། །གང་འདུལ་མཛད་བཟང་བསམ་མི་ཁྱབ་པ་ཅན། །དེ་རྣམས་ཀུན་ལ་སྙིང་ནས་རེ་ལྟོས་འཆའ། །སྐྱབས་འོག་སྒྲུབ་པོའི་རེ་འབྲས་ཡོད་དོ་ཅོག །གང་ལ་གེགས་བྲལ་ཕ་མཐར་ཕྱིན་གྱུར་ཅིག །ཅེས་པའི་བར་ཆད་ལམ་སེལ་ཉུང་བསྡུས་འདི་ཡང་བླ་མ་ཐུགས་རྗེ་དཔལ་གྱི་དགོངས་བཞེད་བཞིན། མ་ཏིས་སྦྱར་བ་དགེ། །།པར་འདིས་བསྟན་འགྲོར་ལེགས་ཕན་ཤོག །

རྗེ་བཙུན་སྒྲོལ་མའི་སྒོ་ནས་བར་ཆད་ལམ་སེལ་འདོད་དོན་ལེགས་སྩོལ།

རྗེ་བཙུན་སྒྲོལ་མའི་སྒོ་ནས་བར་ཆད་ལམ་སེལ་འདོད་དོན་ལེགས་སྩོལ་ཅེས་བྱ་བ་བཞུགས་སོ། །ཨོཾ་ན་མོ་ཏཱ་རེ་ཡ། རྒྱལ་ཀུན་ཆོས་དབྱིངས་ཡེ་ཤེས་གཉུག་མའི་ཁམས། །བྱ་གྲུབ་འཕྲིན་ལས་རོལ་བ་ཅིར་ཡང་འཛིན། །མ་ལུས་འཇིགས་སྐྱོབས་རྗེ་བཙུན་མྱུར་མའི་ལྷ། །སྙིང་ནས་རེ་འོ་ཐུགས་རྗེའི་བརྩེ་བས་དགོངས། །འོད་གསལ་གནས་ལུགས་འཁོར་འདས་གཤིས་རང་བཞིན། །འཕགས་མའི་ངེས་པ་དོན་གྱི་ཆོས་སྐུ་ཆེ། །ནམ་ཡང་མི་འགྱུར་སྲོག་གི་དྭངས་མར་བཞུགས། །ཕུན་ཚོགས་ལེགས་དགེ་ཀུན་གྱི་གཞིར་གྱུར་དེས། །བདག་ཅག་ཆོས་ལྡན་བྱ་བ་གང་གི་སྐབས། །མཐུན་རྐྱེན་ཀུན་འགྲིགས་བར་ཆད་མཐའ་དག་ཞི། །བསམ་དོན་ཆོས་བཞིན་གེགས་མེད་ཡོངས་འགྲུབ་སྟེ། །གང་བརྩམ་དེ་དག་ཕ་མཐར་ལེགས་ཕྱིན་མཛོད། །འཕགས་མའི་སྒྱུ་འཕྲུལ་དྲྭ་བའི་སྐུ་བཟང་མཆོག །རང་བཞིན་མཁའ་མཉམ་རྣམ་སྤྲུལ་ཟད་མེད་པ། །གདུལ་བྱའི་ཁམས་དབང་བཞིན་དུ་དེར་ངོམ་ཞིང་། །གནས་སྐབས་མཐར་ཐུག་ཕན་བདེ་ལེགས་སྩོལ་བས། །བདག་ཅག་ཆོས་ལྡན་བྱ་བ་གང་གི་སྐབས། །མཐུན་རྐྱེན་ཀུན་འགྲིགས་བར་ཆད་མཐའ་དག་ཞི། །བསམ་དོན་ཆོས་བཞིན་གེགས་མེད་ཡོངས་འགྲུབ་སྟེ། །གང་བརྩམ་དེ་དག་ཕ་མཐར་ལེགས་ཕྱིན་མཛོད། །ཏཱ་རེ་འཕགས་མའི་ཞལ་བཟང་གསར་བ་བཞད། །མཛེས་འཛུམ་ལྗང་གསལ་འོད་བཟང་འབུམ་སྤྲོ་བ། །སྒྲུབ་ལ་བརྩེ་གཟིགས་ནམ་ཡང་མི་འདོར་ཞིང་། །རེ་བ་གང་བྱའི་དོན་ལ་གཡེལ་མེད་པས། །བདག་ཅག་ཆོས་ལྡན་བྱ་བ་གང་གི་སྐབས། །མཐུན་རྐྱེན་ཀུན་འགྲིགས་བར་ཆད་མཐའ་དག་ཞི། །བསམ་དོན་ཆོས་བཞིན་གེགས་མེད་ཡོངས་འགྲུབ་སྟེ། །གང་བརྩམ་དེ་དག་ཕ་མཐར་ལེགས་ཕྱིན་མཛོད། །དཔལ་སྡུག་ལང་ཚོ་རབ་རྫོགས་མཛེས་མའི་སྐུ། །དཀོན་མཆོག་གསུམ་མཚོན་ཕྱག་རྒྱས་ཨུཏྤལ་བསྣམས། །སྣ་ཚོགས་དར་གོས་རིན་ཆེན་རྒྱན་གྱིས་སྒེག །སྒྲུབ་པོའི་བསམ་དོན་ཆོས་བཞིན་འགྲུབ་བྱེད་ལྷ། །བདག་ཅག་ཆོས་ལྡན་བྱ་བ་གང་གི་སྐབས། །མཐུན་རྐྱེན་ཀུན་འགྲིགས་བར་ཆད་མཐའ་དག་ཞི། །བསམ་དོན་ཆོས་བཞིན་གེགས་མེད་ཡོངས་འགྲུབ་སྟེ། །གང་བརྩམ་དེ་དག་ཕ་མཐར་ལེགས་ཕྱིན་མཛོད། །འཕགས་མའི་གསུང་མཆོག་མཁའ་དབྱིངས་ཡོངས་ཁྱབ་པ། །གཉུག་ཁམས་གཤིས་ལས་གང་འདུལ་ཆོས་སྒྲ་སྒྲོགས། །གདུལ་ཞིང་གང་གྱུར་བྱང་ཆུབ་ལམ་ལ་འགོད། །གསུང་གི་མཛད་སྒོ་བསམ་མི་ཁྱབ་པ་ཅན། །བདག་ཅག་ཆོས་ལྡན་བྱ་བ་གང་གི་སྐབས། །མཐུན་རྐྱེན་ཀུན་འགྲིགས་བར་ཆད་མཐའ་དག་ཞི། །བསམ་དོན་ཆོས་བཞིན་གེགས་མེད་ཡོངས་འགྲུབ་སྟེ། །གང་བརྩམ་དེ་དག་ཕ་མཐར་ལེགས་ཕྱིན་མཛོད། །དོན་དམ་ལྷ་མོའི་མི་རྟོག་ཡེ་ཤེས་ཐུགས། །སངས་རྒྱས་ཀུན་གྱི་ཆོས་སྐུ་ཉག་གཅིག་ཆེ། །རྩ་གསུམ་རྒྱལ་བ་རྒྱ་མཚོ་སྤྲོ་བའི་གཞི། །མཛད་པ་རླབས་ཆེན་ཟླ་དང་བྲལ་བའི་མ། །བདག་ཅག་ཆོས་ལྡན་བྱ་བ་གང་གི་སྐབས། །མཐུན་རྐྱེན་ཀུན་འགྲིགས་བར་ཆད་མཐའ་དག་ཞི། །བསམ་དོན་ཆོས་བཞིན་གེགས་མེད་ཡོངས་འགྲུབ་སྟེ། །གང་བརྩམ་དེ་དག་ཕ་མཐར་ལེགས་ཕྱིན་མཛོད། །གསང་གསུམ་ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །གང་ལ་གང་འདུལ་གཟུགས་ཀྱིས་འགྲོ་ཁམས་འདུལ། །སྲིད་མེད་སྲིད་པར་སྤྲུལ་བསྒྱུར་སྣ་ཚོགས་མཁན། །རིས་སུ་ཆད་མིན་ཆོ་འཕྲུལ་མངའ་བ་མོ། །བདག་ཅག་ཆོས་ལྡན་བྱ་བ་གང་གི་སྐབས། །མཐུན་རྐྱེན་ཀུན་འགྲིགས་བར་ཆད་མཐའ་དག་ཞི། །བསམ་དོན་ཆོས་བཞིན་གེགས་མེད་ཡོངས་འགྲུབ་སྟེ། །གང་བརྩམ་དེ་དག་ཕ་མཐར་ལེགས་ཕྱིན་མཛོད། །རྒྱལ་ཀུན་འཕྲིན་ལས་གཅིག་ཏུ་བཟླུམས་པའི་འཕྲུལ། །འཇིགས་པ་ཀུན་སྒྲོལ་ལེགས་དོན་མཐའ་དག་སྦྱིན། །མྱུར་མ་དཔའ་མོ་མཚན་མཆོག་དོན་ལྡན་མ། །སྙིགས་འགྲོ་མགོན་མེད་རྣམས་ཀྱི་མགོན་གཅིག་པུ། །བདག་ཅག་ཆོས་ལྡན་བྱ་བ་གང་གི་སྐབས། །མཐུན་རྐྱེན་ཀུན་འགྲིགས་བར་ཆད་མཐའ་དག་ཞི། །བསམ་དོན་ཆོས་བཞིན་གེགས་མེད་ཡོངས་འགྲུབ་སྟེ། །གང་བརྩམ་དེ་དག་ཕ་མཐར་ལེགས་ཕྱིན་མཛོད། །བླ་མ་ཀུན་འདུས་སྐྱབས་གཅིག་རིན་པོ་ཆེ། །ཡི་དམ་ཀུན་འདུས་དངོས་གྲུབ་གཏེར་གྱི་བདག །མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་འདུས་པའི་ལྷ། །སྐྱབས་མགོན་ཡོངས་ཀྱི་ངོ་བོ་འཕགས་མ་རྗེ། །བདག་ཅག་ཆོས་ལྡན་བྱ་བ་གང་གི་སྐབས། །མཐུན་རྐྱེན་ཀུན་འགྲིགས་བར་ཆད་མཐའ་དག་ཞི། །བསམ་དོན་ཆོས་བཞིན་གེགས་མེད་ཡོངས་འགྲུབ་སྟེ། །གང་བརྩམ་དེ་དག་ཕ་མཐར་ལེགས་ཕྱིན་མཛོད། །དེ་ལྟར་རྩེ་གཅིག་གུས་པས་རེ་ལྟོས་བྱ། །དེ་ཕྱིར་རླབས་ཆེན་མཛད་འཕྲིན་ལེགས་བསྐྱོད་དེ། །རེ་འབྲས་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །ནམ་དགོས་དུས་སུ་གཡེལ་བ་མེད་མཛོད་ཅིག །ཅེས་རྗེ་བཙུན་སྒྲོལ་མའི་སྒོ་ནས་བར་ཆད་ལམ་སེལ་འདོད་དོན་ལེགས་སྩོལ་ཅེས་བྱ་བ་འདི་ཡང་། དགེ་སློང་རབ་ཏུ་དགའ་བའི་མིང་གིས་ལེགས་བསྐུལ་ལྟར། མ་ཏིས་ཤར་མར་སྤེལ་བ་ཆོས་མཆེད་ཀྱིས་ཡིག་རིས་སུ་བགྱིས་པ་དགེ། །།
༈ བླ་མ་ཡི་དམ་དཀོན་མཆོག་རིན་ཆེན་གསུམ། །སྐྱབས་གནས་ཀུན་དངོས་རྗེ་བཙུན་སྒྲོལ་མ་ལ། །གུས་པས་སྐྱབས་གསོལ་བྱ་བ་གང་བརྩམ་པར། །བར་ཆད་ཡོངས་སེལ་ལེགས་དོན་ཇི་བཞིན་མཛོད། །ཅེས་པ་འདི་མ་ཏིས་སྨྲས་བཞིན་མཆེད་ཀྱིས་བྲིས།།
༈ བསླུ་མེད་མཆོག་གསུམ་ཀུན་དངོས་རྗེ་བཙུན་མ། །མྱུར་མཛད་དཔའ་མོས་འདི་ཕྱིའི་འཇིགས་སྐྱོབས་གསོལ། །བསམ་དོན་གེགས་མེད་ཇི་བཞིན་ཡོངས་འགྲུབ་སྟེ། །ཕྱི་ནང་གསང་བའི་བར་ཆད་མེད་པར་མཛོད། །དངོས་གྲུབ་དཔལ་གྱི་ངོར། མ་ཏིས་སོ། །
༈ དུས་གསུམ་སངས་རྒྱས་ཀུན་གྱི་ཆོས་དབྱིངས་གཤིས། །ཤེས་རབ་ཕ་རོལ་ཕྱིན་མའི་ངོ་བོ་སྟེ། །རྗེ་བཙུན་འཕགས་མར་སྙིང་ནས་རེ་ལྟོས་འཆའ། །བསམ་དོན་ཆོས་བཞིན་བར་ཆད་གེགས་བྲལ་མཛོད། །འདི་ཡང་ཚེ་རིང་རྡོ་རྗེ་ལ་མཁོ་ནས། མ་ཏིས་སྨྲས་པའོ། །
༈ ཉམས་ཆུང་ལུས་འདི་རླུང་ནང་མར་མེ་བཞིན། །ཕྱི་ནང་འགལ་རྐྱེན་མང་པོས་གཙེས་གྱུར་ཀྱང་། །སྔོན་ཆད་སྲོག་དབང་མ་བྲལ་ཁྱོད་ཀྱི་དྲིན། །ད་དུང་ཐུགས་རྗེས་མ་གཏོང་ལྷག་པའི་ལྷ། །དུག་གསུམ་ཉོན་མོངས་བསྐལ་པའི་མེ་ལྟར་འབར། །བདུད་སྡེས་བར་ཆད་བུ་ཡུག་ལྟར་འཚུབ་ཀྱང་། །སྔོན་ཆད་སེར་གཟུགས་མ་བྲལ་ཁྱོད་ཀྱི་དྲིན། །ད་དུང་ཐུགས་རྗེས་མ་གཏོང་ལྷག་པའི་ལྷ། །བྱང་ཆུབ་སྙིང་པོའི་བར་དུ་ཐུགས་རྗེས་ཟུངས། །ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་ངག་དབང་ཚོགས་གཉིས་རྒྱ་མཚོས་སྨྲས་པའོ། །
༈ བླ་མ་ཡི་དམ་མཆོག་གསུམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྐྱབས་གནས་ཀུན་གྱི་འཕྲིན་ལས་མ། །འཕགས་མ་སྒྲོལ་མར་སྙིང་ནས་སྐྱབས་སུ་མཆི། །འདི་ཕྱིའི་འཇིགས་པ་མ་ལུས་བསལ་དུ་གསོལ། །ཅེས་པ་མ་ཏིས་སོ།། ༈ ཏཱ་རེ། རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུས་པ། །མྱུར་མ་དཔའ་མོ་འཇིགས་བརྒྱད་སྐྱོབས་པའི་ལྷ། །སྙིང་ནས་རེ་ལྟོས་བྱའོ་ཐུགས་རྗེས་ཟུངས། །བདག་ཅག་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །འདི་ཡང་ཆོས་རིན་ལ་མཁོ་ནས། མ་ཏིས་སོ།། ༈ འཕྲིན་ལས་རབ་མྱུར་དཔའ་མོ་སྐྱེ་དགུའི་སྐྱབས། །འཇིགས་པ་ཀུན་སེལ་རྒྱལ་ཡུམ་སྒྲོལ་མ་ལ། །སྙིང་ནས་དད་གུས་དང་བཅས་གསོལ་འདེབས་ན། །མི་མཐུན་རབ་ཞི་ལེགས་ཚོགས་དངོས་གྲུབ་སྩོལ། །ཅེས་པ་འདི་ཡང་མ་ཏིས་སོ།། ༈ ཡིད་དད་གུས་རེ་ཡུལ་རྗེ་བཙུན་མ། །དུས་ད་ལྟ་ཅི་ཡོང་ཁྱེད་ཀྱིས་ཤེས། །རང་གཞན་གྱི་དོན་གཉིས་སྒྲུབ་པ་ལ། །ཚབས་ཆེན་གྱི་བར་ཆད་མེད་པར་མཛོད། །ཅེས་པ་མ་ཏིས་སྨྲས་སོ།། ༈ ལྷ་རྗེ་བཙུན་སྒྲོལ་མ་ཐུགས་རྗེ་ཅན། །གནས་གཡུ་ལོ་བཀོད་པའི་ཞིང་ན་བཞུགས། །སེམས་མོས་གུས་དད་པས་གསོལ་བཏབ་ན། །ཐག་རིང་ཐུང་མེད་པར་སྐྱོབས་ངེས་ཡིན། །ཞེས་པ་མ་ཏིས་སྨྲས་སོ།། ༈ ཡིད་གཏིང་ནས་ཆེས་པའི་འཕགས་མ་མཁྱེན། །དུས་དེང་སྐབས་དོན་གཉིས་བྱ་བའི་སྒོ། །གང་ཇི་ལྟར་འགྲུབ་ན་མྱུར་གསལ་མཛོད། །མགོན་ཁྱེད་ལས་རེ་ས་གཞན་མ་མཆིས། །ཞེས་པ་མ་ཏིས་སྨྲས་སོ།། ༈ རླབས་ཆེན་གནས་ལུགས་སྐྱབས་གནས་རྒྱ་མཚོའི་བདག །དོན་དམ་འཕགས་མའི་ཆོས་སྐུ་ཀུན་ཁྱབ་དཔལ། །བསླུ་བ་མེད་པའི་ཐུགས་རྗེའི་མཐུ་སྟོབས་ཀྱིས། །བསམ་དོན་ཆོས་བཞིན་མྱུར་ནས་ལེགས་འགྲུབ་མཛོད། །ཨོཾ་ཏཱ་རེ་ཏཱྃྃཿརྟེན་འབྲེལ་བསླུ་མེད་དུ་སྭཱཧཱ། ཞེས་པ་འབུམ་ཕྲག་ཏུ་བཏོན་ན་བཟང་། འདི་ཡང་མ་ཏིས་སོ།། ༈ ཕུན་ཚོགས་ལེགས་སྒོ་ཀུན་འབྱུང་འདོད་དགུའི་ལྷ། །རྗེ་བཙུན་མྱུར་མ་ཡིད་བཞིན་དབང་གི་བདག །སྙིང་ནས་རེའོ་སྒྲུབ་པོའི་བསམ་པའི་དོན། །ཆོས་མཐུན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་མ་ཏིས་སོ།། ༈ ཆོས་སྐུ་དང་པོའི་སངས་རྒྱས་རྡོ་རྗེ་འཆང་། །རྩ་བརྒྱུད་བླ་མ་ཡི་དམ་རྒྱུད་སྡེ་བཞི། །རིན་ཆེན་རྣམ་གསུམ་མཁའ་འགྲོ་ཆོས་སྐྱོང་གིས། །གང་བསམ་ཆོས་མཐུན་དོན་ཀུན་འགྲུབ་བྱིན་རློབས། །བསམ་ལྷུན་བསྡུས་པ་འདི་ཡང་། མ་ཏིས་སོ།། ༈ ཤེར་ཕྱིན་རང་གཟུགས་རྒྱལ་ཡུམ་འཕགས་མའི་ཐུགས། །རྩ་བའི་བླ་མའི་དགོངས་ཆེན་རོ་མཉམ་པར། །ཐུགས་ཡིད་དབྱེར་མེད་ངང་དུ་གསོལ་བ་འདེབས། །རང་གསལ་གནས་ལུགས་རྗེན་ཆར་མྱུར་མངོན་ཤོག །ཆོས་རིན་གྱི་དོན་དུ་མ་ཏིས་སོ།། ༈ ངོ་མཚར་གཡུ་ལྗོན་གསར་བ། །མཛེས་སྡུག་ཡ་མཚན་རོལ་བ། །ཨ་ཧོ་དགེ་ལེགས་དཔལ་ཡོན། །བསམ་པ་ཆོས་བཞིན་འགྲུབ་མཛོད། །ཅེས་པ་མ་ཏིས་སྨྲས་སོ།། ༈ གཡང་འབོད་ནི། ནོར་གཏེར་ལྷ་མོ་ལོངས་སྤྱོད་དཔལ་མངའ་བ། །སྲིད་ཞིའི་དངོས་གྲུབ་དབྱིག་གི་ཆར་འབེབས་མཁན། །ཁྱོད་ཀྱི་ཐུགས་རྒྱུད་རབ་བསྐུལ་དེང་འདི་རུ། །བསོད་ནམས་གཡང་གི་དགེ་མཚན་ལེགས་བསྐྱིལ་མཛོད། །ཅེས་པའང་མ་ཏིས་སོ།། ༈ བཟློག་པ་ནི། དཔལ་ལྡན་འཕྲིན་ལས་མྱུར་མ་དཔའ་མོ་ཡི། །གསང་ཆེན་ཟླ་བྲལ་སྟོབས་ཆེན་མཐུ་བཟང་གིས། །བདག་ཅག་ལ་འཚེ་ཕྱི་ནང་གསང་བའི་རྐྱེན། །མཐའ་དག་དམིགས་མེད་ཆོས་ཀྱི་དབྱིངས་སུ་བཟློག །ཅེས་པའང་མ་ཏིས་སོ།། །།
༄། །ཀྱེ་མ་སོམས་དང་གྲངས་མེད་བསྐལ་པ་རུ། །རྙེད་དཀའི་དལ་འབྱོར་ལན་གཅིག་ཐོབ་པ་འདི། །རབ་ཏུ་འཇིག་སླ་འཆི་རྐྱེན་བསམ་མི་ཁྱབ། །གཅེས་སྐྱོང་ལུས་འདི་དེ་རིང་ཉིད་འཆི་སྲིད། །མི་དགེ་ལོག་ལྕི་མཚམས་མེད་སྡུག་བསྔལ་རྒྱུ། །འཁོར་བའི་བྱ་བ་ཐམས་ཅད་སྤང་བྱས་ཤིང་། །ཅུང་ཟད་ལོང་ཡོད་དུས་འདིར་ལུས་ངག་ཡིད། །ཐར་བའི་ཕན་ཡོན་བསམས་ནས་ཆོས་བསྒྲུབ་འཚལ། །

སྔོན་འགྲོ་ངག་འདོན་མཁའ་སྤྱོད་བགྲོད་པའི་ཐེམ་སྐས།

ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་དུ་འགྲོ་བའི་ངག་འདོན་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་སོགས་སྤྱི་བོར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཆོས་འཁོར་གསུམ་གྱི་དགོངས་པ་ཇི་བཞིན་མཁྱེན། །རྒྱུད་སྡེ་བཞི་ཡི་དེ་ཉིད་ཐུགས་སུ་ཆུད། །འགྲོ་བ་ཀུན་ལ་མ་ནོར་ལམ་སྟོན་པའི། །ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུས་པ། །ཞི་རྒྱས་དབང་དྲག་ལས་ཀྱིས་མཐའ་འཁོབ་ཏུ། །བསྟན་པ་རིན་ཆེན་ཉིན་མོར་བྱེད་པའི་དཔལ། །དཀའ་བཞིའི་མཚན་ཅན་ཞབས་ལ་གསོལ་བ་འདེབས། །ལུང་རྟོགས་ཡོན་ཏན་རིན་ཆེན་རྒྱན་གྱིས་སྤྲས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་ལ་བཀོད། །རྨད་བྱུང་རྣམ་དཀར་མཛད་པ་བསམ་མི་ཁྱབ། །གྲགས་པའི་མཚན་ཅན་ཞབས་ལ་གསོལ་བ་འདེབས། །གང་གིས་བཤེས་གཉེན་དམ་པ་མང་དུ་བསྟེན། །ཐུབ་པའི་བསྟན་ལ་རབ་བྱུང་ཚུལ་ཁྲིམས་གཙང་། །ཤེས་རབ་དྲི་མེད་གཞན་དོན་ལེགས་བརྩོན་པ། །རྒྱལ་བ་སེང་གེའི་ཞབས་ལ་གསོལ་བ་འདེབས། །རབ་རྒྱས་ཕན་བདེའི་འབྱུང་གནས་རིན་པོ་ཆེ། །འགྲོ་བའི་སྐྱབས་གཅིག་སངས་རྒྱས་ཀུན་གྱི་དངོས། །ཁྱབ་བདག་ངོ་བོ་རྗེ་བཙུན་སྲིད་ཞིའི་མགོན། །ཀུན་དགའ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །ངག་གི་དབང་པོ་འདབ་བརྒྱད་ཁ་ཕྱེ་ནས། །ཀུན་མཁྱེན་དོན་གཉེར་བློ་གསལ་བུང་བའི་ཚོགས། །དགའ་སྟོན་འཕྲིན་ལས་སྦྲང་རྩིས་ཚིམ་མཛད་པ། །འདོད་དགུའི་དཔག་བསམ་ཁྱོད་ལ་གསོལ་བ་འདེབས། །ངག་དབང་རྣམ་པར་རྒྱལ་བ་སྐུ་ཡི་མཆོག །ཡོན་ཏན་འབྱུང་གནས་ཚུལ་ཁྲིམས་རྒྱ་མཚོ་ཆེ། །མང་ཐོས་ནོར་བུའི་ཚོགས་ཀྱིས་ཡོངས་སུ་བརྒྱན། །དགའ་བའི་ཆོས་འཕེལ་མཆོག་ལ་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་འཇམ་པའི་དབྱངས། །མཐའ་ཡས་ཐུགས་རྗེ་དབང་ཕྱུག་སྤྱན་རས་གཟིགས། །ཐུབ་དབང་མཐུ་སྟོབས་གཅིག་བསྡུས་ཀུན་ཏུ་བཟང་། །འཕྲིན་ལས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །གང་ཞིག་དྲན་པས་སྡུག་བསྔལ་ཀུན་སེལ་ཞིང་། །གུས་པས་བསྟེན་ན་བླ་མེད་མཆོག་སྩོལ་བ། །དབང་རྒྱུད་མན་ངག་དོན་སྟོན་ལ་སོགས་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །
༈ ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ གང་ཞིག་ཕུན་ཚོགས་ཀུན་གྱི་གཞི། །བླ་མེད་གོ་འཕང་ཡིད་བཞིན་ནོར། །འགྲོ་བ་ཀུན་ལ་ཉེར་སྩོལ་བ། །བླ་མའི་ཞབས་ལ་གུས་པས་འདུད། །གསོལ་བ་འདེབས་སོ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །རྩ་བ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། །བརྒྱུད་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས། །བརྒྱུད་པའི་བྱིན་རླབས་འཇུག་པར་གསོལ་བ་འདེབས། །བྱིན་རླབས་སྙིང་ལ་འཇུག་པར་བྱིན་གྱིས་རློབས། །སྙིང་གི་མུན་པ་སེལ་བར་བྱིན་གྱིས་རློབས། །བླ་མ་ལ་གསོལ་བ་འདེབས། །ཆོས་རྗེ་ལ་གསོལ་བ་འདེབས། །ཡབ་སྲས་ཚོས་བྱིན་གྱིས་རློབས། །གཞི་བདེ་གཤེགས་སྙིང་པོ་ལ་གསོལ་བ་འདེབས། །ཟབ་ལམ་རྡོ་རྗེ་རྣལ་འབྱོར་ལ་གསོལ་བ་འདེབས། །འབྲས་བུ་བྲལ་འབྲས་ཆོས་སྐུ་ལ་གསོལ་བ་འདེབས། །དམ་པ་དང་པོའི་སངས་རྒྱས་ལ་གསོལ་བ་འདེབས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ལོངས་སྐུ་དུས་ཀྱི་འཁོར་ལོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་གསོལ་བ་འདེབས། །ཆོས་རྒྱལ་སུམ་ཅུ་རྩ་ལྔ་ལ་གསོལ་བ་འདེབས། །གྲུབ་ཆེན་དུས་ཞབས་པ་ཆེན་པོ་ལ་གསོལ་བ་འདེབས། །གྲུབ་ཆེན་དུས་ཞབས་པ་གཉིས་པ་ལ་གསོལ་བ་འདེབས། །རྒྱལ་སྲས་ནཱ་ལེནྡྲ་པ་ལ་གསོལ་བ་འདེབས། །པཎ་ཆེན་ཟླ་བ་མགོན་པོ་ལ་གསོལ་བ་འདེབས། །སྒྲ་བསྒྱུར་འབྲོ་སྟོན་ལོ་ཙཱ་ལ་གསོལ་བ་འདེབས། །བླ་མ་ལྷ་རྗེ་སྒོམ་པ་ལ་གསོལ་བ་འདེབས། །བླ་མ་སྒྲོ་སྟོན་གནམ་བརྩེགས་ལ་གསོལ་བ་འདེབས། །བླ་མ་གྲུབ་ཆེན་ཡུ་མོ་ལ་གསོལ་བ་འདེབས། །སྲས་མཆོག་དྷརྨེ་ཤྭ་ར་ལ་གསོལ་བ་འདེབས། །མཁས་པ་ནམ་མཁའ་འོད་ཟེར་ལ་གསོལ་བ་འདེབས། །མ་ཅིག་སྤྲུལ་སྐུ་ཇོ་འབུམ་ལ་གསོལ་བ་འདེབས། །བླ་མ་གྲུབ་ཐོབ་སེ་ཆེན་ལ་གསོལ་བ་འདེབས། །ཆོས་རྗེ་འཇམ་དབྱངས་གསར་མ་ལ་གསོལ་བ་འདེབས། །ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་གསོལ་བ་འདེབས། །མཚུངས་མེད་ཀུན་སྤངས་ཆོས་རྗེ་ལ་གསོལ་བ་འདེབས། །བྱང་སེམས་རྒྱལ་བ་ཡེ་ཤེས་ལ་གསོལ་བ་འདེབས། །མཁས་བཙུན་ཡོན་ཏན་རྒྱ་མཚོ་ལ་གསོལ་བ་འདེབས། །ཀུན་མཁྱེན་དུས་གསུམ་སངས་རྒྱས་ལ་གསོལ་བ་འདེབས། །ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་ལ་གསོལ་བ་འདེབས། །མཚུངས་མེད་ཉ་དབོན་ཀུན་དགའ་ལ་གསོལ་བ་འདེབས། །གྲུབ་ཆེན་ཀུན་དགའ་བློ་གྲོས་ལ་གསོལ་བ་འདེབས། །འཇམ་དབྱངས་དཀོན་མཆོག་བཟང་པོ་ལ་གསོལ་བ་འདེབས། །འདྲེན་མཆོག་ནམ་མཁའི་མཚན་ཅན་ལ་གསོལ་བ་འདེབས། །པཎ་ཆེན་ནམ་མཁའ་དཔལ་བཟང་ལ་གསོལ་བ་འདེབས། །ལོ་ཆེན་རཏྣ་བྷ་དྲ་ལ་གསོལ་བ་འདེབས། །འཇམ་མགོན་གྲུབ་པའི་དཔའ་བོ་ལ་གསོལ་བ་འདེབས། །དཔལ་ལྡན་ཀུན་དགའ་གྲོལ་མཆོག་ལ་གསོལ་བ་འདེབས། །བློ་གསལ་རྒྱ་མཚོ་བདེ་དགྱེས་ལ་གསོལ་བ་འདེབས། །ཐུགས་སྲས་མཁས་གྲུབ་རྣམ་ཚོ་ལ་གསོལ་བ་འདེབས། །འཇམ་དབྱངས་ཀུན་དགའ་སྙིང་པོ་ལ་གསོལ་བ་འདེབས། །བཀྲ་ཤིས་རྒྱལ་མཚན་དཔལ་བཟང་ལ་གསོལ་བ་འདེབས། །ཁྱབ་བདག་སྒྲོལ་བའི་མགོན་པོ་ལ་གསོལ་བ་འདེབས། །སྔོན་སྦྱངས་རིན་ཆེན་རྒྱ་མཚོ་ལ་གསོལ་བ་འདེབས། །མཁས་གྲུབ་བློ་གྲོས་རྣམ་རྒྱལ་ལ་གསོལ་བ་འདེབས། །གྲུབ་ཆེན་ངག་དབང་འཕྲིན་ལས་ལ་གསོལ་བ་འདེབས། །ངག་དབང་བསྟན་འཛིན་རྣམ་རྒྱལ་ལ་གསོལ་བ་འདེབས། །ངག་དབང་མཁས་བཙུན་དར་རྒྱས་ལ་གསོལ་བ་འདེབས། །ཀུན་བཟང་འཕྲིན་ལས་རྣམ་རྒྱལ་ལ་གསོལ་བ་འདེབས། །ནུས་ལྡན་ལྷུན་གྲུབ་རྒྱ་མཚོ་ལ་གསོལ་བ་འདེབས། །དཀོན་མཆོག་འཇིགས་མེད་རྣམ་རྒྱལ་ལ་གསོལ་བ་འདེབས། །ངག་དབང་ཆོས་འཕེལ་རྒྱ་མཚོ་ལ་གསོལ་བ་འདེབས། །ངག་དབང་ཆོས་ཀྱི་འཕགས་པ་ལ་གསོལ་བ་འདེབས། །ངག་དབང་ཆོས་ཀྱི་རྣལ་འབྱོར་ལ་གསོལ་བ་འདེབས། །མཚམས་པ་སྨོན་ལམ་བཟང་པོ་ལ་གསོལ་བ་འདེབས། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །བླ་མ་ལ་གསོལ་བ་འདེབས། །ཆོས་རྗེ་ལ་གསོལ་བ་འདེབས། །ཡབ་སྲས་ཚོས་བྱིན་གྱིས་རློབས། །གང་ཞིག་དད་པས་བླ་མའི་ཚོགས་རྣམས་ལ། །ཚེ་འདིར་རྟག་ཏུ་གསོལ་བ་འདེབས་བྱས་ན། །བདག་སོགས་རྒྱུད་ལ་བླ་མ་འདི་དག་གི། །ཡེ་ཤེས་སེམས་དཔའི་བྱིན་རླབས་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྦྱོར་བ་ཡན་ལག་དྲུག་གི་གསོལ་འདེབས་ཞེས་སོ།། །།
༄། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། མཆོག་ལ་སྐྱབས་འགྲོ་དང་ནི་སེམས་བསྐྱེད་བྱ། །རྡོར་སེམས་བསྒོམ་སྟེ་སྒྲིབ་སྦྱོང་ཡིག་བརྒྱ་བཟླ། །མཎྜལ་ཆོ་གས་ལུས་དང་ལོངས་སྤྱོད་འབུལ། །བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་གདབ། །བསྐྱེད་པའི་རིམ་པས་ཐ་མལ་རྣམ་རྟོག་སྤངས། །སྒོ་གསུམ་དབེན་པར་གནས་པའི་མི་རྟོག་སྒོམ། །ཞེས་བསྡོམས་སོ། །བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །འདིར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་དུ་འགྲོ་བའི་ངག་འདོན་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་སོགས་ཅི་ནུས་སུ་བྱའོ། །བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ།
གཉིས་པ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །
གསུམ་པ་རྡོར་སེམས་བསྒོམ་བཟླས་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་སྤྱི་བོར་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་བ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུཾ་ལ་ཐིམ། དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ།ལྟེ་བར་ཧོཿ ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾཿ ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། ཅེས་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཟླ་བ་ཞུ་བ་ལྟར་གྱུར་པ་ལས་རང་གི་སྤྱི་གཙུག་ནས་ཐིམ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་ཡེ་ཤེས་རྡོ་རྗེ་རྣམ་པ་དབྱེར་མེད་དུ་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་བརྗོད།
བཞི་པ་མཎྜལ་རྣམས་བྱ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད།།སྐད་ཅིག་ཉིད་ལ་འཆར་བ་གང་།།བླ་མ་རིན་ཆེན་ལྟ་བུའི་སྐུ།།རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་པའམ། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི།།དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་ནས།།མིག་སྐྱོན་མེད་རྣམས་རོལ་བར་བཅས་པས་སྟེང་དུ་ནི།།ལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ།།ཞེས་པས་ཕྱག་བྱ། ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང་། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་ཡང་། །ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། །ཞེས་པའམ། བསྡུ་ན། དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་པའི་སྐྱབས་འགྲོ་བྱ། ངག་ཏུ། ཨོཾ་བཛྲ་བྷུ་མེ་ཨཱཿཧཱུཾ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ཨོཾ་བཛྲ་རེ་ཁཱེ་ཨཱཿཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ། ཧཱུཾ་རིའི་རྒྱལ་བོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། ནུབ་བ་ལང་སྤྱོད། སྒྲ་གཅན། ཉི་མ། ཟླ་བ། དུས་མེ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་ཡང་མ་ཚང་བ་མེད་པ་འདི་ཉིད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་རང་གི་ཚོགས་དང་བཅས་པ་རྣམས་དང་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །གུ་རུ་ཨེ་དཾ་རཏྣ་མཎྜལ་ཀཾ་ནིརྱ་ཏ་ཡཱ་མི།
ལྔ་པ་བླ་མའི་རྣལ་འབྱོར་བསྒོམ་པ་ནི། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ། །སྲིད་དང་ཞི་བའི་ཕུན་ཚོགས་མ་ལུས་པ། །མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་སྟོབས་ལས་བྱུང་། །དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །ཀུན་ཁྱབ་བདེ་ཆེན་དང་པོའི་རྫོགས་སངས་རྒྱས། །འོག་མིན་གནས་སུ་ཆོས་སྐུ་རྡོ་རྗེ་འཆང་། །ལོངས་སྐུ་དུས་འཁོར་སྤྲུལ་སྐུ་ཤཱཀྱའི་ཏོག །བཞི་ལྡན་སྐུ་བཞིའི་ཚོགས་ལ་གསོལ་བ་འདེབས། །རྒྱལ་བའི་རྣམ་འཕྲུལ་ཆོས་རྒྱལ་སུམ་ཅུ་ལྔ། །མཁས་གྲུབ་དམ་པ་དུས་ཞབས་ཆེ་ཆུང་གཉིས། །པཎ་ཆེན་ནཱ་ལེནྡྲ་དང་ཟླ་མགོན་ཞབས། །ཆོས་རྒྱལ་ལོ་པཎ་རྣམས་ལ་གསོལ་བ་འདེབས། །འགྲོ་བའི་སྐྱབས་གནས་སྒོམ་པ་དཀོན་མཆོག་བཟང་། །ཟབ་ལམ་མཐར་ཕྱིན་སྒྲོ་སྟོན་གནམ་ལ་བརྩེགས། །གྲུབ་ཆེན་ཡུ་མོ་ཆོས་ཀྱི་རྭ་ཆེན་ཞབས། །དངོས་གྲུབ་མཆོག་བརྙེས་གསུམ་ལ་གསོལ་བ་འདེབས། །སྤྲུལ་སྐུ་དྷརྨེ་ཤྭ་ར་སྲས་ཀྱི་མཆོག །ཐོས་དོན་མཐར་ཕྱིན་མཁས་པ་ནམ་མཁའ་འོད། །མངོན་ཤེས་རྫུ་འཕྲུལ་ལྡན་པའི་སེ་མོ་ཆེ། །ངོ་མཚར་སྐྱབས་མགོན་གསུམ་ལ་གསོལ་བ་འདེབས། །འགྲོ་བའི་མུན་སེལ་འཇམ་གསར་ཤེས་རབ་འོད། །ཤེས་བྱ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་འཕྲོ། །འགྱུར་མེད་བདེ་ཆེན་མཐར་ཕྱིན་ཀུན་སྤངས་རྗེ། །འདྲེན་མཆོག་མཐར་ཐུག་གསུམ་ལ་གསོལ་བ་འདེབས། །རྒྱལ་བའི་ཡེ་ཤེས་གཅིག་བསྡུས་བྱང་སེམས་ཆེ། །མཁས་བཙུན་བཟང་པོ་ཡོན་ཏན་རྒྱ་མཚོར་འཁྱིལ། །ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ། །མཚུངས་མེད་བླ་མ་གསུམ་ལ་གསོལ་བ་འདེབས། །ཕྱོགས་ལས་རྣམ་རྒྱལ་མི་མཐུན་ཕྱོགས་ལས་རྒྱལ། །ཀུན་ལ་དགའ་སྟེར་དཔལ་གྱི་ཉ་དབོན་མཚན། །མཁྱེན་བརྩེའི་དབང་ཕྱུག་ཀུན་དགའ་བློ་གྲོས་ཞབས། །བསྟན་པའི་སྲོག་ཤིང་གསུམ་ལ་གསོལ་བ་འདེབས། །དཀོན་མཆོག་གསུམ་འདུས་འཕྲིན་ལས་བཟང་པོའི་ཞབས། །ནམ་མཁའི་མཐའ་ཁྱབ་ངེས་དོན་དམ་ཆོས་སྐྱོང་། །མདོ་སྔགས་པཎ་ཆེན་ནམ་མཁའ་དཔལ་བཟང་པོ། །ངོ་མཚར་བླ་མ་གསུམ་ལ་གསོལ་བ་འདེབས། །སྒྲ་བསྒྱུར་མཚན་ཅན་རཏྣ་བྷ་དྲ་དང་། །འགྲོ་ཀུན་དགའ་བའི་བླ་མ་གྲོལ་མཆོག་རྗེ། །སྐྱེ་མེད་དོན་གཟིགས་ལུང་རིགས་རྒྱ་མཚོའི་ཞབས། །གཞན་ཕན་མངོན་གྱུར་གསུམ་ལ་གསོལ་བ་འདེབས། །འགྲོ་ཀུན་ཐར་བར་འདྲེན་མཛད་སྒྲོལ་བའི་མགོན། །ཀུན་དགའ་རིན་ཆེན་ཡོན་ཏན་རྒྱ་མཚོའི་གཏེར། །རིགས་ཀུན་བདག་པོ་མཁས་གྲུབ་རྣམ་པར་རྒྱལ། །བཀའ་དྲིན་མཚུངས་མེད་གསུམ་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་ཐུགས་རྗེའི་འཕྲིན་ལས་བདག །བསྟན་འཛིན་མཆོག་གྱུར་རྣམ་པར་རྒྱལ་བའི་སྡེ། །སྒྲུབ་བརྒྱུད་རྒྱུན་སྤེལ་ཀུན་དགའ་ཆོས་འཕེལ་ཞབས། །གདམས་པའི་མཛོད་འཛིན་གསུམ་ལ་གསོལ་བ་འདེབས། །ཀུན་བཟང་སྤྱོད་པའི་འཕྲིན་ལས་རྣམ་པར་རྒྱལ། །གྲུབ་པའི་རྣམ་རོལ་ཆོས་ཀྱི་དཔལ་འབྱོར་རྗེ། །མན་ངག་མཆོག་སྟེར་རྒྱལ་བའི་མཚན་འཆང་བ། །མཛད་པ་ལྷུན་གྲུབ་གསུམ་ལ་གསོལ་གསོལ་བ་འདེབས། །དཀོན་མཆོག་གསུམ་དངོས་འཇིགས་མེད་རྣམ་རྒྱལ་ཞབས། །སྐྱབས་གནས་ཀུན་འདུས་དྷརྨཱ་ཝརྟིའི་མཚན། །ཐུགས་རྗེའི་གཏེར་ཆེན་རྩ་བའི་བླ་མ་མཆོག །མཐོང་ཐོས་འདྲེན་མཛད་གསུམ་ལ་གསོལ་བ་འདེབས། །ཁ་སྐོང་ཤོ་ལོ་ཀ་གསུམ་པོ་འདི་རྗེ་དྷརྨཱ་ཝརྟིས་མཛད་པའོ།།བསླུ་མེད་གཏན་གྱི་སྐྱབས་མཆོག་ཁྱེད་རྣམས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་དཔག་མེད་འབུལ། །ཐོག་མེད་བསགས་པའི་སྡིག་ལྟུང་སོ་སོར་བཤགས། །འཁོར་འདས་དགེ་བ་ཀུན་ལ་རྗེས་ཡི་རངས། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །བདག་གཞན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་ཝཀཱིནྡྲ་ཀརྨའི་མིང་གིས་སྦྱར་བའོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དེ་བཞིན་དུ་སྦྱར་རོ། །སྐུ་བཞིའི་བདག་ཉིད་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །སྐྱབས་མཆོག་མཚུངས་མེད་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །འདྲེན་མཆོག་མཚུངས་མེད་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཐར་བའི་ལམ་སྟོན་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དངོས་གྲུབ་འབྱུང་གནས་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་རིག་མུན་སེལ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བར་བྱིན་གྱིས་བརླབ་ཏུ་གསོལ། །བདག་རྩེ་གཅིག་གིས་སྒྲུབ་པ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྒྲུབ་པ་ལ་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། །སྒྲུབ་པའི་སྙིང་པོ་ཉམས་སུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོང་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་དབང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་གྱི། །དཔྲལ་བའི་ཨོཾ་ལས་འོད་འཕྲོས་བདག་ཉིད་ཀྱི། །དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སྐུ་ཡི་བྱིན་རླབས་ཞུགས། །མགྲིན་པའི་ཨཱཿལས་འོད་འཕྲོས་བདག་ཉིད་ཀྱི། །མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ་གསུང་གི་བྱིན་རླབས་ཞུགས། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་བདག་ཉིད་ཀྱི། །སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག །ཤེར་དབང་ཐོབ་ཅིང་ཐུགས་ཀྱི་བྱིན་རླབས་ཞུགས། །ལྟེ་བའི་ཧོཿལས་འོད་འཕྲོས་བདག་ཉིད་ཀྱི། །ལྟེ་བར་ཐིམ་པས་ཆགས་རྟོག་བག་ཆགས་དག །བཞི་བའི་དབང་ཐོབ་སྐུ་བཞིའི་ས་བོན་ཐེབས། །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས་པར་གྱུར། །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། །བླ་མ་རང་སེམས་དབྱེར་མེད་ཆོས་སྐུའི་ངང་། །རྩ་བྲལ་ལྷུན་གྲུབ་ཆེན་པོའི་ངང་དུ་བཞག །
དྲུག་པ་བསྐྱེད་རིམ་བསྒོམ་པ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། འབྱུང་བཞི་རི་རབ་པད་ཟླ་ཉི་མ་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོ་དང་། གཡས་པ་དམར་པོ་བསྐྱང་པས་འདོད་ལྷ་དམར་པོའི་སྙིང་གར་མནན་པ། རལ་བའི་ཐོར་གཙུག་དང་ཡིད་བཞིན་གྱི་ནོར་བུ་དང་། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་སོར་རྣམས་ཁ་དོག་ལྔ་པ། སོར་ཚིགས་རྣམས་ཁ་དོག་གསུམ་པ། རྡོ་རྗེ་སེམས་དཔའི་དབུ་ལ་བརྒྱན་ཅིང་། མེ་རི་ཁ་དོག་སྣ་ལྔ་བའི་དབུས་ན་བཞུགས་པ། ཁྲོ་ཆགས་འདྲེས་པའི་ཉམས་ཅན་ནོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང་། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཡབ་དང་སྦྱོར་བ། གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། དབུ་སྐྲ་ཕྱེད་གྲོལ་བའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ གསང་གནས་སུ་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར། ཨོཾ་ཧཀྵམལཝརཡ་སྭཱཧཱ། བཟླས་པ་ཅི་ནུས་སུ་བྱས་པའི་མཐར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་བཞག །དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་སོགས་དང་། གོང་བཞིན་དགེ་བ་བསྔོ། བདུན་པ་སྒོ་གསུམ་དབེན་པར་གནས་པ་བླ་མའི་མན་ངག་ལྟར་བྱའོ། །ཞེས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ངག་འདོན་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་འདི་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་པ་ཡབ་སྲས་ཀྱི་ཕྱག་ལེན་ཇི་ལྟ་བ་སྟེ། གྲུབ་ཐོབ་གོང་མ་རྣམས་ཀྱི་ཡི་གེ་སོ་སོའི་གནད་ཚང་བར་བྱས་ཤིང་གཞུང་འདི་སྒྲོལ་བའི་མགོན་པོས་མཛད་པ་དར་རྒྱས་འཕེལ། །

གསོལ་འདེབས་བདེ་སྟོང་གསལ་བྱེད།

སྦྱོར་དྲུག་ངོས་འཛིན་གསོལ་འདེབས་བདེ་སྟོང་གསལ་བྱེད་ཅེས་བྱ་བ་བཞུགས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཡིད་རྣམ་རྟོག་འགྱུ་བ་སོ་སོར་བཅད། །ཉམས་འོད་གསལ་རྟགས་བཅུ་རྫོགས་གྱུར་ནས། །ལམ་སོར་སྡུད་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཡིད་རླུང་སེམས་ངག་རྣམས་མི་གཡོ་ཞིང་། །ཉམས་ཤེས་རབ་རྟོག་དཔྱོད་དགའ་བདེ་འཕེལ། །ལམ་བསམ་གཏན་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །རྩ་རོ་རྐྱང་རླུང་བཅུ་དབུ་མར་ཚུད། །ཉམས་གཏུམ་མོ་འབར་བས་ཧཾ་ཡིག་ཞུ། །ལམ་སྲོག་རྩོལ་འབྱོངས་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཁམས་འཛག་མེད་ཐིག་ལེ་དཔྲལ་བར་བརྟེན། །ཉམས་ཞུ་བདེ་འགྱུར་མེད་རྒྱུད་ལ་སྐྱེས། །ལམ་འཛིན་པ་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ལུས་རྩ་འདབ་བདེ་ཆེན་ཐིག་ལེས་གང་། །ཉམས་ཕྱག་རྒྱ་གསུམ་ལ་མངའ་བརྙེས་པའི། །ལམ་རྗེས་དྲན་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །རྩ་འཁོར་ལོ་དྲུག་པོ་བདེ་བས་གང་། །སེམས་སྤྲོས་པ་མེད་ལ་དབང་འབྱོར་བའི། །ལམ་ཏིང་འཛིན་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ལུས་བྱེད་བཅིངས་གནད་དང་མ་བྲལ་ཞིང་། །ཆོས་མ་ནོར་མན་ངག་ཟབ་མོ་ཡིས། །ལམ་སྦྱོར་དྲུག་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས། །སྦྱོར་དྲུག་ངོས་འཛིན་གསོལ་འདེབས་བདེ་སྟོང་གསལ་བྱེད་ཅེས་པ་འདི་ཡང་། རྟོན་པ་བཞི་ལྡན་གྱིས་སྦྱར་བའོ། །བར་གྱི་ཕ་དྲིན་ཅན་ཞེས་པའི་ཚིག་རྐང་གཉིས་པོ་ཝཀཱིནྡྲ་ཀརྨའི་མིང་གིས་མཛད་པའོ།། །།
དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ། །དོན་མེད་འཁོར་བའི་བྱ་བ་རབ་སྤངས་ནས། །དོན་ཆེན་རྡོ་རྗེའི་རྣལ་འབྱོར་ལེགས་བསྒོམས་ཏེ། །དུས་ཀྱི་འཁོར་ལོའི་གོ་འཕང་མྱུར་ཐོབ་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །སྦྱོར་བ་ཡན་ལག་དྲུག་པོ་འགྲུབ་གྱུར་ནས། །འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས།

སྦྱོར་དྲུག་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་མ་བཞུགས་སོ། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ། །བདག་ཡིད་དང་བས་སྐྱབས་སུ་མཆིའོ། །སེམས་ཅན་རྣམས་ལ་བྱམས་དང་སྙིང་རྗེ། །དགའ་དང་བཏང་སྙོམས་སྐྱེ་བར་གྱུར་ཅིག །སེམས་ཅན་དོན་དུ་ཟབ་ལམ་བླ་མའི། །རྣལ་འབྱོར་ཉིད་ལ་བརྩོན་པར་བགྱིའོ། །མ་དག་སྣོད་བཅུད་འཇིག་རྟེན་ཐམས་ཅད། །ཅིར་ཡང་མི་དམིགས་སྟོང་པར་གྱུར་ཅིག །རང་གི་སྤྱི་བོར་རིན་ཆེན་ཁྲི་སྟེང་། །པད་ཟླ་ལ་སོགས་གདན་ལྔའི་སྟེང་དུ། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས། །སྣ་ཚོགས་དར་གྱི་ན་བཟའ་ཀླུབ་མཛེས། །རིན་ཆེན་རུས་རྒྱན་འགྱིང་བག་དང་ལྡན། །རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཞིང་། །སྐུ་ཡི་གནས་བཞིར་ཡི་གེ་བཞིས་མཚན། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། །རྩ་བརྒྱུད་བླ་མ་སྐྱབས་གནས་ཐམས་ཅད། །ཛཿཧཱུཾ་བཾ་ཧོཿགཉིས་མེད་ཐིམ་གྱུར། །མི་འགྱུར་ཡིད་འོང་མཚན་དཔེས་ལེགས་སྤྲས། །འགགས་མེད་ཚངས་དབྱངས་ཕྱོགས་བཅུར་སྒྲོགས་མཛད། །འཁྲུལ་མེད་ཕྱག་རྒྱ་ཆེ་ལ་གནས་པ། །བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ། །སོར་སྡུད་ལ་སོགས་སྦྱོང་བྱེད་དྲུག་གིས། །ཕུང་པོ་ལ་སོགས་སྦྱང་བྱ་དྲུག་དྲུག །ལེགས་པར་སྦྱངས་པས་བདེ་གཤེགས་སོ་དྲུག །གཅིག་ཏུ་བསྡུས་པའི་སྐུ་ལ་ཕྱག་འཚལ། །ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས། །མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན། །བདག་ཡིད་དང་བས་མཆོད་པར་འབུལ་ལོ། །ལུས་ངག་ཡིད་ཀྱི་སྒོ་ནས་བསགས་པའི། །སྡིག་པའི་ཚོགས་ཀུན་མཐོལ་ལོ་བཤགས་སོ། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་མཛད། །རྟག་ཏུ་བཞུགས་པར་གསོལ་བ་འདེབས་སོ། །ཚོགས་གསུམ་མཐར་ཕྱིན་བཅུ་གཉིས་ལམ་བགྲོད། །རྡོ་རྗེ་འཛིན་པ་ཀུན་གྱི་གཙོ་བོ། །སྐུ་བཞིའི་མངའ་བདག་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གཉིས་མེད་ཡེ་ཤེས་རྩེ་གཅིག་བསྒོམས་པས། །གཉིས་སྣང་ཚོགས་བརྒྱད་གནས་གྱུར་ཐོབ་པ། །ཡེ་ཤེས་ལྔ་ལྡན་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །བསྐྱེད་རྫོགས་མཐར་ཕྱིན་བཅུ་གཉིས་དབང་གིས། །སྐལ་ལྡན་གདུལ་བྱ་སྨིན་གྲོལ་མཛད་པའི། །བླ་མ་ཀུན་འདུས་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཁྱེད་ཕུང་རིགས་དྲུག་སྐྱེ་མཆེད་སྲས་བརྒྱད། །ཕྱག་ཞབས་ལ་སོགས་ཁྲོ་བོའི་ཚོགས་ཀུན། །ཡི་དམ་ཀུན་འདུས་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དོན་གཉིས་མཐར་ཕྱིན་ཆོས་སྐུའི་ངོ་བོ། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད། །སངས་རྒྱས་ཀུན་འདུས་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དོན་དམ་བརྗོད་བྲལ་རྣམ་བྱང་བདེན་པའི། །གསུང་རབ་གླེགས་བམ་རྣམ་པར་སྟོན་མཛད། །དམ་ཆོས་ཀུན་འདུས་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རིག་གྲོལ་གཉིས་ལྡན་ས་བཅུའི་མངའ་བདག །འགྲོ་བའི་མགོན་སྐྱབས་བཤེས་གཉེན་དམ་པ། །དགེ་འདུན་ཀུན་འདུས་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དམིགས་མེད་སྙིང་རྗེ་བདེ་ཆེན་ངོ་བོ། །ཐབས་ཀྱི་སྒོ་ནས་དགྲ་བགེགས་འཇོམས་མཛད། །ཆོས་སྐྱོང་ཀུན་འདུས་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཞི་རྒྱས་དབང་དྲག་ལས་ལ་མངའ་བརྙེས། །མཆོག་དང་ཐུན་མོང་དངོས་གྲུབ་སྟེར་མཛད། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །མདོ་རྒྱུད་མན་ངག་བསྟན་བཅོས་ཀུན་ལ། །འཆད་རྩོད་རྩོམ་གྱིས་ལོག་རྟོག་སེལ་མཛད། །མ་རིག་མུན་སེལ་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དེང་ནས་བདག་ནི་བླ་མ་ཁྱེད་དང་། །ལུས་དང་གྲིབ་མ་ལྟ་བུར་འགྲོགས་ཏེ། །ཟབ་དོན་མན་ངག་བདུད་རྩི་འཐུང་བར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །མ་དག་ལོག་པའི་འཚོ་བ་སྤངས་ནས། །བདུད་རྩི་ལྕེ་སྦྱོར་ཉམས་སུ་བླངས་ཏེ། ཟས་གོས་སོགས་ལ་ལྟོས་པ་མེད་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །དབེན་པའི་གནས་སུ་ཟབ་མོའི་དོན་ལ། །རྩེ་གཅིག་བསམ་གཏན་སྒྲུབ་པ་བྱས་ནས། །ཚེ་འདི་ཉིད་ལ་ཕྱག་ཆེན་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །བླ་མའི་གནས་ཀྱི་ཡི་གེ་བཞི་པོ། །སངས་རྒྱས་ཀུན་གྱི་སྐུ་བཞིར་མོས་ཤིང་། །དེ་ལ་དམིགས་ཏེ་དབང་བཞི་ལེན་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །དཔྲལ་བའི་ཨོཾ་ལས་ཨོཾ་ཡིག་དཀར་པོ། །རང་གི་ལུས་ཀྱི་དཔྲལ་བར་ཞུགས་ཤིང་། །དེ་ལ་བརྟེན་ནས་བུམ་དབང་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །ལུས་དང་སད་པའི་སྒྲིབ་པ་དག་ནས། །དགའ་བའི་དགའ་བཞི་ཉམས་སུ་མྱོང་བས། །སྐུ་ཡི་རྡོ་རྗེ་སྤྲུལ་སྐུ་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །མགྲིན་པའི་ཨཱཿལས་ཨཱཿཡིག་དམར་པོ། །རང་གི་ལུས་ཀྱི་མགྲིན་པར་ཞུགས་ཤིང་། །དེ་ལ་བརྟེན་ནས་གསང་དབང་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །ངག་དང་རྨི་ལམ་སྒྲིབ་པ་དག་ནས། །མཆོག་གི་དགའ་བཞི་ཉམས་སུ་མྱོང་བས། །གསུང་གི་རྡོ་རྗེ་ལོངས་སྐུ་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །ཐུགས་ཀའི་ཧཱུཾ་ལས་ཧཱུཾ་ཡིག་ནག་པོ། །རང་གི་ལུས་ཀྱི་སྙིང་གར་ཞུགས་ཤིང་། །དེ་ལ་བརྟེན་ནས་ཤེར་དབང་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །ཡིད་དང་གཉིད་འཐུག་སྒྲིབ་པ་དག་ནས། །ཁྱད་པར་དགའ་བཞི་ཉམས་སུ་མྱོང་བས། །ཐུགས་ཀྱི་རྡོ་རྗེ་ཆོས་སྐུ་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །ལྟེ་བའི་ཧོཿལས་ཧོཿཡིག་སེར་པོ། །རང་གི་ལུས་ཀྱི་ལྟེ་བར་ཞུགས་ཤིང་། །དེ་ལ་བརྟེན་ནས་བཞི་དབང་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །ཆགས་པའི་བག་ཆགས་དྲི་མ་དག་ནས། །ལྷན་སྐྱེས་དགའ་བཞི་ཉམས་སུ་མྱོང་བས། །ཡེ་ཤེས་རྡོ་རྗེ་བདེ་སྟོང་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །སྤྱི་བོའི་བླ་མ་འོད་དུ་ཞུ་ནས། །རང་གི་ལུས་ལ་གཉིས་མེད་ཐིམ་ཞིང་། །སྙིང་གའི་པདྨ་འདབ་བརྒྱད་དབུས་སུ། །བརྟན་པར་བཞུགས་ནས་བྱིན་གྱིས་རློབས་ཤིག །དེ་ལྟར་བསྒོམས་པས་བདག་སོགས་སེམས་ཅན། །རང་རྒྱུད་ཁམས་ཀྱི་དྲི་མ་དག་ནས། །བདེ་གཤེགས་སྙིང་པོ་མྱུར་དུ་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །ཅེས་སྦྱོར་བ་ཡན་ལག་དྲུག་གི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་མ་ཞེས་བྱ་བ་འདི་རང་བཞིན་ལྷུན་གྲུབ་ཀྱི་ཕོ་བྲང་དུ་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ།། །།
དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །སོགས་ནས། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། །།

བླ་མའི་རྣལ་འབྱོར་དངོས་གྲུབ་འགུགས་པའི་ལྕགས་ཀྱུ།

བླ་མའི་རྣལ་འབྱོར་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭཱ་སྟི། བླ་མའི་རྣལ་འབྱོར་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཡིད་མ་གཡེང་བས་འདི་ལྟར་བརྗོད་ཅིང་དོན་བསམ་པར་བྱ་སྟེ། ཆོས་རྣམས་ཐམས་ཅད་རང་གི་སེམས་སྣང་ཙམ། །རང་གི་སེམས་ཀྱང་གསལ་སྟོང་བརྗོད་དུ་མེད། །སྣང་བ་མ་འགགས་སྣ་ཚོགས་ཅི་ཤར་ཡང་། །རང་རིག་སྐད་ཅིག་འདི་ལ་གཡོ་བ་མེད། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་སེམས་དག་པའི་སྣང་བ་འོག་མིན་ཞིང་། །ཞིང་འདིའི་དབུས་སུ་གཞལ་མེད་ཁང་པ་མཛེས། །དེ་དབུས་སེང་ཁྲི་པདྨ་ཉི་ཟླའི་སྟེང་། དྲིན་ཅན་རྩ་བའི་བླ་མ་དམ་པ་བཞུགས། །གཟི་བརྗིད་དཔག་མེད་གསེར་གྱི་ལྷུན་པོ་འདྲ། །འོད་ཟེར་ཉི་མ་འབུམ་གྱི་མདངས་དང་ལྡན། །བདག་ལ་དགྱེས་པའི་ཞལ་རས་འཛུམ་དཀར་གཡོ། །སྟེང་གི་ཕྱོགས་ལ་བརྒྱུད་པའི་བླ་མ་རྣམས། །རྫུ་འཕྲུལ་བཀོད་པ་སྣ་ཚོགས་བཅས་པ་དང་། །སྐུ་ཡི་མཐའ་སྐོར་ཕྱོགས་རྣམས་ཐམས་ཅད་དུ། །ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་སོགས། །ཡི་དམ་ལྷ་ཚོགས་ཐམས་ཅད་སྤྲིན་ལྟར་འཐིབས། །སངས་རྒྱས་བྱང་སེམས་ཕྱོགས་བཅུའི་མཁའ་དབྱིངས་ཁྱབ། །སྤྲུལ་པའི་དགྲ་བཅོམ་ས་གཞི་ཁྱབ་པ་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱང་། །རང་རང་འཁོར་དང་རྫུ་འཕྲུལ་དཔག་མེད་བཅས། །བཀའ་ལ་ཉན་ཅིང་གསུང་བཞིན་སྒྲུབ་པས་བཞུགས། །གང་ལ་གང་འདུལ་སྤྲུལ་པ་ཕོ་ཉའི་ཚོགས། །གློག་ལྟར་འཁྱུགས་ཤིང་བུ་ཡུག་འཚུབས་པ་བཞིན། །ས་དང་བར་སྣང་རི་ཀླུང་མེད་པར་ཁྱབ། །ཐམས་ཅད་སྐུ་ནི་བཀྲག་མདངས་འོད་དང་ལྡན། །གསུང་ནི་ཐེག་ཆེན་དམ་པའི་ཆོས་སྒྲ་སྒྲོགས། །ཐུགས་ནི་འོད་གསལ་བདེ་བ་ཆེན་པོའི་ངང་། །མཛད་པ་འཕྲིན་ལས་མ་ངེས་ཅིར་ཡང་སྟོན། །ཀུན་ཀྱང་རྗེ་བཙུན་བླ་མའི་སྤྲུལ་པ་སྟེ། །གཞན་ཡང་འཁོར་འདས་སྣང་བ་མ་ལུས་པ། །མཚན་ལྡན་བླ་མའི་ཡེ་ཤེས་ཆོ་འཕྲུལ་ཙམ། །བདག་གི་ལུས་དང་ལོངས་སྤྱོད་ཅི་མཆིས་དང་། །དུས་གསུམ་བསགས་པའི་དགེ་བ་ཅི་ཡོད་དང་། །ཕྱོགས་བཅུའི་ཞིང་ན་བདག་པོས་མ་བཟུང་བའི། །མཆོད་པའི་བྱེ་བྲག་ཇི་སྙེད་མཆིས་པ་དང་། །དགྲ་གཉེན་བར་མས་བསྡུས་པའི་སེམས་ཅན་རྣམས། །འགྲོ་དྲུག་ནམ་མཁའི་མཐས་གཏུགས་ཇི་སྙེད་དང་། །སྲིད་པ་གསུམ་གྱི་ལོངས་སྤྱོད་གང་མཆིས་དང་། །བདག་གི་ཡིད་ཀྱིས་སྤྲུལ་དང་སྨོན་ལམ་མཐུས། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོར་བཅས། །དུས་གསུམ་ཕྱོགས་བཅུར་འབྱུང་བ་ཐམས་ཅད་ཀྱི། །ཡེ་ཤེས་རང་སྣང་ལས་གྲུབ་མཆོད་པའི་ཚོགས། །གྲངས་མེད་ཚད་མེད་བསམ་གྱིས་མི་ཁྱབ་པ། །མཆོག་ཏུ་བརྗིད་བག་ཆགས་པའི་ཚུལ་དང་བཅས། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ། །སྐྱེ་མེད་ཆོས་སྐུའི་ཆོ་འཕྲུལ་ཙམ་དུ་བསྒོམ། །སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ། །དམ་ཆོས་ཀུན་འདུས་ཆོས་རྗེ་རིན་པོ་ཆེ། །དགེ་འདུན་ཀུན་འདུས་འདྲེན་མཆོག་རིན་པོ་ཆེ། །བླ་མ་ཀུན་འདུས་གཅིག་ཆོག་རྒྱལ་པོ་ཁྱོད། །ཡི་དམ་ཐམས་ཅད་ཁྱོད་ཀྱི་སྐུ་ལ་ཚང་། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཕོ་ཉར་སྤྲུལ། །རྡོ་རྗེ་འཆང་ཆེན་ཁྱེད་ལ་གསོལ་བ་འདེབས། །མོས་པའི་བུ་ལ་ད་ལྟ་བྱིན་གྱིས་རློབས། །སྟུག་པོ་བཀོད་པའི་ཞིང་དུ་རྡོ་རྗེ་འཆང་། །དྲག་པོ་འདུལ་ཚེ་ཧེ་རུ་ཀ་དཔལ་སྐུ། །ཆགས་བྲལ་རྣམས་ལ་ཤཱཀྱ་ཐུབ་པར་བསྟན། །དཀའ་ཐུབ་ཅན་ལ་དྲང་སྲོང་ཚུལ་འཛིན་ཅིང་། །ཐེག་གསུམ་ལམ་དུ་ཞུགས་པའི་སེམས་ཅན་ལ། །བྱང་སེམས་རང་རྒྱལ་ཉན་ཐོས་ཚུལ་དུ་སྟོན། །ཚངས་དང་ཁྱབ་འཇུག་འདོད་ལྷ་དབང་པོ་དང་། །དབང་ཕྱུག་ལ་སོགས་ལྷ་ཡི་གཟུགས་སུའང་སྟོན། །ཁ་ཅིག་ཏུ་ནི་རྒྱལ་སྲིད་སྤྱོད་ལ་དགྱེས། །གཞན་དུ་རིག་པའི་བརྟུལ་ཞུགས་སྤྱད་པ་སྤྱོད། །ལ་ལར་ངུར་སྨྲིག་འཛིན་པའི་གཟུགས་ཀྱང་འཆང་། །གང་ལ་གང་འདུལ་སྐུ་ལ་གསོལ་བ་འདེབས། །སེམས་ཅན་ཀུན་གྱི་བསམ་པ་ཇི་བཞིན་དུ། །ཁྱོད་ཀྱི་བསྟན་པ་འདི་ཡང་བསམ་མི་ཁྱབ། །ཇི་ལྟར་མཁའ་ལ་སྤྲིན་དང་འཇའ་ཚོན་སོགས། །རྣམ་པ་སྣ་ཚོགས་གཟུགས་བརྙན་སྣང་ན་ཡང་། །ནམ་མཁའ་ལས་བྱུང་ནམ་མཁའི་ངོ་བོ་དང་། །ནམ་མཁའི་ངང་དུ་ཐིམ་པར་འགྱུར་བ་བཞིན། །སྤྲོས་བྲལ་ཅི་ཡང་མ་ཡིན་ཆོས་ཀྱི་སྐུ། །འབད་རྩོལ་མེད་ཀྱང་ལྷུན་གྲུབ་འཕྲིན་ལས་ཅན། །གང་ལ་གང་འདུལ་མཛད་པ་སྤྱིར་བསྟན་ཡང་། །རང་རིག་རང་གསལ་སྤྲོས་བྲལ་དབྱིངས་ཀྱི་ངང་། །སྐྱེ་འགག་མེད་ཅིང་འགྲོ་འོང་གནས་དང་བྲལ། །དོན་དམ་སྐུ་ཅན་ཁྱེད་ལ་གསོལ་བ་འདེབས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ཞིང་། །སྐྱབས་གནས་ཀུན་འདུས་ཁྱེད་ལ་སྐྱབས་སུ་མཆི། །མཆོད་པ་ཐམས་ཅད་དབྱེར་མེད་ངང་དུ་འབུལ། །རང་བཞིན་མེད་ཀྱང་སྡིག་ཀུན་མཐོལ་ལོ་བཤགས། །འཁོར་འདས་དགེ་བ་ཀུན་ལ་རྗེས་ཡི་རང་། །གྲགས་སྟོང་བརྗོད་བྲལ་གསུང་ལ་ཆད་པ་མེད། །ཆོས་ཀྱི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་། །ཆོས་འཁོར་རྒྱུན་མི་འཆད་པར་བསྐོར་བ་དང་། །འགྲོ་བའི་དོན་ལ་རྟག་ཏུ་བཞུགས་སུ་གསོལ། །ཐུགས་ཡིད་དབྱེར་མེད་དོན་དུ་བསྔོ་བར་བགྱི། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །རྗེ་བཙུན་སྒྲོལ་བའི་མགོན་པོ་ཁྱོད་ཉིད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས་པ་དང་། །དབང་བཞི་རྫོགས་པར་ད་ལྟར་བསྐུར་དུ་གསོལ། །ལུས་ལ་ལྷན་སྐྱེས་བདེ་ཆེན་བསྐྱེད་པ་དང་། །ངག་ལ་རིགས་སྔགས་ནུས་པ་བརྟན་པ་དང་། །སེམས་ལ་འོད་གསལ་ཡེ་ཤེས་འཆར་བ་རུ། །མཚན་ལྡན་བླ་མའི་ད་ལྟར་བྱིན་གྱིས་རློབས། །བླ་མའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་ལས། །འོད་ཟེར་བྱུང་ནས་བདག་གི་གནས་བཞིར་ཐིམ། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡི། །བྱིན་གྱིས་བརླབས་ཤིང་དབང་བཞི་ཐོབ་པར་གྱུར། །སླར་ཡང་བུམ་པའི་ཆུ་ཡིས་བུམ་དབང་བསྐུར། །བྱང་ཆུབ་སེམས་ཀྱིས་གསང་བའི་དབང་བསྐུར་ཞིང་། །མཉམ་སྦྱོར་བདེ་བའི་ཤེས་རབ་ཡེ་ཤེས་དང་། །འཛིན་མེད་ཕྱག་ཆེན་བཞི་བའི་དབང་ཡང་བསྐུར། །རེ་ས་གཞན་ན་མེད་དོ་ཆོས་ཀྱི་རྗེ། །སྐྱབས་གནས་གཞན་ན་མེད་དོ་རིན་པོ་ཆེ། །ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་ཅིང་། །འབྲལ་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །བླ་མ་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ། །རྩ་འཁོར་བཞི་པོ་གང་བས་དབང་བཞི་ཐོབ། །བླ་མ་རང་སེམས་དབྱེར་མེད་ཆོས་སྐུའི་ངང་། །རྩ་བྲལ་ལྷུན་གྲུབ་ཆེན་པོའི་ངང་དུ་བཞག །ཅེས་པ་འདི་ནི་མཆོག་ཏུ་གྱུར་པའི་བླ་མའི་རྣལ་འབྱོར་ཏེ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སྟེར་བར་ཐེ་ཚོམ་མེད་དོ། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་དགུ་པ་ལ་དཔལ་བཟང་ལྡན་དུ་བྲིས་པའོ།། །།
སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མར་ལ་གུས་ཤིང་། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །སོགས་བརྗོད་དོ།།

གསོལ་འདེབས་རྒྱལ་མདུན་མ་སོགས།

གསོལ་འདེབས་རྒྱལ་མདུན་མ་སོགས་བཞུགས། རྒྱལ་བའི་མདུན་ན་རྒྱལ་སྲས་ལི་ཙ་བཱི། །ཀ་ལཱ་པ་རི་རིགས་ལྡན་པདྨ་དཀར། །དཔལ་གྱི་རི་ལ་ཀླུ་སྒྲུབ་ཆེན་པོར་གྲགས། །འགྲོ་མགོན་ཇོ་ནང་པ་ལ་གསོལ་བ་འདེབས། །སྤོས་ངད་ལྡན་ན་ཆོས་འཕགས་སེམས་དཔའ་ཆེ། །ལྷ་ལྡན་གྲོང་དུ་སྲོང་བཙན་སྒམ་པོ་སྟེ། །རྔ་ཡབ་གླིང་ན་པདྨ་འབྱུང་གནས་དཔལ། །ཤེས་རབ་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་ནམ་མཁའི་ཁྱོན་ལྟར་ཡངས། །དེ་བློས་གསུང་རབ་ངེས་དོན་རྫོགས་པར་དགོངས། །དམ་ཆོས་དོན་དུ་སྲོག་ཀྱང་འདོར་ནུས་པའི། །དོལ་པོ་པར་གྲགས་བླ་མའི་ཞབས་ལ་འདུད། །གངས་རིའི་ཁྲོད་འདིར་ངེས་དོན་བསྟན་པའི་བདག །འགྲན་མེད་དམ་པ་ཆོས་ཀྱི་འཁོར་ལོ་བསྐོར། །འཇིག་རྟེན་མགོན་པོའི་རྣམ་འཕྲུལ་ཇོ་ནང་པ། །ཀུན་མཁྱེན་ཆེན་པོའི་ཞབས་ལ་མཆོད་པ་འབུལ། །མཆོད་བསྟོད་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས། །སྐྱབས་མཆོག་ཁྱོད་ཀྱི་བསྟན་པ་དར་བ་དང་། །བདག་ཅག་རྣམས་ཀྱི་འགལ་རྐྱེན་ཀུན་ཞི་ནས། །དངོས་གྲུབ་འདོད་དོན་མ་ལུས་འགྲུབ་པར་ཤོག །རྗེ་ཉིད་ཀྱི་སློབ་མ་ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའོ། །
༈ དངོས་གྲུབ་འབྱུང་གནས་ཀུན་མཁྱེན་ཆོས་ཀྱི་རྗེ། །འགྲོ་ཀུན་སྤྱི་གཙུག་པད་ཟླའི་གདན་བཞུགས་ནས། །ཐུགས་རྗེ་རྒྱུན་ཆད་མེད་པའི་བཀའ་དྲིན་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཅེས་ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་བཏབ་པའི་ཚིག་འདི་ལུང་དང་རིགས་པ་སྨྲ་བ་ཇོ་ནང་ལོ་ཙཱ་བས་སྦྱར་བའོ། །
༈ ཀུན་མཁྱེན་ཆོས་རྗེ་བྱང་སེམས་ཆོས་གྲགས་དཔལ། །ཇོ་ནང་ལོ་ཙཱ་མ་ཏི་པཎྜི་ཏ། །ཕྱོགས་ལས་རྣམས་རྒྱལ་འབྲི་གུང་ལོ་ཙཱ་བ། །མཉམ་མེད་ཡབ་སྲས་དྲུག་ལ་གསོལ་བ་འདེབས། །འཇམ་དབྱངས་སྨན་ཆུ་ཁ་བ་རིན་ཚུལ་བ། །ཞང་སྟོན་རྒྱ་བོ་ལྷ་ཡི་རྒྱལ་མཚན་དཔལ། །སྐྱེས་མཆོག་ཉ་དབོན་པ་དང་ཕུན་ཚོགས་དཔལ། །ཐང་སྟོན་ཆེ་ཆུང་རྣམས་ལ་གསོལ་བ་འདེབས། །མཚུངས་མེད་ཡབ་སྲས་བཅུ་བཞི་ཁྱེད་རྣམས་ཀྱིས། །མཁྱེན་བརྩེའི་ལྕགས་ཀྱུས་བདག་ཅག་ལེགས་བཟུང་ནས། །རྟག་པར་ཁྱེད་ཀྱི་ཞབས་དྲུང་སྐྱེ་བ་དང་། །གསུང་མཆོག་བདུད་རྩིའི་དཔལ་ལ་སྤྱོད་པར་ཤོག །ཅེས་པའང་ཇོ་ནང་ལོ་ཙཱ་བློ་གྲོས་དཔལ་བཟང་པོས་བཀོད་པའོ། །
༈ བདེ་ཆེན་ཟབ་གསལ་འགྱུར་བ་མེད་པའི་སྐུ། །ཡན་ལག་དྲུག་ཅུ་འགག་མེད་ཆོས་ཀྱི་གསུང་། །ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་པའི་ཐུགས། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་དཀྱིལ་འཁོར་ལས། །འགྲོ་ཀུན་དགའ་བའི་འོད་བརྒྱ་འགྱེད་མཁས་པ། །སྙིང་པོའི་དོན་སྟོན་རྗེ་བཙུན་བླ་མ་ལ། །གུས་པས་ཕྱག་འཚལ་སྙིང་ནས་གསོལ་བ་འདེབས། །བཀྲ་ཤིས་དགེ་ལེགས་ཕུན་ཚོགས་ཀུན་གྱི་གཞི། །དམ་ཆོས་མི་ནུབ་རྒྱལ་མཚན་འཛིན་པའི་བདག །བྱང་ཆུབ་སེམས་ཀྱི་བདག་གཞན་མཉམ་ཉིད་དགོངས། །ཡིད་བཞིན་ནོར་འདྲའི་བླ་མར་གསོལ་བ་འདེབས། །དཔལ་ལྡན་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །གང་སྣང་ཀུན་ཁྱབ་བདེ་བ་ཆེན་པོར་གཟིགས། །ལྷུན་གྲུབ་འཕྲིན་ལས་བཟང་པོ་འགྲོ་བའི་མགོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཁྱེན་པས་ཤེས་བྱའི་གནས་ཀུན་གསལ་བར་གཟིགས། །བརྩེ་བས་ཕན་བདེའི་དགའ་སྟོན་རྒྱ་ཆེར་འགྱེད། །ནུས་པས་སྙིང་པོའི་བསྟན་པ་གསལ་མཛད་པ། །སྒྲོལ་བའི་མགོན་པོའི་ཞབས་ལ་གསོལ་བ་འདེབས། །མཚན་ཙམ་དྲན་པས་བར་ཆད་ཐམས་ཅད་སེལ། །གསོལ་བ་བཏབ་ན་དགོས་འདོད་ཐམས་ཅད་འབྱུང་། །གུས་པས་བསྟེན་ན་དངོས་གྲུབ་ཐམས་ཅད་སྩོལ། །བསམ་འཕེལ་ནོར་བུའི་ཞབས་ལ་གསོལ་བ་འདེབས། །རང་བཞིན་འོད་གསལ་མ་བཅོས་གཉུག་མའི་གདངས། །གང་ཤར་རིས་མེད་དག་པའི་འཁོར་ལོ་ཅན། །བླ་མ་མཆོག་གི་ཞལ་ལུང་མངའ་བརྙེས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །མགོན་པོ་ཁྱོད་ཀྱིས་རྟག་ཏུ་རྗེས་འཛིན་ཅིང་། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར། །ཁྱོད་ཀྱི་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཏཱ་ར་ནཱ་ཐས་རང་ཉིད་ཀྱི་བསྟོད་པ་སྣ་ཚོགས་པ་དག་མི་འཐོར་བར་བྱ་བའི་ཕྱིར་དང་། སློབ་བུ་རྣམས་ཀྱི་སྤྱི་ཁྱབ་ཀྱིས་ཁ་ཏོན་དུ་དམིགས་ནས་ལེགས་པར་སྦྱར་བའོ། །
༈ ཨོཾ་སྭཱ་སྟི། བདེན་དོན་ངག་ལ་འཕོ་མེད་དབང་ཐོབ་ནས། །བྱང་ཆུབ་ཆོས་ཀྱི་འཕེལ་བ་རབ་རྫོགས་ཏེ། །སྤངས་རྟོགས་རྒྱ་མཚོར་ལོངས་སུ་སྤྱོད་པ་ཡི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་མཐུས། །མི་མཐུན་ཉེས་བརྒྱའི་སྤྲིན་རིས་དབྱིངས་སུ་ཡལ། །དགེ་ལེགས་མཛད་པའི་འོད་སྟོང་མཁའ་ཁྱབ་བརྡལ། །སྙིང་པོའི་བསྟན་པའི་པད་ཚལ་རྒྱས་བྱེད་ཤོག །བདག་སོགས་སྐྱེ་བ་ཀུན་ཏུ་དམ་པ་ཡིས། །རྗེས་བཟུང་ཟབ་མོ་ནང་གི་དབུ་མ་དང་། །རྡོ་རྗེའི་རྣལ་འབྱོར་རྟོགས་པའི་སྣོད་གྱུར་ཏེ། །ཆོས་རྗེ་ཡབ་སྲས་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ངག་དབང་ཆོས་འཕགས་ཀྱིས་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་འཛམ་ཐང་གི་ཆོས་སྒར་དུ་བྲིས་པའོ། །
༈ ངག་ཡིད་སྤྲོས་པ་ལས་འདས་དོན་དམ་གཤིས། །དབང་བཞིའི་ལམ་གྱིས་མངོན་བྱེད་ཡེ་ཤེས་མཆོག །བསམ་གྱིས་མི་ཁྱབ་དགོངས་པ་དབང་འབྱོར་བ། །གཏན་གྱི་སྐྱབས་གནས་བླ་མར་གསོལ་བ་འདེབས། །ཞེས་པའང་དཔལ་སྤྲུལ་བས་བྲིས་པའོ། །
༈ བསླབ་པ་གསུམ་ལྡན་རྡོ་རྗེའི་རྣལ་འབྱོར་གྱིས། །རང་རྒྱུད་གྲོལ་ནས་གཞན་རྒྱུད་སྨིན་མཛད་པའི། །སྙིང་པོའི་བསྟན་པའི་སྲོག་འཛིན་འཁོར་ལོའི་མགོན། །ངག་དབང་ཆོས་འཕགས་རྒྱ་མཚོར་གསོལ་བ་འདེབས། །ཞེས་པ་འདི་ཡང་གྲྭ་བ་འཛམ་ཐང་ཀུན་བཟང་ངོར། བློ་གྲོས་མཐའ་ཡས་ཀྱིས་སྦྱར་བའོ། །
༈ བག་ཡོད་བསླབ་པའི་སྒོ་གསུམ་དུལ་བར་གནས། །རིམ་གཉིས་རྣལ་འབྱོར་མཆོག་ལ་སྦྱངས་བརྩོན་ནས། །སྒོམ་བྱུང་ཡོན་ཏན་དུ་མའི་ནོར་གྱིས་ཕྱུག །ཀུན་དགའ་དཔལ་ལྡན་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་ངག་དབང་ཆོས་འབྱོར་བས་བྲིས་པའོ། །
༈ རྨད་བྱུང་རྡོ་རྗེ་ཐེག་པའི་གདམ་ངག་མཆོག །ཚུལ་བཞིན་སྟོན་ལ་དབང་འབྱོར་གསང་རྒྱུད་ཀྱི། །ཟབ་ལམ་ཆོས་ཀྱི་མཛོད་འཛིན་བླ་མ་རྗེ། །ངག་དབང་ཆོས་འཛིན་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་ངག་དབང་དོན་ལྡན་གྱི་བསྐུལ་ངོར། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་བྲིས་པའོ། །
༈ རྒྱལ་བའི་བསྟན་ལ་དད་ཅིང་གུས་པའི་འཇུག །ཐོས་བསམ་སྒོམ་པའི་བྱ་བར་རྟག་ཏུ་བརྩོན། །རིས་མེད་བསྟན་ལ་བྱ་ར་བྱེད་པའི་བཤེས། །ཐུབ་བསྟན་དགེ་ལེགས་རྒྱ་མཚོར་གསོལ་བ་འདེབས། །ཞེས་པ་འདི་ཡང་ཉག་རོང་དགེ་སློང་ཆོས་འགྲུབ་ཀྱི་རེ་འདོད་བསྐང་ཕྱིར། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་བྲིས་པའོ། །
༈ རྣམ་དག་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིང་། །ཐུགས་དགོངས་ཟབ་མོའི་ཆོས་ལ་རྟག་པར་གཞོལ། །གཞན་ཕན་མཛད་འཕྲིན་འོད་སྟོང་ཕྱོགས་བརྒྱར་སྤེལ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐེག་མཆོག་གདམས་ངག་སྟོན་ལ་དབང་ཐོབ་ཅིང་། །ཟབ་རྒྱས་ཆོས་ཀྱི་འབྱོར་བའི་དགའ་སྟོན་སྤེལ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་ཆེན་ལ། །བྱང་ཆུབ་སྙིང་པོའི་བར་དུ་གསོལ་བ་འདེབས། །བདག་ནི་སྐྱེ་བ་འདི་དང་ཚེ་རབས་སུ། །མཚན་ལྡན་བླ་མ་ཁྱེད་ཀྱིས་རྗེས་བཟུང་སྟེ། །གསང་ཆེན་ལམ་གྱི་ཉམས་དང་རྟོགས་པ་ཀུན། །མྱུར་དུ་རྫོགས་ནས་རྡོ་རྗེ་འཆང་ཐོབ་ཤོག །ཅེས་རྡོ་རྗེ་འཆང་ངག་དབང་ཆོས་འབྱོར་དཔལ་བཟང་པོ་ལ་གསོལ་བ་འདེབས་པ་འདི་ཡང་ངག་དབང་བློ་ལྡན་གྱིས་བསྐུལ་ངོར། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་གསོལ་བ་བཏབ་པའོ། །
༈ ཟབ་རྒྱས་གདམས་པ་ཀུན་གྱི་དགའ་སྟོན་མཆོག །ཚུལ་བཞིན་འཆད་ལ་མཁས་ཤིང་གྲུབ་པའི་དབང་། བསྟན་འགྲོའི་སྤྱི་དཔལ་སྐལ་བཟང་ཡོངས་ཀྱི་མགོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ནི་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་མཁས་དབང་དཔལ་བཟང་པོ་གང་གི་གསོལ་འདེབས་ཤོ་ལོ་ཀ་གཅིག་དགོས་ཞེས་གང་གི་སློབ་བུ་རྣམས་ཀྱིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། དམ་པ་དེ་ཉིད་ཀྱི་སློབ་འབངས་ངག་གི་དབང་པོས་བྲིས། །
༈ ཐེག་གསུམ་བསྟན་པའི་ཡང་རྩེ་ཡན་ལག་དྲུག །ཚུལ་བཞིན་འཛིན་ཅིང་མ་ནོར་གཞན་ལ་འཆད། །སྡོམ་གསུམ་གྲགས་པས་གདུལ་བྱའི་ཡིད་འཕྲོག་པ། །དྲིན་ཅན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་རྒ་བླ་མ་དང་བློ་བསྟན་ཟུང་གི་ཐུགས་འདུན་བཞིན། ངག་དབང་གིས་བྲིས། །
༈ ཀུན་ཁྱབ་ཤེར་ཕྱིན་དགའ་བའི་འོད་སྣང་རྒྱས། །གསུང་ངག་རྒྱ་མཚོའི་གོས་ཅན་དབང་བསྒྱུར་བས། །དཔལ་ལྡན་རིམ་གཉིས་འབྲས་བཟང་ཡོངས་སྨིན་པའི། །རྡོ་རྗེ་འཆང་ཆེན་ཁྱེད་ལ་གསོལ་བ་འདེབས། །ཞེས་གང་གི་སློབ་བུ་ངག་དབང་བློ་བཟང་གིས་བསྐུལ་ངོར། ཚོགས་གཉིས་རྒྱ་མཚོས་གསོལ་བ་བཏབ་པའོ། །
༈ མན་ངག་ནོར་བུའི་གཟིངས་ལ་དབང་བསྒྱུར་ཞིང་། །ཚོགས་གཉིས་རྒྱ་མཚོ་མཆོག་གི་ཕ་མཐར་སོན། །འགྲོ་ཀུན་རྣམ་གྲོལ་རིན་ཆེན་གླིང་མཆོག་ཏུ། །ཁྲིད་མཁས་དེད་དཔོན་ཆེན་པོར་གསོལ་བ་འདེབས། །ཞེས་པའང་འགྲོ་ཕན་རྒྱ་མཚོས་བསྐུལ་ངོར། ཕ་བོང་ཁ་བ་སྤྲུལ་མིང་བས་སྦྱར་བའོ། །
༈ གྲུབ་པའི་དབང་ཕྱུག་དཔལ་ལྡན་ཡོངས་ཀྱི་མགོན། །ས་བཅུའི་དབང་ཕྱུག་ངག་དབང་རབ་གསལ་ལ། །གསོལ་བ་འདེབས་སོ་བདག་སོགས་བྱིན་གྱིས་རློབས། །སེམས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བདག་སོགས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་ཁྱོད་ཀྱིས་རྗེས་བཟུང་ནས། །རྟག་ཏུ་དལ་འབྱོར་ལུས་ཐོབ་བླ་མར་མཇལ། །མཐར་ཐུག་བླ་མའི་ཞབས་དྲུང་སྐྱེ་བར་ཤོག །ཅེས་རྩ་བའི་བླ་མའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི་ཡང་སེ་བླ་མ་རིན་ཚུལ་ལ་ཉེ་བར་མཁོ་ཕྱིར། ངག་དབང་བསྟན་པ་གསལ་བྱེད་ཀྱིས་བྲིས་པའི་དགེ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་གྲོལ་བའི་རྒྱུར་གྱུར་ཅིག །
༈ ཚོགས་གཉིས་རབ་རྫོགས་སྨོན་ལམ་རྣམ་དག་ལས། །སྲིད་ཞིར་མི་གནས་གཞན་དོན་ལྷུར་བཞེས་ཤིང་། །མཛད་འཕྲིན་བཟང་པོས་གཞན་སྣང་དགེ་ལ་བསྐུལ། །འབྲེལ་ཚད་དོན་ལྡན་བླ་མར་གསོལ་བ་འདེབས། །ཞེས་པ་འདི་ནི་མཁན་ཟོལ་གསང་མིང་བས་གསོལ་བ་བཏབ་པའོ། །
༈ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འཁོར་ལོའི་མགོན། །གྲུབ་པའི་དབང་ཕྱུག་ཡོངས་ཀྱི་བདག་ཉིད་རྗེ། །ཆོས་ཉིད་དོན་རྟོགས་ཤེས་བྱ་ཐམས་ཅད་གཟིགས། །རྡོ་རྗེ་འཆང་ཆེན་ཁྱེད་ལ་གསོལ་བ་འདེབས། །བདག་ནི་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་ཁྱེད་ཀྱིས་རྗེས་བཟུང་ནས། །རིམ་གཉིས་ལམ་གྱི་ཉམས་དང་རྟོགས་པ་ཀུན། །རྒྱུད་ལ་སྐྱེས་ནས་ས་ལམ་མཐར་ཕྱིན་ཤོག །ཅེས་དཔལ་ལྡན་བླ་མ་ངག་དབང་རྡོ་རྗེ་བཟང་པོ་གང་གི་གསོལ་འདེབས་འདི་ཡང་སློབ་བུ་རྣམས་ཀྱིས་གསོལ་བ་བཏབ་པའི་ཆེད་དུ། ངག་དབང་བསྟན་པ་གསལ་བྱེད་ཀྱིས་འཕྲལ་དུ་བྲིས་པ་དགེ་བར་གྱུར་ཅིག །
༈ གསང་ཆེན་ངག་གི་དབང་ཕྱུག་རྡོ་རྗེ་འཆང་། །སྐྱབས་གནས་དཀོན་མཆོག་འགྲོ་ཕན་དར་བའི་གཉེན། །དབྱེར་མེད་བདག་སོགས་ཆོས་བློ་རྒྱས་མཛད་པའི། །དཔལ་ལྡན་རྩ་བའི་བླ་མར་གསོལ་བ་འདེབས། །ཞེས་གསོལ་འདེབས་འདི་ཀུན་དཔལ་ལ་མཁོ་ཕྱིར། མ་ཏིས་སོ། །
༈ ལེགས་ལམ་བདུད་རྩིའི་ཟེགས་མས་བློ་བསྒྱུར་ཞིང་། །ཡིན་ལུགས་གྲོས་ཀྱི་གཞན་ཕན་བརྩོན་པ་ཡི། །རྣམ་དཀར་གྲགས་སྙན་འཛིན་པའི་བཤེས་གཉེན་ཚུལ། །ངང་བཟང་ཉེ་བར་འཆང་ལ་གསོལ་བ་འདེབས། །ཞེས་གྲོགས་ཀྱི་ངོར། མ་ཏིས་སོ། །
༈ གཞན་ཕན་ལྷག་བསམ་སྙིང་སྟོབས་གོ་བགོས་ནས། །འཆད་རྩོད་རྩོམ་གསུམ་དབང་ལུང་ཁྲིད་གསུམ་སོགས། །ཐབས་བརྒྱས་རྒྱལ་བསྟན་སླར་གསོས་ཁུར་འཛིན་པ། །བཤེས་གཉེན་ཡོན་ཏན་བཟང་པོར་གསོལ་བ་འདེབས། །བདག་ནི་མ་འོངས་སྐྱེ་བ་ཐམས་ཅད་དུ། །ཁྱེད་དང་འབྲལ་མེད་ཐུགས་བརྩེས་རྗེས་བཟུང་ནས། །ཐེག་ཆེན་ལམ་མཆོག་ཆོས་ལ་ལོངས་སྤྱོད་ཅིང་། །སྤངས་རྟོགས་མཐར་ཕྱིན་སངས་རྒྱས་མྱུར་ཐོབ་ཤོག །ཅེས་རྩེ་གཅིག་ཏུ་གསོལ་འདེབས་ཡང་ཡང་བྱས་ན་འདོད་དོན་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་ནོ། །ཞེས་པ་འདི་ཡང་རྣལ་འབྱོར་པ་ཆེན་པོ་ཀ་ཐོག་བླ་མ་ཐེག་མཆོག་གིས་སྦྱར་བའོ། །
༈ རིང་ནས་བརྩེ་བའི་གདུལ་བྱའི་དཔལ་དུ་ཤར། །རྨད་བྱུང་ཐུགས་བསྐྱེད་རྒྱ་མཚོས་འགྲོ་ཁམས་སྐྱོང་། །བསོད་ནམས་བསགས་པས་སྙན་གྲགས་ཕྱོགས་བརྒྱར་ཁྱབ། །བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས། །དེང་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་པར། །བརྩེ་བས་ཆགས་ཤིང་བདག་སོགས་མི་འདོར་བར། །གསུང་གི་གདམས་པའི་བདུད་རྩིས་ཚིམ་གྱུར་ནས། །ཕ་རོལ་ཕྱིན་པའི་ལུས་མཆོག་རྒྱས་པར་མཛོད། །ཅེས་དད་གུས་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་དྲག་ཏུ་བཏབ། བླ་མ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་བསྐུལ་ངོར། བློ་བཟང་འཕྲིན་ལས་ཀྱིས་སྦྱར་བའོ། །
༈ དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། །།

