cover

རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

གླེགས་བམ། དྲུག་པ༽

རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྗེ་བཙུན་མི་ལ་རས་པའི་སྒྲུབ་ཐབས་ངེས་དོན་སྙིང་པོ།

༄༅ཿ རྗེ་བཙུན་མི་ལ་རས་པའི་སྒྲུབ་ཐབས་ངེས་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོཿ

ན་མ་ཤྲཱྀ་གུ་ར་བྷྱཿ སྲིད་པའི་ཚ་གདུང་ཅིག་ཆར་དུཿ སེལ་མཛད་བཞད་པ་རྡོ་རྗེ་ཡིཿ སྒྲུབ་ཐབས་ཉིན་བྱེད་དབང་པོའི་གཟིསཿ སྐུལ་བཟང་སྙིང་གི་ཆུ་སྐྱེས་འབྱེདཿ དེ་ལ་འདིར་རྗེ་བཙུན་གྱི་དབང་ཕྱུག་མི་ལ་རས་པ་ཇི་ལྟར་བསྒྲུབ་པའི་རིམ་པ་ལཿ སྔོུན་འགྲོ་དངོས་གཞི་རྗེས་གསུམ་ལསཿ དང་པོ་སྔོན་འགྲོའི་བཅའ་བཤམ་གྱི་རིམ་པ་ནིཿ གང་ཟག་གི་བློ་ཚོད་དང་བསྟུན་ཞིང་ཿ སྤྱིར་བཏང་དུ་འབྲུ་ཚོམ་དམར་པོ་བརྒྱད་བཀོད་པའི་དལ་དུ་རྗེ་བཙུན་ཆེན་པོའི་སྐུ་རྟེན་སོགས་དམ་ཚིག་གི་སྣང་བརྙན་བཀྲམ་པའི་མདུན་དུ་བླ་གཏོར་རྒྱན་ལྡན་མཐེབ་སྐྱུ་གྲངས་ངེས་མེད་པས་བསྐོར་པའི་གཡས་གཡོན་དུ་སྨན་རཀཿ མདུན་དུ་མཆོད་པ་སྣ་བདུན་ཚོགས་ཀྱི་འཁོར་ལོའི་རྫས་གང་མང་དང་ཿ འོག་ཏུ་མཁོ་བའི་དངོས་གྲུབ་ལེན་ཆོག་གི་རྫས་རྣམས་འདུ་བྱའོཿ སྔོུན་འགྲོ་ལ་རྣམ་གྲངས་དྲུག་ལས༔ དང་པོ་སྐྱབས་སུ་འགྲོ་བ ནིཿ ན་མོཿ སྐུ་གསུམ་ངོ་བོ་བླ་མ་མཆོགཿ རྗེ་བཙུན་བཞད་པ་རྡོ་རྗེ་ལཿ བདག་དང་ཁམས་གསུམ་སེམས་ཅན་གྱིཿ སྒོ་གསུམ་གུས་པས་སྐྱབས་སུ་མཆིཿ གཉིས་པ་སེམས་བསྐྱེད་པ་ནིཿ ཨཿ ལྷན་སྐྱེས་ཀུན་བརྟགས་མ་རིག་མཚོརཿ བྱིང་བ་སྡུག་བསྔལ་ཕུང་པོའི་རྟེནཿ གཟུང་འཛིན་སྲད་བུས་བསྡམས་པའི་འགྲོཿ བདེ་ཆེན་ཐོབ་ཕྱིར་བླ་མ་བསྒྲུབཿ གསུམ་པ་ཡན་ལག་བདུན་པ་ནིཿ ཨཱཿ སྐྱེ་མེད་དབྱིངས་ལས་སྤྲུལ་པའི་གརཿ ལེགས་བསྒྱུར་རྗེ་བཙུན་ཆེན་པོ་ལཿ གནས་ལུགས་དྲན་པས་ཕྱག་འཚལ་ལོཿ དྲན་འཛིན་དག་པའི་མཆོད་པ་འབུལཿ དྲན་བྱ་དྲན་བྱེད་འཛིན་པ་བཤགསཿ སྤྲོས་དང་བྲལ་ལ་རྗེས་ཡི་རང་ཿ དུ་མ་རོ་གཅིག་ཆོས་འཁོར་བསྐོརཿ སྒོམ་མེད་ངང་དུ་བཞུགས་གསོལ་འདེབསཿ རེ་དོགས་བྲལ་བའི་དགེ་ཚོགས་བསྔོཿ བཞི་ པ་བགེགས་བསྐྲད་པ་ནིཿ ཨཿ ལྷ་ཡང་སེམས་ལ་འདྲེ་ཡང་སེམསཿ སེམས་ལས་མ་བྱུང་ལྷ་འདྲེ་དབེནཿ སེམས་ཉིད་སྤྲོས་བྲལ་རྡོ་རྗེ་ཡིསཿ གཟུང་འཛིན་རྣམ་རྟོག་འདྲེར་ཤར་བསྐྲདཿ ཧཱུཾ་ཧཱུཾ་ཨུ་ཙ་ཏ་ཡ་ཕཊཿ ལྔ་པ་མཚམས་བཅད་པ་ནིཿ ཨཿ འཁོར་འདས་རང་རིག་རྡོ་རྗེའི་གུརཿ བསྲུང་བྱ་སྲུང་བྱེད་ལས་འདས་པརཿ འཕྲལ་བྱུང་གློ་བུར་ཚོགས་བརྒྱད་སེམསཿ ཡེ་ཤེས་ཁྲོ་བོས་མཚམས་བཅད་དོཿ བཛྲ་རཀྵ་རཀྵཿ དྲུག་པ་མཆོད་རྫས་བྱིན་བརླབས་ནིཿ ཨཿ ཕྱི་ལྟར་འཁྲུལ་པའི་འགྲོ་བ་དྲུགཿ སྤྲུལ་སྐུའི་མཆོད་པ་བླ་ན་མེདཿ ནང་ལྟར་ཤར་བའི་ཚོགས་བརྒྱད་སེམསཿ ལོངས་སྐུའི་མཆོད་པ༴ གསང་བ་བདེ་སྟོང་ཡེ་ཤེས་ཆེཿ ཆོས་སྐུའི་མཆོད་པ༴ དངོས་བཤམས་དངོས་འཛིན་བྲལ་བའི་རྫསཿ ཚོགས་གཉིས་མཆོད་པ་བླ་ན་མེདཿ ༀ་ཨཱཿཧཱུཾཿ གཉི ས་དངོས་གཞི་ལ་རྣམ་གྲངས་བརྒྱད་ལསཿ དང་པོ་རང་བྱུང་ལྷར་བསྐྱེད་ནིཿ ཨཿ སྐྱེ་མེད་ཆོས་སྐུ་སྤྲོས་བྲལ་ངང་ཿ འགག་མེད་ལྷུན་གྲུབ་གཞལ་ཡས་སུཿ རང་ཉིད་རྡོ་རྗེ་རྣལ་འབྱོར་མཿ གསལ་སྟོང་ཆུ་ཟླའི་རོལ་གར་བཞིནཿ པད་ཉི་ཆོས་འབྱུང་གདན་ལ་འགྱིང་ཿ ཆོས་འཁོར་དབུས་སུ་པད་ཟླའི་སྟེང་ཿ རང་རིག་དབང་ཕྱུག་མི་ལ་མཆོགཿ འགྱུར་མེད་གདན་གསུམ་དཀྱིར་འཁོར་སྨུགཿ ཕྱག་གཡས་ཞལ་འགྲམ་བཏེགས་པས་མཛེསཿ གཡོན་པར་བྷནྡྷ་ཆང་བཀང་རོལཿ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་ཿ སྐུ་སྨད་ཨང་རག་ར་གའི་མདོགཿ ན་བཟའ་རས་དཀར་དྲིི་བྲལ་ངང་ཿ འཁོར་ཅིག་སྒོམ་ཐག་དབང་མདོག་སྤྲསཿ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབསཿ སྤྱན་ཟུང་གདུལ་བྱའི་ཡུལ་ལ་གཟིགསཿ ཞལ་ནས་རྡོ་རྗེའི་མགུར་དབྱངས་སྙནཿ མཚན་དཔེའི་གཟི་བྱིན་འོད་དུ་འབརཿ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ གནས་གསུམ་ༀ་ཨཱཿཧཱུཾཿ གིས་མཚནཿ དེ་ལས་འོད་འཕྲོས་འོག་མིན་དང་ཿ གནས་ཡུལ་དུར་ཁྲོད་མཁའ་འགྲོ་ཡིཿ ཚོམ་བུའི་ཚོགས་འཁོར་དབུས་སོགས་ནསཿ དད་ལྡན་མོས་གུས་སྣང་བའི་ངོརཿ ཡེ་ཤེས་སྐུ་མཆོག་སྤྲོ་བར་མཛོདཿ བཛྲ་ས་མ་ཛཿ གཉིས་པ་སྤྱན་འདྲེན་པ་ནིཿ ཨཿ སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ནསཿ ཆོས་སྐུའི་བླ་མ་སྤྱན་འདྲེན་གཤེགསཿ འགག་མེད་ལྷུན་གྲུབ་གཞལ་ཡས་ནསཿ ལོངས་སྐུའི་བླ་མ་སྤྱན་འདྲེན་གཤེགསཿ རྩོལ་མེད་ཐུགས་རྗེའི་ཕོ་བྲང་ནསཿ སྤྲུལ་སྐུའི་བླ་མ༴ འོག་མིན་བདེ་ཆེན་ཕོ་བྲང་ནསཿ དབང་ཕྱུག་བཞད་པ་རྡོ་རྗེ་ལཿ འཁོར་དུ་དཔའ་བོ་མཁའ་འགྲོ་དང་ཿ ས་བཅུ་ལམ་ལྔར་བཞུགས་པ་ཡིཿ རིག་འཛིན་གྲུབ་ཐོབ་ཚོགས་ཀྱིས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིསཿ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལཿ གནས་མཆོག་འདི་རུ་བྱིན་ཕོབས་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་སྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ༀ་ཨཱཿཧཱུཾ་མ་ཧཱ་གུ་རུ་རཏྣ་བཛྲ་ས་མ་ཡ་ཛ་ཛཿ གསུམ་པ་གཉིས་མེད་བཞུགས་གསོལ་ནིཿ ཨཱཿ དབྱིངས་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ འདུས་བྱས་མཚན་མ་ལས་འདས་ཕྱིརཿ ཆོས་ཀྱི་འཁོར་ལོའི་དབུས་ཉིད་དུཿ བདེ་ཆེན་འགྱུར་མེད་ངང་དུ་བཞུགསཿ ས་མ་ཡཱ་ཱཏིཥྛ་ལྷནཿ བཞི་པ་ཡུལ་བྲལ་ཕྱག་འཚལ་ནིཿ ཨཱཿ ཡུལ་དང་ཡུལ་ཅན་དམིགས་པ་ལསཿ འདས་ཕྱིར་གཟུང་འཛིན་རྣམ་དག་ཀྱང་ཿ རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ལཿ རང་ཤར་རང་གྲོལ་ཕྱག་འཚལ་ལོཿ ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ལྔ་པ་སྒྱུ་མའི་མཆོད་པ་ནིཿ ཨཿ སྣང་ཞིང་སྲིད་པའི་འཇིག་རྟེན་ཁམསཿ དངོས་མཚན་བྲལ་བའི་ངང་དུ་འབུལཿ གཡོ་ཞིང་སྒྱུ་བའི་སེམས་ཅན་རྣམསཿ རྟེན་འབྲེལ་ལུགས་ལྡོག་ཚུལ་དུ་འབུལཿ ང་དང་ང་ཡིར་འཛིན་པའི་སེམསཿ བློ་ཟད་ཆོས་ཟད་ངང་དུ་འབུལཿ དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཀུནཿ ཆགས་མེད་ཞེན་མེད་ངང་དུ་འབུལཿ ༀ་ཨཱཿཧཱུཾཿསརྦ་པཱུཙྪ་ཨཱ་ཧཱུཾཿ དྲུག་པ་བློ་འདས་བསྟོད་པ་ནིཿ ཨཱཿ མ་བཅོས་སྤྲོས་བྲལ་བསམ་བརྗོད་བྲལཿ ཆད་པའི་མཐར་འདས་ཡེ་ཤེས་གསལཿ རྟག་པས་མ་གོས་ངོ་བོས་སྟོང་ཿ ཀུན་ཁྱབ་ཆོས་སྐུའི་བླ་མར་བསྟོདཿ ལྷུན་གྲུབ་རང་གདངས་མ་འགག་པརཿ ཁ་སྦྱོར་ཡན་ལག་བདུན་ལྡན་སྐུཿ ཡེ་ཤེས་ལྔ་ཡི་རྩལ་རྒྱས་པཿ བདེ་ཆེན་ལོངས་སྐུའི་བླ་མར་བསྟོདཿ རང་རྩལ་གདུལ་བྱའི་དབང་པོ་དང་ཿ བསམ་པ་སྐལ་བར་མཐུན་པ་ཡིཿ སྣ་ཚོགས་གཟུགས་ཀྱིས་འདུལ་མཛད་པཿ ཐུགས་རྗེ་སྤྲུལ་སྐུའི་བླ་མར་བསྟོདཿ སྐུ་ལ་འབྱུང་བཞིའི་དགྲས་མི་ཚུགསཿ གསུང་གིས་ཆོས་ཀུན་དབྱངས་སུ་ལེནཿ ཐུགས་མཆོག་ཟག་མེད་དོན་དང་ལྡནཿ བཞད་པ་རྡོ་རྗེའི་གསང་གསུམ་བསྟོདཿ གཞན་ཡང་རྒྱལ་བ་སྲས་དང་བཅསཿ སོ་སོ་མ་ཡིན་རྗེ་བཙུན་གྱིཿ གསང་གསུམ་ངོ་བོ་རོ་གཅིག་པརཿ ཐ་མི་དད་ལ་ཕྱག་འཚལ་བསྟོདཿ བདུན་པ་མཐའ་བྲལ་བཤགས་པ་ནིཿ ཨཱཿ རང་རིག་ཡེ་ནས་རྗེ་བཙུན་དང་ཿ འབྲལ་མ་མྱོང་ཡང་ཀུན་གཞིའི་སེམསཿ ཤ་ཁྲག་དྲ་བར་ཚུད་པའི་ནོངསཿ ལས་སྒྲིབ་ཉོན་སྒྲིབ་བག་ཆགས་སྒྲིབཿ ཤེས་སྒྲིབ་བསགས་པའི་རྣམ་སྨིན་སྒྲིབཿ ཀུན་རྫོབ་ངོས་ནས་རྨི་ལམ་ལྟརཿ དོན་དམ་དབྱིངས་སུ་མཁའ་བཞིན་སྟོང་ཿ བཤགས་བྱ་བཤགས་བྱེད་འཛིན་པ་བཤགསཿ ས་མ་ཡཱ་ཨཿ བརྒྱད་པ་གྲགས་སྟོང་འཛབ་བཟླས་ནིཿ དང་པོ་རྗེ་བཙུན་ཐུགས་རྒྱུད་བསྐུལ་ཕྱིར་གསོལ་བ་གདབ་པ་ནིཿ མོས་གུས་མཆི་མ་འཁྲུགས་པ་ཙམ་གྱིསཿ རྗེ་བཙུན་ཆེན་པོའི་གསང་བ་གསུམ་གྱི་ཡོན་ཏན་དྲན་བཞིནཿ ཀྱེ་ཀྱེ་རྗེ་བཙུན་རིན་པོ་ཆེཿ དབང་ཕྱུག་མི་ལ་རས་པ་ལཿ རྣལ་འབྱོར་བདག་གིས་གསོལ་འདེབས་ནཿ ཁ་ཙམ་མ་ཡིན་གློ་སྙིང་བྲང་ཿ གཏད་ནས་གཏན་གྱི་སྐྱབས་སུ་བརྟེནཿ སྐྱིད་ན་བླ་མའི་ཐུགས་རྗེར་བལྟཿ སྡུག་ཀྱང་ལས་ངན་ཟད་པར་མཐོང་ཿ འཇིག་རྟེན་ཆོས་བརྒྱད་ཐར་པའི་དགྲརཿ གོ་ནས་རང་བདེ་མི་གཉེར་བརཿ ཉེ་རིང་བྲལ་བའི་སེམས་ཅན་རྣམསཿ བདག་གིས་འདྲེན་ནུས་བྱིན་གྱིས་རློབསཿ རྗེ་བཙུན་ཆེན་པོའི་དཀའ་ཐུབ་ཀྱིསཿ ཚེ་གཅིག་རྡོ་རྗེའི་སྐུ་བརྙེས་ལྟརཿ བདག་དང་མོས་པའི་བུ་རྣམས་ཀྱིཿ སྒོམ་བསྒྲུབ་བརྩོན་པའི་བྱིན་ནུས་མཐུསཿ ལྷག་མེད་འོད་སྐུར་བྱིན་གྱིས་རློབསཿ ལས་རླུང་དྷུ་ཏིར་དག་སྟོབས་ཀྱིསཿ རྡོ་རྗེའི་སྒྲ་ལ་དབང་བསྒྱུར་ལྟརཿ བདག་དང་མོས༴ གསོལ་འདེབས་བསྙེན་པར་བརྩོན་པའི་མཐུསཿ བདེན་ཚིག་ནུས་པར་བྱིན༴ ཟག་མེད་ཏིང་འཛིན་བསྒོམ་སྟོབས་ཀྱིསཿ ཆོས་སྐུའི་རྒྱལ་ས་ཟིན་པ་ལྟརཿ བདག་དང་མོས་པའི་བུ་རྣམས་ཀྱིསཿ རིམ་གཉིས་གནད་ལ་གོམས་པའི་མཐུསཿ འཁྲུལ་རྟོག་ཟད་པར་བྱིན་གྱིས་རློབསཿ གཟུང་འཛིན་གྲོལ་བར༴ གཙང་སྨེ་ཞིག་པར༴ རེ་དོགས་བྲལ་བར༴ དོན་གཉིས་འགྲུབ་བར༴ སྒོམ་མེད་རྟོགས་པར༴ ཡེངས་མེད་སྤྱོད་པར༴ སྐུ་གསུམ་ཐོབ་བར་བྱིན༴ ཞེས་གསོལ་བ་བཏབ་པ་ཙམ་གྱིས་རྗེ་བཙུན་ཆེན་པོས་དགྱེས་པའི་རྣམ་འགྱུར་གྱིས་སྐུ་མི་གཡོ་ གསུང་མི་སྨྲ་ ཐུགས་བདེ་སྟོང་འཛིན་བྲལ་གྱི་ངང་དུ་བཞུགས་པའི་ཐུགས་སྲོག་ཧཱུཾ་ཡིག་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ཞིང་རབ་འབྱམས་སུ་འཕྲོས་པསཿ རྒྱལ་བ་སྲས་བཅས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་ནུས་བསྡུས་ནས་ཧཱུཾ་ཡིག་ལ་ཐིམ་པ་དམིགས་པ་དང་ཿ ༀ་ཨཱཿཧཱུཾ་མ་ཧཱ་གུ་རུ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུཾཿ ༀ་ཨཱཿཧ་ས་བཛྲ་སརྦ་སིདྡྷི་ཕ་ལ་ཧཱུཾཿ འོད་ཟེར་རིག་དྲུག་གི་གནས་སུ་འཕྲོས་པས་སོ་སོའི་སྡུག་བསྔལ་དང་ཿ དེའི་རྒྱུ་སྡིག་སྒྲིབ་བཅས་མུན་པ་ལ་ཉི་ཟེར་ཕོག་བཞིན་བསལ་ནས་ཞི་བདེ་ཐོབ་པར་བསམ་པ་དང་ཿ མདོར་ན་འཁོར་འདས་གཉིས་ཀ་རྗེ་བཙུན་གྱི་གསང་གསུམ་དུ་བསྒྲུབས་པས་འཁོར་བ་སྟོངས་ནས་སྐུ་གསུམ་གྱི་གོ་འཕང་མངོན་དུ་ཐོབ་པར་མོས་ནས་སྲོག་ཡིག་འབྲུ་རྣམས་ལ་དམིགས་པ་རེས་མོས་གཏད་ནས་བཟླས་པསཿ དང་པོ་མ་རིག་འཁྲུལ་པ་ནས་བཟུང་རྟེན་འབྲེལ་ལུགས་འབྱུང་གི་བག་ཆགས་སྦྱངས་མཐར་མཉམ་བཞག་ནམ་མཁའ་ལྟ་བུ་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་ཀྱང་ཿ རང་གདངས་ཤེལ་གོང་ངམ་ཆུ་དྭངས་པའི་འཆར་ཡུལ་གྱི་གསལ་ཆ་ལྟརཿ མ་འགག་པར་རྩལ་སྣང་སྒྱུ་མའི་ཚུལ་གྱི་རྟོགས་པཿ ཇི་ལྟར་ཤར་ཡང་སྤྲོ་བསྡུ་མི་བྱ་བར་རིག་པ་ཟང་ཐལ་ཡུལ་མེད་རང་ཁ་མ་བསྒོམ་བྱ་སྒོམ་བྱེད་བྲལ་བའི་ངང་ནས་སྔགས་བཟླས་པ་ལ་བརྩོན་ན་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ་པར་ངེས་པ་ལ་ཐེ་ཚོམ་གྱི་བདུད་མི་ཞུགས་པ་གལ་ཆེའོཿ ༈ གསུམ་པ་རྗེས་ལ་རྣམ་གྲངས་དགུ་ལསཿ དང་པོ་འཛིན་མེད་ཚོགས་མཆོད་ནིཿ ཨཿ ཕྱི་སྣོད་འཇིག་རྟེན་ཚོགས་སྣོད་དུཿ ནང་བཅུད་སེམས་ཅན་ཚོགས་རྫས་བཤམསཿ གཟུང་དང་འཛིན་པ་བྲལ་བའི་ངང་ཿ སྐུ་གསུམ་ངོ་བོ་བླ་མར་འབུལཿ ལྷན་སྐྱེས་ཀུན་བརྟགས་རང་གྲོལ་ནསཿ གདོད་མའི་གྲོལ་གཞི་མངོན་གྱུར་ཤོགཿ ཀུན་གཞི་ཀློང་ཡངས་ཚོགས་སྣོད་དུཿ ཕུང་ཁམས་སྐྱེ་མཆེད་ཚོགས་རྫས་བཤམསཿ རང་ཤར་རང་གྲོལ་གསལ་སྟོང་ངང་ཿ གདན་གསུམ་དཀྱིལ་འཁོར་བླ་མར་འབུལཿ བདག་དང་ལྷར་རྟོག་སྒྲིབ་དག་ནསཿ རང་སྣང་ཞི་ཁྲོ་མངོན་གྱུར་ཤོགཿ ལྟ་བ་རྣམ་དག་ཚོགས་སྣོད་དུཿ ཡེངས་མེད་སྒོམ་པའི་ཚོགས་རྫས་བཤམསཿ མ་བཅོས་སྤྱོད་པའི་ངང་ཉིད་དུཿ འབྲས་བུ་རིག་སྟོང་བླ་མར༴ ས་ལམ་འཛིན་པ་རང་གྲོལ་ནསཿ མི་འགྱུར་རྡོ་རྗེའི་སྐུ་ཐོབ་ཤོགཿ གཙང་སྨེ་འཛིན་བྲལ་ཚོགས་སྣོད་དུཿ ཐབས་ཤེས་བཟའ་བཏུང་ཚོགས་མཆོད་བཤམསཿ འཁོར་གསུམ་རྣམ་དག་ངང་ཉིད་དུཿ ཧེ་རུ་ཀ་དཔལ་བླ་མར༴ ཆགས་ཞེན་སེར་སྣའི་བློ་བྲལ་ནསཿ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོགཿ མ་ཧཱ་གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧིཿ གཉིས་པ་ བསླད་མིན་ལྷག་མ་ནིཿ ཨཿ ཕུད་ཀྱིས་མཆོད་ཀྱང་རྣམ་རྟོག་བློཿ ལྷག་མས་བརྔན་ཡང་གཉིས་འཛིན་སེམསཿ སྤང་བླང་བྲལ་བའི་ཚོགས་ལྷག་འདིཿ ལྷག་སྡུད་རིག་རྩལ་འཁོར་ལ་འབུལཿ རྣལ་འབྱོར་བྱང་ཆུབ་བསྒྲུབ་པ་ལཿ འགལ་རྐྱེན་ལས་གྱུར་དགྲ་བགེགས་སེམསཿ རིག་པ་ཡེ་ཤེས་རྡོ་རྗེས་གཞོམཿ འཁོར་གསུམ་ཡོངས་དག་ཚོགས་རྫོོགས་ཤོགཿ ས་མ་ཡཱ་ཨུ་ཙི་ཊ་ཁཱ་ཧིཿ གསུམ་པ་ལྷོད་བྲལ་ཆད་ཐོ་ནིཿ ཨཿ དུས་གསུམ་དུས་མེད་ངོ་བོའི་དུསཿ ལྷུན་གྲུབ་གདངས་ལས་མ་འགག་མདངསཿ རྩལ་སྣང་བཞད་པ་རྡོ་རྗེ་ཡིཿ གདན་གསུམ་དཀྱིལ་འཁོར་མངོན་གྱུར་ཚེཿ སེམས་བྱུང་བྲག་གི་སྲིན་མོ་དངཿ ཚེ་རིང་མཆེད་ལྔ་ལ་སོགས་པའིཿ དྲེགས་པ་ཕོ་མོ་ཆེ་དགུ་ཡིསཿ རང་གཟུགས་སྒྱུ་མའི་འཕྲུལ་བསྟན་ཚེཿ རྣལ་འབྱོར་དབང་ཕྱུག་ཧེ་རུ་ཀསཿ ཕྱག་རྒྱ་ཆེན་པོའི་ཟིལ་འོག་ཏུཿ བཅུག་ནས་དམ་ཚིག་མནོས་པའི་ཆདཿ བསྟན་དང་དེ་འཛིན་སྐྱོངས་བ་དང་ཿ དགྲ་བགེགས་དཔུང་ཚོགས་གཞོམ་ཞེས་པའིཿ དམ་བཅའ་རྡོ་རྗེའི་རི་མོ་ལསཿ མ་གཡེལ་ཐ་ཚིག་གཏོར་མ་འདིཿ བཞེས་ལ་རབ་འབྱམས་ཕྲིན་ལས་ཀུནཿ ཐོགས་མེད་མྱུར་དུ་འགྲུབ་པར་མཛོདཿ བཞི་པ་སྲིད་ཞིའི་བསྟན་སྐྱོང་ནིཿ ཨཱཿ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལཿ ཡེ་ཤེས་གྲུབ་ཀྱང་ལས་ལ་དབང་ཿ བསྟན་མར་སྤྲུལ་ཀྱང་སྒྱུ་མའི་འཕྲུལཿ སྤྲུལ་པ་ཡང་སྤྲུལ་འཁོར་འཅས་རྣམསཿ འཛིན་མེད་བཤལ་ཆུའི་གཏོར་མ་འདིཿ བཞེས་ལ་རབ་འབྱམས་ལས་རྣམས་ཀུནཿ མྱུར་དུ་བསྒྲུབ་ལ་བསྟན་དང་འགྲོའིཿ ཕན་བདེ་སྤེལ་བའི་ཕྲིན་ལས་མཛོདཿ ལྔ་པ་སྡང་མེད་བྲོ་བརྡུང་ནིཿ ཨཱཿ ཀུན་གཞི་མ་རིག་ལྷན་སྐྱེས་འདྲེཿ ཀ་དག་ཆོས་སྐུའི་ཀློང་དུ་མནནཿ ཡིད་ཤེས་གཟུང་འཛིན་ཀུན་བརྟགས་འདྲེཿ ལྷུན་གྲུབ་འོད་གསལ་དབྱིངས་སུ་མནནཿ ཚོགས་དྲུག་འཁྲུལ་སྣང་དངོས་འཛིན་འདྲེཿ རང་ཤར་རང་གྲོལ་སྟོབས་ཀྱིས་མནནཿ མཐའ་བཞིར་ལྟ་བ་མ་ལྡང་ཅིགཿ མི་འགྱུར་རྡོ་རྗེའི་རྒྱ་ཡིས་བཏབཿ སྟྭཾ་བྷ་ཡ་ནནཿ དྲུག་པ་རེ་བྲལ་དངོས་གྲུབ་ནིཿ དངོས་གྲུབ་ཀྱི་རྫས་བུར་སྦྲང་ཀ་ར་ཤ་ཆང་སོགས་ལ་དམིགས་པའི་འཕྲོ་འདུ་གསལ་བསཿ རྩ་སྔགས་ཀྱི་མཇུག་ཏུཿ ཀཱ་ཡ་ཝཱ ཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨཱཿབཏགས་པ་མང་དུ་བཟླས་ནས་བྱིན་རླབས་ཕུང་པོར་དམིགས་ལ་བླངས་ནས་མྱང་བར་བྱའོཿ ཨཱཿ སྔོུན་ཚེ་རྣལ་འབྱོར་མི་ལ་རྗེའིཿ གཙང་སྨེ་གཉིས་རྟོག་བྲལ་བཞིན་དུཿ བུར་སྦྲང་ཀ་ར་ཤ་དང་ཆང་ཿ འདོད་ཡོན་བཟའ་བཏུང་ཆོས་ཉིད་ལཿ ཆོས་ཉིད་རོལ་ལྟར་བཅུད་ལེན་མཐུསཿ ཟག་མེད་རྡོ་རྗེའི་སྐུ་བརྙེས་བཞིནཿ རྣལ་འབྱོོར་བདག་ཅག་སྒྲུབ་པ་པོའིཿ བུར་སྦྲང་ཀ་ར་ཤ་ཆང་རྫསཿ རྗེ་བཙུན་ཆེན་པོའི་གསང་གསུམ་གྱིཿ མཁྱེན་བརྩེ་ནུས་པའི་དངོས་གྲུབ་བཅུདཿ འདུན་པའི་སེམས་ཀྱིས་བླངས་བགྱིད་ནཿ བདག་འཛིན་འཁྲུལ་བ་རང་སངས་ནསཿ འགྱུར་མེད་སྐུ་དང་འགག་མེད་གསུང་ཿ འཁྲུལ་མེད་ཐུགས་སོགས་མཆོག་ཐུན་གྱིཿ དངོས་གྲུབ་མ་ལུས་མྱུར་དུ་སྩོལཿ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུཾཿ དྲུག་པ་རྟག་ཆད་བསལ་བ་ནིཿ ཨཱཿ སྟོང་པའི་ངང་ལས་གསལ་བའི་མདངསཿ རྗེ་བཙུན་ཆེན་པོའི་སྐུར་བཞེངས་ཀྱང་ཿ མཁའ་ལ་ཤར་བའི་འཇའ་ཚོན་བཞིནཿ དམིགས་མེད་བསམ་བརྗོད་བྲལ་བའི་ངང་ཿ ཨ་ཨ་ཨཱཿ སླར་ཡང་རིག་རྩལ་འགག་མེད་ངང་ཿ སྣང་སྲིད་བླ་མར་ཤར་བཞིན་དུཿ མི་ཡེངས་མི་བསྒོམ་དོན་ལ་སྤྱོདཿ སྤྱད་བྱ་སྤྱོད་བྱེད་རང་སར་དགཿ བདུན་པ་དམིགས་མེད་བསྔོ་བ་ནིཿ དགེ་བ་འདི་ཡིས་བདག་དང་གཞནཿ གཉིས་སུ་འཛིན་པ་ལས་གྲོལ་ནསཿ ཕྱམ་གཅིག་རྣམ་མཁྱེན་བླ་མ་ཡིཿ གོ་འཕང་དམ་པ་ཐོབ་ཕྱིར་བསྔོཿ བརྒྱད་པ་བསླུ་མེད་སྨོན་ལམ་ནིཿ ཨཱཿ སྐྱེ་འཆི་བྲལ་བ་རིག་པའི་དངོསཿ འཕོ་འགྱུར་མཚན་མས་དབེན་བཞིན་དུཿ འཁོར་བ་ཇི་སྲིད་གཞན་གྱི་དོནཿ རྗེ་བཙུན་ཇི་བཞིན་བདག་འགྱུར་ཤོགཿ དགུ་པ་གེགས་མེད་བཀྲ་ཤིས་ནིཿ ཨཱཿ ངོ་བོ་བརྗོད་འདས་རྡོ་རྗེ་འཆང་ཿ རང་བཞིན་ལྷུན་གྲུབ་རྣལ་འབྱོར་མཿ ཐུགས་རྗེ་འགག་མེད་མི་ལ་རྗེའིཿ མཁྱེན་བརྩེ་ནུས་པའི་བཀྲ་ཤིས་གང་ཿ རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་ཤོགཿ བསྟན་པ་དར་བའི་བཀྲ་ཤིས་ཤོགཿ བསྟན་འཛིན་རྒྱས་པའི་བཀྲ་ཤིས་ཤོགཿ འགྲོ་རྣམས་བདེ་སྐྱིད་བཀྲ་ཤིས་ཤོགཿ མངོན་སངས་རྒྱ་བའི་བཀྲ་ཤིས་ཤོགཿ འདི་ཉིད་སྔགས་ཀྱི་རྣལ་འབྱོར་བཿ འཇིགས་མེད་ཕྲིན་ལས་འོད་ཟེར་ལཿ རྗེ་བཙུན་བཞད་པ་རྡོ་རྗེ་ཡིཿ སྒྱུ་འཕྲུལ་དག་སྣང་མངོན་པའི་ཚེཿ ཐོལ་བྱུང་ཐོགས་མེད་ཚུལ་དུ་བྲིསཿ ཚེ་རིང་མཆེད་ལྔས་བསྲུང་མ་མཛོདཿ དགེ་དེས་འདི་འབྲེལ་ལུས་ཅན་འགྲོཿ རྗེ་བཙུན་ཐུགས་རྗེས་རྗེས་བཟུང་ནསཿ སྨིན་གྲོལ་ལམ་གྱི་རྒྱུད་སྦྱངས་ཏེཿ སྐུ་གསུམ་གོ་འཕང་མྱུར་འགྲུབ་ཤོགཿ དགེའོཿ དགེའོཿ དགེའོཿ

བསྔོ་སྨོན་ཕན་བདེའི་འབྱུང་གནས།

༄༅༅། །བསྔོ་སྨོན་ཕན་བདེའི་འབྱུང་གནས་བཞུགས། ༀ་ཕྱོགས་བཅུ་དུས་གསུམ་རྒྱལ་བ་དང་། །རྩ་གསུམ་ཆོས་སྲུང་དམ་ཅན་ལྷ། །བྱང་སེམས་ཉན་རང་ཚོགས་དང་བཅས། །དེང་འདིར་བདག་ལ་དགོངས་སུ་གསོལ། །བདག་གཞན་ཀུན་དང་ཁྱད་པར་དུ། །སྦྱིན་པའི་ཚེ་ལས་འདས་པའམ། རྣལ་འབྱོར་བདག་ཅག་སྒྲུབ་པ་པོས།བདག་པོ་འདི་ཉིད་ཀྱིས། །སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ། །ཉམས་ཆག་ཉེས་ལྟུང་སྡིག་སྒྲིབ་བཤགས། །དུས་གསུམ་དགེ་ལ་རྗེས་ཡི་རང་། །འགྲོ་དོན་གཡེལ་མེད་ཆོས་འཁོར་བསྐོར། །རྒྱལ་རྣམས་མྱ་ངན་མི་འདར་བཞུགས། །བྱས་དང་བྱེད་འགྱུར་དགེ་བ་ཀུན། །འགྲོ་རྣམས་སངས་རྒྱས་ཐོབ་ཕྱིར་བསྔོ། །བསྔོས་པའི་དགེ་འབྲས་བླ་མེད་མཐུས། །རྒྱལ་བསྟན་དར་ཞིང་རྒྱས་པ་དང་། །བསྟན་འཛིན་ཚོགས་རྣམས་ཐུགས་མཐུན་ཞིང་། །དྲང་ངེས་དགོངས་ལྡེམ་མཐའ་དྲུག་དང་། །ཚུལ་བཞིའི་དོན་རྟོགས་གཞན་ལའང་འདོམས། །ཐམས་ཅད་ཐར་དང་རྣམ་མཁྱེན་གྱི། །གོ་འཕང་མཆོག་ལ་འགོད་གྱུར་ཅིག །ཁྱད་པར་བསྔོ་ཡུལ་རྣལ་འབྱོར་བདག་ཅག་གི།འདི་ཉིད་ཀྱི། །དུས་གསུམ་ཀུན་ཏུ་སྒོ་གསུམ་གྱི། །རྣམ་དཀར་དགེ་ཚོགས་ཇི་སྙེད་ཀུན། །ཕ་མ་གཉིས་དང་དགྲ་བགེགས་ཟུང་། །བཞི་པོའི་གཙོར་བྱས་མཐའ་ཡས་འགྲོར། །བསྔོས་པ་བཞིན་དུ་ཐོབ་གྱུར་ནས། །ཕྱམ་གཅིག་སངས་རྒྱས་འགྲུབ་གྱུར་ཅིག །འདི་ཉིད་མཐོང་ངམ་ཐོས་པའམ། །དྲན་ནམ་རེག་གམ་ཆགས་སམ་སྡང་། །བསྟོད་སྨད་བཟང་ངན་འབྲེལ་ཐོགས་ཀུན། །རིས་མེད་འགྲོ་རྣམས་འདིའི་དགེ་བས། །བདེ་ཆེན་འགྱུར་མེད་ཐོབ་གྱུར་ཅིག །གཞན་ཡང་སྦྱིན་བདག་འདི་ཉིད་ཀྱིས། རྣལ་འབྱོར་བདག་ཅག་གི །དགེ་རྩ་བསགས་དང་གསོག་འགྱུར་མཐུས། །འཇིག་རྟེན་བརྟན་དང་གཡོ་བའི་ཁམས། །ཡོངས་སུ་བདེ་ཞིང་ཡོངས་སུ་བརྟན། །དགེ་བ་བཅུ་དང་སྡེ་བཞི་ཡི། །དཔལ་ཡོན་ཕུན་སུམ་ཚོགས་གྱུར་ཅིག །དེ་ལྟར་བསྔོོས་ཤིང་སྨོན་པའི་དོན། །མཆོག་གསུམ་རྩ་གསུམ་བདེན་སྟོབས་དང་། །དྲང་སྲོང་བདེན་ཚིག་གྲུབ་རྣམས་ཀྱི། །སྟོབས་ཀྱིས་དེ་བཞིན་འགྲུབ་གྱུར་ཅིག །ཅེས་པའང་ཀུན་བཟང་གཞན་ཕན་གྱིས་སོ། ༈ ཚོགས་རྒྱུད་ལས། ཚོགས་བྱིན་རླབས་སྔགས ། ༀ་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ། ༈ ༀ་པ་ན་པ། པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུཾ། ས་མ་ཡོ་ཏ་མུ། རྙིང་རྒྱུད་ལས་སོ། ༈ ཧེ་རུ་ཀ་གལ་པོའི་རྒྱུད་ལས། གཏའ་ལ་མ་ཐ་གཉན་ལ་ཐ། མི་ཟད་ཡུན་གྱི་གཏེར་མཛོད་ཅིག །༈ རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་ལས། ཨཱོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ༈ ཧེ་རུ་ུཀ་གལ་པོའི་རྒྱུད་ལས། ཨ་ཀཱ་རོ་མུ་ཁཾ། ཨ་ཀཱ་རོ་མུ་ཁཾ་ནི་གཙོ་བོར་བྱེད་པ་སྟེ། སརྦ་དྷ་རྨཱ་ཎཾ། ཆོས་ཐམས་ཅད་ལ་སེམས་ཉིད་ང་རྒྱལ་བ་སྟེ། ཕུང་པོ་ལ་སོགས་པ་རྟོགས་པ་སྙམ་པའོ། ཐོག་མ་ཉིད་ནས་མ་སྐྱེས་པ་དེ་ལྟ་བུར་རབ་ཏུ་རྟོགས་ཞེས་པའོ། ཨཱདྱ་ནུཏྤནྣ་ཏྭཱ་ཏ། དེ་རྒྱུ་ལས་བྱུང་ན་ཐོག་མ་ནས་མ་སྐྱེས་པའི་ཚུལ་གྱི། ཨཱོཾཿ སྐུའི་བདག་ཉིད་སྤྲུལ་སྐུ། ཨཱཿ གསུང་གི་བདག་ཉིད་ལོངས་སྐུ། ཧཱུྃཿ ཐུགས་ཀྱི་བདག་ཉིད་ཆོས་སྐུ། ཤེས་རབ་ ཕཊ་སྭཱ་ཧཱ། སྙིང་རྗེ།

དུར་གཅོད་རྒྱས་པའི་བཅུད་དྲིལ་རིན་པོ་ཆེའི་ཕྲེང་བ།

༄༅། །དུར་གཅོད་རྒྱས་པའི་བཅུད་དྲིལ་རིན་པོ་ཆེའི་ཕྲེང་བ་བཞུགས།།

ན་མོ་ཛྙཱ་ན་དྷཀྐི་ཡེ། ཆོས་སྐུ་ཡུམ་ཆེན་ཁྲོས་ནག་ལབ་ཀྱི་སྒྲོན། ཡུམ་སྲས་བརྒྱུད་པར་བཅས་ལ་ཕྱག་བ གྱིས་ནས། རཱ་ག་ཨཱ་གསེའི་དུར་གཅོད་རྒྱ་མཚོ་ལས། སྙིང་པོ་ཆུ་ཐིགས་ཙམ་ཞིག་རྣལ་འབྱོར་པ། སྤྲོས་ཆུང་རྣམས་ཀྱི་དོན་དུ་འདིར་བཀོད་ན། ཐོག་མཐའ་བར་གསུམ་དགེ་བའི་ཤིས་པ་སྩོལ། དེ་ལ་འདིའི་དུར་གཅོད་རྒྱས་པའི་དོན་ཚིག་ཉུང་དོན་འདུས་ཀྱི་ལུགས་སུ་བཀོད་པ་ལ། གཤིན་པོ་དེ་ཉིད་བནྡྷེ་ཡིན་ན་གསེར་གྱི་རྡོ་རྗེ་དང་། བུད་མེད་ཡིན་ན་དངུལ། སྐྱེས་པ་ཡིན་ན་ལྕགས་ཀྱི་རྡོ་རྗེ་རྣམས་རང་ཉིད་ཁྲོས་མར་གསལ་བའི་ཐུགས་ཀ་ནས་སྐར་མདའ་རྒྱུག་པ་བཞིན་འཕྲོས་ནས་དམིགས་པའི་ཡུལ་དེར་བབས་པས་འོད་ཟེར་གྱི་ཕྱག་རྒྱ་བཞིར་གྱུར་ནས་འཛིན་འཆིང་སྡོམ་མྱོས་སོགས་བྱས་ནས་ཟ་འདྲེ་ཤི་གཤེད་རྣམས་གར་ཡང་འབྲོས་དབང་མེད་པར་གྱུར། རོ་མཐོང་མ་ཐག་ཏུ་ཚད་མེད་རྣམ་བཞིའི་ངང་ནས། ཕཊཿཅེས་བརྗོད་པས་རང་ཉིད་ཁྲོས་མ་དམར་ནག་སྤྱི་བོར་སྟག་ཞལ་ངར་སྒྲ་སྒྲོག་པར་གསལ་བའི་ཐུགས་ནས་གསེར་གྱི་སྟྭ་རེ་ངར་དང་ལྡན་པ་དག་འཕྲོས་ནས་རོ་དེའི་སྙིང་གར་བརྒྱབ་པས་གཤགས་ཤིང་བཀས་པར་བསམ། རོ་དེའི་རྩར་ཕྱིན་པ་དང་། སྙིང་རྗེ་དྲག་པོ་ཐུན་གཅིག་བསྒོམ་ལ། ཚེ་འདས་ཐོག་དྲངས་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ༴ ཆོས་ལ༴ དགེ་འདུན་ལ༴ ཟབ་མོ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ལ༴ མ་ཅིག་ཡུམ་ཆེན་མོ་མཁའ་འགྲོ་སྡེ་ལྔའི་ཚོགས་དང་བཅས་པ་རྣམས་ལ༴ ཚེ་ལས་འདས་པ་ཐར་པའི་ལམ་ལ་འཇུག་ཅིང་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་ཕྱིར་ཕུང་པོ་ཡོན་དུ་འབུལ་བར་བྱའོ། ཕཊཿ རང་ཉིད་སྐད་ཅིག་གིས་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་ལ་མདངས་ཆགས་པ། ཕྱག་གཡས་གསེར་གྱི་ཌ་མ་རུ་དང་། གཡོན་དངུལ་དཀར་གྱི་དྲིལ་བུ་བསྣམས་པ། སྐུ་ལ་དར་དཀར་གྱི་རལ་ག་གསོལ་ཞིང་། དར་དམར་གྱི་སྐ་རགས་བཅིངས་པ། དབུ་སྐྲས་སྐུ་རྒྱབ་ཁེབས་པ། སྤྱན་གསུམ་ནམ་མཁར་གཟིགས་པ། སྒེག་ཅིང་ནུ་འབུར་ཟུང་གིས་མཛེས་པ། བཅུ་དྲུག་ལོན་པའི་ན་ཚོད་ཅན་པད་ཟླ་ཉི་མའི་གདན་ལ་གར་སྟབས་ཀྱིས་བཞུགས་པ། འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར་བའི་ནམ་མཁར་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་སྤྲིན་དཔུང་གཏིབས་པ་ལྟར་བཞུགས་པར་གྱུར། ཞེས་བསམ་ལ། ཞི་དེས་ཀྱི་ངག་དང་བྱམས་བརྩེའི་ངང་ནས་འདི་བཞིན་བརྗོད། ཨཻ་ ཚེ་ལས་འདས་པ་ཆེ་གེ་ཁྱོད་ཉོན་ཅིག །ཕ་ཅིག་དམ་པ་སངས་རྒྱས་ཀྱི་ཞལ་ནས། འཆི་བ་འཆི་བ་མ་ཡིན་ཏེ། རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན། ཞེས་གསུང་པས་ཁྱོད་ཚེ་འདིའི་སྣང་བ་ནི་ནུབ། འཇིག་རྟེན་ཕྱི་མའི་སྣང་བམ་ཤར། ལམ་བཟང་ངན་གང་དུ་འགྲོ་ངེས་པ་མ་མཆིས་པའི་སྐབས་འདིར། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཐབས་ཟབ་ལམ་འཕོ་བའི་གདམས་པ་དགོས་པ་ཡིན་ཏེ། དེ་ཡང་མ་ཅིག་གི་ཞལ་ནས། གཅོད་ཀྱི་ནམ་མཁའ་གོ་འབྱེད་དེ། འཕོ་བ་བརྒྱ་ཡི་དོ་ཟླ་མིན། ཞེས་གསུངས་པས་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག། ཁྱོད་རང་གི་ལུས་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ་རྩ་དབུ་མ་སྦ་ལྕག་འབྲིང་པོ་ཙམ་པ་ཕྱི་དཀར་ལ་ནང་དམར་བ། མར་སྣེ་གསང་གནས་དང་། ཡར་སྣེ་ཚངས་པའི་བུ་གར་ཟུག་པར་སྒོམས། དེ་ཡང་རྩ་དབུ་མའི་ཡར་སྣེ་བདེ་ཆེན་གྱི་འཁོར་ལོ་ན་སངས་རྒྱས་མཁའ་འགྲོ་དཀར་མོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་པདྨ་མཁའ་འགྲོ་དམར་མོ། སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རིན་ཆེན་མཁའ་འགྲོ་སེར་མོ། གསང་གནས་བདེ་སྐྱོང་གི་འཁོར་ལོ་ན་ལས་ཀྱི་མཁའ་འགྲོ་ལྗང་མོ་སོགས་མཁའ་འགྲོ་སྡེ་ལྔ་པོ་དེ་རྣམས་སྐུ་ཆུང་ལ་ཡན་ལག་དོད་པ། གཅེར་བུ་རུས་རྒྱན་གསོལ་བ་ཕྱག་ཌ་དྲིལ་འཁྲོལ་ཞིང་སྐུ་གར་སྟབས་ལིང་ལིང་མཛད་པར་གྱུར། ངེད་ཀྱིས་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་བཏབ་ཅིང་ཕུང་པོ་ཡོན་དུ་ཕུལ་ཚེ་མ་ཆགས་མ་ཞེན་པར་ཐེ་ཚོམ་མེད་པར་འཕོས་ཤིག །ཧཱུྃ་གནས་ཆོས་དབྱིངས་རྣམ་དག་གི་ཕོ་བྲང་ནས། ཡུམ་ཆེན་ཤེས་རབ་ཕར་ཕྱིན་རིན་པོ་ཆེར། ཚེ་འདས་ལུས་ངག་པ་ཡིད་གསུམ་མཆོད་པར་འབུལ། རིག་པ་བྱང་ཆུབ་མཆོག་གི་ལམ་ལ་དྲོངས། སྒྲིབ་གཉིས་སྐྱོན་བྲལ་གྱི་ས་ལ་ཁྲིད་ནས་སུ། སྐུ་གསུམ་དབྱེར་མེད་ཀྱི་གོ་སར་དབུགས་དབྱུང་གསོལ། གནས་བྱ་རྒོད་སྤུང་པའི་རི་བོ་ན། རྗེ་རྫོགས་པའི་སངས་རྒྱས་རིན་པོ་ཆེ། ཚེ་འདས་ལུས་ངག༴ རིག་པ་བྱང་ཆུབ་མཆོག་གི༴ སྒྲིབ་གཉིས་སྐྱོན་བྲལ༴ སྐུ་གསུམ་དབྱེར་མེད་ཀྱི༴ གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། འཇམ་དཔལ་སྨྲ་བའི་སེང་གེ་རིན་པོ་ཆེར། ཚེ་འདས༴༴༴༴ གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ན། རྗེ་བཙུན་འཕགས་མ་སྒྲོལ་མ་རིན་པོ་ཆེར། ཚེ་འདས༴ གནས་མཁའ་སྤྱོད་མཁའ་འགྲོའི་གནས་མཆོག་ན། མཁའ་འགྲོ་སུ་ཀ་སིདྡྷི་རིན་པོ་ཆེར། ཚེ་འདས༴ གནས་རྒྱ་གར་འཇག་མའི་སྤྱེལ་བོ་ན། མཁས་པ་ཨཱཪྱ་དྷེ་ཝ་རིན་པོ་ཆེར། ཚེ་འདས༴ གནས་ལ་སྟོད་དིང་རིའི་བླ་འཁོར་ན། རྗེ་དམ་པ་སངས་རྒྱས་རིན་པོ་ཆེར། ཚེ་འདས༴ གནས་རྒྱ་བོད་གཉིས་ཀྱི་ས་མཚམས་ན། སྐྱོ་སྟོན་བསོད་ནམས་བླ་མ༴ ཚེ་འདས༴ གནས་ཟངས་རི་མཁར་དམར་དགོན་པ་ན། མ་ཅིག་ལབ་ཀྱི་སྒྲོན་མ་རིན་པོ་ཆེར། ཚེ་འདས༴ གནས་བཀྲ་ཤིས་གླང་ལུང་དགོན་པ་ན། སྲས་མཆོག་རྒྱལ་བ་དོན་གྲུབ་རིན་པོ་ཆེར། ཚེ་འདས༴ གནས་གཉན་ས་རི་ཁྲོད་དགོན་པ་ན། བཀའ་བབ་བུ་ཆེན་བཅུ་དྲུག་རིན་པོ་ཆེར། ཚེ་འདས༴ གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེར། ཚེ་འདས༴ རིག་པ༴ སྒྲིབ་གཉིས༴ སྐུ་གསུམ༴ ཕཊཿ ཕཊཿ ཕཊཿ ཕཊཿ སླར་ཡང་རྩ་བ་གསུམ་ལ་ཕུང་པོ་ཡོན་དུ་ཕུལ་ཞིང་ལམ་སྟོན་གནས་སྤར་བྱ་བ་ནི། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །རྩ་བའི་བླ་མ་གཤེགས་སུ་གསོལ། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །ཡོན་འདི་བཞེས་ལ་ལམ་འདི་སྟོན། །སེམས་འདི་བྱང་ཆུབ་ལམ་ལ་དྲོངས། །མཁའ་སྤྱོད་དག་པའི་ཞིང་ཁམས་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། ཚེ་འདས༴ ཡོན་འད༴ སེམས་འདི༴ དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །ཁྲོས་མ་ནག་མོ་གཤེགས་སུ་གསོལ། ཚེ་འདས༴ ཡོན་འདི༴ སེམས་འདི༴ ཤར་ལྷོ་ནུབ་བྱང་དུར་ཁྲོད་ནས། །རིགས་བཞིའི་མཁའ་འགྲོ་གཤེགས་སུ་གསོལ། ཚེ་འདས༴ ཡོན་འདི༴ སེམས་འདི༴ དཔའ་བོའི་ཚོགས་རྣམས་གཡས་གྲལ་བྱས། །དཔའ་མོའི་ཚོགས་རྣམས་གཡོན་གྲལ་བྱས། །ཌཱཀྐི་རྣམས་ཀྱི་ཚོགས་འཁོར་བཅས། །ཤ་ཟན་ཚོགས་རྣམས་རྔམ་ཞིང་རྒྱུག །ཁྲག་འཐུང་ཚོགས་རྣམས་ལྷག་ལྷག་དགོད། །བདུད་ཀྱི་ཤ་ཟན་ཤ་ར་ར། །བཙན་གྱི་ལས་བྱེད་ཁྱུགས་སེ་ཁྱུག །སྨན་གྱིས་བྲོ་བརྡུངས་ཁྲབས་སེ་ཁྲབ། །མཁའ་འགྲོའི་བསུན་མ་དཔུངས་སེ་དཔུང་། །ད་ནི་གཤེགས་སོ་དབྱིངས་སུ་གཤེགས། །སེམས་ཉིད་བྱང་ཆུབ་ལམ་ལ་དྲོངས། ཕཊཿ ཕཊཿ ཕཊཿ ཚེ་འདས་ཀྱི་རྐང་མཐིལ་གཡས་གཡོན་དུ་ཕ་མ་གཉིས་ཀྱི་ས་བོན་ཐིག་ལེ་དཀར་པོ་དང་དམར་པོ་ཟུང་བྱ་མ་སར་གྱི་སྒོ་ང་ཙམ་རེར་གསལ་བ་དེ་གཉིས་ཡར་འཕར། ཕཊཿ གསང་གནས་བདེ་སྐྱོང་གི་འཁོར་ལོ་ན་མ་ཅིག་ལབ་སྒྲོན་སྐུ་མདོག་ལྗང་མོར་བཞུགས་པ་དང་རྣམ་གསུམ་གཅིག་ཏུ་འདྲེས་པར་གྱུར། ཕཊཿ དེ་ཉིད་ཡར་འཕར་ལྟེ་བ་སྤྲུལ་པའི་འཁོར་ལོ་ན་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་སེར་མོར་བཞུགས་པ་དང་དབྱེར་མེད་དུ་འདྲེས། ཕཊཿ དེ་ཉིད་ཡར་འཕར་སྙིང་ག་ཆོས་ཀྱི་འཁོར་ལོ་རུ་མ་ཅིག་སྐུ་མདོག་སྔོན་མོར་བཞུགས་པ་དང་དབྱེར་མེད་དུ་འདྲེས། ཕཊཿ དེ་ཉིད་ཡར་འཕར་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་མ་ཅིག་སྐུ་མདོག་དམར་མོར་བཞུགས་པ་དང་དབྱེར་མེད་དུ་འདྲེས། ཕཊཿ དེ་ཉིད་ཡར་འཕར་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ན་མ་ཅིག་སྐུ་མདོག་དཀར་མོར་བཞུགས་པ་དང་དབྱེར་མེད་དུ་འདྲེས་པར་གྱུར། ཕཊཿ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། འོད་དཔག་མེད་པའི་ཞིང་ཁམས་ཡོད། སུ་ཞིག་དེ་ཡི་མཚན་འཛིན་པ། ཞིང་མཆོག་དེ་རུ་སྐྱེ་བར་འགྱུར། ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། འོད་དཔག་མེད་ཀྱི་མཚན་ཟུངས་ལ། ཞིང་མཆོག་དེ་རུ་འགྲོ་བར་གྱིས། པདྨ་འདམ་གྱིས་མ་གོས་ལྟར། སྲིད་གསུམ་དྲི་མས་མ་གོས་པ། སྲིད་པའི་པདྨོ་ལས་བྱུང་བ། བདེ་བ་ཅན་དུ་སྐྱེ་བར་ཤོག །ཕཊཿ ཅེས་བརྗོད་པས་སྤྱི་བོར་བཞུགས་པའི་སངས་རྒྱས་མཁའ་འགྲོ་དཀར་མོ་དེ་ཡང་འོད་ཀྱི་རྣམ་པར་གྱུར་ནས་རྩལ་པོ་ཆེས་མདའ་འཕང་པ་བཞིན་དུ་ནུབ་ཕྱོགས་བདེ་ཆེན་གྱི་ཞིང་ཁམས་སངས་རྒྱས་འོད་དཔག་མེད་ཀྱི་དྲུང་དུ་མེ་ཏོག་པདྨའི་སྦུབས་སུ་གཤེགས་པར་གྱུར། ཕཊཿ དམིགས་པ་མ་ཟིན་བར་དུ་ཕཊཿབརྗོད་དོ། ཕཊཿ དེ་ནས་ཕུང་པོ་ཚོགས་སུ་འབུལ་བ་ནི། ཕཊཿ རང་ཉིད་སྐད་ཅིག་གིས་མ་ཅིག་གནས་གྱུར་ནས་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། འཁོར་རིགས་བཞིའི་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པ་ཐམས་ཅད་ཀྱིས་ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་རྡེབ་ཅིང་། གཡོན་པར་མི་རྐང་གི་གླིང་བུ་འབུད་པ་དཔག་ཏུ་མེད་པས་སྟེང་འོག་ཕྱོགས་མཚམས་ནས་ཟ་འདྲེ་ཤི་གཤེད་དར་སྲི་ཐམས་ཅད་གཟུགས་ཤ་ཁྲག་གི་ཕུང་པོ་འདི་ལ་སྐད་ཅིག་གིས་ཐིམ་པར་གྱུར། ཛཿཧཱུཾ་བཾ་ཧོཿ ཕཊཿ ཕཊཿ ཕཊཿ མ་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །ཨུ་རྒྱན་ཡུལ་གྱི་ནུབ་ཕྱོགས་སུ། །ཨུ་ཙ་ལ་ཡི་དུར་ཁྲོད་ནི། །རི་བོ་ཐམས་ཅད་རུས་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་མདུང་། །ཆུ་ཀླུང་ཐམས་ཅད་ཁྲག་དང་རྣག །སྒྲ་སྐད་ཐམས་ཅད་ངུར་མོའི་སྒྲ། །ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང་། །ཕྱག་ན་རྡོ་རྗེ་འཇིགས་པའི་ས། །དུས་གསུམ་སངས་རྒྱས་ཡ་ང་བའི། །རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས། །ཁྲོོས་མ་ནག་མོ་གཤེགས་སུ་ག སོལ། །སྐུ་མདོག་སྨུག་ནག་མདངས་དང་ལྡན། །སྤྱི་གཙུག་ཕག་ཞལ་ནམ་མཁར་ངུར། །ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབ། །ཕྱག་གཡོན་མི་རྐང་གླིང་བུ་འབུད། །དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ། བམ་ཆེན་རོ་ཡི་གདན་ལ་འགྱིང་། །འཁོར་དུ་རིགས་བཞིའི་མཁའ་འགྲོས་བསྐོར། །རྒྱན་དང་ཆ་ལུགས་གཙོ་མོར་མཚུངས། །ཀུན་ཀྱང་ཕྱག་གཡས་གཡང་གཞི་དང་། །གཡོན་པ་མི་རྐང་གླིང་བུ་འབུད། །རིགས་བཞིའི་མཁའ་འགྲོའི་བརྟུལ་ཞུགས་ཀྱིས། །ཕྱོགས་བཞིའི་གདོན་ཚོགས་མ་ལུས་ཀུན། །གནས་འདིར་ཁུག་ལ་དབང་དུ་སྡུས། །དབང་དུ་སྡུས་ལ་རྡུལ་དུ་རློགས། ཕཊ་ཕཊ་ཕཊཿ དེ་ནས་ཕུང་པོ་དང་ཟ་འདྲེ་དབྱེར་མེད་པ་དེ་བྲན་ལ་ཚོགས་འཁོར་བྱ་བ་བྱིན་གྱིས་བརླབ་པ་ནི། ༀ། མ་ཅིག་ལ་གསོལ་བ་འདེབས། ཨཱཿ མ་ཅིག་ལ་གསོལ་བ་འདེབས། །ཧཱུཾ་མ་ཅིག་ལ་གསོལ་བ་འདེབས། །འབྲུ་གསུམ་རྡོ་རྗེས་བྱིན་གྱིས་རློབས། །ཡིག་འབྲུ་གསུམ་གྱི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་སྣོད་དུ། ཚོགས་ཀྱང་འོད་དུ་ལྟེམ་གྱིས་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདིས། བླ་མ་ཡི་དམ་མཁའ་འགྲོ་དང་། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །ཕཊ་ཕཊ་ཕཊཿ ཤ་ཁྲག་གི་ཕུང་པོ་དེ་ཚོགས་ཀྱི་འཁོར་ལོར་བསྒྱུར་བས་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང་བར་བསྒོམས། མ་ཅིག་ཁྲོས་མ་ནག་མོ་འཁོར་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པས་ཟ་འདྲེ་ཤི་གཤེད་ཕུང་པོ་བཅས་ཚོགས་སུ་རོལ་བར་བསམ་ལ། །མ་ཕྱོགས་བཞིའི་དུར་ཁྲོད་གཞལ་ཡས་ནས། །རིགས་བཞིའི་མཁའ་འགྲོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སྐུ་ུམདོག་དཀར་སེར་དམར་ལྗང་ལ། །རང་རང་རིགས་ཀྱི་འཁོར་གྱིས་བསྐོར། །དབུ་ལ་ཐོར་ཚུགས་དར་དཔྱང་མཛེས། །ཕྱག་ཞབས་གར་སྟབས་རྣམ་འགྱུར་བསྒྱུར། །དུར་ཁྲོད་ཡོ་བྱད་དཔག་མེད་དང་། །ཞི་དྲག་ཚོགས་མཆོད་བླ་ན་མེད། །མ་ཚོགས་བདག་ཆེན་མོ་ཚོགས་ལ་སྤྱོན། །ཚོགས་འཁོར་མཆོད་པ་རྒྱ་ཆེན་པོ། །ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧཱ། །མགུལ་དུ་བསྟིམ་མོ་ས་མ་ཡཱ། ཕཊ྄་ཕཊ྄་ཕཊ྄། ཧཱུཾཿ ཕྱོགས་བཞི་དབུས་ལྔའི་དུར་ཁྲོད་ནས། །རིགས་བཞིའི་མཁའ་འགྲོ་གཤེགས་སུ་གསོལ། །སྐུ་མདོག་དཀར་སེར་དམར་ལྗང་མཐིང་། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས། །དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན། །ཀེང་རུས་བམ་ཆེན་གདན་ལ་བཞུགས། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གཅེར་བུ་རུས་པའི་རྒྱན་ཆ་ཅན། །གར་སྟབས་བྱེད་ཅིང་རྒྱང་གླུ་ལེན། །དུར་ཁྲོད་བམ་ཆེན་འདི་ལ་ད་རོལ་ཅིག །ལས་ངན་རྣམ་སྨིན་འདི་དང་ད་ཕྲོལ་ཅིག ། གསོན་བདུད་གཤིན་ལྕགས་འདི་དང་ད་ཕྲོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །རིག་པ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་སྤོར། ཕཊཿཕཊཿཕཊཿ ཧཱུཾ་མ་སྐུ་ལྔའི་གསང་བར་སྤྲུལ་པའི་སྲས། ཕྱོགས་བཞི་དབུས་ལྔའི་མཁའ་འགྲོ་མ། སྟི་ར་རོ་ཡི་གདན་སྟེང་ན། དུང་གསེར་ཟངས་གཡུ་མཐིང་མདོག་གི། སྤ་མེ་ཁ་མདོག་སྣ་ལྔ་ལ། རོ་སྒྲོལ་མཁའ་འགྲོ་འབུམ་རེས་བསྐོར། གཅེར་བུ་རུས་པའི་རྒྱན་ཆ་ཅན། གར་སྟབས་བསྒྱུར་ཞིང་ཐར་ལམ་སྟོན། རྒྱང་གླུ་ལེན་ཅིང་འཇིགས་སྒོ་གཅོད། ཧ་ཧ་ཧི་ཧིའི་སྒྲ་སྒྲོགས་བཞིན། མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། གིང་བམ་ཆེན་འདི་ལ་ད་རོལ་ཅིག །ཟ་འདྲེ་ཤི་གཤེད་འདི་དང་ད་ཕྲོལ་ཅིག །ཕཊ྄་ཕཊ྄་ཕཊ྄ཿ དེ་ནས་དགེ་སྡིག་གཏོང་ལེན་ལ་འདུན་པ་གཞོལ་ནས། བརྟུལ་ཞུགས་ངར་མའི་གདེང་དང་ལྡན་བཞིན་རང་བེམ་རིག་བྲལ་ལ་མི་རོ་དང་རང་གཉིས་འཛིན་དོར་བའི་གཉིས་མེད་མཉམ་པ་ཆེན་པོའི་རང་བཞིན་གྱིས། ཕཊ྄ཿ རང་རིག་རྡོ་རྗེ་རྣལ་འབྱོར་མས་རོའི་ཐོད་པ་བྲེགས་ཏེ། མདུན་དུ་རང་བྱུང་གི་ཐོད་སྒྱེད་གསུམ་གྱི་ཁར་བཙུགས། ཐོད་པའི་ནང་དུ་བེམ་པོ་བཅུག །ཕཊ྄ཿ གྲི་གུག་གིས་གཏུབ། རླུང་གཡོས། མེ་སྦར། ཤ་ཁྲག་བདུད་རྩིར་ཞུ་ནས་སྤྲུལ་པའི་རྣལ་འབྱོར་མ་དཔག་ཏུ་མེད་པས་ཐོད་པས་བདུད་རྩིར་བཅུས་ནས་ལྷ་ཚོགས་མཆོད་པར་གྱུར། ཞེས་མོས་ལ། ཕཊ྄ཿ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་དཔལ་མགོན་བདུན་ཅུ་རྩ་ལྔ་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། འགྲོ་བ་རིགས་དྲུག་གི་གནས་སྲིད་པ་བར་དོ་དང་བཅས་པ་ལན་ཆགས་གདོན་བགེགས་བུ་ལོན་ཤ་འཁོན་གཉེར་བ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ཕཊཿ གང་མང་དམིགས་པ་མ་ཟིན་བར་དུ་བརྗོད་ཅིང་། གང་ལ་གང་འདོད་རྫས་ཀྱིས་མཉེས་ཤིང་ཚིམ་པར་མོས། རོལ་འཇིགས་སྐྲག་གི་རྣམ་རྟོག་སྤངས་ནས་མགོ་སྔས་བྱས་བཞིན་ཀུན་གཞིའི་རྣམ་ཤེས་ལ་ཤར་བའི་འཇིགས་སྣང་དང་བཙོག་སྣང་གི་གི་རྟོག་པ་ཕྲ་མོ་བག་ལ་ཉལ་བ་ཟིལ་གྱིས་ནོན་པར་བྱས་ནས་རོ་དེ་ཉིད་ཆོས་ཉིད་ཀྱི་རོལ་བར་ཤེས་པའི་ངང་དུ་མཉམ་་པར་བཞག་པས་རོ་ལ་སྐྲག་སྣང་བཙོག་སྣང་མེད་ཅིང་བདེན་མེད་དུ་ཤེས་ནས་བྱམས་དང་སྙིང་རྗེ་ཤུགས་འབྱུང་ལ་སྐྱེས་ན་ཆོད་པ་ཡིན་ནོ། དེ་ཡང་གཅོད་ཚོགས་ཀྱི་དུས་སུ་བསྲུང་བྱ་ཀུན་གྱི་བེམ་རིག་བྲལ་ཏེ་ཕུང་པོའི་མཆོད་སྦྱིན་ལྷན་ཅིག་ཏུ་བྱེད་པ་གནད་ཡིན་ནོ། དེ་ནས་རོ་བསྐུལ་བའི་སྐབས་སུ་བབ་པ་ན། ཕཊཿ རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོ་སྐུ་མདོག་དམར་ནག་མེའི་མདོག་ཅན། ཞལ་གནམ་ས་ཙམ་གདངས་པ་མཆེ་བ་གངས་རི་ལྟ་བུར་གཙིགས་པ། ལྗགས་གློག་དམར་ལྟར་འཁྲུག་པ། དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ། དབུའི་གཙུག་ན་སྟག་ཞལ་དམར་བཀྲས་སྟག་སྐད་འབྲུག་ལྟར་སྒྲོག་པ། ཟ་འདྲེ་ཤི་གཤེད་སྣང་སྲིད་ལྷ་འདྲེ་ཐམས་ཅད་སྔངས་ཤིང་བརྒྱལ་བར་བྱེད་པ། ཞབས་གར་སྟབས་སུ་འགྱིང་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་རང་དབང་མེད་པར་བཀུག་ནས་བམ་རོ་དང་དབྱེར་མེད་དུ་མཆིས་པར་གྱུར། བཛྲ་ཨཾ་གུ་ཤ་ཛཿ ཕཊ྄་ཕཊ྄་ཕཊ྄ཿ རང་ཉིད་མཁའ་འགྲོའི་ཞབས་གནམ་ལྕགས་ཀྱི་ཕུར་པ་རྣོ་ངར་དང་ལྡན་པ་ཟ་འདྲེའི་སྙིང་དཀར་ནག་མཚམས་སུ་གདབ་པར་བསམ་ལ། ཟ་འདྲེ་ཤི་གཤེད་ཐམས་ཅད་མཱ་ར་ཡ། ཕཊ་ཕཊ་ཕཊཿ ཅེས་བརྗོད་པ་དང་ཆབས་གཅིག་རྡོག་ཐོས་བརྒྱབ་པོ། ཕཊ྄ཿ རང་ཉིད་ཡེ་ཤེས་མཁའ་འགྲོའི་ཕྱག་གཉིས་ཀར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལས་རྡོ་རྗེ་མེའི་ཐོག་སེར་འཕྲོས་པས་ཟ་འདྲེ་ཤི་གཤེད་ཐམས་ཅད་རྡུལ་དུ་བརླག་པར་བསམ། ཕཊ྄་ཕཊ྄་ཕཊ྄ཿ ཅེས་ནས་ལྕགས་བརྒྱབ་པོ། ཕཊ྄ཿ རང་ཉིད་དུར་ཁྲོད་ཀྱི་བདག་མོ་སྟག་ཞལ་ཅན་གསལ་བའི་ཕྱག་སོར་ལྔ་ལས་གསེར་གྱི་སྟག་མོ་འཇིགས་ལ་རྔམ་པ་འཕྲོས་པས་བེམ་པོ་དང་ཟ་འདྲེ་དབྱེར་མེད་པའི་སྟེང་ནས་གསིག་བཞིན་ངར་སྒྲ་དང་བཅས་ཏེ་འདྲད་ཅིང་ཧབ་ཐོབ་ཏུ་ཟོས་ཤིང་ལྷག་མ་མ་ལུས་པར་བསམ་ལ། ཕཊ྄ཿ མང་དུ་བརྗོད་ཅིང་ལག་པས་ཅོ་ཏོ་འམ་གཉའ་ཁུང་ནས་གསིག་གོ། ཡང་རང་ཉིད་ཁྲོས་མའི་ཕྱག་གཡས་རྡོ་རྗེས་རོ་དེ་ཕར་འཕེན་ཚུར་འཕེན་བྱེད་པར་བསམ། ཕཊ྄ཿ བརྗོད་བཞིན་ལག་ཆ་ཐོག་ལ་འཕེན་ནོ། དེ་ནས་རོ་སྐྱེལ་བའི་དུས་ཀྱི་དམིགས་པ་ནི། ཕཊ྄ཿ རང་ཉིད་སྟག་གདོང་མ་གནས་གྱུར་ནས་ཡེ་ཤེས་ཀྱི་མཁའ་འགྲོ་དཀར་མོ་ཞི་བའི་ངང་ཚུལ་དང་ལྡན་པ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ་ཁ་ཊཱཾ་ག་ལ་འཁྱུད་དེ་གར་སྟབས་ལིང་ལིང་བྱེད་པར་གྱུར། ཕཊ྄ཿ ཅེས་བརྗོད་ཅིང་། རང་ཉིད་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཐམས་ཅད་ལ་ཟག་མེད་བདེ་སྟོང་གི་མཆོད་པ་ཕུལ། དེ་རྣམས་ཀྱི་ཐུགས་ཀ་ནས་བྱིན་རླབས་ཐུགས་རྗེ་ནུས་མཐུ་ཐམས་ཅད་འོད་ཟེར་བདུད་རྩི་དཀར་པོའི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་རང་ལུས་དཀར་ལྟེམ་གྱིས་གང་། རང་གི་ལུས་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ངང་ན་ར་ར་བབས་ནས་རོ་ལ་ཐིམ་པས་རོ་དེ་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ནུས་སྟོང་དང་ལྡན་པའི་རྐྱལ་བ་གང་དུ་གྱུར། ཕཊ྄ཿ རང་ཉིད་ཁྲོས་མ་གནས་གྱུར་ནས་མ་ཅིག་ལབ་སྒྲོན་སྐུ་མདོག་དམར་མོ་རྒྱན་དང་། ཆ་ལུགས་མ་ཚང་བ་མེད་པ་ཡོངས་སུ་རྫོགས་པར་འཁོར་མཁའ་འགྲོ་འབུམ་གྱིས་བསྐོར་བ་བྲོ་ཁྲིགས་ཁྲིགས་བྱེད་པར་གྱུར། ཌཱ་དྲིལ་ འཁྲོལ་བཞིན་རོ་ལ་སྐོར་བ་བྱེད་ཅིང་། ཕཊ྄ཿ མང་དུ་བརྗོད་ཅིང་རོ་དེའི་ལུས་ཁོལ་བུ་རྣམས་སུ་རྡོག་ཐོ་གསུམ་གསུམ་བརྒྱབ་ཅིང་བདུད་རྩི་རྐྱལ་བ་གང་དུ་བསྒོམས་ལ་ཁྱེར། གལ་ཏེ་ འགོ་ནད་འདྲ་ཡིན་ཡང་ནད་འགོ་བ་མིན་ནོ་སྙམ་པའི་ངང་ནས་ཁྱེར་རོ། ཕྱོགས་བཞི་གང་དུ་བསྐྱལ་ཡང་རང་ཕྱོགས་ཀྱི་མཁའ་འགྲོས་སྣ་ཁྲིད་ནས་ཕྱོགས་དེར་འགྲོ་བསམ་ཞིང་ཐེག །དེ་ཡང་རོ་སྐྱེལ་ས་དུར་ཁྲོད་ན་བཟང་ཞིང་མིན་ཀྱང་དུར་ཁྲོད་དུད་མིགས་ལ་སྐྱེལ་དགོས་ཤིང་། དུར་ཁྲོད་དུ་འགྲོ་ཁར་དམིགས་པ་ནི། ཕཊཿ རང་ཉིད་སྐད་ཅིག་གིས་ཕ་དམ་པ་རྒྱ་གར་མཐིང་ནག་ཨ་ཙ་ར་ཁྲོས་པའི་ཆ་ལུགས་ཅན་དུ་གསལ་བའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་ཞིག་ཐོག་དབལ་ཆད་པ་བཞིན་འཕྲོས་པ་དུར་ཁྲོད་དེར་བབས། རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཨ་ཙར་འཇིགས་སུ་རུང་བ་ཕྱག་གཡས་གྲི་གུག་མེ་དཔུང་འབར་བ་བསྣམ་པ་གཅིག་ཏུ་གྱུར། ཕཊ྄ཿ གྲི་གུག་གིས་དུར་ཁྲོད་ལྷ་འདྲེ་དང་བཅས་ཁ་གཏིང་བཟློག་ཏེ། བཞག་པས་ལྷ་འདྲེ་རྣམས་འགུལ་འཆུག་མེད་པར་བསམ་ལ། དེའི་སྟེང་དུ་ཨ་ཙ་ར་འོད་དུ་ཞུ་ནས་དུར་ས་དེ་བཀབ་པས་སྲ་ཞིང་བརྟན་པ་གཡོ་འགུལ་མེད་པར་གྱུར། ཕཊ྄་ཕཊ྄་ཕཊ྄ཿ དེ་ནས་རོ་གཏོར་བའི་ས་མིག་ཏུ་ཕྱིན་ལ་དབུས་དང་ཕྱོགས་བཞིར་ཐོ་ལྔ་བརྩིགས་ལ་མཁའ་འགྲོ་སྡེ་ལྔར་མོས་ནས་དབུས་ཀྱི་ཐོ་རྩར་རོ་དེའི་ཁ་ནུབ་ཕྱོགས་སུ་བསྟན་ལ་བཞག་ནས། ཟིལ་གནོན་དང་དབང་སྡུད་ནི། ཕཊ྄ཿ རང་ཉིད་སྐད་ཅིག་གིས་མ་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་དམར་མོའི་དབུའི་སྟེང་ན་སྟག་ཞལ་རྔམ་སྒྲ་སྒྲོག་པ། དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོོགས་པ། ཕྱག་ན་གསེར་གྱི་གྲི་གུག་དང་ཐོད་ཁྲག་བསྣམ་པ། གར་སྟབས་སུ་བཞེངས་པའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་ནས་ཟ་འདྲེ་ཤི་གཤེད་རྣམས་རང་དབང་མེད་པར་བམ་རོ་ལ་བསྟིམ་པར་གྱུར། ཕཊ྄ཿཕཊ྄ཿཕཊ྄ཿ ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན༴ ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་བདུད་འདུལ་ཁྲོས་མ་ནག་མོ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པའི༴ ཆོས་ཉིད་འགྱུར་བ་མེད་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་དང་ནུས་པ་ལ་བརྟེན་ནས་གཤིན་པོ་ཚེ་ལས་འདས་པ་འདི་གསོན་གྱི་དུས་སུ་སྲོག་འཕྲོག་ཅིང་། གཤིན་གྱི་དུས་སུ་ཐར་ལམ་བགྲོད་པ་ལ་བར་དུ་གཅོད་པར་བྱེད་པའི་ཟ་འདྲེ་ཤི་གཤེད་དབུགས་ལེན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཤ་ཁྲག་རུས་གསུམ་ཚོགས་པའི་བེམ་པོ་འདི་ལ་ཁུག་ཅིག །དྲི་བཛྲ་ཨ་ཀཪྵ་ཡ་ཛཿ ཨཾ་གུ་ཤ་ཛཿ ཛ་ཧཱུཾ་བཾ་ཧོ། མ་འདི་ནས་ནུབ་ཀྱི་ཕྱོགས༴ སོགས་དབང་སྡུད་ཟིལ་གནོན་གྱི་བསྐུལ་བ་གོང་ལྟར་བཏང་ལ། དེ་ལྟར་གནོད་བྱེད་ཐམས་ཅད་བཀུག་ནས་རོ་ལ་བསྟིམས་པས་དབྱེར་མེད་དུ་དམིགས་ལ། རོའི་ལག་པ་གཡོན་ནས་འཐེན་ལ་གན་རྐྱལ་དུ་བསྒྱུར་ལ། ཕཊ྄ཿ རང་ཉིད་ཁྲོས་མས་རོའི་སྙིང་གར་མནན་པས་དབང་ཆེན་གསེར་གྱི་ས་གཞིར་བཅར་ནས་རྡུལ་དུ་བརླགས་པར་གྱུར། ཕཊ྄ཿ ཕཊ྄ཿ རང་ཉིད་ཁྲོས་མ་སྟག་ཞལ་བཅས་པའི་སྐུ་སྨད་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་རྭ་གདངས་པ་མེ་འབར་བ་རྭ་ཐམས་ཅད་ཕུར་བུའི་རྣམ་པ་ཅན་རྣོ་དབལ་དང་ལྡན་པ། དབུས་རྭ་ཟ་འདྲེ་བམ་རོ་དང་དབྱེར་མེད་ཀྱི་སྙིང་དཀྱིལ་དུ་གཟིར་ཞིང་རྭ་རྣམས་གཡས་འཁོར་གཡོན་འཁོར་བྱས་པས་གནོད་བྱེད་ཟ་འདྲེའི་སྙིང་ཁྲག་ཁ་ནས་ལྷུད་ལྷུད་སྐྱུགས་ཤིང་སྐད་ངན་ཙི་རི་རི་འདོན་བཞིན་ཚེ་བསོད་བཀྲག་མདངས་ཐམས་ཅད་རང་ལ་ཕུལ་བས་བདག་དང་བསྲུང་བྱའི་ཚེ་བསོད་ནམས་རྒྱས་པར་མོས་ལ། ཕཊ྄་ཕཊ྄་ཕཊ྄ཿ ཌཱ་དྲིལ་དཀྲོལ་ཞིང་། ཕཊ྄ཿ ཤར་བྱེད་ཅིང་རྐང་པ་གཡས་བསྐུམ་གཡོན་བརྐྱང་ལ་གཡས་སྐོར་གསུམ། གཡོན་བསྐུམ་ལས་གཡས་བརྐྱང་ལ་གཡོན་སྐོར་གསུམ་བྱི། དེ་ནི་རོ་འདུལ་ཡིན་ནོ། དེ་ནས་རོ་ཐོག་ལ་ཕར་མཆོང་ཚུར་མཆོང་བྱེད་ཅིང་ཟ་འདྲེ་ཤི་གཤེད་ཐམས་ཅད་རོ་ལ་བསྟིམ་མོ། ཕཊ྄ཿ ཕཊ྄ཿ ཕཊ྄ཿ རང་ཉིད་ཁྲོས་མས་རོའི་རྐང་པ་ནས་བཟུང་ནམ་མཁར་ལན་གསུམ་གཡུགས་ཤིང་ལྕགས་བསྲེག་གི་ས་གཞིར་བརྡབས་པས་བམ་རོ་ཟ་འདྲེ་དང་བཅས་པ་བྱ་སྒྲོ་མེ་ལ་བསྲེག་པ་ལྟར་རྡུལ་དུ་བརླགས་པར་གྱུར། ཞེས་བསམ་ལ་རྐང་པ་གཡས་ནས་བཟུང་ལ་ལན་གསུམ་བརྡབ་པོ། ཕཊ྄་ཕཊ྄་ཕཊ྄ཿ རང་ཉིད་མ་ཅིག་སྐུ་མདོག་དམར་མོ་གཟི་འོད་དང་ལྡན་ཞིང་སྟོང་གསུམ་གང་བ། ཉི་ཟླ་ལྟ་བུའི་སྤྱན་བགྲད་ཅིང་། ཁྲོས་པའི་ཆ་ལུགས་དང་ལྡན་པའི་ཐུགས་ཀ་ནས། ལས་གཤིན་སྲིན་པོ་ཁྲོས་པའི་གཟུགས་ལ་མ་ཧེའི་གདོང་པ་ཅན་ཕྱག་ན་སྡིག་གྲི་མེ་འབར་བ་བསྣམས་པ་གཅིག་འཕྲོས། རལ་གྲིས་བམ་རོའི་སྙིང་བཀས་ནས་ཟ་འདྲེའི་སྲོག་དབུགས་སྙིང་ཁྲག་དང་བཅས་པ་ལས་གཤིན་གྱིས་གསོལ་བར་གྱུར། ཕཊཿཕཊཿཕཊཿ རོ་དེའི་སྙིང་ཀ་ནས་བཤའ་ གྲིས་རྒྱ་གྲམ་དུ་གཤགས། ཕཊཿ རང་ཉིད་རྗེ་བཙུན་མ་དམར་མོ་མེ་ཡི་མདོག་ཅན་ཞིང་ལྤགས་ཀྱི་སྟོད་གཡོགས། གཟིག་ལྤགས་ཀྱི་སྨད་དཀྲིས། སྦྲུལ་ནག་གི་སྐ་རགས། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པར་གྱུར། ཕཊ྄ཿ གྲི་གུག་གིས་བམ་རོའི་པགས་པ་ཤག་གིས་གཤགས་ཕྱལ་གྱིས་བཏིང་བ་ལྕགས་བསྲེག་གི་ས་གཞིར་དམར་ལམ་མེར་གསལ། གྲི་གུག་གིས་རྐེད་ནས་གསང་གནས་བར་དུ་གཤགས། ཡན་ལག་ཐམས་ཅད་གཤགས་ནས་ཟ་འདྲེ་ཤི་གཤེད་ཐམས་ཅད་ཟོ་ཁོག་ནང་དུ་ཐིམ་པར་གྱུར། ཕཊ྄ཿ རང་ཉིད་རྗེ་བཙུན་མས་རོ་ཁོག་ནམ་མཁར་བཀྱགས་ནས་ལྕགས་བསྲེག་གི་ས་གཞིར་བརྡབས་པས་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་བསམ། ཕཊ྄ཿ རོའི་ལག་པ་གཡས་ནས་འཇུས་ཏེ་ཁ་སྦུབས་ལ་འཕེན། ཡང་རང་གི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དམར་མོ་གྲི་གུག་ཐོད་ཁྲག་འཛིན་པ་འཕྲོས། བམ་རོ་དང་དབྱེར་མེད་པའི་ཟ་འདྲེའི་སྐེ་རྦད་རྦད་བཅད་པར་བསམ་ལ། སྐེུ་མཚམས་ནས་གཅོད། ཕཊ྄ཿ རང་ཉིད་ཡུམ་ཆེན་མོ་སྐུ་མདོག་མཐིང་ནག་འཇིགས་སུ་རུང་བ་སྤྱན་གསུམ་བགྲད་པ་མཆེ་བ་གཙིགས་ཤིང་། དབུ་སྐྲ་ཁམས་ནག་ནམ་མཁའི་དབྱིངས་སུ་འཁྱིལ་ཞིང་ལྷག་མ་ཐུར་དུ་གྲོལ་བ། སྟག་ཤམ་དང་སྦྲུལ་ནག་ཆུན་པོས་བརྒྱན་པ། སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བ་གཅིག་ཏུ་གྱུར། ཕྱག་གཡས་དགྲ་སྟྭ་ངར་མས་རྐང་བཞི་བཅད་ནས་ཕྱོགས་བཞིའི་ལྷ་འདྲེ་ཀུན་ལ་སྦྱིན་པར་བསམ། དེ་བཞིན་བྱའོ། ཕཊ྄ཿ བཞི་དང་སྦྲགས་ནས་སྦྱིན་པས་ཕྱོགས་བཞིའི་ལྷ་འ དྲེས་ཁྱེར་བར་བསམ་མོ། དེ་ནས་རོ་དེའི་མགོ་ལག་ཏུ་བཟུང་ལ་དགྲ་འདྲེ་བརླག་པའི་ནུས་ལྡན་དུ་བསྒོམས་ལ། ཧཱུཾ། ང་ནི་ཡེ་ཤེས་མཁའ་འགྲོ་སྟེ། །དུར་ཁྲོད་རྗེ་མོ་མཁའ་འགྲོའི་གཙོ། །མ་མོའི་གཙོ་མོ་ཐུན་ཟོར་བདག །ཕྱག་ན་རཱུ་ཏྲའི་ཐོད་ཟོར་ཐོགས། །དྲག་པོ་དབལ་གྱི་ཐོད་ཟོར་འདི། །སྟེང་གི་ལྷ་དང་འོག་གི་ཀླུ། །བར་གྱི་གཉན་ལ་མི་འཕེན་ནོ། །ཞབས་སྐུམས་དབུ་དཔྱད་འཚལ་སྐུ་ཟུར་ཅིག །གལ་ཏེ་སྐུ་ལ་ཕོག་གྱུར་ན། །ང་ནི་མ་ཉེས་མ་ལན་ནོ། །ཉེས་ལན་དགྲ་དང་བགེགས་ལ་ཆོད། ཧཱུཾ། བདག་འཛིན་བསྒྲལ་བའི་མགོ་ཟོར་འདི། །ལྕང་ལོའི་སྤྲིན་ནག་ཐིབས་སེ་ཐིབ། །རྣ་བར་འབྲུག་སྒྲ་འུ་རུ་རུ། །ཁྲག་གི་ཆར་པ་སི་ལི་ལི། །སྡང་མིག་ཚ་ཚ་ཐོ་རོ་རོ། །སྣ་ནས་དུད་པ་ཐུ་ལུ་ལུ། །ཁ་ནས་མེ་འབར་ལྷབས་སེ་ལྷབ། །ལྕེ་ནས་གློག་དམར་ཁྱུགས་སེ་ཁྱུག །ཁ་གདངས་སོ་གཙིགས་ཁྲིགས་སེ་ཁྲིག །འཇིགས་པའི་ཧ་སྒྲ་ཏི་རི་རི། །རཀྴ་སྲིན་པོའི་མགོ་ཟོར་འདི། །སྡང་བའི་དགྲ་དང་གནོད་པའི་བགེགས། །བསྟན་ལ་སྡང་དང་རྣལ་འབྱོར་དགྲ། །གནོད་བྱེད་ཟ་འདྲེ་ཤི་གཤེད་དང་། །ལོག་པར་འདྲེན་པའི་དགྲ་བགེགས་ལ། །དྲག་པོའི་མགོ་ཟོར་ཧྲི་ལི་ལི། །མཱ་ར་ཡ་ཡི་དུས་ལ་བབས། །ཐལ་བའི་རྡུལ་བཞིན་བརླགས་ནས་ཀྱང་། །ནམ་ཡང་ལྡང་མེད་ལས་མཛོད་ཅིག །ༀ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་བྷྱོ་བྷྱོ་ཐུན་ཐུན་དགྲ་ལ་ཐུན། རྦད་རྦད་དགྲ་ལ་རྦད། རཀྴ་མཱ་ར་ཡ་རྦད། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་འཕངས་པས་དགྲ་འདྲེ་ཤི་གཤེད་ཀྱི་སྟེང་དུ་ཐོག་སེར་དུས་གཅིག་དུ་བརྒྱབ་པ་ལྟར་བསྒོམ། འགའ་ཞིག་གི་ཕྱོགས་བཞི་གར་འཕེན་ཟེར་ཡང་། ལུང་པའི་མདའ་ཕྱོགས་སམ་དགྲ་ཡོད་པའི་ཕྱོགས་སུ་འཕེན་ནོ ། དེ་ཡང་པྲ་བརྟགས་ཚུལ་ནི། ཁ་ངོ་ཚུར་བསྟན་ན་ལེགས་ཟེར་ཡང་། དེ་དང་ཁ་སྦུབ་པ་སྤྱི་བོར་ཚུར་བསྟན་འགྲམ་པ་གཡས་གཡོན་གང་རུང་ཕར་བསྟན། སྐེུ་ས་ལ་བཙུགས་ནས་ཁ་ཚུར་ཀྱུ་བ་འདི་རྣམས་ངན་པར་བཤད་ཅིང་། དེ་དག་ལས་ལྡོག་པ་རྣམས་རྟེན་འབྲེལ་བཟང་བར་བརྩི་བ་ཁ་འབར་མའི་ལྟས་བརྟགས་པ་དང་མཚུངས་ཞེས་གསུངས་སོ། ངན་རྟགས་བྱུང་ན་ལན་གསུམ་བསྐྱར། དེ་ནས་བསྟབ་པ་བྱ་བ་ནི། ཕཊ྄ཿ ཐོ་ལྔ་པོ་དང་དབྱེར་མེད་པའི་མཁའ་འགྲོ་སྡེ་ལྔའི་བར་མཚམས་སྟེང་འོག་ཐམས་ཅད་གང་ནས་མཁའ་འགྲོ་སྣ་ཚོགས་མདོག་བྱེ་བ་ཁྲག་ཁྲིག་དང་བཅས་པ་ཐམས་ཅད་ཀྱང་ཤ་ལ་དགའ་བ། ཁྲག་ལ་རྔམ་པ། ཉི་ཟླ་ལྟ་བུའི་སྤྱན། གངས་རི་ཙམ་གྱི་མཆེ་བ། གློུག་དམར་ལྟ་བུའི་ལྗགས་གནམ་ས་ཙམ་གྱི་ཞལ་གདངས་པའི་ནང་དུ་ཟ་འདྲེ་ཤི་གཤེད་ལོག་པར་འདྲེན་པ་ཐམས་ཅད་ད་ལྟར་ཉིད་དུ་བཞེས་ཤིག་རོལ་ཅིག །ཕཊ྄་ཕཊ྄་ཕཊ྄ཿ མགོ་དང་ཡན་ལག་བཞི་པོ་རིམ་བཞིན་བཟུང་ལ། ཕཊ྄ཿ མ་གནམ་སའི་ཞལ་གདངས་གངས་རིའི་ཚེམས། །གློུག་དམར་ལྟ་བུའི་ལྗགས་རྐྱོངས་ལ། །རཱུ་ཏྲའི་ཤ་ཁྲག་བཞེས་པར་མཛོད། །མ་བསྟབ་པོ་བསྟབ་པོ་ཞལ་དུ་བསྟབས། །དུག་ལྔའི་ཕུང་པོ་ཞལ་དུ་བསྟབས། །ལུས་ཤ་ཁྲག་རུས་པའི་ཚོགས་ལ་རོལ། །སེམས་དམིགས་མེད་ཆོས་སྐུར་རྒྱ་ཡིས་ཐོབ། །དཔལ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ། ཕཊ྄ཿ ཅེས་པས་ཐོ་ལྔའི་རྩར་འཕངས་པས་མཁའ་འགྲོ་འཁོར་དང་བཅས་པས་ཧབ་ཐོབ་ཏུ་རོལ་པར་བསམ་ས་ལ་དེ་ནས་བེམ་ཀོག་ལ་འཇུས་ནས། མ་གནམ་ས་ཙམ་གཞལ་གདངས་ཤིང་། གློུག་དམར་ལྟ་བུའི་ལྗགས་རྐྱོངས་ལ། རཱུ་ཌ་བསྒྲལ་བའི་ཁྲག་ཆེན་འདི། སྣ་ཚོགས་མཁའ་འགྲོའི་ཞལ་དུ་བསྟབ། འབྱུང་བཞིའི་ཕུང་པོ༴ ལུས་ཤ་ཁྲག་རུས་པའི་ཚོགས་སུ་རོལ། སེམས་དམིགས་མེད་ཆོས་སྐུར་རྒྱ་བའི་ཐོབ། བདེ་བ་ཆེན་པོ་མཆོག་དངོས་གྲུབ་སྩོལ། ཕཊ྄། ཅེས་དམིགས་མེད་ངང་དུ་བཞག །དེ་ཡན་དམར་བགྱེད་བསྟབ་པའི་རིམ་པའོ། །དེ་ནས་བདུད་རྩི་ཚོང་མཆོད་ལ་བརྟེན་པ་ཟང་འདྲེ་དང་ཁ་བྲལ་ཞིང་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བ་ནི། གཟུགས་ཕུང་གཏོར་བ་སླར་གཅིག་ཏུ་བསྡུས་ལ། རྒྱས་པར་བྱེད་ན་ཚོགས་རྫས་ཀྱང་ཅི་འབྱོར་བཤམས་ལ། གཅོད་གཞུང་གི་ཚོང་ལས་འདམས་ཚོགས་ལས་གུང་སྤྲད་ཤེས་པར་བྱ་ཞིང་། འབྲིང་ལ་གཅོད་གཞུང་གི་ཚོགས་ལས་དང་། བསྡུས་པར་གཞུང་འདི་ཁོ་ནས་ཆོག་གོ །དེ་ལ་ཕུང་པོར་ཆང་ངམ་ཆུ་གཙང་བྲན་ལ། བླ་མེད་ལུང་གི་བདུད་རྩིའི་བྱིན་རླབས་ནི། ༀ་ཨཱཿཧཱུྃ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱིིས་འཁོར་ལོ་རྒྱ་ཆེན་པོ་འདི་ཉིད་ངོ་བོ་རྣམ་པར་དག་ལ་སྐྱེ་བ་མེད་པ་རང་བཞིན་རྣམ་པར་དག་པ་ཨ་ལི་ཀ་ལི་མཚན་ཉིད་རྣམ་པར་དག་པ་ཤ་ལྔར་རྒྱས་བཏབ་འདི་ཉིད་བྱིན་རླབས་ཀྱིས་རྩ་བ་བཀའ་རྒྱུད་བླ་མ་རྣམས་ཀྱིས་ཞལ་དུ༴ མ་ཧཱ་ག་ན། མ་ཧཱ་པུ་ཛ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱིས་ཞལ་དུ༴ སརྦ་པཉྩ༴ མ་ཧ་ག་ན༴ མ་ཧཱ་པུ་ཛ་ཁཱ་ཧི། ཕྲིན་ལས་ཀྱིས་རྩ་བ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཞལ་དུ༴ མ་ཧ་གཱ་ན༴ མ་ཧཱ་པུ་ཛ༴ ཞེས་དང་། མ་ཕྱོགས་བཞིའི་དུར་ཁྲོད༴ སོགས། ཧཱུྃ་ཕྱོགས་བཞི་དབུས་ལྔའི་དུར་ཁྲོད༴ སོགས། ཧཱུྃ་སྐུའི་གསང་བར་སྤྲུལ་པའི༴ སོགས། ཚངས་པར་བྱས་མགོ་བོར་ཡར་བཞག་སྟེ་བྲན་ཚོགས་ཕུད་བྱ། ༀ་ཨཱཿཧཱུྃ་ལན་གསུམ། ༀ་སརྦ་མ་ཧཱ་གུ་རུ་ཨེ་དམ་བྷིང་ཏ་ཁཱ་ཧི་ཟག་མེད་བདུད་རྩིའི་ཚོགས་ཕུད་དམ་པ་འདི་བསྔོ་ཞིང་འབུལ་བའི་གནས་ནི་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོ་བཅོམ་ལྡན་འདས་གྱི་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེང་གེ་ལ་སོགས། གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་ཁཱ་ཧི། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞལ་དུ༴ ཕཊ྄་ཕཊ྄་ཕཊ྄ཿ དེ་ནས་ཁོག་སྟོད་ཡན་གཅོད་དམ་མིན་ཀྱང་གྲིས་ཁྲམ་རེས་བྲིས་ལ། ༀ་ཨཱཿཧཱུཾ། གསུམ། ༀ་བཛྲ་ཝ་ར་ཧི་ཀྲོ་ཏི་ཧ་རི་ནི་ས་ཨ་བེ་ཤ་ཡ་ཨེ་དམ་བྷ་ལིང་ཏ་ག་ཎ་ཙཀྲ་ཁ་ཁ་ཁྷཱི་ཁྷཱི། ཟག་མེད་བདུད་རྩིའི་ཚོགས་ཀྱི་མཆོད་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཡི་དམ་ཁྲོས་མ་ནག་མོ་རིགས་ལྔའི་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། འཇིག་རྟེན༴ དམ་ཚིག༴ ཐམས་ཅད༴ ཤ་ཟ་མཁའ་འགྲོ་ལ་སོགས་དེ། མཁའ་འགྲོའི་ཕོ་ཉ་དང་། གཞན་ཡང་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད། སྤྱི་རྒྱུད། ཡང་སྙིང་གི་རྒྱུད་ལ་སོགས་པ་རྒྱུད་སྡེ་ཆེན་པོ་དྲུག་གི་རྩ་བ་གསུམ་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་ཁཱ་ཧི། ཕཊ྄་ཕཊ྄་ཕཊ྄ཿ ཡང་རོའི་རྐེད་པ་སྔར་བཞིན་གཤར་ལ་བྲན་ནས། ༀ་ཨཱཿཧཱུཾ། ༀ་ཤྲ་ྀམ་ཧ་ཀ་ལ་ཨེ་དམ་བྷ་ལིང་ཏ་ག་ཎ༴ དམ་རྫས་བདུད་རྩིའི་ཚོགས་ཀྱི་མཆོད་པ་འདི་ཉིད་བསྔོ་ཞིང་འབུལ་བའི་གནས་ནི་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ལ་སོགས་པའི་མགོན་པོ་ཕོ་རྒྱུད་དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ལ་སོགས་ལྷ་མོ་མོ་རྒྱུད། གཞན་ཡང་གཅོད་ཡུལ་བརྒྱུད་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི༴ ཡང་ཁོག་སྨད་གཤར་ལ་བྲན་ནས། ༀ་ཨཱཿཧཱུཾ། བདུད་རྩི་ཚོགས་ཀྱི་འཁོར་ལོ་རང་རང་གི་ཡིད་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་འདི་ཉིད་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས་དང་། བགེགས་རིགས་ལན་ཆགས་ཀྱི་བདག་པོ་བདག་མོ་ཁྱད་པར་དུ་ས་ཆ་ཡུལ་རི་འདི་ལ་གནས་པའི་ལྷ་འདྲེ། ལྷ་དང་། བདུད་དང་། བཙན་དང་། གཉན་དང་། ཀླུ་དང་། དམུ་དང་། ས་བདག་དང་། ཕ་རི་ཚུར་རི། མདུན་རི་རྒྱབ་རི་སོགས་དང་། དུར་ཁྲོད་དང་དུར་ས་འདི་ལ་གནས་པའི་ལྷ་འདྲེའི་ཚོགས་མ་ལུས་པ་རྣམས་ལ། ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རང་རང་ཡིད་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་འདི་འབུལ་ལོ། །གཞན་ཡང་བཙན་རྒོད་ཟངས་རི་འཁྱིལ་བ། ཤམ་པོ་གཟའ་བདུད་མགོ་དགུ །ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་། བོད་ཁམས་བསྟན་མ་བཅུ་གཉིས་རྣམས་ཀྱི་ཞལ་དུ༴ གཞན་ཡང་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཟག་མེད་བདུད་རྩི་ཚོགས་ཀྱི་འཁོར་ལོ་རང་རང་གི་ཡིད་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་འདི་འབུལ་ལོ། །སྦྱིན་ནོ། །བསྔོའོ། །ག་ཎ་ཙཀྲ་ཁཱ་ཧི། དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་༴ རིགས་དྲུག་འདོད་པ་ཚིམ༴ ལན་ཆགས་བུ་ལོན་བྱང་༴ རྣམ་བཞིའི་མགྲོན་དུ་གྱུར་པ་ལ། ཚད་མེད་མཆོད་བཞིན་འདི་བསྔོས་པས། ཚེ་འདས་ཚོགས་རྫོགས་སྒྲིབ་བྱང་ནས། མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཕཊ྄་ཕཊ྄་ཕཊ྄ཿ སྐུབས་འདིར་ཤ་ཆང་སོགས་ཚོགས་རྫས་རྣམས་ལ་རོལ་ལ། ཀྱེ་གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། འདི་ལ་ཐེ་ཚོམ་བྱ་མི་རུང་། བྲམ་ཟེ་གདོལ་བ་ཁྱི་དང་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། ཧོཿ རིན་ཐང་མེད་ལ་ལེགས་འོང་ཆེ། གཟུང་འཛིན་མཚན་མ་ཀུན་བྲལ་ནས། བླང་དོར་མེད་པར་དགྱེས་མཆོད་འབུལ། དེ་བཞིན་ཉིད་ལ་བདག་ཕྱག་འཚལ། ཨ་ལ་ལཱ་ཧོ། བླང་ལེན་བྱེད། ༀ་ཨཱཿཧཱུཾ། ཚོགས་ཀྱི་ལྷག་མ་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་པ་འདི་ཉིད་འགྲོ་བ་ཁས་ཞན་ཅིང་དབང་ཆུང་བ་ལྷག་མ་ལ་དབང་བ་རྣམས་ལ་བསྔོས་པས་ཚིམས་པར་གྱིས་ལ་ཟོ་ཞིག་རོལ་ཅིག །ༀ་ཨུ་ཙཥྚ་བྷ་ལིང་ཏ་ཁཱ་ཧི། ཕཊ྄་ཕཊ྄་ཕཊ྄ཿ རང་ཉིད་མཁའ་འགྲོ་དམར་མོ་ལྕགས་ཀྱུ་དང་ཐོད་པ་འཛིན་པའི་འོད་ཟེར་གྱིས་ལྷ་འདྲེ་དང་དུར་སྲི་རྣམས་ཀྱི་ཚེ་བསོད་བཀྲག་མདངས་དཔལ་འབྱོར་ཐམས་ཅད་བསྡུས་ནས་ཐོད་པའི་ནང་དུ་ཐིག་ལེ་དཀར་དམར་མཐིང་གསུམ་དུ་གྱུར་ནས་རང་ཉིད་དང་བསྲུང་བྱ་ལ་ཐིམ་པར་གྱུར་ཅིག །ཕཊ྄ཿ ལན་གསུམ། ཞེས་དངོས་གྲུབ་བླང་ངོ་། དེ་ནས་ཚོགས་བྲོ་བརྡུང་ཞིང་ཚོགས་མགྲོན་གཤེགས་པ་ནི། ཌཱ་དྲིལ་དང་བཅས་ཕྱོགས་བཞིར་ཁ་ཀྱུ་ནས་བྲོ་བརྡུང་་དང་མགྲོན་གཤེགས་མཚམས་ཐོ་རྣམས་བསྒྱེལ་ཞིང་མཁའ་འགྲོ་རྣམས་ཀྱིས་ཚེ་འདས་ཞིང་ཁམས་སུ་ཁྲིད་པར་བསྒོམ་ལ། ཧཱུཾ་ཕྱོགས་བཞི་དབུས་ལྔའི་ཞིང་ཁམས་ནས། རིགས་ལྔའི་མཁའ་འགྲོས་བྲོ་བརྡུངས་བས། ཚེ་འ དས་རིགས་ལྔའི་ཞིང་དུ་དྲོངས། སྐུ་ལྔ་ཐོབ་པར་བྱིན་གྱིས་རློབས། ཕཊ྄་ཕཊ྄་ཕཊ྄ཿ ཕཊ྄ཿ དུར་ས་མི་དམིགས་པ་མཁའ་འགྲོའི་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་རིན་པོ་ཆེ་དང་པད་ཟླའི་ཁྲིའི་སྟེང་དུ་མ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མེ་དཔུང་གི་ཀློང་ན་བཞུགས་པར་གྱུར། ཕཊ྄ཿ རང་ཉིད་ཁྲོས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བཀའ་དང་དམ་ལ་མི་གནས་པའི་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་བཀུག་ནས་མཁའ་འགྲོའི་ཞལ་དུ་བསྟིམས་པས་དངོས་མེད་དུ་བསྲེགས་པར་གྱུར། ཕཊ྄་ཕཊ྄་ཕཊ྄ཿ དུར་གྱི་འོག་ཏུ་ལྕགས་ཁང་གྲུ་གསུམ་ནང་དུ་བཀའ་དང་དམ་ལ་མི་གནས་པའི་གནོད་བྱེད་དུར་སྲི་ཤི་སྲི་ཐམས་ཅད་ཚུད་པར་གྱུར། ཕཊ྄ཿ གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པས་ཁ་བཅད། ཕཊ྄ཿ གཞལ་ཡས་ཁང་མཁའ་འགྲོ་དང་བཅས་པ་གནས་གྱུར་ནས་གསེར་གྱི་མཆོད་རྟེན་བང་རིམ་དགུ་པར་གྱུར་ནས་གནོད་བྱེད་བསྐལ་པའི་བར་དུ་མི་ཐར་བར་མནན་པར་གྱུར། ཕཊ྄ཿ འོ་ས་ཆ་འདི་ན་གནས་པའི་ལྷ་འདྲེ་མཐུ་བོ་ཆེ་ཁྱེད་རྣམས་ཉོན་ཅིག །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི་རྣམས་ཁྱེད་ལ་གཏད་པ་ཡིན་པས་མ་ཤོར་ཅིག །ནོན་ཅིག །ཟུངས་ཤིག །ཆིངས་ཤིག །གལ་ཏེ་ཤོར་ན་ཡེ་ཤེས་ཀྱི་ལྷའི་དམག་འདྲེན། གནམ་ས་ཁ་ཞབས་བཟློག །ཁྲག་སྣས་ཐབ་བཏང་། རྫས་རྒོད་དུད་པས་བདུག་ནས་ཁྱེད་རྣམས་རྡུལ་དུ་བརླག་པས་དེས་ན་མ་ཤོར་ཅིག །ཁྱེད་ལ་མཐུ་སྟོབས་ཅི་འདུག་བལྟ་འོ། ཞེས་འདོད་དོན་བརྗོད། ཕཊ྄ཿ ཕུང་པོ་ཤ་ཁྲག་གི་ལྷག་མ་འདི་ཐམས་ཅད་ཤ་བདུད་རྩིའི་ལོངས་སྤྱོད། ཁྲག་འོ་མའི་རྒྱ་མཚོ་དཀར་གསུམ་མངར་གསུམ། ཙན་དན་གྱི་སྤང་རི། གུར་ཀུམ་གྱི་ནགས་ཚལ། རིན་པོ་ཆེ་འབྲུ་སྨན་དང་། དར་ཟབ་སྣ་ཚོགས་སོགས། ཀླུ་དང་ས་བདག་ཐམས་ཅད་ལ་ཅི་འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་ས་ཕྱོགས་འདི་མེར་གྱིས་ཁེངས་པར་གྱུར་ཅིག །ཕཊ྄་ཕཊ྄་ཕཊ྄ཿ ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པ། རང་དབང་དུ་ནི་སྤྱོད་པར་ཤོག །ཕཊ྄ཿ འདིར་སྨྲས་པ། ཐུགས་རྗེ་ཆེན་པོའི་དངོས་སྤྲུལ་ཨ་རཱ་གས། བཞེད་གཞུང་དཀར་གཅོད་ཞི་དྲག་རྣམ་དག་གཞུང་། མཆོག་དང་ཐུན་མོང་དངོས་གྲུབ་སྒྲུབ་པའི་ཐབས། མང་དུ་མཆིས་པ་དེ་ཀུན་ངོ་མཚར་རྨད། དེ་ལས་གཤིན་པོར་གྱུར་པ་གང་སུ་དག །ལྔ་ལམ་ཞུགས་པའི་གདོས་བཅས་ཕུང་པོ་ཡང་། མཆོད་དང་སྦྱིན་པའི་རྫས་སུ་བསྒྱུར་བ་དང་། གསོན་གཤིན་གཉིས་ཀར་ཕན་བདེ་འབྱུང་བའི་ཕྱིར། དུར་གཅོད་ཞེས་གྲགས་གནོད་བྱ་གནོད་བྱེད་བཅས། ཕྱམ་གཅིག་བདེ་ཆེན་དཔལ་ལ་སྤྱོད་ཕྱིར་དང་། གཅོད་ཀྱི་ཕྲིན་ལས་རྒྱུན་མི་འཆད་པའི་ཕྱིར། དུར་གཅོད་གཞུང་ལས་བྱེ་མར་གསེར་བསྡུས་བཞིན། སྙིང་པོ་བཅུད་དྲིལ་རིན་ཆེན་ཕྲེང་བ་ཉིད། ཀུན་བཟང་གཞན་ཕན་ཞེས་བྱའི་རྣལ་འབྱོར་པས། སྤེལ་བཞིན་ཀུན་བཟང་ཕུན་ཚོགས་ཞེས་བྱ་བས། ཡི་གེར་ཕབས་པའི་དགེ་རྩ་བླ་མེད་ཆབ། ཀུན་མཁྱེན་རྒྱ་མཚོར་རོ་གཅིག་ཕྱིར་བསྔོས་ན། བསྟན་དང་འགྲོ་བ་ཡོངས་ལ་ཕན་པ་དང་། ཁྱད་པར་འདི་ལ་འབྲེལ་ཐོགས་མཆོད་ཡོན་ཀུན། ཕྱམ་གཅིག་ཆོས་སྐུ་ཡུམ་ཆེན་ས་ཐོབ་ཤོག །དགེའོ། དགེའོ། དགེའོ། མང་ག་ལཾ།

པད་མའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས། བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་དཔུང་།

༄༅། །པད་མའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས། བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་དཔུང་བཞུགས།

ཨེ་མ་ཧོ། །ཀ་དག་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ན། །ནང་གསལ་སྐུ་གསུམ་ཀུན་བཟང་ཡབ་ཡུམ་སོགས། །ཆོས་སྐུའི་སྟོན་འཁོར་དཔག་ཏུ་མེད་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རང་བཞིན་ལྷུན་གྲུབ་འགག་མེད་གདངས་ཆེན་ལས། །ཡོངས་ཤར་ལོངས་སྤྱོད་རྫོགས་སྐུ་སྟངས་དཔྱལ་ལྷ། །སྟོན་འཁོར་བསམ་གྱིས་མི་ཁྱབ་བགྲང་ཡས་ལ། གསོལ་བ༴ །རང་བཞིན་སྤྲུལ་སྐུའི་ཞིང་དང་དེར་མཆེད་པའི། །གང་འདུལ་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ན། །བཞུགས་པའི་རྒྱལ་བ་རྒྱ་མཚོ་སྟོན་འཁོར་ལ། གསོལ་བ༴ །རིགས་བརྒྱ་རིགས་ལྔ་རིགས་གསུམ་སྤྱི་དྲིལ་གཟུགས། །དྲུག་པ་རྡོ་རྗེ་འཆང་ཆེན་རྡོ་རྗེ་སེམས། །དབྱེར་མེད་ལྷའི་བུ་དགའ་རབ་རྡོ་རྗེ་ལ། གསོལ་བ༴ སྐུ་གསུམ་སྟོན་པ་གང་ལ་གང་འདུལ་སྐུར། །སྒྱུ་འཕྲུལ་གར་བསྒྱུར་རྫོགས་པ་ཆེན་པོ་ཡི། །སྟོན་པ་བཅུ་གཉིས་འཁོར་དང་ཡང་འཁོར་ལ། གསོལ་བ༴ འཇམ་དབྱངས་ཕྱག་ན་པདྨ་རྡོ་རྗེ་འཛིན། །ཨུ་པ་རཱ་ཛ་འབྱོར་བའི་དབང་པོ་སོགས། །རོ་ལངས་བདེ་བ་རྡོ་རྗེ་བཞད་རྩལ་ལ། གསོལ་བ༴ རིགས་ཅན་དྲ་མ་ལྔ་དང་རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ་ཨིནྟྲ་བོ་དྷི་སོགས། །སྒེག་རྡོར་བུདྡྷ་གུ་ཧྱ་བི་མ་ལ། གསོལ་བ༴ རིམ་དགུའི་ཐེག་པའི་མངའ་བདག་ཨུ་རྒྱན་རྗེ། །རྒྱལ་ཡུམ་མཚོ་རྒྱལ་ལོ་ཆེན་བཻ་རོའི་ཞབས། །པྲཛྙཱ་རསྨི་རྒྱལ་སྲས་རྣམ་གཉིས་ལ། གསོལ་བ༴ ཆོས་དབྱིངས་རང་གྲོལ་ཆེ་མཆོག་འདུས་པ་རྩལ། །འགྱུར་མེད་རྡོ་རྗེ་ཀུན་བཟང་པདྨ་དབང་། །གྲུབ་པའི་དབང་ཕྱུག་གུ་རུ་འོད་ཟེར་ལ། གསོལ་བ༴ བརྒྱུད་པ་དགུ་ལྡན་ཀློ་ཆེན་རབ་འབྱམས་དང་། །དབྱེར་མེད་མཁྱེན་བརྩེའི་འོད་ཟེར་འཇིགས་མེད་གླིང་། །སྨིན་གྲོལ་བཅུད་འཛིན་ཀུན་བཟང་གཞན་ཕན་ལ། གསོལ་བ༴ །ཀུན་ཏུ་བཟང་པོ་ཐོད་ཕྲེང་ཡབ་ཡུམ་དང་། །རྩ་གསུམ་འདུས་པ་རབ་འབྱམས་དཀྱིལ་འཁོར་ལྷ། །གནས་གསུམ་མཁའ་འགྲོ་བཀའ་སྲུང་དམ་ཅན་ལ། གསོལ་བ༴ ཕྱིར་ལྟར་སྒྲོ་འདོགས་ཀུན་གཅོད་བླ་མ་ལ། །བསྟེན་ནས་བརྗོད་བྱ་བསླབ་པ་རྣམ་གསུམ་དང་། །རྗོད་བྱེད་མདོ་རྒྱུད་ཚིག་ལ་གོམས་བྱས་ནས། །བུམ་དབང་ཐོབ་བྱས་བསྐྱེད་རིམ་སྒོམ་ལ་དབང་། །ལྟ་བ་ཀུན་བརྟགས་གཞན་དབང་ཡོངས་གྲུབ་དང་། །གྲུབ་མཐའ་འཁོར་འདས་དབྱེར་མེད་དོན་རྟོགས་ནས། །འདའ་ཀ་འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །འབྲས་བུ་མཁའ་ཁྱབ་སྤྲུལ་པའི་སྐུ་འགྲུབ་ཤོག །ནང་ལྟར་རང་བྱུང་ཡེ་ཤེས་སྟོན་ནུས་པའི། །བླ་མས་གསང་དབང་ཟབ་མོ་ལ་བརྟེན་ནས། །ངག་གི་སྒྲིབ་སྦྱོང་བདག་བྱིན་བརླབ་པའི་ལམ། །ཕྱི་ནང་གསང་བའི་གཏུམ་མོ་སྒོམ་པ་དང་། །ལྟ་བ་རང་བྱུང་ཡེ་ཤེས་མངོན་གྱུར་ཅིང་། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་འདའ་ཀ་མར། །དཔེ་ཡི་འོད་གསལ་བོགས་འདོན་ལམ་བགྲོད་པའི། །ཆ་ལག་རྣམ་པ་གསུམ་ལ་བརྟེན་བྱས་པས། །འབྲས་བུ་མཁའ་ཁྱབ་རྡོ་རྗེའི་གསུང་འགྲུབ་ཤོག །གསང་བ་ལྷན་སྐྱེས་ཡེ་ཤེས་དོན་སྟོན་པའི། །བླ་མས་ཤེས་རབ་ཡེ་ཤེས་དབང་བསྐུར་ལ། །བརྟེན་ནས་ཡིད་ཀྱི་དྲི་མ་དག་བྱས་ཤིང་། །གཞན་ལུས་མུ་ཏྲ་བརྟེན་ལ་དབང་བྱས་ནས། །ལྟ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། །གྲུབ་མཐའ་བདེ་སྟོང་ཟུང་འཇུག་འདའ་ཀ་མར། །དོན་གྱི་རྡོར་སེམས་འབྲས་བུ་མཁའ་ཁྱབ་ཀྱི། །འགྱུར་མེད་ཐུགས་ཀྱི་རྡོ་རྗེ་འགྲུབ་པར་ཤོག །མཐར་ཐུག་དབང་བཞིའི་དེ་ཉིད་དོན་སྟོན་པའི། །བླ་མས་ཚིག་དབང་བསྐུར་ནས་སྒོ་གསུམ་གྱི། །དྲི་མ་ཀུན་སྦྱངས་གནས་ལུགས་ཕྱག་ཆེན་དང་། །ཐོད་རྒལ་སྟོང་པ་རིག་པའི་སྙིང་པོ་ཅན། །ཉམས་སུ་ལེན་པར་དབང་བྱས་ལྟ་བ་ཡང་། །ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དང་། །གྲུབ་མཐའ་བསམ་གྱིས་མི་ཁྱབ་ཟུང་འཇུག་ལ། །འདའ་ཀར་གསང་ཆེན་མ་ཧཱ་མུ་ཏྲའི་ལཾ། །འབྲས་བུ་མཁའ་ཁྱབ་ངོ་བོ་ཉིད་ཀྱི་སྐུ། །མཆོག་ཏུ་མི་འགྱུར་སྟོང་གཟུགས་ཕྱག་རྒྱ་ཆེ། །ཡེ་ཤེས་རླུང་དང་རིག་པར་གྲུབ་པའི་སྐུ། །མཚན་དཔེས་སྤྲས་པ་རང་སྣང་བཞིན་ལེགས་ཅན། །ཁ་སྦྱོར་ཡན་ལག་བདུན་ལྡན་གདོད་མ་ནས། །ལྷུན་གྱིས་གྲུབ་པའི་བདེ་ཆེན་ལྷན་སྐྱེས་ཀྱི། ཡེ་ཤེས་སྐུ་མཆོག་མངོན་དུ་འགྱུར་བར་ཤོག །མདོར་ན་བརྟན་པ་སྣོད་ཀྱི་འཇིག་རྟེན་ཁམས། །བདེ་ཆེན་པདྨ་བཀོད་དུ་འཆར་བ་དང་། །ནང་བཅུད་འཇིག་རྟེན་བདུན་གྱི་གནས་རིགས་ཀུན། །རྩ་གསུམ་ཞི་ཁྲོའི་དལ་དུ་ལྷུན་རྫོགས་ཤིང་། །སྒྲ་གྲགས་གསུང་དང་དྲན་རྟོག་ཐུགས་རྡོ་རྗེར། །སྨིན་ནས་སྲིད་ཁམས་འགྲོ་རྣམས་ཕྱམ་གཅིག་ཏུ། །རིག་འཛིན་པདྨའི་གསང་གསུམ་རྡོ་རྗེའི་སྐུར། །མངོན་འཚང་རྒྱས་ནས་མ་གྱུར་འགྲོ་བའི་ཁམས། །མ་ཟད་དེ་སྲིད་འགྲོ་དོན་མཐའ་ཡས་ཤོག །ཅེས་པདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་དཔུང་འདི་ཉིད་ལོ་ཆེན་བཻ་རོའི་ཐུགས་ཀྱི་འོད་ཟེར་གཏེར་ཆེན་པྲཛྙཱ་ར སྨིའི་བསྟན་འཛིན་དུ་རློམ་པ་འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་དུ་འབོད་པས་སྤེལ་བའི་ཡི་གེ་པ་ནི་རང་སློབ་བློ་གྲོས་བཟང་པོས་བགྱིས་པའི་དགེ་བས་བསྟན་འགྲོ་ཡོངས་ལ་སྨན་པའི་རྒྱུར་གྱུར་ཅིག་གུ། དགེའོ། དགེའོ། དགེའོ། །

ཐུགས་དམ་རྒྱུད་བསྐུལ་གསོལ་འདེབས།

༄༅། ཐུགས་དམ་རྒྱུད་བསྐུལ་གསོལ་འདེབས་ནི། །ཀྱེ་མ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ། །བདག་སོགས་རྗེས་འཇུག་རྣམས་ལ་གཟིགས་མཛོད་དང་། །སྙིགས་མའི་སྐྱོན་གྱིས་ཚེ་བསོད་སྟོབས་འབྱོར་སོགས། །ལུགས་ཟུང་དམན་པར་གྱུར་པ་འདི་སྐྱོབས་མཛོད། །སྔོུན་ཚེ་རྗེ་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། །རྒྱལ་ཀུན་སྤྱི་གཟུགས་འཛམ་གླིང་རྒྱན་མཆོག་ཁྱོད། །གངས་ཅན་ལྗོངས་སུ་སྤྱན་འདྲེན་མ་བྱས་ན། །བོད་ཁམས་ཀླ་ཀློའི་ཡུལ་དང་ཁྱད་ཅི་ཡོད། །ཁྱོད་གཅིག་བྱོན་པའི་བཀའ་དྲིན་སུས་གཞལ་ནུས། །བྷོ་ཊའི་ནག་ཕྱོགས་མི་དང་མི་མིན་ཚོགས། །དབང་བསྡུས་བྲན་བཀོལ་མི་དགེའི་རྒྱུན་བཅད་དེ། །ཐར་པ་དང་ནི་རྣམ་མཁྱེན་སར་བཀོད་པའི། །བཀའ་དྲིན་དྲན་ནོ་བྱམས་བརྩེའི་ཐུགས་རྗེས་གཟིགས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་བཟློག །དབང་སྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ། །ཁྱེད་ཀྱི་གསང་བ་གསུམ་དང་དབྱེར་མེད་མཛོད། །འཕགས་པའི་ཡུལ་དུ་སངས་རྒྱས་བྱོན་པ་ལྟར། །གངས་ཅན་བོད་དུ་ཁྱོད་གཅིག་མ་བྱོན་ན། །གདོང་མར་སྲིན་པོའི་ཡུལ་དང་ཁྱད་ཅི་ཡོད། །ད་དུང་ཐུགས་རྗེས་གཟིགས་དང་གུ་རུ་རྗེ། བཀའ་དྲིན་དྲན་ནོ༴ ཕྱི་ནང༴ དབང་སྐུར་བྱིན་རློབས༴ ཁྱེད་ཀྱི་གསང་བ༴ གང་ཁྱོད་བོད་དུ་མ་བྱོན་སྔོན་རོལ་དུ། །མདོ་སྔགས་ཆོས་ཀྱི་ཟླ་ཉིའི་སྣང་བ་དང་། །རིམ་དགུའི་ཐེག་པའི་སྒྲ་ཙམ་མ་མཆིས་ཀྱང་། །ཁྱོད་ཀྱིས་མཐའ་འཁོབ་འཕགས་པའི་ཡུལ་དུ་བསྒྱུར། བཀའ་དྲིན་དྲན་ནོ༴ ཕྱི་ནང་༴ དབང་སྐུར༴ ཁྱེད་ཀྱི༴ བོད་ཁམས་མུན་པའི་གླིང་གི་སྨག་རུམ་དུ། །ཐུགས་རྗེའི་འོད་སྟོང་སྤྲོ་བ་ཁྱོད་ལས་གཞན། །མེད་ཀྱང་བཀའ་དྲིན་དྲན་པ་ལ་ལ་ཙམ། །འོན་ཀྱང་རྗེས་འཇུག་བུ་རྣམས་ཐུགས་རྗེས་སྐྱོངས། བཀའ་དྲིན་དྲན་ནོ༴ ཕྱི་ནང་གསང་༴ དབང་སྐུར༴ ཁྱེད་ཀྱི༴ དེང་དུས་སྙིགས་མ་ལྔ་ཡི་མར་གཤམ་འདིར། །དུག་ལྔའི་རྩོད་པས་ལོག་ལྟའི་སྐལ་བ་དར། །འདི་འདྲའི་ལས་ངན་ཤར་ཚེ་སུས་སྐྱོབ་ནུས། །མ་ཧཱ་གུ་རུ་རྒྱལ་ཀུན་སྤྱི་གཟུགས་མཆོག །བཀའ་དྲིན༴ ཕྱི་ནང་༴ དབང་༴ ཁྱེད་ཀྱི༴ རྒྱལ་བ་རྒྱ་མཚོའི་མཁྱེན་བརྩེ་ནུས་པའི་སྟོབས། །གོང་བུར་དྲིལ་བའི་སྤྱི་གཟུགས་ཡིད་བཞིན་ནོར། །ཁྱེད་ལས་ལྷག་པ་སྲིད་ཞིའི་ཁམས་ན་དབེན། །འོན་ཀྱང་གཞན་དག་དེ་ལྟར་མི་འདོད་ཀྱང་། བཀའ་དྲིན་དྲན་ནོ༴ ཕྱི་ནང་༴ དབང་སྐུར་བྱིན༴ ཁྱེད་ཀྱི༴ ཁྱོད་ཀྱིས་བོད་ཁམས་ཕུང་བྱེད་དམ་སྲིའི་དཔུང་། །མཐུ་སྟོབས་ནུས་པས་མནན་པའི་ལས་བྱས་ཀྱང་། །གསར་དར་སྔ་འགྱུར་བསྟན་པའི་ཆོམ་པོ་འགས། །བསྟན་པ་དམ་སྲིས་སྤེལ་ཀྱང་ཁྱོད་འགྲན་བྲལ། བཀའ་དྲིན༴ ཕྱི་ནང་༴ དབང་སྐུར༴ ཁྱེད་ཀྱི༴ ད་ལྟའི་དུས་ཀྱི་ཆོས་བརྒྱད་སྟོབས་འབྱོར་གྱིས། །དབུ་འཕང་དགུང་ལ་རེག་རློམ་དྲེགས་པ་ཅན། །འདོད་ཁམས་བདག་པོའི་དབང་གྱུར་མཐོང་ཐོས་ཚེ། །ཁྱོད་ཀྱི་རྗེས་འབྲང་ཁྱོད་ལ་སླར་ཡང་དད། བཀའ་དྲིན༴ ཕྱི་ནང་༴ དབང་སྐུར༴ ཁྱེད་ཀྱི༴ བདག་དང་དུས་ངན་སྐྱེས་བུ་བདག་འདྲའི་ཚོགས། །ཐ་མལ་བསམ་སྦྱོར་ངང་དུ་མི་ཚེ་འཕུལ། །འདི་ལ་མགོན་པོ་ཁྱོད་ག ཅིག་མ་གཏོགས་པ། །གཞན་གྱིས་ཕན་ཐོགས་ཅི་ཡང་མེད་ངེས་ན། བཀའ་དྲིན༴ ཕྱི་ནང་༴ དབང་སྐུར༴ ཁྱེད་ཀྱི༴ ཀྱེ་མ་ཐུགས་རྗེས་གཟིགས་དང་མ་ཧཱ་གུ་རུ་རྗེ། །ཚེ་འདིར་དུས་མིན་འཆི་སོགས་འགལ་རྐྱེན་སོལ། །ཕྱི་མ་མགོན་པོ་ཁྱེད་ཀྱི་གསང་གསུམ་དང་། །དབྱེར་མེད་མཐའ་ཡས་འགྲོ་བའི་དོན་ནུས་མཛོད། །སྐུ་གསུམ་རྒྱལ་བའི་ངོ་བོ་པད་འབྱུང་དང་། །ལུང་རྟོགས་དམ་ཆོས་ཀུན་འདུས་གྲོལ་ཐིག་ཆོས། །དེ་འཛིན་འཕགས་པའི་དགེ་འདུན་ཚོགས་བཅས་ཀྱི། །བདེན་པས་འཕྲལ་ཕུགས་ཀུན་བདེའི་དགེ་ལེགས་མཛོད། ཅེས་ཨོ་རྒྱན་ཆེན་པོའི་ཐུགས་དམ་རྒྱུད་བསྐུལ་གསོལ་འདེབས་འདི་ནི་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་སྤེལ་བའི། ཡི་གེར་འབེབས་མཁན་ཐུགས་མཆོག་རྡོ་རྗེས་བྲིས་པའི་དགེ་བས་འགྲོ་རྣམས་རིག་འཛིན་བླ་མའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །༈ མན་ངག་ཟབ་ཁྱད་བླ་ན་མེད་པ་ཡང་དག་པའོ། ས་མ་ཡཿགུ་ཧྱཿ རྒྱ་རྒྱ་རྒྱཿ འདི་ལ་བརྟེན་ནས་གྲུབ་ཐོབ་མང་པོ་འདུག་གོ། །

གྲོལ་ཐིག་དགོངས་པ་རང་གྲོལ་ལས་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ།

༄༅། གྲོལ་ཐིག་དགོངས་པ་རང་གྲོལ་ལས་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་ནིཿ རང་གི་ལུས་འདི་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུའི་ངང་ནས་ལྕེ་ཉིད་ཤེས་རབ་ཀྱི་རལ་གྲི་སོ་གཉིས་པ་ནམ་མཁའི་མདོག་ཅན་གྱི་དབུས་སུ་དྷིཿཡིག་དམར་གསལ་འོད་ཟེར་ཀུན་ནས་འཕྲོ་བས་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཁྱེན་བརྩེ། འོད་ཟེར་རྣམ་པ་ལྔའི་ཚུལ་གྱིས་བཀུག་ཅིང་བསྟིམས་པས། མགྲིན་པར་སྒྲ་སྙན་སྔོན་པོའི་དབུས་སུ་ཧྲིང་གིས་མཚན་པའི་རྒྱུད་བཞིས་ཐབས་ཀྱིས་རྒྱལ་བ་རྣམས་མཆོད་ཅིང་ཐུགས་རྒྱུད་བསྐུལ་ནས་ངག་གི་དངོས་གྲུབ་ཆར་བཞིན་དུ་བབས་པར། བསམ་ཞིང་ཿ ངག་ཏུ་དྷཱི་དང་ཧྲཱི ང་ཅི་མང་ཡེངས་མེད་དུ་བཟླས། ཤེས་རབ་བསྐྱེད་པར་བྱེད་པའི་སྔགས། ༈ ཧཱུཾ་སི་བུ་སི་བུ་པྲཛྙཱ་ཝརྡྷ་ནིཿཛ་ར་ཛ་ར་མེ་དྷ་ཝ་དྷ་ནི ཿ དྷི་རི་དྷི་རི་བུདྡྷི་ཝརྡྷི་ནི་སྭཱ་ཧཱཿ ༈ ཏད་ཡ་ཐཱཿཁ་ལི་ཁ་ལི་བ་ལི་ཏེ་སྭཱ་ཧཱཿ ༈ ཏཏྱཐཱཿ ཀ་པ་ཙ་ཀརྣ་ལ་ལ་ཏེ་སྭཱ་ཧཱ། རཾ་ཡཾ་ཁཾ། ༀ་ཨཱཿ་ཧཱུཾ། རང་བྱུང་ཐོད་སྣོད་ཡངས་ཤིང་རྒྱ་ཆེ་བར། །སྣང་སྲིད་འཁོར་འདས་བཅུད་བསྡུས་ཛ་གད་སྐྱེམས། །འདོད་ལྔའི་རང་བཞིན་བདུད་རྩིའི་རྒྱ་མཚོ་ཆེ། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །ལུས་ལྷ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ། །འབུལ་ལོ་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་། །རྩ་རླུང་ཐིག་ལེའི་དཔལ་ཡོན་གོང་འཕེལ་ནས། །ཐབས་ཤེས་ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག །ཨེ་མ་ཧོ། །མཆོག་གསུམ་ཀུན་འདུས་བླ་མ། །རིག་འཛིན་འཇིགས་མེད་གླིང་པ། །སྤྱི་གཙུག་རྒྱན་དུ་བཞུགས་ནས། །བྱིན་གྱིས་རློབས་པར་མཛོད་ཅིག །སྡེ་སྣོད་རྣམ་པ་གསུམ་དུ། །སྤང་བྱའི་རྫས་སུ་གསུངས་པ། །མྱོས་བྱེད་ཆང་གི་བཏུང་བ། །གསང་སྔགས་བླ་ན་མེད་པའི། །རྫས་མཆོག་ཕུལ་བྱུང་འདི་ཉིད། །ཉན་རང་བྱང་སེམས་གསུམ་གྱིས། །ཉེས་བྱེད་རྫས་སུ་བཞག་ཀྱང་། །གསང་སྔགས་རྡོ་རྗེའི་ཐེག་པའི། །བུམ་གསང་ཤེར་ཡེ་ཚིག་དབང་། །བཞི་པོ་ཐོབ་པའི་དམ་ཚིག །བསྲུང་བར་དགོས་སམ་མི་དགོས། །དགོས་ན་བཟའ་བཏུང་གང་ཡང་། །མི་གཙང་འཛིན་པ་བྲལ་བཞིན། །ཚོགས་འཁོར་ཚུལ་དུ་རོལ་ཞེས། །གསུངས་པའི་དོན་དེ་ཤེས་དགོས། །འོན་ཀྱང་སློབ་དཔོན་པདྨས། །མྱོས་བྱེད་བག་མེད་བཏུང་ནས། །སྔུགས་པ་བཟི་བར་གྱུར་ན། །ངུ་འབོད་དམྱལ་བར་འགྲོ་གསུངས། །དེ་དོན་དྲན་བཞིན་མྱོས་བྱེད། །དམ་རྫས་ཙམ་ཞིག་བརྟེན་ཀྱང་། །ཧ་ཅང་བག་མེད་བཏུང་ནས། །ར་རོར་གྱུར་པའི་སྐྱོན་གྱིས། །སྤང་བླང་འཛོལ་ཞིང་དམ་ཚིག །ཡལ་བར་དོར་ནས་འཛིང་རྩོད། །ཀུ་ཅོ་སྨྲ་ལབ་མང་པོ། །བྱེད་ལ་གཞན་གྱིས་འཕྱ་ཞིང་། །རང་ལུགས་བསྟན་པའི་རྐང་འདྲེན། །བྱེད་མི་རུང་པ་དྲན་མཛོད། །ལྟ་སྒོམ་གནད་སོང་སྔགས་པས། །གང་ཞིག་ཆང་སོགས་ཉེས་པ། །མཁའ་ལ་ཆབ་གཏོར་བཞིན་དང་། །འདམ་སྐྱེས་པདྨ་ཇི་བཞིན། །སྐྱོན་གྱིས་གོས་པར་མི་འགྱུར། །དེ་ཕྱིར་རིམ་གཉིས་གནད་ལ། །གོམས་པའི་ནུས་ལྡན་སྔགས་པས། །མི་དགེ་སྤྱོད་ཀྱང་དགེ་ལ། །འགྱུར་བར་ར་ལོ་ཆེན་པོས། །རྡོར་འཛིན་བཅུ་གསུམ་གཙོར་བྱས། །འགྲོ་མང་འཚོ་བ་བསྟུངས་ཀྱང་། །སྒྲིབ་པར་མ་གྱུར་ཇི་བཞིན། །སོམ་ཉི་དགོས་པ་མིན་ཀྱང་། །དེ་མཚུངས་ནུས་ལྡན་དཀའ་བས། །ད་ལྟའི་སྔགས་མིང་འཛིན་རྣམས། །བསྐྱེད་རྫོགས་བཟླས་པར་བརྩོན་བཞིན། །རྒྱུ་འབྲས་སྤྱི་དང་ཁྱད་པར། །དམ་ཚིག་སྲོག་ལྟར་བསྲུངས་ནས། །བཟའ་བཏུང་སྲེད་ལེན་དབང་གིས། །ཤ་ཆང་ཚོགས་འཁོར་བཤམས་ཀྱང་། །བསམ་བཞིན་སྲོག་གཅོད་སྤང་དང་། །ཆང་ཡང་བག་མེད་མི་བཏུང་། །བསྐྱེད་རྫོགས་སྒོམ་དང་བཟླས་པར། །ཡེངས་མེད་རྩེ་ཅིག་འབུངས་དང་། །སྔུགས་པ་མིང་དོན་འབྲེལ་ཡོང་། །ངོ་མཚར་རྨད་དུ་བྱུང་ཞིང་། །ཕུལ་བྱུང་རོ་བརྒྱ་ལྡན་པའི། །བདུད་རྩི་ཆང་གི་བཏུང་བ། །འདི་ཡི་ཁུངས་དང་ལོ་རྒྱུས། །ཅུང་ཟད་ཙམ་ཞིག་གླེང་ན། །ཡེ་གཞི་སྟོང་ཆེན་དབྱིངས་ལས། །ཡེ་ཤེས་བག་ལ་ཉལ་དེ། །རླུང་གིས་བསྐྱོད་པའི་རྩལ་ལས། །བདག་འཛིན་གཉིས་པོ་བྱུང་ཞིང་། །དེ་ལས་ཕྱི་ནང་འབྱུང་ལྔ། །ཕྲ་རགས་ཚུལ་གྱིས་འབྱུང་བཞིན། །ཆོས་དབྱིངས་ནམ་མཁའི་ཁམས་ནས། །ཐབས་མཆོག་བདུད་རྩིའི་ཆར་རྒྱུན། །ཤེས་རབ་དབྱིག་འཛིན་དགའ་མའི། །ལྟོ་བ་དགའ་བསྐྱེད་ཞིང་སར། །བབ་ཚེ་འབྲས་དྲུག་མྱུ་གུ། །སྨིན་པ་ཆོས་ཉིད་ཟས་སུ། །ཆོས་ཅན་མེས་བསྐོལ་ཆུས་བཙོས། །སྐུལ་བཟང་གདུལ་བྱའི་སྣོད་དུ། །ཡོངས་བླུགས་དབང་བཞིའི་ཕབས་ཀྱིས། །བྲན་ཚེ་བསྐྱེད་རྫོགས་དྲོད་ཀྱིས། །ལེགས་བསྐྱེད་མྱོས་བྱེད་བདུད་རྩི། །མངོན་སུམ་མལ་ནས་ལངས་པ། །རྣམ་དག་ཆོ་གའི་ཆབ་ཀྱིས། སྦྱང་སྤེལ་བསྒྱུར་བའི་ཕུད་སྐྱེམས། །སྒོ་གསུམ་དཀྱིལ་འཁོར་གསུམ་དུ། །གནས་གྱུར་སྔགས་པས་བཞེས་ཚེ། །ལུས་ལྷ་རྒྱལ་བ་ཞི་ཁྲོའི། །ལྷ་ཚོགས་འཁོར་འདས་མཉེས་ནས། །མཆོག་ཐུན་དངོས་གྲུབ་རྒྱ་ཆེན། །ཐོབ་པ་དང་ནི་ཆབས་ཅིག །རབ་འ བྱམས་ཕྲིན་ལས་འགྲུབ་འདི། །ཨེ་མ་ངོ་མཚར་རེ་ཆེ། །འབྱུང་འགྱུར་སྐལ་བཟང་གདུལ་བྱ། །གསང་སྔགས་རྡོ་རྗེའི་ཐེག་པའི། །རྩེ་མོ་ཨ་ཏི་ཡོ་གའི། །ལྟ་སྒོམ་སྤྱོད་གསུམ་ཉམས་སུ། །བླངས་འབྲས་མངོན་དུ་གྱུར་ནས། །བསྟན་འགྲོར་ཕན་དང་བདེ་བའི། །ཡིད་བཞིན་ནོར་བུར་གྱུར་ཅིག །འདི་ཉིད་རེ་སྐོང་སྔགས་པ། །མཐུ་སྟོབས་རྡོ་རྗེས་བསྐུལ་ངོར། །རྡོ་བླ་བྱང་ཆུབ་རྡོ་རྗེས། །སྨྲས་འདི་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

སྡོམ་འབྱུང་ལས་་་་

༈ སྡོམ་འབྱུང་ལས། །ཧ་གསུམ་མ་སོགས་དང་བྲལ་བར། །ཅི་སྟེ་དམ་ཚིག་ཅན་གྱིས་འཐུང་། །དེ་ནི་དུག་འགྱུར་ཐེ་ཚོམ་མེད། །སྔུགས་ཀྱི་དངོས་གྲུབ་མི་འབྱུང་ངོ་། ཞེས་དང་། ༢ རྒྱུད་ལས། །སུ་ཞིག་ཆང་གིས་མྱོས་གྱུར་པ། །འདི་ལ་གེགས་ནི་མང་པོ་འབྱུང་། །སྔུགས་པ་ཆང་གིས་མྱོས་གྱུར་གང་། །ངུ་འབོད་གནས་སུ་འཚོད་པར་འགྱུར། ཞེས་པ་དང་། ཇི་སྐད་དུ། ལུང་ལས། །སྙིགས་མ་ལྔ་བདོར་གྱུར་པའི་དུས། །གསང་སྔགས་དམ་རྫས་ཤ་ཆང་ལ། །སྤྱོད་དུ་རུང་བའི་ཁུངས་སྨོས་ཏེ། །རིག་འཛིན་ཉམས་ཀྱི་དྲོད་མེད་པར། །ཤ་ཁྲག་ཆང་ལ་ཐམས་ཅད་སྦྱོར། །འདི་ཡང་དམ་ཚིག་མེད་དོ་ཞེས། །ཆོས་བཞིན་སྤྱོད་རྣམས་ཐབས་ཀྱིས་སྨོད། །དེ་འདྲ་བསྟན་པའི་མཐའ་རུ་འབྱུང་། །ཀྱེ་མ་ཀྱི་ཧུད་དམྱལ་བ་ལས། །འགྲོ་ས་མེད་དོ་སྙིང རེ་རྗེ། ཞེས་གསུངས་སོ། །

༄༅། །ཨ་ཧོ། རྒྱལ་ཀུན་འདུས་པའི་བདག་ཉིད་གུ་རུ་མཚོ་སྐྱེས་ཀྱི་རྡོ་རྗེ། །བདེ་སྟོང་མཆོག་གི་གཟུངས་མ་མཁར་ཆེན་ཡེ་ཤེས་ཀྱི་མཚོ་རྒྱལ། །ཟུང་འཇུག་ལོགས་ན་མེད་དོ་ཀུན་མཁྱེན་ཀློང་ཆེན་གྱི་རབ་འབྱམས། །ཁམས་གསུམ་འགྲོ་བའི་བླ་མ་གྲུབ་དབང་མཁྱེན་བརྩེ་ཡི་འོད་ཟེར། །གསང་ཆེན་བསྟན་པའི་མངའ་བདག་རིག་འཛིན་ཀུན་བཟང་གི་གཞན་ཕན། །བྱང་ཆུབ་སེམས་ཀྱི་གདུང་འཛིན་གཞོན་ནུ་དྲི་མེད་ཀྱི་ཟླ་ཤར། །དྲུག་ལྡན་བརྒྱུད་པའི་བླ་མར་སྙིང་ནས་གསོལ་བ་ཞིག་འདེབས་ན། །མི་མངོན་གདོད་མའི་དབྱིངས་ནས་ཐུགས་རྗེའི་སྤྱན་གྱིས་ནི་གཟིགས་ལ། །བློ་གྲོས་མཆོག་གི་སྣང་བ་ལན་བུའི་ཤེས་རྒྱུད་ལ་བསྩལ་ཞིང་། །བསྒོམ་མེད་རྫོགས་པ་ཆེན་པོ་ཨ་ཏི་བློ་འདས་ཀྱི་ལྟ་བ། །སྣང་སེམས་དུ་མ་རོ༷་ཅིག༷་འཁོར་འདས་དབྱེར་མེད་ཀྱི་ངང་ནས ། །སྤྲོས༷་བྲ༷ལ་ཀ་ནས་དག་པ་གདོད་མའི་ནང་གསལ་གྱི་དབྱིངས་སུ། །རྩེ༷་གཅིག༷་གཞོན་ནུ་བུམ་སྐུར་གྲོལ་བར་བྱིན་གྱིས་རང་རློབས་ཤིག །དེ་སྲིད་བླ་མས་རྗེས་བཟུང་མ་ནོར་ལམ་མཆོག་ལ་ཞུགས་ནས། །བདག་དོན་ཆོས་སྐུའི་རང་ཞལ་འོད་གསལ་རྫོགས་ཆེན་དང་མཇལ་ཞིང་། །གཞན་དོན་སྙིང་རྗེ་འབྱོངས་བར་དབྱིངས་ནས་བྱིན་གྱིས་རང་རློབས་ཤིག །ཅེས་པའང་སྒོམ་ཆེན་པ་པུནྱེ་རཏྣའི་བཀའ་མ་ལྡོག་ཙམ་དུ་གཞོན་ནུ་དྲི་མེད་ཟླ་ཤར་གྱིས་བྲིས་པ་དགེའོ། །

སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཟའ་བ་སྤྱི་དང་ཁྱད་པར་ཤ་བྱིན་གྱིས་བརླབས་ཤིང་ཚོགས་སུ་བསྔོ་བ།

༄༅། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཟའ་བ་སྤྱི་དང་ཁྱད་པར་ཤ་བྱིན་གྱིས་བརླབས་ཤིང་ཚོགས་སུ་བསྔོ་བ་ནི། །དང་པོ་སྐྱབས་སེམས་དང་ཤཱཀྱ་ཐུབ་པ་འོད་དཔག་མེད་སྨན་ལྷ་ཀུན་རིགས་མི་འཁྲུགས་པ་སོགས་ཀྱི་མཚན་བརྗོད་རེ་དང་སོ་སོའི་གཟུགས་སྔགས་སྦྲགས་ལ་བཏོན་ནས། །གཞན་ཡང་ཡིག་བརྒྱ་སོགས་གཟུངས་སྔགས་གང་ཤེས་བརྗོད་ཅིང་མཐར། རཾ་ཡཾ་ཁཾ་གིས་དངོས་འཛིན་གྱི་དྲི་མ་བསྲེགས་གཏོར་སྦྱངས། ༀ་ཨཱཿཧཱུཾ། གིས་འདོད་དགུའི་རྫས་སུ་བྱིན་གྱིས་བརླབས་ནས། ཨེ་མ་ཧོ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཤ་ཆང་ལ་སོགས་ལོངས་སྤྱོད་རྫས། །ངོ་བོ་རྣམ་དག་སྐྱེ་མེད་དབྱིངས། །རང་བཞིན་དབྱངས་དང་གསལ་བྱེད་འཕྲུལ། །མཚན་ཉིད་ཤ་ལྔ་བདུད་རྩི་ལྔའི། །དངོས་པོར་བྱིན་གྱིས་བརླབས་པ་ཡི། །འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འདི། །བསྔོ་ཞིང་འབུལ་བར་བྱེད་པའི་ཡུལ། །མཁྱེན་བརྩེ་ནུས་ལྡན་བླ་མ་དང་། །གྲུབ་གཉིས་མངའ་བདག་ཡི་དམ་ལྷ། །མཐུན་བསྒྲུབ་འགལ་སྤོང་མཁའ་འགྲོ་དང་། །ཆོས་སྲུང་དམ་ཅན་ཚོགས་ལ་འབུལ། །བཞེས་ནས་ཤ་ཟོས་རྣམས་ཀྱི་གཙོའི། །འགྲོ་རྣམས་བྱང་ཆུབ་མཆོག་ཐོབ་མཛོད། །མ་ཧཱ་ག་ཎ་ཙཀྲ་པུ་ཛ་ཧོཿ ཞེས་དང་། །ཧོ་བཟའ་བཅའ་བཏུང་བ་ཡང་དག་རྫས། །གདོད་ནས་ཚོགས་ཀྱི་འཁོར་ལོ་ཆེ། ༀ་ཨཱཿཧཱུཾ་དང་ཧ་ཧོ་ཧྲཱིཿ །ཟག་མེད་བདེ་ཆེན་བདུད་རྩིར་བསྒྱུར། །བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱི་སྒྲིབ་པར་མི་འགྱུར་ཞིང་། །གཏན་པ་མེད་པའི་སྦྱིན་བདག་ཀྱང་། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཟས་ཀྱི་བྱ་བ་གྲུབ་མཐར ། །ལྟུང་བཤགས་ ཚར་ཅི་ནུས་དང་བསྔོ་སྨོན་སོགས་ཀྱང་བྱའོ། ཞེས་པ་འདི་ཡང་ཡབ་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་དང་འགྲོ་འདྲེན་ཨོ་རྒྱན་ནོར་བུ་དང་སེམས་དཔའ་ཆེན་པོ་བླ་མ་བསྟན་སྐྱོང་གྱིས་བཞེད་ངོར་རྡོ་བླ་འདུ་ཤེས་གསུམ་པས་བྲིས་པའི་དགེ་བས་འབྲེལ་ཐོགས་རྣམས་བདེ་ཆེན་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །དགེའོ། དགེའོ། དགེའོ། །