བླ་མ་མཆོད་པའི་ཆོ་ག་བདེ་ལེགས་རབ་རྒྱས།

བླ་མ་མཆོད་པའི་ཆོ་ག་བདེ་ལེགས་རབ་རྒྱས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿ བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་རང་བཞིན། །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ནས། །སྐྱབས་གནས་ཀུན་འདུས་བླ་མ་མཆོད་པའི་ཐབས། །ཐུན་མོང་མདོར་བསྡུས་ཙམ་ཞིག་བྲི་བར་བྱ། །གནས་ཁང་བཟང་པོར་སྐུ་གསུང་ཐུགས་ཀྱི་རྟེན་ལ་སོགས་པ་བཞུགས་སུ་གསོལ་ཏེ། མཆོད་པ་རྒྱ་ཆེར་བཤམས།
ཨོཾ་བཛྲ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བཟང་ཞིང་དགེ་བ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱདྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ངྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་ཏྱ། ཤབྟ་ཨཱཿཧཱུཾ། ཞེས་རོལ་མོ་བྱིན་དབབ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྤྱི་དང་མཐུན་པར་བྱ། དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཧཱུཾ་ཡིག་ལས་བྱུང་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པ། དེའི་དབུས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན། དེའི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་རབ་ཏུ་འབར་བའི་འོད་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་བཟུང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། རང་སྣང་གི་ཤེས་རབ་མཆོག་གི་བདེ་བས་ཐུགས་དགྱེས་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ། མཛད་པ་འཕྲིན་ལས་ཕྱོགས་བཅུ་དུས་གསུམ་དུ་ཁྱབ་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོ། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ། སྐུའི་མཐའ་བསྐོར་དུ་འཁོར་ལོ་སྡོམ་པ་ཡབ་ཡུམ་གཙོ་བོར་གྱུར་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་གི་ཚོགས་དང་བཅས་པ། འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མའི་ཚོགས་དང་བཅས་པ། ཐམས་ཅད་ཀྱང་རང་རང་གི་མཆོད་པའི་བཀོད་པས་ཉེ་བར་བརྒྱན་པ་དང་བཅས་ཏེ་བཞུགས་པར་གྱུར།
རྣམ་དག་སྐུ་ནི་སྐྱོན་བྲལ་འཁྲུལ་བ་མེད། །ཕུན་ཚོགས་གསུང་དབྱངས་ཤེས་བྱ་མ་ལུས་ཁྱབ། །ཟབ་དང་རྒྱ་ཆེའི་དེ་ཉིད་མཁྱེན་པའི་ཐུགས། །རྡོ་རྗེ་གསུམ་དངོས་དཔལ་ལྡན་བླ་མར་འདུད། །སྒྲིབ་གཉིས་བག་ཆགས་བཅས་པ་གཏན་ནས་སྤངས། །དག་པ་གཉིས་ལྡན་ཡོན་ཏན་ཐམས་ཅད་རྫོགས། །རང་གཞན་དོན་གྱུར་སྐུ་གཉིས་མངོན་མཛད་པ། །འཁོར་འདས་མ་ལུས་སྤྲུལ་པར་མཛད་ལ་འདུད། །གཡོ་མེད་སེམས་ཀྱིས་བསྟེན་ན་སྐད་ཅིག་ལ། །བྱིན་གྱིས་བརླབས་པས་བླ་མེད་བྱང་ཆུབ་བམ། །ཡང་ན་འདོད་པ་མཆོག་དང་ཐར་བ་ཡི། །དམ་པ་ངེས་པར་སྦྱིན་མཛད་ཁྱོད་ལ་འདུད། །ལྷན་སྐྱེས་ཟུང་འཇུག་སྲིད་གསུམ་བདེ་ཆེན་དངོས། །དམིགས་མེད་ཐུགས་རྗེས་ཁམས་གསུམ་འགྲོ་ཀུན་སྒྲོལ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཟད་མི་མངའ། །ཆོས་དབྱིངས་རྣམ་དག་གཡོ་མེད་ཁྱོད་ལ་འདུད། །ཉིད་ཀྱི་ཡེ་ཤེས་གཅིག་གི་རང་སྣང་ལས། མ་ལུས་རྒྱལ་བ་སྲས་བཅས་སྤྲིན་སྤྲོ་བ། །བདེན་པ་གཉིས་ཀྱི་རྣམ་ཐར་ཆད་མི་མངའ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་འདུད། །
གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བདག་ནི་སྐྱབས་གནས་གཞན་ཀུན་བས། །བ་སྤུའི་ཁུང་བུ་གཅིག་ལ་ཡང་། །ལྷག་པར་ཡང་ནི་དད་ལགས་པ། །རྨོངས་པས་མ་ཡིན་རྒྱུ་དང་བཅས། །སངས་རྒྱས་ཀུན་ལས་ཆེས་ལྷག་པར། །རྒྱུད་སྡེ་ཀུན་ཏུ་རྒྱལ་བས་བསྔགས། །མདོ་སོགས་ཀུན་ཏུ་མཚུངས་པར་གསུངས། །རྒྱལ་བས་ནན་ཏན་བསྟོད་ལ་འདུད། །ཕྱོགས་བཅུའི་འདྲེན་པ་སྲས་བཅས་ཀྱིས། །བྱང་སེམས་རྡོ་རྗེ་བཞིན་དུ་བལྟ། །ཐམས་ཅད་ཉིན་རེ་དུས་བཞི་རུ། །ཕྱག་འཚལ་མཆོད་ནས་འདི་སྐད་དུ། །བདག་ཅག་དེ་བཞིན་གཤེགས་ཀུན་གྱིས། །ཕ་མ་སྟོན་པ་ཁྱོད་ཅེས་སྒྲོག །སྟོན་པ་རྡོ་རྗེ་འཛིན་ཁྱོད་ལ། །སྐྱོབ་པར་བཅས་པས་ཕྱག་འཚལ་ལོ། །གྲངས་མེད་བསྐལ་པར་རྒྱལ་རྣམས་ལ། །རིན་ཆེན་ཞིང་མཆོག་ཕུལ་བ་པས། །ཁྱོད་ཀྱི་སྐུ་ལ་ཏིལ་མར་གྱི། །ཐིགས་པས་མཆོད་ནའང་བསོད་ནམས་མཆོག །ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱི། །ཡེ་ཤེས་མ་ལུས་ཁྱོད་ལས་བྱུང་། །མཆོད་པ་ཐམས་ཅད་སྤངས་ནས་ནི། །རྗེ་བཙུན་ཁྱོད་ལ་མཆོད་ཅིང་འདུད། །རྡོ་རྗེ་གསུམ་གྱི་དངོས་གྲུབ་ཚོགས། །ཉིད་ཀྱི་སྐུ་གསུང་ཐུགས་ལ་གནས། །ཁྱོད་ནི་གང་ལའང་མི་གནས་ཏེ། །མཁའ་མཉམ་འོད་གསལ་རྨད་བྱུང་ཆེ། །རྩོད་པའི་དུས་འདིར་རྡོ་རྗེ་སེམས། །དངོས་སུ་མཐོང་བའི་སྐལ་མེད་པས། །སློབ་དཔོན་གཟུགས་ཀྱིས་སྒྲུབ་རྣམས་ལ། །བརྩེ་བས་མཆོད་པ་ལེན་ལ་འདུད། །རིགས་ལྔའི་དཀྱིལ་འཁོར་ཡེ་ཤེས་ལྔ། །འགྲོ་བ་འདུལ་ཕྱིར་ཕུང་པོ་ལྔ། །ཚད་མེད་ལྷ་མོ་བཞིའི་དཀྱིལ་འཁོར། །འབྱུང་བཞིར་སྟོན་པ་ཡ་མཚན་རྨད། །སྤྱན་སོགས་ཡང་ནི་སེམས་དཔའ་བརྒྱད། །ཚིགས་སོགས་ཡང་དག་ཁྲོ་བོ་བཅུ། །གཟུགས་སོགས་ཡང་ནི་རྡོ་རྗེ་མ། །ཡེ་ཤེས་སྐུ་ལ་བདག་ཕྱག་འཚལ། །སྐྱེ་འཆི་ཅན་གྱི་སྐུའོ་ཞེས། །ལོག་པར་བཟུང་བ་གནོང་ཞིང་འགྱོད། །དེ་བས་བསམ་པ་ཐག་པས་བཤགས། །བདག་ཀྱང་ཁྱེད་ལྟར་མངོན་གྱུར་ཅིག །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །བཅོམ་ལྡན་སྐུ་ཡི་ཆ་ཤས་ལགས། །ཅོད་པན་རིགས་ལྔ་བ་སྤུ་རྣམས། །དགྲ་བཅོམ་ལགས་ཏེ་དེ་བས་འདུད། །འཇིག་རྟེན་ལྷ་རྣམས་ཁྱོད་ཀྱི་གདན། །སྲིད་གསུམ་བླ་མ་ཁྱོད་ཉིད་ལགས། །ཁྱོད་ནི་དཀོན་མཆོག་གསུམ་ལགས་ཤིང་། །རིན་ཆེན་གསུམ་གྱི་བྱེད་པོར་གསུངས། །གཡོ་སྒྱུ་ཚིག་ཙམ་མ་ཡིན་པར། །དེང་ནས་བྱང་ཆུབ་སྙིང་པོའི་བར། །བསམ་པ་ཐག་པས་སྐྱབས་སུ་མཆི། །ལྷག་པར་དད་པས་ཕྱག་འཚལ་ལོ། །
དམངས་རིགས་ཉིས་སྟོང་བྲམ་ཟེ་གཅིག་དང་མཉམ། །དེ་བཞིན་བྲམ་ཟེ་དགེ་སློང་རྡུལ་མེད་དང་། །ཡེ་ཤེས་ལྡན་རྣམས་སྟོང་ཕྲག་གཉིས་གཉིས་སུ། །བསྒྲེས་པའང་སློབ་དཔོན་གཅིག་དང་ཞིང་མཉམ་པར། །གསུངས་ཕྱིར་མགོན་པོ་རྡོ་རྗེ་སློབ་དཔོན་ཁྱོད། །ཞིང་གི་རབ་མཆོག་ཕུལ་དུ་དབྱུང་མེད་པས། །རྒྱལ་ཁྱོད་མཉེས་པར་བྱས་ན་ཀུན་མཁྱེན་མཆོག །ཡེ་ཤེས་བླ་མེད་ཐོབ་པར་ཡང་ཡང་གསུངས། །སློབ་དཔོན་རྡོ་རྗེ་སེམས་དཔའ་མཆོད་པ་དེས། །བསོད་ནམས་ཀུན་བྱས་དཀའ་ཐུབ་ཐམས་ཅད་བསྟེན། །སྡིག་འཇོམས་སྡུག་བསྔལ་ཞི་མཛད་སྲིད་པ་ཡི། །རྒྱ་མཚོའི་འཇིངས་ལས་སྒྲོལ་མཛད་ལ་ཕྱག་འཚལ། །ཁྱོད་ལ་རྗེས་མཐུན་གུས་པས་ཡོན་ཕུལ་ན། །རིམས་སོགས་གནོད་པ་མི་འབྱུང་ཕྱོགས་བཅུ་ཡི། །རྒྱལ་བ་ཀུན་ལ་ཕུལ་བར་འགྱུར་བས་ན། །དངོས་གྲུབ་མཆོག་ནི་ངེས་པར་འཐོབ་པར་གསུངས། །བདག་གིས་དུས་གསུམ་དགེ་བ་ལུས་ལོངས་སྤྱོད། །ཡོངས་སུ་གཟུང་བ་མེད་པའི་མཆོད་རྫས་དང་། །སྨོན་ལམ་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །རབ་བསྒྲུབས་ཕྱི་ནང་གསང་བའི་མཆོད་པ་འབུལ། །ཁྱོད་ལ་བརྙས་པར་བྱེད་པ་ཀུན། །རྒྱལ་པོ་མེ་དང་དུག་དང་རིམས། །ལོག་འདྲེན་རྣམས་ཀྱིས་བསད་ནས་ཀྱང་། །རྟག་ཏུ་དམྱལ་བར་འཚེད་པར་གསུངས། །
ཁྱོད་ལ་བརྙས་ཤིང་སྨད་ན་ནི། །སངས་རྒྱས་ཀུན་ལ་བརྙས་ཤིང་སྨད། །གཟིམས་ཆ་སྟན་དང་ལྷམ་དང་གདུགས། །འགོམས་ཤིང་ཅོ་འདྲི་བྱེད་པ་ནི། །དོན་རིང་དཔལ་ཉམས་ནད་ཀྱིས་ཐེབས། །སྐུ་ཡི་གྲིབ་མ་ལ་འགོམས་པ། །མཆོད་རྟེན་བཤིགས་དང་འདྲ་བར་གསུངས། །དེ་འདྲ་བགྱིས་གང་སོ་སོར་བཤགས། །སྙིང་ནས་སློབ་དཔོན་སྨོད་པ་ནི། །རྨི་ལམ་དུ་ཡང་འགྲུབ་མི་འགྱུར། །སློབ་དཔོན་ཡོན་ཏན་གཟུང་བྱ་ཡི། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་ན་དངོས་གྲུབ་སྟེ། །སྐྱོན་བརྗོད་པ་ལས་དངོས་གྲུབ་ཉམས། །བདག་གིས་སྒོ་གསུམ་བག་མེད་པས། །ཉེས་པར་བགྱིས་ཀུན་མཐོལ་ལོ་བཤགས། །ཁྱོད་ཀྱི་བ་སྤུ་ཉག་རེ་ཡི། །བསོད་ནམས་ལ་ཡང་དུས་གསུམ་གྱི། །རྒྱལ་བའི་འཕྲིན་ལས་ཐམས་ཅད་ཀྱིས། །ཆར་ཡང་བསྐྲུན་པར་མི་ནུས་པས། །ཉིད་དང་ཉིད་ཀྱིས་རྗེས་གཟུང་དང་། །ཉིད་ལ་མཆོད་དང་ཕྱག་འཚལ་སོགས། །བསོད་ནམས་མི་ཟད་བྱེད་པ་ལ། །ལྷག་པར་དང་བས་ཡི་རང་ངོ་། །བསྐལ་པ་བྱེ་བར་མདོ་རྒྱུད་ལ། །ཐོས་བསམ་སྒོམ་ལ་རབ་སྦྱངས་ཀྱང་། །བླ་མའི་མན་ངག་མེད་པ་ཡིས། །བྱིན་རླབས་རིམ་པ་མི་རྙེད་གསུངས། །བླ་མའི་ལུང་ཐོབ་དངོས་གྲུབ་མཆོག །འབད་མེད་ཐོབ་པར་འགྱུར་བས་ན། །བདག་སོགས་འཆིང་བ་ལས་གྲོལ་ཕྱིར། །ཟབ་མོའི་འཁོར་ལོ་བསྐོར་བར་བསྐུལ། །འོད་གསལ་ལྷན་སྐྱེས་བདེ་བ་ཆེ། །ཐམས་ཅད་སྟོང་པ་བླ་མ་ཡིས། །དྲིན་གྱིས་གསལ་བར་འགྱུར་བས་ན། །བདག་བྱིན་བརླབས་པ་མ་རྙེད་ན། །ངལ་བ་འབྲས་མེད་དེ་བཞིན་དུ། །བླ་མའི་ཕོངས་པ་སྔགས་དང་ནི། །ཕྱག་རྒྱ་རྙེད་པར་མི་འགྱུར་བས། །མྱ་ངན་མི་འདའ་བདག་གསོལ་འདེབས། །མཐོ་རིས་གནས་སུ་ལྷ་ཡི་དབང་། །ས་སྟེང་འཁོར་ལོས་སྒྱུར་བ་ཉིད། །ས་འོག་གདེངས་ཅན་བདག་པོའི་ཚུལ། །ཨོཾ་ཡིག་གཙང་མ་རིག་བྱེད་མཆོག །འགྲོ་བའི་བླ་མ་ཕ་མ་གཉེན། །གྲོགས་དང་མགོན་དང་བྱེད་པོ་དང་། །སྐྱོན་འཇོམས་ཡོན་ཏན་ཀུན་གྱི་གནས། །རྡོ་རྗེའི་རྣལ་འབྱོར་ཅན་ལ་འདུད། །ཀུན་འགྲོའི་ཡེ་ཤེས་བརྟན་གཡོ་ཅན། །འགྲོ་འོང་མེད་པར་ཁྱབ་མཛད་པ། །སྐྱེས་བུའི་ཁྱུ་མཆོག་ཐུབ་དབང་པོ། །དབུལ་དང་མགོན་མེད་ཐམས་ཅད་ཀྱི། །སྐྱོབ་པ་ཡིད་བཞིན་ནོར་བུ་ལ། །མི་བཟད་འཁོར་བས་འཇིགས་པས་བདག །འདི་ཕྱི་ཀུན་ཏུ་སྙིང་ཐག་པས། །སྒོ་གསུམ་དད་པས་ཁྱོད་བསྟེན་ནོ། །
རྡོ་རྗེའི་རིགས་ལ་སློབ་དཔོན་བཟུང་བ་ནི། །དམ་ཚིག་ཀུན་གྱི་རྩ་བར་ཡང་ཡང་གསུངས། །མྱོས་བྱེད་དམན་པས་མཆོད་དང་སྦྱིན་སྲེག་ནི། །མར་དང་བྲལ་ན་འབྲས་མེད་རིགས་ཀྱི་ཆོས། །བཏང་བས་མི་རིགས་དོན་མེད་དེ་ལྟ་བུར། །སློབ་དཔོན་དང་བྲལ་ཆོས་ཀྱང་དོན་མི་འགྲུབ། །དེ་ཕྱིར་དམ་ཚིག་ཀུན་ལས་ཁྱད་པར་ཏུ། །སློབ་དཔོན་དམ་ཚིག་འབད་ནས་བཟུང་བར་བགྱི། །དུས་དང་གནས་སྐབས་དག་ནི་ཐམས་ཅད་དུ། །དཔལ་ལྡན་བླ་མའི་འཕྲིན་ལས་བསྒྲུབ་པར་ཤོག །ཁྱོད་ཉིད་གང་ལ་མཉེས་པ་དེ་བསྒྲུབ་ནས། །མི་མཉེས་བྱེད་པ་ཐམས་ཅད་སྤང་བར་ཤོག །ཁྱོད་ཉིད་དགྱེས་པར་གྱུར་ན་བདག་ཅག་རྣམས། །བྱང་ཆུབ་མཆོག་ཐོབ་ལས་ཀྱང་ལྷག་པ་ཉིད། །གལ་ཏེ་ཁྱོད་མི་མཉེས་ན་ཚེ་འདི་ལ། །བྱང་ཆུབ་ཐོབ་ཀྱང་དོན་མཆོག་འགའ་མ་མཆིས། །བདག་གཞན་དུས་གསུམ་དགེ་བ་མ་ལུས་པ། །གཅིག་ཏུ་བསྡུས་པའི་སྟོབས་ལས་ཚེ་འདི་ལ། །མཆོག་གི་དངོས་གྲུབ་དམ་པ་མངོན་གྱུར་ཅིང་། །རྟག་ཏུ་བླ་མ་མཉེས་ཤིང་མཆོད་བྱེད་ཤོག །བདག་ཅག་འཁོར་བའི་བཙོན་རར་ཆུད་རྣམས་ལ། །འདྲེན་པ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །མོས་གུས་རྒྱུན་ཆད་མེད་པར་གསོལ་བ་འདེབས། །ཐུགས་རྗེས་གཡེལ་བ་མེད་པར་གཟིགས་སུ་གསོལ། །རྡོ་རྗེ་སློབ་དཔོན་སྐུ་དང་བདག་གི་ལུས། །དབྱེར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །དཔལ་ལྡན་བླ་མས་ཅི་གསུངས་བསྒྲུབ་པ་དང་། །གསུང་ངག་དབྱེར་མེད་རྡོ་རྗེའི་གསུང་ཐོབ་ཤོག །ཐུགས་ཀྱི་གསང་བའི་མཛོད་ཀུན་འཛིན་པ་དང་། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །བདེ་སྟོང་ཟུང་འཇུག་སྟོང་ཉིད་སྙིང་རྗེའི་ངང་། །ཐབས་ཤེས་དབྱེར་མེད་བསྐྱེད་རྫོགས་ཟུང་འཇུག་མཆོག །སྐྱེ་མེད་འོད་གསལ་མངོན་སུམ་མཐོང་ཞིང་རྟོགས། །རྡོ་རྗེ་འཆང་དངོས་ཁྱོད་དང་མཚུངས་པར་ཤོག །བླ་མ་སངས་རྒྱས་དངོས་སུ་མཐོང་བ་དང་། །ཞི་ལྷག་དབྱེར་མེད་ཏིང་འཛིན་རབ་འབྱམས་ཅན། །སྒོ་གསུམ་སྤྱོད་པ་རྣམ་དག་དྲི་མེད་ཀྱིས། །གཟུང་འཛིན་འཁོར་བའི་གནས་ལས་གྲོལ་བར་ཤོག །བསམ་ཡས་བརྗོད་བྲལ་རླབས་ཆེན་ཐབས་མཆོག་དཔག་མེད་པས། །ད་ལྟ་ཉིད་དུ་མཆོག་གི་དངོས་གྲུབ་སྐུ་བཞིའི་བདག །ནམ་མཁའི་མཐར་ཐུག་འགྲོ་རྣམས་ཐེག་མཆོག་ལ་བཀོད་ནས། །མྱུར་དུ་ཕན་བདེའི་ཞིང་ཀུན་ཁྱབ་པར་བྱིན་གྱིས་རློབས། །ཞེས་དང་།
མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་རྒྱས་ཤིང་། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པཱ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུཾ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། སིལ་སྙན་ཕལ་ཆེར་སོགས་བརྗོད། ཨརྒྷཾ་གྱི་ཚབ་ཏུ། པཱདྱཾ། པུཥྤེ། ངྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏེ། ཤབྟ་རྣམས་བཅུག་ནས་ཐོག་མཐའི་སྔགས་གོང་བཞིན།
སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པཱ་རི་ཝཱ་ར་བཛྲ་ཝསྟྲཱ་ཡེ་ཨཱཿཧཱུཾ་སྭཱཧཱ།
མགོན་ཁྱོད་བཀྲེས་སྐྱེམས་མི་མངའ་ཡང་། །འོ་ཐུག་བུར་ཁུ་བདུད་རྩིའི་ཆུ། །བཟའ་དང་བཅའ་བ་རྒྱ་ཆེན་པོ། །ཁ་དོག་དྲི་དང་རོ་ལྡན་པ། །ཐམས་ཅད་སྦྱར་བའི་བཤོས་ཀྱི་མཆོག །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །
འཁོར་ལོ་ནོར་བུ་བཙུན་མོ་དམ་པ་དང་། །བློན་པོ་གླང་པོ་རྟ་མཆོག་དམག་དཔོན་ཏེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་དཔག་མེད་ཀྱང་། །མངོན་པར་སྤྲུལ་ནས་བླ་མ་མཆོག་ལ་འབུལ། །རལ་གྲི་པགས་པ་སྐྱེད་ཚལ་ཁང་ཁྱིམ་དང་། །གཟིམས་ཆ་གོས་དང་མཆིལ་ལྷམ་རིན་པོ་ཆེ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་བཅས་ལ་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བ་རྣམས་ཀྱི་འདོད་འབྱུང་ལྷ་མོའི་ཚུལ། །གཟུགས་སྒྲ་དྲི་རོ་རེག་བྱའི་བདེ་སྟེར་མ། །མེ་ལོང་པི་ཝང་སྤོས་ཁང་བཟའ་བཏུང་སྣོད། །རས་ཕྲན་བཟང་དང་པདྨ་བྷཉྫ་ནཾ། །ཅང་ཏེའི་སྒྲ་སྒྲོགས་ཁ་ཊྭཱཾ་ལ་བརྟེན་མ། །དཀར་སྔོ་སེར་དང་དམར་དང་ལྗང་བའི་གཟུགས། །གཟུགས་མཛེས་དབྱངས་སྙན་དྲི་དང་བཅུད་ལྡན་མ། །བདེ་ལྡན་ལང་ཚོས་དྲེགས་པའི་སྨིན་ལེགས་མ། །ནམ་མཁའ་གང་བས་བླ་མ་ལྷ་ཚོགས་མཆོད། །བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་གསལ་མ། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །རྒོད་དང་སྒེག་དང་གླུ་ལེན་བྲོ་གར་མཁན། །མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་མ། །གཟུགས་མ་རོ་མ་རེག་མ་ཆོས་འབྱུང་མ། །བཅུ་དྲུག་དགའ་མའི་ཆ་ཤས་ཡོངས་རྫོགས་མ། །རྡོ་རྗེ་རིག་མ་དགའ་བའི་རོལ་བ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེའི་ཡིད་དགྱེས་མཛོད། །
ཁྲུས་ཀྱི་རྫིང་བུ་དམ་པ་དང་། །རེག་ན་བདེ་བ་ལྷ་ཡི་གོས། །མཁའ་ལྡིང་ཁྱུ་མཆོག་རྨ་བྱ་དང་། །གླང་པོ་རྟ་སོགས་ཐེག་པའི་མཆོག །དགོས་འདོད་འབྱུང་བའི་འདོད་འཇོའི་བ། །མ་རྨོས་འཁྲུངས་པའི་ལོ་ཏོག་དང་། །དཔག་བསམ་ཤིང་དང་འབྲས་བུའི་མཆོག །བུམ་བཟང་ནམ་མཁའ་གང་བས་མཆོད། །བདག་གིས་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཀུན་ཡང་འབུལ། །གསེར་དངུལ་མུ་ཏིག་བཻཌཱུརྱ། །རིན་ཆེན་ཞིང་རྣམས་བཀང་ནས་འབུལ། །དབང་སྔོན་རྡོ་རྗེ་པདྨ་དམར། །མརྒད་བྱུ་རུ་ཛམྦུའི་གསེར། །ཟླ་ཤེལ་རིན་ཆེན་བདུན་གྱི་རི། །ཞིང་གི་རྡུལ་སྙེད་དབུལ་བར་བགྱི། །ཨུཏྤལ་པདྨ་ཁ་དོག་ལྔ། །ཛ་ཏི་ཁ་དོག་རྣམ་པ་གསུམ། །མེ་ཏོག་ཀརྞི་ཀ་ར་དང་། །མཱ་ལི་ཀ་དང་ཡུ་ཐི་ཀ །མེ་ཏོག་ཀཱ་ར་ཝི་ར་ཡང་། །བསམ་གཏན་སྟོབས་ཀྱིས་ཁྱེད་ལ་འབུལ། །མི་འཇིགས་སེང་གེ་རིན་ཆེན་ཁྲི། །པདྨ་ཉི་ཟླའི་གདན་མཆོག་དང་། །རྣ་རྒྱན་དང་ནི་གདུ་བུའམ། །མགུལ་རྒྱན་སོར་གདུབ་དམ་པ་དང་། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོག །དབུ་རྒྱན་དར་དཔྱངས་དོ་ཤལ་བཅས། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་ནག་དང་སེར་སྐྱ་དང་། །དེ་བཞིན་གོས་ནི་སྣ་ཚོགས་དང་། །མེ་ཏོག་ཕྲེང་བ་དུ་མ་དང་། །བླ་རེ་དག་དང་དར་དཔྱངས་པའི། །མདའ་དང་ཡོལ་བས་ཤིན་ཏུ་མཛེས། །དེ་བཞིན་བཟའ་བཅའ་བཏུང་བ་ཡི། །རབ་མཉམ་བཞག་པས་མཆོད་པར་བྱ། །གསེར་ནི་བརྒྱ་སྟོང་དུ་མ་དང་། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །རས་ནི་ཟུང་གྱུར་བརྒྱ་ཉིད་དང་། །གླང་བོ་རྟ་དང་ཡུལ་འཁོར་དང་། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་དང་། །བློ་ལྡན་ཀུན་ནས་དང་བ་ཡིས། །བདག་ཉིད་ཀྱང་ནི་དབུལ་བར་བགྱི། །བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་གྱི་དམ་ཚིག་གཙོ། །ཉེས་བྲལ་ཞི་བའི་བཏུང་བ་མཆོག །སྦྲང་རྩི་བུ་རམ་འབྲུ་དང་ཤིང་། །བཅོས་པའི་མྱོས་བྱེད་རྣམ་པ་ལྔ། །ཤེས་རབ་རང་བཞིན་དབུལ་བར་བགྱི། །
ཨོཾ་ཨཱཿཧཱུཾ། ཐབས་ཤེས་ལྷན་ཅིག་སྦྱོར་བ་ལས། །རང་བཞིན་སྣང་བ་ཡོངས་དག་པའི། །ཞི་བདེས་ཁམས་གསུམ་ཀུན་ཁྱབ་པ། །གསང་བའི་མཆོད་པས་མཉེས་པར་བགྱི། །བར་འདིར་བླ་མ་སྤྱི་དང་སྒོས་ཀྱི་གསོལ་འདེབས་རྣམས་དང་། བརྟན་བཞུགས་ལ་སོགས་པའི་རིམ་པ་ཅི་ཤེས་བྱའོ། །དེ་བཞིན་དུ། རྒྱུན་བཤགས་དང་། ཡན་ལག་བདུན་པ་སོགས་གང་འགྲུབ་བྱའོ། །
བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་བས། །བདག་ལུས་གང་བས་བུམ་པའི་དབང་བསྐུར་ཐོབ། །བྱང་ཆུབ་སེམས་རྒྱུན་མཁའ་སྒོའི་ལམ་ནས་ཐོན། །བདུད་རྩི་མྱངས་པས་གསང་བའི་དབང་བསྐུར་ཐོབ། །སྐུ་ལས་རིག་མ་སྤྲོས་ཏེ་བདག་ལ་འཁྱུད། །བདེ་བ་སྐྱེས་པས་ཤེར་དབང་ཐོབ་པར་བསམ། །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། །དབྱེར་མེད་གྱུར་པས་བཞི་བ་ཐོབ་པར་བསམ། །བསམ་མེད་ངང་དུ་ཅུང་ཟད་གློད་དེ་བཞག །མ་བཅོས་སོ་མ་རང་ཤར་ལྷན་ནེ་བ། །ལྷུན་གྲུབ་འབད་རྩོལ་མེད་པའི་ངང་དུ་བཞག །དཔལ་ལྡན་བླ་མའི་སྐུ་དང་བདག་གི་ལུས། །དབྱེར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །དཔལ་ལྡན་བླ་མས་ཅི་གསུངས་བསྒྲུབ་པ་དང་། །གསུང་ངག་དབྱེར་མེད་གསུང་གི་རྡོ་རྗེར་ཤོག །ཐུགས་ཀྱི་གསང་བའི་མཛོད་ཀུན་འཛིན་པ་དང་། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །བླ་མ་དགྱེས་པའི་བྱ་བ་ཀུན་བསྒྲུབས་ནས། །མཛད་པ་འཕྲིན་ལས་མཚུངས་པར་བྱིན་གྱིས་རློབས། །མགོ་བོར་བླ་མའི་ཅོད་པན་འཆང་། །ལག་ཏུ་རྡོ་རྗེ་དྲིལ་བུ་འཛིན། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླ། །ཡིད་ཀྱིས་ཟུང་འཇུག་བསྒོམ་པར་ཤོག །དེ་ནས་ཚོགས་ཀྱི་ཡོ་བྱད་བྱིན་གྱིས་བརླབས་ཤིང་། ཚོགས་ཀྱི་ཆོ་ག་ནི་གཞུང་བཞིན་བྱའོ། །ཡི་གེ་བརྒྱ་པས་ཉམས་ཆག་བསྐངས་ཤིང་། ཡེ་དྷརྨས་བརྟན་བཞུགས་བྱའོ། །མཇུག་ཏུ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱས་ཏེ། དེ་ལྟར་ཡང་དང་ཡང་དུ་བླ་མ་མཆོད་པས་ནི། །རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་པར་འགྱུར་བའི་ཕྱིར། །བསོད་ནམས་ཕུང་པོ་ཆེས་ཆེར་འཕེལ་བ་ཡི། །བླ་མ་རྡོ་རྗེ་འཆང་ཆེན་མཉེས་བྱེད་ཐབས། །མདོ་ཙམ་ཉེ་བར་བཀོད་པ་གང་ཡིན་འདི། །ཚོགས་གཉིས་རྒྱ་ཆེན་སྤེལ་བའི་ཐབས་མཆོག་སྟེ། །སྲིད་ཞིའི་དཔལ་འབྱོར་མཆོག་ཏུ་རྒྱས་བྱེད་ཡིན། །ཞེས་བླ་མ་མཆོད་པའི་ཆོ་ག་བདེ་ལེགས་རབ་རྒྱས་ཞེས་བྱ་བ་འདི། ས་སྐྱོང་གཞོན་ནུ་འགུར་ཆེན་ཞེས་བྱ་བས་ཉེ་བར་བསྐུལ་ནས། ཏཱ་ར་ནཱ་ཐས་ཉེ་བར་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
རབ་དཀར་འདི་བསྐྲུན་པས། །མ་ལུས་འགྲོ་ཚོགས་ཀྱི། །གནས་སྐབས་མཐར་ཐུག་གི། །དཔལ་ཡོན་མཐའ་མེད་ཤོག །འདི་ཡང་མ་ཏིས་བྲིས་སོ། །མངྒ་ལཾ། བྷ་ཝནྟུ།།

བླ་མ་རྒྱང་འབོད།

བླ་མ་རྒྱང་འབོད་བཞུགས་སོ། །ཨོཾ་སྭཱ་སྟི། དཔལ་ལྡན་རྒྱལ་བ་ཐམས་ཅད་འདུས་པའི་སྐུ། །བརྒྱུད་པ་ཀུན་འདུས་ནོར་བུ་རིན་པོ་ཆེ། །མཚན་ཙམ་དྲན་པས་འདོད་དགུའི་དཔལ་སྩོལ་བ། །འགྲོ་བའི་འདྲེན་པ་བདག་ལ་ཐུགས་རྗེས་གཟིགས། །གཟིགས་ཤིག་གཟིགས་ཤིག་ད་ལྟ་བྱིན་གྱིས་རློབས། །ཆོས་མེད་བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །བླ་མ་ཁྱེད་དང་འབྲལ་བ་མེད་པ་དང་། །རྗེ་བཙུན་ཁྱེད་ཀྱི་གོ་འཕང་ཐོབ་པར་ཤོག །བླ་མ་ལ་གསོལ་བ་འདེབས། །ཆོས་རྗེ་ལ་གསོལ་བ་འདེབས། །ཉམས་རྟོགས་རྣམས་བསྐྱེད་དུ་གསོལ། །བྱིན་རླབས་རྣམས་བསྩལ་དུ་གསོལ། །དབང་མཆོག་རྣམས་བསྐུར་དུ་གསོལ། །དལ་འབྱོར་མི་ལུས་རྙེད་པ་བརྒྱ་ལམ་ན། །དམ་པའི་ཆོས་དང་མཇལ་བ་རེ་འགའ་ཙམ། །མི་ཚེ་སྟོང་བར་ཟད་པའི་སྙིང་མེད་པོ། །ཉམས་ལེན་བྱེད་སྙམ་ངང་ལ་འདས་པ་ན། །གཟིགས་ཤིག་གཟིགས་ཤིག་ད་ལྟ་བྱིན་གྱིས་རློབས། །ཆོས་མེད་བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །བླ་མ་ཁྱེད་དང་འབྲལ་བ་མེད་པ་དང་། །རྗེ་བཙུན་ཁྱེད་ཀྱི་གོ་འཕང་ཐོབ་པར་ཤོག །བླ་མ་ལ་གསོལ་བ་འདེབས། །ཆོས་རྗེ་ལ་གསོལ་བ་འདེབས། །ཉམས་རྟོགས་རྣམས་བསྐྱེད་དུ་གསོལ། །བྱིན་རླབས་རྣམས་བསྩལ་དུ་གསོལ། །དབང་མཆོག་རྣམས་བསྐུར་དུ་གསོལ། །འགྱུ་བའི་དབུགས་ཀྱང་ཆད་ལ་ཉེ་བ་དང་། །ཁམས་གཅིག་ཟོས་པའང་དང་གར་མི་འོང་ཞིང་། །རང་གིས་རང་ལ་ཡིད་ཆད་བྱེད་པ་དང་། །གྲོགས་དང་གཉེན་ལ་རེ་ཐག་ཆད་པའི་དུས། །གཟིགས་ཤིག་གཟིགས་ཤིག་ད་ལྟ་བྱིན་གྱིས་རློབས། །ཆོས་མེད་བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །བླ་མ་ཁྱེད་དང་འབྲལ་བ་མེད་པ་དང་། །རྗེ་བཙུན་ཁྱེད་ཀྱི་གོ་འཕང་ཐོབ་པར་ཤོག །བླ་མ་ལ་གསོལ་བ་འདེབས། །ཆོས་རྗེ་ལ་གསོལ་བ་འདེབས། །ཉམས་རྟོགས་རྣམས་བསྐྱེད་དུ་གསོལ། །བྱིན་རླབས་རྣམས་བསྩལ་དུ་གསོལ། །དབང་མཆོག་རྣམས་བསྐུར་དུ་གསོལ། །གཤིན་རྗེའི་སྐྱེས་བུས་དབང་མེད་བཅིངས་ནས་ཁྲིད། །དམྱལ་བའི་མེ་ཚོགས་འབར་བའི་ནང་དུ་ལྷུང་། །འཇིགས་རུང་མཚོན་ཆའི་ཆར་བ་ལུས་ལ་ཕོག །ལས་ངན་དབང་གིས་ཚེ་ལ་འཁྱོལ་དུས་མེད། །གཟིགས་ཤིག་གཟིགས་ཤིག་ད་ལྟ་བྱིན་གྱིས་རློབས། །ཆོས་མེད་བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །བླ་མ་ཁྱེད་དང་འབྲལ་བ་མེད་པ་དང་། །རྗེ་བཙུན་ཁྱེད་ཀྱི་གོ་འཕང་ཐོབ་པར་ཤོག །བླ་མ་ལ་གསོལ་བ་འདེབས། །ཆོས་རྗེ་ལ་གསོལ་བ་འདེབས། །ཉམས་རྟོགས་རྣམས་བསྐྱེད་དུ་གསོལ། །བྱིན་རླབས་རྣམས་བསྩལ་དུ་གསོལ། །དབང་མཆོག་རྣམས་བསྐུར་དུ་གསོལ། །གྲང་བས་ཉེན་ནས་བརྒྱ་ཚལ་སྟོང་ཚལ་དུ། །གས་པའི་དུས་ན་མགོན་སྐྱབས་གཞན་མ་མཆིས། །ལོ་བརྒྱའི་བར་དུ་ཟས་སྐོམ་ཁམ་གཅིག་ཀྱང་། །མ་རྙེད་བཀྲེས་སྐོམ་འཇིགས་པས་ཉེན་པའི་དུས། །གཟིགས་ཤིག་གཟིགས་ཤིག་ད་ལྟ་བྱིན་གྱིས་རློབས། །ཆོས་མེད་བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །བླ་མ་ཁྱེད་དང་འབྲལ་བ་མེད་པ་དང་། །རྗེ་བཙུན་ཁྱེད་ཀྱི་གོ་འཕང་ཐོབ་པར་ཤོག །བླ་མ་ལ་གསོལ་བ་འདེབས། །ཆོས་རྗེ་ལ་གསོལ་བ་འདེབས། །ཉམས་རྟོགས་རྣམས་བསྐྱེད་དུ་གསོལ། །བྱིན་རླབས་རྣམས་བསྩལ་དུ་གསོལ། །དབང་མཆོག་རྣམས་བསྐུར་དུ་གསོལ། །གཅིག་ལ་གཅིག་ཟ་སྲོག་གཅོད་བཀོལ་དང་བརྡེག །སྐྱེ་རྒ་ན་འཆིའི་འཕྲང་ནི་ཉམས་རེ་ང་། །མཐོ་དམན་འབྱོར་རྒུད་མི་རྟག་ཡི་རེ་འབྱུང་། །འགྲོ་བ་དྲུག་གི་སེམས་ཅན་སྙིང་རེ་རྗེ། །གཟིགས་ཤིག་གཟིགས་ཤིག་ད་ལྟ་བྱིན་གྱིས་རློབས། །ཆོས་མེད་བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །བླ་མ་ཁྱེད་དང་འབྲལ་བ་མེད་པ་དང་། །རྗེ་བཙུན་ཁྱེད་ཀྱི་གོ་འཕང་ཐོབ་པར་ཤོག །བླ་མ་ལ་གསོལ་བ་འདེབས། །ཆོས་རྗེ་ལ་གསོལ་བ་འདེབས། །ཉམས་རྟོགས་རྣམས་བསྐྱེད་དུ་གསོལ། །བྱིན་རླབས་རྣམས་བསྩལ་དུ་གསོལ། །དབང་མཆོག་རྣམས་བསྐུར་དུ་གསོལ། །ངུར་སྨྲིག་གྱོན་ཡང་གཤིས་རྒྱུད་རྩུབ་ཅིང་གྱོང་། །དགེ་སྦྱོར་ཀུན་ཡང་ཚེ་འདིའི་ཆེ་ཁར་སོང་། །ཆོས་སྐད་འགྲིག་འགྲིག་སྨྲ་ཡང་སེམས་མ་ཐུལ། །ཁ་དང་ལག་ལེན་འགལ་བའི་ཟོག་པོ་ལ། །གཟིགས་ཤིག་གཟིགས་ཤིག་ད་ལྟ་བྱིན་གྱིས་རློབས། །ཆོས་མེད་བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །བླ་མ་ཁྱེད་དང་འབྲལ་བ་མེད་པ་དང་། །རྗེ་བཙུན་ཁྱེད་ཀྱི་གོ་འཕང་ཐོབ་པར་ཤོག །བླ་མ་ལ་གསོལ་བ་འདེབས། །ཆོས་རྗེ་ལ་གསོལ་བ་འདེབས། །ཉམས་རྟོགས་རྣམས་བསྐྱེད་དུ་གསོལ། །བྱིན་རླབས་རྣམས་བསྩལ་དུ་གསོལ། །དབང་མཆོག་རྣམས་བསྐུར་དུ་གསོལ། །ཕ་བླ་མའི་སྐུ་ཡིས་བྱིན་གྱིས་རློབས། །ཕ་བླ་མའི་གསུང་གིས་བྱིན་གྱིས་རློབས། །ཕ་བླ་མའི་ཐུགས་ཀྱིས་བྱིན་གྱིས་རློབས། །སྤྲང་ཆོས་མེད་པོ་ལ་གཟིགས་ཤིག་ད་ལྟ་བྱིན་གྱིས་རློབས། །ཆོས་མེད་བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །བླ་མ་ཁྱེད་དང་འབྲལ་བ་མེད་པ་དང་། །རྗེ་བཙུན་ཁྱེད་ཀྱི་གོ་འཕང་ཐོབ་པར་ཤོག །བླ་མ་ལ་གསོལ་བ་འདེབས། །ཆོས་རྗེ་ལ་གསོལ་བ་འདེབས། །ཉམས་རྟོགས་རྣམས་བསྐྱེད་དུ་གསོལ། །བྱིན་རླབས་རྣམས་བསྩལ་དུ་གསོལ། །དབང་མཆོག་རྣམས་བསྐུར་དུ་གསོལ། །ཅེས་པ་འདི་ཡང་སྐྱོར་མོ་ལུང་བ་དར་རྒྱས་དཔལ་འབྱོར་གྱིས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པའོ།། །།བཀྲ་ཤིས།།
༄། །ཨོཾ་སྭཱ་སྟི། མཚན་ལྡན་གྱི་བླ་མ་ཐུགས་རྗེ་ཅན། །མགོན་གཅིག་ཆོག་རྒྱལ་པོ་ལ་གསོལ་བ་འདེབས། །སེམས་གནས་ལུགས་རྗེན་པར་རྟོགས་པ་དང་། །ཕ་ཁྱེད་ཀྱི་ཐུགས་དང་མཉམ་པར་ཤོག །བརྒྱུད་པ་ཀུན་འདུས་ཀྱི་རྡོ་རྗེ་འཆང་ཆེན། །སྐྱབས་གནས་ཀུན་འདུས་ཀྱི་བླ་མ་དམ་པ། །དངོས་གྲུབ་འབྱུང་གནས་ཀྱི་ཡི་དམ་ལྷ་ཚོགས། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་བར་དྲོངས་ཤིག །བར་ཆད་ཀུན་སེལ་གྱི་མཁའ་འགྲོ་ཆོས་སྐྱོང་། །དམ་ཚིག་རྗེས་དྲན་གྱི་རྡོ་རྗེ་སྤུན་གྲོགས། །རྟག་ཏུ་བྱམས་པ་མ་འདྲེས་པའི་མཛའ་བཤེས། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་བར་དྲོངས་ཤིག །རྒྱལ་བ་རྒྱ་མཚོ་སྲས་བཅས་ཀྱི་ངོ་བོ། །ལུང་རྟོགས་དམ་ཆོས་མ་ལུས་པའི་གཏེར་མཛོད། །འཕགས་ཚོགས་འདུས་པ་ཀུན་འདུས་ཀྱི་གཙོ་བོ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་བར་དྲོངས་ཤིག །སྤྲོས་བྲལ་མཁའ་ཁྱབ་རང་རིག་གི་ཆོས་སྐུ། །བདེ་སྟོང་དབྱེར་མེད་ཀྱི་རང་གསལ་ལོངས་སྐུ། །གང་འདུལ་ཐུགས་རྗེའི་མཁའ་ཁྱབ་ཀྱི་སྤྲུལ་སྐུ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་བར་དྲོངས་ཤིག །ཆོས་ཀུན་གཟིགས་པའི་མཁྱེན་པ་མཐའ་ཡས། །ཉེ་རིང་མི་མངའ་བརྩེ་བའི་ཀློང་ཡངས། །འཕྲིན་ལས་མཐའ་མེད་ནུས་མཐུའི་བདག་པོ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་བར་དྲོངས་ཤིག །དགོས་འདོད་ཀུན་འབྱུང་ཡིད་བཞིན་གྱི་ནོར་བུ། །བདེ་སྐྱིད་ཀུན་སྩོལ་དཔག་བསམ་གྱི་ཤིང་ཆེན། །རྒྱུན་ཆད་མེད་པ་གཞན་ཕན་གྱི་ཆུ་བོ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་བར་དྲོངས་ཤིག །ཕོངས་སྐྱབས་ཀུན་སེལ་གཏེར་ཆེན་གྱི་བུམ་བཟང་། །སྲིད་གསུམ་མུན་སེལ་གྱི་རྡོ་རྗེ་ཉི་མ། །ཉོན་མོངས་གདུང་སེལ་གྱི་རྒྱུ་སྐར་བདག་པོ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་བར་དྲོངས་ཤིག །བརྟན་གཡོ་ཀུན་ཁྱབ་ཀྱི་རྡོ་རྗེ་སློབ་དཔོན། །བདེ་ཆེན་འགྱུར་མེད་ཀྱི་ལྷན་ཅིག་སྐྱེས་དགའ། །རང་རྩལ་འགྱུར་མེད་ཀྱི་རྣམ་པ་ཀུན་ལྡན། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་བར་དྲོངས་ཤིག །བདག་སེམས་མ་བཅོས་སོ་མའི་རིག་པ། །ཁམས་གསུམ་སྣང་སྲིད་དྲན་རྟོག་གི་འཆར་སྒོ། །ཐམས་ཅད་ཁྱེད་ཐུགས་འོད་གསལ་དུ་རོ་མཉམ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་བར་དྲོངས་ཤིག །མཐའ་ཡས་འགྲོ་བའི་སྐྱབས་གནས་གཅིག་པུ། །འགྲོ་ཀུན་བདེ་ལ་འགོད་མཛད་ཁྱོད་ཉིད། །སྐྱོབ་པ་བླ་མེད་འདྲེན་མཆོག་ཆོས་རྗེ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་བར་དྲོངས་ཤིག །བདག་སོགས་མཁའ་མཉམ་གྱི་སེམས་ཅན་ལ་ཐུགས་རྗེས་གཟིགས། །མ་རྒན་སེམས་ཅན་ལ་ཐུགས་རྗེས་གཟིགས། །འཁོར་བར་གཏན་འཁྱམས་བྱེད་ལ་ཐུགས་རྗེས་གཟིགས། །འཁྲུལ་བའི་འཁོར་ལོ་བསྐོར་ལ་ཐུགས་རྗེས་གཟིགས། །གདེང་མེད་རྟག་རྩིས་ཅན་ལ་ཐུགས་རྗེས་གཟིགས། །སྡུག་བསྔལ་གཡོས་སྦྱོར་མཁན་ལ་ཐུགས་རྗེས་གཟིགས། །དད་མེད་ཕོ་ཚོད་མཁན་ལ་ཐུགས་རྗེས་གཟིགས། །རང་སེམས་གནས་ལུགས་མ་རྟོགས་པ་ལ་གཟིགས་སུ་གསོལ། །ཉོན་མོངས་རང་དགར་ཤོར་བ་རྣམས་ལ་གཟིགས་སུ་གསོལ། །རིག་པ་ཕྱིར་ལྟས་ཤོར་བ་རྣམས་ལ་གཟིགས་སུ་གསོལ། །ཆོས་མེད་བཟང་རྫུར་ཤོར་བ་རྣམས་ལ་གཟིགས་སུ་གསོལ། ། བློ་རྒོད་གྱོང་བོ་ཐུལ་བར་བྱིན་གྱིས་རློབས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཞེན་མེད་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །ཡིད་ཆེས་དད་པ་སྐྱེ་བར་བྱིན་གྱིས་རློབས། །ལེ་ལོ་རྣམ་གཡེང་སངས་པར་བྱིན་གྱིས་རློབས། །རང་སེམས་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཉོན་མོངས་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། །འགྲོ་ཀུན་སྨིན་གྲོལ་ལ་འགོད་པར་བྱིན་གྱིས་རློབས། །ཞེས་པའང་ནམ་མཁའ་བརྩོན་འགྲུས་ཀྱིས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པའོ། །

བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས།

བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས་བཞུགས་སོ། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱོ་ན་མོ་ན་མཿ བླ་མ་སངས་རྒྱས་བཀའ་དྲིན་ཅན་གྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། མཚོན་རྣོན་བྱེ་བ་ཕྲག་ཁྲིག་སྟོང་གིས་ཀྱང་། །མ་ཆོད་མི་ཆོད་ཆོད་པར་མི་འགྱུར་བའི། །བདག་འཛིན་འཆིང་བ་དམ་པོ་གཅོད་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །གོ་མཚོན་སྟར་བའི་དཔའ་བོ་མང་པོས་ཀྱང་། །མ་ཆོམས་མི་ཆོམས་ཆོམས་པར་མི་འགྱུར་བའི། །མི་ཟད་ཉོན་མོངས་གཡུལ་ངོ་སེལ་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །བྱེ་བ་ཕྲག་ཁྲིག་འབུམ་གྱི་ཉི་མས་ཀྱང་། །མ་སྐམ་མི་སྐམ་སྐེམ་པར་མི་འགྱུར་བའི། །སྲིད་པའི་ཆུ་བོ་ཆེན་པོ་སྐེམ་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །རྡོ་རྗེ་རབ་ཏུ་འབར་བ་དུ་མས་ཀྱང་། །མ་ཤིགས་མི་ཤིགས་ཤིགས་པར་མི་འགྱུར་བའི། །ང་རྒྱལ་རི་བོ་མཐོན་པོ་སྙིལ་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །ཉི་ཟླ་ནོར་བུ་འབར་བའི་འོད་ཀྱིས་ཀྱང་། །མ་སེལ་མི་སེལ་སེལ་བར་མི་ནུས་པའི། །མ་རིག་མུན་པ་མུན་ནག་སེལ་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །རྟེན་ཅིང་འབྲེལ་འབྱུང་དབང་པོ་ཀུན་གྱིས་ཀྱང་། །མ་མཐོང་མི་མཐོང་མཐོང་བར་མི་འགྱུར་བའི། །བདེ་གཤེགས་སྙིང་པོ་མངོན་སུམ་མཐོང་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །ཡིད་ཀྱི་རྣམ་ཤེས་ཤིན་ཏུ་སྒྲིན་པོས་ཀྱང་། །མ་རིག་མི་རིག་རིག་པར་མི་འགྱུར་བའི། །རང་བྱུང་ཡེ་ཤེས་རང་གིས་རིག་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །སེམས་དང་སེམས་བྱུང་རབ་ཏུ་གསལ་བས་ཀྱང་། །མ་ཤེས་མི་ཤེས་ཤེས་པར་མི་འགྱུར་བའི། །རང་བཞིན་འོད་གསལ་རང་གིས་ཤེས་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །བུ་ལ་ཤིན་ཏུ་བྱམས་པའི་ཕ་མས་ཀྱང་། །མ་སྦྱིན་མི་སྦྱིན་སྦྱིན་པར་མི་འགྱུར་བའི། །དོན་དམ་ཆོས་སྐུའི་གཏེར་ཆེན་སྩོལ་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །གྲུ་གཟིངས་མཉན་པ་དེད་དཔོན་བྱེ་བས་ཀྱང་། །མ་བརྒལ་མི་བརྒལ་བརྒལ་བར་མི་འགྱུར་བའི། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །དེ་སླད་ཁྱེད་ཀྱི་བཀའ་དྲིན་བསམས་པ་ན། །སྟོང་གསུམ་རིན་ཆེན་བདུན་གྱིས་རབ་བཀང་ནས། །གུས་པས་ཉིན་རེ་བཞིན་དུ་རྟག་འབུལ་ཡང་། །དྲིན་ལན་བྱེ་བའི་ཆར་ཡང་ལོན་མ་ལགས། །དྲིན་ཅན་ཁྱོད་ཀྱི་བྱ་བ་བསྒྲུབ་སླད་དུ། །བསྐལ་པར་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་བརྒྱར། །སྒོ་གསུམ་མི་ངལ་བྲན་བཞིན་རབ་བཀོལ་ཡང་། །བཀའ་དྲིན་ཆ་ཡི་ཆ་ཡང་ལོན་མ་ལགས། །རྟག་ཏུ་ཚུལ་གནས་ཐོས་དང་བསམ་ལྡན་པས། །རྡོ་རྗེ་རྣལ་འབྱོར་ཉིན་དང་མཚན་སྒོམ་ཞིང་། །བརྩེ་བས་གཞན་ལ་ཕན་དང་བདེ་བསྒྲུབ་ན། །ཁྱེད་ཀྱི་དྲིན་ལན་ཅུང་ཟད་ལོན་ནམ་སྙམ། །དེ་སླད་ཁྱོད་ཀྱི་དགོངས་པ་བསྒྲུབ་སླད་དུ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དྲི་མ་མེད། །ནམ་མཁའ་རྒྱ་མཚོ་ཉི་མའི་འོད་ལྟ་བུས། །རང་དང་གཞན་གྱི་དགོས་པ་འགྲུབ་པར་ཤོག །དྲིན་ཅན་ཁྱེད་དང་རྟག་ཏུ་མི་འབྲལ་ཞིང་། །ཟང་ཟིང་བྱེ་བ་བསྒྲུབ་པའི་བསྙེན་བཀུར་གྱིས། །དྲིན་ཅན་བླ་མ་རྟག་ཏུ་མཉེས་བྱས་ནས། །བླ་མ་ལྟ་བུའི་གོ་འཕང་མྱུར་ཐོབ་ཤོག །སྤྲང་པོ་ཤེས་རབ་རྒྱལ་མཚན་གྱིས་བཀོད་པའོ།། །།

བླ་མ་བཀའ་དྲིན་ཅན་གྱི་གསོལ་འདེབས།

བླ་མ་བཀའ་དྲིན་ཅན་གྱི་གསོལ་འདེབས་བཞུགས་སོ། །རྒྱལ་བའི་གསུང་ངག་ལེགས་བཤད་རིན་པོ་ཆེ། །ཟབ་དོན་གདམས་པ་འཆད་ལ་དབང་འབྱོར་བས། །སྙིང་པོའི་བསྟན་པའི་དམ་ཆོས་འཕེལ་མཛད་པ། །དྲིན་ཅན་བླ་མའི་ཞབས་ལ་གསོལ་བ་འདེབས། །གཞི་འབྲས་དབྱེར་མེད་གཉུག་མ་སེམས་ཀྱི་གཤིས། །ལམ་ཟབ་ཡང་དག་རྟོགས་པས་མངོན་བྱས་ནས། །མ་ནོར་ཇི་བཞིན་གཞན་ལ་སྟོན་མཛད་པ། །དྲིན་ཅན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྙིགས་མའི་དུས་འདིར་རྡོ་རྗེ་རྣལ་འབྱོར་གྱི། །ལམ་བཟང་བརྒྱུད་པའི་ཆུ་བོ་ཉག་ཕྲ་ཚེ། །རང་གིས་སྒྲུབ་དང་གཞན་ལ་འཆད་པ་ཡིས། །བསྟན་པའི་སྲོག་ཤིང་མཛད་ལ་གསོལ་བ་འདེབས། །དང་པོ་སྨིན་བྱེད་དབང་གིས་སྒོ་ཕྱེ་ནས། །བར་དུ་ཉམས་ལེན་གདམས་པའི་ཁྲིད་ཀྱིས་བསྐྱངས། །ཐ་མར་ཉམས་མྱོང་གནད་ཀྱིས་གེགས་སྐྱོན་བསལ། །མ་ནོར་ཐར་ལམ་སྟོན་ལ་གསོལ་བ་འདེབས། །བསལ་བཞག་བྲལ་བའི་སེམས་ཉིད་རིན་པོ་ཆེ། །རང་ངོ་མ་ཤེས་འཁྲུལ་བས་བསླད་པ་ལ། །ཐབས་མཆོག་ཟབ་མོའི་གནད་གསང་ལ་བརྟེན་ནས། །གནས་ལུགས་ཇི་བཞིན་སྟོན་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་རྣམ་འཕྲུལ་རིན་པོ་ཆེ། །རྒྱལ་བ་ཀུན་དང་དབྱེར་མེད་ཆོས་ཀྱི་རྗེ། །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །སྙིང་ནས་བཀའ་དྲིན་དྲན་པས་གསོལ་བ་འདེབས། །བདག་སོགས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱེད་ཀྱིས་འབྲལ་མེད་རྗེས་བཟུང་ནས། །ཆོས་སྐུའི་ཀློང་དུ་རོ་གཅིག་མ་གྱུར་པར། །ཐུགས་རྗེའི་མཆོག་གིས་བྱིན་གྱིས་བརླབ་ཏུ་གསོལ། །སྟོང་གཟུགས་འོད་ལྔའི་སྣང་བ་བླ་མའི་སྐུ། །འཛིན་མེད་རང་རིག་ངང་དུ་རྩལ་རྫོགས་ཏེ། །མ་དག་ཤ་ཁྲག་གདོས་བྱས་ལུས་སྤངས་ནས། །ཉམས་ལེན་སོར་སྡུད་བསམ་གཏན་མཐར་ཕྱིན་ཤོག །མི་གཡོ་ཡེ་ཤེས་རླུང་མཆོག་བླ་མའི་གསུང་། །རྩོལ་མེད་མཉམ་བཞག་ངང་དུ་རྩལ་རྫོགས་པས། །ཉི་ཁྲི་ཆིག་སྟོང་རླུང་གི་རྒྱུ་བ་འགགས། །ཉམས་ལེན་སྲོག་རྩོལ་འཛིན་པ་མཐར་ཕྱིན་ཤོག །བདེ་ཆེན་དྭངས་མའི་ཐིག་ལེ་བླ་མའི་ཐུགས། །སྤྲོས་བྲལ་ཆོས་སྐུའི་ངོ་བོར་རྩལ་རྫོགས་ནས། །འཛག་བདེའི་སྙིགས་མ་འཕོ་བའི་བག་ཆགས་བཅོམ། །ཉམས་ལེན་རྗེས་དྲན་ཏིང་འཛིན་མཐར་ཕྱིན་ཤོག །བདེ་ཆེན་ཡེ་ཤེས་གཏུམ་མོའི་འོད་སྣང་གིས། །ཕྱི་ནང་སྣོད་བཅུད་སྒྱུ་ལུས་སྤྲུལ་སྐུར་འབྱོངས། །རྟོགས་པའི་འོད་གསལ་དོན་གྱི་ཡེ་ཤེས་མཐོང་། །ཉམས་ལེན་སྙིང་པོའི་གནད་ལ་དབང་འབྱོར་ཤོག །རྨི་ལམ་འཁྲུལ་སྣང་འཛིན་མེད་ངང་དུ་གྲོལ། །བར་དོ་ཡིད་ལུས་རྒྱལ་བ་ལོངས་སྐུར་འབྱོངས། །མ་དག་རྣམ་ཤེས་ཆོས་སྐུའི་ཀློང་དུ་འཕོ། །ཉམས་ལེན་ཟུང་འཇུག་ལམ་མཆོག་མཐར་ཕྱིན་ཤོག །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ། །དོན་དམ་ཆོས་སྐུའི་དགོངས་པ་མཐར་ཕྱིན་ནས། །ཁམས་གསུམ་འཁོར་བའི་རྒྱ་མཚོ་མ་སྟོང་བར། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །བླ་མ་བཀའ་དྲིན་ཅན་གྱི་གསོལ་འདེབས་འདི། ཐུན་པ་ངག་དབང་དཀོན་མཆོག་གིས་བསྐུལ་ནས། ཁྱི་རྒན་དཔལ་དགེས་གསང་ལུང་དུ་བྲིས། །དགེའོ། །

བླ་མའི་གསོལ་འདེབས་དངོས་གྲུབ་འབྱུང་གནས།

བླ་མའི་གསོལ་འདེབས་དངོས་གྲུབ་འབྱུང་གནས་བཞུགས་སོ། །ན་མཿཤྲཱི་གུ་རུ་ཝེ། དངོས་གྲུབ་འབྱུང་གནས་བླ་མ་རིན་པོ་ཆེ། །འགྲོ་ཀུན་སྤྱི་གཙུག་པད་ཟླའི་གདན་བཞུགས་ནས། །ཐུགས་རྗེས་རྒྱུན་ཆད་མེད་པའི་བཀའ་དྲིན་ཅན། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །སྐྱབས་གསུམ་ངོ་བོ་བླ་མ་རིན་པོ་ཆེ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་མི་ཁྱབ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གྲངས་ལས་འདས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྐྱབས་གསུམ་ལྡན་པའི་སངས་རྒྱས་ཀུན་གྱི་གཙོ། །ཐེག་གསུམ་ལྡན་པའི་དམ་ཆོས་ཀུན་གྱི་གཏེར། །བསླབ་གསུམ་ལྡན་པའི་དགེ་འདུན་ཀུན་གྱི་བདག །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །དུས་གསུམ་རྒྱལ་བའི་རྣམ་པར་སྤྲུལ་པའི་སྐུ། །དུག་གསུམ་ནད་སེལ་དམ་ཆོས་བདུད་རྩིའི་གསུང་། །འཕགས་པའི་དགེ་འདུན་རྟག་ཏུ་མཐུན་པའི་ཐུགས། །དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ལ་འདུད། །གང་གི་མཁྱེན་པའི་ཕུང་པོ་རབ་རྒྱས་ནས། །རྣམ་དག་མཁའ་ལ་ཉི་མའི་དཀྱིལ་འཁོར་བཞིན། །མ་རིག་མུན་སེལ་འོད་ཀྱི་དྲྭ་བ་འགྱེད། །སྙིང་གི་མུན་པ་སངས་པར་བྱིན་གྱིས་རློབས། །གང་གི་ཐུགས་རྗེས་ཕུང་པོ་ཀུན་ལ་སྙོམས། །བརྟན་གཡོ་ཀུན་ལ་མི་འགྱུར་ནམ་མཁའ་བཞིན། །ལུས་ཅན་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས། །རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །གང་གི་ནུས་པ་འཕྲིན་ལས་བསམ་མི་ཁྱབ། །རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། །འགྲོ་བའི་རེ་འདོད་སྐོང་བར་གདོན་མི་ཟ། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །བྲལ་དང་སྨིན་པའི་ཡོན་ཏན་ཚད་མེད་གཏེར། །ཆུ་དང་རིན་ཆེན་ཆུ་སྐྱེས་རྒྱ་མཚོ་བཞིན། །གང་གི་ཐུགས་ནི་འགྱུར་མེད་བདེ་བས་གང་། །འཕོ་མེད་བདེ་ཆེན་ཐོབ་པར་བྱིན་གྱིས་རློབས། །དཀོན་མཆོག་གསུམ་དང་བླ་མ་གཉིས་སུ་མེད། །དེ་དང་ཡོན་ཏན་ཚོགས་གཉིས་ཐ་མི་དད། །དེ་ཕྱིར་དངོས་གྲུབ་རྩ་བ་བླ་མ་ཡིན། །ཞལ་གྱི་བདུད་རྩི་རྒྱུན་དུ་འཐུང་བར་ཤོག །གང་གི་དྲིན་གྱིས་སྐྱེ་བ་ཐམས་ཅད་དུ། །བདུད་དང་ཉོན་མོངས་ཚོགས་ཀྱིས་མི་ཚུགས་པར། །ཟབ་ལམ་རིན་ཆེན་རྩེ་གཅིག་སྒོམ་པ་ཡིས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །གསོལ་བ་འདེབས་སོ་འགྲོ་མགོན་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་ཡབ་སྲས་སྐུ་དྲིན་ཅན། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་རྩ་བའི་བླ་མར་གསོལ་བ་འདེབས་པ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་འདི། བླ་མ་རྗེ་བཙུན་གྱི་བྲན་དུ་གྱུར་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་བོས་བཀོད་པའོ།། །།ཤུ་བྷཾ། བཀྲ་ཤིས།

རྒྱུན་བཤགས་ཡན་ལག་བདུན་པ།

རྒྱུན་བཤགས་ཡན་ལག་བདུན་པ་བཞུགས། ཨོཾ་ཨཱཿ དཔལ་ལྡན་རྡོ་རྗེ་བླ་མ་དམ་པའི་ཞབས་ཀྱི་པདྨོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ། །ཧཱུཾ་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་སངས་རྒྱས་ལ་ཕྱག་འཚལ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་རྗེ་ལ་ཕྱག་འཚལ་ལོ། །ཕྱག་འོས་སངས་རྒྱས་ཐམས་ཅད་དང་། །རྒྱལ་བའི་གསུངས་པའི་ཆོས་རྣམས་དང་། །ཚུལ་ཁྲིམས་བཟང་ལྡན་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །བྱས་དང་བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་ཀུན་འཇིག་བྱེད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བྱེད་པ་ཡི་སྡོམ་པ་བླང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང་། །རྒྱལ་བའི་སྲས་ཀྱི་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་རངས་ཤིང་། །བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ་བར་བགྱི། །རྒྱལ་བ་དཀོན་མཆོག་ལ་སོགས་གསུམ་པོ་ལ། །དངོས་པོ་ཀུན་གྱི་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །བདག་གི་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པ་མྱུར་ཐོབ་ཤོག །ཅེས་རྒྱུན་བཤགས་ཡན་ལག་བདུན་པ་འདི་ནི་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་བླ་མ་མཆོད་པའི་ཆོ་ག་སྐལ་བཟང་འཇུག་ངོགས་ཞེས་བྱ་བ་ནས་ཁོལ་དུ་ཕྱུང་བའོ།། །།དགེའོ། །

རྩ་ལྟུང་བཤགས་པ་དང་སྡོམ་གསུམ་སྤྱི་བཤགས།

རྩ་ལྟུང་བཤགས་པ་དང་སྡོམ་གསུམ་སྤྱི་བཤགས་བཞུགས། ཁྱབ་བདག་རྡོ་རྗེ་སེམས་དཔའ་བདག་ལ་དགོངས། །མི་ཤེས་མ་གུས་ཉོན་མོངས་མང་བ་ཡིས། །དཔལ་ལྡན་བླ་མའི་ཐུགས་དཀྲུགས་བཀའ་ལས་འདས། །རྡོ་རྗེ་སྤུན་ལ་ཁྲོས་པ་མཐོལ་ལོ་བཤགས། །བྱམས་པའི་སེམས་བཏང་བྱང་སེམས་ཉམས་པ་དང་། །གྲུབ་མཐའ་སྨད་ཅིང་མ་སྨིན་གསང་བ་བསྒྲགས། །ཕུང་པོ་བརྙས་སྨོད་ཆོས་ལ་སོམ་ཉི་བྱས། །གཡོ་སྒྱུའི་བྱམས་པ་བྱས་པ་མཐོལ་ལོ་བཤགས། །ཟབ་མོའི་གནས་ལ་རང་བཟོའི་རྟོག་དཔྱོད་དང་། །དག་པའི་གང་ཟག་སྐྱོན་སྨྲས་དམ་རྫས་སྤངས། །བུད་མེད་ཡོངས་སུ་སྨོད་པ་ལ་སོགས་པ། །རྩ་ལྟུང་བཅུ་བཞིའི་ལྟུང་བ་གནོང་བས་བཤགས། །བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །རིགས་ལྔ་སྤྱི་དང་བྱེ་བྲག་དམ་ཚིག་སོགས། །རྡོ་རྗེ་ཐེག་པའི་རྩ་བ་ཡན་ལག་གི། །དམ་ཚིག་ཉམས་ཆག་ཐམས་ཅད་སྙིང་ནས་བཤགས། །ཉེས་ལྟུང་དྲི་མ་ཐམས་ཅད་ཡོངས་དག་ནས། །རྡོ་རྗེའི་ལམ་མཆོག་ཟབ་མོ་མྱུར་བགྲོད་དེ། །ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་ཆེན་པོ། །ཚེ་འདི་ཉིད་ལ་མྱུར་དུ་ཐོབ་པར་ཤོག །དགེ་སློང་བསྟན་འཛིན་ཆོས་འཕེལ་ངོར། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ།། །།དགེའོ། །
༄། །སྡོམ་གསུམ་སྤྱི་བཤགས་ནི། ཀུན་གཟིགས་མཁྱེན་མངའ་དཔལ་ལྡན་རྡོ་རྗེ་འཛིན། །སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་དང་བཅས། །རླབས་ཆེན་མཁྱེན་དགོངས་མཁའ་ལྟར་ཡངས་པ་དག །བརྩེ་བ་ཆེན་པོའི་ཐུགས་རྗེས་ལེགས་གཟིགས་མཛོད། །ཐོག་མེད་དུས་ནས་ད་ལ་ཐུག་གི་བར། །མི་ཤེས་པ་དང་མ་གུས་ཉོན་མོངས་མང་། །དེ་དག་དབང་གིས་ཕྱི་ནང་གསང་བ་ཡི། །བསླབ་པ་གང་དང་གང་ལ་འགལ་བའི་རིམ། །བསྟན་པའི་རྩ་བ་སོ་སོར་ཐར་བའི་ཁྲིམས། །ཕམ་པ་ལྷག་མའི་སྡེ་དང་སྤང་ལྟུང་སོགས། །བཅས་མཚམས་ཁས་བླངས་གང་བགྱིས་ཕྲ་རགས་ཀུན། །ཉམས་པ་གང་སོང་མཐའ་དག་མཐོལ་ཞིང་བཤགས། །བསྟན་པའི་ཡལ་འདབ་ཕ་རོལ་ཕྱིན་པའི་ཁྲིམས། །ནག་པོའི་ཆོས་བཞི་ལྟུང་བ་ཉེས་བྱས་ཚོགས། །བློ་ཡི་སྟོབས་ལས་རང་བྱན་མ་ཚུད་པར། །འདའ་གང་བསླབ་པ་རལ་བ་བགྱིས་ཀུན་བཤགས། །བསྟན་པའི་འབྲས་བུ་རྡོ་རྗེ་ཐེག་པའི་ཁྲིམས། །རྩ་ལྟུང་བཅུ་བཞི་སྦོམ་པོ་བརྒྱད་ལ་སོགས། །དམ་ཚིག་མཐའ་ཡས་གང་གང་བཟུང་བ་ལས། །ཉམས་པ་གང་བྱས་མཐའ་དག་བཤགས་བགྱིད་དོ། །མདོར་ན་སོ་བྱང་སྔགས་ཀྱི་ཉམས་ཆག་ཀུན། །སྔར་བྱུང་དག་ལ་ཞེ་གནོང་འགྱོད་པ་དང་། །ཕྱིན་ཆད་རང་རྒྱུད་ལེགས་བསྡམ་བྱེད་སེམས་ཀྱིས། །འགྱོད་ཚངས་བྱས་འདིས་བྱང་དག་དངོས་གྲུབ་སྩོལ། །ཅེས་སྤྱི་བཤགས་ཉེས་ལྟུང་གདུང་བ་སེལ་བའི་ཟླ་ཟེར་ཞེས་བྱ་བ་འདི་ཡང་གྲྭ་བཙུན་ཀུན་དཔལ་ལ་མཁོ་ནས། མ་ཏིས་སྨྲས་པ་དགེའོ། །
༈ སངས་རྒྱས་བྱང་སེམས་སྐྱབས་གནས་དགོངས། །སྡོམ་གསུམ་ཉེས་ལྟུང་བྱུང་ཚད་ལ། །རབ་གནོང་འགྱོད་ཅིང་ཕྱིན་ཆད་སྡོམ། །བསླབ་རལ་བྱང་ནས་ཚང་བར་མཛོད། །འདི་ཡང་བློས་བཞིན་ངོར། མ་ཏིས་སོ།། ༈ སངས་རྒྱས་བྱང་སེམས་རིག་པ་འཛིན། །ཉན་རང་སློབ་མར་བཅས་པ་དགོངས། །སོ་བྱང་སྔགས་གསུམ་བཅས་མཚམས་ལས། །འགལ་བ་གང་བྱུང་སྙིང་ནས་བཤགས། །འདི་ཡང་མ་ཏིས་སོ། །

རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་ཕྲེང་རིམ་བྱོན་གྱི་ཤིས་བརྗོད།

རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་ཕྲེང་རིམ་བྱོན་གྱི་ཤིས་བརྗོད་བཞུགས། ན་མོ་གུ་རུ། བཀྲ་ཤིས་གང་ཞིག་དཔལ་ལྡན་སྤྱོད་པའི་རྡོ་རྗེ་ཞེས། །འཛམ་གླིང་འདི་ན་མ་སྦས་གསལ་བར་ཡོངས་གྲགས་པ། །རྣལ་འབྱོར་དབང་ཕྱུག་ནག་པོ་སྤྱོད་པའི་བཀྲ་ཤིས་གང་། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །རཱ་ཏན་བྷ་ལ་ངེས་མེད་སྤྱོད་པ་ཤུགས་འབྱུང་སྐྱོངས། །རོང་ཟོམ་ལོ་ཙཱ་སྒྲ་བསྒྱུར་མཁས་པའི་ཕུལ་དུ་ཕྱིན། །བྷ་རོམ་དར་མ་ཕྱག་རྒྱ་ཆེ་ལས་མ་གཡོས་པ། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །ཨ་ཝ་དྷཱུ་ཏཱི་མ་བཅོས་ལྷུག་པའི་ངང་ལ་བཞུགས། །ཞང་སྟོན་འཁྲུལ་ཞིག་དགྲ་བགེགས་ཚར་གཅོད་དྲག་ལས་བསྒྲུབས། །གཉོས་པན་རས་ཆེན་སྣ་ཚོགས་རྟེན་འབྲེལ་མིག་འཕྲུལ་ཅན། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །སཾ་གྷ་བྷ་དྲ་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །འཇམ་དབྱངས་ཆོས་རྗེ་གཞུང་བརྒྱའི་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་ཉིན་བྱེད་གནས་ལྔ་རིགས་པའི་པཎྜི་ཏ། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །འཇམ་མགོན་བླ་མ་གྲུབ་པའི་དཔའ་བོའི་མཚན་འཆང་བ། །དཔལ་ལྡན་ཀུན་ཏུ་དགའ་བ་རང་གྲོལ་མཆོག་གི་རྗེ། །བློ་གསལ་རྒྱ་མཚོའི་སྡེ་ཞེས་འགྲོ་བ་འདྲེན་པའི་གཙོ། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །ཆོས་བཞིན་སྤྱོད་པ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ནས། །མཐའ་དག་འགྲོ་ལ་ཆོས་ཀྱི་དགའ་སྟོན་སྤེལ་བྱེད་པ། །ངོ་མཚར་མཛད་པས་ས་སྐྱོང་ཀུན་གྱིས་གྲུབ་པར་བསྔགས། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །འཇམ་དབྱངས་གཞོན་ནུ་མཁས་ཀུན་དགའ་བར་བྱེད་པ་གང་། །སྙིང་པོའི་དོན་སྟོན་བཀྲ་ཤིས་ཆོས་སྒོ་འབྱེད་པའི་ཕུལ། །ཐར་བའི་རྒྱལ་མཚན་དཔལ་ཡོན་བཟང་པོ་སྩོལ་མཁས་པ། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །ཅེས་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ།། །། སརྦ་མངྒལཾ། །

ཤམྦྷ་ལའི་ཞིང་བཀོད་ཀྱི་བསྟོད་པ་།

ཤམྦྷ་ལའི་ཞིང་བཀོད་ཀྱི་བསྟོད་པ་བཞུགས། ཨོཾ་ཨཱཿཧཱུཾ་ཧོཿ གངས་རིའི་ཕྲེང་བས་ཀུན་ནས་བསྐོར་བའི་དབུས། །ཆུ་སྐྱེས་འདབ་བརྒྱད་ལྟེ་བར་ཀེ་ལ་ཤའི། །རི་བོའི་སྟེང་ན་ལྷ་ཡིས་བཀོད་པའི་གྲོང་། །ཤམྦྷ་ལ་ཡི་གཙོ་བོ་ཀ་ལཱ་པར། །ཉེ་བའི་ཡིད་དང་པདྨ་དཀར་པོའི་མཚོ། །ཙན་དན་ནགས་དབུས་དཀྱིལ་འཁོར་འཁོར་ལོ་དང་། །ཕྱི་རོལ་པད་འདབ་སོ་སོར་གནས་པའི་གྲོང་། །བྱེ་བ་དགུ་བཅུ་རྩ་དྲུག་ལ་སོགས་པ། །སྔགས་ཀྱི་ཞིང་མཆོག་ཁྱད་འཕགས་དེར་བཞུགས་པའི། །ཆོས་རྒྱལ་རིགས་ལྡན་ཡེ་ཤེས་ལྷ་ཚོགས་དང་། །སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་སོགས། །མཆོད་འོས་ཀུན་ལ་ཕྱག་འཚལ་སྐྱབས་སུ་མཆི། །འདི་ཡང་བཙུན་པ་དོལ་པོ་པས་ཤམྦྷ་ལའི་བཀོད་པའི་བསྟོད་པའོ། །
༈ འདིར་འབད་དགེ་བ་རྣམ་པར་དཀར་བའི་མཐུས། །བདག་ལུས་བོར་ཚེ་དཔལ་ལྡན་ཤམྦྷ་ལར། །རིགས་ལྡན་རྒྱལ་པོའི་སྲས་སུ་ལེགས་སྐྱེས་ནས། །དུས་འཁོར་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་སྨོན་ལམ་བཏབ་པའོ།། ༈ དགེ་བ་འདི་ཡིས་གློ་བུར་དྲི་མའི་ཚོགས། །སྲོག་དང་ཐུར་སེལ་རྩ་དང་ལྷན་ཅིག་ཏུ། །འཇོམས་པར་ནུས་པའི་ཐབས་ཟབ་ལ་བརྟེན་ནས། །གཞན་མཆོག་བདེ་གཤེགས་སྙིང་པོ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་རྟོན་པ་བཞི་ལྡན་གྱིས་སྨོན་ལམ་མཛད་པའོ།།
༈ རྒྱལ་བའི་རྣམ་འཕྲུལ་ཆོས་རྒྱལ་སོ་ལྔ་ལ། །གསོལ་བ་འདེབས་སོ་ཚེ་འདི་འཕོས་མ་ཐག །ཀ་ལཱ་པ་རི་རིགས་ལྡན་དེ་ཉིད་དུ། །དུས་འཁོར་བསྟན་པའི་རྒྱལ་མཚན་འཛིན་གྱུར་ཅིག། ༈ གང་དང་ཕྲད་ན་གཏན་གྱི་བདེ་འཕྲོག་པའི། །བཤེས་གཉེན་ངན་དང་ལོག་པའི་ཆོས་ལུགས་དང་། །བདུད་ཀྱི་ཕོ་ཉ་སྡིག་པའི་གྲོགས་རྣམས་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མ་གྱུར་ཅིག། ༈ རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །འཁོར་འདས་དགེ་བའི་རྩ་བ་གང་མཆིས་དང་། །བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས། །སྨོན་ལམ་གང་བཏབ་མྱུར་དུ་འགྲུབ་པར་ཤོག། ༈ ལེགས་པ་ཀུན་དང་རྟག་ཏུ་འཕྲད་པ་དང་། ཉེས་པ་ཀུན་དང་རྟག་ཏུ་བྲལ་བ་དང་། །གང་བྱས་ཐམས་ཅད་ཤིན་ཏུ་ལེགས་པ་དང་། །ཅི་བསམ་ཐམས་ཅད་ཡིད་བཞིན་འགྲུབ་པར་ཤོག། ༈ སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། །།

གསོལ་འདེབས་དང་ཞབས་བརྟན་གྱི་སྐོར།

གསོལ་འདེབས་དང་ཞབས་བརྟན་གྱི་སྐོར་བཞུགས། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཁྱད་འཕགས་བསྡུས་པ་ནི། རྒྱ་གར་སྐད་དུ། སརྦ་དྷརྨ་ཨཱ་བྷི་ཛྙཱ་ཛྭ་ཐ་ཀཱ་མ་ལ་བྷི་ཤྭ་ཊ་ཡཱ་ན་མཿ བོད་སྐད་དུ། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ། བླ་མ་དང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། དཔལ་ལྡན་བླ་མའི་སྐྱེས་རབས་ཁྱད་འཕགས་འདི། །མདོ་རྒྱུད་རྒྱ་མཚོའི་ནང་ནས་ལེགས་ཕྱུང་བས། །ངོ་མཚར་ཁྱད་འཕགས་ནམ་མཁའི་ཁྱོན་ལྟར་ཡངས། །དཔལ་འབྱོར་རྟ་ལྗང་ནོར་བུ་ལྟར་གྱུར་པ། །འཕྲིན་ལས་རབ་དཀར་ཡེ་ཤེས་རོལ་བ་ཡིས། །ཆུ་སྲིན་རྒྱལ་མཚན་ཅན་གྱི་སྡེ་རིགས་བཅས། །མདའ་ལྔའི་དབང་པོ་ཉིན་སྐར་ལྟར་སེལ་བ། །ཐུབ་པའི་རྒྱལ་ཚབ་ཀུན་མཁྱེན་ཆོས་ཀྱི་རྗེ། །བསྟན་པའི་སྒྲོན་མེ་འཛམ་གླིང་མཁས་པའི་རྒྱན། །འཆད་པའི་ལེགས་བཤད་ཐམས་ཅད་མཁྱེན་པའི་སྐད། །རྩོད་པའི་དུས་སུ་ལུང་རིགས་ཐོག་ལྕགས་འཕྲོ། །རྩོམ་པའི་ལེགས་བཤད་རྟ་བདུན་རྒྱལ་པོའི་འོད། །བདག་བློ་པད་མོའི་འདབ་སྟོང་རབ་ཕྱེ་སྟེ། །ནང་རིག་འགྱུར་མེད་གེ་སར་གསལ་མཛད་པ། །བཀའ་དྲིན་མཉམ་མེད་དཔལ་ལྡན་ཆོས་ཀྱི་རྗེ། །སྟོན་ཟླ་དྲི་མེད་ཞབས་རྡུལ་དཀྱིལ་འཁོར་དུ། །རྟག་ཏུ་གུས་པས་སྤྱི་བོར་བསྟེན་བགྱི་ཞིང་། །ཁྱེད་ཀྱི་མཛད་སྤྱོད་ཚུལ་བཞིན་ལེགས་བརྟགས་ནས། །དད་པའི་ཤུགས་ཀྱིས་མཆི་མ་རྒྱུན་དུ་བབ། །མོས་གུས་སྟོབས་ཀྱིས་བ་སྤུ་རབ་ཏུ་གཟེངས། །སྐྱེ་བ་སྔོན་དུ་བྲམ་ཟེ་པད་མ་ཕྲེང་། །སངས་རྒྱས་ཆོས་ཀྱི་སྣང་བ་དེ་བཞིན་དུ། །རྒྱལ་བུ་རིན་ཆེན་འབྱུང་གནས་དེ་བཞིན་གཤེགས། །འོད་ཟེར་ཀུན་ནས་མངོན་འཕགས་རྒྱལ་པོ་དང་། །འཕགས་པ་སྤྱན་རས་གཟིགས་དང་བརྩོན་འགྲུས་ཀླུ། །གླིང་བཞི་རྒྱལ་པོ་དེ་བཞིན་ལི་ཙ་བཱི། །བློ་འཆངས་རྟ་རྒྱལ་རུ་རུ་པར་ཙི་ཀ །འཇིག་རྟེན་དབང་ཕྱུག་བསོད་ནམས་ལྡན་པ་དང་། །འོད་བཟང་རྨ་བྱ་མཛེས་པའི་བློ་གྲོས་དང་། །རྒྱལ་བུ་མཛེས་ལྡན་གླང་ཆེན་ངང་བ་དང་། །སྤོས་ཀྱི་གླང་པོ་མཛེས་བཟང་བློ་གྲོས་ཆེ། །རྒྱལ་བུ་མྱ་ངན་མེད་པ་དེ་བཞིན་གཤེགས། །ཟླ་བའི་རྒྱལ་མཚན་རྒྱལ་པོ་ནོར་བུའི་ཕྲེང་། །པདྨ་དཀར་པོ་ཀླུ་སྒྲུབ་སྙིང་པོ་ཞེས། །སྲོང་བཙན་སྒམ་པོ་རྒྱལ་བ་འབྲི་གུང་པ། །ད་ལྟ་ཀུན་མཁྱེན་ཆེན་པོར་སྐུ་ཚེ་བཞེངས། །ནོར་བུ་ལྟ་བུར་འགྲོ་བའི་དོན་མཛད་པ། །མ་འོངས་སངས་རྒྱས་ཡེ་ཤེས་འབྱུང་གནས་ཞེས། །མཚན་བཟང་སོ་གཉིས་རོལ་བའི་རྣམ་དག་པ། །སྐྱེས་རབས་སོ་གཉིས་རྣམ་བཤད་ཁྱད་པར་འཕགས། །དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད། །ངོ་མཚར་རྨད་བྱུང་བརྒྱད་ཅུའི་ལེགས་བཤད་འདི། །མདོ་རྒྱུད་དག་ལས་ལེགས་པར་བསྡུས་ནས་ནི། །དད་པ་ཅན་རྣམས་མོས་གུས་བསྐྱེད་པ་དང་། །ལོག་སྨྲ་ཅན་རྣམས་སྤྲོ་བ་སྙེད་པ་དང་། །ཐར་འདོད་ཐམས་ཅད་ཆོས་ལ་འགོད་པའི་ཕྱིར། །རྣམ་བཤད་ཁྱད་འཕགས་ཞེས་བྱའི་བསྟན་བཅོས་འདི། །གཞན་ཡང་དད་ལྡན་མང་བོས་བསྐུལ་བྱས་ནས། །རང་ཉིད་ཤིན་ཏུ་མོས་པའི་སྒོ་ནས་སྦྱར། །འགལ་བ་ཅི་མཆིས་དཔལ་ལྡན་བླ་མ་དང་། །སངས་རྒྱས་བྱང་ཆུབ་ཚོགས་ལ་སོ་སོར་བཤགས། །ལེགས་པའི་དགེ་བས་བདག་གཞན་སེམས་ཅན་ཀུན། །དཔལ་ལྡན་བླ་མའི་དྲིན་གྱིས་རྗེས་བཟུང་ནས། །འགྱུར་མེད་འོད་གསལ་ཕྱག་རྒྱ་ཆེན་པོ་ཡི། །མཆོག་གི་དངོས་གྲུབ་རྒྱ་ཆེན་མྱུར་ཐོབ་ཤོག །དཔལ་ལྡན་བླ་མའི་ཞབས་པད་ལེགས་བསྟེན་ནས། །འཁོར་ལོ་གསུམ་དང་རྒྱུད་སྡེ་རྣམ་བཞིའི་ཚོགས། །དགོངས་པ་དེ་ཉིད་མཆོག་ཏུ་རབ་ཐོབ་ནས། །ཟང་ཟིང་མེད་པར་འགྲོ་ལ་སྟོན་པར་ཤོག །ཆོས་རྗེའི་རྣམ་ཐར་གསལ་སྒྲོན་ནས་ཕྱུང་བའི་སྐྱེས་རབས་ཁྱད་འཕགས་བསྡུས་པ་འདི་ནི་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་དུ་ཐུགས་རྗེ་དཔལ་གྱིས་པར་དུ་བསྒྲུབས་པའི་དགེ་བས་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་པར་གྱུར་ཅིག །
༈ ན་མོ་ལོ་ཀི་ཤྭ་ར་ཡ། ཤེས་བྱ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ། །འཕྲིན་ལས་བཟང་པོ་ཉི་མའི་དཀྱིལ་འཁོར་གྱིས། །གླིང་བཞི་མུན་སེལ་ཁམས་གསུམ་ཆོས་ཀྱི་རྗེ། །ཐུབ་བསྟན་རྒྱལ་མཚན་འཛིན་ལ་སྤྱི་བོས་འདུད། །སྐུ་མཆོག་བདེ་གཤེགས་སྙིང་པོའི་ཁང་བཟང་ལ། །ལེགས་བཤད་གསུང་གི་སྒྲ་དབྱངས་རྡོ་རྗེ་འཛིན། །འཁྲུལ་མེད་ཐུགས་ལྡན་འོད་གསལ་ཆོས་ཀྱི་དབྱིངས། །མཐའ་འཁོབ་མུན་སེལ་ཁྱེད་ལ་སྤྱི་བོས་འདུད། །དུས་གསུམ་རྒྱལ་བ་རྒྱ་མཚོའི་ལུང་བསྟན་པ། །གངས་ཅན་ཁྲོད་འདིར་རྒྱལ་བའི་བསྟན་པ་སྤེལ། །སྙིགས་དུས་མགོན་མེད་དཔལ་གྱུར་དོལ་པོ་པ། །མཚུངས་མེད་ཆོས་ཀྱི་རྗེ་ལ་སྤྱི་བོས་འདུད། །སྟོབས་སོགས་ཡོན་ཏན་ལྡན་པ་ཆོས་ཀྱི་རྗེ། །མཚན་དཔེས་རབ་མཛེས་བདེ་ཆེན་ལོངས་སྤྱོད་རྫོགས། །སྤྲུལ་སྐུ་སྒྱུ་མའི་གར་གྱི་རྣམ་པར་རོལ། །སྐུ་གསུམ་དབྱེར་མེད་ཟུང་འཇུག་རྡོ་རྗེ་འཆང་། །རྒྱ་ཆེན་རྒྱུན་མི་ཆད་པའི་འཕྲིན་ལས་ཅན། །བརྒྱུད་པར་བཅས་ལ་གུས་པས་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་དཔུང་གིས། །ནམ་མཁའི་དབྱིངས་དང་མཉམ་པའི་མཆོད་པ་འབུལ། །ཐོག་མེད་བསགས་པའི་སྡིག་ལྟུང་སོ་སོར་བཤགས། །སྐྱེ་འཕགས་དགེ་ལ་རྗེས་སུ་ཡི་རང་ངོ་། །རྫོགས་ལྡན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་ཡུན་རིང་བཞུགས་གསོལ་འདེབས། །དེ་ལྟར་བསྟོད་སོགས་དགེ་བའི་འགྲོ་བ་ཀུན། །དངོས་གྲུབ་རྣམ་གཉིས་ཆར་གྱིས་མཉེས་བྱས་ནས། །བྱིན་རླབས་ཆོས་ཀྱི་དཔལ་ལ་འགོད་གྱུར་ཅིང་། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག། ཅེས་པ་འདི་ཡང་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ། །ཨོཾ་ཨཱཿགུ་རུ་པྲཛྙཱ་དྷྭ་ཛ་སརྦ་སིདྡྷི་ཧཱུཾ་ཧཱུཾ། །
༈ ཀུན་མཁྱེན་ཆོས་གྲགས་ལོ་ཙཱ་པཎྜི་ཏ། །ཕྱོགས་རྒྱལ་འབྲི་གུང་ཞང་སྟོན་ཉ་དབོན་པ། །ཐང་ཟུང་སྨན་ཆུ་རིན་ཚུལ་གྷ་རུང་བ། །ཕུན་ཚོགས་བསོད་ནམས་རྣམས་ལ་གསོལ་བ་འདེབས།། ༈ ལྷར་བཅས་སྐྱེ་དགུའི་འདྲེན་པ་ཟས་གཙང་གི །མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་པ་ལ། །གངས་ཅན་འདི་ན་འགྲན་པའི་ཟླ་བྲལ་བ། །ཏཱ་ར་ནཱ་ཐའི་ཞབས་ལ་གསོལ་བ་འདེབས། །ཨོཾ་ཨཱཿགུ་རུ་ཏཱ་ར་ནཱ་ཐ་སརྦ་སིདྡྷི་ཧཱུཾ་ཧཱུཾ། ༈ མི་གཡོ་གསུམ་ལྡན་རྡོ་རྗེའི་རྣལ་འབྱོར་གྱིས། །རླུང་སེམས་དག་པས་རྟགས་བཅུ་མངོན་དུ་གྱུར། །དྷཱུ་ཏཱིའི་ལམ་སྦྱངས་འོད་གསལ་ངང་ལ་བཞུགས། །སྦྱོར་དྲུག་བརྒྱུད་པ་རྣམས་ལ་གསོལ་བ་འདེབས།། ༈ གསང་བ་ཀུན་འདུས་སྐུ་དང་རྒྱུ་འཕྲུལ་གསུང་། །དགྱེས་མཛད་ཐུགས་དང་ཡོན་ཏན་འཁོར་ལོ་སྡོམ། །འཕྲིན་ལས་འཇམ་དཔལ་རྡོ་རྗེའི་ངོ་བོ་ཉིད། །ཀུན་དགའ་ཡོན་ཏན་རྒྱ་མཚོར་གསོལ་བ་འདེབས། །དཀོན་མཆོག་རྒྱལ་ཀུན་བདེ་ཆེན་ཆོས་སྐུའི་དབྱིངས། །ཀུན་བཟང་ཧེ་རུ་ཀ་དཔལ་འཁོར་ལོ་སྡོམ། །དབྱེར་མེད་མཆོག་ཐུན་དངོས་གྲུབ་སྩོལ་བའི་མགོན། །རྣམ་སྣང་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་དངོས་བླ་མ་རིན་པོ་ཆེ། །ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་དང་། །དཔལ་མགོན་བསྟན་སྲུང་རྒྱ་མཚོ་ཀུན་འདུས་པའི། །བདག་ཉིད་དཔལ་ལྡན་བླ་མར་གསོལ་བ་འདེབས། །སྐྱེ་ཀུན་ཡབ་རྗེ་ཁྱོད་དང་མི་འབྲལ་ཞིང་། །ཚེ་རིང་ནད་མེད་བསམ་དོན་ཡིད་བཞིན་འགྲུབ། །ཐེག་མཆོག་དམ་ཆོས་དཔལ་ལ་ལོངས་སྤྱོད་ནས། །མཐར་ཐུག་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་གྲོང་མིང་བ་ཚེ་དབང་རྡོ་རྗེས་བསྐུལ་ངོར། དྷརྨ་བྷ་དྲས་བྲིས་པའོ། །
༈ གཞོན་ནུའི་དུས་ནས་འཁོར་བར་ཞེན་པ་ལོག །ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་དམ་ཆོས་བཙལ། །མཚན་ལྡན་རྩ་བའི་བླ་མ་སྙིང་བཞིན་བསྟེན། །སྡོམ་གསུམ་མིག་འབྲས་བཞིན་དུ་གཅེས་སྤྲས་བྱས། །འགྲོ་ཀུན་སེམས་ལ་བཞག་ནས་དབེན་པ་བསྟེན། །རྒྱལ་སྲས་སྤྱོད་ལ་སྤྲོ་ནས་འགྲོ་དོན་མཛད། །མཚམས་པ་སྨོན་ལམ་བཟང་པོར་གསོལ་བ་འདེབས། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །བཙུན་པ་ཁྱེད་དང་སྐད་ཅིག་མི་འབྲལ་ཞིང་། །ཕྱི་ནང་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ལྷུན་གྲུབ་ནས། །དམ་ཆོས་བདུད་རྩིའི་དཔལ་ལ་སྤྱོད་པ་དང་། །རྣམ་མཁྱེན་ཉི་མ་མྱུར་དུ་འཆར་བར་ཤོག །ཅེས་མཆེད་གྲོགས་སྙིང་དང་འདྲ་བ་རྣམས་ཀྱིས་ཡང་ཡང་བསྐུལ་ངོར། རང་འདྲའི་དམན་པ་རྣམས་ལ་ཕན་དུ་རེ་བས་སྨོན་ལམ་བཟང་བོས་བྲིས་པའོ། །དགེ་ལེགས་འཕེལ། །
༈ ཨོཾ་སྭཱ་སྟི། རྒྱལ་ཀུན་སྤྱི་གཟུགས་ཀུན་མཁྱེན་ཇོ་ནང་པ། །ཡབ་སྲས་བརྒྱུད་འཛིན་བཅས་པའི་ཉི་འོད་ཟིལ། །ཐུགས་རྗེ་ཆོས་སྣང་དཔལ་གྱི་མགོན་པོ་ཆེ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །ངེས་པ་དོན་ལ་འདུ་འབྲལ་མི་མངའ་ཡང་། །དྲང་དོན་གཟུགས་སྐུ་ཞིང་གཞན་མི་གཡེང་བར། །སྤྲུལ་པའི་ཉིན་བྱེད་རྩོལ་མེད་མྱུར་གསལ་བར། །ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་ཁྲིར། །གསང་གསུམ་བདུད་རྩིའི་གྲུ་ཆར་ལེགས་ཕབ་པར། །སྨོན་དོན་གེགས་མེད་རྟག་བརྟན་བདེན་པ་དང་། །མཐུ་ལྡན་སྲུང་མའི་ཕྲིན་ལས་ནུས་སྟོབས་ཀྱིས། །ངེས་དོན་བསྟན་པ་ལྷག་པར་རྒྱས་གྱུར་ཅིག །ཅེས་འཇམ་མགོན་བློ་གྲོས་གྲགས་པའི་གསུངས་བྱིན་ཅན་ལ། དམ་པ་གང་གི་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་མཛད་པ་གནང་སྐབས་སུ་མཇུག་ཏུ་ཡང་སྤྲུལ་མྱུར་འབྱོན་གདུང་འབོད་ཚུལ་དུ། མཁར་སྤྲུལ་པྲཛྙཱ་དྷརྨཱ་ཝརྟིས་འཕྲལ་དུ་བྲིས་པ་དགེ། །
༈ སེམས་ཀྱི་གནས་ལུགས་དོན་དམ་བླ་མའི་ཐུགས། །ཆོས་སྐུ་ཀུན་ཁྱབ་ཡོན་ཏན་རྒྱ་མཚོའི་གཏེར། །འཁོར་འདས་གཤིས་བཞུགས་མཛད་བཟང་ཉེར་སྩོལ་མཁན། །དམིགས་མེད་རང་གསལ་ངང་ནས་གསོལ་བ་འདེབས། །ཞེས་པ་འདི་ཡང་དཀོན་མཆོག་འཕྲིན་ལས་སོགས་ཀྱིས་ངོར། བློ་བཟང་ཆོས་འཕེལ་བས་སོ། །
༈ གསང་ཆེན་སྙིང་པོའི་ཟབ་ངག་དམ་པའི་ཕུལ། །གང་འདུལ་ཡིད་ཅན་ཚོགས་ལ་མངའ་དབང་བསྒྱུར། །ཡོན་ཏན་བྱེ་བའི་དཔལ་གྱུར་བསྟན་འགྲོའི་སླད། །སྐུ་སྐྱེས་བཟང་པོས་སླར་ཡང་ཆོས་ཆར་ཕོབས། །རིག་པ་མཆོག་གི་བརྟུལ་ཞུགས་རོལ་བའི་གར། །ཀུན་མཁྱེན་ཆེན་པོས་གསང་གསུམ་རོལ་གར་མགོན། །རང་ལུགས་བསྟན་ལ་ཉེར་ཕན་མཛད་པའི་ཕྱིར། །དུས་འདིར་སྤྲུལ་པའི་བཀོད་བཟང་ཉེ་བར་སྟོན། །རང་སྣང་ཆོས་སྐུ་རྟག་བརྟན་ཐེར་ཟུག་ཀྱང་། །གཞན་སྣང་ལོངས་སྤྲུལ་གར་བསྒྱུར་སྣ་ཚོགས་པས། །མོས་ངོར་འདའ་ཚུལ་མི་མཛད་གཟུགས་སྐུའི་འཕྲུལ། །འཁྲུལ་བྲལ་སྐུ་སྐྱེས་གསར་བས་དགེ་མཚན་ཞུ། །ཞེས་ཡང་སྤྲུལ་མྱུར་འབྱོན་དྲང་སྲོང་བདེན་མཐུ་ཞེས་པ་འདི་ཉིད་རྗེ་བཙུན་དམ་པ་ངག་དབང་ཡོན་ཏན་བཟང་པོ་མཆོག་ཉིད་གདུལ་བྱ་རྣམས་ཀྱིས་རྟག་འཛིན་ལྡོག་ཕྱིར། གཞན་སྣང་ངོར་རེ་ཞིག་དགོངས་པ་འདའ་ཚུལ་བྱས་སྐབས། གང་གི་རྒྱལ་ཚབ་དམ་པ་སྤྲུལ་འཇིགས་མེད་རྡོ་རྗེས་གཟིམས་ཁང་བདེ་ལྡན་དཔལ་གྱི་ཕོ་བྲང་དུ་བྲིས་པའོ། །
༈ གཞི་དབྱིངས་འོད་གསལ་ཆོས་སྐུ་ཀུན་ཁྱབ་དཔལ། །འགྲོ་ཀུན་རྒྱུད་ལ་རྟག་བརྟན་གཤེགས་སྙིང་དུ། །ཡེ་བཞུགས་སླར་ཡང་གདུལ་བྱ་གཞན་སྣང་ངོར། །ངག་དབང་དཔལ་ལྡན་གྲགས་པར་གསོལ་བ་འདེབས། །ཞེས་པ་འདི་སློབ་བུ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་ངོར། བློ་བཟང་ཆོས་འཕེལ་བས་བྲིས་པའོ། །
༈ དཔལ་ལྡན་ཀུན་གཟིགས་འཆི་མེད་དབང་པོའི་ཕུལ། །ཚེ་དང་ཡེ་ཤེས་མཆོག་སྩོལ་རྣམ་པར་རྒྱལ། །འཕགས་མ་ཡིད་བཞིན་འཁོར་ལོ་ཚེ་ཡི་དཔལ། །རྣམ་གསུམ་ལྷ་རྣམས་བསླུ་མེད་མཐུ་བྱིན་གྱིས། །བསྟན་ལ་སྨན་པའི་མཆོག་སྤྲུལ་གསང་གསུམ་ཁམས། །དགེ་ལེགས་དཔལ་ཡོན་ཀུན་ནས་རབ་དར་བཞིན། །བགྲེས་རྒུད་བྲལ་བའི་སྐུ་ལ་དབང་ཐོབ་སྟེ། །མཛད་འཕྲིན་བཟང་པོས་ཕྱོགས་མཐར་ཡོངས་ཁྱབ་ཤོག །ཅེས་གཙང་མཆོག་སྤྲུལ་གང་གི་ཞབས་བརྟན་སྨོན་ཚིག་འདི་ཡང་། མ་ཏིས་སྦྱར་བའོ། །
༈ རྒྱལ་ཀུན་མཁྱེན་རབ་ངག་དབང་རྣམ་པར་རྒྱལ། །མཐུ་སྟོབས་གཅིག་བསྡུས་ཀུན་བཟང་འཕྲིན་ལས་རྗེ། །སྙིང་རྗེའི་རང་གཟུགས་དཀོན་མཆོག་འཇིགས་མེད་མཆོག །འཇིགས་མེད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །མཆོག་གསུམ་ལྷ་དང་སྲུང་མའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་ཆོས་ཅན་བསླུ་མེད་དང་། །བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས། །དཔལ་ལྡན་བླ་མ་སྲིད་མཐར་ཞབས་བརྟན་ཤོག །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་རྗེས་བཟུང་ཐུགས་ཡིད་གཅིག་ཏུ་འདྲེས། །ས་ལམ་མཐར་ཕྱིན་སྤངས་རྟོགས་ཡོངས་རྫོགས་ཏེ། མཐར་ཐུག་བདེ་གཤེགས་སྙིང་པོ་མྱུར་མངོན་ཤོག །ཅེས་པ་འདི་ཆོས་འཕགས་སོགས་ངེས་དོན་བདེ་ཆེན་གླིང་གི་ཐུན་པ་རྣམས་ཀྱིས་བསྐུལ་ངོར། པྲཛྙཱའི་མིང་ཅན་ཀྱིས་བྲིས་པའོ། །
༈ ཞབས་བརྟན་འདོད་དོན་འགྲུབ་པའི་ནོར་བུ། ཨོཾ་སྭཱ་སྟི། སྟོང་པ་ཞི་ཞིང་སྐྱེ་བ་མེད་པའི་ཚུལ། །སྣ་ཚོགས་ཐབས་ཀྱིས་འགྲོ་ལ་འདོམས་མཁས་པ། །རྒྱལ་བ་དྲི་མ་མེད་པ་ཐུགས་རྗེའི་སྤྱན། །མཉམ་མེད་ཤཱཀྱ་སེང་གེས་དགེ་ལེགས་སྩོལ། །འཆི་བདག་བདུད་ཀྱི་སྡེ་དཔུང་བྱེ་བ་ཡང་། །གང་གི་མཚན་ཙམ་བསྙེན་པས་འདུད་འགྱུར་བ། །དཔག་མེད་འོད་མངའ་ཚེ་ཡི་ལྷ་ཚོགས་ཀྱིས། །ཤིས་པའི་དགའ་སྟོན་སྩོལ་ལ་བྱིན་ཆེན་ཕོབས། །མདོ་དོན་མཐར་ཐུག་གཞན་སྟོང་དབུ་མའི་སྲོལ། །མཁས་ཀུན་དགའ་བའི་ལམ་བཟང་རྨད་བྱུང་བ། །ཤེས་རབ་དྲི་མ་མེད་པས་གསལ་བྱེད་མཁན། །ཕུན་ཚོགས་འབྱུང་གནས་བླ་མར་གསོལ་བ་འདེབས། །སྲིད་ན་མི་འཇིགས་སྙིང་རྗེའི་གོ་བགོས་ནས། །ཀུན་ཉོན་རྒྱུ་མའི་མཚོན་ཆ་རྣམ་འཇོམས་པའི། །ཤིན་ཏུ་དཔའ་ཆེན་གཡུལ་གྱི་ཐབས་ཤོམས་པ། །འཇིགས་མེད་དཔའ་བོའི་མཆོག་ཏུ་ཞབས་བརྟན་ཤོག །ཀློག་པ་ཐོས་བསམ་འཁོར་ལོས་དུས་འདའ་ཞིང་། །སྤོང་བ་བསམ་གཏན་སྒོམ་པས་རྒྱུད་ཕྱུག་པ། །བཤད་ཅིང་སྒྲུབ་པས་བསྟན་པ་སྐྱོང་མཁས་པའི། །མཚུངས་བྲལ་བསྟན་འཛིན་ཆེན་པོར་ཞབས་བརྟན་ཤོག །རྒྱལ་མཆོག་དམ་པ་རྣམས་ཀྱི་ཐུགས་བསྐྱེད་དང་། །བདག་ཅག་དད་མོས་ལྷག་བསམ་མཐུ་བཙན་པས། །བཤེས་གཉེན་དམ་པའི་ཞབས་པད་རྟག་བརྟན་ནས། །རྣམ་དཀར་མཛད་བཟང་ཕྱོགས་བཅུར་ཁྱབ་པར་ཤོག །ཅེས་པ་འདི་ཡང་ལྕམ་མདའ་དགོན་ཆེན་མཉམ་མེད་ཇོ་ནང་པའི་ཆོས་ཀྱི་སྡེ་ཆེན་པོའི་མཁན་པོ་ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་ཀྱི་ཞབས་བརྟན་ཞིག་དགོས་ཞེས་དོན་གཉེར་བ་གྲོལ་མཆོག དཀོན་འཕྲིན། ཆོས་རྣམ་བཅས་ནས་བསྐུལ་ངོར། ཀརྨ་པར་འབོད་པ་ཨོ་རྒྱན་འཕྲིན་ལས་པས་བྲིས།
༈ ཨོཾ་སྭཱ་སྟི། རྒྱལ་ཀུན་མཁྱེན་བརྩེ་དགའ་བཞིའི་དཔལ་མངའ་ཞིང་། །ཡོན་ཏན་འཕྲིན་ལས་མཁའ་དང་རྒྱ་མཚོའི་དཔྱིད། །ནམ་ཡང་ཟད་མེད་བསྟན་འགྲོའི་དཔལ་གྱུར་མགོན། །ཞབས་པད་བསྐལ་བརྒྱའི་བར་ཏུ་བརྟན་གྱུར་ཅིག །དཔལ་ལྡན་བླ་མའི་ཞབས་བརྟན་གསོལ་འདེབས་དད་ལྡན་སློབ་བུ་ཀུན་དགའ་སྙིང་པོས་ངོར། མཁར་སྤྲུལ་པྲཛྙཱ་དྷརྨཱ་ཝརྟིས་སོ། །
༈ ངག་གི་དབང་ཕྱུག་ངུར་སྨྲིག་རོལ་བའི་གར། །སངས་རྒྱས་ཀུན་འདུས་མཚུངས་མེད་རིན་པོ་ཆེ། །འགྲོ་བའི་བདེ་སྐྱིད་བསོད་ནམས་དཔལ་གྱི་ཞིང་། །ཚེ་ཡི་མི་མཐུན་ཀུན་ལས་རྣམ་རྒྱལ་ཤོག །ཅེས་པ་འདི་ནི་དཔལ་ལྡན་རྒྱ་མཚོ་དང་འོད་གསལ་གཉིས་ཀྱིས་བསྐུལ་ངོར། དངོས་གྲུབ་དཔལ་ནས་བྲིས་པའོ། །

བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ།

བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ་ཅེས་བྱ་བ་བཞུགས་སོ། །བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ་ཅེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལ་ཐོག་མར་སྐྱབས་སེམས་ནི། མཆོག་གསུམ་ངོ་བོ་དཔལ་ལྡན་བླ་མ་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །སེམས་ཅན་དོན་དུ་སངས་རྒྱས་ཐོབ་པའི་ཕྱིར། །ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པར་བགྱི། །མོས་གུས་ཀྱི་རྟེན་བླ་མ་སྐྱབས་གནས་ཀུན་འདུས་སུ་གསལ་གདབ་པ་ནི། རང་མདུན་ནམ་མཁར་འཇའ་འོད་འཁྲིགས་པའི་དབུས། །སེང་ཁྲི་པད་ཟླ་ཉི་མ་སྒྲ་གཅན་སྟེང་། །སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །ངག་དབང་ཡོན་ཏན་བཟང་པོ་ཐུགས་རྗེའི་གཏེར། །སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན། །བདག་ལ་དགྱེས་པའི་ཞལ་རས་འཛུམ་དཀར་གཡོ། །ཕྱག་གཉིས་ས་གནོན་ཕྱག་རྒྱའི་མཐེབ་མཛུབ་ཀྱིས། །གཡས་གཡོན་པད་དཀར་སྡོང་བོ་འཛིན་པའི་རྩེར། །རྗེ་བཙུན་སྒྲོལ་མ་རིགས་ལྡན་རྒྱལ་པོས་མཚན། །ཞབས་ཟུང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །རྣམ་གསུམ་ངུར་སྨྲིག་རྒྱན་གྱིས་མཛེས་པར་ཀླུབ། །དབུ་ལ་མཁན་ཞྭ་སྙན་ཤལ་དང་ལྡན་གསོལ། །མཚན་དཔེ་གསལ་རྫོགས་འོད་ཟེར་མཁའ་མཐར་འཕྲོ། །ཟག་མེད་ཏིང་འཛིན་འབུམ་གྱི་ཉམས་ལྡན་ཞིང་། །གནས་བཞིར་སྐུ་བཞིའི་ས་བོན་འབྲུ་བཞིས་མཚན། །མཆོག་གསུམ་རྩ་གསུམ་འདུས་པའི་ངོ་བོ་གསལ། །ཡན་ལག་བདུན་པས་ཚོགས་བསགས་པ་ནི། སྐུ་བཞིའི་བདག་ཉིད་བླ་མ་སངས་རྒྱས་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་སོ་སོར་བཤགས། །སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རང་། །གང་འདུལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་སྲིད་མཐར་བཞུགས་སུ་གསོལ། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རྩེ་གཅིག་ཏུ་གསོལ་བ་གདབ་པ་ནི། སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །མཛད་འཕྲིན་བཟང་པོས་བསྟན་འགྲོའི་དོན་ཆེན་མཛད། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ་སྟེ། ཐུགས་ཡིད་དབྱེར་མེད་ཀྱི་ངང་ནས་མཚན་སྔགས་བཟླ་བ་ནི། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ཝཀྐིནྡྲ་གུ་ཎ་བྷ་དྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ། ཅི་ནུས་བཟླ། བྱིན་རླབས་དབང་བཞི་བླང་བ་ནི། བླ་མའི་གནས་བཞིའི་ཡི་གེ་རྣམ་བཞི་ལས། །འོད་ཟེར་དཀར་དམར་མཐིང་སེར་བཞི་འཕྲོས་ཏེ། །བདག་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་སྐུ་བཞིའི་ས་བོན་ཐེབས། །བླ་མའི་གཟུགས་སྐུའི་རྣམ་པ་གནས་འགྱུར་ཏེ། །རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཧེ་རུ་ཀ །རྒྱན་དང་ཆ་བྱད་ཡོངས་སུ་རྫོགས་པར་གྱུར། །ཐུགས་ཀར་ཟླ་སྟེང་ཧཱུཾ་མཐར་ཡིག་བརྒྱས་བསྐོར། །སྔར་བྱས་སྡིག་པར་གནོང་འགྱོད་དྲག་པོ་དང་། །ཕྱིན་ཆད་སྡོམ་སེམས་བརྟན་པོ་དང་བཅས་ཏེ། །མ་གཡེངས་དྲན་པའི་ངང་ནས་ཡིག་བརྒྱ་བཟླ། །ཞེས་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བདུད་རྩི་འབེབས་སྦྱོང་གི་དམིགས་པ་དང་། ཡང་ན་གནས་ལུགས་སྤྲོས་བྲལ་ལ་མཉམ་པར་བཞག་བཞིན་ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་བཟླ། མཐར། བླ་མ་རྡོ་རྗེ་སེམས་དཔའ་བདག་ལ་དགོངས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས། །ཐོག་མེད་ནས་བསགས་སྡིག་ལྟུང་སྦྱང་དུ་གསོལ། །རྡོར་སེམས་ཡབ་ཡུམ་འོད་ཞུ་རང་ལ་ཐིམ། །སྒོ་གསུམ་སྐུ་གསུང་ཐུགས་དང་དབྱེར་མེད་གྱུར། །དགེ་འདིས་རིང་མིན་ས་ལམ་མཐར་ཕྱིན་ཏེ། །དཔལ་ལྡན་བླ་མའི་གོ་འཕང་ཐོབ་པར་ཤོག །ཅེས་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ་ཅེས་བྱ་བ་འདི་ཡང་གཙང་ཆེན་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་རྡོ་རྗེའི་བཀས་བསྐུལ་བ་དང་། ཁྱད་པར་རྗེ་གང་གི་སློབ་བུ་དམ་པ་གྲྭ་བཙུན་ངག་བཟང་། དོན་ལྡན་ཟུང་གིས་ནན་གྱིས་བསྐུལ་ངོ་མི་ལྡོག་ཙམ་དུ། རྗེ་བླ་མ་གང་གི་སློབ་འབངས་ཐ་ཤལ་བ་ཀུན་དགའ་ཤེས་རབ་གསལ་བྱེད་ཀྱིས་བྲིས་པའོ།། །།སརྦ་མངྒ་ལམ། །

བླ་མའི་རྣལ་འབྱོར་བྱིན་རླབས་སྒོ་འབྱེད།

བླ་མའི་རྣལ་འབྱོར་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །རྡོ་རྗེ་འཆང་ངག་དབང་དཔལ་ལྡན་གྲགས་པའི་བླ་མའི་རྣལ་འབྱོར་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ། བླ་མ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འདིར་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་སྐྱབས་སེམས་ནི། སྐྱབས་གནས་ཀུན་འདུས་བླ་མ་སངས་རྒྱས་ཉིད། །སྲིད་ཞིའི་འཇིག་ལས་སྒྲོལ་བའི་སྐྱབས་སུ་བསྟེན། །འགྲོ་རྣམས་དོན་དུ་སངས་རྒྱས་ཐོབ་པའི་ཕྱིར། །ལམ་ཟབ་བླ་མའི་རྣལ་འབྱོར་བསྒོམ་པར་བགྱི། །
གཉིས་པ་དངོས་གཞི་ལ་བཞི་ལས། དང་པོ་མོས་གུས་ཀྱི་རྟེན་བླ་མ་སྐྱབས་གནས་ཀུན་འདུས་སུ་གསལ་གདབ་པ་ནི། རང་མདུན་མཁའ་དབྱིངས་འཇའ་ཟེར་འཁྲིགས་ཀློང་དུ། །སེང་ཁྲི་པདྨ་ཉ་རྒྱས་ཟླ་བའི་སྟེང་། །རྒྱལ་ཀུན་སྤྱི་གཟུགས་བླ་མ་རིན་པོ་ཆེ། །གསུམ་ལྡན་རྡོ་རྗེ་འཛིན་པ་ཆོས་ཀྱི་རྗེ། །ངག་དབང་དཔལ་ལྡན་གྲགས་པ་བཀའ་དྲིན་ཅན། །སྐུ་མདོག་དཀར་ལ་དམར་བའི་གཟི་མདངས་རྒྱས། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཕྱག་གཡས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་དང་། །ཕྱག་གཡོན་མཉམ་བཞག་སྟེང་དུ་གླེགས་བམ་འཛིན། །སྐུ་ལ་རྣམ་གསུམ་ངུར་སྨྲིག་རྒྱལ་མཚན་གསོལ། །མཁན་ཞྭ་སྙན་ཤལ་དང་བཅས་དབུ་ལ་མནབས། །བརྩེ་ཆེན་ཞལ་རས་འཛུམ་དཀར་གཡོ་བཞིན་དུ། །ཟག་མེད་ཏིང་འཛིན་མཆོག་གི་ཉམས་དང་ལྡན། །མཚན་དཔེའི་དཔལ་འབར་བལྟ་བས་མི་ངོམས་པ། །དྲི་མེད་འོད་བཟང་སྟོང་གི་ཕུང་པོ་ཅན། །རྡུལ་བྲལ་ཟག་མེད་ཡེ་ཤེས་མཆོག་གི་སྐུ། །གསུང་ནི་ཆོས་ཀྱི་སྒྲ་དབྱངས་མཁའ་མཐར་ཁྱབ། །ཐུགས་མཆོག་མཁྱེན་བརྩེ་ནུས་པ་རྒྱ་མཚོའི་དཔལ། །སྐུ་ཡི་གནས་བཞིར་ཡི་གེ་འབྲུ་བཞིས་མཚན། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོར་གསལ། །
གཉིས་པ་ཡན་ལག་བདུན་པས་ཚོགས་བསགས་པ་ནི། གཏན་གྱི་སྐྱབས་མཆོག་བླ་མ་ཁྱེད་ཉིད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མཐོལ་ཞིང་བཤགས། །རང་གཞན་དགེ་བ་ཀུན་ལ་རྗེས་ཡི་རང་། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བསྐལ་བརྒྱར་བཞུགས་སུ་གསོལ། །དགེ་འདིས་འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཤོག །
གསུམ་པ་གསོལ་བ་གདབ་ཅིང་མཚན་སྔགས་བཟླ་བ་ནི། ཟབ་རྒྱས་གདམས་པའི་ངག་གི་དབང་ཕྱུག་ཆེ། །གསང་གསུམ་ཡོན་ཏན་རྒྱ་མཚོའི་དཔལ་དང་ལྡན། །གྲགས་པའི་མཚན་འཆང་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ་སྟེ། ཐུགས་ཡིད་དབྱེར་མེད་ཀྱི་ངང་ནས་གནས་ལུགས་ལ་མཉམ་པར་བཞག་བཞིན་མཚན་སྔགས་བཟླ་བ་ནི། ཨོཾཨཱཿགུརུབཛྲདྷརཝཀིནྡྲཤྲཱིམཱནྟྲཀཱིརྟིསརྦསིདྡྷིཧཱུཾཧཱུཾ། ཅི་ནུས་བཟླ། བཞི་པ་བྱིན་རླབས་དབང་བཞི་བླང་བ་ནི། བླ་མའི་གནས་བཞིའི་ཡི་གེ་རྣམ་བཞི་ལས། །དཀར་དམར་མཐིང་སེར་འོད་ཀྱི་ཚོགས་སྤྲོས་ཏེ། །རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། །སྒྲིབ་པ་བཞི་དག་སྐུ་བཞི་མངོན་དུ་གྱུར། །
གསུམ་པ་རྗེས་བསྡུ་བསྔོ་བ་ནི། བླ་མ་ཡེ་ཤེས་བདུད་རྩིའི་རྣམ་པར་ཞུ། །སྤྱི་བོའི་གཙུག་ནས་རང་གི་ལུས་ལ་ཐིམ། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པར། །གནས་ལུགས་སྤྲོས་བྲལ་ངང་དུ་མཉམ་པར་བཞག །དགེ་འདིས་བདག་སོགས་ཚེ་རབས་ཐམས་ཅད་དུ། །བླ་མས་རྗེས་བཟུང་གདམས་ངག་ལེགས་བརྩལ་ནས། །ལམ་ལྔ་ས་བཅུ་རིམ་གྱིས་མྱུར་བགྲོད་དེ། །སྤངས་རྟོགས་མཐར་ཕྱིན་སངས་རྒྱས་ཐོབ་པར་ཤོག །ཅེས་རྡོ་རྗེ་འཆང་ངག་དབང་དཔལ་ལྡན་གྲགས་པའི་བླ་མའི་རྣལ་འབྱོར་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་འདི་ཡང་། རྡོ་རྗེ་སློབ་དཔོན་ཆེན་པོ་བླ་མ་ཡོན་ཏན་རྒྱ་མཚོའི་བཀའ་ཕེབས་པ་དང་། ཁྱད་པར་རྗེ་གང་གི་སློབ་བུ་དམ་ཚིག་དད་གུས་དང་ལྡན་པ་དཔལ་ལྡན་རྒྱ་མཚོས་ནན་ཆེར་བསྐུལ་ངོ་མི་ལྡོག་ཙམ་དུ་རྨོངས་རྟུལ་སྙོམ་ལས་པ་པྲཛྙཱའི་མིང་ཅན་གྱིས་འབྲི་ཁུལ་བགྱིས་པའོ།། །།དར་རྒྱས་འཕེལ། །

བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྔགས་རྐང་པ་བཅུ་དྲུག་པ་དང་རྐང་པ་བདུན་ཅུ་རྩ་གཉིས་པ།

བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྔགས་རྐང་པ་བཅུ་དྲུག་པ་དང་རྐང་པ་བདུན་ཅུ་རྩ་གཉིས་པ་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྔགས་རྐང་པ་བཅུ་དྲུག་པ་དང་རྐང་པ་བདུན་ཅུ་རྩ་གཉིས་པ་གཉིས་ལས། དང་པོ་རྐང་པ་བཅུ་དྲུག་པ་ནི། ཨོཾ་ན་མོ་བཛྲ་སཏྭཱ་ཡ། [རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།།] ན་མོ་བུདྡྷ་བོ་དྷི་སཏྭེ་བྷྱཿ [སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ།།] ན་མོ་བཛྲ་ཀྲོ་དྷ་ཨིནྡྲ་རཱ་ཛེ་བྷྱཿ [རྡོ་རྗེ་ཁྲོ་བོའི་དབང་པོའི་རྒྱལ་པོ་རྣམས་ལ་ཕྱག་འཚལ་ལོ།།] ན་མོ་བི་ཤྭ་མཱ་ཏྲེ། [སྣ་ཚོགས་ཡུམ་ལ་ཕྱག་འཚལ་ལོ།།] ན་མོ་བུདྡྷ་བོ་དྷི་སཏྭ་དེ་ཝཱི་བྷྱཿ [སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ།།] ན་མོ་ བཛྲ་ཌཱ་ཀི་ནཱི་བྷྱཿ [རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ།།] ཨོཾ་ན་མོ་བྷ་ག་ཝ་ཏེ་ཀཱ་ལ་ཙཀྲཱ་ཡ། ༡ [བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།།] བཛྲ་བྷཻ་ར་བ་བྷཱི་ཀ་རཱ་ཡ། ༢ [རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ་ལ།] མཧཱ་ཨིནྡྲ་ནཱི་ལ་བརྞ་ཤ་རཱི་རཱ་ཡ། ༣ [དབང་པོའི་སྔོན་པོ་ཆེན་པོའི་ཁ་དོག་གི་སྐུ་ལ།] མཱ་ར་ཀླཻ་ཤ་ཧྲི་ད་ཡཱ་ཀྲཱན་ཏ་[བདུད་དང་ཉོན་མོངས་པའི་སྙིང་གར་མནན་པ་]སི་ཏ་རཀྟ་ཙ་ར་ཎཱ་ཡ། ༤ [དཀར་པོ་དང་དམར་པོའི་ཞབས་ལ།] ཀྲིཥྞ་རཀྟ་སི་ཏ་ཀནྛཱ་ཡ། ༥ [ནག་པོ་དམར་པོ་དཀར་པོའི་མགྲིན་པ་ལ།] ནཱི་ལ་སི་ཏ་པཱི་ཏ་རཀྟ་ [སྔོན་པོ་དཀར་པོ་སེར་པོ་དམར་པོ་] དཾཥྟཱ་ཀ་རཱ་ལོ་[མཆེ་བ་གཙིགས་པ་]གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ༦ [དྲག་ཅིང་འཇིགས་སུ་རུང་བའི་ཞལ་ལ།] ཀྲིཥྞ་རཀྟ་སི་ཏ་[ནག་པོ་དམར་པོ་དཀར་པོ་]ས་བྱེ་ཏ་ར་སྐནྡྷཱ་ཡ། ༧ [གཡས་དང་ཅིག་ཤོས་ཀྱི་ཕྲག་པ་ལ།] དྭཱ་ད་ཤ་བྷུ་ཛཱ་ཡ། ༨ [བཅུ་གཉིས་ཀྱི་དཔུང་པ་ལ།] ཥཊ་བིཾ་ཤ་ཏི་ཀ་རཱ་ཡ། ༩ [དྲུག་དང་ཉི་ཤུའི་ཕྱག་ལ།] བཛྲ་[རྡོ་རྗེ་]ཁཌྒ་[རལ་གྲི་] ཏྲི་ཤཱུ་ལ་[རྩེ་གསུམ་]ཀརྟི་ཀཱའ་[གྲི་གུག་] བཱ་ཎ་[མདའ་]ཨཾ་ཀུ་ཤ་ [ལྕགས་ཀྱུུ་]ཌ་མ་རུ་ཀ་[ཅང་ཏེའུ་] མུདྒ་ར་[ཐོ་བ་]ཙཀྲ་[འཁོར་ལོ་]ཀུནྟ་[མདུང་]དཎྜ་[དབྱུག་པ་]པརྴུ་ [དགྲ་སྟྭ་]བཛྲ་གྷནྚཱ་[རྡོ་རྗེའི་དྲིལ་བུ་]ཁེ་ཊ་ [ཕུབ་] ཁ་ཊྭཱཾ་ག་[ཁ་ཊྭཱཾ་ག་]ཀ་པཱ་ལ་[ཐོད་པ་]ཙཱ་པ་[གཞུ་] པཱ་ཤ་[ཞགས་པ་] རཏྣ་[རིན་པོ་ཆེ་] ཀ་མ་ལ་[པད་མ་] ཤཾ་ཁ་ [དུང་] ཨཱ་དརྴ་[མེ་ལོང་]ཤྲི་ཁ་ལཱ་[ལྕགས་སྒྲོག་] བྲཧྨ་ཤི་རོ་[ཚངས་པའི་མགོ་བོ་]ག་ཛ་ཙརྨ་དྷྲི་ཏ་ཀ་རཱ་ཡ། ༡༠ [གླང་པོ་ཆེའི་པགས་པ་འཛིན་པའི་ཕྱག་རྣམས་ལ།] བྱཱ་གྷྲ་ཙརྨ་ནི་བ་ས་ནཱ་ཡ། ༡༡ [སྟག་གི་པགས་པའི་ཤམ་ཐབས་ཅན་ལ།] སྐནྡྷེ་མུཎྜ་མཱ་ལཱ་བ་ལམྦི་ནེ། ༡༢ [ཕྲག་པ་ལ་མགོ་བོའི་ཕྲེང་བ་འཕྱང་བ་ཅན་ལ།] ཤི་ར་སི་[སྤྱི་བོར་]བཛྲ་པཊྚ་[རྡོ་རྗེའི་དར་དཔྱངས་དང་] མུ་ཀུ་ཊེ་[ཅོད་པན་ལ་] བཛྲ་ཀ་པཱ་ལ་མཱ་ལ་ཨརྡྷ་[རྡོ་རྗེ་ཐོད་པའི་ཕྲེང་བ་དང་]ཙནྡྲ་དྷ་རཱ་ཡ། ༡༣ [ཟླ་ཕྱེད་འཛིན་པ་ལ།] ཀུཎྜ་ལ་[རྣ་རྒྱན་]རུ་ཙ་ཀ་[ཕྱག་གདུབ་]ཀནྛི་ཀཱའ་ [མགུལ་རྒྱན་]མེ་ཁ་ལཱ་[སྐེ་རགས་]ནཱུ་པུ་ར་[ཞབས་གདུབ་]བྷསྨ་ [ཐལ་བ་]ཡཛྙོ་པ་བཱི་ཏ་[མཆོད་ཕྱིར་ཐོགས་]ཤི་རོ་མ་ཎི་[སྤྱི་བོའི་ནོར་བུ་]མཧཱ་མུ་དྲ་[ཆེན་པོ་ཕྱག་རྒྱ་]ནཱ་ག་ཨིནྡྲ་[ཀླུའི་དབང་པོ་]བི་བྷཱུ་ཥ་ཎཱ་ཡ། ༡༤ [རྣམ་པར་བརྒྱན་པ་ལ།] བཛྲ་ཌཱ་ཀི་ནཱི་[རྡོ་རྗེ་མཁའ་འགྲོ་མ་]སཾ་ཏོ་ཥི་ཏ་ཧྲི་ད་ཡཱ་ཡ། ༡༥ [ཡང་དག་པར་མཉེས་པའི་ཐུགས་ལ།]ཨིནྡྲ་[དབང་པོ་དང་]ཨགྣི་[མེ་ལྷ་དང་]ཡ་མ་[གཤིན་རྗེ་དང་]ནཻ་རི་ཏྱ་[བདེན་བྲལ་དང་]བཱ་རུ་ཎ་[ཆུ་ལྷ་དང་]བཱ་ཡུ་[རླུང་ལྷ་ དང་]ཀུ་བེ་ར་[ལུས་ངན་དང་]ཨཱི་ཤཱ་ན་[དབང་ལྡན་དང་]བྲཧྨ་ [ཚངས་པ་དང་]བིཥྞུ་[ཁྱབ་འཇུག་དང་]བི་ནཱ་ཡ་ཀ་[ལོག་འདྲེན་དང་]ཀཱརྟི་ཀེ་[སྨིན་དྲུག་གི་བུ་དང་]ཡ་ནནྡི་[དགའ་བྱེད་དང་]མཧཱ་ཀཱ་ལ་[ནག་པོ་ཆེན་པོ་དང་]གྲ་ཧ་[གཟའ་དང་]ནཀྵ་ཏྲ་[རྒྱུ་སྐར་དང་]ཀྵེ་ཏྲ་པཱ་ལ་[ཞིང་སྐྱོང་དང་] སུ་ར་ཨིནྡྲ་[ལྷའི་དབང་པོ་དང་]ཨ་སུ་ར་ཨིནྡྲ་[ལྷ་མིན་གྱི་དབང་པོ་དང་]ཕ་ཎི་ཨིནྡྲ་[གདེངས་ཅན་གྱི་དབང་པོ་དང་]བྷུ་ཏ་ཨིནྡྲ་[འབྱུང་པོའི་དབང་པོ་དང་] ན་ར་ཨིནྡྲ་[མིའི་དབང་པོ་]སཾ་སྟུ་ཏ་ཙ་ར་ཎཱ་ཡ། ༡༦ [དག་གིས་ཡང་དག་པར་བཏུད་བའི་ཞབས་ལ།] ཞེས་པ་རྐང་པ་བཅུ་དྲུག་པའོ། །
༈ གཉིས་པ་རྐང་པ་བདུན་ཅུ་རྩ་གཉིས་པ་ནི། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ [རྡོ་རྗེ་དྲུག་གི་ས་བོན།] ཨོཾ་ཧཀྵམལཝརཡ་[རྣམ་བཅུ་དབང་ལྡན་གྱི་ས་བོན།] ཀཱ་ལ་ཙཀྲ་ཡ། ༡ [དུས་ཀྱི་འཁོར་ལོ།] དུརྡཱནྟ་ད་མ་ཀ་[གདུལ་དཀའ་འདུལ་བ་པོ་]ཛཱ་ཏི་[སྐྱེ་བ་དང་]ཛ་རཱ་[རྒ་བ་དང་] མ་རཱ་ཎ་[འཆི་བ་]ཨནྟ་ཀ ༢ [མཐར་བྱེད་པ།] ཏྲཻ་ལོ་ཀྱ་བི་ཛ་ལ། ༣ [འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ།] མཧཱ་བཱི་ར་ཨཱི་ཤྭ་ར། ༤ [དཔའ་བོ་ཆེན་པོའི་དབང་ཕྱུག] བཛྲ་བྷཻ་ར་བ། ༥ [རྡོ་རྗེ་འཇིགས་བྱེད།] བཛྲ་ཀཱ་ཡ། ༦ [རྡོ་རྗེའི་སྐུ།] བཛྲ་གཱ་ཏྲ། ༧ [རྡོ་རྗེའི་ལུས།] བཛྲ་ནེ་ཏྲ། ༨ [རྡོ་རྗེའི་སྤྱན།] བཛྲ་ཤྲོ་ཏྲ། ༩ [རྡོ་རྗེའི་སྙན།] བཛྲ་གྷྲཱ་ཎ། ༡༠ [རྡོ་རྗེའི་ཤངས།] བཛྲ་ཛི་ཧྭ། ༡༡ [རྡོ་རྗེའི་ལྗགས།] བཛྲ་དནྟ། ༡༢ [རྡོ་རྗེའི་ཚེམས།] བཛྲ་ན་ཁ། ༡༣ [རྡོ་རྗེའི་སེར་མོ།] བཛྲ་ཀེ་ཤ ༡༤ [རྡོ་རྗེའི་སྐྲ།] བཛྲ་ལོ་མ། ༡༥ [རྡོ་རྗེའི་བ་སྤུ།] བཛྲ་ཨཱ་བྷ་ར་ཎ། ༡༦ [རྡོ་རྗེའི་རྒྱན།] བཛྲ་ཧཱ་ས། ༡༧ [རྡོ་རྗེའི་བཞད་པ།] བཛྲ་གཱི་ཏ། ༡༨ [རྡོ་རྗེའི་གླུ།] བཛྲ་ནྲི་ཏྱ། ༡༩ [རྡོ་རྗེའི་གར།] བཛྲ་ཨཱ་ཡུ་དྷ་ཀ་ར། ༢༠ [རྡོ་རྗེའི་མཚོན་ཆའི་ཕྱག] བཛྲ་ཀྲོ་དྷ་རཱ་ཛ་ཨ་དྷི་པ་ཏི། ༢༡ [རྡོ་རྗེ་ཁྲོ་བོ་རྒྱལ་པོའི་མངའ་བདག] བཛྲ་ཌཱ་ཀ ༢༢ [རྡོ་རྗེ་མཁའ་འགྲོ།] བཛྲ་ཌཱ་ཀི་ནཱི་ཛཱ་ལ་པ་རི་བྲི་ཏ། ༢༣ [རྡོ་རྗེ་མཁའ་འགྲོ་མའི་དྲྭ་བས་ཡོངས་སུ་བསྐོར་བ།] ཤཱི་གྷྲཾ་[མྱུར་དུ་]ཨཱ་གཙྪ་ཨཱ་གཙྪ། [ཚུར་བྱོན་ཚུར་བྱོན།] བཛྲ་སཏྭ་[རྡོ་རྗེ་སེམས་དཔའི་]ཨཱཛྙཱ་ཡཱ་ [བཀའི་] སརྦ་[ཐམས་ཅད་]མཱ་ར་བིགྷྣ་[བདུད་བགེགས་དང་]བི་ནཱ་ཡ་ཀ་ [ལོག་འདྲེན་དང་]ཀིནྣ་ར་[མིའམ་ཅི་དང་]ཀིམྤུ་རུ་ཥ་[སྐྱེས་བུའམ་ཅི་དང་] ག་རུ་ཌ་[མཁའ་ལྡིང་དང་]གནྡྷརྦ་[དྲི་ཟ་དང་]ཡཀྵ་[གནོད་སྦྱིན་དང་]རཱཀྵ་ས་[སྲིན་པོ་དང་]བྷཱུ་ཏ་[འབྱུང་པོ་དང་]མཧཱ་པྲེ་ཏ་[ཡི་དྭགས་ཆེན་པོ་དང་] ཀུམྦྷཱཎྜ་[གྲུལ་བུམ་དང་]ཨ་པསྨཱ་ར་[བརྗོད་བྱེད་དང་]ཀྵེ་ཏྲ་པཱ་ལ་[ཞིང་སྐྱོང་དང་]བེ་ཏཱ་ཌ་[རོ་ལངས་དང་]པཱུ་ཏ་ན་[སྲུལ་པོ་དང་]དུཥྟ་ནཱ་ག་[གདུག་པའི་ཀླུ་དང་]གྲ་ཧ་ཨཱ་ད་[གཟའ་ལ་སོགས་པ་]ཡོ་ཡེ་[གང་ཡང་]སརྦ་ཛྭ་ར་[རིམས་ཐམས་ ཅད་]སརྦ་བྱཱ་དྷི་[ནད་ཐམས་ཅད་དང་]ཀྵུ་དྲ་ཨུ་པ་དྲ་བ་ཀཱ་རི་ཎཿ ༢༤ [ཉེ་བར་འཚེ་བ་ཕྲ་མོ་བྱེད་པ་དང༌།] སརྦ་སཏྭཱ་ནཱཾ་[སེམས་ཅན་ཐམས་ཅད་ལ་]སརྦ་ཨ་པ་ཀ་ར་ར་ཏཱཾ་སྟཱ་ན་སརྦཱན་ཛཿ[གནོད་པ་བྱེད་པར་དགའ་བ་དེ་རྣམས་ཐམས་ཅད་ཛཿ] ཤཱི་གྷྲཾ་བཛྲ་ཨཾ་ཀུ་ཤེ་ན་ཨཱ་ཀྲི་ཥྱ་ཨཱ་ཀྲི་ཥྱ། ༢༥ [མྱུར་དུ་རྡོ་རྗེ་ལྕགས་ཀྱུས་ཁུག་ཅིག་ཁུག་ཅིག] ཨཱུརྡྷ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༢༦ [སྟེང་གི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཱུརྦ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༢༧ [ཤར་གྱི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] དཀྵི་ཎ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༢༨ [ལྷོ་ཡི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨུཏྟ་ར་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༢༩ [བྱང་གི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཥྩི་མ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༠ [ནུབ་ཀྱི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] བཱ་ཡ་བྱ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༡ [རླུང་གི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨཱི་ཤཱ་ན་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༢ [དབང་ལྡན་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ནཻ་རི་ཏྱ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༣ [བདེན་བྲལ་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨཱགྣེ་ཡ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༤ [མེ་མཚམས་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨ་དྷོ་དི་ཤི་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༥ [འོག་གི་ཕྱོགས་སུ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨཱ་ཀཱ་ཤ་མཎྜ་ལ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༦ [ནམ་མཁའི་དཀྱིལ་འཁོར་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག]བཱ་ཡུ་མཎྜ་ལ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༧ [རླུང་གི་དཀྱིལ་འཁོར་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཏེ་ཛྭ་མཎྜ་ལ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༨ [མེ་ཡི་དཀྱིལ་འཁོར་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཏོ་ཡ་མཎྜ་ལ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༣༩ [ཆུ་ཡི་དཀྱིལ་འཁོར་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པྲི་ཐི་བཱི་མཎྜ་ལ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༤༠ [ས་ཡི་དཀྱིལ་འཁོར་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཀཱ་མ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༤༡ [འདོད་པའི་ཁམས་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག]རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༤༢ [གཟུགས་ཀྱི་ཁམས་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཨ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༤༣ [གཟུགས་མེད་ཁམས་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཀཱ་ཡ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༤༤ [ལུས་ཀྱི་ཁམས་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཝཱཀ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༤༥ [ངག་གི་ཁམས་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] ཙིཏྟ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༤༦ [སེམས་ཀྱི་ཁམས་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་སྐནྡྷཱ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༤༧ [ཕུང་པོ་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་དྷཱ་ཏུ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༤༨ [ཁམས་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་ཨིནྡྲི་ཡ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༤༩ [དབང་པོ་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་བི་ཥ་ཡ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༥༠ [ཡུལ་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་ཀརྨ་ཨིནྡྲི་ཡ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༥༡ [ལས་ཀྱི་དབང་པོ་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] པཉྩ་ཀརྨ་ཨིནྡྲི་ཡ་བི་ཥ་ཡ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༥༢ [ལས་ཀྱི་དབང་པོའི་ཡུལ་ལྔ་ལ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] སརྦ་ཏོ་ཡ་ཏྲ་ཀུ་ཏྲ་ཙི་ཏ་ག་ཏཱ་ནཱ་ཀྲི་ཥྱཱ་ཀྲི་ཥྱ། ༥༣ [ཐམས་ཅད་ནས་གང་སུ་ཡང་རུང་བ་གནས་པའམ་སོང་བ་རྣམས་ཁུག་ཅིག་ཁུག་ཅིག] མཧཱ་ཤྨ་ཤཱ་ན་[དུར་ཁྲོད་ཆེན་པོ་] བཛྲ་ཨགྣི་ཛྭཱ་ལི་ཏ་བྷཱུ་མྱཱཾ་ནི་པཱ་ཏ་ཡ་ནི་པཱ་ཏ་ཡ། ༥༤ [རྡོ་རྗེ་མེ་འབར་བའི་ས་གཞི་ལ་ངེས་པར་རྡོབས་ངེས་པར་རྡོབས།] བཛྲ་པཱ་ཤེ་ན་སརྦ་བྷུ་ཛེ་ཥུ་བནྡྷ་ཡ་བནྡྷ་ཡ། ༥༥ [རྡོ་རྗེ་ཞགས་པས་ཐམས་ཅད་ཀྱི་ལག་པ་རྣམས་ཆིངས་ཤིག་ཆིངས་ཤིག] བཛྲ་ཤྲི་ཁ་ལ་ཡཱ་སརྦ་པཱ་དེ་ཥུ་ནི་རོ་དྷ་ཡ་ནི་རོ་དྷ་ཡ། ༥༦ [རྡོ་རྗེ་ལྕགས་སྒྲོག་གིས་ཐམས་ཅད་ཀྱི་རྐང་པ་རྣམས་སྡོམས་ཤིག་སྡོམས་ཤིག] སརྦ་སཏྭེ་ཥུ་[སེམས་ཅན་ཐམས་ཅད་ཀྱི་] ཀཱ་ཡ་ཝཱཀ་ཙིཏྟ་ཨུ་པ་དྲ་བ་ཀཱ་ར་ར་ཏཱཾ་སྟཱ་ན་[ལུས་ངག་སེམས་ལ་ཉེ་བར་འཚེ་བར་བྱེད་པ་དགའ་བ་རྣམས་] མཧཱ་ཀྲོ་དྷ་བཛྲེ་ཎ་[ཁྲོ་བོ་ཆེན་པོའི་རྡོ་རྗེས་]ཙཱུརྞ་ཡ་ཙཱུརྞ་ཡ། ༥༧ [ཕྱེ་མར་གྱིས་ཕྱེ་མར་གྱིས།] བཛྲ་ཁཌྒེ་ན་ནི་ཀྲིནྟ་ཡ་ནི་ཀྲིནྟ་ཡ། ༥༨ [རྡོ་རྗེ་རལ་གྲིས་ངེས་པར་གཤོགས་ངེས་པར་གཤོགས།] བཛྲ་ཏྲི་ཤཱུ་ལེ་ན་བྷེ་ད་ཡ་བྷེ་ད་ཡ། ༥༩ [རྡོ་རྗེ་རྩེ་གསུམ་པས་ཕྱེ་ཤིག་ཕྱེ་ཤིག] བཛྲ་ཀརྟི་ཀཱ་ཡཱ་ཧ་ན་ཧ་ན། ༦༠ [རྡོ་རྗེ་གྲི་གུག་གིས་ཆོམས་ཤིག་ཆོམས་ཤིག] བཛྲ་བཱ་ཎེ་ན་བིནྡྷ་བིནྡྷ། ༦༡ [རྡོ་རྗེ་མདའ་ཡིས་ཕུག་ཅིག་ཕུག་ཅིག] བཛྲ་ཀཱི་ལ་ཀཻཿཀཱི་ལ་ཡ་ཀཱི་ལ་ཡ། ༦༢ [རྡོ་རྗེ་ཕུར་བུ་རྣམས་ཀྱིས་ཕུར་བུས་ཐོབ་ཕུར་བུས་ཐོབ།]བཛྲ་མུདྒ་རེ་ཎ་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ། ༦༣ [རྡོ་རྗེ་ཐོ་བས་རྡུངས་ཤིག་རྡུངས་ཤིག] བཛྲ་ཙཀྲེ་ཎ་ཙྪེ་ད་ཡ་ཙྪེ་ད་ཡ། ༦༥ [རྡོ་རྗེ་འཁོར་ལོས་ཆོད་ཅིག་ཆོད་ཅིག] བཛྲ་ཀུནྟེ་ན་བྷིནྡ་བྷིནྡ། ༦༥ [རྡོ་རྗེ་མདུང་གིས་ཕུག་ཅིག་ཕུག་ཅིག] བཛྲ་དཎྜེ་ན་ཏཱ་ཌ་ཡ་ཏཱ་ཌ་ཡ། ༦༦ [རྡོ་རྗེ་དབྱུག་པས་རྒྱོབ་ཅིག་རྒྱོབ་ཅིག] བཛྲ་པརྴུ་ནཱ་ཙྪིནྡ་ཙྪིནྡ། ༦༧ [རྡོ་རྗེ་དགྲ་སྟྭས་གཏུབས་ཤིག་གཏུབས་ཤིག] ས་ཨརྡྷ་ཏྲི་ཀོ་ཊི་[ཕྱེད་དང་བཅས་པའི་བྱེ་བ་གསུམ་གྱིས་]ཁཎྜཾ་ཀྲི་ཏྭཱ་[དུམ་བུར་བྱས་ནས་] ཤྨ་ཤཱ་ན་[དུར་ཁྲོད་]བྷཱུ་མྱཱཾ་[ས་གཞིར་]སརྦ་བྷཱུ་ཏེ་བྷྱོ་[འབྱུང་པོ་རྣམས་ཐམས་ཅད་ལ་]བ་ལིཾ་[གཏོར་མ་]ཀུ་རུ་ཀུ་རུ། ༦༨ [མཛོད་མཛོད།] བཛྲ་ཌ་མ་རུ་ཀེ་ན་[རྡོ་རྗེ་ཅང་ཏེའུས་] བཛྲ་ཌཱ་ཀི་ནཱི་རཱ་[རྡོ་རྗེ་མཁའ་འགྲོ་མ་རྣམས་]བཱ་ཧ་ཡ་བཱ་ཧ་ཡ། ༦༩ [དགུག་པར་གྱིས་དགུག་པར་གྱིས།]བཛྲ་ཌཱ་ཀི་ནཱི་བྷྱོ་[རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་]མཱ་ར་ཀཱ་ཡི་ཀཱ་ནཱཾ་[བདུད་ཀྱི་རིགས་རྣམས་ཀྱི་]རུ་དྷི་རཾ་[སྙིང་ཁྲག་]ནི་བེ་ད་ཡ་ནི་བེ་ད་ཡ། ༧༠ [གསོལ་ཅིག་གསོལ་ཅིག] པཉྩ་ཨ་མྲི་ཏ་[བདུད་རྩི་ལྔའི་] ཨ་ཧཱ་རི་ཎཱི་བྷྱཿ[འཕྲོག་མ་རྣམས་]པཉྩ་ཨ་མྲི་ཏཾ་[བདུད་རྩི་ལྔ་] ནི་བེ་ད་ཡ་ནི་བེ་ད་ཡ། ༧༡ [གསོལ་ཅིག་གསོལ་ཅིག] སརྦ་བཛྲ་ཌཱ་ཀི་ནཱི་[རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱིས་]ས་ཧི་ཏཿ[འབྲེལ་བ་དང་བཅས་པ།]སརྦ་སཏྭཱ་ནཱཾ་[སེམས་ཅན་ཐམས་ཅད་རྣམས་ལ་]ཤཱནྟི་ཀཾ་[ཞི་བ་དང་]པཽཥྟི་ཀཾ་[རྒྱས་པ་དང་]རཀྵ་[བསྲུང་བ་དང་] ཨ་བ་ར་ཎ་[བསྐྱབ་པ་དང་]གུཔྟིཾ་[སྦ་བར་]ཀུ་རུ་ཀུ་རུ་[མཛོད་མཛོད།]ཧུཾ་ཧཱུཾ་ཕཊ། ༧༢ ཅེས་པ་རྐང་པ་བདུན་ཅུ་རྩ་གཉིས་པའོ།། །།
༈ མི་འགྱུར་བདེ་སྟོང་ཟུང་འཇུག་དག་པའི་སྐུ། །གསང་གསུམ་རབ་འབྱམས་ལྷ་ཚོགས་སྤྲོ་བའི་མགོན། །རིགས་བརྒྱའི་ཁྱབ་བདག་དུས་ཀྱི་འཁོར་ལོ་ལ། །གསོལ་བ་འདེབས་སོ་ཆོས་སྐུ་མངོན་གྱུར་ཤོག །ཅེས་གསོལ་འདེབས་འདི་ཀུན་དཔལ་ལ་མཁོ་ཕྱིར། མ་ཏིས་སོ། །

མཚན་བརྗོད་བཀླག་ཐབས།

མཚན་བརྗོད་བཀླག་ཐབས་བཞུགས། འཇམ་དཔལ་མཚན་བརྗོད་ཀྱི་བཀླག་ཐབས་ལུགས་གཅིག་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི། ནས། འགྲུབ་པར་ཤོག །ལན་གསུམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པད་ཟླར་དྷཱིཿཡིག་ལས། །རང་ཉིད་བཅོམ་ལྡན་མགོན་པོ་འཇམ་པའི་དབྱངས། །སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རལ་གྲི་གཡོན་པའི་ཨུཏྤལ་གྱི། །རྩ་བ་ཐུགས་ཀར་འཛིན་ཅིང་སྙན་གཡོན་གྱི། །ཐད་ཀར་མེ་ཏོག་ཁ་ཕྱེས་དབུས་གླེགས་བམ། །ཞབས་གཉིས་རྡོར་སྐྱིལ་དར་དང་རིན་ཆེན་རྒྱན། །ཟུར་ཕུད་ལྔ་ལྡན་དབུ་སྐྲ་རལ་བའི་རྩེར། །རིགས་བདག་མི་བསྐྱོད་རྒྱལ་པོའི་རྒྱས་བཏབ་གྱུར། །ཐུགས་ཀར་པད་ཟླར་དྷཱིཿཡིག་དམར་སེར་ལས། །འཇམ་དཔལ་མཚན་བརྗོད་ཡིག་འབྲུ་རྣམས་རིམ་བཞིན། །གསེར་མདོག་འོད་ཟེར་འབར་བའི་རྣམ་པ་རུ། །བྱུང་བ་ཞལ་ནས་ཐོན་ཏེ་མཁའ་དབྱིངས་སུ། །མི་དམིགས་སྟོང་པ་ཉིད་དུ་གསལ་བར་གྱུར། །བར་བསམ་པའི་ངང་ནས། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི། ཞེས་སོགས་འཇམ་དཔལ་མཚན་བརྗོད་ཅི་ནུས་བཟླས་ཏེ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་བརྗོད་དོ། །འཇམ་དཔལ་མཚན་བརྗོད་ཀྱི་བཀླག་ཐབས་བསྡུས་པ་འདི་ནི་མཁྱེན་རྟོགས་བཙུན་པའི་ཡོན་ཏན་རྒྱས་པ་ཁ་ཡུ་བླ་མ་ཤེས་རབ་ཀྱིས་རྒྱུན་གྱི་ཉམས་ལེན་དུ། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་བྲིས་ཏེ་ཕུལ་བའོ།། །།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་བཞུགས་སོ།།

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་པའི་ཞལ་མངའ་བ། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བར་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱི་དགའ་བཞིན་དུ། །གླུ་བླངས་གང་ལགས་བཤད་དུ་གསོལ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་ནི། །བདག་གི་བསམ་པ་བརྟན་པོས་བཟུང་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤངས་པའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པས་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིགས་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེའི་ཆོས་ཅན་འདི་གསུངས་པ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ སྠི་ཏོ་ཧྲཱི་དི། ཛྙཱ་ན་མཱུརྟྟི་ར་ཧཾ་བུདྡྷཱོ། བུདྡྷཱ་ནཱཾ། ཏྲྱ་དྷྭ་བརྟྟི་ནཾ། ཨོཾ་བཛྲ་ཏིཀྵྞ་དུཿཁ་ཙྪེ་ད། པྲཛྙཱ་ཛྙཱ་ན་མཱུརྟྟ་ཡི། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བའི་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་སྟེ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲང་མི་འཇོག །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་བདེན་པར་སྨྲ་བ་སྟེ། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པས་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིགས་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་བསྐྱེད་པ་པོ། །མཆོད་ཅིང་བརྗོད་པ་དྲང་སྲོང་ཆེ། །རིགས་གསུམ་འཆང་བ་གསང་སྔགས་འཆང་། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེའི་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་པོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེ་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་མཐའ་ཀླས་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲྭ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་བོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །དབུགས་འབྱིན་ཆེན་པོ་དགའ་དོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བ་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོའུ་ཏམ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བའི་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བར་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཀུན་ཏུ་ལྟ་བས་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་བོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོའི་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་ཛི་ན་ཛིག །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་བོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་དེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་པོའི་མཐའ། །མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱིས་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ལག་པ་བརྒྱ་བོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །སྲིད་གསུམ་དགའ་བ་ཆེན་པོ་སྟེ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་། ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང་། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སྐད་གཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་པ་མཐར་ཕྱིན་འཁྲུལ་བ་མེད། །ནོར་པ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་ཏོག །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་བསྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་བའི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་དང་ལྷ་དབང་ལྷ་ཡི་ལྷ། །ལྷ་ཡི་དབང་པོ་ལྷ་ཡི་བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོས་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་བ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཨོཾ་སརྦ་དྷརྨ་ཨ་བྷ་ཝ་སྭ་བྷཱ་ཝ། བི་ཤུདྡྷེ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཿ པྲ་ཀྲི་ཏི་པ་རི་ཤུདྡྷཿསརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ། ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡ་ཏི་ཨཾ་ཨཿ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿ བྷ་ག་ཝན་ཛྙཱ་ན་མུརྟྟི་ཝཱ་གཱི་ཤྭ་ར། མཧཱ་པཱ་ཙ་སརྦ་དྷརྨ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷཱ། དྷརྨ་ངྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནི་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲད་དྷ་ཀཱ་ར་ཝཱརྨ་དང་། ཀ་མ་ལ་གུབྟ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
༈ མཚན་བརྗོད་བསྡུས་པ་ནི། གཤེགས་སྙིང་རིགས་འདུས་སྒྱུ་འཕྲུལ་དྲྭ་བ་ཆེ། །རྡོར་དབྱིངས་གནས་ལུགས་ཡེ་ཤེས་རྣམ་ལྔའི་བདག །དགོངས་ཡིད་རོ་མཉམ་ངང་ནས་སྐྱབས་སུ་བསྟེན། །གློ་བུར་སྒྲིབ་ཀུན་མྱུར་ནས་དག་གྱུར་ཅིག །འདི་འབུམ་ཕྲག་དད་མོས་ཀྱིས་བཏོན་ན་གནས་ལུགས་ལ་རང་འཚམ་གྱི་བག་ཆགས་ཉམས་མྱོང་རེ་ཡོད་སྣང་བས་མ་ཏིས་སོ། །
༈ ཤེས་རབ་བློ་འཕེལ་གྱི་གཟུངས་ནི། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མ་ར་བྷུ་ཏཱ་ཡ། བོ་དྷི་སཏྭ་ཡ། མཧྭ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ། བི་ཤུདྡྷེ། ཤོ་དྷ་ཡ། བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ནིར་མ་ལེ། ཛ་ཡ་ཝ་ཏེ། རུ་རུ་ཙ་ལེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་པའོ། །

དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ།

དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་བཞུགས། རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་གུ་ཎ་བྷ་དྲ་ན་མཿསྟུ་ཏི། བོད་སྐད་དུ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །བདེན་གཉིས་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །གང་གི་ལྷག་པའི་བསམ་པ་རྣམ་པར་དག་པས་གཅིག་དང་། བདུན་དང་། ཉི་ཤུ་རྩ་གཅིག་དང་། བརྒྱ་སྟོང་ལ་སོགས་པ་ཉིན་རེ་བཞིན་དུ་བསྒྲགས་པ་དེ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་སྒྲིབ་པ་དག་པ་དང་། ཐོས་པ་འཛིན་པ་དང་། སློབ་པ་དང་། མི་བརྗེད་པའི་གཟུངས་དང་། ཕྱིར་རྒོལ་བ་ཐམས་ཅད་འཇོམས་པའི་ཤེས་རབ་ཀྱི་དབང་པོ་དང་སྟོབས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །གང་ཞིག་ཉིན་རེ་བཞིན་དུ་ལན་གསུམ་དུ་བསྟོད་པ་བྱེད་པ་དེ་ནི་ཅི་སྐད་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པའི་ཤེས་རབ་སྙིང་རྗེའི་ལམ་དང་ས་རིམ་གྱིས་བགྲོད། གོང་ནས་གོང་དུ་ཆེས་ཆེར་འཕེལ་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་འགྲོ་བ་མ་ལུས་པ་འཁོར་བ་ལས་སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་རོ། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ་རྫོགས་སོ།། །།ཨོཾ་ཨ་ར་པ་ཙ་ན་དྷཱིཿ
༈ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་འཇམ་པའི་དབྱངས། །མ་རིག་མུན་སེལ་འགྲོ་བའི་མགོན། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདི་བརྗོད་པ་ལས་བྱུང་བ་ཡིས། །དགེ་བ་བདག་གིས་གང་ཐོབ་པ། །དེ་ཡི་སྐྱེས་བུ་ཐམས་ཅད་ཀུན། བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་གསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །གུར་ཀུམ་མདོག་ཅན་ཕྱག་གཉིས་པ། །ཨུཏྤལ་སྟེང་ན་རལ་གྲི་འཛིན། །གླེགས་བམ་འཛིན་པ་ཆོས་ཀྱི་རྗེ། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མགོན་པོ་འཇམ་དབྱངས་ཁྱེད་སྐུ་ཇི་འདྲ་དང་། ། ནས། ཤོག ། བདག་ནི་དཔའ་ཞིང་བྱང་ཆུབ་ལ་བརྩོན་དང་། །ལྕེ་ཡི་དབང་པོ་དག་ཅིང་ཚིག་བཙུན་ཞིང་། །རིགས་པ་གཏེར་ལྡན་སྨྲ་ལ་ཐོགས་མེད་ཤོག །བདེ་གཤེགས་སྤོབས་པ་ཉེ་བར་བསྒྲུབ་ཏུ་གསོལ། །

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས།

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་བཞུགས། ན་མོ་བཛྲ་ཡོ་གཱི་ནི་ཡ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཉམས་སུ་བླང་བར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་ནས། མདུན་མཁར་སེང་ཁྲི་པད་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་དཔའ་བོ་རྡོ་རྗེ་ཆོས། །དམར་གསལ་ཌཱ་རུ་ཐོད་པ་ཁ་ཊྭཱཾ་བསྣམས། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བླ་མ་འོད་ཞུ་རང་ལ་ཐིམ་པ་ཡིས། །རང་སེམས་བྃ་ཡིག་སྤྲོས་བྲལ་དབྱིངས་སུ་ཐིམ། །དབྱིངས་ལས་པད་ཉི་འཇིགས་བྱེད་དུས་མཚན་སྟེང་། །བྃ་ཡིག་ལས་བྱུང་རྗེ་བཙུན་རྣལ་འབྱོར་མ། །དམར་གསལ་སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས། །ཕྱག་གཡས་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན། །གཡོན་པས་ཐོད་ཁྲག་སྟེང་ཕྱོགས་ཞལ་དུ་གསོལ། །ཕྲག་པ་གཡོན་པར་རྡོ་རྗེའི་ཁ་ཊྭཱཾ་བསྣམས། །གཅེར་མོ་སྐྲ་གྲོལ་རུས་རྒྱན་ཐོད་སྐམ་མཚན། །ཞབས་ཟུང་གཡས་བརྐྱང་གཡོན་བསྐུམ་འདོར་སྟབས་བཞུགས། །བདེ་ཆེན་ཉམས་འབར་ཡེ་ཤེས་བདེ་བ་རྒྱས། །ཐུགས་སྲོག་འོད་ཀྱིས་སྣོད་བཅུད་དངོས་འཛིན་སྦྱངས། །ཡེ་ཤེས་སྤྱན་དྲངས་རང་དང་གཉིས་མེད་ཐིམ། །གནས་དྲུག་གོ་ཆའི་སྔགས་ཀྱིས་མཚན་པར་བསྲུང་། །ཐུགས་ཀར་ཆོས་འབྱུང་ཉིས་བརྩེགས་ཟླ་སྟེང་བྃ། །མཐའ་བསྐོར་སྔགས་ཀྱི་ཕྲེང་བ་གཡོན་དུ་འཁོར། །སྔགས་ལས་འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །ཕོ་ཉ་གསུམ་གྱིས་བྱིན་རླབས་ནུས་མཐུ་ཀུན། །བསྡུས་ཐིམ་མཁའ་སྤྱོད་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞཱ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ཅི་འགྲུབ་བཟླ། ཉེར་བསྡུ་བྱ་བ་ནི། ཁམས་གསུམ་འོད་ཞུ་རང་དང་རང་ཉིད་ཀྱང་། །ན་དཱའི་བར་ཐིམ་འོད་གསལ་དབྱིངས་སུ་ཡལ། །སླར་ཡང་རྣལ་འབྱོར་མ་དཔལ་སྐུ་རུ་གསལ། །སྣང་གྲག་རིག་གསུམ་ལྷ་སྔགས་ཡེ་ཤེས་ངང་། །དགེ་འདིས་ཕྱི་ནང་མཁའ་སྤྱོད་འགྲུབ་གྱུར་ནས། །མཁའ་མཉམ་འགྲོ་ལ་གནས་སྐབས་མཐར་ཐུག་གི །དགེ་ལེགས་སྲིད་མཐའི་བར་དུ་སྤེལ་ནུས་པའི། །བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །འདི་ཉིད་ཉིན་རེ་བཞིན་དུ་མ་ཆག་པར་ཉམས་སུ་བླངས་ན། འཆི་ཚེ་རྣལ་འབྱོར་མ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པས་མངོན་གསུམ་དུ་བསུས་ཏེ་དག་པ་མཁའ་སྤྱོད་དུ་འདྲེན་པར་ཐེ་ཚོམ་མེད་དོ། །ཞེས་པའང་སློབ་བུ་རྣམས་ཀྱིས་བསྐུལ་ངོར་གསང་བའི་མིང་གིས་བྲིས་པས་ཡོངས་སུ་དགེ་བར་གྱུར་ཅིག། །། སརྦ་མངྒ་ལམ། །
༈ གཟུང་འཛིན་འཁྲུལ་བའི་སྣང་ཆ་རབ་དྭངས་དབྱིངས། །ཡེ་བཞུགས་བདེ་གཤེགས་སྙིང་པོའི་རང་གཟུགས་མཆོག །མི་རྟོག་འོད་གསལ་རང་སྣང་རྩོལ་མེད་ངང་། །སྟོང་གཟུགས་རབ་འབྱམས་ཇི་བཞིན་མཐོང་བར་ཤོག །ཟླ་ཉིའི་རྒྱུ་བ་སྒྲ་གཅན་མཁའ་དབྱིངས་འགེངས། །ལྷན་སྐྱེས་བདེ་བའི་ཡེ་ཤེས་རྣམ་ཀུན་བདག །མཁའ་སྤྱོད་དབང་མོ་མི་འགྱུར་བདེ་ཆེན་གཟུགས། །སྐུ་ཞིང་རབ་འབྱམས་མ་ལུས་འཆར་བར་ཤོག །སྒྲིབ་གཉིས་རླན་དང་གདོད་མ་ཉིད་ནས་བྲལ། །ལྷན་སྐྱེས་ཡེ་ཤེས་བདེ་ཆེན་རྟག་འཆར་གནས། །མཁའ་སྤྱོད་དབང་མོའི་མཁྱེན་གཟིགས་ཇི་བཞིན་ལྟར། །མཁའ་མཉམ་འགྲོ་ལ་དེ་ལུགས་མྱུར་མངོན་ཤོག །སྲིད་པའི་སྡུག་བསྔལ་རྒྱུ་བཅས་རབ་སྤངས་ཀྱང་། སྲིད་པའི་རྣམ་འཕྲུལ་སྣ་ཚོགས་འགྲོ་ངོར་སྤྲུལ། །བརྟན་གཡོའི་གཟུགས་ཀྱིས་འགྲོ་བ་སྣ་ཚོགས་འདུལ། །འབད་མེད་ལྷུན་གྲུབ་ཆེན་པོར་རོ་གཅིག་གྱུར། །ཅེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྨོན་ལམ་བདེ་ཆེན་ཡེ་ཤེས་རྟག་འཆར་འདི་ཡང་སྐྱེས་མཆོག་དམ་པ་བླ་མ་ཐུགས་རྗེ་དཔལ་གྱི་དགོངས་བཞེད་ལྟར། རྔ་ཡུལ་དུ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་བས་བྲིས། །
༈ དོན་དམ་རང་བྱུང་ཡེ་ཤེས་བླ་མའི་ཐུགས། །དེ་དང་དབྱེར་མེད་རྡོ་རྗེ་རྣལ་འབྱོར་མ། །རང་སེམས་གཤིས་ཀྱི་གནས་ལུགས་གཅིག་ཏུ་བཞུགས། །གཡོ་རྟོག་ཀུན་བྲལ་དབྱིངས་ནས་མངོན་གྱུར་ཅིག །ཀུན་རྫོབ་འཁྲུལ་སྣང་མཐའ་དག་དྭངས་པའི་དབྱིངས། །ཡེ་ཤེས་ཆོས་སྐུ་འོད་གསལ་ཞིང་ཀུན་བདག །འཁོར་འདས་ཀུན་ཁྱབ་གནས་ལུགས་མཐར་ཐུག་པ། །ཇི་བཞིན་འགྲོ་བ་ཀུན་ལ་མངོན་གྱུར་ཅིག །ཅེས་པའི་སྨོན་ལམ་ཚིག་རྐང་བརྒྱད་པ་འདི་དཔལ་ལྡན་བླ་མ་དམ་པ་ཐུགས་རྗེ་དཔལ་གྱི་དབང་ཕྱུག་གིས་བཀའ་སྩལ་ཕེབས་པ་ལྟར། རྔ་ཡུལ་དུ་བློ་བཟང་ཆོས་འཕེལ་བས་བྲིས་པའོ། །
༄། །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །རྒྱལ་ཀུན་སྐུ་གསུང་ཐུགས་རྡོ་རྗེའི། །བདག་ཉིད་རྡོ་རྗེ་སེམས་དཔའ་གསལ། །གནས་གསུམ་ཡི་གེ་འབྲུ་གསུམ་མཚན། །ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །ཡི་དམ་ནོར་ལྷ་ཆོས་བསྲུང་གི། །བྱིན་རླབས་འོད་ཀྱི་རྣམ་པར་བསྡུས། །རང་ལ་ཐིམ་པས་སྡིག་སྒྲིབ་དག །སྣང་བ་ལྷ་དང་སྒྲ་གྲགས་གསུངས། །དྲན་རྟོག་ཆོས་སྐུའི་རང་ཞལ་ལྟ། །འགགས་མེད་རང་ཤར་སྔགས་འདི་བཟླ། །ཨོཾ་ཨཱཿཧཱུཾ། ཞེས་ཅི་ནུས་བཟླ། དམིགས་བསམ་བརྗོད་བྲལ་ངང་ལ་བཞག །ཅེས་པའང་གུ་ཧྱའི་མིང་གིས་སོ། །དགེའོ། །

རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས།

རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་བཞུགས། ཨོཾ་སྭཱ་སྟི། སྤྱན་རས་གཟིགས་དབང་ཁྲོས་པའི་སྐུ། །ཡེ་ཤེས་ཧ་ཡ་གྲི་ཝ་ལ། །གུས་པའི་ཡིད་ཀྱིས་བཏུད་བྱས་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་མ་དང་ཉི་མའི་གདན་ལ་རང་སེམས་ཧྲཱིཿདམར་པོ་ལས་རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ། ཞལ་གསུམ། ཕྱག་དྲུག རྩ་བའི་ཞལ་དམར་པོ། གཡས་ལྗང་བ། གཡོན་དཀར་བ། དབུ་གསུམ་གྱི་སྟེང་ན་རྟ་མགོ་ལྗང་ནག་གསུམ་མངོན་པར་འཕགས་ཏེ་སྐད་འཚེར་བ། རྔོག་མའི་གསེབ་ནས་མེ་སྟག་འཕྲོས་པས། ཚངས་པའི་འཇིག་རྟེན་ནས་དམྱལ་བ་ཡན་ཆད་མེའི་དྲྭ་གུར་གྱིས་ཁེབས་པར་མཛད་པ། སྤྱན་གསུམ་པ། ཞལ་གདངས་པ། མཆེ་བ་གཙིགས་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རལ་གྲི། གཡོན་གྱི་དང་པོའི་སྡིགས་མཛུབ། བར་བ་ན་མདུང་ཐུང་། ཐ་མ་ན་རྒྱུ་མའི་ཞགས་པ་བསྣམས་པ། ཞབས་བརྒྱད་ཀྱིས་པད་ཉིའི་སྟེང་དུ་སྦྲུལ་བརྒྱད་མནན་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྟག་ལྤགས་ཀྱི་ཤམ་ཐབས། མི་ལྤགས་ཀྱི་གཡང་གཞི། གླང་ཆེན་གྱི་གོ་རློན། རུས་པའི་རྒྱན་དྲུག ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། སྦྲུལ་ནག་གི་ཆུན་པོ་རྣམས་ཀྱིས་བརྒྱན་པ། བསྐལ་པའི་མེ་ལྟ་བུའི་མེ་དཔུང་ཚ་བ་རྩུབ་པའི་ཀློང་དཀྱིལ་ན་བཞུགས་པ། མགྲིན་པ་མན་ཆད་ནས་བྱིན་པ་ཡན་ཆད་དུ་རང་དང་འདྲ་བའི་སྤྲུལ་པའི་ཁྲོ་བོ་གདུག་པ་ཅན། མ་རུངས་པ་ཚར་གཅོད་པའི་རྣམ་པ་ཅན། དཔག་ཏུ་མེད་པ་ཁྲབ་ཀྱི་བྱང་བུ་ལྟར་གཏམས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་གི་སྟོད་དུ་ཉི་མ་ལ་ཧྲཱིཿ ཕྱི་ནང་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་སྤྲུལ་པའི་ཕོ་ཉ་དང་བཅས་པས་ཁྱབ་པར་བསམ་ལ། ཨོཾ་ཧྲཱིཿཔདྨནྟ་ཀྲི་ཏ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་ཅི་མང་བཟླ། མཇུག་ཏུ་སྙིང་པོའི་མཐར། ཁཾ་རཀྵ་ས་མཱ་ཡ་ཛཿ ཁཾ་རཀྵ་ས་མཱ་ཡ་བྷྱོཿ ཁཾ་རཀྵ་ས་མཱ་ཡ་བཟློག ཁཾ་རཀྵ་ས་མཱ་ཡ་གཏུབས། ཁཾ་རཀྵ་ས་མཱ་ཡ་བྱེར། ཁཾ་རཀྵ་ས་མཱ་ཡ་རྦད། ཁཾ་རཀྵ་ས་མཱ་ཡ་རྦུད། ཁཾ་རཀྵ་ས་མཱ་ཡ་རྦད་རྦུད། ཕཊ་ཡ་འབྱུང་པོ་མ་ར་ཡ་ཛ་ཛཿ ཞེས་བཏགས་པ་དང་། ཡང་སྙིང་པོའི་མཐར། ཨོཾ་བཛྲ་ཏུན་བྷྱོཿ དྲིག་ནན་ཛ་ཛཿ ས་མཱ་ཡ་སྟྭཾ། ཞེས་པའང་བཏགས་ལ་ལན་ལྔ་ཙམ་བཟླ། མཇུག་ཏུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །གཏོར་མ་བསྔོ་བར་འདོད་ན་གཞུང་དང་མཐུན། རྗེས་ཀྱི་ཆོ་ག་གཞན་ཕྱི་དང་འདྲའོ། །སྒྲུབ་ཐབས་ཀུན་ནས་དགའ་བའི་ཕུལ། །རྟ་མཆོག་རོལ་བའི་སྙིང་པོའི་དོན། །ཤིན་ཏུ་ཟབ་པ་པདྨ་ཡིས། །སྐྱེར་སྒང་པ་ལ་དངོས་སུ་གནང་། །རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དར་རྒྱས་འཕེལ།
ཨོཾ་ཧྱ་གྲི་ཝ་ས་པཱ་རི་ཝཱ་ར་ཨརྒྷཾ། ནས། ཤབྟའི་བར་གྱིས་མཆོད། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །སོགས་ཀྱིས་བསྟོད།

འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །ཚེ་འཛིན་ཅིང་ཚེ་མཐར་ཕྱིན་པར་བཞེད་དེ། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག འཛམ་བུའི་གླིང་གི་མི་རྣམས་ནི་ཚེ་ཐུང་བ་ལོ་བརྒྱ་ཐུབ་པ་ཤ་སྟག་སྟེ། དེ་དག་ལས་ཀྱང་ཕལ་ཆེར་ནི་དུས་མ་ཡིན་པར་འཆི་བར་བསྟན་ཏོ། །འཇམ་དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་ཡོན་ཏན་དང་བསྔགས་པར་གྱུར་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། མིང་ཙམ་ཉན་ཏམ། ཀློག་པ་ནས་གླེགས་བམ་ལ་བྲིས་ཏེ། ཁྱིམ་ན་འཆང་གི་བར་དུ་བྱེད་དམ། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་རྣམས་ཀྱིས་མཆོད་པར་འགྱུར་བ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་སླར་ཡང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །འཇམ་དཔལ་སེམས་ཅན་གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོའི་མཚན་བརྒྱ་རྩ་བརྒྱད་ཐོས་པར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །སེམས་ཅན་གང་དག་ཚེ་ཡོངས་སུ་ཟད་ཀར་མཚན་འཆང་བར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཚེ་རིང་པོར་འདོད་པས་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་མཚན་བརྒྱ་རྩ་བརྒྱད་ཉན་ཏམ། ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། ཀློག་པར་གྱུར་པ་དེ་དག་གི་ཡོན་ཏན་དང་ལེགས་པར་འགྱུར་བ་ནི་འདི་དག་གོ །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། འཇམ་དཔལ་དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པོ་འདི་དག་གང་ལ་ལ་ཞིག་གིས་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། གླེགས་བམ་ལ་བྲིས་ཏེ་ཁྱིམ་ན་འཆང་ངམ། ཀློག་པར་གྱུར་ན་ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་ཏེ། འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པར་སྐྱེ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ལྔ་བཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། འཆང་ན་ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་ཏེ། ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡེ་གེར་འབྲིར་འཇུག་ན། དེ་སེམས་ཅན་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ། །ནམ་དུ་ཡང་མི་ཁོམ་པར་སྐྱེ་བར་མི་འགྱུར་ཏེ། གང་དང་གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ལ་ལ་ཞིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྲིར་བཅུག་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བྱེད་དུ་བཅུག་པ་དང་། རབ་ཏུ་གནས་པ་བྱས་པ་ཡིན་ནོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེའི་མཚམས་མེད་པ་ལྔ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེའི་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་ལ་བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དང་། གནོད་སྦྱིན་དང་། སྲིན་པོས་གླགས་བཙལ་ཀྱང་གླགས་རྙེད་པར་མི་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་མངོན་སུམ་དུ་ལུང་སྟོན་པར་མཛད་དེ། སངས་རྒྱས་སྟོང་གིས་དེ་ལ་ཕྱག་རྐྱོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་མཛད་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་དང་། སོམ་ཉི་དང་། ཡིད་གཉིས་མ་བྱེད་ཅིག ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། རྒྱལ་པོ་ཆེན་པོ་བཞི་དེའི་ཕྱི་བཞིན་དུ་འབྲང་ཞིང་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བྱེད་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ས་ཕྱོགས་གང་དུ་མདོ་སྡེ་དཀོན་མཆོག་འདི་འབྲི་བའི་ས་ཕྱོགས་དེ་ཡང་མཆོད་རྟེན་དུ་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་བྱ་དང་། རི་དྭགས་གང་དག་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་བུད་མེད་ཀྱི་ལུས་སུ་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཀརྵ་པ་ན་གཅིག་སྦྱིན་པ་བྱིན་ན། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱེད་པར་འགྱུར་བ་དེས། དམ་པའི་ཆོས་མཐའ་དག་ལ་མཆོད་པ་བྱས་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་། ཤཱཀྱ་ཐུབ་པ་ལ་སོགས་པ་ལ་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པ་བྱས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། འདི་ལྟ་སྟེ། དཔེར་ན། རིན་པོ་ཆེའི་ཕུང་པོ་རིའི་རྒྱལ་པོ་རི་རབ་ཙམ་སྤུངས་ཏེ། སྦྱིན་པ་བྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་བཞི་ཆུས་ཡོངས་སུ་གང་པའི་ཐིགས་པ་རེ་རེ་ནས་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། བསྟི་བསྟང་དུ་བྱས་ཏེ། མཆོད་པ་བྱེད་པར་འགྱུར་བ་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་དང་། མཆོད་པ་བྱས་པ་ཡིན་ནོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷཱརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷཱེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། སྦྱིན་པའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཚུལ་ཁྲིམས་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། ཚུལ་ཁྲིམས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བཟོད་པའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བཟོད་པའི་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བཟོད་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བརྩོན་འགྲུས་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བརྩོན་འགྲུས་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བརྩོན་འགྲུས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བསམ་གཏན་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བསམ་གཏན་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བསམ་གཏན་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཤེས་རབ་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཤེས་རབ་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཤེས་རབ་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །འདི་ལ་འགྱུར་ཁྱད་ཕྲན་བུ་ཡོད་ཀྱི་འདུག་ནའང་། འདིར་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་ལ་ཊཱི་ཀ་མཛད་པའི་དགོངས་པ་དང་མཐུན་པ་ཉིད་དཔལ་རྟག་བརྟན་གྱི་ཆོས་སྡེ་ཆེན་པོར་པར་དུ་བསྒྲུབས་པ་ལྟར། འདིར་པར་དུ་བསྐྲུན་པ་ལགས་སོ། །འདི་ལ་བརྟེན་ནས་བདག་གཞན་སྐྱེ་དགུ་མཐའ་དག་འཆི་བ་མེད་པ་ཚེའི་དཔལ་ལ་དབང་ཐོབ་པར་གྱུར་ཅིག། །།སརྦ་མངྒ་ལཾ། །
༈ བྱ་རྒྱུད་ཚེ་དཔག་མེད་ལྷ་དགུའི་སྙིང་པོ་ནི། ཨོཾ་ན་མོ་བྷྲཱུཾ་ཨཱ་ཡུརྫྙཱ་ན་ཧྲཱིཿཨཱ་རོ་ལི་ཀ་ཧཱུཾ་ཧྲཱིཿ ཉེ་སྙིང་ནི། ཏངྱ་ཐཱ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿཧཱུཾ་བྷྲཱུཾ་སྭཱཧཱ། དཔའ་བོ་གཅིག་གྲུབ་རྒྱུད་ནས་གསུངས་པའི་ཚེ་སྙིང་ནི། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱཧཱ། བྱ་རྒྱུད་ཚེ་གཟུངས་ཨོཾ་གཉིས་མ་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན། སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུངྔྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་ར། པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ། སྭ་བྷཱ་ཝ་བི་ཤུདྡྷེ། མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། གྲུབ་རྒྱལ་ཚེ་སྒྲུབ་གསོལ་འདེབས་སྔགས་ནི། ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧ་ཀ་ར་རེ། ཤྭ་ར་རེ་ཧཱུཾ། ཞེས་སོ། །

གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས།

གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་བཞུགས་སོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ། བུདྡྷཱ་ཡ་ཏེ་ན་མཿ ཏདྱ་ཐཱ། ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷཱ་ས་སྤ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨ་བྷི་ཥིཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿ སུ་ག་ཏ་བ་ར་བ་ཙ་ན། ཨ་མྲི་ཏ་ཨ་བྷི་ཥེ་ཀེེ་ར། མཧཱ་མུ་དྲཱ་མནྡྲ་པ་དཻཿཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུར་སནྡྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨཱ་བ་ལོ་ཀི་ནི་ཥཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་བརྟ་ཡ། མ་མ་ཨཱ་ཡུར་བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི། མཧཱ་མུ་ནི། བི་མུ་ནི་བི་མུ་ནི། མཧཱ་བི་མུ་ནི། མ་ཏི་མ་ཏི། མཧཱ་མ་ཏི། མ་མ་ཏི་སུ་མ་ཏི། ཏ་ཐཱ་ཏཱ་བྷཱུ་ཏཱ་ཀོ་ཊི་པ་རི་ཤུདྡྷེ། བི་སྤུ་ཊ་བུདྡྷེ་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷཱ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མཧཱ་བཛྲེ། སུ་བཛྲེ། བཛྲེ་གརྦྷེ། ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭ་ལ་གརྦྷེ། བཛྲདོ་བྷ་ཝེ། བཛྲ་སམ་བྷ་ཝེ། བཛྲེ་བཛྲེ་ཎི། བཛྲ་མྦྷ་ཝནྟུ། མ་མ་ཤྭ་རཱི་རཾ། སརྦ་སཏྭཱ་ནཉྩ་ཀཱ་ཡ་པ་རི་ཤུདྡྷིརྦྷ་ཝནྟུ། མེ་ས་དཱ་སརྦ་ག་ཏི་པ་རི་ཤུདྡྷིཤྩ། སརྦ་ཏ་ཐཱ་ག་ཏཱ་ཤྩ་མཱཾ། སརྦ་སཏྭཱཾ་ཤྩ། ས་མཱ་ཤྭཱ་ས་ཡནྟུ། བུདྡྷྱ་བུདྡྷྱ། སིདྡྷྱ་སིདྡྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ། བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟཱ་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མཧཱ་མུ་དྲེ་མཧཱ་མུ་དྲཱ་མནྡྲ་པ་དཻཿསྭཱཧཱ། ཨོཾ་བྷྲཱུཾ་སྭཱཧཱ། ཨོཾ་ཨ་མྲི་ཏ་ཨཱ་ཡུར་ད་དེ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པཱ་རི་ཝཱ་ར་བཛྲ་ཨརྒྷཾ་པཱདྱཾ། ནས། ཡེ་སྭཱཧཱ། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་པའི་རྒྱལ་པོ་དབྱུག་སྔོན་ཅན། །སྟོབས་པོ་ཆེ་དང་ལྷ་ཡི་བུ་གཉིས་པོ། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུ་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡི་རྣམ་པ་ཀུན། །མཆོག་ཏུ་དད་པས་ཁྱོད་ལ་ཕྱག་འཚལ་ལོ། །གཙུག་ཏོར་རྣམ་པར་རྒྱལ་མ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་གཉིས་ཀྱི་དབུལ་ཕོངས་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་རྫོགས་སོ།། །།
༈ འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་ར་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་ཀུན་ལས་སྐྱོབ། །སྒྲོལ་མ་ལ་ནི་ཕྱག་འཚལ་ལོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མཱ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་ཅི་འགྲུབ་བཟླ། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །སོགས་བརྗོད་དོ། །

ཚེ་འགུགས་བསྡུས་པ།

ཚེ་འགུགས་བསྡུས་པ་བཞུགས། སྐྱབས་སེམས་སྔོན་དུ་བཏང་བས། བདག་ཉིད་སྐད་ཅིག་གིས་རྒྱལ་བ་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་གྱིས་བརྟན་དང་གཡོ་བའི་བཅུད་ཐམས་ཅད་བསྲུང་བྱ་ལ་ཐིམ་པར་བསམ། ཚེ་བསྙེན་འདོན། ཧྲཱིཿ འཆི་མེད་ཚེ་ཡི་དཔལ་སྟེར་བཅོམ་ལྡན་འདས། །འཕོ་མེད་གཞོམ་བྲལ་བདེ་བ་ཆེན་པོའི་སྐུ། །དཔག་མེད་ཡེ་ཤེས་མཆོག་གིས་དཔལ་ཡོན་ཅན། །མཐའ་མེད་འགྲོ་བའི་མགོན་པོ་ཚེ་མཐའ་ཡས། །ཁྱེད་ལ་མོས་གུས་གདུང་བས་གསོལ་འདེབས་ན། །གང་གི་གཡེལ་མེད་ཐུགས་རྗེས་འཕྲིན་ལས་ཀྱིས། །བསྒྲུབ་བྱའི་བླ་ཚེ་ཉམས་པ་སླར་བསྡུས་ལ། །འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་སྩོལ། །རྣམ་པར་རྒྱལ་མ་ཡིད་བཞིན་འཁོར་ལོ་སོགས། །ཚེ་ཡི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་དང་། །པདྨ་འབྱུང་གནས་ཤ་ཝ་རི་བ་སོགས། །ཚེ་དབང་རིགས་འཛིན་དག་གི་ཚེ་བཅུད་ཀུན། །ཁྱེད་ཀྱི་ཐུགས་རྗེའི་སྟོབས་ཀྱིས་ཉེར་བཀུག་ནས། །བསྲུང་བྱ་འདི་ཡི་ལུས་ངག་ཡིད་ལ་བསྟིམ། །ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར། །འཆི་མེད་རྡོ་རྗེའི་ཚེ་མཆོག་ཐོབ་གྱུར་ཅིག །ཚེ་གཟུངས་བརྗོད། ཧྲཱིཿ འཆི་མེད་རྒྱལ་བའི་འཕྲིན་ལས་བདེན་པའི་མཐུས། །འབྱུང་བཞིའི་བཅུད་ཀྱི་དྭངས་མ་ལ་སོགས་པའི། །བརྟན་དང་གཡོ་བས་བསྡུས་པའི་བཅུད་ཐམས་ཅད། །མ་ལུས་གནས་འདིར་བཀུག་ནས་བསྒྲུབ་བྱ་འདིའི། །མི་ཤིགས་དྭངས་མའི་ཚེ་ཡི་བཅུད་གསོས་ཏེ། །ནམ་ཡང་གཞོམ་བྲལ་འཇིག་མེད་རྡོ་རྗེའི་ཚེ། །རབ་བརྟན་འགྱུར་བ་མེད་པ་གཉུག་མའི་ཁམས། །ཐེར་ཟུག་རྟག་པའི་རང་ཚུགས་ཟིན་གྱུར་ཅིག །ཚེ་གཟུངས་དང་རྟེན་སྙིང་བརྗོད་མཐར། དེ་ལྟར་བཀུག་པའི་བསྒྲུབ་བྱའི་དྭངས་མའི་ཚེ། །སྙིང་གར་ལྔ་ལྡན་འོད་ཀྱི་གོང་བུ་རུ། །འགྱུར་མེད་ཕྱག་རྒྱ་བདུན་གྱིས་རྒྱས་བཏབ་སྟེ། །ནམ་ཡང་ཉམས་པ་མེད་པར་བསྲུང་གྱུར་ན། །སྲིད་གསུམ་དཔུང་གིས་དུས་གཅིག་རྒོལ་བྱས་ནས། །མི་མཐུན་ཉེར་འཚེ་གཏོང་བའི་དགྲར་ལངས་ཀྱང་། །གཞོམ་མེད་རྡོ་རྗེའི་གོ་ཆ་རབ་འབར་ཏེ། །དུས་ཀུན་གླགས་མི་རྙེད་པའི་གནས་ཐོབ་ཤོག །ཅེས་ཚེ་འགུགས་བསྡུས་པ་འདི་ཡང་གཙང་སྤྲུལ་སྐུ་སྐྱེས་གཞོན་ནུ་ཉིད་ལ་མཁོ་ཕྱིར་མ་ཏི་ཀཱིརྟི་ཞེས་པས་འཕྲལ་དུ་བྲིས། །
འདི་བཞེངས་དགེ་བས་རྒྱལ་བསྟན་ཕྱོགས་མཐར་རྒྱས། །བསྟན་འཛིན་ཞབས་བརྟན་སྦྱིན་བདག་ཉེར་འཚེ་ཞི། །བདག་གཞན་འགྲོ་ཀུན་ངན་འགྲོའི་འཇིགས་དང་བྲལ། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །

རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས།

རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་བཞུགས་སོ། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་རབ་ཏུ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེའི་ཁྲོ་བོ་ལས་བྱུང་བ། རྡོ་རྗེའི་སྙིང་པོ་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིགས་པར་བྱེད་པ། རིགས་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིགས་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇོམས་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་བོ་ཐམས་ཅད་འགུགས་པར་བྱེད་པ། རིགས་སྔགས་ཀྱིས་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་རྨུགས་པར་བྱེད་པ། སེམས་ཅན་ཐམས་ཅད་རྨོངས་པར་བྱེད་པའི་གསང་སྔགས་ཀྱི་ཚིག་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྚ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྤུ་ཊ་སྤུ་ཊ། སྤོ་ཊཱ་ཡ་སྤོ་ཊཱ་ཡ། གྷཱུརྞ་གྷཱུརྞ། གྷཱུརྞཱ་པ་ཡ་གྷཱུརྞཱ་པ་ཡ། སརྦ་སཏྭ་ནི། བོ་དྷ་བོ་དྷ། སཾ་བོ་དྷཱ་ཡ་སཾ་བོ་དྷཱ་ཡ། དྲ་ས་དྲ་ས། དྲཱ་ས་ཡ་དྲཱ་ས་ཡ། བྷྲ་མ་བྷྲ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷུ་དཱ་ནི། ཀུ་ཊ་ཀུ་ཊ། སཾ་ཀུ་ཊཱ་ཡ་སཾ་ཀུ་ཊཱ་ཡ། སརྦ་ཤ་དྲུནྣཱཾ། གྷ་ཊ་གྷ་ཊ། སཾ་གྷ་ཊཱ་ཡ་སཾ་གྷ་ཊཱ་ཡ། སརྦ་བིདྱ་བཛྲ་བཛྲ། སྥོ་ཊཱ་ཡ་བཛྲ་བཛྲ། ཀ་ཊཱ་ཡ་བཛྲ་བཛྲ། མ་ཊཱ་བཛྲ་བཛྲ། མ་ཐཱ་བཛྲ་བཛྲ། བཛྲ་ཨཊྚ་ཧ་ས་ནི་ལ་བཛྲ། སུ་བཛྲ་ཡེ་སྭཱཧཱ། ཧེ་ཕུ་ལུ་ནི་རུ་ཕུ་ལུ་ནི། གྲིཧྞ་ཀུ་ལུ། མི་ལི་ཙུ་ལུ། གྷུ་ནུ། ཕུལླུ། ཀུ་རུ་ཀུལླུ། བཛྲ་བི་ཛཱ་ཡ་སྭཱཧཱ། ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ནི་པྲ་མོ་ཊ་ན་ཡེ་སྭཱཧཱ། ཙ་ར་ནི་ཤྩ་ར། ཧ་ར་ཧ་ར། ས་ར་ས་ར། མ་ར་ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱཧཱ། ཚིནྡྷ་ཚིནྡྷ། བིནྡྷ་བིནྡྷ། མཧཱ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། བནྡྷ་བནྡྷ། ཀྲོ་དྷ་ཀྲོ་དྷ། མཧཱ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། ཙུ་རུ་ཙུ་རུ། ཙནྚ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། དྲཱ་ས་ཡ་དྲཱ་ས་ཡ། མཧཱ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། ཧ་ར་ཧ་ར། བཛྲ་དྷ་ར་ཡ་སྭཱཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྩ་ནཱ་ཡ་སྭཱཧཱ། མ་ཏི་སྠི་ར་བཛྲ། ཤུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱ་ཧི། ཤཱི་གྷྲཾ་བཛྲ་དྷ་ར་ཡེ་སྭཱཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨ་བརྟཱ་ཡ་སྭཱཧཱ། སརྦ་བིགྷྣཱན་ཤཱ་ཏྲུན་མ་ར་ཡ་ཕཊ། ན་མཿས་མནྟ་བཛྲ་ཎཾ་སརྦ་བ་ལ་ཨ་ཝརྟ་ཡ། མཧཱ་བ་ལེ་ཀ་ཊ་ཝེ། ཏ་ཏ་ལེ། ཨ་ཙ་ལེ། མཎྚ་ལ་མ་ཡེ། ཨ་ཏི་བཛྲ། མཧཱ་བ་ལེ་བི་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། པིངྒ་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལེ། བནྡྷ་བནྡྷ། མཧཱ་བ་ལེ། སརྦ་བཛྲ་ཨཾ་ཀུ་ཤ་ཛྭ་ལ་ཡ་སྭཱཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྚ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏངྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷ་ར་ཡ་དྷ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཚིནྡྷ་ཚིནྡྷ་བཛྲ། བིནྡྷ་བིནྡྷ་བཛྲ་ཧཱུཾ་ཕཊ། ན་མཤྩཎྚ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲི་ཏེ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་བཟའ་ལ་སོགས་གཙེས་པ་དང་། །ཕན་ཚུན་མཐུན་པ་མ་ཡིན་དང་། །ནོར་འགྲིབ་པས་ནི་གནོད་པ་དང་། །མྱ་ངན་ངལ་དང་གནོད་པ་དང་། །འཇིགས་པ་དང་ནི་ཕོངས་པ་དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །དེ་ནི་རབ་བཀྲུས་གཙང་མ་ཡིས། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱིས། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་རྣམ་པར་འཕེལ། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཉུངས་ཀར་དུར་བ་དང་། །རིན་ཆེན་རྨ་མེད་ཙན་དན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང་། ཆུ་ཡིས་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲིས་ཤིང་དགངས། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཕྱག་ན་རྡོ་རྗེས་དེ་སྐད་ཅེས་གསུངས་པ་ལ་མངོན་པར་བསྟོད་དོ། །གཟུངས་མདོ་འདི་ནི་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ཏཱ་ར་ནཱ་ཐས་ཞུས་དག་གནང་བའི་དཔེ་རྒྱུན་ལས་བྲིས་པའོ།། །། སརྦ་མངྒ་ལཾ། །

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ།

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བཞུགས་སོ། །རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲཛྙཱ་པཱ་ར་མི་ཏཱ་ཧྲི་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེས། ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ། དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ། དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་ཅིང་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་མངོན་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏངྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱཧཱ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྫོགས་སོ། །
༈ ན་མོ་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཁྱེད་རྣམས་ལ་ཕྱག་འཚལ་བས་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་གི་བདེན་པའི་ཚིག་འདི་དག་འགྲུབ་པར་གྱུར་ཅིག །ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས་བདུད་སྡིག་ཅན་ལ་སོགས་པ་མདོར་ན་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཕྱིར་བཟློག་པ་དེ་བཞིན་དུ། བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས་བདུད་སྡིག་ཅན་ལ་སོགས་པའི་མདོར་ན་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག། །།

གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ།

འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛི་ཏ་མཧཱ་པྲ་ཏྱཾ་གཱི་ར་པ་ར་མ་སིདྡྷཱ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་གཙུག་ཏོར་རྒྱལ་མོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཆོས་བཟང་ལྷའི་མདུན་ས་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་ནས་གཙུག་ཏོར་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འདི་དག་ཕྱུང་ངོ་། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པའི་དྲང་སྲོང་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །དབང་པོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་བཅས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་པདྨའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གླང་པོའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀླུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤལའི་དྲིའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་འདིས་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པར་བྱེད་པ། གཞན་གྱི་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་ཟློག་པ། སེམས་ཅན་གསོད་པ་དང་བཅིངས་པ་ཐམས་ཅད་ལས་སྒྲོལ་བ། སྡང་བ་དང་རྨི་ལམ་ངན་པ་དང་ལྟས་ངན་པ་ཐམས་ཅད་ཟློག་པ། གནོད་སྦྱིན་དང་སྲིན་པོའི་གདོན་ཐམས་ཅད་འཇིག་པར་བྱེད་པ། གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇིག་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། གཟའ་ཆེན་པོ་བརྒྱད་འཇིག་པར་བྱེད་པ། དགྲ་ཐམས་ཅད་ཟློག་པར་བྱེད་པ། མ་རུངས་པ་དང་། སྡང་བ་དང་། རྨི་ལམ་ངན་པ་ཐམས་ཅད་འཇིག་པར་བྱེད་པ། དུག་དང་མཚོན་ཐམས་ཅད་དང་། མེ་དང་ཆུ་ལས་ཟློག་པར་བྱེད་པ། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བ་སྟེ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་ཆེན་འབར་ཕྲེང་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེའི་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་མཆུ་ཅན་རྣམ་སྒེག་མོ། །ཞི་བ་ལྷ་རྣམས་ཀྱིས་མཆོད་མ། །ཞི་བ་གསེར་གྱི་ཕྲེང་བ་ཅན། །དཀར་ཆེན་འབར་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་སྟོབས་མོ་ཆེ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང་། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །ལག་ན་རྡོ་རྗེ་རིག་གསེར་ཕྲེང་། །ལེབ་བརྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །ཕྱག་རྒྱ་དང་སྔགས་ཀྱི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་ཅག་འཁོར་དང་བཅས་པ་དང་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲཱེ་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། ཛམྦྷ་ན་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། སྟམྦྷ་ན་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། མོ་ཧ་ན་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། ལམྦྷ་ན་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། བ་ཧ་ན་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། པ་ར་བི་ཥ་བྷཀྵ་ཎ་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། སརྦ་དུཥྚ་པྲ་དུཥྚ་ནཱཾ་སྟམྦྷ་ན་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། སརྦ་ཡཀྵ་རཀྵ་ས་གྲ་ཧཱ་ཎཱཾ་བི་ངྷྭཾ་ས་ན་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། སརྦ་པ་ར་བིངྱཱ་ཙྪེ་ད་ན་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། ཙ་ཏུར་ཤི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲཱ་ཎཱཾ་བི་ངྷྭཾ་ས་ན་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། ཨཥྚ་བིཾ་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་དྷ་ན་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། ཨཥྚ་ནཱཾ་མཧཱ་གྲ་ཧཱ་ཎཱཾ་བི་ངྷྭཾ་ས་ན་ཀ་རཱི་ཧཱུཾ་ངྲཱུཾ་ཧྲཱིཿཥྚོཾ། རཀྵ་རཀྵ་མཱཾ་སརྦ་སཏྭཱཾ་ཤྩ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན། རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག རྣམ་པར་བསྒྱིངས་མ་རྡོ་རྗེ་དང་། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེའི་འགྲོས་དང་དཀར་མོ་དང་། །པངྨའི་སྤྱན་དང་ཟླ་འོད་དང་། །སངས་རྒྱས་དཔལ་དང་དེ་བཞིན་སྤྱན། །རྡོ་རྗེ་ཉི་མའི་འོད་དང་ནི། །དེ་བཞིན་ཟླ་བ་རྡོ་རྗེ་འཛིན། །རིག་པ་དང་། ཕྱག་རྒྱ་དང་། སྔགས་ཀྱི་ཚོགས་དེ་དག་གིས་བདག་དང་སེམས་ཅན་ཐམས་ཅད་ཀུན་ནས་བསྲུང་དུ་གསོལ། ཨོཾ་རི་ཥི་ག་ན་པྲ་ཤཱསྟཱ་ན་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ངྲཱུཾ། ཛམྦྷ་ན་ཀ་རཱི་ཧཱུཾ་ངྲཱུཾ། སྟམྦྷ་ན་ཀ་རཱི་ཧཱུཾ་ངྲཱུཾ། མཧཱ་བིངྱཱ་སཾ་བྷཀྵ་ཎ་ཀ་རཱི་ཧཱུཾ་ངྲཱུཾ། པ་ར་བིངྱཱ་སམྦྷཀྵ་ཎ་ཀ་རཱི་ཧཱུཾ་ངྲཱུཾ། སརྦ་དུཥྚཱ་ནཱཾ་སྟམྦྷ་ན་ཀ་རཱི་ཧཱུཾ་ངྲཱུཾ། སརྦ་ཡཀྵ་རཀྵ་ས་གྲ་ཧཱ་ནཱཾ་བི་ངྷྭཾ་ས་ན་ཀ་རཱི་ཧཱུཾ་ངྲཱུཾ། ཙ་ཏུར་ཤཱི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲཱ་ཎཱཾ་བི་ངྷྭཾ་ས་ན་ཀ་རཱི་ཧཱུཾ་ངྲཱུཾ། ཨཥྚ་བིཾ་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་ད་ན་ཀ་རཱི་ཧཱུཾ་ངྲཱུཾ། ཨཥྚ་ནཱཾ་མཧཱ་གྲ་ཧཱ་ཎཱཾ་བི་ངྷྭཾ་ས་ན་ཀ་རཱི་ཧཱུཾ་ངྲཱུཾ། ཧཱུཾ་ཧཱུཾ་ཕཊ་ཕཊ་རཀྵ་རཀྵ་མཱཾ་སྭཱཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་རྒྱལ་པོའི་འཇིགས་པ་དང་། རྐུན་པོའི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། དུག་གི་འཇིགས་པ་དང་། མཚོན་གྱི་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། དགྲའི་འཇིགས་པ་དང་། ལྕེ་འབབ་པའི་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། ས་གཡོ་བའི་འཇིགས་པ་དང་། སྐར་མདའ་ལྟུང་བའི་འཇིགས་པ་དང་། རྒྱལ་པོའི་ཆད་པའི་ལས་ཀྱི་འཇིགས་པ་དང་། ལྷའི་འཇིགས་པ་དང་། ཀླུའི་འཇིགས་པ་དང་། གློག་གི་འཇིགས་པ་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། རླུང་ལྷའི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། དྲི་ཟའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་དང་། ཡི་དྭགས་ཀྱི་གདོན་དང་། ཤ་ཟའི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། སྲུལ་པོའི་གདོན་དང་། ལུས་སྲུལ་པོའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། རྗེད་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གྲིབ་གནོན་གྱི་གདོན་དང་། གནོན་པོའི་གདོན་དང་། མཁའ་འགྲོ་མའི་གདོན་དང་། ནམ་གྲུའི་གདོན་དང་། གཤིན་རྗེའི་གདོན་དང་། བྱའི་གདོན་དང་། མ་མོ་དགའ་བར་བྱེད་པའི་གདོན་དང་། ཀུན་ཏུ་འགྲོ་བའི་གདོན་དང་། ཚེར་མ་འདོན་པའི་གདོན་རྣམས་ལས་བདག་བདེ་ལེགས་སུ་གྱུར་ཅིག ཟས་སུ་མདངས་ཟ་བ་དང་། ཟས་སུ་མངལ་ཟ་བ་དང་། ཟས་སུ་ཁྲག་འཐུང་བ་དང་། ཟས་སུ་ཞག་ཟ་བ་དང་། ཟས་སུ་ཤ་ཟ་བ་དང་། ཟས་སུ་ཚིལ་ཟ་བ་དང་། ཟས་སུ་རྐང་ཟ་བ་དང་། ཟས་སུ་བཙས་པ་ཟ་བ་དང་། སྲོག་འཕྲོག་པ་དང་། ཟས་སུ་སྐྱུགས་པ་ཟ་བ་དང་། ཟས་སུ་ཕྱི་ས་ཟ་བ་དང་། ཟས་སུ་གཅིན་འཐུང་བ་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་དང་། ཟས་སུ་ལྷག་མ་ཟ་བ་དང་། ཟས་སུ་མཆིལ་མ་འཐུང་བ་དང་། ཟས་སུ་སྣབས་ཟ་བ་དང་། ཟས་སུ་ངར་སྣབས་ཟ་བ་དང་། ཟས་སུ་མི་གཙང་བ་ཟ་བ་དང་། ཟས་སུ་གཏོར་མ་ཟ་བ་དང་། ཟས་སུ་ཕྲེང་བ་ཟ་བ་དང་། ཟས་སུ་དྲི་ཟ་བ་དང་། ཟས་སུ་བདུག་པ་ཟ་བ་དང་། སེམས་འཕྲོག་པ་དང་། ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་འབྲས་བུ་ཟ་བ་དང་། ཟས་སུ་ལོ་ཏོག་ཟ་བ་དང་། ཟས་སུ་སྦྱིན་སྲེག་ཟ་བའི་གདོན་ལས་བདག་ལ་བསྲུང་བར་གྱིས་ཤིག དེ་དག་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཀུན་ཏུ་རྒྱུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཚངས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དབང་ཕྱུག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནམ་མཁའ་ལྡིང་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནག་པོ་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བྷྲིང་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་མགོ་རེག་གིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ལག་ན་རྡོ་རྗེ་འཁོར་དང་བཅས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཕོ་ཉ་དང་། ཕོ་ཉ་མོ་དང་། བྲན་ཕོ་དང་བྲན་མོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དྲང་སྲོང་གི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ལྷའི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མི་འཕྲོད་པ་ཟ་བའི་བདག་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བདག་དང་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ། བསྲུང་དུ་གསོལ། ཨོཾ་ཨ་སི་ཏཱ་ཨ་ན་ལཱརྐ་པྲ་བྷཱ་སྤུ་ཊ་བི་ཀ་སི་ཏཱ་ཏ་པ་ཏྲེ། ཨོཾ་ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ཧ་ད་ཧ། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྙིང་པོའོ། །ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། པ་ར་དཱ་ཡ་ཕཊ། པ་ར་པྲ་དཱ་ཡ་ཕཊ། པྲ་ཏྱཾ་གི་རཱ་ཏཱ་ཡ་ཕཊ། ཨ་སུ་ར་བི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། པ་ར་མི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ནཱ་གེ་བྷྱཿཕཊ། སརྦ་རཱཀྵ་སེ་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་བི་ཤཱ་ཙེ་བྷྱཿཕཊ། སརྦ་ཀུམྦྷཎྜེ་བྷྱཿཕཊ། སརྦ་པཱུ་ཏ་ནེ་བྷྱཿཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿཕཊ། སརྦ་སྐནྡེ་བྷྱཿཕཊ། སརྦ་ཨུནྨཱ་དེ་བྷྱཿཕཊ། སརྦ་ཙྪ་ཡེ་བྷྱཿཕཊ། སརྦ་ཨ་པ་སྨཱ་རེ་བྷྱཿཕཊ། སརྦ་ཨོ་སྟ་ར་ཀེ་བྷྱཿཕཊ། སརྦ་ཌཱ་ཀི་ནཱི་བྷྱཿཕཊ། སརྦ་རེ་བ་ཏཱི་བྷྱཿཕཊ། སརྦ་ཡ་མཱ་ཡེ་བྷྱཿཕཊ། སརྦ་ཤ་ཀུ་ནི་བྷྱཿཕཊ། སརྦ་མཱ་ཏྲི་ནནྡི་ཀེ་བྷྱཿཕཊ། སརྦ་ཀམྦུ་ཀི་མ་ནེ་བྷྱཿཕཊ། སརྦ་ཨ་ལཾ་བ་ཀེ་བྷྱཿཕཊ། སརྦ་ཀ་ཏ་ད་ནེ་བྷྱཿཕཊ། སརྦ་གནྔྷརྦེ་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་ཀིནྣ་རེ་བྷྱཿཕཊ། སརྦ་ག་རུ་ཌེ་བྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་དུརླཾ་གྷི་ཏེ་བྷྱཿཕཊ། སརྦ་དུཿཔྲེཀྵི་ཏེ་བྷྱཿཕཊ། སརྦ་ཛྭ་རེ་བྷྱཿཕཊ། སརྦ་བྷ་ཡེ་བྷྱཿཕཊ། སརྦ་ཨུ་པ་དྲ་བེ་བྷྱཿཕཊ། སརྦ་ཨུ་པ་སརྒེ་བྷྱཿཕཊ། སརྦ་ཀྲི་ཏྱ་ཀརྨ་ཎི་ཀཱ་ཁོརྡེ་བྷྱཿཕཊ། ཀི་ར་ཎ་བེ་ཏཱ་ཌེ་བྷྱཿཕཊ། ཙིཙྪ་པྲེ་ཤ་ཀ་སརྦ་དུཤྩརྡེ་ཏེ་བྷྱཿཕཊ། སརྦ་དུར་བྷུཀྟེ་བྷྱཿཕཊ། སརྦ་ཏཱིརྠི་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎེ་བྷྱཿཕཊ། སརྦ་པཱ་ཏ་ཀེ་བྷྱཿཕཊ། སརྦ་བིངྱཱ་ངྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར་མ་དྷུ་ཀ་ར་སརྦ་ཨརྠ་སཱ་དྷ་ཀེ་བྷྱོ་བིངྱཱ་ཙརྱེ་བྷྱཿཕཊ། ཙ་ཏུརྦྷྱོ་བྷ་གི་ནཱི་བྷྱཿཕཊ། བཛྲ་ཀོོ་མཱ་རཱེ་ཡ་བཛྲ་ཀུ་ལནྔྷ་རི་བིངྱཱ་ཙརྱེ་བྷྱཿཕཊ། སརྦ་མཧཱ་པྲ་ཏྱཾ་གི་རེ་བྷྱཿཕཊ། བཛྲ་ཤཾ་ཁ་ལཱ་ཡ་པྲ་ཏྱཾ་གི་ར་རཱ་ཛཱ་ཡ་ཕཊ། མཧཱ་ཀཱ་ལཱ་ཡ་མཱ་ཏྲི་ག་ཎ་ན་མ་སྐྲི་ཏཱ་ཡ་ཕཊ། པྲཧྨ་ཎཱི་ཡེ་ཕཊ། བིཥྞ་བཱི་ཡེ་ཕཊ། མ་ཧེ་ཤྭ་རཱི་ཡེ་ཕཊ། རོོ་དྲཱི་ཡེ་ཕཊ། མཧཱ་ཀཱ་ལཱི་ཡེ་ཕཊ། ཙཱ་མུཎྜཱི་ཡེ་ཕཊ། ཀོོ་མཱ་རཱི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། ཨིནྡྲི་ཡེ་ཕཊ། ཨགྣི་ཡེ་ཕཊ། ཡ་མཱ་ཡེ་ཕཊ། ནེརྼི་ཏཱི་ཡེ་ཕཊ། བ་རུ་ཎཱ་ཡེ་ཕཊ། མ་རུ་ཏཱི་ཡེ་ཕཊ། སཽ་མཱ་ཡེ་ཕཊ། ཨཱི་ཤ་ནཱ་ཡེ་ཕཊ། ཀཱ་ལ་དཎྜཱི་ཡེ་ཕཊ། ཀཱ་ལ་རཱ་ཏྲཱི་ཡེ་ཕཊ། ཡ་མ་དཎྜཱ་ཡེ་ཕཊ། རཱ་ཏྲཱི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨ་དྷི་མུཀྟི་ཤྨ་ཤཱ་ན་བཱ་སི་ནཱི་ཡེ་ཕཊ། ཨོཾ་ཥྚོཾ་བནྡྷ་བནྡྷ། རཀྵ་རཀྵ་མཱཾ་སྭཱཧཱ། སེམས་ཅན་གང་སུ་དག་བདག་ལ་གདུག་པ་དང་གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། སྡིག་པ་དང་སྡིག་པའི་སེམས་དང་ལྡན་པ་རྣམས་དང་། འཁྲུག་པ་དང་འཁྲུག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བ་དང་སྡང་བའི་སེམས་དང་ལྡན་པ་རྣམས་བྱམས་པའི་སེམས་དང་ལྡན་པར་གྱུར་ནས། བདག་དང་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་གྱུར་ཅིག གནོད་སྦྱིན་དང་གདོན་གང་སུ་དག་ཟས་སུ་མདངས་ཟ་བ་རྣམས་དང་། གཟི་བྱིན་འཕྲོག་པ་རྣམས་དང་། ཟས་སུ་མངལ་ཟ་བ་རྣམས་དང་། ཟས་སུ་ཁྲག་འཐུང་བ་རྣམས་དང་། ཟས་སུ་ཞག་ཟ་བ་རྣམས་དང་། ཟས་སུ་ཤ་ཟ་བ་རྣམས་དང་། ཟས་སུ་ཚིལ་ཟ་བ་རྣམས་དང་། ཟས་སུ་རྐང་ཟ་བ་རྣམས་དང་། ཟས་སུ་བཙས་པ་ཟ་བ་རྣམས་དང་། སྲོག་འཕྲོག་པ་རྣམས་དང་། ཟས་སུ་ལྷག་མ་ཟ་བ་རྣམས་དང་། ཟས་སུ་གཏོར་མ་ཟ་བ་རྣམས་དང་། ཟས་སུ་འཕྲེང་བ་ཟ་བ་རྣམས་དང་། ཟས་སུ་དྲི་ཟ་བ་རྣམས་དང་། ཟས་སུ་བདུག་པ་ཟ་བ་རྣམས་དང་། ཟས་སུ་མེ་ཏོག་ཟ་བ་རྣམས་དང་། ཟས་སུ་འབྲས་བུ་ཟ་བ་རྣམས་དང་། ཟས་སུ་ལོ་ཏོག་ཟ་བ་རྣམས་དང་། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང་། ཟས་སུ་རྣག་ཟ་བ་རྣམས་དང་། ཟས་སུ་ཕྱི་ས་ཟ་བ་རྣམས་དང་། ཟས་སུ་གཅིན་འཐུང་བ་རྣམས་དང་། ཟས་སུ་མཆིལ་མ་འཐུང་བ་རྣམས་དང་། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང་། ཟས་སུ་སྣབས་ཟ་བ་རྣམས་དང་། ཟས་སུ་ངར་སྣབས་ཟ་བ་རྣམས་དང་། ཟས་སུ་མི་གཙང་བ་ཟ་བ་རྣམས་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང་། སྡིག་པའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། འཁྲུག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བའི་སེམས་དང་ལྡན་པ་རྣམས་དང་། ལྷའི་གདོན་རྣམས་དང་། ཀླུའི་གདོན་རྣམས་དང་། ལྷ་མ་ཡིན་གྱི་གདོན་རྣམས་དང་། གནོད་སྦྱིན་གྱི་གདོན་རྣམས་དང་། སྲིན་པོའི་གདོན་རྣམས་དང་། འབྱུང་བོའི་གདོན་རྣམས་དང་། ཡི་དྭགས་ཀྱི་གདོན་རྣམས་དང་། ཤ་ཟའི་གདོན་རྣམས་དང་། ཀུ་སྨན་དའི་གདོན་རྣམས་དང་། སྲུལ་པོའི་གདོན་རྣམས་དང་། ལུས་སྲུལ་པོའི་གདོན་རྣམས་དང་། སྐེམ་བྱེད་ཀྱི་གདོན་རྣམས་དང་། སྨྱོ་བྱེད་ཀྱི་གདོན་རྣམས་དང་། གྲིབ་གནོན་གྱི་གདོན་རྣམས་དང་། རྗེད་བྱེད་ཀྱི་གདོན་རྣམས་དང་། གནོན་པོའི་གདོན་རྣམས་དང་། མཁའ་འགྲོ་མའི་གདོན་རྣམས་དང་། ནམ་གྲུའི་གདོན་རྣམས་དང་། གཤིན་རྗེའི་གདོན་རྣམས་དང་། བྱའི་གདོན་རྣམས་དང་། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང་། ཀུན་ཏུ་འགྲོ་བའི་གདོན་རྣམས་དང་། རེ་ལྡེ་འདོན་པའི་གདོན་རྣམས་དང་། ཚེར་མ་འདོན་པའི་གདོན་རྣམས་ལས་བདག་ལ་བསྲུང་བར་མཛད་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་གྱུར་ཅིག རིམས་ཉིན་གཅིག་པ་རྣམས་དང་། ཉིན་གཉིས་པ་རྣམས་དང་། ཉིན་གསུམ་པ་རྣམས་དང་། ཉིན་བཞི་པ་རྣམས་དང་། ཉིན་བདུན་པ་རྣམས་དང་། རྟག་པའི་རིམས་རྣམས་དང་། རིམས་མི་བཟད་པ་རྣམས་དང་། འབྱུང་པོའི་རིམས་རྣམས་དང་། རླུང་ལས་གྱུར་པ་རྣམས་དང་། མཁྲིས་པ་ལས་གྱུར་པ་རྣམས་དང་། བད་ཀན་ལས་གྱུར་པ་རྣམས་དང་། འདུས་པ་ལས་གྱུར་པ་རྣམས་དང་། རིམས་ནད་ཐམས་ཅད་དང་། ཀླད་པ་ན་བ་བསལ་དུ་གསོལ། གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་དང་། མིག་ནད་དང་། སྣ་ནད་དང་། ཁ་ནད་དང་། མགུལ་ནད་དང་། སྙིང་ནད་དང་། ལྐོག་མའི་ལྷ་གོར་ན་བ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། སྙིང་ན་བ་དང་། ཀླད་པ་ན་བ་དང་། རྩིབ་ལོགས་ན་བ་དང་། རྒྱབ་ན་བ་དང་། ལྟོ་བ་ན་བ་དང་། རྐེད་པ་ན་བ་དང་། ཆུ་སོ་ན་བ་དང་། བརླ་ན་བ་དང་། རྗེ་ངར་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་རབ་ཏུ་བསལ་དུ་གསོལ། གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས། དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ། འབྱུང་པོ་དང་། རོ་ལངས་དང་། མཁའ་འགྲོ་མ་དང་། གནོད་སྦྱིན་དང་། སྲིན་པོ་དང་། རིམས་དང་། ཤུ་བ་དང་། གཡའ་བ་དང་། འབྲུམ་བུ་ཕྲ་མོ་དང་། མཚན་པར་རྡོལ་བ་དང་། མཛེ་དང་། ཕོལ་མིག་དང་། བས་ལྡགས་དང་། མེ་དབལ་དང་། གཡན་པ་དང་། ལྷོག་པ་དང་། སྐེམས་པ་དང་། སྐྲག་པ་དང་། ལུད་པ་ལུ་བ་དང་། དབུགས་མི་བདེ་བ་དང་། མི་དྲན་པ་དང་། དབྱིག་དུག་དང་། དུག་སྦྱར་མ་དང་། བྱད་དང་། མེ་དང་། ཆུ་དང་། མི་ངས་དང་། བདུད་དང་། འཆིང་བ་དང་། དགྲ་དང་། གནོད་པ་དང་། དུས་མ་ཡིན་པར་འཆི་བ་དང་། སྦྲང་བུ་ཏྲྱ་མ་བུ་ག་དང་། ཏྲཻ་ལ་ཏ་དང་། སྡིག་པ་དང་། སྦྲུལ་དང་། སྲེ་མོང་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། གཡག་རྒོད་དང་། ཆུ་སྲིན་ལ་སོགས་པའི་སྲོག་ཆགས་རྣམས་ལས་བསྲུང་དུ་གསོལ། དེ་དག་ཐམས་ཅད་ཀྱིས་བྱས་པའི་རིགས་སྔགས་བཅིང་བར་བགྱིའོ། །གཟི་བརྗིད་བཅིང་བར་བགྱིའོ། །གཞན་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །མཚམས་བཅིང་བར་བགྱིའོ། །ཏངྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་རེ་བཻ་རེ། སཽ་མེ་སཽ་མེ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། བི་ཥ་དེ་བི་ཥ་དེ། བཱི་རེ་བཱི་རེ། དེ་བི་བཛྲ་དྷཱ་རི། བནྡྷ་བནྡྷ་ནི། བཛྲ་པཱ་ཎི་ཕཊ། ཨོཾ་ཧཱུཾ་ཧཱུཾ་ངྲཱུཾ་ཥྚོཾ་ཕཊ་སྭཱཧཱ། ཧཱུཾ་ངྲུཾ་བནྡྷ་ཕཊ། བདག་ལ་སྲུངས་ཤིག་སྭཱཧཱ། ཨོཾ་བཛྲ་པཱ་ཎི་བནྡྷ་བནྡྷ་བཛྲ་པ་ཤེ་ན་མ་མ་སརྦ་དུཥྚཱཾ་བི་ནཱ་ཡ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །སུས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི། གྲོ་གའམ། རས་སམ། ཤིང་ཤུན་ལ་བྲིས་ཏེ། ལུས་སམ་མགུལ་དུ་བཏགས་སམ་ཀློག་པར་བྱེད་ན་དེ་ཇི་སྲིད་འཚོའི་བར་དུ་མཚོན་གྱིས་མི་ཚུགས། དུག་གིས་མི་ཚུགས། མེས་མི་ཚུགས། ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །གདོན་ཐམས་ཅད་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། །རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་དང་། གྲུབ་པའི་ལྷ་མོ་རྣམས་ཀྱིས་ཀྱང་དེ་ལ་རྟག་ཏུ་མཐུན་པར་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་ཅིང་། དེ་རྣམས་ཀྱི་ཡིད་དུ་འོང་བ་དང་། དགའ་བར་ཡང་འགྱུར་རོ། །བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་སྐྱེ་བ་དྲན་པར་འགྱུར་རོ། །རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་ཀྱང་རྟག་པར་ཡོངས་སུ་སྐྱོང་བར་འགྱུར་རོ། །ནམ་དུ་ཡང་གནོད་སྦྱིན་དང་། ཡི་དྭགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ། །མི་དབུལ་བོར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་མཛད་ཅིང་། དེ་དག་གི་ཐུགས་སུ་བྱོན་པ་དང་། དགྱེས་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ན་ཚངས་པར་མི་སྤྱོད་པ་ཡང་ཚངས་པར་སྤྱོད་པར་འགྱུར། ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར། མི་གཙང་བ་ཡང་གཙང་བར་འགྱུར། སྨྱུང་བ་མ་བྱས་པ་ཡང་སྨྱུང་བ་བྱས་པར་འགྱུར་རོ། །མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་ཟད་པར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བུ་འདོད་པ་གང་ལ་ལས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ངམ་ཀློག་ན་བུ་འདོད་པ་དེས་བུ་རྙེད་དེ། ཚེ་དང་བསོད་ནམས་དང་སྟོབས་ཀྱང་རབ་ཏུ་རྙེད་དོ། །འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མི་ནད་དང་། ཕྱུགས་ནད་དང་། ཡམས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་དང་། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། རིམ་གྲོ་ཆེར་མཆོད་པ་ཆེན་པོ་བྱས་ལ། གྲོང་ཁྱེར་ཐམས་ཅད་ཀྱི་སྒོའམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ། །འཕགས་མ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་རིམ་གྲོ་ཆེར་བྱས་ཏེ་བཙུགས་ན་བཙུགས་མ་ཐག་ཏུ་གཡུལ་ཞི་བར་བྱེད་པར་འགྱུར་རོ། །ཡམས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་དང་། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཏདྱ་ཐཱ། ཨོཾ་ཥྚོཾ་བནྡྷ་བནྡྷ། མ་མ་རཀྵ་རཀྵ་སྭཱཧཱ། ཨོཾ་ཥྚོཾ་བནྡྷ་བནྡྷ། བཛྲ་མ་མ་རཀྵ་རཀྵ། བཛྲ་པཱ་ཎི་ཧཱུཾ་ཕཊ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ན་ལེ། ཨ་བ་ལོ་ཀི་ཏེ་ཙུརྞཱ་ཏེ་ཛོ་རཱ་སི། ཨོཾ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཧཱུཾ་ཕཊ་སྭཱཧཱ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་རེ་བཻ་རེ། སཽ་མེ་སཽ་མེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱཧཱ། ཀླུའི་རྒྱལ་པོ་མཐའ་ཡས་དང་། ཀླུའི་རྒྱལ་པོ་དུང་སྐྱོང་དང་། ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་རྣམས་དུས་དུས་སུ་ཆར་འབེབས་སོ། །དུས་དུས་སུ་སྤྲིན་སྡུད་པ་དང་། དུས་དུས་སུ་འབྲུག་སྒྲ་སྒྲོག་པར་འགྱུར་རོ། །ཉེ་བར་འཚེ་བ་ཐམས་ཅད་ལ་སངས་རྒྱས་རྣལ་འབྱོར་དུ་བྱས་ལ་ལན་གསུམ་བཟླ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །རྒྱ་གར་གྱི་པཎྜི་ཏ་བ་ར་ཧེ་ཏ་དང་། བོད་ཀྱི་ལོ་ཙྪ་བ་གཟུ་དགའ་བའི་རྡོ་རྗེས་བསྒྱུར་ཅིང་ཁ་ཆེའི་བདུད་རྩི་འབྱུང་གནས་ཀྱི་གཙུག་ལག་ཁང་གི་དཔེ་རྙིང་ལ་གཏུགས་ནས་གཏན་ལ་ཕབ་པའོ།། །།
༄། །རྒྱ་གར་སྐད་དུ། ཨཱརྱོཥྞཱི་ཥ་ཛྭ་ལ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་གཙུག་ཏོར་འབར་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ་ཏི་སརྦ་དུར་ནི་མིཏྟི་དུཿསྭབྣ་ཤཱནྟིཾ་ཀུ་རུ་སྭཱཧཱ། སངས་རྒྱས་སྟོང་གི་སྔགས་འདི་ནི། །གཙུག་ཏོར་འབར་བ་ཞེས་གྲགས་ཏེ། །ལས་རྣམས་གང་དག་སྟོང་ཕྲག་དང་། །བརྒྱད་ཅུ་དང་ནི་དགུ་ཕྲག་ལྔ། །རྣམ་པ་སྣ་ཚོགས་ལས་རྣམས་དང་། །བཀྲ་ཤིས་དཔལ་གྲགས་ཐམས་ཅད་བྱེད། །རྨི་ལམ་ངན་དང་མཚན་མ་ངན། །ལན་གཅིག་བཟླས་པས་སེལ་བར་བྱེད། །བགེགས་རྣམས་མ་ལུས་རབ་ཏུ་འཇིགས། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་བྱེ་བ་བདུན་དང་འཕགས་པའི་འཁོར། །དྲང་སྲོང་རིག་སྔགས་འཆང་དང་ཚངས་དབང་དང་། །དྲག་པོ་རི་སྲས་དང་བཅས་སྲེད་མེད་བུ། །ལེགས་ལྡན་ནག་པོ་གདུང་བདུན་བདེ་གཤེགས་བཅུ། །ཕྱག་འོས་རྣམས་ལ་གུས་པས་ཕྱག་བྱས་ནས། །བདེ་གཤེགས་གཙུག་ནས་གསང་སྔགས་ཚིག་ཕྱུང་སྟེ། །གང་གི་བསྔགས་པ་འཁོར་ལ་བཀའ་སྩལ་བའི། །དཔལ་ལྡན་གདུགས་དཀར་ཅན་ལ་བསྟོད་པར་བྱ། །འཆི་མེད་དབང་པོའི་མདུན་ས་ཆོས་བཟང་དུ། །ཤཱཀྱའི་རྒྱལ་པོའི་མཚན་མཆོག་གཙུག་ཏོར་ནས། །ལེགས་འཁྲུངས་བདུད་ཀྱི་རིགས་ཀྱིས་མི་ཐུབ་ཅིང་། །ཕས་ཀྱི་རྒོལ་བ་ཐམས་ཅད་ཕྱིར་བཟློག་པས། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པས་ས་གསུམ་ཀུན་ཁྱབ་པ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་པུ། །བཅོམ་ལྡན་འདས་མ་ཁྱོད་ལ་བདག་ཕྱག་འཚལ། །གདོན་དང་རྒྱུ་སྐར་གཟའ་ཡི་གནོད་པ་དང་། །དུས་མིན་འཆི་དང་སྡིག་པའི་རྨི་ལམ་དང་། །དུག་མཚོན་མེ་དང་ཆུ་ཡི་གནོད་པ་སོགས། །མ་ལུས་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་ཁྱོན་ནི་ཤིན་ཏུ་ཡངས། །དུ་མའི་ཉམས་ཅན་དབུ་ནི་སྟོང་ཕྲག་དང་། །འབར་བའི་ཕྱག་མཚན་ལྡན་པའི་ཕྱག་སྟོང་ཅན། །ས་གསུམ་དཀྱིལ་འཁོར་ཀུན་ལ་དབང་མཛད་མ། །དྲག་ཤུལ་ཆེ་སོགས་ཉེར་གཉིས་ཕྱག་རྒྱའི་འཁོར། །གདུག་པ་འདུལ་བའི་ལས་ལ་ཐོགས་མེད་པས། །ནག་པོའི་སྡེ་རྣམས་རྡུལ་དུ་བརླག་མཛད་པའི། །རིག་སྔགས་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །དུས་མིན་འཆི་དང་ནད་ཀྱི་འཇིགས་པ་སོགས། །མི་དང་མི་མིན་འབྱུང་པོས་བསྐྱེད་པ་ཡི། །འཇིགས་པ་དྲན་ནས་ཁྱོད་ལ་སྐྱབས་འཆའ་ན། །འཇིགས་པ་ཀུན་ལས་རྟག་ཏུ་བསྲུང་དུ་གསོལ། །ལྷ་ཀླུ་ལྷ་མ་ཡིན་ལ་སོགས་པ་ཡི། །གདོན་ཆེན་རྣམས་དང་གཟི་བརྗིད་མདངས་འཕྲོག་ཅིང་། །མངལ་དང་ཤ་ཁྲག་ལ་སོགས་ཟ་བ་ཀུན། །ཁྱོད་ཞབས་དྲན་པ་ཙམ་གྱིས་བཟློག་ཏུ་གསོལ། །གང་གི་སྒོ་ནས་མི་བསྲུན་སྐྱེ་བོ་ཡིས། །བདག་ཅག་བདེ་ལེགས་འཕྲོག་པའི་རིག་སྔགས་སོགས། །མ་ལུས་བཅད་དང་འབར་བའི་ཕུར་བུ་ཡིས། །དེ་དག་རྣམས་ལ་གདབ་པའི་འཕྲིན་ལས་མཛོད། །མདོར་ན་བཅོམ་ལྡན་མ་ཁྱོད་ཕྱག་རྒྱའི་འཁོར། །སྐྱབས་སུ་བཟུང་ནས་རེ་བ་འཆའ་བ་ཡི། །ཚུལ་འདི་དགོངས་ལ་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །བདེ་གཤེགས་གཙུགས་ནས་གདུགས་དཀར་ལྷ་མོ་ཞེས། །གདོན་དང་བགེགས་རིགས་འབྱུང་བོའི་ཚོགས་བཅས་ཀུན། །ཕྱེ་མར་འཐག་བྱེད་རྔམ་པའི་གཟི་བརྗིད་ཅན། །བཅོམ་ལྡན་མ་ཁྱོད་ཐུབ་བསྟན་རྒྱས་པར་མཛོད། །བདེ་གཤེགས་ཐུགས་རྗེས་གཙུག་ཏོར་ལས་འཁྲུངས་ཤིང་། །བདེ་འབྱུང་བསྟན་ལ་གནོད་བྱེད་ཚར་བཅད་ནས། །བདེ་ལེགས་འབྲས་བུ་ཉེ་བར་སྩོལ་མཛད་པའི། །བདེ་མཆོག་གདུགས་དཀར་ཅན་གྱི་བཀྲ་ཤིས་ཤོག །ཅེས་པའང་བྱའོ། །གཙུག་ཏོར་གདུགས་དཀར་ཅན་ལ་བསྟོད་པ་འདི་ནི། བློ་བཟང་གྲགས་པའི་དཔལ་གྱིས་སྡོམ་བརྩོན་ཤེས་རབ་རྒྱལ་མཚན་ལ་སོགས་པས་བསྐུལ་བའི་ངོར་སྦྱར་བའོ། །
༈ བདེ་གཤེགས་གཙུག་ཏོར་བལྟར་མི་མངོན་པ་ལས། །ཉེར་འཁྲུངས་རྒྱལ་བ་ཀུན་ཡུམ་གདུགས་དཀར་མོ། །མཚན་ཙམ་བོས་པའི་རིག་སྔགས་མེ་ཡིས་ཀྱང་། །བདུད་སྡེ་སྲེག་བྱེད་བདེ་འབྱུང་ལྷག་པའི་ལྷ། །དཀར་གསལ་ལང་ཚོ་རབ་རྫོགས་ཟླ་གཞོན་གྱི། །སྙིང་པོ་ལས་གྲུབ་གཞན་གྱིས་མི་ཐུབ་མས། །མི་དང་མི་མིན་འབྱུང་ལས་བྱུང་བ་ཡི། །འགལ་རྐྱེན་ཀུན་ཞི་ལེགས་ཚོགས་མ་ལུས་སྩོལ། །ཁྱད་པར་ཕ་རོལ་མི་བསྲུན་བསམ་སྦྱོར་གྱིས། །སྒོ་གསུམ་མནན་དང་བྱད་སྟེམས་བཅིངས་ལ་སོགས། །ཉེར་འཚེས་མི་ཚུགས་ཕྱིར་ཟློག་འཕྲིན་ལས་ཀྱིས། །བདག་ཅག་རྣམ་པ་ཀུན་ཏུ་བསྲུང་དུ་གསོལ། །ཅེས་པ་འདི་ནི་ཕ་རོལ་གྱི་སྐྱེ་བོ་མི་བསྲུན་པས་རིག་སྔགས་ངན་པའི་སྦྱོར་བས་བྱད་མནན་སོགས་གཙོ་གྱུར་གྱི་ཉེར་འཚེའི་མཚན་མ་ཞི་བའི་འདོད་གསོལ་གདུགས་བསྟོད་སོགས་ཀྱི་གཤམ་དུ་ཁ་ཏོན་བྱེད་རྒྱུར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ། །
༈ བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། །ཐུགས་རྗེའི་སྨོན་ལམ་མཐུ་བཙན་པས། །བདག་གིས་གསོལ་བ་བཏབ་པ་བཞིན། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཆག་ཆེ་ཉམ་ང་བཟློག་ཏུ་གསོལ། །རྨི་ལམ་མཚན་མ་ངན་པ་བཟློག །རྟགས་དང་རྟེན་འབྲེལ་ངན་པ་བཟློག །དགྲ་འདྲེའི་བསམ་སྦྱོར་ངན་པ་བཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །དུས་མིན་འཆི་བ་རྣམ་བརྒྱད་བཟློག །ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །དཔྲལ་བའི་གཤེད་དུ་བརྐོས་པ་བཟློག །ཕ་མེས་དུར་སྲི་ལངས་པ་བཟློག །མི་ལ་ནད་དུ་གཏོང་བ་བཟློག །ཕྱུགས་ལ་གོད་ཁ་བྱེད་པ་བཟློག །གནམ་གྱི་དལ་ཁ་ཐེབས་པ་བཟློག །ས་ཡི་དུག་མདའ་གཡོས་པ་བཟློག །སྨེ་བ་སྤར་ཁ་ངན་པ་བཟློག །སྐེག་དང་ཕུང་སྲི་ལངས་པ་བཟློག་ཏུ་གསོལ། །ཅེས་གཙུག་ཏོར་གདུགས་དཀར་ལ་བརྟེན་པའི་བཟློག་པ་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད་པའོ། །
༈ ཨོཾ། ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་བདུད་ཀྱི་བདུད་དགྲ་ཆེན་མོ། །གཞན་གྱིས་མི་ཐུབ་རྣམ་པར་འཇོམས་མ། །ཉི་མ་ཟླ་བའི་མདུན་དུ་འགྲོ་ཞིང་། །ཆུ་སྲིན་རྒྱལ་མཚན་རྣམ་པར་བསྐྲོད་མ། །ཁྱེད་ལ་གསོལ་བ་བཏབ་པ་ཙམ་གྱིས། །དགྲ་ཡི་དཔུང་ནི་རྣམ་པར་ཆོམས་ཤིག །བསད་དང་དབྱེ་དང་བསྐྲད་རྨོངས་བྱེར་པས། །ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ་ཅིག །དུས་འཁྲུག་འཇིགས་པ་བཟློག་ཕྱིར་མཁྱེན་བརྩེས་སྨྲས་སོ། །

སྒྲོལ་མ་ལ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཕན་ཡོན་དང་བཅས་པ།

འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཕན་ཡོན་དང་བཅས་པ་བཞུགས་སོ། །རྒྱ་གར་སྐད་དུ། ན་མཿཏཱ་རེ་ཨེ་ཀ་བིཾ་ཤ་ཏི་སྟོ་ཏྲ་གུ་ཎ་ཧི་ཏ་སཱ་ཀ བོད་སྐད་དུ། སྒྲོལ་མ་ལ་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་བསྟོད་པ་ཕན་ཡོན་དང་བཅས་པ། ཨོཾ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །པངྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་གྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་གྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཊད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་བའི་ངག་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་འཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །
༈ ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དད་བརྗོད་པས། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བས། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་འཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བརྟན་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །རྗེ་བཙུན་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོས་བསྟོད་པ་གསུངས་པ་རྫོགས་སོ། །
༈ ཨོཾ། མྱུར་མ་དཔའ་མོས་འགྲོ་བ་ཀུན་སྒྲོལ། །དབྱངས་ཅན་ལྷ་མོས་ངག་མཆོག་སྩོལ་ཅིག །བསོད་ནམས་སྟེར་མོས་ནོར་མཆོག་གཡང་སྐྱོལ། །རྣམ་རྒྱལ་ལྷ་མོས་ཚེ་ཡི་དཔལ་ཕོབས། །རིག་བྱེད་དབང་མོས་འཁོར་འདས་དབང་མཛོད། །འཇིགས་བྱེད་ཁྲོ་མོས་བདུད་སྡེ་ཆོམས་ཤིག །གཞན་ཐུབ་དཔའ་མོས་གཞན་སྡེའི་དཔུང་གཏོར། །གཞན་རྒྱལ་རྗེ་མོས་རྒྱལ་ཁ་ཀུན་ལོངས། །སེང་ལྡེང་ལྷ་མོས་དངོས་གྲུབ་ཀུན་སྩོལ། །གསུམ་རྒྱལ་བདག་མོས་འཇིག་རྟེན་གནོན་མཛོད། །ནོར་གཏེར་དཔལ་མོས་ལོངས་སྤྱོད་སྩོལ་ཅིག །བཀྲ་ཤིས་ལྷ་མོས་དགེ་མཚན་མྱུར་ཕོབས། །དགྲ་འཇོམས་དཔའ་མོས་ཕས་རྒོལ་དཔུང་ཆོམས། །ཁྲོ་གཉེར་ངོམས་མོས་བགེགས་རིགས་གཞོམ་མཛོད། །རབ་ཞི་ལྷ་མོས་འཇིག་རྟེན་སྐྱོངས་ཤིག །འབར་འོད་ཕྲེང་མོས་ཆོས་སྣང་མྱུར་སྩོལ། །དཔག་མེད་གནོན་མོས་གཞན་སྟོབས་ཟིལ་གནོན། །རྨ་བྱ་ཆེན་མོས་དུག་ནད་སོལ་ལ། །མི་ཕམ་རྒྱལ་མོས་ལྟས་ངན་བཟློག་ཅིག །རི་ཁྲོད་བདག་མོས་རིམས་ཡམས་ཆོད་ལ། །འོད་ཟེར་ཅན་མོས་དགྲ་རྐུན་བཅིང་མཛོད། །ཉེར་གཅིག་ལྷ་མོས་རང་རང་ལས་སྒྲུབས། །སྐྱབས་འོག་པ་ཀུན་གཡེལ་མེད་སྐྱོང་མཛོད། །ཀུན་ནས་དགེ་བའི་དཔལ་ཡོན་སྩོལ་ཅིག །ཅེས་པའང་མ་ཏིས་སོ།།
༈ རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུམ་གྱུར་མ་ལུས་རྒྱལ་བའི་འཕྲིན་ལས་ཀུན་བསྒྲུབ་མ། །མྱུར་མ་དཔའ་མོ་དབྱངས་ཅན་མ་དང་བསོད་ནམས་མཆོག་སྟེར་རྣམ་རྒྱལ་རིག་བྱེད་མ་དང་འཇིགས་བྱེད་མ། །གཞན་གྱིས་མི་ཐུབ་གཞན་ལས་རྒྱལ་དང་སེང་ལྡེང་ནགས་ཀྱི་སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་ནོར་སྟེར་མ། །བཀྲ་ཤིས་དོན་བྱེད་དགྲ་དཔུང་འཇོམས་མཛད་ཁྲོ་གཉེར་ཅན་མཛད་རབ་ཞི་མ་དང་འབར་བའི་འོད་ཅན་མ། །དཔག་མེད་གནོན་མ་རྨ་བྱ་ཆེན་མོ་མི་ཕམ་རྒྱལ་མོ་རི་ཁྲོད་མ་དང་འོད་ཟེར་ཅན་མར་འདུད། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་ཕྱིར་བྱང་ཆུབ་ཐོབ་འདོད་བདག་ཀྱང་ཁྱེད་ལ་རེ་འོ་རྗེ་བཙུན་མ། །སློབ་དཔོན་ཙནྡྲ་ཀོ་མིའི་གསུང་ཡིན་པས་བསྟན་ཆོས་ནས་ཕྱུང་ངོ་། །
༈ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་ཏཱ་རེ་ཏཱྃཿསྭཱཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མཱ་མ་ཨ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཡེ་སྭཱཧཱ།
༈ཨོཾ། འཇིགས་པ་བརྒྱད་སྐྱོབས་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ངན་སོང་སྒོ་བཀག་མ་ལ་ཕྱག་འཚལ་ལོ། །མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །རྟག་ཏུ་ཁྱེད་ཀྱིས་བསྲུང་བར་བྱས། །ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཇོ་བོ་རྗེ་བླ་མ་གསེར་གླིང་བའི་མདུན་དུ་འགྲོ་དུས་མཛད་པའོ། །
༈རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །ཇོ་བོ་རྗེས་གསུངས་སོ། །
༈ རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །བསམ་པ་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཆོས་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །འདི་ཡང་མ་ཏིས་སོ། །
༈ སེངྒེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང་། །ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་རྣམས། །ཞི་མཛད་ཟླ་བའི་འོད་ལྟར་མཛེས་པའི་སྐུ། །རྗེ་བཙུན་སྒྲོལ་མ་ཡུམ་གྱི་བཀྲ་ཤིས་ཤོག །རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པས་མཐུས། ། སོགས་ནས། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །

སེང་བཟློག

སེང་བཟློག་བཞུགས། ཨོཾ་སྭཱ་སྟི། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་བརྗོད། ཨོཾ་སྭ་བྷཱ་ཝ ས་སྦྱངས། སྟོང་པའི་དབྱིངས་སུ་ཧཱུཾ་ལས་སྲུང་འཁོར་ནང་། །ཨེ་ལས་ཆོས་འབྱུང་པད་ཉི་དབུགས་བྲལ་སྟེང་། །ཧཱུཾ་ལས་རང་ཉིད་ཁམས་གསུམ་ཁྱབ་པའི་སྐུ། །ཕྱི་ནང་གསང་བའི་མི་མཐུན་ཕྱོགས་ཀུན་འཇོམས། །སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །གྲི་ཐོད་ཁ་ཊྭཱཾ་རུས་པའི་རྒྱན་གྱིས་བརྒྱན། །གཡས་བསྐུམ་གཡོན་བརྐྱང་མེ་དཔུང་ཀློང་ན་བཞུགས། །སེང་གདོང་མཁའ་འགྲོའི་གཙོ་ལ་ཕྱག་འཚལ་ལོ། །འཁོར་ཚོགས་རྣལ་འབྱོར་མ་ནི་བྱེ་བས་བསྐོར། །ཨོཾ་ཨཱཿཧཱུཾ་ཞེས་སྐུ་གསུང་ཐུགས་རྡོ་རྗེ། །མི་བསྐྱོད་དབུ་རྒྱན་དམ་ཡེ་དབྱེར་མེད་འདྲེས། །མཆོད་པའི་སྤྲིན་དང་བསྟོད་དབྱངས་རྒྱ་མཚོས་ཁྱབ། །ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་ཉེར་གཅིག་སོགས་བཟླས་ལ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། མཁའ་འགྲོ་མ་སེངྒེའི་གདོང་བ་ཅན་ལ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་བྱེ་བ་འབུམ་གྱིས་བསྐོར་བ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་དང་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་དང་། ནད་རིམས་དང་། ཡམས་ནད་དང་། སྡེ་བརྒྱད་འབྱུང་པོའི་གནོད་པ་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལྟས་ངན་པ་དང་། ལོ་སྐེག་ཟླ་སྐེག་ཞག་སྐེག་ཆག་ཆེ་ཉམ་ང་བྱད་ཁ་རྦོད་གཏོང་ལ་སོགས་པ་མདོར་ན་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །བགེགས་དང་ལོག་པར་འདྲེན་པ་རྣམས། །གདུལ་དཀའ་འདུལ་མཛད་དཔའ་མོ་ཡི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུང་པ་རྣམས་ཚར་གཅོད་ཤོག །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །གཏན་དུ་བདེ་བ་ཐོབ་པར་ཤོག །ཅེས་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་སོ།། །།

དཔལ་རྡོ་རྗེ་སྡེར་མོ་བསྡུས་པ།

དཔལ་རྡོ་རྗེ་སྡེར་མོ་བསྡུས་པ་བཞུགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །དཔལ་ཁྲོ་མོ་རྡོ་རྗེ་སྡེར་མོ་ལ་ཕྱག་འཚལ་ལོ། །བདག་ཅག་ལ་ནད་ཐམས་ཅད་དང་། གདོན་ཐམས་ཅད་དང་། རྐྱེན་དང་བར་ཆད་ཐམས་ཅད་དང་། བསམ་པ་ངན་ཞིང་སྦྱོར་བ་རྩུབ་པའི་རྗེ་དཔོན་དང་། ཡུལ་མའི་དགྲ་སྡང་བ་དང་། ཕ་ཚན་དང་། སྤུན་ཟླ་དང་། ཞིང་ཉེ་མ་སྲི་གྲོགས་པོ་དང་། དམག་པ་ཚ་ཡུག་དང་། བྲན་འཁོར་བུ་སྲིང་ཁྱིམ་མཚེས་ཀྱི་དགྲ་ལངས་པ་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བའི་གདབ་བོ། །ཐོ་བས་བརྡུང་ངོ་། །ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཾཱ། ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ནཾཱ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་ཏིཥྚ་ན་མཱ་ར་ཡ། བདག་ལ་སྔ་དགྲ་ལག་པ་བརྡར་བ་དང་། ཕྱི་དགྲ་ཡིད་ལ་སེམས་དང་། ད་དགྲ་ཁྱི་ལྟར་དུ་ཟུག་པ་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་དྷེ་ཀ་མུདྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་ངྷྭཾ་ས་ཡ་ཛ་ཊི་མ་ལམྦོ་དྷ་ར་ཨུ་ཙུཥྨ་ཀྲོ་དྷ་ཕཊ་སྭཱཧཱ། འདི་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཏོན་ན་མི་མཐུན་པའི་ཕྱོགས་ཐམས་ཅད་བཟློག་པར་འགྱུར་རོ། །དགྲ་ཚན་ཆེ་བ་ཡོད་ན་ཉེར་གཅིག་ཙམ་བཟླ་བར་བྱའོ། །
༈ ཐལ་མོ་སྦྱར་ལ། བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བདག་ཅག་དཔོན་སློབ་བསྲུང་བྱ་ཐམས་ཅད་ལ་ཕྱོགས་མཚམས་སྟེང་འོག་བཅུ་ནས་གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་མཐུ་གཏད་མནན་བསྲེག་འཕང་གསུམ་ངག་མནན་དུག་སྦྱོར་གཏད་སེལ་འཕུང་བཤིག ཐན་འགྱེད་ལ་སོགས་པ་དྲག་པོའི་ལས་ལ་སྦྱོར་བའི་རིགས་ཐམས་ཅད་དང་། འདུན་གྲོས་ངན་པའི་ཁ་མཆུ་གྱོད་ཚད་རྐུ་འཕྲོག་ཇག་ཤོམ་འཕྲོག་ཤོམ་དམག་མི་རྒྱབ་བརྟེན་སྣ་འདྲེན་དང་བཅས་པའི་བསམ་སྦྱོར་ངན་པ་དང་། སྡེ་བརྒྱད་འདྲེ་ངན་དམ་སྲི་འབྱུང་བོ་འགོང་བོ་ལ་སོགས་མི་དང་མི་མ་ཡིན་གྱི་གདུག་རྩུབ་ཐམས་ཅད་བཟློག་པར་གྱུར་ཅིག །བསྒྱུར་བར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་མཛད་དུ་གསོལ། དཔལ་དང་ལྡན་པའི་རྡོ་རྗེ་སྡེར་མོ་ཁྱོད། །མཁའ་མཉམ་བདེ་ལ་རོལ་མཛད་ཁྲོ་མོའི་སྐུ། །ཆགས་པའི་མདངས་ཀྱིས་ཁྲོ་བོའི་སྐུ་ལ་འཁྲིལ། །དཔལ་ལྡན་མཁའ་འགྲོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟན་བཅོས་ནས་ཁོལ་དུ་ཕྱུང་བའོ། ། ༈
༈ ཀེག་བཟློག་བསྡུས་པ་ནི། སྨྲ་བའི་སེངྒེས་བདག་རྒྱུད་བྱིན་གྱིས་རློབས། སྲི་ཀེག་ཐན་ལྟས་ངན་པ་བསྒྱུར་དུ་གསོལ། །རྒྱལ་པོའི་ཆད་པ་ཕས་ཀྱི་འཇིགས་པ་སོགས། །མཚང་འབྲུ་རྩོད་དང་རྒོལ་བ་བཟློག་ཏུ་གསོལ། །ཅེས་མི་ཕམ་པས་སོ།། །།

འཕགས་པ་ཁ་མཆུ་ནག་པོ་ཞི་བར་བྱེད་པ།

འཕགས་པ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་ཁ་དུཾ་དྷརྨ་ཏ་པ་ཡེ་ན་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཀོ་ས་ལ་ན་འཁོར་མང་པོ་ལ་ཆོས་སྟོན་ཏོ། །དེའི་ཚེ་ཁྱིམ་བདག་མཛེས་ལྡན་ཞེས་བྱ་བ་འཁོར་དང་བཅས་ཏེ་འདུས་པར་གྱུར་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སྟོན་པ་བཅོམ་ལྡན་འདས་བདག་ཅག་ཡུལ་འདིར་མཆིས་པ་རྣམས་ལ་རྒྱལ་པོའི་ཆད་པ་དང་། ཡུལ་གཞན་གྱི་མིས་རྩོད་པ་དང་། སྐྱེ་བོ་ཕལ་བས་མཚང་འབྲུ་བ་དང་། དགྲ་རྣམས་ཀྱི་ཁ་མཆུ་རྩོད་པའི་འཇིགས་པ་དུ་མ་དག་མཆིས་ན། བཅོམ་ལྡན་འདས་ཀྱིས་འཇིགས་པ་དེ་དག་ལས་བསྲུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཁ་མཆུའི་འཇིགས་པ་ལ་མ་སྐྲག་ཅིག ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བའི་མདོ་ཡོད་ཀྱི། དེ་ཁྱོད་ལ་རྣམ་པར་བསྟན་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རིགས་ལྔའི་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་ར་ཧ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ། མཧཱ་མུ་ནེ་རཀྵ། སརྦ་པུཥྚཾ་ཀུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན། ཨ་དྷིཥྛི་ཏེ། མ་མ་སརྦ་རཀྵ་རཀྵ་སྭཱཧཱ། ཨོཾ་ཁ་དུཾ་རཀྵ། ཨོཾ་ཁ་མཆུ་སོད། ཏྲ་རཀྵ། ཨོཾ་ཎི་ཝ་ར་ས་ན་རཀྵ། ཧ་ར་ཧ་ར་རཀྵ་སྭཱཧཱ། ཁྱིམ་བདག་མཛེས་ལྡན་ཁྱོད་ཀྱིས་གཟུངས་འདི་ཆོངས་ཤིག ལྷོགས་ཤིག སྟོན་ཅིག རྒྱལ་པོའི་ཆད་པ་དང་། རྩོད་པ་དང་། འཐབ་པ་དང་། མཚང་འབྲུ་བ་ལ་སོགས་པའི་རྒོལ་བ་ངན་པ་ཐམས་ཅད་ཟློག་པར་འགྱུར་རོ། །རིག་སྔགས་འདི་བརྗོད་པར་བྱའོ། །ཏངྱ་ཐཱ། ཨོཾ་བཛྲ་པ་ཎི་མ་མ་རཀྵ་རཀྵ། ཨོཾ་བྷྱོ་བཟློག་ཁ་མཆུ་མ་ར་ཡ་ཕཊ། ས་མ་ཡ་དུ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བདག་འཁོར་དང་བཅས་པ་ལ་ཡས་ཀྱི་བདུད་གཡོས་པ་དང་། ཕ་ཁུའི་བྱུར་འདྲེ་དང་། དགྲ་བོ་དང་། ཉེ་དུའི་ལན་ཆགས་དང་། ལོ་ངན་པའི་སྐེག་དང་། ཟླ་བའི་སྐེག་དང་། བཀྲ་མི་ཤིས་པ་དང་། སྐྱེ་བོའི་རྩོད་པ་དང་། རྒྱལ་པོའི་ཆད་པ་དང་། མཚང་འབྲུ་བ་དང་། ཁ་མཆུ་རྩོད་པ་དང་། ངན་སེམས་དང་བསམ་པ་ངན་པའི་གྲོགས་དང་། མིག་ལྟས་ངན་པ་དང་། གདོན་ཐམས་ཅད་ཟློག་པར་འགྱུར་རོ། །སྡང་བ་རྣམས་འདུལ་དུ་གསོལ། ཁ་མཆུ་དང་། བྱོལ་ཟོར་དང་། རྦོད་གཏོང་དང་། རིམས་དང་ལྟས་ངན་པ་ཐམས་ཅད་ཞི་བ་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། རིགས་ཀྱི་བུ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའོ། །ངས་ཀྱང་དེ་ལྟར་བཤད་པར་བྱའོ། །འདི་རབ་ཏུ་བཟུང་ལ་རྒྱུན་དུ་ཐོན་ཅིག འཇིགས་པ་ཐམས་ཅད་སེལ་བར་འགྱུར་རོ། །ཁ་མཆུ་དང་། ལྟས་ངན་པ་ཐམས་ཅད་ཟློག་པར་འགྱུར་རོ། །ནད་དང་གདོན་དང་། འབྱུང་པོ་དང་། ལོ་སྐེག་དང་། ཟླ་སྐེག་དང་། མོ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི་ཞེས་གསོལ་པ་དང་། བཀའ་སྩལ་པ། འཇམ་དཔལ་འདི་ནི་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བར་ཟུངས་ཤིག དེ་ནས་འཇམ་དཔལ་གྱིས་གསོལ་པ། ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་མདོ་སྡེ་ཟབ་མོ་འདི་འཆང་བ་དང་། ཀློག་པའི་མི་དེ་ལ་བདག་གིས་བསྲུང་བར་བགྱིའོ། །བསྐྱབ་པར་བགྱིའོ། །སྨྲ་བ་ན་ཚིག་རྩུབ་ཐུབ་པར་བགྱིའོ། །བཀའ་སྩལ་པ། གང་ཞིག་གཞན་དང་ཁ་མཆུ་རྩོད་པའི་ཚེ། མདོ་འདི་ལན་བདུན་བཀླགས་ཏེ། འཕགས་པ་འཇམ་དཔལ་ཡིད་ལ་བསྒོམས་ཏེ་སོང་ན་ཕ་རོལ་གྱི་རྩོད་པ་ཐམས་ཅད་འཇོམས་སོ། །རང་གི་ཚིག་བཙུན་པར་འགྱུར་རོ། །སྨྲས་པ་ལ་གཞན་ཡིད་ཆེས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཁྱིམ་བདག་མཛེས་ལྡན་དང་། འཁོར་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།
༈ བླ་མ་དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །གྱོད་དང་ཁ་མཆུ་མི་ཁ་ལ་སོགས་པའི། །བདག་ལ་ངན་པ་ཀུན་ཏུ་མི་འབྱུང་ཞིང་། །མཐོང་ཐོས་ཀུན་ལ་དགའ་བ་བསྐྱེད་པར་ཤོག །བདག་ལ་མཆོག་དམན་ཀུན་གྱིས་བསྙེན་ཀྱང་བཀུར། །རབ་སྙན་གྲགས་པའི་བ་དན་ཕྱོགས་བཅུར་གཡོ། །གཞན་ཕན་རྣམ་དཀར་འཕྲིན་ལས་རབ་རྒྱས་ཏེ། །ཆོས་སྲིད་དཔལ་འབྱོར་ལོངས་སྤྱོད་གོང་འཕེལ་ཤོག །ཅེས་ཁ་མཆུ་ཞི་མདོ་བསྡུས་པ་འདི་ནི་བསྟན་འགྱུར་ནང་ནས་བྲིས་པའོ། །

སྨན་བླའི་ཆོ་ག་མེ་ཏོག་ཆར་འབེབས།

མདོ་སྡེ་སྨན་བླའི་ཆོ་ག་མེ་ཏོག་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭཱ་སྟི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཻཌཱུར་མདོག་ཅན་ཡེ་ཤེས་ཟབ་ཡངས་མཁའ། །ཐུགས་རྗེའི་འཕྲིན་ལས་འཇུག་པ་རྟ་ལྗང་གིས། །ལྔ་བདོའི་སྨག་སེལ་རྒྱལ་བ་གཞན་ལྷག་པའི། །སྨན་བླའི་ཆོ་ག་འདབ་རྒྱས་ཆར་འབེབས་འདི། །གང་དག་ཡིད་ཀྱིས་བཟླས་བརྗོད་ལྷུར་ལེན་པར། །མདོ་ཆོག་བདུད་རྩིའི་གང་གཱའི་ཡང་སྙིང་བྲི། །དེ་ལ་སྨན་གྱི་བླ་བདེ་བར་གཤེགས་པ་བརྒྱད་ཀྱི་མཐུ་བྱིན་འགྲན་ཟླ་དང་བྲལ་བ་སྙིགས་དུས་སུ་སྨོས་ཅི་དགོས། འོན་ཀྱང་དེས་ན་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ལ་སོགས་མཁས་པ་བརྒྱ་ཤར་ཙམ་ལ་སྨན་བླའི་རྗེས་གནང་མཛད་པའི་ཚེ་མདུན་གྱི་ནམ་མཁར་བདེ་བར་གཤེགས་པ་བརྒྱད་མངོན་སུམ་དུ་གསལ་བར་བྱོན་ནས་མེ་ཏོག་གི་ཆར་དཔག་ཏུ་མེད་པའང་བབ་ནས་གསུངས་སོ། །འགྲུབ་ན་དཀྱིལ་འཁོར་དང་མཆོད་ཚོགས་ཅི་མཆིས་བཤམས་ཤིང་མཆོད་རྫས་བྱིན་རླབས་དང་། སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་པར་བྱའོ། །བསྡུས་ན་སྐྱབས་སུ་འགྲོ་བ་ནི། ཨཱཿ འགྲོ་རྣམས་བསྒྲལ་འདོད་བསམས་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །སེམས་བསྐྱེད་ནི། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བགྱིས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་ལན་གསུམ། ཨོཾ། བསླུ་མེད་མཆོག་གསུམ་བདེན་པའི་བྱིན་རླབས་དང་། །ཚོགས་གཉིས་ཡོངས་རྫོགས་ཆོས་དབྱིངས་རྣམ་དག་པས། །རིན་ཆེན་ས་གཞི་མཚོ་རྫིང་ཡན་ལག་བརྒྱད། །ལྗོན་ཤིང་བྱ་ཚོགས་པདྨ་གཅལ་བཀྲམ་དབུས། །སེང་ཁྲི་པད་ཟླ་འོད་གསལ་རྒྱས་པའི་སྟེང་། །བདེ་གཤེགས་བརྒྱད་པོ་འཁོར་བཅས་གཤེགས་སུ་གསོལ། །དམ་ཆོས་བྱང་སེམས་ཕྱོགས་སྐྱོང་གནོད་སྦྱིན་རྣམས། །བདག་སོགས་སྐྱོབ་ཕྱིར་འདིར་གཤེགས་བྱིན་རླབས་མཛོད། །ཁྱབ་བདག་སྟོན་པ་འཇམ་དཔལ་ཞི་འཚོ་སོགས། །སྨན་བླའི་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །བདེ་གཤེགས་བརྒྱད་དང་དམ་ཆོས་བྱང་སེམས་དང་། །ཚངས་དབང་རྒྱལ་ཆེན་གནོད་སྦྱིན་རྣམས་ཕྱག་འཚལ། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་མཐའ་ཀླས་པ། །བདག་གི་སྒོ་གསུམ་དད་པས་བླངས་ནས་འབུལ། །སྡིག་ལྟུང་བཤགས་ཤིང་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་དགེ་བྱང་བསྔོ། །བཅོམ་ལྡན་གདན་འཛོམས་དགོངས་གསོལ་བདག་ཅག་ལ། །བདེ་གཤེགས་རྣམས་ཀྱི་སྨོན་ལམ་འགྲུབ་པར་མཛོད། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད། དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་མཐའ་ཀླས་པ། །སོགས་ནས། དགེ་བྱང་བསྔོ། །ཞེས་པའི་བར་གོང་བཞིན་འོག་མ་ཀུན་ལ་ཡང་སྦྱར་རོ། །ཤར་ཕྱོགས་གཞན་གྱི་མི་ཐུབ་ཞིང་ཁམས་ནས། །སངས་རྒྱས་མཚན་ལེགས་སྙིགས་མའི་འགྲོ་བ་ཀུན། །ནད་མང་དབང་ཉམས་ལོག་པའི་ལམ་དུ་ལྷུང་། །དབུལ་ཕོངས་གཅན་གཟན་དགྲ་འཇིགས་འདི་ལ་སྐྱོབས། །འདི་ནས་ཤི་འཕོས་རྫུས་སྐྱེས་ཡོན་ཏན་རྫོགས། །མཚན་ལེགས་ལ་སོགས་བཀའ་ལུང་ནོད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད། དངོས་བཤམས་སོགས་གོང་བཞིན། ཤར་ཕྱོགས་རིན་ཆེན་ལྡན་པའི་ཞིང་ཁམས་ནས། །རིན་ཆེན་ཟླ་བས་དུས་ངན་སེམས་ཅན་ཀུན། །གཡེང་བཅས་སྐྱེ་སྡིག་ལུས་དམན་མུན་འཐིབས་དང་། །ཐེག་དམན་མྱ་ངན་སྐྱབས་མེད་འདི་ལ་སྐྱོབས། །འདི་ནས་ཤི་འཕོས་རྫུས་སྐྱེས་ཡོན་ཏན་རྫོགས། །རིན་ཆེན་ཟླ་སོགས་བཀའ་ལུང་ནོད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད། དངོས་བཤམས་སོགས་གོང་བཞིན། ཤར་ཕྱོགས་སྤོས་ལྡན་ཞིང་ན་དེ་བཞིན་གཤེགས། །གསེར་བཟང་སྙིགས་མའི་སེམས་ཅན་ཚེ་ཐུང་ཞིང་། །དབུལ་ཕོངས་འཐབ་རྩོད་ཉོན་མོངས་རིགས་ཅན་རྣམས། །བསམ་ངན་འཆང་བའི་ངང་ཚུལ་འདི་རྣམས་སྐྱོབས། །འདི་ནས་ཤི་འཕོས་རྫུས་སྐྱེས་ཡོན་ཏན་རྫོགས། །གསེར་བཟང་ལ་སོགས་བཀའ་ལུང་ནོད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད། དངོས་བཤམས་སོགས་གོང་བཞིན། ཤར་ཕྱོགས་མྱ་ངན་མེད་པའི་ཞིང་ཁམས་ནས། །སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ། །ལུས་ངན་སེམས་འཁྲུགས་འདོད་བྲལ་མུན་པ་དང་། །ཉམ་ཐག་བཀྲེས་པའི་ངང་ཚུལ་འདི་ལ་སྐྱོབས། །འདི་ནས་ཤི་འཕོས་རྫུས་སྐྱེས་ཡོན་ཏན་རྫོགས། །མྱ་ངན་མེད་སོགས་བཀའ་ལུང་ནོད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད། དངོས་བཤམས་སོགས་གོང་བཞིན། ཤར་ཕྱོགས་ཆོས་ཀྱི་རྒྱལ་མཚན་ཞིང་ཁམས་ནས། །བདེ་བར་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས། །ལོག་ལྟ་སྡིག་ཕྱོགས་དབུལ་ཕོངས་འཐབ་རྩོད་དང་། །གསོད་པའི་མཚོན་ཆ་འགྱེད་པ་འདི་རྣམས་སྐྱོབས། །འདི་ནས་ཤི་འཕོས་རྫུས་སྐྱེས་ཡོན་ཏན་རྫོགས། །ཆོས་བསྒྲགས་ལ་སོགས་བཀའ་ལུང་ནོད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད། དངོས་བཤམས་སོགས་གོང་བཞིན། ཤར་ཕྱོགས་རིན་ཆེན་རྒྱ་མཚོའི་ཞིང་ཁམས་ནས། །མངོན་མཁྱེན་རྒྱལ་པོས་དུས་ངན་སེམས་ཅན་ཀུན། །ཞིང་ལས་ཉོ་ཚོང་མི་དགེ་ཀུན་ལ་སྤྱོད། །བཅིངས་བརྡེག་ཚེ་ཐུང་འདི་ཀུན་མྱུར་དུ་སྐྱོབས། །འདི་ནས་ཤི་འཕོས་རྫུས་སྐྱེས་ཡོན་ཏན་རྫོགས། །མངོན་མཁྱེན་ལ་སོགས་བཀའ་ལུང་ནོད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད། དངོས་བཤམས་སོགས་གོང་བཞིན། ཤར་ཕྱོགས་བཻཌཱུར་སྣང་བའི་ཞིང་ཁམས་ནས། །སངས་རྒྱས་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས། །མུན་ནག་ལམ་ངན་ཁྲིམས་འཆལ་མདོག་ངན་དང་། །སྐྱེ་དམན་ཚ་གྲང་སྡུག་བསྔལ་འདི་རྣམས་སྐྱོབས། །འདི་ནས་ཤི་འཕོས་རྫུས་སྐྱེས་ཡོན་ཏན་རྫོགས། །སྨན་བླ་ལ་སོགས་བཀའ་ལུང་ནོད་གྱུར་ཅིག །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད། དངོས་བཤམས་སོགས་གོང་བཞིན། སྤོས་ལྡན་བྱ་རྒོད་ཕུང་པོའི་ཞིང་ཁམས་སུ། །བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས། །ལས་སྒྲིབ་ནད་མང་མྱ་ངན་གདུང་བ་ཡི། །ཉམ་ཐག་འགྲོ་ཀུན་མ་ལུས་བསྐྱབ་ཏུ་གསོལ། །མདོ་སྡེ་ནས་གསུངས་སྨོན་ལམ་བཏབ་པའི་འབྲས། །སྦྱིན་བདག་རྣམས་ལ་འཕྲལ་དུ་འགྲུབ་པར་མཛོད། །མ་རིག་མུན་སེལ་སྒྲོན་མེའི་མཆོག །སྡུག་བསྔལ་ནད་སེལ་སྨན་གྱིས་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ཞེས་ལན་གསུམ་མམ་བདུན་བརྗོད། དངོས་བཤམས་སོགས་གོང་བཞིན། རྣམ་གྲོལ་དམ་ཆོས་བདེན་པའི་བྱིན་རླབས་ཀྱིས། །བདག་སོགས་འགྲོ་རྣམས་ཚེ་རབས་ཐམས་ཅད་དུ། །ཐེག་གསུམ་ཆོས་ཀྱི་དགོངས་དོན་རྟོགས་གྱུར་ནས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་མཛོད། །དམ་ཆོས་ཚུལ་འཛིན་རིགས་གསུམ་མགོན་པོ་དང་། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །བདག་གི་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །མི་དགེའི་ལས་ཀུན་བཤགས་ཤིང་མཆོད་ཚོགས་འབུལ། །བསྟན་སྐྱོང་ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གནོད་སྦྱིན་བཅུ་གཉིས་བཀའ་སྡོད་བཅས། །སྔོན་ཚེ་ཁས་བླངས་ཇི་བཞིན་བསྟན་པ་སྲུངས། །བདག་གིས་ས་ལམ་བར་ཆད་བསལ་དུ་གསོལ། །འགྲོ་ཀུན་བདེ་ལྡན་ཚེ་རིང་ནོར་འབྲུ་རྣམས། །རབ་འཕེལ་ཆོས་མཐུན་བསམ་དོན་ཀུན་འགྲུབ་མཛོད། །ཅེས་དང་། དེ་ནས་བཟླས་པ་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། བྷཻ་ཥ་ཛྱེ་གུ་རུ་བཻཌཱུརྱ། པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷེ་ཥ་ཛྱེ་བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛཱ་ས་མུདྒ་ཏེ་སྭཱཧཱ། ཞེས་གཟུངས་རིང་ངོ་། །གཟུངས་ཐུང་ནི། ཏངྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱཻ། མཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛཱ་ས་མུདྒ་ཏེ་སྭཱཧཱ། ཞེས་ཅི་འགྲུབ་བཟླའོ། །
མཇུག་ཆོག་ཕྱག་འཚལ་བ་ནི། སྤྲོས་པ་ལ་དགའ་ན། གངས་ཅན་ཕན་བདེའི་དཔལ་འབྱོར་འབྱུང་བའི་སྒོ། །དམན་མཆོག་ཀུན་གྱིས་བསྒྲུབ་ཏུ་རུང་བའི་ལམ། །ཆོས་རྒྱལ་ཐུགས་དམ་མདོ་སྡེའི་ཆོ་ག་འདི། །འཛིན་སྐྱོང་སྤེལ་མཛད་རྣམས་ལ་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་ཟླ་དང་གསེར་བཟང་དང་། །མྱ་ངན་མེད་དང་ཆོས་བསྒྲགས་མངོན་མཁྱེན་རྒྱལ། །སྨན་གྱི་བླ་དང་ཤཱཀྱའི་རྒྱལ་པོ་སྟེ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་སྐྱོང་བཅུ་དང་མགོན་པོ་ལྕམ་དྲལ་དང་། །རྒྱལ་ཆེན་བཞི་སོགས་དཔལ་མགོན་བདུན་ཅུའི་ཚོགས། །གནོད་སྦྱིན་སྡེ་དཔོན་ཇི་འཇིགས་ལ་སོགས་པའི། །རྒྱལ་བའི་བསྟན་སྲུང་རྣམས་ལ་ཕྱག་འཚལ་ལོ། །ཤོ་ལོ་ཀ་དེ་རྣམས་བརྗོད། བསྡུ་ན། ཁྱབ་བདག་སྟོན་པ་འཇམ་དཔལ་ཞི་འཚོ་སོགས། །ཞེས་སོགས་ནས། དགེ་བྱང་བསྔོ། །ཞེས་པའི་བར་གོང་བཞིན་བརྗོད་ནས། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་ཞིང་། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་སམ་གཤེགས་གསོལ་བྱའོ། །སྨོན་ལམ་ནི། གང་ཞིག་བླ་མ་རྒྱལ་བ་སྲས་བཅས་ཀྱི། །མཚན་ནས་བརྗོད་ཅིང་སྨོན་ལམ་བཏབ་པའི་མཐུས། །གནས་སྐབས་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས། །མཐར་ཐུག་བདེར་གཤེགས་སྙིང་པོ་མྱུར་ཐོབ་ཤོག །ཅེས་དང་། ཤིས་པ་གང་འོས་བརྗོད་དོ། །ཞེས་བསྟོད་པའི་ཚེ་ན་བདེ་བར་གཤེགས་པ་བརྒྱད་འཁོར་དང་བཅས་པ་མངོན་སུམ་དུ་མཐོང་ནས་བུ་སློབ་ཀུན་གྱིས་མོས་གུས་ལྷག་པར་སྐྱེས་སོ། །སྨྲས་པ། ཐུབ་དབང་སྨན་གྱིས་མདོ་སྡེ་བརྒྱད་བརྒྱ་པ། །ཚ་གདུང་སེལ་ཕྱིར་འོད་དཀར་བསིལ་ཟེར་འཕྲོས། །རྒྱལ་བ་བྱེ་བའི་སྨོན་ལམ་ཨུ་ད་ཀ །བདག་བློའི་བུམ་པར་འཁྱིལ་ཞིང་བདུད་རྩིའི་རྒྱུན། །འཛད་མེད་ལོངས་སྤྱོད་དགེ་བའི་རྩ་བ་འདིས། །མགོན་མེད་སེམས་ཅན་སྨན་བླའི་ཞིང་བགྲོད་ཤོག །ཅེས་སྙིགས་དུས་མཆོག་དམན་ཀུན་ལ་ཉེར་མཁོའི་མདོ་སྡེ་མེ་ཏོག་ཆར་འབེབས་འདི་ཡང་ངེས་དོན་དབུ་མའི་ཤིང་རྟ་འདྲེན་མཁས་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་མཛད་པའོ། །མགོ་མཇུག་གི་ངེས་ཚིག་གི་ཆེ་བ་འདི་ཡོད་ནའང་ལེགས་ཤིང་རྒྱལ་ཁམས་པ་ཚེ་དབང་མཆོག་གྲུབ་ཀྱིས་བྲིས་པའོ།། །།