སྐུ་གསུམ་ཁྱུང་གི་དབང་ཆོག་སྣང་སྲིད་ཟིལ་གནོན།

ཧྲྀཿ སྐུ་གསུམ་ཁྱུང་གི་དབང་ཆོག་སྣང་སྲིད་ཟིལ་གནོན་བཞུགསཿ ཿ

ཧྲྀཿ ན་མོ་ཛྙཱ་ན་ག་རུ་ཊ་ཡེཿ ཡེ་ཤེས་ཁྱུང་གི་བྱིན་རླབས་ནིཿ གཞུང་བཞིན་དཀྱིལ་འཁོར་དགྲམ་ནས་སུཿ བུམ་པ་ཟུང་དང་གཏོར་མ་དང་ཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྟེནཿ བསྟར་ལ་ཆོ་ག་གཞུང་བཞིན་དུཿ བཏང་ནས་བདག་བུམ་བཟླས་པ་དང་ཿ མཆོད་བསྟོད་བདག་དབང་བླངས་སོགས་བྱཿ དེ་རྗེས་ཁྲུས་བསྐྲད་སྲུང་འཁོར་བཅསཿ སྤྱི་དང་མཐུན་པར་བཏང་ནས་སུཿ ཆོས་བཤད་མཎྚལ་ཕུལ་གྲུབ་ནསཿ གསོལ་བ་འདི་བཞིན་གདབ་པར་བྱཿ ཧོཿ དུག་ལྔའི་རང་གཟུགས་ཀླུ་རིགས་ལྔཿ འཇོམས་བྱེད་ཡེ་ཤེས་ཁྱུང་ཆེན་དང་ཿ རིགས་ལྔའི་རྒྱལ་བ་དབྱེར་མེད་ཕྱིརཿ གསོལ་བ་འདེབས་སོ་དབང་བསྐུར་སྩོལཿ གསུམ་བརྗོད་བླ་མས་ལན་འདི་གདབཿ ཧོཿ སྣང་ཞིང་སྲིད་པའི་ཆོས་སོ་ཅོགཿ མ་རིག་གཉིས་ཀྱི་རྒྱུ་རྐྱེན་གྱིསཿ བསྡུས་ཕྱིར་གཏི་མུག་ཀླུ་གདོན་ཚོགསཿ གཞོམ་ནུས་ཡེ་ཤེས་ཁྱུང་ཆེན་གྱིཿ དབང་བསྐུར་དམ་པ་ཁྱོད་ལ་སྦྱིནཿ བྱ་ཁྱུང་རང་རྒྱུད་མ་ཡིན་ཏེཿ སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིནཿ ཡིན་ཕྱིར་ལམ་གྱི་རིམ་པ་རྣམསཿ དེར་བགྲོད་ཐབས་སུ་ཤེས་བྱས་ནསཿ དམ་སྡོམ་གནས་ཀུན་བསྲུང་བར་བྱོསཿ ཞེས་བརྗོད་སྐྱབས་སེམས་ཡན་ལག་བདུནཿ སྤྱི་ལྟར་བླངས་རྗེས་ཡེ་ཤེས་དབབཿ སྔུགས་བརྗོད་དྲངས་བསྟིམ་བརྟན་པར་བྱཿ དེ་ནས་བུམ་པའི་དབང་བསྐུར་ནིཿ ཧཱུཾཿ དབྱིངས་ཆེན་བུམ་པའི་གཞལ་ཡས་ནསཿ རིག་པ་ཡེ་ཤེས་བྱ་ཁྱུང་ལྷཿ ཆུ་ཟླ་ཇི་བཞིན་གསལ་བའི་སྐུརཿ མཁྱེན་བརྩེ་ནུས་པའི་བདུད་རྩིའི་རྒྱུནཿ བབས་པས་གདུག་པའི་ཀླུ་གདོན་སོགསཿ སྡུག་བསྔལ་རྒྱུ་འབྲས་དག་གྱུར་ཅིགཿ ཁྲོཾ་བཛྲ་ག་རུ་ཎ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུཾཿ སྔུགས་བཅས་བརྗོད་པས་བུམ་ཆུ་སྦྱིནཿ དེ་ནས་སྔགས་ཀྱི་དབང་བསྐུར་ནིཿ སློབ་དཔོན་ཐུགས་ཀའི་སྔགས་ཕྲེང་ལསཿ སྔུགས་ཕྲེང་ལུ་གུ་རྒྱུད་ཀྱི་ཚུལཿ འཕྲོས་ཏེ་སློབ་མའི་ཁར་ཞུགས་པསཿ སྙིང་གར་འཁོར་ལས་སྣ་ཚོགས་འོདཿ ཡར་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུསཿ མར་འཕྲོས་འགྲོ་བའི་ལས་ཉོན་སྦྱངསཿ བར་དུ་ཀླུ་གཉན་དྲེགས་པ་ཅནཿ སྔུགས་མེས་བསྲེགས་པའི་དྭངས་མའི་གཟུགསཿ འོད་གོང་རྣམ་པའི་རང་ཉིད་ཀྱིཿ ཐུགས་སྲོག་ལ་བསྟིམ་ཏིང་འཛིན་ངང་ཿ རྩ་སྔགས་རྗེས་ཟློས་ལན་གསུམ་བྱཿ ཁྲོཾ་བཛྲ་ག་རུ་ཎ་ནཱ་ག་སརྦ་མཱ་ར་ཡ་ཧཱུཾ་ཕཊཿ གཤམ་བུ་བཅས་པའང་འདི་བཞིན་སྦྱརཿ ༀ་ནཱ་ག་ཏེ་ཙནྡྷེ་ཙནྡྷེ་མི་ལི་མི་ལིཿ བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱཿ ༀ་ནག་པོ་ཀཱ་ལ་རཀྴ་རྦད་རྦད་སོད་སོད་ཕྱུང་ཕྱུང་ཿ སྤུ་གྲི་ཟངས་ཟངས་ལྕགས་ཀྱི་སྡེར་མོས་གནོད་བྱེད་ཀླུ་གཉན་གྱི་སྙིང་ལ་ཟུང་ཟུང་ཿ ནཱ་ག་བྱི་ར་ཡ་སོདཿ ནཱ་ག་བྱེ་མ་ལམ་སོད་སྭཱཧཱཿ རྣོ་སོ་ནིཿ ༀ་ཨག་ཙེ་ཁྱུང་རཾ་ཐིས་ཐུན་ཁྱུང་ཁ་ལ་རཀྴ་ཁྱུང་ནི་ནཱ་ག་ཛྭ་ལ་ཐིས་ཐུན་སྭཱ་ཧཱཿ ཐུགས་ཀྱི་དབང་བསྐུར་སློབ་བུ་རྣམསཿ བྱ་ཁྱུང་བསྐྱེད་རིམ་གསལ་བྱས་ནསཿ སྐུ་ལས་འཇིག་རྟེན་ཁྱབ་ པའི་མེཿ འཕྲོས་ཏེ་སྣང་སྲིད་ཡོངས་སྦྱངས་ནསཿ བརྟན་གཡོའི་འཇིག་རྟེན་མི་དམིགས་ངང་ཿ ཁྱུང་ཆེན་སྐུ་ཡང་ཁྲོཾ་ཡིག་ཏུཿ བསྡུས་ཏེ་དེ་ཡང་དམིགས་བྲལ་ངང་ཿ དར་ཅིག་མཉམ་པར་བཞག་པའོཿ ཞེས་པསཿ ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བའི་སྟོང་པར་གྱུརཿ སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་ཡེ་ཤེས་ཀྱི་བྱ་ཁྱུང་ཀླུ་བདུད་རྡོ་རྗེ་མགོ་བོ་དང་རྐང་ལག་གནམ་ལྕགས་ལུས་པོ་ཟངསཿ གཤོག་པ་ལྕགསཿ རལ་པ་དང་མཇུག་སྒྲོ་རལ་གྲིཿ བ་སྤུ་རྣམས་རྡོ་རྗེ་ཕྱེད་པཿ སྤྱན་མེ་ཤེལཿ མཆུ་ཕ་ལམ་གྱིས་ས་བདག་ཀླུ་གཉན་སྦྲུལ་གྱི་གཟུགས་ཅན་དབད་བཞིན་ཟ་བཿ ཐུགས་ཀར་པད་ཉི་ལ་ཁྲོཾཿཡིག་དམར་ནག་མཆོང་སྨུག་གི་མདོག་ཅན་གསལ་བར་གྱུརཿ དེ་ལྟར་གསལ་བའི་སྐུ་ལས་མཆེད་པའི་མེ་རི་དང་མེ་དཔུང་ཆེན་པོ་སྲིད་པའི་གཏོས་དང་མཉམ་པ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་སྦྱངས་ནས་ནམ་མཁའི་རང་བཞིན་དུ་གྱུརཿ བདག་ཉིད་ཁྱུང་ཆེན་དུ་གསལ་བ་ཡང་རིམ་གྱིས་བསྡུས་ཏེ་ཁྲོཾཿཡིག་ལ་ཐིམ་དེ་ཡང་མི་དམིགས་པ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་གོཿ ཡོན་ཏན་དབང་ཡང་སྔར་བཞིནཿ སློབ་བུ་བྱ་ཁྱུང་གསལ་པའིཿ སྐུ་ཡི་འོད་ཀྱིས་སྲིད་དང་ཞིའིཿ མཐུ་ནུས་སྟོབས་རྩལ་ཀུན་བསྡུས་ཏེཿ བསྟིམས་པས་ཁྲོ་རྒྱལ་བྱ་ཁྱུང་གིཿ དཔལ་ཡོན་མ་ལུས་ཐོབ་པར་བསམཿ སྔུགས་བརྗོད་ནོར་གཟུགས་ལག་ཏུ་གཏདཿ འཕྲིན་ལས་དབང་བསྐུར་གཏོར་མ་ལཿ ཁྱུང་སྐུ་བཙུགས་པ་མགོར་བཞག་ནསཿ ཧཱུཾ་རྟེན་མཆོག་གཏོར་མའི་གཞལ་ཡས་ནཿ བརྟེན་པ་སྐུ་གསུམ་ཁྲོ་རྒྱལ་ཁྱུང་ཿ སྣང་ལ་རང་བཞིན་མ་གྲུབ་པཿ དབྱིངས་ཀྱི་ལྷ་དང་དབྱེར་མེད་པའིཿ དབང་འདི་ཁྱོད་ལ་བསྐུར་བར་བྱཿ དབང་མཆོག་འདི་བསྐུར་བྱིན་ནུས་མཐུསཿ གཏི་མུག་ཀླུ་གདོན་གཞོམ་པ་དང་ཿ དྲེགས་པའི་སྟོང་སྲོག་ཕྲོག་ནུས་པཿ ཁྲོ་རྒྱལ་ཁྱུང་བཞིན་མངོན་གྱུར་ཤོགཿ རྩ་སྔགས། ཀཱ་ཡ་ཝཱཀྐ་ཙིཏྟཿ གུ་ཎ་ཀརྨཱས་བྱིན་གྱིས་བརླབསཿ དེ་ལྟར་ཁྲོ་རྒྱལ་བྱ་ཁྱུང་གི་དབང་བསྐུར་ཐོབ་ནས་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་ངོ་སྙམ་པས་འདིའི་རྗེས་བཟློས་མཛོདཿ གཙོ་བོའི་ཇི་ལྟར་བཀའ་སྩལ་པཿ དེ་དག་ཐམས་ཅད་བདག་གིས་བགྱིཿ དབང་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལཿ མཐར་བཀྲ་ཤིས་ཅི་རིགས་དང་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོཿ དེ་ལྟར་ཁྲོ་རྒྱལ་བྱ་ཁྱུང་གིཿ དབང་བསྐུར་སྣང་སྲིད་ཟིལ་གནོན་འདིཿ ཀུན༵་བཟ༵ང་སྤྱོད་པའི་བརྟུལ་ཞུགས་ལཿ གོམ་འདེགས་གཞ༵ན་ཕ༵ན་བསམ་སྤྱོད་ཅནཿ རྣལ་འབྱོར་འདུ་ཤེས་གསུམ་པ་དེསཿ དབྱིངས་རིག་ཁྱུང་དུ་རྟོགས་ཚུལ་གྱིཿ བྲིས་འདིས་ཡོངས་ལ་སྨན་གྱུར་ཅིགཿ ཡི་གེའི་གཟུགས་སུ་ངོམ་བྱེད་པཿ ཀུན་བཟང་འཆི་མེད་ཡིན་ནོ་དགེ། མངྒ་ལཾ།

དམ་ཆོས་བདེ་ཆེན་ལམ་མཆོག་ལས་བླ་སྒྲུབ་དངོས་གྲུབ་རྒྱ་མཚོ་བྱིན་རླབས་ཆར་རྒྱུན།

༄༅ཿ དམ་ཆོས་བདེ་ཆེན་ལམ་མཆོག་ལས་བླ་སྒྲུབ་དངོས་གྲུབ་རྒྱ་མཚོ་བྱིན་རླབས་ཆར་རྒྱུན་བཞུགསཿ

ཧྲིཿ བྱིན་རླབས་དངོས་གྲུབ་ཆུ་གཏེར་ལཿ གནས་བཅས་དཔལ་མགོན་ཀླུའི་དབང་པོཿ ཐེག་མཆོག་ཨ་ཏིའི་གཙུག་ནོར་ཅནཿ དགོས་འདོད་ཀུན་འབྱུང་གང་དེར་འདུདཿ དེ་ལ་ཡང་རྗེ་བཙུན་བླ་མ་བསྒྲུབ་པར་འདོད་པས་སྔོན་འགྲོ་དལ་དང་མཆོད་རྫས་སོགས་སྤྱི་ལྟར་ལཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ ན་མོ། རང་སེམས་ངོ་བོ་ཆོས་ཀྱི་སྐུཿ རང་གདངས་འགག་མེད་ལོངས་སྤྱོད་རྫོགསཿ རང་རྩལ་འགྲོ་འདུལ་སྤྲུལ་པའི་སྐུཿ སྐུ་གསུམ་བླ་མར་སྐྱབས་སུ་མཆིཿ གཉིས་པ་སེམས་བསྐྱེད་པ་ནིཿ ཧྲཱིཿ མཁའ་མཉམ་འགྲོ་ཁམས་དམིགས་མེད་ཀྱིཿ སྙིང་རྗེ་ཆེན་པོས་ཡོངས་ཁྱབ་ནསཿ བདག་མེད་རྣམ་གཉིས་དོན་རྟོགས་བཞིནཿ གཉིས་འཛིན་ལས་འདས་སེམས་མཆོག་བསྐྱེདཿ གསུམ་པ་ཡན་ལག་བདུན་པ་ནིཿ ཧྲཱིཿ མཆོག་དམན་མཉམ་པས་ཕྱག་འཚལ་ཞིང་ཿ དངོས་འཛིན་བྲལ་བའི་མཆོད་ཚོགས་འབུལཿ སྒྲིབ་ཚོགས་རང་བཞིན་མེད་པར་བཤགསཿ དགེ་སྡིག་བྲལ་ལ་རྗེས་ཡི་རང་ཿ འགྱུར་མེད་རྡོ་རྗེའི་ཆོས་འཁོར་བསྐོརཿ སྐྱེ་འཆི་མཚན་མ་བྲལ་བཞིན་བཞུགསཿ འཁོར་གསུམ་ཡང་དག་བསྔོ་བ་བགྱིཿ བཞི་པ་ལོག་འདྲེན་བསྐྲད་པ་ནིཿ ཧྲཱིཿ ཀུན་བརྟགས་ཉོན་མོངས་དུག་ལྔའི་རྒྱུསཿ བསྐྱེད་པའི་གཞན་དབང་གདོན་བགེགས་དཔུང་ཿ ཡོངས་གྲུབ་སྡང་མེད་ཁྲོ་མཚོན་མེསཿ དངོས་ཞེན་བུད་ཤིང་ལྷག་མེད་གཞོམཿ ཧཱུཾ་ཧཱུཾ་ཨུ་ཙ་ཏ་ཡ་ཕཊ྄ཿ ལྔ་པ་སྲུང་འཁོར་ནིཿ ཧཱུཾ་རང་རིག་ཡེ་ནས་བདག་མེད་ལཿ བདག་འཛིན་བགེགས་ཀྱིས་གླགས་མི་རྙེདཿ མཚམས་བྲལ་རྡོ་རྗེའི་ཆོས་བདུན་ལཿ ཀུན་རྫོབ་མཚན་མས་འཚེ་བ་བྲལཿ བཛྲ་རཀྵ་ཧཱུཾཿ དྲ྄ུག་པ་བྱིན་འབེབས་ནིཿ ཧྲཱིཿ ཆོས་ཉིད་མངོན་སུམ་ཞིང་ཁམས་ནསཿ ཚོགས་ལམ་བླ་མས་བྱིན་ཆེན་ཕོབསཿ ཉམས་སྣང་གོང་འཕེལ་ཞིང་ཁམས་ནསཿ སྦྱོར་ལམ་བླ་མས་བྱིན་ཆེན་ཕོབསཿ རིག་པ་ཚད་ཕེབས་ཞིང་ཁམས་ནསཿ མཐོང་ལམ་བླ་མས་བྱིན་ཆེན་ཕོབསཿ ཆོས་ཉིད་ཟད་པའི་ཞིང་ཁམས་ནསཿ བསྒོམ་ལམ་བླ་མས་བྱིན་ཆེན་ཕོབསཿ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནསཿ མི་སློབ་བླ་མས་བྱིན་ཆེན་ཕོབསཿ ལུས་ལ་སྐུ་ཡིས་བྱིན་གྱིས་རློབསཿ རགས་ལུས་འཇའ་སྐུར་གནས་འགྱུར་མཛོདཿ ངག་ལ་གསུང་གིས་བྱིན་གྱིས་རློབསཿ རྡོ་རྗེའི་སྒྲ་རུ་གནས་འགྱུར་མཛོདཿ ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབསཿ ཀ་དག་ལྷུན་གྲུབ་དོན་རྟོགས་མཛོདཿ སྣང་སྲིད་སྤྲུལ་སྐུར་བྱིན་གྱིས་རློབསཿ ཚོགས་དྲུག་དབྱིངས་སུ་དག་པར་མཛོདཿ རྟོག་ཚོགས་ལོངས་སྐུར་དག་པར་མཛོདཿ ལྷུན་གྲུབ་གྲོལ་གཞིར་དབྱེར་མེད་མཛོདཿ ཀུན་གཞི་ཆོས་སྐུར་བྱིན༴ གདོད་མའི་གནས་ལུགས་མངོན་གྱུར་མཛོདཿ བཛྲ་ས་མ་ཡ་ཕེམ་ཕེམ་ཛ་ཛཿ བདུན་པ་མཆོད་པ་བྱིན་བརླབ་ནིཿ ༀ་ཨཱཿཧཱུཾཿ བརྟན་གཡོ་ཕྱི་ནང་སྣོད་བཅུད་ཀུནཿ སྤྲུལ་སྐུའི་མཆོད་པ་བླ་ན་མེདཿ ཕུང་ཁམས་སྐྱེད་མཆེད་དབང་ཡུལ་ཆོསཿ ལོངས་སྐུའི་མཆོད་པ་བླ་ན་མེདཿ ལྷན་སྐྱེས་ཀུན་བརྟགས་མ་རིག་གཞིཿ ཆོས་སྐུའི་མཆོད་པ་བླ་ན་མེདཿ དངོས་བཤམས་ཡིད་སྤྲུལ་སྣ་ཚོགས་རྫསཿ རྟེན་འབྲེལ་མཆོད་པ་བླ་ན་མེདཿ བླ་མེད་མཆོད་པ་འཛིན་མེད་འདིསཿ སྐུ་གསུམ་རྒྱལ་བ་མཉེས་གྱུར་ཅིགཿ སརྦ་པུཙྪ་ས་མ་ཡེ་ཨཱཿཧཱུཾཿ དེ་ཡིས་སྔོན་འགྲོའི་འདོན་ཆ་རྫོགསཿ དངོས་གཞི་ལ་ཡང་དང་པོ་ལྷ་བསྐྱེད་ནིཿ ཧྲཱིཿ ཀ་དག་དེ་བཞིན་ཉིད་དབྱིངས་ལསཿ ལྷུན་གྲུབ་དམིགས་མེད་སྙིང་རྗེའི་མདངསཿ རྩལ་སྣང་མཁའ་དབྱིངས་འཇའ་ཚོན་བཞིནཿ རང་བྱུང་གཞལ་ཡས་ཁང་ཆེན་པོཿ ཡེ་ཤེས་ལྔ་ཡི་རང་བཞིན་གྱིཿ སྒོ་གྲུ་རྟ་བབས་མཚན་ཉིད་སོགསཿ མ་ཚང་མེད་པའི་དཔལ་ཡོན་ལྡནཿ རྟོགས་པའི་འོག་མིན་དེ་དབུས་སུཿ རྡོ་རྗེ་གསུམ་དང་མངོན་བྱང་ལྔའིཿ ཆོས་རྣམས་ཡོངས་རྫོགས་པད་ཉི་ཟླའིཿ སྟེང་དུ་རྩ་བའི་བླ་མ་མཆོགཿ སྨིན་གྲོལ་གདམས་པའི་དྲིན་ཐོབ་ཀྱིཿ བླ་མ་ཀུན་དང་དབྱེར་མེད་པཿ རྒྱལ་ཀུན་ཡེ་ཤེས་ཀློང་གཅིག་བཞིནཿ རིགས་འདུས་མགོན་པོ་རྡོ་རྗེ་འཆངཿ པདྨ་འབྱུང་གནས་སྐུ་མདོག་དང་ཿ རྒྱན་དང་ཆ་ལུགས་ཡོངས་རྫོགས་ལྡནཿ དེ་ཡི་གཙུག་ནས་ལས་རིམ་གྱིཿ ནམ་མཁའི་རྣལ་འབྱོར་ཀུན་མཁྱེན་རྗེཿ མ་ཧཱ་གུ་རུ་རྗེ་འབངས་གྲོགསཿ ཕྱག་ན་པདྨ་འཆི་མེད་མགོནཿ མཐའ་སྐོར་གྲུབ་ཆེན་བརྒྱད་ཅུ་དང་ཿ རྗེ་འབངས་ཉེར་ལྔ་བཀའ་གཏེར་དང་ཿ དག་སྣང་བརྒྱུད་པའི་བླ་མ་རྣམསཿ དབྱིངས་སྣང་འཇའ་ཚོན་སྣམ་བུའི་སྟེང་ཿ རྒྱ་མཚོར་གཟའ་སྐར་སྣང་བའི་དཔེསཿ ཐ་མལ་གཙོ་འཁོར་ལྟར་མིན་པརཿ གཙོ་བོ་གཅིག་པོའི་ཆོ་འཕྲུལ་གྱིསཿ ཉི་མ་དང་ནི་འོད་ཟེར་བཞིནཿ སྣང་ལ་རང་བཞིན་མེད་པར་གསལཿ གཉིས་པ་སྤྱན་འདྲེན་པ་ནིཿ ཧྲཱིཿ གཞི་དབྱིངས་ཀ་དག་ཕོ་བྲང་ནསཿ ཆོས་སྐུའི་བླ་མ་སྤྱན་འདྲེན་གཤེགསཿ དབྱིངས་སྣང་ལྷུན་གྲུབ་ཕོ་བྲང་ནསཿ ལོངས་སྐུའི་བླ་མ་སྤྱན་འདྲེན་གཤེགསཿ རྩོལ་བྲལ་ཐུགས་རྗེའི་ཕོ་བྲང་ནསཿ སྤྲུལ་སྐུའི་བླ་མ་སྤྱན་འདྲེན་གཤེགསཿ རང་སྣང་དག་པའི་ཕོ་བྲང་ནསཿ འགྲོ་འདུལ་བླ་མ་སྤྱན་འདྲེན་གཤེགསཿ གང་འདུལ་གདུལ་བྱའི་ཞིང་ཁམས་ནསཿ མ་ངེས་བླ་མ་སྤྱན་འདྲེན་གཤེགསཿ ཀ་དག་ལྷུན་གྲུབ་སར་གཤེགས་པའིཿ སྔུར་འདས་བླ་མ་སྤྱན་འདྲེན་གཤེགསཿ གདན་གསུམ་དཀྱིལ་འཁོར་འཚོ་གཞེས་པའིཿ ད་ལྟའི་བླ་མ་སྤྱན་འདྲེན་གཤེགསཿ གདུལ་བྱ་སོ་སོའི་རེ་སྐོང་བའིཿ འབྱོན་འགྱུར་བླ་མ་སྤྱན༴ བདེ་གཤེགས་སྙིང་པོ་དབྱེར་མེད་པའིཿ རྩ་བའི་བླ་མ་སྤྱན་འདྲེན་གཤེགསཿ ལྷུན་གྲུབ་ཐུགས་རྗེ་ལས་མཆེད་པའིཿ བརྒྱུད་པའི་བླ་མ་སྤྱན༴ འཕགས་བོད་ལ་སོགས་འཇིག་རྟེན་གྱིཿ མཁས་ཤིང་གྲུབ་བརྙེས་ཚོགས་རྣམས་དང་ཿ ལམ་ལྔར་ཞུགས་གནས་འབྲས་སྨིན་པའིཿ ས་བཅུའི་དཔལ་ཡོན་ལྡན་རྣམས་དང་ཿ གཞན་ཡང་དངོས་དང་བརྒྱུད་ནས་སུཿ གཞན་ཕན་ཁུར་གྱིས་མི་ངལ་ཚོགསཿ རྩ་གསུམ་ཆོས་སྐྱོང་དཀར་སྐྱོང་བཅསཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ དད་པའི་འབྲས་བུ་ཆུད་མ་གསནཿ དག་སྣང་མོས་གདུང་དོན་མ་སྟོརཿ དམ་ཚིག་མྱུ་གུ་མངོན་སྨིན་མཛོདཿ སརྦ་མ་ཧཱ་གུ་རུ་བཛྲ་ས་མ་ཡ་ཛ་ཛཿ ཞེས་སྤྱན་དྲངས་ནས་གསུམ་པ་བཞུགས་སུ་གསོལ་བ་ནིཿ ཧྲཱིཿ དབྱིངས་སྣང་ལྷུན་གྲུབ་དཀྱིལ་འཁོར་ལྷཿ དམ་ཡེ་དབྱེར་མེད་ཆོས་ཉིད་ལཿ ཆོས་ཉིད་རོལ་པའི་ངང་ཉིད་དུཿ ཐ་མི་དད་པར་བཞུགས་སུ་གསོལཿ བཛྲ་ས་མ་ཡ་ཏིཥྛ་ལྷནཿ བཞི་པ་ཕྱག་འཚལ་བ་ནིཿ ཧྲཱིཿབདག་ཉིད་དམན་པའི་འཛིན་སེམས་དང་ཿ ལྷ་ལ་མཆོག་འཛིན་གཉིས་སྣང་སེམསཿ ཆུ་ལ་བྲིས་པའི་གཟུགས་བརྙན་བཞིནཿ རིག་ངོར་གཅིག་པས་ཕྱག་འཚལ་ལོཿ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ ལྔ་པ་ཕྱི་ནང་གི་མཆོད་པ་འབུལ་བ་ནིཿ ཧྲཱིཿ ཆོས་བརྒྱད་ཆོད་པའི་གདུང་སེལ་རྒྱུནཿ དགེ་བཅུའི་འདབ་རྒྱས་པུཥྤ་ཀཿ སྡོམ་གསུམ་དྲི་འཐུལ་སྤོས་ངད་ལྡནཿ གཏི་མུག་མུན་སེལ་ཨ་ལོ་ཀེཿ བཟང་དགུའི་དྲི་ལྡན་གཙང་མའི་ཆབཿ ལྷ་མིའི་བཟའ་བཅའ་སྣ་ཚོགས་ཟསཿ འབྱུང་བཞིའི་སྒྲ་དང་རོལ་མོའི་སྐདཿ ཕྱི་ཡི་མཆོད་པའི་རིགས་གྱུར་ཀུནཿ འབུལ་ལོ་ཕྱི་ལྟར་གཟུང་ཡུལ་སེམསཿ རང་གྲོལ་རྒྱལ་བའི་ཞིང་མངོན་མཛོདཿ ཨརྒྷཾ། པཱཏྱཾ། པུཥྤེ། དྷུཥྤེ། ཨཱ་ལྐཻ། གྷནྡྷེ། ནེ་ཝི་ཏེ། ཤབྟ་ཨཱཿཧཱུཾཿ ཧྲཱིཿ མིག་ཤེས་འཇུག་ཡུལ་མཛེས་པའི་གཟུགསཿ སྒྲ་འཛིན་ཚིམ་བྱེད་སྙན་པའི་སྒྲཿ དྲི་འཛིན་མཉེས་བྱེད་བསུང་ཞིམ་ངདཿ རོ་འཛིན་བརྟས་བྱེད་སྣ་ཚོགས་ཟསཿ ལུས་དབང་དགའ་བྱེད་རེག་འཇམ་ཡུལཿ ཡིད་ཤེས་བདེར་སྦྱོར་དཔལ་ཡོན་ཆོསཿ ཐམས་ཅད་ལྷ་དང་ལྷར་སྦྱོར་ནཿ མ་དག་རྟོག་ངན་གནས་གྱུར་ནསཿ དག་ཆེན་ཡེ་ཤེས་ཀློང་དུ་གྱུརཿ རཱུ་པཿ ཤབྟཿ གྷནྡྷེཿ རཱ་སཿ སྤཪྴེཿ དྷརྨཱཿ དྷཪྟུ་ཨཱཿཧཱུཾཿ དྲུག་པ་སྨན་རཀ་གཏོར་གསུམ་ནིཿ ཧྲཱིཿ ཉོན་མོངས་བདུད་འཇོམས་མྱོང་གྲོལ་སྨནཿ སྲིད་གསུམ་ཡོངས་བསྒྲལ་ཁྲག་ཆེན་པོཿ ཆགས་སྡང་བྲལ་བའི་བཱ་ལིང་ཏཿ བླང་དོར་མེད་པའི་ངང་ནས་འབུལཿ སརྦ་པཉྩ་རཀྟ་བཱ་ལིང་ཏ་ཁཱ་ཧིཿ བདུན་པ་སྦྱོར་སྒྲོལ་མཆོད་པ་ལ་དང་པོ་ནིཿ ཧྲཱིཿ ཤེས་རབ་ཡུམ་གྱི་རེག་བྱའི་མེསཿ ཐབས་མཆོག་ཡབ་ཀྱི་ཟླ་བའི་ཁམསཿ བཞུས་པའི་བཅུ་དྲུག་དགའ་བའི་རྒྱུནཿ འབུལ་ལོ་སྡུག་བསྔལ་བདེ་བར་སྦྱོརཿ མ་ཧཱ་སུ་ཁ་པུཙྪ྄་ཧོཿ གཉིས་པ་ནིཿ ཧྲཱིཿ འཁོར་བའི་ས་བོན་ཀུན་གཞི་ཡིདཿ འཁྲུལ་རྐྱེན་བདག་འཛིན་རྣམ་གཉིས་ལསཿ བྱུང་བའི་ངན་སོང་གསུམ་དང་ནིཿ ཞིང་བཅུའི་དགྲ་སོགས་བསྒྲལ་མཆོད་བཞེསཿ ནྲྀཿཏྲི་མ་ར་ཡ་ཕཊ྄་ཁཱ་ཧིཿ བརྒྱད་པ་བསྟོད་པ་བྱ་བ་ནིཿ ཧྲཱིཿ གཞི་དབྱིངས་འཁོར་འདས་ཡེ་སྟོང་ཀྱང་ཿ གཞི་སྣང་ཤེལ་འོད་ནང་ཐིམ་བཞིནཿ གཞོན་ནུ་བུམ་སྐུ་ཀུན་ཏུ་བཟང་ཿ སྐུ་ལྔའི་བདག་ཉིད་ལ་ཕྱག་འཚལཿ ཧྲཱིཿ གཞི་གདངས་ལྷུན་གྲུབ་ཕྱིར་གསལ་མདངསཿ ལོངས་སྐུའི་རྟེན་དང་བརྟེན་པར་བཅསཿ མཁའ་དབྱིངས་དབང་གཞུས་བཀབ་པ་བཞིནཿ ངེས་པ་ལྔ་ལྡན་ལ་ཕྱག་འཚལཿ ཧྲཱིཿ གཞི་རྩལ་ལོངས་སྐུའི་གཟའ་སྐར་གཟུགསཿ རྟོག་མེད་རྒྱ་མཚོར་སྣང་བ་བཞིནཿ རང་བཞིན་སྤྲུལ་པའི་སྐུར་སྣང་བཿ ཕྱེད་སྤྲུལ་ལོངས་སྐུ་ལ་ཕྱག་འཚལཿ ཧྲཱིཿ དྲུག་ལྡན་བླ་མ་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་སྤྲུལ་འཁོར་བཅསཿ འཕངས་བོད་མཁས་ཤིང་གྲུབ་བརྙེས་ཀྱིཿ རིས་མེད་བླ་མ་ཡོངས་ཕྱག་འཚལཿ ཀུན་མཁྱེན་ཡེ་ཤེས་མཁའ་དབྱིངས་སུཿ བྱམས་བརྩེའི་འོད་ཟེར་སྟོང་འབར་གཟིསཿ བློ་གྲོས་པད་ཚལ་རབ་བཞད་པའིཿ ཀུན་བཟང་གཞན་ཕན་ལ་ཕྱག་འཚལཿ གཞན་ཡང་བཀའ་གཏེར་དག་སྣང་གིཿ བླ་མ་དམ་པའི་ཚོགས་རྣམས་དང་ཿ འགྲོར་ཕན་གང་ན་བཞུགས་སོ་ཅོགཿ དེ་དག་ཐམས་ཅད་ལ་ཕྱག་འཚལཿ དགུ་པ་བཤགས་པ་ནིཿ ཧྲཱིཿ སྐུ་གསུམ་རྒྱལ་བའི་ལྷ་ཚོགས་ཀུནཿ རང་སེམས་ངོ་བོར་དབྱེར་མེད་ཀྱང་ཿ ཐ་དད་གཟུང་་འཛིན་ནོངས་པའི་རིགསཿ རྨི་ལམ་སད་ལྟར་དབྱིངས་སུ་ཡལཿ ཨ་ཨ་ཨཱཿ བཅུ་པ་བཟླས་པར་འཇུག་པའི་སྔོནཿ གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་ནིཿ ཨེ་མ་ཧོཿ དཔལ་རྒྱལ་བ་ཀུན་འདུས་བླ་མ་རྗེཿ དུས་ད་ལྟ་དྲན་པའི་ཨ་དཪྴརཿ དཔེ་ཆུ་ཟླ་ཇི་བཞིན་ལྷམ་མེར་གསལཿ བདག་གུས་པས་གསོལ་འདེབས་དབྱངས་འདིར་གསོནཿ སྔོུན་རྣམ་དཀར་ཅུང་ཟད་བསགས་འབྲས་ཀྱིསཿ དུས་ད་ལྟ་མི་ལུས་ཐོབ་མོད་ཀྱང་ཿ ཚེ་མི་རྟག་འདི་ལ་ཡིད་མ་ཆེསཿ དོན་དེ་ཕྱིར་བླ་མའི་ཐུགས་རྗེས་གཟིགསཿ བདག་དེ་སྔོན་བགྲང་བྱ་མང་འདས་ཀྱང་ཿ སྒོ་གསུམ་པོ་ཐ་མལ་ངང་དུ་ལུསཿ དགྲ་འཆི་བདག་བྱུང་ན་ཅི་ཙུག་བྱེདཿ ཕ་བླ་མའི་ཐུགས་རྗེས་སྐྱོངས་མཛད་གསོལཿ ཆོས་ཐོས་བསམ་བསྒོམ་ལ་ཞུགས་རློམ་ཡང་ཿ དོན་རང་རྒྱུད་ཐ་མལ་ལུས་འདིས་སྐྱོཿ ཕ་བླ་མ་དུས་གསུམ་ཀུན་མཁྱེན་གྱིསཿ བདག་ཡལ་བར་མ་འདོར་ཐུགས་རྗེས་སྐྱོངསཿ གནད་རང་སེམས་སྐྱོང་རློམ་བློ་ཡོད་ཀྱང་ཿ དགྲ་རྣམ་རྟོག་ལྐོག་འགྱུའི་རྐུན་བུ་འདིསཿ ནོར་རང་རིག་རྐུ་དོགས་འཕྱང་མོ་ཉུགཿ དོན་དེ་ཕྱིར་འཁྲུལ་མིན་དབྱིངས་གྲོལ་མཛོདཿ དོན་བལྟ་བྱ་ལྟ་བྱེད་འདྲེས་རློམ་ཡང་ཿ ཡེངས་མ་ཡེངས་སྤྲིན་བར་ཉི་མ་བཞིནཿ དོན་བལྟར་མེད་དོན་ལ་གནས་པ་དཀའཿ རྗེ་བླ་མས་ཡེངས་མེད་རང་གྲོལ་མཛོདཿ ལར་རྣམ་རྟོག་རྗེས་དེད་རྒྱུན་སྐྱོང་དང་ཿ ཉམས་བདེ་གསལ་རྟོག་མེད་དོན་གཉེར་བཿ ཀུན་ཕྱག་རྫོགས་དབུ་གསུམ་དོན་དང་རིང་ཿ དོན་དེ་ཕྱིར་ཀུན་བཟང་བླ་མ་རྗེསཿ བདག་བློ་བྲལ་དོན་དང་མཇལ་བར་མཛོདཿ བློས་དཔྱད་པས་བློ་བྲལ་ཡིན་རློམ་ཡང་ཿ རྐྱེན་བཟང་ངན་བདེ་སྡུག་ཐོག་བབས་དུསཿ བློ་མ་བྲལ་ཆགས་སྡང་རེ་དོགས་ཀྱིཿ བློའི་འཚུབ་མས་གནས་ལུགས་རྒྱང་དུ་བསྲིངསཿ དོན་དེ་ཕྱིར་ཀུན་བཟང་བླ་མ་རྗེསཿ བློས་བཟུང་མིན་སྤྲོས་ལས་འདས་པའི་དོནཿ གནད་དུ་མ་རོ་གཅིག་དོན་རྟོགས་མཛོདཿ ཚུལ་དེ་ལྟར་རྟོགས་ཀྱང་བསྒོམ་བྱ་དང་ཿ སྒོམ་བྱེད་བློའི་གཉིས་འཛིན་མ་ཞིག་གམཿ ཡང་ན་ནི་ཐ་མལ་འཁྲུལ་འབྱམས་དང་ཿ སྐྱོན་འདི་གཉིས་ཀྱིས་གནས་ལུགས་དོན་ལ་གོལཿ དོན་དེ་ཕྱིར་ཀུན་བཟང་བླ་མ་རྗེསཿ གནད་ཡེངས་མེད་སྒོམ་མེད་དོན་རྟོགས་མཛོདཿ མདོར་ཕྱག་ཆེན་སྣང་བ་རྒྱས་འདེབས་དང་ཿ དབུ་མ་མཐའ་བརྒྱད་སྤྲོས་བྲལ་བཿ རྫོགས་ཆེན་གདོད་ནས་རྣམ་གྲོལ་དོནཿ དོན་སེམས་ལས་འདས་པའི་རིག་པར་འདུསཿ དེར་འདུས་བཞིན་གོལ་འཕྱུག་མེད་པ་ཡིཿ དོན་མངོན་སུམ་རྟོགས་པར་བྱིན་གྱིས་རློབསཿ ཞེས་དང་བསྡུས་པ་ལ་དགའ་ནཿ མཆོག་གསུམ་རྩ་གསུམ་ཀུན་འ དུས་རྗེཿ དྲིན་ཅན་རྩ་བའི་བླ་མ་ལཿ དད་གུས་མོས་པས་གསོལ་བ་འདེབསཿ མཆོག་ཐུན་དངོས་གྲུབ་ཡོངས་སྩོལ་ཅིགཿ གང་མང་བརྗོདཿ བཅུ་པ་འཛབ་བཟླས་ནི་དཀྱིལ་འཁོར་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བཞིནཿ ཧྲཱིཿ བརྟན་གཡོ་ཕུང་ཁམས་སྐྱེ་མཆེད་ཀུནཿ ཡེ་ནས་ལྷ་དང་འདུ་འབྲལ་མེདཿ དེ་ཕྱིར་སྒྲ་རུ་གྲག་ཚད་སྔགསཿ དྲན་རྟོག་ཆོས་སྐུར་ཐོ་ལོ་ལོཿ ༀ་ཨཱཿགུ་རུ་ཨ་བྷྱེ་དཱི་པ་ཀརྨ་རསྨི་སརྦ་སིདྡྷི་ཕ་ལ་ཧཱུཾཿ ཧྲཱིཿབླ་མའི་རྣམ་རོལ་དཔག་མེད་ཀྱང་ཿ རྩ་བའི་བླ་མར་ཐ་མི་དདཿ བླ་མའི་གསང་གསུམ་རྡོ་རྗེའི་ཁམསཿ རྒྱལ་བ་རྣམས་དང་གཉིས་སུ་མེདཿ དེ་ཡང་རང་གི་སྒོ་གསུམ་དང་ཿ སོ་སོ་མ་ཡིན་ཐ་མི་དདཿ དེ་ཕྱིར་རླུང་གི་འབྱུང་འཇུག་ཀུནཿ སྔུགས་ཀྱི་རོལ་མོ་ཁྲོ་ལོ་ལོཿ ཞེས་བརྗོད་ཅིང་གོང་བཞིན་སྔགས་བཟླཿ ཧྲཱིཿ རང་རིག་ཡེ་ནས་སྐུ་གསུམ་ལྷཿ ལྷ་སྔགས་ཏིང་འཛིན་མ་བརྩལ་རྫོགསཿ བཅོས་ནས་བསྒོམ་བཟླས་ངལ་བའི་རྒྱུཿ དེ་ཕྱིར་གྲག་སྟོང་རྡོ་རྗེའི་སྒྲཿ རྒྱུན་ཆད་མེད་པ་རྟག་པར་བཟླཿ ཞེས་བརྗོད་གོང་བཞིན་སྔགས་བཟླའོཿ སྤྲོས་པ་ལ་དགའ་ནཿ བླ་མའི་ཐུགས་ཀར་པད་ཉི་ཟླ་བར་ཧྲཱིཿལ་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུ་བྱ་བ་སོགས་སྤྱི་ལྟར་རོཿ དེ་ཡིས་དངོས་གཞིའི་རིམ་པ་རྫོགསཿ རྗེས་ལ་རྣམ་གྲངས་རིམ་བཞིན་ལསཿ དང་པོ་ཚོགས་ཀྱི་ལས་རིམ་ནིཿ ཧྲཱིཿ རབ་འབྱམས་ཞིང་གི་བཀོད་པ་ཀུནཿ ཚོགས་གཞོང་བྷནྡྷར་ལྷུན་གྱིས་གྲུབཿ སྲིད་པ་བཅུད་ཀྱི་ལོངས་སྤྱོད་རྫསཿ ཤ་ལྔ་བདུད་རྩི་ལྔ་རུ་བསྒྱུརཿ དབུལ་བྱའི་རྫས་དང་འབུལ་བྱེད་བདགཿ འབུལ་ཡུལ་བླ་མ་རྩ་གསུམ་ལྷཿ ལོགས་ན་མེད་དེ་རང་རིག་རྩལཿ གཟུང་འཛིན་བྲལ་བཞིན་རྟེན་འབྱུང་ཆོསཿ སྒྱུ་མ་མཁན་གྱི་རོལ་གར་བཞིནཿ འབུལ་ལོ་བདག་དང་ལྷར་རྟོག་པའིཿ གཉིས་འཛིན་གཙང་བཙོག་བླང་དོར་གྱིསཿ ཉམས་ཆག་ཉེས་ལྟུང་བསྐངས་ཤིང་བཤགསཿ ༀ་ཨཱཿཧཱུཾཿ མ་ཧཱ་ག་ཎ་ཙཀྲ་སརྦ་པུཙྪ་ཧོཿ ༀ་ཨཱཿཧཱུཾཿ སརྦ་ས་མ་ཡ་ཨཱཿ ༀ་ཨཱཿཧཱུཾཿ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུཾཿ གཙོ་འཁོར་རྣམས་ལ་ཚོགས་ཀྱི་སྟོན་མོ་བསྟབ་བཞིནཿ ཧོ་གཙང་བཙོག་བླང་དོར་གཉིས་འཛིན་འདིཿ རྡོ་རྗེ་ཐེག་པའི་ལམ་མིན་པསཿ སྐྱེ་བདུན་ཤ་འམ་ཁྱི་ཕག་ཤཿ གཙང་བཙོག་འབྱེད་མཁན་སེམས་ཡིན་ལཿ རྟོག་གཉིས་ངོ་བོ་སྟོང་པ་ཉིདཿ དེ་ཕྱིར་མཉམ་ཉིད་ངང་དུ་རོལཿ ཐམས་ཅད་མཉམ་པར་རྟོགས་གྱུར་ནཿ གཙང་བཙོག་རྣམ་རྟོག་དབྱིངས་སུ་ཡལཿ དྷརྨ་དྷརྟུ་སིདྡྷི་ཕ་ལ་ཧཱུཾཿ ཨ་ལ་ལ་ཧོཿ ཞེས་ཚོགས་ལ་རོལ་ཞིང་བཞེས་ལྷག་བསྔོ་བ་ནིཿ ཧོ་མཆོད་བྱའི་རྫས་དང་མཆོད་ཡུལ་ལྷཿ མཆོད་མཁན་བདག་གསུམ་དབྱེར་མེད་ནཿ ལྷ་ཚོགས་གཙོ་འཁོར་ཐ་མི་དདཿ འོན་ཀྱང་གནས་སྐབས་རབ་འབྱམས་ལསཿ ཐོགས་མེད་བསྒྲུབ་ཕྱིར་གཙོ་བོ་ཡིཿ སྤྲུལ་དང་ཡང་སྤྲུལ་བགྲང་ལས་འདསཿ དེ་ཕྱིར་སྒྱུ་མའི་འཕྲུལ་འཁོར་ལྟརཿ གཙོ་བོའི་ལྷག་མ་འདི་བཞེས་ལཿ རབ་འབྱམས་ཕྲིན་ལས་ཀུན་འགྲུབ་མཛོདཿ ཨུ་ཙིཥྚ་བཱ་ལིང་ཏ་ཁཱ་ཧིཿ བཞི་་པ་ཆད་ཐོ་ནིཿ ཧྲཱིཿ སྐུ་གསུམ་རྒྱལ་བ་རྒྱ་མཚོ་རྣམསཿ རྟོག་པ་བྲལ་བཞིན་གཙོ་འཁོར་གྱིཿ རྣམ་པར་ཤར་ནས་མ་འོངས་དུསཿ འཁོར་རྣམས་བསྟན་སྲུང་ཁོལ་པོར་བསྐོསཿ དེ་ཕྱིར་སྔོན་བྱོན་རྗེས་འཇུག་བདགཿ དོན་གཉིས་བསྒྲུབ་ལ་རབ་འདུན་པའིཿ ཕྲིན་ལས་མ་ལུས་ཡོངས་འགྲུབ་ཆེདཿ གཙང་མའི་གཏོར་མ་རྒྱ་ཆེན་འདིཿ བཞེས་ལ་འགྲོ་ཁམས་བདེར་འགོད་མཛོདཿ ཅེས་དང་གསུམ་པ་བརྟན་མ་སྐྱོང་བ་ནིཿ ཧྲཱིཿ མ་དག་རྟེན་འབྲེལ་བཅུ་གཉིས་ལཿ དག་པ་ཡན་ལག་བཅུ་གཉིས་ཆོསཿ བརྟན་སྐྱོང་བཅུ་གཉིས་ཚུལ་དུ་སྣང་ཿ དོན་ལ་དབྱིངས་ཀྱི་ཡུམ་ཆེན་ལྔའིཿ རྣམ་སྤྲུལ་ཉིད་དུ་ལྷུན་གྲུབ་ཕྱིརཿ སྲིད་ཁམས་ཡོངས་སྦྱང་བཤལ་ཆུ་འདིཿ བཞེས་ལ་དོན་གཉིས་ལྷུན་གྲུབ་མཛོདཿ མ་མཱ་ཧྲིང་ཧྲིང་བཱ་ལིང་ཏ་ཁཱ་ཧིཿ བཞི་པ་བྲོ་བརྡུང་བ་ནིཿ ཧྲཱིཿ མ་རིག་དགྲ་འདྲེའི་མགོ་བོ་ལཿ ཡེ་ཤེས་རྡོ་རྗེའི་བྲོ་བརྡུངས་པསཿ ཉོན་མོངས་བརྒྱ་ཁྲི་རྡུལ་བརླགས་ནསཿ རིགས་དྲུག་འགྲོ་ཁམས་སྟོངས་གྱུར་ཅིགཿ སྟྭཾ་བྷ་ཡ་ནནཿ ལྔ་པ་སླར་ཡང་མཆོད་ཅིང་བསྟོད་ནས་དངོས་གྲུབ་བླང་པ་ནིཿ ཧྲཱིཿ བླ་མའི་གསང་གསུམ་རྡོ་རྗེའི་ཁམསཿ དངོས་གྲུབ་དབྱིག་ཏུ། ༼ལྡེབ་བཅུ་གཅིག་པ་ཚང་མི་འདུག༽ བླ་སྒྲུབ་འདི་ལ་ཕྱི་ནང་གསང་གསུམ་ལྟར་སྒྲུབ་ཚུལ་དབྱེར་ཆོག་པསཿ དང་པོ་ཕྱི་ལྟར་སྒྲུབ་དུས་བདག་མདུན་གཉིས་སུ་ཕྱེས་ནས་བསྒྲུབ་པ་དང་ཿ གཉིས་པ་ནང་ལྟར་སྒྲུབ་དུས་རང་གི་སྒོ་གསུམ་བླ་མའི་གསང་གསུམ་དུ་སྒྲུབ་པ་དང་ཿ གསུམ་པ་གསང་བ་ལྟར་བསྒྲུབ་དུས་རང་ཡི་དམ་གང་ཡིན་གྱི་ཐུགས་ཀར་བླ་མའི་དཀྱིལ་འཁོར་བསྐྱེད་པ་སོགས་སྒྲུབ་པ་པོ་རང་ཉིད་ཀྱི་དབང་པོ་དང་ཿ བསྟུན་ཏེ་སྦྱོར་དངོས་རྗེས་གསུམ་སྒོམ་བཟླས་འོད་ཟེར་སྤྲོ་བསྡུ་སོགས་སྒྲུབ་ཐབས་གསུམ་ལྟར་དབྱེ་བ་རིག་པས་དཔག་ཤེས་པར་བྱ་བའོཿ སྒྲུབ་ཐབས་གསུམ་གང་ཡིན་ཀྱང་ཉམས་ཆག་གསོ་བ་དང་བྱིན་རླབས་འབེབས་ཕྱིར་བདག་ཉིད་འཇུག་གམ་གཞན་ལ་དབང་བསྐུར་བྱེད་ནཿ བདག་མདུན་གྱི་བཟླས་པ་མི་ཉུང་བ་སྔོན་དུ་བཏང་ནསཿ བུམ་པའི་ནང་དུ་དྲུག་ལྡན་བླ་མའི་ངོ་བོ་ལོངས་སྐུ་རིགས་ལྔ་སྟངས་དཔྱལ་སོགས་གདན་གསུམ་ཚང་བའི་དཀྱིལ་འཁོར་སྒྱུ་མའི་འཕྲུལ་བཞིན་གསལ་བའི་གནས་གསུམ་འབྲུ་གསུམ་གསལ་བ་ལས་འོད་ཟེར་འཕྲོས་སྐུ་གསུམ་རྒྱལ་བའི་ལྷ་ཚོགས་སྤྱན་དྲངས་མདུན་མཁར་བཞུགས་པ་ལཿ ཨརྒྷཾ་སོགས་ཀྱིས་མཆོད་ཅིང་ཿ ཆོས་སྐུ་ནམ་མཁའ་བཞིན་སོགས་ཀྱིས་བསྟོད་མཐརཿ ནམ་མཁའི་ལྷ་ཚོགས་ཀྱིས་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ལྷག་ཡར་འཕྱུར་བ་དང་ཆབས་ཅིག་དབང་ལྷ་རྣམས་ཆུ་ལ་ཆུ་བཞག་པ་ལྟར་ཐིམ་ནས་དམ་ཡེ་དབྱེར་མེད་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བར་མེད་དུ་བབས་སྨིན་ཅིང་གྲོལ་བའི་ནུས་བཅུད་ཕུན་སུམ་ཚོགས་པར་གྱུརཿ ཞེས་བསམ་ལཿ བུམ་ལྷའི་ཐུགས་ཀར་པད་ཉི་ཟླ་གདན་ལ་འབྲུ་ལྔ་གསལ་བ་དང་ཿ རང་གི་ཐུགས་ཀའི་འོད་ཟེར་བུམ་ལྷར་ཕོག་པའི་རྐྱེན་གྱིས་བདག་མདུན་བུམ་པའི་ལྷ་ཚོགས་རྣམས་ཀྱི་གནས་ལྔ་ནས་འོད་ཟེར་དཔག་མེད་འཕྲོས་པས་ནང་གསལ་དབྱིངས་ཀྱི་སྐུ་གསུམ་དང་ཕྱིར་གསལ་ལོངས་སྤྲུལ་སོགས་ཀྱི་བྱིན་རླབས་ནུས་བཅུད་ཐམས་ཅད་བུམ་པའི་ལྷ་ཚོགས་ལ་ཐིམ་ཞིང་བདུད་རྩིའི་རྒྱུན་ཆེར་བབས་པས་རེག་ཚད་སྨིན་པར་ནུས་པའི་རྫས་སུ་གྱུརཿ ཞེས་བསམ་ལཿ ༀ་ཨཱཿཧཱུཾཿ ༀ་ཧཱུཾ་ཏྲཾ་ཧྲཱིཿ ཨཱཿ ཞེས་གང་མང་དང་ཿ མཐར་དབྱངས་གསལ་དང་རྟེན་སྙིང་ཅི་ནུས་བཟླ་ཞིང་ཆོ་གའི་སྐབས་ཀྱི་བསྙེན་སྔགས་ཀྱང་བཟླས་མཐར་དབྱངས་གསལ་སོགས་བཏགས་པའི་མཐར་མཆོད་ཅིང་བསྟོད་ནསཿ ༀ་ཨཱཿཧཱུཾ་ གིསཿ ལྷ་ཚོགས་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་གྱུརཿ ཞེས་བསམ་ལཿ སྔུགས་གོང་མ་རྣམས་ཀྱི་མཐརཿ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུཾཿ ཞེས་བདག་དབང་བླངསཿ སྐུབས་འདིིར་ལས་བུམ་ཀྱང་སྤྱི་ལྟར་བསྒྲུབས་ནས་བདག་འཇུག་ཡིན་ན་རང་གི་རིག་པ་བདེ་གཤེགས་སྙིང་པོ་ལྷ་ཚོགས་དང་དབྱེར་མེད་པ་དབང་ཞུ་བའི་ཡུལ་དང་ཿ མ་དག་པའི་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས་བསྐུར་ཡུལ་དུ་གསལ་དགོས་པ་ཡིན་ལཿ གཞན་ལ་སྐུར་ཚེ་དཀྱིལ་འཁོར་བདག་པོའི་ཐུགས་ཀ་ནས་གཙོ་བོའི་སྐུ་ཞིག་སྤྲོས་ཏེ་དཀྱིལ་འཁོར་ཤར་སྒོའི་སྟེགས་ལ་གནས་པའི་དྲུང་དུ་སློབ་མ་ཚོགས་པར་དབང་བསྐུར་དགོས་པར་གསུང་ནའང་ཀུན་རྫོབ་ལ་མི་རྟོན་དོན་དམ་ལ་རྟོན་པའི་ལུགས་ལྟར་ན་དབང་བསྐུར་ཡུལ་གྱི་སློབ་བུ་སྐུར་མཁན་སློབ་དཔོན་བསྐུར་བྱའི་གདམས་པ་གསུམ་ག་ཆོས་ཉིད་གཅིག་ཏུ་རྟོགས་ན་དབང་བསྐུར་རྒྱལ་པོ་ཆེས་འཕགས་པ་ཡིན་པས་སློབ་མ་རྣམས་ལ་ཁྲུས་བྱཿ བགེགས་བསྐྲདཿ སྲུང་འཁོར་བསྒོམཿ མཎྜལ་བཀྱེ་བསྡུ་ཆོས་བཤད་སོགས་ཀྱི་མཐར་མཎྜལ་ཕུལ་ལ་གསོལ་འདེབས་འདིའི་རྗེས་ཟློས་ཞེས་བརྡའ་སྦྱར་ལཿ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོསཿ སྐྱེ་འགག་གནས་གསུམ་བྲལ་བ་ལསཿ སོ་སོའི་སྒྱུ་འཕྲུལ་བླ་མར་ཤརཿ བླ་མ་བདེ་གཤེགས་སྙིང་པོ་ལཿ གསོལ་བ་འདེབས་སོ་དབང་བསྐུར་སྩོལཿ ལན་གསུམ་གྱི་མཐརཿ དམ་ཚིག་དྲི་བ་ནིཿ ཧོ་བླ་མས་དབང་བསྐུར་ཞུ་འདོད་ནཿ སྒོ་གསུམ་བླ་མར་འབུལ་ནུས་སམཿ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམཿ གདམས་པ་ཉམས་སུ་ལེན་ནུས་སམཿ ཞེས་དྲིས་པའི་ལན་དུཿ བླ་མས་ཇི་ལྟར་གསུང་པ་ཡིཿ བཀའ་དང་དམ་ལ་མི་འདའ་བའིཿ ཆད་བགྱིད་དམ་མནོས་མནའ་བོར་ནཿ དབང་བསྐུར་ཚུལ་བཞིན་གནང་མཛད་གསོལཿ ཞེས་ཞུས་པའི་ལན་དུ ཿ དམ་ཆུ་སྦྱིན་པ་ནིཿ ཧོ་དབང་བསྐུར་ཆོ་གས་ཐོབ་མོད་ཀྱང་ཿ དམ་ཚིག་སྡོམ་པས་བཟུང་དགོས་བཞིནཿ དམ་ཆུ་འདི་འཐུང་དབང་བསྐུར་དོནཿ ཡལ་བར་མ་དོར་དམ་སྲུངས་ཤིགཿ ས་མ་ཡ་ན་ར་ཀནཿ དམ་ཆུ་བླུད་ནས་སྐྱབས་འགྲོ་སེ མས་བསྐྱེད་བྱ་བ་ནི་འདི་ཡི་རྗེས་ཟློས་མཛོདཿ ཧོ་བླ་མའི་གསང་གསུམ་རྡོ་རྗེའི་ཁམསཿ རྒྱལ་བ་ཀུན་དང་གཉིས་སུ་མེདཿ དེ་ཕྱིར་སྙིང་ནས་སྐྱབས་སུ་མཆིཿ འགྲོ་དོན་བྱེད་པར་སེམས་མཆོག་བསྐྱེདཿ སླར་ཡང་ཡན་ལག་བདུན་པ་འདིའི་རྗེས་ཟློས་ཀྱིས་བརྗོད་ལཿ གུས་པས་ཕྱག་འཚལ་མཆོད་ཚོགས་འབུལཿ སྡིག་ལྟུང་ཀུན་བཤགས་དགེ་ལ་རངསཿ ཆོས་འཁོར་བསྐོར་བསྐུལ་རྟག་བརྟན་གསོལཿ དགེ་ཚོགས་འགྲོར་བསྔོ་བྱང་ཆུབ་གྱུརཿ ཞེས་དབང་གི་སྔོན་འགྲོ་རྫོགས་ནས་དངོས་གཞི་སློབ་མ་ལྷ་བསྐྱེད་ནིཿ ལས་ཆུས་བསངས་ཤིང་ཿ ཨ་མྲྀ་ཏས་ སྦྱངས་ནསཿ ཆོས་རྣམས་མི་དམིགས་སྟོང་པའི་ངང་ཿ ཟླ་བའི་མ་མར་གཟུགས་སྣང་བཞིནཿ སློབ་མ་པདྨ་ཀཱ་རའི་སྐུརཿ གསལ་བའི་གནས་གསུམ་འབྲུ་གསུམ་ལསཿ འོད་འཕྲོས་རྒྱལ་བ་སྲས་བཅས་ཀུནཿ སྤྱན་དྲངས་ཆར་བ་ཆུར་ཞུགས་བཞིནཿ དབྱེར་མེད་མཉམ་པ་ཉིད་དུ་གྱུརཿ ཞེས་བསམ་ཞིང་ཿ བཛྲ་གུ་རུ་དང་ ཐོད་ཕྲེང་རྩལ་རྩ་སྔགས་བཅས་ཀྱི་མཐརཿ སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཕེམ་ཕེམ་ཛ་ཛཿ ཞེས་བརྗོད་ཅིང་བུམ་དབང་བསྐུར་བ་ནིཿ ཧྲཱིཿ ཀུན་བརྟགས་རིན་ཆེན་བུམ་པའི་ནང་ཿ དག་པ་གཞན་དབང་བུམ་ཆུས་བལྟམསཿ ཡོངས་གྲུབ་སྐུ་ལྔའི་དབང་མཆོག་འདིཿ ཀུན་བྱེད་རྒྱལ་པོ་བརྟེན་པའི་ཡུལཿ སྐུལ་ལྡན་ཁྱོད་ལ་དབང་བསྐུར་བསཿ སྒོ་གསུམ་ལྷ་རུ་གནས་འགྱུར་ཤོགཿ རྩ་སྔགས་མཐརཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾཿ ཞེས་བརྗོད་བཞིན་བུམ་ཆུ་བླུདཿ གསང་རྫས་གཏད་ཅིང་ཿ ཧྲཱིཿ སྣང་བ་ཐབས་མཆོག་འགྱུར་མེད་ཡབཿ སྟོང་པ་རྣམ་ཀུན་མཆོག་ལྡན་ཡུམཿ ཟུང་འཇུག་སྦྱོར་བའི་དགའ་བདེའི་བཅུདཿ སྐུལ་ལྡན་ཁྱོད་ལ་དབང་བསྐུར་བསཿ མ་དག་རྩ་རླུང་ཐིག་ལེའི་ཁམསཿ ལོངས་སྤྱོད་རྫོགས་སྐུར་གནས་འགྱུར་ཤོགཿ སྔུགས་མཐརཿ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ རིག་མ་གཏད་ལཿ ཧྲཱིཿ སྡེ་སྣོད་གསུམ་དང་ཕྱི་རྒྱུད་ནཿ ན་རི་བསྟེན་པ་བཀག་མོད་ཀྱང་ཿ ནང་རྒྱུད་གསུམ་སོགས་བླ་མེད་ཀྱིཿ རྒྱུད་རྣམས་ཀུན་ལ་ཤེར་ཡེའི་དབང་ཿ གསུངས་བཞིན་ཁྱོད་ལ་དབང་བསྐུར་བསཿ ཡིད་ཁམས་ཆོས་སྐུར་གནས་འགྱུར་ཤོགཿ སྔུགས་མཐརཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾཿ ཚིག་དབང་བསྐུར་བ་ནིཿ མེ་ལོང་གཏད་ལཿ ཧྲཱིཿ ངོ་བོས་སྟོང་པས་རྟག་མཐའ་ཆདཿ རང་བཞིན་གསལ་བས་ཆད་མཐའ་རྟགཿ གཉིས་མཐར་མ་ལྷུང་སྤང་བླང་བྲལཿ ཀ་དག་ལྷུན་གྲུབ་དབང་བསྐུར་བསཿ བསྐུར་ཐོབ་མེད་པའི་དོན་རྟོགས་ཤོགཿ སྔུགས་མཐརཿ དྷརྨཱ་དྷརྟུ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་དབང་བཞི་བསྐུར་མཐར་དམ་ཆོས་བདེ་ཆེན་ལམ་མཆོག་གི་མཐའ་རྟེན་གྱིས་མཛེས་པར་བྱས་ནས་གཏང་རག་གི་མཎྜལ་དང་དམ་ཚིག་ཁས་ལེན་ཤིས་བརྗོད་སོགས་བྱའོ་འདིར་སྨྲས་པཿ ཟབ་གསང་རྡོ་རྗེ་ཐེག་པའི་ཆོསཿ ལས་སྐལ་ལྡན་པའི་སྐྱེས་བུའི་ངོརཿ རང་བཞིན་ཉིད་དུ་འབྱུང་གསུངས་བཞིནཿ སྔོུན་མེད་གཞུང་བཟང་མ་ཎི་ཀ ཿ འདི་འདྲ་དད་དམ་སྐྱ་རེངས་ཀྱིསཿ རྒྱལ་ཀུན་མཁྱེན༵་བརྩེ༵འི་འོད༵་སྟོང་ཟེ༵རཿ སྤྱན་དྲངས་འདིར་གསལ་གོར་མ་ཆགཿ དེ་ཕྱིར་འདི་བརྩམས་འོད་སྟོང་གཟིསཿ གདུལ་བྱའི་བློ་ཡི་ཆུ་སྐྱེས་ཚལཿ ཡོངས་བཞད་སྨིན་གྲོལ་རྩི་བཅུད་ལཿ ཕྱོགས་བརྒྱའི་རྐང་དྲུག་སྤྱོད་བཞིན་དུཿ འཕྲལ་ཕུགས་དགའ་བདེར་རྟག་རོལ་ཤོགཿ ཅེས་བླ་མའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་འདི་ཉིད་དད་དམ་ལ་གཅེས་ནོར་དུ་བྱེད་པ་བསྒྲུབ་བརྩོན་ནོར་བུ་བཟང་པོས་སྔོན་ནས་ཡང་ཡང་བསྐུལ་ཐོག་རང་སློབ་འཇིགས་མེད་སྐལ་བ་བཟང་པོས་མྱུར་དུ་རྩོམ་དགོས་ཀྱི་སྐུལ་མ་ཡང་ཡང་བྱས་ངོར་གཙང་དབུས་ཁམས་གསུམ་གྱི་སྐྱེས་ཆེན་དམ་པ་རྣམ་པ་ཉི་ཤུའི་གྲངས་ལྡན་གྱི་སྨིན་གྲོལ་གྱི་བདུད་རྩི་ལ་ལོངས་སྤྱོད་པའི་རྣལ་འབྱོར་པཿ འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་ཞེས་བགྱི་བས་སྤེལ་བཞིན་ཡི་གེ་པ་ནི་སྐུལ་བ་པོ་ཨཱཪྱ་དྷེ་ཝས་བྱས་པའི་དགེ་བས་བསྟན་འགྲོ་ཡོངས་ལ་ཕན་པའི་རྒྱུར་གྱུར་ཅིག་གུ། དགེའོ། དགེའོ། དགེའོ།

སྐུ་གསུམ་ཁྱུང་སྒྲུབ་ལས་ཚོགསཿ གདོན་ཁྲོལ་འཕྲལ་རྐྱེན་ཁ་བསྒྱུར།

ཧྲིཿ སྐུ་གསུམ་ཁྱུང་སྒྲུབ་ལས་ཚོགསཿ གདོན་ཁྲོལ་འཕྲལ་རྐྱེན་ཁ་བསྒྱུར་བཞུགསཿ ཿ ཿ

ཧྲིུཿ ན་མོ་ཛྙཱ་ན་ག་རུ་ཎ་ཡེཿ དབྱིངས་བཞུགས་རྒྱལ་བ་ཐམས་ཅད་ཀྱིཿ ངོ་བོ་སྤྲོས་བྲལ་ཆོས་ཀྱི་སྐུཿ རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགསཿ ཐུགས་རྗེ་སྤྲུལ་སྐུ་བསམ་ལས་འདསཿ ཕྲིན་ལས་མཛད་པ་འཛད་མེད་གཏེརཿ དེ་ཕྱིར་སྙིགས་དུས་སྐྱོབ་པའི་ལྷཿ ཡེ་ཤེས་བྱ་ཁྱུང་རྒྱལ་པོ་ཡིཿ གསང་གསུམ་ཕྲིན་ལས་བསྐལ་མེའི་དབལཿ ལོག་འདྲེན་ལྟོ་འགྲོའི་གཤེད་དུ་འབརཿ དེ་ཕྱིར་མི་ཕྱུགས་གང་ལ་ཡང་ཿ བཅོས་མེད་སྙིགས་མའི་རང་གཟུགས་ནདཿ བསལ་ཕྱིར་ཁྱུང་གི་གདོན་ཁྲོལ་བསྟནཿ དེ་ཡང་གོང་དཀྱིལ་ཆོག་གཞུང་བཞིནཿ བཀོད་ལ་བུམ་པ་ཆས་ལྡན་དུཿ ཁྱུང་ལྔ་བྲན་པའི་ཆུ་ཡིས་བལྟམསཿ དལ་དབུས་ལ་བཀོད་བཟླས་པའི་སྐབསཿ བདག་བྱིན་བརླབས་རྗེས་བུམ་པ་ཡང་ཿ རྟེན་དང་བརྟེན་པ་ཡོངས་གསལ་བཞིནཿ བཟླས་པའི་འཕྲོ་འདུ་གཞུང་བཞིན་བྱཿ འོག་དཀྱིལ་ས་སྟེགས་འཚམས་པའི་སྟེང་ཿ པད་འདབ་བརྒྱད་བྲི་དེ་ཡི་ཕྱིརཿ ཆུ་རིས་དེ་མཐར་སྤང་ལྗོངས་དང་ཿ ནེའུ་སིང་སྐྱེད་མོས་ཚལ་བཅས་པཿ བྲིའམ་འདུན་པས་ཀྱང་ནི་རུང་ཿ དེ་ལ་ཀླུ་གཉན་སོགས་འགོད་པཿ དབུས་དང་ཕྱོགས་བཞིར་ཀླུ་ཡི་གཟུགསཿ སྦྲུལ་མགོ་དགུ་བདུན་ལྔ་གསུམ་གཅིགཿ གདེངས་ཀ་འཛིན་པའི་མཚམས་བཞི་རུཿ སྦལ་པ་ཉ་སྡོམ་སྡིག་མགོ་ཅནཿ ས་བདག་གཉན་གཏོད་ས་སྲིན་བཞིཿ དེ་མཐར་ཀླུ་ནོར་ཉེར་གཅིག་དང་ཿ ཀླུ་རྫས་ཡོ་བྱད་ཅི་རིགས་སོགསཿ ཀླུ་སྨན་བཏབ་པའི་འོ་ཆབ་བཅསཿ བཤམས་ལ་སྟོང་ཉིད་སྙིང་རྗེ་ཡིཿ རྩལ་དུ་བྱ་ཁྱུང་ག་རུ་ཎའིཿ ཏིང་ངེ་འཛིན་ལ་གནས་བཞིན་དུཿ ཐུགས་ལས་འགུགས་བྱེད་ཁྲོ་བོ་ཁྱུང་ཿ མང་སྤྲོས་ཀླུ་གཉན་ས་བདག་ཚོགསཿ རང་དབང་མེད་པར་དབང་བསྡུས་ནསཿ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བཞིནཿ མདུན་གྱི་རྟེན་དང་དབྱེར་མེད་བསམཿ མགྲོན་རིགས་རྟེན་ལ་དགུག་པ་ནིཿ ན་མོ་མཆོག་གསུམ་རྩ་གསུམ་ངོ་བོ་ཉིདཿ ཁྲོ་རྒྱལ་ཀུན་འདུས་བྱ་ཁྱུང་གིཿ བདེན་སྟོབས་ནུས་མཐུས་བསྲུང་བྱ་ལཿ གནོད་ཅིང་འཚོ་བའི་ཀླུ་རིགས་དང་ཿ ས་བདག་གཉན་གཏོད་ས་སྲིན་བཅསཿ གཟུགས་བརྙན་འདི་དང་དབྱེར་མེད་ཁུགཿ བཛྲ་ཛྙཱ་ན་ག་རུ་ཎ་གནོད་བྱེད་ཨ་ཀཪྴ་ཡ་ཛཿ གང་ནུས་བརྗོད་ཅིང་བཀུག་པ་ལཿ བཀའ་བསྒོ་ཐ་ཚིག་བརྗོད་པ་ནིཿ ཧཱུཾ་ཁྲོམ་བཛྲ་ཕཊ྄ཿ ང་ནི་ཡེ་ནས་རང་བྱུང་བཿ ཁྲོ་རྒྱལ་དཔལ་ཆེན་བྱ་ཁྱུང་སྟེཿ གནོད་བྱེད་ཀླུ་གདོན་འདུལ་བའི་གཉེནཿ ཁམས་གསུམ་སྲིད་གསུམ་བརླག་པར་ནུསཿ དེ་ཕྱིར་བདེན་པའི་ཚིག་ཉོན་ལཿ སྦྱིན་པའི་ཡས་ལོངས་གནོད་སེམས་སྤོངསཿ བསྲུང་བྱའི་མི་ཕྱུགས་ཐམས་ཅད་ལཿ ནད་ཀྱི་ཁ་ཕྲུ་བཏབ་སྲིད་ནཿ མྱུར་དུ་ཕྱིར་ལོངས་ནད་དང་ཕྲོལཿ གལ་ཏེ་བཀའ་ལས་འདའ་གྱུར་ནཿ ཁྱོད་ཀྱི་སྔོན་གྱི་ཐ་ཚིག་དང་ཿ འགལ་བས་ཆད་པ་མྱུར་དུ་འོང་ཿ དེ་གང་ཞེ་ན་འདི་ལྟ་སྟེཿ སྔོུན་ཚེ་གསང་བའི་བདག་པོ་ཡིསཿ ཕྱོགས་བཅུ་དུས་གསུམ་ཁྲོ་བོ་ཡིཿ མཐུ་སྟོབས་གཅིག་བསྡུས་ག་རུ་ཎརཿ བྱིན་བརླབས་ནུས་མཐུས་དབང་བསྐུར་ཏེཿ ཀླུ་གཉན་ས་བདག་ཟ་ཕྱིར་བསྔགསཿ བཀའ་བཞིན་འོག་གདོན་རབ་གཞོམ་པསཿ ཀླུ་ཡི་འགྲོ་བ་སྟོངས་ལ་ཉེཿ དེ་ཚེ་གཙུག་ན་རིན་ཆེན་གྱིསཿ འཇམ་དཔལ་དབྱངས་ལ་སྐྱབས་ཞུས་དང་ཿ ཀླུ་བུ་དོན་གཙུག་བྱ་ཁྱུང་གིཿ ཟ་ཁྲལ་ལ་བབ་དེ་ཡི་ཚེཿ ཕྱག་ན་པདྨས་བསྐྱབས་ནས་སུཿ འབྱུང་འགྱུར་མ་འོངས་དུས་ཀྱི་ཚེཿ འཕགས་པ་གཉིས་ཀྱི་བཀའ་བཞིན་དུཿ འགྲོ་ལ་མི་གནོད་དམ་བཅས་ཤིང་ཿ བྱ་ཁྱུང་རྒྱལ་པོ་དཔང་དུ་བཙུགསཿ གལ་ཏེ་དམ་ཚིག་དེ་ཉམས་ནཿ ཁྲོ་འདུས་བྱ་ཁྱུང་རྒྱལ་པོ་ཡིསཿ རྡུལ་ཕྲན་བཞིན་དུ་རློག་པར་ཆདཿ ཆད་ཐོའི་ཐ་ཚིག་དེ་བཞིན་དུཿ དེང་འདིར་བསྲུང་བྱ་ནད་དང་ཕྲོལཿ གདོན་གྱི་ཞགས་པ་ཕྱིར་ལ་སྡུསཿ བསམ་སྦྱོར་ལོག་པའི་སྐྱོན་སོལ་ལཿ ཕན་དང་བདེ་བའི་ལས་སྒྲུབས་ཤིགཿ ཞེས་དང་སྔགས་དྲུག་ཕྱག་དྲུག་གིསཿ བྱིན་གྱིས་བརླབས་ཤིང་ཡས་འབུལ་བཿ ཏིང་འཛིན་སྟོབས་ཀྱིས་སྦྱངས་སྤེལ་བསྒྱུརཿ འཁོར་གསུམ་རྣམ་དག་བློས་འབུལ་བཿ དབང་པོ་དྲུག་གི་སྤྱོད་ཡུལ་དུཿ མཛེས་པའི་གཟུགས་དང་སྙན་པའི་སྒྲཿ ཞིམ་པའི་དྲི་དང་མངར་བའི་རོཿ འཇམ་པའི་རེག་བྱ་དགའ་བདེའི་ཆོསཿ འདོད་དགུའི་དཔལ་ཡོན་ཚང་བའི་རྫསཿ འདི་བཞེས་བསྲུང་བྱ་ནད་དང་ཕྲོལཿ གདོན་གྱི་ཞག་པ་ཕྱིར་ལ་སྡུསཿ མཐོང་དུག་རེག་དུག་ཁ་རླངས་དུགཿ བསམ་སྦྱོར་ངན་པའི་དུག་རྣམས་ཀུནཿ ཕྱིར་ཕྱུངས་བསྲུང་བྱ་ནད་དང་ཕྲོལཿ གདོན་གྱི་ཞགས་པ་ཕྱིར་ལ་སྡུསཿ ས་བདག་གཉན་གཏོད་ས་སྲིན་གྱིཿ འཕྲུལ་ལས་བདུན་དྲུག་ཆར་གཏོགས་རིགསཿ འགོ་བའི་ནད་རིམས་གང་ཇི་སྙེདཿ ཕྱིར་ཕྱུངས་བསྲུང་བྱ་ནད་དང་ཕྲོལཿ གདོན་གྱི་ཞགས་པ་ཕྱིར་ལ་སྡུསཿ མདོར་ན་ལས་ངན་རྒྱུས་བསྐྱེད་པའིཿ འཕྲལ་རྐྱེན་གདོན་གྱིས་བསླངས་པའི་ནདཿ མ་ལུས་ལྷག་མེད་ཕྱིར་ཕྱུངས་ལཿ གདོན་གྱི་ཞགས་པ་བཅད་དུ་གསོལཿ ཞེས་བརྗོད་དེ་ནས་གཟུངས་བུམ་ཆུསཿ ཁྲུས་གསོལ་བྱ་བ་འདི་བཞིན་ཏེཿ ཧཱུཾ། རྣམ་ཀུན་མཆོག་ལྡན་བུམ་སྣོད་དུཿ བདེ་ཆེན་འགྱུར་མེད་བྱ་ཁྱུང་སྐུརཿ བབས་པའི་གསང་སྔགས་ཆུ་རྒྱུན་གྱིསཿ བསྲུང་བྱའི་ལས་ཉོན་སྒྲིབ་པའི་དྲིཿ མ་ལུས་བྱང་ཞིང་དག་གྱུར་ཅིགཿ རྩ་སྔགས་གཤམ་བཅས་བརྗོད་བཞིན་བཀྲུཿ གཞན་ཡང་སྔོན་ལས་བག་ཉལ་དྲིཿ འཕྲལ་བྱུང་རྐྱེན་གྱིས་བསླངས་པའི་ནདཿ ཞེ་སྡང་ལས་བྱུང་ཚ་བ་དང་ཿ འདོད་ཆགས་མཐུས་བསྐྱེད་གྲང་བའི་རིགསཿ གཏི་མུག་གིས་བསྐྲུན་པད་ཀན་གསུམཿ མཐུན་དབྱེ་འགལ་སྦྱོར་རླུང་མཁྲིས་སོགསཿ ཐམས་ཅད་བྱང་ཞིང་དག་གྱུར་ཅིགཿ གོང་བཞིན་སྔགས་བརྗོད་བཀྲུ་བར་བྱཿ སྟེང་གདོན་གཟའ་དང་རྒྱུ་སྐར་སོགསཿ འོག་གདོན་ཀླུ་དང་ས་བདག་གཏོདཿ བར་གདོན་རྒྱལ་བཙན་མ་མོ་སྨནཿ ཕོ་གདོན་མོ་གདོན་ཐེའུ་རང་བཅསཿ གཟུགས་ཅན་གཟུགས་མེད་དྲིས་སྦགས་གདོནཿ ཐམས་ཅད་བྱང་ཞིང་དག་གྱུར་ཅིགཿ གོང་བཞིན་སྔགས་བརྗོད་བཀྲུ་བར་བྱ༔ ཁྱད་པར་ཀླུ་གཉན་ས་བདག་ལསཿ གྱུར་པའི་མཐོང་རེག་ཁ་རླངས་དང་ཿ བསམ་སྦྱོར་ངན་པའི་དུག་དང་བཅསཿ རྒྱུ་བའི་དུག་དང་མི་རྒྱུའི་དུགཿ བདུན་དྲུག་གག་ལྷོག་འབྲས་སྐྲང་མཛེཿ དམུ་ཆུ་རྒྱ་ཐོར་ཤུ་བ་སོགསཿ ཐམས་ཅད་བྱང་ཞིང་དག་གྱུར་ཅིགཿ གོང་བཞིན་སྔགས་བརྗོད་བཀྲུ་བར་བྱཿ ཕྱུགས་ཀྱི་གློ་ཧོན་སྐེ་འགག་གོརཿ གཉན་ལྷོག་ཁ་ཚ་བསྙོ་འབོག་དང་ཿ རྟ་ནད་གཙོང་གྲུམ་མིག་རུ་ལངསཿ གློུ་ལུ་ཨེག་རིམ་རྨ་སྲིན་སོགསཿ ཡན་ལག་རེངས་སོགས་རྟ་དྲེལ་ལཿ གནོད་ཅིང་འཚེ་བའི་ནད་ཀྱི་རིགསཿ ལུག་ནད་གཏལ་པ་མགོ་འཐོམ་དང་ཿ ཤུ་ཐོར་ཤིག་འབབས་ལ་སོགས་པའིཿ དུད་འགྲོའི་ནད་ཀྱི་རིགས་གྱུར་ཀུནཿ ཐམས་ཅད་བྱང་ཞིང་དག་གྱུར་ཅིགཿ གོང་བཞིན་སྔགས་བརྗོད་བཀྲུ་བར་བྱཿ གཞན་ཡང་ལོ་ཟླ་ཞག་དུས་ཀྱིཿ ཀག་སྲི་རྨི་ལྟས་མཚན་ངན་དང་ཿ དམག་ཇག་བག་མ་གཏོང་ལེན་ཉེསཿ དགེ་ལས་ཚོང་མགྲོན་ཉོ་ཚོང་ལདཿ དེ་སོགས་ཆོས་སྲིད་བྱ་བ་ཀུནཿ ཉེས་ལྡད་མི་རུང་མི་ཤེས་རིགསཿ ཐམས་ཅད་བྱང་ཞིང་དག་གྱུར་ཅིགཿ གོང་བཞིན་སྔགས་བརྗོད་བཀྲུ་བར་བྱཿ མི་ཕྱུགས་ཕྱི་གླུད་གྱ་ནོམ་པཿ ཁྲུས་ཆུས་བཀྲུས་པའི་དྲི་ཆུ་བསགསཿ ཕྱུགས་ལ་མེ་ལོང་གཟུགས་བརྙན་བཀྲུཿ གཞུང་འདིའི་སྔགས་དང་བགེགས་དགྲའི་སྔགསཿ རྣམ་འཇོམས་སྨེ་བརྩེགས་སྔགས་བཅས་ཀྱིསཿ བཀྲུས་རྗེས་བྱབས་པ་འདི་བཞིན་བྱཿ བུམ་པའི་ཁ་རྒྱན་རྨ་བྱའི་སྒྲོཿ མཚོན་བྱ་མཚོན་བྱེད་འདི་བཞིན་བལྟཿ ཧོཿ དུག་གི་བཟའ་བཏུང་སྤྱོད་ནུས་པཿ རྨ་བྱ་ཁོ་ནའི་ཁྱད་ཆོས་བཞིནཿ སྔུགས་ཀྱི་ལྟ་སྒོམ་སྤྱོད་འབྲས་བཞིསཿ སྤང་གཉེན་སོ་སོར་མི་འཛིན་ཏེཿ བསྐྱེད་རྫོགས་ལམ་རིམ་ཇི་བཞིན་དུཿ ལྷ་སྔགས་ཏིང་འཛིན་རོལ་མོ་ཡིསཿ མ་དག་དག་པར་བསྒྱུར་ནུས་ཏེཿ རྨ་བྱའི་སྒྲོ་མ དོངས་ཐིག་ལེ་འདིཿ ཡེ་ཤེས་ལྔ་ཡི་རང་བཞིན་ཉིདཿ ཁྱེད་ཅག་སྒོ་གསུམ་བྱབས་པ་ཡིསཿ ཉོན་མོངས་དུག་ལྔའི་མཆེད་པའི་གདོནཿ གྲིབ་དང་མི་གཙང་དུག་རྣམས་ཀུནཿ མེ་ལོང་ཕྱིས་བཞིན་དག་གྱུར་ཅིགཿ ཤེལ་གོང་བཀྲུ་བཞིན་གསལ་གྱུར་ཅིགཿ མུན་པར་ཉི་བཞིན་འབར་གྱུར་ཅིགཿ ཆོས་ཉིད་འགྱུར་བ་མེད་པ་དང་ཿ ཆོས་ཅན་བསླུ་མེད་བདེན་མཐུ་ཡིསཿ ཕྱི་ལྟར་འབྱུང་ལྔའི་གདོན་གྲིབ་བྱབསཿ ནང་ལྟར་ཕུང་ལྔའི་གདོན་གྲིབ་བྱབསཿ གསང་བ་དུག་ལྔའི་གདོན་གྲིབ་བྱབསཿ མི་ཕྱུགས་ཡོངས་ཀྱི་ནད་གདོན་བགེགསཿ བྱུར་ངན་བསྐལ་ངན་ལྟས་ངན་སོགསཿ མདོར་ན་འགལ་སྦྱོར་མི་མཐུན་ཕྱོགསཿ ཐམས་ཅད་མ་ལུས་དག་གྱུར་ཅིགཿ འཚུབ་མས་ཕྱགས་པའི་སྦུར་བ་དང་ཿ བ་མོར་ཚ་ཟེར་འཕྲད་པ་བཞིནཿ ལྷག་མེད་མྱུར་དུ་གཞིལ་བར་མཛོདཿ ཀུན་རྫོབ་རྫུན་གྱི་རི་མོའི་འཕྲུལཿ དོན་དམ་ཆོས་ཀྱིས་ཡོངས་སྦྱངས་ནསཿ འགྱུར་མེད་ཟུང་འཇུག་བདེ་ཆེན་དཔལཿ ལོངས་སུ་སྤྱོད་པའི་མཐུ་ཐོབ་མཛོདཿ གོང་བཞིན་སྔགས་རྣམས་བརྗོད་ཅིང་བྱབསཿ དེ་ནས་སྣལ་སྐུད་ཁ་དོག་ལྔསཿ ཀླུ་དང་བསྲུང་བྱ་སྦྲེལ་ནས་སུཿ ནད་དང་གདོན་གྱི་ཞགས་པ་རུཿ མོས་ཤིང་རྟེན་འབྲེལ་མཐུས་བཅད་པཿ ཧཱུཾ་ཁྲོཾཿ ཉོན་ཅིག་མགྲོན་རིགས་མཆོག་དམན་ཚོགསཿ ཁྱེད་ཅག་དུག་ལྔའི་མཐུས་བསྐྱེད་པསཿ རླུང་མཁྲིས་པད་ཀན་འདུས་པ་ཡིཿ བདག་པོ་ཉིད་དུ་གྱུར་པའི་ཕྱིརཿ འགྲོ་ལ་ཚ་གྲང་ནད་རིགས་ཀྱིཿ ཟེར་ཐག་ཁ་དོག་སྣ་ལྔས་འདེབསཿ ཡུན་རིང་སྡུག་བསྔལ་དུ་ཁས་མནརཿ དེ་ཡི་གཉེན་པོ་སྟོབས་ཀྱི་ལྷཿ ཁྲོ་རྒྱལ་བྱ་ཁྱུང་ག་རུ་ཎཿ རིགས་མཆོག་ལྔ་དང་དབྱེར་མེད་ཕྱིརཿ དུག་ལྔའི་རང་གཟུགས་ནད་ཐག་ལྔཿ ཡེ་ཤེས་ལྔའི་མཚོན་རལ་གྲིས་བཅདཿ ས་བདག་ཀླུ་གཉན་ལས་བྱུང་བའིཿ དུག་རིགས་ལྔ་དང་དེར་གྱེས་པའིཿ མི་དང་ཕྱུགས་ལ་གནོད་པ་ཡིཿ དུག་སྦྲུལ་ཞགས་པ་སྣ་ལྔ་པོཿ ཡེ་ཤེས་བྱ་ཁྱུང་མཆུ་སྡེར་གྱིཿ ངོ་བོ་གནམ་ལྕགས་རལ་གྲིས་ཆོདཿ བཅད་པ་དམ་བུར་གཏུབས་པ་འདིཿ ནད་གདོན་དུག་གི་ངོ་བོ་རུཿ བསྒྱུར་ནས་ཡེ་ཤེས་ལྔ་ཡི་མེརཿ ལྷག་མེད་བསྲེགས་པས་གནོད་བྱེད་ཀྱིཿ ནུས་སྟོབས་མིང་མེད་སྟོང་པར་སྦྱངསཿ བདག་དང་བསྲུང་བྱ་རྒྱལ་གྱུར་ཅིགཿ རྩ་སྔགས་གཤམ་བཅས་མང་བརྗོད་ཅིང་ཿ སྣལ་སྐུད་བཅད་པའི་དུམ་བུ་རྣམསཿ མེར་བསྲེགས་གཞོབ་ཐལ་དྲི་ཁུར་འདེབསཿ ཆོས་ཀྱི་སྦྱིན་པས་གདོན་རིགས་ཀྱིཿ བསམ་སྦྱོར་དགེ་ལ་བསྒྱུར་བ་ནིཿ ཨེ་མ། འགྲོ་ཁམས་སྙིང་རེ་རྗེཿ རང་བྱས་ལས་ངན་སྣ་ཚོགས་མྱོང་ཿ ཐོག་མེད་དུས་ནས་ད་དུང་འཁོརཿ ཁྱེད་ཅག་ཕ་མའི་རང་བཞིན་ཏེཿ སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིསཿ བསྒོ་བའི་ཚིག་འདིར་མཉན་པར་འོསཿ མི་དགེའི་ལས་ཀྱིས་ངན་འགྲོར་སྐྱེསཿ དགེ་བས་དེ་བཞིན་ཐར་བར་རེགཿ དེ་གཉིས་གང་བསྒྲུབ་རང་ཉིད་ལསཿ གཞན་གྱི་ཅི་ཡང་བྱ་རྒྱུ་མེདཿ དེ་ཕྱིར་སྡིག་སྤོངས་དགེ་ལ་འབུངསཿ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་ཿ འགྲོ་ལ་ཕན་པའི་སེམས་མཆོག་བསྐྱེདཿ ཆོས་རྣམས་རྨི་ལམ་སྒྱུ་མ་བཞིནཿ རྟག་བརྟན་གཟུང་འཛིན་ཡུལ་ལས་འདསཿ སྨྲ་བསམ་བརྗོད་བྲལ་དེ་བཞིན་ཉིདཿ ཤེས་པར་བྱོས་ལ་འགྲོ་ཕན་མཛོདཿ དེ་ལྟར་ཟང་ཟིང་ལོངས་སྤྱོད་དང་ཿ རྣམ་དག་ཆོས་ཀྱི་སྦྱིན་སྟོབས་མཐུསཿ ཁྱེད་ཅག་དུས་འདི་ནས་བཟུང་སྟེཿ བྱང་ཆུབ་སྙིང་པོ་མ་ཐོབ་པརཿ ངན་སོང་གསུམ་གྱི་འཇིགས་པ་ལསཿ ཐར་ནས་ལྷ་མིའི་ཐེམ་སྐས་ལཿ འཛེགས་ཏེ་རྒྱལ་བ་མཉེས་བྱས་ཤིང་ཿ རིམ་དགུའི་ཐེག་པར་ལོངས་སྤྱོད་ནསཿ རྡོ་རྗེ་འཛིན་དང་དབྱེར་མེད་ཤོགཿ བདག་གི་བསམ་པའི་སྟོབས་དག་དང་ཿ དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་ཿ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིསཿ སེམས་ཅན་ཀུན་ལ་ཕན་གདག་ཕྱིརཿ དོན་རྣམས་གང་དག་བསམ་པ་ཀུནཿ དེ་དག་ཐམས་ཅད་ཅི་རིགས་པཿ ཐོགས་པ་མེད་པ་འབྱུང་གྱུར་ཅིགཿ ཅེས་བརྗོད་དེ་ནས་མི་ཕྱུགས་ཀྱིཿ གླུད་དང་དྲི་ཁུ་འདོད་ལྔ་ཡིཿ ལོངས་སྤྱོད་གཏེར་དུ་དམིགས་བྱས་ཏེཿ མགྲོན་རིགས་རྣམས་ལ་སྦྱིན་ནས་སུཿ ལམ་བསྟན་གཤེགས་གསོལ་བསྐྲད་པ་བྱཿ དེ་ཡང་སཾབྷ་ར་ཡི་སྔགསཿ གསུམ་མམ་བདུན་བརྗོད་རྒྱལ་བ་བཞིའིཿ མཚན་བརྗོད་ནམ་མཁའ་མཛོད་སྔགས་རྒྱཿ དང་བཅས་གླུད་རྫས་བསྔོ་བ་ནིཿ ཀྱེཿ རིག་དང་མ་རིག་ཆོ་འཕྲུལ་ལསཿ སངས་རྒྱས་སེམས་ཅན་གཉིས་སུ་སྲིདཿ དེ་ལ་གཉིས་འཛིན་བློ་བརྟས་པསཿ ལྷ་དང་འདྲེ་ཡི་ཐ་སྙད་བྱུང་ཿ ལྷ་མཆོད་འདྲེ་ལ་ཡས་སྦྱིན་ནཿ ཕན་འདོག་གནོད་སྤོངས་འབྲས་མངོན་པཿ རྟེན་འབྲེལ་བསླུ་མེད་རྒྱལ་བས་གསུངསཿ དེ་ཕྱིར་བཤམས་པའི་གླུད་དང་ཡསཿ དངོས་སུ་ཅི་འབྱོར་ཏིང་འཛིན་གྱིསཿ ནམ་མཁའ་མཛོད་དུ་བྱིན་བརླབས་ནསཿ ཁྱེད་ཅག་ལྷ་འདྲེའི་ཚོགས་རྣམས་ལཿ ཕངས་མེད་སེམས་ཀྱིས་བསྔོས་ལགས་ནཿ དགའ་བའི་ཚུལ་གྱིས་རབ་བཞེས་ནསཿ བུ་ལོན་ལན་ཆགས་ཤ་འཁོན་རིགསཿ ཡོངས་བྱང་མི་ཕྱུགས་ནད་ཀྱི་རིགསཿ མྱུར་དུ་སོལ་ལ་རང་གནས་སྙོགསཿ འདི་ན་འདུག་པའི་གནས་མ་མཆིསཿ སོ་སོར་རང་རང་གནས་སུ་གཤེགསཿ གལ་ཏེ་དམ་མེད་ལོག་ལྟ་ཅནཿ མི་འགྲོའི་གནོད་འཚེའི་ལས་བརྩོམ་ནཿ བདག་ཉིད་ཡེ་ཤེས་བྱ་ཁྱུང་གིཿ གསང་གསུམ་ལས་བྱུང་ཁྲོ་བོ་ཁྱུང་ཿ སྲིད་གསུམ་དུས་གསུམ་བརླག་ནུས་དམགཿ ནམ་མཁའ་ས་གཞི་བར་སྣང་ཁམསཿ ཐོག་སེར་འཁྲུགས་པའི་རྣམ་འགྱུར་གྱིསཿ ཧཱུཾ་ཕཊཿཁྲོཾ་སྒྲ་སྒྲོགས་བཞིན་པསཿ རྡུལ་དུ་བརླག་པར་གདོན་མི་ཟཿ དེ་བས་མྱུར་དུ་འགྲོ་བར་གྱིསཿ ཞེས་དང་བདེན་པའི་སྟོབས་བརྗོད་མཐརཿ རྩ་སྔགས་གཤམ་བཅས་བརྗོད་པས་བསྐྲདཿ དེ་ནས་བསྲུང་བྱ་བྱ་ཁྱུང་གིཿ གསང་བ་གསུམ་དུ་བསྒྲུབ་པའི་ཕྱིརཿ ཕུང་ཁམས་སྐྱེ་མཆེད་དངོས་འཛིན་དྲིཿ སྦྱངས་པའི་དམིགས་འདོན་འདི་བཞིན་བྱཿ སླར་ཡང་སྐུ་གསུམ་ཞིང་ཁམས་ཀྱིཿ རྒྱལ་བ་རྒྱ་མཚོ་སྲས་དང་བཅསཿ ཁྱུང་གི་རྣམ་པར་སྤྱན་དྲངས་པསཿ ནམ་མཁའ་བར་སྣང་ས་གཞིའི་ཁམསཿ ཡོངས་གང་ཧཱུཾ་ཁྲོཾ་ཕཊ྄ཿཀྱི་སྒྲཿ འབྲུག་སྟོང་ལྡིར་ལྟའི་ང་རོ་དང་ཿ དྲག་ཤུལ་རྩལ་གྱི་འཛུམ་རླབས་དང་ཿ ཁྱུང་ལས་མཆེད་པའི་མེ་འོད་ཀྱིསཿ ས་གཞི་འདར་ཞིང་རྒྱ་མཚོ་འཁྱོམསཿ རི་རབ་གཡོ་འགུལ་ལྷ་མིན་འབྲོསཿ མཆོག་དམན་ཀླུ་རྣམས་བརྒྱལ་ཞིང་འབོགཿ སྡེ་བརྒྱད་དྲེགས་ཚོགས་དཔའ་ཞུམ་པའིཿ ཁྲོ་རྒྱལ་འཆོལ་པ་ཁྱུང་གི་དམགཿ ནམ་མཁའི་ཁམས་ནས་ཐོག་སེར་བཞིནཿ བར་སྣང་དབྱིངས་ནས་འཐོར་རླུང་ལྟརཿ ས་གཞིའི་ངོས་ནས་མེ་མཆེད་ལྟསཿ འུར་ཆེམ་དྲག་པོའི་རྒྱ་མཚོ་ལཿ སེར་རྒོད་འབབ་བཞིན་བསྲུང་བྱ་ཡིཿ སྒོ་གསུམ་དལ་དུ་དབྱེར་མེད་འདྲེསཿ དེ་མཐུས་སྔོན་ལས་འཕྲལ་རྐྱེན་གྱིསཿ བསྐྲུན་པའི་བཞི་བརྒྱ་རྩ་བཞིའི་ནདཿ སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་སྤྱིཿ ཁྱད་པར་ས་བདག་ཀླུ་གཉན་གྱིཿ མཐོང་རེག་བསམ་པའི་དུག་རིགས་དང་ཿ རྒྱལ་བསེན་གཟའ་སོགས་སྡེ་བརྒྱད་ཀྱིཿ ནད་གདོན་གྲིབ་དང་དུག་རིགས་སོགསཿ ལྷག་མེད་རྫས་ལ་མེ་མཆེད་བཞིནཿ སྐུད་ཅིག་ཙམ་གྱིས་རབ་གཞོམ་ནསཿ སྡུག་བསྔལ་རྒྱུ་འབྲས་སྟོངས་པར་གྱུརཿ ཞེས་པས་བསྲུང་བྱ་གནས་གྱུར་ལྷཿ བསྐལ་མེ་རབ་འབར་ཡེ་ཤེས་ལྔའིཿ ངོ་བོར་བསམ་པའི་ཀློང་རུམ་དུཿ ཀླུ་བདུད་རྡོ་རྗེར་གསལ་བ་ཡིཿ གནས་ལྔར་འབྲུ་ལྔས་མཚན་པ་ལསཿ འོད་འཕྲོས་ཕྱོགས་བཅུ་དུས་གསུམ་གྱིཿ རྒྱལ་བ་སྲས་བཅས་སྤྱན་དྲངས་ནསཿ བསྟིམས་པས་སྲིད་གསུམ་གཉེན་པོར་བསམཿ རྩ་སྔགས་གཤམ་བཅས་བཟླས་པས་བསྲུངས ཿ རྗེས་སུ་འཁོར་གསུམ་དམིགས་མེད་ངང་ཿ བཀྲ་ཤིས་བསྔོ་སྨོན་ནན་དུ་བྱཿ དེ་ལྟར་ཁྱུང་སྒྲུབ་ལས་ཚོགས་ཀྱིཿ གདོན་ཁྲོལ་འཕྲལ་རྐྱེན་ཁ་བསྒྱུར་འདིཿ ཀུན་གཞིའི་སྒྲོམ་ནས་འདོན་སྐུལ་བཿ འཇིགས་བྲལ་དཔའ་བོ་གདོང་ལྔ་པའིཿ སྨིན་གྲོལ་ནུ་ཞོ་ཚོམ་མེད་དུཿ འཐུང་བའི་སེང་ཕྲུག་ཤེས་བྱའི་བློཿ ཡོངས་གསལ་དེའི་ངོར་ཕབས་པའི་དགེསཿ བཟང་ངན་འབྲེལ་ཐོགས་འགྲོ་བའི་ཁམསཿ ཕྱམ་གཅིག་འཕྲལ་ཕུགས་དགའ་བདེའི་རྒྱུརཿ གྱུར་ཅིག་སརྦ་མང་ག་ལཾཿ དགེའོཿ དགེའོཿ དགེའོཿ

སྐུ་གསུམ་ཁྱུང་གི་སྒྲུབ་ཐབས་ཀླུ་བདུད་རྡོ་རྗེ།

༄༅ཿ སྐུ་གསུམ་ཁྱུང་གི་སྒྲུབ་ཐབས་ཀླུ་བདུད་རྡོ་རྗེ་ཞེས་བྱ་བ་བཞུགས་སོཿ དགེའོ།

ན་མོ་མ་ཧཱ་ག་རུ་ཎ་ཡེཿ ཀླུ་བདུད་ཁྱུང་ཆེན་སྒྲུབ་ཐབས་ནིཿ གང་རུང་གནས་སུ་རྡུལ་ཚོན་ནམཿ རས་བྲིས་ཆོས་འབྱུང་དབུས་སུ་ཡང་ཿ ལྷ་མཚན་དབུས་མཐིང་གཡས་དང་གཡོནཿ དཀར་དམར་བྱས་མཐར་ཚ་ཟེར་བདུནཿ བྲིས་ལ་མེ་རིས་བར་མཚམས་སྦྲེལཿ དེ་སྟེང་མཉྫིར་ཁྱུང་གཏོར་མཐིང་ཿ རྩེ་ལ་ཁྱུང་གཟུགས་མཐིང་གས་མཚནཿ གཡས་གཡོན་དཀར་དམར་གཏོར་མའི་རྩེརཿ ཁྱུང་གཟུགས་དཀར་དམར་མེ་རི་སོགསཿ གསུམ་གར་རྒྱན་དང་ཡོ་བྱད་སྦྱརཿ གཞན་ཡང་ཕྱི་ནང་གསང་མཆོད་བཅསཿ བག་ཕེབས་ཡིད་སྤྲོ་བསྟར་ནས་སུཿ ཚད་མེད་རྣམ་བཞི་གཡེལ་མེད་ངང་ཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ ན་མོཿ ངོ་བོ་སྤྲོས་བྲལ་ཆོས་ཀྱི་སྐུཿ རང་བཞིན་བདེ་མཆོག་འགྱུར་བ་མེདཿ ཐུགས་རྗེ་འགག་མེད་ག་རུ་ཎཿ ཀླུ་བདུད་རྡོ་རྗེར་སྐྱབས་སུ་མཆིཿ ལན་གསུམཿ གཉིས་པ་སེམས་བསྐྱེད་པ་ནིཿ ཧོཿ གཏི་མུག་ལས་བྱུང་ཀླུ་གདོན་སོགསཿ རྣམ་སྣང་གོ་འཕང་ལ་འགོད་ཕྱིརཿ ཡེ་ཤེས་ཁྱུང་ཆེན་བསྒྲུབས་ནས་ནིཿ འགྲོ་དོན་བྱེད་པར་སེམས་མཆོག་བསྐྱེདཿ ལན་གསུམཿ གསུམ་པ་ཡན་ལག་བདུན་པ་ནིཿ ཆོས་དབྱིངས་ཡེ་ཤེས་ག་རུ་ཎཿ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགསཿ པད་ཉིར་ཀླུ་བདུད་གདན་ལ་བཞུགསཿ སྒོ་གསུམ་གུས་པས་ཕྱག་འཚལ་ལོཿ གཏི་མུག་ལས་གྱུར་ཉེས་ཀུན་བཤགསཿ ཕྱི་ནང་གསང་བའི་མཆོད་ཚོགས་འབུལཿ ཀླུ་འདུལ་ཆོས་འཁོར་བསྐོར་བར་བསྐུལཿ དགེ་རྩ་ཆོས་ཀྱི་དབྱིངས་སུ་བསྔོཿ བཞི་པ་བགེགས་གཏོར་བཏང་བ་ནིཿ ཧཱུཾཿ གཏི་མུག་དབང་གྱུར་གདོན་བགེགས་རིགསཿ འདོད་ཡོན་གླུད་གཏོར་རྒྱན་ལྡན་འདིཿ བཞེས་ལ་སྔོན་གྱི་ཤ་འཁོན་དང་ཿ འཕྲལ་གྱི་གནོད་སེམས་ཞི་བར་མཛོདཿ ཧཱུཾ་བཞིས་བསྐྲདཿ ལྔ་པ་སྲུང་འཁོར་བསྒོམ་པ་ནིཿ ཧཱུཾཿ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུརཿ བར་མཚམས་ཁྱུང་གིས་རབ་གཏམས་པརཿ ཀླུ་གཉན་འདའ་བའི་སྐབས་མེད་པའིཿ ལྷུན་གྲུབ་སྲུང་འཁོར་གཞོམ་གཞིག་བྲལཿ བཛྲ་རཀྵ་རཀྵཿ དྲུག་པ་མཆོད་རྫས་བྱིན་བརླབ་ནིཿ ཧཱུཾཿ ཕྱི་ནང་གསང་བའི་མཆོད་པའི་སྤྲིནཿ ཡེ་ཤེས་ཁྱུང་ཆེན་དགྱེས་པའི་རྫསཿ ས་བདག་ཀླུ་གཉན་འདུལ་བའི་རྫསཿ དངོས་བཤམས་ཡིད་སྤྲུལ་དཔག་མེད་གྱུརཿ ༀ་བཛྲ་ཨརྒྷཾ༴ སོགས༴ ཤབྟ་མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་སརྦ་པུཙྪ་ཨ་ཧཱུཾཿ བདུན་པ་ལྷ་བསྐྱེད་པ་ནིཿ ཧཱུཾཿ ཆོས་ཉིད་སྤྲོས་བྲལ་སྐྱེ་མེད་དབྱིངསཿ ཆོས་ཅན་མ་འགག་སྙིང་རྗེའི་རྩལཿ གདུལ་བྱ་གཏི་མུག་ཅན་འདུལ་ཕྱིརཿ རྟེན་འབྲེལ་ཁྲོཾཿཡིག་མཁའ་ལ་ཤརཿ དེ་ཉིད་ཡོངས་གྱུར་རྒྱ་མཚོ་ཆེའིཿ དབུས་སུ་ཟངས་ཀྱི་ཆོས་འབྱུང་ནིཿ རྒྱ་ཁྱོན་སྟོང་གསུམ་ཙམ་གྱི་ནང་ཿ འཇིག་རྟེན་ཁམས་ཀྱི་ཀླུ་གཉན་དང་ཿ ས་བདག་རིགས་གྱུར་ཀུན་ཚུད་ནསཿ ཕྱི་རོལ་སྟེང་འོག་ཕྱོགས་མཚམས་སུཿ རབ་འབར་ཚ་ཟེར་བདུན་གྱི་གཟིསཿ ས་བདག་ཀླུ་གཉན་རབ་གདུང་པའིཿ དཀྱིལ་དུ་པདྨ་ཉི་མའི་གདནཿ ཆོས་འབྱུང་ཁ་ཆོད་ལྟར་གསལ་བའིཿ སྟེང་དུ་ཁྲོཾཿཡིག་འཕྲོ་འདུ་ལསཿ བདག་ཉིད་སྐད་ཅིག་དབྱིངས་ཀྱི་ལྷཿ ཡེ་ཤེས་ཁྱུང་ཆེན་ཀླུ་བདུད་འདུལཿ མགོ་དང་རྐང་ལག་གནམ་ལྕགས་ལཿ ལུས་པོ་ཟངས་ལ་གཤོག་པ་ལྕགསཿ མཇུག་སྒྲོ་རལ་གྲི་བ་སྤུ་ཀུནཿ རྡོ་རྗེ་ཕྱེད་པ་རལ་བ་གྲིཿ སྤྱན་ཟུང་མེ་ཤེལ་རྡོ་རྗེའི་མཆུཿ ས་བདག་ཀླུ་གཉན་ལྟོ་འགྲོའི་གཟུགསཿ མདངས་ཉམས་མདོག་ནག་དབད་ཅིང་ཟཿ གནམ་ལྕགས་སྤར་མོས་ལུས་ལ་འབིགསཿ མགོ་མཇུག་རྐང་སྦར་ཟུང་གིས་འབྲདཿ བསྐལ་པའི་མེ་བཞིན་གཟི་བརྗིད་འབརཿ སྲས་བཅས་རྒྱལ་བའི་མཐུ་ནུས་རྫོགསཿ འཁོར་དུ་སྐུ་གསུང་ཁྱུང་དང་ནིཿ ཁྲོ་བོ་ཁྲོ་མོ་ཏིལ་གང་བཞིནཿ དེ་ལྟར་གསལ་བའི་གཙོ་བོ་ཡིཿ སྤྱི་མགྲིན་སྙིང་ཁ་ལྟེ་གསང་ལྔརཿ ༀ་ཨཱཿཧཱུཾ་དང་སྭཱཧཱས་མཚནཿ འོད་ཀྱིས་མགོན་པོ་རྣམས་བསྐུལ་ནསཿ དབང་བསྐུར་ཁྲུས་བྱས་དྲི་མ་དགཿ ཆུ་ལྷག་ཡར་འཁྱིལ་གཙོ་བོ་ལཿ རྣམ་སྣང་མི་བསྐྱོད་ དབུ་བརྒྱན་འཁོར་གཉིས་པོརཿ དཀར་པོ་མི་བསྐྱོད་རྡོ་རྗེ་དང་ཿ རྣམ་པར་སྣང་མཛདཿ དམར་པོ་འོད་དཔག་མེད་པའོཿ རིགས་ཀྱི་བདག་པོ་གསལ་བར་བྱཿ ཐུགས་སྲོག་ཧཱུཾ་ལས་འོད་འཕྲོས་པསཿ འོག་མིན་ཞིང་དང་མེ་རི་འབརཿ རང་བཞིན་གར་བཞུགས་གནས་མཆོག་ནསཿ ལྷ་ཚོགས་ཞི་ཁྲོ་རབ་འབྱམས་ཀུནཿ ཡེ་ཤེས་ཁྱུང་གི་རྣམ་པ་རུཿ སྤྱན་དྲངས་བདག་དང་གཉིས་མེད་གྱུརཿ བརྒྱད་པ་སྤྱན་འདྲེན་ནིཿ ཧཱུཾཿ འོག་མིན་མཁའ་སྤྱོད་གནས་མཆོག་དང་ཿ མེ་རི་འབར་བའི་དུར་ཁྲོད་ནསཿ དབྱིངས་ཀྱི་ཁྲོ་བོ་ཁྲོ་མོའི་ཚོགསཿ སྤྲུལ་པ་ཁྱུང་གི་སྐུར་བཞེངས་འཚལཿ ཉོན་མོངས་གཏི་མུག་འདུལ་བའི་ཕྱིརཿ ཐུགས་ཀྱི་ཁྱུང་ཆེན་སྤྱན་འདྲེན་གཤེགསཿ ཉོན་མོངས་ཞེ་སྡང་འདུལ་བའི་ཕྱིརཿ སྐུ་ཡི་ཁྱུང་ཆེན་སྤྱན་འདྲེན་གཤེགསཿ ཉོན་མོངས་འདོད་ཆགས་འདུལ་བའི་ཕྱིརཿ གསུང་གི་ཁྱུང་ཆེན་སྤྱན་འདྲེན་གཤེགསཿ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལསཿ བྱུང་བའི་སྟོང་ཕྲག་བརྒྱད་ཅུའི་གདོནཿ འཇོམས་ཕྱིར་ཁྲོ་བོ་ཁྲོ་མོའི་ཚོགསཿ མ་ལུས་འཁོར་བཅས་སྤྱན་འདྲེན་གཤེགསཿ བཛྲ་ག་རུ་ཎ་ས་མ་ཡཱ་ཛ་ཛཿ དགུ་པ་བཞུགས་གསོལ་ནིཿ ཧཱུཾཿ རྒྱ་མཚོ་ཆེན་པོའི་རྦ་ཀློང་དབུསཿ ཆོས་འབྱུང་ས་བདག་ཀླུ་གཉན་ཁྲིརཿ པདྨ་ཉི་མའི་གདན་སྟེང་དུཿ ཁྱུང་ཆེན་འཁོར་བཅས་བཞུགས་སུ་གསོལཿ བཛྲ་ག་རུ་ཎ་ས་མ་ཡཱ་ཏིཥྛ་ལྷནཿ བཅུ་པ་ཕྱག་འཚལ་བ་ནིཿ ཧཱུཾཿ ས་བདག་ཀླུ་གཉན་འདུལ་བ་དང་ཿ གཏི་མུག་རྒྱུ་འབྲས་ཡོངས་དག་ནསཿ རྣམ་སྣང་གོ་འཕང་ཐོབ་བྱའི་ཕྱིརཿ ཁྱུང་ཆེན་འཁོར་བཅས་ཕྱག་འཚལ་ལོཿ ག་རུ་ཎ་ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ བཅུ་གཅིག་མཆོད་པ་འབུལ་བ་ནིཿ ཧཱུཾཿ ཕྱི་ནང་གསང་མཆོད་སྦྱོར་དང་སྒྲོལཿ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུརཿ སྦྱངས་སྤེལ་བསྒྱུར་ནས་ག་རུ་ཎཿ འཁོར་དང་བཅས་ལ་འབུལ་གྱིས་བཞེསཿ ག་རུ་ཎ་ཨརྒྷཾ༴ སོགས༴ ཤབྟ་རུ་པ་ཤབྟ་གནྡྷེ་ར་ས་སྤཪྴེ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཏཱ་ན་གྷ་ན་སརྦ་མ་ཧཱ་པཱུ་ཙ་ཧོཿ བཅུ་གཉིས་པ་བསྟོད་པ་བྱ་བ་ནིཿ ཧཱུཾཿ དབྱིངས་ལས་སྤྲུལ་པའི་ག་རུ་ཎཿ མ་རིག་ས་བདག་ཀླུ་གཉན་ཚོགསཿ སྐྱེ་མེད་དབྱིངས་སུ་སྒྲོལ་མཛད་པཿ ཀླུ་བདུད་རྡོ་རྗེར་ཕྱག་འཚལ་བསྟོདཿ བཅུ་གསུམ་པ་བཤགས་པ་ནིཿ ཧཱུཾཿ ཡེ་ནས་རང་རིག་ག་རུ་ཎརཿ སོ་སོར་དབེན་ཀྱང་མ་རིགས་མཐུསཿ མི་ཤེས་རྨོངས་པའི་ཉེས་ཚོགས་ཀུནཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ ག་རུ་ཎ་ས་མ་ཡཱ་ཤུདྡྷེ་ ཨཱཿ བཅུ་བཞི་པ་འཛབ་བཟླས་བྱ་བ་ནིཿ བདག་གི་ཐུགས་ཀར་པད་ཉི་ལཿ ཁྲོཾཿཡིག་དམར་ནག་གི་མཐརཿ ཁྲོཾ་བཛྲ་ག་རུ་ཎ་ནཱ་ག་སརྦ་མ་ར་ཡཱ་ཧཱུཾ་ཕཊཿཀྱིས་གཡས་སྐོར་དུ་འཁོར་བ་ལས་འོད་ཟེར་ཡར་འཕྲོས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་མཐུ་བྱིན་བསྡུས་ནས་ཁྲོཾཿཡིག་ལ་བསྟིམས་པས་རྒྱལ་བ་སྲས་བཅས་དང་མཐུ་ནུས་མཉམ་པར་གྱུརཿ འོད་ཟེར་མར་འཕྲོས་པས་བདག་དང་བསྲུང་བྱ་རྣམས་ལ་འཚེ་བའི་ས་བདག་ཀླུ་གཉན་རྣམས་ཚར་བཅདཿ འགྲོ་དྲུག་གི་གནས་སུ་འཕྲོས་པས་སོ་སོའི་སྡུག་བསྔལ་སྦྱངས་ཏེ་ཐམས་ཅད་ཀླུ་བདུད་རྡོ་རྗེའི་གོ་འཕང་ལ་བཀོད་པས་མ་རིག་པའི་གཞི་སྟོང་སྟེ་ཡེ་ཤེས་རྒྱས་ཏེཿ འོད་ཟེར་ཚུང་འདུས་པས་བདག་ཉིད་སྲིད་ཞིའི་སྤྱི་དཔལ་ཏུ་གྱུར་པར་མོས་བཞིནཿ འབྲུ་འབུམ་བཟླཿ ལས་སྦྱོར་ནིཿ བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྔོན་པོ་རེག་བྱ་ཚ་བཿ གློུག་ཞགས་ལྟར་མྱུར་བ་འཕྲོས་པས་འཇིག་རྟེན་གྱི་ཁམས་སྤྱི་དང་ཿ ཁྱད་པར་ཡུལ་ཁམས་འདི་དང་བསྲུང་བྱ་ལ་འཚེ་བ་རྣམས་དབང་མེད་དུ་བཀུག་ནས་ཟངས་ཀྱི་ཆོས་འབྱུང་དུ་ཚུད་པར་དམིགས་ལཿ ཨཱོཾ་ནཱ་ག་ཏེ་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱཿ དང་གཞན་ལྷོག་པ་དཀར་ནག་བདུན་དྲུག་རེག་དུག་བསེ་མོག་སོགས་ལ་སྔགས་འདི་གོང་མའི་གཤམ་དུ་སྦྲེལ་ལ་བཟླཿ ༀ་ནག་པོ་ཀ་ལ་རཀྴ་རྦད་རྦད་སོད་སོད་ཕྱུང་ཕྱུང་ཿ སྤུ་གྲི་ཟང་ཟངས་ལྕགས་ཀྱི་སྡེར་མོས་གནོད་བྱེད་ཀླུ་གཉན་གྱི་སྙིང་ལ་ཟུང་ཟུང་ཿ ནཱ་ག་བྱི་ར་ཡ་སོདཿ ནཱ་ག་བྱེ་མ་ལམ་སོད་སྭཱཧཱཿ དང་ཁྱད་པར་རྣོ་སོ་གདག་པ་ནིཿ ༀ་ཨག་ཙེ་ཁྱུང་རམ་ཐིས་ཐུན་ཁྱུང་ཁྱུང་ཁ་ལ་རཀྴ་ཁྱུང་ནི་ནཱ་ག་ཛྭ་ལ་ཐིས་ཐུན་སྭཱཧཱཿ ༈ བཅོ་ལྔ་པ་ཚོགས་ལ་རྣམ་གྲངས་བཅུ་སྟེཿ དང་པོ་ཚོགས་བྱིན་གྱིས་བརླབ་པ་ནིཿ ཧཱུཾཿ རུས་སྦལ་ཁོག་པའི་ཚོགས་སྣོད་དུཿ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔཿ འོད་དུ་ལྟེམ་གྱིས་ཞུ་བ་ལསཿ འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབཿ རཾ་ཡཾ་ཁཾཿ གསུམཿ ༀ་ཨཱཿཧཱུཾཿ གསུམཿ གཉིས་པ་སྤྱན་འདྲེན་པ་ནིཿ ཧཱུཾཿ འོག་མིན་མཁའ་སྤྱོད་ཞིང་ཁམས་དང་ཿ མེ་རི་འབར་བའི་དུར་ཁྲོད་ནསཿ ཁྲོ་བོ་ཁྲོ་མོ་སྤྲུལ་འཁོར་བཅསཿ ཡེ་ཤེས་ཁྱུང་གི་སྐུར་བཞེངས་འཚལཿ གསུམ་པཿ ཕུད་འབུལ་བ་ནིཿ ཧཱུཾཿ བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགསཿ འདོད་ལྔའི་ལོངས་སྤྱོད་ནང་གི་ཚོགསཿ དགའ་བཞི་བདེ་སྟོང་གསང་བའི་ཚོགསཿ ཡེ་ཤེས་ཁྱུང་ཆེན་ཐུགས་དམ་བསྐང་ཿ མ་ཧཱ་ག་རུ་ཎ་ཙཀྲ་པཱུཙྪ་ཧོཿ བཞི་བ་བཤགས་པ་ནིཿ ཧཱུཾཿ བདག་ཅག་མ་རིག་སྒོ་གསུམ་གྱིསཿ ཁྱུང་ཆེན་ཐུགས་དང་འགལ་བགྱིས་ཀུནཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ མི་འགྱུར་བདེ་ཆེན་དངོས་གྲུབ་སྩོལཿ ས་མ་ཡཱ་ཤུདྡྷེ་ཨཱཿ ལྔ་པ་དམིགས་བྱ་གསལ་བ་ནིཿ ཧཱུཾཿ དུག་གསུམ་ལས་གྲུབ་ཆོས་འབྱུང་དུཿ མ་རིག་འཁྲུལ་པའི་ཀླུ་གདོན་སོགསཿ བསམ་སྦྱོར་གནག་པའི་དགྲ་བགེགས་ཀུནཿ བསྒྲལ་བྱའི་མཚན་ཉིད་ལྡན་བཞིན་དུཿ མཚན་མའི་རྫས་དང་དབྱེར་མེད་གྱུརཿ དྲུག་པ་གཟུགས་ལ་དབབ་པ་ནིཿ ཧཱུཾཿ དབྱིངས་ནས་རང་བྱུང་གྲུབ་པའི་ལྷཿ ཡེ་ཤེས་ཁྱུང་ཆེན་ཀླུ་བདུད་འདུལཿ འཁོར་དང་བཅས་པའི་བདེན་མཐུ་ཡིསཿ དམིགས་བྱའི་དགྲ་བགེགས་འདིར་ཁུག་ཛཿ ག་རུ་ཎ་གནོད་བྱེད་ཐམས་ཅད་ཀཪྴ་ཡ་ཛཿ ཛ་ཧཱུཾ་བཾ་ཧོཿ ལན་གསུམཿ བདུན་པ་བསྒྲལ་བ་ནིཿ ཧཱུཾཿ དབྱིངས་རིག་དབྱེར་མེད་ག་རུ་ཎའིཿ ཐུགས་ལས་སྤྲུལ་པའི་སྒྲོལ་གིང་ཚོགསཿ དམར་ནག་རབ་འཇིགས་མཚོན་ཆ་བསྣམསཿ གནོད་བྱེད་ཐལ་བའི་རྡུལ་བཞིན་བརླགཿ ག་རུ་ཎ་གནོད་བྱེད་སརྦ་ཤ་ཏྲུན་མ་ར་ཡཱ་རྦདཿ བརྒྱད་པ་བསྟབ་པ་བྱ་བ་ནིཿ ཧཱུཾཿ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུསཿ སྐུ་གསུམ་ཡེ་ཤེས་ཁྱུང་ཞལ་དུཿ འབུལ་གྱིས་དུག་གསུམ་རྣམ་དག་ནསཿ ཁམས་གསུམ་འཁོར་བ་སྟོང་པར་ཤོགཿ ག་རུ་ཎ་ཁཱ་ཧིཿ དགུ་པ་ཚོགས་ལ་རོལ་བ་ནིཿ ཧཱུཾཿ གསང་སྔགས་ཐབས་ཆེན་ལས་བྱུང་བཿ བཟའ་བ་ཤ་དང་བཏུང་བ་ཆང་ཿ དངོས་གྲུབ་སྒྲུབ་པའི་རྫས་སྣ་ཚོགསཿ སྤང་བླང་རེ་དོགས་བྲལ་བཞིན་རོལཿ ཨ་ལ་ལ་ཧོཿ སིདྡྷི་ཕ་ལ་ཧཱུཾཿ བཅུ་པ་ལྷག་མ་བསྔོ་བ་ནིཿ ཧཱུཾཿ འཁོར་འདས་སོ་མཚམས་འཛིན་པ་ཡིཿ ལྷག་ལ་དབང་བའི་ཚོགས་རྣམས་ཀྱིསཿ ལྷག་མའི་མཆོད་པ་འདི་བཞེས་ལཿ རབ་འབྱམས་འཕྲིན་ལས་ཀུན་འགྲུབ་མཛོདཿ ཨུ་ཙིཥྚ་བ་ལིང་ཏ་ཁཱ་ཧིཿ བཅུ་དྲུག་བསྐུལ་བ་ནིཿ ཧཱུཾཿ རྡོ་རྗེ་ཁྱུང་ཆེན་ཀླུ་བདུད་འདུལཿ བཞེངས་ཤིག་ལྷུན་གྲུབ་དབྱིངས་ནས་བཞེངསཿ བསྐུལ་ལོ་ཀླུ་གཉན་འདུལ་ཕྱིར་བསྐུལཿ མཛོད་ཅིག་འཕྲིན་ལས་ཀུན་འགྲུབ་མཛོདཿ བཅུ་བདུན་ཆད་ཐོའི་ཐ་ཚིག་ནིཿ ཧཱུཾཿ སྔོུན་ཚེ་གསང་བདག་རྡོ་རྗེ་འཛིནཿ ཀླུ་འདུལ་ཁྱུང་དུ་སྐུ་སྤྲུལ་ནསཿ སྣང་སྲིད་དྲེགས་པ་དབང་བསྡུས་ཚེཿ ཁས་བླངས་དམ་བཅའི་ཐ་ཚིག་རྣམསཿ ཡལ་བར་དོར་ན་བརླག་པར་འགྱུརཿ དེ་ཕྱིར་ཡལ་གམ་གཏོར་མཆོད་འདིཿ བཞེས་ལ་ལས་བཞིའི་ཕྲིན་ལས་ཀུནཿ ཐོགས་མེད་མྱུར་དུ་འགྲུབ་པར་མཛོདཿ བཅོ་བརྒྱད་བརྟན་མ་བསྐྱངས་བ་ནིཿ ཧཱུཾཿ བོད་ཁམས་བརྟན་མ་བཅུ་གཉིས་པོཿ འཁོར་དང་བཀའ་ཉན་སྤྲུལ་པར་བཅསཿ འདིར་གཤེགས་བཤལ་ཆུའི་གཏོར་མ་འདིཿ བཞེས་ལ་བོད་ཁམས་བདེ་བར་སྐྱོངསཿ མ་མ་ཧྲིང་ཧྲིང་བཱ་ལིང་ཏ་ཁཱ་ཧིཿ བཅུ་དགུ་བྲོ་བརྡུང་ནིཿ ཧཱུཾཿ སྟོང་གསུམ་སྟོང་གི་འོག་རོལ་དུཿ གནོད་བྱེད་དམ་སྲི་ལོག་འདྲེན་རྣམསཿ མནན་པའི་འཕྲིན་ལས་རྫོགས་པའི་སྟེང་ཿ རྡོ་རྗེ་ཁྱུང་གི་བྲོས་རྒྱས་གདབཿ ག་རུ་ཎ་གནོད་བྱེད་དགྲ་བགེགས་སྟྭཾ་བྷ་ཡ་ནནཿ ཉི་ཤུ་དངོས་གྲུབ་བླང་བ་ནིཿ ཧཱུཾཿ དབྱིངས་ཀྱི་ཡེ་ཤེས་ཁྱུང་ཆེན་གྱིཿ གསང་གསུམ་མཐུ་བྱིན་ནུས་པའི་རྩལཿ མ་ལུས་འདུས་པའི་ཐིག་ལེ་ཆེཿ སྒྲུབ་པོ་བདག་དང་གཉིས་སུ་མེདཿ ག་རུ་ཎ་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུཾཿ ཉེར་གཅིག་པ་བཤགས་པ་ནིཿ ཧཱུཾཿ ཐོག་མེད་དུས་ནས་ད་ལྟའི་བརཿ འཁྲུལ་པའི་བྱ་བས་ནོངས་གྱུར་ཀུནཿ གཉིད་དང་རྨི་ལམ་བཞིན་དུ་འཐསཿ ངོ་བོ་མཐོང་ཚེ་འཁྲུལ་གྲོལ་སངསཿ ཨ་ཨ་ཨཿ ཉེར་གཉིས་པ་བསྐྱེད་རིམ་བསྡུ་བ་ནིཿ ཧཱུཾཿ ཐབས་མཁས་འཕྲུལ་གྱིས་འཁོར་བའི་འགྲོའིཿ སྡུག་བསྔལ་རྒྱུ་རྐྱེན་བསལ་པའི་ལསཿ ཡེ་ཤེས་ཁྱུང་གི་སྒྱུ་འཕྲུལ་དགཿ རང་བྱུང་རང་ཐིམ་རིག་པའི་གཤིསཿ ཨ་ཨ་ཨཿ ཉེར་གསུམ་སླར་ཡང་ལྷར་ལྡང་ནིཿ ཧཱུཾཿ ཆད་པ་མ་ཡིན་ལྷུན་གྲུབ་མདངསཿ སྣང་གྲག་ཁྱུང་གི་རྣམ་རོལ་གྱིསཿ གཏམས་པས་རྩལ་སྣང་ཀླུ་གཉན་སོགསཿ བཀའ་དང་དམ་ལས་འདའ་མེད་གྱུརཿ ཉེར་བཞི་བསྔོ་བའི་རྒྱས་འདེབས་ནིཿ ཧཱུཾཿ སེམས་ཀྱིས་བཏགས་པའི་སྲིད་དང་ཞིཿ ཡེ་ཤེས་ཁྱུང་དུ་བསྒྲུབས་པའི་དགེསཿ ཕྱམ་གཅིག་རྡོ་རྗེ་ཁྱུང་ཆེན་གྱིཿ གོ་འཕང་འབྲས་བུ་ཐོབ་ཕྱིར་བསྔོཿ ཉེར་ལྔ་པ་བཀྲ་ཤིས་ནིཿ ཧཱུཾཿ ཡེ་ཤེས་ཁྱུང་ཆེན་མཐུ་བྱིན་དང་ཿ བསྲུ་མེད་ལས་འབྲས་ཟབ་མོའི་མཐུསཿ ནད་གདོན་བགེགས་རིགས་ཀུན་ཞི་ནསཿ མྱང་འདས་མངོན་གྱུར་བཀྲ་ཤིས་ཤོགཿ ཉེར་དྲུག་པ་སྨོན་ལམ་གདབ་པ་ནིཿ ཧཱུཾཿ དྲང་སྲོང་ལག་ན་རྡོ་རྗེ་ཡིཿ མཐུ་སྟོབས་ནུས་པ་ཇི་བཞིན་ཏུཿ བདག་ཀྱང་དེ་བཞིན་ལྡན་གྱུར་ནསཿ འཁོར་བའི་སེམས་ཅན་དོན་བྱེད་ཤོགཿ ཨེ་མ་འདི་ནི་རྣལ་འབྱོར་པཿ འཇིགས་མེད་ཕྲིན་ལས་འོད་ཟེར་ལཿ དབྱིངས་ཀྱི་ཁྱུང་གིས་གནང་བཞིན་དུཿ བྲིས་ལ་འགལ་འཁྲུལ་ཡུལ་དང་བྲལཿ དངོས་གྲུབ་བྱིན་རླབས་བློ་ཚུལ་བཞིནཿ འབྱུང་བར་ངེས་སོ་བསླུ་བ་མེདཿ རིག་པ་ཀླུ་བདུད་རྡོ་རྗེ་ཡིཿ མདངས་སུ་མངོན་པར་བྱང་ཆུབ་ཤོགཿ ཀྱེ་མ་ཉི་ཤུ་ཁ་རལ་དུསཿ ས་བདག་ཀླུ་གཉན་ཆུ་བཞིན་འབྲུབཿ བཅོས་མེད་ནད་རིགས་མང་པོ་དང་ཿ ཁྱད་པར་བདུན་དྲུག་གློག་ལྟར་འཁྲུགསཿ ཕྱུགས་ནད་སྐེ་འགག་ལྷོག་པ་སྲིནཿ མང་དུ་དར་ཞིང་མི་ཕྱུགས་གདུང་ཿ དེ་ལ་ཕན་ཐབས་ཁྱུང་སྒྲུབ་འདིཿ གཉེན་པོ་སྟོབས་ཀྱི་ལྷ་རུ་ངེསཿ ཉམས་སུ་ལོངས་དང་བསླུ་མེད་པཿ བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཡིནཿ འདི་ལ་འབྲེལ་ཐོགས་སེམས་ཅན་ཀུནཿ སྡུག་བསྔལ་དང་བྲལ་བདེ་བ་མཆོགཿ འགྱུར་མེད་ཀླུ་བདུད་རྡོ་རྗེར་མངོནཿ ས་མ་ཡཱཿ དགེའོཿ མངྒ་ལཾ།

བླ་མའི་རྣལ་འབྱོར་སྙིང་པོ་བཅུད་བསྡུས་ཡིད་བཞིན་དབང་རྒྱལ།

༄༅། །བླ་མའི་རྣལ་འབྱོར་སྙིང་པོ་བཅུད་བསྡུས་ཡིད་བཞིན་དབང་རྒྱལ་བཞུགས། ན་མོ་གུ་རུ། །གནས་སྤྱི་བོའི་གཙུག་གི་ནམ་མཁའ་ལ། །འཇའ་འོད་ཕུང་འཁྲིགས་པའི་གུར་ནང་དུ། །གདན་ཉི་ཟླ་པདྨ་བརྩེགས་པའི་ཁར། །སྐྱབས་མཆོག་གསུམ་རྩ་གསུམ་ཀུན་འདུས་རྗེ། །ཕ་བླ་མ་བྱང་ཆུབ་རྡོ་རྗེའི་ཞབས། །སྐུ་དཀར་དམར་མདངས་ལྡན་ཞི་འཛུམ་ལྡན། །ཕྱག་གཉིས་ཀས་མཉམ་བཞག་ཚེ་བུམ་བཏེགས། །ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །འཁོར་རྩ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས། །སྐུའི་གནས་གསུམ་ༀ་ཨཱཿཧཱུཾ་གིས་མཚན། །འབྲུ་གསུམ་པོར་འོད་འཕྲོས་སྐུ་གསུམ་གྱི། །ཞིང་རྣམ་པར་དག་པའི་གནས་མཆོག་ནས། །མགོན་དགུ་ལྡན་བླ་མ་རྩ་གསུམ་ལྷ། །ཡོངས་སྤྱན་དྲངས་སྤྱི་བོའི་ལྷར་ཐིམ་པས། །སྐྱབས་གཞན་ན་མེད་པའི་གདེང་ཐོབ་གྱུར། །དེ་རྗེས་བླ་མའི་གསང་གསུམ་གྱི། །ཡོན་ཏན་དྲན་བཞིན་གསོལ་བ་གདབ། །ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །སྙིགས་མ་ལྔ་བདོའི་མཐར་སྐྱེས་པའི། །སོ་སོའི་སྐྱེ་བོ་བདག་འདྲ་བ། །ཐུགས་རྗེ་ཆེན་པོས་ཉེར་བཟུང་ནས། །རྣམ་གྲོལ་ས་ལ་དབུགས་འབྱིན་གསོལ། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །བདག་གཅིག་ཁོ་ནས་རྣམ་མཁྱེན་སར། །འགོད་པར་ནུས་པའི་མཐུ་སྟོབས་བསྐྱེད། །བདག་ཉིད་མཐོང་ཐོས་དྲན་རེག་འགྲོ། །མ་ལུས་ཕྱམ་གཅིག་གདོད་མའི་སར། །བཀོད་ཅིང་རྒྱལ་བ་རྒྱ་མཚོ་ཡི། །གཞན་ཕན་ཕྲིན་ལས་བདག་ཉིད་ཀྱིས། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ༀ་ཨཱཿམ་ཧཱ་གུ་རུ་ཨ་བྷྱེ་ཀརྨ་རསྨི་སརྦ་སིདྡྷི་ཕ་ལ་ཧཱུཾ། ཅི་མང་བརྗོད་མཐར་དབང་བཞི་བླངས། བསྔོ་སྨོན་སོགས་ཀྱིས་རྒྱས་འདེབས་བྱ། འདི་ཉིད་དད་དམ་ནོར་འཆང་བ། བུ་གཅིག་དམ་ཚིག་རྡོ་རྗེའི་ངར། རྡོ་བླས་ཐོལ་བྱུང་ཐོགས་མེད་དུ། སྨྲས་འདི་ཡོངས་ལ་དགེ་གྱུར་ཅིག །

རྩ་གསུམ་ཀུན་འདུས་རྣལ་འབྱོར་བྱིན་རླབས་ནོར་བུ།

༄༅། རྩ་གསུམ་ཀུན་འདུས་རྣལ་འབྱོར་བྱིན་རླབས་ནོར་བུ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ། རྩ་གསུམ་ཀུན་འདུས་རྣལ་འབྱོར་ནི། སྦྱོར་བ་སེམས་བསྐྱེད་དམ་པ་ཡིས། ཟིན་བཞིན་སྐྱབས་འགྲོ་སེམས་བསྐྱེད་ནི། ན་མོཿ །བྱིན་རླབས་རྩ་བ་བླ་མ་དང་། །དངོས་གྲུབ་རྩ་བ་ཡི་དམ་ལྷ། །བདེ་བསྐྱེད་གནས་གསུམ་མཁའ་འགྲོ་དང་། །བར་ཆད་སེལ་མཛད་ཆོས་སྐྱོང་ལ། །སྐྱབས་སུ་མཆིའོ་འགྲོ་བ་ཀུན། །སངས་རྒྱས་ཐོབ་ཕྱིར་སེམས་མཆོག་བསྐྱེད། ལན་གསུམ་དེ་ནས་ཡན་ལག་བདུན། ཚིག་རྗེས་དོན་མཐུན་འདི་བཞིན་བརྗོད། །རྩ་གསུམ་ཆོས་སྐྱོང་དམ་ཅན་ལ། །ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་སྟོན་བསྐུལ། །རྒྱལ་རྣམས་མྱ་ངན་མི་འདའ་བཞུགས། །རྣམ་དཀར་དགེ་ཚོགས་འགྲོ་ལ་བསྔོ། དངོས་གཞི་རང་དོན་དམིགས་པ་ཡིས། མ་བསླད་རྩ་གསུམ་རྣལ་འབྱོར་བསྒོམ། ཨེ་མ་ཧོ། །གནས་རང་སྣང་རྣམ་དག་འོག་མིན་ན། །དབྱིངས་ཡེ་ཤེས་དབྱེར་མེད་འཇའ་གུར་དབུས། །གདན་ཐབས་ཤེས་མཚོན་བྱེད་ཟླ་ཉི་དང་། །ཡོངས་དྲི་མ་ཀུན་བྱང་པདྨའི་གདན། །གསུམ་བརྩེགས་པའི་སྟེང་དུ་རྒྱལ་ཀུན་གྱི། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས། །དོན་གཅིག་བསྡུས་རྣམ་འདྲེན་དམ་པའི་མགོན། །དབང་ཁྲིད་དང་ལུང་དང་རྗེས་གནང་དང་། །ཆོས་བྱིན་རླབས་ཐོབ་པའི་བླ་མ་རྣམས། །ཡོངས་གཅིག་བསྡུས་བླ་མ་རིན་པོ་ཆེ། །ཕ་དྲིན་ཅན་ཀུན་བཟང་གཞན་ཕན་པ། །སྐུའི་རྣམ་འགྱུར་ཨོ་རྒྱན་རྡོ་རྗེ་འཆང་། །ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། །བཀྲག་ལང་ཚོ་རབ་རྒྱས་གཟི་འོད་འབར། །ཞལ་གཅིག་ལ་ཕྱག་ཞབས་ཟུང་རེས་མཛེས། །ཕྱག་གཡས་ན་གསེར་རྡོར་རྩེ་ལྔ་བསྣམས། །གཡོན་བདུད་རྩིས་བཀང་བའི་བྷནྡྷ་ཐོགས། །སྐུར་གསང་ཕོད་དཀར་པོ་དེའི་སྟེང་དུ། །ཆོས་ཐེག་ཆེན་དཔལ་རྫོགས་བེར་འདུང་དང་། །དེའི་སྟེང་དུ་ཆོས་གོས་དམར་པོ་མནབས། །དེ་ཐེག་གསུམ་རྫོགས་པའི་བརྡ་དང་རྟགས། །ཞབས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས། །དེའི་གཙུག་ཏུ་ཆོས་སྐུ་སྣང་མཐའ་ཡས། །མགྲིན་པ་རུ་ལོངས་སྐུ་སྤྱན་རས་གཟིགས། །སྙིང་དབུས་སུ་སྤྲུལ་སྐུ་པདྨ་འབྱུང་། །ལྟེ་བ་རུ་མཁའ་འགྲོ་སྡེ་ལྔ་དང་། །གསང་གནས་སུ་ཆོས་སྐྱོང་དམ་ཅན་སྡེ། །མཐའ་སྐོར་དུ་རྒྱ་བོད་གྲུབ་ཆེན་ཚོགས། །རྒྱ་མཚོ་ལ་གཟའ་སྐར་ཤར་བ་བཞིན། །བདག་ཉིད་ལ་བྱམས་བརྩེའི་ཐུགས་ཀྱིས་ནི། གཟིགས་བཞིན་དུ་བྱིན་ནུས་གཡོ་བར་གྱུར། །ཞེས་བསམ་ལ་གནས་ལྔའི་ལྷ་ལྔ་ཡི། །ཐུགས་དབུས་སུ་ཧྲཱིཿཨཱཿཧཱུཾ་དང་ནི། །མ་དང་ནི་བྷྱོ་ཡིས་མཚན་པར་བསམ། །དེ་དག་ལས་འོད་ཟེར་འཇའ་ཚོན་ལྟར། །འཕྲོས་གྱུར་ནས་རྩ་གསུམ་ལྷ་རྣམས་ཀུན། །སྤྱན་དྲངས་ནས་སོ་སོར་ཐིམ་ཙམ་གྱིས། །དམ་ཚིག་དང་ཡེ་ཤེས་དབྱེར་མེད་པར། །མཁྱེན་བརྩེ་དང་ནུས་སྟོབས་ཕུན་ཚོགས་གྱུར། ཞེས་བསམ་ལ་གསོལ་འདེབས་སྔགས་འདི་བཟླ། ༀ་ཨཱཿབཛྲ་གུ་རུ་དྷེ་ཝ་ཊཱཀྐི་ནི་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་དྷ་རྨ་པཱ་ལ་ལོ་ཀ་པཱ་ལ་སརྦ་སིདྡྷི་ཕ་ལ་ཧཱུཾཿ སྔུགས་དེ་མང་དུ་བརྗོད་མཐར་དབང་བླང་བ། །བླ་མ་རྩ་གསུམ་ཆོས་སྐྱོང་དམ་ཅན་གྱི། །གནས་ལྔའི་ཡིག་འབྲུ་སོ་སོར་འོད་དང་ཟེར། །དཀར་དམར་མཐིང་སེར་ལྗང་གུའི་ཚོགས་བྱུང་ནས། །རང་གི་གནས་ལྔར་ཐིམ་པས་རྩ་གསུམ་ལྷའི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་དང་དངོས་གྲུབ་བྱིན་རླབས་ནུས་པའི་སྟོབས། །ཐམས་ཅད་རང་ལ་ཐོབ་པའི་མོས་གུས་བསྐྱེད། །དེ་རྗེས་རྩ་གསུམ་ལྷ་ཚོགས་འོད་ཞུ་ནས། །རང་ལ་ཐིམ་པས་དུ་མ་རོ་གཅིག་གྱུར། ཞེས་པས་དམིགས་མེད་ངང་ནས་བསྔོ་སྨོན་བྱ། དེ་ལྟར་རྩ་གསུམ་ལྷ་ཡི་རྣལ་འབྱོར་འདི། དད་དམ་ལྡན་པ་ཕྲིན་ལས་མིང་འཛིན་གྱིས། བསྐུལ་ངོར་ཀུན་བཟང་གཞན་ལ་ཕན་དེ་ཡིས། སྤེལ་བས་འགྲོ་རྣམས་སངས་རྒྱས་ས་ཐོབ་ཤོག །དགེའོ། དགེའོ། དགེའོ། །

སྐུ་གསུམ་ཁྱུང་གི་གསོལ་འདེབས་དགོས་འདོད་ཀུན་འབྱུང་།

༄༅ཿ སྐུ་གསུམ་ཁྱུང་གི་གསོལ་འདེབས་དགོས་འདོད་ཀུན་འབྱུང་བཞུགསཿ ན་མོ་ཛྙཱ་ན་ག་རུ་ཊ་སརྦ་སིདྡྷི་མེ་པྲ་ཡཙྪཿ ཆོས་དབྱིངས་འགྱུར་བ་མེད་པའི་ཕོ་བྲང་ནསཿ ཆོས་སྐུ་སྤྲོས་བྲལ་ཡེ་ཤེས་ཁྱུང་ཆེན་ལཿ གསོལ་བ་འདེབས་སོ་ཉོན་མོངས་གདོན་གཞོམ་ཞིང་ཿ རང་སེམས་ཡེ་ཤེས་ཁྱུང་དུ་བྱིན་གྱིས་རློབསཿ འོད་གསལ་ལྷུན་གྲུབ་ལོངས་སྐུའི་ཞིང་ཁམས་ནསཿ ལོངས་སྤྱོད་རྫོགས་སྐུ་རྡོ་རྗེའི་ཁྱུང་ཆེན་ལཿ གསོལ་བ་འདེབས་སོ་གཟུང་འཛིན་བདུད་བཅོམ་ཞིང་ཿ རང་སྣང་ཁྱུང་ཆེན་དལ་དུ་བྱིན་གྱིས་རློབསཿ རྩལ་སྣང་མུ་མཐའ་མེད་པའི་ཞིང་ཁམས་ནསཿ གང་འདུལ་དེར་སྟོན་འགག་མེད་ཁྱུང་ཆེན་ལཿ གསོལ་བ་འདེབས་སོ་རབ་འབྱམས་ལས་འགྲུབ་ཅིང་ཿ མཐའ་ཡས་གདུལ་བྱའི་གཉེན་པོར་བྱིན༴ གཞན་ཡང་རྒྱལ་ཀུན་གསང་གསུམ་མཁའ་དབྱིངས་ལསཿ ལེགས་ཤར་འགྲོ་ཁམས་རྒྱ་མཚོར་ཕན་པའི་གཟུགསཿ མ་ངེས་བསམ་ཡས་ཡེ་ཤེས་ཁྱུང་ཆེན་འཕྲུལཿ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལཿ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིསཿ ཀུན་རྫོབ་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུནཿ སྐུ་གསུམ་ཁྱུང་གི་སྣང་བ་འཆར་བ་དང་ཿ དོན་དམ་ཡེ་ཤེས་བླ་མའི་ས་ཐོབ་ཤོགཿ དེ་ཡང་ཞི་བ་ཕྱོགས་གཅིག་མ་ཡིན་པསཿ མཐའ་ཡས་འགྲོ་ལ་གང་འདུལ་རྫུ་འཕྲུལ་རྩལཿ ཡེ་ཤེས་ཁྱུང་གི་ཕྲིན་ལས་དཔག་མེད་ཀྱིསཿ མཐའ་ཡས་འགྲོ་ཁམས་འདྲེན་པའི་སྟོབས་ལྡན་ཤོགཿ དེ་ལྟར་ཡེ་ཤེས་བྱ་ཁྱུང་གིཿ གསོལ་འདེབས་དགོས་འདོད་ཀུན་འབྱུང་འདིཿ དད་ལྡན་ཀུན་བཟང་ཕུན་ཚོགས་ངོརཿ རྡོ་བློས་ཤར་མར་སྤེལ་བ་དགེཿ དགེའོ། དགེའོ། དགེའོ།།

མ་ཆོས་བདེ་ཆེན་ལམ་མཆོག་ལསཿ ལག་ན་རྡོ་རྗེ་རྒྱུན་ཁྱེར་སྙིང་པོའི་བཅུད་བསྡུས།

ཧྲིཿ དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ ལག་ན་རྡོ་རྗེ་རྒྱུན་ཁྱེར་སྙིང་པོའི་བཅུད་བསྡུས་བཞུགས་སོཿ ན་མོ་བཛྲ་པ་ཎི་ཡེཿ དུས་གསུམ་རྒྱལ་བ་རྒྱ་མཚོ་ཡིཿ ཐུགས་གྱི་གསང་འཛིན་གསང་བའི་བདགཿ བཅོམ་ལྡན་ཕྱག་ན་རྡོ་རྗེ་ལཿ བཏུད་ནས་རྒྱུན་གྱི་ཉམས་ལེན་སྤེལཿ དང་པོ་སྐྱབས་སེམས་དང་ཡན་ལག་བདུན་པ་ཚོགས་བསགས་ནིཿ ༼ཧྲི༽ ན་མོཿ རྒྱལ་ཀུན་ཐུགས་ཀྱི་ཡེ་ཤེས་གཟུགསཿ རྡོ་རྗེ་འཛིན་ལ་སྐྱབས་སུ་མཆིཿ འགྲོ་རྣམས་ཁྱོད་ཀྱི་གོ་འཕང་ལཿ འགོད་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེདཿ ཕྱག་འཚལ་མཆོད་འབུལ་ཉེས་ཚོགས་བཤགསཿ དགེ་ལ་ཡི་རང་ཆོས་སྟོན་བསྐུལཿ རྟག་བཞུགས་དགེ་རྩ་འགྲོ་ལ་བསྔོཿ གཉིས་པ་ལྷ་བསྐྱེད་སྤྱན་དྲངས་དང་ཿ བཞུགས་གསོལ་ཕྱག་མཆོད་བསྟོད་དང་བཅས་སོཿ ཧཱུཾཿ དམིགས་མེད་ངང་ལས་གསང་བའི་བདགཿ བཛྲ་པ་ཎི་ནམ་མཁའི་མདོགཿ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིསཿ གནམ་ལྕགས་རྡོ་རྗེ་རྩེ་དགུ་དང་ཿ གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛདཿ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲདཿ དབུ་སྐྲ་དམར་སེར་མེ་ལྟར་འབརཿ ཞབས་གཉིས་གྱད་ཀྱི་འདོར་སྟབས་ཅནཿ དཔལ་དང་དུར་ཁྲོད་ཆས་རྣམས་རྫོགསཿ མེ་དཔུང་རབ་འབར་ཀློང་ན་འགྱིང་ཿ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚནཿ དེ་ལས་འོད་ཟེར་རབ་འཕྲོས་པསཿ སྐུ་གསུམ་རྒྱལ་བ་སྲས་བཅས་རྣམསཿ སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུརཿ ཧཱུཾ་རྒྱལ་བ་ཀུན་གྱི་ཐུགས་གསང་དང་ཿ འོག་མིན་ལྕང་ལོ་ཅན་གྱི་གནསཿ རང་བཞིན་གར་བཞུགས་ཕོ་བྲང་ནསཿ རྡོ་རྗེ་འཛིན་དབང་གཤེགས་སུ་གས ོལཿ དམ་ཡེ་གཉིས་མེད་གདན་ལ་བཞུགསཿ མཉམ་ཉིད་ངང་ནས་གུས་ཕྱག་འཚལཿ ཕྱི་ནང་གསང་བའི་མཆོད་ཚོགས་འབུལཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོདཿ ཉམས་ཆག་འགལ་འཁྲུལ་མཐོལ་ཞིང་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ གསུམ་པ་བཟླས་བརྗོད་མཆོད་བསྟོད་དངོས་གྲུབ་བླང་ཿ བསྡུ་རིམ་བསྔོ་སྨོན་བཀྲ་ཤིས་སོཿ རང་གི་ཐུགས་ཀར་པད་ཉིའི་སྟེང་ཿ ཧཱུཾ་མཐིང་སྔགས་ཀྱིས་བསྐོར་བ་ལསཿ འོད་ཟེར་འཕྲོས་འདུས་དོན་གཉིས་བྱསཿ ཚུར་འདུས་ཐུགས་སྲོག་ལ་ཐིམ་པསཿ སྲིད་ཞིའི་སྤྱི་དཔལ་མཆོག་ཏུ་གྱུརཿ ༀ་བཛྲ་ཙཎྚཿ ཅི་མང་ཧཱུཾ་བཟླས་ནསཿ རྗེས་ལ་མཆོད་བསྟོད་བཟླས་པའི་རྗེསཿ ཨརྒྷཾཿ སོགསཿ ལྕང་ལོ་ཅན་གྱི༴ སོགས་ཡིག་བརྒྱ་བརྗོདཿ ༀ་བཛྲ་པཱ་ཎི་ས་པཱ་རི་ཝ་ར་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུཾཿ ཞེས་དང་། ཧཱུཾ་སྣང་སྲིད་སྣོད་བཅུད་འོད་དུ་ཞུཿ ཐུགས་སྲོག་ལ་ཐིམ་སྟོང་པར་ཡལཿ སླར་ཡང་ཕུང་ཁམས་སྐྱེ་མཆེད་དལཿ ཕྱག་ན་རྡོ་རྗེར་ལྷུན་གྱིས་གྲུབཿ ཧཱུཾ་ཧཱུཾ་ཧཱུཾཿ ཞེས་དང་མཐའ་སྡུད་དཀྱུས་ལྟར་བྱཿ བཅོམ་ལྡན་རྡོ་རྗེ་འཛིན་པ་ཡིཿ རྒྱུན་ཁྱེར་སྙིང་པོ་བཅུད་བསྡུས་འདིཿ རོང་ཐའི་མཛྙུ་གྷོ་ཥ་ཡིསཿ བསྐུལ་ངོར་རྡོ་བླས་ བྲིས་པའོ། དགེའོ།།

དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ རྒྱུན་འཁྱེར་ཆོས་ཉིད་ཐེམ་སྐས།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ རྒྱུན་འཁྱེར་ཆོས་ཉིད་ཐེམ་སྐས་བཞུགསཿ ན་མོ་པདྨ་དྷ་ར་ཡེཿ བཅོམ་ལྡན་འཆི་མེད་མགོན་པོ་ཡིཿ རྒྱུན་གྱི་རྣལ་འབྱོར་འདི་བཞིན་ཏེཿ བདག་གཞན་གཉིས་སུ་འཛིན་པ་དང་ཿ དམན་མཆོག་གནས་འགྱུར་ལྟར་མིན་ཏེཿ སྲིད་ཞི་མཉམ་ཉིད་བདེ་ཆེན་ངང་ཿ ནམ་མཁའ་ལྟ་བུའི་ཏིང་འཛིན་ལཿ གནས་བཞིན་དམིགས་འདོན་ཟུང་འཇུག་ངང་ཿ ཨེ་མ་ཧོཿ མཆོག་གསུམ་རྩ་གསུམ་ཀུན་འདུས་དངོསཿ འཆི་མེད་མགོན་པོ་རང་རིག་གཤིསཿ རང་གདངས་རོལ་པ་འཁོར་གྱི་ཚུལཿ ཐ་དད་བྲལ་བར་སྐྱབས་སུ་མཆིཿ གཉིས་འཛིན་ལས་འདས་སེམས་མཆོག་བསྐྱེད། འཁོར་གསུམ་དམིགས་མེད་རྣམ་དཀར་སྤེལཿ ལྷ་དང་འདྲེར་འཛིན་རྟོག་ངན་བསྐྲདཿ དག་པ་རབ་འབྱམས་སྲུང་འཁོར་གྲུབཿ རྒྱལ་ཀུན་བྱིན་ནུས་ཕུན་སུམ་ཚོགསཿ འཁོར་འདས་མཆོད་སྤྲིན་རྒྱ་མཚོར་འཁྱིལཿ ༀ་ཨཱ༔ཧཱུྃ༔ འགྲོ་ཁམས་རྒྱ་མཚོ་བརྟེན་པའི་ཡུལཿ གནས་དག་བདེ་ཆེན་འགྱུར་མེད་ཞིང་ཿ ཀུན་བྱེད་རྒྱལ་པོས་བསྐྲུན་པའི་རིགསཿ སྣང་མཐའི་ཚོམ་བུར་ལྷུན་གྱིས་གྲུབཿ ༀ་ཨཱ༔ཧཱུྃ༔ བདག་ལུས་བདེ་ཆེན་དཀྱིལ་འཁོར་རྟེནཿ བརྟེན་པ་བཅོམ་ལྡན་འོད་དཔག་མེདཿ ངོ་བོ་སྟོང་པ་ཆོས་ཀྱི་སྐུཿ རང་བཞིན་གསལ་བ་ལོངས་སྤྱོད་རྫོགསཿ ཐུགས་རྗེའི་རྩལ་སྣང་དབང་གི་མདོགཿ ཐིག་ལེའི་ཞལ་ལ་ཐབས་ཤེས་ཕྱགཿ ཟུང་འཇུག་ཕྱག་རྒྱ་བཻཌཱུཪྱའིཿ ལྷུང་བཟེད་བདུད་རྩིས་གང་བ་བསྣམསཿ བདེན་གཉིས་ཞབས་ཟུང་རྡོར་སྐྱིལ་གྱིསཿ སྙིང་དབུས་པད་ཟླར་ཆུ་ཟླ་བཞིནཿ གཡས་གཡོན་སེམས་དཔའ་གཉིས་དང་བཅསཿ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་སོགསཿ གནས་དག་ཞི་དང་ཁྲོ་བོའི་ལྷཿ གདན་གསུམ་ཡོངས་རྫོགས་མེ་ལོང་གཟུགསཿ སྟོང་གསུམ་ཡུངས་འབྲུར་ཚུད་པའི་དཔེསཿ དམ་ཡེ་དབྱེར་མེད་སྒྱུ་མའི་འཕྲུལཿ རྒྱལ་བའི་གསང་གསུམ་རྡོ་རྗེའི་ཁམསཿ རང་གི་སྒོ་གསུམ་གདོད་མ་ནསཿ སོ་སོ་མ་ཡིན་ཐ་མི་དདཿ ལྷ་དང་རང་དུ་འཛིན་པའི་སེམསཿ སྒྱུ་མའི་ཆོ་འཕྲུལ་ཞིག་པ་དང་ཿ རྨི་ལམ་སད་པའི་གནས་སྐབས་བཞིནཿ མ་དག་འཁོར་བ་རིགས་དྲུག་གིཿ རྟེན་དང་བརྟེན་པའི་ཚོགས་རྣམས་ཀུནཿ གནས་འགྱུར་འོད་མཚན་སྟོང་འབར་གྱིཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའིཿ རང་བཞིན་ཉིད་དུ་ལྷུན་གྱིས་གྲུབཿ ཨོཾ་ཨ་མི་ཏ་བྷ་ཧྲཱིིཿ ༀ་པདྨ་དྷ་ར་སིདྡྷི་ཕ་ལ་ཧཱུྃཿཧྲཱིཿ དེ་གསུམ་ཅི་ནུས་བཟླ་བྱ་ཞིང་ཿ དེ་ལྟར་གྲུབ་པའི་རྗེས་ཉིད་ལཿ ཨེ་མ་ཧོཿ སྲིད་ཞིས་བསྡུས་པའི་མཆོད་པའི་སྤྲིནཿ བཅོམ་ལྡན་འཁོར་དང་བཅས་པ་ལཿ བླང་དོར་བྲལ་བཞིན་འབུལ་ལགས་ནཿ མཉམ་ཉིད་ངང་དུ་བཞེས་སུ་གསོལཿ སརྦ་པུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃཿ ཨེ་མ་ཧོཿ ངོ་བོ་སྤྲོས་བྲལ་མཁའ་དབྱིངས་ལསཿ རང་བཞིན་འགག་མེད་ལྷུན་གྲུབ་ནོརཿ ཐུགས་རྗེ་སྤྲུལ་སྐུ་འོད་སྟོང་གཟིསཿ སྐུལ་བཟང་པདྨོ་རྒྱས་དེར་འདུདཿ རབ་འབྱམས་རྒྱལ་བ་བསམ་ཡས་ཀྱིཿ དཔག་ཡས་གསང་གསུམ་དཔལ་ཡོན་ཀུནཿ ཁྱོད་ལས་འབྱུང་སྟེ་དབང་སྔོན་བཞིནཿ ཕན་བདེའི་བྱེད་པོར་ཕྱག་འཚལ་བསྟོདཿ མཆོད་བསྟོད་དགེ་རྩ་དཔག་མེད་མཐུསཿ བདག་དང་གཞན་དུ་བཟུང་བའི་འགྲོའིཿ རྟོག་པ་ཡུལ་ཕྱིར་མི་འབྲང་ཞིང་ཿ རང་རིག་སྣང་མཐའི་ཞལ་མཐོང་ཤོག ཿཅེས་བརྗོད་མཉམ་བཞག་མ་བཅོས་ངང་ཿ རྗེས་ཐོབ་བདེ་ཆེན་ལམ་འཁྱེར་གནདཿ དེ་ཕྱིར་འཆི་མེད་མགོན་པོ་ཡིཿ རྒྱུན་འཁྱེར་ཆོས་ཉིད་ཐེམ་སྐས་འདིཿ ཉེ་གནས་འཇིགས་མེད་ཆོས་གྲགས་ངོརཿ རྡོ་བླས་ཐོལ་བྱུང་ཐོག་མེད་བྲིསཿ ས་མ་ཡཱཿ འ་ཨ་ཧ་ཤ་ས་མ་ཏིཿ དགེའོཿ དགེའོཿ དགེའོཿ

བླ་མའི་རྣལ་འབྱོར་བྱིན་རླབས་ནོར་བུ།

༄༅༅། བླ་མའི་རྣལ་འབྱོར་བྱིན་རླབས་ནོར་བུ་བཞུགས།། །།

ན་མོ་གུ་རུ། གནས་བདེ་ཆེན་འཁོར་ལོའི་སྟེང་གི་བླར། །གདན་ཆུ་སྐྱེས་ཚ་ཟེར་ཆུ་ཤེལ་དལ། །གསུམ་བརྩེགས་པའི་གདན་དབུས་དམ་པའི་མགོན། །སྐྱབས་མཆོག་གསུམ་རྩ་གསུམ་ཀུན་འདུས་དངོས། །ཕ་དྲིན་ལྡན་རྩ་བའི་བླ་མ་ཉིད། །སྐུ་དཀར་དམར་མདངས་ལྡན་ལང་ཚོས་སྤུད། །དབུར་པད་ཞ་པདྨ་མཐོང་གྲོལ་གསོལ། །རྒྱན་བེར་འདུང་དབང་དྲག་མདངས་ལྡན་དང་། །སྟེང་བླ་གོས་གཟན་དཀར་དྲི་བྲལ་མནབས། །སྐུའི་སྐེད་ཆིངས་ནམ་མཁའི་མདངས་ལྡན་པར། །མཚོན་རྡོ་རྗེ་ཕུར་བུའི་རྫས་ཀྱིས་བརྒྱན། །ཕྱག་ཏིང་ངེ་འཛིན་གྱི་རྒྱ་བཅས་ཏེ། །བཅུད་བདུད་རྩིས་བཀང་བའི་གསེར་བུམ་བསྣམས། །ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །སྐུ་སྣང་ལ་རང་བཞིན་མ་གྲུབ་དཔེ། །གནས་རྒྱ་མཚོར་ཤར་བའི་ཟླ་གཟུགས་བཞིན། །ཐུགས་སྐུ་གསུམ་རྒྱལ་བའི་ངོ་བོ་ཉིད། །གསུང་ལུང་རྟོགས་དམ་ཆོས་རིན་ཆེན་མཛོད། །སྐུ་རིག་གྲོལ་དགེ་འདུན་སྤྱི་དཔལ་རྗེ། །ཚུལ་དེ་བཞིན་གསལ་བའི་གནས་གསུམ་པོར། །གདན་བསིལ་ཟེར་ཆུ་སྐྱེས་རྟ་བདུན་ཅན། །དེ་གསུམ་གྱི་སྟེང་དབུས་རྒྱལ་ཀུན་གྱི། །ཡོངས་གསང་གསུམ་ངོ་བོ་ༀ་ཨཱཿཧཱུཾ། །དེར་སྐུ་གསུམ་རང་འོད་རབ་འཕྲོས་པས། །དཔལ་དྲུག་ལྡན་བླ་མའི་ཚོགས་རྣམས་ཀུན། །དཔེ་མཁའ་ལ་འཇའ་ཚོན་འགྱུས་པ་བཞིན། །འདིར་སྐད་ཅིག་དད་ངོར་སྣང་བར་མཛོད། །ཕ་བླ་མ་བརྒྱུད་པ་ཀུན་འདུས་རྗེ། །བདག་རྗེས་འཇུག་བུ་སློབ་བྱིན་གྱིས་རློབས། །མགོན་བདེན་པར་སྨྲ་བའི་དྲང་སྲོང་དེས། དུས་མ་འོངས་བསྐལ་པའི་ཐ་མལ། །ཁོང་དགེ་བའི་བཤེས་ཀྱི་ཚུལ་བཟུང་ནས། །ཡོངས་འགྲོ་རྣམས་ཐར་ལམ་འདྲེན་ཞེས་པའི། །ཐུགས་དམ་བཅའི་མངོན་རྟོགས་བླ་མ་ལས། །གཞན་ཁས་དྲག་སྟོབས་འབྱོར་ལྡན་རྣམས་མིན། །དོན་དེ་ཕྱིར་སྟོན་པའི་ཞལ་སྐྱིན་མཆོག །ཕ་བླ་མར་གུས་པས་གསོལ་བ་འདེབས། །བདག་རྗེས་འཇུག་བུ་སློབ་བྱིན་གྱིས་རློབས། །དཔལ་ཞི་ཆགས་ཁྲོ་བོའི་རྣམ་འགྱུར་ཅན། །ལྷ་རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུའི། །ཡོངས་རྩ་གསུམ་ཆོས་སྲུང་ཀུན་འདུས་དངོས། །ཕ་བླ་མ་སྐྱབས་གནས་སྤྱི་ཡི་གཟུགས། །བདག་དམ་ལྡན་སློབ་བུས་གསོལ་བ་འདེབས། །མཆོག་ཐུན་མོང་དངོས་གྲུབ་མྱུར་ཐོབ་མཛོད། །བདག་སྐྱིད་ན་བླ་མའི་ཐུགས་རྗེར་ལྟ། །སྡུག་གྱུར་ཀྱང་སྔོན་ལས་འཛད་ཐབས་སུ། །བླ་མ་ཡི་ཕྲིན་ལས་ཡིན་པར་སེམས། །འབྱོར་གྱུར་ན་ཁེངས་དྲེགས་བསྐྱུངས་ནས་སུ། །མཆོད་པ་དང་སྦྱིན་པའི་ལས་ལ་བརྩོན། །རྒུད་ན་ཡང་ལོག་འཚོ་མི་བསྒྲུབ་ཅིང་། །ལྟོ་གོས་དང་གཏམ་ལ་གྱོང་བསྐུར་ནས། །བསྐྱེད་རྫོགས་དང་བཟླས་བརྗོད་མཐར་ཕྱིན་འབྲས། །རང་བྱུང་གི་རིག་པ་ཀུན་བཟང་ཞལ། །མངོན་སུམ་དུ་མཐོང་བར་བྱིན་གྱིས་རློབས། །དེ་ཉིད་ཀྱང་ཞི་བ་ཕྱོགས་གཅིག་ཙམ། །མ་ཡིན་པར་བསམ་ཡས་འགྲོ་བའི་ཁམས། །ཕྱམ་གཅིག་ཏུ་འདྲེན་པའི་མཐུ་དང་དཔལ། །རྗེ་རྒྱལ་སྲས་འཕགས་པའི་ཚོགས་ཇི་བཞིན། །བདག་སློབ་བུ་རྣམས་ཀྱང་དེ་བཞིན་དུ། །དུས་ནམ་མཁའ་ཇི་སྲིད་གནས་ཀྱི་བར། །ཆོས་གང་ལ་གང་འདུལ་ཕྲིན་ལས་ཀྱིས། །ཡོངས་འགྲོ་རྣམས་འདྲེན་པར་བྱིན་གྱིས་རློབས། ཞེས་ཁ་ཞེ་མེད་པར་གསོལ་བ་བཏབ་མཐར་གསོལ་འདེབས་བསྙེན་པ་འདི་ལ་འབད། ༀ་ཨཱཿགུ་རུ་ཨ་བྷྱ་ཀརྨ་རསྨི་སརྦ་སིདྡྷི་ཕ་ལ་ཧཱུཾ། ཞེས་ཅི་ནུས་བཟླས་མཐར་དབང་བཞི་བླང་བའི་དམིགས་པ་ནི། །སྐྱབས་ཀུན་འདུས་བླ་མའི་གནས་གསུམ་ནས༑ །ༀ་དཀར་དང་ཨཱཿདམར་ཧཱུཾ་མཐིང་འཕྲོས། །བདག་ཉིད་ཀྱིི་གནས་ག སུམ་ལ་ཐིམ་པས། །ཡེ་གདོད་ནས་གདན་གསུམ་དཀྱིལ་འཁོར་ལྷ། །ངོ་མ་ཤེས་གཟུང་འཛིན་དྲི་ཚོགས་སྦྱངས། །དཔལ་སྐུ་གསུམ་གོ་འཕང་མངོན་དུ་གྱུར། །སླར་བླ་མའི་སྐུ་ཡི་ཆ་རྣམས་ལས། །འོད་ལྔ་ཡི་ཚོན་རིས་ལྟར་བྱུང་ནས། །བདག་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་དང་། །དབྱེར་མེད་དུ་ཐིམ་པས་སྐུ་ལྔ་ཡི། །གོ་འཕང་འབྲས་མངོན་གྱུར་དཔལ་ཐོབ་བསམ། །དེའི་རྗེས་སུ་དཔལ་ལྡན་བླ་མ་ཉིད། །འོད་ཕུང་གི་རྣམ་པས་བདག་ཉིད་ལ། །ཐིམ་གྱུར་ཚེ་བླ་མའི་གསང་གསུམ་དང་། །རང་ཉིད་ཀྱི་སྒོ་གསུམ་རོ་གཅིག་ཏུ། །འདྲེས་པའི་ཚེ་གཉིས་འཛིན་མདུད་གྲོལ་ནས། །འཇའ་ཚོན་རིས་ཡལ་བའི་ཤུལ་བཞིན་དུ། །སྨྲ་བསམ་དང་བརྗོད་པ་བྲལ་བར་གྱུར། །དགེ་བ་འདིས་མཁའ་མཉམ་འགྲོ་བའི་ཚོགས། །སྒྲིབ་གཉིས་ཀྱི་དྲི་མ་ཀུན་དག་ནས། །ཚོགས་གཉིས་ཀྱི་ལམ་ནས་སྐུ་གཉིས་ཀྱི། །གོ་འཕང་མཆོག་འབད་མེད་ཐོབ་པར་ཤོག །ཅེས་བླ་མའི་རྣལ་འབྱོར་བྱིན་རླབས་ནོར་བུ་འདི་ཉིད་དད་དམ་ཐོས་པའི་ནོར་གྱིས་ཕྱུག་པ་བསྒྲུབ་བརྩོན་འགྱུར་མེད་མཐའ་ཡས་ཀྱིས་རིང་མོ་ནས་བསྐུལ་ཐོག་དད་ལྡན་ནོར་བུ་བཟང་པོས་ཉེར་ལེན་གྱིས་མཚམས་སྦྱོར་ལ་བརྟེན་ནས་དྲིན་ལྡན་བླ་མའི་ཚོགས་ལ་དམ་སེལ་གྱི་ཐལ་བས་མ་བླུག་པར་རློམ་པ་༢རྡོ་བླ་བྱ་བྲལ་བ་བྱང་ཆུབ་རྡོ་རྗེས་རང་གི་གསང་བའི་མངོན་རྟོགས་དང་མཚུངས་པར་བྲིས་པའི་ཡི་གེ་པ་ནི་དམ་ལྡན་གྱི་སློབ་མ་༢འཇིགས་མེད་སྐལ་བཟང་གིས་བགྱིས་པའི་དགེ་བས་འགྲོ་རྣམས་ཀྱིས་བླ་མ་སངས་རྒྱས་སུ་མཐོང་བའི་རྒྱུར་གྱུར་ཅིག་གུ།།

སྤྲིང་ཡིག་རྡོ་རྗེའི་གད་རྒྱངས།

༄༅། །སྤྲིང་ཡིག་རྡོ་རྗེའི་གད་རྒྱངས་བཞུགས།

ༀ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཨརྩི་ནིརྩརྣ་ཧྲཱིཿཧཱུྃ་ཁྲོཾ་ཕཊ྄ཿ ཧོ་སྣང་སྲིད་འཁོར་འདས་ཐམས་ཅད་ཀྱི། །ཡེ་གཞི་ནམ་མཁའ་སློང་བྱེད་ཀྱི། །རྐྱེན་གསུམ་དང་བྲལ་ཇི་བཞིན་ལས། །དང་པོའི་ཡིད་ཤེས་གཡོས་པའི་རྩལ། །ངའོ་སྙམ་པའི་རྣམ་རྟོག་ཤར། །དེ་ཉིད་བདག་ཏུ་མ་བཟུང་ཞིང་། །རང་ངོར་གྲོལ་བའི་ཐོག་མ་ཡི། །སངས་རྒྱས་འོད་མི་འགྱུར་བ་བྱུང་། །རྣམ་རྟོག་བདག་ཏུ་བཟུང་བ་ལས། །མ་རིག་གསུམ་དང་ཡིད་དྲུག་གི། །རྣམ་རྟོག་ཤར་བའི་རྐྱེན་དབང་གིས། །ལྷ་འདྲེ་མི་གསུམ་འགྲོ་བ་བྱུང་། །དེ་ཡང་རང་སེམས་འཁྲུལ་པའི་ལན། །ཁྱད་པར་སྙིགས་མའི་མར་གཤམ་འདིར། །ལྷ་མིན་ལྷ་རུ་བརྫུ་བ་དང་། །མི་མིན་མིར་བརྫུ་ལྟ་བུ་ཡི། །གདུག་འདྲེ་གསར་པ་མང་བྱུང་ཡང་། །མ་རིག་འཁྲུལ་པའི་ཆོ་འཕྲུལ་ལས། །གཞན་ཞིག་མེད་པར་ཐག་ཆོད་ན། །རྟོག་ཚོགས་འཁྲུལ་པ་མཁའ་དབྱིངས་ཀྱི། །སྤྲིན་ཚོགས་དབྱིངས་སུ་ཡལ་བ་བཞིན། །རང་རིག་ཡེ་ཤེས་འཐོར་རླུང་གིས། །ལྷག་མེད་གཏོར་ཅིག་ཨུ་ཙ་ཊ། །ཡིད་ཤེས་འགྱུ་རྟོག་འཁྲུལ་པ་ཡི། །དབང་གྱུར་ཕོ་གདོན་རྒྱལ་འགོང་རིགས། །སྣང་ཡུལ་སྟོང་གཟུགས་མོ་གདོན་འདྲེ། །དེ་གཉིས་རྩལ་ལས་ཡོངས་ཤར་བའི། །གསར་རྙིང་བགེགས་རིགས་གཤིན་འདྲེའི་ཚོགས། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་འཚེ་བའི་བསམ་སྦྱོར་སྤོངས། །གལ་ཏེ་བླང་དོར་འཛོལ་གྱུར་ན། །རྣམ་སྨིན་འབྲས་བུས་ངན་འགྲོ་ཡི། །གནས་གསུམ་དག་ཏུ་སྐྱེས་འགྱུར་ཞིང་། །རྒྱུ་མཐུན་འབྲས་བུས་མཐོ་རིས་ལུས། །ཐོབ་ཀྱང་མི་དགེར་དགའ་འགྱུར་ཞིང་། །ཚེ་ཐུང་ནད་མང་ནོར་དབུལ་སོགས། །རང་བྱས་ལས་ཀྱི་རྣམ་སྨིན་ལྟར། །ཐོག་ཏུ་བབ་པའི་དུས་སྐབས་སུ། །ད་དུང་ཕྱིར་ཞིང་གནོད་འཚེའི་ལས། །བརྩམས་ནས་གཞན་ལ་འཚེ་གྱུར་ན། །ཇོ་བོ་ཐུགས་རྗེ་ཆེན་པོ་ཡང་། །ཁྲོ་ལ་ཁྲོས་པ་ཁྲོ་བོའི་རྒྱལ། །པདྨ་དབང་ཆེན་ག་རུ་ཊ། །དྲག་ཤུལ་རྔམ་པའི་སྐུར་བསྟན་པས། །ཁྱོད་ཀྱི་མ་དག་སྒྱུ་མའི་ལུས། །རྡུལ་ཕྲན་བཞིན་དུ་བརླགས་ནས་ཀྱང་། །ལས་ངན་སྡིག་རྒྱུན་གཅོད་བྱེད་པའི། །བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་ལ། །ཅུང་ཟད་ཙམ་ཡང་འགལ་མི་རུང་། །གལ་ཏེ་བཀའ་འགལ་ཐུགས་དཀྲུག་ལས། །བྱས་པར་གྱུར་ན་ཚེ་འདི་དང་། །ཕྱི་མ་གནས་སྐབས་གང་དུ་ཡང་། །བདེ་བའི་གོ་སྐབས་མི་རྙེད་པས། །སྐྱོན་ངན་དེ་འདྲ་རབ་སྤོངས་ལ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །གཞན་ཕན་བསམ་པ་ཅི་ནུས་སུ། །སློབ་དང་ཐར་ལམ་ཟིན་པར་ངེས། །གལ་ཏེ་རྒྱུ་འབྲས་ཆོས་བཤད་འདིར། །འགལ་བའི་ལོག་སྦྱོར་བྱས་གྱུར་ན། །ཁྲོ་བོ་འཆོལ་བ་རྟ་ཁྱུང་འབར། །ཞེ་སྡང་རྡོ་རྗེའི་སྐུ་བཞེངས་ཏེ། །གསང་གསུམ་གནས་ནས་སྐུ་གསུམ་གྱི། །རྒྱལ་བ་རྒྱ་མཚོ་ཁྲོ་བོའི་སྐུར། །མགར་གྱི་ཚ་ཚ་ལྟར་མཆེད་པའི། །བསྐལ་པའི་མེ་ཆེན་འབར་བ་ལྟའི། །ཚམ་རྔམས་གཟི་བརྗིད་དཔའ་རྩལ་གྱིས། །དགའ་རབ་དབང་ཕྱུག་འཁོར་བཅས་ཀྱང་། །འདར་ཞིང་ཞུམ་ནས་འབྲོས་འགྱུར་ན། །ཁྱེད་ཅག་བགེགས་རིགས་ཕྲ་མོ་རྣམས། །བག་ཡོད་བྱོས་ལ་སྔ་འགྱུར་གྱི། །བསྟན་ལ་སྡང་བའི་དགྲ་ཡུལ་དུ། །མྱུར་དུ་དེངས་ཤིག་སྐྱས་ཁྱོགས་ཤིག །དམ་ཉམས་སྡང་བའི་དགྲ་བོ་ལ། །ཟ་ཁ་སྟོན་ལ་ཟ་ལམ་ཐོད། །དགྲ་དཔུང་གཏན་ནས་བརླག་པར་མཛོད། །བཀའ་དང་དམ་ལས་འགལ་གྱུར་ན། །ཨོ་རྒྱན་པདྨ་ཐོད་ཕྲེང་དང་། །གྲུབ་ཐོབ་རྗེ་འབངས་ཉེར་ལྔ་པོ། །གཏེར་སྟོན་བརྒྱ་རྩ་ཆོས་བདག་སོགས། །སོ་ཟུར་གནུབས་གཉགས་རླངས་སྟོན་པ། །བཀའ་བརྒྱུད་སྒྲུབ་བརྒྱུད་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི། །བཀའ་ཆད་དྲག་པོས་གནོད་བྱེད་དང་། །ལོག་སྦྱོར་བྱེད་པ་གང་ཡང་རུང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །ནུས་མཐུ་ལག་ན་རྡོ་རྗེ་ཡིས། །དམོད་པ་ལྡོག་མེད་ཐོག་བབས་བཞིན། །མྱུར་དུ་ཕོབས་ཤིག་ལས་ངན་དང་། །བག་ཆགས་འཁྲུལ་འཁོར་གཞིག་པར་མཛོད། །ས་མ་ཡ། བཀྴ་སི་ཧཱུྃ་ན་ར་ཀན། དེ་ལྟར་དུས་གསུམ་འཁྲུལ་ངོ་རུ། །སྣང་བའི་གདུག་འདྲེའི་སྡེ་ཚོགས་ལ། །སྤྲིངས་ཡིག་རྡོ་རྗེ་གད་རྒྱངས་འདི། །རྡོ་བླས་བྲིས་པ་དགེ་གྱུར་ཅིག །དགེའོ། དགེའོ། དགེའོ།། །།

ཨོ་རྒྱན་དུས་གསུམ་མཁྱེན་པ་སློབ་བུ་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས་བར་ཆད་ཀུན་སེལ་བསྟན་པ་རྒྱས་བྱེད་སྔ་འགྱུར་བསྟན་པའི་སྨག་རུམ་འཇོམས་པའི་འོད་ཟེར་སྟོང་འབར།

༄༅། །ཨོ་རྒྱན་དུས་གསུམ་མཁྱེན་པ་སློབ་བུ་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས་བར་ཆད་ཀུན་སེལ་བསྟན་པ་རྒྱས་བྱེད་སྔ་འགྱུར་བསྟན་པའི་སྨག་རུམ་འཇོམས་པའི་འོད་ཟེར་སྟོང་འབར་ཞེས་བྱ་བ་བཞུགས། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། གླིང་བཞིའི་མཆོག་གྱུར་ལྷོ་རྒྱལ་འཛམ་གླིང་གི། །བྱང་ཕྱོགས་བོད་ཀྱི་བསམ་ཡས་མཆིམས་ཕུའི་གནས། །བྲག་དམར་ཀེའུ་ཚང་རང་བྱུང་ལྷུན་གྲུབ་ཀྱི། །གཞལ་ཡས་ཁང་ཆེན་དབུས་སུ་སྤྲུལ་པའི་སྐུ། །སྟོན་པའི་ཞལ་སྐྱིན་ཨོ་རྒྱན་ཐོད་ཕྲེང་རྩལ། །བོད་ཁམས་འདུལ་བའི་དུས་ལ་བབ་དགོངས་ནས། །གནས་མཆོག་དེ་རུ་སྨིན་གྲོལ་ཆོས་ཀྱི་སྒོ། །ལེགས་པར་ཕྱེས་ཤིང་ཆོས་རྒྱལ་ཁྲི་སྲོང་རྗེའི། །གཙོར་གྱུར་འབངས་རིགས་ཉེར་ལྔ་སྨིན་གྲོལ་གྱི། །གདམས་པས་རིག་འཛིན་ས་ལ་བཀོད་པའི་ཚེ། །སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ནས། །གནས་དེ་བསིལ་བའི་ཚལ་དང་མཉམ་གྱུར་ཀྱང་། །སླར་ཡང་འོག་མིན་གནས་སུ་བྱིན་བརླབས་ནས། །རིམ་པ་དང་པོའི་ལས་ལ་ཞུགས་པའི་ཚེ། །རང་རང་ལྷ་སྐལ་གང་ཡིན་བ རྟགས་ཆེད་དུ། །ས་སྙིང་མེ་ཏོག་ངོ་མཚར་ལྡན་པ་རེ། །དེར་འདུས་སློབ་མའི་གཙོར་གྱུར་ཚོགས་རྣམས་ལ། །གཏད་ཅིང་སློབ་དཔོན་ལྷ་སྔགས་ཏིང་འཛིན་གྱི། །ངང་དུ་བཞུགས་བཞིན་སྣང་སྲིད་སྣོད་བཅུད་ཀུན། །དཀྱིལ་འཁོར་རྣམ་པ་གསུམ་དུ་རྒྱས་བཏབ་ནས། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་སྐབས། །ལྷ་འདྲེའི་ཁེངས་བཟློག་སྤྱི་དང་ཁྱད་པར་དུ། །མཆིམས་ཕུའི་རི་རྩེའི་རྫ་རྣམས་ཉིལ་བྱུང་བར། །སློབ་དཔོན་ལྟ་སྟངས་དང་བཅས་སྡིགས་མཛུབ་ཀྱིས། །གཟིར་ཞིང་ཧཱུྃ་གི་སྒྲ་གདངས་བརྗོད་མ་ཐག །རྫ་རྣམས་གྱེན་ལྡོག་ཧཱུྃ་གི་གཟུགས་སུ་གྱུར། །ནག་ཕྱོགས་ཕམ་ནས་སློབ་དཔོན་རྒྱལ་རྔ་བརྡུངས ། །དེ་སོགས་བསྐལ་བཟང་འདྲེན་པ་སྟོང་རྩ་ཡི། །མཐུ་སྟོབས་ནུས་པ་གཅིག་བསྡུས་པདྨ་སྐྱེས། །ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྔ་འགྱུར་བསྟན་པ་དར་ཞིང་རྒྱས་པ་དང་། །གཞན་སྡེའི་གྲུབ་མཐའི་རྒོལ་བས་མི་ཚུགས་ཤིང་། །ཆོས་དང་སྲིད་ཀྱི་དཔལ་ཡོན་ཕུན་ཚོགས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ལྷུན་གྲུབ་མཛོད། །དེ་སྐབས་ཨོ་རྒྱན་ཆེན་པོ་པད་འབྱུང་གིས། །སྒྲུབ་ཆེན་བཀའ་བརྒྱད་དབང་བཞི་བསྐུར་བའི་ཚེ། །མེ་ཏོག་དཀྱིལ་འཁོར་ལྷར་ཕྱོགས་ལྟོས་མེད་དུ། །ཕུལ་ཚེ་གནུབས་པཎ་ནམ་མཁའི་སྙིང་པོ་ཡི། །མེ་ཏོག་དཔལ་ཆེན་བཛྲ་ཧེ་རུ་ཀའི། །དལ་དུ་བབས་པས་ལྷ་དེར་རྟེན་འབྲེལ་འགྲིགས། །ལྷོ་བྲག་མཁར་ཆུར་བསྒྲུབས་པས་གྲུབ་རྟགས་སུ། །ཉི་ཟེར་ཆིབས་ནས་མཁའ་ལ་གཤེགས་བཞུང་མཛད། །གྲུབ་དབང་ཁྱེད་ཀྱི་ཡོན་ཏན་དྲན་བཞིན་དུ། །དད་གུས་མོས་པས་གསོལ་བ་སྙིང་ནས་འདེབས། །བྱིན་རླབས་དངོས་གྲུབ་ཐུགས་ཀྱི་ཀློང་ནས་སྩོལ། །གནུབས་ཡུལ་རོང་དུ་སྐུ་འཁྲུངས་རྣལ་འབྱོར་མཆོག །བུདྡྷ་ཛྙཱ་ནའི་མེ་ཏོག་ལྷོ་ཕྱོགས་སུ། །འཇམ་དཔལ་གཤིན་རྗེའི་དལ་དུ་བབས་གྱུར་པས། །ལྷ་མཆོག་དེ་དང་རྟེན་འབྲེལ་འགྲིགས་བཞིན་དུ། །སྒྲགས་ཀྱི་ཡོངས་རྫོང་ལྷ་དེ་བསྒྲུབས་འབྲས་ཀྱིས། དགྲ་སྡེ་ཡོངས་བཅོམ་བྲག་ལ་ཕུར་བུ་བཏབ། །རྣལ་འབྱོར་ཁྱོད་ཀྱི་ཡོན་ཏན་དྲན་བཞིན་དུ། །དད་གུས༴ བྱིན་རླབས་དངོས་གྲུབ༴ དབུ་རུ་ངན་ལམ་ཡུལ་དུ་སྐུ་འཁྲུངས་པ། །དགེ་སློང་རྒྱལ་བ་མཆོག་དབྱངས་ཞེས་གྲགས་པའི། །མེ་ཏོག་ནུབ་ཕྱོགས་དབང་ཆེན་ལ་ཕོག་པས། །དབེན་རྩང་དབང་ཆེན་བསྒྲུབས་པས་གྲུབ་རྟགས་སུ། །རྟ་མགྲིན་སྐུར་གྱུར་གཙུག་ནས་རྟ་སྐད་བཏོན། །གྲུབ་དབང་ཁྱོད་ཀྱི་ཡོན་ཏན༴ དད་གུས༴ བྱིན་རླབས༴ སྒྲགས་མདའ་མཁར་ཆེན་རྒྱལ་པོའི་སྲས་མོ་རུ། །སྐུ་འཁྲུངས་ཁྲི་སྲོང་བཙུན་མོར་ཁབ་བཞེས་ཀྱང་༑ ཁྱིམ་སྤངས་སློབ་དཔོན་གཟུངས་མ་མཛད་གྱུར་ཚེ། །མེ་ཏོག་བྱང་ཕྱོགས་ཕུར་པའི་དཀྱིལ་འཁོར་ལ། །ཕོག་བཞིན་མོན་ཁའི་ནེ་རིང་སྒྲུབ་ཕུག་ཏུ། །ལྷ་དེ་བསྒྲུབས་པས་སྒྲུབ་རྫས་ཕུར་པ་དེ། །མཁའ་ལ་འཕུར་ནས་ཕ་མའི་ཟ་འདྲེ་བསྒྲལ། །ཁྱད་པར་གཞན་གྱིས་བསད་པའི་མི་རོ་ལ། །རྣམ་ཤེས་བཀུག་ནས་འཕྲལ་དུ་སོས་པར་མཛད། །མཁའ་འགྲོ་ཁྱེད་ཀྱི་ཡོན་ཏན་དྲན་བཞིན་དུ། །དད་གུས༴ བྱིན་རླབས༴ འབྲོག་མིའི་རིགས་འགྱུར་གུ་རུས་རྗེས་བཟུང་བཞིན། །མེ་ཏོག་ཤར་ལྷོ་མ་མོའི་དཀྱིལ་འཁོར་ལ། །བབས་པས་རྟེན་འབྲེལ་བདེན་པ་ཇི་བཞིན་དུ། །ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུ། །མ་མོ་རྦོད་གཏོང་བསྒྲུབས་པས་གྲུབ་རྟགས་སུ། །སྣང་སྲིད་མ་མོ་དབང་བསྡུས་བྲན་དུ་བཀོལ། །གཞན་དོན་ཕྲིན་ལས་ནུས་སྟོབས་ཐོགས་པ་མེད། །དཔལ་གྱི་ཡེ་ཤེས་ཡོན་ཏན་དྲན༴ དད་གུས༴ བྱིན་རླབས༴ ལྷ་རིགས་བརླངས་ལས་སྐུ་འཁྲུངས་སྐྱེས་བུ་མཆོག །མེ་ཏོག་ནུབ་བྱང་མཆོད་བསྟོད་དཀྱིལ་འཁོར་ལ། །བབས་པ་རྟེན་འབྲེལ་བདེན་པ་ཇི་བཞིན་དུ། །མོན་ཡུལ་སྤ་གྲོ་སྟག་ཚང་སེང་ཕུག་ཏུ། །མཆོད་བསྟོད་བསྒྲུབས་པས་གྲུབ་རྟགས་དྲེགས་པའི་སྡེ། །དབང་བསྡུས་བྲན་བཀོལ་རླངས་ཆེན་དཔལ་སེང་གེའི། །ཡོན་ཏན་དྲན་བཞིན་སྙིང་ནས་གཙང་དུ་བ་གོར་རིགས་སུ་སྐུ་འཁྲུངས་ཤིང་། །མེ་ཏོག་བྱང་ཤར་དྲག་སྔགས་དཀྱིལ་འཁོར་ལ། །བབས་བཞིན་ལི་ཡུལ་ལྕང་ར་སྨུག་པོ་དང་། །གཡའ་མ་ལུང་དུ་དམོད་པ་དྲག་སྔགས་སྐོར། །བསྒྲུབས་པས་སྟོབས་ལྡན་ནག་པོ་མངོན་པར་གྲུབ། །ཡེ་ཤེས་སྤྱན་ལྡན་བཻ་རོ་ཙ་ན་ཡི། །ཡོན་ཏན་འཇམ་དབྱངས་མི་ཡི་གཟུགས་སུ་སྤྲུལ་པའི་གར། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི། །མེ་ཏོག་དབུས་ཀྱི་ཆེ་མཆོག་དཀྱིལ་འཁོར་ལ། །བབས་པས་རྟེན་འབྲེལ་བདེན་པ་འཕྱུག་མེད་བཞིན། །དཔལ་གྱི་བསམ་ཡས་དབུ་རྩེ་རིམ་གསུམ་དུ། །སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ཉམས་བླངས་ནས། །གྲུབ་རྟགས་རྒྱ་ནག་དང་ནི་གེ་སར་ཡུལ། །བྷ་ཏ་ཧོར་གྱི་སྒོམ་གྲྭ་བར་པ་སོགས། །དབང་བསྡུས་བྲན་དུ་བཀོལ་བའི་རྫུ་འཕྲུལ་དང་། །ཏིང་འཛིན་གཡོ་བ་མེད་པའི་གྲུབ་པ་ཐོབ། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི། །ཡོན་ཏན་དྲན༴༴༴དེ་ཡན་ཆད་ནི་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བཀའ་བབ་བརྒྱད་ཡིན་ཞིང་། །ལྷོ་ནུབ་བླ་མ་རིག་འཛིན་ནི་སློབ་དཔོན་ཆེན་པོ་གཙོ་བོར་བཞུགས་པ་དེས་འཐུས་སོ། །མདོ་སྨད་རྒྱལ་མོ་རོང་དུ་སྐུ་འཁྲུངས་ཤིང་། །བཻ་རོས་རྗེས་བཟུང་གཡུ་སྒྲ་སྙིང་པོ་ཞེས། །རྫོགས་ཆེན་དོན་རྟོགས་གསེར་གྱི་རྡོ་རྗེར་སྤྲུལ། །ཁྱེད་ལ་གསོལ་འདེབས་མཆོག་ཐུན་དངོས་གྲུབ་སྩོལ། །གཉགས་ཀྱི་རིགས་འཁྲུངས་སློབ་དཔོན་པདྨ་དང་། །བི་མ་མི་དྲས་རྗེས་བཟུང་རྣལ་འབྱོར་མཆོག །ཡེ་ཤེས་གཞོན་ནུས་བྲག་ལས་བདུད་རྩི་འབྱིན། །ཁྱེད་ལ་གསོལ་འདེབས༴ སྣ་ནམ་རིགས་འཁྲུངས་སློབ་དཔོན་པདྨ་ཡིས། །རྗེས་བཟུང་དབང་བསྐུར་བྱིན་བརླབས་རྣལ་འབྱོར་པ། །རླུང་ལྟར་ཐོགས་མེད་རྡོ་རྗེས་བདུད་དཔུང་འཇོམས། །ཁྱེད་ལ་གསོལ༴ སོ་རིགས་ལས་འཁྲུངས་སློབ་དཔོན་ཆེན་པོ་ཡིས། །རྗེས་བཟུང་སྨིན་ཅིང་གྲོལ་བྱེད་རྣལ་འབྱོར་པ། །མཁའ་སྤྱོད་གནས་བསྒྲོད་ཛྙཱ་ན་གྷོ་ཥ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མགར་བའི་རིགས་འཁྲུངས་མཚོ་སྐྱེས་རྡོ་རྗེ་ཡིས། །རྗེས་བཟུང་དབང་བསྐུར་བྱིན་བརླབས་རྣལ་འབྱོར་པ། །ལྷ་དཔལ་རྒྱ་སྟག་གཉའ་བ་ནས་འཛིན་པ། །ཁྱེད་ལ་གསོལ་འདེབས༴ སྣ་ནམ་རིགས་འཁྲུངས་མཚོ་སྐྱེས་རྡོ་རྗེ་ཡིས། །རྗེས་བཟུང་སྨིན་གྲོལ་གདམས་པས་རྒྱུད་གྲོལ་བའི། །བྱ་ལྟར་མཁའ་ལྡིང་སྣ་ནམ་ཡེ་ཤེས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཁར་ཆེན་རིགས་འཁྲུངས་ཨོ་རྒྱན་པདྨ་ཡིས། །རྗེས་བཟུང་མཐུ་དབང་དངོས་གྲུབ་ལེགས་བྱིན་པའི། །དཔལ་གྱི་དབང་ཕྱུག་ཕུར་པ་གདེངས་ཚད་འགུམ། །ཁྱེད་ལ་གསོལ༴ འདན་མའི་རིགས་འཁྲུངས་ཨ་ཙཪྱ་ཉིད་ཀྱི། །རྗེས་བཟུང་གསང་སྔགས་དངོས་གྲུབ་རྒྱུན་བསྩལ་བས། །མི་བརྗེད་གཟུངས་ཐོབ་རྩེ་མངས་རྣལ་འབྱོར་ལ། །གསོལ་བ༴ སྐ་བའི་རིགས་འཁྲུངས་པདྨས་བྱིན་བརླབས་པའི། །ལོ་ཙའི་ཆག་གྱུར་གཞན་སེམས་མངོན་སུམ་བཞིན། །ཡོངས་མཁྱེན་རྣལ་འབྱོར་དབང་ཕྱུག་དཔལ་བརྩེགས་ལ། །གསོལ་བ༴ ཤུད་བུའི་རིགས་འཁྲུངས་པདྨ་སཾ་བྷ་ཝས། །གྲུབ་གཉིས་དངོས་གྲུབ་ལེགས་བྱིན་རྣལ་འབྱོར་པ། །ཆུ་བོ་གྱེན་ལྡོག་ཤུད་བུ་དཔལ་སེང་ལ། །གསོལ་བ༴ འབྲེ་རྒྱུད་ལས་འཁྲུངས་རྒྱལ་དབང་པདྨ་ཡིས། །བྱིན་བརླབས་དྲོད་ཀྱིས་ལེགས་པར་སྨིན་བྱས་པ། །རོ་ལངས་གསེར་བསྒྱུར་རྒྱལ་བའི་བློ་གྲོས་ལ། །གསོལ་བ༴ གུ་རུ་པདྨས་རྗེས་བཟུང་སྐྱེས་བུ་མཆོག །སྨིན་གྲོལ་གདམས་པས་རྒྱུད་གྲོལ་ནམ་མཁའི་བྱ། །དམིགས་པས་འཛིན་ནུས་ཁྱེའུ་ཆུང་ལོ་ཙཱ་བར༑ གསོལ་བ༴ པདྨ་བཛྲ་རྗེས་བཟུང་སྐྱེས་བུ་མཆོག །རྡོ་རྗེ་ཐེག་པའི་རིམ་གཉིས་མཐར་ཕྱིན་འབྲས། །བྱང་གཡག་མཐུས་བཀུག་དྲན་པ་ནམ་མཁའ་ལ། །གསོལ་བ༴ འོ་བྲན་རྒྱུད་འཁྲུངས་པདྨ་ཐོད་ཕྲེང་གིས། །སྔགས་ཀྱི་སྒོར་བཅུག་དབང་བསྐུར་བྱིན་བརླབས་པས། །ཉ་ལྟར་ཆུར་རྒྱུག་དཔལ་གྱི་དབང་ཕྱུག་ལ། །གསོལ་བ༴ རྨ་ཡི་རིགས་འཁྲུངས་པདྨ་ཀ་ར་ཡིས། །རྗེས་བཟུང་སྔགས་ཀྱི་ལམ་ནས་དྲོད་ཐོབ་པས། །ཕ་བོང་ཟན་ལྟར་གསོལ་མཛད་རིན་ཆེན་མཆོག །ཁྱེད་ལ་གསོལ་འདེབས༴ ལྷ་ལུང་གནས་སུ་སྲིད་བཟུང་པདྨ་སྐྱེས། །རྗེས་བཟུང་བསྒྲལ་འདྲེན་དངོས་གྲུབ་སོགས་བརྙེས་པས། །བྲག་རིར་ཐོགས་མེད་དཔལ་གྱི་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ ལང་གྲོའི་རྒྱུད་འཁྲུངས་གུ་རུ་རིན་པོ་ཆེས། །སྔ་འགྱུར་སྒོར་བཅུག་སྨིན་གྲོལ་བཅུད་བསྩལ་བས། །གནམ་ལྕགས་འཕྲལ་འཕེན་དཀོན་མཆོག་འབྱུང་གནས་ལ། །གསོལ་བ༴ ལང་སུམ་རྒྱུད་འཁྲུངས་པདྨས་རྗེས་སུ་བཟུང་། །རྫོགས་པ་ཆེན་པོའི་དབང་བསྐུར་བྱིན་ཕབས་པས། །སྐྱིལ་ཀྲུང་མཁར་བཅས་རྒྱལ་བ་བྱང་ཆུབ་ལ། །གསོལ་བ༴ དེ་ལྟར་ཨོ་རྒྱན་རྡོ་རྗེ་འཆང་དབང་གིས། །ནང་རྒྱུད་ཡོ་ག་གསུམ་གྱི་དཀྱིལ་འཁོར་དུ། །དབང་བསྐུར་བྱིན་ཕབས་སྨིན་ཅིང་གྲོལ་བྱས་པ། །རྗེ་འབངས་ཉི་ཤུ་རྩ་ལྔར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པས་བྱིན་རླབས་ཀྱིས། །ཚེ་འདིར་མཐོ་རིས་ཡོན་ཏན་བདུན་ལྡན་ཅིང་། །ས་བཅུ་ལམ་ལྔའི་སྤངས་རྟོགས་མཐར་ཕྱིན་ནས། །ཨོ་རྒྱན་རྡོ་རྗེ་འཆང་དང་དབྱེར་མེད་ཤོག །དེང་དུས་སྙིགས་མ་ལྔ་བདོའི་མར་གཤམ་འདིར། །སྔ་འགྱུར་རྙིང་མའི་ཆོས་ལ་རབ་སྡང་བའི། །མཁས་རློམ་སྤྱང་ཀི་རྒྱབ་སེར་འགའ་དང་འགས། །རྒོལ་བ་བྱེད་འདི་མཐུ་རྩལ་ནུས་པས་ཆོམས། །པད་འབྱུང་ཁྱོད་ཉིད་བོད་དུ་མ་བྱོན་ན། །མདོ་སྔགས་ཆོས་ཀྱི་སྣང་བ་མེད་ངེས་ཀྱང་། །ཁྱེད་ཀྱི་དྲིན་ལས་འཕགས་ཡུལ་ཇི་བཞིན་གྱུར། །བཀའ་དྲིན་དྲན་བཞིན་ཐུགས་དམ་རྒྱུད་བསྐུལ་ལོ། །དེང་དུས་གསར་མའི་མིང་གཟུགས་འཛིན་པ་འགས། །ཨོ་རྒྱན་ཆེན་པོའི་བརྒྱུད་འཛིན་དང་བཅས་ལ། །ལོག་ལྟའི་དབང་གིས་སྐྱོན་བརྗོད་སྣ་ཚོགས་བྱེད། །དེ་རྣམས་མཐུ་སྟོབས་ནུས་པས་གདུལ་བར་མཛོད། །ཨུ་རྒྱན་ཆེན་པོའི་མཐུ་སྟོབས་མཁའ་དང་མཉམ། །དེ་བཞིན་རྗེ་འབངས་ཉེར་ལྔ་དེའི་རྗེས་འགྲོ། །དེ་ཕྱིར་ཐུགས་རྗེའི་ཐུགས་དམ་རྒྱུད་བསྐུལ་ལོ། །ལོག་རྟོག་རྒོལ་ངན་བཟློག་པར་མཛད་དུ་གསོལ། །ཁྱེད་རྣམས་ཐུགས་རྗེར་ཉེ་རིང་མ་མཆིས་ཀྱང་། །གུ་རུས་བོད་ཁམས་བསྐྱབས་པའི་བཀའ་དྲིན་དོན། །ཁྱད་གསོད་རྙིང་བསྟན་ཐབས་ཀྱིས་བསྣུབ་པའི་ལས། །བྱེད་པོ་སུ་མཆིས་བཀའ་ཆད་དྲག་པོས་གཞོམ། །ཁྱད་པར་མི་དགེ་སྟོབས་ཀྱིས་རྟོག་གེའི་སྡེས། །རང་ལུགས་འཕྱར་ཞིང་གཞན་ཕྱོགས་ཁྱད་གསོད་པའི། །ལྷ་མིན་སེར་གཟུགས་འགོང་པོར་བརྫུས་པའི་དཔུང་། །མ་ལུས་མཐུ་སྟོབས་དྲག་པོས་ཚར་གཅོད་མཛོད། །གཞན་ཡང་ཕྱི་སྣོད་འཇིག་རྟེན་གཡོ་འཁྲུགས་དང་། །ནང་བཅུད་སེམས་ཅན་ནད་མཚོན་མུ་གེ་ཡིས། །མནར་བའི་རྒྱུ་རྐྱེན་བཙའ་སད་སེར་གསུམ་དང་། །ཐན་པ་འབུ་སྲིན་སོགས་ཀྱིས་གནོད་འཚེ་ཟློགས། །རྟ་ནོར་ལུག་གསུམ་བོང་དྲེལ་ར་ཁྱི་ཕག །རྐང་བཞི་འགྲོ་བའི་སྲོག་འཕྲོག་འགལ་རྐྱེན་རིགས། །དཀོན་མཆོག་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་ལ། །བཟློག་ཅིང་བསྒྱུར་ནས་མིང་ཙམ་མེད་པར་མཛོད། །ལོ་ཟླ་ཞག་དུས་ཟ་མའི་ཀག་རིགས་དང་། །དགྲ་ཇག་ཆོམ་རྐུན་གནོད་ཅིང་འཚེ་བའི་རིགས། །དམིགས་པའི་དགྲར་བཟློག་དགྲ་ཟླ་ཕམ་བྱས་ནས། །དགྲ་སྡེ་གཏན་ནས་བརླག་པའི་མཐུ་རྟགས་སྟོན། །མདོར་ན་ཞི་རྒྱས་དབང་དང་དྲག་པོ་སོགས། །རབ་འབྱམས་ཕྲིན་ལས་བསམ་གྱིས་མི་ཁྱབ་པས། །འགྲོ་རྣམས་ཐབས་མང་དཀའ་བ་མེད་པ་ཡིས། །ཚར་གཅོད་རྗེས་འཛིན་ནུས་པར་མཛད་དུ་གསོལ། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དང་། །གྲུབ་པའི་ཁྱུ་མཆོག་རྗེ་འབངས་ཉེར་ལྔ་སོགས། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་ཀྱིས། །བདག་གིས་ཇི་ལྟར་སྨོན་པའི་དོན་རྣམས་ཀུན། །ཐོགས་མེད་ཡོངས་གྲུབ་བསྟན་འགྲོ་སྤྱི་དང་ནི། །ཁྱད་པར་ཟབ་གསང་རྫོགས་པ་ཆེན་པོ་ཡི། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས་པར་ཤོག །བསླུ་མེད་མཆོག་གསུམ་བདེན་པའི་བྱིན་རླབས་དང་། །ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། །ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུ་ནུས་ཀྱིས། །སྨོན་ལམ་འདི་རྣམས་ཐོགས་མེད་ཡོངས་འགྲུབ་ཤོག །ཅེས་ཨོ་རྒྱན་དུས་གསུམ་མཁྱེན་པ་སློབ་བུ་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས་བར་ཆད་ཀུན་སེལ་བསྟན་པ་རྒྱས་བྱེད་སྔ་འགྱུར་བསྟན་པའི་སྨག་རུམ་འཇོམས་པའི་འོད་ཟེར་སྟོང་འབར་ཞེས་བྱ་བ་འདི་ཉིད་སྤེལ་བའི་དུས་ལ་བབ་པར་རིག་ནས་བླ་མ་དམ་པ་ཉི་ཤུའི་གྲངས་ལྡན་གྱིས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བགྲང་བྱ་བདུན་ཅུ་དོན་ལྔའི་ཁར་སླེབས་ཚེ་ངག་ནས་ཇི་ལྟར་སྨོས་པ་བཞིན་དད་དམ་ནོར་འཆང་ཀུན་བཟང་འཆི་མེད་ཀྱིས་ཡི་གེར་ཕབ་པའི་དགེ་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་བསྟན་འཛིན་གྱི་སྡེ་རྣམས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

སྲུང་འཁོར་ནི་་་་

༄༅། །ལྡེབ་༡ནས་༣བར་ཆད་ཡོད། སྔགས་ཀྱིས་བསྐྲད་ཅིང་། སྲུང་འཁོར་ནི། ཧྲཱིཿ སྣང་སྲིད་དག་པ་རབ་འབྱམས་ལཿ སོགས་ནས། ཆོས་དབྱིངས་ངང་དུ་མཚམས་བཅད་དོཿ ཡན་བརྗོད་ནས་བྱིན་འབེབས་པ་ནི། །སྤོས་དང་གུ་གུལ་སོགས་ཀྱི་དུད་པ་བཏང་ལ། ཧཱུཾཿ སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནསཿ སོགས། ཧཱུཾ་ཧཱུཾ་ཧཱུཾཿ ཡན་བཏང་ནས། མཆོད་པ་བྱིན་བརླབས་ནི། ༀ་ཨཱཿཧཱུྃཿ སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིནཿ སོགས་ནས། མ་ཧཱ་སུ་ཁ་པུཙྪ་ཨཱཿཧཱུཾཿ ཡན་བརྗོད་ལ། རྟེན་དང་བརྟེན་པ་བསྐྱེད་པ་ནི། ཧཱུཾ་མ་བཅོས་རིག་པ་སྟོང་གསལ་ངང་ཿ ཞེས་པ་ནས། སྤྱན་འདྲེན་གནས་འདིར་ས་མཱ་ཛཿ ཡན་བཏང་ནས་སྤྱན་འདྲེན་བཞུགས་གསོལ། ཕྱག་འཚལ་བསྟོད་པ་བཅས་དཀྱུས་བཞིན་གྲུབ་ནས་བཟླས་པའི་སྐབས་སུ་བབ་པ་ན། ཐུགས་ཀར་པདྨ་ཉི་ཟླའི་སྟེང་ཿ ཞེས་ནས། མ་འགྲུབ་བར་དུ་མི་བཏང་ངོཿ ཡན་བརྗོད་ལ། བཛྲ་གུ་རུ་སྟོང་རྩ་དང་། མ་ཧཱ་གུ་རུ་ དེའི་ཕྱེད་ཆ་སོགས་སྐབས་དང་བསྟུན་ནས། རིག་འཛིན་ཁོ་ནའི་ཚོགས་དང་སྦྱིན་སྲེག་ལྟ་བུ་ལ་འཛབ་མཇུག་བསྡུ་བ་ནི། རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་འདི་ལྟར། ༀ་ཧཱུཾ་ཏྲཾ་ཧྲཱིཿཨཱཿ ལྷ་རྫས་དང་ཏིང་འཛིན་ལས་གྲུབ་པའི་ སོགས་ནས། ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ པདྨ་རྒྱས་པ་ལྟ་བུའི་ལང་ཚོ་ཅནཿ སོགས་ཚང་བར་བཏང་ནས། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། སོགས་ཤྭ་ལོ་ཀ་དང་། བསྟོད་པའི་མཇུག་གི། གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུཿ སོགས་ཤྭ་ལོ་ཀ་བཅས་བཏང་མཐར། ཡིག་བརྒྱ་ལན་གསུམ་བརྗོད་ནས། རྟེན་དང་བརྟེན་པ་བདག་ཉིད་ལ་བསྟིམས་རྗེས་དམིགས་མེད་ལ་བཞག་ཅིང་སླར་ཡང་ལྷ་སྐུར་ལྡང་ནས། བསམ་པ་མྱུར་འགྲུབ་མ་འདོན་པའམ། །ཡང་ན་དེ་དང་རྗེས་འབྲེལ་དུ། །མཁའ་འགྲོ་དང་དཔལ་ཆེན་སོགས་གང་གཏོང་བར་འདོད་ཀྱང་བཟླས་པའི་འཕྲོར་གཏོང་དགོས་ཤིང་། །སྔོན་མ་གནས་འགྱུར་ཚུལ་གྱིས་ཕྱི་མར་འཇུག་དགོས་པའི་དོན་དཔེར་ན་དཔའ་བོས་གོ་བརྗེ་བ་བཞིན་ཆོ་ག་སོ་སོར་འཇུག་དགོས་པ་རྙིང་མའི་ཁྱད་ཆོས་སུ་ངེས་པར་བྱས་ནས་མཁའ་འགྲོའི་ཆོ་ག་དཀྱུས་བཞིན་བཏང་ནས་བཟླས་པ་ཡན་རྫོགས་པ་དང་དཔལ་ཆེན་གྱི་གསོལ་འདེབས་ནས་བཟུང་། །བཟླས་པ་ཡན་དེ་དང་འདྲ། ན་རཀ་དོང་སྤྲུག་ལ་ཆོ་གའི་དངོས་གཞི་བྱེད་ན་རིག་འཛིན་བཟླས་པ་གྲུབ་འཕྲལ་དེའི་ཆོ་ག་དཀྱུས་བཞིན་གཏོང་ལུགས་སྔོན་མ་དང་མཚུངས་ཤིང་། དེ་རྣམས་གང་ཡིན་ཀྱང་། ཚོགས་བརྒྱ་སྟོང་སོགས་སུ་བསགས་དགོས་དུས། སྟག་གཟིག་གི་པགས་པ་སོགས་ཀྱི་སྟེང་དུ་ཚོགས་ཀྱི་ཡོ་བྱད་ཤ་ཟན་སོགས། བཟའ་བཅའི་རིགས་མདུན་བསྐྱེད་ཀྱི་མདུན་གཡས་དང་། ཇ་ཆང་སོགས་བཏུང་བ་རྣམས་གཡོན་དུ་བཤམས་ལ་སྤོས་སོགས་དྲི་བཟང་གི་དུད་པས་བདུག །སྨན་གཟར་གྱིས་སྨན་བྲན། རཀྟའི་གཟར་བུས་རཀྟ་བྲན་ལ། སྒྲུབ་པོ་རྣམས་ཀྱིས་དངོས་སམ་བརྒྱུད་ནས་སྡོམ་པ་གསུམ་དང་འགལ་བའི་ལས་བགྱིས་པ་ཐམས་ཅད་འཆབ་སེམས་མེད་པར་སྙིང་ཐག་པ་ནས་མཐོལ་ལོ་བཤགས་སོ་སྙམ་པ་དང་བཅས་ཏེ། ༀ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནིཿ སོགས་ནས། ནོངས་པ་མཆིས་ན་རང་གནོང་བཟོད་པར་གསོལཿ ཡན་བརྗོད་ལ། ཚོགས་བྱིན་གྱིས་བརླབ་པ་ནི་རིག་འཛིན་ལྟར་ན། ཧཱུཾཿབདག་ཉིད་ལྷ་ཡི་ཐུགས་ཀ་ནསཿ སོགས་ནས། རཾ་ཡཾ་ཁཾཿ ༀ་ཨཱཿཧཱུྃཿ ཡན་བརྗོད་ལ། ཚོགས་ཞིང་སྤྱན་འདྲེན་ནི། ཧཱུཾཿ འོག་མིན་བདེ་ཆེན་ཞིང་ཁམས་ནསཿ སོགས་ནས། ག་ཎ་ཙཀྲ་པཱུཙྪ་ཁཱ་ཧིཿ ཡན་བརྗོད་བཞིན་ཚོགས་བཟླུམ་པོར་བཅས་ཡོད་པའི་རྩེ་མོ་ནས་གཤགས་ཚུལ་གྱིས་ཕུད་ཡར་གཞིར་བཟེད་ཞལ་དུ་ཕུལ་ལ། བར་བཤགས་ནི། ཧཱུཾཿ བདག་གི་ཚེ་རབས་ཐོག་མེད་ནསཿ སོགས། བཛྲ་ས་མཱ་ཡ་ཨཱཿ བར་བརྗོད་ལ་སྔོན་ལྟར་འབུལ། བསྒྲལ་བསྟབ་ནི། བྲུབ་ཁུང་རཱུ་པ་བསྐྱེད་ཅིང་འགུགས་བསྒྲལ་བསྟབ་པ་ནི་ཁམས་པ་ཕལ་ཆེར་ལ་སྲོལ་རྒྱུན་བཞིན་དེ་ལྟར་བྱས་ཀྱང་མཐའ་དགག་ཏུ་མེད་ཀྱང་། །རྗེ་བླ་མའི་ཕྱག་བཞེས་འཁྲུལ་མེད་ནི་དཀྱུས་བཞིན་བཏང་བས་འཐུས་ཤིང་གང་ལྟར་ཡང་། ཧཱུཾཿ མ་རིག་ལས་ཉོན་གཟུང་འཛིན་གྱིསཿ སོགས་ནས། རཱུ་ཏྲ་སརྦ་ཧ་ལ་པཉྩ་པུཙྪ་ཁཱ་ཧིཿ ཚིག་རྐང་ལྔ་སྔགས་དང་བཅས་པ་དེ་ལ་འགུགས་བསྒྲལ་བསྟབ་པ་སོགས་ཚང་བ་ཚིག་ཚོགས་མང་པོ་ཞིག་མ་བསྣན་ཀྱང་ཆོག་པར་སྙེམས། །སྐབས་འདིར་བསྐང་བཤགས་རྡོ་རྗེའི་ཐོལ་གླུའམ། ཡང་ན་བླ་མ་དགོངས་འདུས་ཀྱི་བསྐང་བསྡུས་བཏང་སྲོལ་འདུག་པས་དེ་ལྟར་ན་ཚོགས་ཚར་བཅུ་རེའི་མཚམས་སུ་བསྐང་བ་དེ་གྲངས་མ་ཚར་བར་གང་འོས་ལྡབ་ཅིང་མཚམས་རྣམས་སུ་བསམ་པ་མྱུར་འགྲུབ་བཏང་དགོས་ལ། །ཚོགས་བརྒྱ་སྟོང་སོགས་ཀྱི་སྐབས་སུ་སྤྲོས་པ་ལ་དགའ་ན་ལས་སློབ་ཀྱི་ལག་གཡས་བཟའ་བ་དང་། །གཡོན་བཏུང་བ་ཐོགས་ནས་ལངས་བཞིན་རྣམ་ལྔ་འདོད་སྐོར་གྱི་ཕྱག་རྒྱ་དང་སྦྲགས་ཏེ། ཧོཿ བླ་མ་དཔའ་བོ་ཆེན་པོ་དགོངས་སུ་གསོལཿ༴༴༴༴༴རོལཿ ཞེས་པ་ཡན། སློབ་དཔོན་གྱིས་ཕྱག་རྒྱ་དེ་ཉིད་བཅའ་བཞིན། བདེ་བར་གཤེགས་པ་ཆོས་ཀྱི་སྐུཿ ཞེས་པས་བླངས་འཕྲལ་སློབ་དཔོན་གྱིས་བསྐུལ་ལ་ཚོགས་པ་ཐམས་ཅད་ཀྱིས། ཧཱུཾ་བདག་ལུས་ཕུང་ཁམས་༴༴༴ ཞེས་བརྗོད་ཅིང་ཐ་མལ་དུ་མ་ཤོར་བར་རོལ། །ཐ་མ་ལྷག་མའི་ཆོ་ག་ནི། །དཔལ་ཆེན་པོར་ཕུལ་བའི་ལྷག་མ་ནི་གཙང་ལྷག་དང་། །རྡོ་རྗེ་སློབ་དཔོན་ནས་རིམ་བཞིན་གྱིས་དྲངས་པ་སོ་སོའི་ཕུད་བསྡུས་པ་ལྷག་ཕུད་ལ། བཙོག་ལྷག་ཟེར་བས། གཙང་བཙོག་གི་ལྷག་མ་གཉིས་སྣོད་སོ་སོར་བཤམས་ཤིང་། དེ་གཉིས་བར་དེར་བཟེད་ཞལ་དུ་མཉམ་པོར་བསྡོམས་པའི་ཁར་གོང་གཏོར་ནས་སྐྱུ་གུ་ཞིག་བླངས་ལ་ཕ་འབབ་ཀྱི་ཚུལ་དུ་སྣོན་ནམ་ཡང་ན་བཙོག་ལྷག་གི་ཕུད་ཅུང་ཟད་ཅིག་གཙང་ལྷག་ཏུ་ཕུལ་འཕྲལ་དེ་ཉིད་སྔ་མར་སྡོམ་པ་གཉིས་གང་ཡང་རུང་ཞིང་། མདོ་སྨད་འདིར་རྣམ་པར་དག་མིན་ཅི་འདྲ་ཡིན་ཀྱང་ཨ་ཕའི་ཁ་ཕོར་གཙང་མ་ཡིན་ཞེས་གླེངས་པའི་དཔེ་བཞིན་རང་ལུགས་ལ་རྨོངས་ཞེན་ཁོ་ནས་མཛོ་རྒན་ལམ་ཞུགས་ལ་གོམས་པ་བརྟན་ཡང་ཅིར་འགྱུར་ཤེས་དཀའ་བས་ཐབས་མང་དཀའ་བ་མེད་པའི་དོན་དྲན་པར་བྱས་ནས། ལྷག་མ་བྱིན་བརླབ་ནི། ཚོགས་གཞོང་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཚོགས་ཀྱི་ལྷག་མ་འདོད་པའི་ཡོན་ཏན་རྣམ་པ་ལྔའི་རང་བཞིན་དུ་གྱུར་ཞེས་བསམ་ལ། ཧཱུཾཿ དཀྱིལ་འཁོར་ཆེན་པོའི་མུ་རན་ལཿ སོགས་ནས། ཨུ་ཙིཥྚ་བྷ་ལིཾ་ཏ་ཁཱ་ཧིཿ ཞེས་བརྗོད་ལ་ལྷག་མ་གཙང་ས་ཞིག་ཏུ་མི་གཏོར་བར་བླུགས་ནས་ཚོགས་གཞོང་བཤལ་ནས་དེ་ཕྱོགས་སུ་གཏོར། སྐབས་འདིར་ཆོས་སྐྱོང་སྤྱི་སྒོས་ཀྱི་བསྐང་གསོའི་རིགས་མ ཐའ་དག་ཚང་བར་བཏང་ནས་གསོལ་ཁའི་གཏོར་མ་འདབ་ཆགས་ཁོ་ནའི་སྤྱོད་ཡུལ་ལས། །ཁྱིས་མི་ཟ་བའི་སར་འབུལ་རྒྱུ་གནད་ཆེ་ཞིང་། །ཆད་ཐོའི་གཏོར་མ་མཐོང་བརྒྱུད་ལྟར་བཤམས་ལ། །ཟོར་ཐབས་ལ་ལྕེ་ལྡེ་བཙུགས་ནས་འདོན་ཚིག་མཐར་དགྲ་ཕྱོགས་སུ་འཕངས། །དེའི་གཏོར་གཞོང་བཤལ་ཆུར་བརྟན་མ་བཤམས་ནས་འདོན་ཚིག་གྱེར་ཞིང་ཕུལ་ལ་གཏོར་སྣོད་ཟུང་སྟེགས་སོགས་མིན་པའི་ས་རྗེན་དུ་སྦུབས་ཤིང་། །གཏོར་བྲོ་བརྡུང་བ་ནི། ཧཱུཾཿ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་དུཿ སོགས་ནས། སྟྭཾ་བྷ་ཡ་ནནཿ ཡན་བརྗོད་ནས། མཆོད་ཕྲེང་རྒྱས་པའམ། ༀ་ཨཱཿཧཱུྃཿ ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིནཿ སོགས་ནས། དྷརྨཱ་དྷརྟུ་ཨཱཿཧཱུཾཿ ཞེས་སམ། ཡང་ན། ཨརྒཾ་པདྱཾ་སོགས་ནས། དྷརྨཱ་དྷརྟུ་ཨཱཿཧཱུཾཿ ཡན་བརྗོད་ནས་བསྟོད་པ་ནི། ཧྲཱིཿམ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ སོགས་ཤྭ་ལོ་ཀ་དང་། གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུཿ སོགས། ཚིག་བཞིས་བསྟོད། མཐར་དངོས་གྲུབ་བླང་པ་ནས་བཟུང་དཀྱུས་བཞིན་བཏང་ནས་བཀྲ་ཤིས་མཇུག་ཏུ། སངས་རྒྱས་བྱང་སེམས་སོགས་ཀྱི་བཀྲ་ཤིས་ཅི་རིགས་དང་། །གཞན་ཡང་འགལ་སྤོང་མཐུན་བསྒྲུབ་ཀྱི་བཀྲ་ཤིས་རྒྱས་བསྡུས་སྐབས་བསྟུན་གྱིས་མཐའ་བརྒྱན་པར་བྱའོ། ༈ མཁའ་འགྲོའི་ཆོ་ག་ཁོ་ན་གཏོང་སྐབས་འདོན་ལུགས་ནི། སྔོན་འགྲོ་སྤྱི་ལྟར་དང་བགེགས་གཏོར་གཞུང་དུ་མི་གསལ་བར། །ནན་གྱིས་བཙུད་མི་དགོས་མོད། འོན་ཀྱང་བཏང་བར་འདོད་ན་སྔོན་འགྲོ་ཚང་མ་གྲུབ་རྗེས་རིག་འཛིན་འདོན་འགྲིགས་སློབ་དཔོན་ཆེན་པོའི་མངོན་རྟོགས་གསལ་བཞིན་སྡེ་བརྒྱད་མཆོད་པ་བཏང་མཐར་བགེགས་གཏོར་བཏང་ཞིང་སྲུང་འཁོར་བསྒོམས་མཐར། སླར། ན་མོཿ སྐྱེ་མེད་ཡེ་ཤེས་སོགས་ནས། སྐྱབས་འགྲོ་སེམས། བསྐྱེད་ལན་གསུམ་ལྡབ་ལ། ༀ་ཨཱཿཧཱུྃཿ དངོས་པོར་འཛིན་པའི་རྣམ་རྟོག་སོགས་ནས། སརྦ་པཱུ་ཙ་ས་མ་ཡ་ཨཱཿཧཱུཾཿ ཡན་བརྗོད་ནས་ཨཿསྣང་བ་ཐམས་ཅད་ཡུམ་ལྔའི་ཀློང་ཿ ཞེས་པ་ནས་བཟུང་སྤྱན་འདྲེན་བར་དཀྱུས་བཞིན་བཏང་ནས། །སྤོས་རོལ་སོགས་མཐོང་བརྒྱུད་ལྟར་སྣང་བ་འགྱུར་ངེས་དང་ཆབས་ཅིག་ཏུ། ཧཱུཾ་ཡུལ་གྱི་མིང་ནི་རྒྱ་གར་སོགས་ནས་ཕཻཾ་ཕེཾ་ཛཿ ཞེས་བརྗོད་འཕྲལ། ཧོཿ གདོད་ནས་དམ་ཚིག་ཞེས་པ་ནས་བཟུང་། བཞུགས་གསོལ་ཕྱག་འཚལ་སྟབས་གཅིག་ཏུ་བཏང་མཐའ་མཆོད་བསྟོད་བཅས་ཚང་བར་བཏང་བསྙེན་པ་བྱ་བ་ནི། རང་ཉིད་མཁའ་འགྲོའི་ཐུགས་ཀ་རུཿ སོགས་ནས། ཉམས་སུ་མྱོང་ཿ ཡན་བརྗོད་ནས། ༀ་པདྨོ་ཡོ་གི་ཛྙཱ་ན་ཝ་ར་ཧི་ཧཱུཾཿ ཞེས་བསྙེན་པ་ཅི་ནུས་དང་། ལུས་དཀྱིལ་ལ་དམིགས་ཏེ། ༀ་གུ་ཧྱེ་ཛྙཱ་ན་བོ་དྷི་ཙིཏྟ་སོགས་བཟླའོ། དེ་ཡང་རྩ་བསྙེན་སྟོང་ལ་སྔགས་རིང་ལྔ་བརྒྱ་ཙམ་རེའི་འགྲེས་ཀྱིས་མང་ཉུང་རིག་པས་དཔག་ཤེས་པར་བྱའོ། ཐུན་བསྡུ་བའི་ཚེ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་འདོད་གསོལ་བཅས་སྤྱི་ལྟར་དང་། །མཆོད་བསྟོད་རྒྱས་པར་མཆོད་ཕྲེང་བསྡུ་ན་གཞུང་གི་མཆོད་པའམ་སྔགས་མཆོད་ཙམ་གྱིས་ཀྱང་ཆོག་ཅིང་། །གང་ལྟར་ཡང་གཞུང་བསྟོད་ཀྱི་ཐོག་མཐའ་གཉིས་དང་ཡི་གེ་བརྒྱ་བས་བརྟན་པར་བྱ་བའོ། ༈ ཅེས་པའང་ཀུན་མཁྱེན་འཇིགས་མེད་གླིང་པའི་བཀའ་གཏེར་སྐོར་གྱི་འདོན་འགྲིགས་ནོར་བུའི་ཕྲེང་བ་འདི་ནི་ཡབ་རྗེ་ཐམས་ཅད་མཁྱེན་པ་རིག་འཛིན་བྱང༵་ཆུབ༵་རྡོ༵་རྗེས་གསུངས་པ་འདི་ལ་མཛད་བྱང་མི་སྣང་བས་བློས་བཟོ་ཡིན་ཀྱང་ཉེས་འགལ་མེད་དམ་སྙམ་མོ། །

དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ རབ་གནས་བསྡུས་པ་མེ་ཏོག་ཕྲེང་མཛེས།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ རབ་གནས་བསྡུས་པ་མེ་ཏོག་ཕྲེང་མཛེས་བཞུགསཿ སྐུ་གསུམ་ཞིང་གི་སྟོན་མཆོག་སངས་རྒྱས་དང་ཿ གང་གིས་བསྟན་པའི་སྙིང་པོ་ལུང་རྟོགས་ཆོསཿ དེ་འཛིན་འཕགས་པའི་དགེ་འདུན་ཚོགས་བཅས་ལཿ གུས་པས་བཏུད་ནས་རབ་གནས་བསྡུས་པ་སྤེལཿ དེ་ཡང་རབ་གནས་ཤིན་ཏུ་བསྡུས་པ་ཞིག་དགོས་པ་བྱུང་ཚེཿ རང་ཉིད་ལྷའི་ང་རྒྱལ་དང་ལྡན་པསཿ ཧཱུཾ་ང་ནི་དཔལ་ཆེན་ཐོད་ཕྲེང་རྩལཿ འདིར་མཆིས་གཉུག་གནས་འཕྲལ་རྒྱུའི་བགེགསཿ མ་ལུས་མྱུར་དུ་ད་ལྟ་སོང་ཿ བཀའ་ལས་འདའ་ན་བརླག་པར་འགྱུརཿ ཞེས་བདེན་སྟོབས་དང་དྲག་སྔགས་བརྗོད་ནས་བསྐྲད་ཅིང་ཿ བཛྲ་རཀྵ་ཧཱུཾཿགིས་སྲུང་འཁོར་གསལ་ཞིང་ཿ སངས་རྒྱས་ཆོས་དང་༴ སོགས། འགྲུབ་པར་ཤོགཿ ཅེས་སྐྱབས་འགྲོ་ལན་གསུམ་དང་ཿ སེམས་ཅན་ཐམས་ཅད་བདེ་བ་དང་། ཞེས་སོགས་ཚད་མེད་པ་བཞི་བསྒོམཿ བྱང་ཆུབ་སྙིང་པོར་མཆིས་ཀྱི་བརཿ སངས་རྒྱས་རྣམས་ལ་སྐྱབས་སུ་མཆིཿ ཆོས་དང་བྱང་ཆུབ་སེམས་དཔའ་ཡིཿ ཚོགས་ལའང་དེ་བཞིན་སྐྱབས་སུ་མཆིཿ ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིསཿ བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་ཿ བྱང་ཆུབ་སེམས་དཔའི་བསླབ་པ་ལཿ དེ་དག་རིམ་བཞིན་གནས་པ་ལྟརཿ བདག་ཀྱང་འགྲོ་ལ་ཕན་དོན་དུཿ བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་ཿ དེ་བཞིན་དུ་ནི་བསླབ་པ་ལཿ རིམ་པ་བཞིན་དུ་བསླབ་པར་བགྱིཿ གཉིས་ཀ་ལན་གསུམ་རེ་བལྡབ་ནསཿ མཐར། དེང་དུས་བདག་ཚེ་འབྲས་བུས་ཡོདཿ མི་ཡི་སྲིད་པ་ལེགས་པར་ཐོབཿ དེ་ཡང་སངས་རྒྱས་རིགས་སུ་སྐྱེཿ སངས་རྒྱས་སྲས་སུ་ད་གྱུར་ཏོཿ བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱིཿ སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནིཿ བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིསཿ ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིསཿ ཡན་བརྗོད། ཇི་སྙེད་སུ་དག༴ སོགས་ཚང་བར་བརྗོདཿ ༀ་མ་ཧཱ་ཤུ་ནྱ༴ སྟོང་པའི་ངང་ལས། སྐུ་གཟུགས་མཆོད་རྟེན་རྣམ་སྣང་། །ལུང་གི་ཆོས་གླེགས་བམ་སྣང་མཐའ། །རྟོགས་པའི་ཆོས་མི་བསྐྱོད་པ། །རྒྱན་ཆ་རིན་པོ་ཆེ་སོགས་རིན་འབྱུང་། །མཚོན་ཆ་ཕྱག་མཚན་སོགས་དོན་འགྲུབ་བམ། གཞན་ཡང་ཆོས་ལོངས་སྤྲུལ་གསུམ་གྱི་ཆོ་ག་དཀྱུས་བཞིན་བཏང་ནས་ལྷ་བསྐྱེད་རྟེན་གསུམ་གང་ཡིན་དང་སྦྱར་ཡང་ཆོག་པར་ངེས་ཤིང་། ཇི་ལྟར་ཡང་། རྟེན་ལྷར་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་གསལ་བ་ལས་འོད་ཟེར་འཕྲོས་ཆོས་ཀྱི་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་བར་བསམ་ལ། མ་ལུས་སེམས་ཅན་ཀུན་གྱི༴ སོགས། བཛྲ་ས་མཱ་ཡ་ཛཿ པདྨ་ཀ་མ་མ་ཡེ་སྟྭཾཿ ཞེས་ལྷ་ཚོགས་མདུན་མཁན་བཞུགས་པ་ལ། ཨརྒྷཾ་ སོགས་ཀྱིས་མཆོད། བསྟོད་པར་འོས་པ༴ སོགས་ཀྱིས་བསྟོད་ནསཿ ཛཿཧཱུཾཿབཾ་ཧོཿ ས་རྟེན་གྱི་ལྷ་དང་དབྱེར་མེད་དུ་བསྟིམས་ནསཿ དམ་ཡེ་དབྱེར་མེད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་གསལ་བ་རྒྱལ་བ་ཀུན་གྱི་གསང་བ་གསུམ་གྱི་རང་བཞིན་དུ་གསལ། གདབ་ལཿ དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སོགས་གདན་གསུམ་ཚང་བའི་དཀྱིལ་འཁོར་སྤྱན་དྲངས་ཏེ་རྟེན་གྱི་ལྷ་ལ་དབང་བསྐུར་བར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཤྲི་ཡེ་ཧཱུཾཿ ཞེས་དབང་བསྐུར་བས་དག་བྱའི་དྲི་མ་ཐམས་ཅད་དགཿ རྟེན་གྱི་ལྷ་གང་ཡིན་པ་དེ་ལ་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་བསམཿ ཆོ་ག་ལ་བརྟེན་ན་འདི་ནས་མཐུདཿ སྤྱན་དབྱེ་བ་ནིཿ རྒྱལ་ཀུན་སྤྱན་ལ་སྒྲིབ་པ་མི་མངའ་ཡང་ཿ བདག་ཅག་བསོད་ནམས་བསགས་ཕྱིར་སྤྱན་དབྱེ་བསཿ མ་རིག་འཐིབ་པོས་ལྡོངས་པའི་འགྲོ་བ་ཀུནཿ རང་བྱུང་ཡེ་ཤེས་ཆོས་སྐུའི་ཞལ་མཐོང་ཤོགཿ ༀ་ཙཀྵུ་ཙཀྵུ་པ་མནྟ་ཙཀྵུ་བི་ཤྭ་དྷ་ནི་སྭཱ་ཧཱཿ ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པས་སེམས་ཅན་ཐམས་ཅད་ལ་རྒྱུན་ཆད་མེད་པར་གཟིགས་པར་གྱུར། ཞེས་བསམ་ལ། བདག་དང་རྟེན་གྱི་ལྷའི་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་བྱིན་རླབས་ནུས་སྟོབས་མ་ལུས་པ་དང་མཁྱེན་བརྩེ། ནུས་གསུམ་གྱི་དཔལ་དང་ཡོན་ཏན་ཐམས་ཅད་དབྱངས་དང་གསལ་བྱེད་ཀྱི་རྣམ་པར་དྲངས་ནསཿ རྟེན་གྱི་ལྷ་ལ་ཐིམ་པས་ལྷ་ཡང་འོད་ཀྱི་ཕུང་པོར་གྱུར་ནས་དབྱངས་གསལ་གྱི་རྣམ་པས་རྟེན་ལ་ཐིམ་ཞིང་སྐུ་གསུང་ཐུགས་རྟེན་རང་རང་གི་མངོན་རྟོགས་ཇི་བཞིན་དང་ཿ གླེགས་བམ་ཀྱང་སོ་སོའི་གཞུང་གི་ཡི་གེའི་གཟུགས་དང་དབྱེར་མེད་དུ་ཆུ་ལ་ཆུ་བཞག་པ་ལྟར་གྱུར་ནས་མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བའི་ནུས་སྟོབས་ལྡན་པའི་རྟེན་དུ་གྱུརཿ ཞེས་བསམ་ལ་དབྱངས་གསལ་ལན་ཅི་མང་བཟླ་བཞིན་རྟེན་ལ་འབྲུ་འཐོར་ཞིང་། འདིར་ནི་གཟུགས་དང་༴ སོགས། གསོལཿ ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལཿ ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལཿ ཁྱད་པར་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་འདི་དག་ལ་བསྐྱེད་ཅིང་སྤྱན་དྲངས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་རྟེན་འདི་དག་འབྱུང་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལཿ བརྟན་པར་བཞུགས་ནས་ཀྱང་སྦྱིན་བདག་གི་གཙོར་གྱུར་འབྲེལ་ཐོགས་རྣམས་ཀྱི་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་རྟེན་དུ་གྱུར་ཅིག །ཅེས་དང་རྟེན་སྙིང་ལན་ཅི་ནུས་དང་། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ བཏགས་པས་ནས་འཐོར། ཡང་དགོངས་གསོལ་གོང་བཞིན། འདིར་ནི་གཟུགས་དང་༴ སོགས། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལཿ ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལཿ ཁྱད་པར་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་འདི་དག་ལ་བསྐྱེད་ཅིང་སྤྱན་དྲངས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་རྟེན་འདི་དག་འབྱུང་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལཿ བརྟན་པར་བཞུགས་ནས་ཀྱང་རྟེན་འདི་ཉིད་གང་དུ་བཞུགས་པའི་ཡུལ་ཕྱོགས་འདིའི་གཙོར་བྱས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ནད་ཀྱི་བསྐལ་པ་ཞི་བཿ མཚོན་གྱི་བསྐལ་བ་ཉལས་པཿ མུ་གེའི་བསྐལ་བ་དབེན་པཿ མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་ནསཿ ཆར་ཆུ་དུས་སུ་འབབཿ ལོ་ཕྱུགས་རྟག་ཏུ་ལེགསཿ སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ཡོན་ལ་སྤྱོད་པའི་རྟེན་དུ་གྱུར་ཅིགཿ རྟེན་སྙིང་ལན་ཅི་མང་དང་། སུ་པྲ་ཏིཥྛ་སོགས་ཀྱིས་མེ་ཏོག་འཐོར་ཡང་དགོངས་གསོལ། འདིར་ནི་རྟེན་དང་༴ སོགས། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལཿ ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལཿ ཁྱད་པར་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་འདི་དག་ལ་བསྐྱེད་ཅིང་སྤྱན་དྲངས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་རྟེན་འདི་དག་འབྱུང་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལཿ བརྟན་པར་བཞུགས་ནས་ཀྱང་རྟེན་འདི་ཉིད་སུས་མཐོང་བ་དང་ཐོས་པ་དང་དྲན་པ་དང་རེག་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་འཇིགས་བརྒྱད་ཞི་བཿ ཚེ་བསོད་དཔལ་འབྱོར་རྒྱས་པཿ མོས་པ་རྣམ་བཞི་དབང་དུ་འདུ་བཿ དགྲ་བགེགས་ལོག་འདྲེན་ཚར་གཅོད་པ་ལ་སོགས་ལས་བཞི་དང་ལས་རབ་འབྱམས་ཀྱི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་རྟེན་དུ་གྱུར་ཅིང་ཿ མཐར་ཐུག་རྒྱལ་བ་མགོན་པོ་འོད་དཔག་ཏུ་མེད་པའི་གོ་འཕང་ཐོབ་པའི་རྟེན་དུ་གྱུར་ཅིགཿ ཅེས་གོང་བཞིན་རྟེན་སྙིང་དང་། སུ་པྲ་ཏིཥྛ་གཤམ་འདོགས་ཅན་ཅི་མང་བཟླས་བཞིན་ནས་འཐོརཿ སངས་རྒྱས་བྱང་སེམས་རྩ་གསུམ་སྲུང་མ་བཅས་ཀྱི་བཀྲ་ཤིས་དང་ཿ ལས་བཞི་གང་བརྩམ་འགྲུབ་པའི་བཀྲ་ཤིས་བརྗོད་མཚམས་སུ་ཡེ་དྷརྨས་ནས་འཐོར་མཐར་བསམ་པ་ལྷུན་གྲུབ་མྱུར་འགྲུབ་གང་འཛོམས་སོགས་བསྔོ་སྨོན་ཅི་ནུས་བྱའོཿ ཞེས་པ་འདིའང་མཆོད་ཡོན་སྤྲོས་ཆུང་འགའ་ཞིག་ལ་ཕན་འདོགས་ཀྱི་བློས་རྣལ་འབྱོར་ཀུན་བཟང་གཞན་ཕན་གྱིས་བྲིས་པའི་ཡི་གེ་པ་ནི་མགོན་པོ་བསམ་འགྲུབ་ཀྱིས་བགྱིས་པས་བསྟན་འགྲོ་ཡོངས་ལ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག་གུཿ དགེའོ། དགེའོ། དགེའོ།། །།

དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ དབང་གི་མཐའ་རྟེན་ནོར་བུའི་ཕྲེང་བ།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ དབང་གི་མཐའ་རྟེན་ནོར་བུའི་ཕྲེང་བ་བཞུགསཿ

མཐའ་རྟེན་དང་པོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གཏད་པ་ལཿ ཀུན་རྫོབ་དང་དོན་དམ་གཉིས་ལསཿ དང་པོ་ལྟར་ན་ལམ་ཞུགས་ལྷ་མིའི་ཐེག་པར་གཞོལ་ཚེ་རྣམ་དཀར་གྱི་ལས་བསགས་པ་གང་ཞིག་དམ་པ་གསུམ་གྱིས་ཟིན་པའི་རིགས་རྣམས་དང་ཿ འཕགས་པ་གསུམ་གྱི་ཐུགས་བསྐྱེད་ལས་འཁོར་ལོས་སྒྱུར་བའི་དཔལ་ཡོན་ལ་སྤྱོད་པ་དག་ལཿ འཁོར་ལོ་རིིན་པོ་ཆེ་གསུམ་གང་རུང་ངམཿ གསེར་འཁོར་རྩིབས་སྟོང་ལྡན་པ་ལྷ་དབང་གི་གནས་སམཿ རི་བོའི་ཁོང་གསེང་སོགས་ན་ཡོད་པ་རྒྱལ་པོའི་མདུན་སར་འུར་སྒྲ་དང་བཅས་ཏེ་འོངས་པ་རྒྱལ་པོ་གང་དུ་ཕྱིན་ཀྱང་སྔོན་དུ་རྒྱུ་ཞིང་གཞན་ལས་རྒྱལ་བའི་ལས་སྒྲུབ་པའོཿ དེ་བཞིན་དུ་ནོར་བུ་རིན་པོ་ཆེ་ནི་ལྷ་ཀླུའི་དབང་པོའི་གཙུག་རྒྱན་བཻ་ཌཱུཪྱའི་མཆོག་ཏུ་གྱུར་པ་དེ་ལྟ་བུའང་རྩོལ་མེད་དུ་འབྱུང་ཞིང་དགོངས་བཞེད་སྐོང་ནུས་པ་དང་ཿ བཙུན་མོ་རིན་པོ་ཆེ་ནི་བུད་མེད་ཀྱི་སྐྱོན་རྣམས་དང་བྲལ་ཞིང་དཔལ་ཡོན་ཡོངས་ཀྱིས་སྤུད་པས་དགའ་བདེ་སྟེར་བའི་ལས་བྱེད་པ་དང་ཿ བློན་པོས་ཀྱང་ཉེས་ཚོགས་བསལ་ཞིང་ལེགས་ཚོགས་སྒྲུབ་པའི་ལས་བྱེད་པ་དང་ཿ གླང་པོས་ཕ་རོལ་གྱི་དགྲ་ཟླ་འཇོམས་པ་སོགས་བཀོལ་བ་སྒྲུབ་པའི་ལས་བྱེད་པ་དང་ཿ རྟ་མཆོག་གིས་བསམ་སར་ཐོགས་མེད་དུ་ཕྱིན་ནས་གང་འདོད་སྒྲུབ་པའི་ལས་བྱེད་པ་དང་ཿ དམག་དཔོན་གྱིས་གཞན་དཔུང་ཕམ་པར་ནུས་པའི་ལས་བྱེད་པ་སོགས་ནི་རྟེན་ཅིང་འབྲེལ་འབྱུང་གི་ལུགས་སོཿ གཉིས་པ་ལྟར་ན་སྤྲོས་བྲལ་ཆོས་ཉིད་ཀྱི་ཙཀྲས་མཚན་མའི་ཆོས་རྣམས་གཞོམ་པ་དང་ཿ རིག་པའི་ནོར་བུས་དགོས་འདོད་རེ་བ་སྐོང་བཿ སྟོང་ཉིད་བཙུན་མོས་བདེ་བ་མཆོག་ལ་སྦྱོར་བཿ རོལ་རྩལ་བློན་པོས་ས་ལམ་གྱི་བླང་དོར་འབྱེད་པཿ རོ་སྙོམས་གླང་པོས་ཅིས་ཀྱང་བསྒྱུར་དུ་མེད་པཿ དྲན་པའི་རྟ་མཆོག་ནམ་ཡང་ངལ་དུབ་སྤང་བཿ བློ་བྲལ་དམག་དཔོན་གྱིས་བློས་བྱས་དཔུང་ཆེན་གཞོམ་པ་ལ་སོགས་པའོཿ དེ་ལྟ་བུའི་དོན་དང་ལྡན་པའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་པོ་འདི་ཁྱོད་ལ་གཏད་པས་སོ་སོའི་དཔལ་དང་ཡོན་ཏན་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པའི་སྐལ་བ་མཆོག་དང་ལྡན་པའི་མོས་པ་མཛོདཿ ཚོགས་གཉིས་བཙོ་མའི་གསེར་སྦྱངས་རྣམ་དག་ལསཿ ལེགས་གྲུབ་རབ་འབྱམས་ཕྲིན་ལས་རྩིབས་སྟོང་ལྡནཿ མདོ་སྔགས་མངའ་བདག་དམ་པའི་སྔོན་རྒྱུའི་ནོརཿ སྲིད་ཞིའི་དཔལ་གྱུར་འཁོར་ལོའི་དབང་བསྐུར་རོཿ ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུཾཿ མཆོད་སྦྱིན་རྒྱ་མཚོའི་འཇིངས་ལས་ལེགས་ཐོན་པའིཿ བྱང་ཆུབ་སེམས་ཀྱི་དཔལ་འཛིན་ཕན་བདེའི་རྟེནཿ སྟོན་མཆོག་དབང་པོའི་གཙུག་རྒྱན་བླ་ན་མེདཿ བསྟན་འགྲོའི་དབུལ་སེལ་ནོར་བུའི་དབང་བསྐུར་རོཿ ༀ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུཾཿ ཐར་པའི་དཔལ་ལྡན་དབྱིག་འཛིན་ལྟེ་བ་ནསཿ ལེགས་ཐོན་བཅུ་དྲུག་དགའ་བའི་འབྱུང་གནས་ཆེཿ ལུགས་ཟུང་ཆོས་ཀྱི་ལྗོན་པ་སྲིད་ཞིའི་གསོསཿ རྣམ་ཀུན་མཆོག་ལྡན་བཙུན་མོའི་དབང་༴ ༀ་ཝ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུཾཿ དགེ་བཅུའི་ནོར་གྱི་བང་མཛོད་སྒོ་ཕྱེས་ནསཿ ཕྱོགས་མེད་འགྲོ་བའི་དུཿཁ་སེལ་མཛད་བཤེསཿ ལུགས་ཟུང་བློ་གྲོས་ལྡན་པའི་དཔལ་ཡོན་ཅནཿ དོན་གཉིས་གདེང་ཐོབ་བློན་པོའི་དབང་༴ ༀ་ཧཱ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུཾཿ བསླབ་པ་གསུམ་གྱི་གཟུགས་ཕུང་བརྗིད་ལྡན་ཞིང་ཿ ཚད་མེད་བཞི་ཡི་ཡན་ལག་རབ་བརྟན་པཿ བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཁུར་འདེགས་པའིཿ ཐེག་ཆེན་སྟོབས་ལྡན་གླང་པོའི་དབང་བསྐུར་རོཿ ༀ་ཧསྟི་རཏྣ་ཨ་བྷི་ཥིཉྩ་ཧཱུཾཿ མངོན་མཐོའི་ལུས་བོངས་ཐབས་ཤེས་རྣ་བས་མཛེསཿ ས་བཅུ་ལམ་ལྔ་དབང་བཞིའི་འགྲོས་ཀྱིས་བགྲོདཿ རྣམ་བཞིའི་ཕྲིན་ལས་སྒ་སྲབ་རྒྱན་སྤྲས་ཤིང་ཿ རྣམ་མཁྱེན་སར་བགྲོད་རྟ་མཆོག་དབང་༴ ༀ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་ཧཱུཾཿ བརྩོན་འགྲུས་གོ་ཆ་བཟོད་པའི་དཔལ་རྩལ་ལྡནཿ ཤེས་རབ་རལ་གྲི་ཐོགས་མེད་འཁྲུལ་འཁོར་གྱིསཿ ངན་སོང་གསུམ་གྱི་གཡུལ་ངོ་ཕམ་བྱེད་པའིཿ བདུད་འཇོམས་དམག་དཔོན་རིན་ཆེན་དབང་བསྐུར་རོཿ ༀ་ཁཏྒ་རཏྣ་ཨ་བྷི་ཥིཉྩ་ཧཱུཾཿ གཉིས་པ་བཀྲ་ཤིས་རྟགས་བརྒྱད་ནིཿ བདག་ཅག་གི་སྟོན་པ་འདི་སློབ་པ་ལམ་ལ་གནས་ཚེ་གྲངས་མེད་གསུམ་གྱི་སྲིད་དུ་ཚོགས་གཉིས་བསགསཿ སྒྲིབ་གཉིས་སྦྱངས་མཐར་མངོན་པར་བྱང་ཆུབ་པའི་སྐུ་མཆོག་ལྷ་མིའི་མཆོད་སྡོང་གི་ཆ་ཤས་ལས་བཀྲ་ཤིས་པའི་རྟགས་བརྒྱད་བྱུང་བ་ཁྱོད་རང་ལ་གཏད་པས་སོ་སོའི་དཔལ་དང་ཡོན་ཏན་ཕུན་སུམ་ཚོགས་པའི་མོས་པ་སྐྱེད་ཅིགཿ རྒྱལ་བའི་དབུ་ལས་སྐྱོབ་བྱེད་གྲིབ་བསིལ་མཆོགཿ གདུལ་བྱའི་དད་གསུམ་ཐུར་བརྒྱས་ལེགས་བརྟེན་རྫསཿ ཐུགས་རྗེའི་གཤམ་བུས་ཀུན་ནས་བསྐོར་བ་ཅནཿ བཀྲ་ཤིས་གསེར་གདུགས་དབང་མཆོག་ཁྱོད་ལ་སྦྱིནཿ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུཾཿ ཀུན་མཁྱེན་སྤྱན་གྱི་རྒྱ་མཚོ་ལས་ཐོན་ཞིང་ཿ ཐབས་ཤེས་ཟུང་འཇུག་གཞན་ཕན་ཆབ་ལ་བསྙེནཿ དོན་གཉིས་གསེར་མིག་ཕྲིན་ལས་གཤོག་རླབས་ཆེཿ བཀྲ་ཤིས་གསེར་ཉའི་དབང༴ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུཾཿ འདྲེན་མཆོག་ཚེམས་ལས་དྲི་བྲལ་རང་བྱུང་རྫསཿ རྣམ་དག་ལམ་རིམ་རི་མོ་གཡས་སུ་འཁྱིལཿ ཐེག་ཆེན་སྒྲ་ཡིས་འབྲེལ་ཚད་དགེ་ལ་སྦྱོར ཿ བཀྲ་ཤིས་དུང་གི་དང་མཆོག་ཁྱོད་ལ་སྦྱིནཿ མངྒ་ལམ་ཨ་བྷི་ཥིཉྩ་ཧཱུཾཿ མི་ཡི་སེང་གེའི་ལྗགས་ལས་དྲི་བྲལ་རྫསཿ འཁོར་སྐྱོན་འདམ་གྱིས་མ་གོས་ཁ་དོག་མཛེསཿ རྣམ་གྲོལ་དྲི་ལ་སྐལ་བཟང་བུང་བ་འཁོརཿ བཀྲ་ཤིས་པདྨའི་དབང་མཆོག༴ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུཾཿ ཀུན་མཁྱེན་མགུར་ལས་འཛད་མེད་ནམ་མཁའི་མཛོདཿ འདོད་ཁམས་འདབ་མ་གཟུགས་ཁམས་ལྟོ་བཅུད་ལྡནཿ གཟུགས་མེད་སྟོང་ཆ་ཆས་རྒྱན་སྲིད་ཞིའི་དཔལཿ བཀྲ་ཤིས་བུམ་པའི་དབང་མཆོག་ཁྱོད་ལ་སྦྱིནཿ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུཾཿ རྒྱལ་ཀུན་ཐུགས་གསང་མཚོན་བྱེད་ཟ་མ་ཏོགཿ གཡུང་དྲུང་ལུ་གུ་རྒྱུད་ཀྱི་དྲ་བ་ཅནཿ འཛད་མེད་གཏེར་གྱི་ངོ་བོ་ཁྱད་འཕགས་ནོརཿ བཀྲ་ཤིས་དཔལ་བེའུའི་དབང་མཆོག༴ མངྒ་ལམ་ཨ་བྷི་ཥིཉྩ་ཧཱུཾཿ རྒྱལ་བའི་སྐུ་མཚོན་ཕྱོགས་ལས་རྣམ་རྒྱལ་རྫསཿ སྲིད་ལས་རྣམ་རྒྱལ་རིན་ཆེན་ཏོག་དང་ནིཿ ཞི་ལ་མི་གནས་སྣ་ཚོགས་དར་གཤམ་མཛེསཿ བཀྲ་ཤིས་རྒྱལ་མཚན་དབང་༴ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུཾཿ བསོད་ནམས་ཕུང་པོའི་ཞབས་མཐིལ་ལས་བྱུང་བའིཿ སྲིད་ཞིའི་གཙུག་ཏུ་རོལ་པའི་དགེ་མཚན་དཔྱིདཿ རབ་འབྱམས་ཕྲིན་ལས་མུ་ཁྱུད་སྲིད་མཐར་བསྐོརཿ བཀྲ་ཤིས་འཁོར་ལོའི་དབང་༴ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུཾཿ གསུམ་པ་བཀྲ་ཤིས་རྫས་བརྒྱད་ནིཿ སྔོན་སྟོན་མཆོག་རྫོགས་པའི་སངས་རྒྱས་ལཿ གདུལ་བྱ་བསོད་ནམས་ཀྱིས་མངོན་པར་མཐོ་བ་དག་གིས་རྟེན་འབྲེལ་གྱི་རྫས་མཆོག་བརྒྱད་ཕུལ་བ་བཀྲ་ཤིས་ཀྱི་རྫས་སུ་བྱིན་གྱིས་བརླབས་པ་ལྟརཿ དེང་འདིར་ཁྱེད་རང་རྣམས་ལའང་ཤེས་བྱེད་རྫས་བརྒྱད་འདི་གཏད་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་མཐུན་པའི་ཕྱོགས་ཐམས་ཅད་དར་ཞིང་རྒྱས་ལ་ཡུན་རིང་དུ་བརྟན་པར་གྱུར་ཅིགཿ ངོ་བོས་སྟོང་ཞིང་རང་བཞིན་འགག་མེད་ངོགསཿ སྲིད་ཞིའི་གཟུགས་སྣང་རྟེན་འབྱུང་མེ་ལོང་རྫསཿ གང་ལ་གཏད་པས་བརྟན་གཡོའི་དགེ་མཚན་གཟུག༵སཿ ནམ་ཡང་ནུབ་མེད་འདྲེན་བྱེད་མཚོར་བརྟན་ཤོགཿ གང་འདུལ་ཆོས་ཀྱི་སྒྲ༵་དབྱངས་རྒྱུན་འབྱུང་རྟེནཿ སྲིད་ཞིའི་དཔལ་རྫོགས་གཡས་འཁྱིལ་དུང་དཀར་རྫསཿ གཏད་པས་རྣ་བའི་འདུས་ཏེ་རེག་ཚོར་བཅསཿ ཕན་དང་བདེ་བའི་རོལ་མོར་ཡོངས་འཆར་ཤོགཿ རྒྱལ་བའི་བྱིན་མཐུས་ས་སྲུང་དབང་པོའི་བཅུདཿ གོང་བུར་དྲིལ་བའི་སྨན་མཆོག་གྷི་ཧཾ་རྫསཿ གཏད་པས་སྣ་ཚོགས་དྲི༵་ཡི་གཟུགས་འཛིན་ཡུལཿ དགའ་བདེའི་བསུང་ཞིམ་འབྲལ་མེད་བཀྲ་ཤིས་ཤོགཿ སྣང་སྲིད་དཔལ་གྱི་བཅུད་བསྡུས་ཟས་ཀྱི་མཆོགཿ ཚོགས་གཉིས་མཐུ་ལྡན་བདུད་རྩི་ཞོ་ཡི་རྫསཿ གཏད་པས་བཟའ་བཅའ་བཏུང་བའི་ལོངས་སྤྱོད་ཀུནཿ ཆགས་ཞེན་བྲལ་བཞིན་བདའ་དགུའི་རོ༵་མྱོང་ཤོགཿ སྲིད་གསུམ་རེག༵་བྱ༵འི་དཔལ་ཡོན་ལྡན་རྣམས་ཀྱང་ཿ དབང་དུ་བྱེད་པའི་རྟེན་འབྲེལ་ལི་ཁྲིའི་རྫསཿ གཏད་པས་རེག་པར་བྱ་བའི་དངོས་པོའི་ཚོགསཿ དབང་འདུས་དགའ་བདེའི་རོལ་མོར་རྟག་སྤྱོད་ཤོགཿ མཐོ་རིས་ཡོན་ཏན་བདུན་གྱི་དང་པོའི་རྟེནཿ འཆི་མེད་ཚེ་ཡི་དཔལ་འཛིན་ཏུཪྺའི་རྫསཿ གཏད་པས་ཡིད་དབང་རང་གྲོལ་གཉིས་འཛིན་བྲལཿ འཆི་མེད་རྡོ་རྗེའི་དཔལ་ཡོན་ཕུན་ཚོགས་ཤོགཿ ལུགས་ཟུང་དཔལ་འབྱོར་ལ་སྡང་བདུད་སྡེའི་བདུདཿ བཛྲ་པཱ་ཎིའི་བྱིན་ཕབ་ཉུངས་དཀར་རྫསཿ གཏད་པས་ཉོན་ཡིད་གནས་གྱུར་ཡེ་ཤེས་ལྔཿ མངོན་གྱུར་མཐུ་སྟོབས་ནུས་པ་ཕུན་ཚོགས་ཤོགཿ ལུགས་འབྱུང་ལུགས་ལྡོག་རྟེན་ཅིང་འབྲེལ་འབྱུང་ཚུལཿ ཕྱི་ཟླུམ་ནང་སྟོང་འབྲས་ལྡན་བིལ་བའི་རྫསཿ གཏད་པས་ཀུན་གཞིའི་རྒྱུ་འབྲས་མུན་པའི་སྨགཿ ཡོངས་བསལ་དོན་གཉིས་ལྷུན་གྲུབ་དཔལ་ཐོབ་ཤོགཿ དེ་ལྟའི་མཐའ་རྟེན་རྣམ་པ་གསུམཿ སྣང་མཐའི་བྱིན་ཐོབ་རྣལ་འབྱོར་པཿ འཇིགས་མེད་ཕྲིན་ལས་འོད་ཟེར་གྱིསཿ བྲིས་འདིས་སྲིད་ཞིའི་དཔལ་ཡོན་ནོརཿ ལོངས་སུ་སྤྱད་པའི་རྒྱུར་གྱུར་ཅིགཿ དགེའོཿ དགེའོཿ དགེའོཿ མངྒ་ལཾཿ

དམ་ཆོས་བདེ་ཆེན་ལམ་མཆོག་ལས༔ དཀར་གསུར་གཏོང་ཐབས་མཆོད་སྦྱིན་གཏེར་མཛོད།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལས༔ དཀར་གསུར་གཏོང་ཐབས་མཆོད་སྦྱིན་གཏེར་མཛོད་བཞུགས༔

ན་མོ་གུ་རུ་ཨ་མི་ཏ་བྷ་ཡེ། འདིར་དཀར་གསུར་གཏོང་ཐབས་ལ་མཐོང་བརྒྱུད་བཞིན་གསུར་མཆོད་བསྟར་ལ༔ ཚད་མེད་རྣམ་པ་བཞིའི་བློ་དང་ལྡན་པའི་ངང་ནས། ན་མོ་བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། ཞིང་ཁམས་རྒྱ་མཚོའི་མགྲོན་རིགས་མཆོག་དམན་ཐམས་ཅད་བྱོན་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། །ༀ་ཨཱཿཧཱུྃ་ ལན་བདུན་བརྗོད། དུ་བ་འདི་འདོད་ཡོན་གྱི་ལྷ་མོ་གཟུགས་རྡོ་རྗེ་མ་མཛེས་ཤིང་ལྟ་ན་སྡུག་པ་དབྱངས་སྙན་པ་དྲི་ཞིམ་པ་རེག་བྱ་འཇམ་པ་ཕྱག་གཉིས་ན་ལྷའི་བདུད་རྩི་རོ་བརྒྱ་དང་ལྡན་པའི་བུམ་པ་བསྣམས་པའི་ནང་ནས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་སྤྲོ་ཞིང་སྣོད་བཅུད་ཀྱི་ཉེས་གྲིབ་དང་དམུ་གབ་དག་པར་བྱེད་པའི་དབུ་གཙུག་ན་སངས་རྒྱས་རིན་ཆེན་མངས་ཕྱག་གཡས་མཆོག་སྦྱིན་གྱི་རྒྱས་དབུལ་བ་སེལ་ཞིང་འདོད་ཡོན་གྱི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་དུ་གྱུར། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷྱཿ སོགས་ལན་གསུམ་བརྗོད། ཨེ་མ་ཧོཿ རང་བྱུང་ལྷུན་གྲུབ་རིན་པོ་ཆེ་ཡི་སྣོད། །ཟླ་དཀར་མདངས་འཛིན་ཞི་བའི་ཐབ་ཀྱི་དལ། །མཚན་ཉིད་ཕུན་ཚོགས་དབུས་སུ་མེ་ཡི་ལྷ། །དབྱིངས་རིག་དབྱེར་མེད་ངོ་བོ་རབ་འབར་ཀློང་། །འཇིག་རྟེན་སྲིད་ཞིའི་འདོད་དགུའི་ལོངས་སྤྱོད་རྫས། །དངོས་པོར་འཛིན་པ་བསྲེགས་པའི་དྭངས་མའི་བཅུད། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །མཆོད་སྦྱིན་མགྲོན་རྣམས་མཉེས་པའི་ལས་ལ་འཇུག །བྷྲུཾ་སྲིད་ཞིའི་དཔལ་ཡོན་ཕུན་ཚོགས་གསུར་མཆོད་འདི། །མཆོག་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་བཅས། །ཉན་ཐོས་རང་རྒྱལ་ལྷ་དང་མི་ལ་སོགས། །སྟོན་པའི་རྣམ་བཞིའི་འཁོར་ཚོགས་རྒྱ་མཚོར་འབུལ། །ཁྱད་པར་དྲུག་ལྡན་བླ་མ་དམ་པ་དང་། །ཡི་དམ་རྒྱུད་སྡེ་བཞི་དང་ཐེག་རིམ་དགུའི། །ལྷ་ཚོགས་ཞི་ཆགས་ཁྲོ་སོགས་ཡབ་ཡུམ་སྲས། །ཀུན་ལ་གསུར་མཆོད་འདོད་དགུའི་ལོངས་སྤྱོད་འབུལ། །ཡུལ་ཆེན་ཉེར་བཞི་གནས་ཆེན་སུམ་ཅུ་གཉིས། །དུར་ཁྲོད་ཆེན་པོ་བརྒྱད་ན་ལེགས་བཞུགས་པའི། །དཔའ་བོ་དཔའ་མོ་མཁའ་འགྲོ་མཁའ་འགྲོ་མ། །ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །འདོད་ཡོན་ལྔ་ལྡན་གསུར་མཆོད་རྒྱ་མཚོ་འདི། །འབུལ་ལོ་དགྱེས་ཤིང་ཚིམ་པར་བཞེས་སུ་གསོལ། །མ་མགོན་ལྕམ་དྲལ་ཚེ་རིང་མཆེད་ལྔ་དང་། །ཕྱི་ནང་གསང་བ་མཆོག་དང་སྤྲུལ་པ་དང་། །སྣང་སྲིད་སྡེ་བརྒྱད་དཔལ་མགོན་བདུན་ཅུར་བཅས། །འདོད་ཡོན་ལྔ་ལྡན་གསུར་མཆོད་འདི་འབུལ་བཞེས། །གཞན་ཡང་འབྱུང་ལྔ་སྤར་སྨེ་དུས་ཚོད་ལྷ། །ཕྱོགས་མཚམས་སྟེང་འོག་ཉི་མ་ཟླ་བའི་ལྷ། །འགོ་བའི་ལྷ་ལྔ་རྟ་ནོར་ལུག་གི་ལྷ། །ཁང་ལྷ་ཞིང་ལྷ་ཡུལ་འབྲོག་གནས་ཀྱི་ལྷ། །བྱེས་ལྷ་ལམ་ལྷ་ཚོང་མགྲོན་དམག་ཇག་ལྷ། །མ་ལུས་འཁོར་བཅས་གསུར་མཆོད་འདི་བཞེས་ཤིག །གཞན་ཡང་གཉུག་གནས་འཕྲལ་རྒྱུའི་རིགས་རྣམས་དང་། །བགེགས་རིགས་ལན་ཆགས་ཤ་འཁོན་མ་འཁོར་ཚིམ། །གཤིན་པར་བརྫུ་ཞིང་གསོན་པོར་འཇུག་པའི་ཚོགས། །གསུར་མཆོད་འདོད་ཡོན་ལྔ་ལྡན་འདི་བཞེས་ཤིག །ཁྱད་པར་སྔོན་འདས་གཤིན་པོ་ཕལ་མོ་ཆེ། །བར་དོར་འཁྱམས་ཤིང་བསྐལ་པར་གནས་པའི་རིགས། །དེ་ལས་དེང་གི་དུས་དང་སླད་ཀྱི་ཆའི། །ཚེ་ཟད་ལས་ཀྱིས་ཤི་དང་དུས་མིན་ཤི། །གཤིན་གྱི་གྲལ་བསྙེགས་སེར་སྐྱ་བུད་མེད་རིགས། །བྱིས་པ་ལ་སོགས་དྲི་དང་གསུར་ལ་སྲེད། །བྱེ་བྲག་ཚེ་འདས་ཆྒཻའི་གཙོར་བྱས་པའི། །བར་དོའི་འགྲོ་རྣམས་གསུར་མཆོད་འདི་བཞེས་ཤིག །གཞན་ཡང་དྲན་ངོར་མ་ཤར་མིང་མ་སྨོས། །ཁས་ཞན་དབང་ཆུང་གཟུགས་ངན་གཟི་བརྗིད་བྲལ། །ཅེར་རེ་བལྟ་དང་གྲོག་གེར་རབ་ཉན་ཞིང་། །དུང་ངེ་བཟའ་བཏུང་ཡིད་ལ་བྱེད་པའི་རིགས། །བཟའ་བ་མེར་བསྲེགས་བཏུང་བས་བྲན་པ་འདི། །སྣོམས་ཤིག་བཞེས་ཤིག་སྤྱོད་ཅིག་ཚིམ་པར་རོལ། །དེ་ལྟར་འཁོར་གསུམ་མི་དམིགས་མཆོད་སྦྱིན་མཐུས། །རྒྱལ་བ་རྒྱ་མཚོ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་རྒྱ་མཚོའི་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་སོ་སོའི་འདོད་པ་ཚིམ་གྱུར་ཅིག །ཤ་འཁོན་ལན་ཆགས་བུ་ལོན་འཁོར་གྱུར་ཅིག །མཆོད་ཡུལ་ཀུན་མཉེས་མཆོག་ཐུན་དངོས་གྲུབ་སྩོལ། །སྦྱིན་ཡུལ་ཡོངས་ཚིམས་བསམ་དགུའི་འདོད་དོན་སྒྲུབས། །འཇིག་རྟེན་ཁམས་བདེ་བདེ་སྐྱིད་ཕུན་ཚོགས་བརྟན། །ཚེ་འདིར་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཅིང་། །མཐར་ཐུག་བདེ་ཆེན་ཞིང་ལ་སྤྱོད་པར་ཤོག །ཅེས་དང་གཞན་ཡང་། ཁམས་གསུམ་དག་པའི་ཞིང་། །སྲིད་གསུམ་ཐུགས་རྗེའི་མགྲོན། །མ་ལུས་ཁྱབ་པའི་ཟས། །ཆོས་ཉིད་ནུས་པའི་མཐུས། །འདོད་ཡོན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །མ་ཎི་ཅི་ནུས་འདོན་ལ། མ་འབྱོར་པ་དང་༴ བཟོད་པར་གསོལ་ནས་ཡིག་བརྒྱ་བརྗོད། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས། མགྲོན་རྣམས་སོ་སོ་རང་རང་གནས་སུ་གཤེགས་པར་གྱུར། ཞེས་བསམ་ལ། བསྔོ་སྨོན་ཅི་འགྲུབ་བྱའོ། ཞེས་པ་འདིའང་༧ཡབ་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེའི་དགོངས་བཞེད་བཞིན་༧རྡོ་བླས་སྨྲས་པའི་དགེ་བས་མགོན་མེད་གཤིན་པོའི་ཚོགས་རྣམས་ལ་ཕན་པའི་རྒྱུར་གྱུར་ཅིག་གུ། དགེའོ། །དགེའོ། །དགེའོ། །བཀྲ་ཤིས།། །།

གསང་བདག་དྲེགས་པ་ཀླུ་འདུལ་གྱི་རྒྱུན་འཁྱེར་རྡོ་རྗེ་སྙིང་པོ།

༄༅། །གསང་བདག་དྲེགས་པ་ཀླུ་འདུལ་གྱི་རྒྱུན་འཁྱེར་རྡོ་རྗེ་སྙིང་པོ་བཞུགས། །

བླ་མ་གསང་བདག་ལྷ་ལ་འདུད། །དེ་ཡི་ཆོ་ག་རྒྱུན་འཁྱེར་ལས། །དང་པོ་གསོལ་བ་འདེབས་པ་ནི། །ཀུན་བཟང་རྡོར་སེམས་པད་འབྱུང་དྲག་པོ་རྩལ། །འབྲོག་བན་ལོཙྪ་བདུད་འདུལ་རྡོ་རྗེའི་ཞབས། །ཁྱབ་གདལ་ལྷུན་གྲུབ་ཀུན་བཟང་རྣམ་རྒྱལ་སོགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གཉིས་པ་སྐྱབ་སེམས་ཡན་ལག་བཅུ། ན་མོ། མཆོག་གསུམ་རྩ་གསུམ་ལྷ་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འགྲོ་ལ་ཕན་ཕྱིར་གསང་བའི་བདག །བསྒྲུབ་ཅིང་བསྙེན་པར་སེམས་མཆོག་བསྐྱེད། །རྩ་གསུམ་ལྷ་ཚོགས་འདིར་བྱོན་བཞུགས། །ཕྱག་འཚལ་མཆོད་འབུལ་ཉེས་ཚོགས་བཤགས། །སྔགས་ལ་ཡི་རང་ཆོས་འཁོར་སྐོརཿ རྟག་པར་བཞུགས་གསོལ་དགེ་བའི་ཚོགས། །འགྲོ་ལ་བསྔོས་འབྲས་མྱུར་སྨིན་ཤོག །གསུམ་པ་བཀའ་བསྒོ་མཚམས་གཅོད་ནི། ཧཱུཾ་བདག་ཉིད་གསང་བདག་ཐུགས་ཀ་ནས། །ཁྲོ་མཚོན་མེ་དཔུང་ཚོགས་འཕྲོས་པས། །བགེགས་རྣམས་ཕྱིར་བསྐྲད་ལྡོག་མེད་པའི། །རིགས་ལྔའི་ཕྱག་མཚན་སྲུང་འཁོར་གྲུབ། །རྩ་སྔགས་ཧཱུཾ་བཞི་བཅས་བརྗོད་མཐར། བཛྲ། རཀྵ་ཛྭ་ལ་རཾ་རཾ་ཧཱུཾ་ཕཊ། བཞི་བ་བྱིན་འབེབས་མཆོད་བརླབ་བཤགས། ཧཱུཾ་སྐུ་གསུམ་གནས་ནས་རྩ་གསུམ་ལྷས། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་ཕོབས། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཀྐི་ནི་ཨཱ་ཝེ་ཤ་ཡ་ཨ། ཨཱཿ ༀ་ཨཱཿཧཱུྃ། རིན་ཆེན་བྷནྡྷའི་སྣོད་རྣམས་སུ། །ཕྱི་ནང་གསང་བའི་མཆོད་རྫས་རྣམས། །ལྷ་ཚོགས་དགྱེས་བསྐང་རྫས་སུ་གྱུར། །ༀ་སརྦ་པུཙྪ་ས་མ་ཡེ་ཧཱུཾ། ཧཱུཾ་རང་རིག་གསང་བདག་ངོ་བོ་ཉིད། །མ་རྟོགས་ཉེས་ཚོགས་བཤགས་པར་བགྱི། བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ དངོས་གཞི་དང་པོ་དལ་ལྷ་བསྐྱེད། ཧཱུཾ་ཧཱུཾ་ཧཱུཾ། རང་སྣང་དག་པ་རབ་འབྱམས་དལ། །དེ་དབུས་ཉི་ཟླ་པདྨ་ཀླུ། །ཕོ་མོ་ལྔ་འབུམ་ཉི་ཁྲི་དང་། །དམ་སྲི་ཕོ་སྦུབ་མོ་བཀན་སྟེང་། །རང་རིག་ཧཱུཾ་ཡིག་མཐིང་ནག་གསལ། །དེ་ལས་འོད་ཟེར་འཕྲོ་འདུས་འཕྲུལ། །བདག་ཉིད་དྲེགས་པ་ཀླུ་འདུལ་མཐིང་། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཕྱག་དྲུག་གཡས་གསུམ་རིམ་བཞིན་དུ། །རྡོ་རྗེ་རྩེ་དགུ་རལ་གྲི་དང་། །འཁོར་ལོ་རྩིབས་བཅུ་གཡོན་དང་པོས། །སྡིགས་མཛུབ་མེ་འབར་ལྕགས་སྡིག་འགྱེད། །བར་པ་དྲིལ་བུ་ཐ་མ་ཡིས། །ལྕགས་ཀྱུ་དང་ནི་སྦྲུལ་ཞགས་འཛིན། །གཤོག་པ་གདེངས་ཤིང་མེ་སྟག་འཕྲོ། །སྐྲ་གསེབ་རྟ་མགོ་ལྗང་གུ་འཚེར། །དེའི་གཙུག་སྐུ་ཡི་བྱ་ཁྱུང་དཀར། །གནམ་ལྕགས་མཆུ་སྡེར་མེ་གཤོག་རྡེབ། །སྦྲུལ་མགོ་ལྔ་བསྡུས་ཞལ་དུ་གསོལ། །པདྨ་བདུད་འདུལ་རྡོ་རྗེ་གཡས། །གཡོན་ཕྱག་ཕུར་འདྲིལ་མཐིང་མདོག་སྐུ། །ཟ་བེར་པད་ཞུ་ཆོས་གོས་དམར། །ཁྱུང་གཙུག་འཇའ་ཚོན་ཀློང་ན་འགྱིང་། །གཙོ་བོའི་གནས་བཞིར་རིགས་བཞིའི་ཁྱུང་། །དམར་མཐིང་སེར་ལྗང་རང་རང་གི། །དཔལ་ཡོན་རྫོགས་ཤིང་ཁྱུང་སྐད་སྒྲོགས། །ཡུམ་མཆོག་བདེ་དབྱིངས་དམར་མོས་འཁྲིལ། །སྦྲུལ་རིགས་ལྔ་དང་གླང་ཀོ་དང་། །ཞིང་ལྤགས་སྟག་ཤམ་སོགས་ཀྱིས་བརྒྱན། །གར་དགུའི་ཉམས་ལྡན་མེ་ཀློང་ནས། །ཧ་ཧི་ཧཱུཾ་ཕཊ་གད་རྒྱངས་སྒྲ། །སྒྲོགས་བཞིན་འཇིགས་རྔམ་ཆོ་འཕྲུལ་གྱིས། །ཀླུ་གཉན་དྲེགས་ཚོགས་གཞོམ་པར་བྱེད། །དེ་ཡི་ཕྱོགས་བཅུར་ཁྲོ་བོ་བཅུ། །རང་རྟགས་སྐུ་མདོག་ཕྱག་མཚན་རྫོགས། །ཧཱུཾ་སྒྲ་སྒྲོགས་བཞིན་ཀླུ་གཉན་བརྫིས། །ཕྱི་སྒོར་ཉི་ཟླ་བམ་གདན་བཞིར། །རྟ་ཕག་ཁྱུང་སྦྲུལ་གདོང་ཅན་བཞི། །གཅེར་བུ་གར་སྟབས་རང་རྟགས་རྫོགས། །གཞན་ཡང་ཁྲོ་ཆུང་སྐར་ལྟར་འཁྲུགས། །ཕྱི་རིམ་བར་འཁྱམས་འཁོར་ཡུག་ཏུ། །ཆོས་བཀའི་གཏེར་སྲུང་ནོར་ལྷ་བཅས། །སྤྲིན་དཔུང་འཐིབ་བཞིན་གསལ་བ་ཡི། །གཙོ་འཁོར་ཡོངས་རྫོགས་གནས་གསུམ་དུ། །འབྲུ་གསུམ་གསལ་ལས་འོད་འཕྲོས་པས། །ལྕང་ལོ་ཅན་ནས་གསང་བའི་བདག །སངས་རྒྱས་བྱང་སེམས་དང་བཅས་པ། བཛྲ་པཱ་ཎིའི་སྐུར་བསྒྱུར་ནས། །མདུན་མཁར་མྱུར་དུ་བྱོན་པར་བསམ། གཉིས་པ་སྤྱན་འདྲེན་བྱ་བ་ནི། གུ་གུལ་དང་ནི་ཤ་ཆེན་བསྲེགས་གཡབ་དར་གྱིས་གཡབ་རོལ་མོ་སྒྲོགས། ཧཱུཾ་དད་པ་དང་ནི་དམ་ཚིག་གིས། ཚུར་གཤེགས་ཁྲོ་རྒྱལ་གསང་བའི་བདག །འོག་མིན་ལྷུན་གྲུབ་གཞལ་ཡས་ནས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སྡེ་བརྒྱད་དྲེགས་ཚོགས་གདོན་རིགས་བཅས། །ཐམས་ཅད་འདུལ་ཕྱིར་གཤེགས་སུ་གསོལ། །སྤྲུལ་བའི་བྱ་ཁྱུང་རིགས་ལྔ་དང་། །དྲེགས་འདུལ་ཁྲོ་བོའི་རྒྱལ་པོ་བཅུ། །སྒོ་སྲུང་རྣམ་བཞི་མགྲོན་ཐབས་ལྷ། །ཐམས་ཅད་མ་ལུས་གཤེགས་སུ་གསོལ། །ཨཱོཾ་བཛྲ་པཱ་ཎི་སརྦ་ས་པཱ་རི་ཝཱ་ར་ཛཿཧཱུཾ་བཾ་ཧོཿ གསུམ་པ་བཞུགས་གསོལ་ཕྱག་འཚལ་བ། ཧཱུཾ་འཇིགས་མེད་གནམ་ལྕགས་འབར་བའི་དལ། །གཟའ་ཀླུ་དྲེགས་ཚོགས་གདན་སྟེང་དུ། །གསང་བདག་ལྷ་ཚོགས་བཞུགས་སུ་གསོལ། །ཧཱུཾ་རྒྱལ་ཀུན་ཐུགས་མཆོག་གསང་བའི་བདག །ཁྱུང་ཆེན་རིགས་ལྔ་ཁྲོ་རྒྱལ་བཅུ། །སྒོ་སྲུང་བཀའ་གཏེར་སྲུང་མ་སོགས། །དྲེགས་འདུལ་དཀྱིལ་འཁོར་ལྷ་ཚོགས་བསྟོད། །ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ། བཞི་པ་ཕྱི་ནང་གསང་མཆོད་ནི། ཧཱུཾ་གསང་བདག་དྲེགས་འདུལ་ལྷ་ཚོགས་ལ། །ཕྱི་མཆོད་མེ་ཏོག་སྤོས་མར་མེ། །དྲི་མཆོག་ཞལ་ཟས་སྒྲ་སྙན་སོགས། །ནང་མཆོད་འདོད་ལྔ་སྨན་གཏོར་ཁྲག །དྲེགས་ཚོགས་བསྒྲལ་བའི་ཤ་ཁྲག་རུས། །དུར་ཁྲོད་རྫས་དང་སྦྱོར་སྒྲོལ་སོགས། །འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ༀ་བཛྲ་པཱ་ཎི་ཙཎྜ་མ་ཧ་རོ་ཥ་ན་ས་པཱ་རི་ཝཱ་ར་མ་ཧཱ་པུཙྪ་ཧོ། ལྔ་པ་བསྟོད་པ་བྱ་བ་ནི། ཧཱུཾ་སྐྱེ་མེད་ཆོས་སྐུའི་ཀློང་ལས་ལྷུན་གྲུབ་རྩལ། །དྲེགས་འདུལ་ཁྲོ་བོའི་སྐུར་བཞེངས་གསང་བའི་བདག །སྐུ་མདོག་ཕྱག་མཚན་རྒྱན་རྫོགས་ཧཱུཾ་ཕཊ་སྒྲོགས། །གསང་གསུམ་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད། །ཧཱུཾ་གཙོ་སྤྲུལ་རིགས་ལྔའི་ཁྱུང་དང་ཁྲོ་རྒྱལ་བཅུ། །སྒོ་སྲུང་རིགས་བཞི་མཐའ་སྐྱོང་ཕོ་ཉར་བཅས། །རང་རྟགས་ཕྱག་མཚན་རྒྱན་སྤུད་དཔལ་ཡོན་ལྡན། །གནོད་བྱེད་དྲེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །དྲུག་པ་བསྙེན་དམིགས་འཕྲོ་འདུ་ནི། བདག་གི་ཐུགས་ཀར་ཉི་ཟླའི་དལ། །དེ་སྟེང་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་ཉི་སྟེང་ཧཱུཾ་མཐིང་མཐར། །སྔགས་ཕྲེང་གཡས་འཁོར་འོད་ཟེར་གྱིས། །མདུན་བསྐྱེད་ཐུགས་རྒྱུད་བསྐུལ་བ་ཡིས། །ཐུགས་ལས་འོད་ཟེར་འཕྲོ་འདུ་ཡིས། །རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངས། །དགྲ་བགེགས་ཡོངས་བསྒྲལ་འཁོར་འདས་སྤྱིའི། །དཔལ་ཡོན་དྭངས་བཅུད་མ་ལུས་ཀུན། །འོད་ཀྱིས་བསྡུས་ནས་ཐུགས་སྲོག་ལ། །བསྟིམས་པས་གསང་བདག་མཐུ་ཐོབ་བསམ། རྩ་སྔགས་ནི། ༀ་བཛྲ་ཙཎྜ་མ་ཧ་རོ་ཥ་ཎ་ཁྲོམ་བཛྲ་ག་རུ་ཊ་ཧཱུཾ་ཕཊ། ཁྲོ་འདུས་དྲེགས་པ་གཟིར་སྔགས་ནི། ༀ་བཛྲ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། སརྦ་ཐུམ་རྦད། ཁྲོ་འདུས་བསྙེན་པ་མེ་དཔུང་མ་ནི། ༀ་བཛྲ་མ་ཧ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུཾ་ཕཊ། དམོད་བཅོལ་ནི། གནོད་བྱེད་གདོན་བགེགས་འབྱུང་པོའི་སྙིང་ལ་དུཥྚཾ་མཱ་ར་ཡ་ཧཱུཾ་ཕཊ། ཀླུ་འདུལ་ནི། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཁྲོཾ་བཛྲ་གྷ་རུ་ཊ་ཧཱུཾ་ཕཊ། རྩ་སྔགས་ཤམ་བུར་འདི་འབུམ་བཟླ། མཛེ་འདུལ་ནི་རྩ་སྔགས་ཤམ་དུ། ༀ་ན་ག་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ན་ག་ནི་སྭཱ་ཧཱ། བེ་ཧར་འདུལ་ནི། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཁྲོམ་བཛྲ་གྷ་རུ་ཊ་ཧཱུཾ་ཕཊ། ཐར་གིང་དཀར་པོ་མཱ་ར་ཡ་ཧཱུཾ་ཕཊཿ ཀླུ་ཚོགས་འདུལ་ནི། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ༀ་ཁྲོམ་བཛྲ་གྷ་རུ་ཙ་ལི་ཙ་ལི་ཧཱུཾ་ཕཊཿ བདུད་སྲི་མ་ར་ཡ་རྦད་ནན་སོད། རབ་འབུམ་ཐ་མ་ལྔ་ཁྲི་བཟླ། ཐུན་སྔགས་ནི། དྲག་སྔགས་མེ་དཔུང་མའི་ཤམ་དུ། དགྲ་བགེགས་དམ་སྲི་འབྱུང་པོ་རྣམས་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད། ཨེ་ཧུར་ཐུམ་ཛཿ མཱ་ར་མཱ་ཕཊཿ ཞེས་བཟླ་ཐུན་ལ་ཕུས་གདབ་པོ། །སྔགས་རྣམས་རིམ་པས་སྐབས་བསྡུན་བྱ། །ཐུན་མཐར་མཆོད་བསྟོད་དངོས་གྲུབ་བླངས། ཧཱུཾ་ཧྲཱིཿ དམ་ཚིག་དབང་གིས་ལྷ་ཁྱོད་དགོངས། །བདག་གིས་ཁྱེད་བསྒྲུབས་མཐར་ཕྱིན་ཏེ། །དངོས་གྲུབ་སྙིང་པོ་དྲེགས་འདུལ་གྱི། །གསང་གསུམ་དཔལ་ཡོན་མཐུ་ནུས་སྩོལ། །ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་གྷ་རུ་ཊ་ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཧཱུཾཿ བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་གྷ་རུ་ཊ་ས་པཱ་རི་ཝཱ་ར་བཛྲ་ཨརྒྷཾ་པཱདྱཾ། པུཥྤེ། དྷུཔྤེ། ཨ་ལོ་ཀེ། གྷནྡྷེ། ནེ་ཝ་ཏྱ། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། མ་ཧཱ་སརྦ་པཉྩ་བྷ་ལིང་ཏ་རཀྟ་ཁ་རཾ་ཁཱ་ཧི། ཧཱུཾ་ཧྲཱིཿ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ན། །སྐྱེ་མེད་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་པ། །ཕྱོགས་དུས་རྒྱལ་བ་ཀུན་གྱི་གསང་བ་འཛིན། །ཁྲོ་མཆོག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །ཡིག་བརྒྱ་བརྗོད་མཐར་བསྡུ་རིམ་ནིཿ སྣང་སྲིད་འོད་མཐིང་རྣམ་པ་ཡིས། །རིམ་བཞིན་འཁོར་དང་དེ་ཡང་གཙོ། །ཡེ་ཤེས་པ་དང་ཐུགས་སྲོག་ཧཱུཾ། རིམ་པར་ཐིམ་རྗེས་བསམ་བརྗོད་བྲལ། །སླར་ཡང་ལྷར་ལྡང་འཛབ་བཟླ་ཞིང་། །སྨོན་ལམ་ཤིས་བརྗོད་འདི་བཞིན་བྱ། །ན་མོ་བདག་གིས་གསང་བདག་བསྒྲུབ་སོགས་ཀྱི། །དགེ་མཐུས་འགྲོ་རྣམས་སངས་རྒྱས་ཤོག །ༀ། གསང་བདག་སྐུ་གསུང་ཐུགས་ཡོན་དང་། །ཕྲིན་ལས་བཀྲ་ཤིས་ལྷུན་གྲུབ་ཤོག །དེ་ལྟར་གསང་བ་དྲེགས་འདུལ་གྱི། །རྒྱུན་འཁྱེར་རྡོ་རྗེའི་སྙིང་པོ་འདི། །ས་དབང་འཕགས་མའི་ཞལ་འདོན་རྒྱུར། །རྡོ་བླ་བཛྲ་པཱ་ཎིས་བྲིས། །དགེ་བས་རྡོ་རྗེ་འཆང་འགྲུབ་ཤོག །

གཏུམ་མོའི་མེ་དབང་བདེ་དྲོད་རབ་འབར།

༄༅། །གཏུམ་མོའི་མེ་དབང་བདེ་དྲོད་རབ་འབར་བཞུགས། །

ན་མོ་བཛྲ་དྷཱ་ར་ཡེ། དབང་བཞིའི་མངའ་བདག་མཁྱེན་བརྩེ་འོད། །རབ་འབར་ཟེར་བརྒྱའི་གཟི་འོད་ཀྱིས། །སྒོ་གསུམ་བག་ཆགས་ཐུན་གསུམ་སྨག ། མཐར་བྱེད་གཏུམ་མོ་འོད་བརྒྱར་འདུད། །དེ་ལ་ཡང་གཏུམ་མོའི་མེ་དབང་བསྐུར་བར་སྤྲོ་ན་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཀྱི་བུམ་དབང་དང་གསང་དབང་གྲུབ་རྗེས་སློབ་མ་རླུང་ཆས་ཀྱིས་སྤུད་ལ་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས་སེམས་གཞན་དུ་མི་ཡེངས་པར་སྡོད་ཅེས་བརྡའ་སྤྲད་ལ་དམིགས་པ་འདི་བཞིན་དུ་ཕོག །ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅ཧཾཿ ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འཁོར་བའི་འདམ་དྲིས་མ་གོས་པའི་པདྨ་དང་། །མ་རིག་པའི་མུན་པ་སེལ་བའི་ཉི་གདན་དང་། །འཁོར་བའི་ཚ་དབལ་བསལ་ཕྱིར་ཟླ་གདན་དང་སུམ་བརྩེགས་ཀྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་ཐབས་མཆོག་ཧེ་རུ་ཀ་ཐམས་ཅད་འདུས་པའི་ངོ་བོ་གསང་བའི་བདག་པོ་རྡོ་རྗེ་ཆོས། །སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣོལ་སྟབས་སུ་འཛིན་པས་ཡུམ་ལ་འཁྱུད་ཅིང་སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས་པ་ཞི་མ་ཁྲོའི་རྣམ་འགྱུར་ཅན་ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམ་པའི་ཚུལ་གྱིས་དོར་སྟབས་སུ་བཞུགས་པ། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཉིས་སུ་མེད་པར་སྦྱོར་བས་ལུས་དབུས་སུ་རྩ་དབུ་མ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། །ཏིལ་གྱི་མར་མེ་ལྟར་གསལ་བ། །རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དྭངས་བ། །མཐིང་ཤུན་ལྟར་སྔོ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ་ཆོས་ཀྱི་སྐུ། །གཡས་སུ་རོ་མ་དཀར་མོ་ལོངས་སྐུ་དང་། །གཡོན་དུ་རྐྱང་མ་དམར་མོ་སྤྲུལ་སྐུའི་མཚོན་བྱེད་ཡིན་ལ། ཡར་སྣེ་གསུམ་ཚངས་བུག་དང་སྣ་བུག་གཉིས་སུ་ཟུག་པ། མར་སྣེ་གཉིས་ལྟེ་འོག་གཉེར་པོ་ཆེས་ཐད་ནས་དབུ་མ་དང་ནང་གཅིག་ཏུ་གྱུར་པ། དེ་ཡང་དབུ་མར་སྦ་ལྕག་འབྲིང་པོ་ཙམ་དང་། །རོ་རྐྱང་གཉིས་དེ་ལ་ཆེས་ཕྲ་བ་གསུམ་ག་མདོག་དྭངས་བ་མདངས་གསལ་བ། །ཕྱི་གསལ་ནང་གསལ་འོད་ཀྱི་སྦུ་གུ་ལྟ་བུར་གྱུར་པ་ལ་དམིགས་པ་གཏད་དེ་མ་ཡེངས་པར་བཞག །དེའི་ངང་ནས་རླུང་རོ་དགུ་སྤྲུགས་ཀྱི་འཕྲུལ་འཁོར་བྱས་ལ་གཡས་གཡོན་དབུས་གསུམ་ནས་རླུང་རོ་དགུ་བུས་པས་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སངས་ཀྱིས་དག་པར་བསམས་ལ་ཅུང་ཟད་མཉམ་པར་བཞག །དེ་ནས་རྩ་དབུ་མའི་ཡར་སྣེ་ཚངས་པའི་བུ་གར་ཟུག་པའི་དཀྱིལ་དྲང་པོར་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གཙུག་ཏོར་གྱི་ཚུལ་དང་། དེའི་འོག་ཏུ་ལོངས་སྐུ་རྡོ་རྗེ་སེམས་དཔའ། དེ་ནས་རིམ་བཞིན་སྤྲུལ་སྐུ་དགའ་རབ་རྡོ་རྗེ་རིག་འཛིན་ཤྲཱི་སིངྷ། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཡེ་ཤེས་མདོ། དྲི་མེད་བཤེས་གཉེན། སློབ་དཔོན་པདྨ་འབྱུང་གནས་ལ་གཡས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གཡོན་དུ་བཻ་རོ་ཙ་ན། མདུན་དུ་ཡེ་ཤེས་མཚོ་རྒྱལ། དེའི་འོག་ཀློང་ཆེན་རྡོ་རྗེ་གཟི་བརྗིད། རིག་འཛིན་འཇིགས་མེད་གླིང་པ། འཇིགས་མེད་ཕྲིན་ལས་འོད་ཟེར་རྣམས་ཐོ་བརྩེགས་སུ་གསལ་བའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུའི་ཞིང་རབ་འབྱམས་རྣམས་སུ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་པ་བཞིན་ལས་ཆེན་བཞི་དང་གྲུབ་ཆེན་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་དང་སྐུ་ལྔ་སོགས་བདེ་སྟོང་ཟུང་འཇུག་མཆོག་གི་གཏུམ་མོའི་དངོས་གྲུབ་སོགས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་མ་ལུས་ཤིང་ལུས་པ་མེད་པར་མེ་དཔུང་ཆེན་པོ་ལ་ཞུན་མར་བླུགས་པ་བཞིན་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པར་གྱུར་པས་ལུས་ལ་བདེ་དྲོད་འབར་བ་དང་ངག་ལ་ནུས་པ་འབར་བ་དང་སེམས་ལ་རྟོགས་པ་འབར་བ་སྟེ་འབར་བ་གསུམ་གྱི་དངོས་གྲུབ་མངོན་སུམ་དུ་ཐོབ་པར་བྱུང་སྙམ་པའི་མོས་གུས་ཚད་མེད་པ་སྐྱེད་ཅིག ཅེས་བརྡའ་སྦྱར་ལ། རྡོར་དྲིལ་དང་བཅས་ཏེ། ཨེ་མ་ཧོ། དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ནཿ སེམས་ཀྱི་རྡོ་རྗེ་ཆོས་སྐུའི་ངོ་བོ་ཉིདཿ ཕུང་པོ་ཁམས་དང་སྐྱེ་མཆེད་གདན་གསུམ་ལྷའིཿ རྣམ་རོལ་རྩ་བརྒྱུད་བླ་མར་གསོལ་བ་འདེབསཿ རླུང་སེམས་དབྱེར་མེད་ཞུ་བདེའི་ཙཎྜ་ལིཿ འཁོར་ལོ་ལྔ་ཡི་དཔའ་བོ་མཁའ་འགྲོའི་གྲོང་ཿ ཚོགས་ཀྱི་འཁོར་ལོས་འདུ་བས་མཉེས་བྱས་ནསཿ དབང་དང་དགའ་བཞིའི་ཡེ་ཤེས་རོས་གང་ཤོགཿ ཁྱད་པར་མཆོག་གི་གཏུམ་མོས་འཁོར་ལོ་བཞིའིཿ རླུང་སེམས་ལས་རུང་དྷུ་ཏའི་རྩ་མདུད་རྣམསཿ ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་དུ་གྲོལཿ ས་བཅུའི་རྒྱུན་མཐའ་གཙུག་ཏོར་རྩེར་སྨིན་ཤོགཿ ཉོན་མོངས་རླུང་སེམས་འཁོར་བའི་རང་བཞིན་ནིཿ རྣམ་གྲོལ་ཞི་བ་ཡེ་ཤེས་རླུང་མཆོག་གིཿ རང་དབང་གྱུར་ལས་རྩ་ཁམས་ཡི་གེའི་སྤྲིནཿ འཁོར་ལོ་ཚོགས་ཆེན་ས་ལ་ལྷུན་རྫོགས་ཤོགཿ ཅེས་བརྗོད་མཐར་སློབ་མ་རྣམས་མཉམ་བཞག་གི་ངང་ནས་རླུང་བུམ་པ་ཅན་བཟུང་ཚེ་སྣང་སྲིད་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་རླུང་ཁ་དོག་སྔོན་པོའི་རྣམ་པར་གྱུར་ཏེ། རོ་རྐྱང་གཉིས་སུ་བརྒྱུད་ནས་དབུ་མའི་ནང་དུ་ཐིམ་པས་རྒྱལ་བ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ནུས་པ་ཐམས་ཅད་དང་འབྱུང་ལྔའི་ཁམས་ཀྱི་དྭངས་བཅུད་ནུས་པའི་ཡོན་ཏན་ལྷ་ཀླུ་མིའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱི་བདེན་ཚིག་ནུས་པ་དང་བཅས་པ་མེ་འབར་བ་ལ་བུད་ཤིང་བསྣན་པ་བཞིན་ཀུན་ནས་ཀུན་ཏུ་འབར་བས་བདེ་དྲོད་གཉིས་མེད་ཀྱི་དངོས་གྲུབ་འཕྲལ་དུ་ཐོབ་པར་ བསམ་མོ། དེ་ནས་བླ་མ་རྣམས་འོད་ཀྱི་རང་བཞིན་དུ་གྱུར་ནས་དབུ་མའི་ཡར་སྣེེ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་དང་རྩ་གསུམ་འདུས་པའི་མར་སྣེར་ཨ་ཤད་དམར་པོ་སྐྱེར་ཚེར་སྐེད་པ་ནས་བཅད་པ་ལྟ་བུའི་བཅད་ཁ་སྟེང་དུ་བསྟན་པ་ལྟ་བུའི་དཀྱིལ་ནས་ཤེས་རབ་ཡེ་ཤེས་ཀྱི་མེ་རྒྱ་ཁབ་ལྟར་འབར་བ་དེ་ཡང་ངོ་བོ་ཐིག་གེ་རྣམ་པ་མེ་རེག་བྱ་ཚ་བ་ཉམས་བདེ་བ་སྟེ་མཚན་ཉིད་བཞི་ལྡན་དུ་གསལ་ལ། ཡང་སློབ་མ་རྣམས་ཀྱིས་རླུང་བུམ་པ་ཅན་འཛིན་པ་དང་སྦྲགས་ལ་སྲིད་དང་ཞི་བའི་དཔལ་དང་ཡོན་ཏན་མ་ལུས་པ་ཐམས་ཅད་ནམ་མཁའ་ཁ་དོག་སྔོན་པོའི་རང་བཞིན་དང་འདྲེས་ཏེ་སྣ་བུག་གཉིས་སུ་ཞུགས། རོ་རྐྱང་གཉིས་ནས་བརྒྱུད། མྱུར་བའི་ཤུགས་དང་བཅས་ཏེ་ཨ་ཤད་ལ་ཕོག་པས་མེ་དམར་འུར་གྱིས་འབར་བ་དབུ་མའི་ལམ་ནས་ཡར་སོང་སྟེ་ཧཾ་ཡིག་ལ་རེག་ལ་ཁད་དུ་གྱུར་བ་དང་ཧཾ་ལས་བདུད་རྩིའི་རྒྱུན་ཞུན་མར་གྱི་གོང་བུ་ཞུ་བ་བཞིན་རྒྱུན་མ་ཆད་དུ་བབས་པས་བྱང་སེམས་དཀར་དམར་གཉིས་གཅིག་ཏུ་འདྲེས་པས་སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་འདབ་སུམ་ཅུ་སོ་གཉིས་པོ་ཡོངས་སུ་གང་། །དེ་ན་བཞུགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་དང་བུདྡྷ་རིགས་ཀྱི་དཔའ་བོ་རྣལ་འབྱོར་མའི་ཚོགས་རྣམས་བདེ་སྟོང་བདུད་རྩིའི་མཆོད་པས་མཉེས་ཤིང་ཚིམས་ནས་ཚོགས་གཉིས་རྫོགས་སྒྲིབ་གཉིས་དག་བུམ་པའི་དབང་མཆོག་ཐོབ་ཅིང་། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་མོས་པ་གྱིས་ཤིག །བརྡའ་སྦྱར་ལ། ཨེ་མ་ཧོ། དག་པ་རབ་འབྱམས་ཞེས་གསོལ་འདེབས་ཚང་མ་བཏང་མཐར་རླུང་བུམ་ཆེན་བཟུང་དུ་བཅུག་པ་བུམ་དབང་ཐོབ་པའི་དག་བྱ་དག་བྱེད་དག་འབྲས་རྣམས་ལ་ངེས་ཤེས་ན་འདྲོངས་པར་བྱའོ། ཡང་བདུད་རྩི་བྱང་སེམས་དཀར་དམར་གྱི་རང་བཞིན་དེ་ཉིད་མགྲིན་པའི་རྩ་འཁོར་གྱི་གནས་སུ་སླེབས་ཤིང་རྩ་འདབ་བཅུ་དྲུག་ན་བཞུགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་དང་པདྨ་རིགས་ཀྱི་དཔའ་བོ་རྣལ་འབྱོར་མའི་ཚོགས་རྣམས་བདེ་སྟོང་བདུད་རྩིའི་མཆོད་པས་མཉེས་ཤིང་ཚིམས་ནས་ཚོགས་གཉིས་རྫོགས་སྒྲིབ་གཉིས་དག །གསང་བའི་དབང་མཆོག་ཐོབ་ཅིང་། མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་མོས་པ་གྱིས་ཤིག །ཨེ་མ་ཧོ་དག་པ་རབ་འབྱམས་ཚང་བར་བཏང་མཐར་རླུང་བུམ་པ་ཅན་གཟུང་དུ་བཅུག་པས་གསང་དབང་ཐོབ་པའི་དག་བྱ་དག་བྱེད་དག་འབྲས་རྣམས་ལ་ངེས་ཤེས་འདྲོངས་པར་བྱའོ། ཡང་བདུད་རྩི་བྱང་སེམས་དཀར་དམར་གྱི་རང་བཞིན་དེ་ཉིད་སྙིང་ཁའི་རྩ་འཁོར་གྱི་གནས་སུ་སླེབས་ཤིང་རྩ་འདབ་བརྒྱད་ན་བཞུགས་པའི་སངས་རྒྱས་མི་བསྐྱོད་པ་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་དང་རྡོ་རྗེ་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་བདེ་སྟོང་བདུད་རྩིའི་མཆོད་པས་མཉེས་ཤིང་ཚིམས་ནས་ཚོགས་གཉིས་རྫོགས་སྒྲིབ་གཉིས་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཅིང་། ཁྱད་པར་གྱི་དགའ་བ་རྒྱུད་ལ་སྐྱེ་བའི་མོས་པ་གྱིས་ཤིག །ཨེ་མ་ཧོ་དག་པ་རབ་འབྱམས་ཚང་བར་བརྗོད་མཐར་རླུང་བུམ་པ་ཅན་བཟུང་དུ་བཅུག་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་དག་བྱ་དག་བྱེད་དག་འབྲས་རྣམས་ལ་ངེས་ཤེས་འདྲོངས་པར་བྱའོ། ཡང་བདུད་རྩི་བྱང་སེམས་དཀར་དམར་གྱི་རང་བཞིན་དེ་ཉིད་ལྟེ་བའི་རྩ་འཁོར་གྱི་དབུས་སུ་སླེབས། །དེར་རྩ་འདབ་དྲུག་ཅུ་རྩ་བཞི་ན་བཞུགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་དང་རིན་ཆེན་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་བདེ་སྟོང་བདུད་རྩིའི་མཆོད་པས་མཉེས་ཤིང་ཚིམས་ནས་ཚོགས་གཉིས་རྫོགས་སྒྲིབ་གཉིས་དག །ཚིག་དབང་རིན་པོ་ཆེ་ཐོབ་ཅིང་། །ལྷན་སྐྱེས་ཀྱི་དགའ་བ་རྒྱུད་ལ་སྐྱེ་བའི་མོས་པ་གྱིས་ཤིག །ཨེ་མ་ཧོ། དག་པ་རབ་འབྱམས་ཚང་བར་བཏང་མཐར་རླུང་བུམ་པ་ཅན་བཟུང་དུ་བཅུག་པས་ཚིག་དབང་རིན་པོ་ཆེ་ཐོབ་པའི་དག་བྱ་དག་བྱེད་དག་འབྲས་རྣམས་ལ་ངེས་ཤེས་འདྲོངས་པར་བྱའོ། ཡང་བདུད་རྩི་དཀར་དམར་གྱི་རང་བཞིན་དེ་ཉིད་རྩ་གསུམ་གསང་གནས་དང་འབྲེལ་ཏེ་རྡོ་རྗེ་ནོར་བུའི་རྩ་བར་རྩ་འཁོར་ཉི་ཤུ་རྩ་བརྒྱད་གྱེས་པའི་དབུས་སུ་སླེབས། དེ་ན་བཞུགས་པའི་སངས་རྒྱས་དོན་ཡོད་གྲུབ་པ་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་དང་ལས་ཀྱི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་བདེ་སྟོང་བདུད་རྩིའི་མཆོད་པས་མཉེས་ཤིང་ཚིམས་ནས་ཚོགས་གཉིས་རྫོགས་སྒྲིབ་གཉིས་དག །དབང་བཞི་ངོ་བོ་གཅིག་པ་ཐོབ་ཅིང་དགའ་བྲལ་གྱི་དགའ་བ་རྒྱུད་ལ་སྐྱེ་བའི་མོས་པ་གྱིས་ཤིག །ཨེ་མ་ཧོ། དག་པ་རབ་འབྱམས་ཚང་བར་བཏང་མཐར་རླུང་བུམ་ཆེན་བཟུང་དུ་བཅུག་པས་སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་པའི་དག་བྱ་དག་བྱེད་དག་འབྲས་རྣམས་ལ་ངེས་ཤེས་འདྲོངས་པར་བྱའོ། སླར་བདུད་རྩི་བྱང་སེམས་དཀར་དམར་གྱི་རང་བཞིན་དེ་ཉིད་ཡར་ལྡོག་སྟེ་ཁམས་དཀར་ཆ་ཧཾ་ཡིག་ལ་ཐིམ། དམར་ཆ་ཨ་ཤད་ལ་ཐིམ་པས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་གྱིས་ཤིག །ཅེས་བརྗོད། དེ་ལྟར་གཏུམ་མོའི་མེ་དབང་བདེ་དྲོད་རབ་འབར་འདི་རྣལ་འབྱོར་པ་འཇིགས་མེད་རལ་གྲི་དང་ཀུན་མཁྱེན་གཉིས་ཀྱིས་བསྐུལ་ངོར་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བྲིས་པའི་དགེ་བས་རྗེས་འཇུག་རྣམས་འབར་བ་གསུམ་གྱི་དངོས་གྲུབ་ལོངས་སྤྱོད་ནས་བདེ་སྟོང་ཟུང་འཇུག་གི་རྟོགས་པ་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་ཅིག །