གཏོར་ཆོག་སྙིང་པོ་གསལ་བ།

གཏོར་ཆོག་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭཱ་སྟི། ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། ཀུན་མཁྱེན་དོལ་པོ་སངས་རྒྱས་ལ་ཕྱག་འཚལ་ལོ། །རྩ་བའི་བླ་མ་ལ་ཕྱག་འཚལ་ལོ། །འདིར་དཔལ་ཇོ་ནང་པའི་ལུགས་ཀྱི་གཏོར་ཆོག་ཉེར་མཁོ་རྒྱུན་གྱི་རྣལ་འབྱོར་ནི། གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལ། སྤྱི་བུངས་སྐོས་མེད་དུ་བྱེད་ན་གཏོར་མ་གཅིག་གིས་ཀྱང་ཆོག་ལ། བསྐོས་ཅན་དུ་བྱེད་ན། རྒྱས་པ་མགྲོན་ཚན་གྱི་གྲངས་དང་མཉམ་པའམ། འབྲིང་བོ། བླ་མ་ཡི་དམ་མགོན་པོ་དང་། །རྣམ་སྲས་ཞལ་བཞི་མཁའ་འགྲོ་མ། །ས་བདག་གཉིས་གཅིག་སྲུང་མ་དང་། །སྤྱི་གཏོར་གཞི་བདག་ཅེས་བྱ་བཅུ། །ཞེས་པ་ལྟར་ཡང་རུང་མོད། རྒྱུན་གཏོར་ལ་ལྔ་ཚར་དུ་བྱེད་པ་ཤས་ཆེ་བ་ལག་ལེན་ལྟར་བཤམས། དེ་ཡང་དུས་གཏོར་ལ་དམ་རྫས་གལ་ཆེ་ཡང་། རྒྱུན་གཏོར་ནི་དཀར་གཏོར་འབའ་ཞིག་གིས་ཀྱང་ཆོག་གོ། །དེ་ལ་ཉིན་ཞག་དེ་ཉིད་ཁོ་ནའི་ཐུན་མཚམས་གཞན་ལ་བདག་བསྐྱེད་སྔོན་དུ་སོང་ན། སྐབས་འདིར་སྙིང་པོ་ངག་ཏུ་བརྗོད་པའི་སྒོ་ནས་ཐུན་མཚམས་ཀྱི་ལྷར་སྐད་ཅིག་གིས་གསལ་བཏབ་པས་ཆོག་ལ། དེ་ལྟར་མ་སོང་ན་བདག་བསྐྱེད་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བ་ཞིག་སྐབས་འདིར་རྣལ་འབྱོར་དུ་བྱའོ། །དེ་ནས་དངོས་གཞི་ལ། ཐོག་མ་ཁོ་ནར་མཆོད་པ་དངོས་སུ་བཤམས་པ་བྱིན་གྱིས་བརླབས། དེ་ནས་གཏོར་མ་རྣམས་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཅེས་པའམ། ཨོཾ་ཕྲེཾ་བཛྲ་ཌཱ་ཀི་ནི། བཛྲ་དྷཱ་ཏི་ཤྭ་རི། ག་ག་ན་སྭ་བྷཱ་ཝ་སརྦ་དྲཱ་བྱ་བི་ཤྭ་དྷ་ནི། སརྦ་དྲ་བྱ་ཎི་བི་ཤྭ་དྷ་ཡ་ཧཱུཾ་ཕྲེཾ་ཕཊ། ཅེས་པས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཨ་ལས་མི་མགོའི་སྒྱེད་པུ་ལ་གནས་པའི་ཨོཾ་ཡོངས་སུ་གྱུར་པ་ལས་ཐོད་པ་དུམ་བུ་གཅིག་པ། དེའི་ནང་གི་དབུས་སུ་ཨ་ལས་བྱང་སེམས། ཤར་དུ་ཨི་ལས་རྐང་མར། ལྷོར་རི་ལས་རཀྟ། བྱང་དུ་ཨུ་ལས་དྲི་ཆུ། ནུབ་ཏུ་ལི་ལས་དྲི་ཆེན། རླུང་མཚམས་སུ་ལཱི་ལས་གླང་པོ་ཆེའི་ཤ །དབང་ལྡན་དུ་ཨཱུ་ལས་བ་གླང་གི་ཤ །བདེན་བྲལ་དུ་རཱི་ལས་རྟའི་ཤ །མེ་མཚམས་སུ་ཨཱི་ལས་ཁྱིའི་ཤ །དབུས་ཀྱི་སྟེང་དུ་ཨཱ་ལས་མིའི་ཤ །ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་པའི་ཨོཾ་སྐུ་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་མ་དག་པའི་རྫས་རྣམས་སྦྱངས་པར་གྱུར། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷརྨ་སུ་བི་ཤུདྡྷ་སྭ་བྷཱ་ཝ་སརྦ་དྷརྨཱན་བི་ཤྭ་དྷ་ཡ་སྭཱཧཱ། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་གནས་པའི་ཨཱཿགསུང་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་དག་པའི་རྫས་རྣམས་སྤེལ་བར་གྱུར། ཨོཾ་ཨཱཿབཛྲ་སུརྱ་སརྦ་དྷརྨ་པྲ་བོ་དྷ་ཀ་སརྦ་དྷརྨཎ་པྲ་བོ་དྷ་ཡ་སྭཱཧཱ། ལག་པ་གཉིས་ཀ་སྦྱར་བའི་དབུས་སུ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཐུགས་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་རྫས་རྣམས་སྦར་བར་གྱུར། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སརྦ་དྷརྨ་པྲ་དཱི་པ་ཀ་སརྦ་དྷརྨཎ་པྲ་དཱི་པ་ཡ་སྭཱཧཱ། མཁའ་ལྡིང་གི་ཕྱག་རྒྱའི་དབུས་སུ་དུས་མེ་ལ་གནས་པའི་ཧོཿཡིག་ཡེ་ཤེས་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་བདུད་རྩིར་བྱས་པར་གྱུར། ཨོཾ་ཧོཿསརྦ་དྷརྨ་བཛྲ་ཨ་མྲི་ཏ་ཀ་ར་སརྦ་དྷརྨཎ་བཛྲ་ཨ་མྲི་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པའོ། །དེ་ནས་བླ་མའི་གཏོར་ཆོག་རྒྱས་པ་བྱེད་ན་ལོགས་སུ་འབྱུང་བ་ལྟར་བྱེད་དགོས་པ་ཡིན་མོད་ཀྱི། བླ་མ་ཡི་དམ་དབྱེར་མེད་ལ་འབུལ་བ་ཉིད་ལག་ལེན་ཟོར་ཡང་ཞིང་། དོན་ལའང་གསང་སྔགས་ཀྱི་ལམ་ལ་ཞུགས་པ་རྣམས་ཀྱིས་དེ་ལྟར་བྱེད་དགོས་པས་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཉིད་རྩ་བརྒྱུད་བླ་མའི་ངོ་བོར་ཤེས་པར་བྱའོ། །དེ་ལ་མགྲོན་སྤྱན་དྲངས་པ་ནི། སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང་། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང་། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་ཝ། ཨ་ཀརྵ་ཡ་ཨ་ཀརྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནི་ཧྲཱི་ད་ཡ་ཧུཾ་ཧཱུཾ་ཕྲེཾ་ཕྲཻཾ་ཕཊ། ཅེས་པས་མཁའ་འགྲོ་མ་རྣམས་དང་བཅས་པ་སྤྱན་དྲངས། སྔགས་ཙམ་གྱི་སྒོ་ནས་མཆོད་པ་བཅུ་གཉིས་འབུལ་ཏེ། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ ནས། ཀཱ་མཾ་གྱི་བར་བརྗོད། དེ་ནས་གཏོར་མ་དང་པོ་དཀྱིལ་འཁོར་ལ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧོཿཤྲཱི་ཀཱ་ལ་ཙཀྲ། བཛྲ་བྷཻ་ར་ཝ་བྷི་ཀ་རཱ་ཡ་ས་པཱ་རི་ཝཱ་རེ་བྷྱཿ ཞེས་རྡོ་རྗེའི་ཕྱག་རྒྱས་སྤྱན་དྲངས་པ་ལ། དེ་ནས་ཡང་རྡོ་རྗེའི་ཕྱག་རྒྱས་འབུལ་བ་ནི། ཨི་དཾ། བཱ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨ་ཀྵ་ཏཾ། ད་དཱ་མ་ཧེ་ཏེ་ཙ་ཨཱ་ག་ཏྱ་ས་པཱ་རི་ཝཱ་ར། ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲིཧྣ་ཏུ། ཁཱ་དནྟུ། པི་ཝནྟུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲིབྟ། སརྦ་སཏྭཱ་ནཱཾ། ཤཱིནྟཾ། པུཥྚིཾ། རཀྵཾ། ཨ་ཝཱ་ར་ཎ། གུབྟིཾ། ཀུརྦནྟུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། རྡོ་རྗེའི་ཕྱག་རྒྱས་ཁྲོ་བོ་སྤྱན་དྲངས་པ་ནི། ཨོཾ་ཨཱཿཧཱུཾ་ཧོཿ ཨཱུཥྞི་ཥ། སུཾ་བྷ་ནི་སུཾ་བྷ། བིགྷྣཱན་ཨནྟ་ཀ ནཱི་ལ་དཎྚ། པྲཛྙཱ་ཨནྟ་ཀ ཊཀྐི་རཱ་ཛ། པདྨ་ཨནྟ་ཀ ཨ་ཙ་ལ། ཡ་མ་ཨནྟ་ཀ མཧཱ་བ་ལེ་བྷྱཿ གྲི་གུག་གི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུཾ་ཧོཿ ཨ་ཀཱ་ཤ། བཱ་ཡུ། ཏེ་ཛ། ཨུ་ཏ་ཀ པྲི་ཐི་ཝེ། སཱ་དྷི་བྷྱཿ རལ་གྲིའི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུཾ་ཧོཿ པྲཧྨ། བིཥྞུ། ནྲི་ཏྱ། ཝཱ་ཡུ། ཡ་མ། ཨགྣེ། ས་མུ་ཏྲ། ཨི་ཤྭ་ར། ཨིནྡྲ། ཡཀྵེ་བྷྱཿ རིན་པོ་ཆེའི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུཾ་ཧོཿ ར་ཧུ། ཀཱ་ལ། ཨགྣེ། ཙནྡྲ། སུརྱ། བུདྡྷ། མཾ་ག་ལ། ཤུ་ཀྲ། པྲི་ཧསྤ་ཏི། ཀེ་ཏུ་ཤ་ནི་བྷྱཿ པདྨའི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུཾ་ཧོཿ ཛ་ཡ། བི་ཛ་ཡ། པདྨ། ཀརྐོ་ཊ་ཀ བ་སུ་ཀི། ཤཾ་ཁ་པཱ་ལ། ཀུ་ལི་ཀ ཨ་ནནྟ། ཏཀྵ་ཀ མཧཱ་པངྨེ་བྷྱཿ འཁོར་ལོའི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུཾ་ཧོཿ བེ་ཏཱ་ཊ། བི་ཀྲི་ཏ། མུ་ཁ། ཤྭ། ཀ་ཀ སཱུ་ཀ་ར། གྲི་དྷ། བྱཱ་གྷྲ། ཨཱུ་ལུ་ཀ ཛཾ་བུ་ཀ ག་རུ་ཊ་མུ་ཁེ་བྷྱཿ ཞེས་པ་རྣམས་ཀྱི་མཐར། ས་པཱ་རི་ཝཱ་རེ་བྷྱཿ ཨི་དཾ། བཱ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཛ་ཨཱ་ག་ཏྱ། ས་པཱ་རི་ཝཱ་ར། ཤཱི་གྷྲཾ། ཨི་དཾ། བཱ་ལིཾ། གྲིཧྞ་ཏུ། ཁཱ་དནྟུ། པི་ཝཱནྟུ། ཛཿཧཱུཾ་བཾ་ཧོཿ སཾ་དྲིབྟ། སརྦ་སཏྭ་ནཱཾ། ཤཱིནྟཾ། པཱུཥྚིཾ། རཀྵཾ། ཨ་བཱ་ར་ཎ། གུབྟིཾ། ཀུརྦནྟུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། ཕྱི་མཆོད་ནི། བཛྲ་བྷཻ་ར་ཝ་བྷཱི་ཀ་ར་ཡ། ས་པཱ་རི་ཝཱ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ བཛྲ་དྷཱུ་པཾ་པྲ་ཏཱིཙྪ་ན་མཿ བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ བཛྲ་ནཻ་ཝི་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཨ་ཀྵ་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཧཱ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་བཱ་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ནྲི་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་གཱི་ཏཾ་པྲ་ཏིཙྪ་ན་མཿ བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཞེས་མཆོད་པ་བཅུ་གཉིས་ཕུལ། ནང་མཆོད་ནི། ཨོཾ་བཛྲ་བྷཻ་ར་ཝ། ཧ་ཡ་ར་ཝ་ལ། ང་ཉ་ཎ་མ་ན། གྷ་ཛྷ་ཌྷ་བྷ་དྷ། ག་ཛ་ཌ་བ་ད། ཁ་ཚ་ཋ་ཕ་ཐ། ཀ་ཙ་ཊ་པ་ཏ། ཨོཾ་ཨཱཿཧཱུཾ། བསྟོད་པ་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེ་ཆེན་པོས་རྔམ་པའི་སྐུར་སྟོན་ཅིང་། །བདུད་དང་ཉོན་མོངས་སྙིང་ཁྲག་གསོལ་མཛད་པའི། །ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ལ་འདུད། །དཔལ་ལྡན་གཙུག་ཏོར་གནོད་མཛེས་ཤིན་ཏུ་སྟོབས། །དབྱུག་སྔོན་རྨུགས་བྱེད་འདོད་པའི་རྒྱལ་པོ་དང་། །ཁེངས་བྱེད་མི་གཡོ་རེངས་བྱེད་སྟོབས་པོ་ཆེ། །རབ་བརྗིད་ཁྲོ་རྒྱལ་བཅུ་ལ་ཕྱག་འཚལ་ལོ། །ནམ་མཁའ་རླུང་མེ་ཆུ་དང་ས་རྣམས་ཀྱི། །ཟད་པར་བརྙེས་པ་རྣམ་པ་གཉིས་གཉིས་ཏེ། །ཕྱོགས་བཅུ་རང་རང་འབྱུང་བའི་གདན་བཞུགས་པའི། །གྲུབ་པ་ཆེན་པོ་བཅུ་ལ་ཕྱག་འཚལ་ལོ། །ཚངས་པ་ཁྱབ་འཇུག་བདེན་བྲལ་རླུང་ལྷ་དང་། །གཤིན་རྗེ་མེ་ལྷ་རྒྱ་མཚོ་དྲག་པོ་དང་། །ལྷ་ཡི་དབང་པོ་དང་ནི་གནོད་སྦྱིན་ཏེ། །ཕྱོགས་སྐྱོང་ཆེན་པོ་བཅུ་ལ་ཕྱག་འཚལ་ལོ། །སྒྲ་གཅན་དུས་མེ་ཟླ་བ་ཉི་མ་དང་། །གཟའ་ལྷག་བཀྲ་ཤིས་པ་སངས་ཕུར་བུ་དང་། །དུ་བ་མཇུག་རིང་དང་ནི་སྤེན་པ་སྟེ། །གཟའ་མཆོག་ཆེན་པོ་བཅུ་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམ་རྒྱལ་སྟོབས་རྒྱུ་པདྨ་དང་། །ནོར་རྒྱས་དུང་སྐྱོང་མཐའ་ཡས་རིགས་ལྡན་དང་། །འཇོག་པོ་དང་ནི་པདྨ་ཆེན་པོ་སྟེ། །ཀླུ་རྒྱལ་ཆེན་པོ་བཅུ་ལ་ཕྱག་འཚལ་ལོ། །རོ་ལངས་གྲུལ་བུམ་ཁྱི་དང་བྱ་རོག་དང་། །ཕག་དང་བྱ་རྒོད་སྟག་དང་འུག་པ་དང་། །ལྕེ་སྤྱང་ནམ་མཁའ་ལྡིང་གི་གདོང་ཅན་ཏེ། །འབྱུང་པོ་ཆེན་པོ་བཅུ་ལ་ཕྱག་འཚལ་ལོ། །སྡེ་དྲུག་སྲུང་མ་དྲུག་ཅུ་འཁོར་བཅས་ལ། །མཆོད་གཏོར་འདི་དང་དྲི་དང་མེ་ཏོག་དང་། །བདུག་སྤོས་སྣང་གསལ་མ་ཉམས་བདག་འབུལ་གྱི། །དེ་རྣམས་འཁོར་དང་བཅས་པ་ཚུར་བྱོན་ལ། །གཏོར་མ་འདི་རྣམས་ལེན་ཅིང་གསོལ་བ་དང་། །བཏུང་བར་མཛད་དེ་ཤིན་ཏུ་མཉེས་པ་ཡིས། །འགྲོ་ལ་ཞི་རྒྱས་སྲུང་སྐྱོབ་སྦ་བ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། །ཀླུ་དང་འབྱུང་པོས་ལུས་ཀྱི་ཁམས་བསྲུང་ཞིང་། །གཟའ་དང་ཕྱོགས་སྐྱོང་ངག་གི་ཁམས་བསྲུང་སྟེ། །ཟད་པར་ཁྲོ་བོས་སེམས་ཀྱི་ཁམས་བསྲུང་ཞིང་། །ཁམས་དྲུག་ལྡན་པའི་ཁམས་ཀུན་རབ་བསྲུངས་ནས། །འཁོར་ལོ་དྲུག་ཏུ་རླུང་སེམས་རབ་འཆིངས་ཏེ། །རྒྱལ་བ་རིགས་དྲུག་གོ་འཕང་མྱུར་ཐོབ་ཤོག། །།
ནང་མཆོད་བྱིན་རླབས།
ཨོཾ་ཨཱ་བིགྷྣཱནྟ་ཀྲིཏ་ཧཱུཾ་ཕཊ། ཅེས་པས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་གི་དབུས་སུ་ན་ལས་མིའི་ཤ་ཡ་ཡིག་གིས་མཚན་པ། ཤར་དུ་ཀོ་ལས་བ་ལང་གི་ཤ་ཀྵེས་མཚན་པ། ལྷོར་ཀུ་ལས་ཁྱིའི་ཤ་མས་མཚན་པ། ནུབ་ཏུ་ད་ལས་རྟའི་ཤ་མས་མཚན་པ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་དས་མཚན་པ། དབུས་ཀྱི་སྟེང་དུ་ཤུ་ལས་བྱང་སེམས་ཧཱུཾ་གིས་མཚན་པ། ཤར་ལྷོར་བི་ལས་དྲི་ཆེན་ཛས་མཚན་པ། ལྷོ་ནུབ་ཏུ་མུ་ལས་དྲི་ཆུ་སས་མཚན་པ། ནུབ་བྱང་དུ་མ་ལས་ཀླད་པ་དོས་མཚན་པ། བྱང་ཤར་དུ་ར་ལས་རཀྟ་རུས་མཚན་པ། རང་གི་སྙིང་ག་ནས་འོད་འཕྲོས། རླུང་གཡོས་མེ་སྦར། ཤ་ལྔ་བདུད་རྩི་ལྔ་ཡི་གེ་བཅུ་དང་བཅས་པ་ཞུ། སྤྲིས་མ་སྣ་ཚོགས་རྡོ་རྗེའི་ཚུལ་དུ་ཆགས་པའི་ལྟེ་བར་ཞེ་སྡང་གཤིན་རྗེ་གཤེད། ཤར་དུ་གཏི་མུག་གཤིན་རྗེ་གཤེད། ལྷོར་སེར་སྣ་གཤིན་རྗེ་གཤེད། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་རྣམས་རང་རང་གི་ཡུམ་དང་བཅས་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཡབ་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་རྣམས་ཀྱི་པདྨར་བབས་པས། ཡབ་ཡུམ་བཅུ་རྗེས་ཆགས་ཀྱི་མེའི་འོད་དུ་ཞུ་ནས་རྫས་རྣམས་ལ་ཐིམ་པས། ཁ་དོག་དང་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ
འཇིགས་བྱེད་ཀྱི་གཏོར་ཆོག
ཨོཾ་ཡ་མནྟ་ཀས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་གྱི་ནམ་མཁའི་གནས་སུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་དགུ་ཕྱག་སུམ་ཅུ་རྩ་བཞི་ཞབས་བཅུ་དྲུག་མནན་པ་དང་ལྡན་པ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཤིན་རྗེ་གཤེད་ཀྱི་ཚོགས་ཀྱིས་བསྐོར་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། སྔགས་གསུམ་གའམ་སྙིང་པོའི་མཐར། སརྦ་བིགྷྣཱན་ཤ་ཏྲུཾ་མཱ་ར་ཡ་ཨེ་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་ཕུལ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཾ། ཨོཾ་བཛྲ་གིརྟི་ཧྲཱིཿ ཨོཾ་བཛྲ་ནྲཱི་ཏི་ཨཱཿ ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ཞེས་ཕྱི་མཆོད་དང་། སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང་། །ཤེལ་ལ་ཚོན་ནི་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོཿ རོལ་ཏུ་གསོལ་བསྣམས་པར་མཛོད། །མི་འཛིན་སྒྱུ་མ་ལྟ་བུ་ལ། །དགྱེས་པའི་གར་གྱིས་རོལ་བར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མིག་ཡོར་བཞིན་དུ་རོལ་དུ་གསོལ། །ཧོ། ཆགས་པ་མེད་ཅིང་ཆགས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཧཱུཾ། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །སྤྲོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་བསྟན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །གཤིན་རྗེ་གཤེད་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་ཀྱིས་འཕྲིན་ལས་བཅོལ་ལོ། །
༈ ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཕཊ་སྭཱཧཱ།
འབྱུང་འདུལ་གྱི་གཏོར་ཆོག
ཨོཾ་བཛྲ་ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་སྣོད་ཐོད་པར་གྱུར་པའི་ནང་དུ་གཏོར་རྫས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་གསང་བདག་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཧཱུཾ་བཛྲ་ཕཊ། ཨོཾ་བྷཱུ་ཏ་ཌ་མ་རུ་བྷཱུ་ཏ་ཨ་དྷི་པ་ཏི་ཨཀྵོ་བྷྱཿ ཀི་རི་ཊི་ན་སརྦ་བྷཱུ་ཏ། པྲེ་ཏ་པི་ཤ་ཙི་ས་དྷ་ཡ་སྭཱཧཱ། སརྦ་བིགྷྣཱན་ཤ་ཏྲུཾ་མཱ་ར་ཡ་ཨེ་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་ཕུལ། ཨོཾ་བཛྲ་པཱ་ཎི་ས་པཱ་རི་ཝཱ་ར་ཨརྒྷཾ། ནས། ཤབྟའི་བར་གྱིས་མཆོད། སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། དཔལ་ཆེན་དྲི་མེད་ནམ་མཁའི་མདངས་དང་ལྡན། །དུས་མཐའི་སྤྲིན་མཚུངས་ཧཱུཾ་སྒྲ་འབྲུག་སྟོང་ཆེ། །འབར་བའི་རྡོ་རྗེས་བགེགས་ཀྱི་ཀླད་པ་འགེམས། །ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཀུན་འགྲུབ་ཤོག །ཅེས་འཕྲིན་ལས་བཅོལ།
རྟ་མགྲིན་གྱི་གཏོར་ཆོག
ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རང་གི་སྙིང་ཁའི་འོད་ཟེར་གྱིས་དགྲ་བགེགས་ཐམས་ཅད་བཀུག རྡོ་རྗེ་ཁྲོ་བོ་རྣམས་ཀྱིས་ཚར་བཅད་པའི་ཤ་ཁྲག་གི་ཕུང་པོ་གཏོར་མ་དང་གཅིག་ཏུ་འདྲེས་པར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཞེས་བྱིན་གྱིས་བརླབས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། འོག་མིན་ནས་དཔལ་པདྨ་དབང་ཆེན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛཿ སྙིང་པོའི་མཐར། ཨེ་དམ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུཉྫ་ཧོ་རཀྵ་པི་ཝ་ཏི་ས་མ་ཡ་སྭཱཧཱ། ཞེས་བཏགས་པ་ལན་ལྔའམ་བདུན་སོགས་ཀྱིས་ཕུལ། ཨོཾ་ཧྱ་གྲི་ཝ་ས་པཱ་རི་ཝཱ་ར་ཨརྒྷཾ། ནས། ཤབྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་དང་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འདོད་དོན་གསོལ་བ་བཏབ་བོ། །
ཕུར་བའི་གཏོར་ཆོག
ཕུར་བའི་གཏོར་བསྔོ་བསྡུས་པ་ནི། ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དམ་རྫས་གཏོར་མ་ཟག་པ་མེད་པའི་གཏེར་ཆེན་པོས་ཡོངས་སུ་གང་བར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཞེས་པས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་དག་པའི་དབྱིངས་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཨོཾ་བཛྲ་ཀུ་མ་ར་ས་པཱ་རི་ཝཱ་རེ་བྷྱཿཨེ་དཾ་བཱ་ལིཾ་ཏ་སོགས་བཏགས་པ་ལན་བདུན་དང་འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཧཱུཾ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །སྲས་མཆོག་ཁྲོ་བཅུ་ཟ་གསོད་ཁྲ་ཐབས་བཅས། །དམ་ཅན་བཅུ་གཉིས་མིང་པོ་ལ་སོགས་པའི། །འཁོར་དང་ཡང་འཁོར་རྣམས་ལ་བསྟོད་པར་བགྱི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གསོལ་བ་བཏབ་བོ། །ཞེས་ཕུར་བའི་གཏོར་བསྔོ་བར་ཆད་ཀུན་སེལ་ཞེས་བྱ་བ་འདི་ཡང་འོད་རབ་ལ་མཁོ་ནས་མ་ཏི་ཀཱིརྟིས་སྨྲས་པའོ། །
སྒྲོལ་མའི་གཏོར་ཆོག
སྒྲོལ་མའི་གཏོར་བསྔོ་བསྡུས་པ་ནི། ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་བདུད་རྩིའི་རང་བཞིན་ཟག་པ་མེད་པར་གྱུར། ཨོཾ་ཨཱཿཧཱུཾ། སྙིང་ཁའི་འོད་ཟེར་གྱིས་དབྱིངས་དག་ཆེན་ན་བཞུགས་པའི་ལྷ་མོ་འཕགས་མའི་ལྷ་ཚོགས་སྐད་ཅིག་གིས་སྤྱན་དྲངས། ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་རེ་བྷྱཿ ན་མཿསརྦ་ཏ་ཐཱ། ནས། བཱ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ་སོགས་ཀྱིས་གཏོར་མ་འབུལ། ཨརྒྷཾ། ནས། ཤབྟའི་བར་གྱིས་མཆོད། ཏཱྃཿ རྒྱལ་ཀུན་འཕྲིན་ལས་མངའ་བདག་མོ། །འཇིགས་པ་ཀུན་ལས་སྐྱོབས་མཛད་ལྷ། །སྒྲོལ་མ་ལྷ་མོ་ཉེར་གཅིག་ཚོགས། །མ་ལུས་འཁོར་དང་བཅས་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། ཞེས་པ་འདི་ཡང་མ་ཏིས་སྦྱར་བའོ། །
མགོན་པོ་ནག་པོ་ཆེན་པོའི་གཏོར་ཆོག
གཉིས་པ་དཔལ་མགོན་པོ་ནག་པོ་ཆེན་པོ་འཁོར་བཅས་ལ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧོཿ སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའི་གནས་སུ། དུར་ཁྲོད་ཆེན་པོའི་དབུས་སུ་དགྲ་བགེགས་ཐམས་ཅད་མནན་པའི་སྟེང་དུ། པཾ་ལས་པདྨ་དང་། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་ཆེན་པོ་དུས་ཀྱི་མུན་པ་ལྟ་བུའི་སྐུ་མདོག་ཅན། ཆེ་ཞིང་ཆེར་འབར་བ། ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཅར་གྱི་དབུས་ན་རྣམ་འཕྲུལ་གྱི་གནྡྷེ་བསྣམས་པ། སྤྱན་གསུམ་དང་ལྡན་པ་ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་ཀླུབས་པ། མིའུ་ཐུང་གེལ་བའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག གཡོན་ན་ཁྱི་ནག རྒྱབ་ན་ལྕགས་སྤྱང་། མདུན་ན་མི་ནག སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། མི་བསྐྱོད་པའི་དབུ་རྒྱན་ཅན། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། འཁོར་ལས་བྱེད་སྤྲུལ་པ་ཡང་སྤྲུལ་སྡེ་བརྒྱད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །དེའི་གཡོན་དུ་མཾ་ལས་ཨེ་ཀ་ཛ་ཏི་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་བཟས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་ཅན། རལ་པ་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ། ཁྲོ་མོའི་རྣམ་པ་ཅན། དེའི་ལྟོ་བ་ཡངས་པའི་ནང་དུ། དྲག་ལས་ཁྲག་གི་རྒྱ་མཚོའི་དབུས་སུ་བྷྱོཿལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། བོང་བུ་གྭ་པ་ལ་ཞོན་པ། སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་གང་བ། གཡོན་གྱི་དང་པོ་ན་མདུང་། གཉིས་པ་ན་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། བ་གླང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། ཀླུའི་དབང་པོའི་སྐ་རགས་བཅིངས་པ། སྤྱན་གསུམ་དང་ལྡན་ཞིང་། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྙན་གཡས་པ་ལ་དུག་སྦྲུལ་དང་། གཡོན་པ་ལ་སེང་གེས་བརྒྱན་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་། ཞག་གི་ཟོ་རིས་དང་། ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིད་ཅིང་ལྟེ་བའི་ཐད་ཀ་ནས་ཉི་ཟླ་འཆར་བ། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུཾ་དང་བྷྱོཿའི་སྒྲ་སྒྲོགས་པའོ། །གཞན་ཡང་ལྕམ་དྲལ་གསུམ་གྱི་སྐུའི་མཐའ་བསྐོར་དུ། དགུག་གཞུག་བཅིང་མཉེས་མཛད་པའི་མཁའ་འགྲོ་ཆེན་མོ་བཞི། སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་ཕོ་ཉ་བྱེ་བ་གྲངས་མེད་པའི་ཚོགས་དང་། ཕྱོགས་སྐྱོང་བ་དང་། ཞིང་སྐྱོང་བ་དང་། ལྷ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེ་དང་། མ་མོ་ལ་སོགས་པ་ལྷ་སྲིན་སྡེ་བརྒྱད་ཀྱིས་ཡོངས་སུ་བསྐོར་བར་གྱུར། མགོན་པོའི་ཐུགས་ཀ་ནས་ཡ་དང་། ལྷ་མོའི་ཐུགས་ཀ་ནས་མཾ་མདུན་དུ་སྤྲོས་པ་ལས་ཡ་ལས་ནག་པོ་གནོད་སྦྱིན་གཡས་གྲི་གུག་འཕྱར་ཞིང་། གཡོན་སྤར་བ་གདེངས་པའི་ལག་མཐིལ་ནས་ཉི་མ་འཆར་བ། མི་ལྤགས་ཀྱི་གཡང་གཞི་གྱོན་ཞིང་། གསེར་གྱི་རྣ་ཆ་ཅན། དེའི་གཡོན་དུ་མཾ་ལས་ནག་མོ་གནོད་སྦྱིན་གཡས་གསེར་གྱི་སྤུ་གྲི་དང་། གཡོན་སྤར་བ་གདེངས་པའི་ལག་མཐིལ་ནས་ཟླ་བ་འཆར་བ། དར་ནག་གི་ན་བཟའ་དང་། བྱི་རུའི་ལན་ཚར་ཅན། དེ་གཉིས་ཀྱི་ཐུགས་ཀ་ནས་ཡབ་ལས་ཏྲི་གཉིས་དང་། ཡུམ་ལས་བྷྱོཿགཅིག་སྤྲོས་པ་ལས་པུ་ཊ་མིང་སྲིང་གསུམ་དུ་གྱུར་ཏེ། དེ་དག་གི་མདུན་དུ་འཁོད་པ་ནི། ཏྲི་ལས་པུ་ཊ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཤང་ལང་གྲི་རིང་འཕྱར་ཞིང་། །གཡོན་ཐོད་པ་ཀླད་ཁྲག་དྲོན་མོས་གང་བ་འཛིན་ཅིང་ཞལ་དུ་གསོལ་བ། མེན་ཀྲིའི་ག་ཤ་དང་། དར་ནག་གི་ན་བཟའ་ཅན། ཏྲི་ལས་བྷ་ཊ་ནག་པོ་དར་གྱི་ག་ཤ་དང་། སྟག་སློག་གྱོན་པ། གཡས་དམ་ཤིང་དང་གཡོན་མི་སྙིང་འཛིན་ཅིང་གསོལ་བ། བྷྱོཿལས་སྲིང་མོ་རལ་གཅིག་མ་གཡས་གསེར་གྱི་སྤུ་གྲི་དང་གཡོན་རྒྱུ་མ་འཛིན་ཅིང་། མིག་ནས་ཁྲག་འཛག་པ། ཁ་ནས་མེ་འབར་བ། ལྔ་ཅར་ཡང་སྐུ་མདོག་མཐིང་ནག མོན་བུ་ཕོ་མོའི་ཆ་ལུགས་ཅན། མི་མགོའི་རྒྱན་དང་ལྡན་པ། རབ་ཏུ་ཁྲོས་ལ་རྔམ་ཞིང་འཁྲུགས་པས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་དུ་བཞུགས་པ། མེ་རླུང་འཚུབས་མའི་དབུས་ན་འགྱིང་བའོ། །དེའི་མཐའ་བསྐོར་དུ་གཡས་ཀྱི་རུ་འདྲེན་པ་སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། གཡོན་གྱི་རུ་འདྲེན་པ་དགེ་སློང་གི་གཟུགས་ཅན་བརྒྱ། སླད་ཀྱི་རྗེས་སུ་འབྲང་བ་བནྡྷེ་ནག་པོ་ཕུར་ཐོགས་བརྒྱ། མདུན་གྱི་བཤུལ་བྱང་འདྲེན་པ་བུད་མེད་ནག་མོ་བརྒྱ། གཞན་ཡང་དམ་ཉམས་ཀྱི་རྗེས་གཅོད་པའི་བྱ་ནག ཁྱི་ནག ལྕེ་སྤྱང་ལ་སོགས་པ་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་འཕྲོས་འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང་། རང་བཞིན་གྱི་གནས་ནས་ལྷ་མོ་དང་། རྡོ་རྗེ་གདན་གྱི་སྤོ་ནས་ལས་མགོན་རྣམས་དང་། གཞན་ཡང་དུར་ཁྲོད་ཆེན་པོ་བརྒྱད་དང་། བླ་མ་གོང་མ་རྣམས་ཀྱི་གདན་ས་ཁྱད་པར་ཅན་རྣམས་ནས་མགོན་པོ་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ མགོན་པོ་སྐུ་གཤེགས་གདན་ལས་བཞེངས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ་ཨེ་ཧྱ་ཧི། ཛཿཧཱུཾ་བཾ་ཧོཿ པདྨ་ཀ་མ་ལ་ཡེ་སྟྭཾ། བྷྱོཿ ལྷ་མོ་སྐུ་གཤེགས། ནས། གཤེགས་སུ་གསོལ། །ཨོཾ་མཧཱ་ཀཱ་ལི་དེ་བཱི་ཨེ་ཧྱ། སོགས། སྟྭཾ། ལས་མགོན་སྐུ་གཤེགས། ནས། གཤེགས་སུ་གསོལ། །ཨོཾ་ཀཱ་ལ་ཡཀྵ་ཡེ། ཀཱ་ལ་ཡཀྵ་སི་ཡཀྵ་པུ་ཊ་ཡེ། རུ་ཊ་བྷ་ཊ་ཡེ། རུ་ལུ་རཀྵ་སཱི་ཨེ་ཧྱ། ནས། སྟྭཾ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ། མཧཱ་ཀཱ་ལི་དེ་བཱི་ཡེ། གྲིཧྞ་དཾ་ཨརྒྷཾ། ནས། ཤབྟའི་བར་གྱིས་མཆོད། ཐལ་མོ་ཁོང་སྟོང་དུ་སྦྱར་བ་མགོན་པོའི་དམ་ཚིག་གི་ཕྱག་རྒྱ་དང་། ཐལ་མོ་སོར་མོའི་རྩེ་མོ་བསྣོལ་བ་ལྷ་མོའི་དམ་རྒྱའོ། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ། མཧཱ་ཀཱ་ལི་དེ་བཱི་ཡེ། ས་མ་ཡེ་སྨ་ར་ས་མ་ཡེ། མ་ཏི་ཀྲ་མ་ཡེ། ས་མ་ཡ་རཀྵནྟུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་བསྟན་པ་དང་བསྟན་པ་འཛིན་པ་རྣམས་དང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ་དང་། ལམ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བས་འདུལ་དུ་མ་འཚལ་ན། གང་ལ་གང་འཚམ་པའི་ཆད་པས་བཅད་པ་དང་། བསྐྲད་ཅིང་གཟིར་བ་དང་། དབྱེ་བ་དང་བསྡིགས་ཤིང་སྤ་སྐོང་བར་མཛད་དུ་གསོལ། མདོར་ན་ཆོས་བསྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང་། བསམ་སྦྱོར་ཆོས་དང་མཐུན་པའི་ཡིད་བཞིན་དུ་འགྲུབ་ཅིང་། བསྟན་པ་དང་། བསྟན་པ་འཛིན་པ་དང་། འཇིག་རྟེན་པ་ཀུན་དར་ཞིང་རྒྱས་པར་མཛད་དུ་གསོལ། ཨོཾ་ཀཱ་ལ་ཡཀྵ་ཡེ། སོགས་ གྲིཧྞ་དཾ་ཨརྒྷཾ་ ནས་ ཤབྟའི་བར་གྱིས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། ཨོཾ་ཀཱ་ལ་ཡཀྵ་ཡེ། སོགས་ ས་མ་ཡེ་སྨ་ར་སོགས་བཏགས། ལས་ཀྱི་མགོན་པོ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་ ནས་ རྒྱས་པར་མཛད་དུ་གསོལ། གྱི་བར་གོང་བཞིན་ལས་བཅོལ། བར་འདིར་བཟླས་པ་བྱེད་ན། མན་ངག་བཞིན་བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཅེས་ཡི་གེ་བདུན་པ་དང་། ཨོཾ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཡི་གེ་བཅུ་གཅིག་པ་དང་། རྩ་བའི་སྔགས། ཤཱ་ས་ན་ཡང་བཟླ། ཨོཾ་རོ་རུ་རོ་རུ་བི་ཏིཥྛ་བ་དྷོད་སི་ཀཱ་མ་ལ་རཀྵ་སཱི་ཧཱུཾ་བྷྱོཿ ཞེས་ལྷ་མོ་དང་། ཨ་ལི་ཨ་ལི་མ་ཛཿཛཿ ཤཾ་ཤཾ་ལི་ཤི་དེད་ཨ་ཤྭ་དེད་མོ་རྨུགས་པུ་ཊི་ཨ་ལི་མ་ཛ་ཛཿ ནག་མོ་ཤ་ལ་རུབ་ཛ་ཛཿ ཞེས་དྲེགས་པ་ཕོ་རྒྱུད་ཀྱི་འབོད་སྔགས་དང་། ཨོཾ་རོ་རུ་རོ་རུ་དྲི་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོཿཛ་ཛཿ ཞེས་དྲེགས་པ་མོ་རྒྱུད་ཀྱི་འབོད་སྔགས་རྣམས་ཀྱང་ཅི་རིགས་པར་བཟླའོ། །དེ་ནས་གཏོར་མ་འབུལ་བ་ནི། རྗོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་མཧཱ་ཀཱ་ལ་ཡེ། མཧཱ་ཀཱ་ལི་དེ་བཱི་ཡེ། ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོཿ སོགས་ཀྱིས་གོང་ལྟར་མཆོད། ཡང་ན་ན་མཿསརྦའི་ཚབ་ཏུ། ཨ་ཀཱ་རོ་བཏགས་པས་ཕུལ་ཀྱང་རུང་ངོ་། །དེ་བཞིན་དུ། ཨོཾ་ཀཱ་ལ་ཡཀྵ་ཡེ་སོགས་ཀྱི་མཐར་ནམ་མཁའ་མཛོད་ཀྱི་སྔགས་སམ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ལས་མགོན་རྣམས་ལ་ཕུལ། དེ་ནས་རཀྟ་དང་ཕུད་གཏོར་ཞིང་། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ཎི་ཨེ་ཥོ་ཨ་པཉྩི་མ་ཀ་ལོ། ཨ་ཡཾ་ཨེ་དཾ་རཏྣ་དྲ་ཡཱ་ཡ། ཨ་པ་ཀ་རི་ཎི། ཡ་ཏི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ། ཨེ་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲིཧྞ་གྲིཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ཀེ་ན་ཧཱུཾ་ཕཊ། ཨོཾ་རོ་རུ་རོ་རུ་བི་ཏིཥྛ་བ་དདྷོ་སི་ཀཱ་མ་ལ་རཀྵ་སི་ཧཱུཾ་བྷྱོཿཧཱུཾ། དེ་བཞིན་དུ། ཨ་ལི་ཨ་ལི་མ་སོགས་དང་། རོ་རུ་རོ་རུ་དྲི་ཙ་སོགས་བརྗོད། དེ་ནས་བསྟོད་པ་ནི། ཧཱུཾ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པ་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པས་ཞབས་བརྡབ་ས་གཞི་གཡོས། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པའི། །དམ་ཚིག་ཅན་ལ་བདག་བསྟོད་དོ། །དཔལ་ལྡན་མགོན་པོ་མཧཱ་ཀཱ་ལ་ཡ། །ལྷ་ཆེན་དཔལ་འབར་ནག་པོ་མཐུ་བོ་ཆེ། །མཧཱ་དེ་བའི་སྲས་པོ་དྲག་ཤུལ་ཆེ། །ཚོགས་བདག་ཆེན་པོ་མཧཱ་ཀཱ་ལ་ཡ། །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་དགྲ། །བསྟན་པ་ཡོངས་ཀྱི་སྲུང་མ་ནག་པོ་ཆེ། །ཆོས་འཁོར་ཡོངས་ཀྱི་སྲོག་ཤིང་ནག་པོ་ཆེ། །དམ་ཚིག་ཅན་གྱི་དགྲ་ལྷ་ནག་པོ་ཆེ། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམ་བུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །སྨན་རག་ཕུད་ཀྱི་གཏོར་མ་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཞེས་དང་། བྷྱོཿ གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་བསྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་ལྷ་མོ་ཁྱོད་ཀྱི་སྐུ། །རི་རབ་ལྷུན་པོ་ལྟ་བུར་བརྗིད། །དབང་པོ་སྔོན་པོ་ལྟ་བུར་འབར། །ཉི་མའི་ཟེར་ལྟར་སྤྲུལ་པ་འགྱེད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །སྤྱན་རྩ་དམར་པོ་གློག་ལྟར་འཁྱུག །མི་རོ་ཁར་བཅུག་མཆེ་བ་གཙིགས། །ཁྲག་གིས་གང་བའི་ཐོད་པ་དང་། །འཇིགས་པའི་མཚོན་ཆས་ཕྱག་རྣམས་སྦྲེལ། །མི་མགོ་རིན་ཆེན་རུས་པས་སྤྲས། །ཀླུ་དབང་སེང་གེ་ལྕགས་སྒྲོག་དང་། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །ཀོ་རློན་རེ་ལྡེ་གོས་སུ་གྱོན། །བོང་བུ་གྭ་ཞོན་མཚན་མོ་རྒྱུ། །ཤིན་ཏུ་རིད་ཅིང་མི་སྡུག་མ། །འཇིགས་གཟུགས་མ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གསུང་གི་ང་རོའི་དབྱངས། །འབྲུག་སྟོང་ལྡིར་བའི་སྒྲ་སྒྲོགས་པས། །ཁམས་གསུམ་མ་ལུས་ཟིལ་མནན་ནས། །ས་གསུམ་གཡོ་བར་མཛད་ལ་འདུད། །ཁྱོད་ཐུགས་ཞི་ལ་རབ་གཞོལ་ཡང་། །སྙིང་རྗེའི་དབང་གིས་སྲིད་ལ་བཞུགས། །ཁྲོ་དང་འཁྲུགས་དང་རྔམ་པ་ཡིས། །བདུད་དཔུང་ངེས་པར་འཇོམས་ལ་འདུད། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །འདིར་གཤེགས་རྒྱན་གྱི་སོགས་ཀྱིས་འཕྲིན་ལས་བཅོལ། གནོད་སྦྱིན་ཡབ་ཡུམ་འཇིགས་པའི་གཟུགས། །རྔམ་ཞིང་འཁྲུགས་པའི་ཆ་ལུགས་ཀྱིས། །བདུད་དང་དགྲ་བགེགས་འཇོམས་མཛད་པའི། །བསྟན་བསྲུངས་ཡབ་ཡུམ་ཆེ་ལ་བསྟོད། །མོན་བུ་པུ་ཊ་ནག་པོ་བསྐྱོད། །མེན་ཀྲིའི་ག་ཤ་སྐུ་ལ་གསོལ། །ཤེར་ཤིང་སེག་ཤིང་ཕྱག་ན་བསྣམས། །པུ་ཊ་ནག་པོ་ཁྱོད་ལ་བསྟོད། །མོན་བུ་བྷ་དྲ་སྟག་སླག་བཀྲ། །དར་གྱི་ག་ཤ་སྐུ་ལ་གསོལ། །ཕྱག་ན་དམ་ཤིང་རྣོན་པོ་བསྣམས། །མོན་བུ་བྷ་ཊ་ཁྱོད་ལ་བསྟོད། །མོན་མོ་གསེར་གྱི་སྤུ་གྲི་མ། །ནག་མོ་ཆེན་མོ་ཁ་འབར་མ། །ཕྱག་ན་གསེར་གྱི་སྤུ་གྲི་བསྣམས། །ནག་མོ་ཁྱོད་ལ་བདག་བསྟོད་དོ། །བུད་མེད་ནག་མོ་ཆེན་མོ་བརྒྱ། །གཤེགས་ཀྱི་དེ་ནི་བཤུལ་ཡང་འདྲེན། །གཡས་ཀྱི་ཕྱོགས་ནས་རུ་འདྲེན་པ། །སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། །གཡོན་གྱི་ཕྱོགས་ནས་རུ་འདྲེན་པ། །དགེ་སློང་ཉན་ཐོས་དགྲ་བཅོམ་བརྒྱ། །སླད་ཀྱི་རྗེས་འབྲང་འཇིགས་རུང་བ། །བནྡྷེ་ནག་པོ་ཕུར་ཐོགས་བརྒྱ། །འཁོར་བཅས་རྣམས་ལ་བསྟོད་པ་འབུལ། །སྐབས་གསུམ་དག་ཀྱང་བསྟོད་པ་འབུལ། །ལས་ཀྱི་མགོན་པོ་ཕོ་ཉ་འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་སོགས་གོང་བཞིན་ལས་བཅོལ། བསྡུ་ན། འདིར་གཤེགས་རྒྱན་གྱི་ཞེས་པ་སོ་སོར་སྦྱར་ལ། དཔལ་ལྡན་མགོན་པོ་འཁོར་དང་བཅས་པ་ཀུན། །ཤ་ཁྲག་དམར་གྱི་སོགས་ལན་གཅིག་གིས་འཕྲིན་ལས་བཅོལ་ལོ།། །།
ལས་མགོན་ཟངས་གྲི་ཅན་གྱི་གཏོར་ཆོག
ཨོཾ་སྭཱ་སྟི། བླ་མ་ཡི་དམ་མགོན་པོ་ལ། །བཏུད་ནས་གུར་གྱི་མགོན་པོ་དང་། །དབྱེར་མེད་མཆོག་གི་ལས་མཁན་ནི། །ཟངས་གྲི་ཅན་གྱི་སྒྲུབ་ཐབས་བཤད། །ཡི་དམ་གྱི་བདག་བསྐྱེད་སྔོན་དུ་སོང་ནས། མཎྜལ་མཐིང་ནག་འབར་བ་ཚོམ་བུ་ནག་པོ་དང་བཅས་པ། དེའི་དབུས་སུ་བདུད་བཤོས་ཟུར་གསུམ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། གཏོར་མ་ཡི་དམ་མངོན་རྟོགས་ལྟར་བྱིན་གྱིས་བརླབས། བསངས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་དུར་ཁྲོད་ཆེན་པོའི་དབུས་སུ། རྡོ་རྗེའི་བྲག་རི་དམར་ནག་གི་སྟེང་དུ། དྲག་པོ་འབར་བའི་གཞལ་མེད་ཁང་འཇིགས་སུ་རུང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ། ཧཱུཾ་ལས་ཟངས་གྲི་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ལས་ཀྱི་མགོན་པོ་ཟངས་གྲི་ཅན་མཐིང་ནག་ཕྱག་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་པ་སྙིང་ཁྲག་གིས་གང་བ་འཛིན་པ། སྦོམ་ཐུང་གཟི་བརྗིད་ཆེ་བ་སྲིན་པོའི་ཆ་ལུགས་ཅན། ཞབས་ལ་སག་ཏིའི་ལྷམ་ཡུ་རིང་གསོལ་ཞིང་། གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་། དགྲ་བགེགས་ཀྱི་བམ་ཆེན་མནན་པ། ཤ་འགགས་དཀར་པོ་དང་ལྗང་ཁུ་བརྩེགས་ཤིང་། དར་ནག་གི་འཇོལ་བེར་དགུ་བརྩེགས་མནབ་པ། སྦྲུལ་དང་མི་མགོས་བརྒྱན་ཅིང་། མེ་དཔུང་འབར་བའི་དབུས་ན་བཞུགས་པ་འཁོར་གཤིན་རྗེ་ཕོ་མོ་དང་སྲིན་པོ་ཕོ་མོའི་ཚོགས་ཀྱིས་བསྐོར་བའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླང་དམ་བཅས་བཞིན། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་གཤེགས། །ཨོཾ་མཧཱ་ཀཱ་ལ་རུ་པ་ས་མཱ་ཡ་ཛཿ ཛཿ ཧཱུཾ་བཾ་ཧོཿ ས་མ་ཡ་ཧོ། ས་མ་ཡ་སྟྭཾ། གྱིས་དམ་ལ་བཞག འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཧ་ན་ཧ་ན་བཛྲ་ས་མཱ་ཡ་མ་ཏི་ཀྲ་མ་ནི་ཧཱུཾ་ཕཊ། ཅེས་མནའ་ཆུ་བླུད། ཨོཾ་མཧཱ་ཀཱ་ལ་རུ་ཏྲ་ས་པཱ་རི་ཝཱ་ར་ཨརྒྷཾ།ནས། ཤབྟའི་བར་གྱིས་མཆོད། ཧཱུཾ། གསོད་བྱེད་ལས་ཀྱི་མགོན་པོ་ནི། །ཟངས་གྲི་ཐོད་པས་ཕྱག་གཉིས་སྦྲེལ། །གནོད་བྱེད་ཐལ་བར་བརླག་མཛད་པའི། །འཕྲིན་ལས་དབང་ཕྱུག་ཁྱོད་ལ་བསྟོད། །ཅེས་བསྟོད་དེ་བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་མཧཱ་ཀཱ་ལ་ཀཱ་ལ་རུ་པ་ས་མཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་དྲག་ཏུ་བཟླས་མཐར། ཨོཾ་མཧཱ་ཀཱ་ལ་རུ་ཏྲ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ ནས། བཱ་ལིཾ་ཏ་ཡེ་སྭཱཧཱ། ལན་བདུན་གྱིས་ཕུལ། ཨརྒྷཾ། ནས། ཤབྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ། ལས་ཀྱི་མགོན་པོ་མཧཱ་ཀཱ་ལ་ནི། །སངས་རྒྱས་སྟོང་གི་བསྟན་པ་བསྲུང་བ་པོ། །བླ་མ་དམ་པའི་སྐུ་དགྲ་འདུལ་བ་པོ། །དུས་ཀྱི་གཟུགས་ཅན་ཁྱོད་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ་བ་གདབ། ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་སོགས་སྤྱི་དང་འདྲའོ། །རྗེས་གནང་གི་སྔོན་འགྲོའི་བྱ་བ་དང་། སྐུའི་རྗེས་གནང་ཡན་ཆད་གུར་མགོན་ལྕམ་དྲལ་གྱི་རྗེས་གནང་ཉིད་འདོན་པ་སྤོ་བ་རུང་ཞིང་། གསུང་གི་རྗེས་གནང་བཟླས་ལུང་དཀྱུས་མ་དང་། ཐུགས་ཀྱི་རྗེས་གནང་ཕྱག་མཚན་གྲི་ཐོད་ལག་ཏུ་གཏད་ལ། སངས་རྒྱས་ཀུན་གྱི་ཐུགས་ཀྱི་རྟེན། །ཐབས་དང་ཤེས་རབ་འབྲེལ་བར་ཟུངས། །དངོས་གྲུབ་ཚོགས་ལ་རོལ་བ་དང་། །གདུག་པའི་དགྲ་བགེགས་ཚར་ཆོད་ཅིག །སྙིང་པོ་བཟླས་ལ་བྱིན། དེ་ནས་གཏོར་མ་བཀའ་བསྒོ་བྱ། རྗེས་སྤྱི་དང་འདྲ། བསྙེན་བསྒྲུབ་ལས་ཚོགས་ནི་ཡིག་རྙིང་དུ་ཤེས་པར་བྱའོ། །ས་སྐྱའི་ལུགས་ལ་རྣམ་ཀུན་ཏུ། །ལས་མཁན་ཡིན་ཞེས་དགའ་བར་བསྔགས། །འོན་ཀྱང་གུར་མགོན་ཉིད་དུ་ངེས། །སྒྲུབ་ཐབས་སྙིང་པོ་མདོ་ཙམ་མོ། །བེར་ནག་ཟངས་གྲི་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །བཀྲ་ཤིས།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆོག
ཨོཾ་སྭཱ་སྟི། བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ལོ། །ནང་མཆོད་དང་གཏོར་མ་རྣམས་ཡི་དམ་ལྟར་བྱིན་གྱིས་བརླབས་ལ། རང་གི་མདུན་དུ་པད་ཉི་ལ་ཧཱུཾ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐུ་མདོག་མཐིང་ནག་དང་པོ་གཉིས་གྲི་ཐོད། བར་བ་གཉིས་མི་མགོའི་ཕྲེང་བ་དང་རྩེ་གསུམ། ཐ་མ་གཉིས་ཌཱ་མ་རུ་དང་ཞགས་པ། སྟག་ལྤགས་དང་མགོ་ཕྲེང་རུས་པ་དང་སྦྲུལ་དང་ཕྱག་ཞབས་ལ་དྲིལ་བུ་གཡེར་ཁའི་འཕྲེང་བས་བརྒྱན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་ཚོགས་ཀྱི་བདག་པོ་མནན་པ། སྤྱན་གསུམ་མཆེ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་གྱེན་དུ་བརྫེས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། སིནྡྷུ་རའི་ཐིག་ལེ་དཔྲལ་བར་བྱུགས་པ། ཙན་དན་གྱི་སྡོང་བོ་ལ་རྒྱབ་བརྟེན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་གཡོན་དུ་བྷྱོཿལས་དཔལ་ལྡན་ལྷ་མོ་ནག་མོ་དྲེའུ་ལ་ཞོན་པ། ཁྲམ་ཤིང་དང་ནད་སྐྱལ་ཐོགས་པ། མདུན་དུ་གནོད་སྦྱིན་ཀྵེ་ཊ་པ་ལ་སྨུག་ནག་གྲི་ཐོད་འཛིན་པ། དོམ་ནག་སྨྱོན་པ་ལ་ཞོན་པ། གཡས་སུ་ཛི་ན་མི་དྲ་དམར་ནག་ཅིང་ཏེའུ་དང་འཁོར་ལོ་འཛིན་པ། རྒྱབ་ཏུ་ཊཱཀྐི་ར་ཛ་ནག་པོ་སྤུ་གྲི་དང་ཐོད་ཁྲག་འཛིན་པ། གཡོན་དུ་བདུད་མགོན་དྲཀྴད་ནག་པོ་རུ་མཚོན་དང་ཐོད་སྙིང་འཛིན་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། དར་ནག་གི་འཇོལ་བེར་དང་སག་ལྷམ་གསོལ་བ། དེའི་ཕྱི་རོལ་ཏུ་དཔལ་མགོན་བདུན་ཅུ་རྩ་ལྔ་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཤར་ལྷོར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཙན་དན་གྱི་ཤིང་རྐང་གཅིག་པའི་དྲུང་ནས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང་། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ། ཨོཾ་བཛྲ་མཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཀྵེཾ། ཉེར་གཅིག བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ནང་མཆོད་ཕུལ་ལ། དེ་ནས་ ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵ་ཀྵེ་དྲ་པ་ལ་བིགྷྣཱན་བི་ན་ཡ་ཀཱ་ཧཱུཾ་ཧཱུཾ་ཕཊ། ཅེས་མང་དུ་བཟླའོ། །སྔགས་དེ་ཀའི་མཐར། ཨེ་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། བྷྱོཿམ་མོ་ནག་མོ་བེ་ཏ་ལི་སིནྡྷི་ཀུ་ལུ་ཀུ་ལུ་ཧཱུཾ་ཕཊ་ཨེ་དཾ་སོགས་ལན་གསུམ། ཨོཾ་ཀྵེ་ཊ་པཱ་ལ་བིགྷྣཱན་ཧཱུཾ་ཕཊ་ཨེ་དཾ་སོགས་ལན་གསུམ། ཨོཾ་ཛི་ན་མི་དྲ་བཱ་ཤཾ་ཀུ་རུ་ཧཱུཾ་ཕཊ་ཨེ་དཾ་སོགས་ལན་གསུམ། ཨོཾ་ཊཱཀྐི་ར་ཛ་ས་མ་ཡ་བྷྱོཿདུ་ཛ་ཧཱུཾ་ཕཊ་ཨེ་དཾ་སོགས་ལན་གསུམ། ཨོཾ་དུ་ཡག་ཛ་མཧཱ་ཀཱ་ལ་དྲཀྴད་ཧཱུཾ་ཕཊ་ཨེ་དཾ་སོགས་ལན་གསུམ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ཎི་ཨེ་ཥོ་ཨ་པཉྩི་མ་ཀ་ལོ། ཨ་ཡཾ་ཨེ་དཾ་རཏྣ་དྲ་ཡཱ་ཡ། ཨ་པ་ཀ་རི་ཎི། ཡ་ཏི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ། ཨེ་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲིཧྞ་གྲིཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ཀེ་ན་མཱ་ར་ཡ་ཧཱུཾ་ཕཊ། ཨེ་དཾ་སོགས་ལན་གསུམ་གྱིས་དམ་ཅན་སྤྱི་ལ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ། ཧཱུཾ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ན་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་བས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་ཁྲག་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་ར་ཡི་ཐིག་ལེ་བྱུག །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟེན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་པར་མཛོད། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས་ ཀུན་འགྲུབ་ཤོག །གི་བར་གྱིས་འདོད་དོན་གསོལ་བ་བཏབ། བླ་མ་མགོན་པོ་དབྱེར་མེད་པའི་གྲིབ་སེལ་ལ་སོགས་པའང་བཟླས་པའི་རྗེས་སམ། འདི་རྣམས་གང་རུང་དུ་བྱ་མ་བྱས་ཀྱང་རུང་། ཡིག་བརྒྱ་བཟོད་གསོལ་སྨོན་ལམ་བཀྲ་ཤིས་བརྗོད། ཕྱག་དྲུག་ཡེ་ཤེས་མགོན་པོའི་གཏོར་ཆོག་བསྡུས་པ་ཁྱེར་བདེ་འདི་ནི། གོང་དཀར་རྡོ་རྗེ་གདན་གྱི་སྐུ་གཉེར་བ་ཉི་མ་རྣམ་རྒྱལ་གྱིས་བསྐུལ་ངོར། ཏཱ་ར་ནཱ་ཐས་ཕོ་བྲང་གོང་དཀར་དུ་སྦྱར་བའོ། །དགེའོ།། །།
༈ ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །བསྟན་པའི་རུ་ཏྲ་འཇོམས་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །
དཔལ་མགོན་དྲཀྴད་ཀྱི་གཏོར་ཆོག
དཔལ་མགོན་དྲཀྴད་ཀྱི་གཏོར་བསྔོ་བསྡུས་པ་ནི། དཔལ་མགོན་དྲཀྴད་ལ་གཏོར་མ་འབུལ་བར་འདོད་ནའང་། ནང་མཆོད་ལ་དམིགས་ནས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་ཡེ་ཤེས་ཀྱི་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ་ཧ་ཧོཿཧྲཱིཿ དེ་ནས་ནང་མཆོད་གནས་ཁང་དང་མཆོད་གཏོར་རྣམས་ལ་གཏོར་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་ཐོད་མཁར་འབར་བའི་གཞལ་ཡས་ཁང་གི་ནང་དུ་ཨཱཿལས་ཡེ་ཤེས་ཀྱི་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་རྣམས་ཞུ་བ་ལས་བྱུང་བའི་མཆོད་གཏོར་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ནས། ཤབྟ་ཨཱཿཧཱུཾ། གི་བར་བརྗོད། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བྱང་ཤར་ཨུ་ཙ་ལ་ཡི་དུར་ཁྲོད་ནས་དཔལ་མགོན་དྲཀྴད་ལྕམ་དྲལ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨོཾ་ཤྲཱི་མཧཱ་ཀཱ་ལ་ག་ན་པ་ཏི་ཡཀྴ་བཻ་ཏ་ལི་ས་པཱ་རི་ཝཱ་ར་ཨརྒྷཾ། ནས། ཤབྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ། ཧཱུཾ། ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པ། །ལྷ་ཆེན་དཔལ་འབར་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དཔལ་མགོན་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་གྱུར། ཨོཾ་མཧཱ་ཀཱ་ལ་དྲི་ཡཾ་ཛཿ ས་མཱ་ཡ། ས་མཱ་ལོ་ཀཱི་ནི་མུན་བྷྱོཿཧཱུཾ་ཕཊ། བཱ་ལིཾ་ཨེ་དཾ་གྲིཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུཉྫ་ཧོ་རཀྵ་པི་པ་ཏི་ས་མཱ་ཡ་སྭཱཧཱ། ཨོཾ་དེ་བཱི་མཧཱ་ཀཱ་ལི་རེ་མ་ཏི་མཧཱ་བཱ་ལིཾ་ཏ་ཁཱ་ཧི། མཧཱ་མཾ་ས་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་ཀོ་རོ་ཙ་ན་ཁཱ་ཧི། མཧཱ་པཉྩ་ཨ་མྲི་ཏ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨ་ཀཱ་རོ་སོགས་གསུམ་མམ་ལྔས་ཕུལ། ཧཱུཾ། དཔལ་ལྡན་མཐུ་ཆེན་མཧཱ་ཀཱ་ལ་དང་། །དཔལ་ལྡན་ལྷ་མོ་གཉན་གྱི་རེ་མ་ཏི། །ལྕམ་དྲལ་ཁྱོད་ཀྱི་ཐུགས་ལས་སྤྲུལ་པའི་འཁོར། །མོན་པ་ཕོ་མོ་ལས་བྱེད་ཁྱི་མོ་དྲུག །བྱང་ཕྱོགས་གནོད་སྦྱིན་ལྷོ་ཕྱོགས་གཤིན་རྗེ་བརྒྱད། །མགོན་པོ་ལྷ་དམག་འབུམ་གྱི་ཚོགས་བཅས་དང་། །བདུད་དམག་ཉི་ཁྲི་ཆིག་སྟོང་གཅེར་བུ་འབུམ། །གཡས་དང་གཡོན་གྱི་རུ་འདྲེན་འཁོར་དང་བཅས། །ཉི་ཁྲི་བདུན་སྟོང་མ་མོ་བྱེ་བ་སོགས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་པོ་སྤུངས་པ་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུད་འདི་བཞེས་ཤིག །ཛམྦུ་དི་བའི་མཆོད་པ་འདི་བཞེས་ཤིག །དམ་ཉམས་དགྲ་བོའི་ཤ་ཁྲག་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོ་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ནད་དང་གནོད་པའི་རྐྱེན་རྣམས་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་འཕེལ་བ་དང་། །ཁྱད་པར་སངས་རྒྱས་བསྟན་པ་སྐྱོང་བ་དང་། །བླ་མས་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །རྒྱལ་བའི་བཀའ་དང་དམ་ཚིག་བདེན་པ་བཞིན། །བྱང་ཆུབ་སྒྲུབ་པའི་བར་ཆད་བྱེད་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཨོཾ། ཁྱེད་ཀྱིས། ནས། བཛྲ་མུཾཿ སྨོན་ལམ་དང་བཀྲ་ཤིས་བྱ། ཞེས་གཏོར་འབུལ་ཤིན་ཏུ་བསྡུས་པ་འདི་ནི་སྡེ་བ་དྲུང་ཡིག་པ་སོགས་དོན་གཉེར་ཅན་འགས་བསྐུལ་བའི་ངོར། ཟར་ཁང་ཕོ་བྲང་ཆེན་པོ་གནས་བཅུའི་ལྷ་ཁང་དུ་བྱ་བྲལ་བ་ངག་དབང་འཕྲིན་ལས་ཀྱིས་སྦྱར་བའོ།། །།
༄། །ཐོད་པ་སྣ་ཚོགས་མཁར་ནང་ཁྲག་མཚོའི་དབུས། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་རིན་ཆེན་ཁྲི། །པད་ཉི་མི་རོ་རྟ་རོ་ལ་གནས་པའི། །དུག་སྡོང་རཾ་ཡིག་མཚན་པ་ཡོངས་གྱུར་ལས། །ལྷ་ཆེན་དཔལ་འབར་སྲོག་བདུད་སྐུ་མདོག་སྨུག །རྟ་ནག་ལ་ཆིབས་ཞལ་གཉིས་ཕྱག་བཞི་བ། །གཡས་གཉིས་དུག་སྡོང་མེ་འབར་བདུད་ཞགས་དང་། །གཡོན་གཉིས་ཁྲམ་ཤིང་ཐོད་པ་སྙིང་བཅས་འཛིན། །མགོ་འཕྲེང་སྦྲུལ་བརྒྱན་དར་ནག་འཇོལ་བེར་གསོལ། །དེའི་གཡོན་རལ་གྲི་བྷྱོཿམཚན་ཞུ་བ་ལས། །དཔལ་ལྡན་ལྷ་མོ་གཉན་གྱི་རེ་མ་ཏཱི། །ཞལ་གཅིག་ཕྱག་བཞི་བོང་བུ་གྭ་དམར་ཆིབས། །མོན་མོ་ཤྭ་ན་གནོད་སྦྱིན་གཤིན་རྗེ་བཅས། །སྐུ་གསུང་ཐུགས་སྤྲུལ་མོན་པ་ཕོ་མོ་རྣམས། །བདུད་མགོན་ལྷ་དམག་ལྷ་སྲིན་སྡེ་བརྒྱད་བཅས། །གཅེར་བུ་འདབ་ཆགས་ཐང་ལ་བོར་བ་ལྟར། །ཐམས་ཅད་སྒྲུབ་པ་པོ་ཡི་བཀའ་སྡོད་གྱུར། །ཅེས་གཏོར་འབུལ་ལེགས་ཚོགས་ལྷུན་གྲུབ་ནང་དུ་དགོས་པ་མཐོང་ནས་བློ་དམན་རྣམས་ཀྱི་ཆེད་དུ་སྐུ་དབོན་ནི་ར་བྷོ་གས་སྣྲོན་ཟླ་བའི་ཡར་ཚེས་ལ་བྲིས་པའོ། །
དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྤྱན་རས་གཟིགས་མགོན་དྲག་པོའི་སྐུར་བཞེངས་ནས། །དཔལ་མགོན་དྲཀྴད་ལྕམ་དྲལ་བཀའ་སྡོད་བཅས། །ཨུ་ཙ་ལ་དང་ཙ་རི་རོང་གི་གནས། །རྩུབ་མོའི་བྲག་ཕུག་གནས་ནས་གཤེགས་སུ་གསོལ། །ཨོཾ་ཤྲཱི་མཧཱ་ཀཱ་ལ་དྲཀྴད་ས་པཱ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ པདྨ་ཀཱ་མཱ་ལ་ཡེ་སྟྭཾ།
༈ འདི་བཞེངས་ལེགས་དགེས། །ཚེ་རབས་ཀུན་ཏུ། །ངེས་དོན་ཟབ་མོར། །ཇི་བཞིན་སྤྱོད་ཤོག །འདི་ཡང་མ་ཏིས་སོ།། །།
རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་གཏོར་ཆོག
གསུམ་པ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་གཏོར་མ་འབུལ་བ་ནི། སླར་ཡང་། ཨོཾ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་དང་། ཨོཾ་བཛྲ་ཡཀྵ་ཛྭ་ལ་རཾ་ཛྭ་ལ་རཾ་ཕཊ་རཾ་ཕཊ་རཾ། ཞེས་ཕྱོགས་ཀུན་ཏུ་བསངས་གཏོར་བྱ། རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས། བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་གནོད་སྦྱིན་བྱེ་བའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་བསྩལ་ཏུ་གསོལ། །ཨོཾ་བཻ་ཤྲཱ་མ་ཎ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཨོཾ་ཨཱཿཧཱུཾ། དེ་བཞིན་དུ། ཞབས་བསིལ། ནས། རོལ་མོའི་བར་དང་། པཱདྱཾ། ནས། ཤབྟའི་བར་སྤེལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་བྱ། བདག་ཉིད་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རྒྱལ་པོ་འཁོར་དང་བཅས་པའི་གནས་གསུམ་དུ་ཐིམ་པས། འོད་དུ་ཞུ་ནས་སྟོང་པ་ཉིད་དུ་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཧཱུཾ་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་ལས་སྲུང་འཁོར་འབྱུང་བཞི་བརྩེགས་པ་གླིང་བཞི་རི་རབ་དང་བཅས་པའི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ཁ་ནང་ལྟས་ཁོར་ཡུག་ཏུ་བསྐོར་བའི་ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག བྱང་འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ། ཕྱོགས་རེ་རེ་ནས་ཀ་བ་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱས་བཏེག་པའི་གདུང་རིང་དང་གདུང་ཐུང་གིས་མཛེས་པར་ཕུབ་པ། ཕྱི་རོལ་ཏུ་དཔྱངས་པའི་དྲ་བ་དྲ་ཕྱེད། ཕ་གུ། ཤར་བུ། མདའ་ཡབ་སོགས་རྒྱན་ཐམས་ཅད་དང་བཅས་པ། དབུས་སུ་རིན་པོ་ཆེའི་ཁང་བཟང་སུམ་བརྩེགས་སུ་ཡོད་པ། ས་འོག་ཏུ་གཏེར་གྱི་ཁང་པ་བཅོ་ལྔ་དང་བཅས་པ། ཕྱི་རོལ་ཏུ་འཁོར་ས་རིམ་པ་གསུམ་དང་ལྡན་པ། འཁོར་ས་དང་པོ་ལ་ཕྱོགས་མཚམས་བརྒྱད་དུ་ཁང་བཟང་བརྒྱད། གཞལ་ཡས་ཁང་གི་ཕྱི་རོལ་ཏུ་བུམ་པ་བཟང་པོ་བརྒྱད། དཔག་བསམ་གྱི་ཤིང་བརྒྱད། རིན་པོ་ཆེའི་ལྗོན་ཤིང་བརྒྱད། རྫིང་བུ་བཟང་པོ་ལྗོན་ཤིང་དང་མེ་ཏོག་ལྡན་པ་བརྒྱད། འདོད་འཇོའི་བ་མོ་བརྒྱད་རྣམས་སྤེལ་མར་གནས་པ། ཕྱི་རོལ་རིན་པོ་ཆེའི་ར་བས་ཡོངས་སུ་བསྐོར་བའོ། །དབུས་ཀྱི་ཕོ་བྲང་གི་ནང་དུ་ཧྲཱིཿལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སཾ་ལས་སེང་གེ་དཀར་པོ་དེའི་སྟེང་དུ་བཻ་སེར་བོ་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་བཻ་ཡིག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། འཇིག་རྟེན་ཁམས་ཀྱི་དཔལ་དང་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ཏེ་བཻ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་ངལ་གསོས་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། གཡས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་འཛིན་པ། གཡོན་ན་གཏེར་གྱི་ནེའུ་ལེ་ལ་ཡིད་བཞིན་གྱི་ནོར་བུའི་ཆར་འབེབས་པ་བསྣམས་པ། ནེའུ་ལེ་ལ་མིག་མངོན་དུ་ཕྱོགས་པའི་སེང་གེ་དཀར་པོ་ལུས་ཉམས་རྩལ་དང་ལྡན་པ། ཉལ་སྟབས་སུ་གནས་པའི་སྟེང་ན་རོལ་པའི་སྟབས་ཀྱིས་བཞུགས་པ། ཞལ་ནས་འདོད་དགུའི་ཆར་འབེབས་པ། ཉི་མ་འབུམ་དུས་གཅིག་ཏུ་ཤར་བ་ལྟ་བུའི་གཟི་བརྗིད་ཅན། རིན་པོ་ཆེའི་ཐོར་གཙུག་དང་དབུ་རྒྱན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། དར་སྣ་ཚོགས་པའི་ན་བཟའ་ལྷབ་ལྷུབ་ཏུ་གསོལ་བ། ཕྲག་པ་གཡས་ནས་ཉི་མ་དང་། གཡོན་ནས་ཟླ་བ་འཆར་བ་མི་ཟད་ནམ་མཁའི་མཛོད་ལ་མངའ་བརྙེས་པའི་སྐུ་ཅན་ཏུ་གྱུར་པ་ལ། ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་དུ་མ་དང་། གནོད་སྦྱིན་བྱེ་བས་བསྐོར་བའོ། །ཕྱོགས་མཚམས་ཀྱི་ཁང་པ་བརྩེགས་པ་བརྒྱད་ལ། ཤར་དུ་ཛཾ་ལས་ཛམྦྷ་ལ་སེར་པོ་རིན་པོ་ཆེ་བསྣམས་པ། ལྷོར་པཾ་ལས་གང་བ་བཟང་པོ་སེར་པོ་རིན་པོ་ཆེས་བུམ་པ་གང་བ་འཛིན་པ། ནུབ་ཏུ་མཾ་ལས་ནོར་བུ་བཟང་པོ་དཀར་པོ་ནོར་བུ་འཛིན་པ། བྱང་དུ་ཀཾ་ལས་ཀུ་བེ་ར་ནག་པོ་རལ་གྲི་འཛིན་པ། ཤར་ལྷོར་སཾ་ལས་ཡང་དག་ཤེས་སེར་པོ་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་གཾ་ལས་འབྲོག་གནས་ནག་པོ་རིན་པོ་ཆེའི་མདུང་དམར་འཛིན་པ། ནུབ་བྱང་དུ་པཾ་ལས་ལྔ་རྩེན་སེར་སྐྱ་ཁང་བརྩེགས་འཛིན་པ། བྱང་ཤར་དུ་པཾ་ལས་འཛམ་བུ་འཁྱིལ་བ་དཀར་པོ་གཡས་གྲི་དང་གཡོན་ཕུབ་འཛིན་པ། ཐམས་ཅད་ཀྱང་གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས་ཤིང་། རང་མདོག་དང་མཚུངས་པའི་རྟ་ལ་ཆིབས་ཤིང་། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། དཔའ་ཞིང་བརྗིད་ལ་མི་སྡུག་པའི་ཆ་བྱད་ཅན། དེ་རྣམས་ཀྱང་རང་རང་གི་འཁོར་དང་བཅས་པ། འཁོར་ས་བར་བ་ན་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ། འཁོར་ས་ཐ་མ་ན་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་རྣམས་སྐུ་མདོག་མ་ངེས་པ། མི་སྡུག་ཅིང་བརྗིད་ལ་རྔམ་པ་མཚོན་ཆ་སྣ་ཚོགས་པ་འཛིན་པ། འཁོར་ས་ཐ་མ་དེ་ཉིད་ཀྱི་ནང་རིམ་ན། དེད་དཔོན་ཉི་ཤུ་རྩ་བརྒྱད་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་ནག་རལ་གྲི་དང་ཕུབ་འཛིན་པ་རྣམས་དང་། ཕྱི་རིམ་ལ་སྟོབས་ཆེན་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་སྐུ་མདོག་ལྗང་ནག་གོ་ཆ་དང་བཅས་པ། མདུང་དང་རལ་གྲི་འཛིན་པ་རྣམས་རང་རང་གི་འཁོར་ཚོགས་དཔག་ཏུ་མེད་པ་དང་བཅས་པ། ཐམས་ཅད་ཀྱང་གཡོན་ན་གཏེར་གྱི་ནེའུ་ལེ་འཛིན་པས། སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་ཆར་འབེབས་པའོ། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། འོད་ཟེར་གྱི་སྣེ་ལས་ཁྲོ་བོ་འདོད་པའི་རྒྱལ་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་བྱུང་སྟེ། རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས། མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ཐམས་ཅད་ཉོན་མོངས་འདམ་བྱིང་བས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང་། །གཟིགས་ཤིང་གཤེགས་པའི་གནས་ངན་ཀྱང་། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད། །ཐུགས་དམ་གང་བཞེས་དེ་དགོངས་ལ། །འདྲེན་པའི་བསྟན་པ་བསྲུང་བ་དང་། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །ཨོཾ་བཻ་ཤྲཱ་མ་ཎ་ས་པཱ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་བཻ་སྭཱཧཱ། ཨོཾ་བཻ་ཤྲཱ་མ་ཎ་ཨཱ་ཀརྵ་ཡ་ཛཿ བཻ་རིང་པོ་བརྗིད་དང་ལྡན་པ་མིག་འཛུམ་སུམ་ཅུ་སོ་གཉིས་ཀྱི་ཡུན་ཚད་དུ་བརྗོད། ཨ་མྲི་ཏའི་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད། རྒྱལ་པོའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་འདབ་མ་རེ་རེ་ལ་བཻ་བཞི་བཞི། བདག་མདུན་གྱི་ཐུགས་འོད་ཟེར་གྱི་ལྕགས་ཀྱུས་སྦྲེལ་བར་གྱུར། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་ཅོད་པན་གྱི་དབང་བསྐུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཨརྒྷཾ། ནས། ཤབྟའི་བར་གྱིས་གོང་བཞིན་མཆོད། བསྟོད་པ་ནི། མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་གསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་བསྟོད། །བཙུན་མོ་བཞི་དང་སྲས་བཞི་དང་། །ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་མཆོག་སྟེར་བའི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང་། །འབྱོར་བའི་ལོངས་སྤྱོད་ཕུན་ཚོགས་ཤིང་། །འདོད་དགུ་ཡིད་བཞིན་འགྲུབ་པ་དང་། །གཞན་དོན་ལྷུན་གྱིས་གྲུབ་པར་མཛོད། །དེ་ནས་བཟླས་པ་ལ་སྤྲོ་ན། བཟླས་པའི་དམིགས་པ་གསལ་བཏབ་ལ། ཅུང་ཟད་བཟླས་པ་བྱ་སྟེ། ཨོཾ་བཻ་ཤྲཱ་མ་ཎ་ཡེ་སྭཱཧཱ། གཙོ་བོའི་སྙིང་པོའོ། །ཨོཾ་ཛམྦྷ་ལ་ཡེ་སྭཱཧཱ། ཨོཾ་པུརྞ་བྷ་དྲ་ཡེ་སྭཱཧཱ། ཨོཾ་མ་ཎི་བྷ་དྲ་ཡེ་སྭཱཧཱ། ཨོཾ་ཀུ་བེ་ར་ཡེ་སྭཱཧཱ། ཨོཾ་སཾ་པྲ་ཛ་ན་ཡེ་སྭཱཧཱ། ཨོཾ་གུ་ཧྱ་སྠཱ་ན་ཡེ་སྭཱཧཱ། ཨོཾ་པཉྩི་ཀ་ཡེ་སྭཱཧཱ། ཨོཾ་པི་ཙི་ཀུཎྚ་ལི་ཡེ་སྭཱཧཱ། འཁོར་གནོད་སྦྱིན་བརྒྱད་པོ་རྣམས་ཀྱི་སྔགས་སོ། །གཏོར་མ་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཡཀྵ་ཀྲོ་དྷས་བགེགས་བསྐྲད། ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཀྱི་ནང་དུ། ཁཾ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། དེ་ཉིད་ཀྱི་མཐའ་བསྐོར་དུ། ཀཾ་ལས་བུམ་པ། ཝཾ་ལས་ཁྲུས་ཀྱི་རྫིང་བུ། ཁཾ་ལས་དཔག་བསམ་གྱི་ཤིང་དང་། འདོད་འཇོའི་བ་མོ་ལ་སོགས་པས་བསྐོར་བ་དང་། གཏོར་མའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ཞུ་བ་ལས། ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། ཨ་ཀཱ་རོ་ སོགས་ རོ་རུ་སོགས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་རྣམས་ལན་གསུམ་གསུམ་མམ། བདུན་བདུན་གྱིས་རྒྱ་ཆེར་སྤེལ། བྱིན་རླབས་འདི་ཉིད་རང་གི་སྒོས་ཆོས་སུ་སྣང་བས་བྱས་ན་ལེགས་པར་མངོན་ལ། བསྡུ་ན་བྱིན་རླབས་གོང་དུ་གྲུབ་པས། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་གསལ་བཏབ་པ་ཙམ་གྱིས་ཀྱང་ཆོག་གོ། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཻ་ཤྲཱ་མ་ཎ་ཨེ་དཾ་བཱ་ལིཾ་གྲིཧྞནྟུ། ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མེ་པྲ་ཡཙྪ་མ་མ་སརྦ་ཀརྨ་སཱ་དྷ་ཨ་མོ་གྷ་ཡ་སྭཱཧཱ། ཞེས་ལན་བདུན་ལ་སོགས་པས་གཙོ་བོ་དང་། ཨོཾ་ཛམྦྷ་ལ་ཡེ་ཨེ་དཾ་སོགས་རང་རང་སོ་སོའི་མིང་སྔགས་སྤེལ་བས་རྟ་བདག་བརྒྱད་དང་། ཨོཾ་ཨཥྚ་ནཱ་ག་ཤ་ཏ་ས་ཧ་སྲ་ཀོ་ཊི་ཡཀྵ་རཀྵ་ས་ཨེ་དཾ་སོགས་ཀྱིས་འཁོར་སྤྱི་ལ་འབུལ། བསྡུ་ན་ཨ་ཀཱ་རོའམ། ཨོཾ་བཻ་ཤྲཱ་མ་ཎ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕུལ་ཀྱང་ཆོག །གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ནོར་ལ་དབང་བསྒྱུར་འདོད་ཡོན་ཆར་དུ་འབེབས། །དབུལ་བའི་གདུང་སེལ་མགོན་པོ་ཐུགས་རྗེ་ཅན། །རྒྱལ་ཆེན་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གི་བར་གྱིས་འཕྲིན་ལས་བཅོལ་ལོ། །
མགོན་པོ་ཞལ་བཞི་པའི་གཏོར་ཆོག
བཞི་པ་ཕོ་ཉ་མགོན་པོ་ཞལ་བཞི་པ་ལ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧོཿ སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་གྱི་ནམ་མཁའི་གནས་སུ། པཾ་ལས་པདྨ་དང་། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། ནག་པོ་ཆེན་པོ་གདོང་བཞི་བ། རྩ་ཞལ་བརྩེགས་མ་གཉིས་ནག་པོ། གཡས་གཡོན་གཉིས་ལྗང་ནག ཕྱག་བཞིའི་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་རྡོ་རྗེས་མཚན་པའི་གྲི་གུག་དང་། དགྲ་བགེགས་ཀྱི་ཤ་ཁྲག་གིས་གང་བའི་ཐོད་པ་སྙིང་བཅས་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རལ་གྲི་འབར་བ་འདེབས་པའི་ཚུལ་གྱིས་འཛིན་ཅིང་། གཡོན་འོག་མས་མི་རུས་ཀྱི་ཕྲེང་བ་འཕྱར་སྟབས་སུ་བསྣམས་པ། སྐྲ་ཁམས་པ་གྱེན་དུ་བརྫེས་ཤིང་། སྤྱན་གསུམ་པ་ཞལ་གདངས་ཤིང་མཆེ་བ་རྣོན་པོ་གཙིགས་པ། མས་མཆུ་འཕྱང་བ། ཚངས་པའི་སྐུད་པ་དང་། རུས་པ་དང་སྦྲུལ་དང་དྲིལ་བུའི་ཕྲེང་བས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གཡས་བསྐུམ་གཡོན་བརྐྱང་བཞེངས་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དྲག་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། ཕྱོགས་བཞིར་ཡུམ་ཆེན་སྲིང་མོ་བཞི། ཕྱི་རོལ་ཁོར་ཡུག་ཏུ་བདུད་གཅོད་ཀྱི་ཤན་པ་ཉེར་གཅིག བདུད་འདུལ་གྱི་དམག་ཉི་ཁྲི་ཆིག་སྟོང་། དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པས་བསྐོར་བར་གྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཏེ་སེ། བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་དགོད་པའི་དུར་ཁྲོད་རྣམས་ནས་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞལ་བཞི་བ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ཧཱུཾ་ཕཊ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི། ཛཿཧཱུཾ་བཾ་ཧོཿ པདྨ་ཀ་མ་ལ་ཡེ་སྟྭཾ། ནས། རྒྱས་པར་མཛད་དུ་གསོལ། གྱི་བར་གུར་ལྕམ་དྲལ་གྱི་གཏོར་ཆོག་བཞིན་ལས། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ་མཧཱ་ཀཱ་ལི་དེ་བཱི་ཞེས་པའི་ཚབ་ཏུ། ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ཞེས་འདོན་པ་སྤོ། དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་འཆིང་བ་ཡིན་ནོ། །དེ་བཞིན་དུ་གཏོར་མ་འབུལ་བའི་སྔགས་ནི། ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ། ཊོཾ་བྷི་ནི། ཙཎྜ་ལི། རཀྵ་སི། སིང་ག་ལི། དེ་བཱི་ས་པཱ་རི་ཝཱ་ར་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿསོགས་ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་བྱ། ནང་མཆོད་སྐབས་སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་འབུལ་ལོ། །བསྟོད་འཕྲིན་ནི། ཧཱུཾ། ཡོན་ཏན་མྱུར་རྫོགས་དངོས་གྲུབ་མངའ་བའི་ལྷ། །མ་ལུས་རྨད་བྱུང་ཕན་བདེའི་དགོངས་པ་ཅན། །འཕྲིན་ལས་རྣམ་བཞིས་བདུད་དཔུང་ཚར་གཅོད་པའི། །ལེགས་ལྡན་ནག་པོ་འཁོར་དང་བཅས་ལ་འདུད། །མི་རྟོག་དབྱིངས་ལས་ཐུགས་རྗེས་སྐུར་བཞེངས་ཤིག །འབྱུང་བ་གུར་ཆེན་བརྩེགས་པའི་གཞལ་ཡས་ནས། །བདེ་གཤེགས་བཀའ་ཡི་སྲུང་མ་དམ་ཚིག་ཅན། །རྡོ་རྗེ་ནག་པོ་ཆེན་པོ་དབྱིངས་ནས་བཞེངས། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང་། མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོག་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གདོང་བཞི་ལྡན་ཁྱོད་ཏེ་སེའི་ཞིང་སྐྱོང་མཛད། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ནག་པོ་ཆེན་པོ་ཞལ་བཞི་བ། །ཡུམ་ཆེན་སྲིང་མོ་བཞི་དང་བཅས། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་དག་གིས་མཆོད། །རྒྱལ་བའི་བསྟན་པ་སྐྱོང་བ་དང་། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་འཕྲིན་ལས་བཅོལ་ལོ། །
མཁའ་འགྲོ་རྣམས་ཀྱི་གཏོར་ཆོག
ལྔ་པ་མགྲོན་སྣ་ཚོགས་ལ་འབུལ་བ་ལས། དང་པོར་རྡོ་རྗེ་ཕོ་ཉ་མོ་མཁའ་འགྲོ་མ་རྣམས་ལ་ཐུན་མོང་མ་ཡིན་པའི་གཏོར་མ་འབུལ་བ་ནི། རྡོ་རྗེའི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར་བྷྱཿ ཨེ་དཾ། བཱ་ལིཾ། གནྡྷ། པུཥྤཾ། དྷཱུ་པཾ། པྲ་ཏི་པཾ། ཨཀྵ་ཏཾ། ད་དཱ་མ་ཧཱེ། ས་པཱ་རི་ཝཱ་ར། ཤཱི་གྷྲཾ། ཨ་གཙྪནྟུ། ཛཿཧཱུཾ་བཾ་ཧོཿ ཨེ་དཾ། བཱ་ལིཾ། གྲིཧྞནྟུ། ཁ་དཱ་ཏུ། པི་ཝ་ཏུ། ས་པཱ་རི་ཝ་ར་ཀ སརྦ་སཏྭཱ་ནཱཾ། ཤཱནྟིཾ། པཱུཥྚིཾ། རཀྵ་ཨ་བཱ་ར་ཎ། གུབྟིཾ། ཀ་རོ་ཏུ། ཨེ་དཾ་སྠཱ་ནཱཾ། ཏྱཀྟོ་བཱ་ཧྱ་མཎྚལ་བྷུ་མྱཾ་ཏིཥྛ་ཏུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷཱ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་ལན་གསུམ་གྱིས་ཕུལ། ཡང་མཁའ་འགྲོ་སྡེ་ལྔ་ལ་གཏོར་མ་རྒྱུད་གཞན་ལྟར་འབུལ་བ་ནི། ཨོཾ་བུདྡྷཱ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨེ་མཾ་བཱ་ལིཾ་ཨོཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨེ་མཾ་བཱ་ལིཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨེ་མཾ་བཱ་ལིཾ་དྲཾ་ཕཊ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨེ་མཾ་བཱ་ལིཾ་ཧྲཱིཿཕཊ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨེ་མཾ་བཱ་ལིཾ་ཨཱཿཕཊ། ཨོཾ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨེ་མཾ་བཱ་ལིཾ་ཧོཿཕཊ། ཅེས་ལན་གསུམ་གྱིས་སོ། །ཨརྒྷཾ། ནས། ཤབྟའི་བར་གྱིས་མཆོད། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ།སྣ་ཚོགས་མཁའ་འགྲོ། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའི་མཁའ་འགྲོ་མ་རྣམས་དང་། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །བདག་གི་བར་ཆད་ཐམས་ཅད་ཞི་བ་དང་། བདག་ལ་དགེ་ལེགས་དང་ཕུན་སུམ་ཚོགས་པ་ཐམས་ཅད་བསྩལ་དུ་གསོལ། ནགས་སྨན་མ་ལ་སོགས་པའི་ཆོས་སྐྱོང་འཇིག་རྟེན་ལས་མ་འདས་པའི་རིགས་ཀྱི་སྒོས་མཆོད་བྱེད་པར་སྤྲོ་ན་བར་འདིར་བྱའོ། །
ཕྱོགས་སྐྱོང་གི་གཏོར་ཆོག
ཕྱོགས་སྐྱོང་རྣམས་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མ་ཡ་ཥྚིཿ ཝ་རུ་ཎ་ཡ་ཝི། ཀུ་བེ་ར་ཡ་ཀྲི། ཨི་ཤ་ན་ཡ་ཏ། ཨགྣེ་ཡ་ཨ། ནྲི་ཏྱ་ན། ཝཱ་ཡ་ཝཱེ་ན། པྲ་ཧྨ་ཡ་ཧཱུཾ། བ་སུནྡྷ་རི་ཎི་ཡེ་ཕཊ། སརྦ་བྷུ་ཏེ་བྷྱོཿཧ་ཧ་ཧི་ཧི་ཧུཾ་ཧཱུཾ་ཕྲེཾ་ཕྲཻཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་མམ་ལྔས་ཕུལ་ལོ། །ཨོཾ་ད་ཤ་དཱིག་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ། ནས། ཤབྟའི་བར་གྱིས་མཆོད། ཧྲཱིཿཥྚིཿའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་པོ་གདུལ་དཀའ་འདུལ་བ་པོ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང་། །ཕྱོགས་སྐྱོང་འཁོར་དང་བཅས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཀུན་འགྲུབ་ཤོག །གི་བར་གྱིས་འཕྲིན་ལས་བཅོལ་ལོ། །སརྦ་མངྒ་ལཾ།
ཆོས་རྒྱལ་གྱི་གཏོར་ཆོག
རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་གཤིན་རྗེའི་གྲོང་ཁྱེར་སྒོ་མེད་ལྕགས་ཀྱི་མུན་ཁང་བཅུ་དྲུག་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་ཀཱ་ལ་རུ་པ་ཧཱུཾ་ཕཊ། སརྦ་བིགྷྣཱན་ཤ་ཏྲུཾ་སོགས་དང་། ཨོཾ་ཧྲཱིཿཙ་མུཎྚི་ཧཱུཾ་ཕཊ། སརྦ་བིགྷྣཱན་ཤ་ཏྲུཾ་སོགས་སྦྱར་བ་ལན་གསུམ་མམ་ལྔས་གཤིན་རྗེ་ལྕམ་དྲལ་ལ་གཏོར་མ་འབུལ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ནས། ཤབྟའི་བར་གྱིས་མཆོད། འཆི་བདག་དམ་ཅན་གཤིན་རྗེ་ནི། །འཇམ་པའི་དབྱངས་ཀྱི་ཕྱག་བརྙན་ཏེ། །མ་གཤིན་འབྱུང་པོའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཀུན་འགྲུབ་ཤོག །ཅེས་འཕྲིན་ལས་བཅོལ།
ཚེ་རིང་མཆེད་ལྔའི་གཏོར་ཆོག
ཨོཾ་སྭཱ་སྟི། བླ་མ་མཆོག་དང་རྗེ་བཙུན་མ། །རྣལ་འབྱོར་མ་དཔལ་ཞབས་བཏུད་ནས། །སྐྱེ་བོ་འགའ་ལ་ཕན་གདགས་ཕྱིར། །ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་བཤད། །ལྷན་ཅིག་སྐྱེས་མ་ལ་སོགས་པ་གང་ཡང་རུང་བའི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་དང་གཏོར་མ་བྱིན་རླབས་སྤྱི་དང་མཐུན་པར་བྱ། སྭ་བྷཱ་ཝས་སྣོད་བཅུད་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་གཙོ་མོ་བཀྲ་ཤིས་ཚེ་རིང་མ་སྐུ་མདོག་དཀར་མོ་འཛུམ་ཞིང་ཡིད་ཙམ་ཁྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་འཕྱར་བ། གཡོན་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། དུང་གི་ཐོར་ཚུགས་ཅན་སེང་གེ་དཀར་མོ་ལ་ཆིབས་པ། མདུན་དུ་མཐིང་གི་ཞལ་བཟང་མ་སྔོན་མོ་འཕྲུལ་གྱི་མེ་ལོང་དང་། ཁ་ནང་དུ་གཡོབ་པའི་བ་དན་དཀར་པོ་འཛིན་པ། ཨིནྡྲ་ནཱི་ལའི་ཐོར་ཚུགས་ཅན་རྐྱང་བུ་ཁ་དཀར་ལ་ཞོན་པ། གཡས་སུ་མི་གཡོ་གླང་བཟང་མ་སེར་མོ་གཡོན་ཟས་མཆོག་གིས་གང་པའི་སྣོད་འཛིན་ཅིང་། གཡས་པའི་མཐེབ་སྲིན་གྱིས་གཞན་ལ་སྟེར་བའི་ཚུལ་ཅན། གསེར་གྱི་ཐོར་ཚུགས་ཅན་སྟག་མོ་གྲུས་མ་ལ་ཞོན་པ། རྒྱབ་ཏུ་ཅོད་པན་མགྲིན་བཟང་མ་དམར་མོ། ནོར་བུའི་སྒྲོམ་བུ་ནོར་སྣ་ཚོགས་ཀྱིས་གང་བ་འཛིན་པ། བྱི་རུའི་ཐོར་ཚུགས་ཅན་ཤ་བ་ཡུ་མོ་ལ་ཞོན་པ། གཡོན་དུ་གཏད་དཀར་འགྲོ་བཟང་མ་ལྗང་ཁུ་དུར་བའི་ཆུན་པོ་དང་སྦྲུལ་ཞགས་འཛིན་པ། གཡུའི་ཐོར་ཚུགས་ཅན་གཡུ་འབྲུག་སྔོན་མོ་ལ་ཞོན་པ། གཙོ་འཁོར་གསུམ་ལྷ་མོ་དང་། གཉིས་མི་མོའི་རྣམ་པ་དར་དང་མེན་ཏྲི་སྣ་ཚོགས་བརྩེགས་པའི་ན་བཟའ་ཅན། གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་པའི་ཕོ་རྒྱུད་དང་། འགྱིང་ཐོད་སོགས་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། ཚེ་རིང་མཆེད་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ སྔོན་ཚེ་དུར་ཁྲོད་བསིལ་ཚལ་དུ། །མཁའ་འགྲོ་སེང་གེའི་གདོང་ཅན་དང་། །བར་དུ་ཁ་ལ་རོང་སྒོ་རུ། །སློབ་དཔོན་པདྨ་འབྱུང་གནས་དང་། །ཐ་མ་སྨན་ལུང་ཆུ་བར་དུ། །དཔལ་ལྡན་བཞད་པ་རྡོ་རྗེ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་པ། །མཁའ་འགྲོ་ལྔ་པོ་གནས་འདིར་གཤེགས། །ཕྱི་ལྟར་ལྷ་སྨན་ཆེན་མོ་ལྔ། །ནང་ལྟར་ཞིང་སྐྱོང་མཁའ་འགྲོ་ལྔ། །གསང་ལྟར་རིགས་ཀྱི་ཡུམ་ཆེན་ལྔ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཛཿ ཛཿཧཱུཾ་བཾ་ཧོཿ དེ་ནས་འདོད་དོན་གསོལ་བཏབ་དྲག་ཏུ་བྱ་ཞིང་། བྱ་ཁྱུང་གི་ཕྱག་རྒྱ་བཅའོ། །༈ མཆན། དཔལ་རྡོ་རྗེ་གཙོ་མོ་བཀྲ་ཤིས་ཚེ་རིང་མ་མཆེད་ལྔ་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་འདོད་དགུ་འབྱུང་བའི་རྒྱ་མཚོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་ལ་བདེ་སྐྱིད་ཀྱི་དཔལ་ཆེན་པོ་འབྱུང་བ་དང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྒྲུབ་པའི་སྡོང་གྲོགས་དང་། ཕྱི་ནང་གསང་བ་གསུམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་ཞིང་བཟློག་པ་དང་། དགྲ་བགེགས་ལོག་འདྲེན་ཐམས་ཅད་རྡུལ་དུ་རློག་པ་དང་། མི་འགྱུར་བའི་ཚེ། མི་ཟད་པའི་ལོངས་སྤྱོད་རབ་ཏུ་རྒྱས་པའི་དབང་ཐང་། ཐུབ་པར་དཀའ་བའི་མཐུ་སྟོབས་རྣམས་སྩལ་བ་དང་། མདོར་ན་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། དེ་ནས་འདི་སྐད་ཅེས། ཉི་མ་ནུབ་ཕྱོགས་ཕ་གི་ན། །གངས་དཀར་དགུང་དུ་རྩེ་མཐོ་བ། །མཐོ་ལ་གཉན་ནོ་ཚེ་རིང་མ། །དེ་ལ་བརྟེན་པའི་ལྷ་མོ་ནི། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །འཁོར་དུ་འཇིག་རྟེན་དམན་མོ་བཞི། །ཅོད་པན་མགྲིན་བཟང་མ་དང་ནི། །མཐིང་གི་ཞལ་བཟང་མ་དང་བཅས། །མི་གཡོ་གླང་བཟང་མ་དང་ནི། །གཏད་དཀར་འགྲོ་བཟང་མ་དང་བཅས། །གཙོ་མོ་འཁོར་བཅས་ཐམས་ཅད་ནི། །སྐུ་ལ་དར་དཀར་ན་བཟའ་གསོལ། །རྫུ་འཕྲུལ་ཆེན་པོ་མངའ་བ་རྣམས། །བརྟན་མ་བཅུ་གཉིས་འཁོར་དང་བཅས། །དེ་རིང་གནས་འདིར་སྤྱན་འདྲེན་ན། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །ཨོཾ་བཛྲ་ས་མཱ་ཡ་ཌཱ་ཀི་ནཱི་པཉྩ་མ་མ་སརྦ་ཀརྨ་སིདྡྷི་ཛྙཱ་ན་ཨེ་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་འབུལ། ཧཱུཾ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །བལ་བོད་གཉིས་ཀྱི་ས་མཚམས་ན། །གངས་དཀར་ཤེལ་གྱི་ཅོད་པན་ཅན། །ཕུ་ཆུ་སྙན་པའི་རྒྱུན་སྒྲ་ཅན། །ནགས་ཚལ་མེ་ཏོག་ཤམ་བུ་ཅན། །གཡའ་སྤང་གསེར་གཡུའི་སྐེད་བཅིངས་ཅན། །གནས་མཆོག་དེ་འདྲའི་གཡོན་མགུལ་ན། །དར་དཀར་གུར་གྱི་ནང་ཤེད་ན། །སྨན་མོ་བཀྲ་ཤིས་ཚེ་རིང་མ། །གདུང་བ་དྲག་པོས་ཁྱོད་འབོད་ན། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ལྷབ་ལྷུབ་ན་བཟའ་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ནམ་མཁའི་མཐོང་ནས་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཁྱོད་ཀྱི་ཆོ་དང་འབྲང་སྨོས་ན། །ཡབ་ནི་ལྷོ་ལྷ་འཐེང་པོ་ཡིན། །ཡུམ་ནི་འབྲང་ཡུམ་སྨན་གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིགས་དབུས་ཀྱི་གཙོ་མོ་སྟེ། །ཞལ་བཟང་ཟླ་བ་ཉ་གང་འདྲ། །ལྷ་མོ་རྣམས་ཀྱང་ཟིལ་གྱིས་གནོན། །མགྲིན་པ་གཅིག་ལ་གླུ་རྟ་སྟོང་། །ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན། །དབུ་སྐྲ་ཉག་མ་རེ་རེ་ལ། །གཡུ་ཕྲན་སྟོང་སྟོང་ལན་ཚར་བཅས། །ན་བཟའ་དར་དཀར་གོས་ཟུ་གསོལ། །ཉིན་གསུམ་གངས་དཀར་རྩེ་ལ་བཞུགས། །སྨན་མོ་རྣམས་དང་ལྷན་ཅིག་རོལ། །མཚན་གསུམ་རྒྱ་གར་ཡུལ་དུ་བཞུགས། །ཤིན་ཏུ་འཇིགས་པའི་དུར་ཁྲོད་དུ། །ཌཱ་ཀི་རྣམས་དང་ཚོགས་ལ་རོལ། །ཁྱེད་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་གྱི་རྩི་ཕུད་དང་། །མེ་ཏོག་ཡིད་འོང་མཛེས་པའི་ཚལ། །དྲི་ཞིམ་ཕུན་ཚོགས་བདུག་སྤོས་དང་། །འོད་དང་དྲི་མཆོག་བཤོས་གཙང་དང་། །སྒྲ་སྙན་གསང་བའི་རྔེའུ་ཆུང་རྣམས། །ཐུགས་རྗེས་བརྩེར་དགོངས་བཞེས་ནས་ཀྱང་། །ཡིད་ལ་འདོད་པའི་དོན་གྲུབ་སྩོལ། །སྔོན་ཚེ་དབེན་གནས་ཡངས་རྫོང་དུ། །དཔལ་ལྡན་བཞད་པ་རྡོ་རྗེ་ལ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བཀའ་འབངས་བགྱིད་པར་རྩིས་ལ་ཕབ། །དངོས་གྲུབ་སྟེར་བར་གཡར་དམ་བཅས། །དེ་རིང་སྨན་བཙུན་རྒྱལ་མོ་ལ། །མིང་པོས་གསོལ་བ་འདེབས་ལགས་ན། །སྲིད་བསྲུང་རིགས་བརྒྱུད་དངོས་གྲུབ་དང་། །བང་མཛོད་ནོར་གྱི་དངོས་གྲུབ་དང་། །སྣང་གསལ་པྲ་ཡི་དངོས་གྲུབ་དང་། །རྨ་གཡང་ཟས་ཀྱི་དངོས་གྲུབ་དང་། །རྐང་བཞི་དུད་འགྲོའི་དངོས་གྲུབ་དང་། །གཞན་ཡང་ཕྱི་ནང་གསང་བ་ཡི། །དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། །གཞན་ཡང་གསོལ་བ་འདེབས་པ་ནི། །རྣལ་འབྱོར་བདག་གི་ལུས་མདངས་བསྐྱེད། །ནང་གི་རླུང་སེམས་དབང་དུ་བསྡུས། །ཕྱི་ཡི་སྣང་བ་དབང་དུ་གྱིས། །འཕྲིན་ལས་ཐབས་ཀྱིས་བསྟན་པ་སྤེལ། །ཚེ་རིང་དཔལ་བསྐྱེད་འཁོར་གཡོག་སྐྱོངས། །བསྟན་ལ་སྡང་བའི་དགྲ་བོ་རྣམས། །གཏོར་མ་འདི་དང་མཉམ་པོར་བཞེས། །བཅོལ་བའི་ལས་ཀྱི་འབྲས་བུ་དེ། །མཆིས་པར་མཛོད་ཅིག་མཐུ་རྩལ་ཅན། །ཞེས་བརྗོད་དེ། བསྟོད་པ། མཆོད་ཕྲེང་། འཕྲིན་བཅོལ། ཐུགས་རྒྱུད་བསྐུལ་བ་རྣམས་དེ་ལ་ཚང་བ་ཡིན་ནོ། །བཟླས་པ་མི་བྱེད་ན། དེ་རྗེས་གཤེགས་གསོལ་བྱ། བཟླས་པ་བྱེད་ན། ཨོཾ་མ་མ་རུ་རུ་ཙིཏྟ་དྷ་ར་མི་ཛུ་ཏི་ཧཱུཾ་བྷྱོཿ ཛཿ ཨོཾ་བཛྲ་བྷི་ཀྱེེ་མུ་ཏ་ཧཱུཾ་བྷྱོཿཛཿ ཨོཾ་བཛྲ་ཡ་ཏྲ་སིང་སིང་ཧཱུཾ་བྷྱོཿཛཿ ཨོཾ་ཨ་ཝི་ར་ནི་ཧཱུཾ་བྷྱོཿཛཿ ཨོཾ་ས་རི་ཏིང་ཏིང་ཁ་ཏི་ཛྙཱ་ན་ཧཱུཾ་བྷྱོཿཛཿ ཞེས་བཟླས་པའི་མཐར། ཨརྒྷཾ། ནས། ཤབྟའི་བར་གྱིས་མཆོད། མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །རྫུ་འཕྲུལ་སྣ་ཚོགས་སྟོན་མཛད་པ། །ལས་རྣམས་ཐམས་ཅད་སྒྲུབ་མཛད་མ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། བཟོད་གསོལ། གཤེགས་གསོལ། སྨོན་ལམ། བཀྲ་ཤིས་རྣམས་སྤྱི་དང་མཐུན་པར་བྱའོ། །འདི་ཡང་སྒྲུབ་ཐབས་རིན་འབྱུང་ལས་སོ། །

མཁའ་འགྲོ་མཆེད་ལྔའི་གསེར་སྐྱེམས་དངོས་གྲུབ་ཆར་འབེབས།

མཁའ་འགྲོ་མཆེད་ལྔའི་གསེར་སྐྱེམས་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས། ཨོཾ། འཆི་མེད་ཚེ་ཡི་མཆོག་སྩོལ་ཚེ་རིང་མ། །སྣང་གསལ་པྲ་སྟོན་མཐིང་གི་ཞལ་བཟང་མ། །ཟས་ཀྱི་དཔལ་སྟེར་མི་གཡོ་གླང་བཟང་མ། །ནོར་གྱི་མཆོག་སྩོལ་ཅོད་པན་མགྲིན་བཟང་མ། །རྐང་བཞི་འཕེལ་མཛད་གཏད་དཀར་འགྲོ་བཟང་མ། །མཁའ་འགྲོ་ཆེན་མོ་མཆེད་ལྔ་ཡང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། དེ་ནས། ཨོཾ། མཁའ་འགྲོ་བཀྲ་ཤིས་ཚེ་རིང་མ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །ཚེ་དང་རིགས་རྒྱུད་དངོས་གྲུབ་སྩོལ། །མཁའ་འགྲོ་མཐིང་གི་ཞལ་བཟང་མ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །པྲ་དང་འཁོར་འབངས་དངོས་གྲུབ་སྩོལ། །མཁའ་འགྲོ་མི་གཡོ་གླང་བཟང་མ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བཟའ་བཏུང་ལོངས་སྤྱོད་དངོས་གྲུབ་སྩོལ། །མཁའ་འགྲོ་ཅོད་པན་མགྲིན་བཟང་མ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །རིན་ཆེན་བང་མཛོད་དངོས་གྲུབ་སྩོལ། །མཁའ་འགྲོ་གཏད་དཀར་འགྲོ་བཟང་མ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །རྟ་ནོར་ལུག་གསུམ་དངོས་གྲུབ་སྩོལ། །མཁའ་འགྲོ་མཆེད་ལྔ་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །ཅི་འདོད་དངོས་གྲུབ་ཆར་བཞིན་ཕོབ། །ཞི་རྒྱས་དབང་དང་མངོན་སྤྱོད་སོགས། །བཅོལ་བའི་ལས་རྣམས་མྱུར་དུ་སྒྲུབས། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །བདེ་ཆེན་སྦོར་བའི་གྲོགས་མཛོད་ཅིག །ཅེས་ཚེ་རིང་མཆེད་ལྔའི་གསེར་སྐྱེམས་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་འདི་ནི། ལྷ་མོའི་གསོལ་མཆོད་དང་། སྡེ་བརྒྱད་གསེར་སྐྱེམས་ལ་གཞི་བྱས་ནས། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་བྲིས་པ་དགེ་ལེགས་འཕེལ།

དྲང་སྲོང་གཟའ་མཆོག་ཆེན་པོའི་གཏོར་མ་བསྔོ་བ་མཆོད་སྤྲིན་རྒྱ་མཚོ།

དྲང་སྲོང་གཟའ་མཆོག་ཆེན་པོའི་གཏོར་མ་བསྔོ་བ་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །འདིར་བསྟན་སྲུང་གཟའ་མཆོག་ཆེན་པོའི་གཏོར་མ་བསྔོ་བར་སྤྲོ་བས་མཆོད་གཏོར་བཤམས། ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྷནྡྷའི་སྣོད་རྣམས་སུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་ཟག་མེད་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་འཇིགས་རུང་དུར་ཁྲོད་ཆེན་པོའི་དཀྱིལ་ཐོད་མཁར་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་པད་ཉིར་དགྲ་བགེགས་བསྒྱེལ་བའི་གདན་ལ་དྲི་དུད་ཁ་ལས་བསྟན་སྲུང་ཆེན་པོ་གཟའ་བདུད་རཱ་ཧུ་ལ་སྐུ་མདོག་དུད་ཁ། སྲིན་པོའི་ཞལ་དགུ་པ་ལ། སྟེང་དུ་བྱ་རོག་གི་ཞལ་དང་ལྡན་པ། ཞལ་རེ་རེ་ལ་སྡང་མིག་འབར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་གདངས། མཆེ་གཙིགས། ལྗགས་འདྲིལ། དགྲ་བགེགས་ཞལ་དུ་གསོལ་བ། སྨ་ར་དང་སྨིན་མ་སོགས་ལས་དུག་དང་མེའི་ཚ་ཚ་འཕྲོ་བ། ལུས་ཀུན་མིག་གིས་གང་ཞིང་། ཤིན་ཏུ་འཇིགས་ཤིང་རྔམ་པ། ལྟོ་ཞལ་འཇིགས་པས་དམ་ཉམས་ཧུབ་ཀྱིས་འདེབས་པ། ཐོད་སྐམ་གྱི་དབུ་རྒྱན། རློན་པའི་དོ་ཤལ། སྟག་ཤམ་མི་ལྤགས་རུས་རྒྱན་སོགས་འཇིགས་པའི་རྒྱན་གྱིས་བརྒྱན་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་རྭ་ཡི་མདའ་གཞུ་འགེངས་པ། གཡས་འོག་མས་ཆུ་སྲིན་གྱི་རྒྱལ་མཚན། གཡོན་འོག་མས་སྦྲུལ་ནག་གི་ཞགས་པ་བསྣམས་པ། སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་། མེ་དཔུང་དྲག་ཏུ་འབར་བའི་དབུས་སུ་བཞུགས་པའོ། །དེའི་གཡས་སུ་ཡབ་རྡོ་རྗེ་སྲིན་པོ། གཡོན་དུ་ཡུམ་རྡོ་རྗེ་གློག་འགྱུ་མ། ཕྱོགས་མཚམས་སུ་གཟའ་བརྒྱད་གདོང་མོ་བཞི་དང་། རྒྱུ་སྐར་ཉེར་བརྒྱད་ལ་སོགས་པ་དྲེགས་པ་སྡེ་བརྒྱད་ཀྱི་དམག་ཚོགས་ཐམས་ཅད་སྤྲིན་འཁྲིགས་པ་ལྟར་འཁོད་པར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཟའ་བདུད་ཆེན་པོ་འཁོར་བཅས་སྤྱན་དྲངས་བཛྲ་ས་མཱ་ཡ་ཛཿ རོལ་མོ་དང་བཅས་སྟེ། ཧཱུཾ། རང་བཞིན་དབྱིངས་དང་སྒྲུབ་པའི་གནས་མཆོག་ནས། །བསྟན་སྲུང་གཟའ་བདུད་ཆེན་པོ་འཁོར་དང་བཅས། །རྩ་བརྒྱུད་བླ་མའི་བཀའ་ལས་མ་འདའ་བར། །ཉམས་པའི་དགྲ་བགེགས་བསྒྲལ་ཕྱིར་གནས་འདིར་གཤེགས། །ཧྲཱིཿཤག་རུ་རཾ་ནཱ་ག་ཙིཏྟ་དྲཾ་མ་མ་ཡོ་ཟ་གྷྲམ་ཧ་ཧེ་ཡོ་གི་ཤ་ལ་ཛ་ཛཿ མཧཱ་བཛྲ་ས་མཱ་ཡ་ཛཿ ཞེས་སྤྱན་དྲངས་ཏེ། ཧཱུཾ། འཇིགས་རུང་ཐོད་མཁར་འབར་བའི་དབུས། །པད་ཉི་དགྲ་བགེགས་བསྒྱེལ་བའི་སྟེང་། །དམ་ཉམས་སྲོག་རྩ་གཅོད་པའི་ཕྱིར། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས། །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ས་མཱ་ཡ་ཏིཥྛ་ལྷན། ཞེས་པས་བཞུགས་སུ་གསོལ། ཨོཾ་རཱ་ཧུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ།ནས། ཤབྟའི་བར་གྱིས་མཆོད། བཀའ་སྲུང་གཟའ་བདུད་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྡོ་རྗེ་འཆང་། སློབ་དཔོན་པདྨ་འབྱུང་གནས། གྲུབ་མཆོག་ངག་དབང་རྣམ་རྒྱལ་ལ་སོགས་པའི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་བསྲུང་། རྣལ་འབྱོར་པའི་སྐུ་ཚེ་བསྲིང་། ཉམས་པའི་དགྲ་བོ་སྒྲོལ། བདག་གིས་ཅི་བཅོལ་བའི་འཕྲིན་ལས་ཐམས་ཅད་སྒྲུབས་ཤིག །ཅེས་དམ་ལ་བཞག་སྟེ། གཏོར་མ་འབུལ་བ་ནི། ཧྲཱིཿཤག་རུ་རཾ་སོགས་རྩ་སྔགས་ཀྱི་མཐར། ཨེ་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་གསུམ་མམ་བདུན་སོགས་ཀྱིས་ཕུལ། ཨརྒྷཾ། ནས། ཤབྟའི་བར་གྱིས་མཆོད། ཨོཾ་རཱ་ཧུ་ལ་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། གིས་ནང་མཆོད་ཕུལ། ཧཱུཾ། འཇིགས་རུང་སྲིན་པོའི་གཟུགས་འཆང་གདུག་པ་ཅན། །རྣལ་འབྱོར་དམ་ལྡན་ཡོངས་ཀྱི་སྲུང་མ་མཆོག །དམ་ཉམས་ཀུན་གྱི་སྲོག་གི་གཤེད་མ་ཆེ། །གཟའ་བདུད་འཁོར་དང་བཅས་ལ་བསྟོད་པར་བགྱི། །ཞེས་བསྟོད། ཧཱུཾ། རྡོ་རྗེ་འཆང་དང་རྩ་བརྒྱུད་བླ་མ་ཡི། །བཀའ་དམ་དྲན་མཛོད་སངས་རྒྱས་བསྟན་པ་སྲུང་། །བསྟན་འཛིན་རྣམས་ཀྱི་འཕྲིན་ལས་ཕྱོགས་ཀུན་སྤེལ། །རྣལ་འབྱོར་བདག་གི་བསམ་དོན་ཡིད་བཞིན་སྒྲུབས། །ཉམས་པའི་དགྲ་བོ་ད་ལྟ་ཉིད་དུ་སོད། །མཐུན་རྐྱེན་ལེགས་ཚོགས་ཡར་ངོའི་ཟླ་ལྟར་སྤེལ། །གང་ཞིག་བཅོལ་བའི་འཕྲིན་ལས་མ་ལུས་པ། །ཐོགས་པ་མེད་པར་སྒྲུབ་པར་མཛད་དུ་གསོལ། །ཅེས་པའི་འདོད་དོན་གསོལ། དེ་ནས་བསྐང་བ་དང་བསྐུལ་བ་བྱེད་ན་ལོགས་སུ་བྱུང་བ་ལྟར་བྱའོ། །རྗེས་ཀྱི་རིམ་པ་ཡིག་བརྒྱས་ནོངས་བཤགས་དང་། མ་འབྱོར་བ་དང་སོགས་བཟོད་གསོལ་བྱ། ཨོཾ་རཱ་ཧུ་ལ་ས་པཱ་རི་ཝཱ་ར་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ་བའམ། ཡང་ན་གཟུགས་བརྙན་གྱི་རྟེན་འདི་ལ་བརྟན་པར་བཞུགས་སུ་གསོལ། ཞེས་སོགས་ཀྱི་མཐར་སུ་པྲས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། བཀྲ་ཤིས་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་དྲང་སྲོང་གཟའ་མཆོག་ཆེན་པོའི་གཏོར་མ་བསྔོ་བ་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་འདི་ནི་ངག་དབང་ཚོགས་གཉིས་རྒྱ་མཚོའི་བཞེད་སྐོང་དུ། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྨྲས་པའོ།། །།
ནགས་སྨན་མའི་གཏོར་ཆོག
ཨོཾ་སྭཱ་སྟི། ཨོཾ་བཛྲ་ཡཀྵ་ཧཱུཾ། གིས་བསངས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷནྫ་ར་ཎ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱཱ་ནུཏྤནྣ་ཏྭ་ཏ། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ བྷྱོཿ དམ་པའི་སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །བསྟན་པ་བསྲུང་དང་འགྲོ་ལ་ཕན་གདགས་དང་། །རྣལ་འབྱོར་སྒྲུབ་བརྩོན་བསྐྱང་ཕྱིར་སྤྱན་འདྲེན་གྱིས། །ཚུར་བྱོན་མཆོད་གཏོར་བཞེས་སླད་འདིར་གཤེགས་ཤིག །ཨོཾ་བཛྲ་ཡཀྵི་ཨེ་ཧྱ་ཧི། བཛྲ་ས་མཱ་ཛཿ པདྨ་ཀཱ་མ་ལ་ཡེ་སྟྭཾ། བཛྲ་ས་མཱ་ཡ་སྟྭཾ། ནགས་སྨན་རྒྱལ་མོ་སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། སྨན་ཕྲན་འབུམ་སྡེ་འཁོར་དང་བཅས་པ་རྣམས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། འགལ་རྐྱེན་བསྲུང་བ་དང་། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག ཨོཾ་བཛྲ་ཡཀྵི་ས་པཱ་རི་ཝཱ་ར་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ལན་ལྔས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་བཛྲ་ཡཀྵི་ཨ་མྲི་ཏ་ལ་ཁ་རཾ་ཁཱ་ཧི། ཞེས་པས་ནང་མཆོད་འབུལ། བྷྱོཿ གང་གི་རྒྱལ་བའི་བསྟན་པ་འབའ་ཞིག་དང་། །དེ་འཛིན་རྣལ་འབྱོར་ཚོགས་རྣམས་སྐྱོང་མཛད་ཅིང་། །འགྲོ་བ་ཀུན་ལ་མ་ལྟར་བྱམས་པ་ཡི། །མ་ཅིག་ནགས་སྨན་རྒྱལ་མོར་བསྟོད་པར་བགྱི། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་ཀུན་ལ་བདེ་སྐྱིད་མཛོད། །ཁྱད་པར་བདག་ཅག་འཁོར་བཅས་ལ། །འགལ་རྐྱེན་སྲུང་ལ་མཐུན་རྐྱེན་སྒྲུབས། །ཞེས་ཏཱ་ར་ནཱ་ཐས་སྨྲས་པའོ། །པར་བསྐྲུན་བསགས་དགེས་བསྟན་འགྲོར་ལེགས་ཕན་ཤོག། །།
ཆེ་བཙན་གྱི་གཏོར་ཆོག
རང་གི་སྙིང་ཁའི་འོད་ཀྱིས་ཆེ་བཙན་འཁོར་བཅས་ཨ་ཀརྵ་ཡ་ཛཿ དེ་བ་ཤུ་ལ་དྲི་ཡཾ་ཛཿ ས་པཱ་རི་ཝཱ་ར་ཨཾ་ཀུ་ཤཱ་ཛཿ བཛྲ་ཨ་རལླི་ཧོཿ ས་མ་ཡ་སྟྭཾ། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། དེ་བ་ཤུ་ལ་དྲི་ཡཾ་ཛཿ ཨོཾ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །སྲོག་གི་སྙིང་པོ་དམ་པ་ཕུལ་ནས་ཀྱང་། །སངས་རྒྱས་བསྟན་པ་བསྲུང་བར་དམ་བཅས་པ། །ལྷ་བཙན་དགྲ་ལྷའི་རྒྱལ་པོ་ཁྱེད་ལ་བསྟོད། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་ཀུན་ལ་བདེ་སྐྱིད་མཛོད། །ཁྱད་པར་བདག་ཅག་འཁོར་བཅས་ལ། །འགལ་རྐྱེན་སྲུང་ལ་མཐུན་རྐྱེན་སྒྲུབས། །བཛྲ་མུཾཿ གཏོར་མགྲོན་རྣམས་གཤེགས། གཙྪ་གཙྪ་སྭ་སྠཱ་ནཾ། སྨོན་ལམ་དང་བཀྲ་ཤིས་བྱ། ཞེས་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།
ཡུལ་གྲོང་དང་མཁའ་འགྲོའི་སྤྱི་གཏོར།
དེ་ནས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ཏེ། ཨོཾ་ཨཱཿཧཱུཾ། ཡུལ་གྱི་བདག་པོ་ས་པཱ་རི་ཝཱ་ར། ཨེ་དཾ། བཱ་ལིཾ། གནྔྷཾ། པུཥྤཾ། དྷཱུ་པཾ། པྲ་ཏི་པཾ། ཨཀྵ་ཏཾ། ད་དཱ་མ་ཧཱེ། ས་པཱ་རི་ཝཱ་ར། ཤཱི་གྷྲཾ། ཨ་གཙྪནྟུ། ཛཿཧཱུཾ་བཾ་ཧོཿ ཨེ་དཾ། བཱ་ལིཾ། གྲིཧྞནྟུ། ཁ་དཱ་ཏུ། པི་ཝ་ཏུ། ས་པཱ་རི་ཝ་ར་ཀ །སརྦ་སཏྭཱ་ནཱཾ། ཤཱནྟིཾ། པཱུཥྚིཾ། རཀྵ་ཨ་བཱ་ར་ཎ། གུབྟིཾ། ཀ་རོ་ཏུ། ཨེ་དཾ་སྠཱ་ནཱཾ། ཏྱཀྟོ་བཱ་ཧྱ་མཎྚལ་བྷུ་མྱཾ་ཏིཥྛ་ཏུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷཱ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། རྡོ་རྗེ་མཁའ་འགྲོ་མའི་གཏོར་སྔགས་ཐུན་མོང་མ་ཡིན་པ་དང་འདྲ་བས། ཡུལ་གྱི་བདག་པོ་འཁོར་བཅས་ལ་འབུལ། དེ་བཞིན་དུ་ཁྱིའི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུཾ། གྲོང་གི་བདག་པོ་ཨ་གཙྪ་ཨ་གཙྪ། ཤཱི་གྷྲཾ་ཨེ་དཾ་བཱ་ལིཾ། གྲིཧྣ་གྲིཧྣ། བྷུཀ་ཏྭཱ། པི་ཏྭཱ་ཏྲིབ་ཏཾ། ཀྲི་ཏྭཱ། སརྦ་སཏྭ་ནཾ། ཤནྟིཾ། ཙིཏྟཾ། ཀྲི་ཏྭ། སྭ་སྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་གྲོང་བདག་ཏུ་གྲགས་པ་ཞིང་སྐྱོང་ལ་འབུལ་ལོ། །མཁའ་འགྲོའི་སྤྱི་གཏོར་དུ་གྲགས་པ་འབྱུང་པོ་ཐམས་ཅད་པའི་སྤྱི་གཏོར་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཕཻཾ། བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲི་ཤྱ་ཧོ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨ་ད། ཨ་པ་སྨ་ར། ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨེ་མཾ་བཱ་ལིཾ་གྲིཧྣནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་བྲ་ཡཙྪནྟུ། ཡ་ཐེ་བཾ། ཡ་ཐེ་ཥྚཾ། བྷུཉྫ་ཐ། པི་པ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སད་སུ་ཁཾ་བི་ཤུདྡྷ་ས་ཧ་ཡི་ཀ་བྷ་ཝནྟུ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཤབྟ་ཨཱཿཧཱུཾ། ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་མ་ལུས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང་། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མ་མོའི་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡིས། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཚོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང་། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གཞི་བདག་གཏོར་མ་སྤྱི་གཏོར་གྱི་ཚུལ་དུ་གཏོང་ན། སྐབས་འདིར་བྱེད་དགོས་མོད། ཡུལ་བདག་གྲོང་བདག་གི་གཏོར་མ་ཕུལ་ཕྱིན་མ་བྱས་ཀྱང་ཆོག་གོ །
གཞི་བདག་གཏོར་མ།
དཀར་གཏོར། ཨོཾ་བཛྲ་ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དྲཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨ་ཀཱ་རོ་སོགས་དང་། ཨོཾ་བྷཱུ་མི་པ་ཏི་ཀྵེ་ཊ་པ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཨོཾ་བྷཱུ་མི་པ་ཏི་ཀྵེ་ཊ་པཱ་ལ་ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ སྭཱཧཱ། ལན་གསུམ། ཨོཾ་བྷཱུ་མི་པ་ཏི་ཀྵེ་ཊ་པཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ།ནས། ཤབྟ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཨོཾ་ཨཱཿཧཱུཾ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། སྟོང་གསུམ་སྲིད་གསུམ་རི་རབ་ཁ་ཞབས་རྒྱ་མཚོའི་མཐའ་དབུས་འཛམ་བུ་གླིང་གི་གཞི་བདག བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་རྣམས་དང་། ཡུལ་རིགས་འདི་ན་གནས་པའི་ས་བདག་གཞི་བདག་གནས་བདག་དཀོར་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །མགྲོན་ནོ། །བཞེས་སུ་གསོལ། བཞེས་ནས་ཀྱང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། འགྲོ་ན་མ་བཤོལ། འདུག་ན་མ་སྡང་། ཚེའི་སྡོང་གྲོགས། ལས་ཀྱི་སྡོང་གྲོགས། བསོད་ནམས་ཀྱི་སྡོང་གྲོགས། དཀར་པོ་དགེ་བའི་སྡོང་གྲོགས། ཆོས་མཐུན་བྱང་ཆུབ་བསྒྲུབ་པའི་སྡོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག ན་མོ། བདག་གི་བསམ་པའི་སྟོབས། སོགས་ནས། འགྲུབ་གྱུར་ཅིག །ཨོཾ་སརྦ་བྷཱུ་ཏ་གཙྪ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་ནང་དུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱི་མ་བསྒྲལ་བར། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །
རྡོ་རྗེའི་གླུ་སོགས།
དེ་ནས་རྡོ་རྗེའི་གླུ་ནི། ཀོོལླ་ཨེ་རི་ཊ་ཋི། ཨཱ་བོ་ལ། མུམྨུ་ཎེ་རི། ཀཀྐོ་ལ། གྷ་ཎཻ། ཌི་བི་ཌ་ཧོ། བཛྫ་ཨི། ཀ་རུ་ཎི་ཀ ཨ་ཨི། ཎ་རོ་ལ། ཏ་ཧིཾ་བཱ་ལ། ཁཛྫ་ཨི། ག་ཌེཾ་མ། ཨ་ན་བི་ཛ། ཨ་ཨི། ཧ་ལེ་ཀ་ལེན་ཛ་ར། པ་ནི་ཨ་ཨི། དུ་ངྷུ་ར་བཛྫི་ཨ་ཨི། ཙ་ཨུ་ས་མ། ཀཙྪུ་རི། སིཧླ། ཀ་པུ་རི་ལ་ཨི། ཨ་ཨི། མ་ལ་ཨིནྡྷ་ན། ས་ལིཾ་ཛ། ཏ་ཧིཾ་བྷ་རུ། ཁ་ཨི་ཨ་ཨི། ཕྲེང་ཁ་ན། ཁེ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ཎ་མ་ནི། ཨ་ཨི། ནི་རང་སུ་ཨཾ་ག ཙ་ཊ་ཝི། ཏ་ཧིཾ་ཛ། ས་ར་བཱ་པ་ནི། ཨ་ཨི། མ་ལ་ཨ་ཛི། ཀུན་ཏུ་རུ། བ་ཌ་ཨི། ཌིཎྜི་མ། ཏ་ཧིཾ་ན་བཛྫི། ཨ་ཨི།
ཤིས་པ་བརྗོད་པ་ནི། ཨོཾ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པངྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང་། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་དང་། །ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །
སྨོན་ལམ་གདབ་པ་ནི། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་ནས་གྲོལ་བ་ཡི། །དེ་ཡི་སངས་རྒྱས་མྱུར་ཐོབ་ཤོག །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཅི་རིགས་སུ་བཟླས་ལ། མ་འབྱོར་པ་དང་ཉམས་པ་དང་། །སོགས་ནས། ཨོཾ་བཛྲ་མུཿ
སྔགས་དྲུག་ཕྱག་དྲུག
བསྐང་རྫས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་ཏིང་ངེ་འཛིན་དྲུག་གིས་བྱིན་གྱིས་བརླབས་པ་སྟེ། དེ་ཡང་ཕྱག་གཉིས་ཐལ་མོ་སྙིང་གར་སྦྱར་བ་ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་བཅས་ཏེ། ཨོཾ་སརྦ་བི་ཤུདྡྷི་དྷརྨཱ་ཏེ་བཛྲ་སིདྡྷི་ཧཱུཾ། ཞེས་པས་བསྐང་རྫས་ཀྱི་མ་དག་པའི་དྲི་མ་ཐམས་ཅད་དག་ཅིང་སྦྱངས་པར་བསམ། ལག་གཉིས་ཐལ་མོ་སྦྱར་ལ་གུང་མོ་གཉིས་གཤིབས་ཏེ་བརྐྱངས་སོར་མོ་གཞན་རྣམས་ནང་དུ་ཅུང་ཟད་བཅགས་ཏེ་རིན་པོ་ཆེ་ལྟར་བྱས་པ་སྤྱི་བོར་བཞག་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ཏེ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་པས་བསྐང་རྫས་སོགས་ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་ཅིང་བསམ་གྱིས་མི་ཁྱབ་པར་སྤེལ་བར་བསམ། མཐེ་བོང་གཉིས་སྦྲེལ་ལ་སོར་མོ་གཞན་རྣམས་ཕྱིར་བརྐྱངས་ཁའི་ཐད་ཀར་བཞག་པ་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་བཅས་ཏེ། ཨོཾ་ཨ་མྲི་ཏེ་ཧཱུཾ་ཕཊ། ཅེས་པས་བསྐང་རྫས་སོགས་ཟག་མེད་ཡེ་ཤེས་ལས་གྲུབ་པའི་བདུད་རྩིར་བསྒྱུར་བར་བསམ། ལག་གཡོན་ཁུ་ཚུར་ལྟེ་བར་སྣོད་ཀྱི་ཚུལ་དང་གཡས་སྙིང་གར་སྡིགས་མཛུབ་རྫས་ལ་གཏད་པ་དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་བཅས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱཱ་ནུཏྤནྣ་ཏྭ་ད་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་པས་རྫས་དེ་མགྲོན་རྣམས་ཀྱིས་གསོལ་ནས་མགྲོན་རྣམས་བདག་སྒྲུབ་པ་པོའི་འདོད་དོན་ཐམས་ཅད་སྒྲུབ་པར་བྱེད་ནུས་པ་ཅན་གྱི་རྫས་སུ་གྱུར་པར་བསམ། ལག་པ་གཡོན་པས་མཆོད་སྦྱིན་གྱིས་སྣོད་འདེགས་ཚུལ་དང་གཡས་པའི་ཁུ་ཚུར་སྙིང་གར་བཞག་པ་རྒྱ་ཆེན་ཤུགས་ལྡན་གྱི་ཕྱག་རྒྱ་བཅས་ཏེ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པས་རྫས་རྣམས་མགྲོན་གྱི་རིགས་ཐམས་ཅད་ལ་ཐོབ་པའི་རྫས་སུ་གྱུར་པར་བསམ། སོར་མོའི་རྩེ་རྣམས་ནང་དུ་བསྣོལ་ལ་མཐེ་བོང་གཉིས་གཤིབས་ཏེ་བརྐྱང་པ་སྤྱི་བོར་བཞག་པ་ཡེ་ཤེས་སྐར་མདའི་ཕྱག་རྒྱ་བཅས་ཏེ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱཧཱ། ཞེས་པས་རྫས་ཏེ་མགྲོན་མཆོག་དམན་ཐམས་ཅད་ལ་ཆེ་ཆུང་ཕམ་རྒྱལ་མེད་པར་ཐོབ་པའི་རྫས་སུ་གྱུར་པར་བསམ་པའོ། །བདག་གི་བསམ་པའི་སྟོབས་དང་ནི། །སོགས་བརྗོད་པར་བྱའོ།། །།

རྒྱུད་སྡེ་བཞིའི་བསྐང་བ་བསྡུས་པ།

རྒྱུད་སྡེ་བཞིའི་བསྐང་བ་བསྡུས་པ་བཞུགས་སོ། །ན་མོ་གུ་རུ་ཝེ། ཧཱུཾ། མདོ་རྒྱུད་བསྟན་བཅོས་གསང་སྔགས་ཕྱི་ནང་གི །བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཆོས་དབྱིངས་རང་བཞིན་འོད་གསལ་དཀྱིལ་འཁོར་དུ། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ལ་སོགས་ཏེ། །རྒྱུ་སྐར་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ། །རྣམ་དག་ཆོས་དབྱིངས་མཆོག་གི་དཀྱིལ་འཁོར་དུ། །དགྱེས་པ་རྡོ་རྗེ་འཁོར་བཅས་ཐུགས་དམ་བསྐང་། །འགྱུར་མེད་མཆོག་གི་དངོས་གྲུབ་བདག་ལ་སྩོལ། །ཟག་མེད་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ། །འཁོར་ལོ་བདེ་མཆོག་ལྷ་ཚོགས་ཐུགས་དམ་བསྐང་། །རང་བྱུང་བདེ་ཆེན་ཆོས་ཉིད་མྱུར་ཐོབ་ཤོག །ཡུལ་ཕྱོགས་སུ་མ་པུ་རིའི་ཞིང་ཁམས་སུ། །རྡོ་རྗེ་འཇིགས་བྱེད་འཁོར་བཅས་ཐུགས་དམ་བསྐང་། །ཞི་རྒྱས་དབང་དྲག་དངོས་གྲུབ་བདག་ལ་སྩོལ། །ནུབ་ཕྱོགས་ཨོ་རྒྱན་དག་པའི་ཞིང་ཁམས་ནས། །རྡོ་རྗེ་ཕག་མོ་འཁོར་བཅས་ཐུགས་དམ་བསྐང་། །འདོད་པའི་དངོས་གྲུབ་མ་ལུས་བདག་ལ་སྩོལ། །གསང་འདུས་སྒྱུ་དྲ་མཧཱ་མ་ཡ་སོགས། །གཉིས་མེད་རྒྱུད་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་། །སྦྱོང་རྒྱུད་བཅུ་གཉིས་ལྷ་ཚོགས་ལ་སོགས་ཏེ། །རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་། །བཅོམ་ལྡན་རྣམ་སྣང་མངོན་བྱང་ལ་སོགས་ཏེ། །སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་། །རྡོ་རྗེ་རྣམ་པར་འཇོམས་པ་ལ་སོགས་ཏེ། །བྱ་བའི་རྒྱུད་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་བསྐང་བའི་མཐུས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །ཚེ་རིང་ནད་མེད་མཆོག་གི་དངོས་གྲུབ་སྩོལ། །ཧཱུཾ། རྡོ་རྗེ་ཁང་བརྩེགས་འབར་བའི་དཀྱིལ་འཁོར་དུ། །དུས་འཁོར་ཁྲོས་པའི་ཁྲོ་རྒྱལ་རྡོ་རྗེ་ཤུགས། །སྲུང་མ་དྲུག་ཅུ་འཁོར་བཅས་ཐུགས་དམ་བསྐང་། །ཞི་རྒྱས་སྲུང་སྐྱོབ་སྦ་བའི་དངོས་གྲུབ་སྩོལ། །རྡོ་རྗེ་འཆང་གི་བཀའ་བཞིན་མཛད་དུ་གསོལ། །ཧཱུཾ། དུར་ཁྲོད་འབར་བ་ཆེན་པོའི་དཀྱིལ་འཁོར་དུ། །ནག་པོ་ཆེན་པོ་འཁོར་བཅས་ཐུགས་དམ་བསྐང་། །དམིགས་པའི་དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ། །ཧཱུཾ། ནོར་བུ་རིན་ཆེན་གཏེར་གྱི་ཕོ་བྲང་ནས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་ཐུགས་དམ་བསྐང་། །འཕགས་པའི་ནོར་བདུན་མཆོག་གི་དངོས་གྲུབ་སྩོལ། །ཧཱུཾ། ཏེ་སེ་བསིལ་བའི་ཚལ་གྱི་དུར་ཁྲོད་ནས། །གདོང་བཞི་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །དམ་ཉམས་དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ། །ཡེ་ཤེས་མགོན་པོ་ཕྱག་དྲུག་འཁོར་དང་བཅས། །ཕྱག་བཞི་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །བྱད་མ་དགྲ་བགེགས་ལོག་འདྲེན་མྱུར་དུ་སྒྲོལ། །ཧཱུཾ། བྱང་ཤར་ཨུ་ཙ་ལ་ཡི་དུར་ཁྲོད་ནས། །དཔལ་མགོན་དྲཀྴད་འཁོར་བཅས་ཐུགས་དམ་བསྐང་། །ངེས་དོན་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་སྡེ་བཞིའི་ཚོགས། །ཆོས་རྒྱལ་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །བསྟན་དགྲ་དམ་ཉམས་མ་ལུས་བསྒྲལ་དུ་གསོལ། །སྨན་བཙུན་ཚེ་རིང་མཆེད་ལྔ་འཁོར་དང་བཅས། །ཞིང་སྐྱོང་བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་། །རིམས་ནད་ཡམས་ནད་གདུག་པ་ཅན་ཀུན་བཟློག །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་རྒྱུད་སྡེ་བཞིའི་བསྐང་བ་བསྡུས་པ་འདི་ནི། ཆུ་ཕོ་སྟག་གི་དབོ་ཟླའི་ཉི་ཤུ་ལྔའི་ཉིན་དགའ་བའི་ཚལ་དུ་གཱ་ག་ཤྲཱིས་བྲིས་པ་དགེ་ལེགས་འཕེལ། །
དཔལ་རྡོ་རྗེ་ནག་པོ་ཆེན་པོའི་བསྐང་བ་ཞེས་བྱ་བ་བཞུགས་སོ།།
བསྐང་རྫས་རྣམས་སྔགས་དྲུག་ཕྱག་དྲུག་ཏིང་ངེ་འཛིན་དྲུག་གིས་བྱིན་གྱིས་བརླབས་ཏེ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་དཔལ་ལྡན་ནག་པོ་ཆེ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །འཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར། །ཁས་བླངས་དམ་བཅས་མ་གཡེལ་བར། །མཧཱ་ཀཱ་ལ་གཤེགས་སུ་གསོལ། །ཧཱུཾ། ཆོས་ཉིད་ངང་ལས་མ་གཡོས་ཀྱང་། །བསྟན་བསྲུང་ཆོས་སྐྱོང་སྐུར་བསྟན་པ། །ནག་པོ་ཆེན་པོ་སྟོབས་པོ་ཆེ། །དུས་ལ་བབས་ཀྱི་ལས་ལ་བྱོན། །ཧཱུཾ། ནག་པོ་ཆེན་པོ་འཁོར་བཅས་རྣམས། །འབར་བ་ཆེན་པོའི་དཀྱིལ་འཁོར་འདིར། །དྲག་པོའི་ལས་ལ་སྤྱན་འདྲེན་ན། །བཞུགས་ནས་དགྲ་བགེགས་བསྒྲལ་དུ་གསོལ། །ཧཱུཾ། དངོས་གྲུབ་རྣམ་གཉིས་སྩོལ་མཛད་པའི། །མཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ལྷ་ཆེན་དཔལ་འབར་ཐུགས་དམ་བསྐང་། །འཇིགས་བྱེད་ཆེན་པོའི་ཐུགས་དམ་བསྐང་། །ལྷ་མཆོག་ནག་པོའི་ཐུགས་དམ་བསྐང་། །གདུག་པ་ཚར་གཅོད་ཐུགས་དམ་བསྐང་། །བསྟན་བསྲུང་ཆེན་པོའི་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་བསྐང་བའི་རྫས། །ལུག་ནག་རྒྱལ་མཚན་དག་གིས་བསྐང་། །གཡབ་དར་ནག་པོས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །གྲི་རྒོད་སྙིང་གིས་ཐུགས་དམ་བསྐང་། །ལུག་ནག་སྙིང་གིས་ཐུགས་དམ་བསྐང་། །དམར་ནག་བཤོས་བུས་ཐུགས་དམ་བསྐང་། །དམར་ཆེན་ཨརྒྷས་ཐུགས་དམ་བསྐང་། །ཚིལ་ཆེན་དུད་པས་ཐུགས་དམ་བསྐང་། །རྟེན་གཏོར་ཆེན་པོས་ཐུགས་དམ་བསྐང་། །རྒྱུན་གྱི་གཏོར་མས་ཐུགས་དམ་བསྐང་། །འདོད་ཡོན་ཚོགས་ཀྱིས་ཐུགས་དམ་བསྐང་། །མཐུན་པའི་དམ་རྫས་འདི་དག་གིས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐོངས་གྱུར་ནས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་གདོན་གདུག་པ་ཞི་བར་མཛོད། །དཔལ་འབྱོར་སྙན་གྲགས་རྒྱས་པ་དང་། །ཚེ་དང་ལོངས་སྤྱོད་འཕེལ་བར་མཛོད། །མི་དང་མི་མིན་སྐྱེ་འགྲོ་རྣམས། །ཐམས་ཅད་མ་ལུས་དབང་དུ་བསྡུས། །བསྟན་ལ་སྡང་བའི་དགྲ་བགེགས་རྣམས། །མངོན་སྤྱོད་དྲག་པོས་བསྒྲལ་དུ་གསོལ། །ཧཱུཾ། རྣམ་དག་ཚོགས་ཀྱི་གཏོར་མ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་སྤེལ། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་གཡར་དམ་མཛོད། །ཧཱུཾ། མཛེས་པའི་སྤུ་སྡུག་མཁའ་ལྡིང་ལ། །བྱ་ནག་ལྕགས་ཀྱི་མཆུ་སྡེར་ཅན། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །ཧཱུཾ། རྟ་མཆོག་ནག་པོ་སྤྲིན་གྱི་ཤུགས། །མྱུར་མགྱོགས་མཛེས་པའི་རྒྱན་དང་ལྡན། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །ཧཱུཾ། གཡག་རྒོད་ལྕགས་རྨིག་ཁྲོ་ཆུའི་མིག །མཛེས་པའི་རྭ་དང་རྔ་ཡབ་ཅན། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །ཧཱུཾ། ཁྱི་ནག་དུང་གི་མཆེ་བ་ཅན། །སེང་གེའི་སྟོབས་ལྡན་རྔམ་ཞིང་རྒྱུག །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །ཧཱུཾ། ལུག་ནག་ལྕགས་རུ་དར་གྱིས་བརྒྱན། །བདུད་ཀྱི་སྤུ་ནོར་མཛེས་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །ཧཱུཾ། མི་ནག་འགྱིང་པོ་རྫུ་འཕྲུལ་ཅན། །ལས་ལ་འཁོལ་བའི་སྟོབས་ལྡན་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །ཧཱུཾ། དཔལ་གྱི་ཞལ་ཟས་འབྲང་རྒྱས་མཆོག །རཀྟའི་ཐིག་ལེས་བརྒྱན་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །རཀྟའི་ཡོན་ཆབ་རབ་བསྐྱིལ་བ། །སྲོག་རྩའི་ལམ་ནས་བཏོན་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །ཧཱུཾ། གྲི་སྙིང་རྩ་ལག་མ་ཉམས་པ། །རིན་ཆེན་ལྔ་དང་སྨན་གྱིས་བཀང་། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །ཧཱུཾ། འབྲུ་བཅུད་སྟོང་གི་བཅུད་བསྡུས་པ། །གཟི་བརྗིད་ཆེར་འབར་ལྔ་བསྐྱེད་ཆང་། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །ཧཱུཾ། མཉེན་དྲང་སྦ་སྙུགས་རྩེ་རྒྱལ་ལ། །སྤུ་སྡུག་བྱ་ཡི་ཕོད་དང་བཅས། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །ཧཱུཾ། ནམ་མཁའི་སྐུ་རྟེན་རྒྱང་བུ་ལ། །འཕན་གདུགས་མཛེས་པའི་བསྐོར་དང་བཅས། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ལ་འཕྲིན་ལས་མཛོད། །རྣལ་འབྱོར་བདག་གི་ཉམས་ཆག་ཀུན། །བསྐོངས་གྱུར་དབང་དང་དངོས་གྲུབ་སྩོལ། །མཐུན་པའི་དམ་རྫས་ཚང་བ་འདིས། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །ལེགས་ལྡན་ནག་པོའི་ཐུགས་དམ་བསྐང་། །ཁྲག་འཐུང་ཆེན་པོའི་ཐུགས་དམ་བསྐང་། །མ་ཅིག་ལྷ་མོའི་ཐུགས་དམ་བསྐང་། །ལས་མཁན་ནག་པོའི་ཐུགས་དམ་བསྐང་། །བཀའ་སྡོད་ཕོ་ཉའི་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་བསྐོངས་གྱུར་ནས། །བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ། །དགྲ་དང་འབྱུང་པོ་ཆོམ་ལ་ཕོབ། །ཧཱུཾ། རང་བཞིན་རྣམ་དག་དབྱིངས་ཉིད་ལས། །ཐུགས་རྗེ་ཆེན་པོའི་སྐུ་སྤྲུལ་པ། །སྐྱེ་མེད་ངང་ལས་འཇིགས་བྱེད་སྐུ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་རྫས་མཆོག་ནི། །བདུད་ལུག་ནག་པོ་སྤྱི་དཀར་དང་། །མཁའ་ལྡིང་ནག་པོ་གསེར་མིག་དང་། །བདུད་རྩི་རྣམ་ལྔ་སྦྱར་བ་དང་། །དམར་ཆེན་ཁྲག་གི་རྒྱ་མཚོ་དང་། །དཔའ་བོ་ཆང་གི་ར་རོ་དང་། །སྨན་རྣམས་སྦྱར་བའི་རིལ་བུ་དང་། །རིན་ཆེན་སྣ་ལྔའི་ཕྱེ་མ་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པ་དང་། །དྲག་པོའི་བཤོས་བུ་ཟུར་གསུམ་དང་། །ཤ་ཁྲག་དམར་གྱི་གཏོར་མ་དང་། །དར་མཚོན་སྣ་ལྔའི་མཆོད་པ་དང་། །སྣ་ཚོགས་རོལ་མོའི་སྒྲ་དབྱངས་འདིས། །དཔལ་ལྡན་མགོན་པོ་འཁོར་བཅས་མཆོད། །དགྱེས་པའི་དམ་རྫས་མཆོད་པ་འདིས། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །ཉམས་ཆག་ཅི་བགྱིས་བཤགས་པར་བགྱི། །སྔར་བྱས་ལེགས་པའི་གཏང་རག་གཏོང་། །ད་བཅོལ་ལེགས་པའི་གསེར་སྐྱེམས་འདྲེན། །དམ་རྫས་གསེར་སྐྱེམས་མཆོད་པ་འདིས། །དཔལ་ལྡན་མགོན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐང་བར་བགྱི། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཆོས་སྐྱོང་མགོན་པོའི་ཐུགས་དམ་བསྐང་། །རྒྱལ་བའི་འཕྲིན་ལས་བསྒྲུབ་པའི་ཕྱིར། །ལེགས་ལྡན་ནག་པོའི་ཐུགས་དམ་བསྐང་། །ལྷ་མིན་དམག་ཚོགས་གཡུལ་བཟློག་ཕྱིར། །ལྷ་ཆེན་དཔལ་འབར་ཐུགས་དམ་བསྐང་། །དམ་ཚིག་གཉན་པོ་བསྲུང་བའི་ཕྱིར། །རྣལ་འབྱོར་དགྲ་ལྷའི་ཐུགས་དམ་བསྐང་། །བཅོལ་བའི་འཕྲིན་ལས་བསྒྲུབ་པའི་ཕྱིར། །རིག་འཛིན་སྲུང་མའི་ཐུགས་དམ་བསྐང་། །མྱུར་མགྱོགས་ཆོ་འཕྲུལ་སྟོན་པའི་ཕྱིར། །ཕོ་ཉ་ལས་མཁན་ཐུགས་དམ་བསྐང་། །འདོད་ཡོན་མཆོད་པ་རྣམ་ལྔ་དང་། །ཛ་གད་བདུད་རྩིའི་རྒྱ་མཚོ་དང་། །ལ་དུ་ལ་ཕུག་ཛམ་བུ་ཏི། །ཤ་ཁྲག་དམར་གྱི་གཏོར་ཆེན་དང་། །དགྲ་བགེགས་རྣམ་གཉིས་བསྒྲལ་བ་ཡི། །དོན་སྙིང་ནང་ཁྲོལ་དབང་པོ་ལྔ། །རུས་པ་རྐང་ཀླད་ཚིལ་བུ་དང་། །བྱ་རྒོད་མདའ་དང་དར་ནག་འཕན། །གྲི་རྒོད་སྙིང་དང་ལུག་ནག་སོགས། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདིས། །མཆོད་དོ་མགོན་པོ་འཁོར་བཅས་མཆོད། །བསྐང་ངོ་ཐུགས་དམ་གཉན་པོ་བསྐང་། །བྷྱོཿ དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ། །ཨེ་ཀ་ཛ་ཊིའི་ཐུགས་དམ་བསྐང་། །དཔལ་ལྡན་ལྷ་མོ་འཁོར་བཅས་ལ། །ཐུགས་དམ་བསྐང་བའི་དམ་རྫས་ནི། །གཏོར་ཆེན་ཤ་ཁྲག་དམར་གྱིས་བརྒྱན། །མི་དབང་འབྲས་བུ་སྨིན་པའི་ཤ །ཤིང་ལོ་ས་ལ་མ་ལྷུང་དང་། །བྱ་མོ་ནག་མོ་ལ་སོགས་ཏེ། །འདོད་པའི་དམ་རྫས་དཔག་མེད་ཀྱིས། །མཆོད་དོ་འདོད་ཁམས་དབང་མོ་མཆོད། །བསྐང་ངོ་ལྷ་མོའི་ཐུགས་དམ་བསྐང་། །དགྲ་བགེགས་གནས་ནས་འགུགས་པའི་ཕྱིར། །ཕོ་ཉ་རྣམས་ཀྱི་ཐུགས་དམ་བསྐང་། །དགྲ་བགེགས་ཟིལ་གྱིས་གནོན་པའི་ཕྱིར། །གནམ་ལྕགས་ཁྱུང་གི་ཐུགས་དམ་བསྐང་། །དགྲ་བགེགས་ཤ་ལ་རོལ་པའི་ཕྱིར། །བྱ་ནག་ཚོགས་ཀྱི་ཐུགས་དམ་བསྐང་། །དགྲ་ཁྲག་སྐོམ་དུ་འཐུང་བའི་ཕྱིར། །ཁྱི་ནག་ཚོགས་ཀྱི་ཐུགས་དམ་བསྐང་། །དགྲ་བགེགས་སྲོག་རྩ་གཅོད་པའི་ཕྱིར། །མི་ནག་ཚོགས་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་བླ་ཕྱིར་འགྱེད་པའི་ཕྱིར། །ལྕགས་སྤྱང་སྔོན་པོའི་ཐུགས་དམ་བསྐང་། །ཁྱོད་ཀྱི་མཐུན་པའི་དམ་རྫས་ནི། །བཟའ་བ་ཤ་ཡི་རི་བོ་ལ། །བཏུང་བ་ཁྲག་གི་རྒྱ་མཚོར་བསྐྱིལ། །དྲི་བསུར་དུད་པ་སྤྲིན་དུ་འཁྲིགས། །ནམ་མཁའི་དབྱིངས་དང་མཉམ་པ་འདིས། །ཕོ་ཉ་ལས་མཁན་ཐུགས་དམ་བསྐང་། །ཞི་རྒྱས་དབང་དྲག་འཕྲིན་ལས་བཞི། །ཇི་ལྟར་བཅོལ་བཞིན་འགྲུབ་པར་མཛོད། །ཧཱུཾ། དཔལ་ལྡན་མགོན་པོ་འཁོར་བཅས་ཀྱི། །གཞན་ཡང་དགྱེས་པའི་མཆོད་པ་ནི། །རི་རབ་གླིང་བཞི་གླིང་ཕྲན་བཅས། །རི་བདུན་རོལ་བའི་མཚོ་བདུན་དང་། །རིན་ཆེན་བདུན་དང་རིན་ཆེན་གཏེར། །སྐྱེ་འགྲོ་སེམས་ཅན་སྣ་ཚོགས་བཀོད། །ཁྱུང་ཆེན་གླང་པོ་མ་ཧེ་རྟ། །གསེར་གཡུ་མུ་ཏིག་བྱི་རུ་ཤེལ། །དར་ཟབ་གོས་དང་འབྲས་བུའི་ཚོགས། །མི་ཟད་ལོངས་སྤྱོད་གཏེར་དང་ལྡན། །བཞེས་ཤིག་ཐུགས་དམ་བསྐང་བར་མཛོད། །བསྟན་པ་གཉན་པོ་བསྲུང་བ་དང་། །བསྒྲུབ་པའི་བར་ཆད་སེལ་བ་དང་། །རྐྱེན་ངན་རྦོད་གཏོང་མེད་པར་མཛོད། །ཧཱུཾ། ལྷ་ཆེན་དཔལ་འབར་མཐུ་མ་ཆུང་། །མ་མོ་མཁའ་འགྲོ་བང་མ་བུལ། །ཕོ་ཉ་ལས་མཁན་རྩལ་མ་ཞན། །དཔལ་འབར་མཧཱ་ཀཱ་ལ་ནི། །ཁྲམ་ཁ་བསྒྱུར་བའི་མཐུ་བོ་ཆེ། །བདུད་ཁ་བསྒྱུར་བའི་ང་རོ་ཅན། །དོ་ནུབ་བཟློག་བསྒྱུར་དུས་ལ་བབ། །སྲིད་པའི་ཁྲམ་ཁ་ད་བསྒྱུར་ཅིག །ལྷ་འདྲེའི་དམག་སྣ་དགྲ་ལ་དྲོངས། །གཞན་གྱི་བསམ་སྦྱོར་ངན་པ་དང་། །བྱད་ཁ་ཕུར་ཁ་གཏོང་བ་བཟློག །མཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །འབྱུང་པོའི་ཐོད་ཟོར་འཕེན་པ་བཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག །བདུད་ཀྱི་ཁྲམ་ཁ་སྟོན་པ་བཟློག །མ་མོའི་ཁྲག་ཟོར་འཕེན་པ་བཟློག །ཀླུ་ཡི་བྱད་དུ་བཅུག་པ་བཟློག །ཐེའུ་རང་བསྲིས་ལ་རྐུ་བ་བཟློག །མུ་སྟེགས་བར་ཆད་བྱེད་པ་བཟློག །རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ་བཟློག །རྨི་ལམ་ངན་དང་མཚན་ལྟས་སྡིག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །ལོ་སྐེག་ཟླ་སྐེག་ཞག་སྐེག་བཟློག །དྲང་སྲོང་གཟའ་ཡི་ཀིཾ་ཀ་བཟློག །ཞང་ཞུང་རྩོ་དམར་འཕེན་བཟློག །སུམ་པའི་གླང་ཟོར་འཕེན་པ་བཟློག །བནྡྷེའི་སྔགས་ཟོར་འཕེན་པ་བཟློག །བོན་པོའི་རྟ་ཟོར་འཕེན་པ་བཟློག །སྐྱེས་པའི་མདའ་ཟོར་འཕེན་པ་བཟློག །བུད་མེད་དམོད་ཟོར་འཕེན་པ་བཟློག ། རླུང་གི་གཤེད་བཞི་མཆིས་པ་དང་། །མོ་རྩིས་ངན་པ་ཐམས་ཅད་དང་། །མཁའ་འགྲོ་མ་དང་རོ་ལངས་དང་། །རྒྱལ་བསེན་བར་ཆད་བྱེད་པ་བཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ །ཐམས་ཅད་རྦོད་གཏོང་སྟེང་དུ་བྷྱོཿ །སྲིན་པོའི་གཟུགས་ཀྱི་ནག་པོ་ཆེ། །དཀོན་མཆོག་གསུམ་གྱི་སྲུང་མ་ཁྱོད། །སྔོན་གྱི་དམ་བཅས་བཞིན་དུ་གྱིས། །སྙིགས་མའི་དུས་འདིར་གནོད་བྱེད་པ། །འདི་དག་བསྟན་པའི་དགྲ་བོ་སྟེ། །ཁ་ཁ་ཁཱ་ཧི་དགྲ་ལ་རོལ། །གྲིཧྞ་གྲིཧྞ་དགྲ་བོ་ཟུངས། །བནྔྷ་བནྡྷ་དགྲ་བོ་ཆིངས། །ཧ་ན་ཧ་ན་དགྲ་ལ་རྒྱོབ། །ད་ཧ་ད་ཧ་དགྲ་བོ་སྲེགས། །པ་ཙ་པ་ཙ་དགྲ་བོ་ཚོས། །དི་ན་མི་ཀེ་དགྲ་བོ་སྒྲོལ། །མ་ར་མ་ར་དགྲ་བོ་སོད། །ཁྲག་གི་རྒྱུན་ཡང་འཐུང་བར་གྱིས། །དམ་ཉམས་དགྲ་ནི་མྱུར་དུ་སྒྲོལ། །རུས་པ་ཀླད་པ་ནང་ཁྲོལ་ཟོ། །ཏིལ་འབྲུ་ཙམ་ཡང་མེད་པར་གྱིས། །ནག་པོ་ཆེན་པོ་འཁོར་དང་བཅས། །དུས་ལ་བབ་པོ་འཕྲིན་ལས་མཛོད། །བདག་གིས་བཅོལ་བའི་ལས་རྣམས་ནི། །ད་ལྟ་ཉིད་དུ་འགྲུབ་པར་མཛོད། །
༈ ཧཱུཾ། ཡོན་ཏན་ལྷུན་རྫོགས་དངོས་གྲུབ་མངའ་བའི་ལྷ། །མ་ལུས་རྨད་བྱུང་ཕན་བདེའི་དགོངས་པ་ཅན། །འཕྲིན་ལས་རྣམ་བཞིས་བདུད་དཔུང་ཚར་གཅོད་པའི། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །སྤྱི་དང་ཁྱད་པར་གསང་བའི་དམ་ཚིག་རྣམས། །བསྲུང་བར་དམ་བཅས་འདའ་རྒྱུ་མ་ལགས་ན། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱི། །བག་མེད་ཚུལ་གྱི་དམ་ལས་འགལ་བ་རྣམས། །སྲུང་མ་རྒྱ་མཚོའི་ཚོགས་ལ་བཟོད་པར་གསོལ། །
གཏུམ་ཆེན་མ་བཞུགས།
སྔགས་དྲུག་ཕྱག་དྲུག་ཏིང་ངེ་འཛིན་དྲུག་གིས་བྱིན་གྱིས་བརླབས་ཏེ། ཧཱུཾ། གཏུམ་ཆེན་ནག་པོ་ལྕམ་དྲལ་དང་། །ཨེ་ཀ་ཛ་ཊི་ལ་སོགས་པ། །བཀའ་སྡོད་ཕོ་ཉ་འཁོར་བཅས་ལ། །ཁྱད་པར་དམ་རྫས་འབུལ་བ་ནི། །མཆོད་སྤྲིན་རྒྱ་མཚོ་དཔག་མེད་དང་། །མཾ་སའི་རྒྱན་ཅན་གཏོར་མ་དང་། །ཕྱག་མཚན་རྒྱན་ཅན་དམ་པ་དང་། །ཕྱི་ནང་གསང་བའི་རྟེན་རྣམས་ཀྱིས། །ལྕམ་དྲལ་མཁའ་འགྲོའི་ཐུགས་དམ་བསྐང་། །པུ་ཊ་ཕོ་མོའི་ཐུགས་དམ་བསྐང་། །བྲན་གཡོག་འཁོར་གྱི་ཐུགས་དམ་བསྐང་། །བར་ཆད་ཀུན་སོལ་མཐུན་རྐྱེན་སྒྲུབས། །ཧཱུཾ། དམར་ཆེན་རཀྟས་རྒྱ་མཚོར་སྐྱིལ། །ཤ་རུས་བཟའ་བ་རི་ལྟར་སྤུངས། །བདུད་རྩིའི་སྨན་གྱིས་ཆུ་རྒྱུན་འབེབས། །མཛེས་པའི་རྒྱན་གྱིས་སྤྲིན་ལྟར་གཏིབས། །དམ་ཚིག་ཅན་འདུས་གནས་མཆོག་འདིར། །ལྕམ་དྲལ་མཁའ་འགྲོའི་སོགས། ཧཱུཾ། རུས་པའི་རྒྱན་དྲུག་སྦྲུལ་རྒྱན་དང་། །སྟག་ཤམ་དར་གྱི་ལྷབ་ལྷུབ་དང་། །ཁྲག་ཞག་ཐིག་ལེ་ཟོ་རིས་དང་། །དཔལ་གྱི་ཆས་བརྒྱད་ལ་སོགས་པས། །ལྕམ་དྲལ་མཁའ་འགྲོའི་སོགས། ཧཱུཾ། དམིགས་མེད་ཐུགས་རྗེས་འགྲོ་དོན་དུ། །གདུག་པའི་གཟུགས་སུ་རྣམ་སྤྲུལ་ཞིང་། །སྟོང་དང་སྙིང་རྗེ་དབྱེར་མེད་པར། །ངེས་པར་རྟོགས་པའི་ཤེས་རབ་འདིས། །ལྕམ་དྲལ་མཁའ་འགྲོའི་སོགས་བསྐང་བ་དང་། ཨརྒྷཾ་སོགས་ཀྱིས་མཆོད་པ་དང་། སྲིན་གཟུགས་མའི་ཤོ་ལོ་ཀ་དང་པོས་བསྟོད་དོ། །
ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ། མཧཱ་ཀ་ལི་དེ་བཱི་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ། ནས། ཤབྟ་པྲ་ཏཱིཙྪ་ཡེ་སྭཱཧཱ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ།། །།
ལྷ་ཆེན་ལྕམ་དྲལ་གྱི་བསྐང་གསོ་འཕྲིན་ལས་ཀུན་འགྲུབ་བཞུགས་སོ།།
ཧཱུཾ། སྣང་སྲིད་གདོད་ནས་ཡེ་གྲོལ་ཆོས་སྐུའི་ངང་། །ཐ་མལ་གཟུང་འཛིན་འཁྲུལ་སྣང་དབྱིངས་སུ་དག །རང་མདུན་དུར་ཁྲོད་ཐོད་མཁར་མེ་རླུང་དབུས། །དུས་གསུམ་རྒྱལ་བའི་འཕྲིན་ལས་མཐུ་སྟོབས་དཔལ། །མ་རུང་བསྟན་དགྲའི་སྲོག་བདུད་ནག་པོ་ཆེ། །ཕྱོགས་བཅུའི་བསྟན་དགྲ་གདུག་པའི་སྙིང་ཁྲག་རྒྱུན། །མ་རྔུབ་ཞལ་གྱི་རྒྱ་མཚོར་ཞམ་ཞམ་འབབ། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་བཀའ་སྡོད་ཀུན། །གློག་ལྟར་འཁྱུག་ཅིང་རྔམ་པའི་འཇིགས་སྒྲ་སྒྲོགས། །ཧོ། གསོན་ཅིག་དགོངས་ཤིག་དཔལ་མགོན་སྲུང་མ་གཉན། །རིག་འཛིན་བདག་གིས་བསྐུལ་ལོ་གནས་འདིར་བྱོན། །སྣ་ཚོགས་སྤྱན་གཟིགས་མཁའ་ཁྱབ་སྤྱི་ཡི་རྟེན། །ཤ་ལྔ་བདུད་རྩི་ལྔ་སྦྱར་ནང་གི་རྫས། །བདེ་སྟོང་ཡེ་ཤེས་བསྐྱེད་པའི་གསང་ཡུམ་ཚོགས། །དཔལ་མགོན་དྲཀྴད་ལྕམ་དྲལ་ཐུགས་དམ་བསྐང་། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །དམ་རྫས་གཏོར་མ་སྨན་རག་བདུད་རྩི་སོགས། །རི་རབ་རྒྱ་མཚོར་མཉམ་པའི་སྟོང་གསུམ་གང་། །དཔལ་མགོན་དྲཀྴད་ལྕམ་དྲལ་ཐུགས་དམ་བསྐང་། །འཁོར་འདས་སྣང་སྟོང་སྒྱུ་མ་རང་སེམས་འཕྲུལ། །དོན་དམ་བརྗོད་བྲལ་བློ་འདས་གཉུག་མའི་དབྱིངས། །ཞི་ལྷག་ཟུང་འཇུག་བདེ་སྟོང་ཕྱག་རྒྱ་ཆེ། །དཔལ་མགོན་དྲཀྴད་ལྕམ་དྲལ་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་འགལ་དམ་ཚིག་ཉམས་ཆག་བཤགས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་བཟློག །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་རྣམས། །མ་ཐོགས་མྱུར་དུ་སྒྲུབ་པའི་དུས་ལ་བབས། །ཁྱོད་ལ་གསོལ་འདེབས་རེ་ལྟོས་སྙིང་ནས་འབོད། །བྱང་ཆུབ་བར་དུ་མི་འབྲལ་སྲུང་མ་མཛོད། །ཀུན་དགའ་སྙིང་པོའི་གསང་ཆེན་ངེས་དོན་བསྟན། །ཕྱོགས་ཀུན་དར་རྒྱས་ཡུན་རིང་གནས་པར་མཛོད། །རྣལ་འབྱོར་བདག་ཅག་དཔལ་འབྱོར་དབང་ཐང་ཀུན། །རབ་རྒྱས་འགྱུར་མེད་ཚེ་ཡི་དཔལ་ཐོབ་ནས། །རྣམ་པར་དཀར་བའི་འཕྲིན་ལས་དཔག་མེད་ཀྱིས། །རང་གཞན་ཕན་བདེའི་གནས་ལ་འགོད་པར་ཤོག །ཅེས་པ་འདི་ཡང་སྔོན་ལས་དང་སྨོན་ལམ་གྱིས་འབྲེལ་བའི་དམ་ཚིག་གཅིག་པ་ས་དམར་བླ་མ་ཀརྨ་ཆོས་དབང་གིས་བསྐུལ་ངོར། རིག་པ་འཛིན་པ་རྣམ་སྣང་རྡོ་རྗེས་གང་ཤར་ཐོགས་མེད་དུ་སྤེལ་བ། རྗེ་བཙུན་སྒྲོལ་བའི་མགོན་པོའི་བཀའ་བརྒྱུད་འཛིན་པའི་སློབ་མ་དམ་ཚིག་ཅན་མ་གཏོགས་གཞན་ལ་མི་སྤེལ་བའི་བཀའ་རྒྱ་གཉན་པོ་ཡོད་ཨྠི།།
༈ ཨོཾ་ཨཱཿཧཱུཾ། རྣལ་འབྱོར་སྔགས་རྒྱས་རབ་སྤེལ་བསྐང་བའི་རྫས། །ལྷ་ཆེན་མགོན་པོ་དྲཀྴད་ལྕམ་དྲལ་བཅས། །འཁོར་དང་ཡང་འཁོར་བཅས་ལ་དགྱེས་པས་ཕྱིར། །ལེགས་འབུལ་ཉམས་སྦྱང་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་པ་འདི་ཡང་མ་ཏིས་སོ། །
༈ བཟློག་པ་ནི། ཧཱུཾ་རཾ་བྷྱོཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ནག་པོ་ལྕམ་དྲལ་འཁོར་བཅས་ཀྱིས། །དམ་རྫས་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་དང་། །བྱད་ཁ་ཕུར་ཁ་གཏོང་བ་བཟློག །མཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །འབྱུང་པོའི་ཐོད་ཟོར་འཕེན་པ་བཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག །བདུད་ཀྱི་ཁྲམ་ཁ་སྟོན་པ་བཟློག །མ་མོའི་ཁྲག་ཟོར་འཕེན་པ་བཟློག །ཀླུ་ཡི་བྱད་དུ་བཅུག་པ་བཟློག །ཐེའུ་རང་བསྲིས་ལ་རྐུ་བ་བཟློག །མུ་སྟེགས་བར་ཆད་བྱེད་པ་བཟློག །རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ་བཟློག །རྨི་ལམ་ངན་དང་མཚན་ལྟས་སྡིག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །ལོ་སྐེག་ཟླ་སྐེག་ཞག་སྐེག་བཟློག །དྲང་སྲོང་གཟའ་ཡི་ཀིཾ་ཀ་བཟློག །ཞང་ཞུང་རྩོ་དམར་འཕེན་པ་བཟློག །སུམ་པའི་གླང་ཟོར་འཕེན་པ་བཟློག །བནྡྷེའི་སྔགས་ཟོར་འཕེན་པ་བཟློག །བོན་པོའི་རྟ་ཟོར་འཕེན་པ་བཟློག །སྐྱེས་པའི་མདའ་ཟོར་འཕེན་པ་བཟློག །བུད་མེད་དམོད་ཟོར་འཕེན་པ་བཟློག །རླུང་གི་གཤེད་བཞི་མཆིས་པ་དང་། །མོ་རྩིས་ངན་པ་ཐམས་ཅད་དང་། །མཁའ་འགྲོ་མ་དང་རོ་ལངས་དང་། །རྒྱལ་བསེན་བར་ཆད་བྱེད་པ་བཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ །ཐམས་ཅད་རྦོད་གཏོང་སྟེང་དུ་བྷྱོཿ །ཨོཾ་ཤྲཱི་མཧཱ་ཀཱ་ལ་དྲཀྴད་མཧཱ་ཀཱ་ལ་སིདྡྷི་དྲི་ཡཾ་ཏུན་ཛ་ཛཿ ཞེས་དཔལ་མགོན་པོ་དང་། ཨོཾ་རོ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོཿཛ་ཛཿ ཞེས་དཔལ་ལྷ་མོ་དང་། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ། ཤཱ་ས་ན་སོགས།
༈ བཤགས་པ་ནི། རྡོ་རྗེ་འཆང་དབང་རྩ་བརྒྱུད་བླ་མ་དང་། །གྲུབ་པའི་སློབ་དཔོན་ཏཱ་ར་ནཱ་ཐ་སོགས། །བླ་མ་མགོན་པོ་དབྱེར་མེད་ནག་པོ་ཆེ། །དྲཀྴད་ལྕམ་དྲལ་འཁོར་བཅས་བདག་ལ་དགོངས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆག་སྙིང་ནས་མཐོལ་ཞིང་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །
མ་མོའི་འཁྲུགས་བསྐང་བསྡུས་པ་བཞུགས་སོ།།
བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་དུ་གྱེར་བའི་དུས། །ཕས་ཟེར་བུ་ཡིས་མི་ཉན་དུས། །དུས་ངན་ཉེ་བ་འཐབ་པ་དང་། །གོས་ངན་རེ་ཐུལ་གྱོན་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །སྡེ་འཁྲུགས་ནང་དམེ་བྱེད་པའི་དུས། །མ་མོ་ནག་མོའི་ཐུགས་ཁྲོས་ནས། །བུད་མེད་སྣ་ཚོགས་སྟོང་ཁམས་གང་། །མི་ནད་ཕྱུགས་ནད་སྣ་ཚོགས་གཏོང་། །མཁའ་ལ་ནད་སྤྲིན་སྔོ་དམར་འཁྲིགས། །དུས་ཀྱི་འཁྲུགས་པ་སློང་བྱེད་མ། །མཚོན་གྱི་བསྐལ་པ་འཇིག་བྱེད་མ། །གློ་བུར་མི་ལ་ལྷོག་རྒོད་འབེབ། །ཐོག་སེར་འབེབ་པའི་སྙིང་མོ་ཆེ། །ས་བདག་ཀླུ་གཉན་ཁྱོད་ཀྱི་འབངས། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་བསྒྱུར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །དམ་རྫས་བདུད་རྩི་གཏོར་མ་དང་། །བརྟེན་རྫས་སྒྲུབ་རྫས་བསྐང་རྫས་ཀྱིས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ས་མཱ་ཡ། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཁྲམ་ཁ་ཕྱེས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །མོ་ངན་མཚེར་རྩུབ་བསྒྱུར་དུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །བཟློག་བསྒྱུར་ཆེན་པོའི་དུས་ལ་བབ། །དུས་ལ་བབ་པོ་ས་མཱ་ཡ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཐོག་མེད་དུས་ནས་མ་རིག་དབང་གྱུར་པས། །མི་ཤེས་སྒྲིབ་པའི་ལེ་ལོའི་དབང་གིས་ནི། །ཐམས་ཅད་མཁྱེན་པའི་ལམ་ལ་འགལ་བ་རྣམས། །སྤྲུལ་པའི་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །ཨོཾ་ས་མཱ་ཡ། ཨཱཿས་མཱ་ཡ། ཧཱུཾ་ས་མཱ་ཡ། དྲག་རཀྴ་ཁ་མུ་དྲ་ཨེ་ཀ་ཙ་ཏི་སྙིང་ཁ་རཀྨོ་བྷྱོཿཛཿ ཞེས་མན་ངག་གི་ཡི་གེ་བརྒྱ་པ་དང་། ལག་གཡས་འཛུབ་མོ་སྲིན་ལག་མཐིལ་དུ་བཀུག མཐེ་བོང་མཐེའུ་ཆུང་གུང་མོ་གསུམ་བསྒྲེང་བའི་དྲི་ཤུ་ལའི་ཕྱག་རྒྱ་བཅས་ལ། ཧཱུཾ་ཕཊ་མཧཱ་དེ་ཝི་ཀཱ་ལི་དུཥྚཾ་ཏ་ཀ་ཧཱ་ན་ད་ཧ་རུ་ལུ་བནྡྷ་པ་ཙ་ས་ར་ན་ཧཱུཾ་ཕཊ། ཅེས་མཚན་ངན་བཟློག་གོ །ལག་གཉིས་སོར་མོ་བཅུ་རྩེ་ཟླུམ་པོ་ཁོག་པ་སྟོང་པ་བདུད་རྩི་བུམ་པའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཊཀྐི་ནི་དེ་ཝི་མཧཱ་ཀཱ་ལི་རེ་མ་ཏི་ཀཱ་ཡ་ཝཀྐཱ་ཙིཏྟ་སིདྡྷི་ས་མཱ་ཡ་ཕ་ལ་ཨ་ཝེ་ཤ་ཡ་ཨཱཿ མ་མོའི་འཁྲུགས་བསྐང་བསྡུས་པ་འདི་ནི། ར་ག་ཨཱ་གསེས་བྲིས་པའོ།། །།
༈ ཀྱེ། ཡེ་ཤེས་ལས་དང་འཇིག་རྟེན་གྱི། །སྣང་སྲིད་མ་མོ་འཁྲུགས་པའི་རྒྱུ། །ཉམས་ཆག་འགལ་འཁྲུལ་བསྐང་ཞིང་བཤགས། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །ཨོཾ་བཛྲ་སཏྭ་ཧཱུཾ། མི་ཕམ་པས་སོ། །
རྒྱལ་ཆེན་རྣམ་སྲས་མདུང་དམར་ཅན་གྱི་བསྐང་གསོལ་རྒྱལ་ཆེན་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།
སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྒྱལ་ཆེན་དགྱེས་པའི་མཆོད་རྫས་དང་སྒྲུབ་རྫས་སོགས་བསམ་གྱིས་མི་ཁྱབ་པ་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུཾ། ལན་གསུམ། ཧཱུཾ། རང་བཞིན་ཆོས་ཀྱི་དབྱིངས་ཉིད་ལས། །སྐུ་སྤྲུལ་རྣམ་སྲས་མདུང་དམར་ཅན། །འཁོར་བཅས་ཐོགས་པ་མེད་པ་རུ། །འདིར་གཤེགས་དགྱེས་པའི་ཚུལ་དུ་བཞུགས། །ཉེར་སྤྱོད་འདོད་ཡོན་རྣམ་པ་ལྔ། །རིན་ཆེན་བདུན་དང་བཀྲ་ཤིས་རྫས། །རི་རབ་གླིང་བཞི་གླིང་ཕྲན་སོགས། །ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་། །ལྕགས་ཀྱུ་ལྔ་དང་སྒྲོན་མེ་ལྔ། །དམར་ཆེན་གཏོར་མ་སྙིང་དང་བཅས། །དབང་པོ་ལྔ་ཡི་མཆོད་པ་སོགས། །ནང་གི་མཆོད་པས་ཐུགས་དམ་བསྐང་། །རྟེན་གཏོར་དར་དམར་སྔགས་ཀྱིས་མཚན། །མདའ་དང་མདུང་དམར་རྟ་སྔོན་སོགས། །གསང་བའི་དམ་རྫས་དཔག་མེད་འདིས། །རྒྱལ་ཆེན་རྣམ་སྲས་མདུང་དམར་ཅན། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་ཉམས་ཆག་བཤགས། །ནད་གདོན་རྐྱེན་ངན་བར་ཆད་སོལ། །མཐུན་རྐྱེན་ཡར་ངོའི་ཟླ་ལྟར་འཕེལ། །བཅོལ་བའི་ལས་ཀུན་འགྲུབ་པར་མཛོད། །ཅེས་རྒྱལ་ཆེན་རྣམ་སྲས་མདུང་དམར་ཅན་གྱི་བསྐང་གསོལ་རྒྱལ་ཆེན་དགྱེས་པའི་རོལ་མོ་ཞེས་བྱ་བ་འདི་ཡང་། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་རང་གི་འདོན་རྒྱུར་རྡོའི་ཤུགས་ཆུང་དུ་བྲིས་པའོ། །
༈ ཨོཾ་ཨཱཿཧཱུཾ། ཧཱུཾ། རྒྱལ་བའི་བསྟན་དང་བསྟན་པ་འཛིན་པའི་སྡེ། །ཚུལ་བཞིན་སྐྱོང་བའི་སྲུང་མ་མཐུ་བོ་ཆེ། །གནོད་སྦྱིན་རྒྱལ་པོ་རྣམ་སྲས་མདུང་དམར་ཅན། །སྤྲུལ་པའི་འཁོར་ཚོགས་དྲེགས་པ་རྒྱ་མཚོར་བཅས། །ཕྱི་ནང་གསང་བའི་གསོལ་མཆོད་འདི་བཞེས་ལ། །རྡོ་རྗེ་འཆང་ཆེན་པད་འབྱུང་སྒྲོལ་བའི་མགོན། །ཡབ་སྲས་བརྒྱུད་པར་བཅས་པའི་བཀའ་དམ་བཞིན། །བདག་ཅག་འཁོར་བཅས་སྲུང་སྐྱོབ་གཡེལ་མེད་མཛོད། །མི་དང་མི་མིན་གནོད་འཚེ་ཀུན་སེལ་ཞིང་། །མཐུན་པའི་ལེགས་ཚོགས་ཕུན་སུམ་ཚོགས་པར་མཛོད། །ཅེས་པ་འདི་ཡང་ངག་དབང་ལེགས་པའི་སྨོན་ལམ་གྱི་ངོར། ཚོགས་གཉིས་རྒྱ་མཚོས་སྦྱར་བའོ། །
༈ ཨོཾ་ཨཱཿཧཱུཾ། རྣལ་འབྱོར་སྔགས་རྒྱས་སྤེལ་བའི་ཕུད་མཆོད་འདི། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་ཉེར་འཚེའི་བར་ཆད་སོལ། །གང་བཅོལ་འདོད་དོན་བསྒྲུབ་པའི་སྲུང་མ་མཛོད། །སྐུ་དབོན་ཀུན་སྣང་ལ་མཁོ་ཕྱིར། མ་ཏིས་སོ། །
དམག་ཟོར་མའི་བསྐང་གསོལ་བཞུགས།
ཨོཾ་ཨཱཿཧཱུཾ། བྷྱོཿ དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་རྣམས། །གཅིག་ཏུ་བསྡུས་ཏེ་བསྟན་པ་བསྲུང་བའི་ཕྱིར། །གཟུགས་སྐུར་བཞེངས་པ་ལྷ་མོའི་ཚུལ་འཛིན་མ། །དམག་ཟོར་རྒྱལ་མོ་འཁོར་དང་བཅས་རྣམས་ལ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ལས་བྱུང་ཞིང་། །སྔགས་དང་ཏིང་འཛིན་ཕྱག་རྒྱས་རབ་སྤེལ་བའི། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་འདི། །གུས་པས་འབུལ་ལོ་བརྩེ་བའི་བཞེས་སུ་གསོལ། །རྒྱལ་བསྟན་སྤྱི་དང་དཔལ་ལྡན་ཇོ་ནང་པའི། །བསྟན་དང་བསྟན་འཛིན་སྡེ་རྣམས་སྐྱོང་བ་དང་། །སྐྱེ་རྒུ་བདེ་སྐྱིད་དཔལ་འབྱོར་གྱིས་བརྒྱན་ཅིང་། །བདག་གི་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། ། བསྡུ་ན། བྷྱོཿ མ་ལུས་རྒྱལ་བའི་འཕྲིན་ལས་རང་གཟུགས་མཆོག །དཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་བཅས་ཀྱིས། །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །འདོད་པའི་དོན་ཀུན་འགྲུབ་པའི་སྡོང་གྲོགས་མཛོད། །ཅེས་རྩི་ནང་མི་འགྱུར་ངེས་དོན་བདེ་ཆེན་གླིང་གི་གྲྭ་བཙུན་ཀུན་དགའ་ཕུལ་བྱུང་གི་ཐུགས་འདུན་བཞིན། ཀུན་དགའ་ཤེས་རབ་གསལ་བྱེད་ཀྱིས་བྲིས་པ་དགེའོ། །
༈ བྷྱོཿ དཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་བཅས་ལ། །རབ་འཇིགས་དྲག་པོའི་མཆོད་པའི་མཁའ་བཀང་ནས། །འབུལ་ལོ་ཐུགས་དམ་ལེགས་བསྐང་ཉམས་ཆག་བཤགས། །ཆོས་སྲིད་བསམ་པའི་དོན་ཀུན་མྱུར་འགྲུབ་མཛོད། །ཅེས་ལྷ་མོའི་བསྐང་བསྡུས་འདི་ཡང་བླ་མ་ཐུགས་རྗེའི་བཀའ་བཞིན། ཐ་ཤལ་རོལ་མིང་བས་སོ། །
སྨན་བཙུན་ཚེ་རིང་མཆེད་ལྔའི་བསྐང་གསོལ་བཞུགས།
ཨོཾ་ཨཱཿཧཱུཾ། ཧཱུཾ། སྔོན་ཚེ་པདྨ་རྒྱལ་པོ་དང་། །དཔལ་ལྡན་བཞད་པ་རྡོ་རྗེ་ཡི། །བཀའ་བཞིན་ཞིང་སྐྱོང་ལྷ་སྨན་མཆེད། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མདུན་ཕྱོགས་གངས་དཀར་ལྷུན་པོའི་མགུལ། །ཡིད་འོང་དར་གྱི་གུར་ཆེན་ནང་། །ཕུན་ཚོགས་བཀོད་པ་འཁྲིགས་པའི་དབུས། །འཁོར་བཅས་དགྱེས་བཞིན་བཞུགས་པར་མཛོད། །འོད་གསལ་བདེ་བ་ཆེན་པོ་ཡི། །རང་བཞིན་ཕུལ་བྱུང་མཆོད་ཡོན་དང་། །མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །སྨན་བཙུན་མཆེད་ལྔ་འཁོར་བཅས་ལ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །རྨད་བྱུང་དགྱེས་པ་བསྐྱེད་བྱེད་པ། །བཀྲ་ཤིས་རྫས་རྟགས་འདོད་ཡོན་ལྔ། །གླིང་བཞི་ལྷུན་པོ་ཉི་ཟླར་བཅས། །སྲིད་པའི་ཁམས་ཀྱི་བཟང་དགུ་ཡིས། །མཁའ་འགྲོ་བཀྲ་ཤིས་ཚེ་རིང་མ། །ཞིང་སྐྱོང་སྨན་བཙུན་མཆེད་བཞི་སོགས། །འཁོར་ཚོགས་བཅས་པའི་ཐུགས་དམ་བསྐང་། །མཆོག་ཐུན་དངོས་གྲུབ་སྩོལ་བར་མཛོད། །མདའ་དར་མེ་ལོང་དར་གྱི་གུར། །རིན་ཆེན་རྒྱན་ཆ་ཟ་འོག་གོས། །ནོར་བུའི་ཁང་བཟང་སྐྱེད་མོས་ཚལ། །སྣ་ཚོགས་འབྲུ་དང་སྨན་སྣ་འདིས། །མཁའ་འགྲོ་བཀྲ་ཤིས་ཚེ་རིང་མ། །ཞིང་སྐྱོང་སྨན་བཙུན་མཆེད་བཞི་སོགས། །འཁོར་ཚོགས་བཅས་པའི་ཐུགས་དམ་བསྐང་། །མཆོག་ཐུན་དངོས་གྲུབ་སྩོལ་བར་མཛོད། །རབ་བརྗིད་གཅན་གཟན་པགས་པའི་ཚོགས། །རོ་བརྒྱའི་བཟའ་བཅའ་ཕུལ་བྱུང་བ། །ཡིད་འཕྲོག་མཛེས་པའི་ལྷ་མོའི་ཚོགས། །སྣ་ཚོགས་མཆོད་རྫས་ཐོགས་པ་འདིས། །མཁའ་འགྲོ་བཀྲ་ཤིས་ཚེ་རིང་མ། །ཞིང་སྐྱོང་སྨན་བཙུན་མཆེད་བཞི་སོགས། །འཁོར་ཚོགས་བཅས་པའི་ཐུགས་དམ་བསྐང་། །མཆོག་ཐུན་དངོས་གྲུབ་སྩོལ་བར་མཛོད། །ལྟེ་བའི་ཉིན་ཕྱེད་འབར་བའི་གཟིས། །སྤྱི་བོའི་ཟླ་བའི་རྒྱུན་བཀུག་པའི། །བདེ་ཆེན་ལྷན་ཅིག་སྐྱེས་པ་ཡི། །གསང་བའི་མཆོད་པ་རྒྱ་ཆེན་པོས། །མཁའ་འགྲོ་བཀྲ་ཤིས་ཚེ་རིང་མ། །ཞིང་སྐྱོང་སྨན་བཙུན་མཆེད་བཞི་སོགས། །འཁོར་ཚོགས་བཅས་པའི་ཐུགས་དམ་བསྐང་། །མཆོག་ཐུན་དངོས་གྲུབ་སྩོལ་བར་མཛོད། །རྣམ་དག་འདུལ་བའི་ཁྲིམས་ཀྱི་གཞིར། །རིམ་གཉིས་པདྨོ་རྣམ་རྒྱས་པ། །དམ་ཅན་མཁའ་འགྲོ་བུང་བའི་ཚོགས། །འགུགས་བྱེད་རྡོ་རྗེའི་ལམ་མཆོག་གིས། །མཁའ་འགྲོ་བཀྲ་ཤིས་ཚེ་རིང་མ། །ཞིང་སྐྱོང་སྨན་བཙུན་མཆེད་བཞི་སོགས། །འཁོར་ཚོགས་བཅས་པའི་ཐུགས་དམ་བསྐང་། །མཆོག་ཐུན་དངོས་གྲུབ་སྩོལ་བར་མཛོད། །དེ་ལྟར་ཐུགས་དམ་བསྐང་བའི་མཐུས། །འཆི་མེད་ཚེ་དང་སྣང་གསལ་པྲ། །རྨ་གཡང་ཟས་དང་ནོར་གྱི་མཆོག །རྐང་བཞི་འཕེལ་བའི་དངོས་གྲུབ་སྩོལ། །མདོར་ན་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བྱད་ཁ་བཟློག་པ་དང་། །ལོངས་སྤྱོད་སྙན་གྲགས་དབང་ཐང་སྤེལ། །དམ་ཆོས་སྒྲུབ་པའི་གྲོགས་མཛོད་ཅིག །མཁའ་སྤྱོད་གནས་སུ་བསུ་སྐྱེལ་སོགས། །བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་པ་འདི་ཡང་ངག་དབང་གྲགས་པ་རྒྱལ་མཚན་གྱིས་བསྐུལ་ངོར། ངག་དབང་ཚོགས་གཉིས་རྒྱ་མཚོས་བྲིས་པའོ། །
༈ ཨོཾ་ཨཱཿཧཱུཾ། རྨད་བྱུང་ཟག་མེད་ཡེ་ཤེས་བདུད་རྩི་ཆེ། །ལྷ་སྨན་ཚེ་རིང་མཆེད་ལྔ་འཁོར་བཅས་ལ། །ལེགས་འབུལ་དགྱེས་བཞེས་རྒྱལ་བསྟན་སྤྱི་དང་ནི། །ཡང་སྒོས་ངེས་དོན་ལུགས་བཟང་ཡོངས་རྒྱས་མཛོད། །དངོས་གྲུབ་དཔལ་ལ་མ་ཏིས་བྲིས།
༈ ཨོཾ་ཨཱཿཧཱུཾ། ཕན་བདེའི་འབྱུང་གནས་སངས་རྒྱས་བསྟན་སྲུང་མ། །ཆོས་མཛད་བུ་བཞིན་སྐྱོང་བའི་དམ་ལྡན་མ། །ཚེ་རིང་མཆེད་ལྔ་འཁོར་བཅས་མཆོད་གཏོར་འབུལ། །བཞེས་ནས་བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཅི་འདོད་དངོས་གྲུབ་ཐམས་ཅད་ཆར་བཞིན་ཕོབ། །སངས་རྒྱས་བསྟན་པ་རྒྱས་པའི་གྲོགས་མཛོད་ཅིག །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློགས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །སྨན་བཙུན་ཚེ་རིང་མཆེད་ལྔའི་གསོལ་མཆོད་འདི་ནི། རྣལ་འབྱོར་ཞབས་དཀར་བས་བྲིས་པའོ། །
༈ བདག་སོགས་དེང་ནས་བྱང་ཆུབ་སྙིང་པོའི་བར། །སྨན་བཙུན་མཆེད་ལྔ་ཁྱེད་དང་མི་འབྲལ་ཞིང་། །བར་ཆད་དགྲ་བགེགས་མཚན་མ་ཅི་བྱུང་ཡང་། །དེ་ཀུན་ཚེ་རིང་མཆེད་ལྔས་བཟློག་པར་མཛོད། །ལྷག་བསམ་དག་པའི་ཚུལ་འདིར་བརྩོན་པ་དང་། །ཚངས་དང་དབང་བོ་འཇིག་རྟེན་སྐྱོང་བ་དང་། །སྨན་བཙུན་ཚེ་རིང་མཆེད་ལྔ་འཁོར་བཅས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །ཅེས་པ་འདི་ནི་སྣ་ཚོགས་རང་གྲོལ་གྱིས་སྦྱར་བའོ།། །།
ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ གཟའ་རྒོད་སྲོག་གི་སྤུ་གྲི་བཞུགས༔
ཧྲཱི༔ དུར་ཁྲོད་རབ་འཇིགས་རྩུབ་འགྱུར་ཚལ༔ ཁྲག་ཞག་རྦ་ཀླུང་འཁྲུགས་པའི་དབུས༔ བཀའ་སྲུང་གཟའ་བདུད་རཱ་ཧུ་ལ༔ སྲོག་གི་སྤུ་གྲི་གཤེགས་སུ་གསོལ༔ སྐུ་མདོག་དུད་ཁ་སྦྲུལ་མཇུག་གཡོ༔ དབུ་དགུ་བྱ་རོག་གདོང་གིས་མཛེས༔ ཕྱག་བཞིས་མདའ་གཞུ་ཞགས་པ་དང༔ ཆུ་སྲིན་རྒྱལ་མཚན་རྔམ་སྟབས་འཛིན༔ འཁོར་དུ་གདོང་མོ་རྣམ་བཞི་དང༔ གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད༔ ལྕེ་སྤྱང་བདུད་བྱ་ཁྱི་ནག་དང༔ དྲེགས་པ་སྡེ་བརྒྱད་དམག་གིས་བསྐོར༔ འཁོར་དང་བཅས་པ་མ་ལུས་ཀུན༔ ནམ་མཁའ་ཡངས་པའི་ཀློང་ནས་བཞེངས༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ དམར་ཆེན་ཁྲག་གི་ཨརྒྷཾ་དང༔ དབང་ལྔའི་མེ་ཏོག་ཤ་བསུར་སྤྲིན༔ ཞུན་ཆེན་མར་མེ་མཁྲིས་པའི་ཆབ༔ ཤ་རུས་ཞལ་ཟས་ཐོད་རྔའི་སྒྲ༔ རྐང་གླིང་རོལ་མོ་འབྲུག་ལྟར་སྒྲོགས༔ དམར་ཆེན་གཏོར་མ་རི་ལྟར་སྤུངས༔ སྨན་རག་བདུད་རྩི་མཚོ་ལྟར་བསྐྱིལ༔ མཐུན་རྫས་སྤྱན་གཟིགས་སྐར་ལྟར་བཀྲམ༔ བཞེད་དགུའི་ལོངས་སྤྱོད་སྤྲིན་ལྟར་འདུ༔ མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས༔ གཟའ་བདུད་ཆེན་པོའི་ཐུགས་དམ་བསྐང༔ རཱ་ཧུ་ལ་ཡི་ཐུགས་དམ་བསྐང༔ སྡེ་བརྒྱད་དམག་དཔོན་ཐུགས་དམ་བསྐང༔ གདོང་མོ་བཞི་ཡི་ཐུགས་དམ་བསྐང༔ དྲང་སྲོང་བརྒྱད་ཀྱི་ཐུགས་དམ་བསྐང༔ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐང༔ དྲེགས་པ་སྡེ་བརྒྱད་ཐུགས་དམ་བསྐང༔ ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ལ་བར་ཆད་སོལ༔ འགལ་འཁྲུལ་ནོངས་པ་དབྱིངས་སུ་སྐོངས༔ བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ ལོག་པར་འདྲེན་པའི་དགྲ་དང་བགེགས༔ ཁ་རླངས་དུག་གི་སྤུ་གྲིས་སོད༔ བརྒྱུད་འཛིན་སློབ་མ་བུ་བཞིན་སྐྱོངས༔ བཀའ་གསང་གཉན་པོའི་བསྟན་པ་སྤེལ༔ བསམ་དོན་ཡིད་བཞིན་འགྲུབ་པར་མཛོད༔ ཅེས་བརྗོད་ལ་གཏོར་མ་གཙང་སར་གཤེགས༔ ཨེ་མ་རྒྱལ་དབང་ཐོད་ཕྲེང་གི༔ རྡོ་རྗེ་དམ་ཚིག་སྲུང་མ་འདི༔ མཐུ་རྩལ་རྣོ་མྱུར་ཐོག་དང་འདྲ༔ བཀའ་གཉན་འཁུ་ལྡོག་གདུག་རྩུབ་ཆེ༔ དེ་ཕྱིར་སྙིང་ལ་གཅེས་པར་ཟུངས༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འཇིགས་མེད་གླིང་བའི་ཐུགས་གཏེར་ཟབ་མོ་འདི༔ སློབ་འབངས་འཇིགས་མེད་འོད་ཟེར་གྱིས༔ དག་པར་བྲིས་པ་དགེ་བར་གྱུར་ཅིག༔
དྲང་སྲོང་གཟའ་མཆོག་གི་བསྐང་བ་བཞུགས༔
ཧཱུཾ༔ ཡང་ཅིག་ཐུགས་དམ་བསྐང་བ་ནི༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ རླུང་ནག་འཚུབ་མ་ཀྱི་ལི་ལི༔ ཐོག་དང་སེར་བ་ཁྲ་ལ་ལ༔ ནད་དང་དལ་ཡམས་ཕྱུར་རུ་རུ༔ ལྟས་ངན་མང་པོ་མུན་ལྟར་གཏིབས༔ ཀླུ་བདུད་འཚོགས་པའི་མཐུ་བོ་ཆེ༔ བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང༔ ཙ་ར་རོག་པོ་མཁལ་དཀར་དང༔ ཙ་རོག་དབང་པོ་རྣམ་ལྔ་དང༔ ར་ཡི་ཤ་ཁྲག་རློན་པ་དང༔ དམ་རྫས་ཨ་མྲི་གཏོར་ཕུད་ཀྱིས༔ རཱ་ཧུ་ལ་ཡི་ཐུགས་དམ་བསྐང༔ གདོང་མོ་བཞི་ཡི་ཐུགས་དམ་བསྐང༔ གཟའ་བདུད་སྤྲུལ་པའི་ཐུགས་དམ་བསྐང༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང༔ འཁོར་གྱི་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང༔ ཁྱོད་ཀྱིས་ཐུགས་དམ་གཉན་བསྐངས་ནས༔ ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག༔ མི་མཐུན་རྐྱེན་ངན་བར་ཆད་དགྲ་ལ་བཟློག༔ མི་སྡུག་ལྟས་ངན་སྣ་ཚོགས་དགྲ་ལ་ཐོངས༔ བདག་གི་འཁོར་དང་བསྟན་པ་སྲུངས༔ ང་ཡི་འཁོར་དང་སྡེ་རིགས་འཚོས༔ བསྟན་པ་བསྲུང་བའི་གཉེར་དུ་གཏད༔ ཐུབ་པར་སྲུངས་ཤིག་ཐུགས་དམ་ཅན༔ དགྲ་བོ་ཐུབ་པའི་གཉེར་དུ་བཞེས༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ དྲང་སྲོང་གཟའ་མཆོག་གི་བསྐང་བ་འདི༔ གཏེར་སྟོན་རཏྣ་གླིང་བའི་ཐུགས་གཏེར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
༈ ཧྲཱིཿ བདག་ཉིད་ཁྲོ་རྒྱལ་པདྨ་དབང་ཆེན་གསལ། །ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་ནག་འཕྲོས། །རཀྴ་མི་ཟན་རྣམས་ཀྱི་རྒྱལ་པོའི་ཁབ། །སྲིན་ཡུལ་ལང་ཀ་པུ་རིའི་གྲོང་ཁྱེར་ནས། །ངམ་ནག་ཆར་སྤྲིན་ནག་པོ་འཁྲིགས་པའི་དབུས། །གཟའ་རྒོད་ཁྱབ་འཇུག་ཆེན་པོ་ཐོལ་གྱིས་བྱུང་། །ཐོག་སེར་གློག་ཞགས་ཟངས་སྐུད་ལྟ་བུར་འཁྱུག །སྟོང་གསུམ་མེ་འབར་མུ་ཟིའི་གཡའ་དུག་འཁྱིལ། །བསྟན་སྲུང་གཟའ་རྒོད་ཁྱབ་འཇུག་ཆེན་པོ་མཆོད། །ངེས་དོན་སྙིང་པོའི་བཀའ་ཡིས་བྱ་ར་བ། །གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་ལ། །སྨད་ཅིང་བཅོམ་པར་འཁུ་བའི་དམར་ལས་མཁན། །སོད་ཅིག་སྒྲོལ་ཅིག་ཁྱབ་འཇུག་ཆེན་པོ་མཆོད། །དགུང་སྔོན་གནམ་ལ་ཉི་མ་གང་བྱུང་ཡང་། །ཁྱེད་ལ་མཆོད་པ་འབུལ་བ་མི་འཆགས་ཡང་། །མི་ཤེས་ལས་བྱེད་ཕ་མ་བུ་ཚ་བཅས། །མི་གཏོང་གཟའ་ནད་ཐོངས་ཤིག་རཱ་ཧུ་ལ། །མ་གཡེལ་དཀར་ནག་ཤན་འབྱེད་ཁྱོད་ཀྱིས་མཛོད། །གསེར་སྐྱེམས་འདི་བཞེས་པདྨ་ཐོད་ཕྲེང་རྩལ། །ལག་ན་རྡོ་རྗེ་གོས་སྔོན་ཅན་ལ་སོགས། །གྲུབ་པའི་དབང་ཕྱུག་འཕྲིན་ལས་རྣམ་རྒྱལ་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །ཞི་རྒྱས་དབང་དྲག་བཅོལ་བའི་འཕྲིན་ལས་མཛོད། །ཅེས་པའང་ནུས་ལྡན་སྔགས་ཀྱིས་རྡོ་རྗེས་བྲིས་པའོ། །
༈ ཨོཾ་ཨཱཿཧཱུཾ། ཧཱུཾ། རྡོ་རྗེ་འཆང་ཆེན་བླ་མ་བརྒྱུད་པ་ཡིས། །རྟེན་ཅིང་བསྒྲུབ་པའི་གཟའ་རྒོད་འཁོར་བཅས་ལ། །དམ་རྫས་གཏོར་མ་འདོད་དགུའི་རྒྱ་མཚོ་འབུལ། །ཆོས་དང་མཐུན་པའི་བསམ་དོན་བསྒྲུབ་ཏུ་གསོལ། །ཅེས་པའང་ངག་དབང་ཚོགས་གཉིས་རྒྱ་མཚོས་སྦྱར་བའོ། །
༈ ཨོཾ་ཨཱཿཧཱུཾ། ལྷ་ཆེན་ཁྱབ་འཇུག་འཕྲུལ་ཆེན་བཀའ་སྡོད་བཅས། །ཕུད་མཆོད་འདི་བཞེས་གཙང་ཆེན་བརྒྱུད་རིམ་གྱི། །བླ་མ་རྣམས་ཀྱིས་བཀའ་བསྒོ་ཇི་ལྟ་བར། །དགོན་སྡེ་བདག་སོགས་སྐྱོང་ལ་གཡེལ་མེད་མཛོད། །ཅེས་པ་འདི་ཡང་གཙང་གྲྭའི་སེར་སྡེ་ལ་མཁོ་ཕྱིར། མ་ཏིས་སོ། །
༈ རཾ་ཡཾ་ཁཾ། རྣལ་འབྱོར་སྔགས་རྒྱས་རབ་སྤེལ་གསེར་སྐྱེམས་འདི། །བཀའ་སྲུང་ཁྱབ་འཇུག་གཟའ་བརྒྱད་གདོང་མོ་བཞི། །མ་ལུས་ཡང་འཁོར་བཅས་ལ་གསོལ་ལོ་མཆོད། །རྣལ་འབྱོར་སྒྲུབ་པོའི་བསམ་དོན་མྱུར་འགྲུབ་མཛོད། །ཅེས་པ་འདི་ཡང་དངོས་གྲུབ་དཔལ་ལ་མཁོ་ནས། མ་ཏིས་སོ། །
༈ ཕ་རོལ་བན་བོན་བྱད་མ་བསམ་སྦྱོར་ངན། །མཐུ་གཏད་དམོད་སྒྲུབ་རླུང་འཁོར་ཧོམ་བསྲེག་མནན། །ཟོར་ཁ་ཕུང་བཤིག་དབྱེ་བསྐྲད་དམོད་མོ་སོགས། །ཕྱིར་བཟློག་རང་གཤེད་འབབ་པའི་འཕྲིན་ལས་མཛོད། །ཅེས་པ་འདི་ཡང་ངག་དབང་ཚོགས་གཉིས་རྒྱ་མཚོས་བྲིས་པའོ། །
བཙན་བསྐང་བཞུགས།
ཨོཾ་ཨཱཿཧཱུཾ། ཧཱུཾ། གནས་ཟངས་རི་མཁར་དམར་གྱི་དགོན་པ་ན། །སྲོག་ཟན་ཤན་པ་མཆེད་གཉིས་ནི། །བཙན་རྒོད་འབར་བ་མདུང་ཐུང་ཅན། །ཆིབས་སུ་བཙན་རྟ་དམར་པོ་བཅིབས། །སྐུ་ལ་བསྭེ་ཁྲབ་དམར་པོ་གསོལ། །དབུ་ལ་བསྭེ་རྨོག་དམར་པོ་གསོལ། །རྨོག་ཕོད་བྱ་རྒོད་དང་རུ་བཙུགས། །ཀླད་ནས་བྱ་དམར་ལིངས་སེ་ལིང་། །སྔོན་ནས་མི་དམར་འབྲེངས་སེ་འབྲེང་། །ཕྱི་ནས་ཁྱི་དམར་ཁེངས་སེ་ཁེང་། །བཙན་ཆས་འཁོར་གསུམ་ཁྲ་ལ་ལ། །མདུང་དར་དམར་པོ་ལྷབས་སེ་ལྷབ། །བཙན་བྱ་དམར་པོ་ཟིངས་སེ་ཟིང་། །བཙན་ཁྱི་དམར་པོ་ཁེངས་སེ་ཁང་། །བཙན་ཞགས་དམར་པོ་རྒྱངས་སེ་རྒྱང་། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །སྔོན་ཚེ་ཡུམ་གྱི་བཀའ་ལུང་བཞིན། །སྡང་བའི་དགྲ་ལ་རྟགས་ཕྱུང་ཅིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །རི་ཁྲོད་འགྲིམས་པའི་མཐུན་རྐྱེན་གྱིས། །སྟོང་ཉིད་བསྒོམ་པའི་ཡོན་བདག་མཛོད། །མོས་གུས་ཅན་གྱི་བུ་སློབ་སྐྱོངས། །གནོད་ཅིང་འཚེ་བའི་དགྲ་བགེགས་ཐུལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །
༈ ཧཱུཾ། ཁྱེད་ལ་མཐུན་པའི་དམ་རྫས་ནི། །དར་ཚོན་དམར་པོའི་གཡབ་དར་ལ། །བྱ་ཕོ་མཚལ་བུའི་དོན་སྙིང་བཏགས། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །བཱ་ལིཾ་རྒྱན་གྱིས་ཐུགས་དམ་བསྐང་། །མཾ་ས་ཤ་ཆེན་ཐུགས་དམ་བསྐང་། །ཙིཏྟ་སྙིང་གིས་ཐུགས་དམ་བསྐང་། །བ་སུ་ཏ་ཡིས་ཐུགས་དམ་བསྐང་། །ཀོ་རོ་ཙ་ནས་ཐུགས་དམ་བསྐང་། །དམ་རྫས་རྣམ་པ་སྣ་ཚོགས་ཀྱིས། །བཙན་གྱི་རྒྱལ་པོའི་ཐུགས་དམ་བསྐང་། །བསྐང་ངོ་མཆོད་དོ་ཐུགས་དམ་ཅན། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །ཁྱེད་ལ་འཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་བཤིགས་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །སྔགས་འཆང་བདག་ལ་འཚེ་བ་ཡི། །གནོད་པར་བྱེད་པའི་དགྲ་བགེགས་རྣམས། །བཙན་རྒོད་འཁོར་བཅས་ཁྱེད་ལ་གཏད། །མ་ཅིག་ལབ་སྒྲོན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །
འདོད་གསོལ་དང་རླུང་རྟའི་སྐོར་བཞུགས།
སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། རྣལ་འབྱོར་བདག་ཅག་སྒྲུབ་པ་པོས་ཞི་བའི་ལས་དང་། རྒྱས་པའི་ལས་དང་། དབང་གི་ལས་དང་། དྲག་པོའི་ལས་དང་། ལས་རབ་འབྱམས་གང་བརྩམ་པ་ཐམས་ཅད་ཐོགས་པ་མེད་པར་མྱུར་བ་ཉིད་དུ་འགྲུབ་པའི་སྡོང་གྲོགས་དང་འཕྲིན་ལས་རྒྱ་ཆེན་པོ་ཡོངས་སུ་འགྲུབ་པར་མཛད་དུ་གསོལ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པའི་ནད་གདོན་འགལ་རྐྱེན་བར་ཆད་ཆག་ཆེ་ཉམ་ང་ལོ་སྐེག་ཟླ་གཤེད་ལ་སོགས་པ་མི་འདོད་པའི་ཉེ་བར་འཚེ་བ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་ཞིང་བཟློག་པའི་འཕྲིན་ལས་མཛད་དུ་གསོལ། མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་ཞིང་སྡེ་བཞིའི་དཔལ་ཕུན་སུམ་ཚོགས་པ་ལ་རང་དབང་བསྒྱུར་ནས། རྟག་ཏུ་དགེ་བ་བཅུའི་ཆོས་ཡང་དག་པ་ལ་སྤྱོད་པའི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དབུགས་འབྱིན་པའི་འཕྲིན་ལས་རྒྱ་ཆེན་པོ་ཡོངས་སུ་འགྲུབ་པར་མཛད་དུ་གསོལ།
གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འདོད་པའི་དངོས་གྲུབ་སྟེར་བར་མཛད་པ་ཡི། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །བདག་གི་བསམ་དོན་མ་ལུས་འགྲུབ་ཏུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་འཕྲིན་ལས་མཛོད། །ཅི་བཅོལ་ལས་རྣམས་མྱུར་དུ་འགྲུབ་པར་མཇོད། །ཨོཾ། འཆི་མེད་གཡུལ་ལས་སྒྲོལ་བར་བྱེད་པའི་ལྷ། །རྒྱལ་མཚན་རྩེ་མོ་དཔུང་རྒྱན་མཚན་གསོལ་བ། །བདེ་ཆེན་ཆོས་ཀྱི་དབྱིངས་ལས་འདིར་གཤེགས་ལ། །པདྨ་ཉི་ཟླའི་གདན་ལ་བཞུགས་སུ་གསོལ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་དཔག་མེད་དང་། །གཡུ་ཤུག་སྤོས་སྣ་བསྲེག་པའི་བསང་མཆོད་འདི། །བཞེས་ལ་བདག་གི་མཐུ་དཔུང་གྲོགས་མཛོད་ཅིག །ཕ་རོལ་དགྲ་སྡེའི་དམག་དཔུང་གཞོམ་པ་དང་། །མདོར་ན་གཞི་ལམ་བྱེས་གསུམ་ཐམས་ཅད་དུ། །ཁ་སྨྲས་དགྲ་ཇག་ཆོམ་རྐུན་གནོད་པ་བཟློག །སྙན་པའི་དར་ཕྱར་གྲགས་པའི་དུང་བུས་ལ། །ཚེ་བསོད་རླུང་རྟ་རྒྱས་པའི་གྲོགས་མཛོད་ཅིག །
༈ རྡོ་རྗེ་འཆང་ཆེན་དུས་ཀྱི་འཁོར་ལོ་དང་། །ཤཱཀྱ་ཐུབ་པ་ཆོས་རྒྱལ་སོ་ལྔ་སོགས། །ཀུན་མཁྱེན་སྒྲོལ་མགོན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་རླུང་རྟ་བསྐྱེད་དུ་གསོལ།། ༈ ཆོས་དབྱིངས་ཡེ་ཤེས་ཤེར་ཕྱིན་དོན་དམ་ལྷ། །སྒྲོལ་མ་ཡི་དམ་རབ་འབྱམས་དཀོན་མཆོན་གསུམ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བྱིན་རླབས་ཀྱིས། །བསམ་དོན་གེགས་བྲལ་རླུང་རྟའི་དགེ་མཚན་ཕོབ། །ཅེས་པ་འདི་ཡང་ཀུན་དགའ་སྐལ་ལྡན་གྱིས་མོས་འདུན་བཞིན། མ་ཏིས་སོ།། ༈ བླ་མ་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ལ། །ཕྱག་འཚལ་སྐྱབས་མཆི་བདག་ཅག་སྒོ་གསུམ་གྱི། །བྱ་བ་གང་བརྩམ་ཡིད་ལ་སྨོན་པ་ལྟར། །ལྷུན་གྱིས་གྲུབ་པའི་རླུང་རྟའི་དངོས་གྲུབ་སྩོལ།། ༈ འཇིགས་བརྒྱད་ཉེར་འཚེའི་བསིལ་གདུང་སེལ་བ་ལ། །ཐུགས་རྗེའི་ཉི་མ་འབུམ་བདལ་རྒྱལ་བའི་ཡུམ། །འཕགས་མ་སྒྲོལ་མའི་རྣམ་རོལ་ཉེར་གཅིག་མ། །གསོལ་བ་འདེབས་སོ་རླུང་རྟ་བསྐྱེད་དུ་གསོལ། །སྲོག་ལུས་དབང་ཐང་རླུང་རྟ་ཆེར་བསྐྱེད་ཅིང་། །མི་ནོར་ཟས་གསུམ་དབང་དུ་བསྡུ་བ་དང་། །གནོད་བྱེད་དགྲ་ཡི་དམག་དཔུང་གཞོམ་ནས་ཀྱང་། །བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག།
༈ ཨོཾ། བསླུ་མེད་བླ་མ་མཆོག་གསུམ་ཡི་དམ་ལྷ། །རྗེ་བཙུན་སྒྲོལ་མ་དཔལ་ལྡན་འཕྲིན་ལས་མགོན། །དྲཀྴད་ལྕམ་དྲལ་གུར་མགོན་ཕྱག་དྲུག་པ། །རྣམ་སྲས་ཞལ་བཞི་{བག་ཙེ་ལྕམ་སྲིང་{གཟའ་མཆོག་རཱ་ཧུ་}དང་། །ཚེ་རིང་མཆེད་ལྔ་ཆོས་བདག་ནགས་སྨན་མ། །དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མ་ལ། །གསོལ་ལོ་མཆོད་དོ་མཐུ་སྟོབས་དཔུང་བསྐྱེད་ལ། །སངས་རྒྱས་བསྟན་དང་འགྲོ་ལ་ཕན་དོན་དུ། །རྣལ་འབྱོར་བདག་གི་ཚེ་བསོད་སྙན་གྲགས་དང་། །རླུང་རྟའི་བ་དན་དཀར་པོ་བསྒྲེང་བར་མཛོད། །སྟག་ལྟར་འཕྱོ་བའི་རླུང་རྟ་ཡར་ལ་བསྐྱེད། །སེང་ལྟར་ངར་བའི་རླུང་རྟ་ཡར་ལ་བསྐྱེད། །འབྲུག་ལྟར་ལྡིར་བའི་རླུང་རྟ་ཡར་ལ་བསྐྱེད། །ཁྱུང་ལྟར་ལྡིང་བའི་རླུང་རྟ་ཡར་ལ་བསྐྱེད། །དེ་ལྟར་རླུང་རྟ་བསྐྱེད་པའི་རྣམ་དཀར་ལ། །བསྟེན་ནས་བདག་གི་སྲོག་ལུས་དབང་ཐང་དང་། །ཁ་རྗེ་རླུང་རྟ་ཡར་ཟླ་བཞིན་འཕེལ་ནས། །ཕན་བདེའི་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ཁྱད་པར་བདག་གི་ཚེ་དང་བསོད་ནམས་དང་། །དཔལ་འབྱོར་རླུང་རྟ་ཕྱོགས་བཅུར་རྒྱས་པ་དང་། །ཆོས་དང་སྲིད་ཀྱི་འདོད་པའི་དོན་རྣམས་ཀུན། །གེགས་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཀུན་འདུས་སརྦ་འདུ་འདུ་ཧོཿ །བསྟན་འཛིན་བློ་གསལ་བསྐུལ་བའི་ངོར། །དཔལ་ཐོབ་ཟླ་བའི་ཚེས་གཅིག་ལ། །རྣལ་འབྱོར་དྷརྨ་བྷ་དྲས་སྨྲས། །ཆོས་ཚུལ་བཞིན་སྤྱོད་པའི་དམ་པ་རྣམས། །སྙན་གྲགས་རླུང་རྟ་རབ་རྒྱས་ཤིང་། །དཀོན་མཆོག་གསུམ་ཀྱིས་དབུ་འཕང་ཐོབ་པར་ཤོག །སརྦ་མངྒ་ལམ།
༈ ས་བཅུའི་དབང་ཕྱུག་རྒྱལ་བསྟན་སྲུང་མའི་མཆོག །འདོད་ཁམས་དབང་བསྒྱུར་ཆོས་ཀུན་སྲོག་གི་བདག །ལྷ་སྲུང་ཉམས་གྲིབ་དབང་ཐང་རླུང་རྟ་རྒུད། །མཆོད་སྒྲུབ་ལས་བཅོལ་རླུང་རྟ་རབ་དར་ཤོག །ས་བརྒྱད་སེམས་དཔའ་བྱང་ཕྱོགས་སྐྱོང་བའི་གཏེར། །ནོར་ལ་དབང་བསྒྱུར་འདོད་ཡོན་ཆར་དུ་སྙིལ། །དབང་ཐང་རླུང་རྟའི་ཉམས་རྒུད་སླར་གསོས་ཕྱིར། །ལྷ་སྲུང་སྒྲུབ་པས་མི་མཐུན་གཡུལ་རྒྱལ་མཛོད། །གནས་སྐབས་མཐར་ཐུག་དངོས་གྲུབ་མངའ་བའི་མགོན། །རྨད་བྱུང་ཕན་བདེ་སྤེལ་བའི་ལས་བཞིའི་བདག །ཆོས་སྲིད་ཉམས་པས་བསམ་དོན་མ་ལུས་རྒུད། །ཁྱོད་མཆོད་སྒྲུབ་པས་དབང་ཐང་རླུང་རྟ་བསྐྱེད། །ཅེས་གུར་རྣམ་སྲས་ཞལ་བཞི་པ་གསུམ་གྱི་རླུང་རྟ་བསྐྱེད་པ་འཕྲིན་ལས་མྱུར་འཇུག་ཅེས་བྱ་བ་འདི་ཡང་། གྲྭ་བཙུན་ངག་དབང་རྡོར་འཛིན་གྱིས་བསྐུལ་བ་ལ་བསྟེན། བློ་བཟང་ཆོས་འཕེལ་བས་བྲིས་པ་དགེ་ལེགས་འཕེལ། །
༈ ཀྱེ། དཀོན་མཆོག་རིན་ཆེན་གསུམ་དང་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་དཀར་ཕྱོགས་སྲུང་མ་ཡི། །བྱིན་རླབས་ནུས་པའི་མཐུ་དང་བདེན་སྟོབས་ཀྱི། །རྣལ་འབྱོར་བདག་གི་རླུང་རྟ་ཡར་ལ་བསྐྱེད། །གཞན་དོན་ཁུར་ཁྱེར་སྙིང་རྗེས་རྩལ་ངར་དང་། །རྣོ་མྱུར་ཟབ་རྒྱས་ཤེས་རབ་རྣོན་པོའི་ངར། །དཔའ་མཛངས་འཕྲུལ་གྱི་མཐུ་རྩལ་ངར་མ་དང། །སྟག་ལྟར་ངར་བའི་རླུང་རྟ་ཡར་ལ་བསྐྱེད། །ཆོས་ཀུན་བསྒྲུབ་ལ་འཇིགས་པ་བྲལ་བ་དང་། །རླབས་ཆེན་བརྩོན་འགྲུས་བསྐྱེད་ལ་དཔའ་གདེངས་ཐོབ། །མི་མཐུན་རྐྱེན་ངན་མཐུ་དཔུང་གཞོམ་ནུས་པའི། །སེང་ལྟར་ངར་བའི་རླུང་རྟ་ཡར་ལ་བསྐྱེད། །ཆོས་སྐུ་སྟོང་གསལ་ལྷ་ལམ་ཡངས་པའི་མཐར། །བགྲོད་པའི་གཤོག་རྩལ་མྱུར་བའི་ལྟ་བ་དང་། །དགེ་ཞིང་ལས་མཛད་མ་ལུས་རབ་རྫོགས་པའི། །ཁྱུང་ལྟར་མྱུར་བའི་རླུང་རྟ་ཡར་ལ་བསྐྱེད། །ཅི་བསམ་དགེ་བར་བསྒྲུབ་པའི་མཁའ་དབྱིངས་སུ། །སྙན་དང་གྲགས་པའི་སྒྲ་བརྒྱས་ཕྱོགས་ཀུན་འགེངས། །བཀྲ་ཤིས་དགེ་མཚན་འབུམ་ཕྲག་དང་ལྡན་པའི། །འབྲུག་ལྟར་སྒྲོག་པའི་རླུང་རྟ་ཡར་ལ་བསྐྱེད། །ཁ་རྗེ་རླུང་རྟ་ཡར་ལ་བསྐྱེད་པའི་མཐུས། །འགལ་རྐྱེན་མི་མཐུན་གནོད་པ་རྟག་ཏུ་ཞི། །མཐུན་རྐྱེན་ལེགས་ཚོགས་དཔལ་འབྱོར་རྟག་ཏུ་རྒྱས། །བདེ་སྐྱིད་དཔལ་གྱིས་རྟག་ཏུ་འཚོ་གྱུར་ཅིག །རླུང་རྟ་བསྐྱེད་པ་འདི་ཡང་ཆོས་མཆོག་ངོར། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ། །
༈ ཕྱོགས་མཚམས་སྟེང་འོག་བཞུགས་པའི་སངས་རྒྱས་ལ། །ཕྱག་འཚལ་སྐྱབས་མཆི་བདག་ཅག་གར་འགྲོ་ཡང་། །དགྲ་ཇག་ཆོམ་རྐུན་མེ་ཆུ་གཅན་གཟན་སོགས། །འཇིགས་པ་ཀུན་སྐྱོབས་བསམ་དོན་ལྷུན་གྲུབ་མཛོད། །ཇི་ལྟར་བཅོམ་ལྡན་ཤཱཀྱ་ཐུབ་པ་ཡི། །ཤཱཀྱའི་གཞོན་ནུ་རབ་ཏུ་གསལ་བ་ལ། །ཕྱོགས་བཅུའི་མུན་སེལ་བཀྲ་ཤིས་མཛད་པ་བཞིན། །བདག་ཅག་འཁོར་བཅས་བཀྲ་ཤིས་དོན་འགྲུབ་ཤོག །མགྲོན་པོ་ལམ་ཞུགས་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པ། །དེ་འབད་མི་དགོས་འགྲུབ་གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་གྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །འབད་དང་རྩོལ་བ་མི་དགོས་པར། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་སྡོང་གྲོགས་མཛོད། །ཅེས་སོགས་གང་འོས་བརྗོད།
ཟ་ངུའི་བསྐུལ་བ་རྣམས་བཞུགས།
ཧཱུཾ། དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་ལས། །བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དང་། །རྡོ་རྗེ་ནག་པོ་ལྕམ་དྲལ་བཀའ་འཁོར་བཅས། །རྣམ་སྲས་མདུང་དམར་གཟའ་རྒོད་ཁྱབ་འཇུག་སོགས། །བསྟན་སྲུང་རྒྱ་མཚོ་ལས་འབྲས་བསླུ་བ་མེད། །རྒྱལ་བའི་སྤྱན་སྔར་དམ་བཅས་མ་གཡེལ་བར། །བདག་ཅག་རྣམས་ཀྱི་མགོན་དང་སྐྱབས་སུ་དགོངས། །ཡེ་ཤེས་སྤྱན་ལྡན་གཟི་དང་དཔང་པོར་མཛོད། །ཕོ་བྲང་འདི་དང་སྒྲུབ་སྡེ་འདི་རྣམས་ལ། །མ་ཉེས་གླེང་བཙུགས་ཁ་དཀར་སྙིང་ནག་པའི། །གཡོ་སྒྱུའི་བསམ་སྦྱོར་འཆང་བའི་བསྟན་དགྲ་དང་། །གྲྭ་བ་ངོ་ལོག་གྲྭ་ས་ཆོས་ལོག་སོགས། །བུ་ལྟར་འཆོས་པའི་ལག་དམར་ཤན་པ་རྣམས། །ལོ་དང་ཟླ་བར་མ་བཞག་མྱུར་དུ་སྒྲོལ། །ཐན་དང་ལྟས་ངན་མི་འདོད་སྣ་ཚོགས་ཐོངས། །མི་ནོར་རིགས་རྒྱུད་ཆབ་སྲིད་དབང་ཐང་བཅས། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །མདོར་ན་རྣལ་འབྱོར་བདག་གི་བསམ་པའི་དོན། །གང་བཅོལ་འཕྲིན་ལས་སྒྲུབས་ཤིག་ས་མཱ་ཡ། །ཞེས་པ་འདི་ཡང་ངག་དབང་ཆོས་འབྱོར་རྒྱ་མཚོས་བྲིས་པའོ། །
༈ ཧཱུཾ། སངས་རྒྱས་སྟོང་གི་བསྟན་སྲུང་ནག་པོ་ཆེ། །དཔལ་ལྡན་རྡོ་རྗེ་གུར་གྱི་མགོན་པོ་དང་། །ཨེ་ཀ་ཙ་ཏི་འདོད་ཁམས་དབང་ཕྱུག་མ། །མཁའ་ལྡིང་བྱ་ཁྱི་མི་ནག་ལྕགས་སྤྱང་ཚོགས། །གནོད་སྦྱིན་ཆེན་པོ་མོན་པ་ཡབ་ཡུམ་དང་། །རྩལ་ཆེན་པུ་ཊ་བྷ་ཊ་རལ་གཅིག་མ། །རུ་འདྲེན་བཞི་སོགས་ཕོ་ཉ་བྱེ་བ་དང་། །བེར་ནག་ཟངས་གྲི་ཅན་དང་ཕྱག་དྲུག་མགོན། །བདུད་མགོན་དྲཀྴད་རྣམ་སྲས་རྒྱལ་པོ་མཆོག །དྲེགས་པ་གདོང་བཞི་འཁོར་ཚོགས་རྒྱ་མཚོ་དང་། །མཁའ་འགྲོ་རབ་འབྱམས་ཕྱོགས་སྐྱོང་ལས་གཤིན་ཚོགས། །གཟའ་མཆོག་རྒྱལ་པོ་དུག་གི་སྤུ་གྲི་དང་། །རྡོ་རྗེ་སྲིན་པོ་རྡོ་རྗེ་གློག་འགྱུ་མ། །ཕྱི་ནང་གཟའ་བརྒྱད་སྲོག་གཅོད་གདོང་མོ་བཞི། །ནག་པོ་སྟོང་དང་ལྷ་སྲིན་སྡེ་བརྒྱད་བཅས། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །རྩ་བརྒྱུད་བླ་མའི་བཀའ་ལས་མ་འདའ་བར། །ཉམས་པའི་དགྲ་བོ་རྣམས་ལ་ཟ་ངུ་གྱིས། །བསམ་སྦྱོར་ངན་པའི་དགྲ་བོའི་སྲོག་འཚོ་ཕྱིར། །གསོལ་ཞིང་མཆོད་དང་ལོངས་སྤྱོད་འབུལ་བ་སོགས། །ཟ་བཞིན་སྤྱོད་བཞིན་མ་ངོམས་ཆེར་འཁྲུགས་ཤིང་། །དགྲ་སྙིང་དམར་པོ་གསོལ་བཞིན་ཟ་ངུ་གྱིས། །སྙིང་ཁྲག་དམར་པོ་འཐུང་བཞིན་ཟ་ངུ་གྱིས། །ཤ་ཁྲག་རུས་གསུམ་མུར་བཞིན་ཟ་ངུ་གྱིས། །དགྲ་བོའི་ཚེ་སྲོག་མི་ནོར་ལོངས་སྤྱོད་བཅས། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །སྒྲུབ་བརྒྱུད་བསྟན་དང་བསྟན་པ་འཛིན་པའི་སྡེ། །ཕྱོགས་རྣམས་ཀུན་ཏུ་དར་ཞིང་རྒྱས་པ་དང་། །རྣལ་འབྱོར་བདག་ཅག་སྐུ་ཚེ་བརྟན་པ་དང་། །སྙན་གྲགས་ས་སྟེང་ཁྱབ་པའི་འཕྲིན་ལས་མཛོད། །ཟ་ངུའི་བསྐུལ་བ་དམ་ཉམས་གསོད་པའི་དུག་མཚོན་ཞེས་བྱ་བ་འདི་ནི། མཁྱེན་དང་རྟོགས་པའི་ཐུགས་རྒྱུད་མངོན་པར་གཏམས་པ་བླ་མ་དམ་པ་ངག་དབང་ཆོས་འབྱོར་གྱི་ཞལ་སྔ་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་ལྷག་པའི་བསམ་པ་བསྐྱེད་ནས་བཀས་བསྐུལ་བ་ལ་བརྟེན་ནས། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ། །