སྡེ་བརྒྱད་དྲེགས་བསྐུལ་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར།

༄༅། །སྡེ་བརྒྱད་དྲེགས་བསྐུལ་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར་བཞུགས། ཧཱུཾ་ཧཱུཾ་ཧཱུཾ། ང་ནི་དཔལ་ཆེན་དྲག་པོ་ཐོད་ཕྲེང་རྩལ། །ཆེ་བཙན་དྲེགས་པ་ཡོངས་ཀྱི་སྲོག་སྙིང་བདག །གཡོ་མེད་དེ་བཞིན་ཉིད་ཀྱི་ཏིང་འཛིན་ལས། །ཀུན་སྣང་སྙིང་རྗེ་ཆེན་པོའི་འོད་སྟོང་འབར། །རབ་འབྱམས་ཕྲིན་ལས་འཇུག་པ་དཔག་མེད་ཀྱིས། །མཐའ་ཡས་འགྲོ་ལ་གང་འདུལ་ཆོས་སྟོན་ཕྱིར། །རྣམ་དཀར་ལས་སྤང་གནག་ཅིང་རྩུབ་པའི་དགྲ། །འཕྲལ་ཕུགས་མིང་དགེ་སྤེལ་བའི་གདུག་པ་ཅན། །ཆོས་སྲིད་ཁྲིམས་ཀྱི་ཡལ་གམ་བསྣུབས་པ་སྤྱི། །ཁྱད་པར་གཟུགས་དང་མིང་རུས་འབེན་དུ་བཅས། །བསྒྲལ་བྱར་འོས་པའི་དམིགས་ཡུལ་འདི་ཉིད་ལ། །སྡེ་བརྒྱད་དྲེགས་པ་ཡོངས་ཀྱི་བཀའ་ཆད་ཕོབ། །བསྐུལ་ལོ་བསྐུལ་ལོ་དྲེགས་པ་སྡེ་བརྒྱད་བསྐུལ། །ཁྱེད་ཅག་དོན་ལ་མྱ་ངན་འདས་མོད་ཀྱང་། །གདུལ་དཀའ་འདུལ་ཕྱིར་དྲེགས་པའི་ཚུལ་བཟུང་བཞིན། །དུས་ལ་བབ་པོ་དགྲ་སྲོག་མྱུར་དུ་ཆོད། །བསྐུལ་ལོ་ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་བསྐུལ། །དགྲ་བོའི་ཕྱི་ཡུལ་བདོག་རྒུ་སྟོབས་འབྱོར་ཆོམས། །བསྐུལ་ལོ་ནང་གི་ལྷ་སྲིན་སྡེ་བརྒྱད་བསྐུལ། །དགྲ་བོའི་བུ་དང་ཆུང་མ་ལུས་རྟེན་གཞོམ། །བསྐུལ་ལོ་གསང་བའི་ལྷ་སྲིན་སྡེ་བརྒྱད་བསྐུལ། །དགྲ་བོའི་སྐྱོབ་བྱེད་ལྷ་ཕྲོལ་བདུད་དང་སྤྲོད། །བསྐུལ་ལོ་མཆོག་གི་ལྷ་སྲིན་སྡེ་བརྒྱད་བསྐུལ། །དགྲ་བོའི་ལུས་སེམས་གཉིས་ཕྲོལ་བདེ་སྐྱིད་གཏོར། །བསྐུལ་ལོ་སྤྲུལ་པའི་ལྷ་སྲིན་སྡེ་བརྒྱད་བསྐུལ། །དགྲ་བོའི་དཔའ་རྩལ་སྙན་གྲགས་མིང་མེད་མཛོད། །བསྐུལ་ལོ་སྣང་ཞིང་སྲིད་པའི་སྡེ་བརྒྱད་བསྐུལ། །དགྲ་བོའི་མི་ནོར་འཁོར་བཅས་རྡུལ་དུ་རློགས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །དམ་ཉམས་གནོད་བྱེད་དགྲ་བོ་གདུག་པ་ཅན། །ལོ་ཟླ་ཞག་ཏུ་མ་འགྱང་མྱུར་བསྒྲལ་ནས། །སངས་རྒྱས་བསྟན་པ་དར་བའི་ཕྲིན་ལས་མཛོད། །སྡེ་བརྒྱད་དྲེགས་བསྐུལ་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར་ཞེས་བྱ་བ་འདི་ཡང་རིག་སྔགས་འཆང་བ་ལག་ན་རྡོ་རྗེས་སོ།། །།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྒྱུན་འཁྱེར་རྣལ་འབྱོར་ཆེན་པོའི་གཞུང་ལམ།

༄༅། །ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྒྱུན་འཁྱེར་རྣལ་འབྱོར་ཆེན་པོའི་གཞུང་ལམ་ཞེས་བྱ་བ་བཞུགས། ན་མོ་མཆོག་གསུམ་རྩ་གསུམ་ངོ་བོ་ཉིད༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི། སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད༔ ཨཱ༔ཆོས་རྣམས་རང་བཞིན་འོད་གསལ་བའི༔ ཡེ་སྟོང་སྤྲོས་བྲལ་ཀ་དག་གདངས༔ ལྷུན་གྲུབ་རང་ལུས་རྡོ་རྗེ་སེམས༔ ལོངས་སྤྱོད་རྫོགས་སྐུའི་ཚས་དང་ལྡན༔ ཐབས་ཤེས་གཉིས་མེད་རྡོར་དྲིལ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ བཞུགས་པའི་སྙིང་གར་ཞི་བའི་ལྷ༔ བཞི་བཅུ་རྩ་གཉིས་འོད་སྐུའི་ཚུལ༔ མཚན་དཔེ་ཡོངས་རྫོགས་མ་འདྲེས་གསལ༔ སྤྱི་བོར་ཁྲག་འཐུང་ལྔ་བཅུས་བརྒྱན༔ རང་རང་ཆ་ལུགས་རྣམ་འགྱུར་རྫོགས༔ མགྲིན་པར་རིག་འཛིན་དཔའ་བོ་དང་༔ མཁའ་འགྲོའི་ཚོགས་རྣམས་སྒྱུ་འཕྲུལ་གཟུགས༔ ལྟེ་བར་མཁའ་འགྲོ་སྡེ་ལྔ་ལ༔ གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ བ་སྤུའི་བུ་ག་ཐམས་ཅད་ཀུན༔ རིག་འཛིན་མཁའ་འགྲོ་རྒྱ་མཚོས་གཏམས༔ མཐའ་སྐོར་མཁའ་འགྲོ་ཆོས་སྐྱོང་དང་༔ གཏེར་སྲུང་དམ་ཅན་རྒྱ་མཚོས་བསྐོར༔ དེ་ཕྱིར་མ་བསྐྱེད་ཡོངས་འགྲུབ་ལྷར༔ གསལ་བའི་སྤྱི་བོར་ༀ་དཀར་པོ༔ མགྲིན་པར་ཨཱ༔དམར་ཐུགས་ཀར་ཧཱུཾ༔ རྒྱལ་ཀུན་གསང་གསུམ་ངོ་བོར་བསམ༔ དེ་ཡང་སྣང་སྟོང་སྐུ་དང་ནི༔ གྲགས་སྟོང་གསུང་དང་དྲན་རྟོག་ཐུགས༔ ཞི་ཁྲོའི་རང་བཞིན་ཉིད་གྱུར་ནས༔ འཁོར་འདས་སྐུ་གསུམ་ཀློང་དུ་གྱུར༔ ༀ་ཨཱ༔ཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷརྟུ་ཨཱ༔ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ༔ ཅི་ནུས་བཟླས་མཐར་མཆོད་བསྟོད་བྱ། བསྡུ་རིམ་ལ་སོགས་རྗེས་ཆོས་རྣམས༔ མི་དགོས་བརྗོད་བྲལ་ངང་ལ་བཞག༔ འདི་ཉིད་ལེགས་དགོན་སྤྲུལ་པའི་སྐུས༔ བསྐུལ་ངོར་རྡོ་བླས་སྤེལ་བ་དགེའོ། །དགེའོ། སརྦ་མངྒ་ལམཿ

སྐྱབས་འགྲོ་སྨོན་ལམ་འདོད་གསོལ་དང་བཅས་བདུད་རྩིའི་ཟེར་མ།

༄༅། །སྐྱབས་འགྲོ་སྨོན་ལམ་འདོད་གསོལ་དང་བཅས་བདུད་རྩིའི་ཟེར་མ་བཞུགས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདག་ཉིད་ཆེན་པོ་རིགས་དང་དཀྱིལ་འཁོར་ཀུན་གྱི་མངའ་བདག་བླ་མའི་རྣམ་རོལ་སྔོན་གྱི་དུས་ན་ངོ་བོ་ཀ་དག་ཀུན་ཏུ་བཟང་པོ་དང་། །རང་བཞིན་ལྷུན་གྲུབ་བཅོམ་ལྡན་འདས་རྒྱལ་བ་རིགས་ལྔ་དེ་ཉིད་གཅིག་དྲིལ་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ། །དེ་ཉིད་ཀྱི་སྒྱུ་འཕྲུལ་ཟློས་པའི་གར་བསྒྱུར་དཔལ་ལྡན་རྡོ་རྗེ་སེམས་དཔའ་གསང་བའི་བདག་པོ་རྡོ་རྗེ་ཆོས། །དེ་ཉིད་མིའི་རྫུ་ལ་ཞུགས་པ་སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་དང་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས། འཇའ་ལུས་རྡོ་རྗེའི་སྐུ་བརྙེས་བི་མ་ལ་མི་དྲ། དེ་ཉིད་བདེ་གཤེགས་སྙིང་པོའི་རང་བཞིན་མཁའ་ཟླ་གཅིག་པོའི་ཆོ་འཕྲུལ་གྱི་འཇིག་རྟེན་གྱི་ཁམས་ཀྱི་ཆུ་སྣོད་ཆེ་ཆུང་ཇི་སྙེད་དུ་འཆར་ནུས་པའི་སྟོབས་མཐུས་རྩལ་རྫོགས་བཞིན། ཀུན་བྱེད་རྒྱལ་པོའི་རང་རྩལ་ལས་འཕགས་པ་རིགས་གསུམ་མགོན་པོའི་སྒྱུ་འཕྲུལ་མེས་དབོན་རྣམ་གསུམ་དང་། །དེ་ལས་ཡང་ཡབ་རྗེ་བླ་མའི་སྤྲུལ་གཞི་ཆོས་སྐྱོང་བའི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་གི་རིགས་ཀྱི་མྱུ་གུ་རྩེ་མོའི་གྲངས་ལྡན་ལས་ལྷ་སྲས་མུ་རུམ་བཙན་པོ་དེ་ཉིད་ཟློས་པའི་གར་བསྒྱུར། །ཨོ་རྒྱན་ཆེན་པོའི་ཕྲིན་ལས་ཕྱོགས་བརྒྱར་སྤེལ་བའི་མངའ་བདག་གཏེར་ཆེན་སངས་རྒྱས་གླིང་པ་ནས་གང་ལ་གང་འདུལ་གྱི་སྐྱེ་སྤྲུལ་མང་དུ་བྱུང་མཐར་ཡུལ་མཐའ་འཁོབ་ཀྱི་གདུལ་བྱར་རབ་འབྱམས་ཕྲིན་ལས་ཀྱི་འཇུག་པ་དཔག་མེད་ཀྱི་སྒོ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་རིམ་གྱིས་སམ་ཅིག་ཅར་དུ་མངོན་པར་སྟོན་ནུས་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པ་གང་གི་མཚན་ཤིན་ཏུ་བརྗོད་པར་དཀའ་ཡང་བདག་སོགས་རྣམས་ཀྱི་མོས་གུས་དང་གདུང་ཤུགས་དྲག་པོའི་སྒོ་ནས་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཆོས་སྒོར་དང་པོའི་ཞུགས་པའི་མཚན་བསོད་ནམས་བསྟན་འཛིན། མིང་དོན་དང་མཐུན་པའི་མཚན་ཀུན་བཟང་གཞན་ཕན། །ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་ལུང་བསྟན་དང་མཐུན་པའི་མཚན་འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར། རྒྱལ་བའི་ཕྲིན་ལས་ལ་རང་དབང་བསྒྱུར་བའི་མཚན་ཀརྨ་དབང་དྲག་གམ། བྱང་ཆུབ་རྡོ་རྗེ་ལ་སོགས་པའི་མཚན་གྱི་རྣམ་གྲངས་དུ་མ་ལ་རང་དབང་བསྒྱུར་བའི་ཟབ་གསང་རྡོ་རྗེ་ཐེག་པའི་བསྟན་པའི་མངའ་བདག་སྟོན་པའི་ཞལ་སྐྱིན་བཀའ་དྲིན་གསུམ་ལྡན་བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་ཞབས་ཀྱི་པདྨོ་དྲི་མ་དང་བྲལ་བར་དུས་དང་རྣམ་པ་ཀུན་ཏུ་རྣམ་གསུམ་དད་པའི་སྒོ་ནས་ཕྱག་འཚལ་ཞིང་། སྐྱབས་སུ་མཆིའོ། སྐྱེ་བ་དང་ཚེ་རབས་ཀྱི་ཕྲེང་བ་ཀུན་ཏུ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བཞིན་ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་ལོངས་པ། །ལམ་འཁྲུལ་པ་སེལ་བ། འཁྲུལ་རྟོག་ཡེ་ཤེས་སུ་འཆར་བ། མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཀྱི་དབང་དུ་སྐད་ཅིག་ཙམ་ཡང་མི་འགྲོ་བར་ས་ལམ་གྱི་ཡོན་ཏན་ཐམས་ཅད་མྱུར་དུ་རྫོགས་ནས། །ཞི་བ་ཕྱོགས་གཅིག་མ་ཡིན་པར་སྟོང་ཉིད་སྙིང་རྗེ་བདེ་སྡོང་ཟུང་འཇུག་ཅེས་མཐའ་བརྒྱད་དང་བྲལ་བའི་དབུ་མ། སྣང་སྲིད་འཁོར་འདས་ཕྱག་རྒྱས་ཐེབས་པ་ཕྱག་ཆེན། ཆོས་རྣམས་ངོ་བོ་སྟོང་པ། རང་བཞིན་གསལ་བ༑ ཐུགས་རྗེ་ཀུན་ཁྱབ་གསུམ་དུ་རྫོགས་པ་རྫོགས་པ་ཆེན་པོའི་ཆོས་རྣམས་མཐར་ཕྱིན་ནས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག །སྐྱབས་འགྲོ་སྨོན་ལམ་འདི་འདྲ་བ། །དགོས་ཞེས་མི་བུ་རུས་དྲུག་གི། །ནང་ཚན་ཨ་ལྕགས་འབྲུར་མཆེད་པའི། །མགོ་ལོག་མཆོག་ལྡན་གྱིས་བསྐུལ་བཞིན། །རྡོ་བླ་རྣལ་འབྱོར་པ་དེ་ཡིས། །སྐུལ་བ་པོ་སོགས་རྗེས་འཇུག་གི། །དད་པའི་ཆུ་བོ་རྒྱས་ཕྱིར་དུ། །སྤེལ་བཞིན་ཐུགས་མཆོག་རྡོ་རྗེ་ཡིས། །བྲིས་འདིའི་ དགེ་བས་བསྟན་དང་འགྲོར། །ཕན་བདེ་རྒྱ་ཆེན་འབྱུང་བར་ཤོག །དགེའོ། །དགེའོ།། །།

མཆོག་གསུམ་རྩ་བ་གསུམ་གྱི་་་་་་

༈ མཆོག་གསུམ་རྩ་བ་གསུམ་གྱི་ངོ་བོར་གྱུར་པ་བླ་མ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚོགས་ལ་སྐྱབས་སུ་མཆིའོ། གསོལ་བ་འདེབས་སོ། བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྨོན་ལམ་བཏབ་པ་འདི་རྣམས་འགྲུབ་པར་མཛད་དུ་གསོལ། །མི་ངའི་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསམ་པ་ངན་པ་སྤུ་ཙམ་ཡང་སྐྱེ་བར་མ་གྱུར་ཅིག །བསམ་སྦྱོར་བཟང་པོ་ཆུ་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་གྱུར་ཅིག །ཟ་འདོད་ཀྱི་ཚོགས་འཁོར་མ་ཡིན་པའི་རྡོ་རྗེ་ཐེག་པའི་ལམ་རྣམ་པར་དག་པའི་ཚོགས་འཁོར་ལ་ལོངས་སྤྱོད་དུས་མ་གཏོགས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཤ་ཁྲག་ཟ་བ་དང་། །འཐུང་བ་དང་འབག་པ་སོགས་ཅུང་ཟད་ཀྱང་མི་བྱེད་པར་གྱུར་ཅིག །དམ་བཅའ་འདི་དུས་ད་ལྟ་བཞིན་དུ་དྲན་པར་གྱུར་ཅིག །ལྡན་པ་དང་གྲོལ་བའི་ཡོན་ཏན་གཉིས་དང་མི་ལྡན་བཞིན་དུ་དཀོར་ཟས་ལན་ཆགས་ལ་ཏིལ་འབྲུ་ཙམ་ཡང་མི་འབག་པར་ཤོག༴ སེམས་ཅན་གཅིག་གི་དོན་དུ་རང་གི་སྒོ་གསུམ་པོ་གཏོང་བ་ལ་ཐོགས་པ་ཅུང་ཟད་ཙམ་ཡང་མི་བྱེད་པར་ཤོག་ཅིག །ཆོས་ཉིད་འགྱུར་བ་མེད་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་སྟོབས་ཀྱིས་རང་འདོད་དང་བྲལ་བའི་སམོན་ལམ་འདི་རྣམས་ཡོངས་སུ་འགྲུབ་པར་གྱུར་ཅིག །དཀོན་མཆོག་གསུམ་གྱི་བདེན་པས་འགྲུབ་པར་གྱུར་ཅིག །བླ་མ་དམ་པ་རྣམས་ཀྱི་བདེན་པས་འགྲུབ་པར་གྱུར་ཅིག །བདག་རྡོ་བླ་ཀུན་བཟང་གཞན་ཕན་འཆི་ཁར་བས་དུས་སུ་སྨོན་ལམ་བཏབ་པའི་ཡི་གེ་པ་ནི་ཀློང་གསལ་གྱིས་བགྱི་སོ། དགེའོ། །

འདིར་རབ་ཏུ་གནས་པའི་ཆོ་ག་ཤིན་ཏུ་་་་་

༄༅། །ན་མོ་སརྦ་བུདྡྷ་ཡ། འདིར་རབ་ཏུ་གནས་པའི་ཆོ་ག་ཤིན་ཏུ་བསྡུས་ཏེ་བྱ་བར་འདོད་པས། །སྐྱབས་སེམས་སྔོན་དུ་བཏང་ནས། །འགེགས་གཏོར་ཡོད་ན་བསང་སྦྱང་བྱ། །མེད་ཀྱང་རུང་སྟེ་གང་ལྟར་ཡང་། ཧཱུཾ་ཉོན་ཅིག་གདོན་བགེགས་ལོག་འདྲེན་སྡེ། །གཉུག་མར་གནས་དང་འཕྲལ་རྒྱུའི་ཚོགས། །གཏོར་མ་ལོངས་ལ་གཞན་དུ་དེངས། །དམ་ལས་འདས་ན་བརླག་པར་འགྱུར། །ཞེས་བརྗོད་ཅིང་ཧཱུཾ་བཞིའི་སྔགས་ཀྱིས་བགེགས་བསྐྲད། རཀྵའི་སྔགས་ཀྱིས་སྲུང་འཁོར་བསྒོམ། དེ་ནས་རབ་གནས་བྱ། །སྐུ་གཟུགས་རྣམ་སྣང་། །གླེགས་བམ་སྣང་མཐའ། མཆོད་རྟེན་རྡོ་རྗེ་སེམས་པར་གསལ་ཏེ། འདི་སྔ་མར་མཚོན་ན། ཤུ་ུནྱ་ཏྱས་སྦྱངས་ལ། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ༀ་ལས་རྣམ་པར་སྣང་མཛད་དཀར་པོ་ལོངས་སྐུའི་རྒྱན་ཆས་ཅན་དུ་གསལ་བའི་ཞེས་དང་། ཕྱི་མར་ཨཱཿལས་དང་། ཧཱུཾ་ལས་དང་། དམར་གསལ་ དང་། མཐིང་ག་ཞེས་ཁ་བསྒྱུར། མཇུག་ཏུ་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། འོག་མིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མ་ཛཿ ཛ་ཧཱུཾ་བཾ་ཧོས་བཅིང་། དེ་ནས་རྟེན་ལྷར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་དབང་ལྷ་རིགས་ལྔ་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི༴ སོགས། ཞེས་དབང་བསྐུར་སོ་སོའི་རིགས་ཀྱིས་དབུ་པར་བརྒྱན་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་སོགས་ནས་ ཤབྟའི་ བར་གྱིས་མཆོད་ཅིང་། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། ༀ་ཙཀྱུ་ཙཀྱུ་ས་མནྟ་ཙཀྱུ་བི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་སྤྱན་དབྱེ། བདག་གི་ཐུགས་ཀ་ནས་འོད་འཕྲོས་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཐམས་ཅད་ཨཱ་ལི་ཀ་ལིའི་རྣམ་པར་སྤྱན་དྲངས་ནས་རྟེན་ལ་ཐིམ་པས་གཉིས་མེད་དུ་གྱུར། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། རྒྱལ་བ་རྣམས་བརྟན་པར་བཞུགས་སུ་གསོལ། །བྱེ་བྲག་ཏུའང་རྟེན་འདི་ལ་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རྟེན་འདི་འབྱུང་བ་བཞིས་མ་ཞིག་གི་བར་དུ་བརྟན་པར་བཞུགས་ནས། བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ལན་གསུམ་བརྗོད། དབྱངས་གསལ་དང་། སུ་པྲ་ཏིཥྛ༴ བརྗོད་ཅིང་མེ་ཏོག་གི་ཆར་ཕབས། དེ་ནས་མཇུག་ཏུ་བཀྲ་ཤིས་བརྗོད་པ་ནི། ༀ་དགེ་ལེགས་རྒྱ་མཚོའི་འབྱུང་གནས་མཆོག །སྲས་བཅས་རྒྱལ་བ་རྒྱ་མཚོ་ཡི། །བྱིན་རླབས་ཡིད་བཞིན་རིན་ཆེན་སྤྲིན། །འཛད་མེད་དཔལ་གྱི་བཀྲ་ཤིས་ཤོག །གནས་སྐབས་ཡོན་ཏན་བདུན་ལྡན་ཞིང་། །མཐར་ཐུག་མཁའ་ཁྱབ་འགྲོ་བ་རྣམས། །རྣམ་མཁྱེན་གོ་འཕང་ཉེར་ཐོབ་ནས། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་པའང་ཀུན་དོན་པས་ངོར་གཞོན་ནུ་འཇིགས་མེད་པས་སོ། དགེའོ།། །།

དམ་ཆོས་བདེ་ཆེན་ལམ་མཆོག་ལས་ཟབ་ལམ་འཕོ་བའི་གདམས་པ་བདེ་ཆེན་ཞིང་ཁམས་བགྲོད་པའི་མྱུར་ལམ།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ ཟབ་ལམ་འཕོ་བའི་གདམས་པ། བདེ་ཆེན་ཞིང་ཁམས་བགྲོད་པའི་མྱུར་ལམ་ཞེས་བྱ་བ་བཞུགས། །

རབ་འབྱམས་ཞིང་གི་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་དྲིལ་བ། །འོད་མཚན་སྟོང་འབར་འཆི་མེད་ཚེ་ཡི་ལྷ། །བྱང་ཆུབ་བར་དུ་སྐྱབས་མགོན་མཆོག་ཏུ་བསྙེན། །རྡོ་རྗེ་ཐེག་པ་སྔ་ཕྱིའི་འགྱུར་གཉིས་ཀྱི། །གདམས་པའི་བཅུད་འཛིན་རྩ་བརྒྱུད་བླ་མ་རྣམས། །རང་བྱུང་རྡོ་རྗེར་བཟླུམ་སྟེ་བྱང་ཆུབ་བར། །བདག་སེམས་པདྨའི་གདན་ལ་འདུ་འབྲལ་མེད། །སྡུག་བསྔལ་རྒྱུ་འབྲས་སྤངས་པའི་བདེ་ཆེན་ཞིང་། །དཀའ་ཚེགས་མེད་པར་མཐོང་བའི་མྱུར་ལམ་མཆོག །མ་བསྒོམ་སངས་རྒྱས་ཟབ་ལམ་འཕོ་བའི་ཆོས། །གང་དེའི་གདམས་པའི་སྙིང་པོ་འདིར་གསལ་བྱ། །དེ་ལ་འདིར་རྡོ་རྗེ་ཐེག་པ་སྔ་ཕྱིའི་འགྱུར་གཉིས་ལས་ལམ་རིམ་ཀུན་གྱི་མཆོག་དང་། རབ་དང་ཕུལ་དུ་བསྔགས་པའི་ཟབ་མོའི་ལམ་མཆོག་འཕོ་བའི་གདམས་པ་གསལ་བར་བྱེད་པ་ལ་རྣམ་གྲངས་གཉིས་ལས། དང་པོ་ནི་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། །ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་པས། མདོ་སྔགས་གཉིས་ལས་སྔགས་ཁྱད་པར་དུ་འཕགས་ཚུལ་དང་། །འཕོ་བ་དངོས་བསྟན་པ་གཉིས་ལས། དང་པོ་ནི། མདོ་ལམ་ནས་གྲངས་མེད་པ་གསུམ་གྱི་མཐར་སངས་རྒྱས་ཐོབ་པར་འདོད་ལ་སྔགས་ལམ་པས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བར་འདོད་པས་ཁྱད་པར་འཕགས་པ་ཡིན་ཏེ། ཚུལ་གསུམ་སྒྲོན་མེ་ལས། །དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། དབང་པོ་སྣོན་པོའི་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། དེའི་གདུལ་བྱ་དང་ལམ་ཇི་ལྟར་བགྲོད་པའི་ཚུལ་ནི། །དུས་འཁོར་རྩ་རྒྱུད་ལས། །གདོལ་པ་སྨྱིག་མ་མཁན་ལ་སོགས། །མཚམས་མེད་ལྔ་ནི་བྱས་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་སོ། གཉིས་པ་ལའང་རྣམ་གྲངས་གཉིས་ལས། །དང་པོ་ཁྱད་པར་འཕགས་ཚུལ་ནི། །རྡོ་རྗེ་གདན་བཞིའི་རྒྱུད་ལས། །ཉེས་པ་ཀུན་གྱིས་གོས་པ་ཡང་། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །སྡིག་གིས་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་གྲོལ། །ཞེས་སོ། གཉིས་པ་འཕོ་བ་དངོས་ལའང་གསུམ་ཏེ། གང་ཟག །འཕོ་དུས། །གདམས་པའོ། དང་པོ་ནི་རྣལ་འབྱོར་པ་རབ་ཕྱག་རྫོགས་སོགས་ཀྱི་དོན་མངོན་ཏུ་གྱུར་ནས་དབུགས་ཆད་པ་དང་གྲོལ་བ་དུས་མཉམ་གྱི་གདེང་དང་ལྡན་པ་དག་ལ་ནི་འཕོ་བ་སྦྱང་བ་དང་། འདེབས་པ་གང་ཡང་མི་དགོས་ཏེ། །འཕགས་ཡུལ་གྱི་པཎ་གྲུབ་མང་པོ་དང་། །བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་འདས་ཚུལ་ལྟར་དང་། །རྗེ་མར་པ་གཤེགས་ཁར་སྐུ་ལུས་བསྲངས་ནས། །བུ་ཀུན་འཕོ་བ་འདི་ལྟར་གྱིས་གསུངས་ནས། །སྤར་ཆོག་མཛད་པས་དབུའི་གཙུག་གི་རུས་པ་ཚལ་བུ་ཡར་བའི་ཤུལ་ནས་འོད་ཁ་དོག་ལྔ་ལྡན་བྱ་སྒོང་ཙམ་ཞིག་ནམ་མཁར་ཐིམ་པ་ཀུན་གྱིས་མཐོང་བ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེས་ཚོགས་འཁོར་གྱི་དབུས་སུ་ཞལ་ཆེམས་ཀྱི་མགུར་གསུངས་མཐར། །དབུ་གཙུག་ནས་འོད་དཀར་པོ་སྦ་ཕུབ་ཙམ་ཞིག་ནམ་མཁར་འཕགས་པ་ཇེ་ཆེར་གྱུར་པར་འཇའ་འོད་དང་ཐིག་ལེས་ཁྱབ་པར་མཛད་པ་དང་། རྗེ་མི་ལ་ཡབ་སྲས། སྒམ་པོ་ཡབ་སྲས་སོགས། གསར་རྙིང་གི་སྐྱེས་ཆེན་མང་པོས་མཛད་ཚུལ་ངོ་མཚར་རྨད་དུ་བྱུང་བ་ནི་ཤིན་ཏུ་མང་ངོ་། དེ་དག་ནི་དང་བ་བསྐྱེད་པའི་ཕྱིར་བྲིས་པ་ལས་ད་ལྟར་གསར་རྙིང་གང་གི་ཁྲོད་ནའང་དེ་ལྟ་བུ་ཤིན་ཏུ་དཀོན་ཀྱང་། གཏན་མེད་པ་ཡང་མ་ཡིན་ནོ། །གང་ཞིག་རྩ་བའི་དམ་ཚིག་ཉམས་ཤིང་བཤགས་པས་མ་སྦྱང་བའི་ལྡེབ་༡པ་ཆད་ཡོད། སྦྱོངས་ཀྱི་འཕོ་བ་ནི། །སྤྱིར་ཁྲིད་རིམ་གང་དག་གི་དཀྱུས་ནས་འབྱུང་བ་ལྟར། །བླ་མ་ཉམས་མྱོང་ཅན་ལ་ཞུས་ནས་རྟགས་ཐོན་དུ་སྦྱོང་དགོས་པ་ཡིན་ལ། །ཁྱད་པར་མན་ངག་འདི་ཉིད་ཀྱི་ལུགས་ལ་སྦྱོར་དངོས་རྗེས་གསུམ་མོ། །དང་པོ་ལ་ཡང་གསུམ་སྟེ། དང་པོ་སྐྱབས་སུ་འགྲོ་བ་ནི། ན་མོ་དེང་ནས་བཟུང་སྟེ་བླ་མེད་བྱང་ཆུབ་བར། །བདག་སོགས་རིགས་དྲུག་འཁོར་བའི་སེམས་ཅན་རྣམས། །མགོན་པོ་འོད་དཔག་མེད་པའི་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི། །ལན་གསུམ་སོགས་གང་ནུས་པ་ལྡབ། གཉིས་པ་སེམས་བསྐྱེད་པ་ནི། ཧོ། ཐོག་མཐའ་མེད་པ་རིགས་དྲུག་རྒྱུད་ལྔའི་འགྲོ། །འོད་དཔག་མེད་པའི་གོ་འཕང་ལ་འགོད་ཕྱིར། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཟབ་ལམ་འཕོ་བའི་རྣལ་འབྱོར་བསྒོམ་པར་བྱ། །གོང་ལྟར་བྱ། གསུམ་པ་ཡན་ལག་བདུན་པ་ནི། ཧོཿ བདག་ལུས་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་དུ། །སྤྲུལ་ནས་འཆི་མེད་མགོན་པོར་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་ཀུན། །བདེ་ཆེན་ཞིང་གི་ལྷ་ཚོགས་རྣམས་ལ་འབུལ། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཉེས་ལྟུང་ཀུན། །གནོང་འགྱོད་དྲག་པོའི་སེམས་ཀྱིས་མཐོལ་ལོ་བཤགས། །བདེན་གཉིས་ཀྱིས་བསྡུས་དགེ་ཚོགས་ཇི་སྙེད་ལ། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ངོ་། །གདུལ་བྱའི་དབང་པོའི་སྐལ་བ་བསམ་པ་བཞིན། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །རྒྱལ་བ་སྲས་བཅས་མྱ་ངན་མི་འདའ་བར། །སྲིད་མཐའི་བར་དུ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འགྲོ་རྣམས་བདེ་ཆེན་ཞིང་ཁམས་ཐོབ་ཕྱིར་བསྔོ། དེ་དག་གི་དམིགས་རིམ་རྣམས་ཀྱང་གསལ་ཐེབས་པར་བྱའོ། །གཉིས་པ་དངོས་གཞི་ལ་ཡང་རྣམ་གྲངས་ལྔ་ལས། དང་པོ་བཅའ་བའི་ལུས་ཀྱི་གནད་རྣམ་སྣང་ཆོས་བདུན་དང་ལྡན་པའི་ངང་ནས་ཕྱི་ལུས་ཀྱི་སྟོང་ར་ལྷར་གསལ་བ་ནི། སེམས་གཞན་དུ་སྐད་ཅིག་ཀྱང་མ་ཡེངས་པའི་ངང་ནས། ༀ་སྭ་བྷཱ་ཝ་ སོགས། ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་དང་བམ་རོའི་གདན་ལ་རང་ཉིད་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས་སྤྱོད་པའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་། རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ཕྱར་ཞིང་། །གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། །ཡབ་ཧེ་རུ་ཀའི་ངོ་བོ་ཁཊྐཾ་མཆན་ཁུང་གཡོན་དུ་བཅུག་ཅིང་། །ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་། །གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་བ། །ཐོད་སྐམ་ལྔས་དབུ་བརྒྱན་ཐོད་རློན་ལྔ་བཅུའི་དོ་ཤལ། །རུས་པའི་རྒྱན་གྱིས་སྤྲས་པ། །སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། །གསལ་ལ་འཛིན་པ་མེད་པ་ཆུ་ནང་དུ་ཟླ་བ་ཤར་བ་ལྟ་བུ། །སྒྲིབ་གཡོགས་ཐོགས་རེག་དང་བྲལ་བའི་ལུས་དབུས་སུ། གཉིས་པ་ནང་རྩའི་སྟོང་ར་ནི། རྩ་དབུ་མ་བདེ་བ་མཚོན་ཕྱིར་ཕྱི་དཀར་བ། །གསལ་བ་མཚོན་ཕྱིར་ནང་དམར་བ། མི་རྟོག་པ་མཚོན་ཕྱིར་དབུས་སྔོ་སང་ངེ་བ། ངན་སོང་གི་སྒོ་བཀག་ཕྱིར་མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་སྨྱུག་ཚིགས་འགག་པ་ལྟར་ཕུག་རྡུགས་སུ་བཟླུམ་པ། ཐར་པའི་སྒོ་དབྱེ་ཕྱིར་ཡར་སྣེ་སྤྱི་བོའི་ཚངས་པའི་བུ་གར་རྒྱ་མཐོངས་ཕྱེས་པར་ལྟར་ཧད་པོར་ཡོད་པ། བྱང་ཆུབ་ཀྱི་ལམ་མཚོན་ཕྱིར་ཤིན་ཏུ་དྲང་སྦོམ་ཕྲ་སྦ་སྨྱུག་འབྲིང་ཙམ། དེ་ཡང་པདྨའི་འདབ་མ་ལྟར་སྲབ་པ་ཏིལ་གྱི་མར་མེ་ལྟར་གསལ་བ། །རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ་སྟེ་མཚན་ཉིད་བཞི་ལྡན་གྱི་སྙིང་གའི་ཐད་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུའི་རྩེ་མོར། གསུམ་པ་འཕོ་བྱ་རླུང་སེམས་གསལ་བ་ནི། རླུང་གི་དཀྱིལ་འཁོར་ལྗང་གུ་གཡོ་བ་དང་བཅས་པའི་སྟེང་དུ་སེམས་ཀྱི་ངོ་བོ་འོད་ཀྱི་ཐིག་ལེ་དཀར་ལ་དམར་མདངས་ཅན། །སྲན་མ་ཙམ་ཞིག་འཕར་འདར་གྱི་རྣམ་པས་གནས་པར་བསམ། བཞི་པ་འཕོ་ཡུལ་ལྷག་པའི་ལྷ་བསྐྱེད་པ་ནི། རང་གི་སྤྱི་བོར་ཁྲུ་གང་ཙམ་གྱི་ནམ་མཁར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་དང་གཉིས་སུ་མེད་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྣང་མཐའ་ཡས་འཆི་མེད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་གཟི་བརྗིད་ཀྱི་རྒྱལ་པོ་སྐུ་མདོག་པདྨ་ར་གའི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ལྷུང་བཟེད་འཛིན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དབུ་ལ་གཙུག་ཏོར། ཞབས་ལ་འཁོར་ལོ་སོགས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལྡན་པ། ཆོས་གོས་རྣམ་གསུམ་སོགས། མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། །ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོ་བཞིན་བཞུགས་པར་བསྒོམ། །དེའི་གཡས་སུ་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དཀར་པོ་ཕྱག་གཡོན་དུ་པདྨའི་སྡོང་པོ་འཛིན་པ། གཡོན་དུ་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་ངོ་བོ་དཔལ་གསང་བའི་བདག་པོ་མཐིང་ག་ཕྱག་གཡོན་སྡོང་པོ་དང་བཅས་པའི་པདྨས་བཏེགས་པའི་རྡོ་རྗེ་བསྣམས་པ། །གཉིས་ཀའི་ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་ཞབས་བཞེངས་སྟབས་བྱང་ཆུབ་སེམས་དཔའི་ཆས་རྫོགས་པ་པདྨའི་གདན་ལ་བཞུགས་པའོ། །དེའི་མཐའ་སྐོར་དུ་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་སོགས། མདོར་ན་བདེ་བ་ཅན་གྱི་ཞིང་གི་རྟེན་དང་བརྟེན་པར་བཅས་པ་མ་ལུས་ཤིང་ལུས་པ་མེད་པའི་དཔལ་ཡོན་ཕུན་སུམ་ཚོགས་པ་འོད་དང་འོད་ཟེར་གྱི་ཕུང་པོ་ཆེན་པོ། མཆོག་ཏུ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པར་བསམ་ལ། །དེ་དག་གི་སྟེང་འོག་ཕྱོགས་མཚམས་རྣམས་སུ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་འཇའ་ཚོན་སྣ་ཚོགས་འཁྲིགས་པའི་ཀློང་ན་བཞུགས་པར་བསྒོམ་མོ། དེ་དག་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་བྱིན་རླབས་མཐུ་རྩལ་བདེན་པའི་སྟོབས་ཀྱིས་བདག་སོགས་ལས་ངན་གྱི་དབང་དུ་སྐད་ཅིག་ཙམ་ཡང་མ་གཏོང་ལ། །མགོན་པོ་འོད་དཔག་ཏུ་མེད་པའི་ཐུགས་དགོངས་པའི་ཀློང་དུ་ད་ལྟ་ཉིད་དུ་འཚང་རྒྱ་བར་ཤོག་ཅིག་སྙམ་པའི་འདུན་པ་ཡང་ནས་ཡང་དུ་བྱ་བ་གལ་ཤིན་ཏུ་ཆེའོ། ལྔ་པ་གསོལ་བ་འདེབས་པ་ལ་ཡང་རྙིང་མ་དང་གསར་མའི་ལུགས་གཉིས་ལས། དང་པོ་ནི། ཨོ་རྒྱན་ཆེན་པོས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །སེམས་ཐེ་ཚོམ་དང་བྲས་བའི་བསམ་པ་འགྲུབ། ཞེས་གསུངས་པ་དང་། བྱིན་རླབས་ནི་དད་པ་ཁོ་ནའི་རྗེས་སུ་འགྲོ་ངེས་པ་ཡང་། གཤིན་རྗེ་གཤེད་ཀྱི་རྒྱུད་ལས། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །མན་ངག་དམ་པ་བསྟེན་བྱས་ཀྱང་། །སློབ་མར་ཡིད་གཉིས་ཡོད་གྱུར་ན། །དེ་ལ་དངོས་གྲུབ་རིང་བར་བཤད། ཞེས་སོ། །དེས་ན་ཡིད་གཉིས་ཐེ་ཚོམ་མེད་པའི་ངང་ནས་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདི་ལྟར་གདབ་པོ། ཨེ་མ་ཧོཿ གནས་རང་སྣང་དོན་གྱི་འོག་མིན་ནཿ ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་ཿ སྐྱབས་ཀུན་འདུས་རྩ་བའི་བླ་མ་ནིཿ སྐུ་ཐ་མལ་མ་ཡིན་དྭངས་མའི་ལུསཿ དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགསཿ ཡིད་མོས་གུས་གདུང་བས་གསོལ་བ་འདེབསཿ ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབསཿ གནས་འོག་མིན་བགྲོད་པར་བྱིན་གྱིས་རློབསཿ དབྱིངས་ཆོས་སྐུའི་རྒྱལ་ཟིན་པར་ཤོགཿ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿ ལྔ་ཚར་དང་སྟབས་གཅིག་འཕོཿ མཇུག་རླུང་གི་གནད་ནི། རླུང་ཕྱིར་དབྱུང་ནས་ནང་དུ་མི་རྔུབ་པར་ཧིཀཿ ཉེར་གཅིག་གམ་བདུན་རེ་བརྗོད་ཚེཿ གོང་གི་དམིགས་པའི་སྐབས་ཀྱི་རླུང་དཀྱིལ་དྲག་ཏུ་གཡོས་ཏེ། སེམས་ཀྱི་ངོ་བོ་ཐིག་ལེ་དེ་བསྐྱོད་པས་སྐར་མདའ་བཞིན་འོད་དཔག་མེད་ཀྱི་ཐུགས་ཀར་རླུང་སེམས་དབྱེར་མེད་དུ་ཐིམ་པར་བསམ་ལ། ཧིཀཿ བདུན་རེས་ཡར་སྤར་བའི་དམིགས་པ་ཁོ་ནའི་མཐར་ལན་རེ་གཉིས་ཙམ་ལས་མར་མ་བབ་ན་རྟགས་འབྱོང་སླ་བ་མྱོང་གྲུབ་ཡིན་པས་དེ་བཞིན་འཚལ། ཡང་གཏེར་སྟོན་ཆེན་པོ་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་ནི། གོང་གི་དམིགས་པ་རྣམས་ནི་སྔར་བཞིན་གསལ་གདབ་ལ། ཡིད་གཞན་དུ་མ་ཡེངས་པའི་ངང་ནས་འདི་ལྟར་རོ། ༈ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོཿ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབསཿ ཟབ་ལམ་འཕོ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། འབྱོང་བར་བྱིན་གྱིས་རློབསཿ མྱུར་ལམ་མཁའ་སྤྱོད་འགྲུབ་པར༴ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐགཿ བདེ་བ་ཅན་དུ་སྐྱེ་བར༴ སངས་རྒྱས་འོད་དཔག་མེད༴ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ༴ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོཿ སྤྲུལ་སྐུ་པདྨ་འབྱུང་གནས་ལ༴ སངས་རྒྱས་འོད་དཔག་མེད༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༴ སངས་རྒྱས་འོད༴ གཏེར་སྟོན་ཉི་ཟླ་སངས་རྒྱས་ལ༴ སངས་རྒྱས་འོད༴ དྲུག་ལྡན་བརྒྱུད་པའི་བླ་མ༴ སངས་རྒྱས༴ དྲིན་ཅན་རྩ་བའི་བླ་མར༴ སངས་རྒྱས༴ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ༴ སངས་རྒྱས༴ མཁའ་འགྲོ་ཆོས་སྐྱོང་སྲུང་མ། ཟབ་ལམ༴ མྱུར་ལམ༴ བདག་སོགས༴ བདེ་བ་ཅན༴ ཞེས་སོགས་དམིགས་པ་དང་སྤར་ཆོག་གོང་ལྟར་རོ། ༈ །སླར་ཡང་གནས་ཆོས་ཀྱི་འཕོ་བ་འདི་ཡང་འཕོ་བྱ་འཕོ་ཡུལ་སོགས་མིང་གནད་ལ་མ་ཡེངས་པའི་ངང་ནས། ཨེ་མ་ཧོ། ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་ཿ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ། །བདག་གིས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབསཿ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབསཿ ཞེས་གོང་ལྟར་དམིགས་པ་དང་སྤར་ཆོག་བྱའོཿ ༈ གཉིས་པ་སྔགས་གསར་མའི་ལུགས་ལའང་འཕོ་བའི་གདམས་པ་མང་དུ་ཡོད་ཀྱང་གང་ཟག་སྙན་བརྒྱུད་དང་། བཀའ་བབ་དོན་གྱི་བརྒྱུད་པ་ལྟར་འགོད་པ་ལ། འཕོ་བྱ་འཕོ་ཡུལ་འཕོ་བྱེད་སོགས་སྤྱིར་ནི་གོང་ལྟར་དང་། སྒོས་སུ་སྙིང་གའི་ཐིག་ལེ་དེ་ཧཱུཾ་སྔོན་པོ། འཕོ་ཡུལ་གྱི་ཐུགས་ཀ་ནས་ཐུགས་རྗེའི་དཔྱང་ཐག་ཡེ་ཤེས་འོད་ཟེར་འཇའ་ཚོན་གྱི་ཆུན་པོ་ལྟ་བུ་བྱུང་ནས་རང་གི་སྙིང་གའི་ཧཱུཾ་ཡིག་ལ་རེག་པས་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་དེ་སྦུབས་མཆུ་ནས་ཆུ་དྲངས་པ་བཞིན། །འཇའ་ཚོན་གྱི་ཐག་པ་བརྒྱུད་དེ་སངས་རྒྱས་ཀྱི་ཐུགས་ཀར་ཐིམ་པའི་དམིགས་པ་དང་སྦྲགས་ཏེ་སྤར་ཆོག་བྱེད་དགོས་པའི་ཁྱད་པར་ཙམ་མོ། གསོལ་འདེབས་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོབ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །ཏེ་ལོ་ཤེས་རབ་བཟང་པོ་གསང་བའི་བདག །བཟོད་མེད་གདུང་ཤུགས་དྲག་པོ་མན་ཚིག་དྲུག་པོ་འདི་ཀུན་ལ་སྦྱར་རོ། བྱང་ཕུ་ལ་ཧ་རིའི་དགོན་པ་ན། ནཱ་རོ་ཡེ་ཤེས་དངོས་གྲུབ་པཎྜི་ཏ། བཟོད་མེད་སོགས་འགྲེའོ། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །སྒྲ་བསྒྱུར་མར་པ་ཆོས་ཀྱི་བློ་གྲོས་རྗེ། །བཟོད་མེད༴༴༴༴༴༴ ནུབ་ལ་ཕྱི་གངས་ཀྱི་ར་བ་ན། མི་ལ་བཞད་པ་རྡོ་རྗེ་གྲུབ་པའི་གཙོ། །བཟོད་མེད༴༴༴༴༴༴ ཤར་དྭགས་ལྷ་སྒོམ་པོའི་གནས་མཆོག་ན། །ཆོས་རྒྱལ་ཟླ་འོད་གཞོན་ནུ་རིན་པོ་ཆེ། །བཟོད་མེད༴༴༴༴༴༴ རྣམ་དག་བཤད་སྒྲུབ་རྒྱ་མཚོའི་ཕོ་བྲང་ན། །རྒྱལ་བསྟན་འཛིན་སྐྱོང་སྤེལ་མཛད་བརྒྱུད་འཛིན་སྡེ། །བཟོད་མེད༴༴༴༴༴༴༴ མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་མངའ་བདག་མཆོག །རྒྱུད་སྡེ་བཞི་དྲུག་ཡི་དམ་དཀྱིལ་འཁོར་ལྷ། །བཟོད་མེད༴༴༴༴༴༴ བཀའ་གསང་དམ་ཚིག་རྡོ་རྗེའི་གན་མཛོད་ལ། །དབང་བསྒྱུར་མཁའ་འགྲོ་ཆོས་སྐྱོང་མཐུ་སྟོབས་བདག །བཟོད་མེད༴༴༴༴༴༴ འཕོ་བྱ་འཕོ་བྱེད་འཕོ་ཡུལ་ཀུན་རྫོབ་ཆོས། །ཡོད་མེད་ལ་སོགས་མཐའ་ལ་མི་གནས་པ། །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །དོན་དམ་ཆོས་ཉིད་འཕོ་བ་མངོན་གྱུར་ཤོག །ཅེས་པ་འདི་ཉིད་ཀྱི་དམིགས་གནད་བཤད་མ་ཐག་པ་བཞིན་སྤར་ཆོག་ཡང་ནས་ཡང་དུ་བྱའོ། །དེ་ལྟ་བུའི་བརྒྱུད་ཚུལ་སྔ་ཕྱིའི་འགྱུར་གཉིས་ཀྱི་ཆུ་བོ་བདག་ལ་གཅིག་ཏུ་འདྲེས་ཕྱིར་སྐྱབས་ཡུལ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ནས་འཕོ་བ་མྱུར་དུ་འབྱོང་བའི་གསོལ་འདེབས་ནི། ཨེ་མ་ཧོཿ མ་ལུས་འགྲོ་བའི་སྐྱབས་མཆོག་བཅོམ་ལྡན་འདསཿ མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབསཿ བདག་སོགས་ལས་ཉོན་དབང་དུ་མི་གཏོང་བར། །ཁྱེད་ཐུགས་མཁའ་དབྱིངས་ཀློང་དུ་བསྟིམ་པར་མཛོད། །ཀྱེ་མ་ལྔ་བརྒྱའི་སྙིགས་མའི་མཐུས་ནོན་བདག་དང་འགྲོ། །དམ་ཆོས་བསྒྲུབ་པའི་ལོང་མེད་གློ་བུར་འཆི། །འདི་ལ་མགོན་པོ་ཁྱེད་ཀྱིས་མི་གཟིགས་ན། །དུས་ལས་ཡོལ་མིན་ཐུགས་རྗེའི་འཇུག་པ་གང་། །ཀྱེ་མ་མྱུར་མགྱོགས་ཐུགས་རྗེས་ལྕགས་ཀྱུའི་སྒྱུ་འཕྲུལ་གྱིས། །འཁོར་བའི་འདམ་ན་བདག་སེམས་ཐིག་ལེ་གཟུགས། །སྐད་ཅིག་ཡུད་ཙམ་མགོན་ཁྱེད་ཐུགས་གསང་དང་། །དབྱེར་མེད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཀྱེ་མ། འཆི་མེད་མགོན་པོ་སྤྱན་རས་གཟིགས་དབང་དང་། །རྡོ་རྗེ་འཛིན་སོགས་སངས་རྒྱས་བྱང་སེམས་ཚོགས། །ཉན་རང་དང་བཅས་བདེ་ཆེན་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་འཕོ་བ་མངོན་གྱུར་ཤོག །ཀྱེ་མ། ཆོས་ཅན་རྟེན་ཅིང་འབྲེལ་འབྱུང་འཕོ་བ་ཡང་། །རང་བཞིན་མེད་པ་སྒྱུ་མ་རྨི་ལམ་འཕྲུལ། །དོན་དམ་མཐའ་བཞིར་མི་གནས་དབུ་མའི་ལམ། །མངོན་གྱུར་རྫོགས་ཆེན་འབྲས་བུ་ཡོངས་སྨིན་ཤོག །ཅེས་གོང་གི་དམིགས་པ་གཉིས་གང་རུང་ལྟར་སྤར་འབེབས་གནད་དང་ལྡན་པར་བྱའོ། །གསུམ་པ་རྗེས་ལ་ཡང་རྣམ་པ་གསུམ་ལས ། དང་པོ་ཐུན་བསྡུ་བའི་ཚེ། ཐིག་ལེ་མར་བབས་སྙིང་དབུས་པད་གདན་ལ་གཡོ་མེད་དུ་གནས་པ་ལ་སེམས་ཡུན་རིང་དུ་བཟུང་མཐར། །སྤྱི་བོའི་ལྷ་ཚོགས་རྣམས་ཀྱང་འཁོར་རྣམས་གཙོ་བོ་ལ་ཐིམ། གཙོ་བོའི་ཕྱག་གི་ལྷུང་བཟེད་ནས་བདུད་རྩི་ལུད་པ་རང་གི་སྤྱི་གཙུག་ཏུ་ཐིམ། །ལུས་གང་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་མོས་ནས་ཚེ་གཟུངས་ཅི་ནུས་བཟླ། མཐར་གཙོ་བོ་འོད་ཕུང་གི་རྣམ་པ་རང་གི་སྤྱི་བོ་ནས་ཐིམ་པས་རང་གི་སྒོ་གསུམ་དང་སངས་རྒྱས་ཀྱི་གསང་བ་གསུམ་དབྱེར་མེད་དུ་འདྲེས་པར་མོས་པ་དང་། །དབུ་མའི་ཡར་སྣེ་ཟླ་དཀྱིལ་དང་སྣ་ཚོགས་རྡོ་རྗེས་བཀག་པར་བསམ་མོ། །གཉིས་པ་ནི་བདེ་སྨོན་སོགས་སྨོན་ལམ་གྱི་རྗེས་སུ་བསྔོ་བས་རྒྱས་གདབ་པར་བྱའོ། །དེས་འཕོ་བ་སྦྱོང་ཐབས་རྣམས་རྫོགས། །གསུམ་པ་ཅེས་ཀྱང་ཕན་པ་མེད་ཅིང་འཆི་ངེས་ལ་བབ་ ཚེ། འཕོ་བ་ལས་ལ་སྦྱར་བ་ནི། ཚེ་འདི་སྣང་གི་ཆགས་སྡང་ཐམས་ཅད་སྙིང་ནས་སྤོངས་ལ་གོང་ལྟར་གྱི་དམིགས་གནད་རྣམས་གསལ་བར་བྱས་ལ། སྙིང་ཁའི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེའམ་ཧཱུཾ་ཡིག་དེ་དཔག་ཆེན་གྱིས་མདའ་ལྟར་སངས་རྒྱས་ཀྱི་ཐུགས་ཀར་སྤར་ཆོག་གང་ནུས་ཀྱིས་འཕོས་ལ་མར་འབེབ་ཀྱི་དམིགས་པ་མི་བྱའོ། ༈ འཕོ་ཁྲིད་དུ་ཧྲཱིཿ ལྔ་ཚར་གྱི་དོན། རང་གི་ཕུང་པོ་ལྔ། ཁམས་ལྔ། དུག་ལྔ། རླུང་ལྔ་ལ་སོགས་ཀྱི་རྟེན་འཕོ་བྱ་འོད་ཀྱི་ཐིག་ལེ་དེ་ཉིད་ཧྲཱིཿ ལྔ་བརྗོད་པའི་སྒྲས་འཕོ་ཚེ། ཐོབ་བྱ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་སྣང་བ་མཐའ་ཡས་སོ། །ཕཊཿ ཀྱི་སྒྲ་དོན་མང་དུ་ཡོད་ཀྱང་། སྐབས་འདིར་སྐུ་ལྔ་དབྱེར་མེད་དུས་བསྟིམས་ནས་གཉིས་སུ་འཛིན་པ་གཅོད་པའི་དོན་ནོ། །འདི་དག་གི་དོན་ཤེས་པར་བྱ་བ་ལས་སྐུ་ལྔའམ་དྲུག་གི་དམིགས་པ་སོ་སོར་དགོས་པ་ནི་མ་ཡིན་ནོ། དེ་ཡང་ལྡེབ་༡༦པ་མན་མཇུག་མ་ཚང་། །

དྲེགས་པ་ཡོངས་རྫོགས་ཀྱི་འཕྲིན་ལས་ཀྱི་བྱང་བུ་གནམ་ལྕགས་ཐོག་མདའ།

༄༅། །དྲེགས་པ་ཡོངས་རྫོགས་ཀྱི་འཕྲིན་ལས་ཀྱི་བྱང་བུ་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་བཞུགས། །

འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོ་ཁྲག་འཐུང་གི་རྒྱལ་པོ་བཅོམ་ལྡན་འདས་པདྨ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ། གདོད་ནས་མངོན་སངས་རྒྱས་ཀྱང་འགྲོ་འདུལ་སྤྲུལ་སྐུའི་ཚུལ། །འགྲོ་ལ་མ་ལྟར་བྱམས་ཀྱང་ཁྲོས་པའི་ཆ་ལུགས་ངོམ། །དྲག་པོའི་ལས་ལ་སྤྱོད་ཀྱང་ལས་ངན་རྒྱུན་གཅོད་ཕྱིར། །པདྨ་ཐོད་ཕྲེང་དེ་ཡང་རང་ལས་གཞན་པ་སུ། །སྲིད་པའི་གཟུགས་སུ་སྣང་ཡང་རྣམ་པར་གྲོལ་བའི་ཐུགས། །སྤྲོས་པའི་མཐའ་ལས་འདས་ཀྱང་རྟེན་འབྱུང་གཟུགས་མི་འགོག །དབེན་པར་གཏེར་དུ་སྦས་ཀྱང་འགྲོ་དོན་རྒྱུན་ཆད་མེད། །མཁྱེན་བརྩེའི་འོད་ཟེར་དེ་ཡང་རང་སེམས་དཀྱིལ་ན་འབར། །ཡེ་ནས་སྐྱེ་བ་མེད་ཀྱང་འཁོར་འདས་ལྷུན་གྱིས་གྲུབ། །ཆོས་རྣམས་ངོ་བོས་སྟོང་ཀྱང་རྟེན་འབྲེལ་འགག་པ་མེད། །མྱང་འདས་གཉིས་སུ་མེད་ཀྱང་བདེ་སྡུག་གཟུགས་བརྙན་མངོན། །ཐམས་ཅད་མཉམ་པ་ཉིད་ཀྱང་འཁྲུལ་གྲོལ་སོ་སོར་བྱུང་། །ཕྱི་ནང་གསང་བའི་འཁྲུལ་རྟོག་སོ་སོ་ལས། །དྲེགས་པ་སོ་སོའི་མངོན་རྟོགས་མངོན་གྱུར་ཀྱང་། །དོན་ལ་རྡོ་རྗེ་འཆང་དང་ཐ་མི་དད། །དེ་ཕྱིར་དྲེགས་པའི་ཆོ་ག་ཁྲིགས་སུ་སྡེབ། །མཆོག་གསུམ་རྩ་གསུམ་ཀུན་འདུས་པད་འབྱུང་དང་། །དབྱེར་མེད་རིག་འཛིན་འཇིགས་མེད་གླིང་པ་སོགས། །རྩ་བ་བརྒྱུད་པའི་བླ་མའི་མཐུ་བྱིན་གྱིས། །དྲག་པོའི་ལས་འདི་འགྲུབ་པའི་མཐུ་དཔུང་སྐྱེད། །དེ་ལ་འདིར་ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་མཆོག་དང་སྤྲུལ་པར་བཅས་པའི་ལས་ཀྱི་བྱང་བུ་འགོད་པར་བྱ་བ་ལ་དོན་གསུམ་གྱིས་སྟོན་ཏེ། སྦྱོར་བ་ཡོ་བྱད་ཀྱི་ཉེར་སྡོག །དངོས་གཞི་ཆོ་གའི་རིམ་པ། རྗེས་སུ་ལས་ལ་སྦྱོར་ཚུལ་དང་གསུམ་ལས། དང་པོ་ནི། རྗེ་བླ་མས་མཛད་པའི་ཕུད་སྐོང་བརྔན་སྦྱིན་རྒྱ་མཚོས་འཁོར་འདས་ཀྱི་མགྲོན་ཚིམས་པར་བྱས་ནས། སྤྱིར་ན་གཞུང་སོ་སོའི་ལས་སྦྱོར་གྱི་རྫས་དང་ཡོ་བྱད་སོགས་མ་ཚང་བ་མེད་པ་དང་། །ཁྱད་པར་ལས་རླུང་ལ་བཅོལ་བའི་འཁོར་ལོའི་བཅའ་ག་ཚང་ལ་མངོན་པར་བསྟར་ནས། །དཀྱིལ་འཁོར་མཐོང་བརྒྱུད་ཀྱི་ཕྱག་ལེན་བཞིན་ཡུལ་དུས་དང་བསྟུན་པར། གོང་ནོན་དཔལ་ཆེན་འདུས་པའི་གཏོར་མ་སྨན་རཀ་ཉེར་སྤྱོད་དང་བཅས་པའི་མདུན་དུ། གཞི་ནག་པོར་ཐོད་མཁར་གྲུ་གསུམ་གྱི་དབུས་སུ། དགྲ་གཟུགས་བྲིས་པ་ལ་སྔགས་སྲུང་ལྕམ་དྲལ་ལྔའི་གཏོར་མ་དང་། མཐར་སྐོར་དུ་འཁོར་ལོ་རྩིབས་བརྒྱད་ཕྱི་ནང་ལྔ་རིམ་བྲིས་པ་ལ་སྡེ་བརྒྱད་བརྒྱད་ཚན་ལྔ་པོ་སོ་སོའི་གཏོར་མ་བཀོད་པའི་འཁོར་ཡུག་ཏུ་ལྷ་རྣམས་དམར་པོ་ལ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་ཡུལ་ལྷ་གཞི་བདག་དང་བཅས་པའི་གཏོར་མ་འདོན་ཆ་ལྟར་བཀོད། ཕྱི་རོལ་གྲུ་བཞིར་བཅད་པའི་ལྕགས་རི་ལ་རྩང་དྲ་སོགས་སྤྱི་དང་མཐུན་པར་བྱ། གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་བདག་བསྐྱེད་ནི་དྲགས་པོ་དཔལ་ཆེན་འདུས་པའི་ལས་གཞུང་བསྲིངས་ནས། འཛབ་ལ་འཇུག་ཚེ་ཕཊ༔ཛས་འཛབ་ཁང་དབྱེས་ལ་བདག་བདུན་གྱི་དམིགས་པ་གསལ་བར་བསྙེན་སྒྲུབ་གཉིས་དང་། ཁྱད་པར་ལས་སྦྱོར་གྱི་སྔགས། དམིགས་གནད་དང་ལྡན་པས་གང་མང་བཟླས་ལ་མཐར་མཆོད་བསྟོད་བྱ། དེ་ནས་ཚོགས་ཀྱི་འཁོར་ལོས་མཆོད་པ་ལྟར་ལྷག་གཏོར་བཏང་བ་ཡན་ཆད་དཀྱུས་ལྟར་གྲུབ་ནས། གཉིས་པ་དྲེགས་པའི་ཆོ་ག་དངོས་ལའང་དགུ་ལས། དང་བོ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རཾ༔ཡཾ༔ཁཾ༔ དུ་གྱུར་པ་མཆོད་རྫས་དང་གཏོར་མ་ལ་ཕོག༔ རཾ་ལས་མེས་མ་དག་པ་ཐམས་ཅད་བསྲེག༔ ཁཾ་ལས་ཆུ་བྱུང་བས་སྦྱངས༔ ཡཾ་ལས་རླུང་བྱུང་བས་གཏོར་ཏེ༔ སྟོང་པའི་ངང་ལས་ཀེཾ་ལས་མི་མགོའི་སྒྱེད་པོ་གསུམ་གྱི་སྟེང་དུ༔ ཐོད་པ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་ཙམ་གྱི་ནང་དུ་གཏོར་མ་སོ་སོ་ༀ་ཨཱ༔ཧཱུྃ་ལས་ཤ་ལྔ་དང་བདུད་རྩི་ལྔའི་རང་བཞིན་རི་རབ་དང་རྒྱ་མཚོ་མཉམ་པར་ཁེངས༔ ཡཾ་ལས་རླུང་གཡོས༔ རཾ་ལས་མེ་འབར་བས་ཐོད་པའི་བདུད་རྩི་ཁོལ༔ ཟླ་བའི་ཁ་ཆོད་རྡོ་རྗེ་རྩེ་ལྔ་པས་བརྒྱན་བའི་ལྟེ་བ་ལ་ༀ་ཨཱ༔ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས༔ ཐོད་པའི་བདུད་རྩི་ལ་ཐིམ་པས༔ ཡེ་ཤེས་ཀྱི་བདུད་རྩི་འདོད་དགུ་ཐམས་ཅད་འབྱུང་བའི་རང་བཞིན་དུ་གྱུར༔ ༀ་ཨཱ༔ཧཱུྃ་སརྦ་པཉྩ་ཨམྲྀ་ཏ་ཧཱུྃ་ཧྲཱི༔ཋཱ༔གསུམ། ༀ་ཨཱ༔ཧཱུྃ༔ མ་ཧཱ་བ་ལིང་ཏ་ཏེ་ཛྭ་བ་ལིང་ཏ་བ་ལ་ཝ་ཏེ་གུ་ཧྱ་ས་མ་ཡ་ཧཱུཾ་ཧྲཱི༔ཋཱ༔ གསུམ། ༀ་ཨཱ༔ཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱི༔ཋཱ༔ གསུམ། གཉིས་པ་སྲིད་པ་མ་མོའི་རྟེན་དང་བརྟེན་པ་བསྐྱེད་པ་ནི། རང་གི་བདུན་དུ་སྣང་སྲིད་ཐམས་ཅད་སྲིད་པ་མ་མོའི་དཀྱིལ་འཁོར་ཁྲག་ཞག་གི་རྦ་ཀློང་རབ་ཏུ་འཁྲུགས་པའི་ཀློང་བྷནྡྷ་འབར་བའི་གཞལ་ཡས་ཁང་༔ ཕྱོགས་མཚམས་སྐྱོང་བ་བཅུའི་མགོ་བོས་ཕྱོགས་ཕྱོགས་ཀྱི་རྩིག་པ་བྱས་པ་ལ་གནམ་ལྕགས་ཀྱི་གཟེར་བཏབ་ཅིང་ལྷ་ཆེན་པོ་བརྒྱད་ཀྱི་ཀ་བ་ལ་ཀླུ་ཆེན་པོ་བརྒྱད་གདུང་དུ་བྲེས་པ༔ གཟའ་ཆེན་པོ་བརྒྱད་ཀྱི་ཕྱམ་དང་། རྒྱུ་སྐར་གྱི་དྲལ་ཟིལ། རུ་ཏྲའི་ཐོག་དང་ཆུ་སྲིན་གྱི་རྟ་བབས༔ ཆོས་འཁོར་སྨུག་ནག་གདུགས་ཕུབས་པའི་གཡས་གཡོན་ནས་ཆུ་སྲིན་གྱི་ཕྲུ་གུ་བལྟ་བ༔ སྟག་དོམ་སེང་གེ་ལ་སོགས་པ་གཅན་གཟན་གདུག་པ་ཅན་གྱི་མགོ་བོས་ཁ་བད་བྱས་ཤིང་། ཞེ་སྡང་སྦྲུལ་གྱི་ཆུན་པོ་ལ་ཐོད་པ་ཚལ་བུར་བརྒྱུས་པའི་དྲ་བ་དང་དྲ་ཕྱེད་དཔྱངས་པ༔ འདོད་སྣམ་ལ་མཆོད་པའི་ལྷ་མོ་རྣམས་གར་བྱེད་ཅིང་། བྱང་ཤར་ནས་རིམ་པའི་ཟུར་བཞིར་རྡོ་རྗེ་དང་། གནམ་ལྕགས་དང་། དར་ཟབ་དང་། ཁྲག་གི་རྒྱལ་མཚན་ཆེན་པོ་བཞི་གནས་པའོ༔ ཕོ་བྲང་ཆེན་པོ་དེའི་ཕྱི་རིམ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ལ་གཤེན་རྗེ་དང་༔ བདུད་དང་སྲིན་པོའི་ཚོགས་གནས་ཤིང་མཐའ་ལྕགས་རི་ནག་པོས་བསྐོར་བའི་ནང་ཁོངས་སུ་དུར་ཁྲོད་ཆེན་པོ་བརྒྱད་ལ་རོ་རྣམ་པ་སྣ་ཚོགས། བམ་པ་དང་། རུལ་པ་དང་། མྱག་པ་དང་༔ སྟག་དང་གཟིག་དང་དོམ་དང་དྲེད་ལ་སོགས་པའི་གཅན་གཟན་དང་༔ དུར་བྱ་ཀང་ཀ་དང་བཞད་ལ་སོགས་པའི་ཤ་ཟན་མང་པོས་གང་བ༔ དུར་ཤིང་དང་བརྩུབས་ཤིང་དང་ཚེར་མ་ཅན་གྱི་ནགས་འདབས་ལ་གནོད་སྦྱིན་དང་༔ ཤ་ཟ་དང་རོ་ལངས་དང་ཕྲ་མེན་དང་༔ མ་མོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་མདོར་ན་དུར་ཁྲོད་ཀྱི་ཆོས་མ་ཚང་བ་མེད་པས་འཇིགས་པར་བྱས་པའི་མཐའ་མེ་དཔུང་དང་རྡོ་རྗེའི་རྭ་བའི་རྒྱ་ཡོངས་སུ་མ་ཆད་པ། དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་ཕྱི་ནང་ལྔ་རིམ་དང་ལྷ་སྣམ་དམར་པོས་འཁོར་ཡུག་ཏུ་བསྐོར་བའི་ལྟོ་བ་ལ་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པའི་གནས༔ ཐོད་མཁར་གྲུ་གསུམ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་སྣ་ཚོགས་རོའི་གདན་ལ་དཔལ་སྔགས་ཀྱི་བདག་མོ་ནག་མོ་ཁྲོས་མའི་རྒྱལ་མོ་ཀུན་ཏུ་བཟང་མོའི་སྤྲུལ་པ་འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་ཆེན་མོ་ལ་ཉིད་ལས་མི་གཞན་པའི་འཁོར་དཀར་མོའི་ཚོགས་དང་སེར་མོའི་ཚོགས་དང་དམར་མོའི་ཚོགས་དང་མཐིང་ནག་ལ་སོགས་པ་གྲངས་དང་མཐས་མི་གཏུགས་པ༔ ལ་ལ་མཛེས་མའི་ཆ་བྱད་ཅན༔ ལ་ལ་ཁྲོ་ཞིང་གཏུམ་པ༔ ལ་ལ་ཆགས་ཤིང་བཞད་པ་ལ་སོགས་མདོར་ན་ཡེ་ཤེས་དང་ལས་གྲུབ་པའི་མ་མོ་མཁའ་འགྲོའི་ཚོགས་རྣམ་འགྱུར་དང་མིང་གི་ཐ་དད་དུ་གྲུབ་པའི་རིགས་ཐམས་ཅད་དང་འཁོར་ལོ་རྒྱས་འདེབས་མའི་སྐུའི་སྤྲུལ་བ་དམ་ཅན་མ་མོ་བཅུ་གཉིས༔ གསུང་སྤྲུལ་མཁའ་འགྲོ་ཆེན་མོ་ལྔ༔ འཕྲིན་ལས་ཀྱི་སྤྲུལ་པ་བསྟན་མ་བཅུ་གཉིས༔ གཡས་སུ་སྦྱོར་བའི་གིང་ཆེན་དཔལ་ལྡན་ཡེ་ཤེས་མགོན་པོ༔ སྤྲུལ་པའི་མགོན་པོ་སྡེ་ལྔ༔ སྤྲུལ་པ་ཡང་འཁོར་དང་བཅས་པ༔ གཡོན་དུ་སྒྲོལ་བའི་གིང་ཆེན་སྐྱེས་མཆོག་རྡོ་རྗེ་ལེགས་པ་ཐེ་བྲང་སྟོང་སྡེ་དང་བཅས་པ༔ རྒྱབ་ཏུ་གསང་བའི་སྒྲོལ་གིང་གཟའ་བདུད་སྲོག་གི་སྤུ་གྲི་གཟའ་བརྒྱད་གདོང་མོ་བཞི་དང་བཅས་པ༔ མདུན་དུ་སྦས་པའི་དཀོར་སྲུང་དུར་ཁྲོད་ལྷ་མོ་གཙུག་ལག་དང་དགོན་གནས་རྣམས་ཀྱི་དཀོར་ཆ་བསྲུང་ཞིང་ཿ ནོར་ལ་ཀླུ་རྫས་མ་གནོད་སྦྱིན། ཟས་ལ་འདྲེ་མོར་བརྫུ་ཞིང་ངན་པའི། ངན་ནེ་མ་དམར་མོ་དར་ནག་གི་གོ་ཟུ་ཅནཿ གཡས་ལྕགས་ཀྱུ་དང་གཡོན་མེ་ལོང་བསྣམས་པཿ མིང་སྲིང་བརྒྱད་དང་བཅས་པ་མངོན་སུམ་བཞིན་གསལ་བར་གྱུར༔ དེའི་ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལྔ་རིམ་ལས་ནང་མ་དཀར་པོའི་མདུན་ནས་གཡས་བསྐོར་དུ་རིམ་པ་བཞིནཿ ལྷའི་དབང་པོ་བརྒྱ་བྱིན་དཀར་པོ་རྡོ་རྗེ་བསྣམས་པ། ཀླུའི་དབང་པོ་དགའ་བོ་སྔོན་པོ་སྦྲུལ་ཞགས། ལྷ་མིན་དབང་པོ་ཐག་བཟང་རིས་ལྗང་གུ་རལ་གྲི། །མིའམ་ཅི་ལྗོན་པ་རྟ་མགོ་ཅན་སེར་པོ་གླིང་བུ། གནོད་སྦྱིན་གང་བ་བཟང་པོ་མཐིང་ནག་རལ་གྲི། མཁའ་ལྡིང་གསེར་མིག་འཁྱིལ་བ་དཀར་པོ་སྦྲུལ། དྲི་ཟ་ཟུར་ཕུད་ལྔ་བ་དཀར་པོ་པི་ཝང་། ཆོས་སྐྱོང་མ་ཧཱ་ཀ་ལ་ནག་པོ་བེང་ཆེན་བསྣམས་པ་སྟེ་ཕྱིའི་དྲེགས་པ་སྡེ་བརྒྱད་པོ་གཡས་རང་རྟགས་དང་གཡོན་ཐམས་ཅད་སྡིགས་མཛུབ་མཛད་པའོ། དེའི་ཕྱི་རོལ་རྩིབས་བརྒྱད་དམར་པོ་ལ། །ཡབ་གཅིག་བདུད་རྗེ་ནག་པོ་གཡས་ཁྲམ་ཤིང་དང་གཡོན་དགྲ་སྟྭ། བཙན་རྒྱལ་ཡམ་ཤུད་དམར་པོ་མདུང་དར་དང་མདའ་གཞུ། ཡུལ་ལྷ་ཕྱ་སང་ཀླུ་སྲས་སྨུག་ནག་ནད་རྐྱལ་དང་རླུང་གཡབ། སྲོག་བདག་རྒྱལ་པོ་སྙིང་འབྱིན་དཀར་པོ་གསེག་ཤང་དང་ལྷུང་བཟེད། ཆོས་སྐྱོང་གནོད་སྦྱིན་དམར་པོ་མདུང་དམར་དང་རྒྱུ་ཞགས། ལྷ་མོ་འཇིགས་པའི་གློག་འབྱིན་མཐིང་ནག་རལ་གྲི་དང་ནད་རྐྱལ། དགེ་བསྙེན་རྡོ་རྗེ་ལེགས་པ་དམར་ནག་རྡོ་རྗེ་དང་དགྲ་སྙིང། དཀར་མོ་ཉི་ཟླའི་ཐོད་ཕྲེང་ཟོར་བ་དང་རླུང་གཡབ་བསྣམས་པ་སྟེ་ནང་གི་དྲེགས་པ་སྡེ་བརྒྱད་དོ། དེའི་ཕྱི་རོལ་རྩིབས་བརྒྱད་མཐིང་ཁ་ལ། །བདུད་པོ་ཁ་ཐུན་རཀྴ་ནག་པོ་དགྲ་སྟྭ་དང་ཞགས་པ། །གཤིན་རྗེའི་གཤེད་པོ་དམར་པོ་ཁྲམ་ཤིང་དང་གློ་སྙིང་། །ཀླུ་བདུད་ནཱ་ག་ར་ཛ་མཐིང་ནག་སྦྲུལ་ཞགས་དང་ནད་རྐྱལ། །གནོད་སྦྱིན་ཤན་པ་གྲི་ཐོགས་དམར་ནག་ཤང་ལང་དང་ནད་རྐྱལ། །མ་མོ་སྲིད་པའི་ཁྲམ་འདེབས་ནག་མོ་ཁྲམ་ཤིང་དང་ནད་རྐྱལ། །བཙན་པོ་ཡམ་ཤུད་སྲོག་ལེན་དམར་ནག་མདའ་གཞུ་འགེང་པ། །བདུད་པོ་རེ་སྡེ་མགོ་ཉག་ནག་པོ་ཁྲམ་ཤིང་དང་གློ་སྙིང་། །སྲོག་བདག་དུང་གི་ཐོར་ཚུགས་དཀར་པོ་རལ་གྲི་དང་ཞགས་པ་བསྣམས་པ་སྟེ་གསང་བའི་དྲེགས་པ་སྡེ་བརྒྱད་དོ། དེའི་ཕྱི་རོལ་རྩིབས་བརྒྱད་སེར་པོ་ལ། གཟའ་མཆོག་ར་ཧུ་ལ་སྨུག་ནག་མདའ་གཞུ་འགེང་པ། །དཀར་མཆོག་ཁྲམ་ཤིང་ཁ་འཐོར་དཀར་སྔོན་རླུང་གཡབ་དང་ནད་རྐྱལ། །བདུད་མཆོག་མ་ནུ་ཡཀྴ་ནག་པོ་སྟྭ་རེ་དང་ཁྲམ་ཤིང་། །བཙན་མཆོག་གྲི་བཙན་འཐུམ་པོ་དམར་སྔོན་མདུང་དམར་དང་གློ་སྙིང་། །མ་མཆོག་ལྕེ་སྤྱང་དུང་འཛིན་ལྗང་ནག་དུང་དང་རླུང་གཡབ། ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་དམར་སྐྱ་ནད་རྐྱལ་དང་ལྷོག་པ། མགོན་མཆོག་ནག་པོ་ལྟེ་དཀར་སྤུ་གྲི་དང་རྩེ་གསུམ། རྒྱལ་མཆོག་ལི་བྱིན་ཧ་ར་ནག་པོ་འཁོར་ལོ་དང་རླུང་གཡབ་བསྣམས་པ་སྟེ་མཆོག་གི་དྲེགས་པ་སྡེ་བརྒྱད་དོ། དེའི་ཕྱི་རོལ་རྩིབས་བརྒྱད་ལྗང་གུ་ལ། དཔུང་གཡས་དགྲ་ལྷར་སྤྲུལ་པ་རྒྱལ་ཆེན་པེ་ཧར་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ལྕགས་ཀྱུ་མདའ་དང་རལ་གྲི། །གཡོན་གསུམ་སྤུ་གྲི་གཞུ་དང་བེར་ནག །དཔུང་གཡོན་མ་མོར་སྤྲུལ་པ་སྲིད་པའི་རྒྱལ་མོ་ནག་མོ་མདའ་དར་དང་མེ་ལོང་། །མཆུ་སོ་བདུད་དུ་སྤྲུལ་པ་བདུད་རྗེ་ནག་པོ་བཀྲག་མེད་ཁྲམ་ཤིང་དང་རྩིས་རྡིལ། །མགོ་བོ་སྲིན་པོར་སྤྲུལ་པ་ལངྐ་མགྲིན་བཅུ་དམར་ནག་རླུང་གཡབ་དང་དབྱེ་སྒྲོ། །མཇུག་མ་དམུ་རུ་སྤྲུལ་པ་དགུ་རིམ་བརྩིགས་དུད་ཁ་ཕྱགས་མ་དང་རླུང་གཡབ། །ལག་གཡས་གཤིན་རྗེར་སྤྲུལ་པ་ཀི་ཀང་དམར་པོ་ཐོ་བ་དང་དགྲ་སྟྭ། །ལག་གཡོན་ཀླུ་བཙན་སྤྲུལ་བ་སྲོག་གཅོད་དམར་པོ་ལྕགས་མདུང་དང་བཙན་ཞགས། །མིག་སྙིང་མཆིན་གསུམ་གཟའ་བདུད་དུ་སྤྲུལ་པ་ར་ཧུ་ལ་དམར་ནག་མགོ་དགུ་བྱ་རོག་དབུ་དང་བཅུ་ཕྱག་བཞིས་མདའ་གཞུ་དང་སྦྲུལ་ཞགས། ཆུ་སྲིན་རྒྱལ་མཚན་བསྣམས་པ་སྟེ་སྤྲུལ་པའི་དྲེགས་པ་སྡེ་བརྒྱད་དོ། དེའི་ཕྱི་རོལ་གྱི་ལྷ་སྣམ་དམར་པོ་ལ། ས་བདག་ཧལ་ཁྱི་ནག་པོ། །ཀླུ་བདུད་སྒོ་ར་ནག་པོ། །སའི་ལྷ་མོ་བསྟན། གཞན་ཡང་དཔལ་མགོན་བདུན་ཅུ་རྩ་ལྔ། ཡུལ་ལྷ་གཞི་བདག་རྣམས་དང་། ཕོ་ལྷ། དགྲ་ལྷ། སྲོག་ལྷ། མོ་ལྷ་མ་སྨན་ལ་སོགས་པའི་སྣང་ཞིང་སྲིད་པའི་སྡེ་བརྒྱད་སྤྲུལ་འཁོར་དང་བཅས་པའོ། །དེའི་ཕྱི་རོལ་ལྕགས་རི་ལ་གནས་པའི་རྩང་རྣམས་སྔགས་བདག་དྲེགས་ཆེན་བཅོ་བརྒྱད། །དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྱི་ཚོགས་དང་བཅས་པ་ཐམས་ཅད་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམ་པའི་ཚུལ་གྱིས་འཁོད་པའོ། དེ་ལྟར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གྱིས་མཚན་པར་གྱུར། གསུམ་པ་ཐུགས་རྒྱུད་བསྐུལ་པའི་དམིགས་གནད་ནི། བདག་ཉིད་དཔལ་ཆེན་པོའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དམར་ནག་གློག་ཞགས་ལྟར་མྱུར་བ་འཕྲོས། །དྲེགས་པ་གཙོ་འཁོར་གྱི་སྙིང་ཁར་རེག་པ་ཙམ་གྱིས། འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སྐུ་གསུམ་རྒྱལ་བའི་ཞིང་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་སྒྱུ་འཕྲུལ་ཆེན་པོས་དྲེགས་པའི་རྣམ་པར་བསྒྱུར་ནས་བསྐྱོད་པ་དང་། ཆབས་ཅིག་ཏུ་འཇིག་རྟེན་རང་རྒྱུད་ཀྱི་དྲེགས་པའི་ཚུལ་བཟུང་བའི་དམ་ཚིག་ལ་གནས་པ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་རྣམས་ནས་གནམ་ས་གྲུམས་པའི་སྒྲ་ལྟར་སྲིད་པ་གསུམ་པོ་དུས་གཅིག་ཏུ་གཡོ་ནུས་པའི་སྟོབས་རྩལ་ནུས་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་སྐད་ཅིག་ཉིད་ལ་བྱོན་པར་གྱུར། བཞི་པ་སྤྱན་འདྲེན་པ་ནི། གུ་གུལ་དང་ཚིལ་ཆེན་བདུག་ཅིང་། རྐང་གླིང་བཤུག་རོལ་དང་བཅས་ཏེ། ཧཱུཾ་བྷྱོ༔ སྔགས་ཀྱི་སྲུང་མ་ཨེ་ཀ་ཙ་ཊི་མ། །སྤྱན་གཅིག་ཚེམས་གཅིག་ཕྱག་གཡས་དགྲ་སྙིང་དང་། །གཡོན་པས་གཡུ་སྤྱང་ཞབས་གཉིས་དོར་སྟབས་བསྒྲད། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་སྤྲུལ་འཁོར་འབུམ། །མ་ལུས་འཁོར་དང་བཅས་པ་གཤེགས་སུ་གསོལ། །གཡས་སུ་ལྷ་ཆེན་དཔལ་འབར་མ་ནིང་ནག །རབ་ཁྲོས་སྤྱན་གསུམ་ཐོད་སྐམ་དབུ་རྒྱན་ཅན། །གཡས་གཡོན་རུ་མཚོན་སྙིང་ཞགས་རལ་བ་སྦྲུལ། །སྟག་ཞོན་བེང་དམར་གྲི་གུག་ལེགས་ལྡན་དང་། །ཏྲག་ཤད་འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། །གཡོན་དུ་སྒྲོལ་གིང་བཛྲ་ཐིག་ལེ་རྩལ། །བཞིན་དམར་དར་དཀར་ན་བཟའ་སྟག་ཤམ་ཅན། །རྡོ་རྗེ་དགྲ་སྙིང་བསྣམས་ནས་སེང་གེ་ཆིབས། །སུམ་བརྒྱ་དྲུག་ཅུ་ཐེའུ་རང་མོན་པའི་འཁོར། །མ་ལུས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །རྒྱབ་ཏུ་དྲེགས་པའི་སྤྱི་རྗེ་ར་ཧུ་ལ། །དབུ་དགུ་བྱ་རོག་གཙུག་རྒྱན་སྐུ་སྨད་སྦྲུལ། །ཕྱག་བཞིར་མདའ་གཞུ་ཆུ་སྲིན་རྒྱལ་མཚན་ཞགས། །གཟའ་བརྒྱད་གདོང་མོ་བཞི་སོགས་སྤྲུལ་འཁོར་བཅས། །མ་ལུས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །མདུན་དུ་སྦས་པའི་དཀོར་སྲུང་མ་མོ་ཆེ། །དུར་ཁྲོད་ལྷ་མོ་མིང་སྲིང་བརྒྱད་འཁོར་བཅས། །དཀོར་རྐུན་དགྲ་བོ་སྒྲོལ་ཕྱིར་སྐད་ཅིག་གིས། །བདག་གིས་འབོད་པའི་གནས་འདིར་གཤེགས་སུ་གསོལ། ཧཱུཾ་བྷྱོ༔ གདོད་ནས་ཆོས་རྣམས་སྟོང་པའི་རང་བཞིན་ལ། །འཁོར་འདས་གཟུགས་བརྙན་མ་འདྲེས་སོ་སོར་གསལ། །དེ་ལས་སྲེད་པའི་མངའ་བདག་དྲེགས་པ་བརྒྱད། །ཕྱི་ནང་གསང་བ་མཆོག་དང་སྤྲུལ་པའི་ཚུལ། །སོ་སོའི་འཁོར་དང་ཡང་འཁོར་ཕོ་ཉར་བཅས། །རང་རང་གནས་ནས་སྐུ་བསྐྱོད་གནས་འདིར་གཤེགས། །ཐུབ་བསྟན་སྲུང་བའི་ལྕགས་རི་བླ་ན་མེད། །དཔལ་མགོན་བདུན་ཅུ་ཡུལ་ལྷ་ཟོ་དོར་སོགས། །མ་ལུས་འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། །སྔགས་ཀྱི་བདག་པོ་དྲེགས་པ་བཅོ་བརྒྱད་དང་། །སྡེ་དཔོན་སུམ་ཅུ་ལ་སོགས་འཇིག་རྟེན་གྱི། །དྲེགས་པ་འཁོར་དང་ཡང་འཁོར་སྤྲུལ་པར་བཅས། །གཞན་ཡང་བཀའ་གཏེར་ཆོས་སྲུང་དཀར་སྐྱོང་རྣམས། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །ད་ལྟ་ལྔ་བདོ་སྙིགས་མའི་དུས་ཚོད་འདིར། །བསྟན་འགྲོར་འཚེ་བའི་ནག་ཕྱོགས་གདུག་འདྲེ་དར། །འདི་དག་ཡན་པར་བཏང་ན་དམ་ཚིག་ཉམས། །དེ་ཕྱིར་མངོན་སྤྱོད་ལས་ལ་གཤེགས་སུ་གསོལ། །བླུན་རྨོངས་སྐྱེས་བུ་སྡིག་སེམས་ལྡན་རྣམས་ཀྱིས། །མཆོག་གསུམ་རྟེན་བཤིག་ཉེས་མེད་སེམས་ཅན་མནར། །མི་དགེའི་ལས་སྤྱོད་དགེ་ལ་རྒྱབ་ཀྱིས་ཕྱོགས། །འདི་དག་འདུལ་བའི་དུས་ལ་ད་བབ་ན། །དམ་ཚིག་དབང་གིས་མྱུར་དུ་གཤེགས་སུ་གསོལ། །རྒྱལ་བསྟན་སྙིང་པོ་སྔ་འགྱུར་གསང་སྔགས་ཀྱི། །བསྟན་དང་བསྟན་འཛིན་ཚོགས་ལ་འཚེ་བྱེད་པའི། །མཆོག་དམན་བར་བ་གང་དག་སུ་ཡང་རུང་། །མ་ལུས་རྡུལ་དུ་རློག་ཕྱིར་གཤེགས་སུ་གསོལ། །ཁྱད་པར་ཡུལ་འདིའི་མི་ཕྱུགས་འཁོར་བཅས་ཀྱི། །བདེ་སྐྱིད་འཕྲོག་ཅིང་མི་འདོད་རྐྱེན་སྦྱོར་བའི། །དམག་ཇག་ཆོམ་རྐུན་ལས་ལ་བརྩོན་རྣམས་ཀུན། །འཁྲུག་སློང་ནང་དམེར་སྦྱོར་ཕྱིར་གཤེགས་སུ་གསོལ། །ཏྲག་རཀྴ་ཨེ་ཀ་ཙ་ཊི་མ་མ་བྷྱོ༔ མ་ཧཱ་ཀཱ་ལ་ཤ་ས་ན་ཛ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཛ༔ ལྔ་པ་བཞུགས་སུ་གསོལ་བ་ནི། ཧཱུཾ་བྷྱོ༔ མ་མགོན་ལྕམ་དྲལ་སྦྱོར་སྒྲོལ་གིང་ཆེན་དང་། །ཕྱི་ནང་གསང་བ་མཆོག་དང་སྤྲུལ་པ་ཡི། །དྲེགས་པ་སྡེ་བརྒྱད་དཔལ་མགོན་བདུན་ཅུ་ལྔ། །དྲེགས་ཆེན་བཅོ་བརྒྱད་སྡེ་དཔོན་སུམ་ཅུ་བཅས། །མ་ལུས་འཁོར་བཅས་དུར་ཁྲོད་གཞལ་ཡས་འདིར། །དགྲ་བགེགས་སྒྲོལ་ཕྱིར་དགྱེས་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛ་ལྷན། དྲུག་པ་དམ་ཚིག་བསྒྲག་ཅིང་མངའ་གསོལ་བ་ནི། གསེར་སྐྱེམས་དང་ཁྲག་སྐྱེམས་བཤམས་ལ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་དྲེགས་པ་དགྱེས་པའི་འདོད་ཡོན་དུ་བསམ་ལ། ཧཱུཾ་བྷྱོ༔ སྔོན་ཚེ་བཅོམ་ལྡན་ཀུན་ཏུ་བཟང་པོའི་བཀའ། །བར་དུ་དཔལ་ཆེན་རྟ་མཆོག་རྒྱལ་པོའི་ལུང་། །ཐ་མ་རིག་འཛིན་མཚོ་སྐྱེས་རྡོ་རྗེའི་ཚིག །ཉོན་ཅིག་སྣང་སྲིད་དྲེགས་པའི་ཚོགས་རྣམས་ཀུན། །བཀའ་ལ་མ་འདའ་གང་བཅོལ་འཕྲིན་ལས་སྒྲུབས། །ལུང་དང་མ་འགལ་མངགས་པའི་ལས་འདི་གྱིས། །ཚིག་འདི་མ་གཅོག་དགྲ་བགེགས་མྱུར་དུ་སོད། །ཡང་ཡང་བརྟེན་ཅིང་མཆོད་ན་སྲིན་པོ་ཡང་། །ཕ་ལས་བྱམས་ཤིང་བུ་ལས་གདུང་ཞེས་གྲགས། །བརྔན་ཞིང་བཀུར་ན་ཤ་ཟན་སྲིན་མོ་ཡང་། །མ་ལྟར་ཉེ་ཤིང་སྲིང་ལྟར་གདུང་ལགས་ན། །དམ་ཅན་ཁྱེད་རྣམས་དམ་ལ་མི་གནས་སམ། །ཐུགས་དམ་རྒྱུད་བསྐུལ་བསྟན་དགྲ་དམ་ཉམས་སྒྲོལ། །གསོལ་ལོ་མཆོད་དོ་དྲེགས་པ་མངའ་གསོལ་ལོ། །རྒྱལ་རྣམས་རང་དོན་སྤངས་ནས་སེམས་ཅན་གྱི། །དོན་ལ་གཡེལ་མེད་བརྩོན་ན་དྲེགས་པའི་ཚོགས། །སོས་དལ་བག་ཡངས་སྡོད་པ་ཅང་སྲིད་དམ། །གཞན་སྡེ་གཞོམ་པའི་གྲོགས་སུ་མངའ་གསོལ་ལོ། །བསྟན་པ་རིན་ཆེན་འགྲོ་ལ་ཕན་ལགས་ཀྱང་། །བསྟན་འཛིན་སྐྱེས་བུའི་ཚོགས་རྣམས་སྐྲོད་བྱེད་པ། །བསྟན་བཤིག་དགྲ་ཡི་དཔུང་རྣམས་ཕམ་ནུས་ཕྱིར། །བསྟན་སྲུང་དྲེགས་པ་འཁོར་བཅས་མངའ་གསོལ་ལོ། །རྒྱལ་བས་གདུལ་བྱའི་སེམས་ཅན་ཇི་སྙེད་ཀྱི། །ཁམས་དང་དབང་པོ་བསམ་པའི་རྗེས་འགྲོ་བའི། །ཆེ་ཆུང་ཐེག་རིམ་གྲངས་མེད་བསྟན་གྱུར་ཀྱང་། །ཕྱོགས་རེའི་མིག་རྣོན་འདོད་ལྷས་བྱིན་པའི་དཔལ། །ཐོབ་པ་འགའ་དང་ལས་སྨོན་བསྟན་སེལ་ལ། །གོམས་པའི་དམངས་ཕལ་སེར་སྐྱ་མཆོག་དང་དམན། །རང་ཕྱོགས་ཕྱར་དང་གཞན་ཕྱོགས་སྨོད་པའི་ཐབས། །ལྷུར་ལེན་བསམ་སྦྱོར་གནག་པའི་རིགས་རྣམས་ཀུན། །མྱུར་དུ་སྒྲོལ་ཕྱིར་དྲེགས་པ་མངའ་གསོལ་ལོ། །གང་ཞིག་རང་ཉིད་དཔལ་འབྱོར་ཕུན་ཚོགས་ཀྱང་། །གཞན་གྱི་ལོངས་སྤྱོད་བརྣབས་པའི་ངན་གཡོ་མཁན། །ཉེས་མེད་སྡུག་ལ་སྦྱོར་བྱེད་ཇག་ཆོམ་གྱི། །མདུན་གྲོས་འཁོན་གྱིས་གཏོར་ཕྱིར་མངའ་གསོལ་ལོ། །དངོས་སུ་འདུད་ཅིང་ལྐོག་ཏུ་འཚེ་བའི་ལས། །ཁ་དཀར་སྙིང་ནག་མནའ་དང་ཁྲིམས་བསླུ་བ། །དམག་ཇག་ཆོམ་རྐུན་སྤྱི་དང་ཁྱད་པར་དུ། །མགོ་སྡུད་མཇུག་སྐྱོང་སྣ་འདྲེན་བསམ་སྦྱོར་ངན། །མྱུར་དུ་སྒྲོལ་ཕྱིར་དྲེགས་པ་མངའ་གསོལ་ལོ། །ཁྱད་པར་བསྟན་པའི་སྙིང་པོ་སྔ་འགྱུར་སྔགས། །དངོས་དང་བརྒྱུད་ནས་སྣུབ་ཐབས་ལྷུར་ལེན་པའི། །མཆོག་དམན་བར་བ་གང་དག་སུ་ཡང་རུང་། །ཡན་པར་མ་གཏོང་མི་འདོད་སྣ་དགུ་ཡིས། །ཐལ་བའི་རྡུལ་དུ་བརླག་པར་མངའ་གསོལ་ལོ། །གཞན་ཡང་འཇིག་རྟེན་ཁམས་དང་ཁྱད་པར་དུ། །གང་ཅན་ལྗོངས་འདིར་ནད་ཚོན་མུ་གེ་དང་། །དམག་ཇག་འཁྲུག་རྩོད་སློང་དང་སྣ་འདྲེན་པའི། །མི་དང་མི་མིན་དམ་མེད་འབྱུང་པོའི་ཚོགས། །ལྷག་མེད་གཞོམ་ཕྱིར་དྲེགས་པ་མངའ་གསོལ་ལོ། །མདོར་ན་རྒྱུ་དང་མི་རྒྱུའི་འཇིག་རྟེན་གྱི། །མི་འདོད་ཉེས་བྲལ་འདོད་དགུ་ལྷུན་གྲུབ་པའི། །རྫོགས་ལྡན་གསར་བའི་དགེ་མཚན་ཡོངས་ཚང་བ། །མངོན་གྱུར་དཔལ་ལ་སྤྱོད་ཕྱིར་མངའ་གསོལ་ལོ། །སངས་རྒྱས་བསྟན་པ་དར་ཕྱིར་མངའ་གསོལ་ལོ། །འགྲོ་རྣམས་བདེ་ལ་སྦྱོར་ཕྱིར་མངའ་གསོལ་ལོ། །དགྲ་བགེགས་ནུས་མཐུས་སྒྲོལ་ཕྱིར་མངའ་གསོལ་ལོ། །སྔགས་སྤྱོད་མཐའ་རུ་ཕྱིན་ཕྱིར་མངའ་གསོལ་ལོ། །གང་བཅོལ་ལས་རྣམས་ཐོགས་མེད་མངའ་གསོལ་ལོ། །ཅེས་ཁྲག་ཆང་གི་སྐྱེམས་ཕྱོགས་བཅུར་གཏོར་རོ། །བདུན་པ་ཕྱག་འཚལ་བ་ནི། ཧཱུཾ་བྷྱོཿ དབྱིངས་སུ་བདག་དང་དྲེགས་པ་དབྱེར་མེད་ཀྱང་། །མ་རྟོགས་འཁྲུལ་པའི་དགྲ་བོའི་ལས་ངན་རྒྱུན། །བཅད་ནས་ཡང་དག་ལམ་དུ་འཇུག་བྱའི་ཕྱིར། །གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ། ཨ་ཏི་པཱུ་ཧོཿ པྲ་ཏི་ཙ་ཧོ། བརྒྱད་པ་མཆོད་ཅིང་བསྐང་བ་ནི། ཧཱུཾ་བྷྱོཿ སྟོང་གསུམ་སྲིད་པའི་ཆུ་བོའི་ཡོན་ཆབ་དང་། །ཆུ་དང་ཐང་སྐྱེས་མེ་ཏོག་སྣ་ཚོགས་རིགས། །རང་བྱུང་ལྷན་སྐྱེས་དྲི་ལྡན་སྦྱར་སྤོས་ཚོགས། །ཉི་ཟླ་མར་མེ་ལོང་སོགས་གསལ་སྒྲོན་མདངས། །དྲི་བཟང་བྱུག་པའི་དཔལ་ཡོན་ཕུན་ཚོགས་ལྡན། །ལྷ་མིའི་ཞལ་ཟས་བཟའ་བཅའ་ལྡག་གཞིབ་ཚོགས། །འབྱུང་ལྔའི་རང་སྒྲ་རོལ་མོ་གླུ་ཚིག་དབྱངས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་ནོར། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཕྱིར་སྣང་ཀུན། །བསྟན་སྲུང་དྲེགས་པའི་ཚོགས་ལ་མཆོད་པ་འབུལ། །ཐུགས་དམ་བསྐང་ངོ་བསྟན་འགྲོར་འཚེ་བའི་དགྲ། །མ་ལུས་རྡུལ་དུ་བརླག་པའི་འཕྲིན་ལས་མཛོད། །ཧཱུཾ་བྷྱོ༔ མཛེས་པའི་གཟུགས་དང་སྙན་པའི་རོལ་མོའི་སྒྲ། །ཞིམ་པའི་དྲི་ངད་མངར་བའི་རོ་སྣ་ཚོགས། །འཇམ་པའི་རེག་བྱ་ལ་སོགས་ནང་མཆོད་རིགས། །བསྟན་སྲུང་དྲེགས་པའི་ཚོགས་ལ་མཆོད་པ་འབུལ། །ཐུགས་དམ་བསྐང་ངོ་བསྟན་འགྲོར་འཚེ་བའི་དགྲ། །མ་ལུས་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། །ཧཱུཾ་བྷྱོཿ གནག་ཅིང་རྩུབ་པའི་རྒྱུ་ལས་བྱུང་བ་ཡི། །ཁྲག་གི་ཡོན་ཆབ་དབང་ལྔའི་མེ་ཏོག་བཀྲ། །ཤ་ཆེན་བདུག་སྤོས་ཚིལ་ཆེན་སྒྲོན་མེ་འབར། །ཧ་ལར་སྦྱར་བའི་མཁྲིས་པའི་དྲི་ཆབ་བལྟམས། །སྙིང་གི་བཤོས་བུ་རྐང་གླིང་རོལ་མོའི་སྒྲ། བསྟན་སྲུང་དྲེགས་པའི༴ ཐུགས་དམ༴ མ་ལུས་རྡུལ༴ ཧཱུཾ་བྷྱོ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན། །དཔལ་གྱི་གཏོར་མ་འདོད་ཡོན་ལོངས་སྤྱོད་ལྡན། །ཞིང་བཅུ་བསྒྲལ་བའི་ཁྲག་མཚོ་ལྦུ་ཕྲེང་འཕྱོ། །དངོས་འཛིན་ཆགས་སྡང་བྲལ་བའི་ཏིང་འཛིན་གྱིས། བསྟན་སྲུང་དྲེགས་པའི༴ ཐུགས་དམ༴ མ་ལུས་རྡུལ༴ ཧཱུཾ་བྷྱོཿ བདེ་བའི་འབྱུང་གནས་བཅུ་དྲུག་ལང་ཚོའི་དཔལ། །ཡུལ་ལ་དགའ་བསྐྱེད་རྡོ་རྗེའི་ལྷ་མོ་མཆོག །ཡོན་ཏན་ཀུན་ལྡན་བརྒྱད་གཉིས་རིག་མ་རྣམས། བསྟན་སྲུང་༴ ཐུགས་དམ༴ མ་ལུས༴ ཧཱུཾ་བྷྱོ༔ ངན་སོང་གསུམ་དང་ཞིང་བཅུ་ཚང་བའི་དགྲ། །བསྒྲལ་བའི་ཤ་ཁྲག་དོན་སྙིང་ནང་རོལ་རུས། །བསྟན་སྲུང་༴ ཐུགས་དམ༴ མ་ལུས་རྡུལ་དུ་བརླག་པའི་འཕྲིན་ལས་མཛོད། ཧཱུཾ་བྷྱོཿ མཆོད་ཡུལ་དྲེགས་པ་མཆོད་བྱེད་བདག་ཉིད་དང་། །མཆོད་པའི་རྫས་སོགས་མི་དམིགས་བློ་བྲལ་ངང་། །བསྐང་དང་བཤགས་པའི་ཡུལ་ལས་རབ་འདས་པས། །ཆོས་དབྱིངས་གཞོན་ནུ་བུམ་སྐུའི་ཐུགས་དམ་བསྐང་། །དེ་ལྟར་བསྐངས་བས་མ་རིག་འཁྲུལ་བའི་དགྲ། །རིག་པ་ཡེ་ཤེས་མཚོན་གྱིས་ཡོངས་བསྒྲལ་ནས། །རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོའི་མཁར། །ཕྱིར་མི་ལྡོག་པའི་དགའ་བདེ་མྱོང་བར་ཤོག །སརྦ་པཱུ་ཙ་ས་མ་ཡ་ཨཱ༔ དགུ་བ་བསྟོད་པ་ནི། ཧཱུཾ་བྷྱོཿ །ཆོས་དབྱིངས་བདེ་བ་ཆེན་པོའི་མཁའ་ཀློང་ནས། །སྐུར་བཞེངས་ཡེ་ཤེས་ལས་དང་མཁའ་འགྲོའི་གཙོ། །སྔགས་སྲུང་ཆེན་མོ་མ་མོ་རལ་གཅིག་མ། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོད། །ཧཱུཾ་བྷྱོཿ དཔལ་མགོན་མ་ནིང་སྟག་ཞོན་བིང་དམར་དང་། །གྲི་གུག་ལེགས་ལྡན་ཏྲག་ཤད་ལ་སོགས་འཁོར། །རྡོ་རྗེ་ལེགས་པ་གཟའ་མཆོག་ར་ཧུ་ལ། །དུར་ཁྲོད་ལྷ་མོ་མིང་སྲིང་བརྒྱད་དང་བཅས། །མངོན་སྤྱོད་དྲག་པོའི་སྟོབས་རྩལ་ཡོངས་སུ་རྫོགས། །ཉེས་བྱེད་འཇོམས་པར་མཛད་ལ་ཕྱག་འཚལ་བསྟོད། །ཧཱུཾ་བྷྱོཿ ཆོས་ཀྱི་དབྱིངས་ལ་ཕྱོགས་རིས་མཉམ་བརྡལ་ཡང་། །མ་རྟོགས་འཁྲུལ་བའི་དགྲ་དཔུང་གཞོམ་པའི་ཕྱིར། །ཕྱི་ནང་གསང་བ་མཆོག་དང་སྤྲུལ་པ་ཡི། །དྲེགས་པ་སྡེ་བརྒྱད་ཕོ་ཉ་ཡང་འཁོར་བཅས། །མཐུ་སྟོབས་ནུས་རྩལ་རྫོགས་ལ་ཕྱག་འཚལ་བསྟོད། །ཧཱུཾ་བྷྱོ༔ གཞན་ཡང་སངས་རྒྱས་བསྟན་པ་སྲུང་བྱེད་པ། །དཔལ་གྱི་མགོན་པོ་བདུན་ཅུ་རྩ་ལྔ་དང་། །ལོ་ཟླ་ཞག་དུས་ཚེས་ལ་རྒྱུ་བའི་ལྷ། །ཡུལ་ལྷ་གཞི་བདག་འགོ་བའི་ལྷ་ལྔ་སོགས། །ཐམས་ཅད་དཔལ་དང་ཡོན་ཏན་རྒྱ་མཚོའི་གཏེར། །རབ་འབྱམས་ཕྲིན་ལས་ཐོགས་མེད་སྒྲུབ་ལ་བསྟོད། །ཧཱུཾ་བྷྱོཿ སྔགས་ཀྱི་བདག་པོ་དྲེགས་ཆེན་བཅོ་བརྒྱད་དང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡུམ་འཁོར་བཅས། །ཐམས་ཅད་མ་ལུས་དྲག་པོའི་ནུས་རྩལ་རྫོགས། །སྟོང་གསུམ་འཇིག་རྟེན་སྐད་ཅིག་ཡུད་ཙམ་ལ། །བརླག་པར་ནུས་ན་བསྟན་དགྲར་སྨོས་ཅི་དགོས། །དེ་ཕྱིིར་དྲག་པོའི་ལས་ཆེན་བཅུ་གཉིས་པོ། །ཐོགས་མེད་མྱུར་དུ་འགྲུབ་ཕྱིར་ཕྱག་འཚལ་བསྟོད། །མ་གཡེལ་མ་གཡེལ་བཀའ་སྲུང་དྲེགས་པའི་ཚོགས། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །སྤྱི་དོན་གསུམ་པ་ལས་ལ་སྦྱོར་ཚུལ་ནི། །འབོད་སྦད་བསད་གསུམ་ལས། །དང་པོ་ལའང་གནད་དབབ་དང་། །འབོད་པ་གཉིས་ཀྱི་དང་པོ་ལ་གཉིས་ལས། །དང་པོ་དྲེགས་པ་དབང་དུ་བསྡུ་ཞིང་། །ཟིལ་གྱིས་གནོན་པའི་དམིགས་གནད་ནི། ལྟ་བའི་རྫོང་བདག་དང་དྲེགས་པ་དམིགས་བྱ་གསུམ་ཆོས་ཉིད་གཅིག་ཏུ་ཤེས་པ། སྒོམ་པའི་འཕྲང་རང་དཔལ་ཆེན་པོའི་ང་རྒྱལ་དང་མ་བྲལ་བའི་ངང་ནས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་གློག་ཞགས་ལྟར་མྱུར་བ་འཕྲོས་པས་དྲེགས་པ་གཙོ་འཁོར་རྣམས་ཀྱི་སྙིང་ཁར་རེག་པ་ཙམ་གྱིས་མ་བཟོད་ནས་སྐྲག་སྔངས་འདར་གསུམ་གྱི་ངང་ནས་སྙིང་ཁའི་སྲོག་གི་དྭངས་མ་ཏྲི༔ཡིག་དམར་ནག་གི་རྣམ་པས་བདག་ལ་ཕུལ་བས་བདག་གི་ཐུགས་སྲོག་ཧཱུཾ་གི་ཞབས་ཀྱུ་ལ་ཐིམ་པས་དྲེགས་པ་ཡོངས་ཀྱི་སྲོག་ལ་དབང་ཐོབ་པར་བསམ་ལ། ཡི་དམ་གྱི་སྔགས་ཤམ་དུ། ཨཿཡཿམཿདུཿརུཿཙཿཤཿནཿབཛྲ་ས་མ་ཡ་ཛ་ཛ༔ ཞེས་ཅི་ནུས་སུ་བཟླས། གཉིས་པ་དྲེགས་པ་གནད་ལ་དབབ་པ་ནི། དཔལ་ཆེན་འདུས་པའི་ལས་སྦྱོར་བཟླས་དམིགས་གསལ་བར། བདག་གི་ཐུགས་ཀའི་འོད་ཟེར་དྲེགས་པ་གཙོ་འཁོར་གྱི་སྙིང་ཁར་རེག་པས་དེ་དག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་འཇིག་རྟེན་ཁམས་ཀྱི་དྲེགས་ཅན་ཐམས་ཅད་དབང་དུ་བསྡུས་ཏེ་བྲན་དུ་བཀོལ་ནས་ཕྲིན་ལས་བསྒྲུབ་པར་ཁས་བླང་བར་བསམ། ཡང་དམ་ཚིག་ལ་མི་གནས་པའི་གདུག་འདྲེ་གསར་སྐྱེས་སྡིག་སྤྱོད་ཀྱི་སྡོངས་གྲོགས་ལ་དགའ་བ་རྣམས་རང་དབང་མེད་པར་བཀུག་ནས་བདག་དཔལ་ཆེན་པོའི་དཀྱིལ་འཁོར་གྱི་ཕྱི་རོལ་གནམ་ལྕགས་རྡོ་རྗེའི་ལྟོ་བ་ནས་གྱེས་པའི་ཚུལ་གྱིས་གནམ་ལྕགས་ཀྱི་ཙཀྲ་རྩིབས་སྟོང་གཡོན་དུ་འཁོར་བའི་རྩིབས་མཆན་དུ་ལྕགས་སྡིག་གྲངས་མེད་ཀྱིས་གཏམ་པས་རྩིབས་རྩེ་སྤུ་གྲི་རེག་གཅོད་ལྟ་བུ་ལ་ཕོག་པས་ཤ་ཁྲག་རུས་གསུམ་དམར་ཆལ་ཆལ་བཏང་བ་སྤྲུལ་པའི་ལྕགས་སྡིག་རྣམས་ཀྱི་ཧབ་ཧབ་ཟོས་པར་བསམ་ནས། དཔལ་ཆེན་ལས་སྦྱོར་གྱི་སྔགས་ལ། སྡིག་སྤྱོད་སྐྱེས་བུ་རྣམས་ཀྱིས་སྡོངས་གྲོགས་བྱེད་པའི་ལོག་འདྲེན་ནག་ཕྱོགས་ལ་དགའ་བ་ཐམས་ཅད་མཱ་ར་ཡ་རྦད་རྦད་སོད་སོད། ཞེས་བདག་དང་ཐུབ་པ་གཙོ་འཁོར་རིག་འཛིན་བརྒྱད་དང་བཅས་པས་དྲག་པོའི་བརྟུལ་ཞུགས་དང་ལྡན་པས་འགུགས་བསྒྲལ་སྤར་བའི་ཏིང་ངེ་འཛིན་གྱིས་སྔགས་དྲག་ཏུ་བརྗོད་པས་དམིགས་པ་གསལ་བའི་ངང་ནས་བཟླས་པ་གནད་དུ་བསྣུན་པ་ནི་དྲེགས་པ་དམ་ལ་བཞག་ཅིང་གནད་ལ་དབབ་པའོ། གཉིས་པ་འབོད་པ་དངོས་ལ་བཞི་ལས། དང་པོ་འཁོར་ལོའི་དམིགས་གནད་ནི། མདུན་དུ་འབྱུང་བ་འཁྲུགས་བྱེད་ཀྱི་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བ་ཀེང་རུས་ཀྱི་རི་ཁྲག་རྣག་གི་མཚོ་མཚོན་ཆ་སྣ་ཚོགས་ཀྱི་རྩི་ཤིང་། རྒྱོབ་སོད་ཀྱི་སྒྲ། མེ་རླུང་དམར་ནག་གི་འཚུབ་མ་དྲག་ཏུ་འཁྲུགས་པའི་ཀློང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ། དེའི་འོག་ཏུ་རིམ་བཞིན་ས་རྡོ་རྗེ་ཕ་ལམ་གྱི་རང་བཞིན་ཁ་དོག་སེར་པོ་ལྗང་གུ་སྔོན་པོ་དམར་པོ་རླུང་ཆུ་མེའི་འཁོར་ལོ་རྣམས་སོ་སོར་རྩིབས་བརྒྱད་སྦུབས་སྟོང་ཅན་དུ་གསལ་བའི་བསྐྲད་པ་གནམ་གྱི་འཁོར་ལོའི་དབུས་སུ། ཡབ་རླུང་ལྷ་དུང་ཁ་མགོ་གྱེན་དུ་བསྟན་པ་དང་། ཡུམ་སྲིན་མོ་མཐིང་ཁ་མགོ་ཐུར་དུ་གནས་པས་ཕྱག་གཡས་རླུང་གི་བ་དན་དང་། གཡོན་རླུང་གི་རྐྱལ་བ་རེ་བསྣམས་པ་དེ་གཉིས་ཀྱི་རྟིང་བར་དུ་དགྲ་བོ་རྣམས་ཡན་ལག་ལྕགས་ཀྱིས་བསྡམས་ཤིང་མྱ་ངན་གྱི་འདུག་སྟངས་ཅན་གཉིས་ཕན་ཚུན་མགོ་སྤྲོད་དུ་གནས་པར་གྱུར། དེའི་འོག་ཏུ་འབྱེད་པ་སའི་འཁོར་ལོའི་དབུས་སུ་མིང་སྲིང་ཟངས་མཆུ་ཅན་གཉིས་གཡས་སྟྭ་རེ་དང་གཡོན་ལྕགས་ཀྱུ་ཐོགས་པ་རྟིང་སྤྲོད་དུ་གནས་པའི་བར་དུ་དགྲ་བོ་སྔར་བཞིན་གསལ་བར་གྱུར། དེའི་འོག་ཏུ་འཁྲུག་བྱེད་རླུང་གི་འཁོར་ལོའི་དབུས་སུ་དགྲ་བོའི་ཡུལ་མཁར་མི་ནོར་ཐམས་ཅད་འཐབ་འཛིང་གི་སེམས་དང་ལྡན་པས་འཁྲུག་ལོང་དང་བཅས་པར་གྱུར། །དེའི་འོག་ཏུ་འཛིང་བྱེད་ཆུའི་འཁོར་ལོའི་དབུས་སུ་སྟེང་འོག་ཏུ་པུ་ཤུད་དང་སྲེ་མོང་། །ཕན་ཚུན་དུ་བྱ་རོག་དང་འུག་པ་སྟེ་བཞི་ཀའང་འཐབ་འཛིང་འཁྲུག་ལོང་དང་བཅས་པར་གྱུར། དེའི་འོག་ཏུ་མྱུར་བྱེད་མེའི་འཁོར་ལོའི་དབུས་སུ་གཡས་ཆར་རྟ་གཡག །གཡོན་དུ་སྟག་སེང་དེ་དག་ཕན་ཚུན་འཐབ་འཛིང་འཁྲུག་ལོང་གི་བསམ་སྦྱོར་དང་ལྡན་པར་གྱུར། དེའི་ཕྱི་རོལ་དུ་ཕུང་སྲི་གྲི་བོ་བཅོ་བརྒྱད་ལ་སོགས་པའི་དྲེགས་པའི་དམགས་ཚོགས་བསམ་གྱིས་མི་ཁྱབ་པ་དམ་ཉམས་དགྲ་བོ་དབྱེ་བའི་ལས་ལ་རྔམ་པའི་ཚུལ་དུ་གནས་པར་གྱུར། གཉིས་པ་འབོད་པ་ནི། བདག་དཔལ་ཆེན་པོའི་ཐུགས་ཀའི་ལྡེབ་༡ཆད། པའི། །དུས་ལ་བབ་པོ་དྲེགས་པའི་ཚོགས། །འབོད་པའི་གནས་འདིར་མྱུར་དུ་སྤྱོན། །དམ་ཉམས་སྡང་བའི་དགྲ་བོ་ཡི། །ཕ་ཚན་ཕུ་ནུ་དབྱེན་གྱིས་དཀྲུགས། །མ་ཚན་ཆོ་འབྲང་འཁོན་གྱིས་གཏོར། །གཉེན་དང་ཉེ་དུ་འཐབ་མོས་ཕྱེས། །རང་སྲིད་འབྱོར་བས་མི་ཆོག་པར། །གཞན་སྡེ་གཞོམས་པའི་གྲོས་གཤོམ་ཚེ། །ནང་དབྱེན་དམེ་འཁྲུག་འཐབ་རྩོད་ཀྱིས། །གཏོར་བར་མཛོད་ཅིག་དྲེགས་པའི་ཚོགས། །འབྱེད་པར་མཛོད་ཅིག་དྲེགས་པའི་ཚོགས། །རྡུལ་དུ་རློགས་ཤིག་དྲེགས་པའི་ཚོགས། །ས་ཡིས་ནོན་ཅིག་དྲེགས་པའི་ཚོགས། །མེ་ཡིས་སྲེགས་ཤིག་དྲེགས་པའི་ཚོགས། །རླུང་གིས་གཏོར་ཅིག་དྲེགས་པའི་ཚོགས། །མདོར་ན་གནོད་ཅིང་འཚེ་བྱེད་པ། །དགྲ་བོའི་ཡུལ་ཁམས་མི་ནོར་བཅས། །ཕུང་སྦྱོར་ལས་ཀྱིས་ལིང་ཐོབ་ཅིག །ཇི་ལྟར་བཅོལ་བའི་ལས་འདི་ཀུན། །ཐོགས་མེད་མྱུར་དུ་འགྲུབ་པར་མཛོད། །ཞེས་འབོད་བསྐུལ་སྔགས་དང་བཅས་པ་འདོན་རིང་ལ་ཚིལ་ཆེན་དང་ར་གསུར་རྒྱུན་དུ་གཏོང་། འབོད་སྔགས་བཟླ་ཚུལ་ཡང་ལྟ་བ་རྫོང་ཕྲེང་ལས། །འབོད་པའི་དུས་ཀྱི་བཟླས་དམིགས་གཉིས། དཔེར་ན་རྔོན་པས་ཤ་ཁྱི་འབོད་འདྲ་དགོས་གསུངས་ལྟར་གྱི་སྲོག་སྔགས་ནས་དྲངས་པའི་ཚེ་དྲེགས་པ་འཁོར་བཅས་རང་དབང་མེད་པར་བྱ་གཅན་ཐེད་ལ་རུབ་པ་བཞིན་དགྲ་བོ་སྒྲོལ་བའི་ལས་ལ་འདུས་པར་བསམ་ལ། ཡིད་གཞན་དུ་མ་ཡེངས་པར་སྔགས་འདི་འབོད་རྟགས་མ་རྫོགས་པར་བཟླའོ། ཡ་མ་ར་ཙ་མ་མ་ཏྲག༔ རུ་ཏྲ་མ་ར་ཡ་ཕཊ༔ ཡཾ་ཡཾ་ཡ་ཏྲི་ཕྱེ༔ མཾ་མཾ་མ་ཏྲི་ཕྱེ༔ ར་ཙ་སུ་རུ་ཕྱེ༔ ཏྲེའུ་ཏྲེའུ་ཕྱེ༔ ཤག་ཤག་ཕྱེ༔ ཁ་འུར་ཁ་འུར་པ་ཤག་ཕྱེ༔ ཁ་ཁ་འུར་འུར་བ་ཤག་ཕྱེ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཨ་ཀ་ཊ་པ་ཤ་ཡ་ཏ་ཙ༔ དགྲ་བོ་མིང་འདི་རྣམས་ཕྱེ་ཕྱེ༔ བཛྲ་པན་ཏྲི་ཡ༔ བཛྲ་མ་མ་ཧྲི་ཏྲི་ཡ༔ བཛྲ་ཁ་ཏ་ཁ་ཏ་ཡ༔ བཛྲ་ཤག་ཀུ་རུ་ཡ༔ བཛྲ་ཞུང་ཞུང་ཡ༔ བཛྲ་ཏྲི་ཤ་མེ་ཁ་ཡ༔ བཛྲ་མ་ས་བྷ་ཡ༔ བཛྲ་བོང་བོང་ཡ༔ བཛྲ་སྲི་ར་ཁི་ཡ༔ བཛྲ་མ་ཞུང་མ་ཞུང་ཡ༔ བཛྲ་མ་ར་ཡ་ཏྲི་ཡ༔ བཛྲ་ཏྲི་མ་ར་ཡ༔ ཙུ་ཧ་ན༔ ཏྲི་ཛ་ཡ༔ མ་ར་ན་ཏྲི་ཡ༔ ཏྲི་ལཾ་དུ་ཡཱ༔ མ་ར་ནན་ཏྲི་ཡ༔ ནན་ཏྲི་ཡེ༔ གྷྲིན་བཛྲ༔ ག་ཤོད་ཏྲི་ཡ༔ ཏྲི་མ་ནི་དུ་དུ་ཡ༔ བཛྲ་གཾ་པ་ཏྲི་ཡ༔ དུ་ལཾ་དུ་ཡ༔ བཛྲ་ནཱ་ག་ཡ༔ ཀ་ལ་ཀ་ལ་ཏྲི་ཐར༔ ཐར་ལཾ་དུ་ན༔ ཀཾ་ཀཾ་ཡཾ་ཡཾ༔ བཛྲ་ཏྲི་ཤ་དྷ༔ ཏྲ་མ་ཧི༔ ཏྲི་བ་དེ༔ མ་ཛ་ཡ༔ ཨ་མ་ཤ༔ མ་ཧཾ་ཏྲི་ཤ་དྷ༔ མ་དུ་ཨ་ལ་མ༔ ད་ཏ་དྷ༔ ཙ་ལ་དུ་ནི་གྷྲིན་ཧ་ན་ནི་ཏི༔ ཏ་ལ་ནི༔ ཨ་ཤ་ནི༔ ཡ་ཏི་པར༔ ཀྲ་མ་ཧར༔ ཀྲ་བ་དེ༔ ཏ་ཏྲི་ཏྲཾ་ཧཾ་ཤཾ་ཏྲཾ༔ ཏ་ཏི་ཏྲཾ་ཧོཾ༔ ཡ་ཏོ་ཡཾ་ཏེ༔ སེ་བཾ་ཧོ༔ སེ་བཾ་ཡཾ༔ ཡ་ཤ་ཤོ༔ པྲ་དེ་ཡཾ༔ ནཱ་ག་ཏྲི༔ ནི་ནི་ཡགྴ༔ བི་ཤ་ཛ༔ ཏྲི་ཏི་ཙ་ལ་དུ༔ སུ་པ་ན་པར༔ ཏ་ཏྲི་ཨཱོཾ་ས་ན་ཐཱ༔ བྱི་ན་ཡ་ག་ཧྲཱི༔ པ་ནན་ཡ༔ བྱི་ན་ཡ་ག༔ དགྲ་བོ། འདི་དང་འདི་ཞེས་བྱ་བ། ཕྱེ་ཕྱེ༔ དཀྲུགས་དཀྲུགས༔ གཏོར་གཏོར༔ ན་མ༔ ས་མནྟ་བྷུ་དྷ་ནན༔ ཨཱོཾ་བ་ལ་མ་སི༔ བ་ལན་ཏེ༔ ཏེ་རྩོ་མ་ན་ནི་སྭཱཧཱ༔ ཏད་ཡཱ་ཐཱ། ཨཱོཾ་ཀི་ཏི་ཀི་ཛི་ནི༔ ཀུ་ལཾ་ཀུ་ལ་ཀུ་མུ་ཤ༔ ཤྭ་དི་དི༔ ཛི་དི་དི་ཏི༔ ཡུང་ཧཱུཾ་ཧཱུཾ་སྭཱ་ཧཱ༔ ཨཱོཾ་མ་ར་དུ་ནི་ཕྱེ་ཕྱེ༔ ཏྲི་ཧུར་ཐུཾ༔ འུར་འུར་ཧཱུཾ་ཕཊ༔ ཙིཏྟ་ཤག་ཁུག་ཕྱེ་ཕྱེ༔ བ་ཏི་ཤག་ཁུག་ཕྱེ་ཕྱེ༔ ས་ཏི་ཤག་ཤག་ཁུག་ཕྱེ་ཕྱེ༔ ཨཱོཾ་བྱི་ནག་བྱི་ནག་ཨ་ཀར་ཤ་གར་ཤ༔ རྦད་འཛུ་ནག་མོ་ཧག་ཧག༔ ས་མ་ཡ་ཕྱེ་ཕྱེ༔ ཏི་ཕུར་ནག་མོ་གཏོར་གཏོར༔ རྟོག་རྟོག་མུག་མུག་རིག་མུག་རིག༔ ཐིབ་ཐིབ༔ ཐུཾ་ཐུཾ༔ ཀཾ་ཀཾ་རྦད་རྦད༔ བ་ལ་ས་ན་དུ་དུ་ལིང་བྷྱོ་བྷ་བཛྲ་རྩ་ལི་ཧ་སེ་ནེ༔ དགྲ་བོའི་ཙིཏྟ་གཏུབ་གཏུབ༔ བྷ་ཙ་ལི་བྷ་ཙ་ལི༔ བཛྲ་ས་མ་ཡ་ཛ་ཛ༔ ཞེས་མི་ཚིག་གི་བར་མ་ཆོད་པར་རྟགས་ཐོན་དུ་བཟླ་འོ། བཞི་པ་བསྒྲལ་བསྟབ་ནི། གཏོར་མ་ཤ་ཁྲག་གིས་བརྒྱན་པར་དགྲ་བོ་འགུགས་བསྟིམ་བྱས་ནས། ཧཱུཾ། དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །དཔལ་ཆེན་སྤྲུལ་པ་དྲེགས་པའི་ཚོགས། །ཡང་སྤྲུལ་ཕོ་ཉ་ཤན་པའི་དམག །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དམ་ཉམས་དགྲ་བོ་མྱུར་དུ་སྒྲོལ། །སྡུག་བསྔལ་ཕུང་པོའི་ལུས་རྟེན་ཤིག །ཤ་ཁྲག་རུས་གསུམ་ཞལ་དུ་སྟོབས། །རྣམ་ཤེས་ཆོས་དབྱིངས་ཀློང་དུ་སྟིམས། །སྒྲོལ་བའི་ཕྲིན་ལས་ཡོངས་འགྲུབ་ཤོག །ཅེས་པས་བསྒྲལ་ནས་བསྟབས་སོ། གཉིས་པ་རྦད་པ་ལ་གསུམ་ལས། དགྲ་ལིང་སྤྱི་ལྟར་བྲིས་པ་ཟན་ལིང་དང་བཅས་བྲུབ་ཁུང་དུ་བཅུག་སྟེ། དང་པོ་བྲུབ་ཁུང་བསྐྱེད་ཅིང་དགྲ་བོ་འགུགས་པ་ནི། མདུན་དུ་གྲུ་གསུམ་དམར་ནག་འཇིགས་སུ་རུང་བ་གཤིན་རྗེའི་ཡུལ་དུ་ཟུག་པ་ཁ་དོག་ལ་མཐིལ་ཡངས་པ། ནད་ཀྱི་རླངས་པ་འཐུལ་བ། འཇིགས་པའི་སྒྲ་སྐད་སྒྲོགས་པ། དུག་གསུམ་ལས་ཀྱི་བཙོན་དོང་བསྐལ་པའི་མུན་ནག་གཏིབས་པའི་མཐིལ་དུ། དམ་ཉམས་དགྲ་བོ་གནོད་བྱེད་རྣམས་འཁོར་ལོའི་ལིངྐ་དང་དབྱེར་མེད་པའི་མྱ་ངན་གྱི་འདུག་ཚུལ་གྱི་ཐམ་འགགས་སུ་གཙེར་བར་གསལ། །བདག་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ། མདུན་བསྐྱེད་ཀྱི་ལྷ་ཚོགས་ལས་འོད་ཟེར་དམར་ནག་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་དམ་ཉམས་པའི་དགྲ་བོ་ཐམས་ཅད་ར་ལུག་སྤྱང་ཀིས་དེད་པའམ་བྱེའུ་ཁྲས་དེད་པ་བཞིན་བྲུབ་ཁུང་གི་ལིང་ཀ་ལ་རྡོ་ཁབ་ལེན་ལ་ལྕགས་འབྱར་བ་བཞིན་དུ་ཐིམ་ནས་གཉིས་སུ་མེད་པར་གྱུར། ན་མོ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་། བྱིན་རླབས་ཀྱི་རྩ་བ་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། །དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི༴ འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ ཁྱད་པར་ཆོས་སྐྱོང་མ་མགོན་ལྕམ་དྲལ། །ཕྱི་ནང་གསང་བ་མཆོག་དང་སྤྲུལ་པའི་ལྷ་སྲིན་སྡེ་བརྒྱད། །དཔལ་མགོན་བདུན་ཅུ་རྩ་ལྔ། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད། །དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་བཀའ་སྲུང་ཆོས་སྲུང་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི༴ ཆོས་ཉིད་འགྱུར་བ་མེད་པའི༴ ཆོས་ཅན་བསླུ་བ་མེད་པའི་བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་ཡུལ་ཕྱོགས་འདིའི་ཆོས་དང་སྲིད་ཀྱི་བདག་པོ་མི་རྗེ་འབངས་འཁོར་ཆབ་སྲིད་མངའ་རིས་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དམག་ཇག་ཆོམ་པོའི་རིགས་སུ་གྱུར་ཚད་དང་། སྡོངས་ཟླ་སྣ་འདྲེན་རྒྱབ་རྟེན། དཔུང་རོགས་དང་བཅས་པ་དེ་དག་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྲིད་པ་གསུམ་གང་ན་གནས་ཀྱང་སྐད་ཅིག་ཐེངས་ཅིག་ཡུད་ཙམ་ཞིག་ལ་མིང་གཟུགས་བྲིས་པའི་ལིང་ཀ་འདི་དང་གཉིས་སུ་མེད་པར་ཁུག་ཅིག །ནྲྀཿབཛྲ་ཨཾ་ཀུ་ཤ་ཛཿཛཿ ཞེས་འགུགས་རྟགས་མ་བྱུང་གི་བར་བསྐྱར་རོ། གཞན་ཡང་འགུགས་ཐུང་འདི་ཡང་སྐབས་སུ་བྱ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྩ་བ་གསུམ་གྱི་བྱིན་རླབས་དང་། །མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་ཡིས། །གནོད་བྱེད་དགྲ་བོ་ཐམས་ཅད་ཀུན། །ལིང་ཀ་འདི་ལ་མྱུར་དུ་ཁུག །ཡང་འདྲ་མིན། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མ་དམ་ཅན་དྲེགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པའི་མཐུ་སྟོབས་ནས་པ་ལ་བརྟེན་པས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བོ་ཐམས་ཅད་གཟུགས་ལིང་ཀ་འདི་ལ་ཁུག་ཅིག །བཛྲ་ཨཾ་ཀུ་ཤ་ཛ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྤོ་ཊ་བཾ། བཛྲ་གྷཎྜེ་ཧོ། འགུགས་འཆིང་བསྡམ་མྱོས་ཀྱི་དམིགས་གནད་དང་ལྡན་པས་འགུགས་པ་ལ་གནད་དུ་བསྣུན་པ་གལ་ཆེ། གཉིས་པ་རྦད་བསྐུལ་ནི་འཁོར་ལོས་བརྒྱབ་ནས་ཐུན་གྱིས་བྲབ་བཞིན་པར། ཧཱུཾ། སྔོན་ཚེ་བཅོམ་ལྡན་དྲེགས་འདུལ་གྱི། །འབྱུང་བ་འཁྲུག་པའི་དུར་ཁྲོད་དུ། །འབྱེད་བྱེད་དྲེགས་པ་འཁོར་དང་བཅས། །དམ་ལ་བཏགས་ནས་བྲན་དུ་བཀོལ། །མ་འོང་ལྔ་བརྒྱ་ཐ་མའི་དུས། །བསྟན་འགྲོར་གནོད་བྱེད་མི་མཐུན་པར། །འབྱེད་ཅིང་བསྐྲད་ཅེས་དམ་བཅས་བཞིན། །རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི། །དྲེགས་པའི་ལྷ་ཚོགས་མཆོད་བསྟོད་ནས། །དགྲ་བོའི་ལས་ངན་རྒྱུན་གཅོད་ཕྱིར། །བསྐུལ་ལོ་དྲེགས་པའི་ཐུགས་དམ་བསྐུལ། །རྦད་དོ་བསྟན་པའི་དགྲ་ལ་རྦད། །རྒྱུགས་ཤིག་དགྲ་བོའི་ཡུལ་དུ་རྒྱུགས། །གནག་པའི་དམ་ཉམས་དགྲ་བོ་རྣམས། །སྐྱོབ་བྱེད་ལྷ་དང་ཕྱེས་ལ་ཤོག །ཟོ་དོར་གཉན་དང་ཕྱེས་ལ་ཤོག །ཕ་ཚོ་ཕུ་ནུར་ཕྱེས་ལ་ཤོག །ཉེ་དུ་གཉེན་དང་ཕྱེས་ལ་ཤོག །མཛའ་གྲོགས་ཟས་ནོར་ཕྱེས་ལ་ཤོག །གནག་ཅིང་རྩུབ་པའི་དགྲ་བོ་རྣམས། །རང་ཉིད་ཟས་ནོར་འབྱོར་བཞིན་དུ། །གཞན་གྱི་ལོངས་སྤྱོད་འཕྲོག་ཤོམ་ཚེ། །དེར་འཇུག་མདུན་གྲོས་ནང་འཁྲུག་གི། །ལས་སུ་སྒྱུར་ཅིག་དྲེགས་པ་ཅན། །ཁྱད་པར་ཡུལ་ཕྱོགས་འདི་ཉིད་ལ། །དམག་ཇག་རྐུན་མའི་སྣ་འདྲེན་དང་། །རྒྱབ་སྐྱོང་གཞི་འདིང་བསམ་སྦྱོར་ངན། །ཁ་དཀར་སྙིང་ནག་དོ་བདོ་དང་། །ཕོད་བཙུགས་འགྲན་བཙལ་སྨ་འབབས་བརྙས། །དེ་དག་མ་ལུས་མྱུར་དུ་ཁུག །མདོར་ན་གང་བཅོལ་ཕྲིན་ལས་ཀུན། །མྱུར་བ་ཉིད་དུ་འགྲུབ་པར་མཛོད། །ཞེས་བསྐུལ་ནས་གཏོར་མ་སྐྱེམས་བཅས་ཕུལ། དེ་ནས་གོང་གི་འབོད་སྔགས། གནོད་ཅིང་འཚེ་བར་བྱེད་པའི་དགྲ་བོ་དམག་ཇག་ཆོམ་རྐུན་ཐམས་ཅད་མ་ར་ཡ་རྦད་རྦད། བཏགས་པས་ཐུན་བཟུང་ལ་དེ་ཚེ་དམིགས་པ་ནི། སྔ་མ་ལས་རྦད་པའི་དུས་ཀྱི་བཟླས་དམིགས་ནི་རྔོན་པས་རི་དྭགས་ལ་ཁྱི་འགྱེད་པ་ལྟ་བུའོ། ཞེས་གསུངས་གསུམ་པ་བསྒྲལ་བསྟབ་ནི། ཐུན་མཐར་འབོད་པའི་སྐབས་ལྟར་གཏོར་མ་ལ་འགུགས་བསྒྲལ་བསྟབ་པ་སོགས་བྱའོ། །གསུམ་པ་བསད་པ་ལ་བཞི་ལས། དང་པོ་བསད་དམིགས་ནི། དེ་ཡང་གོང་གི་འཕྲོས། །བསད་པའི་དུས་ཀྱི་བཟླས་དམིགས་ནི། རྔོན་པས་ལིངས་བྱེད་པ་དང་འདྲ་ཞེས་པས། བདག་གི་ཐུགས་ཀའི་འོད་ཀྱིས་དྲེགས་པ་རྣམས་བསྐུལ་བས། དེ་དག་གི་སྐུ་ལས་རང་འདྲའི་ཕོ་ཉ་གསོད་གཅོད་ལ་རྔམ་པ་མང་དུ་འཕྲོས་ནས་བསྒྲལ་བའི་ལས་བྱེད་པར་ བསམ་པའང་། རྒྱུད་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། བསད་ཅིང་མནན་པ་མ་ཡིན་ཏེ། ཕུང་པོ་རྡོ་རྗེས་གཏམས་བྱས་ནས། རྣམ་པར་ཤེས་པ་རྡོ་རྗེར་བ སྒོམ། གསུངས་པས། བསྒྲལ་ཡུལ་གྱི་ལས་ངན་རྒྱུན་བཅད་ནས་སྡུག་བསྔལ་གྱི་རྒྱུ་འབྲས་ཉུང་བའི་ཐབས་སུ་མ་དམིགས་ན་སྒྲོལ་བ་རང་རྒྱུད་དུ་བཟུང་བས་ཁྲ་སྤྱང་དུ་སྐྱེ་བའི་དོན་དྲན་པར་བྱས་ནས་ཇི་ལྟར་བསྒྲལ་ཚུལ་ནི། སྒྲོལ་གྲི་དང་མཚོན་ཆ་རྣམས་ཕྱག་མཚོན་སྣ་ཚོགས་སུ་གསལ་ནས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས། གཉིས་པ་བསྐུལ་བ་ནི། ཧཱུཾ། དམ་ཚིག་ཆེན་པོས་དུས་ལ་བབ། འཇུག་མི་ཚང་། ཆུང་རྒྱུད་དྲུངས་ནས་ཕྱུང་ལ་ཤོག །ཟས་ནོར་ཕྱགས་མས་ཐོབ་ལ་ཤོག །མདོར་ན་དམ་ཉམས་དགྲ་བོ་ཡི། །མི་ནོར་འཁོར་བཅས་རྡུལ་དུ་རློགས། །རྦད་པ་ཡིན་ནོ་ཕྱིར་མ་ལྡོག །བསྐུལ་བ་ཡིན་ནོ་མྱུར་དུ་རྒྱུགས། །བཅོལ་བ་ཡིན་ནོ་དགྲ་བོ་སྒྲོལ། །ཞེས་བརྗོད་ནས། གོང་གི་འབོད་སྔགས་ཀྱི་གཤམ་དུ། གནོད་ཅིང་འཚེ་བར་བྱེད་པའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་མ་ར་ཡ་སོད་སོད། བཏགས་པས་ཐུན་བཟུང་ལ་བཟླ། །གསུམ་པ་བསྒྲལ་བསྟབ་ནི། སྔར་བཤད་པའི་ཧོམ་ཁུང་གི་ཟན་ལིང་ནི་ཉིན་རེ་བཞིན་བཤམས་ཐུན་མཐའ་འདིར་བསྒྲལ་ནས་དྲེགས་པའི་དཀྱིལ་འཁོར་ལ་ཕུལ། དེའི་དམིགས་གནད་ནི། དྲེགས་པའི་དམགས་ཚོགས་ཀྱི་ཞལ་རབ་ཏུ་གདངས་པའི་ནང་དུ་ཕུལ་བས་རྔམ་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བར་བསམ་ལ་བསྟབས། བཞི་པ་འཕྲིན་ལས་སུ་བཅོལ་བ་ནི། ཧོ་དགོངས་སུ་གསོལ་ལོ། ལན་གསུམ། རྩ་གསུམ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་སྤྱི་དང་ཁྱད་པར་གསང་བ་མཆོག་དང་སྤྲུལ་པའི་སྡེ་བརྒྱད། དཔལ་མགོན་བདུན་ཅུ་རྩ་ལྔ། སྔགས་བདག་དྲེགས་ཆེན་བཅོ་བརྒྱད། དྲེགས་པའི་སྡེ་དཔོན་སུམ་ཅུ། བཀའ་སྲུང་གཏེར་སྲུང་ཆོས་སྲུང་དཀར་སྐྱོང་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཕྲིས་སུ་བཅོལ་བའི་མདོ་ནི། སངས་རྒྱས་ཀྱི་བསྟན་པ་བཤིག་པ། །བསྟན་འཛིན་གྱི་དབུ་འཕང་སྨོད་པ། །སེམས་ཅན་གྱི་བདེ་སྐྱིད་ཕྲོགས་པ། དགེ་བ་བཅུ་ལ་རྒྱབ་ཀྱིས་ཕྱོགས་ཤིང་མི་དགེ་བཅུ་ལ་སྙིང་ནས་བརྩོན་པ། དམག་ཇག་རྐུན་གསུམ་གྱི་ལས་ལ་རྒྱུན་དུ་སྤྱོད་ཅིང་དམ་ཚིག་དང་། རྒྱལ་ཁྲིམས་ཁྱད་དུ་གསོད་པ། ཁ་དྲག་དཔུང་པ་ཕྱར་བ། དབང་ཤེད་ཀྱི་སྒོ་ནས་དོ་བདོ་ཞིང་ཕོད་བཙུགས་པ། །དགྲ་གྱོད་མི་ཁ་སོགས་ཀྱི་འགལ་རྐྱེན་སྦྱོར་བ། །དངོས་སུ་འདུད་ཅིང་ལྐོག་ཏུ་འཚེ་བ། །ཁ་དཀར་ལ་སྙིང་ནག་པ། །དགེ་ལ་སྨོད་ཅིང་སྡིག་ལ་བསྟོད་པ། ཆོས་དང་སྲིད་ཀྱི་བདག་པོ་རྣམས་དབྱེན་འཇུག་གི་འཁྲུག་རྩོད་ལ་སྦྱོར་བ། དངོས་སམ་བརྒྱུད་ནས་བསྟན་འགྲོར་སྨན་པའི་རིགས་རྣམས་ལ་དུག་སྦྱོར་དང་བྱད་ཕུར་གཏོང་བ། གང་ཟག་གི་བློ་ཤེད་ཀྱིས་ཐེག་པ་ཆེན་པོར་སྙིང་ནས་སྨོད་པ། མི་ལ་ལྷ་མེད་དང་། ལྷ་ལ་མཐུ་མེད་ཟེར་ཞིང་སུན་འབྱིན་དང་བརྙས་བསྐུར་འདེབས་པ། རང་གི་འབྱོར་བས་ཆོག་ཤེས་མེད་པར། གཞན་གྱི་ལོངས་སྤྱོད་འཕྲོག་ཅིང་། འཕྲོག་ཏུ་འཇུག་པ། ཐར་བ་དང་རྣམ་མཁྱེན་བསྒྲུབ་པ་ལ་བར་ཆད་བྱེད་པའི་མི་དང་མི་མ་ཡིན་པ་ལ་སོགས་པ་གང་དག་ཇི་སྙེད་ཡོད་པ་ཐམས་ཅད་ཀྱི་བླ་ཚེ་སྲོག་གསུམ་ཤ་ཁྲག་རུས་གསུམ་དོན་སྙིང་རྣམ་ལྔ་དབང་པོ་ཡན་ལག་མི་ནོར་ལོངས་སྤྱོད་ཁ་རྗེ་དབང་ཐང་སྦྲ་ཁྱིམ་ཁང་ཞིང་ཕ་ཚོ་ཉེ་དུ་བུ་ཕོ་ཕོ་རྒྱུད། བུ་མོ་མོ་རྒྱུད། ཆུང་མ་རིགས་རྒྱུད། མི་རབས་བདུན་རྒྱུད་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ། ཆོས་སྐྱོང་དྲེགས་པའི་དམག་ཚོགས། །ཁྱེད་རྣམས་ཀྱིས་གནམ་ས་ཙམ་གྱི་ཞལ་གདོངས། །རི་རབ་ཙམ་གྱི་མཆེ་བ་གཙིགས། །གློག་དམར་ལྟ་བུའི་ལྗགས་སྐྱོངས་ལ། སྐད་ཅིག་ཐེངས་ཅིག་ཡུད་ཙམ་ལ་གསོལ་ཅིག་རོལ་ཅིག །ལྷག་མ་རྡུལ་ཕྲན་ཙམ་ཡང་མི་ལུས་པར་མཛོད་ཅིག སྐྱེ་ཤིའི་རྩ་བ་ཆོད་ཅིག །སྡུག་བསྔལ་གྱི་ལུས་རྟེན་ཤིག་ཅིག །སྡང་ཞེན་གྱི་བློ་སྣ་ལྡོག་ཅིག །ལས་ངན་གྱི་རྒྱུན་ཐག་ཆོད་ཅིག །འཁོར་བའི་ས་བོན་སྐེམ་པར་མཛོད་ཅིག །དགྲ་བོ་ཆེ་བ་ལ་བབ་ན་ཤིང་སྡོང་རྩ་རུལ་འགྱེལ་བཞིན་དུ་ཐོངས་ཤིག །འབྲིང་བ་ལ་བབ་ན་ཐང་ཕྲན་སྟྭ་རེས་བཅད་པ་བཞིན་དུ་ཐོངས་ཤིག །ཆུང་བ་ལ་བབ་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན༴ དར་མ་ལ་བབ་ན་སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན་དུ༴ བུད་མེད་ལ་བབ་ན་འཇའ་ཚོན་རི་མོ་ཡལ་བ་བཞིན༴ བུ་ཚ་ལ་བབ་ན་སྒོ་ང་བྲག་ལ་བརྒྱབ་པ་བཞིན༴ བུ་མོ་ལ་བབ་ན་ཉ་མོ་སྐམ་ལ་བཏོན་པ་བཞིན་དུ་ཐོབས་ཤིག །དཔའ་བོ་ལ་བབ་ན་འདབ་ཆགས་གཤོག་པ་བྲེགས་པ་བཞིན༴ ཟས་ནོར་ལ་བབ་ན་ལྟག་ཆུ་ཆད་པའི་རྗིང་བུ་སྐམ་པ་བཞིན༴ ཁང་ཁྱིམ་ལ་བབ་ན་བྲག་རི་ཐོག་གིས་བཤིག་པ་བཞིན༴ མདུན་གྲོས་ལ་བབ་ན་ཤོག་སྐྱ་རླུང་གིས་གཏོར་བ་བཞིན༴ གོ་མཚོན་ལ་བབ་ན་མེ་ཐོག་ཏུ་ཆུ་བརྒྱབ་པ༴ སྐྱོབ་པའི་ལྷ་ཡོད་ན་གནོད་པའི་བདུད་དུ་ཕོབས་ཤིག །སྲུང་བའི་གུར་ཡོད་ན་དྲེགས་པའི་དམག་གིས་ཆོམས་ཤིག །ནུས་པའི་མཐུ་ཡོད་ན་རང་གཤེད་རང་ལ་ཕོབས་ཤིག །སྟེང་ཕྱོགས་ལྷས་བཀའ་ཆད་ཕོབས་ཤིག །འོག་ཕྱོགས་ཀླུས་གདུག་རྩུབ་ཐོངས་ཤིག །བཙན་གྱིས་གྲི་འཐབ་ཐོངས༴ རྒྱལ་པོས་སྨྱོ་འབོག་ཐོངས༴ མ་མོ་ནད་རིམས་ཐོངས༴ གཟས་དུག་གཟེར་ཐོངས༴ གཉན་གྱིས་ལྷོག་རྒོད༴ ཡུལ་ལྷས་ནང་དམེ༴ ས་བདག་གིས་ཞ་གྲུམ་ཐོངས༴ གཞན་ཡང་དྲེགས་པའི་དམག་ཚོགས་རྣམས་ཀྱིས་ནུས་མཐུའི་རྩལ་ཕྱུང་ལ་འཇིག་རྟེན་ཁམས་ཀྱི་མི་འདོད་པའི་ཐན་ལྟས་ནད་རིམས་དམེ་འཁྲུག་རི་རུད་ཤྭ་ལོག་རླུང་ཐོག་ས་གཡོ། ཆུས་འཇིག མེ་མཆེད། ཐོག་སེར། གཅན་གཟན་རི་རྙིལ་བྲག་འཇིག་ལ་སོགས་པ་ཐམས་ཅད་དམ་ཉམས་པའི་དགྲ་བོ་རྣམས་ཀྱི་སྟེང་དུ་སྒྱུར་ཅིག །ཟློག་ཅིག །སོད་ཅིག །ནོན་ཅིག །ཐལ་བའི་རྡུལ་ཕྲན་བཞིན་དུ་ཐོངས་ཤིག །གཞོབ་རྡོག་པས་བརྫིས་པ་བཞིན་དུ་ཐོངས་ཤིག །བྱ་སྒྲོ་མེ་ཡིས་ཚིག་པ་བཞིན་དུ་ཐོངས་ཤིག །མིང་ཙམ་མེད་པར་གྱིས་ཤིག །ཇི་ལྟར་བཅོལ་བའི་ལས་འདི་རྣམས་མི་འགྱང་བར་མྱུར་བ་ཉིད་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཞེས་འབོད་སྔགས་དང་སྦྲགས་ཏེ་ལིང་རོ་རྣམས་གཏོར་མར་ཕུལ་ནས་དགྲ་བགེགས་ལྷག་མེད་དུ་གསོལ་བར་བསམ། དེ་ནས་ཕྲིན་ལས་རྫོགས་པའི་སྐབས་ལ་བབ་ཚེ། དྲག་པོའི་རྫས་ཀྱི་སྦྱར་བའི་དཔལ་འབར་ཞིག་དྲེགས་པའི་གཙོ་བོའི་མདུན་དུ་བཙུགས་ལ་ལྷ་ཚོགས་རྣམས་མེ་དཔུང་གི་རྣམ་པར་སྐད་ཅིག་གིས་བསྒྱུར་བར་མོས་ནས་ཧོམ་ཁུང་གི་ཤོག་ལིང་དེ་དགྲ་བོ་དངོས་སུ་གསལ་ནས་ཞལ་དུ་བསྟབས་པས། གནོད་བྱེད་ཐམས་ཅད་རྩ་ཕུང་ལ་མེ་བརྒྱབ་པ་བཞིན་ལྷག་མེད་དུ་བསྲེག་པར་བསམ་ལ། གོང་གི་སྔགས་རིང་དང་བསྟབ་པའི་དམོད་བཅོལ་སྦྲེལ་དེ་ལས་བཅོལ། སླར་ཡང་དྲེགས་པའི་ཡེ་ཤེས་པ་ནམ་མཁའ་ལ་དཔང་པོར་བཏེགས་ཏེ། དམ་ཚིག་པ་དྲེགས་པའི་དམག་ཚོགས་རྣམས་ལས་ལ་བཞེངས་ཏེ་དམག་དཔུང་གོ་གསར་བྱེད་པ་ལྟར་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་སྟོང་གསུམ་དུས་གཅིག་ཏུ་བརླག་ནུས་པའི་སྟོབས་རྩལ་དང་བཅས་ཏེ་ཆས་པར་བསམ་ལ། མདུན་ནས་ཚིལ་ཆེན་བདུག་རྒྱབ་ནས་ཉུངས་ཐུན་འཐོར་བཞིན་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས། དཔལ་ཆེན་དང་མ་མགོན་བསྐུལ་བ་གོང་གི་རྦད་སོད་བསད་བསྐུལ་བ་སྔགས་དང་དམོད་བཅོལ་བཅས་ཀྱིས་གཏོར་མ་དགྲ་ཕྱོགས་སུ་འཕངས་ཚེ་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་དྲེགས་པའི་དམག་གིས་བཀང་ནས་གཟའ་བདུད་རྒྱུག་པ་བཞིན་དགྲ་བོའི་ཡུལ་ཁམས་སུ་སོང་བས་ཕུང་ཐལ་རྗེས་མེད་དུ་བཏང་བར་བསམ། གཏོར་གཞུང་ཁ་སྦུབས་པ་རི་རབ་གསལ་བའི་འོག་ཏུ་དགྲ་བོ་རྣམས་བཀུག་ལ་བྲོ་བརྡུང་བྱ། སླར་ཡང་མཆོད་བསྟོད་བྱས་རྗེས་ནམ་མཁའ་ལ་བཏེགས་པའི་ཡེ་ཤེས་པ་འཁོར་ལོའི་ལྷ་རྣམས་ལ་བསྟིམས་ནས་སོ་སོའི་གཟུགས་སུ་བསྒྱུར་ཏེ་དགྲ་བོ་དབྱེ་བསྐྲད་ཀྱི་ནུས་མཐུ་དང་ལྡན་པར་མོས་ནས་འཁོར་ལོ་འཛུགས་སར། ཕྱིན་ཏེ་སྡེ་བརྒྱད་གསེར་སྐྱེམས་བཏང་། ཉི་མ་དགོང་ལ་ཡོལ་བའི་གྲིབ་མ་དགྲ་ཕྱོགས་སུ་ཟུག་པ་དང་བསྟུན་ལ་འཁོར་ལོ་བཙུགས། རླུང་ལྷའི་གཏོར་མ་གྲུ་གསུམ་བ་དན་སྔོན་པོ་བཙུགས་པ་གཉིས་དང་དབྱི་བྱེད་ཀྱི་ལྷ་གྲངས་དང་མ་ཉམ་པའི་གཏོར་མ་སྐྱེམས་བཅས་བཤམས་ལ། བདག་ཉིད་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་ཐུགས་ཀ་ནས་འོད་ཟེར་དམར་ནག་ཛ་ཡིག་གི་རྣམ་པ་འཕྲོས་པས་ལྷུན་པོའི་ནུབ་བྱང་གི་ཆ་ནས་རླུང་ལྷ་ཡབ་ཡུམ་འཁོར་དང་བཅས་བྱོན་པར་མོས་ནས་འདི་སྐད་དོ། ཧཱུཾ། མི་མཇེད་ཞིང་གི་ནུབ་བྱང་ནས། །གཏོར་བྱེད་རླུང་ལྷ་འཁོར་དང་བཅས། །འདིར་གཤེགས་ཙཀྲ་འདི་བསྐྱོད་ལ། །དམིགས་པའི་དགྲ་བོ་འཁོར་བཅས་རྣམས། །བསྐྲད་དང་དབྱེ་བའི་ལས་རྣམས་ཀྱིས། །མྱུར་དུ་ཕུངས་བའི་ཕྲིན་ལས་མཛོད། །དམ་རྫས་འདོད་ཡོན་གཏོར་མ་འདི། །དགྲ་བོའི་ཡུལ་ཁམས་དཀྲུགས་པའི་ཡོན། །འབུལ་བ་ང་ཡིས་མ་ནོར་བས། །བཞེས་མཁན་ཁྱོད་ཀྱང་མ་གཡེལ་ལ། །བཅོལ་བའི་ཕྲིན་ལས་ཀུན་འགྲུབ་མཛོད། །ཞེས་བརྗོད་ནས་གཏོར་མ་ཕུལ་ལ་འཁོར་ལོ་སྐོར་རོ། །འཁོར་ལོའི་སྐད་བརྟགས་པ་དང་སྐབས་སུ་ཐུན་གྱིས་བྲབ་པ་སོགས་གཞུང་ལས་ཤེས་པར་བྱའོ། འདིར་སྨྲས་པ། རྒྱལ་རྣམས་སེམས་ཅན་དོན་ལས་གཞན་པའི་ལས། །ཡོད་མིན་ཕྱིར་ན་བསྟན་འགྲོར་འཚེ་བ་རྣམས། །དབྱེ་བསྐྲད་ཕུང་ལས་འདི་ཡང་སྡང་སེམས་ཀྱིས། །མ་ཡིན་དགྲ་བོའི་ལས་ངན་རྒྱུན་གཅོད་དང་། །བསྟན་འགྲོར་སྨན་པའི་བློ་ཡིས་བྲིས་པ་ལ། །སྡིག་པའི་གཟུགས་བརྙན་མི་སྨིན་གདེང་དང་ལྡན། །འོན་ཀྱང་དྲེགས་པའི་སྟོང་སྲོག་མ་ཐོབ་རྣམས། །བག་ཡོད་ཚོད་ཟིན་བྱས་ན་དགའ་བར་རིགས། །དེ་ལྟར་དྲེགས་པ་ཡོངས་རྫོགས་ཀྱི་ལས་ཀྱི་བྱང་བུ་ངན་སྔགས་སྤྱི་དང་ཁྱད་པར་ཕུང་བྱེད་ལས་ཀྱི་རླུང་དམར་ལ་མཁོ་བ་འདི་ནི་འཇམ་དབྱངས་གོང་མ་ཆེན་པོའི་ལུང་གིས་མངོན་པར་མཐོ་བ་ཆེན་ཝང་གི་ཆོས་སྲིད་ལ་ཕན་པའི་ཕྱིར་དུ། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བྱང་སེམས་ཀུན་བཟང་གཞན་ཕན་ནམ་སྐབས་འདིར་འོས་པའི་མིང་དཔལ་ཆེན་མཐུ་སྟོབས་རྡོ་རྗེས་རང་འདོད་བྲལ་བའི་ལྷག་བསམ་གྱིས་དྲེགས་པ་སྤྱི་སྒོས་ཀྱི་ཕྲིན་ལས་བྱང་བུ་འདི་བྱས་སོ། །དགེའོ། མངྒ་ལཾ།

སྐྱབས་མཆོག་གསུམ་རྩ་གསུམ་་་་་

༄༅། །ན་མོ་མ་ཧཱ་གུ་རུ་ཡེ། སྐྱབས་མཆོག་གསུམ་རྩ་གསུམ་ཀུན་འདུས་དངོས། །རྗེ་གསུམ་ལྡན་བླ་མ་རིན་པོ་ཆེ། །དཔལ་རྒྱལ་བ་རྒྱ་མཚོའི་སྤྱི་ཡི་གཟུགས། །བདག་རབ་གུས་དང་བས་གསོལ་བ་འདེབས། །དབང་ལུང་དང་ཁྲིད་སོགས་ཆོས་ཀྱིས་འབྲེལ། །ཁྱད་པར་དུ་བསྐྱེད་རྫོགས་སྒོམ་བཟླས་ནོད། །ཡང་སྒོས་སུ་སེམས་ཁྲིད་ཟབ་མོ་གནང་། །ཡོངས་དེ་ཀུན་ལ་སྙིང་ནས་གསོལ༴ སྤྱིར་འཁོར་བའི་ཆོས་ལ་མི་འཇི༵གས་ཤིང་། །ཡང་མྱང་འདས་ཐོབ་རྒྱུར་རེ་བ་མེ༵ད། །དཔལ་རྒྱལ་ཀུན་ཕྲི༵ན་ལ༵ས་སྤེལ་མཛད་གཉེན། །རྗེ་ཕན་བདེའི་འོ༵ད་ཟེ༵ར་དཔལ་འབར་མཁྱེན། །བདག་དལ་འབྱོར་ལ་སྙིང་པོ་ལོན་པ་དང་། །ཚེ་མི་རྟག་པ་རྟག་པར་མི་འཛིན་བཞིན། །ཆོས་རྒྱུ་འབྲས་ལ་ཡིད་ཆེས་ཐོབ་གྱུར་ནས། །དོན་ལྟ་སྒོམ་ལ་གོལ་འཕྱུག་མེད་པར་ཤོག །སྤྱིར་ཆོས་བརྒྱད་ལ་ཞེན་པ་གཏིང་ནས་ལོག །སྒོས་རང་དོན་གྱི་ཐར་པ་མི་གཉེར་བཞིན། །མ་འགྲོ་བ་ཀུན་འདྲེན་པའི་མཐུ་ཐོབ་ནས། །ལྷ་རྡོ་རྗེ་འཛིན་དང་དབྱེར་མེད་ཤོག །ཅེས་པའང་དད་ལྡན་བཙུན་མ་པདྨ་སྒྲོན་དང་རྣམ་དག་སྒྲོན་མ་ཟུང་ལ་༧རྡོ་བླ་བྱང་ཆུབ་རྡོ་རྗེས་སོ། །དགེའོ། །དགེའོ། །དགེའོ།། །། ༈ མཆོག་གསུམ་རྩ་གསུམ་ཀུན་འདུས་ངོ་བོ་ཉིད། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་། །བཀའ་སྲུང་ཆོས་སྐྱོང་ཡོངས་ཀྱི་སྤྱི་དཔལ་རྗེ། །ཀུན་བཟང་གཞན་ཕན་ཞབས་ལ་གསོལ་བ་འདེབས།། །།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་འདོན་འགྲིགས་རྣམ་དག་ལམ་བཟང་།

༄༅། །ཞི་ཁྲོ་དགོངས་པ་རང་གྲོལ་གྱི་འདོན་འགྲིགས་རྣམ་དག་ལམ་བཟང་ཞེས་བྱ་བ་བཞུགས། །

ན་མོ་མ་ཧཱ་གུ་རུ་ཤནྟི་གྲོ་དྷ་ཡེཿ རབ་འབྱམས་སྐུ་གསུམ་ཞིང་ན་བཞུགས་པ་ཡི། །རྒྱལ་བ་རྒྱ་མཚོའི་སྒྱུ་འཕྲུལ་གར་བསྒྱུར་བ། །ཞི་ཆགས་ཁྲོ་བོའི་རྣམ་རོལ་ལྷག་པའི་ལྷ། །ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་བསྟོད། །གང་དེའི་བརྒྱུད་འཛིན་ཁམས་དབུས་གཙང་གསུམ་གྱི། །མཁས་གྲུབ་བླ་མའི་ཚོགས་ལ་དད་པས་ཕྱག །ལན་བརྒྱར་འཚལ་ནས་དགོངས་པ་རང་གྲོལ་གྱི། །འདོན་འགྲིགས་ཕྱག་ལེན་རྣམ་དག་ལམ་བཟང་སྤེལ། །དེ་ལ་ཡང་འདིར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་འདོན་འགྲིགས་གཞུང་དོན་ལྟར་འགོད་པ་ལ་གསུམ་སྟེ། རྒྱས་འབྲིང་བསྡུས་གསུམ་མོ། དང་པོ་ནི། ཞི་ཁྲོའི་སྒྲུབ་ཆེན་དང་འབྲེལ་བའི་ལུགས་དང་། གཉིས་པ་སྒྲུབ་ཕྲན་གྱི་ལུགས་དང་། །གསུམ་པ་ད་ལྟའི་གྲོང་ཆོག་པ་རྣམས་ཀྱིས་གཞན་དོན་དུ་རློམ་པའི་ཆོ་ག་བཏང་ཚུལ་ལ་ཡང་མཐའ་གཅིག་ཏུ་ངེས་པ་མེད་དོ། སྐྱེས་བུ་དམ་པ་ལྟ་སྒོམ་གྱི་གདེང་དང་ལྡན་ཞིང་དྲོད་ཐོབ་པ་རྣམས་ཀྱིས་དངོས་བརྒྱུད་གཉིས་ཀ་ནས། མཛད་ཕྲིན་ཅི་བྱས་ཀྱང་གཞན་དོན་དུ་འགྱུར་བ་དང་། འབྲིང་ལྷ་སྔགས་ཏིང་ངེ་འཛིན་ལ་རང་དབང་བསྒྱུར་བ་དག་གིས་ཕྱག་ལེན་ཇི་ལྟར་བཏབ་ཀྱང་དེ་དང་མཚུངས་ཤིང་། ཐ་མ་ལ་ཡང་མཐའ་གཅིག་ཏུ་མ་ངེས་ཀྱང་། དོན་ལ་ཐེག་པ་རིམ་པ་དགུ་དང་། རྒྱུད་སྡེ་བཞི་དྲུག་གི་རྣམ་དབྱེ་ཅུང་ཟད་ཤེས་དགོས་པ་དང་། བྱེ་བྲག་རྙིང་མར་གྲགས་པ་རྣམས་ཀྱིས། བསྐྱེད་པ་མ་ཧཱ་ཡོ་ག ལུང་ཨ་རུ་ཡོ་ག རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུང་གསུམ་གྱི་ཆོ་ག་གཏོང་ཚུལ་དང་། ལས་བཞིའི་ཕྲིན་ལས་སྒྲུབ་ཚུལ་སོགས་ཤེས་པ་གལ་ཆེ་ཞིང་། ཡང་སྒོས་སུ་རྫོགས་པ་ཆེན་པོ་ལ། ཕྱི་སེམས་སྡེ་དང་ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་གསུམ་གྱི། སྦྱོར་དངོས་རྗེས་གསུམ་གྱི་ཁྱད་པར་དང་། དབྱེ་ཚུལ་སོགས་ཤེས་དགོས་མོད་ཀྱང་ད་ལྟའི་དུས་འདིར་སྙིགས་མའི་སྲོལ་ངན་གྱིས་ཤན་ཤོར་བས། རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྩེ་མོར་གྱུར་པ། ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་ཡོངས་སུ་གྲགས་པ་འདི་ཉིད། རྒྱུད་སྡེ་འོག་མའི་ཟླར་དྲངས་ནས་བདག་མདུན་བུམ་གསུམ་དུ་དབྱེ་བ་དང་། །གཞན་ཡང་སྦྱོར་དངོས་རྗེས་གསུམ་ལ་མ་དག་པའི་ཤན་ཤོར་བ་ཤིན་ཏུ་མང་ཡང་། །འདི་ཉིད་ཀྱི་རང་གཞུང་གི་ཚིག་གིས་ཤིན་ཏུ་གསལ་པོར་བསྟན་ཡོད་དེ། མ་ཧཱ་ཡོ་ག་ལྟར་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དང་། ཨ་ནུ་ཡོ་ག་ལྟར་རང་ལུས་རྩ་ཐིག་རླུང་གསུམ་དང་བཅས་པ་དབྱིངས་སུ་དག་པ་ཞི་ཁྲོའི་ལྷ་ཚོགས་སུ་བསྟན་པ་དང་། ཨ་ཏི་ཡོ་ག་ལྟར་རང་སེམས་ངོ་བོས་སྟོང་པ་ཆོས་སྐུ། རང་བཞིན་ལྷུན་གྲུབ་ལོངས་སྐུ། རང་རྩལ་མ་འགག་པ་སྤྲུལ་བའི་སྐུ་སྟེ། སྣང་སྲིད་འཁོར་འདས་སུ་བཏགས་པ་ཐམས་ཅད་སྐུ་གསུམ་གྱི་རང་བཞིན་ལས་མ་འདས་པར་བསྟན་པ་ཡང་། རང་བྱུང་རང་ཤར་དཀྱིལ་འཁོར་ཞེས་དང་། དཔེ་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་སོགས་ཀྱིས་བསྟན་པ་བཞིན་ནོ། །དེའི་ཕྱིར་ན་ཞི་ཁྲོའི་ཆོ་ག་ཐམས་ཅད་ཐེག་པ་འོག་མ་ལྟར། བདག་མདུན་བུམ་གསུམ་གྱིས་དབྱེ་བས་ཚིག་ཚོགས་མང་པོ་ཞིག་དགོས་པ་མ་ཡིན་པའི་དོན་ཡང་། སློབ་དཔོན་སངས་རྒྱས་གཉིས་པ། རྒྱལ་བ་ཀློང་ཆེན་རབ་འབྱམས། མངའ་རིའི་མ་ཧཱ་པཎྜི་ཏ། ཀུན་མཁྱེན་ཤེས་རབ་འོད་ཟེར། ཡབ་རྗེ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་འོད་ཟེར་རྣམས་ཀྱིས་དབྱངས་གཅིག་མགྲིན་གཅིག་ལྟ་བུས། ཞི་ཁྲོའི་ཆོ་ག་ཐམས་ཅད་སྣང་ཞིང་སྲིད་པའི་འཁོར་བའི་ཆོས་ཀུན་བརྟགས་དང་གཞན་དབང་གིས་བསྡུས་པའི་ཆོས་ཅན་བློས་བཏགས་པ་ཐམས་ཅད། ཡོངས་གྲུབ་ཞི་ཁྲོའི་དཀྱིལ་འཁོར་གཅིག་ཏུ་ཤེས་བཞིན་སྤྱན་འདྲེན་བཞུགས་གསོལ། ཕྱག་འཚལ་མཆོད་འབུལ་སོགས་འཛབ་ལ་ཐུག་གི་བར་དུ། གཉིས་སུ་འཛིན་པའི་བློ་དང་ཕྲལ་ནས། འཛབ་ཀྱི་སྐབས་སུ། དེ་ཉིད་ཀྱི་སྐབས་ཐོབ་བཞིན་འཛབ་བཟླས་མཇུག་བསྡུ་བ་དང་བཅས་པ་བྱ་བའོ། དེ་དག་ནི་སྤྱི་ཆིངས་ཙམ་ཞིག་མདོར་བསྡུས་ཏེ་སྨོས་པའོ། ད་ནི་ཆོ་ག་གཏོང་ཚུལ་དངོས་ལ། གཞན་ལུགས་དང་རང་ལུགས་གཉིས་ལས། དང་པོ་ནི་ཉ་དང་ཉུང་མ་བསྲེས་པ་ལྟ་བུའི་ཕྱག་ལེན་སོམ་ཉི་ཅན་དང་། གཉིས་པ་རང་ལུགས་གཞུང་དོན་སོར་བཞག་གི་ལུགས་གཉིས་ལས། རྗེས་མ་ལྟར་འདོན་འགྲིགས་རྣམ་དག་གི་ཚུལ་འགོད་པ་ལ། ཐོག་མར། གཤིན་པོའི་དོན་དུ་བདུན་ཚིགས་ལ་སོགས་པའི་སྐབས་སུ་གཏི་མུག་གཉིད་སྐྲོག་ནས་བཟུང་སྟེ། གཞུང་འདི་ཉིད་ཀྱི་སྔོན་འགྲོ་ཚང་མ་དང་། སྐྱབས་སེམས་སོགས་ནམ་མཁའ་རྒྱ་མཚོས་མཛད་པ་ཇི་བཞིན་བཏང་ལགས་ཤིང་། གསོན་ཆོག་དང་སྐུ་རིམ་རྐྱེན་སེལ་སོགས་ཀྱི་སྐབས་སུ་ཆོ་ག་རྒྱས་པའི་ལུགས་ལྟར་ན། སྔོན་འགྲོ་རང་ཉིད་ཀྱི་གཞུང་གང་ལ་སྦྱངས་པ་ལྟར་བཏང་ཡང་དོན་གཅིག་པས་དེ་ལྟར་དང་། བསྡུས་པ་ལྟར་ན། སྔོན་འགྲོ་བཞག་ནས་ད་ལྟ་རྙིང་མའི་ཆོ་ག་རྣམས་ཀྱི་སྔོན་དུ་བཏང་རྒྱུའི། ཧཱུཾ་ཧཱུཾ་ཧཱུཾཿ རྗེ་བཙུན་ཆེན་པོ་ནས་བཟུང་རང་ལུགས་ཀྱི་སྔོན་ཆོག་རྣམས་ཚང་བར་བཏང་རྗེས། གཞུང་འདི་ཉིད་ཀྱི་བརྒྱུད་འདེབས་ཆེ་བ་དང་། སྡེ་བརྒྱད་མཆོད་པ་དང་བགེགས་གཏོར་རྣམས་སྤྱི་ལྟར་བཏང་ནས། །དུས་སྐབས་དལ་བྲེལ་དང་བསྟུན་པའི་ལས་བྱང་ཆེ་ཆུང་གང་རུང་ལ་འཇུག་དགོས་པ་ལགས་ཤིང་། དེ་ལ་ཡང་སྤྱན་འདྲེན་མགོར་ཕྱག་ལེན་འགའ་ཞིག་ལ་མདུན་བསྐྱེད་དང་བུམ་བསྐྱེད་གཏོང་ལུགས་སྣང་ཡང་གང་ཟག་དབང་དམན་བདག་མདུན་དུས་གཅིག་ཏུ་སྒྲུབ་རྒྱུ་བློར་མི་ཤོང་བའི་རིགས་ལ་དགོངས་པ་ཙམ་ལས་དོན་ལ་དེ་ལྟར་མ་ཡིན་པ་ཆགས་མེད་རིན་པོ་ཆེའི་གསུངས་པས་ཀྱང་ཤེས་སོ། དེ་ནས་སྤྱན་འདྲེན་ནས་བཟུང་འཛབ་ལ་ཐུག་གི་བར་དཀྱུས་ལྟར་བཏང་ནས་འཛབ་ནི་བླ་མ་དགོངས་འདུས་ཀྱི་འཛབ་དུར་ཁྲོད་གསང་ཆེན་མ་རྒྱས་བསྡུས་གསུམ་ཡོད་པ་བཞག་ནས་འདིར་ཞི་ཁྲོ་རང་ལུགས་ཀྱི་འཛབ་རྫོགས་ཆེན་དབོན་རིན་པོ་ཆེས་མཛད་པ་ལྟར་བཏང་ནས། སྔགས་རིང་གི་མགོར་བྷོདྡྷི་ཙིཏྟ་སྟོང་ཚོ་སོགས་ཅི་རིང་བཏང་མཐར་སྔགས་རིགས་ཡང་དལ་ཁོམ་དང་བསྟུན་པའི་ཚར་ཅི་རིགས་བཟླས་མཐར་ཧཱུཾ་བཟླས་ཀྱང་བྱ། འཛབ་གཞུང་བཞིན་བུམ་པ་གཉིས་ཀྱི་བཟླས་པ་མཆོད་བསྟོད་འཛབ་མཇུག་བསྡུ་བ། བདག་དབང་ལེན་པ་དང་བཅས་གྲུབ་ནས། དམ་ཅན་སྡེ་བདུན་གཏོང་དགོས་པ་ལ་དེ་ཉིད་ཀྱི་མགོར། འགུགས་གཞུག་བྱེད་པ། གཏོར་མ་ལྷར་ཤེས་པའི་སྐབས་ཡིན་པས་མི་འོས་སམ་སྙམ་པས་བཞག །སྡེ་བདུན་ནང་གི་ཚོགས་འབུལ་ཀྱི་ཚིག་རྣམས་རྗེས་སུ་ལས་བྱང་གི་ཚོགས་དང་སྟབས་གཅིག་ཏུ་ལག་ལེན་མཐོང་བརྒྱུད་ལྟར་བྱས་ན་ལེགས་ཤིང་། བརྒྱ་ཕྱག་གི་མགོར་རང་རང་རྣམས་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཞེས་པ་དང་། ཀློང་བཤགས་ཀྱི་མགོའི་འདི་ལྟར་བཀྲམ་པའི་དཀྱིལ་འཁོར་གཉིས་བཏོན་ཀྱང་རུང་ལ་མ་བཏོན་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར། བརྒྱ་ཕྱག་མཇུག་ཏུ་ཡིག་བརྒྱའི་སྒོམ་བཟླས་དཀྱུས་ལྟར་བྱ། བརྒྱ་ཀློང་གཉིས་ཀའི་རྗེས་སུ་ལས་བྱང་གི་ཚོགས་བྱིན་བརླབ་ནས་བཟུང་། རྒྱུན་གྱི་ཕྱག་ལེན་བཞིན་གཞུང་གི་བསྐང་བའི་ཕུར་བསྐང་སྡེ་བདུན་བསྐང་བ་ཡན་རྫོགས་པར་བྱས་ནས། ཚོགས་ལ་རོལ་རྗེས་རིགས་དྲུག་གནས་འདྲེན་སོགས་ལ་འཇུག་པ་ཡིན་ནོ། དེ་ཡང་ཞི་ཁྲོའི་རང་གཞུང་ན་བསྐང་བ་ཡང་ཚོགས་ཀྱི་ཁོངས་སུ་འདུ་བར་བྱས་པ་ལས། བསྐང་བ་ཡན་གར་བ་ཡོད་པ་མ་ཡིན་ཀྱང་། རྒྱ་ར་བས་དགོངས་འདུས་དང་བསྟུན་ནས་རྒྱས་པའི་ལུགས་སུ་བྱས་པ་ཙམ་སོ། དེ་ལྟར་ཆོ་གའི་རིམ་པ་རྣམས་སོང་ནས་ད་ནི་རིགས་དྲུག་གནས་འདྲེན་གྱི་ཆོ་གར་འཇུག་པ་ལ། འདི་ནི་བསྐྱེད་རིམ་གང་ཡིན་ཀྱང་སྐད་ཅིག་དྲན་རྫོགས་ཀྱིས་གསལ་བ་ཙམ་ལས་ཡོ་ག་འོག་མ་ལྟར་རྟེན་བསྐྱེད་སོགས་དགོས་པ་མ་ཡིན་མོད་ཀྱང་། གསང་བ་སྔགས་ཀྱི་འཁོར་ལོས་སྒྱུར་བ་སྟག་བླ་པདྨ་བློ་གྲོས་ནས་རིག་པ་འཛིན་པ་རིན་པོ་ཆེའི་ཕྲེང་བ་ལྟར་རིམ་པར་བྱོན་པ་རྣམས་ནི་གསང་སྔགས་སྙིང་པའི་བསྟན་པའི་སྲོག་འཛིན་དུ་ངེས་པའི་ལུགས་ལྟར་ན་ལྷན་ཐབས་སུ་གྲགས་པའི་གཞུང་དུ་རྟེན་བསྐྱེད་སོགས་མཚམས་སྦྱོར་རྣམས་བཏང་ཡང་ལེགས་པའི་ཆ་ལས་མ་མཆིས་མོད། འོན་ཀྱང་གཏེར་གཞུང་ལྟར་སྣོན་ཕྲི་མེད་པར་བཏང་བ་འདི་གྲུབ་དབང་རྫོགས་ཆེན་པའི་ལུགས་སུ་ངེས་པས་དེ་ལྟར་ན། བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནསཿ ཞེས་གཤིན་པོའི་རྣམ་ཤེས་ཨ་ཡི་གེ་རྣམ་པས་མཚན་བྱང་ལ་བསྟིམ་པ་དེ་ཉིད་དངོས་ཀྱི་འདུན་པ་བྱེད་པ་ལས་རྟེན་བསྐྱེད་མེད་ཀྱང་རུང་བ་འདྲ་ཞིང་གང་ལྟར་ཡང་བདག་བསྐྱེད་ཚིགས་བཅད་དེ་ལན་གསུམ་ལྡབ་མི་དགོས་ཤིང་འགུགས་པ་ལན་གསུམ་བྱེད་པ་དེ་ནི་དེ་ལྟར་རོ། དེ་ལ་ཡང་འགུག་པའི་སྐབས་སུ་གཤིན་པོའི་བདུན་ཚིགས་སོགས་ལ་གཤིན་པོ་དེ་ཉིད་འགུགས་པའི་ཁ་བསྒྱུར་དང་དམིགས་པས་ལོས་ཆོག་ཀྱང་། གསོན་དགོང་སོགས་ལ་དམིགས་ཡུལ་ཞེས་པ་དང་། གཤིན་ཆགས་དང་། དེ་འདྲའི་རིགས་ཀྱི་ཁ་བསྒྱུར་བྱེད་པ་ནི་མུན་སྤྲུལ་ཁོ་ན་ལས་མ་འདས་ཕྱིར། དགེ་སྤྲུལ་རིན་པོ་ཆེའི་བཞེད་པ་བཞིན་བྱས་ན་ལེགས་པས་དེ་ལྟར་བྱེད། དེ་ལྟར་འགུགས་པ་གྲུབ་ནས་སླར་ཡང་ཡང་ལྡབ་ཀྱི་ཚུལ་དུ་འགུགས་པ་བྱ་བ་ནི། ཧཱུཾ་ལས་ཀྱིས་འབྲེལ་བའི་ལན་ཆགས་འགྲོ་བ་སོགས་ཚང་བར་བཏང་མཐར། བགེགས་གཏོར་བྱིན་བརླབས་བྱས་ནས་བགེགས་བསྐྲད་བཅས་གྲུབ་མཐར། མ་རིག་དབང་གྱུར་སོགས་ནས། མ་མ་ཨཾ་ཀུ་ཤ་ཛཿ ཞེས་པའི་བར་བཏང་། ཀྱེ་མ་དབང་མེད་ལས་ཀྱིས་ཞེས་པ་ནས། ཏིཥྛ་བཛྲ་ས་མ་ཡ་ལྷནཿ སྐབས་འདིར། གཙང་ཁྲུས་སུ་གྲགས་པའི་ལྷ་ཁྲུས་བྱེད་པ་ཕྱག་ལེན་ཕལ་ཆེར་ལ་དར་བས། གང་འདིར་བཅོམ་ལྡན་འདས་སོགས་ཁྲུས་གསོལ་མཐོང་བརྒྱུད་ལྟར་གོས་འབུལ་དང་བཅས་གྲུབ་ནས། འདི་ནི་སྦྱིན་པའི་རང་བཞིན་སོགས། ཁྲུས་གསོལ་ཡོངས་རྫོགས་གྲུབ་མཐར་ཡིག་བརྒྱ་དང་ཀཾ་ཀ་ནི་བརྗོད་སྐབས་ཁྲུས་བྱེད་པ་ལས། བྱེ་མའམ་ནས་ཀྱིས་བྲབ་པ་ཕྱག་ལེན་རྣམ་དག་གང་ནའང་མེད་པས་དེ་ཉིད་མ་ལྡེབ་༨པ་དང་༩པ་གཉིས་ཆད་ཡོད། ཆོ་ག་ཡང་བསྐྱར་ལ་འཇུག་པ་ཕྱག་ལེན་རྣམ་དག་ཡིན་པར་སེམས་སོ། ཆོ་ག་འབྲིང་པོ་དང་བསྡུས་པ་ཡང་། དེའི་འགྲེས་ཀྱི་རིག་པས་འཕྲུལ་ཤེས་པར་བྱའོ། ཤིན་ཏུ་བསྡུས་པའི་ཆེ་བརྒྱ་ཀློང་གཉིས་ཀ་བསྡུས་པ་དང་། བསྐང་བ་ཡང་ཚོགས་ཀྱི་ཁོངས་སུ་འདུ་བར་བྱས་ཀྱང་དོན་ལ་མ་ཆོག་པ་གང་ཡང་མེད་དོ། ༧ དེ་ལྟར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་འདོན་འགྲིགས་རྣམ་དག་ལམ་བཟང་འདི་ཉིད་དད་དམ་ནོར་ལྡན་རང་སློབ་ཀློང་གསལ་གྱིས་བསྐུལ་བའི་ངོར། རྣལ་འབྱོར་པ་ཀུན་བཟང་གཞན་ཕན་གྱིས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

ཕ་འཇི༷གས་མེ༷ད་ཀྱི་རྒྱལ་པོ་མཁྱེ༷ན་བརྩེ༷འི་གཏེར་་་་་་

༄༅། །ཕ་འཇི༷གས་མེ༷ད་ཀྱི་རྒྱལ་པོ་མཁྱེ༷ན་བརྩེ༷འི་གཏེར་དབ༷ང་ཕྱུག༷་གྲུབ་པའི་འཁོར་ལོས་སྒྱུར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དེ། འབངས་བདག་གི་བདེ་ཆེན་འཁོར་ལོར་རོལ། ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཀུན། རིག་ངོ་ན་ཚུགས་ཐུབ་མ་ལགས་པས། །ཡེ་གྲོལ་ལྷུན་གྲུབ་ཀྱི་ལྟ་བ་ལ། །སྣང་བ་ཡོད་མཐས་མ་བསླད་ཅིང་། །སྟོང་པ་མེད་མཐས་མ་གོས་པའི། །ཟུང་འཇུག་དབུ་མར་རོ་གཅིག་ཚེ། །གཞི་དང་ལམ་འབྲས་ཁ་ཁ་ཞིག །ངོ་བོ་ལ་བཙལ་བས་མ་རྙེད་ཀྱང་། །ཐུགས་རྗེ་རིག་གདངས་མ་འགག་རྩལ། སྣང་བཅས་ཉམས་ཀྱི་མགུར་མ་འདི། །བྲག་ཅ་བཞིན་རྐྱེན་གྱིས་བསྐུལ་བའི་གླུ། །ཨ་ལ་ལ་སྲེའུ་༈༈༈༈༈མཇུག་མི་ཚང་། སྒྲ་གཅན་དུད་འགྲོ་ཡིན་པས་མིག་གིས་ཉི་ཟླའི་བཀྲག་མི་བཟོད་ཅིང་ལག་པས་སྒྲིབ་པར་བཤད་པ་དང་དུས་འཁོར་ནས་གདོང་མཇུག་གིས་སྒྲིབ་པར་དུས་མེ་འཇུག་པ་ཞེས་དང་གཞུང་ལ་ལར་ཁས་ཟོས་པ་ཨོལ་བར་ཐོན་པ་ཡང་བཤད་དོ། དེ་དུས་དགེ་སྡིག་གང་བྱས་ཀྱང་ཟླ་བར་བུམ་འགྱུར་དང་། །ཉི་མར་བྱེ་བའི་འགྱུར་ཡོད་པར་གསུངས་སོ། །ས་གཡོ་བ་ཡང་བྱང་ཆུབ་སེམས་དཔའ་ས་ནས་སར་འཕར་བའམ། དེ་བཞིན་གཤེགས་པའི་སྤྲུལ་པས་འཇིག་རྟེན་དུ་ཆོ་འཕྲུལ་མཛད་དམ། མི་དགེ་བའི་ལས་རླབས་པོ་ཆེ་ལས་བྱུང་བའམ། ཉ་བོ་ཆེ་འགྲེ་ལྡོག་བྱས་པའི་སྐྱོན་ནམ་ཡང་ན་ལྷ་མིན་དབང་པོ་ཐག་བཟང་རིས་ཁྲེས་ནས་ལྷ་ལ་གཡུལ་འགྱེད་པའི་ཆེད་དུ་གསེར་གྱི་ས་གཞིར་རྐང་པ་བརྡབ་པའི་སྐྱོན་ཡིན་པ་སོགས་མ་ངེས་པར་བཤད་པ་ཡང་ཡོད་དོ།། །།

རིག་འཛིན་ཆེན་པོ་པདྨ་དབང་ཆེན་གྱི་བཀའ་གཏེར་སྐོར་གྱི་འདོན་འགྲིགས་ནོར་བུའི་ཕྲེང་བ།

༄༅། །རིག་འཛིན་ཆེན་པོ་པདྨ་དབང་ཆེན་གྱི་བཀའ་གཏེར་སྐོར་གྱི་འདོན་འགྲིགས་ནོར་བུའི་ཕྲེང་བ་བཞུགས། །

ན་མོ་གུ་རུ་ཨ་བྷྱ་དྭཱི་པ་ཡེ། ཁེངས་དང་དྲེགས་པའི་ང་རྒྱལ་སྤངས་ཀྱང་གདོང་བཞིའི་བརྟུལ་ཞུགས་ཟིལ་གྱིས་གནོན། འཇིག་རྟེན་ཆོས་བརྒྱད་འབྱོར་པས་དབུལ་ཡང་འདོད་ཁམས་བདག་པོ་བྲན་དུ་བཀོལ། ཆོས་དང་སྲིད་ཀྱི་མངའ་ཐང་སྨད་ཀྱང་འཕགས་ནོར་བདུན་གྱིས་མངོན་པར་མཐོ། དེ་འདྲ་གང་ཡིན་དེ་ནི་མཁྱེན་བརྩེའི་འོད་ཟེར་སྟོང་འབར་ཡིད་མཁར་འབར། གང་གི་བཀའ་གཏེར་གང་གའི་རྒྱུན། །རྣམ་དག་མཐོང་བརྒྱུད་ཡུར་ལམ་དུ། །ལེགས་དྲངས་གདུལ་བྱའི་ཞིང་ས་རུ། །གྲུབ་གཉིས་འབྲས་སྨིན་ཐབས་འདི་ལོངས། །དེ་ཡང་སྤྲུལ་པའི་སྐུ་མཆོག་རིག་འཛིན་འཇིགས་མེད་གླིང་པའི་བཀའ་གཏེར་རྒྱ་མཚོ་ལྟ་བུ་ཐོག་མཐའ་བར་གསུམ་དགེ་བའི་ལམ་གྱི་དེའི་མཇུག་མི་ཚང་། ཞལ་པདྨ་སྐྱེས། གཞོན་ཚུལ་ཁྲོ་འཛུམ་དཔའ་ཟིལ་ལྡན། །གསང་གོས་ཟབ་བེར་ཆོས་གོས་མནབས། །དབུ་ལ་པད་ཞུ་རྒྱན་ལྡན་གསོལ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཕྱར། །གཡོན་ན་ཐོད་པ་བདུད་རྩིས་བཀང་། །ཞབས་གཉིས་རྒྱལ་པོ་རོལ་སྟབས་ཅན། །རྒྱན་དང་ཆ་ལུགས་ཕུན་སུམ་ཚོགས། །བདག་ཉིད་དེ་ལྟར་གསལ་བ་ཡི། ཐུགས་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས། །གྲངས་མེད་འཕྲོས་ནས་དྲེགས་བྱེད་ཚོགས། །དབང་དུ་བསྡུས་ནས་མདུན་དུ་བཀུག །དངོས་བཤམས་ཡིད་སྤྲུལ་ལོངས་སྤྱོད་རྫས། །ཕུལ་བས་མཉེས་ནས་རབ་དགྱེས་ཏེ། །གང་བཅོལ་ཕྲིན་ལས་འགྲུབ་པར་བསམ། དེ་ནས་དམིགས་འདོན་ཟུང་འཇུག་གིས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ནས། ཧཱུཾ་སྐུ་གསུམ་བརྒྱུད་གསུམ་བླ་མ་དང་། སོགས་ནས་འདོད་གསོལ་བཅས་བཏང་སྟེ། བགེགས་གཏོར་དལ་གྱི་མདུན་དུ་དམའ་བའི་སྟེགས་ལ་བཤམས་ནས། ཨ་མྲྀ་ཏས་བསངས། སྭཱ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་བགེགས་ཀྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་རྣམས་དང་ལྡན་པར་གྱུར། ཞེས་བསམ་ལ། ༀ་སརྦ་བུ་ཏ་ཨ་ཀཪྵ་ཡ་ཛཿ ལན་གསུམ་གྱིས་བགེགས་རྣམས་དགའ་ཞིང་གུས་པའི་ཚུལ་གྱིས་འདུས་པར་བསམ་ལ། ༀ་སརྦ་བིགྣཾ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་བརྗོད་ནས། བགེགས་བསྐྲད་ནི། ཧྲཱིཿ སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་འདིརཿ སོགས་ནས། བཀའ་ལས་འདའ་ན་རྡོ་རྗེས་གཞོམཿ ཞེས་དང་། ཧཱུཾ་བཞིའི།

ཀློང་ཆེན་སྙིང་ཐིག་གི་ཆོ་གའི་འགྲིགས་རིམ་དང་དམིགས་འགྲེལ་སྤེལ་མར་བཤད་པ་མུ་ཏིག་འཕྲེང་བ།

༄༅། །ཀློང་ཆེན་སྙིང་ཐིག་གི་ཆོ་གའི་འགྲིགས་རིམ་དང་དམིགས་འགྲེལ་སྤེལ་མར་བཤད་པ་མུ་ཏིག་འཕྲེང་བ་བཞུགས།

ན་མོ་གུ་རུ་པདྨ་བཛྲ་ཡེ། །འོད་མཚན་སྟོང་འབར་འཆི་མེད་ཚེ་ཡི་ལྷ། །རྫུས་སྐྱེས་མཆོག་གི་སྤྲུལ་སྐུའི་རྣམ་རོལ་དུ། །ལེགས་ཤར་འགྲོ་བའི་སྐྱབས་མགོན་པདྨ་འབྱུང་། །བདག་སོགས་འགྲོ་བའི་བདེ་ཆེན་འཁོར་ལོ་རོལ། །གང་ཞིག་དྲན་པའི་མོད་ལ་མཆོག་ཐུན་གྱི། །དངོས་གྲུབ་ཐོབ་པའི་ཐབས་མཆོག་གངས་ཀྱི་རིར། །མཁྱེན་བརྩེའི་འོད་སྟོང་ཟེར་གྱིས་ལེགས་བཞུའི་རྒྱུན། །སྐལ་བཟང་གདུལ་བྱའི་ཞིང་ས་འདིར་འབེབས་སོ། དེ་ཡང་འདིར་ཀུན་མཁྱེན་ཆེན་པོ་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་འདོན་འགྲིགས་སུ་བསྟར་བའི་ཐོག་མར། ཚིག་བདུན་གསོལ་འདེབས་སྐུ་གསུམ་གསོལ་འདེབས་དང་བསམ་པ་ལྷུན་གྲུབ་སྒྲོལ་མ། རྗེ་འབངས་ཉེར་ལྔའི་གསོལ་འདེབས་དང་། བར་ཆད་ལམ་སེལ་ཀློང་སྙིང་བརྒྱུད་འདེབས་བཅས་བཏང་ནས། ཆོ་ག་དངོས་ལ་འཇུག་པའི་དང་པོ་སྐྱབས་སུ་འགྲོ་བ་ནི་མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རིག་འཛིན་པདྨ་འབྱུང་གནས་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་བསྐོར་བ་ཡིད་ངོར་གསལ་བའི་དྲུང་དུ་རང་གི་ཚེ་འདིའི་ཕ་མ་གཉིས་དགྲ་བགེགས་གཉིས་ཏེ། བཞི་པོ་དེའི་གཙོར་བྱས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་རང་དང་ལྷན་ཅིག སྐྱབས་འགྲོ་འདོན་པར་མོས་ནས། ན་མོ་བདག་དང་མཐའ་ཡས་སོགས། སྐྱབས་འགྲོ་གང་ནུས་བལྡབ། དེ་ནས་སེམས་བསྐྱེད་ཀྱི་དོན་ནི། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ལ། དེ་ཐམས་ཅད་བདེ་བའི་མཆོག་བླ་ན་མེད་པ་རིམ་གཉིས་ཀྱི་ལམ་ལ་རྨོངས་པས་སྡུག་བསྔལ་ཁོ་ནའི་རྒྱུ་དང་འབྲས་བུ་ལ་སྤྱོད་པ་འདི་རྣམས་བདག་གིས་རིག་འཛིན་བླ་མའི་གོ་སར་དབུགས་དབྱུང་བར་བྱའོ་སྙམ་པའི་སྨོན་སེམས་དང་། དེའི་ཐབས་ལ་གཞོལ་བ་འཇུག་སེམས་བཅས་གཉིས་ཀ་ཚང་བའི་ངང་ནས། ཧོ་རིག་འཛིན་དཀྱིལ་འཁོར་སོགས། སེམས་བསྐྱེད་ལན་གྲངས་གང་ནུས་བལྡབ། ཡན་ལག་བདུན་པའི་དོན་ནི། འདི་རྒྱུ་དུས་ཀྱི་ཚོགས་བསགས་ལྟར་གཟུང་འཛིན་སྤེལ་བ་མ་ལགས་ཏེ། འབྲས་དུས་ཀྱི་གནས་ལུགས་ཇི་བཞིན། ལམ་གྱི་གནས་སྐབས་དང་ཚུལ་མཐུན་པར་བརྗོད་པ་ནི། ཧོ་ཆུ་ལས་ཆུ་བུར་སོགས་ནི། ཆོས་སྐུ་ལས་ལོངས་སྐུ་དེ་ལས་སྤྲུལ་སྐུའི་དཀྱིལ་འཁོར་མཁའ་དབྱིངས་སུ་ཤར་བའི་འཇའ་སྤྲིན་བཞིན་སྣང་ལ་རང་བཞིན་མ་གྲུབ་པར་གསལ་བའོ། དེའང་ལམ་གྱི་ཁྱད་པར་ཐོད་རྒལ་ནི། སྣང་བ་བཞིའི་དང་པོ་མཚོན་བྱ་སྐུ་དང་ཡེ་ཤེས་ཀྱི་ལམ་རྟགས་མཚོན་བྱེད་ཐིག་ལེ་སྟོང་པའི་སྒྲོན་མ་དང་། རིག་པ་ལུ་གུ་རྒྱུད་ཀྱི་སྒྲོན་མ་སོགས་ཀྱི་ཕྱག་འཚལ་དང་། དེ་ལས་ཀྱང་སྣང་བའི་འཕེལ་སྒོ་ཇེ་ཆེར་སོང་ནས། ཐིག་ལེའི་ནང་དུ་སྐུའི་རྣམ་པ་ཅུང་ཟད་ཤར་བའམ་ཤར་གྲབས་བྱས་པ་ཚུན་ལ་མཆོད་པའི་ཐ་སྙད་བཞག་པའོ། དེ་ལས་ཀྱང་སྐུ་ལྔ་ཚོམ་ནས་སྣང་ཡུལ་ཐམས་ཅད་ཁྱབ་ཚུན་ཆད་བཤགས་བྱ་བཤགས་བྱེད་ལས་འདས་པས་དེ་ལྟར་བརྗོད་པའོ། དེ་ནས་ཕྱི་ནང་གི་སྣང་བ་ཐམས་ཅད་སྐྱེར་དགུའི་ཟླ་བ་གནམ་སྟོང་དབྱིངས་སུ་འཁྱིལ་བ་ལྟར་རྣམ་པར་མི་རྟོག་པའི་ངང་དུ་ཞི་བ་ལ་ཆོས་ཉིད་ཟད་པ་ཞེས་བསྒོམ་བྱ་དང་སྒོམ་བྱེད་ལས་གྲོལ་བ་རྗེས་སུ་ཡི་རང་བའི་ས་བཅད་བྱས་པའོ། དེའི་ཚེ་མི་སློབ་པའི་ལམ་མངོན་དུ་གྱུར་པ་ལ་མདོ་སྔགས་སྤྱི་དང་། རྫོགས་ཆེན་གྱི་ཁྱད་པར་ལས་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་གནས་གྱུར་ནས་རྡུལ་གཅིག་གི་གོ་ན་རྡུལ་སྙེད་ཀྱི་རྒྱལ་བའི་ཞིང་ཁམས། དེས་ཀྱང་མཁའ་ཁྱབ་ཀྱི་འགྲོ་བའི་དོན་རྒྱུན་ཆད་མེད་པར་བྱེད་ནུས་པ་ལ་ཆོས་འཁོར་སྐོར་བར་བསྐུལ་བའོ། འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པདྨ་ཀཱ་ར་དང་། བི་མ་ལ་ཇི་བཞིན་མྱ་ངན་ལས་མི་འདའ་བར་སྲིད་པ་ཇི་སྲིད་ཕན་བདེ་སྤེལ་བའི་བྱེད་པོར་བཞུགས་ཞེས་འཁོར་བ་དང་སྒོ་མཐུན་པའི་གསོལ་བ་བཏབ་པའོ། དེ་ལྟ་བུའི་ཟག་བཅས་ཟག་མེད་ཀྱི་དགེ་ཚོགས་ཅི་མཆིས་པ་ཐམས་ཅད་ཡེ་ཤེས་ཆེན་པོའི་དབྱིངས་སུ་དྲིལ་ཏེ། ཆོས་ཐམས་ཅད་ཀྱི་ནང་དབྱིངས་བརྗོད་པའི་མཐའ་དང་བྲལ་བ་དེ་འཁོར་འདས་གཉིས་ཀའི་སྤྱི་གཞིའམ། གཞི་ཡིན་ཀྱང་བསྔོ་བའི་ཡུལ་ཡང་དག་པ་མ་ཡིན་ཏེ་སྟོང་པ་ཕྱོགས་གཅིག་ཡིན་པའི་ཕྱིར་རོ། དེ་ནས་སྟོང་ཆེན་ནམ་མཁའ་ལྟ་བུ་དེ་ལས། འཁྲུལ་གྲོལ་གྱི་ལམ་མམ་རང་བཞིན་གྱི་གཤིས་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་རྨ་བྱའི་སྒོ་ང་རུམ་ན་ཡོད་པའི་སྐབས་སམ། ཤེལ་འོད་ཉི་མས་མ་བསླངས་པ་ལྟ་བུའི་གནས་དེ། ད་ལྟའི་རིག་པ་སྐད་ཅིག་མའི་གདངས་བགྲེས་རྒུད་དང་བྲལ་བ་འདི་གཞོན་ནུ་ཡིན་ལ། བུམ་སྐུ་ཞེས་པ་སྐུ་དང་། ཞིང་ཁམས་ཕྱིར་མ་གསལ་ཀྱང་ནང་དུ་མ་འགག་པ་གོང་གསལ་བཞིན་རྨ་བྱའི་སྒོ་ང་དང་། ཤེལ་འོད་ཀྱི་དཔེས་བསྟན་པ་བཞིན་ནོ། ཚུལ་དེ་ལྟ་བུའི་དོན་ཁོང་དུ་ཆུད་པས་ཡན་ལག་བདུན་པ་བཏང་མཐར་སྐྱབས་ཡུལ་གསལ་བ་རང་ལ་བསྟིམས་ནས་དམིགས་མེད་དུ་བཞག །དེ་ནས་བགེགས་བསྐྲད་པ་ནི། འདི་ལ་གཉིས་ཏེ་དྲང་ངེས་གཉིས་སོ། དང་པོ་ལྟར་ན་ཚེ་སྔོན་གཞན་སྲོག་བཅད་པས་ད་ལྟའི་ཚེ་སྲོག་ལ་འཚེ་བ་མང་བ། བརྡུང་བརྡེག་བྱས་པས་ན་ཚ་མང་བ། འཕྲོག་བཅོམ་བྱས་པས་དབུལ་ཕོངས་བ་སོགས་ནི་ལན་ཆགས་སམ་ཤ་འཁོན་དུ་གཏོགས་བའི་བགེགས་ཡིན་ལ་དེ་ལས་གཞན་པ་རང་རྒྱུད་ཀྱི་ཞེ་སྡང་གིས་བསྐྱེད་པས་ཕོ་གདོན་རྒྱལ་པོ་འདོད་ཆགས་ཀྱིས་མོ་གདོན། གཏི་མུག་གིས་ཀླུ་གདོན། དེ་ལས་གྱེས་པ་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་མ་རིག་པ་གཅིག་པོས་འཕྲུལ་ལས་མ་བྱུང་བ་གཅིག་ཀྱང་མེད་དེ། དཔེར་ན་གཉིད་དང་རྨི་ལམ་བཞིན་ནོ། དེ་བགེགས་གཏོར་གྱི་དངོས་མཚན་སྦྱངས་རྗེས་འདོད་པའི་ཡོན་ཏན་ལྔ་ཞེས་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ་རེག་བྱ་འཇམ་པ། ཟད་མི་ཤེས་པ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལྟར་གྱུར་པ་འཁོར་བ་མ་སྟོང་གི་བར་དུ་སྦྱིན་ཡུལ་རྣམས་ཚིམ་པའི་ནུས་ལྡན་དུ་བསམ་ནས། ཧྲཱི། སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་སོགས་ཀྱིས་བགེགས་བསྐྲད། སྐབས་འདིར་རང་ཉིད་ངོ་བོ་སློབ་དཔོན་ཆེན་པོ་ལ་རྣམ་པ་པདྨའི་རིགས་ཀྱི་ཁྲོ་བོ་རྟ་མགྲིན་རོལ་པ་བསྐལ་པ་འཇིགས་དུས་ཀྱི་མེ་བཞིན་ཤིན་ཏུ་དམར་ཞིང་ཚམ་རྔམས་བཟོད་པར་དཀའ་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ་དམར་སེར་རལ་པ་གྱེན་དུ་བརྫེས་ཤིང་ཐོད་སྐམ་ལྔ་ཡིས་བརྒྱན་པའི་རྩེ་མོར་རྟ་མགོ་ལྗང་ཞུར་རྟ་སྐད་ལྷང་ལྷང་འཚེར་བས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། གར་གྱི་ཉམས་དགུ་དུར་ཁྲོད་ཀྱི་ཆས་བརྒྱད་ལ་སོགས་པས་འཇིགས་པར་སྤྲས་པ། ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས་ལོག་འདྲེན་བརྫིས་པ། ཕྱག་གཡས་མི་མགོས་སྤུད་པའི་དབྱུག་ཏོ་མེ་འབར་བས་བསྡིགས་ཤིང་འཇོམས་པར་བྱེད་པ། གཡོན་སྡིགས་མཛུབ་ལས་སྤྲུལ་པའི་ཁྲོ་ཆུང་བསམ་གྱིས་མི་ཁྱབ་པ་སྤྲོ་བསྡུ་བྱས་པས་ལོག་འདྲེན་རྣམས་སྤ་བཀོང་བའི་བརྟུལ་ཞུགས་ཀྱི་ནུས་པས་གདོང་མི་བཟོད་པའི་བསྐལ་པའི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་ང་རྒྱལ་བརྟན་པོར་བཟུང་ནས་སྦྱིན་པའི་ཡས་གཏད། བདེན་པའི་ཆོས་བཤད་ཀྱང་མི་འགྲོ་ཞིང་། སླར་འཚེ་བའི་རིགས་སུ་གྱུར་པ་རྣམས་བྱ་ཁྱུ་རྡོས་སྐྲོག་པའམ། ར་ལུག་སེར་བ་དྲག་པོས་བཞིན་དེད་ནས་རྒྱ་མཚོ་ཆེན་པོའི་ཕ་མཐར་གསུངས་པ་དང་། དཔག་ཚ་རྒྱང་གྲགས་ཟེར་བའི་ས་ཚིགས་ཀྱི་དབྱེ་བ་གསུངས་ཀྱང་། འདིར་བསྒྲལ་བའི་ཞིང་བཅུ་དང་ཉམས་པ་བདུན་སོགས་སྤྱི་སྒོས་ཀྱི་དགྲ་ཟླར་གྱུར་པའི་ཡུལ་དུ་དེད་པར་བསམ་པ་ནི། ཟ་ལམ་དགྲ་ལ་བསྟན་པའི་དོན་ཡང་ཚང་བས་དེ་ཕྱིར་དེ་ལྟར་བྱས་ན་འཐད་དམ་སྙམ་དོན་དམ་པར་བགེགས་ཞེས་བྱ་བའི་དངོས་པོ་ཅན་དུ་ཡོད་ན་མི་འདྲ་མོའམ་དུད་འགྲོ་ལྟ་བུར་མཐོང་ཆོས་སུ་གྱུར་པ་གཅིག་དགོས་རྒྱུ་ལ་དེ་འདྲ་ནི་མི་འདུག །དངོས་མེད་ཞིག་ཡིན་ན་དངོས་མེད་ཀྱིས་དངོས་པོ་འཇིག་མི་ནུས་ཏེ། ནམ་མཁའ་འདིས་འབྱུང་བ་གཞན་ལ་བཤིག་པའམ། རང་ཉིད་ཀྱི་འགྱུ་དྲན་དངོས་མེད་འདི་ཁོ་ནས་སུ་ཡང་འཇོམས་མི་ནུས་པས་ཕྱིར། བགེགས་རང་གཉིས་འཛིན་ལས་བྱུང་བའི་དོན་རྟོགས། བགེགས་དུ་འཛིན་མཁན་དང་། འཛིན་རྒྱུའི་བགེགས་ཤར་བའི་རྣམ་རྟོག་གཉིས་ཀ། ཐག་ཁྲ་ལ་སྦྲུལ་དང་ལ་ཁའི་ཐོ་ཡོར་མིར་བཟུང་ནས་འཇིགས་སྐྲག་སྐྱེས་པ་ལས་གྲོལ་བའི་གནས་སྐབས་ལྟར་ཡིན་ནོ། དེའི་ཕྱིར་ན་དྲང་དོན་ལ་བགེགས་སོགས་ཀུན་རྫོབ་ཀྱི་ཆོས་སོ་ཅོག་ཐམས་ཅད་ཡོད་པའི་ཚུལ་དང་། དོན་དམ་ལ་ཡོད་པ་ཡང་མ་ཡིན་ཏེ། སྔ་མ་ལྟར་ལ་མེད་པའང་མ་ཡིན་ཏེ་ཕྱོགས་སུ་མ་ལྷུང་ཞིང་མཐར་འཛིན་བྲལ་བས་ཕྱིར་རོ། སྲུང་འཁོར་ལ་ཡང་ཀུན་རྫོབ་དོན་དམ་གཉིས་སོ། དང་པོ་ནི་མ་དག་པ་འཁོར་བའི་དབང་ཡུལ་དུ་སྣང་བའི་ས་རྡོ་རི་བྲག་ལ་སོགས་མི་དམིགས་པའི་ངང་ལ་རྡོ་རྗེའི་རྡུལ་ཕྲ་མོས་གཏམས་པའི་ས་གཞི་དེའི་སྟེང་དུ་རྡོ་རྗེའི་གུར་ལྕགས་རྨོག་ཁ་སྦུབ་པ་ལྟ་བུ། དེའི་བླར་རྡོ་རྗེའི་བླ་བྲེ་དེའི་ཕྱི་རོལ་དུ་མཁར་གྱི་ལྕགས་རི་ལྟ་བུའི་རྡོ་རྗེའི་ར་བ་གུར་གྱི་ཕྱི་རོལ་ནས་གཡོགས་པའི་ཚུལ་གྱི་རྡོ་རྗེའི་དྲྭ་བ་རྒྱ་གྲམ་གྱི་དབྱིབས་ཅན་བར་མཚམས་ཀུན་ཏུ་རྒྱ་གྲམ་ཕྲ་མོས་གཏམས་པ། དེ་ལ་དེ་ལྟ་བུའི་ཚ་ཚ་མཆེད་པའི་ར་བ་དང་རྩེ་སྤྲོད་དུ་ཡོད་པ། རྩེ་མོར་རྡོ་རྗེའི་ཏོག་བལྟས་པ་ཙམ་གྱིས་མིག་ཚིག་པའི་འོད་ཟེར་འབར་བ་རྡོ་རྗེའི་ར་བའི་ཕྱི་རོལ་ནས་ཡུམ་ལྔའི་ངོ་བོའི་ཕྱོགས་བཞི་དབུས་ལྔ་ནས་ལས་མཐུན་གྱི་མེ་དཔུང་ཁ་ཏོག་སྣ་ལྔའི་འཇིག་རྟེན་སྲིད་པའི་གནས་ཡོངས་སུ་བསྲེག་པའི་ནུས་སྟོབས་དང་ལྡན་པ་ཁྲོ་ཆུང་གི་རྣམ་པའི་མེ་སྟག་གི་ཚ་ཚ་འཕྲོས་པས་ལོག་འདྲེན་རྣམས་ཀྱང་བྱ་སྒྲོ་མེས་ཚིག་པ་ལྟར་གཞོབ་ཐུལ་དུ་གཏོང་བ། མདོར་ན་ཚུར་ལ་གནོད་བྱེད་གང་གིས་ཀྱང་གླགས་མི་ནུས་ཤིང་། ཕར་ལ་བདུད་སྡེའི་དཔུང་བཅས་འཇོམས་པའི་སྲུང་བའི་འཁོར་ལོར་བསམ་པའོ། གཉིས་པ་ནི། སྲུང་བྱ་བདག་དང་སྦྱིན་བདག །བསྲུང་བྱེད་ལྷ་དང་སྲུང་མ་སོགས་གཉིས་སུ་འཛིན་པའི་རྟོག་པ་དག་པའི་དབྱིངས་ཆེན་པོ་དེ་ལ་དགའ་ར བ་དབང་ཕྱུག་འཁོར་དང་བཅས་པས་བརྫི་བར་ནུས་པ་མ་ཡིན་ནོ། དེ་ལྟ་བུའི་དོན་ཤེས་པའི་ངང་ནས། ཧྲཱི། སྣང་སྲིད་དག་པ་རབ་འབྱམས་ལ༔ ཞེས་སོགས་བརྗོད། བྱིན་འབེབས་ནི། བདག་དང་དཀྱིལ་འཁོར་རྫས་བཅས་ཀྱི་ཉེས་སྐྱོན་དག་པ་དང་། སྔགས་ཀྱི་སྣོད་དུ་རུང་ཞིང་བཅུད་ཆགས་པའི་ཕྱིར་ཡེ་ཤེས་ལྷའི་བྱིན་ནུས་དབབ་པ་ནི་རང་ཉིད་སྨིན་གྲོལ་གྱི་དམ་ཚིག་ལ་གནས་བཞིན་པའི་སྟེང་། དད་གུས་མོས་པ་ཆེན་པོ་བྱིན་རླབས་ཀྱི་སྒོ་ཡིན་པས། །ཕྱོགས་བཅུ་རབ་འབྱམས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། རྩ་གསུམ་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་ཐུགས་རྗེའི་རོལ་རྩལ་གདུལ་བྱའི་དད་པའི་རྗེས་སུ་འགྲོ་བ་ཡིན་པས། ཁྱེད་རྣམས་ཀྱི་སྔོན་སྨོན་དང་ཐ་ཚིག་གི་དབང་གིས་མཚན་མ་རྫས་ཀྱི་དཀྱིལ་འཁོར་སོགས་དམིགས་པའི་ཡུལ་འདི་རྣམས་དག་པ་ཡེ་ཤེས་ཆེན་པོའི་རང་བཞིན་དུ་བྱིན་གྱིས་རློབས་པར་མཛད་དུ་གསོལ། ཞེས་མོས་ནས། ཧཱུཾ་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ སོགས་ཀྱི་བྱིན་ཕབས་མཐར། ལྷ་ཚོགས་རྣམས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པས་མཚོ་ཆེན་པོ་ལ་ཆར་བབས་པ་བཞིན་དུ་བདག་དང་བསྲུང་བྱ་རྟེན་རྫས་སོགས་གནས་དང་ཡོ་བྱད་རྣམས་ལ་ཐིམ་པར་བསམ་མོ། མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཕྱིའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས་སོ། འདི་རྣམས་ཕྱིའི་འཇིག་རྟེན་ལས་བྱུང་བ་སྔགས་ཕྱི་པ་དང་མཚུངས་པ་ལྷའི་ཕྱེ་སྤྱོད་ཡུལ་ཡིན་པས་ཕྱིར་རོ། ནང་མཆོད་གཟུགས་མཛེས་པ་སྒྲ་སྙན་པ་དྲི་ཞིམ་པ་རོ་མངར་བ་རེག་བྱ་འཇམ་པ། སྨན་རག་གཏོར་གསུམ་དང་བཅས་པའོ། འདི་དག་ནང་བཅུད་ལས་འབྱུང་བ་དང་། སྔགས་ནང་རྒྱུད་དང་མཚུངས་ལ་ལྷའི་ནང་དབང་པོའི་སྤྱོད་ཡུལ་ཡིན་པས་སོ། གསང་བ་བདེ་སྟོང་བླ་ན་མེད་པའི་མཆོད་པ་དང་བཅས་པ། དངོས་པོར་འཛིན་པའི་རྣམ་རྟོག་བསལ་ཕྱིར་ༀ་གྱིས་སྦྱངས། ཨཱས་ཱས་སྣོད་བཅུད་དག་པར་བསྒྱུར། ཧཱུཾ་གིས་རྒྱ་ཆེན་རྒྱུན་མི་འཆད་པར་སྤེལ་ནས། ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིན་སོགས་ནས་རང་སྔགས་ཀྱིས་བརླབས་སོ། དངོས་གཞི་ལྷ་བསྐྱེད་ནི། ཕ་རྒྱུད་ལྟར་རྡོ་རྗེའི་ཆོ་ག་གསུམ་དང་། མ་རྒྱུད་ལྟར་མངོན་བྱང་ལྔ། དེ་གཉིས་ཀ་དེ་བཞིན་ཉིད་དང་ཀུན་སྣང་རྒྱུའི་ཏིང་ངེ་འཛིན་གསུམ་པོས་ཁོག་ཕུབས་ནས་རྟེན་འབྲེལ་བཅུ་གཉིས་དང་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱོང་ཚུལ་གྱིས་བསྐྱེད་རིམ་གང་ཟག་གི་བློ་རིམ་དང་སྦྱར་ཏེ་གསུངས་པ་ཡིན་ལ། དེ་ལ་འཆི་སྲིད་ཆོས་སྐུ། བར་སྲིད་ལོངས་སྐུ། སྐྱེ་སྲིད་སྤྲུལ་སྐུར་སྦྱོང་བས་མཚོན་ཏེ། ཕར་ཕྱིན་ཐེག་པར་ས་བཅུ་ལམ་ལྔ་གྲངས་མེད་གསུམ་གྱིས་རྫོགས་དགོས་པར་བཤད་པ་དང་། སྔགས་སུ་བྱ་རྒྱུད་ལ་མི་ཚེ་བཅུ་དྲུག་སྤྱོད་རྒྱུད་ལ་བདུན། རྣལ་འབྱོར་ལ་གསུམ། རྣལ་འབྱོར་བླ་མེད་ལ་ཚེ་གཅིག་ལ་བྱང་ཆུབ་སྙིང་པོ་མངོན་དུ་བྱེད་པས་ཁྱད་པར་འཕགས་པ་དང་། ནང་རྒྱུད་སྡེ་གསུམ་ལ་རིམ་གྱིས་འཕགས་ཆོས་ཡོད་པས། འདིར་ཡང་དེའི་ལུགས་སུ་མཚོན་བྱ་སྐུ་གསུམ་གྱི་སངས་རྒྱས་ལ། མཚོན་བྱེད་འགྲོ་བ་རིགས་དྲུག་གི་ཆར་གཏོགས་པའི་སེམས་ཅན་ཐམས་ཅད་རིག་འཛིན་བླ་མའི་ལྷ་ཚོགས་ཀྱི་གསང་བ་གསུམ་དུ་བསྒྲུབ་སྐད་ཅིག་དྲན་རྫོགས་སམ། རྫུས་སྐྱེས་དང་དྲོོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བ་དང་ཚུལ་མཐུན་ཏེ། དཔེར་ན་མཁའ་དབྱིངས་སུ་ཆར་སྤྲིན་ནམ་ཆུ་ནང་དུ་ཟླ་གཟུགས་སྣང་བ་ལྟར། ཧཱུཾ་མ་བཅོས་རིག་པ་སྟོང་གསལ་ངང་ཆོས་སྐུ་དང་། ལྷག་མཐོང་སྣང་ཆའི་ཞེས་ལོངས་སྐུ། རྟེན་འབྲེལ་ཀུན༔ ལྷུན་གྲུབ་དག་པ་རབ་འབྱམས་ཀྱིཿ དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི༔ ཞེས་སྐུ་གསུམ་གྱི་གནས་ཚུལ་དང་མཚུངས་པའི་རྟེན་དང་བརྟེན་པར་བཅས་པ་ཆོ་ག་རང་གཞུང་གིས་གསལ་བཞིན་དང་བསྙེན་ཡིག་སོགས་ལས་ཤེས་པར་བྱ་བ་ལས་འདིར་ཡི་གེར་འཇིགས་སོ། དེ་ལྟར་རིག་འཛིན་བླ་མའི་དཀྱིལ་འཁོར་དུ་མཆོག་གསུམ་སྐུ་གསུམ་རྩ་གསུམ་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཆུ་བྲན་རྒྱ་མཚོར་འདུས་པའི་དཔེ་བཞིན་གཉིས་སུ་བྱར་མེད་པ། འཁོར་བའི་གནས་རིགས་རྣམས་ཀྱང་བདག་ཉིད་ཀྱི་སྒོ་གསུམ་དང་ལྷན་ཅིག་ཏུ་རིག་འཛིན་བླ་མའི་སྐུར་སྒྲུབ་པ་ཡིན་པ་ལ་ཡིན་པའི་ངེས་པ་འདྲོངས་པའི་ངང་ནས་ལྷ་ཚོགས་རྣམས་ཀྱི་གནས་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན། ༀ་དཀར་ཨཱ་དམར་ཧཱུཾ་མཐིང་གསུམ་གསལ་བ་ལས་འོད་ཟེར་འཕྲོས་པས་སྐུ་གསུམ་དག་པའི་ཞིང་ཁམས་ན་བཞུགས་པའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་སྤྱན་དྲངས་པར་བསམ་མོ། དེ་ལ་ཡང་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་སྤྱན་འདྲེན་དགོས་རྒྱུ་ལ་ཡང་། དེ་ལྟ་བུའི་ཡུལ་ཞིག་ག་ཤེད་ན་ཡོད་སྙམ་གྱི་གཉིས་འཛིན་མཁན་རྣམས་ལ་སོ་སོར་རིས་ཆད་དུ་ཡོད་མོད་ཀྱང་བློ་ལྡན་རྣམས་ཀྱིས་ཀུན་རྫོབ་དང་དོན་དམ་གྱིས་བསྡུས་པའི་ཆོས་སོ་ཅོག་གི་དབྱིངས་ཆེན་པོ་འདི་ལས་གཞན་མི་ཚོལ་ཏེ་བཙལ་ཀྱང་མི་རྙེད་པའི་ཕྱིར་རོ། དེས་ན་འཁོར་བའི་རང་བཞིན་གནས་མཐོ་དམན་ཐམས་ཅད་ཀུན་གཞི་མ་རིག་པ་གཉིད་ལྟ་བུ་ལས། འཁྲུལ་ལམ་དུ་འཕྱན་ཏེ་འཁྲུལ་བའི་རྩལ་རྨི་ལམ་མ་སད་པ་བཞིན་བདེ་སྡུག་བར་མ་སྣ་ཚོགས་མྱོང་བ་ཡིན་ལ། དེའི་སྐབས་སུ་ཡང་བདེ་གཤེགས་སྙིང་པོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ནོར་བུ་འདམ་ཁྲོད་ན་ཡོད་དུས་དང་། གནམ་སྟོང་ཟླ་བ་བླ་འོག་ལོག་དུས་བཞིན་ཇེ་ངན་ལ་སྤུ་ཙམ་ལ་སོང་བའི་དོན་ཤེས་ན་ཆོས་ཀྱི་དབྱིངས་ལོགས་ན་མེད་པའི་དོན་ཤེས་པས། དེའི་ཕྱིར་ན་སྐུ་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་གསུམ་གྱིས་འཁོར་བའི་གནས་རིགས་ཐམས་ཅད་ཁྱབ་ཡོད་དེ། དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པ་དང་། དངུལ་རྡོ་དངུལ་གྱིས་ཁྱབ་པ་འབྱུང་བཞིའི་ཁམས་ནམ་མཁས་ཁྱབ་པ་བཞིན་ནོ། དེ་ལྟ་ན་གློ་བུར་གྱི་དྲི་མས་སྒྲིབ་མ་སྒྲིབ་ཀྱི་ཁྱད་པར་ལས། སེམས་ཅན་དང་སངས་རྒྱས་ཀྱི་ཁྱད་ཞུགས་པ་ཡིན་པས་ཡེ་ནས་འཁྲུལ་མ་མྱོང་བའི་ལྷ་ཚོགས་རྣམས་འཁྲུལ་རྟོག་གིས་སྦགས་པའི་སེམས་ཅན་གྱི་དྲི་མ་འཁྲུད་པའི་ཆེད་དུ་སྤྱན་འདྲེན་པ་ནི། ཧཱུཾ་སྔོན་གྱི་བསྐལ་པ་དང་པོ་ལ༔ སོགས་ཀྱི་མཐར་དབྱེར་མེད་དུ་བསྟིམས་ནས། བཞུགས་གསོལ་ནི། ཧཱུཾ་ཐབས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་འདིར༔ ཞེས་པས་ལྷ་ཚོགས་རྣམས་ཤེས་རབ་དབྱིངས་ནས་ཞེས་ཆོས་ཀྱི་དབྱིངས་ནས་སྤྱན་དྲངས་པ་རྣམས་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་ཏུ་འདྲེས་པར་བསམ་མོ། ཕྱག་འཚལ་ལ། ཧཱུཾ་ལྷ་ཉིད་རང་ལ་རང་ཉིད་ལྷ༔ ཞེས་པས། ལྷ་ཚོགས་རྣམ་རང་རིག་གི་རྩལ་དུ་ཤར་བའམ་སྤྲུལ་པ་ཡིན་པས་ཕྱིར་ལྷ་དང་རང་གཉིས་སོ་སོར་འཛིན་པའི་འདུ་ཤེས་བྲལ་བའི་ངང་དེར་གནས་པ་ལ། ཐབས་ཀྱི་ཆ་ཁྱད་དུ་མི་གསོད་ཕྱིར་རྟེན་ཅིང་འབྲེལ་འབྱུང་གི་ཚོགས་བསག་པའི་ཕྱིར་ཕྱག་འཚལ་བའི་ཚེ། ཚུར་ལའང་ཕྱག་ལན་བྱས་པས་བདག་དང་ལྷར་འཛིན་གྱི་རྟོག་པ་བསལ་བའོ། མཆོད་འབུལ་གྱི་ཚེ། གོང་དུ་མཆོད་འབུལ་གྱི་རྫས་བྱིན་བརླབ་སྐབས་སུ་བཤད་པའི་ཕྱི་ནང་གསང་གསུམ་གྱི་ཡོ་བྱད་ཐམས་ཅད་མཆོད་པའི་ལྷ་མོ་བསམ་ལས་འདས་པས་ཁྱེར་ཏེ་ལྷ་ཚོགས་རྣམས་ལ་ཕུལ་བ་ཙམ་གྱིས་དགྱེས་ཤིང་བརྩེ་བ་ཆེན་པོས་བཞེས་ནས་སོ་སོའི་ལོངས་སྤྱོད་པས་མཁའ་མཉམ་གྱི་འགྲོ་བའི་ཚོགས་རྣམ་པ་གཉིས་རྫོགས་ཏེ་སྐུ་གཉིས་ཀྱི་ས་བོན་ཐེབས་པར་བསམ་མོ། དེ་ལའང་མཆོད་པའི་རྫས་རྣམས་དངོས་པོ་དག་པ་རང་ཉིད་ཀྱི་བཟའ་བཏུང་ལས་ཀྱང་གཙང་ཞིང་འཕགས་པ་ཉུང་བས་བཤོལ་བ་དང་། མང་པོ་ཕྲི་བས་མཐའ་གཉིས་སུ་མ་ལྷུང་བ་གལ་ཆེ། མང་ཉུང་གང་ཡང་རུང་སྟེ། ཅིའི་ཕྱིར་ན་ལུང་པ་ཁེངས་པའི་མཆོད་རྫས་བཤམས་ཀྱང་། དངོས་བཤམས་སྔགས་དང་ཏིང་ངེ་འཛིན་གྱིས་སྦྱངས་སྤེལ་བསྒྱུར་གསུམ་གྱིས་ཡིད་སྤྲུལ་དང་ཆབས་གཅིག་མཆོད་སྦྱིན་བྱེད་དགོས་རྒྱུ་ལས་མི་ལ་སྟོན་མོ་བྱེད་པ་དང་། །དུད་འགྲོ་སོགས་ལ་བཟའ་བཏུང་སྦྱིན་པ་ལྟ་བུའི་དངོས་པོ་ཁོ་ནས་བྱེད་ལས་ལ་ལྟོས་པ་མ་ཡིན་པའི་ཕྱིར་རོ། འོ་ན་འབྱོར་ལྡན་ཡིན་ཀྱང་ཉུང་ངུ་ཙམ་གྱིས་ཆོག་གམ་སྙམ་ན། དེ་ཉིད་སེར་སྣའི་བློ་ཡིན་པས་མི་རུང་སྟེ། དབུལ་པོའི་ཚོགས་བསགས་ཀྱི་སྒོ་མི་འགོག་པའི་ཕྱིར་དེ་ལྟར་བརྗོད་པའོ། འབྱོར་བ་ཆེ་ཆུང་གང་གིས་ཀྱང་སྦྱོར་དངོས་རྗེས་གསུམ་རྣམ་པར་དག་པ་ཞིག་གལ་ཆེ་ཞིང་། དངོས་རྫས་ཇི་ལྟར་འཛོམས་ཡང་དམིགས་པས་མ་བཅིང་བ་དང་། ཡིད་སྤྲུལ་ཇི་ལྟར་མཁས་ཀྱང་རྟེན་འབྲེལ་ཁྱད་དུ་མི་གསོད་པའི་ཐབས་ལ་མཁས་པར་བྱའོ། བསྟོད་པ་ནི། རང་ལས་སྤྲུལ་བའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་ལྷ་ཚོགས་རྣམས་ཀྱི་མདུན་སར་རབ་ཏུ་སྙན་པའི་གླུ་དབྱངས་བྲོ་གར་དང་བཅས་ཏེ་གསང་བ་གསུམ་གྱི་དཔལ་དང་ཡོན་ཏན་ཆེ་བ་བརྗོད་པའི་ཚེ་འབྱུང་བ་བཞིའི་ཁམས་ནས་ཀྱང་དེ་ལྟར་གྲགས་པར་བསམ། མཐར་ལྷ་མོ་རྣམས་རང་ལ་བསྟིམ་པའོ། བཟླས་དམིགས་དངོས་ནི་བསྙེན་ཡིག་བཀའ་བཙན་པས་དེར་མཁྱེན་པར་བྱ་བ་ལས་འདིར་ཡང་ཟློས་མི་དགོས་པས་བཞག་གོ། ལར་བཟླས་པ་ལ། རྡོ་རྗེའི་བཟླས་པ་ནི་རླུང་ནང་དུ་རྔུབ་ཚེ་ༀ་ཨཱཿཧཱུྃ་གསུམ་དང་ཁོང་དུ་གནས་དུས་བཛྲ་གུ་རུ་པདྨ་དང་། ཕྱིར་འབྱིན་དུས་སིདྡྷི་ཧཱུཾ་ལྟ་བུའི་རིགས་འགྲེས་ཤེས་པར་བྱའོ། འགོག་པའི་བཟླས་པ་རླུང་བཟུང་ནས་སྔགས་འབྲུ་ལ་མི་ཡེངས་པར་ཡིད་ངོར་ལན་མང་དུ་གསལ་བྱར་བྱ་བའོ། །ཡིད་བཟླས་རླུང་མི་བཟུང་བར་གོང་ལྟར་བྱེད་པའོ། ཤུབ་བུའི་བཟླས་པ་ནི་སྔགས་སྒྲ་གཞན་གྱིས་མི་ཐོས་བར་བཟླ་བ། རིག་བྱེད་འདོན་པ་ལྟ་བུའི་བཟླས་པ་སྐད་གསང་མཐོན་པོར་བཟླ་བ་སྟེ་རྒྱུད་ལས་ལྔར་བཤད་པ་ཡོད་དོ། སྐབས་འདིར་བསྙེན་སྔགས་ཅི་ཙམ་བཟླས་པའི་ཕྱེད་ཆའི་གྲངས་ཀྱི་སྒྲུབ་སྔགས་ཀྱང་བཟླས་ནས་ཚེ་སྒྲུབ་བྱ་བ་ནི། ཧྲཱིཿ ཚེ་དབང་རིག་འཛིན་པདྨ་འབྱུང་༔ ཞེས་པ་རང་གཞུང་ལྟར་བཏང་མཐར། རྡོར་བཟླས་དང་འགོག་བཟླས་ཡིད་བཟླས་གང་རུང་གིས་ཧྲཱི༔ ཁོ་ན་བཟླ་བའི་འདུན་པ་སྐད་ཅིག་མི་ཡེངས་པར་བྱ། སྐྱོ་ན་ཚེ་བསྙེན་ཅི་ནུས་བཟླས་མཐར་དམིགས་གནད་དང་ལྡན་པས་ཚེ་བསྐུལ་བྱས་མཐར་རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་བཏང་ནས། ཧྲཱིཿ མ་བཅོས་སྤྲོས་བྲལ་ཤོ་ལོ་ཀ་གཅིག་དང་། གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུ༔ ཞེས་ཤོ་ལོ་ཀས་བསྟོད་ནས་ཡིག་བརྒྱ་ལན་གསུམ་གྱིས་ནོངས་པ་བཤགས་ཤིང་བརྟན་པར་བྱའོ། འདི་ལ་བསྙེན་སྒྲུབ་ཁོ་ནའི་ཚེ་དངོས་གྲུབ་བླང་བ་ནས་བཟུང་རྗེས་ཆོག་ནི་རིམ་པར་ཚང་བར་བྱ་དགོས་པ་ཉིད་དོ། དེ་ཡང་ཚེ་སྒྲུབ་དང་དབང་སྒྲུབ་སོགས་ཀྱི་ཚེ་མདུན་བསྐྱེད་བསྡུ་རིམ་མི་དགོས་ཤིང་། བདག་བསྐྱེད་ཉེར་བསྡུ་ལྷར་ལྡང་བཅས་རྫོགས་ནས་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་ལས་གང་རུང་ལ་འཇུག་པའོ། ཚེས་བཅུ་སོགས་དུས་མཆོད་ལྟ་བུ་ལ། ཚེ་བསྐུལ་ཚར་ནས་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་ཀྱི་མཐར། བསམ་པ་མྱུར་འགྲུབ་མ་བཏང་ནས། དྲག་པོ་དཔལ་ཆེན་འདུས་པའམ། མིན་ན་རྟ་ཁྱུང་འབར་བའི་རང་གཞུང་ན་གསལ་བའི་སྔོན་འགྲོའི་རིམ་པ་རིག་འཛིན་ལྟར་གྲུབ་རྗེས་དངོས་གཞི་ལྷ་བསྐྱེད་ཀྱི་ཚེ་རིག་འཛིན་ཞི་བའི་ལྷ་ཚོགས་སྐད་ཅིག་གནས་འགྱུར་གྱི་ཚུལ་དུ་དྲག་པོ་རྟ་ཁྱུང་འབར་བའི་སྐུར་གསལ་ཞིང་། གནས་གསུམ་རྡོ་རྗེ་གསུམ་གྱིས་རྒྱས་བཏབ་ནས། སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་འཛབ་བཟླས་བསྟོད། བསམ་པ་མྱུར་འགྲུབ་བཅས་གོང་ལྟར་ལ་སེང་གདོང་མའི་ལྷ་བསྐྱེད་ལ་བབ་ཚེ་རིག་འཛིན་དྲག་པོ་ཡེ་ཤེས་རྡོ་རྗེའི་རྣམ་འགྱུར་སྒྱུ་མའི་ཆོ་འཕྲུལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདུད་འདུལ་སེང་གེའི་གདོང་པ་ཅན་དུ་བསྒྱུར་ནས་རང་གཞུང་ལྟར་གཙོ་འཁོར་ཡོངས་རྫོགས་བསྐྱེད་པ་ནས་དབང་བསྐུར་རྒྱས་གདབ་སྤྱན་འདྲེན་ནས་བཟུང་སྔ་མ་བཞིན་ནོ། གོང་དུ་ཆོ་ག་སོ་སོའི་མཇུག་ཏུ་མཆོད་པ་བསྡུས་པ་རེ་བཏང་ཞིང་བསྟོད་པ་བྱས་པས་འཐུས་ལ། འདིར་སེང་གདོང་མའི་བསྙེན་སྒྲུབ་ཀྱི་སྔགས་གང་ནུས་བཟླས་མཐར། སྲུང་ཟློག་གི་དམིགས་པ་སྔགས་ཀྱི་ཐལ་རྡེབ་བཅས་གྲུབ་ནས་མཆོད་ཕྲེང་ནི་རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་རྡོ་རྗེ་ལྷ་མོ་བཅུ་དྲུག་པོ་རེ་རེ་ལ་བསམ་གྱིས་མི་ཁྱབ་པ་སྤྲུལ་ཏེ་རིམ་པ་བཞིན་རང་རང་གིས་མཆོད་རྫས་ཀྱི་ཡོ་བྱད་ཕུལ་བས་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཤིང་དམ་ཚིག་ཉམས་ཆག་དག །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ་མཐར། མཆོད་ལྷ་རྣམས་རང་ཉིད་ཀྱི་ཐུགས་ཀར་བསྡུ་བའོ། དེ་ནས་གོང་དུ་སོང་བའི་ཆོ་ག་སྤྱིའི་ཚོགས་མཆོད་སྟབས་གཅིག་ཏུ་བྱ་བ་ལས། ཚོགས་འཁོར། ཚོགས་མཆོད། དཔའ་བོའི་དགའ་སྟོན་དཔའ་མོའི་དགའ་སྟོན་སོགས་མང་དུ་ཡོད་ཀྱང་། དོན་ལ་དགའ་ལྡན་ལྷའི་ཚོགས། འབྱོར་ལྡན་མིའི་ཚོགས། རྣལ་འབྱོར་ཕོ་མོ་ཡ་བྲལ་དུ་མ་སོང་བ་བསྐྱེད་རྫོགས་ཀྱི་དོན་ཤེས་ཤིང་དམ་ལ་གནས་པ་ཁོ་ན་ལས། ཉམས་ཆག་བཤགས་སྦྱངས་ཀྱིས་སོར་མ་ཆུད་པར་མ་དག་ཚོགས་གྲལ་དུ་འདུས་ན། དཔའ་བོ་མཁའ་འགྲོ་རྣམས་ཚོགས་མཆོད་ལ་ཉེ་མི་ནུས་པའི་སྐྱོན་དུ་འགྱུར་བར་བཤད་དོ། དེས་ན་མངོན་ཤེས་མེད་པས་སྐྱོན་ཅན་ཤེས་པར་མི་འགྱུར་བའི་ཕྱིར་ཚོགས་གྲལ་དུ་འགོད་མ་ཐག་བདེ་གཤེགས་སྤྱི་བཤགས་སོགས་ཀྱིས་ཉམས་ཆག་དག་པར་བྱ་བ་གལ་ཆེ། ལར་ཡང་འཕགས་ཡུལ་དུ་གསེར་སྲང་དྲུག་ཅུའི་རིན་མན་ཆད་ཚོགས་འཁོར་དུ་གཏོང་བའི་སྲོལ་ཡོད་པར་གྲགས་ཀྱང་། བོད་འདིར་ཁམས་དབུས་གཉིས་སུ་ཕྱེ་བའི་ཁམས་འདིར། ཚོགས་ཀྱི་ལག་ལེན་ལ་སྤྲོ་བ་ཡོད་པ་ཡང་དཀོན་ཞིང་། ལ་ལ་ཙམ་ཡོད་ནའང་བརྙས་སྟབས་དང་དེས་ཆོག་ཙམ་ལས་མི་འདུག །བོད་ན་མཆོག་དམན་ཐམས་ཅད་ཚོགས་གྲལ་ལ་སྤྲོ་བ་ཆེ་ཞིང་། སྐབས་དེར་བསྐྱེད་རྫོགས་གདེང་ཐོབ་མིན་ཇི་ལྟར་ཡང་སྔགས་ཀྱི་བརྟུལ་ཞུགས་ལ་འདུན་པའི་ཚུལ་ལས་མི་ཡེངས་པ་ལྟ་བུས་སྣང་བ་འགྱུར་ནུས་པ་ཞིག་ཡོད་འདུག །ལར་ཆོས་ཐམས་ཅད་རྟེན་འབྲེལ་བཟང་ངན་གྱི་རྗེས་སུ་འགྲོ་བ་ཡིན་པས་བསམ་སྦྱོར་ཐམས་ཅད་རྣམ་པར་དག་པ་གལ་ཆེ་བས་ཚོགས་ཀྱི་རྫས་ལ་བརྙས་སྨོད་ཀྱི་མྱང་རེག་སྤང་བ་དང་། ཚོགས་ཀྱི་རྫས་མང་པོ་རང་ཉིད་ཀྱིས་ལོངས་སྤྱོད་འདུན་གྱིས་བསོག་འཇོག་བྱེད་པ་སོགས་ངན་རྟོག་གི་དྲི་མས་མ་གོས་པར་བྱའོ། དེ་ལྟ་བུའི་ཚུལ་གྱི་ཚོགས་མཆོད་འབུལ་བ་ལ། ཚོགས་གསོག་པའི་ཡུལ་རྩ་གསུམ་དམ་ཅན་སྲུང་མ་དང་བཅས་པ་མདུན་མཁར་སྐད་ཅིག་ལ་བྱོན་པར་བསམ་ནས། རིག་འཛིན་གཞུང་ལྟར་ཚོགས་བྱིན་བརླབ་ནས་བཟུང་ལྷག་མ་བཅས་གྲུབ་ནས་སེང་གདོང་མའི་ཚོགས་ཀྱང་སྤྲོ་ན་བྱ་ལ། མ་ལྕོགས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། སྐབས་འདིར་མ་མགོན་ལྕམ་དྲལ་ཚེ་རིང་མ་བཅས་བཀའ་གཏེར་སྲུང་ཅི་རིགས་བཏང་ནས་ཆད་ཐོ་ནས་བཟུང་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱ་བ་ཡིན་ནོ། དེ་ལྟར་ཀློང་ཆེན་སྙིང་ཐིག་གི་ཆོ་གའི་འདོན་འགྲིགས་དང་ཆབས་ཅིག་གོ་དོན་གྱི་རིམ་པ་ཅུང་ཟད་ཙམ་བརྗོད་པ་ལས་དཔེ་ཆར་བལྟ་བ་དང་། རྟོག་དཔྱོད་ཞིབ་མོ་མ་འཛོམས་པའི་སྟབས་ཀྱིས་ནོར་འཁྲུལ་སོགས་མཆིས་ན་སྐྱོན་བསལ་གནང་བར་མཛོད། །ཅེས་པ་འདི་ཡང་༧འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་མཛད་པའོ། །དགེའོ། །དགེའོ། །དགེའོ།། །།

གསོན་པོར་འཕོ་བ་བྱ་ཚུལ་བདེ་ཆེན་ཞིང་ཁམས་བགྲོད་པའི་ཐབས་མཆོག་ནོར་བུའི་འོད་ཟེར།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལས༔ གསོན་པོར་འཕོ་བ་བྱ་ཚུལ་བདེ་ཆེན་ཞིང་ཁམས་བགྲོད་པའི་ཐབས་མཆོག་ནོར་བུའི་འོད་ཟེར་བཞུགས། །

ན་མོ་གུ་རུ་ཨ་མི་ཏ་བྷ་ཡེ། བླ་མ་འཆི་མེད་མགོན་དང་དབྱེར་མེད་པའི། །ཞབས་པད་སྤྱི་གཙུག་རྒྱན་དུ་བཀོད་བྱས་ནས། །གསོན་པོར་རྟེན་འབྲེལ་འཕོ་བའི་མན་ངག་ཆོས། །བསླུ་མེད་བདེ་ཆེན་ཞིང་བགྲོད་ཐབས་འདི་ངོམ། །དེ་ལའང་དེང་དུས་མི་རྣམས་ཕལ་མོ་ཆེ། གསོན་གྱི་དུས་ནས་འདའ་ག་མའི་འཕོ་ལུང་གི་ཆོས་འབྲེལ་ཞུ་བ་མང་དུ་མཐོང་བས་དེ་དག་ལ་ཕན་གདག་པར་བྱ་བའི་སྐབས་སུ་བབ་ཚེ། དང་པོ་སྐྱབས་སུ་འགྲོ་བ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་ངང་ནས་མདུན་མཁར་གསལ་བཏབ་ལ། ན་མོ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། སོགས་ནས། ཤོག ཡན་ལན་གསུམ། གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཐོག་མར་ཚད་མེད་བཞི་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་སོགས། བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །བར་ལན་གསུམ། གསུམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སོགས། བསླབ་པར་བགྱི། ལན་གསུམ་ལྡབ་ལ་མཐར། དེང་དུས་བདག་ཚེ་འབྲས་བུ་ཡོད། སོགས་ནས། དགའ་བར་གྱིས། ཞེས་པའི་བར་བརྗོད། བཞི་པ་ཆོས་བཤད་པ་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་ཟབ་ལམ་འཕོ་བའི་གདམས་པ་ཉན་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་བཅས་ཏེ་ཉན་པ་ནི་གལ་ཆེ་སྟེ། རིན་ཆེན་འཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། ཕན་འདོད༴ ཞེས་པའི་སེམས་ཅན་གྱི་ཁམས་ཚད་མེད་པ་བཞིན་དུ་དེ་དག་ལ་ཕན་འདོད་ཀྱི་ལྷག་བསམ་ལན་ཅིག་སྐྱེས་པའང་ཚད་མེད་དེ། བཟང་སྤྱོད་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། སེམས་ཅན་མ་ལུས་མཐའ༴ ཅི་ཙམ་ལས་དང་༴ བདག་གི་སྨོན་ལམ་མཐའ་ཡང་དེ་ལྡེབ་༡ཆད། བཀྲལ་བའི་རྗེས་སུ་འབྲངས་ནས་ཅུང་ཟད་འཆད་ན། །དལ་འབྱོར་ལུས་འདི་ནི་ཡང་ཡང་མི་ཐོབ་སྟེ། །ད་རེས་ནམ་ཞིག་གཏན་གྱི་དོན་བསྒྲུབ་དགོས། དེ་ཡང་སེམས་ཅན་ཐམས་ཅད་སྐྱེས་པའི་མཐའ་མ་འཆི་བ་ལས་མ་འདས། ནམ་འཆི་ཆ་མེད་ཡིན་པ་དང་། །འཆི་ཚེ་དམ་པའི་ཆོས་མ་གཏོགས་པ། །གཞན་གང་གིས་ཀྱང་ཕན་པ་མེད། འཆི་ཁར་གནད་གཅོད་བར་དོར་འཁྲུལ་སྣང་གི་འཇིགས་སྐྲག་མྱོང་ཞིང་། དགའ་བའི་ཟླ་གྲོགས་དང་བྲལ། རང་གཅིག་པུ་བྱ་སྤུ་རླུང་གིས་བཏེངས་པ་ལྟ་བུའི་སྡུག་བསྔལ་སྲན་མི་བཟོད་པ་ལྟ་བུ་གཅིག་ནི་ལོས་ཡོང་། དེ་ལྟ་ན་ད་ལྟ་རང་དབང་ཡོད་ཚེ་དམ་པའི་ཆོས་ལ་འབད་ཅིང་འཆི་བ་མི་རྟག་པ་སྒོམ་ནུས་དགོས་ཏེ། འདི་ལ་ཡིད་ཆེས་ན་ཚེ་འདི་ལ་ཞེན་ཆགས་མི་འོང་སྟེ། ཆོས་ཁོ་ན་ལ་འབད་པ་ཞིག་འོང་། འཁོར་བའི་ཉེས་དམིགས་ལ་ཡིད་ཆེས་པས་ཐར་བ་བསྒྲུབ་པ་ལ་བརྩོན་པར་འོང་། ལས་འབྲས་བསླུ་མེད་ལ་ཡིད་ཆེས་པས་དགེ་བསྒྲུབ་སྡིག་སྤང་ལ་མཁས་པ་ཞིག་འོང་། བྱམས་སྙིང་རྗེ་ལ་ཡིད་ཆེས་པས་ལམ་ཐེག་པ་དམན་པར་མི་ལྷུང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་བསླབ་ན་ལམ་ལོག་དང་བཏང་སྙོམས་སུ་མི་འགྲོ། དེ་ལྟར་མ་ཤེས་ན་ཆོས་ཐོས་ལོ་དང་བསྒྲུབ་ལོ་གཅིག་པོས་དོན་འབྲས་ཅི་ཡང་ཐོབ་པར་དཀའ་བའི་ཕྱིར་སྙིང་ཐག་པ་ནས་ཚེ་ཕྱི་མའི་དོན་ཁོ་ན་གཉེར་བ་གལ་ཆེ་སྟེ། ཇི་སྐད་དུ། ཚེ་འདི་གཉེར་ན་ཕྱི་མར་འཇིགས། ཕྱི་མ་གཉེར་ན་འདི་དོན་འགྲུབ། ཞེས་གསུངས་པ་བཞིན་ཡིད་ལ་ངེས་པར་བྱས་ནས་ཟབ་ལམ་འཕོ་བའི་གདམས་པ་ཉན་དགོས་པ་ཡིན་ཞིང་། དེ་ཡང་རྡོ་རྗེ་འཆང་གི་བཀའ་ལས། །བསྒོམ་པའི་ཆོས་ནི་ཀུན་ལ་ཡོད། །མ་བསྒོམ་ཆོས་ནི་ང་ལ་ཡོད། ཅེས་གསུངས་པ་བཞིན། མ་བསྒོམ་ཡང་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བའི་གདམས་པ་ནི་ཟབ་ལམ་འཕོ་བ་ཁོ་ནའི་ཁྱད་ཆོས་ཡིན་ཏེ། རྡོ་རྗེ་གདན་བཞིའི་རྒྱུད་ལས། །སྡིག་གིས་ཀུན་ནས་གོས་པ་ཡང་། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །སྡིག་གིས་ཀུན་ནས་མི་གོས་ཏེ། འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ་ཞེས་དང་། །སློབ་དཔོན་ཆེན་པོས། ཉིན་རེར་བྲམ་ཟེ་གསོད་པ་དང་། མཚམས་མེད་ལྔ་ནི་བྱེད་པ་དག །གདམས་པ་འདི་དང་འཕྲད་ཙམ་གྱིས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། ཅེས་དང་། པཎ་ཆེན་ནཱ་རོ་པ་ཡེ་ཤེས་དངོས་གྲུབ་ཀྱིས། །སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཅད་ན་སྒོ་གཅིག་དབྱེ། །ཡང་དག་ལམ་དུ་གདོན་མི་ཟ། ཞེས་གསུངས་པ་བཞིན། ཟབ་ལམ་འཕོ་བའི་གདམས་པ་ཉམས་སུ་ལེན་པར་བྱ་བ་ལ། ཐ་མལ་གྱི་ལུས་རྟེན་སྨིན་གྲོལ་གྱི་སྣོད་དུ་མི་རུང་བས་ན་སྦྱང་དགོས་པའི་ཕྱིར། དམིགས་པ་འདི་བཞིན་དུ་མཛོད་ཅིག །ཅེས་བརྡ་སྦྱར་ལ། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དེ་ཉིད་མི་དམིགས་པའི་ངང་ལས་སྐད་ཅིག་གིས་ཁྱེད་རང་གི་ལུས་རྟེན་དེ་ཉིད་དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་དུང་བས་དཀར་བ་བཞི་གཙིགས་པ། རལ་པ་དམར་སེར་ཐུར་དུ་བཀྲོལ་བས་སྐུ་རྒྱབ་ཁེབས་ཤིང་ལྷག་མ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཅིངས་པའི་རྣ་ལྟག་གཡས་སུ་བཟང་ངན་དང་གཙང་རྨེའི་རྣམ་རྟོག་འཇོམས་ཕྱིར་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་གིས་དུག་གསུམ་གྱི་རྣམ་རྟོག་གཅོད་པར་བྱེད་པ། གཡོན་པས་འཁོར་བའི་གནས་རིགས་བསྒྲལ་བའི་ཁྲག་གིས་བཀང་བའི་ཀཱ་པ་ལ་དུམ་བུ་གཅིག་པ་བསྣམས་པ་གྲུ་མོ་གཡོན་ན་ཡབ་ཧེ་རུ་ཀ་ཐམས་ཅད་འདུས་པའི་ངོ་བོ་ཁ་ཊཱཾ་ཀ་རྩེ་གསུམ་གྱེན་དུ་བསླངས་པའི་ཚུལ་གྱིས་འཛིན་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་། ཞབས་གཡོན་བརྐྱང་བ་བམ་རོ་སེར་པོ་མགོ་གཡས་བསྟན་གྱི་སྙིང་གར་པདྨ་དང་ཉི་མའི་གདན་ལ་གར་སྟབས་ལིང་ངེར་བྱེད་པ། སྐུ་ལ་རུས་པའི་ཕྱག་རྒྱ་ལྔ་དང་ཁྲོ་མོའི་ཆས་རྒྱན་ཐམས་ཅད་ཀྱིས་སྤུད་ཅིང་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འཁྲུགས་པའི་དབུས་ན་བཞུགས་པ། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། གསལ་ལ་འཛིན་པ་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ། ཆགས་ཐོགས་བྲལ་བའི་ལུས་དབུས་སུ་རྩ་དབུ་མ་མཚན་ཉིད་བཞི་ལྡན་མར་སྣེ་ལྟེ་འོག་ཏུ་ཁ་ཟླུམ་པ། ཡར་སྣེ་སྤྱི་བོར་ཚངས་པའི་བུ་གར་རྒྱ་མཐོངས་ལྟར་ཧད་པོར་ཡོད་པ། ཁང་སྟོང་དུ་ཀ་བ་བཙུགས་པ་ལྟ་བུ་ཕྱི་གསལ་ནང་གསལ་ཐོགས་རེག་དང་བྲལ་བ་སྦ་ལྕག་འབྲིང་པོ་ཙམ་ཞིག་གསལ་བའི་སྙིང་གའི་ཐད་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རླུང་དཀྱིལ་ལྗང་གུ་གཡོ་བ་དང་བཅས་པའི་དབུས་སུ་ཁྱེད་རང་རྣམས་ཀྱི་བླ་ཚེ་སྲོག་དབུགས་འདུས་པའི་ངོ་བོ་འོད་ཀྱི་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་སྲན་མའི་རྡོག་པོ་ཙམ་ཞིག་འཕར་འདར་ལིང་ངེར་གནས་པར་སྒོམས་ཤིག །དེ་ལ་འཕོ་བའི་ཡུལ་གསལ་གདབ་པ་ནི། རང་གི་སྤྱི་བོའི་གཙུག་གི་ཁྲུ་གང་ཙམ་གྱི་ནམ་ཁར། སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་མཁར། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས། བཅོམ་ལྡན་འདས་རྒྱལ་བ་འོད་མཚན་སྟོང་འབར་རམ་འཆི་མེད་མགོན་པོ་འོད་དཔག་ཏུ་མེད་པ་ཞེས་བྱ་བ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུའི་གཟི་བརྗིད་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་དེ་ཡང་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་སྤྲས་ཤིང་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པས་ལྷུང་བཟེད་འཆི་མེད་ཀྱི་བདུད་རྩིས་བཀང་བ་བསྣམས་པ། སྐུ་ལ་ཆོས་གོས་རྣམ་པ་གསུམ་ཀླུབས་ཤིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཐམས་ཅད་རྫོགས་པའི་གཡས་སུ་པད་དཀར་ཟླ་བའི་གདན་ལ་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། གཡོན་དུའང་པད་ཟླའི་ཁར་སེམས་དཔའ་མཐུ་ཆེན་ཐོབ་མཐིང་ག་གཉིས་ཀའི་ཕྱག་གཡས་སྐྱབས་སྦྱིན་དང་། ཐུགས་རྗེ་ཆེན་པོའི་ཕྱག་གཡོན་པདྨ། མཐུ་ཆེན་ཐོབ་ཀྱི་ཕྱག་གཡོན་པད་སྟེང་རྡོ་རྗེ་འགྲེང་སྟབས་སུ་གནས་པ་གཉིས་ཀའང་སེམས་དཔའ་ཆེན་པོའི་རྒྱན་ཆས་མ་ཚང་བ་མེད་པས་སྤྲས་པ། མཐའ་སྐོར་དུ། བསྐལ་བཟང་སངས་རྒྱས་སྟོང་རྩ་བྱང་སེམས་ཉན་རང་གི་ཚོགས་དང་བཅས་པ་རྣམས་དང་ཁྱད་པར་ཟབ་ལམ་འཕོ་བ་བརྒྱུད་པའི་བླ་མ་རྣམས་སྤྲིན་དཔུང་གཏིབས་པ་ལྟ་བུས་བསྐོར་ནས་ཡོད་པ་ལ་དད་པ་དང་མོས་པ་མཆོག་ཏུ་བསྐྱེད་ལ་ཕྱག་འཚལ་བ་དང་གསོལ་འདེབས་ཀྱི་ལས་ལ་འཇུག་པར་གྱིས་ཤིག །ཅེས་བརྡ་སྤྲད་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། ཞེས་ལན་ཅི་རིགས་པར་ལྡབ་ལ། གདུང་ཤུགས་དྲག་པོས་གསོལ་བ་འདི་བཞིན་གདབ་པོ། ཨེ་མ་ཧོ། གནས་རང་སྣང་དོན་གྱི་འོག་མིན་ན། སོགས། ཤོག ཅེས་དང་། ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། དེ་བཞིན་དུ། གསང་བདག་རྡོ་རྗེ་འཛིན་པ་ལ༴ ཟབ༴ རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ༴ ཟབ་ལམ༴ དྲུག་པ་རྡོ་རྗེ་འཆང་ཆེན་ལ༴ ཟབ༴ སྟོན་པ་རྡོ་རྗེ་སེམས་དཔའ་ལ༴ ཟབ་ལམ༴ གུ་རུ་དགའ་རབ་རྡོ་རྗེ་ལ༴ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ༴༴ རིག་འཛིན་ཤྲྀ་སིང་ཧ་ལ༴ ཟབ་ལམ༴ པཎ་ཆེན་བྷི་མ་མི་དྲ་ལ༴ རྒྱལ་དབང་ཛྙཱ་ན་སུ་དྲ་ལ༴༴ སློབ་དཔོན་པདྨ་འབྱུང་གནས་ལ༴༴ རྗེ་འབངས་གྲོགས་ཀྱི་ཚོམ་བུ་ུལ༴ པདྨ་ལས་འབྲེལ་རྩལ་ལ༴༴ ཀློང་ཆེན་རྡོ་རྗེ་གཟི་བརྗིད་ལ༴༴ ཨོ་རྒྱན་མཁྱེན་བརྩེའི་འོད་ཟེར་ལ༴ ཟབ་ལམ༴ འཇིགས་མེད་ཕྲིན་ལས་འོད་ཟེར་ལ༴༴ ཟབ་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར༴ ཕྱིར་མི་ལྡོག་པའི་ཆོས་སྐུ་ཐོབ་པར་ཤོག །ཅེས་བརྗོད་ལ། ཧྲཱིཿ སྒྲ་ལྔ་ཚར་བཅས་བརྗོད་པ་དང་ཆབས་གཅིག་ཧིག་ སྒྲ་བརྗོད་དུས་སྙིང་གི་འོད་ཀྱི་ཐིག་ལེ་དེ་ཉིད་སྐར་མདའ་ཆད་པ་བཞིན་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པའི་མོས་པ་དང་བཅས་ལན་གསུམ་མམ་བདུན་ནམ་ལྔ་ལྡབ་པར་བྱས་མཐར། མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེས་གྱུར་ཅིང་། །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ཅེས་དང་། པདྨ་འདམ་གྱིས་མ་གོས་ལྟར། སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །འོད་དཔག་མེད་དང་མཇལ་བར༴ སྤྱན་རས་གཟིགས་མགོན་དེ་ལ་ཡང་། མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །ཅེས་སོགས་སྨོན་ལམ་བཏབ་མཐར་འདི་བཞིན་བརྗོད། ཁྱེད་རང་རྣམས་དུས་རྟག་པར་མགོན་པོ་འོད་དཔག་མེད་གཙོ་འཁོར་དང་བཅས་པ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྒྱན་དུ་བཞུགས་པའི་མོས་པ་རྩེ་གཅིག་ཏུ་བྱས་ནས། སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་ལན་བརྒྱ་རྩ་རེ་འདོན་རྒྱུ་མ་ཆག་ན་ཚེ་འདིར་དུས་མ་ཡིན་པའི་འཆི་བ་བཅོ་བརྒྱད་ཀྱི་འཇིགས་པ་མིས་འབྱུང་ཞིང་། ཕྱི་མ་ངན་སོང་གསུམ་དུ་མི་སྐྱེ་བ་སོགས་ཕན་ཡོན་དཔག་ཏུ་མེད་དོ། མཐར་དེ་ལྟར་གྱི་ཁས་ལེན་སོགས་བྱེད་དུ་བཅུག་རྗེས། སངས་རྒྱས་འོད་དཔག་མེད་གཙོ་འཁོར་དང་བཅས་པ་འོད་ཀྱི་ཕུང་པོར་གྱུར་ནས་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ནས་མར་ཐིམ་པ་ཙམ་གྱིས་ཁྱེད་ཅག་གི་ལུས་ངག་ཡིད་གསུམ་དང་། སངས་རྒྱས་ཀྱི་གསང་བ་གསུམ་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད་ལ་ཚེ་གཟུངས་བཟླས་མཐར། དབུ་མའི་ཡར་སྣེ་ཁ་ཕྱེ་བ་དེ་ཡང་ཟླ་བའི་དཀྱིལ་འཁོར་དང་སྣ་ཚོགས་རྡོ་རྗེས་བཀག་པའི་མོས་པ་མཛོད། ཅེས་བརྗོད་མཐར། བསྔོ་སྨོན་གྱིས་རྒྱས་གདབ་བྱ། དེ་ཡང་འཕོ་ལུང་བསྡུས་པ་བྱེད་དགོས་བྱུང་ན་གོང་གི་གཙོ་བོའི་གསོལ་འདེབས་དང་སྨོན་ལམ་ཁོ་ནས་ཆོག །དེ་ལས་ཅུང་ཟད་རྒྱས་པར་འདོད་ན། ཨེ་མ་ཧོ། ཆོས་སྐུ་སྣང་མཐའ་ལོངས་སྐུ་ཐུགས་རྗེའི་གཏེར། །སྤྲུལ་སྐུ་ཐུགས་རྗེའི་བདག་ཉིད་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་འཕོ་བའི་སྒོ་ཕྱེས་ལ། །སེམས་ཉིད་སྣང་མཐའི་ཐུགས་དང་དབྱེར་མེད་མཛོད། །རིགས་བརྒྱའི་ཁྱབ་བདག་བཅོམ་ལྡན་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། །ཤྲྀ་སིང་ཧ་དྲི་མེད་བཤེས་གཉེན་ཞབས། །ཛྙཱ་ན་སུ་དྲ་སློབ་དཔོན་པདྨ་སྐྱེས། །རྗེ་འབངས་གྲོགས་གསུམ་བརྒྱུད་པ་འཛིན་པར་བཅས། །གསོལ་བ་འདེབས་སོ་འཕོ་བའི་སྒོ་ཕྱེས་ལ། །སེམས་ཉིད་སྣང་མཐའི༴ པདྨ་ལས་འབྲེལ་ཀློང་ཆེན་རབ་འབྱམས་པ། །མཁྱེན་བརྩེ་འོད་ཟེར་ཀུན་བཟང་གཞན་ཕན་རྗེ། །གསོལ་བ་འདེབས་སོ་འཕོ་བའི་སྒོ་ཕྱེས་ལ། །སེམས་ཉིད་སྣང་མཐའི་ཐུགས་དང་དབྱེར་མེད་མཛོད། ཅེས་བརྗོད་མཐར་སྔོན་བཞིན། ཧྲཱིཿ ལྔ་ཚར་དང་། ཧིག་སྒྲ་བརྗོད་པ་སོགས་བྱས་ཀྱང་རུང་བར་ངེས་མོད། གཞན་རྣམས་གོང་དང་མཐུན་ནོ། འདིར་སྨྲས་པ། ཚེ་ཡི་འཕེན་པ་ཟད་པའི་མི་དག་ལ། འཕོ་བ་བྱ་རུ་རུང་བར་གསར་རྙིང་གི། གསང་སྔགས་གཞུང་ལས་གསལ་བར་གསུངས་པ་དང་། ཁྲིད་རིམ་ཀུན་ན་ཟབ་ལམ་འཕོ་བ་ཡི ། གདམས་པ་མང་དུ་གསུངས་པ་མི་འགོག་ཕྱིར། འདི་ནི་གསོན་འཕོའི་གདམས་པ་གསར་སྤྲོས་ལ། ཐེ་ཚོམ་ལོག་རྟོག་དྲི་མས་མ་བསླད་དང་། ཡང་དག་ལམ་དུ་འགྱུར་བར་གདོན་མི་ཟ། ཞེས་གསོན་པོར་འཕོ་བ་བྱ་ཚུལ་འདི་ཉིད་དད་དམ་ཐོས་པའི་ནོར་འཛིན་མགོ་ལོག་བླ་མ་བསོད་ནམས་མཆོག་ལྡན་གྱི་ངོར། ༧རྡོ་བླ་ཀུན་བཟང་གཞན་ཕན་གྱིས་སྤེལ་བའི་ཡི་གེ་པ་ནི་བུདྡྷ་བྷ་དྲས་བགྱིས་པའི་དགེ་བས་འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག་གུ །དགེའོ། །དགེའོ། །དགེའོ། །།

འོད་དཔག་མེད་ཀྱི་ཚོགས་མཆོད་འཁོར་དྭངས་བཅུད།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལས། འོད་དཔག་མེད་ཀྱི་ཚོགས་མཆོད་འཁོར་དྭངས་བཅུད་ཅེས་བྱ་བ་བཞུགས། །

ན་མོ་གུ་རུ་ཨ་མི་ཏ་བྷ་སརྦ་སིདྡྷི་ཕ་ལ་ཧོཿ གང་ཞིག་ཚོགས་གཉིས་གསོག་པའི་ཐབསཿ སངས་རྒྱས་ཕྲིན་ལས་ཚད་མེད་ཕྱིརཿ འོད་དཔག་མེད་མགོན་རྒྱལ་བ་ཡིཿ དལ་དུ་ཚོགས་མཆོད་ཕུལ་ཚུལ་འགོདཿ དང་པོ་ནང་གསང་གང་རུང་གིཿ དཀྱིལ་འཁོར་སྒྲུབ་རྫས་ཡོ་བྱད་སོགསཿ རང་གཞུང་ཇི་བཞིན་བསྟར་ནས་སུཿ ཆོ་ག་བསྙེན་མཆོད་བསྟོད་པ་བཅསཿ གྲུབ་རྗེས་ཚོགས་ལ་འདི་བཞིན་འཇུགཿ བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པཿ ཁྱད་པར་མཾ་ས་ཛ་གད་བཅསཿ ཐབས་ཤེས་རྫས་སུ་གྱུར་རྣམས་བསགསཿ དེ་རྗེས་མདུན་མཁར་འོད་ཀྱི་ལྷཿ གཙོ་འ ཁོར་ཡོངས་རྫོགས་འཇའ་ཚོན་བཞིནཿ སྣང་ལ་རང་བཞིན་མེད་པ་ཡིཿ ཏིང་འཛིན་ངང་ནས་འདོན་སྒོམ་སྦྲགསཿ ཨེ་མ་ཧོཿ གནས་རང་སྣང་རྣམ་དག་བདེ་ཆེན་ཞིང་ཿ བདག་རྡོ་རྗེའི་མཆེད་ལྕམ་ལྟ་སྒོམ་ལྡནཿ ལྷ་ལོགས་ན་མེད་དེ་རང་རིག་རྩལཿ གནས་མདུན་གྱི་ནམ་མཁར་ཚོགས་བསག་ཞིང་ཿ དཔལ་འཆི་མེད་མགོན་པོ་ཡབ་ཡུམ་འཁོརཿ དུས་གསུམ་དང་ཕྱོགས་བཅུའི་རྒྱལ་བ་དང་ཿ སྲས་བྱང་སེམས་རང་རྒྱལ་ཚོགས་དང་བཅསཿ ལྷ་རྩ་གསུམ་ཞི་ཁྲོ་བཀའ་སྲུང་སོགསཿ དཔེ་རྒྱ་མཚོར་སྣང་བའི་གཟའ་སྐར་བཞིནཿ ཡོངས་རྟོག་བྲལ་ངང་ནས་མངོན་སུམ་བཞུགསཿ སྣོད་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་རུཿ རྫས་ཡོ་བྱད་ནང་བཅུད་སེམས་ཅན་ཚོགསཿ དེས་བདག་ཏུ་བཟུང་དང་མ་བཟུང་བའིཿ ཡུལ་དབང་ཤེས་དྲུག་གི་སྤྱོད་ཡུལ་ཀུནཿ འདིར་ཚོགས་ཀྱི་རྫས་དང་སྟབས་གཅིག་ཏུཿ ཡོངས་འགྲོ་བའི་ཚོགས་ཆེན་རྫོགས་ཕྱིར་བསྟརཿ ཚོགས་འཁོར་བྱིན་གྱིས་རློབ་པ་ནིཿ རཾ་ཡཾ་ཁཾཿ རཾ་རིག་པའི་ཡེ་ཤེས་མེ་ལྟ་བུསཿ རྫས་དངོས་པོར་འཛིན་པའི་སྐྱོན་ཚོགས་བསྲེགསཿ ཡཾ་རིག་པའི་ཡེ་ཤེས་རླུང་ལྟ་བུསཿ རྫས་མཚན་མར་འཛིན་པའི་ཕུང་པོ་གཏོརཿ ཁཾ་རིག་པའི་ཡེ་ཤེས་ཆུ་ལྟ་བུསཿ རྫས་བདག་ཏུ་འཛིན་པའི་ཐལ་བ་བཀྲུསཿ ༀ་ཨཱཿཧཱུྃཿ ༀ་སྐུ་ཡི་ས་བོན་བཟླས་བསྒོམས་མཐུསཿ སྣོད་བཅུད་བཅས་དམིགས་མེད་བརྗོད་འདས་དང་ཿ ཨཱཿགསུང་གི་ས་བོན་བཟླས་བསྒོམ་མཐུསཿ སྣོད་བཅུད་བཅས་དཔལ་ཡོན་ཕུན་ཚོགས་བསམཿ ཧཱུཾ་ཐུགས་ཀྱི་ས་བོན་བཟླས་བསྒོམས་མཐུསཿ ཡོངས་འདོད་དགུའི་ལོངས་སྤྱོད་མཁའ་ཁྱབ་གྱུརཿ ཚོགས་ཞིང་སྤྱན་འདྲེན་ཞིང་མཆོད་པ་ནིཿ ཧྲཱིཿ གནས་བདེ་ཆེན་སྐུ་གསུམ་ལྷུན་གྲུབ་ཞིང་ཿ ཕྱོགས་རང་བཞིན་མེད་པའི་དཀྱིལ་འཁོར་ནསཿ ལྷ་བདེ་ཆེན་ཞིང་གི་སྟོན་འཁོར་རྣམསཿ འདིར་རྟེན་འབྱུང་དབང་གིས་སྤྱན་འདྲེན་གཤེགསཿ གདན་ཉི་ཟླ་པདྨའི་ཁྲི་ལ་བཞུགསཿ ཚོགས་མཆོད་པ་མཁའ་ལ་མཁའ་བཞིན་རོལཿ བདག་འདིར་འདུས་གཙོ་འཁོར་ཐམས་ཅད་ལཿ མཆོག་ཐུན་མོང་དངོས་གྲུབ་དཔག་མེད་སྩོལཿ མ་ཧཱ་གན་ཙཀྲ་པུཙྪ་ཁཱ་ཧིཿ ཐུགས་དམ་བསྐང་བའི་རིམ་པ་ནིཿ ཧྲཱིཿ ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་ཁམསཿ དེ་རང་བྱུང་ལྷུན་གྲུབ་ཚོགས་ཀྱི་སྣོདཿ ནང་གཡོ་བ་བཅུད་ཀྱི་འགྲོ་བ་ཀུནཿ དེ་ཚོགས་ཀྱི་རྫས་མཆོག་བླ་ན་མེདཿ འདི་གཟུང་འཛིན་མེད་པར་འབུལ་ལགས་ནཿ མགོན་རྒྱལ་བའི་ཐུགས་དམ་བསྐང་བ་དང་ཿ ཁ། བདག་རྣལ་འབྱོར་གྱི་སྒྲིབ་གཉིས་ཡོངས་སྦྱངས་ནསཿ ཆོས་ལམ་བདེན་དང་འགོག་བདེན་མངོན་མྱུར་མཛོདཿ ནང་ཀུན་གཞི་ཡངས་པའི་ཚོགས་སྣོད་དུཿ སེམས་སེམས་བྱུང་། ཀ། བདག་རྣལ་འབྱོར་གྱི་ཉམས་ཆག་སྟོང་པར་སྦྱངསཿ ཆོས་དྲང་ངེས་ཀྱི་ལམ་མཆོག་མཐར་ཕྱིན་མཛོདཿ རྟེན་ལྷུན་གྲུབ་ཕུང་པོའི་ཚོགས་སྣོད་དུཿ བཅུད་དོན་སྣོད་ནང་རོལ་ཤ་རུས་བཅསཿ ཐབས་བདེ་བ་ཆེན་པོའི་རྫས་མཆོག་དང་ཿ ཁམས་དཀར་དམར་ཁྲག་སོགས་ཤེས་རབ་རྫསཿ འདི་ཆགས་ཞེན་མེད་པར་འབུལ་ལགས་ནཿ དཔལ་འཆི་མེད་ལྷའི་ཐུགས་དམ་བསྐང་བ་དང་ཿ ག གི་རོལ་རྩལ་ཚོགས་ཀྱི་རྫསཿ འདི་འཛིན་མེད་ཀྱི་ངང་དུ་འབུལ་ལགས་ནཿ ལྷ་ཚེ་བདག་གི་ཐུགས་དམ་ཡོངས་བསྐངས་ནསཿ བདག་རྣལ་འབྱོར་གྱི་དམ་ཚིག་ཉམས་ཆག་ཀུནཿ ཡོངས་ལྷག་མེད་དུ་མེ་ལོང་རྡུལ་ཕྱིས་བཞིནཿ སེམས་ཐེ་ཚོམ་གྱི་སྦུབས་ལས་གྲོལ་བར་མཛོདཿ དེང་རིན་ཆེན་སོགས་གཙང་མའི་སྣོད་མཆོག་ཏུཿ རྫས་སྣ་ཚོགས་ཀུན་ཤ་ལྔ་བདུད་རྩི་ལྔརཿ དཔེ་སྒྱུ་མ་ཡི་མཁན་པོས་བྱེད་ལས་བཞིནཿ ཡོངས་བསྒྱུར་ནས་སུ་འཇུངས་མེད་རྣམ་དག་བློསཿ ལྷ་འོད་དཔག་མེད་གཙོ་འཁོར་ཐམས་ཅད་ལཿ མ་འགྲོ་ཀུན་གྱི་ཚོགས་གཉིས་རྫོགས་ཕྱིར་འབུལཿ མགོན་གཙོ་འཁོར་རྣམས་ཐུགས་དམ་ཡོངས་བསྐང་ཞིང་ཿ བདག་རྣལ་འབྱོར་ས་ལམ་མྱུར་བསྒྲོད་དང་ཿ དཔལ་སྣང་མཐའ་ཡི་གསང་གསུམ་མངོན་གྱུར་མཛོདཿ བར་བ་བཤགས་པ་ནིཿ ཧྲཱིཿ ཡེ་གདོད་ནས་རང་རིག་འོད་དཔག་མེདཿ དེ་ཡིན་ལ་ཡིན་ཤེས་སྐུ་གསུམ་ལྷཿ རང་གཞན་དུ་འཁྲུལ་པས་འཁོར་བའི་འགྲོཿ གཞི་མ་རྟོགས་ལྷན་སྐྱེས་མ་རིག་དང་ཿ ལམ་གཟུང་འཛིན་ཀུན་བརྟགས་མ་རིག་པཿ དེ་གཉིས་ཀྱི་འཕྲུལ་ལས་ཤར་བ་ཡིཿ ལས་མི་དགེའི་བསམ་སྦྱོར་ནོངས་པའི་རིགསཿ དཔེ་གཉིད་ལས་སད་པའི་རྨི་ལམ་བཞིནཿ དབྱིངས་རྣམ་དག་ཀློང་དུ་འུབ་ཚུབ་ཚེཿ དོན་བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལཿ བཛྲ་ས་མ་ཡ་ཨཱཿ བསྒྲལ་བསྟབ་ནིཿ ཧྲཱིཿ ཆོས་བདག་དུ་འཛིན་པ་ཐོག་མའི་འདྲེཿ དོན་གཉིས་མེད་ཡེ་ཤེས་ལྕགས་ཀྱུས་ཟུངསཿ ལྷ་འདྲེ་གཉིས་སྣང་བ་བར་གྱི་བགེགསཿ ཐབས་ཤེས་རབ་ཟུང་གི་ཞག་པས་ཆིངསཿ ཡུལ་ཆགས་སྡང་གཉིས་སྣང་བ་ཐ་མའི་འདྲེཿ ཆོས་ཚད་མེད་རྣམ་བཞིའི་སྒྲོག་ཏུ་ཆུགཿ དུས་ཐོག་མཐའ་མེད་པའི་མ་རིག་འདྲེཿ དོན་རང་བྱུང་ཡེ་ཤེས་དྲིལ་བུས་མྱོསཿ སྲིད་འཁོར་བ་ལུགས་འབྱུང་རྟེན་འབྲེལ་གཟུགསཿ མཚོན་ཤེས་རབ་རལ་གྲིས་ལྷག་མེད་གཏུབསཿ ནྲྀ་ཏྲི་སརྦ་ཧཱུཾ་ཧཱུཾ་ཧཱུཾ། ཨཱ་ཨཱ་ཨཱཿ ཕཊ་ཕཊ་ཕཊཿ ཧྲཱིཿ གཞི་མ་རིག་བསྒྲལ་བའི་དངོས་འཛིན་གཟུགསཿ ལྷ་རང་བྱུང་རིག་པ་ཆོས་སྐུར་འབུལཿ ལམ་གཟུང་འཛིན་བསྒྲལ་བའི་གཉིས་སྣང་རོཿ དཔལ་ལྷུན་གྲུབ་ལོངས་སྐུའི་ཚོགས་ལ་འབུལཿ སེམས་རྟོག་ཚོགས་བསྒྲལ་བའི་ཉོན་མོངས་བམཿ ལྷ་ཞི་ཁྲོ་སྤྲུལ་སྐུའི་ཚོགས་ལ་འབུལཿ འདི་བཞེས་ནས་ཁམས་གསུམ་འཁོར་བའི་འགྲོཿ ཡོངས་ཕྱམ་ག ཅིག་བདེ་ཆེན་སྐུ་གསུམ་སརཿ ངལ་བསོ་བའི་དབུགས་དབྱུང་ཐོབ་པར་ཤོགཿ སརྦ་ཨ་ཏྲི་ནྲྀ་ཕཊ་ཕཊ་ཕཊ་ཁཱ་ཧི་ཁཱ་ཧིཿ ཚོགས་ལ་རོལ་བ་ནིཿ ཧྲཱིཿ ཟས་གཙང་དམེ་དང་བཟང་ངན་འདོར་ལེན་ཀུནཿ དོན་མཉམ་ཉིད་ཀྱི་ངང་དུ་རོ་གཅིག་པསཿ སེམས་རྟོག་ངན་གྱི་དབང་དུ་མི་གཏོང་བརཿ རང་འཆི་མེད་ཀྱི་ཕྱག་རྒྱར་གསལ་བཏབ་བཞིནཿ ཚོགས་ཡེ་ཤེས་བདུད་རྩིར་མོས་པས་རོལཿ སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ཚོགས་ལྷག་ནིཿ ཧྲཱིཿ ཕུད་ལྷག་མ་གཉིས་གཙང་དང་དམེ་བའི་བློཿ དེ་བཟུང་མཁན་གྱི་ཤེས་པས་མ་ཕྱེས་ནཿ དོན་སོ་སོ་རུ་རང་མཚན་མ་གྲུབ་ཀྱང་ཿ ཆོས་རྟེན་འབྱུང་གི་མཐུས་བསྐྲུན་ཚོགས་ལྷག་འདིཿ མགྲོན་རིག་རྩལ་གྱི་ལྷག་སྡུད་རྣམས་ལ་འབུལཿ ལས་རབ་འབྱམས་ཀྱི་དོན་རྣམས་མ་ལུས་ཀུནཿ ཡོངས་ཐོགས་མེད་འགྲུབ་པའི་སྟོངས་གྲོགས་དང་ཿ གནས་འཇིག་རྟེན་ཁམས་བདེ་འབྱོར་ཕུན་ཚོགས་ལྡནཿ དཔལ་མཐོ་རིས་ཀྱི་ཡོན་ཏན་མངོན་གྱུར་མཛོདཿ ཨུཙྪ་ཥྚི་བཱ་ལིནྟ་ཁཱ་ཧིཿ བསྐུལ་པ་ནིཿ ཧྲཱིཿ གཞི་སྐྱེ་མེད་ཀྱི་ཆོས་སྐུ་རྟོག་བྲལ་ཡང་ཿ ལམ་འགག་མེད་ཀྱི་སྐུ་གཉིས་མ་འགག་ཕྱིརཿ སྲིད་འགྲོ་བ་ཡི་མོས་པའི་བློར་འཚམས་བཞིནཿ ཐབས་གང་འདུལ་གྱི་སྒྱུ་འཕྲུལ་སྤྲོ་བར་བསྐུལཿ གནས་སྐབས་གསུམ་གྱི་རྟོག་བྲལ་རྔ་བོ་ཆེརཿ ལྷ་གཙོ་འཁོར་རྣམས་བག་མེད་ལས་སློང་སྒྲཿ དུས་ཡང་ཡང་དུ་འབྱུང་བཞིན་གདུལ་བྱས་འགྲོརཿ ལས་རྒྱུ་འབྲས་ཀྱི་ཆོས་སྒྲ་སྒྲོག་པར་བསྐུལཿ རྫས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེརཿ གང་དགོས་འདོད་ཀྱི་ཆར་རྒྱུན་འབབས་པ་བཞིནཿ ཐུགས་མཁྱེན་བརྩེ་ཡི་འོད་སྟོང་འབར་བའི་གཟིསཿ མ་འགྲོ་ཀུན་གྱི་མུན་པ་སེལ་བར་བསྐུལཿ དཔལ་རྣམ་འདྲེན་མཆོག་འཇིག་རྟེན་དབང་ཕྱུག་ལཿ ཡོངས་མཁའ་མཉམ་འགྲོ་བདེ་ལ་སྦྱོར་བའི་ཕྱིརཿ གནས་བདེ་ཆེན་གྱི་སྟོན་པར་དམ་བཅས་བཞིནཿ ལྷའི་ཐུགས་དམ་རྒྱུད་བསྐུལ་ལོ་ཐུགས་རྗེས་གཟིགསཿ སྔོན་འདས་པའི་ཚེ་དགེ་སློང་སེམས་དཔའ་མཆོགཿ དཔལ་རྒྱལ་བའི་སྲས་ཆོས་ཀྱི་འབྱུང་གནས་ཀྱིསཿ གནས་བདེ་ཆེན་ཞིང་བཟུང་བར་སེམས་སྐྱེད་བཞིནཿ བདག་འགྲོ་བ་ཀུན་ཞིང་དེར་འདྲེན་པར་བསྐུལཿ དུས་སྙིགས་མའི་མཐར་སྐྱེས་པའི་འགྲོ་འདི་རྣམསཿ ཆོས་རྣམ་དཀར་ལ་མི་བརྩོན་མི་དགེ་སྤེལཿ ལས་དེ་མཐུས་ནི་ངན་འགྲོར་ལྷུང་ངེས་ནཿ སེམས་དགེ་བ་ལ་བསྒྱུར་ཕྱིར་ཐུགས་དམ་བསྐུལཿ དུས་ད་ལྟ་ཡི་དམུ་རྒོད་སྐྱེ་བོ་ཕལཿ མགོན་ཐུབ་བསྟན་ལ་འཚེ་ཞིང་འགྲོ་ལ་གནོདཿ དེ་དྲག་ཤུལ་གྱི་ཕྲིན་ལས་བསྐལ་མེའི་ལྕེསཿ དུས་ཡུན་རིང་དུ་མི་འགྱང་བསྲེགས་པར་མཛོདཿ ཆད་ཐོ་བྱ་བ་ནིཿ ཧྲཱིཿ དུས་ཐོག་མཐའ་བར་གསུམ་པོ་མཉམ་ཉིད་དུསཿ མགོན་སྟོན་མཆོག་འོད་མི་འགྱུར་བ་ཡིསཿ ཆོས་བསམ་འདས་ཤིང་བརྗོད་བྲལ་དོན་བསྟན་ཚེཿ འཁོར་གཙོ་བོ་ལས་མི་གཞན་ཚོགས་རྣམས་ཀྱིསཿ དོན་སྤྲོས་བྲལ་གྱི་ཆོས་སྐུའི་ཞལ་མཐོང་བཞིནཿ དབྱིངས་དགོངས་བརྒྱུད་ཀྱི་བཀའ་གཏེར་སྲུང་མ་རྣམསཿ སེམས་ཀུན་གཞི་ཡི་གཏོར་མ་འདི་བཞེས་ལཿ གཞིའི་ལྷན་སྐྱེས་ཀྱི་མ་རིག་དབྱིངས་སུ་སོལཿ དུས་རང་བྱུང་གི་ཡེ་ཤེས་ཕྱིར་གསལ་ཚེཿ དཔལ་གདོད་མ་ཡི་མགོན་པོ་རིགས་མཆོག་ལྔསཿ ཆོས་རྒྱུ་འབྲས་ལས་འདས་པའི་ལམ་བསྟན་ཚེཿ འཁོར་རྡོར་སེམས་སོགས་འབྲས་བུའི་འཁོར་ཚོགས་ཀྱིསཿ ལམ་ལྷུན་གྲུབ་ཀྱི་སྣང་བ་མངོན་གྱུར་བཞིནཿ ནང་གསང་སྔགས་ཀྱི་བཀའ་གཏེར་སྲུང་མ་རྣམསཿ ཡིད་གཟུང་འཛིན་གྱི་གཏོར་མ་འདི་བཞེས་ལཿ ལམ་ཀུན་བརྟགས་ཀྱི་འཁྲུལ་པ་ལུགས་ཟློགས་མཛོདཿ དུས་རིགས་ལྔ་ཡི་རང་མདངས་ཕྱིར་སྣང་ཚེཿ ལྷ་རང་བཞིན་གྱི་སྤྲུལ་པའི་སྐུ་མཆོག་ལྔསཿ ཆོས་བྱ་སྤྱོད་དང་རྣལ་འབྱོར་རྒྱུད་ལ་སོགསཿ སྐུའི་རང་གདངས་ལས་རང་བྱུང་རང་གྲག་ཚེཿ འཁོར་ས་བཅུ་ཡི་དབང་ཕྱུག་འཕགས་པའི་ཚོགསཿ ཀུན་གཙོ་བོ་ཡི་ཐུགས་དང་དགོངས་མཉམ་བཞིནཿ སྔགས་ཕྱི་པ་ཡི་བཀའ་གཏེར་སྲུང་མ་རྣམསཿ བློ་འཁྲུལ་རྟོག་གི་གཏོར་མ་འདི་བཞེས་ལཿ སེམས་ཉོན་མོངས་བློ་རང་ངོར་གྲོལ་བར་མཛོདཿ དུས་རྫོགས་ལྡན་དང་གསུམ་ལྡན་གཉིས་ལྡན་དང་ཿ མཐར་རྩོད་ལྡན་གྱི་དུས་སུ་བྱོན་པ་ཡིཿ མགོན་འགྲོ་འདུལ་གྱི་སྤྲུལ་སྐུའི་ཚོགས་རྣམས་ཀྱིསཿ ཆོས་བཀའ་གཏེར་དང་དྲང་ངེས་ལམ་བསྟན་ཚེཿ འཁོར་དབང་པོ་ཡི་རིམ་པར་འཚམས་པ་ཡིཿ ལམ་ལྔ་པོ་ཡང་རིམ་དང་གཅིག་ཆར་གྱིསཿ ཚུལ་བཞིན་དུ་ས་བཅུ་བགྲོད་པ་ལྟརཿ ཆོས་བཀའ་གཏེར་གྱི་སྲུང་མ་ཐམས་ཅད་ཀྱིསཿ སེམས་སེམས་བྱུང་གི་གཏོར་མ་འདི་བཞེས་ལཿ ཡོངས་འགྲོ་བའི་ཁམས་བདེ་ཆེན་སར་འགོད་མཛོདཿ དུས་འཕགས་ཡུལ་གྱི་རྒྱལ་བསྟན་འོད་སྟོང་དལཿ ཡུལ་བྷོ་ཊ་རུ་འདྲེན་ཚེ་ཁྲི་སྲོང་རྗེསཿ དཔལ་ཞི་འཚོ་དང་པད་འབྱུང་སྤྱན་དྲངས་ནསཿ ཡུལ་འཛམ་གླིང་ན་ཡོངས་འཕགས་བསམ་ཡས་བཞེངསཿ ཆོས་མདོ་རྒྱུད་དང་བསྟན་བཅོས་དཔག་མེད་བསྒྱུརཿ སྐབས་དེ་ཚེ་ན་ཧས་པོ་རི་རྩེ་རུཿ དཔལ་ཨོ་རྒྱན་གྱི་མཁན་པོའི་སྒྱུ་མའི་འཕྲུལཿ ལྷ་རྡོ་རྗེ་ཡི་ཁྲོ་བོ་འཆོལ་པའི་སྐུའིཿ གར་ལེགས་བསྒྱུར་ཚེ་དབུས་གཙང་ཁམས་གསུམ་གྱིཿ རྟེན་མིང་བཞི་ཡི་ཕུང་པོའི་འདྲེ་སྲིན་གདོནཿ ཡོངས་དབང་བསྡུས་ནས་བཀའ་བསྒོས་དམ་ལ་བཏགསཿ དུས་མ་འོངས་ཚེ་པདྨའི་རྟགས་མཚན་ཙམཿ གང་འཛིན་བྱེད་རྣམས་སྐྱོང་ཞེས་སྲོག་སྙིང་ཕུལཿ དེ་དོན་དེ་ཕྱིར་ན་རྗེས་འཇུག་རྣལ་འབྱོར་བདགཿ ལྷ་ཨོ་རྒྱན་གྱི་སྤྲུལ་གཞི་འོད་ཀྱི་ལྷསཿ དཔལ་ཡོན་ཏན་གྱིས་མངོན་སུམ་བྱིན་བརླབས་བཞིནཿ དེང་དངོས་བཤམས་ཀྱི་སྦྱོར་སྒྲོལ་གཏོར་མ་འདིཿ ཁྱེད་དམ་ཅན་གྱི་ཚོགས་ལ་འབུལ་ལགས་ནཿ ལས་རབ་འབྱམས་ཀྱི་སྒོ་ནས་མཐའ་ཡས་འགྲོཿ ལྷ་སྣང་མཐའ་ཡི་གོ་སར་འགོད་ནུས་པའིཿ དོན་ཐོགས་མེད་དུ་འགྲུབ་པའི་ཕྲིན་ལས་མཛོདཿ ཞེས་ཆད་ཐོའི་གཏོར་མ་གཙང་སར་ཕུལཿ བསྟན་མ་བཅུ་གཉིས་ལ་གཏོར་མ་འབུལ་བ་ནིཿ ཧྲཱིཿ སྲིད་འཁོར་བ་ཡི་རྟེན་འབྱུང་བཅུ་གཉིས་དང་ཿ ཁྱམ་བཅུ་གཉིས་པོ་གནས་འགྱུར་བོད་སྐྱོང་ལྷཿ ཁྱེད་བཅུ་གཉིས་སོ་གནོད་བྱེད་ཚུལ་བཟུང་ནསཿ དཔལ་ཨོ་རྒྱན་གྱི་མཁན་པོར་ཐོ་འཚམས་ཚེཿ ཁོང་རྣལ་འབྱོར་གྱི་དབང་ཕྱུག་ཁྲོས་ཚུལ་གྱིསཿ རྟེན་འཁོར་བ་ཡི་ཕུང་པོ་རབ་སྦྱངས་ཤིང་ཿ སེམས་ཉིད་རྣམ་ཤེས་ཡིད་ཡེ་ཤེས་ལྷར་བསྒྱུར་ནསཿ ཆོས་བཀའ་གཏེར་གྱི་སྲུང་མར་དབང་བསྐུར་ཞིང་ཿ དམ་བསྲུང་དགོས་ཀྱི་བདུད་རྩི་ལྕེ་དང་ནིཿ འགལ་མི་རུང་བའི་རྡོ་རྗེ་མགོར་བཞག་ཚེཿ སླར་དམ་སྲུང་གི་རྟགས་སུ་སྲོག་སྙིང་ཕུལཿ ཚུལ་དེ་ཕྱིར་ན་རྗེས་འཇུག་རྣལ་འབྱོར་པསཿ འདིར་དངོས་བཤམས་ཀྱི་གཏོར་མ་བཤལ་ཆུས་བྲནཿ རྫས་འདོད་ཡོན་གྱི་ལོངས་སྤྱོད་དཔག་མེད་དུཿ ཡོངས་བསྒྱུར་ནས་སུ་སྔོན་གྱི་ཐ་ཚིག་གིཿ དོན་ལེགས་པར་བཀྲོལ་ནས་འབུལ་ལགས་ནཿ སྲིད་འགྲོ་ཁམས་ཀྱི་ནད་རིམས་འཁྲུག་རྩོད་དང་ཿ སད་སེར་བ་དང་བཙའ་ཐན་ཕྱུགས་ནད་རིགསཿ དེ་མ་ལུས་པ་ཞི་ཞིང་བཟློག་པ་དང་ཿ ལས་གང་བརྩམ་ཀུན་ཐོགས་མེང་ཡོངས་འགྲུབ་མཛོདཿ ཞེས་བསྟན་མའི་གཏོར་མ་ཡང་བཏང་ཿ དེ་ནས་གཏོར་གཞོང་སྦུབས་བྲོ་བརྡུང་བ་ནིཿ ཧྲཱིཿ ཡེ་གདོད་མ་ནས་རང་ངོ་མ་ཤེས་པའིཿ མར་འཁོར་བ་ཡི་ས་བོན་ལྷན་སྐྱེས་འདྲེཿ གཞི་ཀ་དག་གི་རྒྱ་མཚོའི་ཀློང་དུ་མནནཿ སླར་ལྡང་མེད་ཀྱི་ཆོས་སྐུའི་རྒྱ་ཡིས་གདབཿ ལམ་རང་འོད་ལ་གཞན་དུ་རབ་བཟུང་བསཿ རྐྱེན་འཁོར་བ་ཡི་སྣ་འདྲེན་ཀུན་བརྟགས་གདོནཿ དཔལ་ཧེ་རུ་ཀའི་ཡུམ་ཆེན་མཁའ་རུ་སྦཿ སླར་ལྡོག་མེད་ཀྱི་ལོངས་སྐུའི་རྒྱ་ཡིས་གདབཿ འབྲས་འཁོར་བ་ཡི་རྒྱུ་ལས་སྨིན་པའི་གཟུགསཿ ལས་དཀར་ནག་གིས་བསྐྲུན་པའི་རིགས་དྲུག་འདྲེཿ དབྱིངས་ལོངས་སྐུ་ཡི་དཀྱིལ་འཁོར་འོག་ཏུ་མནནཿ སླར་འཁྲུལ་མེད་ཀྱི་སྤྲུལ་སྐུའི་རྒྱ་ཡིས་གདབཿ བདག་རྣལ་འབྱོར་གྱིས་བྱང་ཆུབ་སྒྲུབ་པའི་བགེགསཿ བློ་འཁྲུལ་ངོ་རུ་སྣང་བའི་དགྲ་བགེགས་རྣམསཿ ལམ་རིམ་གཉིས་ཀྱི་མཆོད་རྟེན་འོག་ཏུ་མནནཿ སླར་གཡོ་མེད་ཀྱི་སྐུ་གསུམ་བྲོས་རྒྱས་གདབཿ ༀ་ཨཱཿཧཱུྃ་སྟྭཾ་བྷ་ཡ་ནནཿ སླར་ཡང་མཆོད་ཅིང་བསྟོད་ལཿ རྗེས་ཆོག་རྣམས་གསང་སྒྲུབ་གཤམ་ལྟར་བྱའོཿ དེ་ལྟར་དམ་ཆོས་བདེ་ཆེན་ལམ་མཆོག་གིཿ ཆོ་གའི་ཁ་བསྐང་རིན་ཆེན་ཕྲེང་བ་འདིཿ རྣལ་འབྱོར་ཀུན་བཟང་གཞན་ཕན་བློ་ལྡན་དེསཿ ས་དབང་ཡུམ་གྱི་བཀའ་དང་རྟེན་བཅས་རྐྱེནཿ མི་འགོག་ཕྱིར་ན་བྲིས་འདི་འབྱུང་གཏེར་དང་ཿ དག་སྣང་ཞལ་གཟིགས་སོགས་ཀྱང་བྱུང་བ་མིནཿ རྣམ་གསུམ་དད་པའི་མཐུ་ལས་སྣང་མཐའ་ཡིསཿ བྱིན་རླབས་སྔོན་ནས་ཐོབ་པའི་ཨ་དཪྴརཿ འདི་ལྟའི་རི་མོ་སྣང་ལ་བལྟ་བར་འོསཿ ཅི་སླད་ཞེ་ན་ཐར་ལམ་དང་འབྲེལ་བཿ རྒྱལ་བའི་བྱིན་གྱིས་བརླབས་པའི་བཀའ་ཡིན་ཞེསཿ རྒྱལ་བ་བདེན་པར་སྨྲ་བས་གསུངས་པའི་ཕྱིརཿ གཞུང་གཞན་ལ་བརྟེན་རྩོམ་པ་བྱས་ཀྱང་རུང་ཿ ཡིད་ངོར་ཤར་བའི་རྟོག་ཆོས་ཡིན་ཀྱང་རུང་ཿ བསྟན་འགྲོར་ཕན་པའི་སྨོན་ལམ་ཡོད་དམ་སྙམཿ དེ་ཕྱིར་ཚུལ་འདིར་དད་དམ་སྨད་གྱུར་ཡང་ཿ བདེ་ཆེན་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ནསཿ མཐའ་ཡས་འགྲོ་ཀུན་དེ་ཡིས་འདྲེན་ནུས་ཤོགཿ

བླ་བརྒྱུད་ཁྱད་པར་བ་རྣམས་ཀྱི་གསོལ་འདེབས་སྙན་བརྒྱུད་བྱིན་རླབས་འབེབས་པའི་སྤྲིན་མཛོད།

༄༅། །བླ་བརྒྱུད་ཁྱད་པར་བ་རྣམས་ཀྱི་གསོལ་འདེབས་སྙན་བརྒྱུད་བྱིན་རླབས་འབེབས་པའི་སྤྲིན་མཛོད་ཅེས་བྱ་བ་བཞུགས། ༈ ན་མོ་གུ་རུ། སྐུ་གསུམ་ལྷུན་གྲུབ་བདེ་ཆེན་ལྷན་སྐྱེས་ཀྱི་ཕོ་བྲང་། །ཟག་མེད་འཇའ་གུར་འཁྲིགས་པའི་འོད་ཕུང་གི་ཀློང་ན། །དུས་གསུམ་སངས་རྒྱས་གཉིས་པ་མཚོ་སྐྱེས་རྗེ་དྲན་བྱུང་། །བློ་སྣ་ཆོས་ལ་འགྱུར་བར་བྱིན་གྱིས་རང་རློབས་ཤིག །ཀུན་ཁྱབ་ཆོས་དབྱིངས་ཡེ་ཤེས་བུམ་སྐུ་ཡི་ཀློང་ན། །རྫོགས་ཆེན་ནམ་མཁའི་རྣལ་འབྱོར་ཀློང་ཆེན་གྱི་རབ་འབྱམས། །དོན་གྱིས་ཐམས་ཅད་མཁྱེན་པ་སྙིང་ཁོང་ནས་དྲན༴ མི་རྟག་འཆི་བ་དྲན་པར་བྱིན༴ རྣམ་སྣང་ཐུགས་རྗེ་ཡེ་ཤེས་སྒྱུ་འཕྲུལ་གྱི་རོལ་གར། །ལོ་ཆེན་བཻ་རོའི་རྣམ་འཕྲུལ་པྲ་ཛྙཱ་ཡི་མཚན་ཅན། །འོད་གསལ་སྣ་ཚོགས་རང་གྲོལ་སྙིང་དབུས༴ དགོས་མེད་རྒྱུད་ལ་སྐྱེ་བར༴ ལུང་རྟོགས་ཕྱུར་བུར་སྤུང་པའི་ས་འཛིན་གྱི་ངོས་སུ། །འཇིགས་མེད་མི་ཡི་སེང་གེ་ལྷ་བཙུན་གྱི་ཆོས་རྗེ། །བརྟུལ་ཞུགས་གྲུབ་བརྙེས་ཡོངས་ཀྱི་གཙུག་རྒྱན་དེ་དྲན༴ ཚེ་དང་སྒྲུབ་པ་མཉམ་པར་བྱིན༴ མཚོ་རྒྱལ་ཟློས་གར་རིག་འཛིན་ཀུན་བཟང་གི་པདྨ། །ལྷན་བརྩེའི་རྣམ་འཕྲུལ་མཉམ་མེད་ཧཱུཾ་ནག་གི་འགྲོ་འདུལ། །ཀུན་འདུས་གཅིག་ཆོག་རྒྱལ་པོ་ཐེག་གླིང་རྗེ་དྲན༴ དོན་གཉིས་མཐའ་རུ་ཕྱིན་པར༴ མཁྱེ༵ན་པའི་ཡེ་ཤེས་འཇམ་དཔལ་རྣོན་པོ་དང་མཚུངས་ཤིང་། །བྱམས་བརྩེ༵འི་རང་བཞིན་ཕྱག་ན་པདྨ་ཡི་ངང་ཚུལ། །མཐུ་སྟོབས་འོ༵ད་ཟེ༵ར་ཕྱག་ན་རྡོ་རྗེ་དང་དབྱེར་མེད། །རྒྱལ་ཀུན་ངོ་བོ་འཇིགས་མེད་གླིང་པ་དེ༴ ཀ་དག་ལྷུན་གྲུབ་རྟོགས་པར་བྱིན༴ ཆོས་བརྒྱད་ཁྲིམས་ཀྱི་རཱ་ཛ་སྟོབས་རྩལ་སོགས་དམན་པས། །ཆོས་མིན་སྤྱོད་པའི་འཁོར་འབངས་ཡང་དཀོན་པའི་རྣལ་འབྱོར། །ཆོས་དང་ཆོས་མིན་ཤེས་བཞིན་གཞན་དོན་ལ་བརྩོན་པའི། །འཇིགས་མེད་ཕྲིན་ལས་འོད་ཟེར་དེ་དད་ངོར་སྣང་བྱུང་། །དམ་ཚིག་ཉམས་མེད་བསྲུང་བར་བྱིན་གྱིས་རང་རློབས་ཤིག ༧ །ཡང་ན། འོད་གསལ་འགྲོ་འོང་ལས་འདས་སྤྲོས་བྲལ་གྱི་ཞིང་ན། །ལྷུན་གྲུབ་དོན་གྱི་བླ་མ་མཁྱེན་བརྩེ་ཡི་འོད་ཟེར། །ཁམས་གསུམ་འགྲོ་བའི་མགོན་པོ་སྙིང་ཁོང་ནས་དྲན་བྱུང་། །ཐུགས་རྒྱུད་དགོངས་པའི་ཡེ་ཤེས་བདག་ཉིད་ལ་འཕོས་ཤིག །གར་བཞུགས་བདེ་བ་ཆེན་པོའི་འོག་མིན་གྱི་ཞིང་ན། །སྙན་བརྒྱུད་དོན་གྱི་བཀའ་བབ་དྲིན་ཅན་གྱི་བླ་མ། །རིག་འཛིན་བྱང་ཆུབ་རྡོ་རྗེ་ཡབ་སྲས་ཟུང་དྲན་བྱུང་། །སྨིན་གྲོལ་བདུད་རྩིའི་ཆུ་རྒྱུན་སྤྲང་ཆུང་ལ་སྩོལ་ཤོག །ཨ་ཧོ། སྐྱེ་འགག་གནས་གསུམ་བྲལ་བ་གདོད་མ་ཡི་གཤིས་ལུགས། །རྩེ༷་གཅིག༷་རང་ངོ་ཤེས་པ་སྦྱོར་ལམ་གྱི་རྣལ་འབྱོར། །ཡིད་དཔྱོད་ལྐོག་ཏུ་མ་གྱུར་མངོན་སུམ་གྱི་རིག་མདངས། །འབད་མེད་ལྷུག་པར་སྟོན་ཅིག་དྲིན་ཆེན་གྱི་བླ་མ། །བྱ་རྩོལ་བློ་ཡི་མདུད་པ་རང་གྲོལ་དུ་སོང་ནས། །སྤྲོས༷་བྲལ༷་བདེ་བ་ཆེན་པོ་མཐོང་ལམ་གྱི་རྣལ་འབྱོར། །ཐིག་ལེ་ཆེན་པོའི་ཀློང་དུ་གོང་འཕེལ་གྱི་རིག་མདངས། །མཐོང་ནས་ལོངས་སྐུའི་སྒྲོ་འདོགས་ད་ལྟ་རང་ཆོད་ཤོག །སྣང་སེམས་གཉིས་སུ་མ་གྲུབ་ཆོས་སྐུ་ཡི་ཀློང་ན། །རོ་གཅིག་འཁོར་འདས་རང་གྲོལ་སྒོམ་ལམ་གྱི་རྣལ་འབྱོར། །ལྔ་ལྡན་ཚོམ་བུའི་ཀློང་དུ་ཚད་ཕེབས་ཀྱི་རིག་མདངས། །མཐོང་ནས་ཕྱིར་མི་ལྡོག་པའི་དངོས་གྲུབ་དེ་སྩོལ་ཤོག །རིག་པ་བག་ཆགས་གཡའ་ཡིས་གདོད་མ་ནས་མ་གོས། །སྒོམ་མེད་སྐུ་གསུམ་རང་ཆས་དག་པ་ཡི་གཉིས་ལྡན། །ཡེ་གྲོལ་འདུས་མ་བྱས་པ་ཆོས་ཟད་ཀྱི་ཀློང་དུ། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་མཆོག་དེ་འགྲུབ་ཤོག །ཆོས་ཉིད་ཟད་སར་འཁྱོལ་བའི་གསོལ་འདེབས་ཀྱི་གླུ་ཆུང་། །དཔའ་བོ་ཌཀྐི་འདུ་བའི་ཡར་ཚེས་ཀྱི་ཐུན་ལ། །སྐྱིད་པོའི་མལ་དུ་བྱ་བཏང་རྣལ་འབྱོར་ངས་བླངས་པས། །རྩ་གསུམ་དམ་ཅན་དགྱེས་པའི་མཆོད་དབྱངས་སུ་འབུལ་ལོ།། །།

སྐྱབས་མགོན་གྲུབ་དབང་རིན་པོ་ཆེ་ཡབ་སྲས་ཀྱི་གསོལ་འདེབས་རྣམས།

༄༅། །སྐྱབས་མགོན་གྲུབ་དབང་རིན་པོ་ཆེ་ཡབ་སྲས་ཀྱི་གསོལ་འདེབས་རྣམས་བཞུགས། མཆོག་གསུམ་རྩ་གསུམ་ཀུན་འདུས་ངོ་བོ་ཉིད། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་། །བཀའ་སྲུང་ཆོས་སྐྱོང་ཡོངས་ཀྱི་སྤྱི་དཔལ་རྗེ༑ ཀུན་བཟང་གཞན་ཕན་ཞབས་ལ་གསོལ་བ་འདེབས། རང་ཉིད་ཀྱིས་སོ། ༈ རྒྱལ་དབང་པདྨ་འབྱུང་གནས་ཐོད་ཕྲེང་རྩལ། །རྗེ་འབངས་ཉེར་ལྔ་གྲུབ་ཐོབ་བརྒྱ་རྩ་བརྒྱད། །ཀུན་འདུས་ངོ་བོ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་འདི་ཕྱིའི་འཇིགས་ལས་སྐྱོབས། །ཞེས་པའང་སྐྱེ་མེད་རྡོ་རྗེས་སོ། ༈ །མཐུ་སྟོབས་ནུས་པའི་དཔལ་ལྡན་རྙིང་མ་པ། །ཤེས་བྱ་རྒྱ་མཚོའི་མཐར་སོན་ས་སྐྱ་པ། །འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་དགེ་ལྡན་པ། །བསྟན་པ་ཡོངས་ཀྱི་ངོ་བོ་བླ་མར་འདུད། ཤྭ་ལོ་ཀ་འདི་གསུམ་ལྡན་བླ་མ་དཔལ་ལྡན་རྒྱ་མཚོའི་གསོལ་འདེབས་སྐྱེ་མེད་རྡོ་རྗེས་སོ། ༈ ཀུན་མཁྱེན་རྒྱལ་བའི་གདུང་འཛིན་གྲུབ་ཆེན་པའི། །ལུང་རྟོགས་ཆོས་ཀྱི་ཉི་མ་གདུལ་བྱའི་ཐོད། །དཀྲི་མཁས་རིས་མེད་ཡོངས་འཛིན་ཀུན་འདུས་དངོས། །དཔའ་བོ་ཡེ་ཤེས་རྡོ་རྗེ་ལ་གསོལ༴ ༈ ཀུན་མཁྱེན་རྒྱལ་བའི་ཞལ་སྐྱིན་འཇིགས་མེད་གླིང་། །འཕགས་ཆེན་དེ་དང་མཚུངས་པ་གསང་བའི་བདག །འགྲོ་ཕན་རྡོ་རྗེ་ཡབ་སྲས་བརྒྱུད་པར་བཅས། རྗེས་མི་ཚང་།

ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་་་་་

༄༅། །ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི༴ ཡི་དམ་ཆེན་པོ་རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི༴ གནས་ཡུལ་དུར་ཁྲོད་སྐྱོང་བའི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས༴ ཁ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ༴ ཀ ཆོས་ཉིད་འགྱུར་བ་མེད་པའི༴ ཁྱད་པར་དུ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱེད་ཀྱི་རིག་སྔགས་བཟླས་པའི་མཐུས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། བཀྲ་མི་ཤིས་པའི་ལྟས་ནད་རིམས་འཁྲུག་རྩོད་ལ་སོགས་ཆག་ཆེ་བ་དང་ཉམ་ང་བ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །ཕ་རོལ་གྱི་བྱད་ཕུར་རྦོད་གཏོང་། ཧོམ་པར་སྡེབས་ཤོར། རླུང་འཁོར་དབྱེ་བསྐྲད། རྨོངས་རེངས། མནན་གཏད། མདོ་སྒྲུབ་བཙོ་ཐན་མི་ཁ་དམོད་མཆུ་ངན་པ་ཐམས་ཅད་གསང་ཆེན་རྡོ་རྗེ་སྙིང་པོའི་བསྟན་པ་ལ་མི་མོས་ཤིང་ལོག་པར་བལྟ་བའི་འབྱུང་པོ་རྣམས་ཀྱི་རང་གཤེད་དུ་ཕོབས་ཤིག །མདོར་ན་མི་འདོད་པའི་ཉེ་བར་འཚེ་བ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་དང་ཕ་རོལ་མི་དང་མི་མ་ཡིན་པའི་བསམ་སྦྱོར་ངན་པ་ཐམས་ཅད་དགྲ་བགེགས་བྱད་མ་རྣམས་ཀྱི་སྟེང་དུ་སྒྱུར་ཅིག །ཟློག་ཅིག །བྷྱོ་བྷྱོ་ཟློག་ཟློག །

རྗེ་བཙུན་ཆེན་པོའི་དབང་གི་ཕྲ་ཚོམ་ཀུན་དགའི་དཔལ་སྟེར།

༄༅། །རྗེ་བཙུན་ཆེན་པོའི་དབང་གི་ཕྲ་ཚོམ་ཀུན་དགའི་དཔལ་སྟེར་བཞུགས། །

ན་མོ་གུ་རུ་རཏྣ་ཧ་ས་བཛྲ་ཡེཿ འདིར་རྗེ་བཙུན་གྱི་དབང་ཕྱུག་མི་ལ་རས་པའི་དལ་དུ་དབང་བསྐུར་བའི་སྐབས་སུ་བབ་ཚེ་སློབ་མ་རྣམས་མདུན་དུ་ཚོགས་པ་ལ་ཁྲུས་བྱ་བ་ནི། ཧཱུཾ་རྒྱུ་དྲུག་ནད་གདོན་སྒྲིབ་སྦྱོང་ཕྱིར། །རྣམ་དག་པ་ཡི་ཆུ་རྒྱུན་གྱིས། །གཟུང་འཛིན་དྲི་མའི་ཉེས་ཚོགས་བཀྲུ། །སྒྲིབ་གཉིས་དག་ནས་སྣོད་རུང་ཤོག །ༀ་ཨ་མྲྀ་ཏ་བརྗོད་པས་བཀྲུ། བགེགས་གཏོར་བསངས་སྦྱངས་བྱས་ལ། སྟོང པའི་ངང་ལས་རིན་པོ་ཆེའི་སྣོད་དུ་བགེགས་ཀྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་མགྲོན་རྣམས་སོ་སོའི་དབང་པོའི་དྲུག་གི་སྤྱོད་ཡུལ་དུ་དགོས་འདོད་ཀུན་འབྱུང་གི་གཏེར་ཆེན་པོར་གྱུར། པར་བསམ་ལ། ༀ་སརྦ་བྷུ་ཏ་ཨ་ཀཪྵ་ཡ་ཛཿ ལན་གསུམ་གྱིས་བགེགས་རྣམས་ཞི་ཞིང་བྱམས་པའི་སེམས་ཀྱིས་འདུས་པར་གྱུར་ཅེས་མོས་ལ། ༀ་སརྦ་བིགྷ་ནན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀཧྞ་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱཿ ལན་གསུམ་གྱིས་གཏོར་མ་ཕུལ་བས་མཉེས་པར་བསམ། བགེགས་རིགས་རྣམས་བསྐྲད་པར་བྱ་བ་ནི། ཧཱུཾ། ང་ནི་ཡེ་ནས་རྟོག་བྲལ་ཡང་། །གང་འདུལ་རོལ་པའི་སྒྱུ་འཕྲུལ་གར། །ཁྲོ་ལ་ཁྲོས་པའི་མངོན་སྤྱོད་ཀྱིས། །གཉིས་འཛིན་བགེགས་ཚོགས་ཕྱིར་བསྐྲད་དོ། །ༀ་སུམྦྷ་ནི་སུམྦྷ་ཧཱུཾ྄༴ སོགས་བརྗོད། གུ་གུལ་བདུག། ཡུངས་ཀར་གཏོར་ནས། འགེགས་རིགས་ཐམས་ཅད་ཕྱིར་བསྐྲད། ཁྲོ་མཚོན་མེ་དཔུང་བཅས་ཚུར་འདུས་སྲུང་བའི་འཁོར་ལོ་གཞོམ་ཞིང་གཞིག་ཏུ་མེད་པའི་གུར་དུ་གྱུར། པར་བསམ་མོ། ༀ་བཛྲ་རཀྵ་རཀྵ་ཧཱུཾ། དེ་ནས་ལོ་རྒྱུས་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེའི་ཐེག་པའི་འཇུག་སྒོ་དང་པོ་སྨིན་པར་བྱ་བའི་དབང་བསྐུར་ཟབ་མོ་ཉན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོས་བློ་ལེགས་པར་བཅོས་ཏེ་ཉན་འཚལ། དེ་ཡང་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་ནི། སྐྱོན་གསུམ་དྲི་མ་དྲུག་དང་བཅས་པ་བསལ་ནས་མཉན་དགོས་པ་ཡང་། ཇི་སྐད་དུ། རྣ་བ་མི་གཏོད་ཁ་སྦུབ་ལྟ་བུའི་སྐྱོན། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། ཞེས་དང་། དྲི་མ་དྲུག་ནི། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བ་ཉན་པའི་དྲི་མ་ཡིན། །དེ་ལ་ཆོས་མཉན་པའི་མི་མཐུན་པའི་ཕྱོགས་མཐའ་དག་སྤང་ཞིང་། ཇི་ལྟར་མཉན་པའི་ཚུལ་ནི། མདོ་སྡུད་པ་ལས། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་དེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་ལ་དཔའ་རྣམས་སྤྱོད་པ་དེས་ནི་མཉན་པར་བྱོས། །ཞེས་དང་། ཆོས་སྤྱོད་ཐམས་ཅད་ཀྱི་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡོངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་གསུངས་པས། དེ་ཡང རང་ཅག་རྣམས་ཆོས་ཕྱིར་འཇུག་པ་ལ་ཕྱོགས་ཐམས་ཅད་ནས་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ཐོབ་པའི་ཚེ། རབ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ། འབྲིང་འཁོར་བའི་གནས་སུ་ཕྱིར་མི་ལྡོག་པ། ཐ་མ་ངན་སོང་གསུམ་དུ་མི་སྐྱེ་བའི་ཐབས་ལ་བརྩོན་དགོས་ཏེ། སློབ་དཔོན་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱི་ནས་ཡང དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པས་དམ་པའི་ཆོས་ཀྱི་བདུད་རྩི་ལེགས་པར་བཏུང་སྟེ་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་དོན་དུ་གཉེར་བའི་ལས་ལ་འབད་པ་ཤིན་ཏུ་གལ་ཆེ། དེ་ལ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་འགྲོ་བའི་རྣམ་རྟོག་མ་ཟད་ཀྱི་བར་དུ་གང་ལ་གང་འཚམས་ཀྱི་ཆོས་མཐའ་ཡས་པ་ཞིག་གསུངས་ཤིང་གསུང་བར་འགྱུར་བ་ཡིན་ལ། དེ་དག་ཐམས་ཅད་ཀྱང་སྐུ་དང་གསུང་མ་ངེས་པའི་ཚུལ་གྱིས་གདུལ་བྱའི་དོན་མཛད་པ་ཡང་། ཇི་སྐད་དུ། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་སྐད་ཅི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་དང་། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། ཞེས་པ་ལྟར་ཡིན་ཞིང་། མདོར་ན་འཁོར་བའི་སྡུག་བསྔལ་མཐའ་དག་སྤངས་ཤིང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ལམ་བསྟན་པ་ཐམས་ཅད་རྒྱལ་བའི་བཀའ་དང་མཚུངས་པར་རྗེས་སུ་གནང་བ་ཡིན་ཏེ། རྒྱུད་བླ་མ་ལས། ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུང་། ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང་། དེ་ནི་དྲང་སྲོང་གསུངས་ཡིན་ལྡོག་པ་གཞན། ཞེས་གསུང་པས། ཞལ་ནས་གསུངས་པའི་བཀའ་ནི། འཁོར་ལོ་གསུམ་གྱི་ཆར་གཏོགས་པའི་རིགས་རྣམས་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། རྒྱུད་སྡེ་བཞིའམ་དྲུག་གི་ཆར་གཏོགས་པའི་གསང་སྔགས་གསར་རྙིང་གི་རྒྱུད་སྡེ་དང་སྒྲུབ་སྡེ་རྣམས་ལ་གསང་སྔགས་རྡོ་རྗེའི་ཐེག་པ་ཞེས་སུ་གྲགས་པ་ཡིན་ལ། བྱིན་གྱིས་བརླབས་པའི་བཀའ་ནི་སྟོན་པ་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་བཞུགས་པས། ཤཱརིའི་བུ་དང་། སྤྱན་རས་གཟིགས། དྲི་བ་ལན་ལྡོན་གྱི་ཚུལ་དུ་ཤེར་སྙིང་བྱུང་བ་ལྟ་བུ་དང་། རྗེས་སུ་གནང་བའི་བཀའ་ནི། ལྗོན་ཤིང་དང་། པདྨ་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། བྱ་དང་། རི་དྭགས་ལ་སོགས་པ་ལས་ཆོས་ཀྱི་རྣམ་གྲངས་ཀྱི་སྒྲ་འབྱུང་བ་རྣམས་ཀྱང་བཀར་བཞག་པ་ཡོད་ན་སྔར་བྱུང་གི་ད་ལྟ་མེད་དོ་ཞེས་ལོག་པར་མི་ལྟ་སྟེ། བྱིན་གྱིས་བརླབས་པ་དག་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པས་རྗེ་བཙུན་གྱི་དབང་ཕྱུག་མི་ལ་རས་པའམ་བཞད་པ་རྡོ་རྗེ་ཞེས་ཡོངས་སུ་གྲགས་པའི་དབྱར་གྱི་རྔ་ཆེན་གྱིས་སྲིད་ཞིའི་གནས་ཀུན་ཏུ་ཁྱབ་པར་མཛད་པ་དེ་ཉིད་ངེས་པའི་དོན་དུ་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ་ཉིད་དུ་མངོན་པར་བྱང་ཆུབ་པ་ལགས་ཀྱང་། ཚུར་མཐོང་གི་ངོར་ཐ་མལ་གྱི་ཟོལ་དུ་ཞུགས་ཤིང་། ལམ་གྱི་ཐོག་མ་འདུས་བྱས་མི་རྟག་པ་དང་སྡུག་བསྔལ་ཆེན་པོ་གསུམ་གྱི་མཚང་མཁྱེན་པར་མཛད་ནས་མངོན་སྤྱོད་ཀྱི་ཕྲིན་ལས་ལ་རང་དབང་བསྒྱུར་བའི་བརྟུལ་ཞུགས་ལ་དྲེགས་སྙེམས་སྤངས་བཞིན་ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན། བཤེས་གཉེན་བསྟེན་པ་སོགས་ཀྱི་རྟེན་འབྲེལ་རང་འགྲིགས་སུ་གྱུར་ཏེ། དང་པོ་རོང་སྟོན་ལྷ་དགའ་བླ་མར་བསྟེན་ནས། དེའི་ལུང་བསྟན་པ་བཞིན་དུ་སྐྱེས་མཆོག་མར་པ་ལོ་ཙཱ་རིགས་བདག་ཏུ་ཐོབ་བཞིན་སྨིན་གྲོལ་གྱི་བདུད་རྩི་བུམ་པ་གང་བྱོས་ཚུལ་དུ་གནང་བར་བརྩོན་འགྲུས་གསུམ་གྱི་མེ་དཔུང་རབ་ཏུ་སྦར་བས་གྲངས་མེད་གསུམ་དུ་ཐོགས་པའི་ལས་ཉོན་གྱི་བུད་ཤིང་ལྷག་མ་ཙམ་ཡང་མ་ལུས་པར། ཚེ་ལུས་གཅིག་གིས་རྒྱལ་བ་སྐུ་གསུམ་གྱི་གོ་སར་ངལ་གསོ་བར་མཛད་པ་དེ་ཉིད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ནམ་མཁའ་ལྟར་རྒྱ་ཆེ་ཞིང་ཉི་ཟླ་བཞིན་དུ་ཉེ་རིང་བྲལ། ཆུ་བོ་བཞིན་དུ་ཀུན་གྱི་གསོ་སྨན་དུ་གྱུར་ཡང་། རང་རང་གི་ལས་དབང་གིས། མཁྲིས་པའི་སྐྱོན་གྱིས་གངས་ལ་སེར་པོར་འཛིན་པ་དང་། མིག་སྐྱོན་ཅན་གྱིས་ནམ་མཁའ་སྟོང་པར་སྐྲ་ཤད་གཏིབས་པ་མཐོང་བ་དང་། སྲིན་བྱས་ཉི་མ་ལ་མུན་པར་མཐོང་བ་། གཞན་ཡང་ལ་ཁའི་ཐོ་ཡོར་དགྲ་དང་། ཐག་ཁྲ་སྦྲུལ། རང་གྲིབ་ལ་འདྲེ་རུ་འཛིན་པ་སོགས་ལོག་ལྟ་ཅན་གྱི་སྣང་ངོར་སྟོན་པ་སངས་རྒྱས་དང་། སློབ་དཔོན་ཆེན་པོ་སོགས་ལ་མ་དག་པའི་སྣང་ཚུལ་སོ་སོར་ཡོད་བཞིན། ལས་དབང་གི་འཁྲུལ་སྣང་ལོག་ལྟའི་གཟུགས་སུ་མངོན་པ་རྣམས་ལའང་། རྗེ་བཙུན་ཆེན་པོའི་ཐུགས་རྗེའི་དཔྱང་ཐག་ལྷོད་པའི་གོ་སྐབས་མི་དབྱེ་ན། ཁོ་བོ་ཅག་ནི་སྤྱིར་མཆོག་དམན་གྱི་ཡུལ་སུ་ལའང་ལོག་ལྟ་དང་སྐྱོན་བརྗོད་སོགས་ཐར་ལམ་འགོག་པའི་རྣམ་རིག་མི་གསལ་ཞིང་། བྱེ་བྲག་ཏུ་རྗེ་བཙུན་ཆེན་པོར་མི་འཕྲོག་པའི་དད་པ་རྒྱུན་ལྡན་ཡོད་པའི་སྟེང་། དུས་རེ་ཞིག་གི་ཚེ་ཡུལ་ལྷ་ལྡན་ནས་རང་ཡུལ་དུ་ཕྱོགས་པའི་སྐབས་ཤིག་བགྲོད་ལམ་སྟོར་ཞིང་ན་བུན་དང་། ཁ་བ་བུ་ཡུག་འདྲེས་པས་གར་འགྲོ་དང་ཅི་བྱ་གཏོལ་མེད་ལ་ཐུག་ཚེ། ཚོགས་བདུན་གྱི་ཤེས་པ་ཀུན་གཞི་ལ་ཐིམ་པ་ལྟ་བུའི་གཟུང་འཛིན་བྲལ་བའི་རིག་ངོར། རྗེ་བཙུན་ཆེན་པོ་མངོན་རྟོགས་དང་མཚུངས་པ་ཞིག་གིས་འདི་ཉིད་ཀྱི་ཆོ་ག་སོགས་རྡོ་རྗེའི་གླུར་བླངས་པའི་མུར་རང་གི་སྒོ་གསུམ་དང་རོ་གཅིག་ཏུ་གྱུར་ཏོ། །ཉམས་སྣང་དེ་སད་ནས་ཞག་མལ་དུ་སླེབས་འཕྲལ། ཡིད་ངོར་གསལ་བའི་རི་མོ་དད་ལྡན་རྣམས་ཀྱི་མིག་གི་བདུད་རྩིར་ལོངས་སྤྱོད་ཆོག་པ་འདི་བཞིན་ལགས། ཞེས་གསུངས་པ་ལྟར་བདག་ཅག་གིས་ནོད་པའི་སྐལ་བཟང་དུ་གྱུར་པ་ཡིན་ལ། དེ་ལྟ་བུའི་སྒོ་ནས་ཁྱེད་ཅག་ལ་དབང་སྐུར་བར་བྱེད་པ་ལ། བདག་གིས་བགྱི་འོས་དང་། ཁྱེད་ཅག་གིས་བགྱི་འོས་གཉིས་སུ་ཡོད་པ་ལས། དང་པོ་ནི། བདག་མདུན་བུམ་པའི་ལྷ་ཚོགས་ལ་དམིགས་པའི་འཕྲོ་འདུ་སྐབས་ཕྱེད་པས་བཟླས་པ་མཆོད་བསྟོད་བདག་དབང་ལེན་པ་བཅས་གྲུབ་པར་བགྱིས་ནས། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པའི་ཞིང་ཁམས་འབུལ་བ་ལ་ཐུགས་གཏད་གནང་བ་ཞུ།

རྗེ་བཙུན་མི་ལ་རས་པ་ཡི་་་་

༄༅། །རྗེ་བཙུན་མི་ལ་རས་པ་ཡི། བླ་སྒྲུབ་ལ་བརྟེན་བར་དེའི་ནི་འགྲོར། བཟའ་བཏུང་བསྔོ་ཐབས་འདི་ལྟ་སྟེ། གཙང་མའི་སྣོད་དུ་བཟའ་བཏུང་རིགས། མི་ཡི་ལོངས་སྤྱོད་གང་ཚོགས་བཤམས། བླ་མའི་ཆོ་ག་སྔོན་འགྲོའམ། མིན་ཀྱང་ནམ་དགོས་དུས་དག་ཏུ། རྗེ་བཙུན་ཆེན་པོ་རྟེན་བརྟེན་པ། གསལ་ཞིང་བྱམས་དང་སྙིང་རྗེའི་བློས། མ་ཡེངས་ངང་ནས་འདི་ལྟར་བརྗོད། ཨཱཿ ཀ་དག་ཀློང་ནས་སྤྲུལ་པ་ཡི། །རིན་ཆེན་སྣོད་དུ་ཐབས་ཤེས་རྫས། །བཟའ་དང་བཏུང་བའི་ལོངས་སྤྱོད་རིགས། །ངོ་བོ་སྟོང་ཞིང་རང་བཞིན་གསལ། །འཛད་མེད་གཏེར་དུ་སྦྱངས་སྤེལ་བསྒྱུར། །རྟེན་འབྲེལ་ནུས་པས་བསྔོ་ཡུལ་ཀུན། །ཚིམ་པར་བྱེད་པའི་ནུས་ལྡན་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་སོགས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། དེ་ནས་འགུགས་པ་ནི། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་གྱི། །སྤྱི་གཟུགས་བཞད་པ་རྡོ་རྗེ་ཡི། །མཁྱེན་བརྩེ་ནུས་པའི་མཐུ་བྱིན་དང་། །རྟེན་འབྲེལ་ཆོ་གའི་བདེན་པ་ཡིས། །འཇིག་རྟེན་འདི་ནས་ཕ་རོལ་དུ། །ཚེ་ལས་འདས་པ་དམིགས་བྱ་དེ། །བཟའ་བཏུང་སྤྱོད་ཕྱིར་གནས་འདི་རུ། །ད་ལྟ་ཉིད་དུ་མཆིས་པར་མཛོད། །ནྲྀཿཨ་ཀཪྵ་ཡ་ཛཿ བྱམས་པའི་གདན་ལ་སྙིང་རྗེའི་མགྲོན། ཐར་པ་མཆོག་ལ་དགའ་དང་བཅས། དགྲ་གཉེན་བློ་སྤོང་བཞུགས་པར་འཚལ། ས་མ་ཡ་ལྷན། བཟའ་བ་བསྔོ་བ་ནི། ༀ་ཨཱཿ་ཧཱུཾ། ཤ་ཐུད་མར་གསུམ་གྲོ་འབྲས་དང་། །གྲོ་མ་བུར་སྦྲང་ག་ར་སོགས། །ཐབས་ཀྱི་རང་བཞིན་བཟའ་བ་ཀུན། །ཚེ་འདས་ཁྱེད་ལ་ཟས་སྐལ་དུ། །སྙིང་རྗེའི་བློ་ཡིས་བསྔོས་ལགས་ན། །ཆགས་མེད་ཞེན་མེད་ངང་ནས་སྤྱོད། །ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། བཏུང་བ་བསྔོ་བ་ནི། ༀ་ཨཱཿཧཱུཾ། ཇ་ཆང་འོ་ཞོ་ལ་སོགས་པ། །ཤེས་རབ་རང་བཞིན་བཏུང་བའི་རིགས། །ཚེ་འདས་ཁྱོད་ལ་སྐོམ་སྐལ་དུ། །སྙིང་རྗེའི་བློ་ཡིས་བསྔོས་ལགས་ན། །ཆགས་མེད་ཞེན་མེད་ངང་དུ་སྤྱོད། །སམྦྷ་རས་བསྔོ། དེ་ནས་བཟའ་བཏུང་རྣམས་ཆ་གསུམ་བྱས་ནས། ཆ་གཅིག་སྦྱིན་སྲེག་བྱེད། ཆ་གཅིག་སྤྲང་པོ་ལ་སྦྱིན། ཆ་གཅི་བྱ་བྱིའུ་ལ་སྦྱིན། འདི་སྐད་བརྗོད། ཧོཿ སྔོུན་ཚེ་རྣལ་འབྱོར་དབང་ཕྱུག་མཆོག །རྗེ་བཙུན་མི་ལ་རས་པ་ཉིད། །ལ་ཕྱི་གངས་སུ་དགུན་བཞུགས་དུས། །སྦྱིན་བདག་དད་དམ་ལྡན་པ་རྣམས། །རྗེ་བཙུན་གཤེགས་པར་བློ་འཁྲུལ་ཞིང་། །བཟའ་བཏུང་གཙང་མ་མང་བཤམས་ནས། །རྗེ་བཙུན་མཆོད་ཅེས་བསྔོས་གྱུར་ཚེ། །དེ་བཞིན་མངོན་པའི་རྗེ་བཙུན་གྱིས། །བར་དོའི་འགྲོར་བ་བཟའ་དང་བཏུང་། །བསྔོས་ན་བསོད་ནམས་ཐོབ་གསུངས་ལྟར། །དེ་ཕྱིར་ཐབས་ལྡན་བདག་ཅག་གིས། །བཟའ་བཏུང་ལོངས་སྤྱོད་འདི་དག་ཀུན། །བརྩེ་བའི་སེམས་ཀྱིས་ཡོངས་བསྔོ་བས། །དམིགས་བྱ་ཚེ་ལས་འདས་པ་ཉིད། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ནས། །མི་འཛད་ཡུན་གྱི་གཏེར་ཐོབ་ཤོག ། བཟའ་བཏུང་འདི་བསྔོས་ནུས་སྟོབས་ཀྱིས། །འཕྲལ་དུ་ཆགས་ཞེན་ཀུན་དག་ནས། །མངོན་པར་དགའ་བའི་ཞིང་ཁམས་སུ། །རྗེ་བཙུན་ཉིད་དང་དབྱེར་མེད་པར། །བདེ་ཆེན་འགྱུར་མེད་ཐོབ་པར་ཤོག །ཅེས་བརྗོད། མཐར་ལམ་བསྟན་པ་ནི། ཨཱཿ འདི་ནས་ཤར་ཕྱོགས་མངོན་དགའི་ཞིང་། །བདེ་སྐྱིད་འགྱུར་མེད་གནས་མཆོག་ན། །བཅོམ་ལྡན་མི་བསྐྱོད་རྡོ་རྗེ་དང་། །དབྱེར་མེད་བཞད་པ་རྡོ་རྗེ་བཞུགས། །རྡོ་རྗེའི་རིགས་ཚོགས་མང་པོས་བསྐོར། །གང་ཞིག་དད་པས་དྲན་པའི་མོད། །ཁྱོད་ཀྱིས་དེ་རུ་ཕྱིན་གྱུར་བས། །ཐེ་ཚོམ་མེད་པར་དེར་གཤེགས་ཤིག །ནྲྀཿན་ཡུ་གཙྪཿ རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་༴ སོགས་བསྔོ་སྨོན་ནན་དུ་བྱའོ། །ཞེས་པའང་བྱམས་སྙིང་རྗེ་ལ་བློ་ཅུང་ཟད་གོམས་པའི་རྣལ་འབྱོར་པ་ཀུན་བཟང་གཞན་ཕན་གྱིས་བར་སྲིད་ ཀྱི་འགྲོ་ལ་ཕན་ཕྱིར་བྲིས་པས་མངོན་དགའི་ཞིང་གི་དཔལ་ལ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག དགེ་འོ།། །།

ཟས་བསྔོའི་མཇུག་ཏུ།

༄༅། །ཟས་བསྔོའི་མཇུག་ཏུ། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཅེས་དང་། ༈ གནས་སྤར་གྱི་རྗེས་སུ། ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་ལས་ལྷག་པའི་ལུས་ཐོབ་ནས། །དེར་ཡང་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དང་། འདི་ནས་ཉིང་མཚམས་སྦྱོར་མ་ཐག །དག་པའི་ཞིང་ཁམས་བདེ་བ་ཅན། །པདྨའི་སྙིང་པོའི་ཟེའུ་འབྲུ་ལས། །རྫུས་ཏེ་སྐྱེ་བ་ལེན་པར་ཤོག །ཅེས་དང་། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་དང་། འོད་དཔག་མེད་དང་མཇལ་བར་ཤོག །མཇུག་ཆད་ཡོད།

རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དོན་འགྲིགས་རྣམ་དག་ལམ་བཟང་།

༄༅། །རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དོན་འགྲིགས་རྣམ་དག་ལམ་བཟང་བཞུགས། །

ཆོས་ཉིད་དོན་གྱི་ཕུར་པས་ཆོས་ཅན་མཚན་མས་འཇོམས། མཚན་མ་རྫས་ཀྱི་ཕུར་པས་མུ་སྟེགས་ཆོ་འཕྲུལ་གཞོམ། ཡང་དག་དོན་གྱི་ཕུར་པས་སྣང་སྲིད་རྒྱ་ཡིས་ཐེབས། བདེན་གཉིས་ཟུང་དུ་འཇུག་པའི་རྡོ་རྗེ་ཕུར་པུར་འདུད། དེ་ལའང་འདིར་རྒྱུད་ལུགས་ཕུར་པའི་སྒོ་ནས་གཏོར་བཟློག་དང་སྲི་མནན་གྱི་འདོན་འགྲིགས་ཆུ་བབས་སུ་འགོད་པ་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། དཀྱིལ་འཁོར་འབྲི་ཐིག་གཏོར་བཟོ་དང་། བསྲུང་བཟློག་འཁོར་ལོ། ཐུན་ཟོར་སོགས་གཏོར་བཟློག་གཞུང་ལྟར་འདུ་བྱས་ལ། དངོས་གཞིར་འཇུག་པར་བྱ་སྟེ། དེ་ལའང་སྦྱོར་དངོས་གཉིས་ཀྱི་དང་པོ་ནི་བླ་མའི་རྣལ་འབྱོར་གྱི་མཐར་བརྒྱུད་འདེབས་དང་བསམ་པ་མྱུར་འགྲུབ་བཅས་གྲུབ་ནས་བརྒྱུད་འདེབས་སྤྱི་དང་བྱེ་བྲག་པ་བཏང་། རང་གཞུང་གི་སྐྱབས་སེམས་དང་ཡན་ལག་བདུན་པའི་རྗེས་སུ་སྡེ་བརྒྱད་མཆོད་པ་གསེར་སྐྱེམས་སོགས་གྲུབ་ནས་བགེགས་བསྐྲད་མཆོད་རྫས་བྱིན་བརླབ་ཡན་དཀྱུས་བཞིན་བྱ། གཉིས་པ་དངོས་གཞིའི་རིམ་པ་ནི་ཏིང་འཛིན་གསུམ་ནས་བསྟོད་པ་དང་དམ་བཅའ་བ་ཡན་དཀྱུས་བཞིན་བཏང་ནས། འཛབ་ལ་བབ་ཚེ་འཛབ་བསྐུལ་ནི། ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན་སོགས་ནས། ཀརྨ་ཀཱི་ལི་ཀཱི་ལི་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་རིགས་ལྔ་སོ་སོའི་སྐབས་སུ་སོ་སོའི་སྔགས་གང་ཡང་རེ་བཟླ་བ་ནི་འཛབ་བསྐུལ་གྱི་དོན་ཡིན་ཞིང་། འཛབ་དངོས་ལ་བབ་ཚེ་བསྙེན་པ་དང་ཉེ་བསྙེན་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་། བཞི་ལས་དང་པོ་ནི། གཙོ་བོའི་ཐུགས་ཀར་སོགས་ནས་ཧཱུྃ་མཐིག་ནག་ལ་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ། ཞེས་པའི་སྔགས་འཕྲེང་སོགས་ནས། འཁོར་བར་དམིགས་ལ། འབྲུ་དགུ་ཅི་ནུས་བཟླས། དེ་ནས་འོད་ཟེར་སྤྲོ་བསྡུའི་དམིགས་པ་ནི། ཐུགས་སྲོག་ཏིང་འཛིན་སེམས་དཔའ་སོགས། དངོས་གྲུབ་ཐོབ་པར་བསམ་མོ་ཡན་བརྗོད་ལ་འབྲུ་དགུ་ལ་སརྦ་བིག་ནན་བཾ་ཧཱུཾ་ཕ྄ཊ༔ ཞེས་བཏགས་པའི་ཡིག་འབྲུ་བཅུ་བཞི་པ་བཟླ་བ་ནི་ཉེ་བསྙེན་ནོ། དེ་ནས་སྒྲུབ་ཐབས་དཔག་བསམ་ལྗོན་ལྟར་འཛབ་ཁང་དབྱེ་ནས་བདག་མདུན་ཐ་མི་དད་དུ་བྱས་ཏེ། སྔུགས་འཕྲེང་ལས་རང་འདྲ་གཉིས་པ་རེ་སོགས། བདེ་བླག་ཏུ་ཐོབ་པར་བསམ་ནས་འབྲུ་བཅུ་བཞི་པ་ལ། ཛ་ཧཱུཾ་ཨཱཿ གསུམ་བསྣན་པའི་འབྲུ་བཅུ་བདུན་པ་བཟླ་བ་སྒྲུབ་པའོ། །སྒྲུབ་པ་ཆེན་པོ་ནི་དམ་ཅན་ཉེ་བར་བསྙེན་པ་སྟེ་གཞན་དུ་ཤེས་པར་བྱའོ། །འཛབ་མཇུག་བསྡུ་བ་ནི་དབྱངས་གསལ་རྟེན་སྙིང་བཅས་ཀྱི་མཐར། བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་ནས་ཡར་འཕེལ་དུ་གྱུར་ཅིག །བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཁྱེད་རྣམས་ལ༴ ཞེས་འདོད་དོན་གསོལ་བ་སྤྱི་ལྟར་བཏང་མཐར་སྤྲོ་ན་མཆོད་ཕྲེང་དང་གཞན་དུ། ཧཱུཾ་བླ་མེད་མཆོག་གི་སོགས་ཞེས་ཚང་བར་བརྗོད་ལ་ཨརྒཾ་སོགས་ཀྱི་མཐར་བསྟོད་པ་རྒྱས་བསྡུས་ཅི་རིགས་བཏང་ནས། རྟག་མཐའ་བསལ་ཕྱིར་ཉེར་བསྡུ་ནི། ཧཱུཾ་སྣོད་བཅུད་ལྷ་དང་གཞལ་ཡས་སུ། སོགས། གདོད་མའི་གཤིས་སུ་ཨ༔ ཞེས་དང་ཆད་མཐའ་བསལ་ཕྱིར་ལྷར་ལྡང་ནི། སླར་ཡང་རིགས་པ་བྱང་ཆུབ་སེམས། སོགས་བཛྲ་རཀྵ་ཨཱ་ཧཱུཾ༔ ཞེས་རྡོ་རྗེའི་གོ་བགོ་ཞིང་། ཡི་གེ་བརྒྱ་པས་བརྟན་པར་བྱས་མཐར། མཚོ་དབུས་གེ་སར་འདོན་དགོས་པའོ། །སྐུབས་འདིར་དམ་ཅན་ཉེ་བར་བསྙེན་པའི་མན་ངག་མ་མོ་མཁའ་འགྲོའི་ཞལ་ལུང་གི། ལྕིམ་གཞོག་ལྡིར་བའི་ནང་དུ་གཞལ་མེད་ཁང་སོགས། རྫོགས་པར་བསྐྱེད་ཡན་བཏང་ནས། བྷྱོ་སྟོང་གསུམ་འདི་ན་དྲེགས་པ་ཅན། སོགས་དཀྱུས་བཞིན་ཚང་བར་བཏང་ནས། བསྐུལ་བའི་མལ་དུ། བྷྱོ་ཕུར་པའི་སྲུང་མ་དམ་ཚིག་ཅན། སོགས་རང་གཞུང་གི་གསོལ་ཁ་དང་རྒྱུན་གྱི་གསོལ་ཁ་ཚང་བར་བཏང་ནས་ཚོགས་ཀྱི་སྐབས་སུ་བབ་ཚེ་སྔོན་དུ་སྤྲོ་ན་ན་རག་བསྐང་བཤགས་བཏང་། མིན་ཀྱང་ཡེ་ཤེས་སྐུ་མཆོག་བཏོན་མཐར་ཧཱུཾ་དཔལ་ཆེན་ཐུགས་ལས་རཾ ཡཾ་ཁཾ༔ སོགས་དཀྱུས་བཞིན་ཚོགས་ཕུད་རིམ་གསུམ་འབུལ་བ་བཅས་གྲུབ་ནས། བསྐང་བཤགས་རྡོ་རྗེ་ཐོལ་གླུས་ཐུགས་དམ་བསྐང་བ་བཅས་གྲུབ་ནས་ལྷག་མའི་འགོར་བཞག་ཅིང་། སྨད་ལས་ལ་འཇུག་དགོས་པ་ཡིན་ནོ། ཕུར་སྲུང་གི་གསོལ་མཆོད་ཀྱི་རྗེས་ཐོག་དེར་ཟོར་སྒྲུབ་ཀྱི་སྔགས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སོགས། མ་ར་ཡ་ཐུན། ཡན་བརྒྱ་རྩ་བཟླས་ནས་ཐུན་རྫས་རྣམས་དམ་ཅན་གྱི་ངོ་བོར་བསམ་མོ། སྨད་ལས་ཀྱི་ཐོག་མར་གཟུ་དཔང་ནི། གསེར་སྐྱེམས་བཤམས་ལ། ཧཱུཾ་ཁྱབ་བདག་གདོད་མའི་སོགས། མངོན་སྤྱོད་ཕྲིན་ལས་མཛོད། ཡན་བརྗོད་ཅིང་དམ་ཅན་ལས་ལ་བསྐུལ་བ་ནི་ཧཱུཾ་དཔལ་གྱི་ཕོ་ཉ་ལས་མཁན་མོ་སོགས། བྷྱོ་བྷྱོ་གང་ཡིན་ལས་ལ་ཐུན་ཕོབས་ཤིག །ཡན་ཚང་བར་བརྗོད་ནས་བཞི་སྙིང་དྲིལ་བའི་སྔགས་དེ་བརྒྱ་རྩ་བརྒྱད་བཟླའོ། །སྐུབས་འདིར་གཞུང་དུ་མི་གསལ་ཡང་བྲུབ་ཁུང་བསྐྱེད་ཆོག་དང་འགུགས་པ་མང་ཉུང་དལ་བྲེལ་དང་བསྟུན་ཏེ་ཅི་ནུས་བཏང་ནས། ཧཱུཾ་དམ་ཚིག་ཆེན་པོའི་དུས་ལ་བབ་སོགས་དཀྱུས་བཞིན་ཁ་ཧ་ཧ་ཧ། ཡན་གྲུབ་པར་བགྱིས་ནས། བཟློག་ནི། ཧཱུཾ་ཆོས་སྐུ་བདེ་བ་ཆེན་པོའི་ངང ཉིད་ལས་སོགས། ས་མ་ཡ་ཏིང་ཛ་ད གྲ་བོའི་སྲོག་ལ་བྷྱོ་ཞེས་པ་ཡིན་གྲུབ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས་སོགས། བཀྲ་མི་ཤིས་པ་ཐམས་ཅད་དགྲ་གཤེད་དུ་ཕབ་པར་བསམ་མོ་ཞེས་པ་དང་ཐུན་གཏོར་ནི་བྷྱོ་བཟློག་བྱེད་དཔལ་ཆེན་ཕུར་པའི་ལྷ་སོགས། བྷྱོ་བྷྱོ་བར་གཅོད་བདུད་ལ་བྷྱོ། ཞེས་ཐུན་གཏེར་དགྲ་ཕྱོགས་སུ་འཕང་ངོ་། རྗེས་ཀྱི་རིམ་པ་ལ་ཟོར་ལམ་བསྟན་པ་ནི། སྒྲུབ་ཁང་གི་ཡང་སྟེང་ངམ་ཟོར་འཕེན་ཕྱོགས་ཀྱི་ས་གཙང་སར་ཕྱིན་ནས་དང་པོ་སྡེ་བརྒྱད་མཆོད་པ་དང་གསེར་སྐྱེམས་བཏང་ནས་གཟུ་དཔང་གསོལ་བ་ནི། ཧཱུཾ་ང་ནི་དཔལ་ཆེན་ཁྲག་འཐུང་གཙོ་སོགས། མཚོན་ཆའི་ཐུན་འདི་དགྲ་ལ་བྷྱོ། ཞེས་བརྗོད་ཅིང་ཟོར་རྫས་གཉིས་ནས་ཅུང་ཟད་འཕངས་ཤིང་གསུངས་པ། མདའ་ཟོར་དང་། གཏོར་ཟོར་ཞིག་འཕངས་ནས་ཟོར་པྲ་བརྟགས་དེ་ནས་སྒྲུབ་ཁང་དུ་ཕྱིན་ལ་གཏོར་མ་འཕེན་པའི་ལས་ལ་འཇུག་པ་ནི། གཏོར་མའི་ལྷ་ཚོགས་ལི་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་བཤགས་དང་། གཏོར་མའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་ག ཟུ་དཔང་ཤན་འབྱེད་ཀྱི་ཚུལ་དུ་བཞུགས་པར་མོས་ནས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མཱ་ཛཿཧཱུཾ། ཞེས་བརྗོད། དམ་ཚིག་པའི་དཀྱིལ་འཁོར་བདག་ལྷར་གསལ་བ་དང་། དབྱེར་མེད་དུ་བསྟིམས། སླར་ཡང་གཏོར་མ་རྣམས་དམ་ཅན་མ་མོ་བཅུ་གཉིས་སྤྲུལ་འཁོར་དང་བཅས། ནད་མཚོན་དུག་གསུམ་གྱི་ངོ་བོར་བསམ་ནས་གང་ལ་དམིགས་པའི་དགྲ་སྡེ་དཔུང་དང་བཅས་པ་རྡུལ་དུ་བརླག་ནུས་པའི་སྟོབས་རྩལ་དང་ལྡན་པར་བསམ་བཞིན་གཏོར་ཆིངས་ཀྱི་སྣལ་མ་ལྕེ་ལྡེས་བཅད་བཞིན་གཏོར་མ་ཅུང་ཟད་བསྒུལ་ལ་དྲག་བསྐུལ་འདི་འདོན། ཧཱུྃ་མཐིང་ནག་གྲུ་གསུམ་སོགས། ཚང་མ་རྫོགས་མཐར་གཏོར་མ་རྣམས་མདུན་གྱི་གཏོར་སྟེགས་ལ་རིམ་བཞིན་བཤམས་ནས་སྨན་རག་གིས་བྲན་ལ་གཞུང་གི་བསྐུལ་བ་དང་ཆད་ཐོ་བཏང་མཐར་གཏོར་མ་གཏོར་ཆེན་དུ་ཕུལ། དེ་ནས་གཏོར་མ་རྣམས་བཏེགས་ལ་གང་དུ་འཕེན་པའི་སར་ཁྱེར་ལ་སྤྲོ་ན་སྲིན་མོ་ཟ་ལམ་སྔོན་དུ་བཤམས་ལ་དྲག་པོ་དཔལ་ཆེན་འདུས་པའི་ཟ་ལམ་གྱི་འདོན་ཆ་སྦྱར་ལ་སྔོན་དུ་བཏང་། དེ་རྒྱབ་དམ་ཅན་མ་མོ་བཅུ་གཉིས་ཀྱི་གཏོར་མ་དང་། དེ་རྒྱབ་དཔལ་གཏོར་རྣམས་བཤམས་ཤིང་། གཡས་གཡོན་ཅི་བདེར་སྡེ་བརྒྱད་མཆོད་པ་དང་། གསེར་སྐྱེམས་སྣ་སེལ་གྱི་ཚུལ་དུ་བཏང་མཐར་ཟོར་འབེན་གྱི་ལིང་མགོ་ཐུར་བསྟན་དུ་དཔྱངས་ཡོད་པ་ལ་འགུགས་འདྲེན་དྲག་པོ་བགྱིས་མཐར་ཟོར་འཕེན་པ་ནི། ཧཱུཾ་མཐིང་ནག་དཀྱིལ་འཁོར་སོགས། བྷྱོ་བྷྱོ་དྲག་པོ་ཟོར་གྱི་ཐུན་ཕོབས་ཤིག་ཅེས་བརྗོད་ལ་ཐོད་ཟོར་དང་ར་ཟོར་གྱིས་སྣ་དྲངས་པའི་ཟོར་རྣམས་ལིང་གར་བརྡེགས་མཐར་སྲུང་མའི་གཏོར་མ་དང་དཔལ་གཏོར་བཅས་དམོད་བཅོལ་དྲག་པོ་དང་ཆབས་ཅིག་ལིང་གར་བརྡེགས་མཐར་གཏོར་གཞོང་རྣམས་བཤམ་བའི་ཆུ་བརྟན་མའི་གཏོར་མ་དང་ལྷན་དུ་བཤམས་ནས་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་ཤིང་གཞུང་ལྟར་བསྟན་སྐྱོང་གི་གཏོར་མ་ཕུལ་ལ། གཏོར་གཞོང་རྣམས་ཁ་ནང་བསྟན་གྱིས་ཁྱེར་ལ་ཕྱི་ལམ་གཅོད་པར་ཐོ་བརྩིགས་པ་དང་དེ་ཉིད་བྱ་ཁྱུང་དུ་བསམས་ནས་གནོད་བྱེད་ཀྱི་རྗེས་བཅད་པར་བསམ་པ་སོགས་སྤྱི་ལྟར་རོ། དེ་ནས་ཡར་ལོག་ཅིང་ཕྱི་མིག་མི་བལྟ་བར་སྒྲུབ་ཁང་གི་སྒོ་དྲུང་དུ་སླེབས་པ་དང་ལ་མ་གྲུ་གསུམ་གྱི་རི་མོ་བྲིས་པར་༴༴༴གཏོར་གཞོང་གི་ཁ་སྦུབས་ལ་དགྲ་འདྲེ་འགུགས་འདྲེན་དྲག་ཏུ་བྱས་ཤིང་། ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས་བྲོ་ར་མཐོང་བརྒྱུད་བཞིན་བཅའ་ཞིང་། ཧཱུྃ་ཞེ་སྡང་རྡོ་རྗེ་འཁོར་སོགས་བིདྱ་རཱ་ཛ་ཧཱུཾ་ཕ྄ཊཿ ཅེས་བརྗོད་ཅིང་བྲོ་བརྡུང་ངོ་། དེ་ནས་ནང་དུ་ལོག་ནས་ཚེ་རྫས་རྣམས་ཁ་གསོས་ལ་ཚེ་སྒྲུབ་ཉི་ཟླའི་ཟ་མ་ཏོག་བཞིན་ཚེ་འཛབ་ཅི་འགྲུབ་བཟླས་མཐར་ཚེ་བསྐུལ་བྱ་བ་ནི་ཧཱུཾ་དབུས་ནས་རང་བྱུང་གྲུབ་པའི་ལྷ་སོགས། ཨ་བེ་ཤ་ཡ་ཨཱ་ཡན་བརྗོད་ནས་སྒྲུབ་མེ་སྦར་ལ་ཧཱུྃ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི་སོགས་བྱིན་རླབས་བདག་ཅིག་ཡན་བརྗོད་བུམ་པ་དང་སྒྲུབ་རྫས་རྣམས་རིམ་བཞིན་དངོས་གྲུབ་བླང་བ་དང་སྟབས་ཅིག་བྱས་དེ་དབང་བསྐུར་བ་ནི་ཧཱུཾ་ཁྲག་འཐུང ལྔ་ཡི་དབང་བསྐུར་བས་སོགས། ཚང་བར་བརྗོད་ནས་ཨ་ལ་ལ་ཧོ་ཡན་རྫོགས་མཐར་བཀྲ་ཤིས་བསྔོ་སྨོན་སྤྱི་ལྟར་བྱའོ། །རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་འདོན་འགྲིགས་རྣམ་དག་ལམ་བཟང་འདི་ནི་ཀུན་བཟང་གཞན་ཕན་གྱིས་བགྱིས་པ་ཡོངས་སུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།

ཡིག་དྲུག་བསྐུལ་མ་འཕགས་པའི་ཞམ་ངོམ།

༄༅། །ཡིག་དྲུག་བསྐུལ་མ་འཕགས་པའི་ཞམ་ངོམ་བཞུགས། །

ན་མོ། མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་སྐབས་སུ་མཆིའོ། །བདག་སོགས་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཆེད་དུ་མ་ཎིའི་འཛབ་དབྱངས་སྒྲོགས་པར་ཞུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ། སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པའི་ཆེད་དུ་མ་ཎིའི་འཛབ་དབྱངས་སྒྲོགས་པར་ཞུ། གཞན་ཡང་རྒྱལ་ཁམས་ཀུན་ཏུ་དུས་ཀྱི་འཁྲུག་པ་ཞི་བ། ནད་ཀྱི་འཚེ་བ་བྲལ་བ། མཚོན་གྱི་བསྐལ་པ་དབེན་པ། མི་ནད་དང་ཕྱུགས་ནད་རྒྱུན་ཆད་ཅིང་རྫོགས་ལྡན་གྱི་བསྐལ་པ་ལ་ལོངས་སྤྱོད་པའི་ཆེད་དུ་མ་ཎིའི་འཛབ་དབྱངས༴ ཁྱད་པར་དུའང་མཆོག་གསུམ་རིན་པོ་ཆེ་བསྟན་པ་གོང་ནས་གོང་དུ་འཕེལ་ཞིང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་རིང་ཞིང་སྐུ་ཁམས་བཟང་བ་དང་མཛད་པ་ཕྲིན་ལས་གོང་འཕེལ་དུ་འགྱུར་བཞིན་བསྟན་འགྲོར་ཕན་བདེ་རྒྱ་ཆེན་སྦྱོར་བའི་ཆེད་དུ་འགྲོ་བ་རིགས་དྲུག་གི་གནས་རིས་ཀྱི་སྡུག་བསྔལ་རྒྱུ་འབྲས་བཅས་ཡོངས་སུ་དག་ནས་ཕྱི་སྣོད་ཐུགས་རྗེ་ཆེན་པོའི་གཞལ་ཡས་ཁང་དང་ནང་བཅུད་ཀྱི་འགྲོ་རྣམས་ཐུགས་རྗེ་ཆེན་པོའི་གསང་གསུམ་སྒྲ་གྲག་ཐམས་ཅད་ཐུགས་རྗེ་ཆེན་པོའི་གསུང་མཆོག་ཡི་གེ་དྲུག་མའི་རང་སྒྲ་དྲན་རྟོག་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཐུགས་ཀློང་དང་དབྱེར་མེད་དུ་བསྒྱུར་བའི་ཆེད་དུ་མ་ཎིའི་འཛབ་དབྱངས་སྒྲོགས་པར་ཞུ། ༈ བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་གསོལ༴ བླ་མའི་གསུང་ནི་ཚངས་པའི་དབྱངས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་འཇིགས་བྱེད་པ། །བླ་མའི་གསུང་ལ༴ བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་ངང་ཚུལ་ཅན། །རྣམ་ཐར་གསུམ་ལ་ལེགས་གནས་པ། །བླ་མའི་ཐུགས་ལ༴ བཅོམ་ལྡན་ཐུགས་རྗེ་ཆེན་པོ༴ སོགས། སྤྱན་རས་གསོལ༴ ཕྱག སྟོང་འཁོར་ལོས་སྒྱུར་བའི་སོགས། བཙུན་པ་སྤྱན་རས༴ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ཡི། །ཐུགས་རྗེའི་སྤྱི་གཟུགས་འགྲོ་བའི་སྐྱབས་གནས་མཆོག །ནམ་མཁའ་ཇི་སྲིད་འགྲོ་དོན་མི་ལྷོད་པ། །འཕགས་མཆོག་སྤྱན་རས་གཟིགས་ལ༴ འགྲོ་དྲུག་འཁོར་བའི་སྡུག་བསྔལ་སྨག་རུམ་དུ། །འཕགས་མཆོག་ཁྱེད་ཀྱི་ཐུགས་བསྐྱེད་འོད་བརྒྱའི་ཟེར། །སྤྲོས་པའི་མོད་ལ་བདེ་སྐྱིད་ཆུ་སྐྱེས་ཚལ། །རྒྱས་པར་མཛོད་དང་འཕགས་མཆོག་སྤྱན་རས་གཟིགས། །མདོར་ན་ཁམས་གསུམ་འཁོར་བའི་སྡུག་བསྔལ་སྤྲིན། །ལྷག་མེད་ཆོས་ཀྱི་དབྱིངས་སུ་དེངས་བའི་མཁར། །མངོན་མཐོ་ངེས་ལེགས་ཟླ་ཉིའི་དལ་བཀྲམ་བཞིན། །རྫོགས་ལྡན་མངོན་རྟོགས་སྟོན་དང་སྤྱན༴ ཕྱི་སྣོད་བདེ་ཆེན་ཞིང་དུ་འགྱུར་བ་དང་། །ནང་བཅུད་བདེ་ཆེན་ཞིང་གི་ལྷ་ཚོགས་ལ། །གྱུར་ནས་འགྲོ་ཁམས་སྡུག་བསྔལ་ཡོངས་བྲལ་ནས། །གཏན་བདེ་འགྱུར་མེད་ཆོས་སྐུ་ཐོབ་ཕྱིར་བསྔོ། །ཕྱི་སྣོད་བཀྲ་ཤིས་རྟག་བརྟན་འཕོ་འཕྱུག་བྲལ། །ནང་བཅུད་བཀྲ་ཤིས་སྐྱེ་དགུ་བདེ་ཞིང་སྐྱིད། །ལུགས་ཟུང་བཀྲ་ཤིས་ཆོས་དང་འབྱོར་བ་རྒྱས། །མཐར་ཐུག་བཀྲ་ཤིས་སྐུ་གསུམ་མངོན་གྱུར་ཤོག །ཅེས་པ་འདི་ཡང་རང་སློབ་ཀློང་གསལ་གྱིས་བསྐུལ་ངོར་ཐུགས་རྗེ་ཆེན་པོའི་རྣམ་འབྱོར་པ་ཀུན་བཟང་གཞན་ཕན་གྱིས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གཞུང་བཟང་པད་ཚལ་འབྱེད་པའི་བསྙེན་ཡིག་དྲི་བཟང་ངད་ལྡན་ཀུན་ཏུ་བཟང་པོའི་ཞལ་ངོམ།

༄༅། །ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གཞུང་བཟང་པད་ཚལ་འབྱེད་པའི་བསྙེན་ཡིག་དྲི་བཟང་ངད་ལྡན་ཀུན་ཏུ་བཟང་པོའི་ཞལ་ངོམ་ཞེས་བྱ་བ་བཞུགས། །

གདོད་ནས་མངོན་པར་བྱང་ཆུབ་པ། །སྐྱེ་འགག་གནས་གསུམ་ལས་འདས་ཤིང་། །ནང་གསལ་གཞོན་ནུ་བུམ་པའི་སྐུ། །ཀུན་བཟང་གདོད་མའི་མགོན་པོར་འདུད། །བརྟན་གཡོ་སྣང་སྲིད་ཆོས་ཁམས་མ་ལུས་པར། །གཟུང་འཛིན་གཉིས་མེད་ཕྱག་རྒྱས་ལེགས་ཐེབས་པ། །ཆོས་ཉིད་འགྱུར་བ་མེད་པའི་བདག་ཉིད་ཅན། །གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔར་འདུད་། །གང་གི་རང་བཞིན་སྤྲོས་ཀུན་བྲལ་ཡང་ལྷུན་གྲུབ་གདངས་ལས་སྙིང་རྗེའི་རྩལ། རོལ་བ་འགག་མེད་སྒྱུ་མའི་ཆོ་འཕྲུལ་ཇི་བཞིན་གདུལ་བྱའི་ངོར་སྣང་བཞིན། མི་དགེས་བསྐྲུན་པའི་དམྱལ་སོགས་རིགས་དྲུག་འགྲོ་བའི་བསྡུག་བསྔལ་འཇོམས་མཛད་པ། གང་ལ་གང་འདུལ་ཞི་ཆགས་ཁྲོ་བོའི་སྐུར་སྟོན་དམ་པ་རིགས་བརྒྱར་འདུད། མཁྱེན་པའི་ཡེ་ཤེས་མཁའ་ལྟར་རྒྱ་ཆེ་ཞིང་། །བྱམས་བརྩེའི་རོལ་རྩལ་འོད་བརྒྱ་འབར་བའི་དལ། །མཐུ་སྟོབས་ནུས་པའིཚ་ཟེར་འབུམ་འཕྲོ་བ། །ཨོ་རྒྱན་འཇིགས་མེད་གླིང་པས་དགེ་ལེགས་སྩོལ། །དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷ་ཝས། །ཟབ་གཏེར་བདག་པོར་མངའ་གསོལ་དབང་བསྐུར་ཞིང་། །སྨོན་ལམ་གཏད་རྒྱ་དུས་ལ་བབ་པའི་ཚེ། །ཟབ་གཏེར་སྒོ་འབྱེད་ཀརྨ་གླིང་པ་རྒྱལ། །གྲངས་མེད་གསུམ་གྱི་དམ་བཅའ་ཕྱིར་བསྙིལ་ཏེ། །ཚེ་གཅིག་སངས་རྒྱས་འགྲུབ་ངེས་རྡོ་རྗེའི་ཐེག །དེ་ལས་ཁྱད་འཕགས་མཐོང་ཐོས་དྲན་རེག་ཀུན། །གྲོལ་ངེས་དགོངས་པ་རང་གྲོལ་རྨད་དུ་བྱུང ། །དེ་ལྟའི་གདམས་པའི་སྨིན་གྲོལ་བ དུད་རྩིའི་རྒྱུན། །སེལ་མེད་དད་པའི་ཡུར་བས་ལེགས་དྲངས་ནས། །སྐུལ་བཟང་གདུལ་བྱའི་ཞིང་ས་བརླན་མཛད་པའི། །རྩ་བརྒྱུད་བླ་མའི་ཚོགས་ཀྱི་བཀའ་དྲིན་དྲན། །འདི་ལྟའི་གཞུང་བཟང་ཆུ་སྐྱེས་ཚལ། །དད་གསུམ་འོད་བརྒྱས་ལེགས་ཕྱེས་ནས། །བསྙེན་ཡིག་དྲི་བཟང་ངད་སྤྲོས་ན། །དོན་གཉེར་རྐང་དྲུག་ཚོགས་དགྱེས་མཛོད། །དེ་ཡང་འདིར་ཨོ་རྒྱན་སངས་རྒྱས་གཉིས་པའི་དངོས་སློབ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྤྲུལ་པའི་ཟློས་གར་གླིང་པ་ལྔ་ལས་ཀརྨ་གླིང་པ་དེ་ཉིད་ཀྱིས་དྭགས་ལྷ་དཔལ་གྱི་སྒམ་པོའི་བྲག་རི་ལྷ་བུས་གར་བྱེད་པ་འདྲ་བའི་མགུལ་ནས་གདན་དྲངས་ཤིང་ཡབ་ཉི་ཟླ་སངས་རྒྱས་ལ་གནང་ཆེད་གཏེར་སྟོན་ཉིད་གཞན་དོན་དུ་གཤེགས་སྔ་བ་དང་། ཡབ་དགུང་གྲངས་བརྒྱ་དང་ཉི་ཤུར་བཞུགས་པ་སོགས་ཀྱི་ཞི་ཁྲོའི་ཆོས་སྐོར་འདི་ཉིད་ཡབ་ཀྱིས་སྤེལ་བའི་རྟེན་འབྲེལ་འགྲིགས་པ་དང་། དེ་ལ་ཡང་ཡབ་བརྒྱུད་དང་སློབ་བརྒྱུད་གཉིས་སུ་དབྱེ་བ་ལ། ཡབ་བརྒྱུད་ནི་ཡབ་ཉིད་གཏེར་སློབ་དུ་གྱུར་ཚེ་མཚན་བསྒྱུར་ནས་ཉི་ཟླ་ཆོས་རྗེ་ཞེས་གསོལ་ཞིང་དེ་ནས་བརྒྱུད་པ་དང་། ཡབ་སྲས་གཉིས་ཀ་ནས་གཏེར་སློབ་ཉི་ཟླ་འོད་ཟེར་ལ་བརྒྱུད་པ་ལ་སློབ་བརྒྱུད་དེ། དེ་ལའང་དབུས་བརྒྱུད་དང་གཙང་བརྒྱུད་ཁམས་བརྒྱུད་གསུམ་དུ་གྲགས་པའང་ཁོ་བོར་ཐོབ་པ་ལགས་ཤིང་དེའང་སྨིན་གྲོལ་གྱི་གདམས་པ་ཐོབ་ཡུལ་ནི། ཞེ་ཆེན་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་གྱི་ཟློས་གར་འགྱུར་མེད་ཀུན་བཟང་ནམ་རྒྱལ་ཞབས་དང་། གཙང་པ་སྲུབ་ཆེན་པདྨ་བཤེས་གཉེན། དཔོན་སློབ་ཡང་སྲིད་པདྨ་གསང་སྔགས་སྟན་འཛིན། འགྱུར་མེད་བཀྲ་ཤིས་རྒྱ་མཚོ་རྣམ་འདྲེན་དམ་པ་ཟུང་གཉིས་ནས་ལེགས་པར་ནོད་ཅིང་། དེ་ཡང་བྱིན་རླབས་ཀྱི་སྤྲིན་ཕུང་དམ་སེལ་གྱི་རླུང་གིས་མ་གཏོར་ཞིང་། དངོས་གྲུབ་ཀྱི་སྦྲང་ཆར་དུས་ལས་མི་ཡོལ་བར་ལས་སྐལ་ལྡན་པ་དག་གི་ཞིང་སར་ཕབས་པས་སྐུ་གསུམ་གྱི་འབྲས་བུ་སྨིན་པར་གདོན་མི་ཟ་བས་ཐེ་ཚོམ་མེད་པ་ནི་གལ་ཤིན་ཏུ་ཆེའོ། །དེ་ལྟ་བུའི་ལོ་རྒྱུས་ཅུང་ཟད་སྔོན་དུ་བཏང་ནས་ད་ནི་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་སྒྲུབ་ལ་འཇུག་པའི་ཚུལ་ནི། ཐོག་མར་ཆོས་སྤྱི་དང་བྱེ་བྲག་ལ་ཐོས་བསམ་དང་ཁྱད་པར་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུ་གསུམ་ལས་སྨིན་བྱེད་དང་གྲོལ་བྱེད་སྔོན་དུ་སོང་བཞིན་བསྐྱེད་རྫོགས་ལ་གོམས་འདྲིས་ཡོད་པ་ཞིག་གལ་ཆེ་སྟེ། རིག་པ་རང་ཤར་ལས། གསང་སྔགས་གསང་བའི་རྒྱུད་ལ་མཁས། ཕྱི་ནང་སྒྲུབ་པ་ཐམ་ཅད་བྱེད། ཅེས་དང་། སྒྱུ་འཕྲུལ་ལས། ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། ཤེས་རབ་མིག་ལྡན་རྣམས་ཀྱིས་བཟུང་། ཞེས་གསུངས་པ་ལྟར་ཉམས་འོག་ཏུ་ཚུད་པ་དག་བསྐྱེད་རྫོགས་བཟླས་བསྒོམ་ལ་བརྩོན་ན་འབྲས་བུ་འབྱིན་སླ་བ་ཡིན་ནོ། །དེ་ལའང་སྦྱོར་བ་སྔོན་འགྲོའི་རིམ་པ་དང་། དངོས་གཞི་ཆོ་གའི་རིམ་པ་དང་། རྗེས་ཀྱི་བྱ་བ་དང་གསུམ་མོ། །དང་པོ་ལའང་བྱེ་བྲག་བསྙེན་སྒྲུབ་ཀྱི་སྔོན་དུ་ས་བརྟགས་བསླང་སྦྱངས་བཟུང་སོགས་སྤྱི་ལྟར་ལས་མི་དགོས་ཤིང་། གང་དུ་བྱ་བའི་གནས་དེར་བྱི་དོར་སོགས་ལེགས་པར་བྱས་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ་དང་། ཁྱད་པར་ཞི་ཁྲོའི་སྐུ་རྟེན་སོགས་ཡོད་ན་བཤམས་ཤིང་མེད་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དཀྱིལ་འཁོར་ཡང་རྒྱས་བསྡུས་འཚམས་ཤིང་ལག་ཏུ་ལེན་བདེ་བའི་ཐབས་ལ་རས་བྲིས་ཀྱི་དལ་ཡོད་ན་བཀྲམ་ཞིང་མེད་ཚེ་ཚོམ་བུ་ལ་བརྟེན་པས་ཀྱང་མི་རུང་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ན་སྔགས་གསར་རྙིང་གཉིས་ཀ་ན་རབ་རྡུལ་ཚོན་འབྲིང་རས་བྲིས་ཐ་མ་ཚོམ་བུ་བླ་མའི་ལུས་དཀྱིལ་སྤྲུལ་པའི་སྟེ་གྲངས་ངེས་པ་དང་མ་ངེས་པར་ཡང་གསུངས་པས་མཐའ་གཅིག་ཏུ་མི་བཟུང་ངོ་། །དེ་དག་གང་ཡང་རུང་སྟེ་དངོས་པོ་དང་མཚན་མར་འཛིན་པའི་ཞེན་པ་སྟོང་པར་སྦྱངས་ནས་སླར་རྟེན་གཞལ་ཡས་ཁང་དང་བརྟེན་པའི་ལྷ་ཚོགས་བསྐྱེད་དགོས་པའོ། །ཇི་ལྟར་ཡང་དལ་གྱི་སྟེང་དུ་བུམ་པ་ལྔའམ་གཅིག་ཉེར་ལྔའམ་སོ་ལྔ་བཅུད་ལྡན། རྨ་མདོངས་ མེ་ལོང་ ཚོགས་དྲུག་གི་རྫས་སོགས་ཀྱང་སྤྲོ་ན་བཤམས། གོང་དུ་རྩ་བ་གསུམ་དང་ཆོས་སྐྱོང་སྡེ་བདུན་གྱི་གཏོར་མ་གཞུང་ལྟར་དང་། དེ་ཡང་བླ་མའི་གཏོར་མ་རིན་ཆེན་འབར་བ་སྟེ་གཏོར་དབང་རེག་པ་དོན་ལྡན་ལྟར་དང་། ཡི་དམ་ལ་གདན་གོང་མཚུངས་ཀྱི་ཁར་དཔལ་གཏོར་ལྔ་ནི། ཁྲག་འཐུང་རིགས་ལྔ་ཡབ་ཡུམ། དེའི་ཕྱི་གྲུ་གསུམ་ཉི་ཤུ་ནི་ཀཽ་རི་བརྒྱད་དང་། སེང་ཧ་བརྒྱད། སྒོ་མ་བཞིའོ། །དེའི་མདུན་དུ་ཟླུམ་པོ། གཡས་སུ་གྲུ་བཞི། རྒྱབ་དུ་ཟླ་གམ། གཡོན་དུ་གྲུ་གསུམ་བདུན་རེས་བསྐོར་བ་དབང་ཕྱུག་ཉེར་བརྒྱད། ཞི་ཁྲོ་གཉིས་ཀའི་གཏོར་མའི་མཐར་མཐེབ་སྐྱུ་གྲངས་ངེས་མེད་པས་བསྐོར་ཞིང་། དཀར་རྒྱན་དང་། ཤ་མར་ཟས་སྣ་སོགས་ཀྱིས་ཀྱང་བརྒྱན་ཏེ་བཞག །གཞན་ཡང་རང་གི་རྒྱུན་གསོལ་གྱི་གཏོར་མ་ཡང་རྒྱས་བསྡུས་འོས་བབ་དང་བསྟུན་ཏེ་བཤམས། རྒྱས་པར་ན་བསྐང་གཏོར་སོགས་བཤམས་པར་གསུངས་ཀྱང་བསྙེན་སྒྲུབ་ལ་དེ་ཙམ་མོ། །དེ་དག་གི་གཡས་གཡོན་དུ་སྨན་རག་སོ་སོ་རུ་རྩི་བཏབ་པ་དང་། དལ་གྱི་མདུན་ནས་ཕྱི་ནང་གི་མཆོད་པ་ཉིས་རིམ་མམ། ཕྱི་མཆོད་སྣ་བདུན་སྦྲེང་ཚར་དུ་བཤམས། གཞན་ཡང་མཁོ་བའི་ཡོ་བྱད་རྒྱན་བཀོད་ལྟར་རམ་མིན་ཀྱང་ཡུངས་ཐུན་དང་། འདྲེ་འཇིགས། རྡོར་དྲིལ་སྤོས་སྣ་སོགས་ཡོད་བཞིན་དུ་མི་བཤམས་པ་དང་། མེད་ལ་ཕུགས་བཅོལ་ནས་མཚམས་སྒྲུབ་བཤོལ་བ་སོགས་མཐའ་གཉིས་སུ་མ་ལྷུང་བ་གཅེས་སོ། །རང་ཉིད་ཀྱང་དཀྱིལ་འཁོར་ལ་ཞལ་ཕྱོགས་སར་གདན་ནང་ཚངས་ཅན་ནམ་གང་ཡང་རུང་བ་བཏིང་བའི་འོག་ཏུ་འབྲས་སམ་དཀར་གྱིས་གཡུང་དྲུང་བྲིས་ན་ལེགས་པ་ལས་རྒྱ་གྲམ་བྲིས་ན་ཕྱག་མཚན་འགོང་བའི་ཉེས་པ་ཡོད་ཕྱིར་མི་རུང་བར་བཤད་དོ། །ཕྱི་སྒོའི་ལོགས་ཅི་བདེ་བར་རྒྱལ་ཆེན་ཐོ་འཛུགས་ཀྱི་ཆེད་དུ་ཐོ་དཀར་པོ་བརྩིགས་ནས་མི་འགྱེལ་ཐབས་བྱེད་པ་ཡང་གནད་ཅིག་ཡིན་ཞིང་། ཐོ་བྱང་ལ་རྒྱལ་ཆེན་བཞིའི་སྔགས་འདོད་གསོལ་བཅས་བྲིས་པ་སྟ་གོན་བྱ་བ་སོགས་མདོར་ན་མཚམས་ལ་མ་ཞུགས་གོང་ནས་རྟོག་འཇུག་ཞིབ་མོས་ཕྱིར་འདོན་ནང་སྐྱེལ་གྱི་ཀ་ཆ་ནོར་རྫས་སོགས་འབྱིན་འཇུག་དང་། དེ་དག་སྔོན་དུ་ཚོགས་བསགས་ཀྱི་རིམ་པ་སྤྱི་དང་། ཁྱད་པར་སྲོག་བླུ་ཉེའུ་འདོན་ཆུ་གཏོར། འཁོར་འདས་མཆོད་པ་གང་ནུས་སོགས་ཡར་མཆོད་མར་སྦྱིན་བཅས་རང་འབྱོར་དང་བསྟུན་ཏེ་ནན་ཏན་བྱ་བ་ནི་གལ་ཤིན་ཏུ་ཆེའོ། །དེ་དག་ནི་སྦྱོར་བ་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ལའང་གཉིས་ཏེ་དང་པོ་མཚམས་ལ་སྡོད་ཉིན་གྱི་སྔ་དྲོ་ནས་རིག་འཛིན་འདུས་པ་སོགས་ཞི་དྲག་གང་རུང་གི་ཆོ་ག་འཚམས་པ་ཞིག་བཏང་ནས་འཛབ་བཟླས་བསྟོད་པ་བཅས་རྫོགས་ནས་སྤྲོ་ན་ཚོགས་མཆོད་ཀྱང་བཏང་ཞིང་། ཕྱི་སྒོའི་ཐོ་རྩར་ཕྱིན་ལ་རྒྱལ་ཆེན་ཐོ་འཛུགས་རྒྱས་བསྡུས་ཅི་རིགས་ཀྱིས་ཐོ་བྱང་མི་འགུལ་བར་བསྡམས། སྡེ་བརྒྱད་མཆོད་པ་ཡང་ནན་ཏུ་བཏང་ལ་ཕྱི་ནང་ལ་འགྲུལ་བགྲོད་ཀྱི་རྒྱུན་གཅོད་ནང་དུ་ལོག་ནས་ཆོ་གའི་མཇུག་བསྡུས་ནས་རེ་ཞིག་དལ་བར་བསྡད་ཅིང་། དགོང་མོའི་ཐུན་ལ་བབ་ཚེ་མཚམས་སྒྲུབ་ལ་འཇུག་པར་བྱའོ། །གཉིས་པ་ནི་སྤྲོས་པ་སྐྱུང་ན་སྔ་དྲོ་ཞི་བའི་ཆོ་ག་བཞག་ཅིང་སྐབས་འདིར་ཞི་ཁྲོའི་ཆོ་ག་ལ་འཇུག་པའི་སྔོན་དུ་ཐར་ལམ་དཀར་པོའམ། འདི་ཉིད་ཀྱི་རང་གཞུང་གི་སྔོན་འགྲོའམ། ཀློང་སྙིང་སྔོན་འགྲོ་གང་རིགས་ཞིག་དང་འདི་ཉིད་ཀྱི་བརྒྱུད་འདེབས་ཡང་སྔོན་དུ་བཏང་ནས། སྡེ་བརྒྱད་མཆོད་པ་ཚར་ཁ་ཤས་ལྡབ་ཅིང་མཐར་ཕྲིན་བཅོལ་ཡང་ནན་ཏན་བྱ། བགེགས་གཏོར་ཡང་འདི་ཉིད་ལ་འོས་པའི་མཚམས་ལྷ། རང་ཉིད་སྐད་ཅིག་གིས་ཐ་མལ་གྱི་ལུས་སེམས་གནས་འགྱུར་གྱིས་ཚུལ་དུ་བཅོམ་ལྡན་འདས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་ལྔ་པ་མེ་རབ་ཏུ་འབར་བ་དང་། གཡོན་སྡིགས་མཛུབ་ལས་ཀྱང་མེ་རི་དང་མེ་དཔུང་འབར་བ་ཞབས་གཉིས་གྱད་ཀྱི་དོར་སྟབས་བསྒྲད་ཅིང་འབར་བའི་གར་དགུ་དང་དཔལ་གྱི་ཆས་བརྒྱད་ཀྱིས་འཇིགས་པར་སྤྲས་ཤིང་ཚམ་རྔམས་གཟི་བརྗིད་སོགས་བཟོད་པར་དཀའ་བའི་སྐུ་ལས་ཁྲོ་མཚོན་མེ་དཔུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་བསྐྲད་ཅིང་ཚར་གཅོད་པའི་བདག་ཉིད་ཅན་དུ་གྱུར་ཞེས་བསམ། བགེགས་གཏོར་བྱིན་རླབས་དང་བསྔོ་ཚིག་གང་རུང་གིས་བསྔོས་མཐར། ལས་བྱང་རྩར་ཕྲེང་གི་ཧཱུཾ་ང་ཉིད་ལྷ་ཡི་ང་རྒྱལ་གྱིས། སོགས་ཀྱིས་བགེགས་བསྐྲད་ཅིང་མཚམས་བཅད་པ་ནས་བཟུང་འཛབ་བཟླས་བར་དཀྱུས་ལྟར་བྱ་བ་ལས་མེད་མོད། འོན་ཀྱང་ལས་བྱང་ཆུང་བ་འདོན་པར་སྤྲོ་ནའང་དེ་ལྟར་བྱས་པས་ཆོག་པར་མངོན་ཞིང་། ཉི་མ་སྔ་ཕྱིར་ལས་བྱང་གཉིས་རེས་མོས་སམ། ཡང་ན་སྔ་ཆོག་ཀུན་ལ་རྒྱས་པ་ཚར་རེ་དང་། གཞན་མ་ཀུན་ལ་ཆུང་བ་གཅིག་པོས་ཆོག་ཅིང་། ཚིག་ཚོགས་ལས་བྱང་ཆེ་བ་རྒྱས་ཀྱང་ལས་བྱང་ཆུང་བ་འཇུག་པ་བདེ་ཕྱིར་ཐུན་ཐམས་ཅད་ལ་དེ་ཁོ་ནས་ཀྱང་ཆོག་པར་ངེས་སོ ། །གང་ལྟར་ཡང་འཛབ་ལ་བབ་ཚེ་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་ཆེན་དང་ལས་སྦྱོར་བཞི་ལས། དང་པོ་ནི། སྤྱིར་ཆོ་གའི་བྱ་བ་ཐམས་ཅད་བསྙེན་པར་འདུ་ཞིང་། ཁྱད་པར་ཞི་ཁྲོའི་ཆོ་ག་གང་ཡིན་ཀྱང་འདྲ་སྟེ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་སྒྲུབ་དགོས་པ་ལ་བདག་བདུན་བུམ་གསུམ་དུ་འཛིན་པའི་ཕྱོགས་རིས་ལྟར་མ་ཡིན་ཏེ། བདག་གཞན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་ལ་སྣོད་ཀྱི་འཇིག་རྟེན་མ་ལུས་པ་རྟེན་ཞི་ཁྲོའི་དལ་དུ་བསྒོམས་པས་སྦྱང་གཞི་སྣོད་ཀྱི་བག་ཆགས་དག་པར་བྱེད་ལ། དེའི་ནང་དུ་བརྟེན་པའི་ལྷ་ནི་ཀུན་གཞི་སོགས་ཚོགས་བརྒྱད་ཀྱི་སེམས་རིགས་བརྒྱའི་ལྷ་ཚོགས་སུ་འཆར་བའི་དག་བྱ་ཕུང་ཁམས་སྐྱེ་མཆེད་ཀྱི་དྲི་མ་དག་བྱེད་ཞི་ཁྲོའི་ལྷ་ཚོགས་ཏེ་རྣམ་པ་ལམ་བྱེད་ཀུན་གཞི་རྣམ་དག་ཀུན་ཏུ་བཟང་པོའི་ཐུགས་ཀར་ཀུན་གཞིའི་རྣམ་ཤེས་བདེ་སྟོང་གཉིས་སུ་མེད་པའི་རྩལ་སྣང་གི་རྟོག་ཚོགས། སེམས་དང་སེམས་བྱུང་གི་རྣམ་པར་ཤར་བ་མཐའ་དག་གཟུགས་ཕུང་རྣམ་པར་སྣང་མཛད་དུ་དག་པས་མཚོན་ཡུལ་དང་དབང་པོའི་འདུ་འཕྲོད་ཐམས་ཅད་ཀྱི་དག་བྱ་དག་འབྲས་ལས་རིགས་བརྒྱའི་ལྷ་སྐུར་གྲུབ་ཚུལ་མ་ཤེས་པའི་བསྐྱེད་རིམ་རང་རྒྱུད་པ་ནི་རི་མོའི་མར་མེ་དང་མཚུངས་སོ། །དེའི་ཕྱིར་ན་ལས་བྱང་ཚོར་གྲོལ་གྱི་བསྐྱེད་རིམ་གྱི་སྐབས་སུ། བདག་ཉིད་ཐ་མམ་རང་སེམས་འདིཿ རྟོག་མེད་སྐད་ཅིག་དྲན་རྫོགས་སུཿ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཿ ཞེས་པ་ནི་བྱ་བྱེད་དང་ཡིད་ཆོས་སུ་འཛིན་པ་རྣམ་པར་དག་པའི་གདངས་ཀྱི་ཀུན་ཏུ་བཟང་པོ་སྣང་སྟོང་མཚོན་པའི་ཡབ་ཡུམ་ལྟར་བསྟན་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་འཆར་གཞིར་གྱུར་པ་སྟེ། དེ་ཡང་དབྱིངས་ལས་ཤར་ཞིང་ཀུན་གྱི་བདག་ཉིད་དུ་མཚོན་ཕྱིར་གཞལ་ཡས་ཁང་ཡོངས་ལ་སྒྲིབ་མེད་དུ་ཁྱབ་པའི་ཐུགས་ཀའི་ཁྱམས་ལ་རིགས་ལྔ་ཡབ་ཡུམ་དང་སེམས་དཔའ་སེམས་མ་བཅུ་དྲུག་རྣམས་བཞུགས་ཤིང་རྟེན་དང་བརྟེན་པ་ཐམས་ཅད་སྣོད་ལ་སྣོད་བཅུག་པ་ལྟ་བུའི་སྒྲིབ་གཡོགས་ཅན་མ་ཡིན་པས་ཕྱི་གསལ་ནང་གསལ་ཞེས་བཤད་ལ། ཁྲག་འཐུང་གི་ལྷ་ཚོགས་ཀྱང་ཀླད་པ་དུང་ཁང་ཕུང་ཁམས་སྐྱེ་མཆེད་ལ་དག་པ་སྦྱར་བའི་ལུས་དཀྱིལ་དངོས་བསྟན་དུ་མི་བཟུང་སྟེ། འདི་ནི་འབྲས་དུས་ཀྱི་གདན་གསུམ་ཚང་པའི་ལྷ་གདོད་ནས་ཡོད་པའི་གསལ་འདེབས་ཙམ་མོ། །དེའང་ཞི་ཁྲོའི་དཀྱིལ་འཁོར་གཉིས་ལས། དང་པོ་ནི། གཙོ་བོ་ཀུན་ཏུ་བཟང་པོའི་ཐུགས་རིག་པ་རང་སྣང་གི་ངོ་བོ་ཉིད་རྣམ་སྣང་སྟེ། རྔམ་གློག་ལས། དབུས་སུ་རྣམ་པར་སྣང་མཛད་གཙོཿ ཞེས་གསུངས་པའི་ཕྱིར་རོ། །རྣམ་སྣང་གི་མདུན་ནས་བརྩམས་ཏེ་གཡས་བསྐོར་གྱིས། ཕྱོགས་བཞིར་ཡེ་ཤེས་བཞིའི་ཕུང་ཁམས་ཀྱི་རང་བཞིན་གདོད་ནས་དག་པའི་ངོ་བོ་རིགས་བཞིའི་གཤེགས་པ་གཤེགས་མལ་འཁོར་རང་རང་གི་སེམས་དཔའ་དང་སེམས་མ་རྣམས་ཀྱིས་བསྐོར་ཞིང་། སྒོ་བཞིར་སྒོ་བ་ཡབ་ཡུམ་དང་རང་གཞུང་དུ་གསལ་བའི་གནས་དྲུག་ཏུ་ཐུབ་པ་དྲུག་རྣམས་གསལ་ཞིང་། ཁྲག་འཐུང་ལྷ་ཚོགས་ཀྱང་གོང་གསལ་བཞིན་ལུས་ཀྱི་ལྷའི་བཞུགས་ཚུལ་དང་དོན་མཐུན་པར་རང་བཞིན་སྤྲུལ་པའི་ཞིང་ཁམས་ལྔའམ། བཅུར་བཤད་པའི་སྟེང་ཕྱོགས་དུར་ཁྲོད་མེ་རི་འབར་བའི་ཞིང་གི་རྟེན་དང་བརྟེན་པར་བཅས་པའི་བཀོད་པ་དང་དོན་མཐུན་གྱིས་ཞི་བའི་སྐབས་སུ་དཀྱུས་བཞིན་དང་། ཁྲོ་བོའི་རྟེན་དང་བརྟེན་པར་བཅས་པའང་གོང་གི་མེ་རི་འབར་བའི་བཀོད་པ་དང་མཚུངས་པར་གསལ་གདབ་པ་ཙམ་ཡིན་ལ། དེ་ལྟར་བསྐྱེད་པ་ཡང་རིམ་པ་དང་པོའི་ལམ་གྱིས་བགྲོད་པ་ལྟར་མ་ཡིན་ཞིང་འདི་ནི་སྒྲུབ་པ་པོའི་སྒོ་གསུམ་སྐུ་གསུམ་རྒྱལ་བའི་ལྷ་ཚོགས་སུ་སྒྱུར་བའི་ཐབས་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་ལུགས་ཡིན་པས་འདི་མན་གྱི་ལམ་རིམ་དག་དང་མཚུངས་པར་མི་བལྟའོ། །དེ་ཡང་འཛབ་དངོས་ལ་དང་པོ་བསྙེན་པ་ནི། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་བསྙེན་ཡིག་ལྟར་དགོད་པ་ལ། རྣམ་སྣང་གི་ཐུགས་ཉི་ཟླའི་དཀྱིལ་ན་ཀུན་ཏུ་ུབཟང་པོ་ཡབ་ཡུམ་མཐིང་ག་ཕྱག་གཉིས་མཉམ་བཞག་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པ་ཚོན་གང་འོད་ཀྱི་གོང་བུ་འབར་བར་འོད་འཕྲོས་སྣང་སྲིད་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་གཞལ་ཡས་ཁང་ཆེན་པོ་གཅིག་ཏུ་གྱུར་ཏེ་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཞིང་འོག་མིན་སྟུག་པོ་བཀོད་པའི་རང་བཞིན་དུ་གྱུར་པའི་ངང་ལ་མཉམ་པར་བཞག་གོ །དེ་ལྟར་བསྒོམ་དགོས་པ་ཡང་། རྔམ་གློག་ལས། གཙོ་བོའི་ཐུགས་ཀར་གཞི་ཡི་ཀུན་ཏུ་བཟང་། ཚོན་གང་འོད་ཀྱི་གོང་བུ་གསལ་བར་བསྒོམ། ཞེས་གསུངས་པ་ལྟར་རོ། བར་འདིར་འཛབ་དབྱངས་ཁྲི་འབུམ་བཟླས། ཉམས་སྐྱོང་ཤེས་པ་འུར་ཆོད་བཏང་། ཞེས་གསུངས་པས། ཀུན་ཏུ་བཟང་པོའི་ཐུགས་ཀར་ཟླ་ཉིའི་གདན་ལ་ཏིང་འཛིན་སེམས་དཔའ་ཡི་གེ་ཨ་མཐིང་གའི་མཐའ་བསྐོར་དུ་སྔགས་ཀྱི་ཕྲེང་བ་ཞལ་ནང་དུ་བསྟན་ལ་བཀོད་ཚུལ་གྱིས་གཡས་སུ་བཀོད་པ་ཡིག་འབྲུ་རྣམས་རང་མལ་དུ་མི་གཡོ་བར་སྡོད་བཞིན་འོད་ཟེར་སྣ་ལྔའི་ཟེར་ཐག་སྐར་མའི་ཕྲེང་བ་ལྟར་འཕྲོས་པས་བདེ་བར་གཤེགས་པ་ཡོངས་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་མ་ལུས་པ་སྦྱངས། སླར་འོད་ཟེར་ཚུར་འདུས་ཞི་ཁྲོའི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་ཞི་ཁྲོའི་གོ་འཕང་ལ་བཀོད། ཚུར་འདུས་འོད་ཟེར་དང་བདུད་རྩི་ཁ་དོག་ལྔ་ལྡན་གྱིས་རྩ་ཁམས་ཀྱི་ལྷ་ཚོགས་རྣམས་ཐུགས་རྒྱུད་བདེ་བས་མཉེས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཉེས་བྱས་སོགས་སྒྲིབ་བ་མ་ལུས་པ་དག །མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར། ཞེས་བསམ་ལ། ༀ་ཨཱཿཧཱུཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཿ ཞེས་ཞི་བ་སྤྱི་དྲིལ་ཅི་ནུས་བཟླ་ཞིང་། དུང་ཁང་ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་སྟེང་དུ་ཧཱུཾ་ཡིག་མཐིང་ནག་ལ་རུ་ལུའི་སྔགས་ཕྲེང་གིས་གོང་བཞིན་བསྐོར་བ་ལས་ཀྱང་འོད་ཟེར་སྤྲོ་བསྡུ་བྱ་ཞིང་རུ་ལུ་ཅི་ནུས་བཟླ་བའོ། །དེ་ལྟར་ཞི་ཁྲོ་གཉིས་ཀའི་སྔགས་ཕྲེང་འཁོར་ལུགས་བློ་ཡུལ་དུ་ངེས་པར་བྱས་ནས། གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་རྣམས་ལྷ་ཚོགས་གསལ་འདེབས་ཀྱི་ཚུལ་དུ་བཟླ་སྐབས་ཀྱི་དམིགས་པ་ནི། ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་སྟེང་དུ་ཨ་ཡིག་མཐིང་ནག་དང་། ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་སྟེང་དུ་ཧཱུཾ་མཐིང་ལ་ཞི་ཁྲོ་སོ་སོའི་སྔགས་ཀྱིས་བསྐོར་བ་དང་འཁོར་གྱི་ཚོགས་དང་བཅས་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ཕྱོགས་བཅུའི་ཞིང་རབ་འབྱམས་རྒྱ་མཚོར་འཕྲོས་པས་ནམ་མཁས་གར་ཁྱབ་ཆོས་སྐུ་དང་ལོངས་སྐུས་ཁྱབ་པ་དང་། སེམས་ཅན་གྱིས་གར་ཁྱབ་སྤྲུལ་སྐུས་ཁྱབ་པས་ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་དང་འདོད་དགུར་བསྒྱུར་བའི་མངོན་རྟོགས་ལྟར་སྣང་བ་ཀུན་ལ་སྔགས་ཕྲེང་གི་འོད་ཟེར་ལས་སྤྲུལ་པས་བླ་ན་མེད་པའི་མཆོད་པ་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པའི་རང་བཞིན་དུ་སྤྲུལ་ནས་ཕུལ་བས་ཟག་མེད་བདེ་སྟོང་གི་མཆོད་པས་མཉེས་ནས། སྐུའི་ཆ་རྣམས་ནས་ཞི་ཁྲོ་དམ་པ་རིགས་བརྒྱ་སྐུ་ཆེ་ཆུང་དཔག་གིས་མི་ལང་བ། གསུང་ལས་བཏགས་གྲོལ་གྱི་སྔགས་རྣམས་གསེར་བཙོ་མའི་མདངས་ལྡན་གྱི་ཡིག་འབྲུ་ཁ་ཆར་བུ་ཡུག་འཚུབ་པ་ལྟ་བུ། ཐུགས་ལས་འོད་ཁ་དོག་སྣ་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། རིང་བསྲེལ་བསམ་གྱིས་མི་ཁྱབ་པ་དང་། རྒྱལ་བ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་ནུས་བཅུད་དུ་དྲིལ་བ་ༀ་དཀར་ཨཱཿདམར་ཧཱུཾ་མཐིང་གི་རྣམ་པ་འཇའ་ཚོན་ཐིག་ལེ་ཐིག་ཕྲན་དང་བཅས་པ་སྔགས་ཀྱི་རང་སྒྲས་བསྐྱོད་དེ་རྒྱ་མཚོ་ཆེན་པོར་ཁ་ཆར་བབས་པ་བཞིན་དུ་རང་ཉིད་ཀྱི་སྒོ་གསུམ་ལ་ཐིམ་པའི་མོད་ལ་འོད་ཟེར་འགྲོ་བ་རིགས་དྲུག་གི་གནས་རྣམས་སུ་འཕྲོས་པས་སོ་སོའི་སྡིག་སྒྲིབ་བག་ཆགས་ཉེས་ལྟུང་ཐམས་ཅད་བ་མོར་ཉི་ཟེར་ཕོག་པ་བཞིན་དུ་དག་ནས་སྐུ་གསུམ་རྒྱལ་བའི་གོ་སར་དབུགས་དབྱུང་བར་གྱུར་ཞེས་བསམ་ལ། ལྟ་སྒོམ་གྱི་ངང་ནས་ཧཱུཾ་བཛྲ་ཙིཏྟ་ཨཱཿསོགས་རང་གཞུང་ལྟར་དལ་བྲེལ་དང་བསྟུན་ཏེ་ཚར་བཅུ་ཕྲག་ག མ། བདུན་ལྔ་གསུམ་སོགས་དལ་བས་བཏང་མཐར་སྤྱི་དྲིལ་གྱི་དམིགས་པ་ཡང་བསྐྱར་པདྨ་ཀུན་གྲོལ་རྣམ་རྒྱལ་གྱི་དགོངས་པ་བཞིན་འཇུག་དགོས་པའོ། །ལྷ་ཚོགས་ཞི་བ་རྣམས་ཀྱི་སོགས་ཡང་ན་སྤྱི་དྲིལ་དུ་བྱེད་ན་ཞི་ཁྲོའི་སྔགས་སྦྲེལ་ཏེ་བཟླའོ། །ཡང་ན་ཞི་བ་དང་ཁྲོ་བོའི་སྦྲེལ་འཛབ་ཅེས་སོ་སོའི་གཙོ་འཁོར་སྦྲེལ་ཏེ་བཟླ་ལུགས་དང་བཏགས་གྲོལ་ཕུང་པོ་རང་གྲོལ་ལྟར་བཟླ་ལུགས་དེ་དག་སོ་སོའི་དམིགས་རིམ་ཀྱང་ཟུར་ཆེན་པས་མཛད་པའི་བསྙེན་ཡིག་འདིར་བཤད་མོད། འོན་ཀྱང་འཇུག་པ་ཅུང་ཟད་དཀའ་བ་ལ་བསམ་སྟེ་ཟོར་ཡང་པའི་དབང་དུ་བྱས་ན་བཤད་མ་ཐག་པའི་དམིགས་པ་ལའང་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་། ལས་སྦྱོར་ཀྱང་ཚང་བར་སེམས་སོ། །ཅིའི་ཕྱིར་ན་ཡབ་བསྐྱེད་བསྙེན་པ་དང་། ཡབ་ཡུམ་གཉིས་བསྐྱེད་སྒྲུབ་པ། འཁོར་བསྐྱེད་སྒྲུབ་པ་ཆེན་པོ་ལྟར་གསུངས་པ་ཡང་ཡོད་ལ། ཐུགས་དཀར་སྔགས་ཕྲེང་བཀོད་པ་བསྙེན་པ་དང་། འོད་ཟེར་སྤྲོ་བསྡུ་ཡིས་བྱིན་ནུས་བསྡུ་བ་སྒྲུབ་པ། སྣོད་ལྷའི་གཞལ་ཡས་ཁང་དང་། བཅུད་ཞི་ཁྲོའི་ལྷ་ཚོགས། སྒྲ་གྲགས་སྔགས། དྲན་རྟོག་ཆོས་ཉིད་ཀྱི་རོལ་པར་ལམ་དུ་འཁྱེར་བ་སྒྲུབ་པ་ཆེན་པོ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ལམ་རྒྱུ་དང་འབྲས་བུར་བཅས་པ་སྦྱངས་ནས་ཞི་ཁྲོའི་གོ་འཕང་ལ་བཞག་པ་ལས་སྦྱོར་དུ་དབྱེའོ། །དེ་ལའང་ལས་བཞི་མཆོག་དང་ལྔ་ལས་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཀར་སེར་དམར་ལྗང་མཐིང་སོགས་འཕྲོས་པས་ཞི་རྒྱས་དབང་དྲག་གི་ལས་བཞི་དང་། ཟུང་འཇུག་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་སོགས་བསྡུ་བ་དང་ཐོབ་པའི་དམིགས་འདུན་ཡང་ཤེས་པར་བྱའོ། །དེ་ལ་སྒྲུབ་ཆེན་དང་འབྲེལ་ན་དཀྱིལ་འཁོར་བསྐོར་ཞིང་འཛབ་དབྱངས་བྱ་བར་ཡང་གསུངས་སོ། །མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ་འཁྱེར་སོ་གསུམ་དང་མི་འབྲལ་བ་ཡང་ལུས་སྣང་སྟོང་ལྷ་སྐུར་ལམ་མེར། ངག་གྲགས་སྟོང་སྔགས་སུ་ལྡིར་རེ། སེམས་རིག་སྟོང་ཐུགས་སུ་ལྷང་ངེ་བའི་ངང་ནས་བཟླས་པ་ལ་བརྩོན་པ་བསྐྱེད་དོ། །འདི་ལྟར་བདག་མདུན་བུམ་གསུམ་སོགས་མེད་པ་ལ་ཡོད་པར་གྱི་སྒྲོ་བཏགས་ཀྱང་ཀུན་བརྟགས་ཀྱི་བསྐྱེད་རིམ་དང་མི་འདྲ་ཞིང་འདི་ནི་འབྲས་བུ་རྒྱལ་བ་སྐུ་གསུམ་གྱི་བཞུགས་ཚུལ་དང་མཐུན་པའི་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ་ཕྱི་ནང་སྣོད་བཅུད་ཡེ་ནས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་སུ་གསལ། རྣམ་དག་པའི་རང་བཞིན་ཡིན་པ་ལ་ཡིན་པར་གསལ་གདབ་པ་ཙམ་ལས་གཞན་མེད་པས་འཛབ་ཁང་དབྱེ་བ་སོགས་མ་བྱས་ཀྱང་འགལ་བ་མི་འདུག་གམ་སྙམ་མོ། དེའང་ཉིན་མཚན་ཟུང་ལ་ཐུན་གཉིས་བྱེད་པའི་ཚུལ་ཡང་སྣང་མོད། འོན་ཀྱང་སྔ་ཐུན་དང་། གུང་ཐུན་གཉིས། སྲོད་ཐུན་དང་། ཐོར་ཐུན་གཉིས་ཏེ་བཞི་པོ་ནི་ལག་ཏུ་བླང་བདེའོ། །ཟླ་བ་གཅིག་ལ་མཚོན་ན་ཉིན་དང་པོའི་དགོང་ཐུན་ནས་འགོ་བཟུང་བའི་ཞག་སྔ་མ་བཅུ་པོར་ཐུན་སྒང་ཅུང་ཟད་ཐུང་བ་དང་། ཐུན་བར་རིང་ཙམ་ཕྱེད་ཅིང་དེ་ནས་བཟུང་རིམ་གྱི་ཐུན་སྒང་རིང་བ་དང་། ཐུན་མཚམས་ཐུང་བར་སློབ་པོ། །དེའང་སྔགས་ཀྱི་གྲངས་ཚད་ཀྱང་རིམ་གྱིས་ཇེ་མང་ལ་སློབ་པ་ལས་ཇེ་ཉུང་མི་རུང་བ་དང་། ཐུན་སྒང་གི་སྔགས་གྲངས་ཀྱང་མ་ཚང་བཞིན་དུ་ཐུན་གྲོལ་མི་རུང་བར་ཡང་གསུངས་པ་ཐོས་སོ། །ཐུན་གྲོལ་སྐབས་ལ་སླེབས་ཚེ་འདི་ལྟར་རོ། །བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་ནས་ཡར་འཕེལ་བར་གྱུར་ཅིག ། ༀ་ཨ་ཨཱཿ ཨི་ཨཱིཿསོགས། ཀ་ཁ་ག་གྷ་ང་སོགས། ཤ་ཥ་ས་ཧ་ཀྵཿ ཡེ་དྷརྨཱ་བཅས་ལན་གསུམ་ལྡབ་ལ། བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ན་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་རྒྱལ་བ་ཞི་ཁྲོའི་གོ་འཕང་མངོན་སུམ་དུ་ཐོབ་པ་དང་། ཐུན་མོང་གི་དངོས་གྲུབ་ཕྲིན་ལས་རྣམ་པ་བཞི་འགྲུབ་པ་དང་། གྲུབ་པ་ཆེན་པོ་བརྒྱད་ཐོབ་པ་སོགས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་དམ་པ་སྩོལ་བར་མཛད་དུ་གསོལ། ཞེས་བརྗོད་ལ། མཆོད་ཅིང་བསྟོད་མཐར་བཤགས་ཚིག་གང་རུང་གི་རྗེས་སུ་ཡིག་བརྒྱ་ལན་གསུམ་བརྗོད་ཅིང་དགེ་བསྔོ་ཡང་བྱ། དེ་ཡང་སྡེ་བདུན་ནི་ཉིན་ལྟར་གྱི་དགོང་མོའི་ཐུན་མཚམས་སུ་གཏོང་རྒྱུ་ཆག་མེད་དང་། བརྒྱ་ཀློང་གཉིས་མཚམས་ཀྱི་ཐོག་མཐའ་བར་གསུམ་ཙམ་ལས་བསྙེན་པ་གཙོ་བོར་འདོན་པ་ཡང་གལ་ཆེ་མོད། ཉིན་ལྟར་ཡང་འདོན་པར་སྤྲོ་ན་མི་ཆོག་པ་ཡང་མ་ཡིན་ནོ། །བསྐང་བ་ཚོགས་མཆོད་ཀྱང་དེ་མཚུངས་ལས་མི་དགོས་སོ། །ཐུན་ལས་ལངས་སྐབས་ཀྱང་འཁྱེར་སོ་གསུམ་དང་མ་བྲལ་བར་བྱ་ཞིང་བཟའ་བཏུང་ཚོགས་འཁོར་གྱི་ཚུལ་དུ་རོལ་བ་དང་། དེ་ལས་གཞན་རྣམས་དུས་ཀུན་ཏུ་ཆག་མི་རུང་བའི་རྒྱུན་འཁྱེར་མི་ལུས་ཙམ་རེ་བྱེད་པ་ལས། དོན་རྩ་བསྙེན་སྒྲུབ་ཁོ་ན་ལ་དྲིལ་བ་ཤིན་ཏུ་གལ་ཆེ། དེའང་སྤྱིར་བསྙེན་ཡིག་རྣམས་ལས་གསུངས་པ་ལྟར་རི་སྒོག །ཀླུང་སྒོག་སོགས་སྔགས་ཀྱི་ནུས་པ་འཕྲོག་པའི་ཁ་ཟས་གང་ཡང་རུང་སྟེ་བྱིན་གྱིས་མ་བརླབ་པར་བཟའ་མི་རུང་བར་གསུངས་པ་དང་། སྐུ་མཚམས་གཞན་ཕར་མཐོང་དང་། རང་ཚུར་མཐོང་བ་གཉིས་གསུང་མཚམས་གཞན་དང་ངག་བསྲེས་པ། ཐུགས་མཚམས་རྣམ་རྟོག་ཁ་ཡན་དུ་ཤོར་བ་རྣམས་སྤང་དགོས་སོ། །ཐུན་མཚམས་གཞན་དུ་ལྷ་སྐུ་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད་ལམ་བྱ་ཞིང་གཉིད་ཚེ་སྣང་བ་སྟོང་པར་བསྡུས་པ་བྱང་ཆད་དུ་མི་བཟུང་བར་འོད་གསལ་སྦུབས་འཇུག་གམ། ཡང་ན་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་དྲན་པར་བྱས་ཏེ་གཟུང་འཛིན་དང་བྲལ་བའི་ངང་ལ་གཉིད་ལོག་ཅིང་། ནམ་ལངས་སྐབས་སུའང་འཁྲུལ་བ་རྒྱ་འབྱམས་སུ་མི་ཤོར་བར་ཡེངས་མེད་འཛིན་མེད་ལ་སློབ་པ་དང་། ཐོར་ཐུན་ལ་བབ་ཚེ་བཟླས་བརྗོད་ནུས་པ་སྟོབས་སོགས་སྔོན་དུ་འགྲོ་བས་སྔོན་འགྲོ་དལ་འབྱོར་རྙེད་དཀའ་ནས་བཟུང་བླ་མའི་རྣལ་འབྱོར་བར་བཏང་ནས། བླ་མའི་རྣལ་འབྱོར་གྱི་སྐབས་རྒྱལ་བ་ཞི་ཁྲོ་རབ་འ བྱམས་འདུས་པའི་ངོ་བོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སོགས་འཕགས་བོད་ཀྱི་གྲུབ་ཆེན་རྣམས་དང་གཞན་ཡང་རྩ་གསུམ་དམ་ཅན་དང་བཅས་པ་ལ་གསོལ་བ་བཏབ་མཐར་བཛྲ་གུ་རུ་བརྒྱ་སྐོར་གྱི་མཇུག་ཏུ་ཞི་ཁྲོ་སྤྱི་དྲིལ་ཁོ་ནས་ཐུན་བཟུང་ཀྱང་ཆོག་པར་སེམས་སོ། །ཅིའི་ཕྱིར་ན་ཞི་ཁྲོ་ཡང་བླ་མའི་རྣམ་རོལ་ལས་མ་འདས་པས་ཕྱིར་རོ། །དེ་སྐད་དུ་ཡང་། བླ་མ་སངས་རྒྱས་བླ་མ་ཆོས། དེ་བཞིན་བླ་མ་དེ་ལྟར་ཡང་སྒྲུབ་པ་པོ་རང་ཉིད་ཀྱིས་ཐེ་ཚོམ་མ་ཆོད་ན་ལས་བྱང་ཆུང་བའམ། རྒྱུན་ཁྱེར་བསྡུས་པ་འདྲ་བཏང་དགོས་སམ་སྙམ་ནའང་དེ་ལྟར་བྱ་བའོ། །ཐུན་མཚམས་ཀྱི་བྱ་བ་རྣམས་སྤྱི་ལྟར་ཤེས་པར་བྱས་ལ་ཐུན་སྒང་རྣམས་སུ་སྒོ་བཅུད་ལ་དྲིལ་ནས་ལུས་ལྷའི་བསྐྱེད་རིམ་དང་། ངག་བཟླས་པ་ཆད་མེད་སེམས་ཡེངས་མེད་འཛིན་མེད་ཁོ་ན་ལ་མ་བརྩོན་ན་བསམ་སྤྱོད་གཉིས་ཀ་ངན་པ་ལང་ཤོར་གྱི་དབང་དུ་བཏང་ནས་ལོ་མཚམས་ཟླ་མཚམས་ཀྱི་གྲངས་ཁོ་ན་གཙིགས་སུ་བྱས་པས་འབྲས་བུ་གང་ཡང་འབྱིན་མི་ནུས་པས་རྒྱུ་འབྲས་བསླུ་མེད་པར་བསམ་ནས་རང་གིས་རང་ལ་མི་ཁྲེལ་བ་ཞིག་གལ་ཆེའོ། །ངག་རྒྱུན་གཅོད་ཐུབ་ན་ལེགས་མོད་ཀྱང་། དེ་ལྟར་མ་བྱུང་ཡང་ཐུན་སྒང་དུ་ཅི་ལ་ཐུག་ཀྱང་གཏོང་མི་རུང་། དེ་ལྟར་ཡང ཕུག་རོན་གྱི་ལད་མོ་དང་སོ་དབྲག་ནས་བཤད་པ་ཅི་བྱས་ཀྱང་སྔགས་རྒྱུན་གཅོད་པས་སྤང་དགོས་སོ། །ཉིན་མཚན་ཐུན་བཞི་བྱེད་ན་ཐུན་སྒང་དུ་ཇ་སོགས་བཏུང་བ་རུང་ཡང་བཟའ་བ་མ་ཡིན་ནོ། །ཐུན་གཉིས་ལྟར་ན་ཉི་དྲོས་སྐབས་སུ་བཟའ་བ་ཅི་དགོས་ཟ་བ་ལས། ཕྱི་དྲོ་ཟོས་ན་གཉིད་རྨུགས་སོགས་ཀྱི་སྐྱོན་ཡོད་བཏུང་བ་ནི་གོང་བཞིན་ནོ། །འོན་ཀྱང་མཐའ་གཅིག་ཏུ་བཟུང་བའི་གུ་དོགས་མི་དགོས་སོ། །གང་ལྟར་ཡང་སྦྱོར་བ་སེམས་བསྐྱེད་དང་། དངོས་གཞི་དམིགས་མེད། རྗེས་ལ་བསྔོ་སྨོན་གྱི་རྒྱས་འདེབས་སོགས་ཀྱང་གལ་ཆེའོ། །མཚམས་ཀྱི་ཞག་གྲངས་དུམ་གསུམ་དུ་བསྒོས་པའི་སྔོན་མར་བསྙེན་དམིགས་བྱིན་ནུས་བསྡུ་བ་ཁོ་ན་གལ་ཆེ་ཞིང་། བར་བ་ལམ་ཁྱེར་གསུམ་དང་། རྗེས་མས་སྔོན་མའི་དུམ་བུ་གཉིས་རིགས་དྲུག་གི་སྡུག་བསྔལ་སྦྱོང་བ། རྗེས་མའི་དུམ་བུ་གཅིག་ལས་བཞིའི་དམིགས་པ་ཁ་བསྒྱུར་སོགས་བྱ་བའོ། །དེ་ཡང་པདྨ་དབང་ཆེན་རྒྱུད་ལས། རྣལ་འབྱོར་བ་གསང་སྔགས་ཟློས་པའི་དུས་བུལ་བ་མ་ཡིན་མྱུར་བ་མིན། ཆེ་ཆུང་སྒྲ་ཡི་སྐྱོན་སྤངས་ནས། །བུང་བ་རྫ་མར་བཅུག་པ་བཞིན། །སྟོང་གསུམ་གང་བའི་འོད་ཟེར་གྱིས། །མཆོད་པ་འབུལ་ཞིང་དངོས་གྲུབ་ལེན། །མཚོ་ནང་ཆར་བ་བབས་པ་ལྟར། །དངོས་གྲུབ་རླབས་ཆེན་འཁྲིགས་སྤྲིན་འཐིབས། །མགལ་མེའི་འཁོར་ལོའི་སྤྱོད་པ་བྱ། །རྣལ་འབྱོར་དམ་ཚིག་ཉམས་པ་དང་། །ནམ་ཡང་འགྲོག་པར་མི་བྱ་སྟེ། །ལྷན་ཅིག་མི་གནས་མཚོན་པའི་དཔེ། །སྒྲོན་མེ་དང་ནི་མུན་པ་དང་། །དུག་དང་སྨན་དང་ཆུ་དང་མེ། །ཤ་བ་ཁྱི་དང་དགྲ་ཟུན་བཞིན། །དམ་ཚིག་ཉམས་དང་འགྲོག་མི་བྱ། །ཝ་ཡི་བརྟུལ་ཞུགས་སྤྱོད་པ་ཡིས། །གྲིབ་ཅན་མ་ལུས་དོར་བ་སྤྱད། །སྤྱོད་པ་འདི་ནི་གསང་སྔགས་ལ། །མཆོག་ཏུ་གཅེས་པར་རབ་ཏུ་བཤད་ཅེས་སོ། །དེ་ནས་མཚམས་གྲོལ་རྒྱུའི་ཉིན་གཉིས་པ་ལ་ཐུག་པའི་དགོང་མོའི་ཐུན་ལ་བབ་ཚེ་བསྙེན་པའི་སྐབས་བསྙེན་སྒྲུབ་ལས་སྦྱོར་བཞིའི་གཤམ་དུ་དངོས་གྲུབ་བསྡུ་བའི་དམིགས་པ་ནི་སྣང་སྲིད་འཁོར་འདས་ཀྱི་ཚེ་དཔལ་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཁ་དོག་སྣ་ལྔའི་རྣམ་པ་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ནས་སྤྱི་དྲིལ་ལ་གཤམ་འདོགས་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྷི་ཕ་ལ་ཧཱུཾ་ཞེས་མང་དུ་བཟླ། དེ་བཞིན་དུ་ཐུན་ཀུན་ལ་དེ་ལྟར་བྱེད་ཅིང་། ཐོར་ཐུན་ཐ་མའི་བྱ་བ་རྣམས་གྲུབ་རྗེས་དངོས་གྲུབ་བསྡུ་བའི་དམིགས་པའི་འཕྲོ་འདུ་གསལ་བཞིན་དངོས་གྲུབ་བླང་ཚིག་ཅི་རིགས་ཀྱིས་བླང་ཆོག་ཅིང་འཇུག་པ་བདེ་ཕྱིར་ཧཱུཾ། བདེ་གཤེགས་རྒྱལ་བ་ཞོ་ཁྲོའི་ལྷ་ཚོགས་ཀྱིས། འགྱུར་མེད་སྐུ་ཡི་དངོས་གྲུབ་སོགས་ནས། སརྦ་སིདྡྷིི་ཕ་ལ་ཧཱུཾ་ཨཱཿ ཞེས་པས་བླང་བར་བྱའོ། །དེ་ལ་དངོས་གྲུབ་བླང་བ་འདིའི་འགོ་བརྩམས་ནས། ཐུན་འགོ་ཐམས་ཅད་དུ་མཆོད་པ་གསར་བཤམས་དང་། དངོས་གྲུབ་ཀྱི་རྫས་དཀར་གསུམ་མངར་གསུམ་ལ་གཞི་བྱས་པའི་ལས་བཞིའི་གཏོར་མ་དང་། དེ་དག་གི་མཐར་རིལ་བུ་ཡང་ཟླུམ་པོ་གྲུ་བཞི་གོང་མཚུངས་ཀྱིས་བསྐོར་ཞིང་གཞན་ཡང་ཤིང་ཏོག་སོགས་ཟས་སྣ་འབྱོར་ཚད་བཤམས་ལ་གུ་གུལ་བདུག །ཨ མྲྀ་ཏས་བསངས། བྱིན་འབེབས་བྱ་བ་སོགས་གལ་ཆེའོ། །དེ་ལྟར་གྱི་རྫས་གསར་པ་དང་། སྒྲུབ་རྫས་རྙིང་པ་ཤ་མར་དང་། ཚོགས་རྫས་ཅུང་ཟད་བླངས་པ་རྫས་གསར་བའི་སྟེང་དུ་སྤུངས་ཏེ་མཉམ་དུ་བླང་བར་བྱའོ། །གཞན་མཚམས་སྒང་སོགས་སུའང་དངོས་གྲུབ་ཀྱི་རྨི་ལྟས་བཟང་པོ་རྨིས་ན་ཡིད་ཀྱིས་དངོས་གྲུབ་བླང་བ་ཡང་གལ་ཆེ་བར་གསུངས་སོ། །ཚུལ་འདི་ནི་ཞི་ཁྲོ་རང་གཞུང་གི་དགོངས་པ་འཁོར་འདས་སྣང་སྲིད་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ལུགས་སུ་བྱས་པ་ཡིན་ལ། དེ་ལས་གཞན་མ་རྙིང་མ་རིང་ལུགས་ཀྱི་བདག་མདུན་བུམ་གསུམ་ཐ་དད་དུ་ཆོ་ག་གཅིག་གིས་སྒྲུབ་ཚུལ་དང་། ཛབ་ལ་མ་ཐུག་པར་དེ་ལྟར་བ སྒྲུབས་ནས་གདོད་ཛབ་ཁང་དབྱེ་བ། བདག་བསྐྱེད་དམ་ཚིག་པ་དང་དེ་ལས་མདུན་དུ་ཡེ་ཤེས་པའི་དལ་སོ་སོར་ཕྱེས་ཏེ་མེ་རི་འདབ་འབྱོར་དུ་བཞུགས་པའི་བསྐྱེད་ཚུལ་དང་། བསྙེན་སྒྲུབ་ཡན་ལག་བཞིའི་རྣམ་དབྱེ་སོ་སོར་ཡོད་མོད། དེ་ལས་ཀྱང་བདག་ཉིད་དལ་དུ་འཇུག་གམ། གསོན་གཤིན་རྗེས་འཛིན་གྱི་སྐབས་རྣམ་བུམ་དང་། ལས་བུམ་སོགས་སྐབས་ཐོབ་ལྟར་ཤེས་དགོས་སོ། །འདིར་སྨྲས་པ། རྒྱལ་རྣམས་དགོངས་པ་མཁའ་ལྟར་རྒྱ་ཆེ་ཞིང་། །བསྟན་པ་རྒྱ་མཚོ་ཇི་བཞིན་དཔག་དཀའ་ཡང་། །མདོ་དོན་འགྲོ་ཕན་སེམས་བསྐྱེད་གཙོར་གསུངས་བཞིན། །བདག་གིས་བརྩམས་འདི་དེ་རྗེས་ཅིས་མི་འབྲངས། །ལ་ལ་བཞེད་ཀྱིས་བརྩམས་པ་གང་ལ་ཡང་། །སྡེབ་སྦྱོར་སྙན་ཚིག་མཛེས་ཆ་མི་ལྡན་ན། །རྩོམ་པའི་ཡན་ལག་མ་ཚང་སྐྱོན་ཡིན་ཞེས། །སྨྲ་མོད་དེ་ཡང་ཡིད་ཆེས་གནས་མ་ཡིན། །ཅིའི་ཕྱིར་ཞེ་ན་ཕྱི་པའི་བསྟན་བཅོས་འགར། །དེ་ལྟའི་ཡོན་ཏན་ལྡན་ཡང་ཐར་བ་དང་། །རྣམ་མཁྱེན་ལམ་དུ་དཀྲི་བར་ནུས་མིན་དོགས། །དེ་ཕྱིར་ཕན་སེམས་ཁོ་ན་གལ་ཆེ་སྙམ། །སྦྱོར་བ་སེམས་བསྐྱེད་དམ་པས་ཟིན་པ་དང་། །དངོས་གཞི་དམིགས་མཚན་ཞེན་པས་མ་བཅིངས་ཤིང་། །རྗེས་སུ་བསྔོ་སྨོན་དམ་པས་རྒྱས་ཐེབས་ཕྱིན། །འདི་སོགས་གང་ཡང་བྱང་ཆུབ་ལམ་དུ་འགྲོ། །དེ་ཕྱིར་འདི་བརྩམས་དགེ་བས་མཚོན་བྱས་ཏེ། །བདག་གིས་དུས་གསུམ་བསགས་པའི་དགེ་བའི་ཚོགས། །བསྡུས་ཤིང་བཟླུམས་ཏེ་མཐའ་ཡས་འགྲོ་བའི་ཚོགས། །ཞི་ཁྲོ་རབ་འབྱམས་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གཞུང་བཟང་པད་ཚལ་འབྱེད་པའི་བསྙེན་ཡིག་དྲི་བཟང་ངད་ལྡན་ཀུན་ཏུ་བཟང་པོའི་ཞལ་ངོམ་ཞེས་བྱ་བ་འདི་ཉིད་རྣམ་འདྲེན་བླ་མ་དམ་པ་སངས་རྒྱས་ཆོས་འཕེལ་གྱིས་བསྐུལ་ངོར་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱིས་མཛད་པའི་བསྙེན་ཡིག་གཞིར་བཞག་སྟེ་རིགས་མཐུན་འགའ་ལ་ཡང་བསྡུར་བཞིན་སྤེལ་པའི་བྱེད་པོ་བྱ་བྲལ་ཀུན་བཟང་གཞན་ཕན་གྱི་ཡི་གེར་འདུ་བྱེད་དམ་ཚིག་གི་ནོར་བུ་སྤྱི་བོའི་རྒྱན་དུ་འཆང་བ་ཀུན་བཟང་འཆི་མེད་ཀྱིས་བགྱིས་པའི་དགེ་བས་འགྲོ་རྣམས་སྐུ་གསུམ་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག་གུ།

དམ་ཆོས་བདེ་ཆེན་ལམ་མཆོག་ལས། ཡིག་དྲུག་བསྐུལ་བ་ཐུགས་རྗེའི་ལྕགས་ཀྱུ།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལས། ཡིག་དྲུག་བསྐུལ་བ་ཐུགས་རྗེའི་ལྕགས་ཀྱུ་བཞུགས། །

སྐྱབས་འགྲོ་ནི། ན་མོ་དཔལ་རྒྱལ་བ་ཀུན་འདུས་ངོ་བོ་ཉིད། །མགོན་འོད་དཔག་མེད་ཀྱི་སྲས་མཆོག་རྗེ། །ལྷ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཁྱེད་གཏན་གྱི་སྐྱབས་གནས་མཆོག་ཏུ་བསྟེན། །སེམས་བསྐྱེད་ནི། མ་མཁའ་མཉམ་འགྲོ་བ་སེམས་ཅན་ཀུན། །ལྷ་ཁྱེད་ཀྱི་གོ་འཕང་ཐོབ་བྱའི་ཕྱིར། །གསུང་ཡི་གེ་དྲུག་མའི་མགུར་དབྱངས་ཀྱིས། །ཡུལ་འགྲོ་དྲུག་གི་སྡུག་བསྔལ་བསལ་བར་བྱ། ཡན་ལག་བདུན་པ་ནི། ལུས་རྡུལ་སྙེད་དང་མཉམ་པས་ཕྱག་འཚལ་ཞིང་། །རྫས་མཆོད་ཚོགས་ཀུན་ཡོངས་འབུལ་ཉེས་བྱས་བཤགས། །ཆོས་རྣམ་དཀར་ལ་ཡི་རང་དུས་གསུམ་དགེ། །མ་སེམས་ཅན་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །བླ་མའི་རྣལ་འབྱོར་ནི། བདག་མཁའ་མཉམ་གྱི་འགྲོ་བའི་མདུན་གྱི་མཁར། །གདན་པད་དཀར་དང་ཉི་ཟླའི་དལ་དབུས་སུ། །ཞིང་རབ་འབྱམས་ཀྱི་རྒྱལ་བའི་ཐུགས་རྗེའི་གཟུགས། །ཡོངས་འགྲོ་ཀུན་གྱི་སྐྱབས་མགོན་སྤྱན་རས་གཟིགས། །སྐུ་གངས་རི་ལ་ཟླ་དཀར་འཁྱུད་པ་ལྟའི། །ཞལ་འཛུམ་མདངས་ཀྱིས་འགྲོ་ལ་བརྩེ་བས་གཟིགས། །ཕྱག་བཞི་པོ་ཡི་དང་པོས་ཐལ་མོ་སྦྱར། །གཡས་འོག་མ་ཡིས་ཤེལ་དཀར་ཕྲེང་བ་འདྲེན། །གཡོན་འོག་མ་ཡིས་པད་དཀར་ཡུ་བ་འཛིན། །རྒྱན་ཆ་ལུགས་སོགས་ལོངས་སྤྱོད་རྫོགས་པའི་ཆས། །ཞབས་སེམས་སྐྱིལ་གྱིས་དགྱེས་པས་གདན་ལ་རོལ། །སྐུའི་གནས་གསུམ་དུ་ཡིག་འབྲུ་གསུམ་གྱིས་མཚན། །དེར་འོད་འཕྲོས་པས་མཆོག་གསུམ་རྩ་གསུམ་ལྷ། །ཡོངས་སྤྱན་དྲངས་ཏེ་འཕགས་པའི་སྐུ་ལ་ཐིམ། །མགོན་རྒྱལ་ཀུན་གྱི་གསང་གསུམ་ངོ་བོར་གྱུར། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །མགོན་རྒྱལ་ཀུན་གྱི་འདྲེན་མཆོག་སྤྱན་རས་གཟིགས། །སེམས་མོས་གདུང་གི་གསོལ་འདེབས་གསན་ལགས་པས། །ཐུགས་ཞི་བདེ་ལ་གཞོལ་ན་སུ་ལ་རེ། །བདག་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ། །འདི་རྙེད་དཀའ་ཞིང་འཇིག་སླའི་མཚང་རིག་པས། །ཚེ་འདི་སྣང་ལ་ཞེན་པ་རབ་ལོག་ནས། །ལས་རྒྱུ་འབྲས་ཀྱི་སྤང་བླང་ཚུལ་བཞིན་སྤྱོད། །སྲིད་འགྲོ་དྲུག་གི་སྡུག་བསྔལ་བསམ་འདས་རྟོགས། །ཆོས་དགེ་བཅུ་ལ་ལྟེམ་རྐྱང་མེད་བཞིན་བརྩོན། །ལྷ་ཐུགས་རྗེ་ཡི་མངའ་བདག་བསྙེན་པར་གྱུར། །མགོན་རབ་འ བྱམས་ཀྱི་རྒྱལ་བའི་ཐུགས་རྗེའི་འཕྲུལ། །མ་སེམས་ཅན་གྱི་སྐྱབས་མགོན་སྤྱན་རས་གཟིགས། །བདག་གསོལ་འདེབས་ཀྱི་འགྲོ་རྣམས་ཐུགས་རྗེས་སྐྱོངས། །བློ་རྣམ་དཀར་ལ་སྒྱུར་དང་བྱམས་བརྩེའི་བདག །ཚེ་འདིར་སྣང་ལ་ཆགས་ཞེན་སྐྱེས་ཙམ་ན། །དུས་གློ་བུར དུ་འཆི་ལ་སྐྲག་པར་མཛོད། །ནོར་བསགས་བསྲུང་གིས་མཆོད་སྦྱིན་སྤངས་གྱུར་ན། །ནམ་འཆི་བའི་དུས་ལག་སྟོང་དྲན་པར་མཛོད། །ཆོས་སྡིག་སྤང་དང་དགེ་སྒྲུབ་གཡེལ་གྱུར་ན། །ནམ་འཆི་བའི་དུས་འགྱོད་དགོས་ཤེས་པར་མཛོད། །གཞན་སེམས་ཅན་ལ་སྙིང་རྗེ་ཆུང་གྱུར་ན། །ཡོངས་འགྲོ་བ་ཀུན་མ་བུ་ཤེས་པར་མཛོད། །དགྲ་ཆོས་བརྒྱད་ཀྱི་ཁྲིམས་རར་ཚུད་གྱུར་ན། །ཚེ་ཕྱི་མ་ཡི་གེགས་སུ་ཤེས་པར་མཛོད། །སྐྱབས་མཆོག་གསུམ་ལ་དད་མོས་ཞན་གྱུར་ན། །ནམ་འཆི་བའི་ཚེ་གྲོགས་མེད་ཤེས་པར༴ རྗེ་བླ་མ་ལ་དད་དམ་ལྷོད་གྱུར་ན། །ངན་སོང་དུ་འཁྱམ་དགོས་ཤེས༴ ལམ་རིམ་གཉིས་ཀྱི་གནད་ལ་གཡེལ་གྱུར་ན། །ཆོས་ཐོས་བསམ་ཀུན་དོན་མེད་ཤེས༴ ལར་ལུགས་གཉིས་ཀྱི་སྤང་བླང་འཛོལ་གྱུར་ན། །འབྲས་སྡུག་བསྔལ་གྱི་གཟུགས་བརྙན་ཤེས༴ སྤྱིར་སྐྱོན་བཅས་ཀྱི་འགྲོ་བ་མཆོག་དམན་ཀུན། །ཡོངས་སྡུག་བསྔལ་གྱི་མཚོ་ལས་སྒྲོལ་བར་མཛོད།

དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ མར་མེ་འབུལ་ཐབས་མ་རིག་མུན་སེལ།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ མར་མེ་འབུལ་ཐབས་མ་རིག་མུན་སེལ་བཞུགསཿ

ན་མོ་ཨ་མི་ཏཱ་བྷ་ཡེཿ མར་མེའི་མཆོད་འབུལ་སྐབས་སུ་བབ་ཚེཿ དང་པོ་སྐྱབས་འགྲོ་སེམས་བསྐྱེད་སོགས་བཏང་ནསཿ མར་མེ་རྣམས་ཨམྲྀ་ཏས་བསངས༔ སྭ་བྷ་ཝས་སྦྱངསཿ ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པ་ཆེན་པོའི་ངང་ལས་སྣང་གསལ་གྱི་སྣོད་རྒྱ་ཆེ་ཞིང་དཔངས་མཐོ་བ་སྟོང་གསུམ་དང་མཉམ་པའི་ནང་དུ་བཅུད་མར་ཁུའི་རྒྱ་མཚོའི་དབུས་སུ་སྡོང་བུ་ཡེ་ཤེས་ལྔའི་མེ་འོད་འཕྲོ་བས་འགྲོ་ཁམས་ཀྱི་མ་རིག་པའི་མུན་ནག་བསལ་ནུས་པའི་དཔལ་ཡོན་ཕུན་སུམ་ཚོགས་པར་གྱུརཿ ཞེས་བསམ་ཞིང་ཿ ༀ་བཛྲ་ཨ་ལོ་ཀེ་ཧཱུཾཿ སྥ་ར་ཎ་ཁཾཿ ཞེས་དང་ཚོགས་ཞིང་གསལ་བ་ནིཿ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་གཞན་ཡང་མཆོད་བསྟོད་ཀྱི་ཡུལ་དུ་གྱུར་པ་ཐམས་ཅད་རྒྱ་མཚོར་གཟའ་སྐར་ཤར་བ་བཞིན་བདག་སོགས་འགྲོ་བ་རྣམས་ལ་ཞལ་གྱིས་ཕྱོགས་སྤྱན་གྱིས་གཟིགས་ཐུགས་ཀྱིས་དགོངས་ནས་བཞུགས་པར་གྱུརཿ ཞེས་བསམ་ནས་འདི་སྐད་ཅེས་སྙན་གསན་དབབ་པོཿ ཨེ་མ་ཧོ། མཆོག་གསུམ་རྩ་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པའི་ཚོགས་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལཿ སྔོུན་རྒྱལ་པོ་གསེར་གྱི་ལག་པ་ཞེས་བྱ་བས་རང་གི་ལུས་ཞུན་མར་གྱིས་བྱུགས་ཤིང་རས་བལ་གྱི་སྡོང་བུ་སྟོང་བཙུགས་ནས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མ་མཁྱེན་པར་གསོལ་བཞིན་མར་མེ་ཕུལ་བ་དེ་བཞིན་དུ་བདག་དང་སྦྱིན་པའི་བདག་པོས་སྣང་གསལ་མར་མེའི་མཆོད་པ་ཆེན་པོ་འདི་ཕངས་པ་མེད་པའི་སེམས་ཀྱིས་ཕུལ་བ་ལ་བརྟེན་ནས་ཕ་མ་གཉིས་དང་དགྲ་བགེགས་གཉིས་ཀྱི་གཙོས་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པའི་རྒྱུར་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལཿ ཞེས་བརྗོད་ནས་སེམས་གཞན་དུ་མ་ཡེངས་བཞིན་ཡན་ལག་བདུན་པ་དབྱངས་དང་བཅས་ཏེ་འདི་བཞིན་འདོན། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོཿ ཇི་སྙེད་སུ་དག་ཕྱོགས་བཅུའི༴ ཚིག་རྗེས་སུ་དོན་འབྲངས་ནས་ཚར་གང་ནུས་བཏང་རྗེས་འདི་འདོནཿ རབ་འབྱམས་རྒྱ་མཚོ་དཔག་མེད་ནཿ སྣང་གསལ་མར་མེ་ལ་སོགས་པའིཿ མཆོད་རྫས་ཇི་སྙེད་ཡོད་པ་ཀུནཿ བདག་གིས་གུས་པར་བཤམས་པ་འདིཿ ཇི་སྙེད་རྒྱལ་བ་སྲས་དང་བཅསཿ དེ་སྙེད་རྣམས་ལ་བདག་འབུལ་ནཿ ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིསཿ ཅི་བདེ་བར་ནི་བཞེས་སུ་གསོལཿ ༀ་བཛྲ་ཨརྒྷཾ་པཱ་ཏྱཾ་ནས་ཤབྟ་ཨ་ཧཱུཾཿ ཞེས་ཚང་བར་བརྗོད་ནསཿ བརྟན་པ་སྣོད་ཀྱི་འཇིག་རྟེན་ཀོང་བུ་རུཿ གླིུང་བཞི་གླིང་ཕྲན་བརྒྱད་ཀྱི་མར་ཁུས་གཏམསཿ རི་དབང་སྡོང་བུར་ཉི་ཟླའི་མེ་སྦར་བསཿ ཕྱི་སྣོད་འཇིག་རྟེན་དངོས་འཛིན་བུད་ཤིང་བསྲེགསཿ ནང་བཅུད་འགྲོ་བའི་ཕུང་ཁམས་ཀོང་བུ་རུཿ རྩ་རླུང་ཐིག་ལེ་གསུམ་གྱི་མར་ཁུས་གཏམསཿ སྒོ་གསུམ་སྡོང་བུར་སྨིན་གྲོལ་མེ་སྦར་བསཿ ནང་བཅུད་འགྲོ་བའི་གཟུང་འཛིན་བུད་ཤིང་བསྲེགསཿ ཀུན་གཞི་བྱང་ཆུབ་སེམས་ཀྱི་ཀོང་བུ་རུཿ རྣམ་པར་ཤེས་པ་ཚོགས་བརྒྱད་མར་ཁུས་གཏམསཿ སེམས་སྣང་སྡོང་བུར་སྒྲོན་དྲུག་མེ་སྦར་བསཿ ཕྱི་ནང་གཟུང་འཛིན་བུད་ཤིང་འབར་གྱུར་ཅིགཿ གདོད་ནས་ཡེ་སྟོང་ནམ་མཁའི་ཀོང་བུ་རུཿ མ་རིག་གསུམ དང་ཡིད་དྲུག་མར་ཁུས་གཏམསཿ བདག་གཉིས་སྡོང་བུར་རིག་པའི་མེ་སྦར་བསཿ སྟོང་འཛིན་ཕྱོགས་ལྷུང་བུད་ཤིང་འབར་གྱུར་ཅིགཿ དེ་ལྟར་གཞི་དབྱིངས་ཡེ་ཤེས་ལྔ་ལྡན་པའིཿ ལམ་སྣང་སྒྲོན་དྲུག་མཚོན་བྱེད་མར་མེ་འདིསཿ སྡུག་བསྔལ་ཕུང་པོ་སྡོང་བུའི་བུད་ཤིང་རྫསཿ ལྷག་མེད་ཚིག་དང་ཆབས་ཅིག་འཁྲུལ་སྣང་རྟེནཿ དངོས་འཛིན་ཞུན་མར་མཚོ་འཁྱིལ་སྟོང་གྱུར་ཅིགཿ ཅེས་བརྗོད་མཐར་ཨ་མི་དྷེ་ཝ་དང་མ་ཎི་བཛྲ་གུ་རུ་རིགས་གསུམ་མགོན་པོ་བྷོ་དྷི་ཙིཏྟ་ཡིག་བརྒྱ་སོགས་གཟུངས་སྔགས་གང་ནུས་བརྗོད་མཐར་མར་མེའི་འགྱུར་མཇུག་ཆད་ཡོད།

རྗེ་བཙུན་མི་ལ་རས་པའི་བྱིན་རླབས་དབང་གི་རིམ་པ་དོན་དམ་བདུད་རྩིའི་བུམ་བཟང་།

༄༅ཿ ཿརྗེ་བཙུན་མི་ལ་རས་པའི་བྱིན་རླབས་དབང་གི་རིམ་པ་དོན་དམ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོཿ

ན་མོ་གུ་ར་བེཿ དབང་བཞིའི་ཆུ་བོའི་མངའ་བདག་མཆོགཿ རྗེ་བཙུན་མི་ལ་རས་པ་ལཿ བཏུད་ནས་བྱིན་རླབས་དབང་གི་རྒྱུནཿ སྐུལ་བཟང་དད་པའི་ཞིང་སར་འབེབསཿ དེ་ལ་འདིར་རྗེ་བཙུན་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ལསཿ ཐོག་མར་དལ་དུ་བུམ་པ་ཆས་ལྷན་དྲི་བཟང་དང་ཉེར་ལྔས་བལྟམས་པཿ ཐོད་ཆིང་རིགས་ཙཀ་ཟས་སྣ། རླུང་ཆས་སོགས་འདོན་ཚིག་ལྟར་གཡས་བསྐོར་དུ་བཀོད་ལཿ ཆོ་ག་གཅིག་གིས་བདག་མདུན་བུམ་གསུམ་ཆིག་དྲིལ་དུ་བསྒྲུབས་ནས་བཟླས་པས་སྐབསཿ བདག་བསྐྱེད་ཀྱི་བཟླས་པའི་རྗེས་སུ་འཛབ་ཁང་དབྱེ་སྟེཿ བུམ་པ་ལ་དམིགས་པའི་བཟླས་པ་གང་མང་གི་མཐར་མཆོད་བསྟོད་འོད་ཞུ་བདག་འཇུག་བླངས་པ་རྣམས་བྱས་རྗེསཿ སློབ་མ་རྣམས་ཁྲུས་ནས་བྱུང་ཿ བགེགས་བསྐྲད་སྲུང་འཁོར་རྣམས་གྲུབ་ནསཿ མཎྜལ་ཕུལ་ནས་གསོལ་བ་འདེབས་པ་ནིཿ ཨེ་མ་སྔོན་ཚེ་མི་ལ་རྗེསཿ ལས་ཅན་བུ་སློབ་སྨིན་མཛད་ལྟརཿ རྗེ་བཙུན་བླ་མའི་ཐུགས་རྗེ་ཡིསཿ བདག་ཅག་སྨིན་པར་མཛད་དུ་གསོལཿ ལན་གསུམཿ དེ་ནས་དམ་ཆུ་བླུད་པ་ནིཿ ཧོཿ སྔུགས་ཀྱི་སྲོག་ནི་དམ་ཚིག་ཡིནཿ བསྲུངས་ན་དངོས་གྲུབ་རྣམ་གཉིས་ཐོབཿ ཉམས་ན་རྡོ་རྗེའི་ན་རག་མྱོང་ཿ དེ་ཕྱིར་དམ་ཚིག་སྲོག་ལྟར་སྲུངསཿ ས་མ་ཡཱ་ན་ར་ཀནཿ དེ་ནས་སྐྱབས་སེམས་ཡན་ལག་བདུན་པ་རྣམསཿ ཆོ་ག་ལྟར་བླངས་ཤིང་རྒྱུད་སྦྱངས་ལཿ སྡོམ་གསུམ་སྟབས་གཅིག་ཏུ་བླང་བར་མོས་པསཿ ཧོཿ ཡང་དག་དོན་གྱི་དགེ་སློང་མཆོགཿ ཧེ་རུ་ཀ་དཔལ་བླ་མའི་དྲུང་ཿ སོ་སོར་ཐར་དང་བྱང་ཆུབ་སེམསཿ རིག་འཛིན་སྔགས་ཀྱི་དམ་ཚིག་རྣམསཿ ངོ་བོ་གནས་འགྱུར་གོང་འཕེལ་དང་ཿ ཡོན་ཏན་ཡར་ལྡན་ཚུལ་གྱིས་བླངསཿ བསྲུང་བྱ་སྲུང་བྱེད་རང་གྲོལ་ནསཿ ཆོས་དབྱིངས་དྲི་མེད་ལ་གནས་ཤོགཿ ལན་གསུམཿ ཡེ་ཤེས་དབབ་པ་ནིཿ ཧོཿ ཁྱེད་ཅག་མ་རིག་མཐུས་ནོན་ཏེཿ རང་རིག་རང་བྱུང་རྗེ་བཙུན་དང་ཿ ཞལ་མ་མཇལ་བའི་སྒྲིབ་དག་ཕྱིརཿ བཞད་པ་རྡོ་རྗེའི་ཡེ་ཤེས་འབེབཿ དེ་ནས་སློབ་མ་རྣམས་ལ་ཆོ་ག་ལྟར་རྗེ་བཙུན་གྱི་བསྐྱེད་རིམ་འབོགཿ སྤྱན་འདྲེན་ དང་བརྟན་བཞུགས་བྱས་ལཿ བུམ་དབང་བསྐུར་བ་ནིཿ ཨཱཿ སྐྱེ་མེད་བུམ་པའི་གཞལ་ཡས་སུཿ འགག་མེད་རྗེ་བཙུན་ཆེན་པོ་ཡིཿ ཐུགས་རྗེ་བདུད་རྩིའི་ཆུ་རྒྱུན་གྱིསཿ སྐུལ་ལྡན་ཁྱེད་ལ་དབང་བསྐུར བསཿ ལས་སྒྲིབ་དག་ནས་རྗེ་བཙུན་སྐུཿ བསྒོམ་པའི་དབང་ཐོབ་སྤྲུལ་སྐུ་ཡིཿ གོ་འཕང་མངོན་གྱུར་འབྲས་སྨིན་ཤོགཿ ༼ཀཾ༽༼ངཾ༽ རྩ་སྔགས་མཐརཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾཿ རིག་པའི་རྩལ་དབང་ནིཿ མཉམ་བཞག་གི་ངང་ནསཿ ཨཱཿ ངོ་བོ་སྟོང་ལ་རང་བཞིན་གསལཿ ཐུགས་རྗེ་རྩལ་སྣང་ཅིར་ཡང་འཆརཿ རྟག་པ་མ་ཡིན་མཁའ་ལྟར་སྟོང་ཿ ཆད་པ་མ་ཡིན་གཏིང་ནས་གསལཿ གཉིས་ཀ་མ་ཡིན་གཞི་དབྱིངས་གཅིགཿ གཅིག་པ་མ་ཡིན་མཁའ་ལྟར་འདསཿ ཨ་ཨ་ཨཱཿ རྗེས་བརྗོད་ཡོན་ཏན་གྱི་དབང་ནིཿ བཟའ་བ་གཡས་ལ་བཏུང་བ་གཡོན་དུ་གཏད་ལཿ སྭཱཿ སྔོུན་ཚེ་རྣལ་འབྱོར་མི་ལ་རྗེས༔ ཟྭ་དང་བུར་སྦྲང་ཤ་ཆང་སོགསཿ བདུད་རྩིར་བྱིན་བརླབས་བཅུད་ལེན་མཐུསཿ རྡོ་རྗེའི་སྐུ་གསུང་ཐུགས་འགྲུབ་བཞིནཿ འདོད་ཡོན་ལོངས་སྤྱོད་འདི་གཏད་པསཿ ༼ཁཾ༽རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ༀཿ གསང་དབང་ནི༔ ཨཿ ལྷུན་གྲུབ་བྷན་དྷའི་གཞལ་ཡས་སུཿ བདེ་སྟོང་ཡེ་ཤེས་བདུད་རྩིས་བཀང་ཿ སྐུལ་ལྡན་ཁྱོད་ལ་དབང་བསྐུར་པསཿ ངག་སྒྲིབ་དག་ནས་རྩ་རླུང་ལམཿ བསྒོམ་པའི་དབང་ཐོབ་ལོངས་སྐུ་ཡིཿ གོ་འཕང་མངོན་གྱུར་འབྲས་སྨིན་ཤོགཿ རྩ་སྔགས་མཐར། ཝཀྐ་ཨ་བྷི་ཥིཉྩ་ཨཱཿ ཤེས་རབ་ཡེ་ཤེས་ཀྱི་དབང་ནིཿ ཧཱུཾཿ རྣམ་ཀུན་མཆོག་ལྡན་ཤེས་རབ་ཡུམཿ བདེ་ཆེན་འདུ་འབྲལ་མེད་པའི་བདགཿ སྐུལ་ལྡན་ཁྱོད་ལ་དབང་བསྐུར་བསཿ ཡིད་སྒྲིབ་དག་ནས་ཕོ་ཉའི་ལམཿ བསྒོམ་པར་དབང་ཐོབ་ཆསོ་སྐུ་ཡིཿ གོ་འཕང་མངོན་གྱུར་འབྲས་སྨིན་ཤོགཿ ༼གཾ༽ སྒོ་གསུམ་ཡུལ་ལ་འཇུག་ཞེན་དྲིཿ དག་ནས་སློབ་དང་མི་སློབ་ལམཿ མཐར་ཕྱིན་ལུང་རྟོགས་གཏེར་མཛོད་ལཿ དབང་བསྒྱུར་ཆོས་ཀྱི་རྒྱལ་པོར་ཤོགཿ རྩ་སྔགས་མཐར། གུ་ཎ་ཨ་བྷི་ཥིཉྩ་སྭཱཿ འཕྲིན་ལས་ཀྱི་དབང་ནིཿ རླུང་ཆས་གཏད་ལཿ ཧཱཿ སྔོུན་ཚེ་རྣལ་འབྱོར་མི་ལ་རྗེའིཿ རས་གོས་སྒོམ་ཐག་ཨང་རག་ལཿ བརྟེན་ནས་མཐར་ལམ་མཐར་ཕྱིན་མཐུསཿ འཁོར་འདས་ཡོངས་ལ་དབང་བསྒྱུར་ལྟརཿ རས་གོས་སྒོམ་ཐག་ཨང་རག་བཅསཿ གཏད་པས་རྩ་རླུང་ཐིག་ལེའི་ཁམསཿ དག་ནས་ས་གསུམ་འགྲོ་བ་ཀུནཿ དབང་སྡུད་ཐབས་ལམ་ལ་བརྟེན་ནསཿ མཁའ་སྤྱོད་རིག་འཛིན་ཚོགས་ཀྱི་གཙོརཿ ཧེ་རུ་ཀ་ཐོབ་འབྲས་སྨིན་ཤོགཿ རྩ་སྔགས་མཐར། ཀརྨ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་དབང་རྣམས་རྫོགས་པའི་མཐར། སྨོན་ལམ་གྱི་རྒྱས་གདབ་པ་ནིཿ ཧོཿ དེ་ལྟར་དབང་བསྐུར་བྱིན་བརླབས་མཐུསཿ ཕྱི་ལྟར་གཟུང་བའི་བསྟན་གཡོའི་ཁམསཿ མངོན་དགའི་རྟེན་དང་བརྟེན་པ་རུཿ འཆར་ཞིང་འགྲོ་རྣམས་དེར་འགོད་ཤོགཿ ནང་ལྟར་འཛིན་པའི་ཚོགས་བརྒྱད་སེམསཿ དབུ་མ་ཆེན་པོར་ཡོངས་དག་ནསཿ ཀ་དག་ལྷུན་གྲུབ་ཆོས་དབྱིངས་ཞིང་ཿ མངོན་གྱུར་མྱ་ངན་འདའ་བར་ཤོགཿ དབང་འདིར་བཟང་ངན་འབྲེལ་ཐོགས་ཀུནཿ རྗེ་བཙུན་བཞད་པ་རྡོ་རྗེ་ཡིཿ འཁོར་གྱི་ཐོག་མར་སྐྱེས་ནས་ཀྱང་ཿ ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ཤོགཿ དབང་མཆོག་འདི་ཐོབ་སྐྱེས་བུ་རྣམསཿ མཐོང་ངམ་ཐོས་སམ་དྲན་ནམ་རེགཿ སྨོད་སྐུར་འདེབས་སམ་དྲི་ཙམ་ཕོགཿ དེ་ཀུན་དེ་ཡིས་འདྲེན་པར་ཤོགཿ མདོར་ན་དབང་ཐོབ་སྐྱེས་བུ་རྣམསཿ ཞི་བར་མི་གནས་སྲིད་པའི་འགྲོཿ མ་ལུས་འདྲེན་པའི་མཐུ་ཐོབ་ཤོགཿ བཀྲ་ཤིས་ནིཿ མཆོག་ཏུ་མི་འགྱུར་བདེ་བ་ཆེཿ རྣམ་ཀུན་སྟོང་ཉིད་ཟུང་འཇུག་པཿ ཁ་སྦྱོར་ཡན་ལག་བདུན་ལྡན་ངང་ཿ སྐུ་གསུམ་བླ་མའི་བཀྲ་ཤིས་ཤོགཿ ཞེན་ལོག་མོས་གུས་དཀའ་སྤྱད་རྣམསཿ མཐར་ཕྱིན་གྲུབ་ཐོབ་ཡོངས་ཀྱི་རྗེཿ རྟོགས་པའི་དབང་ཕྱུག་རྣལ་འབྱོར་པཿ བཞད་པ་རྡོ་རྗེའི་བཀྲ་ཤིས་ཤོགཿ རྟེན་འབྲེལ་དབང་བསྐུར་ཟབ་མོའི་མཐུསཿ ཀུན་རྫོབ་འཁྲུལ་སྣང་གནས་གྱུར་ནསཿ དོན་དམ་བྱང་ཆུབ་སྙིང་པོ་མཆོགཿ གེགས་མེད་མངོན་གྱུར་བཀྲ་ཤིས་ཤོགཿ གཞན་ཡང་བསྟན་གཡོའི་ཁམས་ཀུན་གྱིཿ སྡུག་བསྔལ་རྒྱུ་དང་འབྲས་བུ་བཅསཿ མ་ལུས་ཡོངས་དག་བདེ་ཆེན་དཔལཿ ལོངས་སུ་སྤྱོད་པའི་བཀྲ་ཤིས་ཤོགཿ གཞན་ཡང་ཤིས་བརྗོད་ཅི་རིགས་བྱཿ དེ་ནས་དམ་ཚིག་ཁས་བླང་བ་ནིཿ གཙོ་བོའི་ཇི་ལྟར་བཀའ་སྩལ་པཿ དེ་དག་ཐམས་ཅད་བདག་གིས་བགྱིདཿ སོགས་བརྗོདཿ གཏང་རག་གི་མཎྜལ་ཕུལ་ནས་དགེ་རྩ་བསྔོ་བ་ནིཿ དགེ་བ་འདིའི་མཐུས་སྲིད་པའི་འགྲོཿ ཕྱམ་གཅིག་བླ་མའི་གོ་འཕང་མཆོགཿ གེགས་མེད་མངོན་དུ་གྱུར་ནས་ཀྱང་ཿ མཐའ་ཡས་འགྲོ་ཀུན་འདྲེན་ཕྱིར་བསྔོཿ ཞེས་བསྔོ་བའི་རྒྱས་ཡོངས་སུ་གདབ་པར་བྱཿ འདིར་སྨྲས་པཿ རྗེ་བཙུན་ཆེན་པོ་མི་ལ་རས་པ་ཡིཿ སྒྲུབ་ཐབས་ངེས་དོན་སྙིང་པོར་རྗེས་འབྲེལ་བཿ དབང་བསྐུར་དོན་དམ་བདུད་རྩིའི་བུམ་བཟང་འདིཿ བསླུ་མེད་དག་སྣང་རབ་དཀར་གངས་རི་ལསཿ བྱིན་རླབས་ཆུ་རྒྱུན་སྐུལ་བྱེད་འོད་སྟོང་ཅནཿ དད་དམ་ཐོས་བསམ་བསྒོམ་པའི་ནོར་ལྡན་མཆོགཿ གྲོགས་མཆོག་ཟུང་གི་ཐུགས་བཞེད་དོན་ལྡན་ཕྱིརཿ གསལ་བར་བྱས་ལ་བློ་ངན་དྲི་མས་དབེནཿ འོན་ཀྱང་ལོག་ལྟའི་མཁྲིས་ནད་ཁོང་ཞུགས་འགསཿ གངས་ལ་སེར་པོར་མཐོང་ཡང་རང་སྐྱོན་ཙམཿ དེ་ཕྱིར་དངོས་གྲུབ་བསྒྲུབ་ལ་མི་བསླུ་བརཿ ངེས་དོན་སྙིང་པོའི་ལམ་བཟང་འདིར་འཇུག་མཛོདཿ དེ་ལྟར་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་སྒྲུབ་ཐབས་ངེས་དོན་སྙིང་པོ་དང་། འབྲེལ་བའི་བྱིན་རླབས་དབང་གི་རིམ་པ་དོན་དམ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་འདི་ནིཿ རྗེ་བཙུན་ཆེན་པོའི་བྱིན་གྱིས་བརླབས་པའི་དག་སྣང་གི་མཚན་མ་ཁྱད་པར་ཅན་ཐོབ་པ་སྔགས་ཀྱི་རྣལ་འབྱོར་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་སྦྱར་བའི་ཡི་གེའི་གཟུགས་སུ་འབེབ་པར་བྱེད་པ་པུཥྱེ་ཤཱ་ས་དྷ་ན་དྷ་རས་བགྱིས་པའི་དགེ་བས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་རྗེ་བཙུན་ཆེན་པོའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིགཿ དགེའོཿ དགེའོཿ དགེའོཿ

རྨ་བྱ་ཆེན་མོའི་མདུན་བསྐྱེད་སྒྲུབ་ཐབས་དུག་ལྔ་རང་གྲོལ་མནོལ་བཙོག་ཀུན་འཇོམས།

༄༅། །རྨ་བྱ་ཆེན་མོའི་མདུན་བསྐྱེད་སྒྲུབ་ཐབས་དུག་ལྔ་རང་གྲོལ་མནོལ་བཙོག་ཀུན་འཇོམས་བཞུགས། །