བཟོད་གསོལ་དང་སྨོན་ལམ།

བཟོད་གསོལ་དང་སྨོན་ལམ་བཞུགས། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ཅག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། ནུས་མཐུའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་ཤིང་ཞལ་བཞུགས་པ་རྣམས་སྐུ་ཁམས་བཟང་བ་དང་། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་དང་བཅས་པའི་ཐོག་དྲངས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་སྒྲིབ་པ་དག་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཡིག་བརྒྱ་ལན་གསུམ། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་གང་། །དེ་ཀུན་མགོན་པོས་བཟོད་པར་མཛོད། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །གཙོ་བོའི་ནུས་པ་མ་མཆིས་པས། །མ་རྙེད་ཡོངས་སུ་མ་ཤེས་དང་། །འདིར་ནི་བྱ་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་པར་མཛོད། །ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། །བདག་གིས་བརྗེད་ངེས་ཅི་མཆིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་པར་མཛོད། །སེམས་ནི་སེར་སྣ་མང་མཆིས་ཤིང་། །མཆོད་པ་ངན་ཞིང་བཤམས་ཉེས་དང་། །སྦྱོར་བའི་གཙང་སྦྲ་མ་ཐོན་པ། །དེ་ཀུན་ཁྱོད་ཀྱིས་བཟོད་པར་མཛོད། །བདག་ལ་དངོས་གྲུབ་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པ། །དངོས་གྲུབ་བླ་ན་མེད་པར་སྩོལ། །འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ།
༈ རྟེན་ཡོད་ན་བརྟན་བཞུགས་བྱ། ཡེ་ཤེས་ཀྱི་འཁོར་ལོ་རང་ཉིད་ལ་ཐིམ། བསོད་ནམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱི་ལྷན་སྐྱེས་བདེ་བ་མཆོག་བསྒོམས་ཏེ། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་ནི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་བོའི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨོ་ལ་གཏུགས་ཤིང་། །དམ་པའི་ལམ་སྟོན་ཉིན་བྱེད་བཞིན་དུ་མུན་པ་ཀུན་བཅོམ་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །ཉི་མ་དང་བཅས་ཐུབ་པའི་རིགས་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཐོབ་པར་གྱུར་འདི་ཇི་ལྟ་བར། །རྣམ་གསུམ་སྲིད་པར་གནས་པའི་སེམས་ཅན་རྣམས་ནི་དུས་ཀྱི་འཁོར་ལོའི་དྲིན་ལས་ཨེ་ཝཾ་ཉིད་གྱུར་ཅིག །སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་རྣམས་ཐམས་ཅད་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་བ་མིན་པར་འོང་གྱུར་ཅིག །རྣལ་འབྱོར་བདག་ཅག་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་ན་ཡང་། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བ་དང་། །སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པ་དང་། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་སུ་རབ་བགྲོད་གང་དུ་སླར་ཡང་སྐྱེ་ལྡན་མིན་གྱུར་ཅིག །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོས་འགྲོའི་བདག་དང་ཆོམ་རྐུན་ཞགས་པས་འཆིང་། །ཆུ་གཏེར་འཁྲུགས་དང་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང་། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་འཇིགས་དང་རྡོ་རྗེ་ལྟུང་དང་དོན་ཉམས་རྣམས། །བདག་གིས་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་དྲན་པའི་མཐུ་ལས་རབ་ཏུ་ཉམས་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །རིགས་སུ་སྐྱེས་དང་དམ་ཚིག་ཅན། །བསྙོན་མེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །མགོ་བོར་བླ་མའི་ཅོད་པན་འཆང་། །ལག་ཏུ་རྡོ་རྗེ་དྲིལ་བུ་འཛིན། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླས། །ཡིད་ཀྱིས་ཟུང་འཇུག་སྒོམ་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སྨོན་ལམ་བཏབ་སྟེ། སླར་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པ་བརྗོད། ཡང་གང་དག་ཆོས་སྐྱོང་དམིགས་གསལ་ཅན་མི་བསྟེན་ཅིང་། དཔལ་དུས་ཀྱི་འཁོར་ལོ་ཁོ་ནའི་རྣལ་འབྱོར་ལ་གནས་པ་ནི། སྒྲུབ་ཐབས་སུ་བཤད་པའི་གཏོར་ཆོག་ཁོ་ནས་ཆོག་སྟེ། གཙོ་བོ་ཁྲོ་བོ་བཅུ་དང་བཅས་པ་ལ་གཏོར་མ་ཕུལ་བས། འཇིག་རྟེན་ལས་འདས་པའི་ལྷ་མཐའ་དག་ལ་ཕུལ་བར་འགྱུར་ཞིང་། ཟད་པར་ཕྱོགས་སྐྱོང་གཟའ་དང་ཀླུ་འཁོར་དང་བཅས་པ་ལ་ཕུལ་བས། སྲིད་པ་གསུམ་གྱི་འབྱུང་པོ་མཐའ་དག་ལ་ཕུལ་བར་འགྱུར་བས་འབྱུང་པོ་ཐམས་ཅད་ཀྱི་སྤྱི་གཏོར་རྒྱས་པ་ཡིན་ལ། འབྱུང་པོ་བཅུ་ནི་ཕྱོགས་བཅུའི་མགོན་པོ་ཡིན་ཞིང་། དེ་རྣམས་ལ་ཕུལ་བས། མགོན་པོའི་སྤྱི་གཏོར་དུ་འགྱུར་ཞིང་། དཔལ་ལྷ་མོར་གྲགས་པའི་རིགས་རྣམས་ཀྱང་། ཕྱོགས་བཅུའི་རབ་གཏུམ་མོར་འདུས་པ་དང་། དེ་རྣམས་འབྱུང་པོ་བཅུའི་ཡུམ་ཡིན་པས། ནག་པོ་ཆེན་པོ་ལྕམ་དྲལ་གྱི་རིགས་འཁོར་དང་བཅས་པ་ཐམས་ཅད་དེ་ལ་ཚང་ངོ་། །རྡོ་རྗེ་མཁའ་འགྲོ་མ་སྤྱི་ལ་གཏོར་ཆོག་དངོས་སུ་གསལ་བ་ལྟར་ཡིན་ལ། ཡུལ་བདག་གྲོང་བདག་ལ་གཞི་བདག་གཏོར་མ་སོགས་མཐའ་དག་འདུས་པའི་ཕྱིར། དེ་ཙམ་གྱིས་གཏོར་མའི་ཆོ་ག་མ་ཚང་བ་མེད་པ་མཐའ་དག་གྲུབ་པ་ཡིན་ནོ། །དེ་ལྟར་བྲིས་པའི་དགེ་བས་འགྲོ་ཀུན་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག གཏོར་ཆོག་སྙིང་པོ་གསལ་བ་འདི་ཡང་། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བའོ།། །།
ལེགས་བཞེངས་དགེ་བས་བདག་ཅག་གིས། །འདི་དང་ཚེ་རབས་ཐམས་ཅད་དུ། །རྒྱལ་བསྟན་རིན་ཆེན་གུས་བཀུར་ཏེ། །སྒོ་གང་ཐད་ནས་རྟག་འཛིན་ཤོག །ཅེས་པའང་ཆོས་གྲོགས་ལ་མཁོ་ཕྱིར་མ་ཏིས་སྨྲས་པའོ།། །།

བཀྲ་ཤིས།

བཀྲ་ཤིས་བཞུགས། ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི། །འཕྲིན་ལས་སྒྲུབ་ཅིང་ཡོན་ཏན་རྣམས་དབྱེར་མེད། །སྐལ་པ་མཉམ་པའི་གདུལ་བྱ་སྨིན་མཛད་པའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །མི་གཡོ་གསུམ་ལྡན་རྡོ་རྗེའི་རྣལ་འབྱོར་གྱིས། །རླུང་སེམས་དག་པས་རྟགས་བཅུ་མངོན་དུ་གྱུར། །དྷཱུ་ཏཱིའི་ལམ་སྦྱངས་འོད་གསལ་ངང་ལ་བཞུགས། །སྦྱོར་དྲུག་བརྒྱུད་པ་རྣམས་ཀྱི་བཀྲ་ཤིས་ཤོག །གང་ཞིག་དྲན་པས་སྡུག་བསྔལ་ཀུན་སེལ་ཞིང་། །གུས་པས་བསྟེན་ན་བླ་མེད་མཆོག་སྩོལ་བ། །དབང་རྒྱུད་མན་ངག་དོན་སྟོན་ལ་སོགས་པའི། །རྩ་བའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དུས་ཀྱི་འཁོར་ལོ་དགྱེས་པ་རྡོ་རྗེ་དང་། །འཁོར་ལོ་སྡོམ་པ་གསང་བ་འདུས་པ་དང་། །དགྲ་ནག་གདོང་དྲུག་གཤིན་རྗེའི་གཤེད་ལ་སོགས། །བླ་མེད་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ །རྡོ་རྗེ་ཤུགས་ཀྱི་བཀྲ་ཤིས་ཤོག །ལྷ་དགུའི་རང་བཞིན་རྣམ་པར་འགྱུར་བའི་ཞལ། །འཕོ་མེད་ལྷན་སྐྱེས་བདེ་ཆེན་རྟགས་ཀྱིས་མཚན། །འོད་གསལ་རྣམ་པ་ཀུན་ལྡན་དཀྱིལ་འཁོར་གཙོ། །བཅོམ་ལྡན་འཇིགས་མཛད་ཆེན་པོའི་བཀྲ་ཤིས་ཤོག །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །ཕྱག་ན་རྡོ་རྗེ་བསྣམས་ཀྱི་བཀྲ་ཤིས་ཤོག །ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་དང་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ཀྱི་བཀྲ་ཤིས་ཤོག །སྟོན་པ་སངས་རྒྱས་རྣམ་ཀྱི་བཀྲ་ཤིས་ཤོག །སྐྱོབ་པ་དམ་ཆོས་རྣམས་ཀྱི་བཀྲ་ཤིས་ཤོག །འདྲེན་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །མདོག་ནག་དུས་མཐའི་སྤྲིན་ལྟར་གནག་པའི་སྐུ། །ཧཱུཾ་ཕཊ་ང་རོའི་འབྲུག་སྟོང་ལྡིར་བའི་གསུང་། །སྤྲོས་པ་ཉེར་ཞི་མཁའ་དབྱིངས་ཁྱབ་པའི་ཐུགས། །དཔལ་ལྡན་མཧཱ་ཀཱ་ལའི་བཀྲ་ཤིས་ཤོག །གང་གི་མཐུ་ཡིས་བརྒྱ་བྱིན་ཝ་ལྟར་ཞུམ། །མཚན་ཙམ་ཐོས་པས་ནད་དོ་ཅོག་ལས་སྐྱོབས། །མཚན་མོ་ཁམས་གསུམ་ཉུལ་བའི་རྫུ་འཕྲུལ་ཅན། །མ་ཅིག་སྲིད་གསུམ་བདག་མོའི་བཀྲ་ཤིས་ཤོག །དཔའ་བརྗིད་མི་སྡུག་མཐིང་ནག་རྔམ་པའི་ཞལ། །རལ་བ་དམར་སེར་དུས་མཐའི་མེ་ལྟར་འབར། །ལྗགས་ཀྱི་དབང་པོ་གློག་སྟོང་འགྱུ་བ་བཞིན། །ཞིང་སྐྱོང་གདོང་བ་བཞི་ཡི་བཀྲ་ཤིས་ཤོག །སྤྲུལ་པ་བྱེ་བས་ས་གསུམ་ཁྱབ་པར་འགེངས། །བདུད་དཔུང་ཚར་གཅོད་སྒྲུབ་ལ་དངོས་གྲུབ་སྟེར། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས་མཛད་པའི། །ལས་མཁན་ཕོ་ཉ་རྣམས་ཀྱི་བཀྲ་ཤིས་ཤོག །མི་འཇིགས་སེང་གེ་དཀར་མོ་ཉལ་བའི་སྟེང་། །གསེར་གྱི་རི་འདྲ་ནེའུ་ལེ་རྒྱལ་མཚན་འཛིན། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་བཀྲ་ཤིས་ཤོག །རྡོ་རྗེའི་རང་བཞིན་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་ཐུགས་རྗེ་ཡིས། །སྒྲུབ་པ་པོ་ལ་མ་ཡི་བུ་བཞིན་སྐྱོང་། །གནས་གསུམ་མཁའ་འགྲོའི་བཀྲ་ཤིས་ཤོག །ཚངས་པ་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་དང་གཙང་རིས་མགོན་པོ་སྟེ། །བསྟན་པ་བསྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་བཀྲ་ཤིས་ཤོག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་པའི། །བསྟན་པ་ཡུལ་རྣམས་ཀུན་ཏུ་ཁྱབ་པ་དང་། །ཕྱོགས་རྣམས་ཀུན་ཏུ་ནམ་ཡང་མི་ནུབ་ཅིང་། །དུས་རྣམས་ཀུན་ཏུ་འཕེལ་ཞིང་དར་བར་ཤོག །སྐྱབས་གསུམ་འགྱུར་བ་མེད་པའི་དགེ་ལེགས་དང་། །དོན་དམ་རྟག་བརྟན་བདེན་པའི་ཕུན་ཚོགས་ཀྱིས། །ངེས་དོན་བསྟན་པའི་བདག་པོ་ཇོ་ནང་པའི། །འཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གྱི། །ལྟ་སྒོམ་འབྲེལ་བའི་ལམ་གྱིས་གནད་བཟུང་ནས། །ཆོས་སྒོ་མཐའ་དག་གསལ་བར་བྱེད་པར་ཤོག །དཀོན་མཆོག་རིན་ཆེན་གསུམ་ཀྱི་བྱིན་རླབས་དང་། །དཀར་ཕྱོགས་དགེ་བའི་མཐུ་དང་ནུས་པ་ཡིས། །རྒྱལ་བའི་བསྟན་འཛིན་རྩ་བའི་བླ་མའི་ཞབས། །སྐུ་ཚེ་རིང་ཞིང་འཕྲིན་ལས་རྒྱས་གྱུར་ཅིག །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་བུ་སློབ་དགེ་འདུན་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །རྡོ་རྗེ་ཐེག་པའི་ལམ་བཟང་དར་བ་དང་། །བར་ཆད་བགེགས་ཀྱི་མཚན་མ་ཀུན་ཞི་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི། །འགྲོ་དོན་ཕྱོགས་བཅུར་ཁྱབ་པའི་བཀྲ་ཤིས་ཤོག །

འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས། ན་མོ། བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ། བདག་མིང་འདི་ཞེས་བགྱི་བ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེའི་སྙིང་པོ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་སྦྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་བཟང་ལ་ཕྱག་འཚལ་ལོ། །ཙན་དན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་བས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་བས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ་ཕྱག་འཚལ་ལོ། །དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པས་གཤེགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པདྨོས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨ་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མའི་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང་། བགྱིད་དུ་བསྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་འཕྲོགས་པ་དང་། འཕྲོག་ཏུ་བཅུག་པ་དང་། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་། བགྱིད་དུ་བསྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་ཞུགས་པ་དང་། འཇུག་ཏུ་བསྩལ་པ་དང་། འཇུག་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བར་མཆི་བའམ། དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ། ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་བོ་རྣམས་སུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པར་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ། །འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མའི་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚངས་པར་སྤྱོད་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ། བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་ནི་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།

སྤྱི་བཤགས།

སྤྱི་བཤགས་བཞུགས། ཨུ་ཧུ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ནས་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་བསྩལ་པ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །འཆགས་སོ། །མི་འཆབ་བོ། །ཕྱིན་ཆད་སྡོམ་པར་བགྱི་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་བརྗོད་དོ།། །།

མཚན་དང་གཟུངས་སྔགས།

མཚན་དང་གཟུངས་སྔགས་རྣམས་བཞུགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་བའི་མཛོད་ལ་ཕྱག་འཚལ་ལོ། །ཞོན་པ་བཞོན་པའི་སྡིག་པ་འདག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་བའི་མཛོད་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །དཀོར་གྱི་སྡིག་པ་འདག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་དང་མེ་ཏོག་ལ་དབང་བ་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་འཆལ་བའི་སྡིག་པ་འདག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱེ་བ་ཕྲག་བརྒྱའི་གྲངས་དང་མཉམ་པར་འོས་པ་ལ་ཕྱག་འཚལ་ལོ། །སྲོག་བཅད་པའི་སྡིག་པ་འདག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །ངན་སོང་དུ་མི་སྐྱེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །དམ་ཚིག་ཉམས་པའི་སྡིག་པ་འདག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེའི་བུམ་པ་འཛིན་པ་རྣམས་ལ་ཕྱག་འཚལ་ལོ། །དུས་མིན་འཆི་བ་ལས་ཐར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཀའ་འགྱུར་ནས་ཁོལ་དུ་ཕྱུང་བའོ། །
༈ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མཧཱ་མུ་ནི་ཡེ་སྭཱཧཱ། ལན་གཅིག་བཟླས་བརྗོད་བྱས་ན་བསྐལ་པ་བྱེ་བ་བརྒྱ་ཕྲག་བརྒྱད་ཁྲིའི་བར་དུ་སྡིག་པ་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་བྱང་བར་འགྱུར་རོ། །འཕགས་པ་ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས་རྫོགས་སོ། །
༈ ན་མཿསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུམ་གི་ནི་སྭཱཧཱ། འདི་ལན་གཅིག་བཟླས་པས་བསྐལ་པ་འབུམ་ཕྲག་བརྒྱད་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་ཟད་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་སུ་དྲན་པ་རྫོགས་སོ། །
༈ ཕྱོགས་བཅུ་ན་བཞུགས་བའི་དེ་བཞིན་གཤེགས་པ་གང་ལགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་བཛྲེ་ཧྲི་ད་ཡ་བཛྲེ། མ་ར་སཻ་ནྱ་བི་ཏྲ་པ་ཎི། ཧ་ན་ཧ་ན་བཛྲེ་གརྦྷེ། ཏྲཱ་ས་ཡ་ཏྲཱ་ས་ཡ། སརྦ་མ་ར་བྷུ་བ་ན་ནི། ཧཱུཾ་ཧཱུཾ་སན་དྷ་ར་སན་དྷ་ར་བུདྡྷ་མཻ་ཏྲི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀལྤ་ཨ་དྷིཥྛི་ཏེ་སྭཱཧཱ། སྔགས་འདི་ཐོས་སམ། ཀློག་གམ། བྲིས་སམ། རེག་པའམ། གྲིབ་མས་ཕོག་གམ། མཐོང་བ་སོགས་ལ་ཕན་ཡོན་ཤིན་ཏུ་མང་པོ་གསུངས་སོ། །
༈ ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ་ཨ་མི་ཏོད་བྷ་བེ་ཨ་མི་ཏ་སམྦྷ་བེ་ཨ་མི་ཏ་བིཀྲནྟེ་ཨ་མི་ཏ་གཱ་མི་ནི་ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱཧཱ། གཟུངས་འདི་ལན་གཅིག་བརྗོད་པས་ཀྱང་། །བསྐལ་པ་འབུམ་དུ་བསགས་པ་ཡི། །ལས་ཀྱིས་སྒྲིབ་པ་བྱང་བར་འགྱུར། །གཞན་ཡང་ཕན་ཡོན་དཔག་མེད་པའི། །བཅོམ་ལྡན་ཐུབ་པའི་ཞལ་ནས་གསུངས། །འོད་དཔག་མེད་པའི་གཟུངས་འདི་ནི། །རྒྱུད་འབུམ་ནང་དུ་བཞུགས་པའོ། །
༈ ན་མོ་བྷ་ག་བ་ཏེ། སུ་མེ་རུ་ཀལྤ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཀལྤེ་ཀལྤེ། མཧཱ་ཀལྤེ། ཀལྤ་པ་རི་ཤོ་དྷ་ནི་སྭཱཧཱ། གཟུངས་འདི་ལན་གཅིག་བཟླས་པས་རི་རབ་ཙམ་གྱི་ཡོན་ཡོངས་སུ་སྦྱོང་བར་བྱེད་པར་གསུངས་པས། ལན་ལྔའམ་དྲུག་ཙམ་བཟླའོ། །ཡོན་ཡོངས་སུ་སྦྱོང་བའི་གཟུངས་རྫོགས་སོ།། །།

སྨོན་ལམ་རྒྱལ་བ་རྒྱ་མཚོ།

ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭཱ་སྟི། ཐུན་མོང་མ་ཡིན་པའི་སྨོན་ལམ་འདེབས་པར་འདོད་ན། ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་ཕྱོགས་བཅུ་ནས་བསྐོར་བར་གསལ་བཏབ་སྟེ། འདི་སྐད་ཅེས་བརྗོད་དོ། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་གཅིག་ཏུ་འདུས་པ་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་འཕགས་ཚོགས་རབ་འབྱམས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་ཐུགས་རྗེས་བཟུང་དུ་གསོལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་པོ་ཐམས་ཅད་ཀྱི་མཆོད་པས་མཉེས་པར་བགྱིའོ། །ཉེས་བྱས་ཐམས་ཅད་སོ་སོར་བཤགས་སོ། །དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་མ་ལུས་པར་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །ཡང་དག་པར་སྐྱབས་སུ་མཆི་ལགས་སོ། །ཁྱོད་ཀྱི་གོ་འཕང་ཐོབ་པའི་སླད་དུ་སེམས་བསྐྱེད་དོ། །ཐབས་དང་སྤྱོད་པ་དང་རྨད་དུ་བྱུང་བའི་ལམ་བསྟེན་པར་བགྱིའོ། །དགེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་དགེ་བ་དུས་གསུམ་དུ་བྱེད་པ་དང་། བྱེད་པར་འགྱུར་བ་དང་། བྱས་པའི་དགེ་བ་བདག་ཉིད་ཀྱིས་བགྱིས་པ་དང་། གཞན་བགྱིད་དུ་བསྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རངས་ཤིང་། བསྔགས་པ་བརྗོད་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཐུ་ལས་བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་རྟོན་པ་བཞི་ལྡན་ཆེན་པོ་དོལ་པོ་པ་མཚན་བརྗོད་པར་དཀའ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཁྱོད་ཀྱི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཉིད་ཀྱི་ལྟ་སྤྱོད་དང་གྲུབ་མཐའ་བཟང་པོ་འཛིན་ཅིང་དགོངས་པ་སྐྱོང་བའི་བཤེས་གཉེན་དམ་པ་ཤིན་ཏུ་མང་པོས་ས་སྟེང་ཁྱབ་པར་གྱུར་ཅིག །དེ་དག་གི་འཕྲིན་ལས་རྣམ་པར་དཀར་བ་གོང་ནས་གོང་དུ་རྒྱས་ཤིང་། དེ་ལྟ་བུ་ལ་བར་དུ་གཅོད་པ་ཅུང་ཟད་ཀྱང་མི་འབྱུང་བར་གྱུར་ཅིག །བདག་སོགས་སེམས་ཅན་ཐམས་ཅད་ཀྱང་ཚེ་རབས་འདི་དང་ཚེ་རབས་གཞན་ཐམས་ཅད་དུ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཁྱོད་ཀྱི་འཕྲིན་ལས་སྒྲུབ་པ་དང་། གསུང་གི་གསང་བའི་མཛོད་འཛིན་པར་གྱུར་ཅིག །སྐུའི་སྣང་བ་དང་མི་འབྲལ་ཞིང་ཐུགས་ཀྱི་བཞེད་པ་ཐམས་ཅད་འགྲུབ་པར་གྱུར་ཅིག །མ་དད་པ་དང་ལོག་ལྟ་སྐད་ཅིག་ཀྱང་མི་སྐྱེ་ཞིང་མོས་གུས་དྲག་ལས་དད་པ་བརྟན་པོས་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཁྱེད་ཀྱི་བསྔགས་པ་དང་། བསྟོད་དབྱངས་རྒྱ་མཚོ་ཕྱོགས་ཀུན་ཏུ་བརྗོད་པར་གྱུར་ཅིག །ཉིད་ཀྱི་བསྟན་པ་དང་དེ་འཛིན་པའི་སྐྱེས་ཆེན་ལ་མ་དད་པའི་སྐྱེས་བུ་རྣམས་དད་པ་ལ་འཛུད་པར་གྱུར་ཅིག །མི་དང་མི་མ་ཡིན་པ་དང་ལྷ་དང་འབྱུང་པོ་མཐུ་བོ་ཆེ་ཐམས་ཅད་ཀྱིས་ཀྱང་ཀུན་མཁྱེན་རྟོན་པ་བཞི་ལྡན་ཁྱེད་ཀྱི་བསྟན་པ་རྒྱས་པར་བྱེད་ཅིང་གུས་པས་མཆོད་པར་གྱུར་ཅིག །དེ་ལྟར་ཁྱེད་ཀྱི་བསྟན་པ་ལ་དད་པའི་མི་དང་མི་མ་ཡིན་པ་ཐམས་ཅད་ཚེ་རིང་ཞིང་ནད་མེད་པ་དང་། འབྱོར་བ་དང་། དབང་ཕྱུག་དང་། སྟོབས་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་སོགས་པ་འདོད་པའི་དོན་བཟང་པོ་ཐམས་ཅད་གེགས་མེད་པར་འགྲུབ་པར་གྱུར་ཅིག །སྐྱེ་བ་ཀུན་ཏུ་རྒྱལ་བ་ཇོ་ནང་པ་ཆེན་པོ་ཁྱེད་ཀྱི་རྣམ་ཐར་བཟང་པོ་ལ་འཇུག་པར་གྱུར་ཅིག །ཐུགས་དགྱེས་པའི་ཐབས་ཁོ་ན་སྒྲུབ་པར་གྱུར་ཅིག །དགོངས་པ་སྐྱོང་བའི་ཆོས་ཀྱི་སྒྲས་ཕས་རྒོལ་ཐམས་ཅད་ཟིལ་གྱིས་གནོན་པར་གྱུར་ཅིག །ཁྱེད་ཀྱི་བསྟན་པ་ལ་སྡང་བ་དང་གནོད་པར་བྱེད་པ་ཐམས་ཅད་གང་ལ་གང་འདུལ་གྱི་ཐབས་སྣ་ཚོགས་ཀྱིས་བཏུལ་ནས་ཁྱེད་ཀྱི་བསྟན་པ་ལ་འགོད་པར་གྱུར་ཅིག །མ་དར་བ་རྣམས་སུ་དར་བར་བྱེད་ཅིང་། དར་བ་རྣམས་དག་ཅིང་འཕེལ་བ་དང་ཉམས་པ་རྣམས་གསོ་ནུས་པར་གྱུར་ཅིག །ལུས་དང་ལོངས་སྤྱོད་དང་སྲོག་ལས་ཀྱང་ཁྱོད་ཀྱི་བསྟན་པ་གཅེས་སྤྲས་སུ་འཛིན་པར་གྱུར་ཅིག །རྣམ་པར་དག་པའི་རིགས་སམ། རྣམ་པར་དག་པའི་ཁམས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་གདོད་མ་ནས་གྲུབ་པའི་དོན་ཁོང་དུ་ཆུད་པར་གྱུར་ཅིག །སངས་རྒྱས་རྟག་པ་དང་། ཆོས་བདེན་པ་དང་། དགེ་འདུན་མི་བསླུ་བའི་དོན་ལ་ངེས་པ་རྙེད་པར་གྱུར་ཅིག །ཀུན་རྫོབ་གཟུང་འཛིན་གྱི་ཆོས་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའི་དོན་རྟོགས་པར་གྱུར་ཅིག །དོན་དམ་སྤྲོས་བྲལ་རྟག་བརྟན་ཞི་བ་གཡུང་དྲུང་གི་གནས་མངོན་དུ་བྱེད་པར་གྱུར་ཅིག །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལས་བརྩམས་ཏེ། ཚེ་འདི་ཉིད་ལ་རྡོ་རྗེ་བཞི་དང་སྐུ་བཞིའི་གོ་འཕང་ཐོབ་པར་གྱུར་ཅིག །གནས་སྐབས་ཐམས་ཅད་དུ་རིགས་ལྡན་གྱི་སྤྲུལ་བའི་སྐུ་དོལ་པོ་པ་ཆེན་པོ་ཆོས་རྗེ་ཡབ་སྲས་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཞལ་གྱི་བདུད་རྩི་ངེས་དོན་མཐར་ཐུག་གི་གྲུབ་མཐའ་ལ་བརྟེན་ནས་རྒྱལ་བའི་གསུང་མ་ལུས་པ་ལ་འཇུག་པར་གྱུར་ཅིག །གཞན་ཡང་དེ་རྣམས་ཀྱང་ཡང་དག་པའི་ཆོས་འདི་ཉིད་ཁོ་ན་ལ་འཇུག་པར་གྱུར་ཅིག །འཇིག་རྟེན་མགོན་པོའི་རྣམ་འཕྲུལ་ཇོ་ནང་པ་ཆེན་པོ་ཆོས་རྗེ་ཡབ་སྲས་རྣམས་ཀྱི་ཞལ་མངོན་སུམ་དུ་མཐོང་སྟེ་འབྲལ་མེད་དུ་བསྟེན་པར་གྱུར་ཅིག །ཐེག་པ་མཐའ་དག་ལ་མཁས་ཤིང་། གཞན་སྟོང་དབུ་མའི་ལྟ་བ་འབྲལ་མེད་དུ་སྐྱོང་བར་གྱུར་ཅིག །དམ་ཚིག་དང་ལྡན་པས་རིམ་གཉིས་མཐའ་དག་རྣལ་འབྱོར་དུ་བྱེད་ཅིང་། དེ་ཐམས་ཅད་ཀྱང་རྡོ་རྗེའི་རྣལ་འབྱོར་གྱི་སྙིང་པོ་ཅན་དུ་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་ཅིང་གཞན་དོན་ཕྱོགས་མེད་དུ་ནུས་པར་གྱུར་ཅིག །རྒྱལ་པོ་ལ་སོགས་པ་གཙོ་བོ་ཐམས་ཅད་ཆོས་བཞིན་དུ་ཆོས་ཀྱི་དབང་དུ་འདུས་ནས་མཆོག་གི་དགེ་བའི་ལམ་བཟང་འདི་ལ་འགོད་པར་གྱུར་ཅིག །ཁྱོད་ཀྱི་བསྟན་པ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་དབྱིངས་སུ་ཞི་བར་གྱུར་ཅིག །རྙེད་པ་དང་བཀུར་སྟི་ལ་སོགས་པ་ཕན་འདོག་པའི་མཐུན་རྐྱེན་ཐམས་ཅད་འབད་མེད་དུ་འགྲུབ་པར་གྱུར་ཅིག །འཁོར་འདས་སྲིད་གསུམ་གྱི་ལས་དང་བྱ་བྱེད་ཡིན་ནོ་ཅོག་ཐམས་ཅད་ཁྱེད་ཀྱི་བསྟན་པ་གསོ་བ་དང་། དར་བ་དང་། གནས་པ་དང་། འཕེལ་བའི་རྒྱུར་གྱུར་ཅིག །ཕུན་ཚོགས་ཐར་བའི་ལམ་གྱི་གཞིར་གྱུར་པ། །རྟག་ཆད་མཐའ་སྤངས་ཟབ་མོ་དབུ་མའི་ལམ། །སྤྲོས་བྲལ་བདེ་གཤེགས་སྙིང་པོའི་དོན་སྟོན་པའི། །ངེས་དོན་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་པའི། །བསྟན་པ་ཡུལ་རྣམས་ཀུན་ཏུ་ཁྱབ་པ་དང་། །ཕྱོགས་རྣམས་ཀུན་ཏུ་ནམ་ཡང་མི་ནུབ་ཅིང་། །དུས་རྣམས་ཀུན་ཏུ་འཕེལ་ཞིང་དར་བར་ཤོག །མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གྱི། །ལྟ་སྒོམ་འབྲེལ་བའི་ལམ་གྱིས་གནད་བཟུང་ནས། །ཆོས་སྒོ་མཐའ་དག་གསལ་བར་བྱེད་པར་ཤོག །རྟོན་པ་བཞི་ལྡན་གང་དེའི་བསྟན་པ་ལ། །ཕན་པར་བསྒྲུབ་ཅིང་བྱ་བ་བྱེད་པ་ཀུན། །ཚེ་རིང་ནད་མེད་འབྱོར་བ་རྒྱས་པ་དང་། །དབང་ཕྱུག་དམ་པ་ཐོབ་ཅིང་གེགས་མེད་ཤོག །དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པའི། །བསྟན་པ་བསྲུང་ཞིང་བསྟན་ལ་དགའ་བ་ཡི། །ཆོས་སྐྱོང་ལྷ་དང་འབྱུང་བོའི་ཚོགས་ཀུན་ཀྱང་། །མཐུ་སྟོབས་རྒྱས་ཤིང་འཇིག་རྟེན་སྐྱོང་བར་ཤོག །བརྒྱུད་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་རྒྱལ་བ་རྒྱ་མཚོའི་ནུས་མཐུ་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས། །སྨོན་ལམ་འདི་བཏབ་ཇི་བཞིན་འགྲུབ་པར་ཤོག །ཕྱོགས་བཅུ་དུས་གསུམ་འབྱུང་བའི་སངས་རྒྱས་དང་། །ལུང་རྟོགས་གཞི་ལམ་འབྲས་བུའི་དམ་ཆོས་དང་། །ཐེག་གསུམ་ལམ་ལ་གནས་པའི་འཕགས་ཚོགས་ཏེ། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་ཡང་གེགས་མེད་འགྲུབ་པར་ཤོག །དོན་དམ་ཆོས་ཉིད་གདོད་ནས་དག་པ་དང་། །ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པ་དང་། །ཏིང་འཛིན་སྔགས་དང་རྫས་ཀྱི་བདེན་པ་ཡིས། །དེ་ལྟར་སྨོན་ལམ་བཏབ་པ་འགྲུབ་པར་ཤོག །དེ་ལྟར་རྒྱལ་མཆོག་སྲས་དང་སློབ་མར་བཅས། །བསྟན་སྲུང་ལྷ་དང་དྲང་སྲོང་རིག་འཛིན་དང་། །དཀར་ཕྱོགས་སྐྱོང་བའི་མཐུ་ལྡན་ཐམས་ཅད་ཀྱིས། །འདིར་བཏབ་སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །སྐྱབས་གསུམ་འགྱུར་བ་མེད་པའི་དགེ་ལེགས་དང་། །དོན་དམ་རྟག་བརྟན་བདེན་པའི་ཕུན་ཚོགས་ཀྱིས། །ངེས་དོན་བསྟན་པའི་བདག་པོ་ཇོ་ནང་པའི། །འཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་ཐུན་མོང་མ་ཡིན་པའི་སྨོན་ལམ་ཟབ་མོ་འདི་ཡང་། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་དཔལ་གྱི་གནས་མཆོག་ཆོས་འཁོར་ལྷ་སར་སྦྱར་བའོ། །གང་ཞིག་སྨོན་ལམ་འདི་འདེབས་པར་བྱེད་པ་དེ་ཡང་ཚེ་དང་བསོད་ནམས་དང་དབང་ཕྱུག་དང་ཆོས་དང་ཐར་བའི་བདེ་བ་ཕུན་སུམ་ཚོགས་པར་གྱུར་ཅིག །བཀྲ་ཤིས།

སྨོན་ལམ་གལ་པོ་ཆེ།

སྨོན་ལམ་གལ་པོ་ཆེ་བཞུགས་སོ། །ན་མོ་གུ་རུ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །མཁའ་འགྲོ་ཆོས་སྐྱོང་ཀུན་གྱི་མཐུ་རྩལ་དང་། །དགེ་བ་གང་བསགས་ཀུན་གྱི་ནུས་མཐུ་དང་། །དོན་དམ་མཁའ་ཁྱབ་ཆེན་པོའི་བྱིན་རླབས་ཀྱིས། །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །ལན་ཆགས་ཐམས་ཅད་གཏན་ནས་ཁྱེར་བ་དང་། །ལས་ངན་ཐམས་ཅད་གཏན་ནས་ཟད་པ་དང་། །རླུང་སེམས་ཐམས་ཅད་གཏན་ནས་འགགས་པར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །ཉེས་སྐྱོན་ཐམས་ཅད་གཏན་ནས་ཟད་པ་དང་། །ཡོན་ཏན་ཐམས་ཅད་རྫོགས་པར་ཐོབ་པ་དང་། །འདུན་མ་ཐམས་ཅད་ཤིན་ཏུ་ལེགས་པར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །བླ་མ་མཆོག་གི་བྱིན་གྱིས་རློབས་པ་དང་། །ཡི་དམ་མཆོག་གིས་རྗེས་སུ་འཛིན་པ་དང་། །དབང་མཆོག་ཐོབ་ནས་མྱུར་དུ་གྲོལ་བར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །གནས་མཆོག་ཁྱད་འཕགས་མྱུར་དུ་རྙེད་པ་དང་། །ཟས་མཆོག་བཅུད་མཆོག་སྨན་མཆོག་རིན་ཆེན་མཆོག །ཆོས་མཆོག་ཐོབ་ནས་མྱུར་དུ་གྲོལ་བར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །རིག་པ་གསུམ་དང་སྤྱན་ལྔ་མངོན་ཤེས་དྲུག །ས་བཅུ་དབང་བཅུ་སྟོབས་བཅུ་མྱུར་ཐོབ་ནས། །བསྟན་དང་འགྲོ་ལ་ཕན་ཆེན་མྱུར་བྱེད་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །རྡོ་རྗེ་ལྟ་བུར་དཔའ་བར་འགྲོ་བ་དང་། །ནམ་མཁའ་མཛོད་སོགས་ཏིང་འཛིན་ཀུན་ཐོབ་ནས། །མཁའ་མཉམ་འགྲོ་བའི་དོན་ཀུན་བྱེད་པར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །རྩ་བཟང་རབ་མཆོག་གྱུར་པ་མྱུར་སྐྱེས་ཤིང་། །ཡེ་ཤེས་ཕེབས་ནས་བདག་འཛིན་འགགས་པ་དང་། །འགྱུར་མེད་བདེ་ཆེན་མྱུར་དུ་ཐོབ་པར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །ཞུ་བདེ་འགྱུར་བཅས་མྱུར་དུ་འགགས་པ་དང་། །ཞུ་བདེ་འགྱུར་མེད་ཡོངས་སུ་རྫོགས་པ་དང་། །རང་བཞིན་འགྱུར་མེད་མྱུར་དུ་ཐོབ་པར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །ནམ་མཁའི་མཐའ་ཁྱབ་རྫུ་འཕྲུལ་ཀུན་ཐོབ་ཅིང་། །ཕྱོགས་བཅུ་ཀུན་ཏུ་མྱུར་བར་རབ་སོང་སྟེ། །འཕགས་པ་ཀུན་མཆོད་འགྲོ་ཀུན་སྨིན་བྱེད་ཤོག །ལེགས་པ་ཀུན་དང་རྟག་ཏུ་འཕྲད་པ་དང་། །ཉེས་པ་ཀུན་དང་རྟག་ཏུ་བྲལ་བ་དང་། །གང་བྱས་ཐམས་ཅད་ཤིན་ཏུ་ལེགས་པ་དང་། །ཅི་བསམ་ཐམས་ཅད་ཡིད་བཞིན་འགྲུབ་པར་ཤོག །ད་ལྟ་རྩེ་གཅིག་སྒྲུབ་པ་འཕེལ་བའི་རྐྱེན། །གནས་འཁོར་ལ་སོགས་མཐུན་རྐྱེན་ཕུན་ཚོགས་ཤིང་། །རྩེ་གཅིག་སྒྲུབ་པ་ཉམས་སུ་ལེན་པ་ལ། །འགལ་རྐྱེན་བར་ཆད་གང་ཡང་མེད་པར་ཤོག །འཕགས་པ་ཀུན་གྱི་བྱིན་རླབས་ཆེན་པོ་དང་། །དགེ་བ་ཀུན་གྱི་མཐུ་སྟོབས་ཆེན་པོ་ཡིས། །གསོལ་བ་གང་བཏབ་མྱུར་དུ་ཐེབས་པ་དང་། །སྨོན་ལམ་འདི་དག་ངེས་པར་འགྲུབ་གྱུར་ཅིག །ཕྱོགས་བཅུ་ཀུན་ཏུ་ཐུབ་བསྟན་རྒྱས་པ་དང་། །བདུད་ཁ་ནག་པོའི་ཚོགས་རྣམས་ཞི་བ་དང་། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འདོད་དོན་ཡིད་ལ་བསམ་པ་འགྲུབ་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག །ཅེས་པ་འདི་ཡང་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ།། །། ཤུབྷཾ། མངྒ་ལཾ།

སྨོན་ལམ་ཁྱད་པར་དུ་འཕགས་པ།

རིམ་གཉིས་ཟབ་མོའི་ལམ་གྱི་སྨོན་ལམ་ཁྱད་པར་དུ་འཕགས་པ་བཞུགས་སོ། །བླ་མ་དང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །བསྐྱེད་པའི་རིམ་པར་ལེགས་གནས་ཤིང་། །སྔགས་ཀྱི་ནུས་པ་མཐར་ཕྱིན་ཏེ། །ཞི་སོགས་འཕྲིན་ལས་བཅུ་གཉིས་པོ། །ཐོགས་པ་མེད་པར་འགྲུབ་པར་ཤོག །རལ་གྲི་རེག་འདྲ་བཅུད་ཀྱི་དབང་། །བདུད་རྩི་འབྲས་བུ་རིལ་བུ་དང་། །རོ་ཙ་ན་དང་མིག་སྨན་དང་། །རྐང་མགྱོགས་གྲུབ་ཆེན་བརྒྱད་ཐོབ་ཤོག །འོག་མིན་གནས་ཀྱི་མཐར་ཐུག་པ། །འཇིག་རྟེན་པ་ཡི་དངོས་གྲུབ་མཆོག །ཕུན་སུམ་ཚོགས་པ་ཐམས་ཅད་ཀུན། །འབད་པ་མེད་པར་འགྲུབ་པར་ཤོག །དེས་ཀྱང་ཆོག་པར་མི་འཛིན་ཅིང་། །ལྟོས་མེད་བཞི་དང་ལྡན་པ་ཡི། །ཡིད་ཆེས་གསུམ་ལྡན་ཟབ་མོའི་ལམ། །རྫོགས་པའི་རིམ་པ་བསྒོམ་པར་ཤོག །ཐུགས་ཀྱི་རྡོ་རྗེ་ནམ་མཁར་བཞག །ཡུལ་དང་ཡུལ་ཅན་འབྲེལ་བ་བཅད། །སྟོང་ཉིད་མངོན་སུམ་གྱུར་པ་ཡི། །སོ་སོར་སྡུད་པ་བསྒོམ་པར་ཤོག །ཤེས་རབ་རྟོག་དང་དཔྱོད་པ་དང་། །དགའ་དང་གཡོ་མེད་བདེ་བ་ཡི། །སྟོང་གཟུགས་རྟག་ཏུ་བརྟན་པར་བསྒོམ། །བསམ་གཏན་ཡན་ལག་མངོན་འགྱུར་ཤོག །གཡས་གཡོན་ཉི་ཟླའི་རྒྱུ་བ་གཉིས། །འགགས་ནས་དབུ་མའི་ལམ་དུ་གཞུག །དུས་མིན་འཆི་ལས་རྣམ་རྒྱལ་བ། །སྲོག་རྩོལ་ཡན་ལག་མངོན་འགྱུར་ཤོག །ལྟེ་བ་སྙིང་ག་མགྲིན་པ་དང་། །དཔྲལ་བ་ཐིག་ལེའི་གནས་རྣམས་སུ། །སྲོག་ནི་འགྲོ་འོང་མེད་པར་འཛིན། །འཛིན་པའི་ཡན་ལག་མངོན་འགྱུར་ཤོག །གཏུམ་མོ་ཡེ་ཤེས་མེ་འབར་བས། །འདོད་པའི་ལྷ་མཐོང་གཟུགས་རྟོག་བྲལ། །འོད་འཕྲོས་གཟུགས་ལས་ཁམས་གསུམ་སྤྲོས། །རྗེས་དྲན་ཡན་ལག་མངོན་འགྱུར་ཤོག །འདོད་པའི་ལྷ་ལ་རྗེས་ཆགས་པའི། །ཤེས་དང་ཤེས་བྱ་དབྱེར་མེད་པའི། །མི་འགྱུར་བདེ་བ་རྩེ་གཅིག་པའི། །ཏིང་འཛིན་ཡན་ལག་མངོན་འགྱུར་ཤོག །འབྱུང་བཞི་རིམ་གྱིས་སྟོང་པར་ཐིམ། །སྟོང་པ་མཚན་མ་རྣམ་བཅུར་འགྱུར། །མཚན་མ་རྣམ་པ་ཀུན་ལྡན་གཟུགས། །གཟུགས་ཀྱང་མི་འགྱུར་བདེ་བར་ཤོག །མི་འགྱུར་བདེ་བའི་ཡེ་ཤེས་ལས། །ནམ་མཁར་འགྲོ་སོགས་རྫུ་འཕྲུལ་དང་། །ཁམས་གསུམ་དབང་ཕྱུག་དངོས་གྲུབ་མཆོག །ཚེ་འདི་ཉིད་ལ་འགྲུབ་པར་ཤོག །རྣལ་འབྱོར་གསུམ་གྱིས་ལམ་ལ་བསླབ། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས། །སྤྱོད་པ་གསུམ་གྱི་མཐར་ཕྱིན་ཏེ། །རྡོ་རྗེ་གསུམ་པོ་མངོན་འགྱུར་ཤོག །བསྙེན་སྒྲུབ་ཡན་ལག་བཞི་སྦྱངས་ཤིང་། །རྡོ་རྗེ་བཞི་ཡི་དམ་ཚིག་བསྟེན། །གནས་སྐབས་བཞི་ཡི་འཁྲུལ་བ་ཟད། །སྐུ་བཞི་མངོན་དུ་འགྱུར་བར་ཤོག །ལམ་ལྔ་མ་ལུས་ལེགས་པར་བགྲོད། །སྤྱན་ལྔ་རིམ་གྱིས་མངོན་དུ་འགྱུར། །ཕུང་པོ་ལྔ་ཡི་སྒྲིབ་པ་སྦྱངས། །ཡེ་ཤེས་ལྔ་པོ་འཐོབ་པར་ཤོག །ཡན་ལག་དྲུག་ལ་ལེགས་པར་སྦྱངས། །རིགས་དྲུག་དམ་ཚིག་སྡོམ་པར་བསྟེན། །ཁམས་དྲུག་སྒྲིབ་པ་བྲལ་བ་ཡིས། །རིགས་དྲུག་དབྱེར་མེད་མངོན་འགྱུར་ཤོག །རྣལ་འབྱོར་གནས་སྐབས་བཅུ་པོ་བགྲོད། །ཕ་རོལ་ཕྱིན་པ་བཅུ་ལ་བསླབས། །དབང་བཅུ་སྟོབས་བཅུ་མངོན་དུ་གྱུར། །ཕྱི་ནང་རྣམ་བཅུ་དག་པར་ཤོག །འཕོ་བ་བཅུ་གཉིས་རྒྱུ་བ་འགགས། །རྟེན་འབྲེལ་ཡན་ལག་བཅུ་གཉིས་འཛད། །རབ་དགའ་ལ་སོགས་བཅུ་གཉིས་པོ། །ཚེ་འདི་ཉིད་ལ་བགྲོད་པར་ཤོག །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཡོན་ཏན་ཀུན་རྫོགས་སངས་རྒྱས་ཉིད། །ཚེ་འདི་ཉིད་ལ་མྱུར་ཐོབ་ཤོག །རང་གི་སྔོན་གྱི་ཉེས་པ་ཡིས། །ཚེ་འདིར་བྱང་ཆུབ་མ་ཐོབ་ནའང་། །རྒྱལ་དང་རྒྱལ་སྲས་ཐུགས་རྗེ་ཡིས། །འཕོས་མ་ཐག་ཏུ་ཐོབ་པར་ཤོག །འཆི་ཚེ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མཆོད་པ་རྣམ་པ་དུ་མ་ཡིས། །བསུས་ནས་མཁའ་སྤྱོད་འཁྲིད་པར་ཤོག །དེ་མ་ཐག་ཏུ་ཏིང་འཛིན་ཐོབ། །སྒྲིབ་པ་ཀུན་སྤངས་ཡོན་ཏན་རྫོགས། །ས་རྣམས་མཐར་ཕྱིན་སངས་རྒྱས་ཉིད། །སྐད་ཅིག་དེ་ལ་ཐོབ་པར་ཤོག །ཅིས་ཀྱང་སྐྱེ་བ་བདུན་གྱི་བར། །རྡོ་རྗེ་འཆང་གི་གོ་འཕང་ཉིད། །གདོད་མི་ཟ་བར་འགྲུབ་འགྱུར་ཅིག །དེ་ལས་གཞན་དུ་མ་གྱུར་ཅིག །བདག་ཀྱང་སྐྱེ་བ་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད། །བླ་མ་ལ་གུས་སྙིང་བརྩེར་ལྡན། །དུས་འཁོར་དམ་ཚིག་ལ་གནས་ཤིང་། །རྡོ་རྗེ་དྲིལ་བུ་རྟག་ཏུ་འཆང་། །ཟབ་ཅིང་རྒྱ་ཆེའི་ཆོས་འདོན་ཅིང་། །དམ་ཚིག་བཞི་པོ་བསྟེན་པ་དང་། །རིམ་གཉིས་ཟབ་ལམ་བསྒོམ་པར་ཤོག །འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་དུས་ཀྱི་འཁོར་ལོ་ཡི། །རྨད་བྱུང་རྡོ་རྗེ་ཐེག་པ་དང་། །མི་འབྲལ་ཚུལ་བཞིན་བསྒྲུབ་པར་ཤོག །སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །འདི་ནས་སྐྱེ་བདུན་ལ་སོགས་པར། །བླ་མ་དཔལ་ལྡན་དུས་འཁོར་གྱི། །ཞབས་རྡུལ་སྤྱི་གཙུག་གནས་པར་ཤོག གང་ཚེ་མགོན་ལ་བལྟ་བ་དང་། །ཅུང་ཟད་འདྲི་བར་འདོད་ན་ཡང་། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་མ་ལུས་དོན་གྱི་ཕྱིར། །ཐུབ་དབང་སྤྱོད་པ་ཇི་ལྟ་བར། །བདག་གི་སྤྱོད་པའང་དེ་ལྟར་ཤོག །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་ལ་སྨིན་གྱུར་ནས། །འཕྲལ་དང་ཡུན་དུ་བདེ་བར་ཤོག །སེམས་ཅན་རྣམས་ཀྱི་མི་དགེའི་ཚོགས། །སྡུག་བསྔལ་རྒྱ་མཚོའི་རྒྱུར་གྱུར་པ། །དེ་ཀུན་བདག་ལ་སྨིན་གྱུར་ནས། །སྡུག་བསྔལ་རིན་ཆེན་དབང་པོར་ཤོག །གང་ཞིག་བདག་ནི་མཐོང་བ་དང་། །བདག་མིང་ཐོས་དང་དྲན་པ་དང་། །དད་དང་དགའ་བར་བྱེད་པ་ཀུན། །ཚེ་འདིར་རྡོ་རྗེ་འཆང་ཐོབ་ཤོག །གང་དག་ང་ལ་སྨོད་པ་དང་། །བརྡེག་བཙོག་མི་སྙན་བརྗོད་པ་དང་། །ཕྲག་དོག་ངན་སེམས་འཆང་བ་ཀུན། །ཚེ་འདིར་སངས་རྒྱས་མྱུར་ཐོབ་ཤོག །བདག་ལ་བརྟེན་ནས་ནམ་དུ་ཡང་། །གཞན་ལ་གནོད་པར་མ་གྱུར་ཅིག །སྒོ་གསུམ་གང་དང་གང་བརྩམས་པ། །གཞན་ལ་ཕན་པར་འགྱུར་བར་ཤོག །བུམ་པ་བཟང་པོ་དཔག་བསམ་ཤིང་། །ཡིད་བཞིན་ནོར་བུ་ཇི་ལྟ་བུར། །སེམས་ཅན་རྣམས་ཀྱི་འདོད་པའི་དོན། །ཐམས་ཅད་བདག་ལ་འབྱུང་བར་ཤོག །གལ་ཏེ་གཞན་ལ་ཕན་གྱུར་ན། །རང་གི་དོན་ལ་ལྟོས་མེད་པར། །ངན་སོང་གསུམ་གྱི་སྡུག་བསྔལ་ཡང་། །གཞན་གྱི་དོན་དུ་བཟོད་པར་ཤོག །མི་བཟོད་ལས་ཀྱི་མཐུ་སྟོབས་ཀྱིས། །མི་ཁོམ་གནས་སུ་སྐྱེས་གྱུར་ནས། །ཉོན་མོངས་ནད་ཀྱིས་གདུང་བ་ལ། །ཆོས་ཀྱི་བདུད་རྩི་སྦྱིན་པར་ཤོག །བླ་མ་དཀོན་མཆོག་གསུམ་པོ་དང་། །ཁྱད་པར་དཔལ་ལྡན་དུས་འཁོར་ལ། །མ་དད་བསོད་ནམས་དམན་པ་ནི། །ཆོས་ཀྱི་ཕོངས་པར་གྱུར་པ་རྣམས། །བདག་གི་སྣ་ཚོགས་ཐབས་ཀུན་གྱིས། །ལེགས་པར་ཁྲིད་དེ་བླ་མ་དང་། །དཀོན་མཆོག་གསུམ་དང་དུས་འཁོར་ལ། །དད་བྱས་ལམ་ལ་འགོད་གྱུར་ཅིག །བླ་མ་ལྷར་བཅས་བྱིན་རླབས་དང་། །ཟབ་ལམ་རིམ་གཉིས་བསྒོམས་པའི་མཐུས། །དངོས་གྲུབ་རྣམ་པ་གཉིས་ཐོབ་ནས། །སེམས་ཅན་སྨིན་པའི་མཐུ་ལྡན་ཤོག །བདག་ནི་འཆི་བའི་དུས་ཀྱི་ཚེ། །སྡིག་དང་འགྱོད་པ་མེད་པ་དང་། །དབང་པོ་རྣམས་ནི་གསལ་བ་དང་། །ཏིང་འཛིན་ངང་ནས་འཕོ་བར་ཤོག །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་ཐོགས་ཏེ། །རོལ་མོ་སྒྲ་སྙན་གླུས་མཆོད་ཅིང་། །མཁའ་སྤྱོད་གནས་སུ་འཁྲིད་པར་ཤོག །ངེས་པར་མཆོག་ཏུ་མི་འགྱུར་བའི། །བདེ་བའི་ཏིང་འཛིན་རབ་ཐོབ་ནས། །ཁྱབ་བདག་དབུགས་ཀྱི་གྲངས་འཕེལ་བས། །གནས་དང་ཉེ་གནས་སོགས་བགྲོད་ཤོག །ནོར་བུའི་རྩེ་མོར་ཉི་རྡུལ་བརྟན། །གཙུག་ཏོར་བྱང་སེམས་ཟླ་བ་ཉ། །མི་གནས་མྱ་ངན་འདས་པ་མཆོག །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་རིམ་གཉིས་ཟབ་མོའི་ལམ་གྱི་སྨོན་ལམ་ཁྱད་པར་དུ་འཕགས་པ་འདི་ཡང་། རིགས་ལྡན་སྤྲུལ་པའི་སྐུ་ཆེན་པོ་རྟོན་པ་བཞི་ལྡན་ཞབས་ཀྱིས་བཀོད་པའོ།། །། དགེའོ།།

ངེས་དོན་མཐར་ཐུག་གི་སྨོན་ལམ།

ངེས་དོན་མཐར་ཐུག་གི་སྨོན་ལམ་བཞུགས། ཨོཾ་བདེ་ལེགས་སུ་གྱུར་ཅིག །སྐྱེ་བ་ཀུན་ཏུ་བསླབ་གསུམ་སྡོམ་གསུམ་དམ་ཚིག་ཐམས་ཅད་སྐྱོན་མེད་ཡང་དག་རྫོགས་པར་ཤོག །ལུས་གནད་ལྟ་སྟངས་ཤིན་ཏུ་བཟང་ཞིང་རླུང་སེམས་ཐམས་ཅད་ངང་གིས་འགགས་ཤིང་རང་འགགས་གཏན་འགགས་ཆེན་པོར་འགག་པར་ཤོག །རྣམ་ཤེས་ཐམས་ཅད་མྱུར་འགགས་ཡེ་ཤེས་མྱུར་ཐོབ་སེམས་ཅན་ཀུན་གྱི་དོན་བྱེད་ཤོག །ཀུན་གཞིའི་རྣམ་ཤེས་མྱུར་དུ་འགགས་ནས་ཀུན་གཞིའི་ཡེ་ཤེས་བདེ་ཆེན་མཁའ་ཁྱབ་ཆེན་པོ་མྱུར་ཐོབ་ཤོག །གཞན་བྱུང་ཡེ་ཤེས་མྱུར་དུ་སྐྱེས་ནས་རང་བྱུང་ཡེ་ཤེས་མཁའ་ཁྱབ་ཆེན་པོ་མྱུར་ཐོབ་ཤོག །ཀུན་བརྟགས་ཐམས་ཅད་མྱུར་དུ་འགགས་ནས་ཡོངས་གྲུབ་མྱུར་ཐོབ་སེམས་ཅན་ཀུན་གྱི་དོན་བྱེད་ཤོག །གློ་བུར་དྲི་མ་ཐམས་ཅད་མྱུར་འགགས་བདེ་གཤེགས་སྙིང་པོ་མྱུར་ཐོབ་མཁའ་ཁྱབ་འགྲོ་བའི་དོན་བྱེད་ཤོག །ཕྱི་ནང་དྲི་མ་ཐམས་ཅད་མྱུར་འགགས་གཞན་མཆོག་ཕ་རོལ་དང་པོའི་སངས་རྒྱས་མྱུར་ཐོབ་ཤོག །མཐའ་མའི་སྐྱོན་ཀུན་རབ་འགགས་དབུ་མའི་ཡོན་ཏན་ཀུན་ཐོབ་སེམས་ཅན་ཀུན་གྱི་དོན་བྱེད་ཤོག །གློ་བུར་ཆོས་ཀྱི་སྐྱོན་ཀུན་མྱུར་འགགས་ཆོས་ཉིད་གཉུག་མའི་བདེ་ཆེན་བགྲངས་ཡས་ཐོབ་པར་ཤོག །རྣམ་པར་རྟོག་པའི་སྐྱོན་ཀུན་རབ་འགགས་མི་རྟོག་ཡེ་ཤེས་ཕྱག་རྒྱ་ཆེན་པོ་མྱུར་ཐོབ་ཤོག །རླུང་སེམས་འཕོ་བའི་ཆགས་པ་རབ་འགགས་འཕོ་མེད་ཕྱག་ཆེན་བདེ་བ་ཆེན་པོ་མྱུར་ཐོབ་ཤོག །དོན་དམ་ཆོས་སྐུའི་ཡོན་ཏན་བགྲངས་འདས་གདོད་ནས་བཞུགས་པའི་སངས་རྒྱས་མྱུར་ཐོབ་རང་དོན་མཐར་ཕྱིན་ཤོག །ཀུན་རྫོབ་གཟུགས་སྐུའི་ཡོན་ཏན་རྨད་བྱུང་རྫོགས་པར་བསྐྱེད་ནས་མཁའ་ཁྱབ་འགྲོ་བའི་དོན་བྱེད་ཤོག །ཅེས་ངེས་དོན་མཐར་ཐུག་གི་སྨོན་ལམ་འདི་ནི། རྟོན་པ་བཞི་ལྡན་གྱིས་བཀོད་པ་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག །

ཤམྦྷ་ལའི་ཞིང་གཟིགས་ཀྱི་བསྟོད་པ།

ཤམྦྷ་ལའི་ཞིང་གཟིགས་ཀྱི་བསྟོད་པ་བཞུགས། ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། ཞིང་མཆོག་དཔལ་ལྡན་ཤམྦྷ་ལ་ནི། །སྨོན་ལམ་རྒྱ་མཚོའི་དཔལ་ལས་སྤྲུལ་པ། །རྣམ་དག་ཡེ་ཤེས་དབྱིངས་ལས་གྲུབ་སླད། །དྲི་མེད་དག་པའི་ཞིང་ལ་ཕྱག་འཚལ། །ལས་ཀྱི་ས་འདིར་འཛམ་གླིང་ཆུང་ངུའི། །ཕྱེད་བཅས་དཔག་ཚད་བྱེ་བ་བཅུ་གཉིས། །བྱང་གི་ཆ་ལ་ལྷ་ཡིས་ལེགས་བཀོད། །རབ་གསལ་གངས་རིས་བསྐོར་ལ་ཕྱག་འཚལ། །དེ་ནང་ཆུ་སྐྱེས་འདབ་བརྒྱད་རབ་མཛེས། །དབུས་སུ་སུམ་ཆ་གེ་སར་སྙིང་པོ། །ཀེ་ལ་ཤ་ཡི་རི་བོ་ཆེན་པོ། །དྲི་ཞིམ་མེ་ཏོག་ལྡན་ལ་ཕྱག་འཚལ། །རྣམ་མང་ལྗོན་ཤིང་སྣ་ཚོགས་ཁེབས་ཤིང་། །རིན་ཆེན་སྨན་མཆོག་གྲུབ་པའི་གཞི་ལ། །མཚོ་རྫིང་ཡན་ལག་བརྒྱད་ལྡན་རབ་གཡོས། །རྨད་བྱུང་ངོ་མཚར་ཞིང་ལ་ཕྱག་འཚལ། །རབ་དཀར་ཟླུམ་ཞིང་མཐོ་བའི་སྟེང་ན། །ཐར་བའི་ཁང་བཟང་ཀ་ལཱ་པ་སྟེ། །ཆུ་ཞེང་ཐ་གྲུར་དཔག་ཚད་བཅུ་དྲུག །འཕགས་པའི་ཕོ་བྲང་མཆོག་ལ་ཕྱག་འཚལ། །ལྷོ་ཕྱོགས་མ་ལཱ་ཡ་ཡི་དབུས་སུ། །རྒྱལ་བ་བསྐྱེད་མཛད་དུས་ཀྱི་འཁོར་ལོ། །དཀྱིལ་འཁོར་རིན་ཆེན་སྣ་ལྔས་ཡོངས་རྫོགས། །ཁྲུ་ནི་དཔག་ཚད་བཞི་ལ་ཕྱག་འཚལ། །ཕྱི་རོལ་རྡོ་རྗེ་ཕྲེང་བའི་རྒྱར་ཡང་། །ཁྲུ་ཏོ་བརྒྱ་ཕྲག་བཅུ་གཉིས་དང་ལྡན། །ཆོས་དབྱིངས་ཡེ་ཤེས་རོལ་བའི་ཁང་བཟང་། །དྲི་མེད་འོད་འཕྲོ་དེ་ལ་ཕྱག་འཚལ། །དེ་ཡི་ཤར་དུ་ཉེ་བའི་ཡིད་དང་། །ནུབ་ཏུ་པངྨ་དཀར་པོའི་མཚོ་ཆེན། །དྲི་ཞིམ་བསིལ་ཆུས་རབ་ཏུ་གང་བ། །ཁ་ཚོན་འཇའ་འོད་འཁྱིལ་ལ་ཕྱག་འཚལ། །མཚོ་འགྲམ་གཉིས་སུ་མེ་ཏོག་སྣ་ཚོགས། །ཨ་ཀར་ཙན་དན་སྤོས་ཤིང་རབ་མཛེས། །སྨན་ཤིང་ལྗོན་ཤིང་སྣ་ཚོགས་དཔག་མེད། །སྤོས་སྨན་མེ་ཏོག་ལྡན་ལ་ཕྱག་འཚལ། །ཁལ་ཁོལ་དག་ན་རྨ་བྱ་ངང་བ། །ངུར་བ་བྱ་རྒོད་ཤང་ཤང་ལ་སོགས། །མཛེས་ལྡན་བྱ་ཚོགས་སྙན་པའི་སྒྲ་སྒྲོགས། །བཀྲ་ཤིས་ཉམས་དགའི་ཞིང་ལ་ཕྱག་འཚལ། །ཕྱི་རོལ་པད་འདབ་བརྒྱད་ལ་མཚུངས་པར། །ཕལ་པའི་རྣམ་པ་ཅན་གྱི་གྲོང་ཁྱེར། །བྱེ་བ་བཅུ་གཉིས་མཉམ་པར་ལེགས་བཀོད། །བྱེ་བ་དགུ་བཅུ་དྲུག་ལ་ཕྱག་འཚལ། །ཀུན་གྱི་གཙུག་རྒྱན་མི་བདག་ཆེན་པོ། །ཤཱཀྱའི་རིགས་འཁྲུངས་འདས་པའི་ཆོས་རྒྱལ། །བགེགས་ཀུན་མཐར་བྱེད་ཆེན་པོའི་སྤྲུལ་པ། །ཉི་མའི་འོད་ཟེར་དེ་ལ་ཕྱག་འཚལ། །དེ་སྲས་རྒྱལ་བའི་སྙན་མཆོག་གསང་བདག །རྩ་རྒྱུད་གསོལ་བ་འདེབས་མཛད་ཆོས་རྒྱལ། །ཕྱག་ན་རྡོ་རྗེའི་སྤྲུལ་པ་ཆེན་པོ། །དཔལ་ལྡན་ཟླ་བཟང་དེ་ལ་ཕྱག་འཚལ། །ས་ཡི་སྙིང་པོ་ཆོས་རྒྱལ་ལྷ་དབང་། །གཤིན་རྗེ་མཐར་བྱེད་གཟི་བརྗིད་ཅན་དང་། །སྒྲིབ་པ་རྣམ་སེལ་མི་དབང་ཟླས་བྱིན། །ཆོས་རྒྱལ་ཆེན་པོ་གསུམ་ལ་ཕྱག་འཚལ། །ཤེས་རབ་མཐར་བྱེད་ལྷ་ཡི་དབང་ཕྱུག །པདྨ་མཐར་བྱེད་སྣ་ཚོགས་གཟུགས་དང་། །ནམ་མཁའི་སྙིང་པོ་ལྷ་ཡི་དབང་ལྡན། །མི་བདག་ཆེན་པོ་གསུམ་ལ་ཕྱག་འཚལ། །ཐམས་ཅད་མཚུངས་པར་ལོ་བརྒྱར་ཀུན་ཏུ། །ནོར་བུ་རིན་ཆེན་སེང་གེའི་ཁྲི་ལ། །རྩ་རྒྱུད་སྟོན་མཛད་ཡོན་ཏན་གཏེར་མངའ། །ས་བཅུའི་དབང་ཕྱུག་རྣམས་ལ་ཕྱག་འཚལ། །རིགས་ཀུན་གཅིག་མཛད་ཀླ་ཀློ་མཐར་བྱེད། །རྩ་རྒྱུད་སྟོན་མཛད་རིགས་ལྡན་ཆེན་པོ། །དཔལ་ལྡན་འཇམ་པའི་རྡོ་རྗེའི་སྤྲུལ་པ། །མི་བདག་གྲགས་པའི་ཞབས་ལ་ཕྱག་འཚལ། །དེ་སྲས་རྒྱལ་བ་ཀུན་གྱི་ཐུགས་རྗེས། །འཇིག་རྟེན་དབང་ཕྱུག་སྤྲུལ་པའི་རིགས་ལྡན། །རྒྱས་འགྲེལ་མཛད་པ་ལྷ་མིའི་སྐྱབས་མཆོག །དཔལ་ལྡན་པདྨ་དཀར་ལ་ཕྱག་འཚལ། །གཤིན་རྗེ་གཤེད་པོ་རིགས་ལྡན་བཟང་པོ། །ས་སྙིང་སྤྲུལ་པ་རྣམ་རྒྱལ་ཆེན་པོ། །བགེགས་དགྲའི་ངོ་བོ་གཤིན་རྗེ་བཟང་པོ། །ཕྱག་རྡོར་རིན་ཆེན་ཕྱག་ལ་ཕྱག་འཚལ། །ས་སྙིང་སྤྲུལ་པ་ཁྱབ་འཇུག་སྦས་པ། །གཤིན་རྗེ་མཐར་བྱེད་ཉི་མ་གྲགས་པ། །སྒྲིབ་པ་རྣམ་སེལ་ཤིན་ཏུ་བཟང་པོ། །རྒྱལ་བའི་རིགས་ལྡན་གསུམ་ལ་ཕྱག་འཚལ། །རྨུགས་བྱེད་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ། །ཁེངས་བྱེད་སྤྲུལ་པ་རྒྱལ་དཀའ་ཆེན་པོ། །འཇམ་དཔལ་སྤྲུལ་པ་སྣ་ཚོགས་གཟུགས་ཅན། །འཇིག་རྟེན་མགོན་པོ་ཟླ་འོད་ཕྱག་འཚལ། །གཤིན་རྗེ་མཐར་བྱེད་མཐའ་ཡས་ཆེན་པོ། །ས་སྙིང་ས་སྐྱོང་བགེགས་དགྲ་དཔལ་སྐྱོང་། །ཕྱག་རྡོར་སྤྲུལ་པ་སེང་གེ་ཆེན་པོ། །ས་སྙིང་རྣམ་གནོན་དེ་ལ་ཕྱག་འཚལ། །གཤིན་རྗེ་མཐར་བྱེད་སྟོབས་པོ་ཆེན་པོ། །སྒྲིབ་པ་རྣམ་སེལ་མ་འགགས་པ་དང་། །རྨུགས་བྱེད་སྤྲུལ་པ་མི་ཡི་སེང་གེ །ས་བཅུའི་དབང་ཕྱུག་རྣམས་ལ་ཕྱག་འཚལ། །ཁེངས་བྱེད་སྤྲུལ་པ་དབང་ཕྱུག་ཆེན་པོ། །ནམ་མཁའི་སྙིང་པོ་མཐའ་ཡས་རྣམ་རྒྱལ། །འཇམ་དབྱངས་སྤྲུལ་པ་རིགས་ལྡན་དྲག་པོ། །ཀླ་ཀློའི་ཚོགས་འཇོམས་དེ་ལ་ཕྱག་འཚལ། །དེ་སྲས་ཚངས་པ་དང་ནི་ལྷ་དབང་། །མདུན་རྒྱབ་དང་པོར་ཆོས་མཆོག་སྟོན་མཛད། །དེ་གཉིས་འཇམ་དབྱངས་འཇིག་རྟེན་མགོན་པོའི། །རྣམ་འཕྲུལ་བསམ་མི་ཁྱབ་ལ་ཕྱག་འཚལ། །དེ་སྲས་འོད་སྲུང་སོགས་བརྒྱད་མི་དབང་། །འཁོར་ལོ་ཅན་དང་ཕྱེད་ཅན་དུམ་བུ། །མི་བདག་འཕགས་པའི་རྒྱལ་པོ་རྣམ་ལྔ། །སྐྱབས་གནས་ཀུན་ལ་རྟག་པར་ཕྱག་འཚལ། །བདག་ཅག་མི་ཤེས་མུན་ཞུགས་འགྲོ་ཀུན། །ལས་ཀྱི་ཞགས་པས་བཅིངས་པ་རབ་བསྲེགས། །ཀུན་ནས་ཉོན་མོངས་བདུད་ཀྱི་དབང་སོང་། །འཇིགས་རུང་འཁོར་བ་འདི་ལས་སྐྱོབས་ཤིག །ནམ་ཞིག་ལུས་སེམས་བྲལ་བའི་ཚེ་ན། །རྐྱེན་ངན་གཞན་གྱིས་བར་ཆད་མེད་པར། །དཔལ་ལྡན་ཀ་ལཱ་པ་རུ་སྐྱེས་ནས། །རིགས་ལྡན་རྗེས་བཟུང་བྱིན་གྱིས་རློབས་ཤིག །ཀུན་མཁྱེན་ཆེན་པོས་ཤམྦྷ་ལ་ཉེ་བར་གཟིགས་ནས་བསྟོད་པ་མཛད་པ་རྫོགས་སོ།། །།དགེའོ། །