བདག་བསྐྱེད་བུམ་བསྐྱེད་སྔོན་དུ་སོང་ནསཿ མདུན་བསྐྱེད་ལ་འཇུག་པ་ནིཿ ཆོ་ག་ལ་དུག་བུམ་གྱི་སྟེང་དུ་གཟིགས་པའི་ཚུལ་དུ་རྨ་བྱ་ལྔ་འཛུགསཿ ཕྱི་རིམ་མཆོད་པ་རྣམ་ལྔས་བསྐོརཿ མ་སྒྱེད་སྟེང་དུ་དྲུག་སྦྲུལ་མགོ་དགུ་དང་ཿ ས་བདག་རུས་སྦལ་ཤྭའི་རྭ་ཅན་བཞགཿ རྫས་རྣམས་ཚང་པར་བྱས་ལཿ མདུན་དུ་དུག་བུམ་མི་དམིགས་པའི་ངང་ལས་ས་དུག་པའི་མཎྜལ་གྲུ་མའི་ནང་དུ་དུག་སྣ་ཚོགས་ཀྱི་མེ་དཔུང་འུར་འུར་འབར་བ་དུག་གི་མེ་སྟག་ཚ་ཚ་ཀུན་ཏུ་འཕྲོ་བཿ དུག་རྫས་ཚང་པ་དེའི་སྟེང་དུ་རྡོ་དུག་མཁར་གོང་གི་སྒྱེད་པུ་གསུམ་གྱི་སྟེང་དུ་ཧ་ལ་ཧ་ལའི་དུག་གི་བུམ་པ་ཡང་ཤིངས་རྒྱ་ཆེ་བ། དུག་སྣ་ཚོགས་ཀྱི་ཆུས་གང་བཿ ཆུ་དུག་ཉལ་ཞག་གི་མགུལ་ཆིངསཿ ཤིང་དུག་སྟག་མའི་ཁ་རྒྱན་ཅན་གྱི་ནང་དུ་དུག་ཆུའི་དབུས་པདྨ་འདབ་བཞིའི་ལྟེར་མཐོང་བའི་དུག་འཇོམས་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་རྨ་བྱའི་མདོངསཿ གཡོན་བདུད་རྩིས་བཀང་བའི་བུམ་པ་བསྣམས། ༼ཀ ༈ ན་མོ། སངས་རྒྱས་ཀྱི་བདེན་པ་དང་། སོགས། ཁྱད་པར་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེ ན་པ་ཆེན་པོའི་སྟོབས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་དུག་ལྔ་དུག་གསུམ་རྨེ་མུག་ནད་གསུམ་ཐབ་གཞོབ་འཁོན་གསུམ་ལས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཕྱུགས་ཀྱི་གོད་ཁ་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་ཞལ་ཟས་ཀྱི་ཚོགས་ཐ་མ་དམིགས་པའི་རྟེན་འདི་ལ་ཁུག་ཅིགཿ ཛཿཧཱུཾ་བཾ་ཧོཿ ཧཱུཾ། དབུས་སུ་བདེ་གཤེགས་རིགས་ཀྱི་ལྷ་མོ་ནིཿ སོགས་ནས། འཕྲིན་ལས་དངོས་གྲུབ་སྟེར་ལ་ཕྱག་འཚལ་བསྟོདཿ རྨ་བྱ་ཆེན་མོའི་ལྷ་ཚོགས་འཁོར་བཅས་ལཿ བསྒོམ་བཟླས་མཆོད་བསྟོད་ཕུལ་བའི་བསོད་ནམས་འདིསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱིཿ ནད་ག དོན་དུག་ལྔ་མ་ལུས་ཞི་བར་མཛོདཿ བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགསཿ དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མེད་དུ་བསམ་མོ། མཆོད་པ་རྒྱས་བསྡུས་གཉིས་ཀ་ལོང་སྐབས་དང་བསྟུན་པའོ། ༼ཁ པ། ཤར་དུ་རེག་པའི་དུག་འཇོམས་མ་སྐུ་མདོག་སྔོན་པོ་གཡས་རྨ་བྱའི་མདོངསཿ གཡོན་བདུད་རྩིའི༴ སོགས་སྔར་བཞིན། ལྷོར་ཁ་རླངས་དུག་འཇོམས་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་སོགས། ནུབ་དུ་འདོད་ཆགས་དུག་འཇོམས་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས༴ བྱང་དུ་ཕྲག་དོག་དུག་འཇོམས་མ་སྐུ་མདོག་ལྗང་མོ་ཞལ་གཅིག་ཕྱག་གཉིས་གཡས་རྨ་བྱའི་མདོངསཿ གཡོན་བདུད་རྩིས་བཀང་བའི་བུམ་པ་བསྣམས་པཿ ཐམས་ཅད་ཀྱང་ཁྲོ་མོའི་གཟུགས་ཅན་ནད་གདོན་དུག་གསུམ་དུག་ལྔ་ལ་སོགས་པ་ཚར་གཅོད་པའི་ཚུལ་དུ་ཞབས་བརྐྱང་བསྐུམ་གྱི་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ༀ་དཀར་པོཿ མགྲིན་པར་ཨཱཿདམར་པོཿ ཐུགས་ཀར་ཧཱུཾ་སྔོན་པོཿ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པའི་རང་བཞིན་གྱི་གནས་ནས་དུག་འཇོ མས་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངསཿ ༀ་མ་ཧཱ་མ་ཡུ་རུ་བིདྱ་ར་ཛྙཱི་ས་པ་རི་ཝ་ར་བཛྲ་ས་མ་ཛ༔ མ་ལུས་སེམས་ཅན་ཀུན་གྱི་ སོགས་ནས་འཇོམས་ལྷ་མོ་འཁོར་བཅས་གཤེགས་སུ་གསོལ༔ གཙོ་མོ་རྨ་བྱ་ཆེན་མོ་དང་༔ དུག་ལྔ་སེལ་མཛད་འཁོར་དང་བཅས༔ འདིར་གཤེགས་སྤྱན་འདྲེན་མཆོད་པ་འབུལ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ༀ་མ་ཧཱ་མ་ཡུ་རུ་བིཏྱ་ར་ཛྙཱི་ས་པ་རི་ཝ་ར་བཛྲ་ས་མ་ཛ༔ ཛ༔ཧཱུཾ་བཾ་ཧོ༔ ཞེས་པས་སྤྱན་དྲངས༔ པདྨ་ཀ་མ་ལ་ཡེ་སྟྭཾ༔ གདན་འབུལ༔ ༀ་མ་ཧཱ་མ་ཡུ་རུ་བིཏྱ་ར་ཛྙཱི་ཨ རྒྷཾ་ནས་ཤཔྟའི་བར་གྱིས་མཆོད༔ ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ༔ ༀ་བཛྲ་སྥོ་ཊ་བཾ༔ ༀ་བཛྲ་གནྜེ་ཧོ༔ སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས༔ ༀ་པཉྩ་ཀུ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཛ ༔ ༀ་པཉྩ་ཀུ་ལ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས་ༀ་སརྦ་ཏ་ཐ་ག་ཏ་ཨཱཿབྷི་ཥེ་སོགས། ཧཱུཾ༔ ཞེས་དབང་བསྐུར་སྐུ་གང་༔ དྲི་མ་དག་ཆུས་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུན་པར་གྱུར༔ དེ་ནས་མཆོད་པ་བྱིན་གྱིས་རླབས་ལ༔ དྲི་མེད་ཡིད་དུ་འོང་བ་ཡི༔ ལྷ་རྫས་བཟང་པོ་ཡོན་ཆབ་འདི༔ རྨ་བྱ་དུག་འཇོམས་རྣམས་ལ་འབུལ༔ ནད་གདོན་བསལ་བར་བཞེས་སུ་གསོལ༔ ༀ་མ་ཧཱ་སོགས། ཨརྒྷཾནས་ཤཔྟའི་གྱིས་ བར་མཆོད༔ བསྟོད་པ་ནི་སྔར་བཞིན། ཧཱུཾ། དབུས་སུ་བདེར་གཤེགས་སོགས། འཕྲིན་ལས་དངོས་གྲུབ་སྟེར་ལ་ཕྱག་འཚལ་བསྟོད༔ རང་གི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་མུམ་ལྗང་ཁུའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་བུམ་པའི་ནང་གི་ལྷ་རྣམས་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་མུམ་གྱི་མཐར་སྔགས་ཀྱི་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་བསྡུས་ནས་བུམ་ནང་གི་ལྷ་ལ་ཐིམ། དེ་རྣམས་ཀྱི་བ་སྤུའི་བུ་ག་ནས་བདུད་རྩིི་བབས་པས་བུམ་པ་གང་བར་གྱུར༔ ༀ་མ་ཧཱ་མ་ཡུ་རུ་སོགས། ༀ་ཕུད་ཕུད་སོགས་ནས་གཟུངས་རིང་མང་དུ་བཟླས མཇུག་ཏུ་ཡིག་བརྒྱ་བརྗོད༔ ༀ་མ་ཧཱ་མ་ཡུ་རུ་ས་པ་རི་ཝ་ར་ཨ་རྒྷཾ་ནས་ ཤཔྟ་པྲ་ཏི་ཙྪ་ཡེ་སྭཱཧཱ༔ ཧཱུཾ། དབུས་སུ་བདེ་གཤེགས་སོགས་བསྟོད༔ ༧རྒྱལ་ཀུན་འཕྲིན་ལས་བཞིན་ལེགས་སྒྱུ་མའི་འཕྲུལ༔ རྨད་བྱུང་རྣམ་པར་ཤར་བ་ལྷ་མོའི་སྐུ༔ དུག་ལྔ་གནས་འགྱུར་ཡེ་ཤེས་ལྔ་ཡི་དངོས༔ རིགས་ལྔའི་ལྷ་མོའི་ཚོགས་ལ་ཕྱག་འཚལ་བསྟོད༔ རྨ་བྱ་ཆེན་མོའི་ལྷ་ཚོགས་འཁོར་བཅས་ལ༔ བསྒོམ་བཟླས་མཆོད་བསྟོད་ཕུལ་བའི་བསོད་ནམས་འདིས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི༔ ནད་གདོན་དུག་ལྔ་མ་ལུས་ཞི་བར་མཛོད༔ དུག་སྦྲུལ་བསྐྱེད་པ་ནི༔ ༀ་མ་ཧཱ་མ་ཡུ་རུ་སོགས། མདུན་དུ་དུག་སྦྲུལ་མི་དམིགས་པའི་ངང་ལས་ཁང་ནག་པོ་ཡོངས་སུ་གྱུར་པ་ལས་ཀླུ་བདུད་དུག་སྦྲུལ་ནག་པོ་མགོ་དགུ་བ་ཤིན་ཏུ་ཆེ་ལ་འཇིགས་ཤིང་རྔམ་པ། ཁ་དགུ་གདངས་ཤིང་མིག་རྣམས་བསྒྲད་པ་མཆེ་བ་བཞི་བཞི་གཙིགས་པ་ལྕེ་སྒྲ་མྱགས་མྱགས་བྱེད་པ་ནད་རིམས་དང་གདོན་བགེགས་རྨེ་བཙོག་མནོལ་གྲིབ་རབ་ཆད་རྨང་འདྲེ་ཆུ་སྲི་མི་ལ་སྤུན་དགུ་པ་བདག་ཀླུ་གཉན་དམེ་གྲིབ་རྔོ་རིགས་དུག་ལྔ་འཇོམས་པའི་གཉེན་པོར་གྱུར༔ དེ་ལས་འོད་ཟེར་སྔོ་དམར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ནད་རིམས་གདོན་བགེགས་ས་བདག་ཀླུ་གཉན་ཐམས་ཅད་ཀྱི་མཐོང་བའི་དུག་དང་༔ རེག་པའི་དུག་དང་ཁ་རླངས་ཀྱི་དུག་དང་བསམ་ངན་གྱི་དུག་དང་སྦྱོར་པའི་དུག་དང་༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དང་སྲུང་མ་རྣམས་ཀྱིས་མི་བཞེད་པའི་རྨེ་བཙོོག་མནོལ་གྲིབ་ངན་པ་ཐམས་ཅད་དང་གནས་ཁང་འདི་དང་འདི་རུ་བཤམས་པའི་མཆོད་རྫས་ཡོ་བྱད་ཐམས་ཅད་ལ་རྨེ་བཙོག་མནོལ་གྲིབ་ཕོག་པ་ཐམས་ཅད་དང་༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི་གདོན་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པའི་གནོད་ཅིང་འཚེ་བར་བྱེད་པའི་རྨེ་བཙོག་མནོལ་གྲིབ་ལ་སོགས་པའི་མི་གཙང་བ་ཐམས་ཅད་བཀུག་ནས་ཁཾ་ལ་ཐིམ་ཁམ་ཡོངས་སུ་གྱུར་པ་ལས་དུག་སྦྲུལ་ནག་པོ་མགོ་དགུ་བ་གཅིག་ཏུ་གྱུར༔ ཡང་ལྷ་ཚོགས་རྣམས་ལས་སྤྲུལ་པའི་ཁྲོ་བོ་ལྕགས་ཀྱུ་ཅན་གྲངས་མེད་པ་དང་རྨ་བྱ་ལྕགས་ཀྱི་སྡེར་མོ་ཅན་དང་ཟངས་ཀྱི་སྡེར་མོ་ཅན་ལ་སོགས་པ་གྲངས་མེད་པ་འཕྲོས་པས་བདག་དང་བསྲུང་བྱ་ལ་གནོད་ཅིང་འཚེ་བར་བྱེད་པ་ཐམས་ཅད་སྡོམ་སྡིག་དང་སྦལ་སྦྲུལ་ཉ་ལྕོང་ཁྱི་ཕག་དང་བྱ་སྤྲེལ་དང་གྲོག་སྦུར་དང་༔ དུད་འགྲོའི་གཟུགས་བརྙན་གྱི་རྣམ་པར་བཀུག་ནས་དུག་སྦྲུལ་གྱི་ཁ་ལ་སིབ་སིབ་ཐིམ་པར་གྱུར་བས་དུག་སྦྲུལ་གྱི་ལྕེ་ཡུག་བྱེད་བཞིན་ཟོས་པར་གྱུར༔ སྔུགས་ནི༔ ཁཾ་ཧ་ལ་ཧ་ལ་ཏྲགས་ཁཾ༔ ཕུ་རུ་ཕུ་རུ་ཏྲགས་ཁཾ༔ ཀུ་ཀུ་ལ་ནི་ཏྲིང་ཐོད༔ སྲིང་སྲིང་ཏྲང་ཏྲང་༔ ལཾ་མཾ་ཀླཾ་ཀླཾ༔ ཡ་མ་བྷ་ཏི་ཐུ་ལུ་ཀུ་ལུ་ཡེ་སྭཱ་ཧཱ༔ མང་དུ་བཟླས༔ ཀྱཻ་ལྷ་རྫས་མཆོད་རྫས་ཡོ་སྤྱད་ཐམས་ཅད་ལ༔ སེར་སྣ་ཕྲི་བསྣན་རྒྱུ་ཆུང་ཕུད་ཉམས་དང༔ ཤི་བའི་རོ་བག་གསོན་པའི་བང་རྨེས་མནོལ༔ དམེ་མོག་མནལ་གསུམ་མཛེ་གྲིབ་དམེ་གྲིབ་མནོལ༔ ཡུགས་ས་རབས་ཆད་ལོང་སྤྲང་ལྐུག་ཏིག༴ ཞ་ལོང་ཐིང་གསུམ་འོན་པ་དམེ་བོས༴ དམ་ཚིག་ཆག་ཉམས་བཀའ་ལོག་སྡོམ་ཤོར༴ མནའ་ཟན་རྐུན་ཇག་སྡིག་ཅན་ཤན་པས༴ དེ་ལ་སོགས་པའི་བཙོག་མནོལ་འབག་སྲིད་ན༔ ཤིང་དུག་སྟག་མ་རྡོ་དུག་མཁར་གོང་དང་༔ ས་དུག་བོང་བ་ཆུ་དུགས་ན་བརྩགས་དང་༔ ལྷུམ་དུག་ཐང་ཁྲོམ་རྩ་དུག་རེ་ལྕག་དང་༔ ཐར་ནུ་ལྡོང་རོས་བོང་ང་ར་དུག་དང་༔ དུག་ཤིང་སྣ་དགུ་བསྲེགས་པའི་དུད་པ་འདིས༔ སྐྱབས་གནས་དཀོན་མཆོག་གསུམ་གྱིས་མི་བཞེད་པའི༔ རྨེ་བཙོག་མནོལ་གྲིབ་དུག་ཕྱུང་ཆབ་ཀྱིས་བསལ༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་མི༴ རྨེ་བཙོག༴ ཡི་དམ་ལྷ་ཚོགས༴ རྨེ༴ མ་དང་མཁའ་འགྲོ་རྣམས་ཀྱིས༴༴ ཕོ་ལྷ་དགྲ་ལྷ་རྣམས་ཀྱིས༴༴ ཆོས་སྐྱོང་སྲུང་མ་རྣམས་ཀྱིས༴༴ ཁྱིམ་ལྷ་ཐབས་ལྷ༴༴ ནོར་ལྷ་གཏེར་བདག་རྣམས་ཀྱི༴༴ དམ་ཅན་དགེ་བསྙེན༴༴ ས་བདག་ཀླུ་གཉན༴༴ མགྲོན་ལྷ་ཟས་ལྷ་གྲོགས་ལྷ༴༴ ས་གཞི་ས་བདག༴༴ གཉན་དང་གཏོད་སྡེ༴༴ ཡུལ་ལྷ་གཞི་བདག༴༴ མཁར་ལྷ་ཁྱིམ་ལྷ༴༴ ཞིང་ལྷ་ཕྱུགས་ལྷ༴༴ ཕུགས་ལྷ་དབང་ལྷ༴༴ རྨེ་བཙོག་མི་གཙང་དྲི་མ་ཐམས་ཅད་ཀུན༔ ཤེལ་དཀར་དྲི་མེད་བཞིན་དུ་དག་གྱུར་ཅིག༔ མེ་ལོང་གཡའ་ཕྱིས་བཞིན་དུ་དག་གྱུར་ཅིག༔ ནམ་མཁའི་གཡའ་དག་བཞིན་དུ་དྭངས་གྱུར་ཅིག༔ རི་མགོའི་སྨུག་པ་བཞིན་དུ་དེངས་གྱུར་ཅིག༔ རྨེ་བཙོག་མནོལ་གྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ དུག་བསྲེགས་ནས་འདི་སྐད་དོ༔ ཀྱཻ༔ དུག་ནག་རིམ་དགུ་བསྲེགས་པའི་དུད་པ་འདིས༔ གནམ་གྱི་ལྷ་དགུའི་མགུལ་ནས་དུག་མར་ཕྱུང་ངོ་༔ བར་སྣང་གཉན་དགུའི་མགུལ༴ ས་འོག་ཀླུ་དགུའི༴ ཨོ་རྒྱན་ཡུལ་གྱི་མགུར༴ བརྒྱུད་པའི་བླ་མ་རྣམས་ཀྱི༴ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི༴ ཡི་དམ་ལྷ་ཚོགས༴ མ་སྲིང་མཁའ་འགྲོ་རྣམས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ རྒྱལ་ཆེན་རྣམས་ཀྱི༴ འཇིག་རྟེན་དཔལ་མགོན་རྣམས་ཀྱི༴ ལྷ་རྒྱུད་སྲུང་མ༴ སློབ་དཔོན་རྒྱུད་ཀྱི་སྲུང་མ་རྣམས་ཀྱི༴ ཕ་མྱེ་རྒྱུད་ཀྱི་སྲུང་མ་རྣམས་ཀྱི༴ རིག་འཛིན་རྒྱུད་ཀྱི་སྲུང་༴ དབེན་གནས་གཉན་པོའི་སྲུང་མ༴ སྔུགས་འཆང་བདག་གི་ལྷ་སྲུང་གཉན་པོ་རྣམས་ཀྱི༴ ནོར་ལྷ་གཡང་ལྷ་རྣམས་ཀྱི༴ རྣལ་འབྱོར་བདག་གི་ཕྲག་ལྷ༴ ཚེ་ལྷ་སྲོག་ལྷ་རྣམས་ཀྱི༴ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོའི་འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་རྣམས་ཀྱི༴ ཚེ་སྲོག་འཚོ་བའི་ལྷ་རྣམས་ཀྱི༴ ཕོ་ལྷ་མོ་ལྷ་ཞིང་ལྷ་རྣམས་ཀྱི༴ ལེའུ་པའི་ལྷ་མགོན་སྐྱོབ་ཀྱི་ལྷ་རྣམས་ཀྱི༴ གཞན་ཡང་སྟོང་གསུམ་འཁོར་ལོས་སྒྱུར་རྒྱལ་ཡུམ་འཛིན་མའི་དབང་མོ་ས་བདག་སའི་ལྷ་མོ་བསྟན་མ་ལ་སོགས་པའི་ས་བདག་རིགས་རྣམས་ཀྱི༴ ནམ་ཟླ་དུས་བཞིའི་རྒྱལ་མོ་བཞི་རྣམས་ཀྱི༴ ཚངས་པ་བརྒྱ་བྱིན་ལ་སོགས་པ་ལྷ་རིགས་རྣམས་ཀྱི༴ ཀླུ་ུརྒྱལ་གཙུག་ན་རིན་ཆེན་ལ་སོགས་པའི་ཀླུ་རིགས༴ གཉན་སྐུ་ལྷ་གེར་མཛོད་ལ་སོགས་པའི་གཉན་རིགས་རྣམས་ཀྱི༴ ཉི་མ་ཟླ་བ་ལ་སོགས་པའི་གཟའི་རིགས་བརྒྱད་རྣམས་ཀྱི༴ གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོ་སྟོང་གསུམ་གྱི་སྟོང་འབྲིང་པོ། སྟོང་གསུམ་གྱི་སྟོང་ཆུང་ངུ་ལ་གནས་པའི་ས་བདག་ཀླུ་གཉན་རྣམས་ཀྱི༴ རི་རབ་ཀྱི་སྟེང་ཤོད་རྒྱ་མཚོའི་མཐའ་དབུས་གསེར་གྱི་རི་བདུན་རོལ་པའི་མཚོ་བདུན། ཕྱིའི་ཟངས་རི་ལྕགས་རི་ལ་གནས་པའི་ས་བདག་ཀླུ་གཉན་རྣམས་ཀྱི༴ སྟོད་མངའ་རི་སྐོར་གསུམ་བར་དབུས་གཙང་རུ་བཞི་ལ་གནས་པའི་ས་བདག༴ སྨད་མདོ་ཁམས་སྒང་གསུམ་ལ༴ ཁྱད་པར་བྱ་རྒོད་ཕུང་རི་ལ༴ རྒྱ་ནག་རི་བོ་རྩེ་ལྔ་ལ༴ བལ་ཡུལ་འཕགས་པ་ཤིང་ཀུན་ལ༴ མོན་ཡུལ་བྱ་རུང་མཆོད་རྟེན༴ སྟོད་གཉན་གངས་དཀར་ཏེ་སེ་ལ༴ མ་ཕམ་གཡུ་མཚོ་སྔོན་མོ་ལ༴ གཉན་ཆེན་ཐང་ལྷ་ཡར་ཞུད་ལ༴ ཡར་འབྲོག་གནམ་མཚོ་ཕྱུག་མོ་ལ༴ རྨ་གཉན་རྨ་རྒྱལ་སྤོམ་ར་ལ༴ མཚོ་སྔོན་ཁྲི་ཤོག་རྒྱལ་མོ་ལ༴ བེ་རི་དུག་མཚོ་ཧ་ལ་ལ༴ སྟོང་རི་མཚོ་ནག་རྔམ་པ་ལ༴ ཙོང་ཁའི་སྐྱེ་རི་མཐོན་པོ་ལ༴ ཏའུ་ཚ་མཚོ་དཀར་མོ་ལ༴ མཚོ་ཆེན་སྐྱ་རིང་སྔོ་རིང་ལ༴ བོད་ཀྱི་རྩེ་ལྷ་བཅུ་གསུམ༴ རྗེའི་མགུར་ལྷ་བཅུ་གསུམ༴ བོད་ཁམས་བསྟན་མ་བཅུ་གཉིས༴ གཉན་ཆེན་སྐུ་ལྷ་གེར་མཛོད་ལ༴ གཉན་པོ་གཡུ་རྩེ་མཐོན་པོ༴ མ་གཉན་ཤ་ཕྲན་སྨུག་པོ་ལ༴ ཡུལ་ཁམས་འདི་ལ་གནས་པའི་གཙང་རིགས་ས་བདག་ཀླུ་གཉན་རྣམས་ཀྱི༴ གཏེར་བདག་ཡུལ་ལྷ་ཟོ་དོར༴ ཞིང་ལྷ་ཚངས་པ༴ ཁྱིམ་ལྷ་གེ་ཐུང་༴ ཐབ་ལྷ་ཡུ་མོ་ཁ་མར་ལྷ་ཟུར་བཞི༴ ནོར་ལྷ་གཡང་ལྷ་དཀོར་བདག༴ ཕོ་ལྷ་མོ་ལྷ༴ སྒོ་ལྷ་བྱེས་ལྷ༴ མགྲོན་ལྷ་ཇག་ལྷ༴ ཚོང་ལྷ་གྲོགས་ལྷ༴ ཁ་འཛིན་རྒྱབ་རྟེན༴ འཇིག་རྟེན་དཔལ་མགོན༴ བཀའ་སྲུང་གཏེར་བདག༴ བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི༴ མཆོད་ཁང་སྒྲུབ་ཁང་ལྷ་དང་སྲུང་མ༴ ལྷ་གཞི་གཏོར་མ་ཤ་ཕུད་ཆང་ཕུད་བདུད་རྩི་བུམ༴ དཀར་གསུམ་མངར་གསུམ་བཀྲ་ཤིས་གཡང་རྟེན་རྣམས་ཀྱི་མགུར་ནས་དུག་མར་ཕྱུང་པོ༔ ཕོ་དམེ་ཅན་གྱིས་མ་མནོལ༔ མོ་དམེ་ནལ་ཅན་གྱིས༴ ཤི་བའི་རོ་བག་གིས༴ གསོན་གྱི་བང་རྨེས་མ་མནོལ༔ དུག་མར་ཕྱུང་ངོ་༔ བསྒྲེན་མར་མནན་ནོ༔ བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མི་ནོར་ཟས་གསུམ་ལ་གནོད་པར་བྱེད་པའི་མི་གཙང་བའི་གྲིབ་ངན་པ་ཕོ་བཙོག་གིས་རྒྱུད་བསྐམས་པ༔ མོ་བཙོག་གིས་གཏིང་སྐམ་པ༔ ཕོ་དམེ་ཅན་གྱི་གྲིབ༔ གྲི་མོ་གྲི་མོ་བསེ་རག་འགོང་པོ་མིའི་ན་ཚ༔ ཕྱུགས་ཀྱི་གོད་ཁ༔ སྲིད་པའི་འདྲེ་དགུ༔ གཙུག་ལག་ཁང་གི་གདོན་བཅུ༔ ཐན་དང་ལྟས་ངན་མི་གཙང་ཉམས་གྲིབ་ཐམས་ཅད་དུག་གི་མར་ཕྱུང་ངོ་༔ དམ་ཚིག་ཉམས་ཆག་ཅི་མཆིས་པ་ཐམས་ཅད་དུག་མར་ཕྱུང་ངོ་༔ ཁྱད་པར་དུ་སྤར་ཁ་བརྒྱད་སྨེ་བ་དགུ་ལོ་རྒན་དྲུག་ཅུ་ཁ་སྲོག་སུམ་ཅུ་གཙུག་ལག་རྩིས་ཀྱི་ས་བདག་རྣམས་ཀྱི་མགུལ་ནས་དུག་མར་ཕྱུང་ངོ་༔ དྲི་བཟང་སྨན་སྣ་ཤིང་སྣ་ཕྱེ་མར་ཟས་ཕུད་ཝའི་ཤ་ཁྲག་རུས་གསུམ་དུག་སྣ་བསྲེགས་པའི་དུད་པ་འདིས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་ཀླུ་གཟའ་སྐར་ས་བདག་ཀླུ་གཉན་ནོར་ལྷ་གཡང་ལྷ་ལོ་ཏོག་གི་ལྷ་རྣམས་ཀྱི་མགུལ་ནས་དུག་མར་ཕྱུང་ངོ་༔ ཆབ་མར་བསོལ་ལོ༔ ནལ་དུག་ཕྱུང་ངོ་༔ དམེ་དུག༴ རོ་བག་གི༴ སྒྲེན༴ དུང་ལས་དཀར་བར་གྱུར་ཅིག༔ གཡུ་ལས་འོད་བཟང་བར༴ མི་གཙང་བ་ཐམས་ཅད་གཙང་བར༴ མ་དག་པ་ཐམས་ཅད་དག་པར༴ མི་ཚང་བ་ཐམས་ཅད་ཚང་བར༴ ཤེལ་དཀར་མེ་ལོང་ཕྱིས་པ་གཞིན་དུ་གསལ་བར་གྱུར་ཅིག༔ དུག་གཏོར་ལ་ཆབ་བྲན་ལ༔ དུག་སྦྲུལ་འོད་དུ་ཞུ་ནས་གདོན་བགེགས་ཤ་ཁྲག་གི་རང་བཞིན་དུ་གྱུར༔ ༀ་ཨཱཿཧཱུཾ༔ ལན་གསུམ་བརྗོད་ནས༔ ལྷ་མོ་ལྔ་དང་ཁྲོ་བོའི་ཚོགས་དང་རྨ་བྱའི་ཚོགས་རྣམས་ཀྱིས་གསོལ་བར་གྱུར༔ ༀ་མ་ཧཱ་མ་ཡུ་རུ་བིཏྱ་ར་ཛྙཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ༀ་ཕུད་ཕུད་སྭཱ་ཧཱ༔ ཨེ་ཀ་བྷི་པ༴ ཨ་བ༴ དེ་ཙོ༴ བྷ་ཡུ༴ ར་ཙ༴ སརྦ༴ དེ་བཱ༴ ན་ག་བྷི༴ ཨ་པུ་ར༴ ག་རུ་ཌ༴ ཀུ་བེ་ར༴ གྷནྡྷེ་ར༴ རཀྵ༴ ཡཀྵ༴ མ་ནུ༴ མ་ནི་སྨ་ར༴ བྷུ་མི་ཝ་ཏི༴ སརྦ་བྲེ་ཏ༴ སརྦ་ཀླེཾ་ཤ༴ ཚིནྡྷ༴ བྷིནྡྷ༴ ད་ཧ༴ ས་ཙ༴ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་བརྗོད་པས་ལྷ་ཚོགས་མཉེས་པར་བསམ་ལ༔ དེ་ནས་ༀ་མ་ཧཱ༴ ཨརྒྷཾ་ནས་ཤཔྟ་པྲ་ཏི་ཙ་ཡེ་སྭཱ་ཧཱ༔ ཧཱུཾ། དབུས་སུ་བདེ་གཤེགས་སོགས་ཀྱིས་བསྟོད༔ དབྱེ་བསལ་བྱེད་ན་སྐབས་འདིར་འཇུག་དེ་ན ས་དུག་སྦྲུལ་རུས་སྦལ་རྣམས་བཤམས་ལ་དུག་བུམ་གྱི་སྒོ་ནས་བཀྲུ་བ་ལ་འདི་སྐད་དོ༔ བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཕྲོས་མདུན་གྱི་དུག་བུམ་ནང་དུག་མཚོ་ཁོལ་མའི་དབུས་སུ་འཇོམས་མ་རིགས་ལྔ་ལ་ཕོག༔ དེ་དག་གི་སྐུ་ལས་སྔགས་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བསྲུང་བྱ་རྣམས་ཀྱི་སྤྱི་གཙུག་ནས་ཞུགས་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་བག་ཆགས་ཉོན་མོངས་པ་ཐམས་ཅད་རྐང་ཞབས་སུ་ཕུད་ནས་མདུན་གྱི་དུག་སྦྲུལ་གྱི་གཟུགས་ལ་ཐིམ་པར་བསམ་ལ། གཞན་ཡང་གནས་ཁང་བང་མཛོད་ནོར་ཕྱུགས་དང་བཅས་པ་ལ་གནོད་པའི་དུག་ལྔ་དུག་གསུམ་མེ་མུག་ནལ་གསུམ་ཐབས་གཞོབ་མཁོན་གསུམ་ལ་སོགས་པ་ཐམས་ཅད་མདུན་གྱི་དུག་སྦྲུལ་གཟུགས་ལ་ཐིམ་པར་གྱུར༔ ཤུག་པ་བསྲེགས་ལ་བསང་དུད་བྱའོ༔ ཀྱཻ་ བདེ་ཆེན་ཆོས་ཀྱི་དབྱིངས་ཀྱི་གནས་མཆོག་ནས༔ རྩ་བརྒྱུད་བླ་མ་རྣམས་ལ་དུག་མི་མངའ༔ འཇིག་རྟེན་སྨེ་དུག་འགྲོན་ཆགས་སེལ་བའི་ཕྱིར༔ རྩ་བརྒྱུད་བླ་མའི་མགུལ་ནས་དུག་མར་ཕྱུང་༔ འོག་མིན་ཆོས་དབྱིངས་རབ་འབྱམས་ཕོ་བྲང་ནས༔ ཡི་དམ་ཞི་ཁྲོའི་ལྷ་ལ་དུག་མི་མངའ༔ འཇིག་རྟེན་སྨེ་དུག་འགྲོན་ཆགས་སེལ་བའི་ཕྱིར༔ ཡི་དམ་ཞི་ཁྲོའི་མགུལ་ནས་དུག་མར་ཕྱུང་༔ ཨོ་རྒྱན་ཡུལ་དང་ཉི་ཤུ་རྩ་ལྔ་ནས༔ མ་མོ་མཁའ་འགྲོ་རྣམས་ལ་དུག་མི༴ འཇིག་རྟེན་སྨེ་དུག་འགྲོན་ཆགས༴ མ་མོ་མཁའ་འགྲོའི་མགུལ་ནས་དུག༴ བསྟན་སྲུང་བསྟན་འཛིན་སྐྱོང་བའི་ཕོ་བྲང་ནས༔ དཔལ་མགོན་ལྕམ་དྲལ་ལྷ་ལ་དུག༴ འཇིག་རྟེན༴ དཔལ་མགོན་བདུན་ཅུའི་མགུལ༴ བཀའ་བསྩལ་ལས་ཀུན་སྒྲུབ་པའི་ཕོ་བྲང་ནས། བཀའ་སྡོད་དམ་ཅན་རྣམས་ལ་དུག༴ འཇིག་རྟེན༴ བཀའ་སྡོད་དམ་ཅན་མགུལ༴ པདྨའི་སྤྱན་སྔར་ཁས་བླངས་དམ་བཅས་པའི༔ གནས་བདག་གཏེར་སྲུང་ཚོགས་ལ་དུག༴ འཇིག་རྟེན༴ གནས་བདག་གཏེར་བདག་མགུལ༴ ༀ་མ་ཧཱ་མ་ཡུ༴ ན་མོ་ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༴ བཅོམ་མོ༔ ༀ་མ་ཧཱ་མ་ཡུ༴ ༀ་ཕུད་ཕུད༴ སྭཱ་ཧཱ༔ དུག་བཅོམ་མོ༔ དུག་ངེས་པར་བཅོམ་མོ༔ སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་བཅོམ་མོ༔ ཆོས་ཀྱི༴ དགེ་འདུན་གྱི༴ རང་སངས་རྒྱས་ཀྱི༴ དགྲ་བཅོམ་པའི༴ ཕྱིར་མི་འོང་པའི༴ ལན་ཅིག་ཕྱིར་འོང་པའི༴ རྒྱུན་ཏུ་ཞུགས་པའི༴ བདེན་པར་སྨྲ་བའི༴ ཚངས་པའི་མེ་དབལ་གྱི༴ དབང་པོའི་ཁྱབ་འཇུག་འཁོར་ལོའི༴ གཤིན་རྗེའི་བན་བོན་གྱི༴ ཆུ་ལྷའི་ཞགས་པའི༴ ལྷ་མ་ཡིན་གྱི༴ ཀླུའི་རིགས་སྔགས༴ དྲག་པོའི་མདུང་རྩེ༴ སྐེུམ་བྱེད་མདུང་ཐུང་༴ རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི༴ དུག་ངེས་པར་བཅོམ་མོ༔ དུག་སའི་ནང་དུ་སོང་ཞིག༔ བདག་དུག་ཐམས་ཅད་དང་༔ བེའུ་ལྟ་བུའི་དུག་དང་། ཧ་ལ་ཧ་ལའི་དུག་དང་༔ ནག་པོ་བརྩེགས་པའི༴ མཆེའི༴ རྩའི༴ ཁ་ཟས་ཀྱི༴ ཕྱེ་མའི༴ ལྟའི༴ གློུག་གི༴ ཕ་སྤྲིན་གྱི༴ སྦྲུལ་དང་། བྱི་བ་དང་། སྲིན་བུ་དང་། ལུ་ཏ༴ ལན་བྷ་བ༴ སྦལ་བ༴ སྦྲང་བུ༴ བུ་བ༴ བ་ཏི་རི༴ དྲེ་ལ་བུ་ཀ༴ རྩའི༴ དྲི་ལ་ཏའི༴ མའི༴ སྡིག་པའི༴ མི་མ་ཡིན་པའི༴ འགོ་བའི༴ སྨན་གྱི༴ རིགས་སྔགས༴ དུག་ལས་བདག་བདེ་ལེགས་སུ་གྱུར་ཅིག༔ ༀ་མ་ཧཱ་མ་ཡུ་རུ་སོགས། དུག་སེལ་མ་ལྷ་ལྔ་འོད་དུ་ཞུ་ནས་ཡེ་ཤེས་ལྔའི་བདུད་རྩིར་གྱུར་པས་བསྲུང་བྱའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་བཀྲུས་པས་ཉོན་མོངས་པའི་དུག་གསུམ་དམེ་མུག་ནལ་གསུམ་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ དེ་ནས་བསྲུང་བྱ་རྣམས་ལ་སྨན་ཆུ་འཐོར་ཞིང་འདི་སྐད་དོ༔ ༀ་མ་ཧཱ་མ་ཡུ་རུ་སོགས་དང་། རྨ་བྱ་ཆེན་མོའི་སྨན་ཆབ་འདིས༔ ས་བདག་ཀླུ་གཉན་ཐམས་ཅད་ཐུལ༔ རབ་ཆད་རྨང་འདྲེ་ནག་པོ༴ ཆུད་སྲི་མི་ལ་སྤུན་དགུ༴ མི་གཙང་མནོལ་གྲིབ་ངན་པ༴ མགོན་སྐྱབས་ལྷ་སྲུང་མནོལ་བ་རྣམས༔ སྨན་ཆབ་འདིས་སེལ་བར་མཛོད༔ ཕུག་ལྷ་གེ་ཐུང་༴ སྨན་ཆབ་འདིས༴ སྒོ་ལྷ་སྟག་གཡག༴ སྨན་ཆབ༴ ཐབ་ལྷ་ཡུ་མོ༴ སྨན༴ ཁྱིམ་ལྷ་ཀེའུ༴ བན་བོན་ལྷ་སྲུང་༴ བཙན་པོའི་ད གྲ་ལྷ༴ སྐྱེས་པའི་ཕོ་ལྷ༴ བུད་མེད་དབང་ཐང་༴ བུའི་གྲོགས་ལྷ༴ བུ་མོའི་ཟས་ལྷ༴ ཕུག་གི་ཡང་ལྷ༴ ཡུལ་ལྷ་གཞི་བདག༴ རབས་ཆད་རྨང་འདྲེ་ནག་པོ་དགུ༔ སྨན༴ ཆུང་སྲི་མི་ལ་སྤུན་དགུ་རྣམས༔ སྨན༴ དམེ་གྲིབ་མཛེ་གྲིབ་རོ་གྲིབ་རྣམས༔ སྨན༴ གོས་གྲིབ་ཟས་གྲིབ་ཡུགས་གྲིབ་རྣམས༔ སྨན༴ ལྷ་སྲིན་སྡེ་བརྒྱད་གདུག་རྩུབ་རྣམས༔ སྨན༴ བྱད་ཁ་ཕུར་ཁ་འཁྱམ་པོ་རྣམས༔ སྨན༴ ནད་རིགས་བཞི་བརྒྱ་རྩ་བཞི་རྣམས༔ སྨན༴ གདོན་རིགས་སུམ་བརྒྱ་དྲུག་ཅུ་རྣམས༔ སྨན༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས༔ སྨན༴ ལྟས་ངན་བརྒྱད་ཅུ་རྩ་གཅིག་རྣམས༔ སྨན༴ གཙོ་བོའི་གདོན་ཆེན་བཅོ་བརྒྱད་རྣམས༔ སྨན༴ བྱིས་པའི་གདོན་ཆེན་བཅོ་ལྔ༴༴ ཆུང་སྲི་ཐེའུ་རང་ཡན་ལག་དགུ༴༴ དགྲ་ཇག་ཆོམ་རྐུན་འཇིགས་པ་རྣམས༔༴ ཁ་འགོང་གྲོག་གཅོད་ངན་པ༴༴ མི་ཁ་བྲ་མཆུ་ངན་པ༴༴ གློུ་གོར་རྔོ་སྣུ་ལྷོག་རིགས༴༴ མི་ཕྱུགས་ནད་གདོན་ཐམས་ཅད༴༴ དུག་སེལ་ལྷ་མོའི་སྟོབས་ཀྱིས་ཐུལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ འདིའི་སྐབས་སུ་ཀླུའི་དུག་ཕྱུང་བར་བྱའོ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ གཏི་མུག་སྒྲིབ་པ་བསལ་བའི་ཕྱིར༔ དབུས་ཕྱོགས་བུམ་པའི་ཁ་ནས་བདུད་རྩི་འབེབ༔ གཏི་མུག་སྒྲིབ་པ་དག་གྱུར་ཅིག༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཞེ་སྡང་སྒྲིབ་པ་བསལ་བའི༴ ཤར་ཕྱོགས་བུམ་པའི་ཁ་ནས་བདུད་རྩི༴ ཞེ་སྡང་སྒྲིབ་པ་དག༴ བདག་ཅག་དཔོན་སློབ༴ ང་རྒྱལ་སྒྲིབ་པ༴ ལྷོ་ཕྱོགས་བུམ་པའི་ཁ༴ ང་རྒྱལ༴ བདག་ཅག༴ འདོད་ཆགས་སྒྲིབ༴ ནུབ་ཕྱོགས༴ འདོད་ཆགས༴ བདག་ཅག༴ ཕྲག་དོག༴ བྱང་ཕྱོགས༴ ཕྲག་དོག༴ འདི་ནི་ཐུགས་རྗེའི་ཡེ་ཤེས་ཆུ༔ ཐུགས་རྗེའི་ཆུ་རྒྱུན་དམ་པ་འདིས༔ སྤྱི་བོའི་གཙུག་དུ་ཁྲུས་གསོལ་བས༔ དུག་ལྔ་དུག་གསུམ་དག་གྱུར་ཅིག༔ ༀ་མ་ཧཱ་སོགས་དང་། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད༴ གདོན་ཐམས་ཅད༴ གྲིབ༴ བྱད༴ བྱུར༴ སྐུལ་བ་ངན་པ༴ ལྟས་ངན་པ༴ དུས་མ་ཡིན་པའི་འཆི་བ༴ གཟའ་དང་རྒྱུ་ུསྐུར་གྱི་གནོད་པ༴ རྒྱལ་པོ་དང་ཆོམ་རྐུན་གྱི་འཇིགས་པ༴ བདུད་ཀྱི་ཞགས་པ་ཐམས་ཅད༴ དམ་ཚིག་ཉམས་པ༴ མནོལ་གྲིབ་དང་མི་གཙང་བ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་ནུས་བཀྲུ་བའོ༔ དེ་ནས་བུམ་ཆུ་ཁར་བཟུང་ལ༔ རྨ་བྱའི་སྒྲོ་དང་རྡོ་རྗེ་ཐོགས་ལ། རྡོ་རྗེ་དང་རྨ་བྱའི་སྒྲོའི་ཆུན་པོ་ལ་གནས་པའི་མུཾ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས་བཀྲུས་པའི་མ་དག་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱབས་ཤིང་དེད་ནས་མདུན་གྱི་དུག་སྦྲུལ་ལ་ཐིམ་པར་གྱུར༔ ༀ་མ་ཧཱ་མ་ཡུ་སོགས་དང་། ཚེ་རབ་འཁོར་བ་ སོགས་ནས་སྔར་ལྟར། མནོལ་གྲིབ་དང་མི་གཙང་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ ལན་གསུམ་བརྗོད། དུག་སྦྲུལ་དང་སྦལ་ཆེན་གཉིས་ལ་བཀའ་བསྒོ་བྱེད་པ་ནི༔ ཧཱུཾ། ཀླུ་ུབདུད་ནག་པོ་མགོ་དགུ་དང་༔ ས་བདག་ནག་པོ་ཤ་རུ་གཉིས༔ དབང་དྲག་པདྨས་བཀའ་བསྒོས་བཞིན༔ བཀའ་དང་དམ་ལས་མ་འདའ་བརཿ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ནད་གདོན་རྣམས་ནི་ཁྱོད་ཀྱིས་ཟོ༔ མནོལ་བཙོག་རྣམས་ནི་ཁྱོད་ཀྱིས་འཐུང་༔ གཏུམ་མོ་ཁྱུང་ཁྲ་དྲག་པོ་དང་༔ རྨ་བྱ་ཆེན་མོས་བཀའ་བསྒོས་བཞིན༔ བདག་དང་ཡོན་བདག་འཁོར་བཅས་ཀྱི༔ ནད་གདོན་གྲིབ་སོགས་ཁྱེར་ལ་སོང་༔ རང་རང་འདུག་པའི་གནས་སུ་སོང་༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ གླུད་དང་དྲི་ཆུ་དཔག་ལ། ན་མོ་སངས་རྒྱས་ཀྱི་བདེན་པ་དང་༔ སོགས་ནས། ཁྱད་པར་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་༔ བདེན་པའི་སྟོབས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་དུག་ལྔ་དུག་གསུམ་རྨེ་མུག་ནལ་གསུམ་ཐབ་གཞོབ་འཁོན་གསུམ་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཕྱུགས་ཀྱི་གོད་ཁ་ཐམས་ཅད་ངར་མི་གླུད་གཟུགས་དྲི་ཆུ་འདིས་ཚིམ་པར་གྱིས་ལ་རང་རང་གནས་སུ་སོང་ཞིག༔ སུཾ་བྷ་ནི་སོགས་ནས། ཨུད་ཙ་ཏ་ཡ་ཕཊ༔ ཕྱི་རོལ་དུ་དོར་དེ་ནས་བཟློག་པ་ནི༔ བྷྱོ༔ རྨ་བྱ་ཆེན་མོ་འཁོར་བཅས་རྣམས༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ༔ དགྲ་དང་བགེགས་ཀྱི་གནོད་པ་བཟློག༔ དེ་ནས་སྲུང་འཁོར་ནི། རང་ཉིད་ལྷར་གསལ་བ་ལས་འོད་ཟེར་རྡོ་རྗེ་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་འཕྲོས་པས་བསྲུང་བྱ་རྣམས་ཀྱི་ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་ཁྱབ་པར་ཤ་སྐྱི་པགས་མཚམས་ཐམས་ཅད་རྡོ་རྗེ་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར༔ ༀ་མ་ཧཱ་མ་ཡུ་ སོགས་ནས་རིམ་པར་གོང་ལྟར་ལ། མནོལ་གྲིབ་དང་མི་གཙང་བ་ཐམས་ཅད་རཀྵ་རཀྵ་ཡེ་སྭཱ་ཧཱ༔ སངས་རྒྱས་རྣམས་ནི་བདུད་ལས་རྒྱལ༔ ཆོས་ནི་ཆོས་མ་ཡིན་ལས་རྒྱལ༔ དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ༔ དབང་པོ་ལྷ་མིན་རྣམས་ལས༴ ལྷ་མིན་ཟླ་བ་རྣམས༴ ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས༴ མེ་ནི་ཤིང་རྣམས་ཀུན་ལས༴ ཆུ་ནི་མེ་ལས་རྒྱལ་གྱུར་ཏེ༔ རླུང་ནི་སྤྲིན་ལས་རབ་རྒྱལ་ཏེ༔ རྡོ་རྗེ་ཡིས་ནི་རིན་ཆེན་ཕུག༔ ལྷ་རྣམས་བདེན་པར་རབ་ཏུ་འཇུག༔ ས་ཡང་བདེན་པ་རབ་དུ་གནས༔ སངས་རྒྱས་དང་ནི་ཆོས་ཀྱང་བདེན༔ བདེན་པ་རྒྱལ་གྱུར་རྫུན་མ་ལགས༔ བདེན་པ་དང་བདེན་པའི་ཚིག་འདི་དག་གིས་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་རིག༔ ཛ་ཡ་ཛ་ཡ་སིདྡྷི་སིདྡྷི་ཕ་ལ་ཧོ༔ རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་༔ དུག་སེལ་རྨ་བྱ་ཆེན་མོའི་ནུས་མཐུ་ཡིས༔ འགྲོ་བ་འདི་རྣམས་བདག་གིས་བསྲུངས་ཟིན་གྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག༔ སངས་རྒྱས་ཀུན་གྱི་སྟོབས་གང་དང་༔ དགྲ་བཅོམ་རྣམས་ཀྱི་གྲགས་གང་དང་༔ དེ་བཞིན་གཤེགས་པའི་གཟི་བརྗིད་ཀྱིས༔ ངེས་ནི་བདེ་གཤེགས་འགྱུར་བྱའོ༔ ཅེས་པའང་རྨ་བྱ་ཆེན་མོའི་སྒྲུབ་ཐབས་དུག་ལྔ་རང་གྲོལ་ཞེས་བྱ་བ་འདི་ཉིད༔ པདྨ་འབྱུང་གནས་ཀྱི་མཛད་པའི་དམར་ནག་རཀྟ་ཁ་བསྐངས་ཤིང་། མདོར་བསྡུས་པ་འདི་འང་རང་གཞན་ནད་གདོན་བཙོག་གྲིབ་ལྷ་སྲུང་ཁྲོས་པའི་འཁུ་ལྡོག་སྡིག་སྒྲིབ་བར་ཆད་ཀུན་སེལ་བར་བྱ་བའི་དོན་དུ༔ རྫོགས་ཆེན་ཀུན་བཟང་གཞན་ཕན་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག༔

ལྷ་མོ་རྨ་བྱ་ཆེན་མོའི་་་་

༄༅། །ལྷ་མོ་རྨ་བྱ་ཆེན་མོའི་སེལ་ལྕགས་དང་སེལ་རྡོ་དཀར་ནག་སྨན་ཤིང་དུག་ཤིང་ཁྲུས་ཆུ་དཀར་ནག་རྣམས་རིམ་པར་བསགས་ལ་དུག་ལ་མེ་སྦར་ལ་ཆབ་བྲན་ཏེ༔ སྭཱ་བྷ་ཝ་སོགས་ནས། སྟོང་པའི་ངང་ལས་བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་འབྲུ་དྲུག་སྤྲོས་ཏེ་སེལ་རྫས་རྣམ་མི་གཙང་དམེ་གྲིབ་དུག་ལྔ་བཙོག་མནོལ་གྲིབ་ཐམས་ཅད་འཇོམས་པའི་ནུས་ལྡན་ཏུ་གྱུར༔ རཾ་ཡཾ་ཁཾ༔ ༀ་ཨཱ༔ ཧཱུཾ༔ ལན་གསུམ་བརྗོད༔ ཧཱུཾ། དུག་འདུལ་རྨ་བྱ་ཆེན་མོ་ཡི༔ དུག་གི་ཚ་དབལ་ནག་པོ་འདི༔ དུག་ནི་དུག་གི་གཉེན་པོ་ཡིན༔ དུག་ལྔ་འཇོམས་པའི་གཉེན་པོར་གྱུར༔ ༀ་མ་ཧཱ་མ་ཡུ་རུ་བིཏྱ་ར་ཛ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ བརྗོད་ལ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ དེ་དག་འཇིག་རྟེན་དུག་གསུམ་སྟེ༔ དཀོན་མཆོག་གསུམ་ལི་དུག་མི་མངའ༔ མཆོག་གསུམ་བདེན་པས་དུག་བཅོམ་མོ༔ རྨ་བྱ་ཆེན་མོའི་བདེན་པའི་མཐུས༔ དུག་རྣམས་མ་ལུས་འཇོམས་སུ་གསོལ༔ ཀྱཻ༔ སྟེང་གི་ལྷ་འོག་གི་ཀླུ་སྟེང་འོག་བར་གསུམ་གྱི་ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པ་ཅན་ལྷ་ཀླུ་ཡུལ་ལྷ་གཞི་བདག་རྣམས་ཀྱི་མགུལ་ནས་དུག་མར་ཕྱུང་ངོ་༔ ཆབ་མར་བསལ་ལོ༔ དེ་རིང་དུག་རིགས་སྣ་དགུ་བསྲེགས་པ་ཡི༔ དུག་གི་ཚ་ཚ་ནག་པོ་འདིས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གནོད་བྱེད་འདྲེ་གདོན་ཁ་འགོང་གྲོག་གཅོད་མི་ཁ་བྲ་མཆུ་ངན་པ་རྣམས་སེལ་གྱིས་བསལ་ལོ་དུག་གིས་སྦྱོང་ངོ་༔ གནོད་བྱེད་རྒྱལ་འགོང་དམ་སྲི་མོ་འདྲེ་ཐེའུ་རང་སྟོང་སྦལ་དམར་མཆིས་འགབ་འདྲེ་འགོང་པོ་སྤུན་དགུ་ས་བདག་ཀླུ་གཉན་ཕོ་སྲི་མོ་སྲི་བྱིས་པའི་གདོན་ཆེན་བཅོ་ལྔ་ཆུ་སྲིན་རབ་ཆད་ནག་པོ་ལྟས་ངན་ཆོ་འཕྲུལ་ངན་པ་ཐམས་ཅད་སེལ་གྱི༴ གཞན་ཡང་གནའ་འདྲེ་རྙིང་བ་ད་འདྲེ་གསར་བ་ཡུལ་འདྲེ་འཁྱམ་པོ་ཕོ་ཕྱོགས་ཀྱི་རུས་འདྲེ་མོ་ཕྱོགས་ཀྱི་ཉེ་འདྲེ་ཤག་རོགས་ཀྱི་མཛའ་འདྲེ་རྨང་འདྲེ་དབུལ་འདྲེ་ངན་པ་རྣམས་སེལ་གྱིས་བསལ་ལོ་དུག་གིས་སྦྱོང༴ ཚོང་དང་གྲོག་ལ་འགོང་པའི་འགོང་འདྲེ་མི་ཕོའི་བློ་འགོང་རྟ་ཕོའི་བང་འགོང་བཞོན་མའི་མཐེབ་འགོང་འོ་ཞོ་མར་ཆུར་བཟའ་བཏུང་ལོངས་སྤྱོད་ལ་འགོང་བའི་འགོང་འདྲེ་ངན་པ་རྣམས་སེལ་གྱིས༴༴ གཞན་ཡང་དགྲ་ཇག་ཆོམ་རྐུན་བསམ་ངན་སྦྱོར་རྩུབ་མིའི་སྲིད་ཉམས་པ་ཕྱུགས་ཀྱི་གཡང་ཉམས་པ་ཟས་ཀྱི་བཅུད་འཕྲོག་པ་མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་ངན་པ་ཐས་ཅད་སེལ་གྱིས༴ རྒྱུ་ནོར་ཡོན་གྱི་བདག་པོ་ལ་གནོད་བྱེད་དྲ་མོ་དྲི་མོ་དམེ་དྲི་མདའ་གྲི་མདུང་གྲི་མཚོན་གྲི་གཏིབ་གྲི་ལ་སོགས་དྲི་བོ་མིང་སྲིང་བཅོ་བརྒྱད་རྣམ་ཤེས་སེལ་གྱིས༴ ཁྱད་པར་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་གནམ་ལོ་སྲོག་ལུས་དབང་ཐང་རླུང་རྟ་བླ་ཚེ་སྨེ་བ་སྤར་ཁ་ངན་པ་རྣམས་སེལ་གྱིས༴ ལོ་དགྲ་ལོ་གཤེད་ལོ་བདུད་ངན་པ༴ ལོ་ཀག་ཟླ་ཀག་ཞག་ཀག་ཉི་ཟླ་གཟའ་སྐར་ཞག་དུས་ངན་པ་རྣམ་སེལ་གྱིས༴ བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱིི་དགྲ་གཟུགས་མེད་ཀྱི་བགེགས་ཚེ་ལེན་གྱི་བདུད་བར་ཆད་ཀྱི་རྐྱེན་འཆི་བདག་གི་བདུད་ལ་སོགས་པ་མི་མཐུན་པའི་རྐྱེན་ངན་པ་ཐམས་ཅད་དུག་གི་ཚྭ་ཚ་མེ་དབལ་དྲག་པོ་འདིས་སེལ་གྱིས༴ སྨེ་བཙོག་མནོལ་གྲིབ་ངན་པ་ཐམས་ཅད་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ དེ་ནས་ཁྲམ་ཐོགས་ལ༔ ཧཱུཾ། བདག་ཉིད་རྨ་བྱ་ཆེན་མོ་ཡིས༔ ནག་པོ་ཀླུ་ལ་ཁྲམ་གཏད་བྱ༔ ལྷ་ཀླུ་གཤིན་རྗེའི་ཁྲམ་ཁ་དང་༔ ཕ་རོལ་བྱད་ཕུར་རྦོད་གཏོང་སོགས༔ ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ སྒྱུར་ཅིག་ཟློགས་ཤིག་ས་མ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཁྲམ་བསྒྱུར་ལན་གསུམ་བྱའོ༔ དེ་ནས་རྡོ་ནག་སྣོད་དུ་བླངས་ལ་ཆབ་བྲན་ཏེ༔ རཾ་ཡཾ་ཁཾ༔ ༀ་ཨཱཿཧཱུཾ༔ ལན་གསུམ་བརྗོད་ལ། ཧཱུཾ། ལྷ་མོ་རྨ་བྱ་ཆེན་མོ་ཡི༔ སྦྱོང་བྱེད་དྲག་པོའི་རྡོ་ནག་འདི༔ མནོལ་བཙོག་འཇོམས་པའི་སྤུ་གྲི་ཡིན༔ དྲག་པོའི་རྡོ་ནག་འབར་བའི་སྟེང་༔ ཡེ་ཤེས་དུག་ཆུ་ནག་པོས་བཀྲུས༔ དུག་ནག་ཧ་ལ་ནག་པོས་ཕྱིས༔ མི་གཙང་རྨེ་མནོལ་དག་པར་མཛོད༔ ༀ་མ་ཧཱ་མ་ཡུ་རུ་བིཏྱ་ར་ཛ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ཅི་མང་བརྗོད་ལ༔ ཧཱུཾ། རྨ་བྱ་ཆེན་མོའི་མཐུ་ནུས་ཀྱིས༔ དེ་རིང་བདག་དང་ཡོན་བདག་གི༔ དུག་ལྔ་རྨེ་བཙོག་མནོལ་གྲིབ་རྣམས༔ རྡོ་ནག་འབར་བའི་ཁྲུས་ཀྱིས་གཞོམ༔ སེལ་གྱིས་བསལ་ལོ་དུག་གིས་སྦྱོང་༔ དམེ་གྲིབ་འཁོན་གྲིབ་ནལ་ཡུགས་གྲིབ༔ ཞ་ལོང་འོན་ལྐུག་ཉམས་གྲིབ་དང་༔ ཐབ་གཞོབ་འཁོན་གསུམ་བཙོག་མནོལ་རྣམས༔ རྡོ་ནག་འབར་བའི༴ སེལ་གྱིས༴ རོ་གྲིབ་གོས་གྲིབ་ཟས་གྲིབ་དང་༔ སྡིག་གྲིབ་བང་གྲིབ་རབས་ཆད་གྲིབ༔ མི་གཙང་མནོལ་གྲིབ་ངན་པ་ཀུན༔ རྡོ་ནག༴ སེལ་གྱིས༴ ཕོོ་ཡི་ཚེ་ལ་གནོད་པ་དང་༔ མོ་ཡི་མངལ་ལ་གནོད་པ་དང་༔ སྒོ་ནོར་ཟས་ལ་གནོད་པ་སོགས༔ རྡོ་ནག་འབར་བའི༴ སེལ་གྱིས༴ ཚེ་དཔལ་བསོད་ནམས་ལོངས་སྤྱོད་དང་༔ ཁ་རྗེ་དབང་ཐང་ལ་གནོད་པའི༔ ཁ་འགོང་གྲོག་གཅོད་ངན་པ་རྣམས༔ རྡོ་ནག༴ སེལ་གྱིས༴ རྨང་འདྲེ་དབུལ་འདྲེ་ངན་པ་དང་༔ རུས་འདྲེ་ཉེ་འདྲེ་འཛའ་འ དྲེ་དང་༔ གནའ་འདྲེ་ད་འདྲེའི་གནོད་པ་རྣམས༔ རྡོ་ནག༴ སེལ་གྱིས༴ ན་ངོ་འཆི་ངོ་རྨས་ངོ་དང་༔ དགྲ་ངོ་གྱོད་ངོ་རྐུན་ངོ་དང་༔ མི་ཁ་བྲ་མཆུ་ངན་པ་རྣམས༔ རྡོ་ནག༴ སེལ་གྱིས༴ མོ་རྩིས་རྨི་ངན་ལྟས་ངན་དང་༔ མུག་འདྲེ་གང་སྟོང་བྱེད་པ་དང་༔ བྱད་ཁ་སྡེ་བརྒྱད་འཁྲུགས་པ་རྣམས༔ རྡོ་ནག༴ སེལ་གྱིས༴ ལྷ་ཀླུ་གནས་ཁང་ཐམས་ཅད་དང་༔ འགྲོ་ལམ་འདུག་ལམ་ཐམས་ཅད་ནས༔ ཡུལ་འདྲེ་འཁྱམ་པོ་ལངས་པ་རྣམས༔ རྡོ་ནག༴ སེལ་གྱིས༴ གཞན་ནས་ཟས་གོས་ནོར་རྫས་དང་༔ ལོངས་སྤྱོད་སོགས་ཀྱི་རྗེས་འབྲང་བའི༔ གནའ་འདྲེ་ཐབ་འདྲེའི་གནོད་པ་རྣམས༔ རྡོ་ནག༴ སེལ་གྱིས༴ ཞོ་ལད་ཆང་ལད་མར་ཆུར་ལད༔ ཕྱེ་སྟོང་ཐབ་ཟངས་ལོག་པ་སོགས༔ བཙོག་མནོལ་བཙོག་འགོང་ངན་པ་རྣམས༔ རྡོ་ནག༴ སེལ༴ ཐབ་ནང་སྦལ་སྦྲུལ་བསྲེགས་པ་དང་༔ སྐྲ་ཤིག་སྣབས་ལུད་བསྲེགས་པ་དང་༔ མ་རིག་དབང་གིས་མནོལ་ཤོར་རྣམས༔ རྡོ་ནག༴ སེལ༴ བྱད་ཕུར་ནད་རིམས་ཡམས་སྣ་དང་༔ ནད་གདོན་བར་ཆད་དགྲ་བགེགས་རྣམས༔ མི་མཐུན་གནོད་པའི་རྐྱེན་རྣམས་ཀུན༔ རྡོ༴ སེལ༴ མི་གཙང་བཙོག་གྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ དེ་ནས་རྡོ་དཀར་སོགས་སྣོད་དུ་བླངས་ལ་ཆབ་བྲན། རཾ་ཡཾ་ཁཾ༔ ༀ་ཨཱཿཧཱུཾ༔ ལན་གསུམ། ཧཱུཾ། ལྷ་མོ་རྨ་བྱ་ཆེན་མོ་ཡི༔ ཞི་བྱེད་ལྷ་རྡོ་དཀར་པོ་འདི༔ གཙང་བ ཙོག་འབྱེད་པའི་ལྡེ་མིག་ཡིན༔ མཁར་གོང་ལྷ་རྡོ་དཀར་པོའི་སྟེང་༔ གཙང་མའི་ལྷ་ཆབ་དཀར་མོས་བཀྲུས༔ ལྷ་ཤིང་སྨན་ཤིང་ཚོགས་ཀྱིས་ཕྱིས༔ མི་གཙང་རྨེ་མནོལ་དག་པར་མཛོད༔ ༀ་མ་ཧཱ་མ་ཡུ་སོགས་བརྗོད་ལ༔ ཧཱུཾ། བདག་ཅག་ཡོན་མཆོད་འཁོར་དང་བཅས ༔ མ་རིག་འཁྲུལ་རྟོག་གིས་བླངས་བས༔ ལྷ་དང་སྲུང་མ་མནོལ་བ་རྣམས༔ ལྷ་རྡོ་དཀར་པོའི་ཁྲུས་ཀྱིས་བསང་༔ སེལ་གྱིས་བསལ་ལོ་དབྱིངས་སུ་དག༔ ལུས་ལྷ་ཕྲག་ལྷ་ཁྱིམ་ཐབ་ལྷ༔ ཟས་ལྷ་གྲོག་ལྷ་གོ་བའི་ལྷ༔ ནོར་ལྷ་གཡང་ལྷ་མནོལ་བ་རྣམས༔ ལྷ་རྡོ༴ སེལ༴ མགྲོན་ལྷ་བྱིས་ལྷ་མོ་སྨན་ལྷ༔ ཕོ་ལྷ་དགྲ་ལྷ་མགོན་སྐྱབས་ལྷ༔ ཡུལ་ལྷ་གཞི་བདག་མནོལ་བ་རྣམས༔ ལྷ་རྡོ༴ སེལ༴ སྲོག་ལུས་དབང་ཐང་རླུང་རྟ་དང་༔ ལོ་ཟླ་ཞག་དུས་ཟླ་ཚེས་ལྷ༔ སྨེ་ལྷ་སྤར་ལྷ་མནོལ་བ་རྣམས༔ ལྷ་རྡོ༴ སེལ༴ གཞན་ཡང་ཚེ་དཔལ་བསོད་ནམས་ལྷ༔ བཟང་བྱེད་མགོན་བྱེད་ཐམས་ཅད་ཀུན༔ མ་རིག་དབང་གིས་མནོལ་བ་རྣམས༔ ལྷ་རྡོ༴ སེལ༴ མི་གཙང་རྨེ་བཙོག་ཐམས་ཅད་གཙང་ས་ལེ་སངས་ངེ་ཡེ་སྭཱ་ཧཱ༔ བཀྲ་ཤིས།

རྨ་བྱ་ཆེན་མོའི་སྒྲུབ་ཐབས་ཀྱི་ཆོ་ག་དུག་ལྔ་རང་གྲོལ།

༄༅། །རྨ་བྱ་ཆེན་མོའི་སྒྲུབ་ཐབས་ཀྱི་ཆོ་ག་དུག་ལྔ་རང་གྲོལ་བཞུགས་སོ། །

རྨ་བྱ་ཆེན་མོའི་སྐུ་ལ་ཕྱག་འཚལ་ལོ༔ མནོལ་བཙོག་ཀུན་འཇོམས་རྨ་བྱ་ཆེན་མོའི་དུག་འཇོམས་ཀྱི་ཆོ་ག་ཉམས་སུ་ལེན་པ་ལ༔ དང་པོ་གསོལ་འདེབས་ནི༔ ༀ་སྭཱ་སྟི༔ རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས༔ རིག་འཛིན་པདྨ་འབྱུང་གནས་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་སྐུ་ངར་བྱིན་གྱིས་རློབས༔ རང་རང་སོ་སོའི་གནས་མཆོག་དམ་པ་ནས༔ རྨ་བྱ་ཆེན་མོ་འཁོར་དང་བཅས་པ་ལ༔ གསོལ་བ༴ ཐུགས་རྗེའི་འགྲོ་དོན་རྒྱུན་ཆད་མེད་པའི་སྐུ༔ འཇིགས་པ་བརྒྱད་སྐྱོབ་ལྷ་ཚོགས་འཁོར་བཅས་ལ༔ གསོལ་བ༴ ས་བདག་ཀླུ་གཉན་གདུག་པ་འདུལ་མཛད་པ༔ དུག་སེལ་ལྷ་མོ་རྨ་བྱ་རིགས་ལྔ་ལ༔ གསོལ་བ༴ འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་དང་༔ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ༔ གསོལ༴ བསྒོམ་བཟླས་མཆོད་བསྟོད་གསོལ་བ་བཏབ་པའི་མཐུས༔ ཚེ་འདིར་བགེགས་དང་བར་ཆད་ཞི་བ་དང་༔ ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང་༔ རྨ་བྱ་ཆེན་མོའི་གོ་འཕང་མྱུར་ཐོབ་ཤོག༔ གཉིས་པ་སྐྱབས་སུ་འགྲོ་བ་ན ི༔ ཧཱུཾ༔ དཔལ་ལྡན་བླ་མ་པདྨ་འབྱུང་༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ དུག་སེལ་རྨ་བྱ་ཆེན་མོ་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ བདག་གཞན་འགྲོ་བ་ཀུན་དོན་དུ༔ ངེས་པའི་དོན་དུ་སེམས་བསྐྱེད་པའི༔ རྨ་བྱ་ཆེན་མོ་འདི་བསྒྲུབས་པས༔ བདག་གཞན་བླ་མེད་ཡོངས་སྒྲོལ་ཤོག༔ ཧཱུཾ། རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ འདོད་ཆགས་བྲལ་བའི་ཆོས་རྣམས་དང་༔ ཚོགས་ཀྱི་ཞིང་གྱུར་དགེ་འདུན་ལས ༔ དད་པའི་སེམས་ཀྱིས་སྐྱབས་སུ་མཆི༔ བྱང་ཆུབ་མཆོག་གི་རང་བཞིན་ཅན༔ སེམས་ཅན་ཀུན་ལ་ཁྱད་པར་བྱས༔ མ་རྟོགས་འཁོར་བར་འཁྱམས་པ་ཡི༔ དེ་དག་དོན་དུ་སེམས་བསྐྱེད་དོ༔ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག༔ ཀུན་ཀྱང་སྡུག་བསྔལ་རྒྱུ་དང་བྲལ་གྱུར་ཅིག༔ སྡུག་བསྔལ་མེད་པའི་བདེ་དང་ལྡན་གྱུར་ཅིག༔ ཆགས་སྡང་མེད་པའི་བཏང་སྙོམས་གནས་གྱུར་ཅིག༔ ཏྲཾ། ན་མོ་བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་རབ་ཏུ་བརྒྱན༔ རིན་ཆེན་འོད་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔ རྨ་བྱ་ཆེན་མོ་འཁོར་དང་བཅས་ལ་འབུལ༔ ཏྲཾ་གུ་རུ་རཏྣ་མཎྜལ་པུ་ཛ་མེ་གྷ་ས་མིན་ཏྲ་སྥ་ར་ན་ས་མ་ཡ་ཧཱུཾ༔ བཀའ་བསྒོ་བ་ལ་རྨ་བྱ་ཆེན་མོའི་ང་རྒྱལ་བརྟན་པ་དང་། གཏོར་མ་བྱིན་གྱིས་བརླབ་པ་དང་བཀའ་བསྒོ་བ་ལ་དང་པོ་ལྷའི་རྣལ་འབྱོར་གསལ་གདབ་པ་ནི། ༀ་མ་ཧཱ་མཱ་ཡུ་རི་བིཏྱ་རཱ་ཛྙཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ རང་སྐད་ཅིག་གིས་རྨ་བྱ་ཆེན་མོ་དུག་སེལ་མ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་མ༔ གཡས་རྨ་བྱའི་སྒྲོ་མདོངས་ཐོགས་པ༔ གཡོན་མནོལ་བཙོག་ཀུན་འཇོམས་བདུད་རྩིའི་བུམ་པ་འཛིན་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པའི་ཚུལ་དུ་བཞུགས་པ༔ འཇིག་རྟེན་ཁམས་ཀྱི་དུག་ལྔ་རྨེ་བཙོག་མནོལ་གྲིབ་མི་གཙང་དམེ་གྲིབ་འགབ་སྲི་འགབ་འདྲེ་གྲིབ་སྲི་གྲིབ་འདྲེ་ལྷ་སྲིན་སྡེ་བརྒྱད་གདོན་ཆེན་བཅོ་ལྔ་ཆུང་སྲི་མི་ལ་སྤུན་དགུ་ས་བདག་ཀླུ་གཉན་ཐམས་ཅད་འཇོམས་པའི་བདག་ཉིད་ཅན་དུ་གྱུར༔ བགེགས་གཏོར་བྱིན་གྱིས་བརླབ་པ་ནི༔ སྭ་བྷ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ལས་གཏོར་མ་ལྷའི་ཞལ་ཟས་འདོད་ཡོན་ལྔའི་རང་བཞིན་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ༀ་ཨཱཿཧཱུཾ༔ ལན་གསུམ་བརྗོད༔ རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བདག་ཅག་འཁོར་བཅས་ཀྱི་ཚེ་དང་བསོད་ན མས་ལ་བར་དུ་གཅོད་པའི་བགེགས་རྣམས་བཀུག་པར་བསམ་ལ་ༀ་སརྦ་བིགྷན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་བསྔོས་ལ་གཉིས་པ་བཀའ་བསྒོ་བ་ནི༔ ཧཱུཾ། རྨ་བྱ་ཆེན་མོ་ཐུགས་ཁྲོས་ནས༔ གནོད་བྱེད་འབྱུང་པོ་བགེགས་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ བགེགས་ཀྱིི་གཏོར་མ་འདི་ཁྱེར་ལ༔ དེ་བས་འདི་རུ་མ་འདུག་པར༔ རང་རང་སོ་སོའི་གནས་སུ་དེངས༔ ༀ་སུཾབྷ་སོགས་དང་། སྲུང་འཁོར་ནི། ཧཱུཾ། རྨ་བྱ་ཆེན་མོའི་ཐུགས་ཀ་ནས༔ དཀར་སེར་དམར་ལྗང་མཐིང་འོད་འཕྲོས༔ རྡོ་རྗེ་ཕུར་བ་གྲི་གུག་གི༔ འཁོར་ལོ་མེ་དཔུང་གུར་གྱིས་གཏམས༔ གནོད་བྱེད་མི་མིན་བགེགས་ཀྱི་ཚོགས༔ དུག་སེལ་བཀའ་ལས་མ་འདའ་ཞིག༔ བཛྲ་ཀི་ལི་ཀི་ལ་ཕེ་ལཾ་ཤོ་ཥ་ན་ཙཀྲ་ཛྭ་ལ་རཾ་རཀྵ་ཧཱུཾ་ཕཊ༔ བྱིན་འབེབས་ནི༔ ཧཱུཾ། རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་ལས༔ སྟོང་པའི་ཆོས་རྣམས་ཡེ་ཤེས་རང་སྣང་བ༔ རྨ་བྱ་ཆེན་མོ་འཁོར་དང་བཅས་རྣམས་ཀྱིས༔ དབང་དང་བྱིན་རླབས་མཐུ་དང་དངོས་གྲུབ་སྩོལ༔ ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨ༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ༀ་ཨཱ༔ཧཱུཾ༔ སྭཱ་བྷ་ཝས་སྦྱངས། རཾ་ཡཾ་ཁཾ་གིས་མཆོད་གཏོར་རྣམས་མ་དག་པའི་ཚོགས་བསྲེགས་གཏོར་བཀྲུས༔ སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་མཆོད་པ་རྣམས་ནམ་མཁའ་གང་བར་སྤེལ་བར་བསམ་ལ། ཨརྒྷཾ་ནས་ཤཔྟའི་བར་བརྗོད༔ ༀ་སརྦ་པཉྩ་ཨམྲྀ་ཏ་ཧཱུཾ༔ ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ༔ ༀ་མ་ཧཱ་བ་ལིཾ་ཏ་ཧཱུཾ༔ དཀྱིལ་འཁོར་བསྐྱེད་པ་ནི། ༀ་སྭཱ་བྷ་ཝ་སོགས་ནས་ཧཾ༔ བདག་དང་དཀྱིལ་འཁོར་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་ཀྱི་སྟེང་དུ༔ རང་གི་སེམས་ཉིད་མུཾ་ལྗང་ཁུ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཀྱི་དོན་བྱས་ཚུར་འདུས་མུས་ལ་ཐིམ་དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་ཁུ་ཞལ་གསུམ་ཕྱག་དྲུག་མ༔ རྩ་བའི་ཞལ་ལྗང་གུ༔ དེའི་གཡས་ཞལ་དཀར་བ༔ གཡོན་ཞལ་དམར་བ༔ ཕྱག་གཡས་ཀྱི་དང་པོ་ན་རྨ་བྱའི་མདོངས༔ གཉིས་པར་མདའ༔ གསུམ་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ༔ གཡོན་གྱི་དང་པོ་ན་རིན་པོ་ཆེའི་སྙེ་མ་གཉིས་པར་གཞུ། གསུམ་པས་བུམ་པ་འཛིན་པ། དར་སྣ་ཚོགས་ཀྱི་སྟོད་གཡོག་དང་ཤམ་ཐབས་ཅན༔ རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་གཏི་མུག་དུག་སེལ་མ་མཐོང་བའི་དུག་འཇོམས་མ་སྐུ་མདོག་དཀར་མོ་གཡས་རྨ་བྱའི་མདོངས ༔ གཡོན་ཤེལ་གྱི་བུམ་པ་བདུད་རྩིས་བཀང་བ་བསྣམས་པ༔ མགྲིན་པར་འདོད་ཆགས་དུག་སེལ་མ་བསམ་པའི་དུག་འཇོམས་མ་སྐུ་མདོག་དམར་པོ་གཡས་རྨ་བྱའི་མདོངས༔ གཡོན་པདྨ་ར་གའི་བུམ་པ་བདུད་རྩིས་བཀང་བ་བསྣམས་པ༔ སྙིང་གར་ཞེ་སྡང་དུག་སེལ་མ་རེག་པའི་དུག་འཇོམས་མ་སྐུ་མདོག་སྔོན་མོ་གཡས་རྨ་བྱའི་མདོངས༔ གཡོན་བཻཌཱུཪྱའི་བུམ་པ་བདུད་རྩིས་བཀང་བ་བསྣམས་པ༔ ལྟེ་བར་ང་རྒྱལ་དུག་སེལ་མ་ཁ་རླངས་དུག་འཇོམས་མ་སྐུ་མདོག་སེར་མོ་གཡས་རྨ་བྱའི་མདོས༔ གཡོན་གསེར་གྱི་བུམ་པ་བདུད་རྩིས་བཀང་བ་བསྣམས་པ༔ གསང་གནས་སུ་ུཕྲག་དོག་དུག་སེལ་མ་སྦྱོར་བའི་དུག་འཇོམས་མ་སྐུ་མདོག་ལྗང་གུ༔ གཡས་རྨ་བྱའི་མདོངས༔ གཡོན་ཨིནྜ་ནི་ལའི་བུམ་པ་བདུད་རྩིས་བཀང་བ་བསྣམས་པའོ༔ ལྔ་གའང་རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ༔ པདྨ་ཟླ་བའི་གདན་དུ་དཀྱིལ་དཀྲུང་གིས་བཞུགས་པ༔ དེ་དག་གི་དཔྲལ་བར་ༀ་དཀར་པོ༔ མགྲིན་པར་ཨ་དམར་པོ༔ ཐུགས་ཀར་ཧཱུཾ་སྔོན་པོ༔ ཐུགས་ཀའི་མུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དུག་སེལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས༔ ༀ་མ་ཧཱ་མ་ཡུ་རུ་ས་པ་རི་ཝ་ར་བཛྲ་ས་མ་ཛ༔ ཧཱུཾ། མ་ལུས་སེམས་ཅན་སོགས་དུག་སེལ་ལྷ་མོ་འཁོར་བཅས་གཤེགས་སུ་གསོལ༔ ༀ་མ་ཧཱ་མ་ཡུ་རུ་ས་པ་རི་ཝཱ་ར་བཛྲ་ས་མ་ཛ༔ ཛཿཧཱུཾ་བཾ་ཧོ༔ ཞེས་སྤྱན་དྲངས༔ ༀ་པདྨ་ཀ་མ་ལ་ཡ་སྟྭཾ༔ བཞུགས་གསོལ་ནི། ཧཱུཾ། མཁའ་ལྡིང་ཁྱུང་ཁྲ་དྲག་པོ་དང ༔ རྨ་བྱ་ཆེན་མོ་འཁོར་དང་བཅས༔ ཡིད་འཕྲོག་རིན་ཆེན་སྣ་ཚོགས་སྟེང་། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ༀ་མ་ཧཱ་མ་ཡུ་རི་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུཾ། བླ་མེད་གསང་བའི་བདག་པོ་དང་༔ མཁའ་ལྡིང་བྱ་ཁྱུང་གྷ་རུ་ཊ༔ རྨ་བྱ་ཆེན་མོ་འཁོར་བཅས་ལ༔ བདག་ནི་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙ་ཛ་ཧོཿ མཆོད་པ་བྱིན་གྱིས་བརླབ་པ་ནི། ༀ་བཛྲ་ཨ་མྲྀ་སོགས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་མ ཆོད་པ་རྣམས་ནམ་མཁའ་གང་བར་སྤེལ་བར་གྱུར་བར་བསམ། ཨརྒྷཾ་ནས་ ཤཔྟ་ཨ་ཧཱུཾ༔ འཇིག་རྟེན་ཁམས་འདིར་མཐའ་ཡས་ན༔ མཆོད་ཡོན་ཇི་སྙེད་ཡོད་པ་རྣམས༔ དུག་སེལ་འཁོར་དང་བཅས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ༀ་མ་ཧཱ་མ་ཡུ་རུ་ས་པ་རི་ཝ་ར་ཨརྒྷཾ་པ་ཏྱཾ་ སོགས་ནས་ཤ་པྟའི་བར་སྤ་ར་ན་ཨ་ཧཱུཾ༔ དེ་བཞིན་དུ་མཆོད། རྒྱལ་སྲིད་རིན་ཆེན་སྣ་བདུན་དང་༔ ངོ་མཚར་བཀྲ་ཤིས་རྫས་བརྒྱད་དང་༔ གདུགས་དང་རྒྱལ་མཚན་ལ་སོགས་པའི༔ མཆོད་པའི་བྱེ་བྲག་ཇི་སྙེད་དང་༔ བླ་ན་ཡོད་དང་བླ་མེད་པ༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ བཞེས་ནས་དངོས་གྲུབ་བདག་ལ་སྩོལ༔ གཞན་ཡང་གཟུགས་མཛེས་སྒྲ་སྙན་དང་༔ ཡིད་འོང་དྲི་དང་མངར་བའི་རོ༔ འཇམ་པའི་རེག་བྱ་སྣ་ཚོགས་འདི༔ འདོད་ཡོན་ལྷ་མོའི་མཆོད་པ་ཡིས༔ རྨ་བྱ་དུག་སེལ་འཁོར་བཅས་ཀྱིས༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ༀ་ན་མ་སརྦ་ཏ་ཐ་ག་ཏ་པཉྩ་ཀ་མ་ཀུ་ན་པུ་ཙི་ཏེ་ཨཱ་ཧཱུཾ༔ ཧཱུཾ། རིག་སྔགས་རྒྱལ་མོ་རྨ་བྱ་ཆེན་མོ་ནི༔ སྐུ་མདོག་ལྗང་ལ་ཞལ་གསུམ་ཕྱག་དྲུག་མ༔ གཡས་དཀར་གཡོན་དམར་དབུས་ཞལ་ལྗང་གུ་མ༔ དོན་གྲུབ་སྐུ་མཆོག་མངའ་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་དང་པོ་རྨ་བྱའི་མདོངས་འཛིན་ཅིང་༔ བར་བས་མདའ་དང་འོག་མས་མཆོད་སྦྱིན་མཛད༔ སྤྱི་བོའི་གཙུག་ན་རིགས་བདག་དོན་གྲུབ་བཞུགས༔ ཕྲིན་ལས་གཞན་དོན་མཛད་ལ་ཕྱག་འཚལ་བསྟོད༔ ཕྱག་ག ཡོན་དང་པོས་ཡིད་བཞིན་ནོར་བུ་དང་༔ བར་མས་གཞུ་འཛིན་འོག་མས་བུམ་པ་བསྣམས༔ སྣ་ཚོགས་རྒྱན་སྤྲས་ཞི་བའི་ཉམས་དང་ལྡན༔ ཐུགས་རྗེས་འགྲོ་ཀུན་སྐྱོབ་ལ་ཕྱག་འཚལ་བསྟོད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ༔ འདོད་ཆགས་ཞེ་སྡང་གཏི་མུག་དང་༔ ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ༔ དུག་ལྔ་འཇོམས་ལ༴ བདེ་གཤེགས་ཀུན་གྱི་འཕྲིན་ལས་མ༔ ཞི་རྒྱས་དབང་དྲག་རྫོགས་མཛད་མ༔ བདུད་སྡེ་དཔུང་བཅས་འདུལ་མཛད་མ༔ དུག་སེལ་མ་ལ་ཕྱག་འཚལ་བསྟོད༔ མ་ལྟར་ཐམས་ཅད་སྐྱོང་མཛད་མ༔ སྒྲིབ་གཉིས་བག་ཆགས་སྦྱོང་མཛད་མ༔ རྣམ་རྟོག་བཙོག་གྲིབ་སེལ་མཛད་མ༔ དུག་སེལ་མ་ལ་ཕྱག་འཚལ་བསྟོད༔ བཟླས་པའི་རིམ་པ་ནི༔ རང་གི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་མུཾ་ལྗང་གུའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་བྱིན་རླབས་ནུས་མཐུ་གཟི་བརྗིད་ཐམས་ཅད་བསྡུས་ནས་བདག་དང་ཡོན་བདག་ལ་ཐིམ་པས་ནད་གདོན་སྡིག་གྲིབ་ཐམས་ཅད་ཞི་བར་གྱུར། ༀ་མ་ཧཱ་མ་ཡུ་རི་བིཏྱ་ར་ཛྙཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ མང་དུ་བཟླས་པའི་མཇུག་ཏུ༔ ༀ་ཕུད་ཕུད་སྭཱ་ཧཱ༔ ཨེ་ཀ་བྷི་ས་ཕུད་ཕུད་སྭཱ་ཧཱ༔ ཨ་བ་བྷི་ས༴ དེ་ཛོ་བྷི༴ དེ་བ༴ བྷཡུ༴ ར་ཙ༴ ན་ག༴སརྦ་ཡང་ཟེར། ཨ་སུ་ར༴ ག་རུ་ཌ༴ ཀུ་བེ་ར་༴ གྷནྡྷ༴ སརྦ༴ རཀྵ༴ ཡཀྵ༴བྷི་ས། མ་ནུ༴ མ་ནུ་སྨ་ར༴ བྷི་མི་པ་ཏི༴ སརྦ་བྲེ་ཏ༴ སརྦ་ཀླེཾ་ཤ་བྷཾ་པ༴ ཚིནྡྷི་ཚིནྡྷ་ཧཱུཾ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ༴ ད་ཧ་ད་ཧ༴ པ་ཙ་པ་ཙ་ཧཱུཾ་ཕཊ༔ ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭ་ཧཱ༔ སརྦ་བྷི་པ་ཨ་པ་ན་ཡེ་ཧཱུཾ་ཕཊ་སྭཱ་ཧཱ༔ ཅི་ནུས་བཟླའོ༔ དེ་ནས་ཡི་གེ་བརྒྱ་པ་བཟླས་པས་ལྷག་ཆད་ཁ་བསྐངས ༔ ༀ་མ་ཧཱ་མ་ཡུ་རུ་པ་སོགས། ཨགྷཾ་ནས་ཤཔྟའི་བར་གྱིས་མཆོད༔ དེ་ནས་བསྟོད་པ་ནི༔ རྨ་བྱ་དུག་སེལ་ཆེན་མོ་ནི༔ ཞལ་གསུམ་ཕྱག་དྲུག་ཞི་བའི་སྐུ༔ གཡས་དཀར་གཡོན་དམར་དབུས་ཞལ་ལྗང་༔ དུག་གསུམ་དབྱིངས་སུ་དག་པའི་རྟགས༔ ཕྱག་མཚན་སྣ་ཚོགས་བསྣམས་པ་ནི༔ དུག་རྣམས་མ་ལུས་འཇོམས་པ་དང་༔ ནད་རྣམས་མ་ལུས་སེལ་བ་དང་༔ དངོས་གྲུབ་མ་ལུས་སྟེར་བའི་རྟགས༔ རྨ་བྱ་དུག་སེལ་ཆེན་མོ་ལ༔ ཕྱག་འཚལ་བསྟོད་དེ་མཆོད་པ་འབུལ༔ རིག་སྔགས་རྒྱལ་མོ་མཐུ་མོ་ཆེ༔ ལྷ་མོ་རྨ་བྱ་ཆེན་མོ་ནི༔ ཨུཏྤལ་ལྟ་བུའི་མདངས་ལྡན་མ༔ ཐམས་ཅད་ལྷ་མོ་ཁྱོད་ཀྱིས་འཇོམས༔ སྐུ་མདོག་ལྗང་གུ་འོད་འཕྲོ་མ༔ རབ་ཏུ་མཛེས་པའི་གཟི་མདངས་ཅན༔ འབྱུང་པོ་ཐམས་ཅད་ཟ་བ་མོ༔ ལྷ་མོ་ཁྱོད་ལ་བདག་བསྟོད་དོ༔ བདག་དང་ཡོན་བདག་འཁོར་བཅས་ཀྱི༔ འཇིགས་པའི་ནད་དང་གནོད་པ་དང་༔ བར་དུ་གཅོད་པའི་བགེགས་རིགས་རྣམས༔ ཐམས་ཅད་ཁྱོད་ཀྱིས་འཇོམས་དུ་གསོལ༔ ལྷ་མོ་ཁྱོད་བསྒྲུབ་བདག་ཅག་ལ༔ འཁྲུགས་པའི་ནད་རིམས་ཐམས་ཅད་དང་༔ གདོན་དང་བགེགས་རིགས་མ་ལུས་པ༔ དུག་རྣམས་ཐམས་ཅད་བཅོམ་དུ་གསོལ༔ བདག་བསྐྱེད་རིམ་པར་སོང་ནས༔ བུམ་བསྐྱེད་ཀྱི་ཆོ་ག་ནི་ས་སྟེགས་གྲུ་བཞིའི་སྟེང་དུ༔ རྡུལ་ཚོན་གྱིས་པདྨ་འདབ་བཞི་བྲིས་པའི་དབུས་སུ༔ བུམ་པ་བཅུད་དང་ལྡན་པ༔ དུང་ཆོས་གཟུངས་རྡོར་ཁ་རྒྱན་དང་བཅས་པ་བཤམས་ལ་བསང་སྦྱང་བྱ༔ ༀ་བཛྲ་སོགས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ཞབས་ཞུམ་པ༔ ལྟོ་བ་ཆེ་བ༔ མགྲིན་པ་ཕྲ་བ༔ མཆུ་འཕྱང བ༔ ལྷའི་གོས་ཀྱིས་མགྲིན་པ་དཀྲིས་པ༔ དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ༔ ནང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ་ལྷ་རྣམས་ཀྱི་གནས་སུ་པདྨ་དང་ཟླ་བའི་གདན་རེ་རེའི་སྟེང་དུ་དབུས་སུ་གཏི་མུག་དུག་འཇོམས་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་དྲུག་མ༔ རྩ་ཞལ་དཀར་བ༔ གཡས་སྔོ༔ གཡོན་དམར༔ ཕྱག་གཡས་ཀྱི་དང་པོ་ན་རྨ་བྱའི་མདོངས༔ བར་མ་ན་མདའ༔ ཐ་མས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ༔ གཡོན་གྱི་དང་པོ་ན་འཁོར་ལོ༔ བར་མ་ན་གཞུ༔ ཐ་མ་ན་བུམ་པ་བསྣམས་པའོ༔ དེའི་ཤར་དུ་ཞེ་སྡང་དུག་སེལ་མ་སྐུ་མདོག་སྔོན་མོ་ཞལ་གསུམ་ཕྱག་དྲུག་མ༔ རྩ་ཞལ་སྔོ་བ༔ གཡས་དཀར་གཡོན་དམར་བ༔ ཕྱག་གཡས་ཀྱི་དང་པོ་ན་རྨ་བྱའི་སྒྲོ༔ བར་མ་ན་མདའ༔ ཐ་མས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ༔ གཡོན་གྱི་དང་པོ་ན་རྡོ་རྗེ༔ བར་མ་ན་གཞུ༔ ཐ་མ་ན། བུམ་པ་བསྣམས་པའོ༔ ལྷོར་ང་རྒྱལ་དུག་སེལ་མ་སྐུ་མདོག་སེར་མོ་ཞལ་གསུམ་ཕྱག་དྲུག་མ༔ རྩ་ཞལ་སེར་བ༔ གཡས་དཀར་གཡོན་དམར་ཕྱག་གཡས་ཀྱི་དང་པོ་ན་རྨ་བྱའི་སྒྲོ༔ བར་མ་ན་མདའ༔ ཐ་མས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ༔ གཡོན་གྱི་དང་པོ་ན་རིན་པོ་ཆེའི་སྙེ་མ༔ བར་མ་ན་གཞུ༔ ཐ་མ་ན་བུམ་པ་འཛིན་པའོ༔ ནུབ་ཏུ་འདོད་ཆགས་དུག་སེལ་མ་སྐུ་མདོག་དམར་མོ་ཞལ་གསུམ་ཕྱག་དྲུག་མ༔ རྩ་ཞལ་དམར་བ༔ གཡས་སྔོ༔ གཡོན་དམར་བ༔ ཕྱག་གཡས་ཀྱི་དང་པོ་ན་རྨ་བྱའི་སྒྲོ༔ བར་མ་ན་མདའ༔ ཐ་མས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ༔ གཡོན་གྱི་དང་པོ་ན་པདྨ༔ བར་མ་ན་གཞུ༔ ཐ་མ་ན་བུམ་པ་འཛིན་པའོ༔ བྱང་དུ་ཕྲག་དོག་དུག་སེལ་མ་སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་མ༔ རྩ་ཞལ་ལྗང་བ༔ གཡས་དཀར༔ གཡོན་དམར་བ༔ ཕྱག་གཡས་ཀྱི་དང་པོ་ན་རྨ་བྱའི་སྒྲོ༔ བར་མ་ན་མདའ༔ ཐ་མས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ༔ གཡོན་གྱི་དང་པོ་ན་རྒྱ་མ༔ བར་མ་ན་གཞུ༔ ཐ་མ་ན་བུམ་པ་འཛིན་པའོ༔ དེ་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཅིང་༔ ཞབས་རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་པའོ༔ དེ་ཐམས་ཅད་ཀྱི་དཔྲལ་བར་ༀ་དཀར་པོ༔ མགྲིན་པར་ཨཱ་དམར་པོ༔ ཐུགས་ཀར་ཧཱུཾ་སྔོན་པོ༔ ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དུག་སེལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས༔ ༀ་མ་ཧཱ་མ་ཡུ་རུ་བིཏྱ་རཱ་ཛྙཱི་ས་པ་རི་ཝ་ར་ས་མ་ཛ༔ མ་ལུས་སེམས་ཅན་ཞེས་སོགས། དུག་སེལ་ལྷ་མོ་འཁོར་བཅས་གཤེགས་སུ་གསོལ༔ གཙོ་མོ་རྨ་བྱ་ཆེན་མོ་དང་༔ དུག་ལྔ་སེལ་མཛད་འཁོར་དང་བཅས༔ འདིར་གཤེགས་སྤྱན་འདྲེན་མཆོད་པ་འབུལ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ༀ་མ་ཧཱ་མ་ཡུ་རི་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཞེས་གསུངས་ཤིང་བུམ་པའི་ཆུའི་ལྷག་མ་ཡར་ལུད་པ་ལས་གཏི་མུག་དུག་སེལ་མ་ལ་རྣམ་པར་སྣང་མཛད༔ ཞེ་སྡང་དུག་སེལ་མ་ལ་མི་བསྐྱོད་པ༔ ང་རྒྱལ་དུག་སེལ་མ་ལ་རིན་ཆེན་འབྱུང་ལྡན༔ འདོད་ཆགས་དུག་སེལ་མ་ལ་འོད་དཔག་མེད༔ ཕྲག་དོག་དུག་སེལ་མ་ལ་དོན་ཡོད་གྲུབ་པས་དབུ་ུརྒྱན་པར་གྱུར༔ མཆོད་པ་གོང་ལྟར་བྱིན་གྱིས་བརླབས་ ལ༔ ༀ་ཨཱཿ ཧཱུཾ། སྭ་བྷ་ཝས་སྦྱངས་ རཾ་ཡཾ་ཁཾ་གིས་མཆོད་གཏོར་རྣམས་མ་དག་བའི་ཚོགས་བསྲེགས་གཏོར་བཀྲུས༔ སྟོོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་མཆོད་པ་རྣམས་ནམ་མཁའ་གང་བར་སྤེལ་བར་བསམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འཇིག་རྟེན་འདི་དང་འཇིག་རྟེན་གཞན་དག་ན༔ མཆོད་ཡོན་བྱེ་བྲག་ཇི་སྙེད་ཡོད་པ་རྣམས༔ རྨ་བྱ་ཆེན་མོ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་ཉོན་མོངས་དུག་ལྔ་བསལ་ནས་ཀྱང་༔ ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ༀ་མ་ཧཱ་མ་ཡུ་རུ་བིཏྱ་ར་ཛ་སོགས་ནས་ ཤཔྟའི་བར་གྱིས་མཆོད༔ དེ་ནས་བསྟོད་པ་ནི༔ ཧཱུཾ། དབུས་སུ་བདེ་གཤེགས་རིགས་ཀྱི་ལྷ་མོ་ནི༔ སྐུ་མདོག་དཀར་མོ་ཆོས་དབྱིངས་ཡེ་ཤེས་སྐུ༔ གཏི་མུག་དུག་སེལ་མཐོང་བའི་དུག་འཇོམས་མ༔ སྐུ་ུཡི་དངོས་གྲུབ་སྟེར་ལ་ཕྱག་འཚལ་བསྟོད༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ལྷ་མོ་ནི༔ སྐུ་མདོག་སྔོན་མོ་མེ་ལོང་ཡེ་ཤེས་སྐུ༔ ཞེ་སྡང་དུག་སེལ་རེག་པའི་དུག་འཇམས། ཐུགས་ཀྱི་དངོས་གྲུབ་སྟེར༴ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ལྷ་མོ་ནི༔ སྐུ་མདོག་སེར་མོ་མཉམ་ཉིད་ཡེ་ཤེས་སྐུ༔ ང་རྒྱལ་དུག་སེལ་ཁ་རླངས་དུག་འཇོམས་མ༔ ཡོན་ཏན་དངོས་གྲུབ་སྟེར༴ ནུབ་ཕྱོགས་པདྨ་རིགས་ཀྱི་ལྷ་མོ་ནི༔ སྐུ་མདོག་དམར་མོ་ཀུན་རྟོགས་ཡེ་ཤེས་སྐུ༔ འདོད་ཆགས་དུག་སེལ་བསམ་པའི་དུག་འཇོམས་མ༔ གསུང་གི་དངོས་གྲུབ་སྟེར༴ བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ལྷ་མོ་ནི༔ སྐུ་མདོག་ལྗང་མོ་བྱ་གྲུབ་ཡེ་ཤེས་སྐུ༔ ཕྲག་དོག་དུག་སེལ་སྦྱོར་བའི་དུག་འཇོམས་མ༔ འཕྲིན་ལས་དངོས་གྲུབ་སྟེར་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ བཟླས་པ་ནི༔ རང་གི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་མུཾ་ལྗང་ཁུའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་བུམ་པའི་ནང་གི་ལྷ་རྣམས་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་མུཾ་གྱི་མཐར་སྔགས་ཀྱི་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་བསྡུས་ནས་བུམ་ནང་གི་ལྷ་ལ་ཐིམ། དེ་རྣམས་ཀྱི་བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར༔ ༀ་མ་ཧཱ་མ་ཡུ་སོགས། ༀ་ཕུད་ཕུད་སོགས། བདག་བསྐྱེད་ལྟར་བཟླས་བརྗོད་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས། ཐུན་མཚམས་གཏོར་མ་བསྔོ་བ་ནི་གཏོར་མ་བསངས་སྦྱངས་བྱས་ལ༔ སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེ་བའི་སྣོད་ཡངས་ཤིང་རྒྱ་ཆེའི་ནང་དུ་ༀ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར༔ སྔུགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ༔ ༀ་མ་ཧཱ་མ་ཡུ་རུ་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་གསུམ་གྱིས་ཕུལ༔ ༀ་མ་ཧཱ་སོགས་ནས་ཤ པྟའི་བར་གྱིས་མཆོད། བསྟོད་པར་བྱའོ༔ ཚོགས་རྫས་བྱིན་བརླབས་འདི་ལྟར་བྱ༔ ཧཱུཾ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་རྣམས༔ ཉེས་སྐྱོན་དྲི་མ་ཀུན་བསལ་ནས༔ ༀ་ཨཱཿཧཱུཾ་གིས་བདུད་རྩིར་བསྒྱུར༔ རཾ་ཡཾ་ཁཾ་ༀ་ཨཱཿཧཱུཾ༔ ཚོགས་ལྷ་སྤྱན་འདྲེན་ནི༔ ཧཱུཾ། རང་རང་སོ་སོའི་གནས་མཆོག་ནས༔ རྨ་བྱ་ཆེན་མོ་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་ཚོགས་རྫས་རྣམས༔ བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩོལ༔ ཚོགས་ཕུད་འབུལ་བ་ནི༔ ཧཱུཾ། རྨ་བྱ་ཆེན་མོ་འཁོར་བཅས་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་ག་ན་ཙཀྲ་པུ་ཙ་ཧོ༔ བར་བ་བཤགས་པ་ནི༔ ཧཱུཾ། གཏུམ་པོ་ཁྱུང་ཁྲ་རྨ་བྱ་ཆེན་མོ་ལ༔ མ་རིག་དབང་གིས་ལོག་ལྟ་ཅི་མཆིས་པ༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོས་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཧོ༔ ཐ་མར་བསྒྲལ་བ་ནི༔ ཨཻ་དྲག་ཁཾ་ཁུག་ཛ༔ དེ་ནས་བདེན་སྟོབས་གང་ཤེས་འགུགས་པ་བྱ༔ ཧཱུཾ། གཏུམ་མོ་ ཁྱུང་ཁྲ་དྲག་རྩལ་ཅན༔ དུག་འཇོམས་མཁའ་འགྲོའི་འཁོར་གྱིས་བསྐོར༔ རྡོ་རྗེ་གྲི་གུག་ལྕགས་ཕུར་དང་༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མདའ་གཞུ་རལ་གྲི་སྒྲོ་མདོངས་ཐོགས༔ རབས་ཆད་རྨང་འདྲེ་ནག་པོ་དང་༔ གནོད་བྱེད་ཆུང་སྲི་མནོལ་བཙོག་གྲིབ༔ ས་བདག་ཀླུ་གཉན་ནག་ཕྱོགས་རྣམས༔ མགོ་བོ་ཚལ་བ་བརྒྱ་རུ་ཁོས༔ ལུས་ནི་དུམ་བུ་སྟོང་དུ་གཏུབས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ གོང་བཞིན་དྲག་སྔགས་བརྗོད་ལ་སྦལ་ཆུང་སྦྲུལ་ཆུང་བསྒྲལ༔ བསྟབ་པ་བྱ་བ་ནི༔ ཧཱུཾ། གཏུམ་མོ་ཁྱུང་ཁྲ་རྨ་བྱ་ཆེན་མོའི་ཚོགས༔ རང་རང་གནས་ནས་སྐུར་བཞེངས་ཤིག༔ དམ་ཉམས་དགྲ་བགེགས་སྡིག་ཅན་དང་༔ ཀླུ་གཉན་ས་བདག་ནག་ཕྱོགས་ཀྱི༔ དུག་ལྔ་བསྒྲལ་བའི་ཕུང་པོ་འདི༔ ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ བཞེས་ཤིག་ལྷག་མ་མེད་པར་མཛོད༔ འདིའི་བར་ལ་བསྐང་བཤགས་རྡོ་རྗེའི་ཐལ་གླུ་འདོན་པར་བྱའོ༔ སྒོས་བསྐང་ནི༔ ཧཱུཾ། གཏུམ་མོ་ཁྱུང་ཁྲ་རྨ་བྱ་ཆེན་མོ་རྣམས༔ མཐུན་པའི་དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐང་ལ་དབང་དང་དངོས་གྲུབ་སྩོལ༔ ལྷག་མ་བསྔོ་བ་ནི༔ ཨ་ཀ་རོས་བྱིན་གྱིས་བརླབས་ལ༔ བསྔོ་བ་ནི༔ ཧཱུཾ། རྨ་བྱ་ཆེན་མོའི་དཀྱིལ་འཁོར་འདིར༔ གནས་པའི་དབང་ཕྱུག་གིང་ལིང་སོགས༔ ལྷག་ལ་དབང་བ་ཐམས་ཅད་ཀྱིས༔ འདོད་དགུའི་ལྷག་གཏོར་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་རྒྱུན་གྱི་གསོལ་ཁ་སོགས་འདོན་པར་བྱའོ༔ ཐུགས་དམ་བསྐུལ་བ་ནི༔ བྷྱོ༔ རྨ་བྱ་ཆེན་མོ་འཁོར་བཅས་ཀྱིས༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམས༔ མྱུར་དུ་འགྲུབ་པའི་ཐུགས་དམ་བསྐུལ༔ དེ་ནས་ཆད་ཐོ་བསྒྲག་པ་ནི༔ ཧཱུཾ། སྔོུན་ཚེ་འདས་དང་མ་བྱོན་ད་ལྟར་གསུམ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ རྨ་བྱ་ཆེན་མོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་གཏད་དམ་བཅས་སྡེ་བརྒྱད་གཏོར་མ་ལོངས༔ གང་བཅོལ་བསྒྲུབ་པའི་ཕྲིན་ལས་གྲུབ་པར་མཛོད༔ བསྟན་མ་སྐྱོང་བ་ནི༔ ཧཱུཾ། པདྨའི་བཀའ་ཉན་བོད་སྐྱོང་བའི༔ མ་སྲིང་བསྟན་མ་ཡང་འཁོར་རྣམས༔ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བྲོ་བརྡུང་བ་ནི༔ ཧཱུཾ། རྨ་བྱ་ཆེན་མོའི་བྲོ་བརྡུངས་པས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ བྲོ་བརྡུང་ཙམ་གྱིས་མ་འདའ་ཞིག༔ མནན་འོག་འདི་ནས་མ་ལྡང་ཅིག༔ ནམ་ཡང་ལྡང་མི་ནུས་པར་ཤོག༔ སྟྭཾ་བྷ་ཡ་ནན༔ དངོས་གྲུབ་བླང་བ་ནི༔ ཧཱུཾ། རྨ་བྱ་ཆེན་མོ་འཁོར་བཅས་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་བསྒྲུབ་པའི་འབྲས༔ མཆོག་ཐུན་དངོས་གྲུབ་མ་ལུས་པ༔ ད་ལྟ་བདག་ལ་སྩལ་དུ་གསོལ༔ ༀ་མ་ཧཱ་མ་ཡུ་རི་བིཏྱ་ར་ཛྙཱི་ཧཱུཾ་ཧཱུཾ་བཛྲ་ཀ་ཡ་ཝ་ཀྐ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུཾ་ཨཱ༔ ནོངས་བཤགས་ནི༔ ཧཱུཾ། རྨ་བྱ་ཆེན་མོའི་དཀྱིལ་འཁོར་དུ༔ མཆོད་རྫས་མ་ཚང་སྒྲུབ་གཡེལ་བ༔ ཏིང་འཛིན་བྱིང་རྨུགས་འཐིབ་ལ་སོགས༔ འགལ་འཁྲུལ་ཉམས་ཆག་བཤགས་པར་བགྱི༔ ཡིག་བརྒྱ་བརྗོད༔ ཉེར་བསྡུ་ནི༔ ༀ་ཁྱེད་ཀྱིས༴ སོགས། མཛད་དུ་གསོལ༔ བཛྲ་མུཾ་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་མུཾ་ཡིག་ལ་བསྡུ༔ མུཾ་མི་དམིགས་པའི་ངང་ལ་བཞག་གོ༔ བསྔོ་སྨོན་ནི༔ ཧོ། དུས་གསུམ་དགེ་ཚོགས་ཅི་བགྱིས་པ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ བདག་སོགས་འདིར་འདུས་བཅས་པ་རྣམས༔ དཀྱིལ་འཁོར་གཅིག་ཏུ་སངས་རྒྱས་ཤོག༔ བཀྲ་ཤིས་ནི༔ ཧོ། བཅོམ་ལྡན་རྨ་བྱ་ཆེན་མོའི་བྱིན་རླབས་དང་༔ བསྟན་སྲུང་ཆོས་སྐྱོང་སྲུང་མའི་བདེན་པའི་མཐུས༔ བདེ་སྐྱིད་ཕུན་ཚོགས་འབྱུང་བའི་བཀྲ་ཤིས་ཤོག༔ གཏུམ་པོ་ཁྱུང་ཁྲ་ཁྲོ་བོ་ཁྲོ་མོའི་ཚོགས༔ དྲེགས་པ་ཀུན་འདུལ་འཁོར་བཅས་བཀྲ་ཤིས་ཤོག༔ རྨ་བྱ་ཆེན་མོ་རྨང་འདྲེ་འདུལ་བའི་མཆོག༔ དུག་སེལ་ལྷ་མོའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ བཀྲ་ཤིས་བརྗོད་ལ་མེ་ཏོག་འཐོར༔ ཅེས་དུག་འཇོམས་ཆོ་ག་འདི་ནི་རྫོགས་ཆེན་ཀུན་བཟང་གཞན་ཕན་གྱིས་སྨྲས་པའོ།། །།

དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ གཤིན་གྱི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ གཤིན་གྱི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོཿ ཿ

ན་མོ་གུ་རུ་ཨམིཏ་བྷ་ཡེཿ འོད་མཚན་སྟོང་འབར་ལ་བཏུད་ནསཿ ཚེ་འདས་རྗེས་སུ་འཛིན་པའི་ཚུལཿ ཇི་ལྟར་བྱ་བའི་རིམ་པ་ནིཿ དལ་གྱི་ཤར་སྒོར་མིང་བྱང་དང་ཿ འོག་ཏུ་དགོས་པའི་སྦྱོང་ཆས་བཤམསཿ དམིགས་རྟེན་བསངས་ཤིང་སྦྱངས་ནས་སུཿ སྟོང་པའི་ངང་ལས་པད་ཟླའི་སྟེང་ཿ ནྲྀ་ལས་ཚེ་འདས་གཟུགས་བྱད་ཀུནཿ ཡོངས་སུ་རྫོགས་པའི་རྣམ་པར་གྱུརཿ སྙིང་ཁའི་ཧྲཱིཿ ཡིག་འོད་ཟེར་གྱིསཿ ཚེ་འདས་རྣམ་ཤེས་བཀུག་བསམ་ལ། ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ལྷཿ རྒྱལ་བ་རྒྱ་མཚོ་སྲས་དང་བཅསཿ ཁྱད་པར་མགོན་པོ་འོད་དཔག་མེདཿ འཁོར་དང་བཅས་པའི་བདེན་པ་དང་ཿ ཆོས་ཅན་ཆོས་ཉིད་བདེན་གཉིས་བཅསཿ བདག་གི་ལྷག་བསམ་རྣམ་དག་སོགསཿ བདེན་པའི་སྟོབས་ཀུན་ཡོངས་བསྡམས་པསཿ འཇིག་རྟེན་འདི་ནས་ཕ་རོལ་དུཿ ཚེ་ལས་འདས་པ་གང་དེ་ཡིཿ རྣམ་པར་ཤེས་པ་ཁམས་གསུམ་དང་ཿ གནས་རིགས་དྲུག་པོ་གར་ཡོད་ཀྱང་ཿ སྐུད་ཅིག་ཡུད་ཙམ་འདི་ཉིད་ལཿ མིང་བྱང་འདི་དང་དབྱེར་མེད་ཁུགཿ ནྲྀ་བཛྲ་ཨ་ཀཪྵ་ཡ་ཛཿ ཞེས་པར་རྣམ་ཤེས་བཀུག་པར་བསམཿ སརྦ་པཱ་པཾ་ཨ་ན་ཡ་ཧཱུཾཿ གིས་སྡིག་པ་བཀུག་པའི་དམིགས་པ་བྱཿ ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པསཿ རྣམ་ཤེས་ཨ་དཀར་རྣམ་པ་ཡིསཿ རྟེན་ལ་བསྟིམས་ཤིང་དབྱེར་མེད་བསམཿ བགེགས་གཏོར་འདོད་ཡོན་ལྔ་ལྡན་དུཿ བྱིན་གྱིས་བརླབས་ཏེ་དམིགས་རྟེན་ལཿ གཡས་སུ་སྐོར་བཞིན་སྔགས་འདི་བརྗོདཿ ༀ་སརྦ་བིགྷྣཾ་ན་མཿ སརྦ་ཏ་ཐཱ་སོགས་སྭཱ་ཧཱཿ ཞེས་པ་གསུམ་གྱིས་ཞི་སྦྱོང་དང་ཿ ཏིང་ལོ་ཆངས་བུ་གཡོན་བསྐོར་ཞིང་ཿ ༀ་སུཾམྦྷ་ནི་སུཾམྦྷ་ཞེས་པ་གསུམ་གྱིས་ཕྱེད་མར་སྦྱངསཿ བདེན་སྟོབས་སྔར་བཞིན་བརྗོད་པའི་མཐརཿ བདེན་པའི་མཐུ་ཡིས་ཚེ་འདས་འདིརཿ གསོན་ཚེ་སྲོག་ལ་བར་གཅོད་ཅིང་ཿ ཕྱི་མའི་སྡིག་སྦྱོང་ལས་ལ་འཚེཿ ཐར་པའི་ལམ་གྱི་གེགས་བྱེད་རྣམསཿ གཏོར་མ་འདི་ཡིས་ཚིམ་གྱིས་ལཿ གནས་འདིར་མ་འདུག་གཞན་དུ་དེངསཿ གལ་ཏེ་འགྲོ་བར་མི་བྱེད་ནཿ ཁྲོ་མཚོན་མེ་ཡིས་ཕུ་ུའཇོམས་པར་འགྱུརཿ ཞེས་བརྗོད་དྲག་པོའི་སྔགས་ཀྱིས་བསྐྲདཿ གུ་གུལ་འདུག་ཅིང་ཡུངས་ཐུན་གཏོརཿ གཏོར་མ་ཕྱི་རོལ་རྒྱང་བསྲིང་དོརཿ སྡིག་པ་སྦྱོང་རྫས་མེ་ཆུ་ཏིལཿ གཡས་གཡོན་དབུས་སུ་བཤམས་ནས་ནིཿ ཚེ་འདས་སྡིག་སྒྲིབ་ཀཾཿནག་པོའིཿ རྣམ་པ་སྣ་བུག་གཡས་ནས་ཐོནཿ སྣ་སྒོར་སླེབས་འཕྲལ་སྡིག་པ་ཡིཿ གཟུགས་སུ་གྱུར་ཏེ་ཏིལ་ལ་ཐིམཿ དེ་ལྟར་དམིགས་པ་མ་ཡེངས་བསཿ ཏིལ་དེ་གཡས་གཡོན་མེ་ཆུར་དོརཿ དེ་དང་ཆབས་གཅིག་སྔགས་འདི་བཟླཿ ༀ་སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱ་ཧཱཿ ཞེས་པས་སྡིག་པ་ཡེ་ཤེས་ཀྱིཿ མེ་ཆུས་སྦྱངས་པའི་དམིགས་པ་བྱཿ དེ་ནས་སྣང་མཐའི་གཟུངས་རིང་ཐུང་ཿ མི་འཁྲུགས་པ་དང་ཀུན་རིགས་གཟུངསཿ གང་ནུས་བརྗོད་ཅིང་བྱེ་མས་བྲབཿ གཞན་ཡང་གནས་ངན་གསུམ་སྦྱོང་སྔགསཿ ༀ་ད་ཧ་ད་ཧ་སརྦ་ན་ར་ཀྒ་ཏེ་ཧེ་ཏུན་ཧཱུཾ་ཕཊཿ ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ཏེ་ཧེ་ཏུན་ཧཱུཾ་ཕཊཿ ༀ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊཿ སྡིག་སྒྲིབ་ལྷག་མེད་སྦྱངས་པར་བསམཿ དེ་ནས་ཁྲུས་ཀྱི་ཆོ་ག་ནིཿ དང་པོ་དཀྱིལ་འཁོར་ལྷ་ཚོགས་ཀུནཿ མེ་ལོང་དངོས་སུ་གསལ་འདུན་པསཿ སྐུ་རྟེན་གང་ཡང་རུང་བ་ཡིཿ གཟུགས་བརྙན་ཤར་བར་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་སོགསཿ སྐུ་ཕྱི་གོས་འབུལ་ལ་སོགས་བྱཿ དེ་ནས་ཚེ་འདས་སྒྲིབ་སྦྱོང་ཕྱིརཿ མིང་བྱང་མེ་ལོང་ལ་ཤར་བརཿ འདི་བཞིན་ཁྲུས་ཀྱིས་བཀྲུ་བར་བྱཿ རབ་འབྱམས་རྒྱལ་བ་སྲས་བཅས་ཀྱིསཿ འཇུངས་མེད་མཆོད་སྦྱིན་བགྱིས་པ་ཡིསཿ སྦྱིན་པའི་ཕར་ཕྱིན་རྫོགས་པའི་ཆུསཿ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པསཿ སེར་སྣའི་སྒྲིབ་ཚོགས་དག་གྱུར་ཅིགཿ སྣང་མཐའི་གཟུངས་རིང་བརྗོད་བཞིན་བཀྲུཿ རབ་འབྱམས་རྒྱལ་བ༴ རྣམ་དག་སྡོམ་གསུམ་བསྲུངས་པ་ཡིསཿ ཚུལ་ཁྲིམས་ཕར་ཕྱིན་རྫོགས་པའི་ཆུསཿ ཚེ་འདས་ཁྱོད་ལ་ཁྲུས༴ འདོད་ཆགས་སྒྲིབ་ཚོགས་དག་གྱུར་ཅིགཿ རབ་འབྱམས༴ གཞན་གནོད་ཁྲོ་སྡང་སྤངས་པ་ཡིསཿ བཟོད་པའི་ཕར་ཕྱིན་རྫོགས༴ ཚེ་འདས་ཁྱོད༴ ཁོང་ཁྲོའི་སྒྲིབ༴ རབ་འབྱམས༴ ལྷོད་མེད་བརྩོན་འགྲུས་བརྩམས་པ་ཡིསཿ བརྩོན་འགྲུས་ཕར་ཕྱིན༴ ཚེ་འདས༴ ལེ་ལོའི་སྒྲིབ༴ རབ་འབྱམས་རྒྱལ་བ༴ གཡེངས་མེད་བསམ་གཏན་བསྒོམས་པ་ཡིསཿ བསམ་གཏན་ཕར་ཕྱིན་རྫོགས༴ ཚེ་འདས༴ རྣམ་གཡེང་སྒྲིབ༴ རབ་འབྱམས་རྒྱལ༴ རྨོངས་མེད་ཤེས་རབ་བསྒོམས་པ་ཡིསཿ ཤེས་རབ༴ ཚེ་འདས༴ གཏི་མུག་སྒྲིབ༴ གོང་བཞིན་གཟུངས་རིང་བརྗོད་ཅིང་བཀྲུཿ ཕ་རོལ་ཕྱིན་དྲུག་ཆུ་བོ་དང་ཿ དྲི་ཆུ་དྲུག་གིས་ཁྲུས་བྱས་པསཿ བག་ཆགས་དྲུག་སྦྱངས་གང་དེ་ལཿ ཉེས་བྲལ་ཡོན་ཏན་དྲུག་ལྡན་པསཿ རྒྱལ་བ་ཐམས་ཅད་མཆོད་པའི་ཕྱིརཿ བདག་གི་དད་པས་ཁྲུས་བགྱིའོཿ གཟུངས་བཟླཿ ཚེ་འདས་གཙོར་བྱས་འགྲོ་ཀུན་གྱིཿ ཡར་ཕྱིན་དྲུག་གི་མི་མཐུན་ཕྱོགསཿ དག་ནས་དེ་ཡི་དཔལ་ཡོན་ཀུནཿ ཕུན་སུམ་ཚོགས་པ་ཐོབ་གྱུར་ཅིགཿ མཆོག་གསུམ་བདེན་པས་སྦྱོང་བ་ནིཿ མཆོག་གསུམ་བདེན་པའི་བྱིན་རླབས་ཀྱིསཿ ཚེ་འདས་ཁྱོད་ཀྱི་འཁོར་བའི་རྒྱུཿ ཉོན་མོངས་དུག་གསུམ་སྒྲིབ་ཚོགས་ཀུནཿ ལྷག་མ་མེད་པར་དག་གྱུར་ཅིགཿ གོང་བཞིན་གཟུངས་སྔགས་བརྗོད་ལ་བཀྲུཿ དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིསཿ ཚེ་འདས་དུག་གསུམ་སྒྲིབ་བཅོམ་ནསཿ དགེ་བ་གསུམ་དང་ལྡན་གྱུར་ཅིགཿ འབྱུང་བཞིའི་སྒོ་ནས་སྦྱོང་བ་ནིཿ ས་ཆུ་མེ་རླུང་འབྱུང་བ་བཞིཿ དུག་གི་ཕ་མའི་རང་བཞིན་ཏེཿ བདེན་པའི་བདེན་ཚིག་འདི་བརྗོད་པསཿ དུག་རྣམས་འབྱུང་བཞིའི་ནང་དུ་སོང་ཿ ཚེ་འདས་གཙོར་བྱས་འགྲོ་རྣམས་ཀྱིཿ འབྱུང་བཞིར་བརྟེན་ནས་སྐྱེས་པ་ཡིཿ ཉོན་མོངས་རྟོག་ཚོགས་རྒྱུ་རྐྱེན་བཅསཿ འབྱུང་བཞིའི་ཆོས་ཉིད་ངང་ཐིམ་ནསཿ འཕྲལ་ཕུགས་ཀུན་དུ་དགེ་གྱུར་ཅིགཿ བུམ་ཆུ་གཏོར་ཞིང་དྲིལ་བུ་གསིལཿ སེར་སྣའི་དྲི་མ་དག་མཛད་ཅིང་ཿ འགྲོ་རྣམས་ཐར་པའི་ལམ་ལ་འཛུདཿ མ་ལུས་ཆོས་སྟོན་འགྲོ་པའི་རྟེནཿ དེ་ནི་ཁྱོད་ལ་བདེ་ལེགས་སྩོལཿ རྒྱལ་ཀུན་བྱམས་བརྩེའི་ཐུགས་ཀྱིས་ནིཿ འགྲོ་རྣམས་བུ་བཞིན་སྐྱོང་མཛད་ཅིང་ཿ ཀུན་གྱི་གླིང་དང་དཔུང་གཉེན་བཤེསཿ དེ་ནི་ཁྱོད་ལ༴ ཆོས་རྣམས་མངོན་གྱུར་དེམ་བ་སྤངསཿ གསང་གསུམ་དྲི་བྲལ་དཔའ་བོ་ཆེཿ ཕུན་ཚོགས་དོན་ཀུན་ཡོངས་སུ་གྲུབཿ དེ་ནི་ཁྱོད་ལ༴ གང་ཞིག་སྐྱེས་དང་སངས་རྒྱས་ཚེཿ ནགས་ཚལ་སར་བཅས་གཡོས་གྱུར་ཅིང་ཿ འགྲོ་རྣམས་རབ་དགའ་བདུད་ཡིད་འཁྲུགསཿ དེས་ནི་ཁྱོད༴ ཆོས་འཁོར་སྐོར་ཚེ་མུ་སྟེགས་ཕམཿ བདེན་བཞིའི་ཆོས་ཀྱི་སྙན་པ་ཡིསཿ ཚོགས་ཀུན་དབང་དུ་འདུ་བར་མཛདཿ དེས་ནི་ཁྱོད་ལ༴ སངས་རྒྱས་དང་ནི་ཚངས་དབང་ལྷཿ འབྱུང་པོ་ཀུན་གྱི་བདེ་ལེགས་སྟོབསཿ ཁྱོད་ལ་སྦྱིན་གྱི་དེ་ཡིས་ནིཿ འདོད་པའི་དོན་ཀུན་འགྲུབ་གྱུར་ཅིགཿ གང་ཞིག་དགེ་དང་མི་དགེ་བའིཿ ལས་ཀྱི་རྣམ་སྨིན་ཇི་བཞིན་དུཿ མཐོ་རིས་ངན་སོང་ཡུལ་བསྙེགས་པའིཿ འགྲོ་བ་འདི་ཀུན་བདེ་གྱུར་ཅིགཿ གང་གིས་མདོ་འམ་སྔགས་ཀྱི་ལམཿ ཚུལ་བཞིན་ཉམས་བླངས་འབྲས་སྨིན་བཞིནཿ འཁོར་བར་མི་འཁྱམ་བདེན་མཐོང་བསཿ མིའི་འགྲོ་བའང་བདེ་གྱུར་ཅིགཿ རྐང་གཉིས་རྐང་བཞི་ཀུན་བདེ་ཞིང་ཿ ལམ་ཞུགས་ཀུན་དང་ཕྱིར་འོང་བདེཿ ཉིན་མཚན་ཟུང་བདེ་གུང་ཡང་བདེཿ ཁྱེད་ཅག་ཀུན་ཏུ་བདེ་གྱུར་ཅིགཿ ཚེ་འདས་གཙོར་བྱས་འགྲོ་བ་ཀུནཿ སྡིག་དང་མི་མཐུན་ཕྱོགས་རྣམས་ལསཿ ཤིན་ཏུ་རྒྱལ་ཞིང་བཀྲ་ཤིས་ནསཿ རྣམ་མཁྱེན་གོ་འཕང་ཐོབ་གྱུར་ཅིགཿ དེ་ནས་ཉེ་དུ་སོགས་ཀྱིས་ཕྱག་འཚལ་ཞིང་ཿ འོད་མཚན་སྟོང་འབར་འགྲོ་བའི་མགོནཿ བདེ་ཆེན་བརྒྱད་སོགས་སེམས་དཔའི་ཚོགསཿ གཙོ་འཁོར་མ་ལུས་ཐམས་ཅད་ལཿ ཕྱག་འཚལ་སྐྱབས་སུ་མཆི་ལགས་ཀྱིསཿ འཇིགས་ཚོགས་མྱུར་དུ་བསལ་དུ་གསོལཿ ཚེ་ལས་འདས་པ་དུས་འདི་ནསཿ བཟུང་སྟེ་བྱང་ཆུབ་མ་ཐོབ་བརཿ དཀོན་མཆོག་གསུམ་དངོས་འོད་དཔག་མེདཿ ཉེས་སྲས་བརྒྱད་སོགས་འཁོར་བཅས་ལཿ གུས་པས་ཕྱག་འཚལ་སྐྱབས་སུ་མཆིཿ སྡིག་ཀུན་སྦྱོངས་ལ་ལམ་མཆོག་སྟོནཿ མྱུར་དུ་བདེ་ཆེན་ཞིང་དུ་དྲོངསཿ ཞེས་པས་སྙིང་ནས་གསོལ་བཏབ་ཅིང་ཿ ཚེ་འདས་ཀྱིས་ཀྱང་བརྗོད་པར་བསམཿ སྤྲོ་ན་སྐབས་འདིར་དབང་བསྐུར་ཞིང་ཿ མིན་ཀྱང་པད་དཀར་ཟླ་བའི་གདན་སྟེང་དུཿ ཚེ་འདས་སྤྱན་རས་གཟིགས་དཀར་པོཿ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིཿ མཐེབ་མཛུབ་ནས་མཆེད་པུསྤེ་དཀརཿ ཕྲག་གོང་གཡས་སུ་ངོམ་པ་དང་ཿ གཡོན་པ་ངལ་གསོའི་རྒྱ་དང་བཅསཿ ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་ཿ འཕགས་པའི་རྒྱན་ཆས་རབ་ཏུ་མཛེསཿ གནས་གསུམ་འབྲུ་གསུམ་མཚན་པ་ལསཿ འོད་འཕྲོས་རྒྱལ་བ་སྲས་དང་བཅསཿ སྤྱན་དྲངས་དེ་ལ་བསྟིམས་པ་ཡིསཿ གསང་བ་གསུམ་དང་དབྱེར་མེད་བསམཿ ཡིག་དྲུག་བརྗོད་ལ་བརྟན་བཞུགས་དང་ཿ མཆོད་ཅིང་བསྟོད་པ་ལ་སོགས་བྱཿ དེ་ནས་འདོད་ལྔའི་ལོངས་སྤྱོད་རིགསཿ འཛད་མེད་གཏེར་དུ་བྱིན་བ རླབས་ནསཿ འདི་ལྟར་མ་ཡེངས་ངང་ནས་འབུལཿ མདོག་མཛེས་དབྱིབས་ལེགས་ཡིད་འོང་པའིཿ རབ་འབྱམས་ཞིང་གི་གཟུགས་རྣམས་ཀུནཿ མོས་བློས་རྟེན་གྱི་ལྷར་འབུལ་ནཿ ཚེ་འདས་བདེ་ཆེན་དཔལ་ཐོབ་ཤོགཿ ༀ་རཱུ་པ་ཀ་མ་གུ་ན་པཱུ་ཛི་ཏི་ཧཱུཾཿ རྒྱུ་དང་མི་རྒྱུའི་སྙན་འཇེབས་སྒྲཿ ཟིན་དང་མ་ཟིན་རིགས་རྣམས་ཀུནཿ མོས་བློས་རྟེན༴ ཚེ་འདས་བདེ་ཆེན༴ ༀ་ཤཔྟ་ཀཱ་མ་གུ་ན་པཱུ་ཛི་ཏེ་ཧཱུཾཿ བརྟན་གཡོའི་ཁམས་ཀྱི་བསུང་ཞིམ་དང་ཿ སྦྱར་དང་ལྷན་སྐྱེས་དྲི་ཡི་རིགསཿ མོས་བློས༴ ཚེ་འདས༴ ༀ་གྷནྡྷེ་ཀཱ་མ༴ སྲིད་ན་ལུས་སེམས་བརྟས་བྱེད་རོཿ བཟའ་བཅའ་ལྡག་གཞིབ་བཏུང་བ་སོགསཿ མོས་བློས༴ ཚེ་འདས༴ ༀ་རཱ་ས༴ འཁོར་བའི་དཔལ་ཡོན་མཆོག་ལྡན་པའིཿ འཇམ་མཉེན་འཁྱིལ་ཆགས་ན་བཟའི་རིགསཿ མོས་བློས༴ ཚེ་འདས༴ ༀ་སྤཪྴེ་ཀཱ་མ༴ དབང་ལྔའི་རྣམ་ཤེས་འཇུག་པའི་ཡུལཿ འདོད་ལྔའི་རྣམ་རྟོག་འཇའ་ཚོན་བཞིནཿ ངོ་བོ་སྟོང་ཡང་རང་བཞིན་གསལཿ བླང་དོར་བྲལ་བའི་རྩལ་གྱིས་འབུལཿ ཕུལ་བའི་དགེ་བ་ཆུ་བོའི་རྒྱུནཿ རྣམ་མཁྱེན་རྒྱ་མཚོར་རོ་གཅིག་འདྲེསཿ འཁོར་འདས་གཉིས་མེད་གཞི་དབྱིངས་སུཿ སྐུ་ལྔའི་འབྲས་བུ་ལྷན་གྲུབ་ཤོགཿ ཅེས་བརྗོད་དྲི་གསུར་རྣམ་དག་བྱཿ དེ་ནས་ལམ་བསྟན་འདི་བཞིན་ཏེཿ འདི་ནས་ནུབ་ཀྱི་ཕྱོགས་རོལ་ནཿ བདེ་བ་ཅན་གྱི་འཇིག་རྟེན་ཁམསཿ སྡུག་བསྔལ་མིང་མེད་བདེ་སྐྱིད་ལྡནཿ དེ་ན་མགོན་པོ་འོད་དཔག་མེདཿ སྲས་འཁོར་སྤྲུལ་པའི་ཚོགས་བཅས་བཞུགསཿ ཞིང་དེར་ཚེ་འདས་ཁྱོད་ཉིད་ནིཿ ཐོགས་མེད་ནམ་མཁའི་སྐར་མདའ་བཞིནཿ སྐུད་ཅིག་ཙམ་གྱིས་ཕྱིན་པར་ཤོགཿ ཚེ་འདས་རྣམ་ཤེས་ཧྲཱིཿདམར་གྱིཿ རྣམ་པར་ཞིང་དེར་སྐྱེས་ནས་ཀྱང་ཿ འོད་དཔག་མེད་དང་དབྱེར་མེད་པརཿ ཆོས་སྐུའི་གཏན་སྲིད་ཟིན་པར་ཤོགཿ ཅེས་བརྗོད་ ཕཊཿ སྒྲ་གསུམ་གྱིས་སྤརཿ པདྨ་འདམ་གྱིས་མ་གོས་སོགསཿ ཐ་མའི་ནུབ་མོ་རྟེན་བྱང་བུཿ སྲེག་ཚེ་སྟོང་ཉིད་ལ་གཞོལ་བཞིནཿ ཆོས་ཉིད་སྤྲོས་བྲལ་ཡེ་ཤེས་མེསཿ ཚེ་འདས་སྡིག་སྒྲིབ་བུད་ཤིང་དང་ཿ སྲིད་པའི་ཉོན་མོངས་སྡུག་བསྔལ་ཀུནཿ ལྷན་ཅིག་ལྷག་མེད་འབར་གྱུར་ཅིགཿ སྣང་བ་མཐའ་ཡས་གཟུངས་རིང་སོགསཿ གང་ནུས་བརྗོད་ནས་བྱང་བུ་བསྲེགསཿ བསྔོ་བ་ སྨོན་ལམ་ཅི་ནུས་བྱཿ དེས་ནི་ཕྱི་མའི་འགྲོ་བ་ལཿ ངེས་པར་ཕན་ཐོགས་ཐེ་ཚོམ་བྲལཿ འདི་ནི་སྣང་མཐའི་བྱིན་ཐོབ་པའིཿ རྣལ་འབྱོར་ཀུན་བཟང་གཞན་ཕན་གྱིསཿ བྲིས་འདིས་འགྲོ་ཀུན་འོད་ཀྱི་ལྷའིཿ གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིགཿ ཡི་གེ་པ་ནི་ནམ་མཁའ་འཇིགས་མེད་ཀྱིས་བགྱིས་པའི་དགེ་བས་འགྲོ་ཀུན་བདེ་ཆེན་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིགཿ

ན་མོ་རཏྣ་ཏྲཱ་ཡཱ་ཡ་་་་

༄༅། །ན་མོ་རཏྣ་ཏྲཱ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡཱ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་ཨ་མི་ཏེ་ཨ་མི་ཏོདྦྷ་ཝེ། ཨ་མི་ཏ་སམྦྷ་བ། ཨ་མི་ཏ་བིཀྲཱནྟེ། ཨ་མི་ཏཱ་ག་མི་ནི། ག་ག་ནཾ་ཀཱིརྟི་ཀཱ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། །