དཔལ་ལྡན་ཤམྦྷ་ལའི་སྨོན་ལམ་ཉེར་བཞི་པ་འདོད་འཇོའི་སྙེ་མ།

དཔལ་ལྡན་ཤམྦྷ་ལའི་སྨོན་ལམ་ཉེར་བཞི་པ་འདོད་འཇོའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །བདག་གིས་དེ་རིང་གི་བསགས་པའི་དགེ་བའི་རྩ་བ་འདི་ཉིད་ཀྱིས་མཚོན་པའི་དུས་གསུམ་དུ་བསགས་པའི་དགེ་བའི་མཐུ་ལས་བདག་ཆེ་གེ་མོའི་ཚེ་འདི་འཕོས་མ་ཐག་པ་ནས་སྐྱེ་བ་གཞན་གྱི་བར་མ་ཆོད་པར་བྱང་ཤམྦྷ་ལའི་རིགས་ལྡན་རྒྱལ་པོ་རྣམས་ཀྱི་འཁོར་དུ་མི་ལུས་ཆོས་ལྡན་དུ་སྐྱེ་བར་ཤོག་ཅིག །རིགས་ལྡན་རྒྱལ་པོའི་འཁོར་དུ་སྐྱེ་བ་ལ་བར་ཆད་གང་ཡང་མེད་པར་ཤོག་ཅིག །ལས་ངན་པའི་དབང་དུ་གཞན་དུ་མི་འགྲོ་བར་ཤོག་ཅིག །དེར་སྐྱེས་ནས་ཆོས་སྒྲུབ་པ་ལ་ནད་ལ་སོགས་པའི་བར་ཆད་གང་ཡང་མེད་པར་ཤོག་ཅིག །བདུད་དང་སྡིག་པའི་གྲོགས་པོའི་དབང་དུ་དུས་སྐད་ཅིག་ཙམ་ཡང་མི་འགྲོ་བར་ཤོག་ཅིག །ཆོས་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཤོག་ཅིག །རིགས་ལྡན་རྒྱལ་པོ་དེ་སངས་རྒྱས་དངོས་སུ་མཐོང་བའི་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་སྟེ་ལོག་ལྟ་སྐད་ཅིག་ཙམ་ཡང་མི་སྐྱེ་བར་ཤོག་ཅིག །དེའི་ཅི་གསུང་གི་བཀའ་ཐམས་ཅད་གུས་པའི་སྒོ་ནས་དང་དུ་བླངས་ཏེ་སྒྲུབ་པར་ཤོག་ཅིག །སྒྲུབ་ནུས་པའི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་རྒྱ་ཆེ་བ་དང་། རྣོ་བ། མྱུར་བ། གསལ་བ། ཟབ་པ། ཕུན་སུམ་ཚོགས་པ་ཐོབ་པར་ཤོག་ཅིག །དེར་སྐྱེས་ཚེ་འདོད་ཆགས་དང་། ང་རྒྱལ་དང་། ལེ་ལོ་ལ་སོགས་པ་ཉོན་མོངས་པའི་རྣམ་རྟོག་ངན་པ་རྣམ་པ་ཀུན་ཏུ་མི་སྐྱེ་བར་ཤོག་ཅིག །རིགས་ལྡན་རྒྱལ་པོའི་གདམས་ངག་བསྟན་པ་བཞིན་ཉམས་སུ་བླངས་པ་ལས་འཁོར་བ་མཐའ་དག་ལ་ཞེན་པ་གཏིང་ནས་ལོག་པའི་ངེས་འབྱུང་གི་བསམ་པ་ཡང་དག་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་སར་འགོད་པའི་ཆེད་དུ་བདག་གི་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པར་རྟོགས་པའི་ཟབ་མོ་དབུ་མའི་ལྟ་བ་རྣམ་པར་དག་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །རྒྱལ་སྲས་ཀྱི་ལམ་མཐའ་དག་སྒྲུབ་པ་ལ་སྙིང་སྟོབས་ཀྱི་གོ་ཆའི་བསམ་པ་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །ལམ་ཕ་རོལ་ཕྱིན་པ་དྲུག་གི་ཉམས་ལེན་ཡོངས་སུ་རྫོགས་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྡོ་རྗེ་བཞིའི་ལམ་གྱི་རིམ་པ་ཐམས་ཅད་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །རྫོགས་རིམ་མི་གཡོ་གསུམ་ལྡན་གྱི་རྣལ་འབྱོར་ལ་བརྟེན་ནས་ལས་རླུང་མཐའ་དག་དབུ་མར་ཞུགས་པའི་སྟོང་གཟུགས་རབ་འབྱམས་མངོན་སུམ་དུ་མཐོང་ཞིང་མཐོང་བ་རབ་ཏུ་བརྟན་པའི་སོར་སྡུད་ཀྱི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །སྟོང་གཟུགས་མཐའ་དག་རླུང་སེམས་དང་ངོ་བོ་དབྱེར་མེད་དུ་འདྲེས་པའི་ཡན་ལག་ལྔ་ལྡན་གྱི་བསམ་གཏན་གྱི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །རྡོར་བཟླས་དང་བུམ་ཅན་གྱི་སྦྱོར་བས་སྟོང་གཟུགས་དང་འདྲེས་པའི་རླུང་སེམས་མཐའ་དག་དབུ་མ་སྒྲ་གཅན་གྱི་དབྱིངས་སུ་རྟག་པར་ཉམས་མེད་དུ་བཅིངས་པའི་ཞི་བདེའི་བདེ་སྟོང་ཟུང་འཇུག་སྒོམ་པའི་སྲོག་རྩོལ་གྱི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །དབུ་མར་བཅིངས་པའི་སྟོང་གཟུགས་རླུང་སེམས་དང་བཅས་པ་འཁོར་ལོ་དྲུག་གི་ཐིག་ལེ་ཕྲ་མོ་རྣམས་ལ་ཐིམ་པའི་ཐིག་ལེ་བརྟན་པའི་གཏུམ་མོ་འབར་སྣང་གི་ལྷ་སྐུ་རབ་འབྱམས་མངོན་སུམ་དུ་མཐོང་བའི་ཞི་བདེའི་བདེ་སྟོང་ཟུང་འཇུག་སྒོམ་པའི་འཛིན་པའི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །སྟོང་གཟུགས་རླུང་སེམས་དང་བཅས་པ་ཐིག་ལེར་ཐིམ་པའི་གཏུམ་མོ་འབར་སྣང་ལས་རང་ཉིད་རྣམ་ཀུན་མཆོག་ལྡན་སྟོང་གཟུགས་དུས་ཀྱི་འཁོར་ལོ་ཡབ་ཡུམ་གྱི་སྐུར་ཤར་བ་ལས་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་སྟོང་ཟུང་འཇུག་སྒོམ་པས་མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་པའི་རྗེས་དྲན་གྱི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །རྗེས་དྲན་ལས་མི་འགྱུར་བའི་བདེ་བའི་ཡེ་ཤེས་དངོས་སུ་གྲུབ་སྟེ། འགྱུར་མེད་བདེ་བའི་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐམས་ཅད་ཡོངས་སུ་རྫོགས། ཟུང་འཇུག་ཕྱག་རྒྱ་ཆེན་པོའི་སྐུ་གྲུབ་སྟེ། དེའི་རྟེན་ལ་དཔལ་དུས་ཀྱི་འཁོར་ལོའི་ས་ལམ་ཐམས་ཅད་ཚེ་གཅིག་ནས་རྫོགས་པར་བྱེད་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་མཐར་ཕྱིན་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག །དེ་ལྟར་ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ། རྒྱལ་སྲས་ཀྱི་ལམ་ལ་གོ་བགོས་པའི་སྙིང་སྟོབས། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྡོ་རྗེ་བཞིའི་ལམ་དང་། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ལམ་རྣམས་ཚེ་གཅིག་ནས་མཐར་ཕྱིན་པར་བྱེད་ནུས་པར་ཤོག་ཅིག །ཇི་ལྟར་སྨོན་ལམ་བཏབ་པ་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པའི་སྟོབས་ཀྱིས་ཚུལ་ཇི་ལྟ་བ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་དཔལ་ལྡན་ཤམྦྷ་ལའི་སྨོན་ལམ་ཉེར་བཞི་པ་འདོད་འཇོའི་སྙེ་མ་ཞེས་བྱ་བ་འདི་ཡང་། རྡོ་སྔོན་ཀརྨ་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ།། །།དགེའོ། །

ཤམྦྷ་ལའི་སྨོན་ལམ་ཐོར་བུ།

ཤམྦྷ་ལའི་སྨོན་ལམ་ཐོར་བུ་བཞུགས། དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ།། ༈ བསོད་ནམས་བསགས་དགེས་བདག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི །ཆོས་མཐུན་ཁོ་ནས་ལེགས་འཚོ་ཞིང་། །རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །ཅེས་པའང་མ་ཏིས་སོ།། ༈ རབ་དཀར་འདིས་མཚོན་སྐྱེ་འཕགས་དགེ་ཆེན་གྱིས། །དུས་མཐར་རྒྱལ་བསྟན་དབུ་འཕང་མཐོ་བ་དང་། །ཆབས་གཅིག་འགྲོ་ལ་ཕན་བདེ་ཡོངས་སྤེལ་ཞིང་། །བསྟན་འགྲོའི་བསྲུང་རིམ་རླབས་ཆེན་སྤྱོད་གྱུར་ཅིག །ཅེས་པ་འདི་ཡང་མ་ཏིས་སོ།། ༈ དགེ་འདིས་རྣལ་འབྱོར་ཡན་ལག་དྲུག །རིམ་པའི་མཐར་ཕྱིན་ཟུང་འཇུག་སྐུ། །དུས་ཀྱི་འཁོར་ལོ་མྱུར་འགྲུབ་སྟེ། །མ་ལུས་འགྲོ་ལ་ཕན་ཐོགས་ཤོག །ཅེས་པའི་དུས་འཁོར་སྨོན་ལམ་ཉེར་བསྡུས་འདི་དགེ་མ་བྱང་ཆུབ་སྒྲོན་ལ་མཁོ་ནས། མ་ཏིས་སོ།། ༈ རབ་དགེས་ཚེ་འདི་འཕོས་མ་ཐག་པ་རུ། །ཤམྦྷ་ལ་རུ་ཆོས་རྒྱལ་གདུལ་ཞིང་དུ། །ཚེ་ལུས་དེ་ལ་གསང་ཆེན་ལམ་མཐར་ཕྱིན། །དུས་འཁོར་རྡོར་འཆང་གོ་འཕང་མྱུར་ཐོབ་ཤོག །ཅེས་ཤམྦྷ་ལའི་སྨོན་ལམ་བསྡུས་པ་འདི་དགེ་མ་བྱང་ཆུབ་སྒྲོན་ལ་མཁོ་ཕྱིར། མ་ཏིས་སོ།། ༈ བདག་གིས་སྐྱེ་བ་འདི་ནས་འཕོས་མ་ཐག །སྔགས་ཀྱི་ཞིང་དེར་མ་འགགས་བཞུགས་པའི་དྲུང་། །ཐུགས་སྲས་མཆོག་གི་ཐུ་བོར་སྐྱེས་ནས་ཀྱང་། །ཚེ་གཅིག་གསང་ཆེན་ལམ་བཟང་མཐར་ཕྱིན་ཤོག །ཅེས་པའི་སྨོན་ལམ་འདི་ཡང་བརྩོན་འགྲུས་དཔལ་གྱི་ངོར། མ་ཏིས་སྨྲས།

ཞིང་ཁམས་བདེ་བ་ཅན་ཉེ་བར་གཟིགས་ནས་ཚུལ་ཇི་ལྟ་བ་བཞིན་དུ་བསྟོད་པ།

ཞིང་ཁམས་བདེ་བ་ཅན་ཉེ་བར་གཟིགས་ནས་ཚུལ་ཇི་ལྟ་བ་བཞིན་དུ་བསྟོད་པ་བཞུགས་སོ། །ན་མོ་གུ་རུ་བྷྱཿ སྟོང་གསུམ་མི་མཇེད་འདི་ཡི་ནུབ་ཏུ། །སངས་རྒྱས་ཞིང་ཁམས་བདེ་བ་ཅན་ཞེས། །གསེར་གྱི་ས་གཞི་ལག་མཐིལ་ལྟར་མཉམ། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཡན་ལག་བརྒྱད་ལྡན་མཚོ་རྫིང་དུ་མ། །ཁ་ཁྱོན་དཔག་ཚད་བཅུ་དང་ཉི་ཤུ། །སུམ་ཅུ་དང་ནི་བཞི་བཅུ་ལྔ་བཅུ། །བསིལ་ཆུས་ཁྱབ་པའི་ཞིང་ལ་ཕྱག་འཚལ། །ཁ་ཅིག་དཔག་ཚད་བརྒྱ་སྟོང་ཚད་ཙམ། །ཟབས་སུ་དཔག་ཚད་བཅུ་གཉིས་ལ་སོགས། །ཆུ་ཀླུང་དག་ལ་ལྷ་ཡི་སྒྲ་དབྱངས། །སྣ་ཚོགས་སྒྲ་དབྱངས་འབྱུང་ལ་ཕྱག་འཚལ། །ཆུ་འགྲམ་གནས་པའི་ལྷ་བྲན་དུ་མ། །ལོང་བུ་པུས་མོ་སྐེད་པ་ཙམ་དང་། །དེ་བཞིན་མཆན་ཁུང་ཙམ་ཡང་ནུབ་སྟེ། །ཇི་ལྟར་འདོད་བཞིན་འགྱུར་ལ་ཕྱག་འཚལ། །གྲང་དྲོ་ལ་སོགས་ཇི་ལྟར་འདོད་བཞིན། །རྒྱ་སྤོས་ཙན་དན་སྦྲུལ་སྙིང་ལ་སོགས། །དྲི་ཞིམ་སྤོས་ཆུས་ཁྱབ་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཕྱོགས་རྣམས་ཀུན་ཏུ་ལྷ་ཡི་མེ་ཏོག །ཨུཏྤལ་དང་པདྨ་དཀར་པོ། །མན་དྷ་ར་བས་ཁྱབ་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །པདྨོ་དག་ནི་དཔག་ཚད་གཅིག་དང་། །གཉིས་གསུམ་བཞི་ལྔའི་ཚད་ཙམ་ཡོད་ཅིང་། །མེ་ཏོག་སྣ་ཚོགས་གང་བའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །མཛེས་ལྡན་པདྨོ་རེ་རེ་དག་ལས། །འོད་ཟེར་སྟོང་ཕྲག་སོ་དྲུག་འབྱུང་བས། །ཉི་ཟླའི་འོད་ལས་ལྷག་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །འོད་ཟེར་རེ་རེའི་རྩེ་མོ་དག་ལས། །སངས་རྒྱས་སྐུ་ནི་གསེར་གྱི་མདོག་ཅན། །མཚན་དཔེས་རབ་ཏུ་བརྒྱན་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །མཐའ་སྐོར་དག་ལ་ལྗོན་ཤིང་སྣ་ཚོགས། །མ་ར་ཏ་ཀ་བྱི་རུ་ལ་སོགས། །རིན་ཆེན་དག་ལས་གྲུབ་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཁ་ཅིག་རྩ་བ་གསེར་གྱི་རང་བཞིན། །སྡོང་བུ་རྣམས་ཀྱང་དངུལ་ལས་གྲུབ་པ། །ཡལ་ག་རྣམས་ནི་བཻཌཱུར་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ལོ་མ་རྣམས་ནི་ཤེལ་ལས་གྲུབ་པ། །འདབ་མ་རྣམས་ཀྱང་སྤུག་གི་རང་བཞིན། །མེ་ཏོག་མུ་ཏིག་དམར་པོའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཏ་ལའི་ཕྲེང་བས་བསྐོར་བའི་ཤིང་མཆོག །ཐམས་ཅད་དྲིལ་བུ་གཡེར་ཁས་མཛེས་པ། །དྲ་བ་དྲ་ཕྱེད་ཁྱབ་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ལྗོན་ཤིང་དག་ལ་སྤྲུལ་པའི་བྱ་ཚོགས། །ཁྲུང་ཁྲུང་རྨ་བྱ་ཤང་ཤང་ངང་བ། །ཀ་རན་ཏ་ཀ་འཕུར་བའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ནེ་ཙོ་རི་སྐེགས་དང་ནི་ཁུ་བྱུག །ཀུ་ན་ལ་དང་ཀ་ལ་པིངྐ། །འདབ་ཆགས་སྒྲ་སྙན་སྒྲོགས་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །འདམ་རྫབ་མེད་པའི་གསེར་དངུལ་མུ་ཏིག །བྱི་རུ་མུ་མིན་བཻཌཱུརྱ་དང་། །པདྨ་རཱ་གའི་བྱེ་མ་ལ་སོགས། །གྲམ་བུར་བདལ་པའི་ཞིང་ལ་ཕྱག་འཚལ། །སྤོས་དང་ཕྲེང་བ་བྱུག་པ་ཕྱེ་མ། །གདུགས་དང་རྒྱལ་མཚན་བ་དན་བླ་བྲེ། །སིལ་སྙན་སྣ་ཚོགས་རྔ་དང་འཁར་རྔ། །མཆོད་སྤྲིན་ཁྱབ་པའི་ཞིང་ལ་ཕྱག་འཚལ། །དབུ་རྒྱན་རྣ་ཆ་མགུལ་རྒྱན་མཛེས་པ། །ལག་སོར་རྐང་གདུབ་ཅོད་པན་གདུ་བུ། །དཔུང་རྒྱན་དོ་ཤལ་སེ་མོ་དོ་སོགས། །རྒྱན་ཕྲེང་ཁེབས་པའི་ཞིང་ལ་ཕྱག་འཚལ། །གསེར་གྱི་ཙོང་ཙོང་མུ་ཏིག་དྲ་བ། །རྔ་ཡབ་ནོར་བུ་དངུལ་གྱི་ཕྲེང་བ། །རྒྱན་ཕྲེང་དཔག་མེད་ལྡན་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །རིན་ཆེན་གསེར་གྱི་ས་གཞིའི་སྟེང་དུ། །རྐང་པ་འཇོག་ན་སོར་བཞི་དམའ་ཞིང་། །བཏེགས་ན་སོར་བཞི་ཙམ་ལས་མཐོ་སྟེ། །ཆོས་དབྱིངས་ཉམས་དགའི་ཞིང་ལ་ཕྱག་འཚལ། །སྔ་དྲོའི་དུས་སུ་རླུང་གིས་ལྗོན་ཤིང་། །དེ་དག་བསྒུལ་ནས་སྒྲ་སྙན་སྣ་ཚོགས། །རྒྱུན་ཆད་མེད་པར་འབྱུང་བའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཡིད་འོང་མེ་ཏོག་སྣ་ཚོགས་སིལ་མ། །མི་འགྲེང་བདུན་སྲིད་ཙམ་དུ་འབབ་ཅིང་། །སངས་རྒྱས་ཞིང་དུ་མཉམ་པར་བཀྲ་ཞིང་། །དེ་བཞིན་དུས་དྲུག་འབྱུང་ལ་ཕྱག་འཚལ། །སངས་རྒྱས་ཞིང་ནི་སྔ་དྲོ་འདས་ནས། །མེ་ཏོག་མེད་ཅིང་དབེན་ཞིང་ཉམས་དགའ། །ཉིན་མཚན་མེད་ཅིང་འོད་གསལ་རང་བཞིན། །མུན་ནག་མེད་པའི་ཞིང་ལ་ཕྱག་འཚལ། །སྐྱེ་རྒ་ན་འཆི་མེད་ཅིང་བདེ་བ། །ངན་སོང་གསུམ་གྱི་སྒྲ་ཡང་མི་གྲགས། །འཇིག་མེད་རྟག་ཏུ་གནས་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །དབུས་སུ་མགོན་པོའི་ཕོ་བྲང་ཆེན་པོ། །རྒྱར་ནི་དཔག་ཚད་སྟོང་ཕྲག་བཅུ་པ། །རིན་ཆེན་སྣ་ཚོགས་ལས་གྲུབ་མཛེས་པ། །ལྷ་མོ་བདུན་སྟོང་བསྐོར་ལ་ཕྱག་འཚལ། །པདྨོ་ཆུ་ཞེས་བྱ་བའི་ཤིང་མཆོག །རྩ་བའི་སྦོམ་ནི་དཔག་ཚད་ལྔ་བརྒྱ། །དཔངས་སུ་དཔག་ཚད་སྟོང་དང་དྲུག་བརྒྱ། །སྨན་མཆོག་དགོས་འདོད་འབྱུང་ལ་ཕྱག་འཚལ། །འདབ་མ་དཔག་ཚད་བརྒྱ་ཕྲག་ཁེབས་ལ། །རྟག་ཏུ་ལོ་མ་མེ་ཏོག་འབྲས་བུ། །དབྱར་དགུན་མེད་པར་སྨིན་པའི་ཞིང་ཁམས། །བྱང་ཆུབ་ཤིང་མཆོག་དེ་ལ་ཕྱག་འཚལ། །ཟླ་བ་ནོར་བུ་དོན་ཡོད་ཞགས་པ། །ཡལ་ག་ཀུན་ལ་གསེར་གྱི་སྐུད་པ། །དངུལ་གྱི་སེ་མོ་དོ་དང་རིན་ཆེན། །གཡེར་ཁའི་དྲ་བ་འཕྱང་ལ་ཕྱག་འཚལ། །སེང་གེའི་ཁ་ནས་འཕྱང་བའི་སྐེ་རགས། །དུང་ཕྲེང་གཡུང་དྲུང་དགའ་བ་འཁྱིལ་བ། །དྷ་ནུ་སྐ་རའི་ཕྲེང་བ་རབ་གཡོས། །ཟ་ར་ཚགས་ཀྱིས་བརྒྱན་ལ་ཕྱག་འཚལ། །ཆུ་སྲིན་མ་ཀ་ར་ཡི་ཁ་ནས། །མུ་ཏིག་དམར་པོའི་ཕྲེང་བ་རབ་མཛེས། །བཀྲ་ཤིས་འཁྱིལ་བས་སྤྲས་པ་ཆེན་པོ། །ཅོད་པན་དར་དཔྱངས་བརྒྱན་ལ་ཕྱག་འཚལ། །གང་གི་རྣ་ལམ་བྱང་ཆུབ་ཤིང་སྒྲ། །ཐོས་ནས་ལྷ་ཡི་རྣ་བའི་དཔལ་བསྐྱེད། །དབང་པོ་གཞན་རྣམས་དེ་བཞིན་ནད་མེད། །བྱང་ཆུབ་ཐོབ་པར་མཛད་ལ་ཕྱག་འཚལ། །སངས་རྒྱས་དེ་ཡི་འོད་ནི་དཔག་མེད། །ཚད་ཀྱིས་གཞལ་བ་མེད་པ་ཆེན་པོ། །དེ་ཕྱིར་འོད་དཔག་མེད་པ་ཞེས་གྲགས། །སྐྱབས་མཆོག་དེ་ལ་གུས་པར་ཕྱག་འཚལ། །གཡས་ན་འཕགས་པ་སྤྱན་རས་གཟིགས་དབང་། །གཡོན་ན་མཐུ་ཆེན་ཐོབ་པ་ལ་སོགས། །བྱང་ཆུབ་སེམས་དཔའ་ཚད་མེད་མཐའ་ཡས། །ཉན་ཐོས་གྲངས་མེད་བསྐོར་ལ་ཕྱག་འཚལ། །གང་གིས་བདེ་བ་ཅན་དུ་སྐྱེ་བར། །བརྗོད་པ་ཙམ་གྱིས་ཐེ་ཚོམ་མེད་པར། །དེ་རུ་ངེས་པར་སྐྱེ་བ་ཡིན་པས། །སྨོན་ལམ་འབྲས་བུ་ལྡན་ལ་ཕྱག་འཚལ། །གང་ཞིག་སངས་རྒྱས་དེ་ཡི་མཚན་འཛིན། །འཆི་བའི་ཚེ་ན་འོད་དཔག་མེད་པ། །དགེ་སློང་དུ་མས་བསྐོར་ནས་དངོས་སུ། །མདུན་དུ་བདར་ནས་བསུས་ལ་ཕྱག་འཚལ། །ཚེ་འདི་སྣང་བ་འཕོས་མ་ཐག་ཏུ། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་ཞིང་། །རྫོགས་པའི་སངས་རྒྱས་དངོས་སུ་མཐོང་ནས། །བྱང་ཆུབ་ལུང་བསྟན་ཐོབ་པར་མཛོད་ཅིག །ཀུན་མཁྱེན་ཆེན་པོས་ས་གའི་ཚེས་བཅོ་ལྔའི་སྔ་དྲོ་ལ་ཞིང་ཁམས་བདེ་བ་ཅན་ཉེ་བར་གཟིགས་ནས་ཚུལ་ཇི་ལྟ་བ་བཞིན་དུ་བསྟོད་པ་མཛད་པ་རྫོགས་སོ།། །།

ཀུན་མཁྱེན་བདེ་སྨོན།

ཀུན་མཁྱེན་བདེ་སྨོན་བཞུགས། ན་མོ་ལོ་ཀི་ཤྭ་རཱ་ཡ། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །སྐྱེ་རྒ་ན་འཆིའི་ཉམ་ཐག་འགྲོ་བ་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་མཛད་པ། །སངས་རྒྱས་ཚེ་དཔག་མེད་པས་ལུང་བསྟན་པ། །ངས་ནི་སྔོན་ཚེ་སྨོན་ལམ་འདི་བཏབ་བོ། །སེམས་ཅན་གང་གིས་ང་ཡི་མིང་ཐོས་པའི། །འཇིག་རྟེན་ཁམས་ན་གནས་པའི་སེམས་ཅན་རྣམས། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ཀྱང་། །སྐྱེ་བ་གཅིག་ལ་ཕྱིར་མི་ལྡོག་པར་འགྱུར། །འདྲེན་པ་ཁྱོད་ཀྱི་མཐུ་དང་སྨོན་ལམ་མཆོག །བདེ་ལྡན་ཞིང་བཀོད་མདོ་ནས་གསུངས་པ་བཞིན། །བདག་ཀྱང་ཚེ་དཔག་མེད་ལ་སྐྱབས་སུ་མཆི། །ལུས་འདི་བོར་ནས་སྐྱེ་བ་ལེན་པར་ཤོག །སྨོན་ལམ་མཐའ་ཡས་ཡོངས་སུ་རྫོགས་པའི་མཐུས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས། །ཡོན་ཏན་བསྔགས་པའི་ཕྲེང་བ་བརྗོད་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །རྐང་གཉིས་གཙོ་བོ་འོད་དཔག་མེད་པ་དང་། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས། །སངས་རྒྱས་བྱང་སེམས་དཔག་མེད་བཞུགས་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །ལག་མཐིལ་ལྟར་མཉམ་རིན་ཆེན་ས་གཞི་ནི། །ཐམས་ཅད་གསེར་གྱི་དྲ་བས་ཁྱབ་གྱུར་ཅིང་། །ངོ་མཚར་པདྨ་མང་པོས་གང་བའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །པདྨ་རེ་རེའི་རྩེ་མོ་ཐམས་ཅད་ལས། །དཔག་མེད་འོད་འཕྲོ་འོད་ཟེར་ཐམས་ཅད་ཀྱིས། །བདེ་གཤེགས་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །ལྗོན་ཤིང་སྣ་ཚོགས་རིན་ཆེན་བདུན་ལས་གྲུབ། །ཁ་དོག་དབྱིབས་ལེགས་མཛེས་ཤིང་བལྟ་ན་སྡུག །སྙན་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །བྱ་ཚོགས་རྣམ་མང་བདེ་གཤེགས་སྤྲུལ་པའི་བྱ། །སྣ་ཚོགས་སྐད་སྙན་སྙན་པར་སྒྲོག་བྱེད་ཅིང་། །ཀུན་གྱིས་མགོན་པོ་རྗེས་སུ་དྲན་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །ཆུ་ཀླུང་ཉམས་དགའ་དྲི་མཆོག་རྣམས་དང་ལྡན། །རྒྱལ་བའི་ཡོན་ཏན་དཔག་མེད་སྒྲ་ཚོགས་ཀུན། །རྟག་པར་རྒྱུན་མི་ཆད་པར་སྒྲོགས་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །གསེར་གྱི་མདོག་ཅན་ལྷ་མི་ཐམས་ཅད་ཀྱང་། །སྣ་ཚོགས་གོས་གྱོན་རིན་ཆེན་རྒྱན་གྱིས་སྤྲས། །དམ་ཆོས་དགའ་བདེ་དཔག་མེད་སྤྱོད་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །ཟས་དང་གོས་དང་མལ་ཆ་སྨན་རྣམས་དང་། །ཆོས་གོས་ལྷུང་བཟེད་རིན་ཆེན་ཁང་པ་སོགས། །ཡིད་ལ་བསམ་མ་ཐག་ཏུ་འབྱུང་བའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །གདུགས་དང་རྒྱལ་མཚན་ལ་སོགས་མཆོད་པའི་རྫས། །ཡིད་ལ་བསམ་མ་ཐག་ཏུ་ཅི་འདོད་ཀུན། །མགོན་པོའི་སྨོན་ལམ་སྟོབས་ལས་འབྱུང་བའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །ལྷ་ཡི་མིག་དང་ལྷ་ཡི་རྣ་བ་དང་། །ཚེ་རབས་དྲན་དང་བློ་གྲོས་མཁས་མཆོག་སོགས། །རྫུ་འཕྲུལ་སྟོབས་རྣམས་ཐོབ་པར་འགྱུར་བའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །འཆི་བའི་ཚེ་ན་སངས་རྒྱས་བྱེ་བ་ཕྲག །དགུ་བཅུ་རྩ་དགུས་མངོན་སུམ་ལུང་སྟོན་ཅིང་། །སངས་རྒྱས་སྟོང་གིས་དགྱེས་པའི་ཕྱག་རྐྱོང་ནས། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །བདག་དང་སེམས་ཅན་འཆི་བའི་དུས་ཀྱི་ཚེ། །འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་འོད་དཔག་མེད། །དགེ་སློང་བརྒྱ་ཕྲག་ཚོགས་ཀྱིས་ཡོངས་བསྐོར་ནས། །བརྩེ་བས་བདག་གི་མདུན་དུ་འབྱོན་གྱུར་ཅིག །མགོན་པོ་འཁོར་བཅས་བདག་གིས་མཐོང་ནས་ཀྱང་། །སེམས་ལ་དགའ་བདེ་དཔག་མེད་སྐྱེ་བ་དང་། །དྲན་པ་མ་ཉམས་སྐད་ཅིག་དེ་ཉིད་ལ། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །འཇིག་རྟེན་དབང་ཕྱུག་རྒྱལ་པོའི་བྱིན་རླབས་དང་། །ཆོས་ཀྱི་འབྱུང་གནས་སྨོན་ལམ་མཐུ་སྟོབས་དང་། །འོད་དཔག་མེད་པའི་བྱིན་རླབས་ཆེན་པོ་ཡིས། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །དགེ་བ་གང་བསགས་ཀུན་གྱི་ནུས་མཐུ་དང་། །འོད་གསལ་ཕྱག་རྒྱ་ཆེན་པོའི་བྱིན་རླབས་དང་། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་དག་ཇི་བཞིན་འགྲུབ་པར་ཤོག །ཅེས་པ་འདི་ཡང་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བཀོད་པའོ།། །།
༈ མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་ཏེ། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག། །།

རྗེ་བཙུན་བདེ་སྨོན།

རྗེ་བཙུན་བདེ་སྨོན་བཞུགས། ཨོཾ་སྭཱ་སྟི། བདག་གཞན་དགེ་བའི་རྩ་བ་མ་ལུས་པ། །གཅིག་ཏུ་བསྡོམ་ཞིང་མཁའ་དང་མཉམ་པར་སྤེལ། །ཆོས་ཉིད་ཆེན་པོར་རོ་གཅིག་རྟོགས་པའི་ངང་། །གདོད་ནས་འོད་གསལ་ཆེན་པོར་རྒྱས་བཏབ་སྟེ། །སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུའི་ངང་། །སྣང་བ་མ་འགགས་གཟུགས་སྐུ་རང་ཤར་བ། །གང་འདུལ་འཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད། །ཟུང་འཇུག་ཆེན་པོའི་ངོ་བོར་ཡོངས་སུ་བསྔོ། །གནས་སྐབས་ཀུན་ཏུ་བདག་གཞན་སེམས་ཅན་ཀུན། །རྣམ་དཀར་དགེ་བའི་ལས་ལ་འཇུག་པ་དང་། །ཕུན་ཚོགས་བདེ་སྐྱིད་ལེགས་ལམ་ཀུན་ལྡན་ཞིང་། །ཇི་ལྟར་བསམ་པའི་དོན་ཀུན་འགྲུབ་པར་ཤོག །ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག །བླ་མ་སངས་རྒྱས་སྲས་བཅས་ཀུན་གྱི་ཞིང་། །འོད་དཔག་མེད་མགོན་སྨོན་ལམ་ལས་གྲུབ་པ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་རབ་བསྔགས་ཤིང་། །སྨོན་ལམ་ལས་གྲུབ་འདོད་དོན་དཔག་མེད་དང་། །རྒྱན་རྣམས་ཀུན་གྱི་རྣམ་པར་བརྒྱན་པ་ཡི། །ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །སྨོན་ལམ་མ་ལུས་ཡོངས་སུ་རྫོགས་པ་དང་། །སེམས་ཅན་མཐའ་དག་ཡོངས་སུ་སྨིན་བྱས་ནས། །ཞིང་རྣམས་ཐམས་ཅད་མྱུར་དུ་སྦྱངས་གྱུར་ཏེ། །དག་པའི་བདེ་བ་ཅན་དུ་སྐྱེ་བར་ཤོག །ཞིང་དེར་སྐྱེས་མ་ཐག་ཏུ་ཏིང་འཛིན་དང་། །གཟུངས་དང་ཡེ་ཤེས་རྣམ་ཐར་ཀུན་གྲུབ་ནས། །བླ་མེད་མཆོད་སྤྲིན་རྒྱ་མཚོའི་ཚོགས་སྤྲུལ་ཏེ། །རྒྱལ་བ་ཐམས་ཅད་མཆོད་པས་མཉེས་བྱེད་ཤོག །སྣ་ཚོགས་སྤྲུལ་པ་འཇིག་རྟེན་ཁམས་ཀུན་ཏུ། །གང་ལ་གང་འདུལ་འགྲོ་བའི་དོན་སྤྱོད་པའི། །བསམ་ཡས་མཁའ་དང་མཉམ་པའི་སེམས་ཅན་རྣམས། །དག་པའི་ཞིང་མཆོག་གང་དེར་ཁྲིད་པར་ཤོག །ཅེས་པ་བདེ་བ་ཅན་གྱི་སྨོན་ལམ་འདི་ཡང་། ཏ་སའི་དོན་ཅན་ས་སྐྱོང་དབང་པོ་ཡིད་འཛིན་དཔལ་ལེགས་ཀྱིས་བསྐུལ་ནས། ཏཱ་ར་ནཱ་ཐས་གཏིང་ཁོབས་གཉན་ཡོད་དུ་སྨྲས་པའོ།། །།མངྒ་ལཾ།
༈ བདེ་ཆེན་ཞིང་གཙོ་རྣམ་འདྲེན་འོད་དཔག་མེད། །མ་ལུས་འགྲོ་བའི་སྡུག་བསྔལ་སེལ་བའི་མགོན། །གང་དང་དབྱེར་མེད་རྩ་བའི་བླ་མ་ལ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཚེ་འདིར་ཐུགས་རྗེ་ནམ་ཡང་མི་གཡེལ་ཞིང་། །ཕྱི་མ་ཁྱོད་ཉིད་བཞུགས་པའི་ཞིང་ཁམས་སུ། །ལུས་འདི་བོར་མ་ཐག་ཏུ་སྐྱེས་ནས་ཀྱང་། །འདྲེན་པ་མཆོག་གི་གདུལ་བྱའི་ཞིང་དུ་ཤོག །ཅེས་པའང་དཔལ་དགའ་ལ་མཁོ་ནས། མ་ཏིས་སྨྲས་པའོ། །

སྨོན་ལམ་དགོས་པ་ཀུན་འབྱུང་།

སྨོན་ལམ་དགོས་པ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། ཐོག་མེད་དུས་ནས་འཁོར་བ་ཇི་སྲིད་བར། །དགེ་བ་གང་དག་བགྱིས་དང་བགྱིད་བསྩལ་དང༌། །ཡི་རང་བསྔགས་པ་བརྗོད་པའི་ལེགས་བྱས་སོགས། །མདོར་ན་བདག་གི་དུས་གསུམ་དགེ་བ་ཀུན། །མཁའ་ཁྱབ་འགྲོ་བའི་དགེ་རྩ་མཐའ་ཡས་དང༌། །སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་ཀྱི། །རྣམ་དཀར་འཕྲིན་ལས་ལེགས་བྱས་རྒྱ་མཚོའི་ཚོགས། །མ་ལུས་གཅིག་ཏུ་བསྡོམས་པའི་མཐུ་སྟོབས་ལས། །སྨོན་ལམ་འདི་ཀུན་ངེས་པར་འགྲུབ་པ་དང༌། །མྱུར་དུ་འགྲུབ་ཅིང་གེགས་མེད་འགྲུབ་པ་དང༌། །མཆོག་ཏུ་རྒྱ་ཆེན་སྟོབས་ལྡན་འགྲུབ་པར་ཤོག །སྐྱེ་བ་ཀུན་ཏུ་བླ་མ་དཀོན་མཆོག་ལ། །མི་ཕྱེད་དད་པ་རྣམ་གསུམ་འབྲལ་མེད་ལྡན། །བཅོས་མ་མིན་པར་སྙིང་རྗེ་བྱང་ཆུབ་སེམས། །ནམ་ཡང་རྒྱུན་མི་ཆད་པར་སྐྱེ་བར་ཤོག །རྟག་ཏུ་རབ་བྱུང་དགེ་སློང་གནས་ཐོབ་སྟེ། །ཉིས་བརྒྱ་ལྔ་བཅུ་ལ་སོགས་བསླབ་པའི་གནས། །འདུལ་བ་རྒྱ་མཚོར་ཇི་སྐད་གསུངས་པ་བཞིན། །ཅུང་ཟད་ཙམ་ཡང་མ་ཉམས་བསྲུང་བར་ཤོག །བྱང་ཆུབ་སེམས་དཔའི་བསླབ་གཞི་མཐའ་དག་ལ། །རྒྱལ་སྲས་རྣམས་ཀྱི་ཇི་ལྟར་མཛད་བཞིན་སྤྱོད། །ཕ་རོལ་ཕྱིན་བཅུའི་ཉམས་ལེན་མཐར་ཕྱིན་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་ཤོག །ཁྱད་པར་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། །ཟབ་མོའི་དཀྱིལ་འཁོར་ཀུན་ཏུ་ཞུགས་ཤིང་མཐོང༌། །རྨད་བྱུང་དབང་གི་རིམ་པ་ཀུན་ཐོབ་ནས། །སྐུ་བཞིའི་ས་བོན་མཐའ་དག་གསོས་འདེབས་ཤོག ། དམ་ཚིག་མཆོག་ལ་ཉེས་ལྟུང་དྲི་མས་དབེན། །རིག་འཛིན་རྣམས་ཀྱི་འདའ་བར་མི་དཔྱོད་པའི། །བླང་དོར་དགག་སྒྲུབ་མཉམ་བཞག་རྗེས་སྤྱོད་ཀྱི། །དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་བར་ཤོག །རྡོ་རྗེ་སློབ་དཔོན་ཀུན་དང་ཁྱད་པར་ དུ། །རྗེ་བཙུན་སྒྲོལ་བའི་མགོན་པོ་ཁྱོད་ཉིད་དང༌། །རྟག་ཏུ་མི་འབྲལ་རྟག་ཏུ་རྗེས་འཛིན་ཅིང༌། །རྟེན་འབྲེལ་ལེགས་ཕྱོགས་ཁོ་ནར་འགྲིགས་པར་ཤོག ཁྱེད་ལ་མོས་གུས་གདུང་ཤུགས་འབྲལ་མེད་དང༌། །ཁྱེད་དང་རྟེན་འབྲེལ་ནམ་ཡང་མི་འཆུག་ཅིང༌། །ཁྱེད་ཀྱི་བཀའ་ལས་ཇི་སྐད་འབྱུང་བ་བཞིན། །དགའ་ཞིང་སྤྲོ་བའི་ཡིད་ཀྱིས་བསྒྲུབ་པར་ཤོག །བཀའ་བཞིན་བསྒྲུབ་ཚེ་མནར་མེད་གནས་སུ་ཡང༌། །འཇུག་པར་སྤྲོ་ན་གཞན་ལྟ་སྨོས་ཅི་དགོས། །རང་འདོད་མེད་པར་ཁྱེད་ཀྱིས་ཅི་གསུངས་དང༌། །ཐུགས་སུ་ཅི་དགྱེས་ཐམས་ཅད་བསྒྲུབ་པར་ཤོག ཁྱེད་ནི་འཁོར་འདས་ཀུན་ཁྱབ་མཛད་པ་ཅན། །གང་འདུལ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཏེ།།སྣང་ངོར་སྤྱོད་ཚུལ་བཟང་ངན་ཅི་སྟོན་ཡང༌། །རྒྱལ་བའི་མཛད་པ་ཁོ་ནར་རྟོགས་གྱུར་ཅིག །ལོག་ལྟའི་དྲི་མ་ཙམ་ཡང་མི་སྐྱེ་ཞིང༌། །མདོ་རྒྱུད་ཀུན་ནས་ཇི་སྐད་གསུངས་པ་ལྟར། །སྒོ་གསུམ་ལོངས་སྤྱོད་བྱ་བ་ཐམས་ཅད་ཀྱིས། །བླ་མ་དམ་པ་རྟག་ཏུ་མཉེས་བྱེད་ཤོག །སྐྱེ་བ་ཀུན་ཏུ་ཁྱེད་ཀྱི་དགོངས་པ་སྐྱོང༌། ཁྱོད་ཀྱི་གསུང་འཛིན་ཁྱོད་ཀྱི་འཕྲིན་ལས་བསྒྲུབ། །འགྲོ་ཀུན་ཁྱོད་ཀྱིས་རྗེས་སུ་འཇུག་པ་དང༌། །ཁྱེད་ཀྱི་བསྟན་ལ་བྱ་བ་བྱེད་པར་ཤོག །ཁྱེད་གསུང་ཆོས་ཀྱིས་ས་གསུམ་ཀུན་ཁྱབ་ནས། །མི་དང་མི་མིན་ཐམས་ཅད་དེར་རྗེས་འཇུག །རྣམ་དག་གྲུབ་མཐའ་ལྟ་སྤྱོད་བཟང་པོ་འདི། །ཕྱོགས་དུས་ཀུན་ཏུ་སྤེལ་བར་བདག་གྱུར་ཅིག །ཁྱོད་ཀྱི་ཐུགས་དགོངས་ཇི་བཞིན་རྟོགས་པ་དང༌། །གསུང་གི་གསང་བ་མཐའ་དག་ལེགས་བཟུང་ནས། །དགོངས་དོན་ཇི་བཞིན་ཤེས་ལ་འཁྲུལ་བའི་དྲི། །ཏིལ་གྱི་ཟེགས་མ་ཙམ་ཡང་སྤངས་པར་ཤོག །སྐྱེ་ཞིང་སྐྱེ་བར་འབད་མེད་ལྷུན་གྲུབ་ཏུ། །ཆོས་ཀུན་འཛིན་པའི་ཤེས་རབ་མཆོག་ཐོབ་ཅིང༌། །མི་བརྗེད་གཟུངས་ཐོབ་བརྩོན་འགྲུས་མཆོག་དང་ལྡན། །དམ་པའི་ཆོས་བཞིན་རྟག་ཏུ་སྤྱོད་པར་ཤོག །བདུད་དང་མུ་སྟེགས་ལྟ་ངན་ལོག་ལྟ་ཅན། །ཐམས་ཅད་ཚར་བཅད་ཆོས་ལ་འགོད་པ་དང༌། །མ་དད་པ་རྣམས་དད་པའི་གནས་ལ་འགོད། །དེ་འདྲའི་ཐབས་ཚུལ་མཐའ་ཡས་འགྲུབ་པར་ཤོག །ནད་མེད་རིགས་གཟུགས་ལོངས་སྤྱོད་དབང་ཐང་ གྲོགས། །འཁོར་གཡོག་ལ་སོགས་ཐམས་ཅད་ཕུན་ཚོགས་ཤིང༌། །རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་པ་ཡིས། །རང་གཞན་དོན་གྱི་མཆོག་ཀུན་འགྲུབ་པར་ཤོག །རྗེ་བཙུན་ཁྱོད་ཀྱི་བསྟན་པའི་མི་མཐུན་ཕྱོགས། །མ་ལུས་སྐད་ཅིག་རེ་རེར་ཕྱིར་བསལ་ནས། །རྒྱལ་ཁྱོད་བསྟན་པའི་ཉི་འོད་ཕྱོགས་ཀུན་ཏུ། །ཁྱབ་པར་བྱེད་པའི་འཕྲིན་ལས་སྒྲུབ་པར་ཤོག །སྡིག་གྲོགས་ལོག་འཚོ་འགལ་རྐྱེན་ཀུན་སྤངས་ ཤིང༌། །ཆོས་ཕྱིར་དཀའ་བ་སྤྱོད་ཀྱང་ཡིད་མི་གཡོ། །རྟག་ཏུ་མཐའ་ཡས་འགྲོ་བ་སྨིན་པར་བྱེད། །རྒུད་པར་གྱུར་ཀྱང་ཆོས་བཞིན་སྤྱོད་པར་ཤོག །མྱུར་དུ་ཏིང་འཛིན་ཆོས་ཀྱི་སྟོབས་ཐོབ་ནས། །ལ་ལར་མཁས་དང་ལ་ལར་གྲུབ་པ་དང༌། ། རྒྱལ་པོ་རྒྱལ་ཕྲན་བློན་པོ་ཕོ་ཉ་འཁོར། །སྣ་ཚོགས་སྤྲུལ་པས་བསྟན་པ་གསལ་བྱེད་ཤོག །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པ་དང༌། །དེ་སྲིད་དུ་ཡང་སྲིད་དང་ཞི་བ་ཡི། །ཕུན་ཚོགས་བསམ་གྱིས་མི་ཁྱབ་རྟག་པར་འབྱོར། །བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག །བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་བརྟན་པ་ཐོབ། །རིག་སྔགས་བཟླས་པའི་ནུས་པ་མཐར་ཕྱིན་ནས། །ཞི་སོགས་ལས་ཀུན་ཐོགས་མེད་འགྲུབ་པ་དང༌། །ཐུན་མོང་འཇིག་རྟེན་དངོས་གྲུབ་ཀུན་ཐོབ་ཤོག །ལྷན་སྐྱེས་ཡེ་ཤེས་རྫོགས་པའི་རིམ་པ་བརྟན། །ཡེ་ཤེས་སྨྲ་བ་པོ་ལ་ཡེ་ཤེས་ཉིད། །གཅིག་པུས་འདོད་པའི་དོན་ཀུན་འགྲུབ་འགྱུར་བ། །འཇིག་རྟེན་འདས་པ་ཕྱག་རྒྱ་ཆེ་ཐོབ་ཤོག །ཇི་སྐད་བཤད་པའི་ལམ་གྱི་ཡོན་ཏན་རྣམས། །བར་ཆད་མེད་པར་མྱུར་དུ་མཐར་ཕྱིན་ནས། །ཡེ་ཤེས་ལྔ་དང་སྐུ་བཞིའི་བདག་ཉིད་ཅན། །རྡོ་རྗེ་འཆང་ཆེན་མྱུར་དུ་ཐོབ་པར་ཤོག །ཁམས་གསུམ་སྐྱེ་འགྲོ་ཀུན་ཀྱང་དེ་ལ་འགོད། །བརྟན་གཡོ་མཐའ་དག་དཔལ་ལྡན་བླ་མ་ཡི། །ཐུགས་གྱི་རྒྱ་མཚོར་རོ་གཅིག་འཇུག་པ་ལ། །གློ་བུར་དྲི་མའི་འཁྲུལ་བ་སངས་པར་ཤོག །སྨོན་ལམ་དེ་ཀུན་འཕྲལ་དུ་འགྲུབ་པར་ཤོག །ཇི་བཞིན་འགྲུབ་ཅིང་རྒྱ་ཆེར་འགྲུབ་པར་ཤོག །གེགས་མེད་འགྲུབ་ཅིང་འབད་མེད་འགྲུབ་པར་ཤོག །བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཅེས་པ་འདི་ཡང་དད་ལྡན་ཀུན་དགའ་ལྷུན་གྲུབ་གྱིས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པའོ། ། མངྒ་ལཾ། །

ས་བཅུའི་སྨོན་ལམ།

ས་བཅུའི་སྨོན་ལམ་བཞུགས། ན་མོ་གུ་རུ་མཧཱ་བྷྱཿ རབ་དགའ་ས་བརྙེས་སྟོང་གསུམ་གསེར་གྱིས་བཀང་། །སྐུ་ལུས་བརྒྱ་ཕྲག་ཅིག་ཆར་བཀོད་བྱས་ནས། །སེམས་ཅན་བརྒྱ་ཕྲག་ཡོངས་སུ་སྨིན་བྱེད་པ། །སྦྱིན་པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །དྲི་མེད་ས་བརྙེས་ལག་མཐིལ་ལྟར་མཉམ་སྟེང་། །སྤྲུལ་པ་སུམ་སྟོང་འགྱེད་ནས་སེམས་ཅན་འདྲེན། །ཏིང་འཛིན་སུམ་སྟོང་བརྒྱ་ཕྲག་མྱུར་ཐོབ་ནས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །འོད་བྱེད་ས་བརྙེས་རྒོལ་ངན་ཚར་གཅོད་ཅིང་། །སྤྲུལ་པ་བརྒྱ་སྟོང་བཀོད་ནས་ཞིང་ཁམས་བརྒྱར། །སེམས་ཅན་བརྒྱ་སྟོང་འདྲེན་པའི་དཔལ་གྱུར་པ། །བཟོད་པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །འོད་འཕྲོ་ས་བརྙེས་མེ་ཏོག་སིལ་མ་འཐོར། །ལུས་ནི་ཁྲག་ཁྲིག་སྟོན་པས་འཇིག་རྟེན་དུ། །འགྲོ་བ་ཁྲག་ཁྲིག་བདེ་བར་བཀོད་བྱེད་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །སྦྱང་དཀའ་ས་བརྙེས་མེ་ཏོག་ཙམ་པ་ཀ །ཕྲེང་བརྒྱན་ལུས་ནི་ཁྲག་ཁྲིག་སྟོང་བཀོད་ནས། །སེམས་ཅན་ཁྲག་ཁྲིག་སྟོང་རྣམས་འདྲེན་བྱེད་པ། །བསམ་གཏན་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །མངོན་གྱུར་ས་བརྙེས་མཚོ་རྫིང་མེ་ཏོག་རྒྱས། །ལུས་ནི་ཁྲག་ཁྲིག་བརྒྱ་སྟོང་བཀོད་བྱས་ནས། །སེམས་ཅན་བྱེ་བ་ཁྲག་ཁྲིག་རྣམ་པར་འདྲེན། །ཤེས་རབ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །རིང་སོང་ས་བརྙེས་ངན་སོང་གནས་སུ་ལྡོག །ལུས་ནི་ཁྲག་ཁྲིག་བརྒྱ་སྟོང་དཔག་མེད་འགྱེད། །སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་འདྲེན་གྱུར་པ། །ཐབས་ཀྱི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །མི་གཡོ་ས་བརྙེས་སེང་ཆེན་ཕྲག་ལ་གཟར། །སྐུ་ལུས་སྟོང་ཕྲག་བཅུ་གཉིས་རྡུལ་སྙེད་བཀོད། །སེམས་ཅན་སྟོང་ཕྲག་བཅུ་གཉིས་རྣམ་པར་འདྲེན། །སྨོན་ལམ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །ལེགས་པའི་ས་བརྙེས་དུང་དཀར་གཡས་སུ་འཁྱིལ། །ལུས་ནི་གྲངས་མེད་སྟོང་ཕྲག་ཇི་སྙེད་འགྱེད། །སེམས་ཅན་སྟོང་ཕྲག་གྲངས་མེད་རྣམ་པར་འདྲེན། །སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །ཆོས་སྤྲིན་ས་བརྙེས་སངས་རྒྱས་གསེར་གྱི་མདོག །འཁོར་ནི་དཔག་མེད་སངས་རྒྱས་ཆོས་སྟོན་མཐོང་། །རང་ལུས་མཐའ་ཡས་སྟོན་ནས་སེམས་ཅན་འདྲེན། །ཡེ་ཤེས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །ཆོས་རྗེ་རིན་པོ་ཆེས་ས་ལམ་གྱི་ཡོན་ཏན་རྫོགས་ནས་ཤེས་བྱ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟ་བུར་གཟིགས་པའི་ཚེ་ས་བཅུའི་སྨོན་ལམ་འདི་གསུངས་སོ། །
༈ གངས་ལྗོངས་རྒྱལ་བསྟན་རྙིང་མ་བཀའ་གཏེར་ཟུང་། །བཀའ་གདམས་སྒྲུབ་རྒྱུད་ཞི་བྱེད་གཅོད་ཡུལ་ཆེ། །དུས་འཁོར་ལམ་འབྲས་དབུ་མ་ཕྱག་རྫོགས་ཀྱི། །ཆོས་ལུགས་ཡོངས་རྫོགས་རིས་བྲལ་རྟག་འཛིན་ཤོག །ཅེས་པ་བརྩོན་འགྲུས་དཔལ་ལ་མཁོ་ནས། མ་ཏིས་སོ། །

མི་འཁྲུགས་པའི་སྨོན་ལམ་ཞིང་ཁམས་མྱུར་བགྲོད།

རྡོ་རྗེ་མི་འཁྲུགས་པའི་སྨོན་ལམ་ཞིང་ཁམས་མྱུར་བགྲོད་བཞུགས། བཅོམ་ལྡན་མི་འཁྲུགས་མགོན་པོ་བདག་ལ་དགོངས། །བདག་གིས་སྨོན་ལམ་ཇི་ལྟར་བཏབ་པ་ཀུན། །གེགས་མེད་པར་ཡང་འབད་མེད་ལྷུན་གྲུབ་ཏུ། །མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་དེ་རིང་དམ་ཆོས་སྒྲུབ་ལ་སོགས། །དུས་གསུམ་བསགས་པའི་རྣམ་དཀར་བསོད་ནམས་ཀྱིས། །བདག་གི་ཚེ་འདི་འཕོས་མ་ཐག་པ་ནས། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །དེ་རུ་སྐྱེས་ནས་མགོན་པོ་མི་འཁྲུགས་པས། །ཐེག་པ་ཆེན་པོའི་དམ་ཆོས་གསུངས་པ་ལས། །མགོན་པོ་ཁྱོད་བཞིན་ཚུལ་ཁྲིམས་རྣམ་དག་ཐོབ། །བྱང་ཆུབ་སེམས་ཀྱིས་བདག་རྒྱུད་གང་བར་ཤོག །སྤྱན་དང་མངོན་ཤེས་གཟུངས་དང་ཏིང་འཛིན་སོགས། །རྒྱལ་སྲས་གཞན་ལས་ཁྱད་པར་འཕགས་པ་ཐོབ། །དོན་གཉིས་འགྲུབ་པའི་ཐབས་མཁས་རྨད་བྱུང་གཉིས། །ལམ་ལྔ་ས་བཅུ་མྱུར་དུ་བགྲོད་པར་ཤོག །བདག་ནི་མགོན་པོ་ཁྱེད་ཀྱིས་རྗེས་བཟུང་ནས། །ཐེག་ཆེན་ལམ་ནས་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་ཐོབ་ནས་སྐྱེ་དགུ་མ་ལུས་པ། །འཇིགས་རུང་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག །ཅེས་རྡོ་རྗེ་མི་འཁྲུགས་པའི་སྨོན་ལམ་ཞིང་ཁམས་མྱུར་བགྲོད་འདི་ཡང་། ཡར་ཐང་དགོན་གྱི་ལྷ་རྗེ་ངག་དབང་དོན་བཟང་གི་ངོར། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ། །
༈ བདག་དང་འགྲོ་རྣམས་སངས་རྒྱས་ཐོབ་བྱའི་ཕྱིར། །ཚུལ་ཁྲིམས་མེ་ཏོག་ལྟ་བུར་བསྲུང་བ་ལ། །ཉེས་ལྟུང་དྲི་མའི་འདམ་གྱིས་མ་གོས་པར། །དགེ་སློང་མི་འཁྲུགས་པ་དང་མཚུངས་པར་ཤོག། །།

གཡུ་ལོ་བཀོད་པའི་སྨོན་ལམ།

གཡུ་ལོ་བཀོད་པའི་སྨོན་ལམ་བཞུགས། ཡེ་ཤེས་སྒྱུ་མའི་ལང་ཚོ་གསར་བ་ཡིས། །མརྒད་རི་དབང་ཉི་གཞོན་བྱེ་བའི་འོད། །ཕན་ཚུན་མཛའ་བའི་མདངས་རབ་འབྱིན་པ་ལྟར། །ལེགས་མཛེས་ཁ་དོག་བཀྲ་བའི་དཔལ་སྡུག་ཅན། །གང་གི་གཟུགས་སྐུའི་སྣང་བརྙན་ཡ་མཚན་པ། །བདག་བློ་དད་པའི་རྫིང་བུར་ལེགས་ཤར་ཏེ། །ངོ་མཚར་དགེ་ཚོགས་ཅིར་ཡང་འཕེལ་བའི་རྐྱེན། །འདིས་ཀྱང་བེམ་རིག་ནམ་ཞིག་བྲལ་མ་ཐག །འཕགས་མའི་ཞབས་རྡུལ་སྤྱི་བོར་འགོད་པའི་ཞིང་། །གནས་བཟང་གཡུ་ལོ་བཀོད་པར་བདུད་རྩིའི་མཚོ། །དྲི་མེད་ཡན་ལག་བརྒྱད་ལྡན་དྭངས་པའི་ངོགས། །པདྨོའི་གེ་སར་གསར་བར་ཡོངས་འཕོས་ཤོག །དེ་ཚེ་ལྷ་མོའི་ཞལ་བཟང་བཞད་པ་ལས། །ལེགས་པར་འོང་བའི་གདམས་པའི་བཅུད་མཆོག་གིས། །སྐལ་བཟང་ཡིད་ཁམས་རིགས་ཀྱི་གསོས་གྱུར་ཏེ། །རིང་མིན་རྒྱལ་ཡུམ་གོ་འཕང་ཐོབ་གྱུར་ཅིག །འདི་ཡང་ཆོས་ལ་བརྩོན་འགྲུས་ཆེ་བ་དཔལ་མིང་གི་མཐའ་ཅན་གང་གི་ངོར། མ་ཏིས་སྨྲས་བཞིན་མཆེད་ཀྱིས་ཡིག་རིས་བགྱིས་སོ། །
༈ རབ་དཀར་བསགས་དགེ་འདིས་ནི་ཕྱི་མའི་སྐབས། །སྐྱེ་སྲིད་གཞན་གྱིས་གོ་མཚམས་མ་ཕྱེ་བར། །འཕགས་ཞིང་པོ་ཊཱ་ལ་ཡི་གནས་མཆོག་ཏུ། །ཡང་དག་གདུལ་བྱ་བཟང་པོར་ལེགས་འཕོས་ཤོག །ཅེས་པའང་མ་ཏིས་སོ།། ༈ འདིར་འབད་དགེ་འདིས་ལུས་འདི་བོར་མ་ཐག །གཡུ་ལོ་བཀོད་པར་འཕགས་མའི་དགྱེས་ཞལ་དྲུང་། །ཐུགས་སྲས་གདུལ་ཞིང་མཆོག་ཏུ་ལེགས་གྱུར་ཏེ།།སྐྱེ་སྲིད་དེ་ལ་ལམ་མཐར་ཕྱིན་གྱུར་ཅིག །ཅེས་པ་བརྩོན་འགྲུས་དཔལ་ལ་མཁོ་ནས་མ་ཏིས་སྨྲས་པའོ།། ༈ གཡུ་ལོ་བཀོད་པའི་ཞིང་། །འཕགས་མ་བཞུགས་པའི་གནས། །ང་ཚོ་ཕྱི་མའི་དུས། །དེ་རུ་སྐྱེ་སྨོན་འདེབས། །འདི་ཡང་མ་ཏིས་སོ།།

བདེ་མཆོག་གི་སྨོན་ལམ།

བདེ་མཆོག་གི་སྨོན་ལམ་བཞུགས། ན་མོ་གུ་རུ་ཤྲཱི་ཙཀྲ་སམྦ་ར་ཡེ། བདག་ནི་དེང་བཟུང་ཚེ་རབས་ཐམས་ཅད་དུ། །བླ་མ་ཧེ་རུ་ཀ་དང་མཁའ་སྤྱོད་མའི། །ནམ་ཡང་འབྲལ་མེད་བརྩེ་བའི་རྗེས་བཟུང་ཞིང་། །མཁའ་སྤྱོད་དག་པའི་ཞིང་དུ་ཁྲིད་དུ་གསོལ། །ཞིང་མཆོག་ཁྱད་པར་ཅན་དེར་ཕྱིན་མ་ཐག །ས་གསུམ་ཕོ་ཉའི་འདུ་བ་ལེགས་ཐོབ་ནས། །ཟག་མེད་བདེ་ཆེན་རྒྱུན་མི་ཆད་པ་ཡི། །ཁ་སྦྱོར་བདུན་ལྡན་ཟུང་འཇུག་སྐུ་ཐོབ་ཤོག །བླ་མེད་འཁོར་ལོ་སྡོམ་པའི་མ་རྒྱུད་འདི། །བརྩོན་པ་དྲག་པོའི་ཡི་དམ་མཆོག་བཟུང་ནས། །བསྐྱེད་རྫོགས་རིམ་གཉིས་བསྒོམ་པའི་རྣལ་འབྱོར་རྣམས། །མཁའ་སྤྱོད་དག་པའི་ཞིང་དུ་ཁྲིད་དུ་གསོལ། །དེར་ནི་ཞིང་སྔགས་ལྷན་སྐྱེས་གྲོགས་འདུས་ཤིང་། །འགྲོ་རྣམས་བདེ་བ་མཆོག་གི་སར་འགོད་ཕྱིར། །དག་དང་མ་དག་ཞིང་ཁམས་རབ་འབྱམས་སུ། །རྫུ་འཕྲུལ་བཀོད་པ་རབ་འབྱམས་སྟོན་པར་ཤོག །རང་གི་ལམ་མཆོག་འདི་ལ་བརྩོན་པའི་མཐུས། །རིང་ནས་དྲིན་ཀྱིས་བསྐྱངས་པའི་ཕ་མ་རྣམས། །རིང་བོར་མི་ཐོག་ཁྱབ་བདག་ཧེ་རུ་ཀའི། །གོ་འཕང་མཆོག་དེ་ཚེ་འདིར་མངོན་གྱུར་ཤོག །ཅེས་བདེ་མཆོག་གི་སྨོན་ལམ་འདི་ནི་ཐུགས་རྗེ་དཔལ་གྱིས་བསྐུལ་ངོར། བསྭེ་སྤྲུལ་མིང་བས་བྲིས་པའོ།། །།སརྦ་མངྒ་ལམ།
༈ ལེགས་ཚོགས་ཕན་བདེ་ཀུན་གྱི་གཞི་གཅིག་པུ། །ཐུབ་པའི་བསྟན་པ་ལུང་དང་རྟོགས་པའི་ཆོས། །ཡོངས་རྫོགས་སྒོ་གང་ཐད་ནས་འཛིན་པ་ལ། །ལུས་སྲོག་འདོར་ལ་ཐུག་ཀྱང་ཞུམ་མེད་ཤོག །ཁྱད་པར་རྒྱལ་བའི་དགོངས་པ་མཐར་ཐུག་པ། །འཁོར་ལོ་ཕྱིར་མི་ལྡོག་པའི་བརྗོད་བྱའི་དོན། །ངེས་དོན་དབུ་མ་ཟབ་གསང་ཐེག་པའི་ཕུལ། །བསྟན་པའི་སྙིང་པོ་མཆོག་དེ་རྟག་འཛིན་ཤོག །ཅེས་པའང་མ་ཏིས་སོ། །

ཀླུ་སྒྲུབ་སྨོན་ལམ།

ཀླུ་སྒྲུབ་སྨོན་ལམ་བཞུགས། ན་མོ། འཁོར་བར་འཁོར་ཚེ་སྐྱེ་གནས་ཐམས་ཅད་དུ། །ཆོས་ལ་བཟོད་པ་མ་ཐོབ་བར་དུ་ཡང་། །ངན་སོང་གསུམ་དུ་ནམ་ཡང་མི་སྐྱེ་ཞིང་། །མཐོ་རིས་མི་ཡི་ལུས་སུ་སྐྱེ་བར་ཤོག །མཐོ་རིས་མི་ཡི་ལུས་སུ་སྐྱེས་ནས་ཀྱང་། །སྡིག་སྤྱོད་རྒྱལ་པོར་མ་སྐྱེས་དེ་ཡི་བློན་པོ་དང་། །དམག་དཔོན་ཞལ་ལྕེ་གཅོད་པའི་ལུས་སུ་བདག་མ་སྐྱེས། །ཁེ་བྱེད་ཏིལ་བརྡུང་ཆང་ཚོང་རྐུན་པོ་དང་། །བྲན་དང་མོ་ཡི་ལུས་སུ་བདག་མ་སྐྱེས། །དགེ་སློང་རྣམས་ལ་དབང་བྱེད་བདག་པོ་དང་། །གནས་བརྟན་ལས་བྱེད་པ་དང་ངན་ཁྲིམས་པ། །དགེ་སྐོས་གཙང་སྦྱོར་བ་དང་དམ་བཞག་མཁན། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེས། །མཐའ་འཁོབ་ཀླ་ཀློར་སྐྱེ་བའི་ཡུལ་རྣམས་དང་། །གླེན་ལྐུག་འོན་ལོང་ཕྲག་དོག་ཅན་རྣམས་དང་། །མུ་སྟེགས་ལོག་ལྟ་ཅན་གྱི་རིགས་རྣམས་དང་། །རིགས་ངན་ཤན་པའི་ལུས་སུ་བདག་མ་སྐྱེས། །བྱང་ཆུབ་མ་ཐོབ་བར་དུ་རྟག་པར་བདག །ལུས་ཀྱི་ཡན་ལག་རྒྱས་ཤིང་སྐྱོན་མེད་པ། །དབང་པོ་ཚང་ཞིང་རིགས་མཐོ་བཀུར་བའི་གནས། །དམ་ཆོས་སྤྱོད་པའི་ལུས་སུ་སྐྱེ་བར་ཤོག །དམ་ཆོས་སྤྱོད་པའི་ལུས་སུ་སྐྱེས་ནས་ཀྱང་། །གཞོན་ནུ་རབ་བྱུང་ཚུལ་ཁྲིམས་ལྡན་པ་དང་། །ཚེ་ལ་ནད་ཀྱི་བར་ཆད་མེད་པ་དང་། །མི་དགེ་གཞན་གྱི་དབང་དུ་མི་འགྲོ་ཞིང་། །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་ནས་ཀྱང་། །ཐོས་བསམ་སྒོམ་གསུམ་རིགས་པས་རྒྱུད་སྦྱངས་ནས། །རྣམ་ཤེས་དྲུག་པོ་ཡུལ་ལ་མི་གཡེང་བའི། །ཏིང་འཛིན་རྩེ་གཅིག་སེམས་ལ་དབང་ཐོབ་ནས། །ཁམས་གསུམ་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །དོན་རྣམས་གེགས་མེད་བདག་གིས་འགྲུབ་པར་ཤོག །མགོན་པོ་ཀླུ་སྒྲུབ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གཞན་འགྲུབ་པར་ཤོག །བདག་གིས་ཚེ་འདིར་སྨོན་ལམ་གང་བཏབ་པ། །གཟུགས་ངན་དབང་ཆུང་དབུལ་བོར་མི་སྐྱེ་ཞིང་། །མཐོ་རིས་གཟུགས་བཟང་ལོངས་སྤྱོད་མཆོག་ཐོབ་ནས། །ཀུན་གྱིས་བཀུར་འོས་ཅན་དུ་སྐྱེ་བར་ཤོག །སངས་རྒྱས་ཆོས་ཀུན་བརྗོད་པར་བྱ་བ་དང་། །གཞོན་ནུ་རབ་བྱུང་ཚུལ་ཁྲིམས་ལྡན་པ་དང་། །བཤེས་གཉེན་མཆོག་རྣམས་རྟག་ཏུ་བསྟེན་བྱེད་ཅིང་། །ས་བཅུ་རིམ་གྱིས་བགྲོད་ལ་ཐོགས་མེད་དེ། །བླ་མེད་འབྲས་བུ་བྱང་ཆུབ་ཐོབ་པར་ཤོག །བླ་མེད་འབྲས་བུ་བྱང་ཆུབ་ཐོབ་ནས་ཀྱང་། །འགྲོ་དྲུག་འཁོར་བའི་སེམས་ཅན་ཐམས་ཅད་ལ། །ཐབས་ལ་མཁས་པའི་སྤྱོད་པ་སྣ་ཚོགས་ཀྱིས། །བསྡུ་བ་རྣམ་བཞིས་འགྲོ་དོན་བྱེད་པར་ཤོག །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའོ། །
༈ སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་ཞིང་སྨོན་ལམ་འགྲུབ་གྱུར་ཅིག །མངྒ་ལཾ། བྷ་ལནྟུ།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙརྱ་པྲ་ཎི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིག་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བར་བལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ཏུ་དགེ་བའི་བསོད་ནམས་སྟོབས་རྣམས་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་དགྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པའི་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་མ་ལུས་བདག་གིས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་མཐུ་བོ་བ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པ། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཕྲུལ་བ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བ་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །དེ་དག་བརྙེས་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོངས། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་པ་དང་ནི་སྟོན་ཏམ་ཀློག་ན་ཡང་། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པངྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བའི་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོངས་པར་ཤོག །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྟྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ལོ་ཆེན་བཻ་རོ་ཙ་ནས་ཞུས་ཆེན་མཛད་པའོ།། །།

གཤིན་གསོན་གྱི་བསྔོ་བ་དང་སྨོན་ལམ།

གཤིན་གསོན་གྱི་བསྔོ་བ་དང་སྨོན་ལམ་བཞུགས། ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གདམས། གཤིན་ཚེ་འདས་པའི་དོན་དུ་བསྔོ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཚེ་འདས་པ་ལུས་བརྗེས་པ་རུས་དང་མིང་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། འདིས་ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ་སྦྱིན་པ་བཏང་བ་དང་། ཚུལ་ཁྲིམས་བསྲུངས་པ་དང་། བཟོད་པ་བསྒོམས་པ་དང་། བརྩོན་འགྲུས་བརྩམས་པ་དང་། བསམ་གཏན་ལ་མཉམ་པར་བཞག་པ་དང་། ཤེས་རབ་བསྐྱེད་པ་ལ་སོགས་པའི་དགེ་བའི་རྩ་བ་དུས་གསུམ་དུ་བྱས་པ་དང་བྱེད་པ་དང་བྱེད་པར་འགྱུར་བ་དང་། གཉེན་བཤེས་རྣམས་ཀྱིས་ཚེ་འདས་པའི་དོན་དུ་དམིགས་ནས། དཀོན་མཆོག་ལ་མཆོད་པ་ཕུལ་བ་དང་། གསུང་རབ་ཟབ་མོ་བཀླགས་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིས་པ་དང་། སྐྱེ་བོ་ལ་བཟའ་བཏུང་སྦྱིན་པ་དང་། འབྱུང་བོ་ལ་གཏོར་མ་བཏང་བ་དང་། དེ་ལ་སོགས་པའི་དགེ་བའི་རྩ་བ་རྣམས་ཚེ་འདས་པ་ལས་ཀྱི་དབང་གིས་འགྲོ་དྲུག་གང་དུ་སྐྱེས་ཀྱང་རྗེས་སུ་སོང་ནས། སྡུགབསྔལ་ཐམས་ཅད་ལས་ཐར་ཏེ་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་སངས་རྒྱས་ཀྱི་སྐུ་ཐོབ་པར་གྱུར་ཅིག །ཅེས་བསྔོས་ལ་མི་དམིགས་པའི་རྒྱས་གདབ་བོ། །ཨྠི།།
༄། །མ་ལུས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བདེ་གཤེགས་སྲས་བཅས་གང་དག་དགོངས་སུ་གསོལ། །བདག་གིས་རྣམ་དཀར་དགེ་རྩ་བསྔོ་བ་ལ། །ཇི་བཞིན་འགྲུབ་པའི་དཔང་པོ་མཛད་དུ་གསོལ། །གཞན་ལ་ཡོན་བཅོས་བདག་གིས་གང་བསྒྲུབས་པའི། །རྣམ་དཀར་དགེ་རྩ་འདིས་མཚོན་དུས་གསུམ་གྱི། །སོ་འཕགས་ཀུན་གྱི་བསོད་ནམས་རྒྱ་ཆེན་དང་། །འབྲེལ་བའི་ལེགས་ཚོགས་རླབས་ཆེན་མི་དམན་པས། །དེང་འདིར་བདག་ཅག་ཀུན་ལ་རེ་བ་ཅན། །འབྲེལ་ཐོགས་བསྔོ་དགོས་གང་ཡོད་རྣམས་ཀྱིས་གཙོས། །མཁའ་མཉམ་ཕ་མར་གྱུར་པའི་འགྲོ་ཀུན་ལ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །ཁྱད་པར་བདག་གི་ཚེ་མཇུག་འདི་ཉིད་དུ། །མ་རུང་སྡིག་པའི་ལས་དང་མི་འཕྲད་ཅིང་། །རྣམ་དཀར་དགེ་བའི་ཆོས་ཚུལ་འབའ་ཞིག་གིས། །གང་བསམ་བཞིན་དུ་ཚེ་མཐར་ཕྱིན་གྱུར་ཅིག །དེ་ལྟར་བསྔོ་སྨོན་དོན་རྣམས་བླ་མ་ལྷ། །ཡི་དམ་རྒྱལ་བ་རྒྱ་མཚོའི་མཐུ་ནུས་དང་། །མཆོག་གསུམ་ཆོས་སྐྱོང་སྲུང་མའི་འཕྲིན་ལས་ཀྱིས། །ཇི་བཞིན་གེགས་མེད་འགྲུབ་པར་མཛད་དུ་གསོལ། །བསྔོ་སྨོན་འདི་ཡང་། མ་ཏིས་སྨྲས་པའོ། །
༈ བདག་གིས་དགེ་བ་གང་བསགས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །གནས་སྐབས་མཐར་ཐུག་ཕན་བདེ་མཆོག་སྤེལ་བའི། །བླ་ན་མེད་པའི་རྒྱུ་ཚོགས་ཉིད་གྱུར་ཅིག །ཅེས་པའི་དགེ་བ་བསྔོ་བ་འདི་མ་ཏིས་བྲིས།
༈ ལྷག་བསམ་དགེ་བས་རབ་དཀར་བསོད་ནམས་འདིས། །རྩ་བའི་བླ་མ་དགྱེས་བྱེད་མཆོད་སྤྲིན་དང་། །བདག་གཞན་སྒྲིབ་སྦྱང་ཚོགས་ཆེན་རབ་རྫོགས་ཤིང་། །དོན་གཉིས་རྒྱ་མཚོའི་དཔལ་ཡོན་མྱུར་སྤྱོད་ཤོག །ཅེས་པའི་བསྔོ་སྨོན་ཉེར་བསྡུས་འདི་ཆོས་མཆེད་གུ་ཎ་བྷ་དྲ་ཉིད་ལ་མཁོ་ཕྱིར། མ་ཏིས་བྲིས་པའོ། །
༈ བདག་གིས་དགེ་བ་གང་བསགས་པ། །དཀོན་མཆོག་ཆོས་ལུགས་རབ་དར་ཞིང་། །སེམས་ཅན་མང་པོར་ཕན་ཐོགས་ནས། །བསྟན་འགྲོའི་དོན་ཆེན་མྱུར་འགྲུབ་ཤོག །ཅེས་པའི་བསྟན་པ་རྒྱས་སྨོན་བསྡུས་པ་འདིའང་གྲགས་འཛིན་མ་ལ་མཁོ་ནས། མ་ཏིས་བྲིས།
༈ སྨོན་ལམ་བཏབ་ཚད་འགྲུབ་པའི་སྔགས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་བོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་པཉྩི་དྲི་ཡ་ཨ་ཝ་བོ་དྷ་ནི་སྭཱཧཱ། འདི་སྨོན་ལམ་གྱི་རྗེས་ལ་བཏོན་ན་རང་གིས་སྨོན་ལམ་བཏབ་ཚད་འགྲུབ་པར་སྨོན་ལམ་ཡོངས་སུ་གྲུབ་པའི་མདོ་ལས་གསུངས་སོ།། །།

དཔལ་ཇོ་ནང་པ་ཆེན་པོའི་བསྟན་འབར་མ།

དཔལ་ཇོ་ནང་པ་ཆེན་པོའི་བསྟན་འབར་མ་བཞུགས། རྒྱལ་བའི་རྒྱལ་ཚབ་རྒྱལ་བ་ཇོ་ནང་པ། །ཆོས་ཀྱི་དབང་ཕྱུག་ཀུན་མཁྱེན་ཆོས་ཀྱི་རྗེ། །བསྟན་པ་རིན་ཆེན་བསྟན་པའི་སྙིང་པོ་མཆོག །ཕྱོགས་དུས་ཀུན་ཏུ་ཡུན་རིང་འབར་གྱུར་ཅིག །བདེན་སྟོབས་བསླུ་མེད་དཀོན་མཆོག་རིན་ཆེན་གསུམ། །རང་བཞིན་རྣམ་དག་ཆོས་དབྱིངས་འགྱུར་མེད་མཐུས། །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི། །བསྟན་པ་ཕྱོགས་ཀུན་ཡུན་རིང་འབར་གྱུར་ཅིག །ཐུབ་དབང་རྣམས་ཀྱིས་གྲངས་མེད་བསྐལ་པའི་བར། །རྒྱ་ཆེན་རྨད་བྱུང་ཚོགས་གཉིས་བསགས་པའི་མཐུས། །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི། །བསྟན་པ་ཕྱོགས་ཀུན་ཡུན་རིང་འབར་གྱུར་ཅིག །དུས་གསུམ་རྒྱལ་རྣམས་འཁོར་བའི་ཕྱི་མཐའི་བར། །རིམ་གསུམ་ཆོས་ཀྱི་འཁོར་ལོ་ལེགས་གསུངས་འདིས། །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི། །བསྟན་པ་ཕྱོགས་ཀུན་ཡུན་རིང་འབར་གྱུར་ཅིག །ཀུན་རྫོབ་ཆོས་ཀུན་གདོད་ནས་སྟོང་པའི་གཞིར། །སྐུ་གསུམ་ཉིན་བྱེད་དཀྱིལ་འཁོར་ཡོངས་རྒྱས་པ། །ཡེ་ནས་བཞུགས་པ་ཇོ་ནང་ཆེན་པོའི་ལུགས། །ཚུལ་དེ་ཕྱོགས་དུས་ཀུན་ཏུ་དར་གྱུར་ཅིག །མཁྱེན་པ་གསུམ་གྱི་རྣམ་པ་མ་ལུས་པ། །གཞན་སྟོང་ལྟ་བ་ཆེན་པོས་རྒྱས་བཏབ་སྟེ། །ཐེག་མཆོག་ལམ་བགྲོད་ཇོ་ནང་ཆེན་པོའི་སྲོལ། །ལམ་འདི་ཕྱོགས་དུས་ཀུན་ཏུ་དར་གྱུར་ཅིག །མི་ཤེས་མུན་པ་དྲུངས་ནས་ཕྱུང་བ་ན། །གདོད་ནས་བཞུགས་པའི་སྟོབས་བཅུའི་སངས་རྒྱས་ཉིད། །མངོན་དུ་གྱུར་འདི་ཇོ་ནང་ཆེན་པོའི་ལུགས། །ཚུལ་དེ་ཕྱོགས་དུས་ཀུན་ཏུ་དར་གྱུར་ཅིག །བསྟན་པའི་མངའ་བདག་རྒྱལ་བ་ཇོ་ནང་པའི། །བསྟན་པའི་པད་ཚལ་ས་སྟེང་ཀུན་ཏུ་ཁྱབ། །ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱི། །འོད་སྟོང་གཟི་བརྒྱས་ཡུན་རིང་འབར་གྱུར་ཅིག །བསྟན་པ་འཛིན་རྣམས་གཞན་སྟོང་དབུ་མའི་སྲོལ། །ལེགས་པར་འབྱེད་པའི་ལུང་དང་རིགས་པ་ཡི། །བློ་གྲོས་མཆོག་གི་སྣང་བ་རབ་རྒྱས་ནས། །ཚུལ་དེ་ཕྱོགས་དུས་ཀུན་ཏུ་སྤེལ་བ་ལ། །མི་མཐུན་རྐྱེན་ངན་མ་ལུས་རབ་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་ཡར་ངོའི་ཟླ་བཞིན་འཕེལ། །དགེ་མཚན་འབུམ་གྱིས་ས་གསུམ་འགེངས་བཞིན་པར། །ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག །རྔ་བོ་ཆེ་མདོར་རྒྱལ་བའི་མཚན་འཛིན་ཅིང་། །རྒྱལ་བའི་དགོངས་པ་མཐའ་དག་ཚུལ་བཞིན་དུ། །མཁྱེན་པའི་སྐྱེས་བུ་མཆོག་ཏུ་ལུང་གིས་བསྔགས། །མཐར་ཐུག་དབུ་མ་ཆེན་པོའི་ཤིང་རྟ་ཆེ། །གངས་ཅན་མཁས་དང་གྲུབ་པ་ཡོངས་ཀྱི་དབུས། །རྒྱུ་སྐར་དབུས་ན་ཉ་རྒྱས་ཟླ་བཞིན་འཕགས། །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི། །བསྟན་པ་ཕྱོགས་ཀུན་ཡུན་རིང་འབར་གྱུར་ཅིག །འཁོར་ལོ་གསུམ་གྱི་དགོངས་དོན་ཚུལ་བཞིན་དུ། །ལེགས་པར་ཕྱེ་བ་དཔལ་ལྡན་ཇོ་ནང་པའི། །རྨད་བྱུང་བསྟན་པ་ས་སྟེང་ཡོངས་ལ་ཁྱབ། །ཕྱོགས་རྣམས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །ཅེས་དཔལ་ཇོ་ནང་པ་ཆེན་པོའི་བསྟན་འབར་མ་འདི་ཡང་། རྔ་བའི་བསྭེ་མཆོག་སྤྲུལ་རིན་པོ་ཆེ་གང་གི་ཞལ་སྔ་ནས་ཀྱི་རང་རེའི་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་བྱེད་ཀྱི་སྨོན་ཚིག་བསྟན་འབར་མ་ཞིག་བྲི་བར་གྱིས་ཞེས་བཀའ་བསྩལ་པ་ལ་བརྟེན་ནས། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ།། །།
བསྐལ་བཟང་སྒྲོན་མེ་སྟོང་ཕྲག་ལས། །ཐུགས་བསྐྱེད་པད་དཀར་ལྟར་འཕགས་པ། །འགྲོ་མགོན་ཤཱཀྱའི་རྒྱལ་པོ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཐེག་གསུམ་མཐར་ཐུག་སེང་གེའི་སྒྲ། །ངེས་དོན་འཁོར་ལོ་ཐ་མ་ཡི། །སྡེ་སྣོད་དགོངས་འགྲེལ་བཅས་པ་ཀུན། །ཡུན་རིང་བསྟན་པ་འབར་གྱུར་ཅིག །ས་བཅུའི་དབང་ཕྱུག་མི་ཕམ་པ། །ཤིང་རྟ་ཆེན་པོ་ཐོགས་མེད་མཆེད། །རྩོད་དུས་ཀུན་མཁྱེན་ཞི་བའི་ཞབས། །དགོངས་དོན་ཚུལ་བཞིན་བཀྲལ་བ་ཡི། །བཀའ་སྲོལ་གངས་རིའི་ལྗོངས་འདི་ན། །གཟུ་བཙན་འཇིག་རྟེན་མིག་གཅིག་གི །བཀའ་དྲིན་ཆེན་པོས་སྣང་བྱས་པའི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །རིགས་ལྡན་ཆེན་པོ་ཀུན་སྤངས་པ། །རྒྱལ་བ་ཡེ་ཤེས་བྱང་ཆུབ་སེམས། །ཡོན་ཏན་རྒྱ་མཚོ་ཆོས་ཀྱི་མཛོད། །ཁྱད་པར་རྒྱལ་བས་ལུང་བསྟན་པ། །ཀུན་མཁྱེན་ཆེན་པོ་བདེ་བར་གཤེགས། །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་བདག །ངེས་དོན་དབུ་མའི་ཤིང་རྟ་ཆེ། །ཆོས་ཀྱི་རྒྱལ་པོ་ཇོ་ནང་པའི། །བརྒྱུད་འཛིན་མཁས་ཤིང་གྲུབ་པའི་ཚོགས། །གྲངས་མེད་སྤྱི་དང་ཁྱད་པར་དུ། །གསང་བདག་སྒྲོལ་བའི་མགོན་པོ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ངེས་དོན་ཕྱིར་མི་ལྡོག་པའི་གཏམ། །འོད་གསལ་བདེ་གཤེགས་སྙིང་པོའི་ཚུལ། །ལེགས་པར་རྣམ་པར་ཕྱེ་བ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །འཕོ་བའི་འཇིགས་འཇོམས་རྒྱུད་ཀྱི་རྒྱལ། །ཕྱི་ནང་གཞན་དང་དེ་བཞིན་ཉིད། །ཟུང་འཇུག་རྣལ་འབྱོར་ཡན་ལག་དྲུག །ཡུན་རིང་བསྟན་པ་འབར་གྱུར་ཅིག །ཤཱཀྱ་སེང་གེའི་བསྟན་པ་ལ། །མདོ་དོན་གཞན་སྟོང་དབུ་མ་དང་། །སྔགས་དོན་རྡོ་རྗེའི་རྣལ་འབྱོར་ལས། །མཐར་ཐུག་ཆོས་ཚུལ་གཞན་མེད་པའི། །ཡིད་ཆེས་བསྐལ་བ་བཟང་ལྡན་ཏེ། །རྟོགས་ནས་གཞན་ལ་སྟོན་ནུས་པའི། །དམ་པའི་སྐྱེས་བུས་ས་སྟེང་ཁྱབ། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་པའི་དཔལ་ཇོ་ནང་པ་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ལ་མི་ཕྱེད་པའི་འདུན་པ་ཅན། ཀུན་མཁྱེན་སི་ཏུའི་བཀའ་འབངས་ཐ་ཤལ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་འཛམ་ཐང་གི་ཆོས་སྡེར་རྟེན་འབྲེལ་ཆེད་དུ་བྲིས་པ་དགེ་ལེགས་འཕེལ། །
མཇུག་བྱང་།
གངས་ཅན་སཱ་ལའི་སྨན་ལྗོངས་ཀྱི་ཞིང་འདིར་ཉམས་མེད་བུ་རམ་ཤིང་བའི་ལྟ་གྲུབ་འཛིན་པའི་སྒྲུབ་བརྒྱུད་ཀྱི་ཤིང་རྟ་བརྒྱད་དམ། ཆོས་བརྒྱུད་ཆེན་པོ་ས་དགེ་རྙིང་གསུམ། ཇོ་འབྲུག་བཀའ་གསུམ་རྣམས་ཡོད་པ་ལས། དཔལ་ལྡན་རྒྱལ་བ་ཇོ་ནང་པའི་རང་ལུགས་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་སྲོལ་གངས་ལྗོངས་འདིར་ཐོག་མར་འབྱེད་པ་པོ་ནི་རྒྱལ་བ་སངས་རྒྱས་ཀྱི་ཚངས་པའི་མགུར་ནས་ཡང་ཡང་ལུང་གིས་བསྔགས་པའི་ཀུན་མཁྱེན་ཇོ་ནང་པ་དོལ་པོ་བ་ཤེས་རབ་རྒྱལ་མཚན་གང་ཉིད་ཡིན་ལ། དེའི་ཆོས་བརྒྱུད་འཛིན་པའི་ཆོས་སྡེ་ཇི་སྙེད་ཅིག་བྱུང་བ་ལས། ད་ལན་ཡང་གཙང་ཞོལ་དགོན་ངེས་དོན་གཞན་སྟོང་བཀྲ་ཤིས་ཆོས་འཁོར་གླིང་གི་གྲྭ་བཙུན་པ་དཔལ་ལྡན་རྒྱ་མཚོ་གང་གིས། ཇོ་ནང་པའི་གྲྭ་རིགས་རྣམས་ལ་རང་ལུགས་ཀྱི་ཞལ་འདོན་ཞིག་མཁོ་གལ་ཆེ་བའི་བབ་དང་བསྟུན་ཞིང་། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་བླ་མ་ཡོན་ཏན་བཟང་པོས་ཇོ་ནང་པའི་ཞལ་འདོན་ཕྱོགས་བསྒྲིགས་བྱེད་དགོས་པའི་བཀའ་གསུང་ཕབ་པ་གུས་པས་སྤྱི་བོར་བླངས་ཏེ། ཇོ་ནང་པའི་ཞལ་འདོན་རིན་ཆེན་ཕྲེང་བ་ཞེས་པའི་དེབ་འདི་དཔར་བསྐྲུན་ཐེངས་གསུམ་པ་ཡིན་ནོ། །དེ་ལྟར་བསྐྲུན་པའི་རྣམ་དཀར་གྱི་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས་མཉམ་མེད་ཤཱཀྱ་སེངྒེའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་དར་ཞིང་རྒྱས་པ་དང་། ཁྱད་པར་དུ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་བླ་ན་མ་མཆིས་པ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་བ་དང་། རང་ཅག་ཁ་བ་ཅན་གྱི་སེམས་ཅན་རྣམས་འཚེ་མེད་ཞི་བདེའི་ལམ་བཟང་ལ་ཞུགས་ནས། ཆོས་སྐུ་དོན་དམ་པའི་ས་ལ་རིང་མིན་མྱུར་དུ་བགྲོད་པར་གྱུར་ཅིག ཅེས་པ་འདི་ནི་གྲྭ་དཔལ་ལྡན་རྒྱ་མཚོས་ཞལ་འདོན་གྱི་དེབ་འདི་དཔར་སྐྲུན་བྱེད་སྐབས་ཉིད་ཀྱི་བཞེད་དོན་བཞིན། འབྲས་རབ་འབྱམས་པའི་མིང་ཙམ་འཛིན་པ་དངོས་གྲུབ་དཔལ་ནས་བྲིས་པའོ། །སརྦ་མངྒ་ལཾ།། །