བདེ་བ་ཅན་གྱི་ཕྱི་སྒྲུབ་ཐར་པའི་ཐེམ་སྐས།

༄༅། དམ་ཆོས་བདེ་ཆེན་ལམ་མཆོག་ལས༔ བདེ་བ་ཅན་གྱི་ཕྱི་སྒྲུབ་ཐར་པའི་ཐེམ་སྐས་བཞུགས༔ ༔

ན་མོ་ཨ་མི་ཏཱ་བྷ་ཡེ༔ འོད་སྣང་དཔག་ཏུ་མེད་པ་ལ༔ སྣང་བ་མཐའ་ཡས་ཞེས་གྲགས་པའི༔ འོད་མཚན་སྟོང་འབར་རྒྱལ་བ་དེར༔ འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ གང་ལ་བརྟེན་ནས་ཐར་པའི་ལམ༔ མཆོག་གི་ཐེམ་སྐས་དོན་གཉེར་གྱི༔ ལས་སྐལ་ལྡན་པ་རྣམས་ཀྱི་ཆེད༔ ཕྱི་སྒྲུབ་ཐར་པའི་ཐེམ་སྐས་འགོད༔ དེ་ལ་སྦྱོར་དངོས་རྗེས་གསུམ་ལས་དང་པོ་གཙང་ཞིང་ཡིད་འོང་བའི༔ གནས་སུ་བདེ་ཆེན་ཞིང་རྣམས་ཀྱི༔ རྟེན་དང་བརྟེན་པའི་མངོན་རྟོགས་དགྲམ༔ དེ་མདུན་བྱ་རྒྱུད་ལ་འོས་པའི༔ གཡོ་སྒྱུས་མ་བསླད་མཆོད་པའི་རྫས༔ དངོས་འབྱོར་ཤིན་ཏུ་གལ་ཆེའི་ཕྱིར༔ སེར་སྣའི་སྐྱོན་སྤངས་རྒྱ་ཆེན་བསྟར༔ ཆོ་ག་དོན་གཉེར་གང་དང་སུ༔ གཙང་སྦྲའི་བརྟུལ་ཞུགས་སྔོན་འགྲོ་བས༔ མཐའ་ཡས་སྲིད་པའི་འགྲོ་བ་ཀུན༔ ཐར་ལམ་མཆོག་ལ་འགོད་འདོད་ཀྱི༔ ཀུན་སློང་བཟང་པོས་ཆོ་གར་འཇུག༔ གཉིས་པ་རྣམ་གྲངས་བཅུ་དགུ་སྟེ༔ དང་པོ་བདེ་ཆེན་ཞིང་ཁམས་ཀྱི༔ རྟེན་དང་བརྟེན་པར་བཅས་པ་ཀུན༔ མདུན་མཁར་སྒྱུ་མའི་འདུ་བྱེད་བཞིན༔ མངོན་སུམ་བཞུགས་པའི་སྤྱན་སྔ་རུ༔ མཐའ་ཡས་འགྲོ་ཀུན་སྐྱབས་ཞུ་བསམ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ་སྡུག་བསྔལ་རྒྱུ་འབྲས་ཡོངས་སྤངས་པའི༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་ལ༔ བྱང་ཆུབ་སྙིང་པོ་མ་ཐོབ་པར༔ སྒོ་གསུམ་གསུམ་པའི་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི༔ མཁའ་མཉམ་རིགས་དྲུག་འགྲོ་བའི་ཁམས༔ ཕ་མར་མ་གྱུར་སྲིད་མིན་པས༔ ཚད་མེད་རྣམ་བཞི་ལྡན་པའི་བློས༔ བདེ་ཆེན་ས་ལ་འགོད་པར་བྱ༔ ལན་གསུམ༔ གསུམ་པ་ཡན་ལག་བདུན་པ་ནི༔ བདག་ལུས་དཔག་མེད་ཡོངས་སྤྲུལ་ཏེ༔ སྣང་མཐའི་དལ་དུ་ཕྱག་འཚལ་ལོ༔ གཡོ་སྒྱུས་མ་བསླད་མཆོད་པའི་ཚོགས༔ འགྲོ་ཀུན་ཚོགས་གཉིས་རྫོགས་ཕྱིར་འབུལ༔ ཐོག་མཐའ་མེད་པའི་བག་ཆགས་སྡིག༔ གནོང་འགྱོད་སེམས་ཀྱིས་མཐོལ་ལོ་བཤགས༔ སྲིད་ཞིའི་དགེ་ཚོགས་ཇི་སྙེད་ལ༔ སྙིང་ནས་དགའ་བས་རྗེས་ཡི་རང་༔ གདུལ་བྱའི་ཁམས་དབང་བསམ་པ་བཞིན༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ འཁོར་བའི་རྒྱ་མཚོ་མ་སྟོང་བར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ འདིས་མཚོན་དུས་གསུམ་དགེ་བའི་ལས༔ འགྲོ་ཀུན་བདེ་ཆེན་ཐོབ་ཕྱིར་བསྔོ༔ བཞི་བ་ཕྱི་རོལ་གཉུག་གནས་དང་༔ འཕྲལ་རྒྱུར་བརྔན་དང་འཁོན་སྦྱོང་བ༔ སོ་སོར་གཏོར་མ་ སྦྱངས་སྤེལ་བསྒྱུར༔ ཧྲཱི༔ ཀུན་འབྱུང་མ་རིག་ས་བོན་གྱིས༔ ཡོངས་བསྐྱེད་སྡུག་བསྔལ་བདེན་པའི་གཟུགས༔ ལམ་བདེན་མ་མཐོང་འབྱུང་པོའི་རིགས༔ མཆོད་དང་སྦྱིན་པའི་གཏོར་མ་འདི༔ ལོངས་ལ་དཀར་ཕྱོགས་སྐྱོང་རྣམས་ཀྱིས༔ རྣམ་དཀར་ལས་ཀྱི་སྟོངས་གྲོགས་མཛོད༔ ནག་ཕྱོགས་འཚེ་བའི་བློ་སྤོངས་ལ༔ ལྕང་ལོ་ཅན་གྱི་གནས་མཆོག་ཏུ༔ འབྱུང་པོའི་ཚོགས་ལ་ཕྱག་རྡོར་གྱིས༔ ཆོས་འཁོར་བསྐོར་བའི་གམ་དུ་སོང་༔ དེ་རུ་བྱང་སེམས་མཆོག་བསྐྱེད་ལ༔ བསྟན་འགྲོར་ཕན་བདེའི་ལས་བྱོས་ཤིག༔ གལ་ཏེ་བསྒོ་བར་མི་ཉན་ན༔ རྒྱལ་བ་འོད་མཚན་སྟོང་འབར་ཡང་༔ ཁྲོ་སྡང་ལ་ཁྲོས་ཁྲོ་བོའི་རྗེ༔ ཐུགས་སྤྲུལ་ཧྱ་གྷྲྀ་ཝའི་སྐུ༔ དམར་ནག་དུས་མཐའི་མེ་དཔུང་བཞིན༔ ཀུན་ནས་ཀུན་ཏུ་རབ་འབར་ནས༔ བགེགས་ཚོགས་གཞོམ་པར་གདོན་མི་ཟ༔ ༀ་ཧྱ་གྷྲྀ་ཝ་གནོད་བྱེད་གདོན་བགེགས་སརྦ་ཨུ་ཙ་ཏ་ཡ་ཕཊ༔ དང་ཧཱུཾ་བཞིའི་སྔགས་ཀྱིས་བཀའ་ལ་མི་ཉན་པ་རྣམས་ཕྱིར་བསྐྲད་པར་བསམ་ལ༔ ལྔ་པ་སྲུང་འཁོར་བསྒོམ་པ་ནི༔ ཧྲཱི༔ མ་རིག་གཉིས་འཛིན་ཆོ་འཕྲུལ་གྱིས༔ བསྐྲུན་པའི་མིང་བཞིའི་རྟེན་ཅན་བགེགས༔ གཞོམ་བྲལ་རྡོ་རྗེའི་མུ་ཁྱུད་ཀྱི༔ མཚམས་ལས་འདའ་བར་མ་བྱེད་ཅིག༔ ༀ་ཧྱ་གྷྲྀ་ཝ་བཛྲ་རཀྵ་རཀྵ༔ དྲུག་པ་ཐོག་མེད་དུས་དག་ནས༔ ང་རུ་བཟུང་བའི་བག་ཆགས་ལུས༔ ཆོས་ཀྱི་བདག་མེད་ལ་སྦྱོར་ཕྱིར༔ ཕྱག་ན་པདྨའི་ཕྱག་རྒྱར་བསྐྱེད༔ སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ ཀུན་རྫོབ་མཚན་བཅས་ཆོས་རྣམས་ཀུན༔ སྣང་ལ་རང་བཞིན་བྲལ་བའི་ངང་༔ ཞིང་ཁམས་རྣམ་དག་པོ་ཏ་ལ༔ མཚན་ཉིད་དཔལ་ཡོན་ཀུན་རྫོགས་དབུས༔ པད་དཀར་ཟླ་བའི་གདན་སྟེང་དུ༔ རང་སེམས་ཧྲཱི༔ དཀར་འཕྲོ་འདུ་ལས༔ རང་ལུས་འཕགས་མཆོག་པད་དཀར་འཆང་༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ བྱམས་བརྩེས་སྤྱན་ཟུར་འགྲོ་ལ་གཟིགས༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས༔ རབ་མཛེས་པད་དཀར་ཡུ་བ་འཛིན༔ གཡོན་ཕྱག་བརྐྱངས་ཏེ་གདན་ཁར་གནོན༔ ཞབས་གཉིས་བརྐྱང་བསྐུམ་གར་གྱིས་རོལ༔ རྒྱན་ཆ་བཅུ་གསུམ་ཞི་ཚུལ་དགུ༔ རབ་རྫོགས་དབུ་སྐྲའི་ཐོར་ཚུགས་རྩེར༔ ནོར་བུས་སྤྲས་ཤིང་གཟི་འོད་འབར༔ མཚན་དཔེའི་དཔལ་ཡོན་ཡོངས་སུ་རྫོགས༔ འོད་ལྔའི་འཇའ་ཚོན་ཀློང་དཀྱིལ་ན༔ ཆོས་ཀྱི་སྐུ་དང་དབྱེར་མེད་བཞུགས༔ ༀ་མ་ཎི་པདྨེ་ཧཱུཾ༔ ཞེས་པས་རང་ལུས་ལྷ་སྐུར་སྦྱངས༔ བདུན་པ་མཆོད་རྫས་བརླབ་པ་ནི༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས། མཆོད་པའི་རྫས་ཀུན་དངོས་འཛིན་དང་༔ དངོས་མེད་ལས་འདས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་ཉེར་སྤྱོད་ཀྱི༔ མཆོད་པ་སྣ་བརྒྱད་རྒྱལ་སྲིད་བདུན༔ བཀྲ་ཤིས་རྫས་རྟགས་བརྒྱད་ཟུང་སོགས༔ ལྷ་མིའི་ལོངས་སྤྱོད་ཡོ་བྱད་ཚོགས༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཞིན༔ བསམ་གྱིས་མི་ཁྱབ་རྫས་སུ་གྱུར༔ སྥ་ར་ཎ་ཁཾ༔ ༀ་བཛྲ་ཨརྒྷཾ་སོགས་ནས། མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས་ ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མར་དྷ་ན་ཡ། ཏ་ཐཱ་ག་ཏ་ཡ། ཨར་ཧ་ཏེ་སམྱག་སཾ་བུདྷ་ཡ། ཏཏྱ་ཐཱ་ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིཏྱ་བཛྲེ་མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མན་ཏྲོ་བ་སཾ་ཀྲ་མ་ཎ་བཛྲ་སརྦ་ཀརྨཱ་ཨ་བ་རཏྣ་བི་ཤྭ་དྷ་ན་བཛྲེ་སྭཱ་ཧཱ༔ བརྒྱད་པ་ཚོགས་ཞིང་བསྒྲུབ་པ་ནི༔ ༀ་མ་ཧཱ་ཤཱུ་ནྱེ་ཏ་ཛྙཱ་ཎ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀ྅ཧཾ། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ ཡོད་པར་འཛིན་པའི་རྟག་ལྟ་དང་༔ མེད་པར་འཛིན་པའི་ཆད་ལྟ་ཡི༔ ཕྱོགས་སུ་མ་ལྷུང་དེ་བཞིན་ཉིད༔ འགག་མེད་རྩལ་དུ་སྣང་བའི་གཟུགས༔ བདེ་ཆེན་པདྨོ་བཀོད་ཀྱི་ཞིང་༔ ལག་མཐིལ་ལྟར་མཉམ་ས་གཞི་ནི༔ ཆུ་ཞེང་སྲིད་དུ་མི་མངོན་པའི༔ ཐ་གྲུ་ཀུན་ནས་ཡངས་པ་ལ༔ རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ༔ ནག་པོའི་རི་དང་ལྷུན་པོ་དང་༔ ཆུ་གཏེར་འཁོར་ཡུག་དམན་པ་ཕལ༔ ཡོངས་སུ་སྤངས་པས་ཉམས་དགའ་ཞིང་༔ ལོ་ལེགས་བདེ་འབྱོར་ལྟ་ན་སྡུག༔ ལྷ་མི་གཉིས་ལས་ལྷ་མིན་དང་༔ ངན་སོང་མི་ཁོམ་གནས་ལས་འདས༔ རིན་ཆེན་ལས་གྲུབ་ཤིང་ལྗོན་པ༔ རྩ་བ་ཡལ་འདབ་ལོ་འབྲས་དང་༔ མེ་ཏོག་ལ་སོགས་དེ་བཞིན་གྱིས༔ ཡོངས་མཛེས་དཔག་ཚད་སྟོང་དང་ནི༔ དྲུག་བརྒྱའི་དཔངས་ལྡན་སུ་ཝརྞའི༔ དྲ་བས་ལེགས་སྤུད་བསེར་བུ་ཡིས༔ བསྐྱོད་ལས་སྙན་དང་མཐུན་པ་སོགས༔ ཡིད་དུ་འོང་བའི་སྒྲ་དབྱངས་སྒྲོགས༔ དྲི་བཟང་སྤྲོ་བའི་མེ་ཏོག་གིས༔ མི་འགྲེང་བདུན་གྱི་དཔངས་མཉམ་པར༔ ཡོངས་ཞེས་མནན་ན་ནེམ་འགྱུར་ཞིང་༔ བཏེགས་ན་མཐོ་བའི་ལྟད་མོ་ངོམ༔ གཞན་ཡང་ཨུཏྤལ་པདྨ་དང་༔ ཀུ་མུ་ཏ་དང་པད་དཀར་ཚལ༔ ཡིད་དུ་འོང་ཞིང་མཛེས་པར་སྤྲས༔ འདམ་རྫབ་བྲལ་བའི་ས་སྙིང་གི༔ བྱེ་མར་བསྟི་བ་སྤྲུལ་པའི་བྱ༔ བཞད་དང་ཁྲུང་ཁྲུང་ངུར་བ་དང་༔ ཀ་རན་ད་དང་ནེ་ཙོ་དང་༔ རི་སྐེགས་ཀུ་ལན་ད་དང་ནི༔ ཀ་ལ་པིང་ག་རྨ་བྱ་སོགས༔ སྙན་འཇེབས་མགྲིན་པའི་རྒྱུད་མངས་འཁྲོལ༔ ཡན་ལག་བརྒྱད་ལྡན་སྤོས་ཆུའི་ཀླུང་༔ ཅ་ཅོའི་སྒྲ་སྤངས་རྣ་བར་བདེ༔ ཡིད་ལ་འབབ་ཅིང་རབ་ཏུ་སྙན༔ མི་རྟག་ཞི་དང་བདག་མེད་དང་༔ ཚད་མེད་རྣམ་བཞི་མཆོག་གསུམ་དང་༔ ས་དང་ཕར་ཕྱིན་སྟོབས་བཅུ་དང་༔ མི་འཇིགས་རྣམ་བཞི་མ་འདྲེས་ཆོས༔ རྣམ་ཐར་སྒོ་གསུམ་མངོན་ཤེས་ལྔ༔ འོད་ཟེར་ཆེན་པོའི་དབང་བསྐུར་སོགས༔ ཆུ་ཀླུང་སྒྲ་ལས་འབྱུང་འགྱུར་བས༔ རབ་ཏུ་དགའ་ཞིང་སྡུག་བསྔལ་བྲལ༔ མདོར་ན་དགྲ་བཅོམ་འགོག་པ་ལ༔ སྙོམས་པར་ཞུགས་ལྟའི་བདེ་ལྡན་པས༔ བདེ་བ་ཅན་གྱི་ཞིང་ཞེས་བྱ༔ གོས་རྒྱན་སྐྱེད་མོའི་ཚལ་དང་ནི༔ མཁའ་ལས་འབྱུང་བའི་གཞལ་མེད་ཁང་༔ རོལ་མོའི་བྱེ་བྲག་ཇི་སྙེད་དང་༔ སྣ་ཚོགས་མཆོད་རྫས་འདོད་ཡོན་རིགས༔ གཞན་འཕྲུལ་དབང་བྱེད་གནས་དང་མཚུངས༔ དྭངས་མའི་ཟས་ཀྱིས་ཚིམ་འགྱུར་ཞིང་༔ གཟའ་དང་རྒྱུ་སྐར་ཉིན་མཚན་ཆ༔ ཁྱིམ་གྱི་བདག་འཛིན་སོགས་ཀྱང དབེན༔ དུས་དང་དུས་སུ་སྤོས་ཆུའི་ཆར༔ འབབ་ཅིང་ལྷ་ཡི་མེ་ཏོག་དང་༔ རིན་ཆེན་གདུགས་དང་རྒྱལ་མཚན་དང་༔ བ་དན་བླ་བྲེ་རྔ་ཡབ་སོགས༔ ནམ་མཁར་འཛིན་པའི་སྒྱུ་འཕྲུལ་དང་༔ ལྷ་མོ་རྣམས་ཀྱིས་རོལ་མོ་དང་༔ ཆབས་གཅིག་གླུ་དབྱངས་གར་ལ་བརྩོན༔ མདོར་ན་སངས་རྒྱས་བཅོམ་ལྡན་འདས༔ གང་གའི་གླུང་གི་བྱེ་མ་ཡི༔ གྲངས་ཀྱི་ཕ་རོལ་སོན་པས་ཀྱང་༔ བདེ་ཆེན་ཞིང་གི་དཔལ་ཡོན་ཚོགས༔ བསྐལ་པར་བརྗོད་ཀྱང་ཟད་མི་ཤེས༔ དེ་ལྟའི་ཁྱད་འཕགས་ཞིང་མཆོག་གི༔ ནམ་མཁར་དཔག་ཚད་བརྒྱ་སྟོང་གི༔ གཞལ་མེད་ཁང་བཟང་མཆོག་གི་དབུས༔ རིན་ཆེན་སྣ་བདུན་ལས་གྲུབ་ཁྲི༔ རྨ་བྱས་བཏེགས་ཤིང་རབ་ཏུ་མཐོ༔ དེ་དབུས་བཾ་ལས་པདྨ་ནི༔ དམར་པོ་འདབ་སྟོང་བརྡལ་བའི་སྟེང་༔ རཾ་ལས་ཉི་མའི་གདན་སྟེང་དུ༔ རང་སེམས་ཡི་གེ་ཧྲཱི༔དམར་པོར༔ འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ སངས་རྒྱས་བགྲང་ལས་འདས་རྣམས་ཀྱིས༔ མཚན་དང་བསྟོད་བསྔགས་བརྗོད་པའི་ཡུལ༔ བཅོམ་ལྡན་རྒྱལ་བ་འོད་དཔག་མེད༔ པདྨ་རཱ་གའི་ལྷུན་པོ་ལ༔ ཉིན་བྱེད་བྱེ་བས་རབ་འཁྱུད་པའི༔ འོད་དང་གཟི་བརྗིད་མཆོག་ཏུ་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ བཞུགས་པའི་སྟེང་དུ་ཕྱག་གཉིས་ཀ༔ མཉམ་བཞག་ལྷུང་བཟེད་བཏེགས་པའོ༔ དམར་སེར་དར་གྱི་ཤམ་ཐབས་དང་༔ སྔོུན་པོའི་བླ་གོས་དམར་པོ་ཡི༔ སྣམ་སྦྱར་མནབས་པས་རབ་ཏུ་མཛེས༔ དབུ་ཡི་གཙུག་ཏོར་ལྟར་མི་མངོན༔ དེ་སོགས་མཚན་དཔེའི་དཔལ་ཡོན་རྫོགས༔ གཡས་སུ་འཕགས་མཆོག་སྤྱན་རས་གཟིགས༔ དུང་མདོག་ཕྱག་གཡོན་པད་དཀར་གྱི༔ ཡུ་བ་ཐུགས་ཀར་འཛིན་ཅིང་བཏེགས༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ༔ སྔོུན་པོ་ཕྱག་གཡོན་ཆུ་སྐྱེས་སྟེང་༔ རྡོ་རྗེ་བཏེགས་པའི་ཚུལ་གྱིས་བསྣམས༔ སོ་སོའི་གཡས་གཉིས་སྐྱབས་སྦྱིན་མཛད༔ མདུན་ནས་བརྩམས་པའི་གཡས་བསྐོར་གྱིས༔ སྨན་བླ་བཅོམ་ལྡན་ཤཱཀྱ་ཐུབ༔ མཚན་ལེགས་རིན་ཆེན་ཟླ་བ་དང་༔ གསེར་བཟང་མྱ་ངན་མེད་མཆོག་དཔལ༔ ཆོས་བསྒྲགས་ཆོས་ཀྱི་བློ་གྲོས་སོགས༔ བསྐལ་བཟང་འདྲེན་པ་སྟོང་རྩ་བཅས༔ གསེར་མདོག་མཚན་དཔེའི་དཔལ་ཡོན་རྫོགས༔ ཐམས་ཅད་པད་ཟླའི་གདན་ལ་བཞུགས༔ མདུན་དུ་འཇམ་དབྱངས་སྒྲིབ་སེལ་དང་༔ ནམ་མཁའི་སྙིང་པོ་ས་ཡི་སྙིང་༔ བྱམས་པ་ཀུན་ཏུ་བཟང་པོ་སོགས༔ སེམས་དཔའ་སེམས་མ་སྤྲིན་ལྟར་གཏིབས༔ མཐའ་སྐོར་རྒྱལ་བའི་ཞིང་འདི་དང་༔ ཞིང་ཁམས་གཞན་ནས་ཞིང་མཆོག་དེར༔ སྐྱེ་བའི་རྒྱུ་བསགས་ཐམས་ཅད་ལས༔ ཞིང་དེར་མི་སྐྱེ་དོགས་པ་ཡིས༔ པདྨའི་མངལ་ཁང་སྐྱེད་ཚལ་དང་༔ གཞལ་མེད་ཁང་དུ་འདུ་ཤེས་ཤིང་༔ ལོ་གྲངས་ལྔ་བརྒྱར་དེར་གནས་ནས༔ སངས་རྒྱས་གསུང་ཐོས་ཞལ་མི་མཇལ༔ ཉན་ཐོས་འགོག་པའང་དེ་བཞིན་ནོ༔ དེ་ལས་ཁྱད་འཕགས་ཞིང་མཆོག་དེར༔ འདུན་ཞིང་སོམ་ཉི་བྲལ་བའི་རིགས༔ གང་ཞིག་དང་བའི་སེམས་སྐྱེས་ཙམ༔ པདྨ་ཁ་ཕྱེས་དབུས་ཉིད་དུ༔ སྐྱིལ་མོ་ཀྲུང་བཅས་རྫུས་སྐྱེས་ཀྱི༔ བྱང་སེམས་ཚུལ་འཛིན་བསམ་ཡས་ཚོགས༔ ཉན་རང་དང་ནི་ལྷ་མི་ཡི༔ རྣམ་པ་ཅན་རྣམས་བར་སྣང་ལ༔ ཆགས་ཐོགས་མེད་པར་འགྲོ་བ་དང་༔ མཚན་བཟང་སུམ་ཅུ་རྩ་གཉིས་ལྡན༔ ལུས་ཀྱི་ཆ་བྱད་ཡོངས་རྫོགས་ཤིང་༔ བསམ་གཏན་དང་ནི་མངོན་ཤེས་དང་༔ ཤེས་རབ་ཀྱི་ནི་རབ་དབྱེར་མཁས༔ དབང་པོ་རྣོ་ཞིང་མ་བསྡམས་མིན༔ ཀུན་ཤེས་ཞུམ་བྲལ་དབང་པོ་བརྟན༔ བཟོད་ཐོབ་རྒྱལ་མཐོང་ཆོས་ཉན་རྟག༔ ལོག་པར་མི་ལྟུང་ཡོན་ཏན་འབྱོར༔ དེ་ལྟར་གསལ་བའི་གཙོ་འཁོར་གྱི༔ གནས་གསུམ་ༀ་ཨཱཿཧཱུཾ་གིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ དམིགས་བྲལ་རང་བཞིན་གནས་མཆོག་དང་༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ འོད་མཚན་སྟོང་འབར་རྒྱལ་བ་ལ༔ འདྲེན་པ་སྟོང་རྩ་བདེ་གཤེགས་བདུན༔ ཉེ་བའི་སྲས་བརྒྱད་ལ་སོགས་པའི༔ བདེ་ཆེན་དཀྱིལ་འཁོར་ལྷ་ཚོགས་ཀུན༔ མདུན་གྱི་ནམ་མཁར་སྦྱན་དྲངས་གྱུར༔ དགུ་པ་ལྷ་ཚོགས་སྤྱན་འདྲེན་ནི༔ གང་ཞིག་རྒྱལ་བ་ཡིད་བྱེད་པ༔ དེ་ཡི་མདུན་ན་དེ་བཞུགས་ཏེ༔ དབང་བསྐུར་བྱིན་གྱིས་བརླབས་གསུངས་ཕྱིར༔ དད་འདུན་མོས་པའི་བློ་བསྐྱེད་ལ༔ ཨེ་མ་ཧོ༔ ཡོངས་ཀྱི་འགྲོ་བའི་སྐྱབས་གྱུར་བཅོམ་ལྡན་འདས༔ མ་ལུས་རྒྱལ་བའི་མཁྱེན་བརྩེའི་མངའ་བདག་མཆོག༔ འོད་མཚན་སྟོང་འབར་འཆི་མེད་ཚེ་ཡི་ལྷ༔ དེང་འདིར་བསོད་ནམས་ཞིང་དུ་སྤྱན་འདྲེན་གཤེགས༔ མགོན་ཁྱོད་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དམ་བཅས་བཞིན༔ དེང་དུས་འགྲོ་བའི་སྡུག་བསྔལ་གཟིགས་མཛོད་ལ༔ ཆགས་ཐོགས་མེད་པའི་སྒྱུ་འཕྲུལ་མངོན་པར་མཛོད༔ ཀྱཻ་མ༔ དད་མོས་ལྡན་པའི་གདུལ་བྱའི་འགྲོ་བ་ལ༔ ཐུགས་རྗེའི་འཇུག་པ་དུས་ལས་ཡོལ་མིན་པའི༔ གསུང་གསང་རྡོ་རྗེའི་རི་མོའི་ཐ་ཚིག་དོན༔ དུས་ལ་བབ་པོ་གནས་འདིར་འབྱོན་པར་མཛོད༔ གང་ཞིག་དྲན་པའི་མོད་ལ་འགྲོ་ཀུན་གྱི༔ སྡུག་བསྔལ་རྒྱུ་དང་འབྲས་བུ་སྟོང་འགྱུར་བས༔ སྨོན་ལམ་ཆེན་པོ་བརྒྱད་བཏབ་འབྲས་སྨིན་པ༔ བདེར་གཤེགས་མཆེད་བརྒྱད་སྤྱན་འདྲེན་གཤེགས་སུ་གསོལ༔ བཟང་པོའི་བསྐལ་བའི་མཆོག་དམན་འགྲོ་བ་ཀུན༔ ཐར་དང་རྣམ་མཁྱེན་མཆོག་གི་གོ་འཕང་ལ༔ འགོད་པར་ཞལ་བཞེས་འདྲེན་པ་སྟོང་རྩ་གཉིས༔ དེང་འདིར་ཚོགས་བསགས་ཞིང་དུ་སྤྱན་འདྲེན་གཤེགས༔ ཇི་སྲིད་ནམ་མཁའ་གཟུགས་སུ་མ་གྱུར་བར༔ དེ་སྲིད་འགྲོ་བའི་དོན་ལ་གཡེལ་མེད་ཞེས༔ ཐུགས་བསྐྱེད་དམ་བཅའི་ཁུར་གྱིས་མ་ངལ་བའི༔ རྒྱལ་སྲས་སེམས་དཔའི་ཚོགས་ཀུན་གནས་འདིར་གཤེགས༔ གཞན་ཡང་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན༔ བཞུགས་པའི་རྒྱལ་དང་དེ་སྲས་ཉན་རང་ཚོགས༔ སྤྲུལ་དང་ཡང་སྤྲུལ་ཉིང་སྤྲུལ་སུམ་སྤྲུལ་སོགས༔ འགྲོ་ཀུན་བདེ་ལ་སྦྱོར་ཕྱིར་གནས་འདིར་སྤྱོན༔ ཁྱེད་རྣམས་མཁྱེན་བརྩེ་སྟོབས་ནུས་དཔལ་ལྡན་ཞིང་༔ ཆགས་ཐོགས་མེད་པའི་ཡེ་ཤེས་མངའ་བའི་ཕྱིར༔ བཤམས་པའི་གནས་འདིར་སྤྲིན་གྱི་ལྕུག་མའི་ཚུལ༔ སྐུད་ཅིག་ཙམ་གྱིས་སྤྱན་འདྲེན་གཤེགས་སུ་གསོལ༔ ༀ་ཨཱཿཧཱུཾ་བྷུདྡྷ་བོ་དྷི་ས་ཏྭ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛ༔ ཛཿཧཱུཾ་བཾ་ཧོཿ བཅུ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ གཙོ་དང་འཁོར་བཅས་པདྨ་རིགས་ཀྱི་ལྷ༔ རང་རང་སོ་སོར་འོས་པའི་གདན་ཁྲི་ལ༔ འགྲོ་ལ་ཕན་དང་བདེ་བའི་ཆོས་སྟོན་ཕྱིར༔ སྲིད་ཞུའི་རྟེན་མཆོག་དཔལ་དུ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ནྟུ༔ བཅུ་གཅིག་པ་ཕྱག་འཚལ་བ་ནི༔ ཧྲཱི༔ བདག་དང་ལྷ་ལ་གཉིས་སུ་འཛིན་པའི་སེམས༔ དབྱིངས་སུ་གཅིག་ཀྱང་དུ་མར་རྟོག་པའི་བློ༔ བདེ་ཆེན་ཀློང་དུ་རོ་གཅིག་མ་གྱུར་བར༔ ས་ལམ་སྒྲིབ་ཚོགས་སྦྱོང་ཕྱིར་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ བཅུ་གཉིས་པ་མཆོད་པ་འབུལ་བ་ནི༔ དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས༔ དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས༔ ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད༔ མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་༔ སྨན་གྱི་རྣམ་པ་གང་ཞིག་ཡོད་པ་དང་༔ འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་༔ ཆུ་གཙང་ཡིད་དུ་འོང་བ་ཇི་སྙེད་དང་༔ རིན་ཆེན་རི་བོ་དང་ནི་དེ་བཞིན་དུ༔ ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་༔ ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་༔ ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་༔ ལྷ་སོགས་འཇིག་རྟེན་ན་ཡང་དྲི་ངད་ལྡན༔ སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་༔ མ་རྨོས་འཁྲུངས་པའི་ལོ་ཏོག་རྣམས་པ་དང་༔ གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི༔ མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག༔ ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན༔ ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ༔ ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན༔ བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག༔ སྲས་དང་བཅས་པ་རྣམས་ལ་བདག་འབུལ་ན༔ ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས༔ བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས༔ རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི༔ བདག་གི་ལུས་ཀུན་གཏན་དུ་འབུལ་བར་བགྱི༔ སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག༔ གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི༔ བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བ་ན༔ སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱིད༔ སྔོུན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་༔ སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ༔ ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ༔ ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར༔ རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན༔ མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར༔ དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ༔ རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ༔ ཡིད་འོང་ལེགས་པར་བཀང་པ་གླུ་དང་ནི༔ རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ༔ དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས༔ གཙང་ལ་དྲི་རབ་བགོས་པའི་སྐུ་ཕྱིའོ༔ དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི༔ ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ༔ གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༔ རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས༔ འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་༔ འཇིག་རྟེན་དབང་ཕྱུག་སོགས་ལ་བརྒྱན་པར་བགྱི༔ སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི༔ དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ༔ གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར༔ འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི༔ ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི༔ མེ་ཏོག་མནྡ་ར་དང་པདྨ་དང་༔ ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་༔ ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད༔ སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི༔ བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ༔ ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི༔ ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི༔ གསེར་གྱི་པདྨ་ཚར་དུ་དངར་བ་ཡི༔ རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི༔ ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར༔ མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ༔ གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན༔ མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ༔ དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་༔ ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི༔ རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན༔ ཁོར་ཡུག་རྒྱན་གྱི་རྣམས་པ་ཡིད་འོང་ལྡན༔ དབྱིབས་ལེགས་ལྟ་ན་སྡུག་པ་སྒྲེང་བ་ཡང་༔ རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི༔ དེ་ལས་གཞན་ཡང་མཆོད་པའི་ཚོགས༔ རོལ་མོ་དབྱངས་སྙན་ཡིད་འོང་ལྡན༔ སེམས་ཅན་སྡུག་བསྔལ་སེལ་བྱེད་པའི༔ སྤྲིན་རྣམས་སོ་སོར་གནས་གྱུར་ཅིག༔ དམ་ཆོས་དཀོན་མཆོག་ཐམས་ཅད་དང་༔ མཆོད་རྟེན་རྣམས་དང་སྐུ་གཟུགས་ལ༔ རིན་ཆེན་མེ་ཏོག་ལ་སོགས་ཆར༔ རྒྱུན་མི་འཆད་པར་འབབ་བར་ཤོག༔ ཡོན་ཏན་རྒྱ་མཚོ་རྣམས་ལ་བདག༔ བསྟོད་དབྱངས་ཡན་ལག་རྒྱ་མཚོས་མཆོད༔ བསྟོད་དབྱངས་སྙན་སྤྲིན་དེ་དག་ལ༔ ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག༔ བཅུ་གསུམ་པ་བསྟོད་པ་ནི༔ ཧཱུཾ། གཞི་དབྱིངས་ཀ་དག་སྤྲོས་དང་བྲལ་གྱུར་ཀྱང་༔ གཞི་སྣང་འཁོར་འདས་ལྷུན་གྱིས་གྲུབ་པའི་གདངས༔ གཞི་རྩལ་གང་ལ་གང་འདུལ་རོལ་བའི་སྐུ༔ གདོད་ནས་སངས་རྒྱས་འཆི་མེད་མགོན་པོར་བསྟོད༔ གང་ཁྱོད་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་༔ དགེ་སློང་རྒྱལ་སྲས་ཆོས་ཀྱི་འབྱུང་གནས་ཞེས༔ དཔག་མེད་སྨོན་ལམ་ཐུགས་བསྐྱེད་མཐུས་གྲུབ་པའི༔ སངས་རྒྱས་བསོད་ནམས་ཕུན་ཚོགས་ཕྱག་འཚལ་བསྟོད༔ འདྲེན་པ་སྟོང་གི་མཁྱེན་བརྩེ་ནུས་པའི་སྟོབས༔ མགོན་པོ་ཁྱེད་ཀྱི་གསང་གསུམ་དཀྱིལ་འཁོར་དུ༔ སྣ་ཚོགས་ཆུ་ཕྲན་རྒྱ་མཚོར་རོ་གཅིག་བཞིན༔ དབྱེར་མེད་མཉམ་ཉིད་ངང་དུ་ཕྱག་འཚལ་བསྟོད༔ གྲངས་མེད་གོང་ནས་ཐུགས་བསྐྱེད་སྨོན་ལམ་འབྲས༔ ཤར་ཕྱོགས་བཻ་ཌཱུཪྱ་སྣང་ཞིང་ཁམས་ཀྱི༔ ཕྱོགས་མཚམས་བརྒྱད་ཀྱི་སྟོན་པ་བདེར་གཤེགས་བརྒྱད༔ གཙོ་འཁོར་སྤྲུལ་པར་བཅས་ལ་ཕྱག་འཚལ་བསྟོད༔ རྨད་བྱུང་བཟང་བོའི་བསྐལ་བའི་འདྲེན་པ་སྟོང་༔ འགྲོ་དོན་གཡེལ་བ་མེད་པའི་བྱང་སེམས་སྡེ༔ རྒྱལ་བསྟན་འཛིན་མཛད་ཉན་རང་དགྲ་བཅོམ་ཚོགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བཅུ་བཞི་བ་བཟླས་པ་བྱ་བ་ནི༔ མདུན་བསྐྱེད་ཐུགས་ཀར་པད་ཟླའི་སྟེང་༔ ཧྲཱིཿ དམར་ཏིལ་གྱི་མར་མེ་བཞིན༔ སྔུགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རབ་འབྱམས་ཞིང་ཁམས་ཀྱི༔ རྒྱལ་བ་སྲས་བཅས་ཡོངས་མཆོད་ཅིང་༔ བྱིན་རླབས་དངོས་གྲུབ་ཚུར་འདུས་བསམ༔ སླར་ཡང་བྱམས་དང་སྙིང་རྗེ་ཡི༔ འོད་ཟེར་རིགས་དྲུག་གནས་སུ་འཕྲོས༔ སོ་སོའི་སྡུག་བསྔལ་རྒྱུ་དང་འབྲས༔ ཡོངས་བསལ་རྒྱལ་བའི་གོ་འཕང་ལ༔ བཀོད་པའི་བདེ་ཆེན་དཔལ་ཐོབ་གྱུར༔ བར་བསམ་ ༀ་ཨཱཿ ཧཱུཾ། ༀ་ཨ་མི་ཏ་བྷ་ཧྲཱིཿཞེས་པ་བརྒྱ་སྟོང་ཁྲི་འབུམ་སོགས༔ མ་ཡེངས་ངང་ནས་བཟླ་བ་གཅེས༔ ཡེངས་བཞིན་བཟླས་ལ་འབྲས་མི་འབྱིན༔ མཚམས་སུ་གཟུངས་རིང་འདི་ཉིད་ཀྱང་༔ དལ་བུས་དག་པར་བཟླ་བར་བྱ༔ ཏཪྱ་ཐཱ༔ ཨ་མི་ཏེ༔ ཨ་མི་ཏོད་བྷ་ཝེ༔ ཨ་མི་ཏ་སཾ་བྷ་ཝེ༔ ཨ་མི་ཏ་བི་གྲན་ཏེ༔ ཨ་མི་ཏ་ག་ག་ན༔ ཀིར་ཏི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ ༔ དེ་བཞིན་གང་ནུས་བཟླས་པའི་མཐར༔ ཡན་ལག་བདུན་པ་བཟང་སྤྱོད་ལྟར༔ ཚིག་དོན་མ་འཆོལ་བཏང་བར་བྱ༔ སྐུབས་འདིར་མདུན་གྱི་རྟེན་བརྟེན་པ༔ བདེ་ཆེན་ཞིང་དང་དབྱེར་མེད་པའི༔ དད་མོས་བརྟན་པའི་ཀུན་སློང་གིས༔ ཕྱག་འཚལ་ཆོ་གར་འདི་བཞིན་འཇུག༔ ཨེ་མ་ཧོ༔ དུས་གསུམ་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི༔ རྒྱལ་རྣམས་ཐུགས་བསྐྱེད་སྨོན་ལམ་ཡོངས་བསྡམས་པ༔ བཅོམ་ལྡན་འོད་མཚན་སྟོང་འབར་རྒྱལ་བ་ལ༔ བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ མགོན་པོ་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་སྟོབས༔ སྡིག་ལྡན་འགྲོ་ལ་ལྷག་པར་འཇུག་པ་ཡིས༔ ཞལ་བཞེས་ཐུགས་བསྐྱེད་གཡར་དམ་གོ་ཆའི་འཕྲུལ༔ ནམ་ཡང་ལྷོད་པ་མེད་དེར་ཕྱག་འཚལ་ལོ༔ འདྲེན་མཆོག་རྒྱལ་བ་སྟོང་གི་ཞིང་ཁམས་ཀྱི༔ དཔལ་དང་ཡོན་ཏན་མ་ལུས་ལྷུན་རྫོགས་ཤིང་༔ སྡུག་བསྔལ་མིང་མེད་བདེ་སྐྱིད་དཔལ་འབྱོར་ལྡན༔ བདེ་ཆེན་རྒྱལ་པོའི་ཞིང་དེར་ཕྱག་འཚལ་ལོ༔ དེར་བཞུགས་བཅོམ་ལྡན་རྒྱལ་བ་འོད་དཔག་མེད༔ མཁྱེན་བརྩེ་ནུས་པ་དཔག་མེད་འཁོར་དཔག་མེད༔ སྐུ་ཚེ་དཔག་མེད་ཕྲིན་ལས་དཔག་ཏུ་མེད༔ དཔལ་ཡོན་དཔག་མེད་ལྡན་དེར་ཕྱག་འཚལ་ལོ༔ སྙིགས་དུས་འགྲོ་ཀུན་སྐྱོབ་པའི་མཐུ་ནུས་སྟོབས༔ རྒྱལ་བ་གཞན་ལས་འཕགས་པའི་བདེ་གཤེགས་བརྒྱད༔ བསྐལ་བཟང་སངས་རྒྱས་སྟོང་རྩ་རིགས་གསུམ་མགོན༔ སྤྲུལ་འཁོར་བཀའ་སྡོད་བཅས་ལ་ཕྱག་འཚལ་ལོ༔ བསྐལ་མང་གོང་ནས་ཞི་བ་མཆོག་བརྙེས་ཀྱང་༔ བསྟན་འགྲོར་ཕན་བདེའི་བདུད་རྩི་སྤེལ་སླད་དུ༔ སྣ་ཚོགས་འཕྲུལ་གྱིས་མངོན་རྟོགས་གསལ་མཛད་པ༔ རྒྱལ་སྲས་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ༔ གཞན་ཡང་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན༔ བཞུགས་པའི་རྒྱལ་དང་དེ་སྲས་ཉན་རང་དང་༔ དགྲ་བཅོམ་ལ་སོགས་རྒྱལ་བསྟན་འཛིན་རྣམས་ལ༔ སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ལོ༔ རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ཇི་སྙེད་ན༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་པའི་སྤྲིན༔ སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ བཀྲ་ཤིས་རྫས་རྟགས་བརྒྱད་དང་རྒྱལ་སྲིད་བདུན༔ སྣ་ཚོགས་མཆོད་པའི་བྱེ་བྲག་བསམ་ཡས་ཀུན༔ འཆི་མེད་མགོན་པོའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་རྫོགས་སྒྲིབ་སྦྱངས་ཤིང་༔ རྣམ་གྲོལ་བྱང་ཆེན་ཐོབ་པའི་རྒྱུར་གྱུར་ཅིག༔ མཁྱེན་ལྡན་རྒྱལ་བ་སྲས་འཁོར་བཅས་པ་ཡི༔ སྤྱན་སྔར་བདག་གིས་མི་འཚལ་ལས་བགྱིས་པ༔ སྲོག་གཅོད་མ་བྱིན་བླངས་དང་འདོད་ལོག་སྤྱོད༔ ལུས་ཀྱི་མི་དགེའི་ལས་ཀུན་མཐོལ་ལོ་བཤགས༔ རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་སོགས༔ ངག་གི་མི་དགེའི་ལས་ཀུན་མཐོལ་ལོ་བཤགས༔ བརྣབས་སེམས་གནོད་སེམས་ལོག་པར་ལྟ་བ་སོགས༔ ཡིད་ཀྱིས་ནོངས་པའི་ལས་བགྱིས་མཐོལ་ལོ་བཤགས༔ གཞན་ཡང་སོ་ཐར་བྱང་སེམས་སྔགས་སྡོམ་གྱི༔ བསླབ་གནས་བླང་དོར་གོ་ལྡོག་འཆོལ་བའི་ལས༔ བགྱིས་སོ་ཅོག་ཀུན་སྙིང་ནས་བཤགས་བགྱིད་ན༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ བྱོན་བཞུགས་འབྱོན་འགྱུར་རྒྱལ་དང་དེ་སྲས་ཀྱི༔ བསམ་ཡས་སྐུ་གསུང་ཐུགས་ཡོན་འཕྲིན་ལས་འཕྲུལ༔ མཆོག་དམན་གདུལ་བྱར་མངོན་སུམ་སྣང་མཛད་ནས༔ གདུལ་ཐབས་དཔག་མེད་བསྟན་དེར་རྗེས་ཡི་རང་༔ ཞིང་ཁམས་འདི་སོགས་རབ་འབྱམས་ཞིང་ཁམས་ན༔ བཞུགས་པའི་རྒྱལ་དང་དེ་སྲས་འཕགས་པ་གསུམ༔ གང་གི་རྗེས་འཇུག་བསྟན་འགྲོར་སྨན་པའི་ཚོགས༔ མྱ་ངན་མི་འདའ་སྲིད་མཐའི་བར་དུ་བཞུགས༔ འདིས་མཚོན་ཟག་བཅས་ཟག་མེད་དགེ་བའི་རྒྱུན༔ འཁོར་གསུམ་དམིགས་པའི་དྲི་མས་མ་གོས་བཞིན༔ མཐའ་མེད་འགྲོ་བས་བསོད་ནམས་དཔལ་གྱུར་ཏེ༔ བདེ་ཆེན་ཞིང་ཁམས་ཐོབ་པའི་རྒྱུ་རུ་བསྔོ༔ བཅུ་དྲུག་པ་སྨོན་ལམ་ནི༔ ཨེ་མ་ཧོ༔ མཐའ་ཡས་རྒྱལ་བའི་ཞིང་ཁམས་རྒྱ་མཚོ་ཡི༔ དཔལ་དང་ཡོན་ཏན་མ་ལུས་ཡོངས་བསྡམས་པ༔ བདེ་སྐྱིད་དཔག་མེད་ཞིང་མཆོག་བླ་ན་མེད༔ སྡུག་བསྔལ་རྒྱུ་འབྲས་ཀུན་སྤངས་བདེ་ཆེན་ཞིང་༔ དགེ་སློང་རྒྱལ་སྲས་ཆོས་ཀྱི་འབྱུང་གནས་ཀྱི༔ ཐུགས་བསྐྱེད་སྨོན་པའི་རང་གཟུགས་མངོན་གྱུར་གནས༔ ཞིང་དེར་བདག་སོགས་འགྲོ་ཀུན་སྐྱེ་བར་ཤོག༔ དེར་བཞུགས་བཅོམ་ལྡན་རྒྱལ་བ་འོད་དཔག་མེད༔ སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ གང་གི་ཐུགས་བསྐྱེད་སྨོན་ལམ་མཐུ་བྱིན་དང་༔ བདག་སོགས་དད་མོས་གསོལ་བཏབ་འཕེན་པ་ཡིས༔ ཚེ་འདིའི་ལུས་སེམས་སོ་སོར་བྲལ་བའི་དུས༔ སྐྱེ་སྲིད་གཞན་གྱི་དབང་དུ་མི་འགྱུར་བར༔ འོད་དཔག་མེད་ཀྱི་ཞབས་དྲུང་པདྨོ་རུ༔ རྫུས་ཏེ་སྐྱེ་བའི་དཔལ་ཡོན་ཐོབ་པར་ཤོག༔ དེར་ཡང་ཞི་བ་ཕྱོགས་གཅིག་མི་གཉེར་ཞིང་༔ དམིགས་མཐའ་བྲལ་བའི་སེམས་ཅན་ཐམས་ཅད་ལ༔ རང་རང་སྐད་དང་སྤྱོད་ཚུལ་སྣ་ཚོགས་ཀྱིས༔ ཕན་དང་བདེ་བའི་རྒྱུ་འབྲས་ཆོས་སྟོན་པའི༔ མཁྱེན་བརྩེ་ནུས་པའི་དབང་ཕྱུག་མཆོག་ཐོབ་ཤོག༔ བཅུ་བདུན་པ་བཟོད་གསོལ་ནི༔ ཧོ༔ བདག་སོགས་ལས་དང་སྐལ་དམན་པས༔ ལྟ་སྒོམ་སྤྱོད་པ་ཉམས་པ་དང་༔ གཙང་སྦྲ་ཆུང་ཞིང་མཆོད་པ་དམན༔ ཉེས་ཚོགས་ཅི་བགྱིས་བཤགས་པར་བགྱི༔ ༀ་པདྨ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ སོགས། བཅོ་བརྒྱད་པ་བདག་མདུན་བསྡུ་རིམ་ནི༔ ཧྲཱིཿ མདུན་བསྐྱོད་བརྟེན་དང་བརྟེན་པར་བཅས༔ མཐའ་ནས་རིམ་བཞིན་གཙོ་ལ་ཐིམ༔ གཙོ་བོ་འཇའ་ཚོན་ཡལ་བ་བཞིན༔ བདེ་ཆེན་སྤྲོས་བྲལ་ཀློང་དུ་གཤེགས༔ བདག་བསྐྱེད་ཆུ་ཟླའི་འདུ་བྱེད་འཕྲུལཿ ནམ་མཁའི་ཟླ་བར་རོ་གཅིག་ལྟར༔ རང་བཞིན་ཆོས་དབྱིངས་ངང་དུ་བཞག༔ སླར་ཡང་འཕགས་པའི་སྐུ་རུ་གསལ༔ བཅུ་དགུ་པ་བཀྲ་ཤིས་བརྗོད་པ་ནི༔ ཧྲཱིཿ སྤྲོས་བྲལ་མཁའ་ལ་འོད་མཚན་སྟོང་འབར་གཟིས༔ སྐུལ་བཟང་པདྨོའི་ཚལ་ཀུན་ཡོངས་ཕྱེས་ཤིང་༔ ཕན་བདེའི་དྲི་བཟང་ཕྱོགས་ཀུན་ཁྱབ་གྱུར་པའི༔ བཀྲ་ཤིས་བདེ་སྐྱིད་ཉི་མ་རྟག་གསལ་ཤོག༔ དམ་ཆོས་བདེ་ཆེན་ལམ་མཆོག་ལས༔ ཕྱི་སྒྲུབ་ཐར་པའི་ཐེམ་སྐས་འདི༔ འོད་མཚན་སྟོང་འབར་རྒྱལ་བ་ཡིས༔ འཇིགས་མེད་འཕྲིན་ལས་འོད་ཟེར་ལ༔ ལྕགས་ཕོ་ཁྱི་ལོར་རྟེན་འབྲེལ་གྱི༔ སྒོ་འཕར་དང་པོ་ཕྱེས་མདོ་ཀྱང་༔ རེ་ཞིག་བཏང་སྙོམས་ལ་བཞག་པ༔ ས་སྐྱོང་རྣལ་འབྱོར་དབང་མོ་ཡིས༔ རིན་ཆེན་གཉིས་པའི་མཎྜལ་ལ༔ བཀྲ་ཤིས་རྟགས་བཀྲའི་དངུལ་ཚོམ་དང་༔ སྣ་ལྔའི་དར་བཅས་ཕུལ་ནས་སུ༔ ཁྱོད་ལ་དག་སྣང་ཞིག་ཡོད་སྐད༔ དེ་ལྟར་ངེས་ན་བཏང་སྙོམས་སུ༔ མི་བཞག་ཅིས་ཀྱང་འབེབ་དགོས་ཞེས༔ ཆུ་ཕོ་ནོར་སྐྱོང་རྒྱལ་པོའི་ལོར༔ བརྡའ་འགྲོལ་རྟེན་འབྱུང་དབང་བཙན་པ༔ དངོས་དང་འཇིགས་མེད་བློ་གསལ་བས༔ རྟེན་འབྲེལ་བཟང་པོའི་མཚམས་སྦྱོར་གྱི༔ བདག་པོར་གྱུར་པའི་ལྡེ་མིག་གིས༔ ཁོ་བོའི་ཀུན་གཞིའི་སྒོ་ལྕགས་རྒྱ༔ ཕྱེ་བའི་སྒྲ་ཚིག་ཡིག་ལམ་དུ༔ གསལ་བྱེད་ཀུན་བཟང་འཆི་མེད་ཀྱིས༔ བགྱིས་འདིའི་དགེ་བས་འགྲོ་བ་ཀུན༔ སྣང་མཐའི་གོ་འཕང་མཆོག་ཐོབ་ཤོག༔ དགེའོ་བཀྲ་ཤིསཿ

གསོལ་འདེབས་སྨོན་ལམ་རྣམ་དག་ལམ་བཟང་།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལས༔ གསོལ་འདེབས་སྨོན་ལམ་རྣམ་དག་ལམ་བཟང་བཞུགས་སོ། །

ན་མོ་ཨ་མི་ཏ་བྷ་ཡེ། དགེ་སློང་རྒྱལ་སྲས་ཆོས་ཀྱི་འབྱུང་གནས་ཀྱི། །ཐུགས་བསྐྱེད་སྨོན་པའི་རང་གཟུགས་དུས་སྨིན་པ། །འོད་མཚན་སྟོང་འབར་འཆི་མེད་ཚེ་ཡི་ལྷ། །གྲགས་པ་མཐའ་ཡས་མགོན་པོ་འོད་དཔག་མེད། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །བདག་སོགས་ལས་ངན་སྤྱོད་པའི་འགྲོ་བ་ཀུན། །མྱུར་དུ་བདེ་ཆེན་ཞིང་དུ་དྲངས་དུ་གསོལ། །ཆོས་སྤངས་མཚམས་མེད་ལས་བྱས་མ་གཏོགས་པས། །ཁྱོད་མཚན་དྲན་ཞིང་གསོལ་བ་བཏབ་གྱུར་ན ། །བདེ་ཆེན་ཞིང་དུ་འདྲེན་ཞེས་ཞལ་བཞེས་པའི། །ཐུགས་དམ་དམ་བཅས་རི་མོ་འདོད་ལྷས་ཀྱང་། །གཞིག་པར་མི་ནུས་སངས་རྒྱས་བདེན་པའི་བཀའ། །དེ་ཕྱིར་སྡིག་ལྡན་བདག་སོགས་འགྲོ་བ་ཀུན། །ལས་ངན་འཁྲུལ་པའི་དབང་དུ་མི་གཏོང་བར། །མགོན་པོ་ཁྱེད་ཀྱི་འཁོར་དུ་སྐྱེ་བར་ཤོག །བདག་སོགས་སྙིགས་མ་ལྔ་བདོའི་མཐར་སྐྱེས་པའི། ཚེ་ཐུང་ནད་མང་ཆོས་སྒྲུབ་སྙིང་རུས་དབེན། །སྡོམ་གསུམ་ལྷོད་ཅིང་རིམ་གཉིས་ལེ་ལས་གཡེང་། །འདི་ལ་མགོན་པོ་ཁྱོད་ཀྱིས་མི་གཟིགས་ན། །གཞན་ན་སྐྱོབ་པ་སུ་ཡང་མ་མཆིས་པས། །མྱུར་དུ་ཐུགས་རྗེས་གཟིགས་ཤིག་འོད་དཔག་མེད། །ཆོས་སྒོར་མ་ཞུགས་འགྲོ་རྣམས་རང་རྒྱུད་ཀྱི། །ཉོན་མོངས་མཐུས་ནོན་ལམ་དུ་ཞུགས་པ་དག །ཐོས་བསམ་འབྲས་བཟང་ཆགས་སྡང་མེ་ཡིས་བསྲེགས། །སྡོམ་གསུམ་གཟུགས་བརྙན་རིས་གཅོད་ཐོ་བས་བཤིག །བསྐྱེད་རྫོགས་བསྒོམ་བཟླས་ཟང་ཟིང་དངོས་པོར་བརྗེ། །ཀྱེ་མ་འདི་ལ་ཐུགས་རྗེས་མི་གཟིགས་ན། །གཞན་དུ་ཐུགས་རྗེའི་འཇུག་ཡུལ་སུ་ཞིག་ཡིན། །ཆོས་དྲེད་ཆོས་ཀྱིས་འདུལ་དཀའ་བདག་སོགས་འགྲོར། །མྱུར་དུ་ཐུགས་རྗེས་གཟིགས་ཤིག་འོད་དཔག་མེད། །མདོར་ན་ལས་ངན་རླུང་གིས་རབ་བསྐྱོད་བདག །དད་དང་དག་སྣང་ཇེ་དམན་མི་དགེའི་ལས། །རིལ་གྱིས་མང་དུ་སྤེལ་བའི་རྒྱུ་འབྲས་ཀྱིས། །ངན་འགྲོར་འགྲོ་བར་ངེས་ཀྱང་མགོན་ཁྱོད་ཀྱི། །མཁྱེན་བརྩེ་ནུས་པའི་ལྕགས་ཀྱུ་ཞགས་པ་ཡིས། །མྱུར་དུ་བདེ་ཆེན་ཞིང་དུ་དྲངས་དུ་གསོལ། །བདག་ལ་ཁྱེད་ཞལ་མཇལ་བའི་དགེ་བའི་སྟོབས། །ཕྲ་བས་ནོངས་ཀྱང་ཁྱེད་ཀྱི་དམ་བཅས་མཐུས། །ལས་ངན་ལྡན་ལ་ལྷག་པར་ཐུགས་རྗེ་ཡི། །འཇུག་པར་མྱུར་སྟབས་དེ་ཡིས་མཇལ་གྱུར་པས། །བདག་དང་བདག་ལ་བཟང་ངན་འབྲེལ་ཐོགས་ཀུན། །བདེ་ཆེན་ཞིང་གི་དཔལ་ལ་ལོངས་སྤྱོད་ཤོག །སླར་ཡང་འགྲོ་ཁམས་རྒྱ་མཚོ་མ་སྟོང་བར། །སྣ་ཚོགས་གཟུགས་དང་སྣ་ཚོགས་སྒྲ་ཡིས་ནི། །གང་ལ་གང་འཚམས་ཐབས་ཀྱི་ཕན་བདེའི་འཕྲུལ། །མགོན་པོ་ཁྱེད་བཞིན་གཞན་དོན་ཡོངས་འགྲུབ་ཤོག །ཅེས་པ་འདི་ཡང་བདག་སྙོམ་ལས་པ་ཀུན་བཟང་གཞན་ཕན་ལ་མེ་འབྲུག་ཟླ་བ་གཉིས་པའི་ཚེས་བཅུ་གསུམ་ནུབ་མགོན་པོ་འོད་དཔག་མེད་སྐུ་མདོག་དུང་ལྟར་དཀར་པོར་བསྒྱུར་ནས་ཞལ་མཇལ་བ་རྨིས་པས་ནངས་པར་གསོལ་འདེབས་སྨོན་ལམ་འདི་ཐོལ་བྱུང་དུ་བྲིས་པའི་དགེ་བས་འགྲོ་རྣམས་སྣང་མཐའི་གོ་འཕང་ལ་རག་པའི་རྒྱུར་གྱུར་ཅིག །དགེའོ།། །།

དམོད་བཅོལ་དགྲ་བོ་དུག་འཇོམས་བསང་གསོལ་་་་

༄༅། །དམོད་བཅོལ་དགྲ་བོ་དུག་འཇོམས་བསང་གསོལ་འཇུག་ཏུ། ཧོ། ཡེ་ཤེས་དང་ལས་ལ་གྲུབ་པའི་སྲུང་མ་དམ་ཅན་ཁྱེད་རྣམས་ལ་དགྲ་བོ་ ཆྒཻམོ་འདིའི་ལུས་སྲོག་དབང་ཐང་ཆོས་སྲིད་བཅས་པ་ཟས་སྐལ་དུ་གཏད་པ་ཡིན་པས་འདིའི་ཤ་ཟོ་ཁྲག་འཐུང་སྲོག་ཆོད་དབུགས་ལོངས་ལས་ཀྱི་མཐའ་སྡུས་ལ། ལོ་དང་ཟླ་བར་མ་བཞག་ཞག་དང་ཟ་མར་མ་ཤོར་བར་མྱུར་དུ་སྒྲོལ་ཅིག། ཆྒཻ མོ་ འདིའི་ལུས་སྲོག་ལ་སྟེང་ལྷས་ཟ་ལམ་ཐོང་ཅིག །འོག་ཀླུས༴ དྲང་སྲོང་གིས༴ ཕྱི་ནང་གསང་བ་ཡང་གསང་མཆོག་དང་སྤྲུལ་པའི་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་དང་། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཤ་ལ་དགའ་བ་ཁྲག་ལ་རྔམ་པ་དབུགས་ལ་རློམ་པའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་ཟ་ལམ་ཉེས་བྱེད་ཀྱི་དགྲ་བོ་དམིགས་པའི་ཡུལ་དུ་གྱུར་བ་དེ་རྣམས་ལ་ཐོང་ཅིག །མདོར་ན་དམ་ཉམས་པའི་དགྲ་བོའི་མི་ནོར་འཁོར་དང་བཅས་པ་ཟས་སྐལ་གྱིས་ལ་ཟོ་ཞིག །འཐུང་སྐལ་གྱིས་ལ་ཐུངས་ཅིག །ཟ་རེས་ཀྱི་དུས་ལ་བབ་པས་དགྲ་བོ་འདིའི་ཚེ་བསོད་སྟོབས་འབྱོར་ཁ་རྗེ་དབང་ཐང་ཁང་ཁྱིམ་ལོ་ཏོག་མཐའ་དག་རྩ་བ་སྐྱེ་རྒྱུད་དང་བཅས་པ་བྱ་སྒྲོ་མེ་ཡིས་ཚིག་པ་བཞིན་དུ་ཐོངས་ཤིག །གཞོབ་རྒོད་རྡོག་པས་བརྫིས་པ་བཞིན་དུ༴ ཐལ་བ་རླུང་གི་གཏོར༴ སྒོ་ང་བྲག་ལ་བརྒྱབ་པ༴ ཉེས་བྱེད་ཀྱི་དགྲ་བོ་དེ་རྣམས་ཕུང་དུ་ཆུགས་ཤིག །བརླག་ཏུ་ཆུགས་ཤིག །ཕུང་ཤུལ་ཀྱི་ཐལ་བ་རླུང་ལ་སྐུར་ཅིག །མིང་ཙམ་བརྡའ་ཙམ་ཡང་། མ་ལུས་པར་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག །ཅེས་པ་འདི་ནི་ཁེ་དྲག་ཅན་ལ་དགོས་པ་མ་ཡིན་རྣལ་འབྱོར་ཉམ་ཆུང་དག་ལ་ཉེས་མེད་ཞལ་ལྕེ་གཅོད་པ་དང་དོན་མེད་བཙན་འཛུགས་བྱེད་པ་བཙན་དམན་གྱིས་ཟས་མེད་ཟས་བཙལ་རྐུ་འཕྲོག་ཇག་གསུམ་བྱེད་པ་རྣམས་ལ་རྒྱུན་དུ་བསང་གསོལ་ཁའི་མཇུག་ཏུ་སྦྱར་ནས། ཆོས་སྐྱོང་ཕྲིན་བཅོལ་བྱེད་ན་ཡུན་རིང་མི་འགྱིང་བར་རྟགས་མངོན་དུ་འབྱུང་ངོ་། ཞེས་རྡོ་བླ་ཀུན་བཟང་གཞན་ཕན་གྱིས་རང་ལ་དགོས་པ་བྱུང་ན་ས་བྲིས་རྣལ་འབྱོར་ཉམ་ཆུང་རྣམས་ལ་དགོས་སོ།། །།

བུམ་དབང་བཀའ་བསྒོ་མནོལ་བཙོག་ཀུན་འཇོམས།

༄༅། །དེ་ནས་བུམ་དབང་བཀའ་བསྒོ་མནོལ་བཙོག་ཀུན་འཇོམས་ནི༔ ཧཱུཾ། ཡེ་ཤེས་བུམ་པས་ལས་ཀུན་བྱེད༔ ཀུན་འདུལ་བདུད་རྩིའི་བུམ་པ་འདིས༔ སྐུལ་ལྡན་བུ་ལ་དབང་བསྐུར་བས༔ ནད་གདོན་བར་ཆད་སེལ་བར་མཛོད༔ དམ་ཚིག་བདུད་རྩི་ཨམྲྀ་ཏ༔ ལྕེ་ལ་རེག་པས་སྡིག་སྒྲིབ་དག༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ འགལ་ན་མནར་མེད་དམྱལ་བར་ལྟུང་༔ དེ་བས་དམ་ལས་མ་འདའ་ཞིག༔ སྟེང་གདོན་གཟའ་དང་དྲང་སྲོང་རྣམས༔ ཡེ་ཤེས་བུམ་པ་དྲག་པོས་ཐུལ༔ འོག་གདོན་ཀླུ་དང་ས་བདག་ཡེ་ཤེས༴ བར་གདོན་བཙན་དང་མ་མོ་རྣམས༔ ཡེ་ཤེས༴ རྒྱལ་གདོན་ལྷ་སྲིན་སྡེ་བརྒྱད་རྣམས༔ ཡེ་ཤེས༴ གོས་གྲིབ་ཟས་གྲིབ་རོ་གྲིབ་རྣམས༔ ཡེ་ཤེས་བུམ༴ མི་གཙང་མནོལ་གྲིབ་ངན་པ་རྣམས༔ ཡེ་ཤེས་བུམ༴ ༀ་མ་ཧཱ་མ་ཡུ༴ སོགས་གླུད་མགོ་དགུ་འདོན་ཁྱེར། ༀ་ཕུད་ཕུད་སྭཱ་ཧཱ༔ སོགས་འོག་གི་སྔགས་སོགས་བརྗོད་ནས། ༀ་ཕུད་ཕུད༴ ཨེ་ཀ་བྷི༴ ཨ་བ་བྷི༴ དེ་ཙོ་བྷི༴ བྷ་ཡུ་བྷི༴ ར་ཙ་བྷི༴ སརྦ་བྷི༴ དེ་བཱ་བྷི༴ ན་ག་བྷི༴ ཨ་སུ་ར་བྷི༴ ག་རུ་ཊ་བྷི༴ ཀུ་བེ་ར་བྷི༴ གྷནྡྷེ་ར་བྷི༴ རཀྵ་བྷི་པ༴ ཡཀྵ་བྷི༴ མ་ནུ་བྷི༴ མ་ནི་སྨ་ར་བྷི༴ བྷུ་མི་ཝ་ཏི་བྷི༴ སརྦ་བྲེ་ཏ་བྷི༴ སརྦ་ཀླེཾ་ཤ་བྷི༴ ཚིནྡྷ་ཚིནྡྷ་ཧཱུཾ༴ བྷིནྡྷ༴ ད་ཧ་ད་ཧ༴ པ་ཙ༴ ཁ་ཁ་ཁཱ་ཧི་ཁཱ་ཧིི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ༀ་རྨ་རྨ་རྨ་རྨ་རྨ་སརྦ་བྷི་ས་ཨ་བ་ན་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ༈ ཁང་ཧ་ལ་ཧ་ལ་དྲག་ཁཾ། ཕུ་རུ་ཕུ་རུ་དྲག་ཁཾ། ཀུ་ཀུ་ལ་ནི་དྲིཾ་ཐོད། བྲིང་བྲིང་། དྲང་དྲང་། མང་མང་། གླུང་གླང་། ཨ་བ་བྷ་ཏི་ཐུ་ལི་ཀུ་ལི་ཡེ་སྭཱ་ཧཱ། ཞེས་སྔགས་རིང་འདིར་དུག་བུམ་སྒྲུབ་དུས་མང་པོ་བཟླ་དགོས། ཧཱུཾ། ང་ནི་གཏུམ་པོ་ཁྱུང་ཁྲ་ཡིན༴ ཞེས་ཧཱུཾ་བཞི་སོགས། ཧཱུཾ། རྨ་བྱ་ཆེན་མོའི་གཟི་བྱིན་གྱིས། དུག་མཚོ་དམར་ནག་ཡར་ཡར་ཁོལ། །བདུད་རྩི་སྨན་ཆབ་ཡར་ཡར༴ བདུད་རྩི་དུག་སེལ་ཡར༴ ཀླུ་གཉན་པོ་འདུལ་བྱེད༴ ས་བདག་འདུལ༴ སྡེ་བརྒྱད་འདུལ་ཕྱིར༴ མནོལ་བཙོག་སེལ༴ ཆུང་སྲི་འདུལ༴ སྡེ་བརྒྱད་གདུག་པ་འདུལ་བར་མཛོད། རྨེ་བཙོག་མནོལ་གྲིབ་སེལ་བར་མཛོད། ༀ་མ་ཧཱ་མ་ཡུ༴ ལྷ་ཁྲུས་དང་གསེར་སྐྱེམས་འདོན། དེ་ནས་ཕུད་མཆོད་བྱ་བ་ནི། ཧཱུཾ། རྨ་བྱ་ཆེན་མོའི་སྨན་ཆབ་འདིས། །རྩ་བརྒྱུད་དཔལ་ལྡན་བླ་མ་མཆོད། །ཡི་དམ་རྒྱལ་བ་ཞི་ཁྲོ་མཆོད། །མ་སྲིང་མཁའ་འགྲོ་རྒྱ་མཚོ༴ དམ་ཅན་ཆོས་སྐྱོང་ཚོགས་བཅས༴ བསྟན་མ་བསྟན་སྐྱོང་ཐམས་ཅད༴ ནོར་ལྷ་གཏེར་བདག་ཐམས་ཅད་མཆོད། །དེ་ནས་བདུད་རྩི་དུག་སེལ་དྲག་ཆར་འབེབས་པ་ནི། ཧཱུཾ། ང་ནི་གཏུམ་མོ་ཁྱུང་ཁྲ་ཡིན། །ང་ནི་རྨ་བྱ་ཆེན་མོ་ཡིན། །སྡེ་བརྒྱད་འདུལ་བའི་དུས་ལ་བབ། །ཕྱག་གཡས་ཙནྡན་སེལ་ལྕགས་ཀྱིས། །ལྷ་སྲིན་སྡེ་བརྒྱད་གདུག་པ་ཐུལ། །ཕྱག་གཡོན་རྨ་བྱའི་སྒྲོ་མདོངས་ཀྱིས། །མི་གཙང་མནོལ་གྲིབ་སེལ་བར་མཛོད། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གནོད་བྱེད་འདྲེ་གདོན་ཅི་མཆིས་པ། །རྨ་བྱ་དུག་འཇོམས་དྲག་པོས་ཐུལ། །སྟེང་གདོན་གཟའ་དང་རྒྱུ་ུསྐུར་རྣམས། །རྨ་བྱ་དུག་འཇོམས༴ བར་གདོན་བཙན་དང་མ་མོ་རྣམས། རྨ་བྱ༴ འོག་གདོན་ཀླུ་དང་ས་བདག༴ རྨ་བྱ༴ རྒྱལ་ཆེན་འདྲེ་སྲིན་འཁྲུགས་པ༴ རྨ་བྱ༴ མོ་འདྲེ་ཐེལ་འགོང་དམ་སྲི༴ རྨ་བྱ༴ མི་ཡི་སྲིད་ལ་འགོང་བ༴ རྨ་བྱ༴ ཕྱུགས་ཀྱི་གཡང་ལ་འགོང་བ༴ རྨ་བྱ༴ ཟས་ཀྱི་བཅུད་ལ༴ རྨ་བྱ༴ ཁ་འགོང་མིག་འགོང་བསམ་ངན༴ རྨ་བྱ༴ ནད་སྣ་ཡམས་སྣ་ངན་པ༴ རྨ་བྱ༴ རྨི་ངན་ལྟས་ངན་ཆོ་འཕྲུལ༴ རྨ་བྱ༴ མི་མཐུན་བར་ཆད་ཚོགས་རྣམས་ཀུན། རྨ་བྱའི་དུག་འཇོམས་དྲག་པོས་ཐུལ། དེ་ནས། ༀ་མ་ཧཱ་མ་ཡུ༴ ཧཱུཾ་བཞི་བརྗོད། མདུན་དུ་ཆུ་མི་དམིགས་པའི་ངང་ལས་མུཾ་ཡིག་ལྗང་ཁུ་ཡོངས་སུ་གྱུར་པ་ལས། ལྷ་མོ་རྨ་བྱ་ཆེན་མོ་དུག་སེལ་མ་འོད་དུ་ཞུ་བ་ལས་དུག་ཆུ་རྣམ་བདུད་རྩིའིི་ཆུའི་རང་བཞིན་དུ་གྱུར་བས། ནད་གདོན་བགེགས་རིམས་ནད་ཐམས་ཅད་བརླག་པའི་ནུས་པ་ཅན་དུ་གྱུར། དེས་ནས་སློབ་དཔོན་གྱི་ཁྱོར་གང་འཐུང་ལ། རང་ལུས་རྨ་བྱ་ཆེན་མོའི་སྐུར་གྱུར། སྐུ་དང་བ་སྤུའི་བུ་ག་ཐམས་ཅད་རྨ་བྱའི་མདོངས་ཀྱིས་གང་ཞིང་རྡོ་རྗེའི་རང་བཞིན་དུ་གྱུར། དེ་ནས་བསྲུང་བྱ་ལ་ཁྱོར་གང་བླུད་ལ་འཐུང་བས། ཤ འམ་རུས་པའི་གསེབ་ན་གནས་པའི་ནད་གདོན་རྐྱེན་ངན་ཐམས་ཅད་དུང་ཁུ་དང་སོལ་ཁུའི་རྣམ་པར་ནག་ནུ་རུ་རུ་རྐང་མཐིལ་གཉིས་ལས་མར་བུད་ནས་མདུན་གྱི་གླུད་དུག་སྦྲུལ་མགོ་དགུའི་ཁ་ནང་དུ་ཐིམ་པར་གྱུར། ༀ་མ་ཧཱ་མ་ཡུ་རི་བིཏྱ་ར་ཉྫི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ དུག་སེལ་མ་ལྷ་ལྔ་འོད་དུ་ཞུ་ནས༴ མཇུག་ཆད།

སྐྱབས་ཀུན་འདུས་་་་

༄༅། །ཨེ་མ་ཧོ། སྐྱབས་ཀུན་འདུས་བླ་མ་འོད་དཔག་མེད། །འཁོར་སངས་རྒྱས་བྱང་སེམས་ཉན་རང་ཚོགས། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་ཐུན་མོང་གཉིས་ཀྱི་དངསོ་གྲུབ་སྩོལ། །ལན་མང་བརྗོད། ༀ་ཨཱཿ གུ་རུ་ཨ་མི་ཏ་བྷ་སརྦ་སིདྡྷི་ཕ་ལ་ཧཱུཾ། བཟླས་མཐར། ཀྱཻ་མ་ཀྱི་ཧུད་བདག་འདྲའི་སེམས་ཅན། །ཚེ་རབས་མང་པོར་འཁོར་བའི་གྲོང་ན། །ངན་སོང་རྒྱུ་བསྒྲུབས་ད་དུང་སྒྲུབ་བཞིན། །རྟེན་འདི་བོར་འཕྲལ་རིགས་དྲུག་སྡུག་བསྔལ། །བདག་ཉིད་གཅིག་པུའི་ཐོག་ཏུ་བབ་ན། །སྐྱབས་གནས་རེ་ལྟོས་གཞན་ན་མེད་པས། །འདྲེན་པ་འོད་དཔག་མེད་པ་ཁྱེད་མཁྱེན། །སྡིག་ལྡན་ལས་ངན་འཁོར་བའི་གཏིང་རྡོ། །ཚེ་འདིའི་བྱ་བར་སྣང་བ་འཁྲུལ་ནས། །གཏན་གྱི་ལྷ་ཆོས་སྒྲུབ་པ་མ་ཤེས། །ཡེངས་མ་ལམ་ལ་མི་ཚེ་ཟད་ནས། །འཆི་བདག་གཤིན་རྗེའི་བསུ་མ་བྱུང་ན། །སྐྱབས་གནས་རེ་ལྟོས་གཞན་ན་མེད་པས། །ཐུགས་རྗེས་གཟིགས་ཤིག་འོད་དཔག་མེད་མགོན། །ད་ལྟའི་གནས་སྐབས་སྒོམ་པ་ཉམས་མྱོང་། །ལེ་ལོའི་དབང་གྱུར་བརྟན་པ་མ་ཐོབ། །བར་དོའི་འཁྲུལ་སྣང་འཇིགས་སྐྲག་བྱུང་ན། །ཁྱེད་ལས་གཞན་པའི་སྐྱབས་གནས་མེད་པས། །བདེ་ཆེན་ཞིང་དྲོངས་འོད་དཔག་མེད་མགོན ། །བསམ་གྱིས་མི་ཁྱབ་ཞིང་གི་བཀོད་པ། །འོད་དཔག་མེད་མགོན་གཙོ་འཁོར་ཡོངས་རྫོགས། །བདག་དང་བདག་ལ་བཟང་ངན་འབྲེལ་ཐོགས། །སྐྱེ་འགྲོ་ཀུན་གྱིས་མྱུར་དུ་མཇལ་བའི། །སྨོན་ལམ་དམ་པ་འགྲུབ་པར་ཤོག་ཅིག །ཅེས་པའང་ཀུན་བཟང་གཞན་ཕན་གྱིས་སྨྲས་པའོ།། སརྦ་མངྒ་ལཾ། དགེའོ།། །།

ན་མོ་ཌཱ་ཡི་ཡེ་ཚེ་རིང་མཆེད་ལྔ་མཆོད་པར་་་་

༄༅། །ན་མོ་ཌཱ་ཡི་ཡེ་ཚེ་རིང་མཆེད་ལྔ་མཆོད་པར་འདོད་པས། གཏོར་མར་ཆབ་བྲན་ནས་ཟག་མེད་ཀྱི་བདུད་རྩིར་བསམས་ལ། རཾ་ཡཾ་ཁཾ་ༀ་ཨཱཿཧཱུཾ། སྔོུན་ཚེ་པདྨ་ཐོད་ཕྲེང་དང་། རྗེ་བཙུན་བཞད་པ་རྡོ་རྗེ་ཡི། །བཀའ་སྡོད་ཚེ་རིང་མཆེད་ལྔ་པོ། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས། །རང་རང་དགྱེས་པའི་གདན་ལ་བཞུགས། །མཆོད་པའི་ཚོགས་འབུལ་ལས་ཀུན་སྒྲུབས། །བཾ་ཧ་རི་ནི་ས་བཛྲ་པྲ་མོ་ཧ་ས་པཱ་རི་ཝ་ར་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་བརྗོད་ཅིང་། དབྱིངས་ཀྱི་ཡུམ་ལྔའི་སྒྲུ་འཕྲུལ་གར། །ཟོ་དོར་ཚུལ་དུ་ལེགས་བསྒྱུར་ཅིང་། །རྣམ་བཞིའི་ཕྲིན་ལས་སྒྲུབ་མཛད་ལྷ། །ཚེ་རིང་མཆེད་ལྔར་ཕྱག་འཚལ་བསྟོད། །ཐུགས་དང་འགལ་བ་བཤགས་ཤིང་བསྐང་། །མ་སྲིང་མཛའ་གྲོགས་ཇི་བཞིན་དུ། །འགྲོགས་ལ་རབ་འབྱམས་འཕྲིན་ལས་ཀུན། །ཐོགས་མེད་མྱུར་དུ་འགྲུབ་པར་མཛོད། །ཅེས་པ་འདི་ཡང་དད་ལྡན་ཀུན་འགྲུབ་ཀྱི་ངོར། ༈ རྫོགས་ཆེན་པ་རྡོ་བླས་སོ། ༈ ཚེ་རིང་མཆེད་ལྔའི་གཏོར་འབུལ་བཞུགས། རཾ་ཡཾ་ཁཾ་ༀ་ཨཱཿཧཱུཾ། སྔོུན་ཚེ་སློབ་དཔོན་པདྨའི་བཀའ། །བར་དུ་བཞད་པ་རྡོ་རྗེའི་ལུང་། །ཐ་མ་འཇིགས་མེད་གླིང་པའི་ཚིག །བཀའ་དང་དམ་ཚིག་དྲན་མཛོད་ལ། །ཚེ་རིང་མཆེད་ལྔ་འཁོར་དང་བཅས། །འདིར་གཤེགས་ཕྱི་ནང་གསང་གསུམ་གྱི། །མཆོད་རྫས་སྒྲུབ་རྫས་སྐོང་རྫས་སོགས། །མཐུན་རྫས་ལོངས་སྤྱོད་འདི་བཞེས་ལ། །ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། །རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་ཅིང་། །མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ནས། །བསྟན་འགྲོར་ཕན་པའི་དཔལ་ཐོབ་ཤོག །ཅེས་ཚེ་རིང་མཆེད་ལྔའི་གཏོར་འབུལ་འདི་ཉིད་དད་ཅན་འཇིགས་མེད་བློ་གསལ་གྱིས་བསྐུལ་ངོར། རྡོ་བླས་སྤེལ་བའི་ཡི་གེ་པ་ནི་འཇིགས་མེད་བསོད་ནམས་མཆོག་ལྡན་གྱིས་བགྱིས་པའི་དགེ་བས་རྗེས་འཇུག་རྣམས་ཀྱི་ལས་བཞིའི་ཕྲིན་ལས་འགྲུབ་པའི་རྒྱུར་གྱུར་ཅིག

བདེ་ཆེན་ཞིང་གི་མགོན་པོ་སྣང་མཐས་ཡས་་་་

༄༅། །བདེ་ཆེན་ཞིང་གི་མགོན་པོ་སྣང་མཐས་ཡས། །གང་ཅན་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས། །རྒྱལ་བ་ཀུན་གྱི་ངོ་བོ་པདྨ་འབྱུང་། །བདག་སོགས་མོས་གུས་གདུང་བས་གསོལ་བ་འདེབས། །ༀ་མ་ཎི༴ ཡང་ཅིག་གསོན་དང་འདིར་འདུས་སྐལ་ལྡན་ཀུན། །འཆི་བདག་བདུད་ནི་ནམ་འོང་ཆ་མེད་པས། །ད་ལྟ་གློ་བུར་བྱུང་ཡང་འགྱོད་མེད་ཞིག །ཡོད་ན་དེས་ཆོག་མེད་ན་ཡིག་དྲུག་གསུངས། །ༀ༴ ནད་པ་སང་འཆི་ཟེར་དང་ནད་མེད་ག ཉིས། །འདི་གཉིས་སྔོན་ལ་གང་འཆི་ཆ་མེད་པས། །ཚེ་འདི་མི་རྟག་ཆུ་ཡི་ལྦུ་བ་འདྲ། །དེ་དག་ཡིད་ལ་སོམས་ལ༴ ༀ༴ ལོ་བརྒྱའི་མི་དང་ལོ་གཅིག་བྱིས་པ་གཉིས། འདི་གཉིས་སྔོན་ལ་གང་འཆི༴ ལུས་འདི་མི་རྟག་པར་སྣང་གློག་དང་འདྲ། དེ་དག་ཡིད་ལ་སོམས་ལ་ཡིག་དྲུག་གསུངས། ༀ༴ ད་ལྟའི་རང་ཡུལ་འདི་དང་གཤིན་ཡུལ་གཉིས། སང་ཕོད་ད་ཚོད་གར་ཡོད་ཆ་མེད་པས། ཡུལ་འདི་མི་རྟག་དྲི་ཟའི་གྲོང་ཁྱེར་འདྲ། དེ་དག་ཡིད་ལ་སོམས་ལ༴ ༀ༴ ད་ལྟའི་འགྲོ་ལམ་འདི་དང་གཤིན་རྗེའི་འཕྲང་། སང་ཕོད་ད་ཚོད་གར་འགྲོ་ཆ་མེད་པས། ཚེ་འདི་མི་རྟག་རྩྭ་ཁའི་ཟིལ་བ་འདྲ། དེ་དག༴ ༀ༴ འཇིག་རྟེན་འཁོར་བའི་རྒྱ་མཚོར་ཡུན་རིང་འཁྱམས། འཁོར་བ་འཁྱམས་ཚོད་སྔ་མ་དེ་ཙམ་ཆོག །ད་ནི་གཏན་བདེའི་བྱང་ཆུབ་སྒྲུབ་རེ་རན། །ཐར་བ་ཐོབ་འདོད་རྣམས་ཀྱི་ཡིག༴ ༀ༴ འདི་ཞེན་བྱ་བ་ལས་ལ་ཟིན་དུས་མེད། །བྱས་པ་དོན་མེད་བྱ་བ་དེ་ཙམ་ཆོག །ད་ནི་རང་དོན་རང་གི་སྒྲུབས་དགོས་པ། །ཐར་ལམ་ཟིན་འདོད་རྣམས་ཀྱིས་ཡིག་དྲུག་གསུངས ། །ༀ༴ རྒྱུ་ལུས་ཕུང་པོ་ལ་ཁའི་བྱ་ཚང་འདྲ། །ཚེ་སྲོག་འགྱུ་བ་བྱེའུ་ཕྲུག་ཤ་རྗེན་འདྲ། །འཆི་བདག་བདུད་ཕོ་ཁྲ་ཆུང་ཧོར་བ་འདྲ། །གློུ་བུར་ནམ་འོང་མེད་པས་ཡིག༴ ༀ༴ དམྱལ་བ་ཚ་ཞིང་བསྲེགས་ལ་གྲང་ཞིང་འཁུན། །ཡི་དྭགས་བཀྲེས་ཤིང་སྐོམ་ལ་ཉམ་ཡང་ཐག །དུད་འགྲོ་བླུན་ཅིང་རྨོངས་ལ་སྡུག་རེ་བསྔལ། །ངན་སོང་སྡུག་བསྔལ་སོམས་ལ་ཡིག༴ ༀ༴ ཕྱི་སྣང་བའི་ཡུལ་ལ་ཕར་བལྟས་ཚེ། །སྣང་བ་མི་རྟག་མདང་སུམ་རྨི་ལམ་འདྲ། །རྨི་ལམ་སད་བཞིན་འཁྲུལ་བས་བློ་མ་བདེ། །འཁྲུལ་བ་ཁོང་ནས་ཆོད་ལ་ཡིག་དྲུག་གསུངས། །ༀ༴ རྒྱུ་བསགས་པའི་ནོར་ལ་ཡར་བལྟས་ཚེ། །ནོར་མི་རྟག་སྦྲང་མའི་སྦྲང་རྩི་འདྲ། །རང་བསགས་པ་གཞན་གྱིས་སྤྱོད་པས་བློ་མ་བདེ། །སྦྱིན་པ་ཕྱོགས་མེད་ཐོངས་ལ་ཡིག༴ ༀ༴ བར་འདུས་པའི་མི་ལ་ཕར་བལྟས་ཚེ། །བཟའ་ཚང་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །བཟའ་མི་འདུས་ནས་བྲལ་བས་བློ་མ་བདེ། །གཅིག་པུར་བཙན་ས་ཟུངས་ལ་ཡིག༴ ༀ༴ སྤྱིར་ཁམས་གསུམ་རིགས་དྲུག་སེམས་ཅན་དང་། །སྒོས་དྲིན་ཆེན་ཕ་མའི་གཙོར་བྱས་པའི། །བསྔོ་དགོས་པ་ཡིད་ལ་གང་ཡོད་རྣམས། །ཞིང་བདེ་བ་ཅན་དུ་སྐྱེ་བར་ཤོག །ༀ༴ འོ་དེ་ལྟར་ཡིག་གེ་དྲུག་མ་ལ་གསོལ་བ་བཏབ་པའི་མཐུ་དང་ནུས་པ་ལ་བརྟེན་ནས། འདིར་ཚོགས་པ་ཐམས་ཅད་ཀྱི་ལུས་བསྐྱེད་པའི་དྲིན་ཅན་ཕ་མ་སེམས་བསྐྱེད་པའི་རྡོ་རྗེ་སློབ་དཔོན་བསྔོ་དགོས་པ་ཡིད་ལ་གང་ཡོད། ཉི་མ་ན་ནིང་གི་ལོ ། དོ་ཞག་གི་ཟླ་བ། དེ་རང་གི་ཉི་མ་འདི་ལ་ཤི་ཟེར་བ་རྣ་བས་གང་ཐོས། །མིག་གིས་གང་མཐོང་དེ་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་ཆེད་དུ་མ་ཎིའི་འུར་སྒྲ་ཞུ། བྱ་བྲལ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ སེམས་ཅན་ལ་ཕན་ཕྱིར་སྨྲས་པའོ། དགེའོ།། །།

རྨ་བྱའི་དུག་འཇོམས་བྱ་ཚུལ་ནི་གདོང་སྣ་་་་་

༄༅། །རྨ་བྱའི་དུག་འཇོམས་བྱ་ཚུལ་ནི་གདོང་སྣ་དགུའི་ས་བླངས་ལ་གཞི་མ་བྱས་པའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲིས་པའི་ཁར་རི་སྣ་གསུམ་གྱི་མཁར་གོང་དཀར་པོའི་སྒྱེད་བུ་བཙུགས་པའི་སྟེང་དུ་ལྕགས་ཟངས་བཙུགས་པའི་ནང་དུ་དུག་སྣ་ཚོགས་ནི། ལུང་དགུའི་ཆུ་སྣ། རྡོ་དུག་མཁར་གོང་། ས་དུག་བོང་བ། ཆུ་དུག་ན་ཆུ་བརྩགས། གཡུ་དུག་མཐིང་བ་མགོ་ཞུང་། གསེར་དུག་ར་གན། ལྡོང་རོས། དངུལ་དུག་ཞ་ཉེ་ཁྱི་མོང་། རྩ་དུག་རེ་ལྕག། ལྡུམ་དུག་ཐང་ཁྲོམ། ཤིང་དུག་སྟག་མ། བཙན་དུག་ཐར་ནུ། ཝའི་ཤ་ཁྲག་རུས་གསུམ། འབྲུ་ཤུག། ཙནྡན་དཀར་དམར། སུར་དཀར། བཟང་དྲུག །དྲི་བཟང་སྨན་སྣ་ཕྱེ་མར་ཟས་སྣ་ལ་སོགས་བསྲེགས་ནས་རྨ་བྱ་དུག་འཇོམས་རྒྱུན་བསང་ཆེན་པོ་བྱ། མནོལ་བསང་ཝ་བསང་རྨ་བྱ་དུག་འཇོམས་གསུམ་ཚང་། དུག་མཚོའི་སྟེང་དུ་རྨ་བྱ་ལྔ་ཞལ་རང་ལ་གཟིགས་པའི་ཚུལ་དུ་བཀོད། དེའི་ཕྱི་རིམ་ལ་སྦལ་ཆུང་སྦྲུལ་ཆུང་བརྒྱད་རེ་བཀོད། སྒྱེད་པུའི་ཕྱིར་མཆོད་པ་རྣམ་ལྔས་བསྐོར། མ་སྒྱེད་སྟེང་དུ་དུག་སྦྲུལ་མགོ་དགུ་ཁ་སླ་ངར་གཏད་ལ་བཞག། ས་བདག་རུས་སྦལ་ཤྭ་བའི་མགོ་ཅན་བྱ་ལག་ལེན་ལ་རུས་སྦལ་ཡ་ཐབ་རྩ་ནས་ཁ་མར་བསྟན་ལ་བཞག་ཅེས་ཟེར། ལུང་དགུའི་ཆུའི་བསང་ཆུ་བྱ། དུག་ཐམས་ཅད་ཀྱི་གཙོ་བོ་བོང་བ་བྱ། རྨ་བྱ་རྣམས་ཀྱི་མདུན་དུ་དུག་གཏོར་ནག་པོ་ཟུར་གསུམ་བཤམས། གྲོལ་ཉིན་ཁྲུས་གཞོང་ནང་དུ་འཕངས་དེ་ལྟར་བཅའ་ཐབས་དགོས། ༈ སེལ་དཀར་ནག་ལ་དུག་གི་དུད་པ་བདུག། སེལ་ལྕགས་ཀྱིས་གཡབ་བཞིན་བརྗོད་ལ་ཁྲམ་ཤིང་གཏུབས་ལ་ཁྲུས་གཞོང་ནད་དུ་འཕངས། རྡོ་ནག་ངར་མ་བླངས་ལ་ཁྲུས་ནག་བྱས་རྗེས་སུ་མར་ལ་འཕངས། རྡོ་དཀར་ངར་མ་བླང་ལ་ཁྲུས་དཀར་བྱས་རྗེས་སུ་ཡར་ལ་བསྐྱལ་ལོ། །དུག་བུམ་ནང་དུ་པདྨ་འདབ་བཞི་བྲིས། ༈ དང་པོ་བརྒྱུད་འདེབས་ནས་བཟུང་བདག་བསྐྱེད་བུམ་བསྐྱེད་ལས་གཞུང་ལྟར་ལ་ཚོགས་བྱིན་རླབས་ནས་ཆད་ཐོའི་གོང་དུ་དུག་མའཇོམས་མའི་མདུན་བསྐྱེད་ལ་འཇུག་དུག་བུམ་གྱི་ནང་དུ་པདྨ་འདབ་བཞི་བྲིས་པར་དུག་སྣ་ཚོགས་བསྲེས་པའི་ཆུ་བླུགས་ལ་མེ་སྦར་ཁོལ་བར་བྱས་བཟླས་པ་ཡན་ཆད་ཐུན་ཅི་ཐུབ་བྱ། རྗེས་སུ་དུག་སྦྲུལ་བསྐྱེད་པ་འདོན་བཟླས་པ་བྱ། རྗེས་སུ། ཀྱཻ། ལྷ་རྫས་མཆོད་ཡོན༴ དུག་སྣ་ཚོགས་མེ་སྦར་དུད་པས་བདུག་ཅིང་བུམ་ཆུ་འཐོར་བཞིན་འདོན། དེ་རྗེས་དྲི་བཟང་བསྲེགས་ལ། དྲི་བཟང་སྨན་སྣ༴ གསལ་གྱུར་ཅིག །འདི་ཡན་སྒྲུབ་ཞག་ཅི་ཙམ་བར་འདི་ཡན་ཆད་བྱའོ། །མནོལ་བསང་བསྔོ། ཡིག་བརྒྱ་བརྗོད་བརྟན་བཞུགས་དང་གཤེགས་གསོལ་བྱའོ། །གྲོལ་ཉིན་དུག་སྦྲུལ་མགོ་དགུ་དང་རུས་སྦལ་ཤའི་མགོ་ཅན་སྦལ་ཆུང་བརྒྱད་སྦྲུལ་ཆུང་བརྒྱད་རྣམས་ཁྲུས་གཞོང་དུ་བཞག་ལ་སྟེང་ལ་ཁྲུས་བྱ། ཀྱཻ༔ བདེ་ཆེན་ཆོས་ཀྱི༴ མནོལ་བསང་ལ་དུག་ཆུ་འཐོར་བཞིན་བརྗོད། དག་གྱུར་ཅིག༔ ཧཱུཾ་རྨ་བྱ་ཆེན་མོའི་གཟི་བྱིན་གྱི༴ ཧཱུཾ་རྨ་བྱ་ཆེན་མོའི་སྨན་ཆབ༴ ཧཱུཾ་ཡེ་ཤེས་བུམ་པས་ལས་ཀུན༴ མ་འདའ་ཞིག༴ ཧུཾ་ང་ནི་གཏུམ་མོ་ཁྱུང་ཁྲ༴ ཧཱུཾ་བཞི་བརྗོད། རྨ་བྱ་ཆེན་མོའི་སྨན་ཆབ་འདིས༔ ས་བདག༴ དེ་ལྟར་བཀྲུ་བྱབས་བསྲུང་གསུམ་ཚར་བའི་རྗེས་སུ་ཆད་ཐོ་བྱ་བ་སོགས་ལས་གཞུང་ལྟར་རོ།། །། ༈ ཧྲཱི༔ མ་རིག་གཉིས་འཛིན་ཆོ་འཕྲུལ་གྱིས༔ བསྐྲུན་པའི་མིང་བཞིའི་རྟེན་ཅན་བགེགས༔ གཞོམ་བྲལ་རྡོ་རྗེའི་མུ་ཁྱུད་ཀྱི༔ མཚམས་ལས་འདའ་བར་བྱེད་ཅིག༔ ༀ་ཧྱ་གྷྲྀ་ཝ་བཛྲ་རཀྵ་རཀྵ༔ སྲུང་འཁོར། ༈ ༀ་སྭཱབྷ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་བགེགས་ཀྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ༀ་ཨཱཿཧཱུཾ། གསུམ་གྱིས་བརླབས། ༀ་སརྦ་བྷུ་ཏ་ཨ་ཀཪྵ་ཡ་ཛ༔ འབུམ་གྱིས་བགེགས་ཚོགས་རྣམས་བཀུག་ལ། མཇུག་ཆད།

འདོད་ཡོན་བྱིན་བརླབ།

༄༅། །འདོད་ཡོན་བྱིན་གྱིས་བརླབ་པ་ནི། ༀ་བཛྲ་སཱ་ཏྭ་ཧཱུཾ་ༀ་སྭ་བྷ་ཝས་སྤྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞི་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་འདོད་ཡོན་གྱི་དངོས་པོ་གཟུགས་བཟང་བ། སྒྲ་སྙན་པ་དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་སྟོང་གསུམ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ༀ་ཨ་ཀ་རོ་སོགས། ཧཱུཾ་རྩ་གསུམ་རྒྱལ་བའི༴ སོགས་ ཤོག། ཚེ་ལས་འདས་པའི་ཚོགས་གཉིས་རྫོགས་སྒྲིབ་གཉིས་སྦྱངས་ནས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་སངས་རྒྱས་པར་གྱུར་ཅིག། དེ་ལྟར་ས་མ་ཐོབ་ཀྱི་བར་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །སྲིད་པ་བར་མ་དོར་སོགས། ཐམས་ཅད་ནམ་སོགས་ ཤོག །མཇུག་ཆད། ༄༅། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་མ་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་པ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་པ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་བར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། །།

གང་འདིར་རྫོགས་པའི་སངས་རྒྱས་་་་་

༄༅། །གང་འདིར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་། གསུང་རབ་དམ་པའི་ཆོས་དང་། འཕགས་པའི་དགེ་འདུན་རྣམས་དང་། བདེ་གཤེགས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བདག་ཅག་གི་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་སྐུ་ཁྲུས་དམ་པ་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་བ༴ ཇི་ལྟར་བལྟམས༴ སྟོན་པ་བླ༴ སྨྲ་བསམ་བརྗོད་མེད༴ སངས་རྒྱས་རྣམས་དང་། འཇམས་དབྱངས་ཕྱག་ན༴ བྱང་སེམས་ཅི་རིགས། རྒྱ་གར་པཎ་ཆེན་སོགས། ཀུན་བཟང་རྡོར་སེམས༴ རྡོ་རྗེ་འཆང་ཆེན༴ གསར་རྙིང་གི་བླ་རྒྱུད་ཅི་རིགས། ཆོས་སྐུ་ནམ་མཁའ་བཞིན་དུ་ཆོས་སྐུ་ནམ་མཁའ་ལྟ་བུ༴ བདེ་གཤེགས་དྲི་མེད༴ ཡི་དམ་ཅི་རིགས། བདག་གི་ཚེ་རབས༴ ཕག་མོ་གསང་ཡེ་སྒྲོལ་མ་ལ་སོགས་མཁའ་འགྲོ་ཅི་རིགས། སྔོུན་ཚེ་ཨོ་རྒྱན༴ རྒྱལ་བའི་བསྟན་པ༴ དམ་ཅན་རྒྱ་མཚོ་ཅི་རིགས། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། རིན་ཆེན༴ རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། ཉོན་མོངས༴ དེ་དག་སྐུ་ལ་སོགས། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། ༀ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། འདི་ནི་ཁྲུས་མཆོག་དཔལ་དང་༴ སོགས་བརྗོད། ཧཱུཾ། འདི་ནི་མཁྱེན་བརྩེ༴ ༈ ལུས་བུམ་ནི། ཨ་ལས་བུམ་པའི་གཞལ་ཡས་སུ༔ བཅོམ་ལྡན་རྒྱལ་བ་འོད་དཔག་མེད༔ ཐུགས་ཀའི་སྔགས་ལས་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་དམིགས། ༀ་ཨཱཿ ཧཱུཾ༔ ༀ་ཨ་མི་ཏ་བྷ་ཧྲཱི༔ ཞེས་བརྒྱ་སྟོང་ཁྲི་འབུམ་སོགས༔ གཟུངས་རིང་བཟླས་མཐར་མཆོད་བསྟོད་བྱས། བུམ་ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་བར་བསམ་མོ།

མཁའ་འགྲོའི་མཆོང་ལས།

༄༅། །མཁའ་འགྲོའི་མཆོང་ལས། གཏོར་མ་དེ་ཉིད་དུག་མཚོན་དུ་བྱིན་གྱིས་བརླབས། སྲུང་མ་བསྐུལ་ཞིང་དགྲ་བགེགས་ཀྱི་སྟེང་དུ་ཟོར་འཕང་བ་ནི་འདི་ལྟར་རོ། ཧཱུྃ་བྷྱོཿ དེ་ནས་དུག་མཚོན་མེ་རླུང་དྲག་པོའི་རྫས། །ཆག་སྒོ་རྐྱེན་ངན་བར་ཆད་མི་མཐུན་ཕྱོགས། །ནད་གདོན་སྡུག་བསྔལ་སྡིག་སྒྲིབ་ཐམས་ཅད་ཀུན། །སྐུད་ཅིག་ཙམ་གྱིས་གཏོར་ཟོར་འདི་ལ་ཐིམ། །ཧཱུཾ་རྒྱལ་ཡུམ་སེང་གདོང་སྤྲུལ་པ་བསམ་མི་ཁྱབ། །ས་འོག་ས་སྟེང་བར་སྣང་མེ་རླུང་འཚུབས། །སྐུ་མདོག་སྣ་ཚོགས་མ་ངེས་རྫུ་འཕྲུལ་སྟོན། །དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ། །ཧཱུཾ་བྷྱོཿ ཞལ་ནས་སེང་གེའི་ང་རོ་འབྲུག་ལྟར་སྒྲོགས། །གཡུ་རལ་བསིགས་ཤིང་དུག་གི་ངན་སྐྱུག་འཐོར། །ནད་ཀྱི་རྐྱལ་བ་ཁ་ཕྱེས་མཚོན་ཆར་འབེབས། །ལྟས་ངན་འཁོར་དུ་ཁྲིད་ནས་དགྲ་ལ་བྷྱོ། །ཧཱུཾ་བྷྱོཿ ཁྱེད་ཀྱི་ཕྱག་ན་ཕུང་རྫས་དུག་ཁྲག་མཚོན། །རྣོ་ངར་ལྡན་པའི་གཏོར་ཟོར་འབར་བ་འདི། །གང་ལ་བརྒྱབ་ཀྱང་གནམ་ལྕགས་ཐོག་ལྟར་འབབ། །རི་རྒྱལ་ལྷུན་པོ་ཡིན་ཀྱང་འཇིག་པར་ནུས། །མཐའ་ཡི་རྒྱ་མཚོ་ཡིན་ཀྱང་སྐེམ་པར་ནུས། །དེ་ནི་སྡིག་ཅན་རྣམས་ཀྱི་མགོ་ལ་རྒྱོབ། །ལས་ངན་ངག་སྒྲིབ་ཅན་གྱི་ཁ་ལ༴ བསམ་ངན་བསྟན་བཤིག་རྣམས་ཀྱི་སྙིང་ལ༴ ཕུང་སྲི་ངན་རྒྱུད་སྤེལ་བའི་ལྟེ་བར༴ དམ་ཉམས་སྡོམ་མེད་རྣམས་ཀྱི་འཕོངས་ལ༴ མནའ་ཟན་མ་རུངས་ཀུན་གྱི་སྒལ་བར་རྒྱོབ། །མ་བྱིན་འཇབ་རྐུན་རྣམས་ཀྱི་ལག་ལ༴ དམ་ཆོས་སྣུབ་པའི་བང་ཆེན་རྐང་ལ༴ ཧཱུྃ་བྷྱོཿ དམ་ཉམས་དགྲ་བགེགས་འབྱུང་པོ་གང་དང་གང་། །སུ་ལ་ཕོག་ཀྱང་རྡུལ་ཕྲན་ཕྱེ་མར་ཐོངས། །ཕོ་ལ་ཕོག་ན་སྡིག་རྒྱུན་རྩད་ནས་ཆོད། །མོ་ལ་ཕོག་ན་ངན་རྒྱུན་གཏིང་ནས་ཆོད། །བྱིས་པ་ཆུང་ལ་ཕོག་ན་དགེ་ལ་སྒྱུར། །འདྲེ་ལ་ཕོག་ན་དམ་པའི་ཆོས་ལ་སྒྱུར། །ལན་མེད་རྣམས་ལ་ཕོག་ན་སྡིག་སྒྲིབ་ཞི། །བཏང་སྙོམས་རིགས་ལ་ཕོག་ན་ལས་ངན་དག །ཀུན་ཀྱང་སྒོ་ཕྱེས་ལམ་སྟོན་འཕྲང་སོལ་ཅིག །སྲུང་མའི་སྤྲུལ་པ་གཏོར་ཟོར་འབར་བ་འདི། །དཔག་ཚད་བཅུ་གཉིས་འདས་པའི་ཕྱི་ལ་སོང་། ཐམས་ཅད་བྱང་ཆུབ་ལམ་ལ་རབ་ཞུགས་ཏེ། །ཀ་དག་དམིགས་མེད་མཐའ་བྲལ་ངང་དུ་ཐིམ། །ཌཱཀྐི་སེང་ཧ་མུ་ཁ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊཿ འཕང་གཏོར་ཐུན་གཏོར་ཡིན་ན་དགྲ་བགེགས་ཀྱི་མཐོང་ལམ་དུ་རྒྱོབ། ཉེ་ན་ཁྱིམ་དང་སྒོ་ལ་རྒྱོབ། རིང་ན་ཕྱོགས་སུ་རྒྱོབ། གཟུགས་ལིང་ག་ལ་དངོས་སུ་རྒྱོབ། ས་མ་ཡ༔ རྒྱ་རྒྱ་རྒྱ། ལགས་ན་རྡོ་རྗེས་བྲིས་པ་དགེའོ།། །། ༈ མཁའ་འགྲོ་བདུད་འདུལ་དྲག་མོའི་མཆོང་ལས་ཟོར་ལས་ནི། དང་པོ་ཁྲག་ཟོར་ཐོགས་ལ། བྷྱོཿ མཁའ་འགྲོའི་ཁྲག་ཐུན་རྦ་ཀློང་འཁྲུགསཿ ཁྲག་ཟོར་དགྲ་བགེགས་སྟེང་དུ་ཡ། བྱད་ཁ་ཟློགས་ལ་ཕུར་ཁ་སྒྱུར། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཨ༔ཀཿསཿམཿསོགས། ཙཀྲ་ཛྭ་ལ་སརྦ་དུཥྚན་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊཿཕཊཿབྷྱོ་བྷྱོཿབཟློག་བཟློགཿ ཅེས་འཕང་ངོ། ༧ ཡུངས་ཟོར་ཐོགས་ལ། བྷྱོཿ མཁའ་འགྲོའི་ཡུངས་ཐུན་རྦབ་ལྟར་འདྲིལ། ཡུངས་ཟོར་དགྲ་བགེགས༴ བྱད་ཁ༴ བཅོལ་བའི༴ ཨཿཀཿསོགས། ཙཀྲ་ཛྭ་ལ༴སོགས་ནས། བཟློགཿ ༈ གྲི་ཟོར་ཐོགས་ལ། བྷྱོཿ མཁའ་འགྲོའི་གྲི་ཐུན་རྫ་ལྟར་ཉིལ། གྲི་ཟོར་དགྲ་བགེགས༴ བྱད་ཁ༴ བཅོལ་བའི༴ རྩ་སྔགས་སོགས། ༈ རྩང་ཟོར་ཐོགས་ལ། བྷྱོཿ མཁའ་འགྲོའི་རྩང་ཐུན་མེ་དཔུང་འབར། རྩང་ཟོར༴ བྱད་ཁ༴ བཅོལ་བའི༴ རྩ་སྔགས་སོགས། ༈ མཚེ་ཟོར་ཐོགས་ལ། བྷྱོཿ མཁའ་འགྲོའི་མཚེ་ཐུན་བྲག་ལྟར་གཟེངས། མཚེ་ཟོར་དགྲ༴ བྱད་ཁ༴ བཅོལ་བའི༴ རྩ་སྔགས་སོགས། ༈ དུག་ཟོར་ཐོགས་ལ། བྷྱོཿ མཁའ་འགྲཿི་དུག་ཐུན་རླུང་ལྟར་འཚུབས། དུག་ཟོར༴ བྱད་ཁ༴ བཅོལ༴ རྩ་སྔགས་སོགས་འགྲེས། ༈ རྡོ་ཟོར་ཐོགས་ལ། བྷྱོཿ མཁའ་འགྲོའི་རྡོ་ཐུན་ཐོག་ལྟར་འབེབས། རྡོ་ཟོར༴ བྱད་ཁ༴ བཅོལ༴ རྩ་སྔགས་དང་བཟློག་སྔགས་བཟླ། གཏོར་ཆེན་ཐོགས་ལ། ཧཱུཾཿ རྣམ་པ་ཉི་ཤུའི༴ སོགས། བསྒྱུརཿ རྩ་སྔགས་དང་། དམོད་མོ་ནི། བཀའ་ལྟར་མི༴ སོགས་ཞེས་དམོད་བཅོལ་བྱ་ལ་ཐལ་མོ་བརྡབ་སོ། དེ་ནས་བསྟན་མ། གཏོར་བྲོ་ཁྱུང་གིས་ཕྱི་ལམ་བཅད་པ་དང་བཅས་པ་བྱ་ལ། སྒྲུབ་ཁང་སྒོར་རྒྱལ་དབྱངས་དང་བཀྲ་ཤིས་བྱ། ནང་དུ་འཁོད་ལ་ཆོས་སྐྱོང་གི་མངའ་གསོལ། གསོལ་ཁ་མཆོད། ཚེ་འགུགས། བཀྲ་ཤིས། རྗེས་སོགས་རིག་འཛིན་ཡུམ་གའི་གཞུང་ལྟར་བྱའོ། ༈ གཡང་གཞིའི་སྟེང་དུ་ཆོས་འབྱུང་བསྣོལ་མ་བྲིས་ལ་དབུས་ཁྲག་བྱང་ཤར་ཡུངས་ཟོར་ནས་གཡོན་སྐོར་བྱས་ལ་འཕོངས ། མཁའ་འགྲོའི་མཆོང་འདི་དགོས་དབང་དང་བསྟུན་ནས་བྱང་ཆུབ་རྡོ་རྗེས་སོ།། །།

དམ་ཉམས་པའི་དགྲ་བགེགས་་་་

༄༅། །དམ་ཉམས་པའི་དགྲ་བགེགས་འདི་རྣམས་ཀྱི་བླ་སྲོག་རྣམ་པར་ཤེས་པ་ལིངྒ་འདི་ལ་ཁུག་ཅིག༴ མཐུ་དང་རྫུ་འཕྲུལ་གཏན་བརླག་ཏུ་སོང་སྟེ་བདག་གིས་དབང་དུ་འདུ་བར་གྱིས་ཤིག །འགོ་བའི་ལྷ་ལྔ་སོགས་སྐྱོབ་བྱེད་ཀྱི་ལྷ་རྣམས་དང་ཕྱེས་ཤིག །བླ་སྲོག་རྣམ་ཤེས་བྱེ་ཚན་ལ་མར་ཐིམ་པ་བཞིན་དུ་གཟུགས་ལ་ཕོབ་ཤིག །གཟུགས་ཕུང་ལས་ཀྱི་ཞགས་པ་དང་ཚོན་གྱི་གྲུ་གུས་བཅིངས་ཏེ་གཡོ་འགུལ་ཙམ་ཡང་མི་ནུས་པར་གྱིས་ཤིག །སྨྱོ་འབོག་བརྒྱལ་ནད་ཀྱི་ལུས་སེམས་འཁྲུགས་ཏེ་དྲན་པ་ཉམས་པར་གྱིས་ཤིག། ཧཱུཾ། སྙིང་རྗེས་བསྒྲལ༴ སོགས་ནས། སྒྲོལ། ཨཿཀཿསཿམ༴སོགས་ནས་ཕཊ༔ ༀ་ཏྲང་དུ་ཏྲི་ན་དྲང་དུ་ཛཿཛ༔ ༀ་ལོཀྟྲི་པཱ་ལ་ནན༔ ས་གཾ་པཱ་ཤ་ནནཿ ནཱ་ག་དུ་དུ་ནནཿ མ་མྃ་མ་མྃཿ ཙིར་ཙར་ཙིར་ཙརཿ བྃ་རུ་ལུ་བྃ་རུ་ལུཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡཿ ཧོ་ར་ཧོ་ར་ནནཿ ཙི་ཏུ་སོད་ཙི་ཏུ་སོདཿ ཤིག་ལྷུར་གཏུབསཿ ཧ་ལ་པ་ཏི་ནནཿ འཁོར་བ་ཐུལཿ གནོད་བྱེད་ཀ་ཝ་ཙི་བརླག་བརླག། ཆྒཻམོ། གནོད་བྱེད་ཤ་ཏྲུང་མཱ་ར་ཡ་རྦད༔ ཅེས་ཚར་གསུམ་སོགས་ཀྱི་མཐར། ཧཱུྃ་དྲང་སྲོང་སོགས། དུ་ཕཊཿ བར་དང་ཡང་ལོཀྟྲིའི་དེ་སྔགས་བཟླས་ནས། དགྲ་བགེགས་དམ་ཉམས་འདིའི་ཚེའི་འདུ་བྱེད་ཟད་ཅིང་བསོད་ནམས་ཀྱི་མེ་ཤི་སྟེ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གྱིས་ཤིག། ཧཱུཾ། དགྲ་བགེགས་བསྒྲལ་བའི༴སོགས་ནས། དབྱིངས་སུ་དྲོངས་བར་དང་། དེ་ནས་ལྷ་ཚོགས་རྣམས་ཀྱིས་དགྲ་བགེགས་དམིགས་བྱའི་ཕུང་ཁམས་སྐྱེ་མཆེད་ཡུལ་ཁམས་སྡེ་རིས་དང་བཅས་པ་ཧབ་ཐོབ་ཏུ་གསོལ་ཏེ་ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་མཛོད་ཅིག །མཁའ་འགྲོའི་ཟུར་འགེབས་མཆོང་ཚོགས་རྣམས། རོང་པོའི་སྒྲུབ་སྡེ་ལ་སོགས་དང་། རང་སློབ་དམ་པས་ནན་བསྐུལ་ངོར། རྡོ་བླས་བྲིས་པ་ཡོངས་དགེ་ཤོག །

ཀློང་ཆེན་སྙིང་ཐིག་གི་ཆ་ལག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་འདྲེན་རྣམ་གྲོལ་ལམ་བཟང་།

༄༅། །ཀློང་ཆེན་སྙིང་ཐིག་གི་ཆ་ལག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་འདྲེན་རྣམ་གྲོལ་ལམ་བཟང་བཞུགས་སོ། །

ན་མོ་གུ་རུ་ཨཱཪྱ་ལོ་ཀི་ཤྭ་ར་ཡེ། རྒྱལ་ཀུན་བྱམས་བརྩེའི་རྣམ་རོལ་སྤྱན་རས་གཟིགས། །གང་དང་རྣམ་དབྱེར་མ་མཆིས་མཁྱེན་བརྩེའི་ལྷ། །སྙིང་དབུས་དད་བརྒྱའི་པདྨོའི་གེ་སར་སྟེང་། །འབྲལ་མེད་རྟག་པར་བཞུགས་ལ་བྱིན་གྱིས་རློབས། །དེ་ཡང་གཤིན་པོ་རིགས་དྲུག་གྲོང་ཁྱེར་ནས། །བདེ་ཆེན་ཐར་པའི་གོ་སར་དབུག་དབྱུང་ཕྱིར། །གནས་འདྲེན་ཆོ་ག་རྣམ་གྲོལ་ལམ་བཟང་མཆོག །སྤེལ་ལ་ཕྱག་ན་པདྨས་བྱིན་ནུས་སྩོལ། །དེ་ལ་ཐོག་མར་སྡུག་བསྔལ་རང་གྲོལ་གྱི། །ཆོ་ག་དཀྱུས་བཞིན་འཛབ་བཟླས་བསྟོད་པ་བཅས། །གྲུབ་རྗེས་རིགས་དྲུག་དལ་དུ་ཐུབ་དྲུག་དང་། །ས་བོན་དྲུག་བཀོད་གཞན་ཡང་སྦྱང་ཆས་དང་། །ཁྲུས་བུམ་དབང་རྫས་གཞུང་ལྟར་ལེགས་བཀོད་ནས། །གཤིན་པོའི་མིང་བྱང་ཆས་ལྡན་ཟས་བསྔོའི་རྫས། །མ་ཚང་མེད་པར་འདུ་བྱས་གཤམ་དེར་བཞག །དེ་ནས་བྱམས་བརྩེའི་ངང་ནས་འདི་བཞིན་བརྗོད། །ཧྲཱི་བདག་ཉིད་ཐུགས་རྗེ་ཆེན་པོའི་སྐུ་གསལ་བའི། །ཐུགས་ཀའི་ཧྲིཿལས་འོད་ཟེར་རབ་འཕྲོས་པས། །ཚེ་འདས་རྣམ་ཤེས་འཇིག་རྟེན་བདུན་པོའི་ཡུལ། །གང་ན་གནས་ཀྱང་བཀུག་སྟེ་གཟུགས་ལ་བསྟིམས། །ཞེས་བསམ་ཏིང་འཛིན་ཡེངས་མེད་སྟོབས་ཀྱིས་བཀུག། ན་མོ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཐུགས་རྗེའི་ལྷ། །སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས་དབང་གི། །བདེན་པའི་སྟོབས་ཀྱིས་ཚེ་འདས་རྣམ་ཤེས་ཏེ། །མྱུར་བ་ཉིད་དུ་མཚན་བྱང་འདི་ལ་ཁུག །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཚེ་ལས་འདས་པ་ཨཾ་ཀུ་ཤ་ཡ་ཛ་ཛཿ མདུན་དུ་དུལ་བའི་ཚུལ་གྱིས་བག་ཕེབས་ནས། ཧྲཱིཿ འདིར་སྣང་ལས་ཐལ་ཚེ་འདས་ཁྱོད་ཉོན་ཅིག །རིགས་དྲུག་གར་སྐྱེས་སྡུག་བསྔལ་འཛིན་ཁྲིའི་གནས། །དེ་ལས་འདོན་ཕྱིར་གཟུགས་བྱང་ཡིད་ཆགས་རྫས། །སྒོ་གསུམ་རྟེན་རྫས་འདི་ལ་བརྟན་པར་བཞུགས། །ནྲྀ་ཛཿཧཱུཾ་བཾ་ཧོ་ཏིཥྛནྟུ། ཞེས་བརྗོད་བརྟན་པར་བཞུགས་ནས་ཆོས་ཉན་པར་མོས། བགེགས་གཏོར་བསང་སྦྱངས་བྱིན་རླབས་སྔོན་འགྲོ་བཞིན། ཧྲཱིཿའཁོར་བར་འཁོར་ཚེ་ལན་ཆགས་ཤ་འཁོན་རྒྱུས། །བསྐྱེད་པའི་ཟ་འདྲེ་ཤི་གཤེད་སྲོག་གཅོད་དང་། །དབུགས་ལེན་གཤིན་དུ་བརྫུ་བའི་རིགས་རྣམས་ཀུན། །གླུད་འདི་ལོངས་ལ་གཞན་དུ་ཕྱིར་དེངས་ཤིག་ཕཊཿ ཚམ་རྔམས་དྲག་པོས་གཏོར་མ་ཕྱིར་བཏང་ཞིང་ཧཱུཾ་བཞིའི་སྔགས་དང་དྲག་སྔགས་སོ་ལྔའི་གཤམ་དུ། ཟ་འདྲེ་ཤི་གཤེད་ཐམས་ཅད་ཨུ་ཙ་ཏ་ཡ་མཱ་ར་ཡ་ཕཊཿ ཅེས་བརྗོད། གཤིན་འདྲེ་བྲལ་བའི་དམིགས་འདུན་དང་། ཚེ་འདས་སྒོ་གསུམ་གུས་པས་འདི་སྐད་ཅེས། ཞུ་ཞིང་གསོལ་བ་འདེབས་པའི་དམིགས་འདུན་གྱི། ཧོ་སྐྱབས་གནས་ཀུན་འདུས་བླ་མ་སྤྱན་རས་གཟིགས། །སྐྱབས་མེད་བདག་སོགས་ཐུགས་རྗེས་བསྐྱབ་ཏུ་གསོལ། །རིགས་དྲུག་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །བསྒྲལ་ནས་ཐར་པའི་སྐམ་སར་དྲངས་དུ་གསོལ། །ལན་གསུམ་ཞུས་རྗེས་བླ་མ་ཡིས། ཧོ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཐོབ་དཀའི་མི་ལུས་ཐོབ་ལགས་ཀྱང་། །མི་རྟག་འཆི་བ་དབང་བཙན་ནས། །རྣམ་ཤེས་ཕ་རོལ་གནས་སུ་ཕྱིན། །འདུས་བྱས་གཟུགས་ཕུང་ཤུལ་དུ་ལུས། །ལས་ངན་བག་ཆགས་རླུང་གིས་སྦྲེབས། །དཀར་ནག་རྣམ་སྨིན་སྔོན་ནས་བསྒུགས། །གཤིན་རྗེའི་ཕོ་ཉས་དབང་མེད་ཁྲིད། །མི་འདོད་ངན་སོང་གླིང་གསུམ་བ སྙེགས། །སྡུག་བསྔལ་བཟོད་དཀའ་ཡ་རེ་ང་། །དེ་དག་རང་བྱས་ལས་འབྲས་ཡིན། །དོན་ལ་འཁྲུལ་སྣང་མཐུ་བརྟས་པས། །ཐོ་ཡོར་མི་དང་ཐག་ཁྲ་སྦྲུལ། །འཁྲུལ་ངོར་སྣང་བཞིན་ཤེས་མཛོད་ལ། །རང་རིག་ཡེངས་མེད་ངང་ཉིད་ལས། །ལྷ་དང་བླ་མར་གསོལ་བ་ཐོབ། །ལན་གསུམ་བརྗོད་ཅིང་ཚེ་འདས་ཀྱིས། བརྗོད་པར་བསམ་རྗེས་ཨ་དཪྴར། མཚན་བྱང་ཤར་བ་བཀྲུ་བྱ་ཞིང་། ཧཱུཾ། འདི་ནི་བྱམས་དང་བརྩེ་བའི་འཕྲུལ། །སྤྲུལ་སྐུའི་རོལ་རྩལ་ཆུ་རྒྱུན་གྱིས། །ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱི། །མ་དག་སྒྲིབ་ཚོགས་དག་གྱུར་ཅིག །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས། །དུས་གསུམ་ཀུན་ཏུ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཧཱུཾ་འདི་ནི་ལྷུན་གྲུབ་དབྱིངས་སྣང་རྩལ། །འགག་མེད་ལོངས་སྐུའི་ཆུ་རྒྱུན་གྱིས། །ཁྱོད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱི། །མ་དག་སྒྲིབ་ཚོགས་དག་གྱུར་ཅིག །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿༀ་ཧཱུཾ་དྲཾ་ཧྲཱི་ཨཱ༔ ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཧཱུཾ་འདི་ནི་ཀ་དག་སྤྲོས་བྲལ་གདངས། །གཞོན་ནུ་བུམ་སྐུའི་ཆུ་རྒྱུན་གྱིས། །ཁྱོད་ཀྱི་ལྷན་སྐྱེས་ཀུན་རྟོག་གི །མ་དག་སྒྲིབ་ཚོགས་དག་གྱུར་ཅིག །ༀ་མ༴ བུདྡྷ་ཛྙཱ་ན་དྷརྨ་དྷརྟུ་ཨཱ༔ ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ དེ་ལྟར་སྔགས་གསུམ་བཟླ་བ་དང་། ཆབས་ཅིག་ལས་བུམ་ཆུ་ཡིས་བཀྲུ། དེ་ནས་དུག་བྱ་བ་ནི། ཧཱུཾ་མ་རིག་རྩལ་སྣང་འོད་ལྔ་པོ། །བདག་གིར་བཟུང་བས་རབ་འཐས་པའི། །ཕྱི་ནང་འབྱུང་བ་ལྔ་ཕྲག་ཟུང་། །དུག་ལྔའི་སྐྱེད་བྱེད་བསྐྱེད་ཡུལ་གྱི། །ཕ་མ་ཇི་བཞིན་གྱུར་པའི་དུག །ལྷ་སྔགས་ཏིང་འཛིན་རོལ་རྩལ་གྱིས། །དུག་ཕྱུང་དུག་ལྔའི་སྒྲིབ་ཚོགས་ཀུན། །འབྱུང་བ་སོ་སོའི་དབྱིངས་སུ་དག །དུག་འཛིན་མཁའ་ལྟར་སྟོང་གྱུར་ཅིག །བྱེ་མས་བྲབས་ལ་ཡིག་དྲུག་མཐར། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་དུག་ལྔའི་ལས་བསགས་པ་ཐམས་ཅད་ཤནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ གོང་གི་ཁྲུས་སྔགས་གསུམ་པོ་དང་། འོག་གི་དུག་སྦྱོང་སྔགས་དང་བཅས། སོ་སོའི་སྐབས་སུ་གསུམ་གསུམ་བཟླ། དེ་ནས་རིགས་དྲུག་གནས་འདྲེན་གྱི། ས་བོན་དྲུག་པོའི་སྟེང་དུ་ནི། མཚན་བྱང་རིམ་བཞིན་སྤོ་བ་དང་། གཏོར་མ་དྲུག་ཀྱང་བརླབས་ནས་སུ། མགྲོན་རིགས་དྲུག་ལ་རིམ་བཞིན་འབུལ། དང་པོ་དམྱལ་བའི་སྒྲིབ་སྦྱོང་ནི། ཧཱུཾ་འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར། །ཚེ་འདས་ཞེ་སྡང་ལས་བསགས་པའི། །ལན་ཆགས་ཤ་འཁོན་སྦྱོང་ཕྱིར་བསྔོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་བརྗོད་གཏོར་མ་བསྔོས་འཕྲལ་དུ། དམྱལ་བའི་ཐུབ་པ་དབང་བསྐུར་ཏེ། ཧཱུཾ་ཞེ་སྡང་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །དམྱལ་བའི་ཐུབ་པ་མེ་ཆུའི་ཕྱག་མཚན་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །མི་བསྐྱོད་རྡོ་རྗེའི་གསང་གསུམ་དབང་ཐོབ་ཤོག །ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ༔ ཅེས་བརྗོད་ཚེ་འདས་སེམས་དང་རང་སེམས་གཉིས། བསྲེ་བཞིན་དམྱལ་བ་དོང་ནས་སྤྲུགས་བསམ་ཞིང་། ཧཱུཾ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སེམས་ཉིད་བདག་མེད་བདག་ཏུ་བཟུང་སྐྱོན་གྱིས། །སྣང་བ་གཞན་མེད་གཞན་བཟུང་སྡང་ཞེན་འབྲས། །ཚ་གྲང་དམྱལ་བའི་སྣོད་བཅུད་ཞེ་རེ་འཇིགས། །དོན་ལ་རང་སེམས་འཁྲུལ་པ་ཡིན་པའི་ཕྱིར། །འཁྲུལ་སྣང་རྨི་ལམ་སད་པའི་གནས་སྐབས་ལྟར། །ཤེས་པར་གྱིས་ལ་དམྱལ་གནས་སྤོངས་བར་མཛོད། །ཅེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་གཏོང་། ཧཱུཾ་འདོད་པའི་ཡོན་ཏན་ལྔ་ལྡན་པའི། གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར། །ཚེ་འདས་སེར་སྣའི་ལས་བསགས་པའི། །ལན་ཆགས་ཤ་འཁོན་སྦྱོང་ཕྱིར་བསྔོ། །ན་མཿསརྦ་ཏ་ཐ་ག་ཏ་ཨ་ཝ༴ ཞེས་བསྔོས་ཁ་འབར་དབང་བསྐུར་བ། ཧཱུཾ་འདོད་ཆགས་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །ཡི་དྭགས་ཐུབ་པ་སྒྲོམ་བུའི་ཕྱག་མཚན་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྣང་བ་མཐའ་ཡས་གསང་གསུམ་དབང་ཐོབ་ཤོག །ཨཱོཾ་མུ་ནེ་སྲུང་སྭཱ་ཧཱ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧཱུཾ་ཕཊཿ ཅེས་བརྗོད་ཡི་དྭགས་འཁོར་བ་དོང་སྤྲུགས་བསམ། ཧཱུཾ་ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བདག་མེད་རྣམ་གཉིས་མ་རྟོགས་འཁྲུལ་དབང་གིས། །སེར་སྣའི་ལས་བསགས་ཡི་དྭགས་ཡུལ་དུ་སྐྱེས། །བཀྲེས་སྐོམ་སྡུག་བསྔལ་བཟོད་དཀའ་ཡ་རེ་ང་། །དེ་ཡང་རྨི་ལམ་སྐབས་ལྟར་ཤེས་མཛོད་ལ། །པྲེ་ཏའི་ཡུལ་སྤོངས་ཐར་ལམ་ཞིང་ཁམས་སྙོགས། ཅེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་གཏོང་། ཧཱུཾ་འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར། །ཚེ་འདས་བཀོལ་སྤྱོད་ལས་བསགས་པའི། །ལན་ཆགས་ཤ་འཁོན་སྦྱོང་ཕྱིར་བསྔོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ༴ ཞེས་བསྔོས་དུད་འགྲོའི་ཐུབ་པའི་དབང་བསྐུར་ལ། ཧཱུཾ་གཏི་མུག་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །དུད་འགྲོའི་ཐུབ་པ་པོ་ཏིའི་ཕྱག་མཚན་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྣམ་པར་སྣང་མཛད་གསང་གསུམ་དབང་ཐོབ་ཤོག །ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧ། ༀ་མ་ཐ་མ་ཐ་སརྦ་ཏིཪྱ་ཀ་ག་ཏེ་ཧཱུཾ་ཕཊཿ ཅེས་བརྗོད་དུད་འགྲོའི་འཁོར་བ་དོང་ནས་སྤྲུགས་པར་བསམ། ཧཱུཾ་ཉོན་ཅིག་ཚེ་འདས་ལས་བརྗེས་རིགས་ཀྱི་བུ། །རང་ངོ་མ་ཤེས་རྨོངས་པའི་ལས་དབང་གིས། །བྱོལ་སོང་ཡུལ་སྐྱེས་གཏི་མུག་ལས་ལ་སྤྱོད། །བཀོལ་སྤྱོད་སྡུག་བསྔལ་བཟོད་དཀའ་བག་རེ་གྲོང་། །དེ་ཡང་ཐག་ཁྲར་སྦྲུལ་འཛིན་ལས་ལྡོག་ལྟར། །དུད་འགྲོའི་ཡུལ་སྤོངས་ཡང་དག་ལམ་དུ་ཤོག །ཅེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་བསྔོ། ཧཱུཾ་འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར། །ཚེ་འདས་འཐབ་རྩོད་ལས་བསགས་པའི། །ལན་ཆགས་ཤ་འཁོན་སྦྱང་ཕྱིར་བསྔོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ༴ ཞེས་བསྔོས་ལྷ་མིན་ཐུབ་པའི་དབང་བསྐུར་ལ། ཧཱུཾ་ཕྲག་དོག་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །ལྷ་མིན་ཐུབ་པ་རལ་གྲི་གོ་ཆ་འཛིན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །དོན་ཡོད་གྲུབ་པའི་གསང་གསུམ་དབང་ཐོབ་ཤོག །ༀ་མུ་ནེ་ཏྲུཾ་སྭཱ་ཧཱ། ༀ་བྷི་དན་ཁངྑ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊཿ ཅེས་བརྗོད་ལྷ་མིན་འཁོར་བ་དོང་སྤྲ྄ུགས་བསམ། ཧཱུཾ་ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །ལྷན་སྐྱེས་ཀུན་བཏགས་མཐུ་བརྟས་རྒྱུ་རྐྱེན་གྱིས། །ཕྲག་དོག་འཁོན་འཛིན་ལས་ཀྱིས་འཕངས་པའི་འགྲོ། །ལྷ་མིན་ཡུལ་སྐྱེས་འཐབ་རྩོད་བཟོད་དཀའ་ཡང་། །ལ་ཁའི་ཐོ་ཡོར་མིར་འཁྲུལ་སངས་པ་བཞིན། །ལྷ་མིན་ཡུལ་སྤོངས་རྣམ་དག་ཞིང་ཁམས་སྙོགས། །ཅེས་བརྗོད་མཚན་བྱང་གནས་སྤོ་ལ་སོགས་འགྲེས། ཧཱུཾ་འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར། །ཚེ་འདས་ང་རྒྱལ་ལས་བསགས་པའི། །ལན་ཆགས་ཤ་འཁོན་སྦྱོང་ཕྱིར་བསྔོ། །ན་མཿསརྦ་ཏ་ཐ་ག་ཏ་ཨ༴ ཞེས་བསྔོས་ལྷ་ཡི་ཐུབ་པའི་དབང་བསྐུར་ལ། ཧཱུཾ་ང་རྒྱལ་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །ལྷ་ཡི་ཐུབ་པ་པི་ཝཾ་ཕྱག་མཚན་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །རིན་ཆེན་འབྱུང་ལྡན་གསང་གསུམ་དབང་ཐོབ་ཤོག །ཨཱོཾ་མུ་ནེ་བྲེཾ་སྭ་ཧཱ། ༀ་སརྦ་པུ་ཥ་སརྦ་ཀརྨ་ཚིནྡྷ་ཧཱུཾ་ཕཊཿ ཞེས་བརྗོད་ལྷའི་འཁོར་བ་དོང་ སྤྲུགས་བསམ། ཧཱུཾ་ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །ཀུན་གཞིའི་རྣམ་ཤེས་གཞན་དབང་གྱུར་པ་ཡི། །ང་རྒྱལ་ཁེངས་སེམས་ལས་ལ་སྤྱོད་འབྲས་ཀྱིས། །ལྷ་ཡུལ་སྐྱེས་ནས་ཕམ་ལྟུང་ལ་སོགས་ཀྱི། །སྡུག་བསྔལ་མནག་པར་དཀའ་ཡང་སྒྱུ་མའི་འཕྲུལ། །ཞིག་ལྟའི་ལྷ་ཡུལ་འཛིན་པ་སྤོངས་མཛོད་ལ། །རྣམ་མཁྱེན་ཡང་དག་ལམ་དུ་འདོང་བར་གྱིས། །ཞེས་བརྗོད་མཚན་བྱང་གནས་སྤོ་ལ་སོགས་འགྲེས། ཧཱུཾ་འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར། །ཚེ་འདས་དུག་ལྔ་སྤྱི་དང་ནི། །ཁྱད་པར་འདོད་ཆགས་ལས་བསགས་པའི། །ལན་ཆགས་ཤ་འཁོན་སྦྱོང་ཕྱིར་བསྔོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ༴ ཞེས་ཤཱཀ་ཐུབ་དབང་བསྐུར་ནི། ཧཱུཾ་འདོད་ཆགས་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །མི་ཡི་ཐུབ་པ་གསེག་ཤིང་ལྷུང་བཟེད་བསྣམས། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཐུགས་རྗེ་ཆེན་པོའི་གསང་གསུམ་དབང་ཐོབ་ཤོག །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ༀ་ནྲྀ་བི་ཤ་མུ་ཥ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊཿ ཅེས་བརྗོད་མི་ཡི་འཁོར་བ་དོང་སྤྲུགས་བསམ། ཧཱུཾ་ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྒོ་ལྔའི་རྣམ་ཤེས་ཡུལ་ལྔའི་རྗེས་འབྲངས་ནས། །ཚོགས་དྲུག་ཡུལ་ལ་ཆགས་སྡང་བྱས་འབྲས་ཀྱིས། །མི་ཡུལ་སྐྱེས་ནས་སྡུག་བསྔལ་བཅུ་གཅིག་ལ། །རྟག་ཏུ་སྤྱོད་པ་བཟོད་དཀའི་གནས་ཡིན་ཀྱང་། །རང་གྲིབ་མཐོང་ཚེ་དེ་ཉིད་འདྲེར་བཟུང་བ། །ཇི་བཞིན་རྟོགས་ལྟར་མིར་འཛིན་སྤོངས་མཛོད་ལ། །ཕྱག་ན་པདྨོའི་གོ་སར་སླེབས་པར་མཛོད། །དེ་ནས་གཤིན་པོར་དབང་བསྐུར་ཚེ། ཡན་ལག་བདུན་པས་ཚོགས་གསོག་ནི། ན་མོ་མཆོག་གསུམ་རྩ་གསུམ་ངོ་བོ་ཉིད། །སྡུག་བསྔལ་རང་གྲོལ་ལྷ་ཚོགས་ལ། །ཕྱག་མཚལ་སྐྱབས་མཆི་ཉེས་ཚོགས་བཤགས། །མཆོད་ཚོགས་ཀུན་འབུལ་ཆོས་འཁོར་བསྐོར། །དགེ་རྩར་ཡི་རང་རྟག་བརྟན་བཞུགས། །བསོད་ནམས་འགྲོ་ལ་ཕན་ཕྱིར་བསྔོ། །ཞེས་བརྗོད་དལ་གྱི་ཤར་སྒོ་རུ། དབང་སྟེགས་པདྨ་འདབ་བརྒྱད་ལ། ཚེ་འདས་མངོན་སུམ་ལྟར་གསལ་ལ། མིག་དར་དགབ་ཅིང་སྔགས་འདི་བརྗོད། ༀ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭ་ཧཱ། མེ་ཏོག་སྔགས་འདིས་གཏད་པར་བྱ། ཨཱོཾ་ཨ་ཁཾ་ཝེ་ར་ཧཱུཾ། ཧཱུཾ་རང་སྣང་རྣམ་དག་འོག་མིན་ཞིང་། །སྡུག་བསྔལ་རང་གྲོལ་ཕོ་བྲང་འདིར། །བདག་ནི་སྨིན་པར་འཚལ་ལགས་ན། །ཐུགས་རྗེ་ཆེན་པོས་བདག་སྐྱོབ་གསོལ། །ལན་གསུམ་གསོལ་བཏབ་དལ་སྒོ་དབྱེ། ཧཱུཾ་དོན་གྱི་འོག་མིན་སྒོ་སྐྱོང་བ། །ཚད་མེད་བཞི་ལྡན་ལྷ་བཞི་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་ཕྱིར། །ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག །ཞེས་བརྗོད་དཀྱིལ་འཁོར་ལྷ་ཚོགས་རྣམས། མངོན་སུམ་མཇལ་བའི་མོས་འདུན་གྱིས། གཤིན་པོས་འདི་ལྟར་ཟློ་བར་བསམ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །སྤྱི་གཟུགས་འཕགས་མཆོག་ཐུགས་རྗེའི་གཏེར། །སྡུག་བསྔལ་རང་གྲོལ་དཀྱིལ་འཁོར་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །དགེ་བསྙེན་དགེ་ཚུལ་དགེ་སློང་དང་། །བྱང་སེམས་སྔགས་ཀྱི་བསླབ་སྡོམ་རིགས། །མ་ལུས་བདག་གིས་ཡོངས་སུ་བཟུང། །ལན་གསུམ་བཟླས་རྗེས་ཡེ་ཤེས་དབབ། ཙེ་ལས་འདས་པ་སྐད་ཅིག་གིས། །འཕགས་པའི་སྐུར་གསལ་གནས་གསུམ་དུ། །ཡིག་འབྲུ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཡི་ཚོགས། །སྤྱན་དྲངས་གཤིན་པོ་ལྷར་གསལ་བསྟིམས། །དབྱེར་མེད་དུ་མ་རོ་གཅིག་བསམ། །ཡིག་གེ་དྲུག་མའི་སྔགས་ཤམ། ༀ་ཨཪྱ་ལོ་ཀི་ཤྭ་ར་ཛྙཱ་ན་ས ཏྭ་བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཡེ་ཤེས་དབབ་ཅིང་བརྟན་བཞུགས་ནི། ཏིཥྛ་བཛྲ་སོགས་བརྗོད་ཅིང་། དལ་དུ་མེ་ཏོག་དོར་བ་ནི། ཧཱུཾ་རྟེན་འབྲེལ་རྫས་ཀྱི་མེ་ཏོག་འདི། །དཀྱིལ་འཁོར་ལྷ་ལ་འབུལ་ལགས་ན། །སྔོུན་ནས་ལས་འབྲེལ་ཡོད་པ་ཡི། །ལྷག་པའི་ལྷ་དེར་འབབ་པར་ཤོག །པུཥྤེ་པྲ་ཏིཙྪ་པུ་ཙ་ཧོ། མེ་ཏོག་གང་བབས་ལྷ་དང་ནི། མཚུངས་མིང་བཏགས་ཤིང་མིག་དབྱེ་སྟེ། ཧཱུཾ་མིག་དར་མ་རིག་ལིང་ཏོག་མཚོན། །ཐུགས་རྗེ་ཆེན་པོའི་གསེར་ཐུར་གྱིས། །ཡེ་ཤེས་སྤྱན་དུ་དབྱེ་བགྱིས་ན། །རང་བྱུང་ལྷ་ཞལ་མཇལ་བར་ཤོག །ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ དེ་ནས་ལྷ་ཞལ་བསྟན་པ་ནི། ཧཱུཾ་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །ལྟོས་ཤིག་མདུན་གྱི་དལ་ལ་ལྟོས། །མཚན་མ་རྫས་ཀྱི་དཀྱིལ་འཁོར་འདི། །འོག་མིན་སྤྲུལ་པའི་ཞིང་ཁམས་ཏེ། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཡིན། །དོན་ལ་རང་སེམས་མ་འཁྲུལ་བའི། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཐུགས་རྗེ་ཆེན་པོར་ལྷུན་གྱིས་གྲུབ། །དེ་མ་གཏོགས་པའི་ཡི་དམ་ལྷ། །ལོགས་ན་མེད་དོན་ཤེས་པར་མཛོད། །ཨཱོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨ་ཨ་ཨཱ། ཅེས་བརྗོད་མཉམ་བཞག་ཡེངས་མེད་བྱ། དེ་ནས་བུམ་དབང་བསྐུར་བ་ནི། ཧཱུཾ་ཕྱི་ལྟར་བུམ་པ་སྣོད་བཅུད་ལྡན། །ནང་ལྟར་ཕྱག་ན་པདྨ་ཡི། །ཐུགས་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས། །ཚེ་འདས་ལུས་ལ་དབང་བསྐུར་བས། །སྤྲུལ་པའི་སྐུ་རུ་སྨིན་པར་ཤོག །རྩ་སྔགས་གཤམ་དུ་འདི་བཏགས་བཟླ། ཀ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ གསུང་དབང་སྔགས་ཀྱི་དབང་བསྐུར་བ་ནི། ཧཱུཾ་ཕྱི་ལྟར་ས་ཆུ་མེ་རླུང་སྒྲ། །ནང་ལྟར་འགྲོ་བ་རིགས་དྲུག་སྐད། །གསང་བ་རྒྱལ་ཀུན་གསུང་གསང་དོན། །ཡི་གེ་བདུན་པར་འདུས་པའི་དབང་། །ཚེ་འདས་ངག་ལ་དབང་བ སྐུར་བས། །ལོངས་སྤྱོད་རྫོགས་སྐུར་སྨིན་པར་ཤོག །རྩ་སྔགས་གཤམ་དུ་འདི་ཉིད་བཏགས། ཝཀྐ་ཨ་བྷི་ཥིཉྩ་ཨཱཿ ཐུགས་གསང་རྡོ་རྗེས་དབང་བསྐུར་ནི། ཧཱུཾ་མཚན་མ་རྫས་ཀྱི་རྡོ་རྗེ་འདི། །རྒྱལ་ཀུན་ཐུགས་ཀྱི་མཚོན་བྱེད་དེ། །ཚེ་འདས་སེམས་ལ་དབང་སྐུར་བས། །ཆོས་ཀྱི་སྐུ་རུ་སྨིན་པར་ཤོག །རྩ་སྔགས་གཤམ་དུ་འདི་ཉིད་བཏགས། ཙིཏྟ་ཨ་བྷི་ཥཉྩ་ཧཱུཾ། དེ་ལྟར་དབང་བསྐུར་རྫོགས་རྗེས་སུ། འདོད་ཡོན་ཟས་གཏད་འདི་བཞིན་བྱེད། མདུན་དུ་རིན་པོ་ཆེ་ཡི་སྣོད། །ཡངས་ཤིང་རྒྱ་ཆེ་གྲངས་ལྡན་པའི། །ནང་དུ་ལྷ་དང་མི་སོགས་ཀྱི། །བཟའ་བཅའ་ལྡག་གཞིབ་ལ་སོགས་ཟས། །ཇ་ཆང་འོ་ཞོ་ལ་སོགས་སྐོམ། །འཛད་མེད་ཡིད་བཞིན་གཏེར་དུ་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བཅས། ལན་གསུམ་བརླབས་རྗེས་འདི་ལྟར་བསྔོ། ཧཱུཾ་ཁ་ཟས་རོ་མཆོག་བརྒྱད་ལྡན་འདི། །བཟའ་བའི་ཟས་དང་བཏུང་བའི་སྐོམ། །བགོ་བའི་གོས་དང་ཡོ་བྱད་རྫས། །མི་ཟད་གཏེར་དུ་བྱིན་བརླབས་ནས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །དབང་པོ་དྲུག་དང་རབ་མཐུན་པའི། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཞིམ་པའི་དྲི་དང་མངར་བའི་རོ། །འཇམ་པའི་གོས་དར་ཡིད་འོང་ཆོས། །མི་ཟད་ནམ་མཁའི་མཛོད་ཀྱི་སྤྲིན། །སོ་སོའི་ལོངས་སྤྱོད་ཕུན་ཚོགས་གཏེར། །བསྔོས་པ་ཇི་བཞིན་ཐོབ་གྱུར་ནས། །འཕྲལ་དུ་དགའ་བདེའི་རོས་ཚིམ་ཞིང་། །མཐར་ཐུག་རྣམ་དག་སར་སྤྱོད་ཤོག །ཅེས་བརྗོད་གསུར་བཏང་སྐྱེམས་གཏོར་ནས། ལུས་རྟེན་ལྷ་ལ་འདི་བཞིན་འབུལ།

འོ་ཚེ་འདས་རིགས་ཀྱི་བུ་ཁྱོད་་་་

༄༅། །འོ་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །རྒྱལ་སྲིད་སྣ་བདུན་དབང་བསྐུར་བས། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །འཕགས་པའི་ནོར་བདུན་ཕྱུག་ནས་ཀྱང་། །གཞན་དོན་དཔག་མེད་འགྲུབ་པར་ཤོག །ༀ་ཊ་བེ་རཏྣ་ཨ་བྷི་ཥཉྩ་ཧཱུཾ། འོ་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་བས། །རྒྱལ་བུ་རྒྱལ་སར་ཐོབ་ནས་ཀྱང་། །རྒྱལ་འབངས་མངའ་འོག་ཚུད་པ་ལྟར། །དབང་བཞི་ཡོངས་སུ་རྫོགས་ཐོབ་ནས། །གཞན་དོན་དཔག་མེད་དབང་ཐོབ་ཤོག །ཨཥྚ་མཾ་ག་ལཾ་ཨ་བྷི་ཥིཉྩ་མཾ། སྔོུན་དུས་ཤཱཀྱ་ཐུབ་པ་ཡིས། །བྱིན་གྱིས་བརླབས་པའི་རྫས་མཆོག་འདི། །སྐུལ་ལྡན་རྣམས་ལ་སྦྱིན་པ་ཡིས། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །མངྒ་ལམ། ཨ་བྷི་ཥཉྩ། རྒྱལ་སྲིད་རིན་ཆེན་སྣ་བདུན་པོ། །སྐུལ་ལྡན་རྣམས་ལ་སྦྱིན་པ་ཡིས། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། །མཚུངས་པའི་བསོད་ནམས་ཐོབ་པར་ཤོག །མ་ངྒ་ལམ་ཨ་བྷི་ཥཉྩ། གདུགས་དང་གསེར་ཉ་བུམ་པ་བཟང་། །པདྨ་དུང་དཀར་དཔལ་བཻའུ། །རྒྱལ་མཚན་འཁོར་ལོ་འདི་སྦྱིན་པས། །དུས་རྣམས་ཀུན་ཏུ་ཤིས་པར་ཤོག །མདྒལམ་ཨ་བྷི་ཥཉྩ།

མཁའ་མཉམ་ཞིང་ན་གཟུགས་མཆོག་་་་

༄༅། །མཁའ་མཉམ་ཞིང་ན་གཟུགས་མཆོག་ཅི་མཆིས་པ། བློ་ཡིས་བླངས་ཏེ་དཀྱིལ་འཁོར་ལྷ་ལ་འབུལ། དམིགས་ཡུལ་གཟུགས་ཀྱི་ལོག་རྟོག་རྣམ་དག་ནས། བཅོམ་ལྡན་རྣམ་སྣང་གོ་འཕང་མྱུར་ཐོབ་ཤོག། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་རུ་པ་པུཙྪ་ཧོ། མཁའ་མཉམ་ཞིང་ན་སྒྲ་སྙན༴ བློ་ཡིས༴ དམིགས་ཡུལ་སྒྲ་ཡི༴ བཅོམ་ལྡན་མི་བསྐྱོད༴ ༀ་ན་མཿསརྦ༴ ཤབྟ་པུ༴ མཁའ་མཉམ་ཞིང་ན་དྲི་ཞིམ༴ བློ་ཡིས༴ དམིགས་ཡུལ་དྲི་ཡི༴ བཅོམ་ལྡན་རིན་འབྱུང་༴ ༀ་ན་མཿསརྦ༴ གྷནྡྷེ༴ མཁའ་མཉམ་ཞིང་ན་རོ་མཆོག༴ བློ༴ དམིགས་ཡུལ་རོ་ཡི༴ བཅོམ་ལྡན་སྣང་མཐའི༴ ༀ་ན་མཿསརྦ༴ ར་ས༴ མཁའ་མཉམ་ཞིང་ན་རེག་བྱ༴ བློ་ཡིས༴ དམིགས་ཡུལ་རེག་གི༴ བཅོམ་ལྡན་དོན་གྲུབ་གོ་འཕང་མྱུར་ཐོབ་ཤོག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་སྤཪྴེ་པུཙྪ་ཧོ། ༈ ཟས་གཏད་ནི། ༀ་ཨཱཿཧཱུཾ། ༀ་མ་ཎི་པདྨེ་ཧཱུཾ། ཧོ་འདོད་པའི་ཡོན་ཏན་མཆོག་ཏུ་གྱུར་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདི་ཉིད་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཁར་སང་ན་ནིང་གི་ལོ་ཟླ་ཞག་དུས་ལ་ཚེ་སྔ་མའི་ལུས་རྟེན་བོར་ཕྱི་མའི་ལུས་རྟེན་མ་རྙེད་པའི། སྲིད་པ་བར་མ་དོར་ཉམ་ང་བའི་འཕྲང་ལ་སྐྱབས་དང་སྐྱོབ་པ་མེད་པ་མགོན་དང་དཔུང་གཉེན་མེད་པ། སྔོུན་གྱི་བསགས་རྒྱབ་མེད་པ། དགེ་བའི་ར་མདའ་ཉུང་བ། མིང་བཞི་འདུས་པའི་ཕུང་པོ། ཚོར་བ་སྡུག་བསྔལ་གྱི་རང་བཞིན་འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ། འཁྱགས་ལྟོག་སྐོམ་གསུམ་གྱིས་གདུང་བ། ཚེ་ཚད་ལ་ངེས་པ་མེད་པ། བྱ་སྒྲོ་རླུང་གིས་བཏེགས་པ་བཞིན། གར་འགྲོ་རང་དབང་དང་བྲལ་བའི་བར་དོའི་སེམས་ཅན་ཆྒཻའི་གཙོར་བྱས་པའི་བར་དོར་གནས་པ་ཐམས་ཅད་ལ་འབུལ་ལོ། གནས་གྲོགས་ལོངས་སྤྱོད་བཟའ་བཏུང་ཕུན་སུམ ཚོགས་པ་དང་ལྡན་ནས་བག་ཕེབ་པར་གྱུར་ཅིག །དེ་ལྟར་གྱུར་པའི་མོད་ལ་འཕགས་པ་སྤྱན་རས་གཟིགས་དང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་མཐོང་ནས་བར་དོ་བར་དོ་ཡིན་པར་ངོ་ཤེས་འཁྲུལ་སྣང་རྒྱས་ཐེབས། བླ་མ་དང་དཀོན་མཆོག་ཡི་དམ་དང་ལྟ་བ་རྗེས་སུ་དྲན་ཏེ། ལས་ངན་པའི་སྒྲིབ་པ་སྐད་ཅིག་ལ་དག་ནས་རིག་པ་ལ་རང་དབང་ཐོབ། བདེ་བ་ཅན་དང་པདྨོ་འོད་ལ་སོགས་པའི་ཞིང་ཁམས་ཁྱད་པར་ཅན་རྣམས་སུ་བཙན་ཐབས་སུ་བསྒྲོད་ནུས་པར་ཤོག་ཅིག །ཐམས་ཅད་ནམ་མཁའ་མཛོད༴ སོགས།། །།

ཧཱུཾ་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་་་་

༄༅། །ཧཱུཾ་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས། གདན་གསུམ་ཚང་བའི་དཀྱིལ་འཁོར་ལྷར། ཡོན་དུ་འབུལ་ལོ་ཡོངས་བཞེས་ནས། ཚོགས་རྫོགས་སྒྲིབ་སྦྱངས་སྐུ་ལྔ་ཡི། དཔལ་ལ་ལོངས་སྤྱོད་མཐུ་ཐོབ་ཤོག །ཅེས་དང་མར་མེ་སྦར་བྱས་ལ། ཧཱུཾ་ཡེ་ཤེས་ལྔ་ལྡན་སྒྲོན་མེ་འདི། ངོ་བོ་སྟོང་ཀྱང་རང་བཞིན་གསལ། ཐུགས་རྗེའི་རྩལ་ཤུགས་འགག་མེད་པས། ཚེ་འདས་མ་རིག་མུན་པའི་སྨག །བསལ་ནས་སྐུ་གསུམ་ཞིང་མཐོང་ཤོག །དེ་ནས་ལམ་སྟོན་བྱ་བ་ནི། ཧཱུཾ་ཚེ་འདས་བུ་ཁྱོད་ལེགས་པར་ཉོན། །མཆོག་དམན་འཁོར་བའི་གནས་རིགས་ཀུན། །མ་ཚུད་སུ་ཡང་མེད་ངེས་ཕྱིར། །འཁོར་བ་སྒྱུ་མའི་གྲོང་ཁྱེར་འདིར། །སྡུག་བསྔལ་མིང་མེད་བདེ་ཆེན་ཞིང་། །མ་ཆགས་མ་ཞེན་སེམས་མཆོག་བསྐྱེད། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་སྐྱིད་ལོངས་སྤྱོད་ཕུན་ཚོགས་གནས། །སྡུག་བསྔལ་མིང་མེད་བདེ་ཆེན་ཞིང་། །དེ་ན་མགོན་པོ་ཚེ་མཐའ་ཡས། །གཡས་ན་འཕགས་མཆོག་སྤྱན་རས་གཟིགས། །གཡོན་ན་མཐུ་ཆེན་ཐོབ་ལ་སོགས། །སངས་རྒྱས་བྱང་སེམས་དཔག་མེད་ཀྱིས། །བསྐོར་བའི་གོ་སར་འགྲོ་བར་བྱོས། །ཁྱེད་ཀྱི་སེམས་ཉིད་ཡི་གེ་ཧྲཱིཿ སྐུར་མདའ་ཇི་བཞིན་མྱུར་བསྐྱོད་ནས། །སྣང་བ་མཐའ་ཡས་ཐུགས་ཀློང་དུ། །དབྱེར་མེད་རོ་གཅིག་འདྲེས་པར་གྱུར། །ཞེས་དང་། ཧྲཱིཿཧྲཱིཿཧྲཱིཿ བརྗོད་མཐར། ཕཊ་གསུམ་བརྗོད་པས་ནང་གསལ་གྱི། སྐུ་གསུམ་དབྱིངས་སུ་ཐིམ་པར་མོས། དེ་ནས་ཚེ་འདས་མིང་བྱང་དེ། མ་རིག་རྨོངས་པས་བསྐྲུན་པའི་རྟེན། ཉོན་མོངས་བརྒྱད་ཁྲི་བརྟེན་པའི་ཡུལ། ཀ་དག་ལྷུན་གྲུབ་མེའི་བསྲེགས་ཏེ། །ཧཱུཾ་ཀ་དག་སྤྲོས་བྲལ་མེད་ཐབ་ཏུ། །རང་བྱུང་ལྷུན་གྲུབ་མེ་སྦར་བས། །མཚན་མའི་རྣམ་རྟོག་བུད་ཤིང་ཀུན། །ལྷག་མེད་མཛོད་ཅིག་ཛྭ་ལ་རམ། །ཉོན་མོངས་ཡེ་ཤེས་མེ་ལ་བསྲེགས། །བདག་གཉིས་བདག་མེད་དབྱིངས་སུ་བསྲེགས། །ཀུན་གཞི་མ་རིག་གཉིས་དང་བཅས། །གཞོན་ནུ་བུམ་སྐུའི་ཀློང་དུ་བསྲེགས། །འཁོར་བར་ལྡོག་མེད་རྒྱ་ཡིས་གདབ། །གདོད་མའི་གྲོལ་གཞི་མངོན་གྱུར་ནས། །མཐའ་ཡས་འགྲོ་དོན་ཡོངས་འགྲུབ་ཤོག །དེ་ལྟར་རིག་བདག་བླ་མ་རྗེའི། །དགོངས་གཏེར་སྡུག་བསྔལ་རང་གྲོལ་གྱི། །གནས་འདྲེན་རྣམ་གྲོལ་ལམ་བཟང་འདི། །བླ་མ་སངས་རྒྱས་ཆོས་འཕེལ་གྱིས། །ཡང་ཡང་བསྐུལ་ངོར་བྱ་བྲལ་བ། །འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས། །བྲིས་དེས་མགོན་མེད་གཤིན་པོའི་ཚོགས། །རྣམ་མཁྱེན་ཐོབ་པའི་རྒྱུར་གྱུར་ཅིག ། དགེའོ།། །།

༄༅། །ན་མོ་གུ་རུ་ཨ་བྷྱེ༔ དྭི་པཱ་ཡེ། སྔོུན་གྲངས་མེད་གོང་ནས་བྱང་ཆུབ་ཀྱང་། །ཞིང་འདི་རུ་འཕགས་མཆོག་སྐུར་སྤྲུལ་ཏེ། །ཡོངས་འགྲོ་ལ་ཐར་ལམ་མཆོག་སྟོན་རྗེ། །ཕ་བླ་མ་འཇིགས་མེད་གླིང་པ་བསྟོད། །ཁྱོད་གསོན་དང་དད་ལྡན་སེམས་ཀྱི་བུ། །དུས་སྙིགས་ལྔ་བདོ་བའི་མར་གཤམ་འདིར། །གཞན་དམུ་རྒོད་དྲེད་པོ་འདུལ་ཐབས་ལས། །རང་རྒྱུད་ཀྱི་སྐྱོན་ཚོགས་འདུལ་ན་དགའ། །ལར་སྙིགས་མའི་རང་རྟགས་ཀུན་ལ་ཚང་། །ཁྱད་པར་དུ་སེར་གཟུགས་འགོང་པོ་ཕལ། །ཁ་ཆོས་བཤད་སུ་ལས་མཁས་མོད་ཀྱང་། །དོན་ལག་ལེན་མི་ནག་འགའ་ལས་ལོད། །དོན་དེ་ཕྱིར་ཁྱོད་གཅིག་བསྟན་འགྲོའི་སྨན། །ཉིད་ལྟ་བུའི་གང་ཟག་འགའ་ཡོད་ན། །དེ་བསྟན་འགྲོར་ཕན་པར་གདོན་མི་ཟ། །ཉིད་དམ་པར་ཞལ་གདམས་གཞན་ཅི་ཞིག །ཆོས་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་གིས། །ཡོངས་འགྲོ་བ་ལ་ཕན་པ་མཆོག་སྒྲུབས་དང་། ཕྱོགས་རིས་མེད་ཀྱི་ཆོས་དང་གང་ཟག་ཀུན ། །ཡིད་མོས་གུས་ཀྱི་དད་པས་གོང་དུ་ཁུར། །ཡུལ་དམན་པའི་ཚོགས་བྱམས་དང་སྙིང་རྗེས་སྐྱོངས ། །ཆོས་ཟག་བཅས་དང་ཟག་མེད་གང་དང་གང་། །དེ་ཐམས་ཅད་ཀུན་རྟག་པར་འཛིན་པ་དང་། །ཡང་སྟོང་པ་རུ་འཛིན་པའི་བློ་དོར་ལ། དཔེ་སྒྱུ་མ་དང་རྨི་ལམ་སྤྲུལ་པ་བཞིན། །རྗེས་བསྔོ་སྨོན་གྱིས་རྒྱས་འདེབས་ལ་སོགས་ཀུན། །ཆོས་ཐེག་ཆེན་གྱི་གཞུང་བཞིན་སྒྲུབས་ཞེས་གསོལ། །ཆོས་ཐམས་ཅད་ཀྱིས་སྙིང་པོ་རང་གི་སེམས། །མདོར་དྲིལ་ན་ནི་ཚེ་འདིར་དགའ་སྡུག་མཁན། །སླར་ཕྱི་མའི་དུས་ཡར་འགྲོ་མར་འགྲོ་མཁན། །དུས་ད་ལྟ་ཡང་ལྟ་སྒོམ་བྱེད་པོ་ཁོ། །ཁོ་གཅིག་སུ་ལས་གཉིས་སུ་མ་མཆིས་ཀྱང་། །གཅིག་སོ་སོ་རུ་ུ ཕྱེས་པས་གཉིས་འཛིན་བྱུང་། །གཉིས་མེད་པ་ཡི་རྫུན་ཁུང་རྡིབ་པའི་ཚེ། །ཁོ་གཅིག་པུ་ཡང་གར་སོང་གཏད་སོ་བྲལ། །འོན་ཀྱང་ནི་ཡོད་མེད་གཉིས་རྟོག་ཡིན། །བྱེད་པོ་ཁོ་སུས་བཅོས་ཇི་ལྟར་བལྟ། །ཡང་ཡང་དུ་བརྟགས་པས་མཚང་རིག་ཚེ། །མ་བཅོས་པར་བཞག་པས་ཆོག་པ་ཡིན། །ཚུལ་དེ་མུར་བསྐྱངས་པས་བྱང་ཆུབ་ཐོབ། །ཚིག་དེ་སྐད་རྫོགས་ཆེན་བྱ་བྲལ་བ། །མིང་ཀུན་བཟང་གཞན་ལ་ཕན་དེས་སྨྲས། །དེའི་དགེ་བ་ཡིས་བསྟན་འགྲོར་ཕན་པར་ཤོག །ངག་དབང་ལྷུན་གྲུབ་ལ་གདམས་པ་ཀུན་བཟང་གཞན་ཕན་གྱིས་སོ། ༈ །ཨེ་མ་ཧོ། དལ་འབྱོར་མི་ལུས་རྙེད་དཀའ་ཡང་། །འཇིག་པ་སླ་བར་བསམས་ནས་སུ། །དཀར་ནག་ལས་འབྲས་འཛོལ་མེད་མཛོད། །འཁོར་བའི་མཐོ་དམན་ཐམས་ཅད་ཀུན། །སྡུག་བསྔལ་ཁོ་ནས་གདུང་ལ་ལྟོས། །ཉན་རང་བྱང་སེམས་སངས་རྒྱས་དང་། །ཐར་པ་བདེ་བའི་རང་བཞིན་ཡིན། །ཐར་ལམ་མཆོག་སྟོན་བླ་མ་ལས། །དབང་ཡོད་ཤེས་ལྡན་འདུ་ཤེས་གྲུང་། །སུས་ཀྱང་ཕན་མེད་ཡིད་རེ་ཆད། །དེ་ཕྱིར་བླ་མ་ལེགས་བསྟེན་ནས། །མདོ་ལྟར་དགེ་བསྙེན་དགེ་ཚུལ་སློང་། །སྔུགས་ལྟར་བསྐྱེད་རྫོགས་དབང་དམ་ཚིག །ཚུལ་བཞིན་སྲུངས་ལ་ཉམས་སུ་ལོངས། །མི་ཚེ་སྟོན་གཞུག་མེ་ཏོག་འདྲ། །ནམ་ཡལ་ཆ་མེད་ཨ་ཙ་མ། །དཔལ་འབྱོར་རྩྭ་རྩེའི་ཟིལ་བར་མཚུངས། །ཡུན་རིང་མི་ཐུབ་ག་ཙུག་བྱེད། འགྱུར་མེད་བདེ་ཆེན་སྒྲུབས་ཤིག་ཨཾ། །ཅེས་པ་བླ་མ་འགྱུར་མེད་ལྷག་བསམ་ལ་དོ་བླས་སོ། །ཀ་ཡེ་གསོན་དང་ཆོས་མཛད་དམ་པ། །ཁ་ཚིག་ལུང་དོན་སྣ་ཚོགས་གཟུགས་བརྙན། །ག་དར་མེ་ལོང་ངོས་ལ་ཤར་བཞིན། །ང་ཡིས་བཤད་པའི་ཚིག་འདི་གསོན་མཛོད། །ཅ་ཏིའི་རྩེ་མོར་ཁུ་བྱུག་བབས་ཀྱང་། །ཆ་མེད་བྱིས་པས་སྡོད་དུ་མི་སྟེར། །ཇ་སིག་ནོར་རྫས་རྒྱ་མཚོའི་དབུས་ནས། །ཉ་མོ་གསེར་མིག་ཆུ་ཕྲན་བསྙེག་ཡོང་། །ཏཱ་རེ་འཕགས་མའི་བྱིན་གཟུགས་མཐོང་ནས། །ཐ་ཆད་གྲོགས་ངན་རིང་དུ་སྤང་དགོས། །ད་ལྟའི་སྒྱུ་འཕྲུལ་མི་འཇིག་རློམ་ན། །ན་རའི་ཁྱུ་ནས་འབུད་པ་གལ་ཆེ། །པ་ལ་འབྱོར་པ་ཕུན་ཚོགས་འདོད་ན། །ཕ་ཝང་གབ་ལྟར་དབེན་པར་ཡིབ་མཛོད། །བ་ལང་ལྟད་མོས་གྲོང་ཆོག་བྲིན་ཀྱང་། །མ་ཞེན་མཚམས་སྒྲུབ་མཐར་ཕྱིན་གལ་ཆེ། །ཙཱ་ར་ཇི་བཞིན་འགྲོ་ལ་དགའ་ན། །ཚ་གྲང་དབལ་གྱིས་རེག་པ་ཡོང་སྲིད། །ཛ་ཧུའི་རྒྱུན་བཞིན་ཆགས་སྡང་སྦྲེལ་ན། །ཝ་མོ་གལ་དུ་ཟིན་འདྲ་ཡོང་སྲིད། །ཞྭ་མོར་ཏོག་གིས་སྤུད་པའི་མངོན་རྟོགས། །ཟ་མ་ཏོག་ཏུ་བཅུག་པའི་གཏེར་བཞིན། །འ་འོལ་ཟོལ་གྱིས་གོས་མིན་འགྲང་མཐོང་། །ཡ་རབས་སྡིག་པས་མ་སྦག་སྤྱོད་པ། །རྭ་མེད་བ་ལང་ཚོགས་ལ་བསླབས་ན། །ལ་ལ་ཙམ་མིན་ཀུན་ཀྱང་འདུད་འོང་། །ཤ་ཟ་འབོད་སྒྲོགས་པདྨ་རྒྱལ་པོ། །ས་སྙིང་རྙེད་བཞིན་ཁྱེད་ལ་གཟིགས་ཡོང་། །ཧ་ཅང་མཛའ་འཁོན་མཐའ་གཉིས་བྲལ་བ། །ཨ་རོགས་ཁྱོད་ཀྱང་དེ་ལྟར་མཛད་ནས། །ཨ་དོན་བསྐྱེད་རྫོགས་ཉམས་ལེན་བརྩོན་ན། །ཨ་ཏིའི་ཁང་བཟང་རྩེ་མོར་སླེབ་འོང་། །ཡོངས་ཀྱི་སྤྱི་དཔལ་པདྨཱ་ཀཱ་ར། །རཱ་བ་གངས་རིས་བསྐོར་བའི་ལྗོངས་འདིར། །འདིར་སྣང་དགེ་ལེགས་མངོན་རྟོགས་མངོན་གྱུར། །རྟོགས་ངོར་རྒྱུན་འབྱུང་དཔལ་ཡོན་ཀུན་སྩོལ། །དུག་ཚའི་དགེ་ཚུལ་ཆོས་དར་ལ། རྫོགས་ཆེན་དགོན་དུ་ག་མས་སོ། ༈ །ཀྱེ་མ་གསོན་དང་འདིར་འཚོགས་སྐལ་ལྡན་རྣམས། །ལུས་དལ་འབྱོར་རྙེད་པ་ཤིན་ཏུ་དཀའ། །འདི་སྐྱེ་སྔོན་ཚོགས་བསགས་མཐུ་ཡིས་ཐོབ། །གཞན་སྟེས་དབང་ཙམ་གྱིས་རྙེད་པ་མིན། །དེ་མིན་ཀྱང་འཇིག་སླ་རླུང་གསེབ་ཀྱི། །དཔེ་མར་མེ་ཇི་བཞིན་རྟག་བརྟན་མེད། །ཚེ་ཡུན་རིང་ཐུང་ངུའི་དུས་བཏབ་དབེན། །དོན་དེ་ལ་སོམས་ལ་དམ་ཆོས་སྒྲུབས། །ཆོས་དགེ་ལ་བརྩོན་པར་མ་བྱས་ན། །ལས་སྡིག་པའི་འབྲས་བུས་ངན་སོང་འཕེན། །དཔེ་ས་བོན་འབྲས་ལས་ནས་མི་སྐྱེ། །ཆོས་དགེ་བས་བདེ་བ་མྱོང་བ་དང་། །སྡིག་པས་ངན་སོང་མངོན་པའི་དཔེ། །རྗེ་རྒྱལ་བ་ཀུན་གྱིས་མགྲིན་གཅིག་བཞེད། ༈ ན་མོ་གུ་ར་ཝེ། སྐྱབས་མཆོག་གསུམ་གྱི་ངོ་བོ་རྡོ་རྗེ་འཆང་། །ཕ་དྲིན་ཆེན་གྱི་བླ་མ་རྡོ་རྗེ་འཛིན། །འབངས་བདག་སོགས་ཀྱི་བདེ་ཆེན་འཁོར་ལོར་བཞུགས། །ཁོང་བརྒྱུད་འཛིན་གྱི་བུ་ལ་བྱིན་གྱིས་རློབས། །ཁྱོད་གསོན་མཛོད་དང་བསྟན་འཛིན་ཕྲིན་ལས་པ། །རྟེན་དལ་འབྱོར་གྱི་ངོ་བོ་ཐོབ་གྱུར་ཅང་། །དེར་ནད་སྐྱོན་སོགས་བྲལ་བའི་སྐབས་འདི་རུ། །ལས་རང་དོན་ལ་མི་གཉེར་བསྟན་དང་འགྲོའི། །དོན་དཀའ་ལས་ལ་མ་ལྟོས་འབུངས་འཚལ་ལོ། །ལར་རང་འདོད་ཀྱིས་མ་བསླད་ལུགས་ཟུང་ཆོས། །གང་བསྒྲུབ་ཀྱང་ཐར་ལམ་རྣལ་མར་འགྲོ། །གཞན་ཆོས་བརྒྱད་འདྲེས་པའི་ཐོས་བསམ་སྒོམ། །འབྲས་མཐོ་རིས་ཙམ་ཐོབ་ནས་སླར་རང་ལྟུང་། །དོན་དེ་ཕྱིར་ན་གཞན་དོན་མཆོག་ཏུ་བསྔགས། །རྗེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས། །ཆོས་བྱང་སེམས་ལས་འཕགས་པའི་ལམ་མ་རྙེད། །དོན་ཅིའི་ཕྱིར་ན་སངས་རྒྱས་ཐམས་ཅད་ཀུན། །ལམ་སྨོན་འཇུག་ལ་བསླབས་པའི་ཕན་ཡོན་ལས། །གཞན་ཉན་རང་དང་ལྷ་མིའི་ལམ་གྱིས་མིན། །དོན་དེ་ཕྱིར་ན་རང་འདོད་བྲལ་བའི་བློས། །ཆོས་དགེ་སྒྲུབ་དང་སྡིག་སྤང་ལ་གཞི་བཅས་ནས། །ཚུལ་གང་འཚམས་ཀྱིས་འགྲོ་དོན་སྣ་ཚོགས་བྱ། ལྷ་སྲོང་བཙན་གྱིས་བཞེངས་པའི་ལྷ་ས་དང་། །རྗེ་ཁྲི་སྲོང་གི་ཕྱག་རྗེས་བསམ་ཡས་ཀྱི། །རྟེན་རྣམ་གསུམ་གྱི་བདག་པོ་རིམ་བྱོན་ལས། །ཁོང་བཞེངས་མཁན་རྣམས་མི་མངོན་དབྱིངས་སུ་གཤེགས། །ཚུལ་དེ་བཞིན་དུ་བདག་གིས་ལྷ་ཁང་དེ། །རྫས་ཡོ་བྱད་ལ་ཕངས་སེམས་བྲལ་བས་བསྒྲུབས། །ལས་རྣམ་དཀར་ལ་བསམ་ངན་དུག་མི་འདྲེ། །སྔོུན་བྱོན་པ་ཡི་བསྟན་འཛིན་རྗེས་སུ་འགྲོ། །དོན་དེ་ཕྱིར་བཞེངས་མཁན་ང་ཡིན་ཀྱང་། །འཛིན་སྐྱོང་གི་རྟེན་འབྲེལ་ཁྱོད་ལ་བཞག །ཟས་ནོར་གྱི་རྫོངས་རྟ་དམན་གྱུར་ཀྱང་། །གོང་ས་ཡི་མཆོད་ཡོན་རྣམ་གཉིས་ཀྱི། །ཐུགས་བསྐྱེད་ཀྱིས་ཐུགས་ལ་བཏགས་པ་དེ། །དངོས་རྫས་འགའ་གནང་བའི་དོ་ཟླ་མིན། །མིང་ཆེན་གྱི་དགོན་པར་བསྐོ་འཇགས་དེ། །རྒྱལ་ས་ཕལ་ཐོབ་པའི་དོ་ཟླ་མིན། །ང་རང་གི་ངོ་ཚབ་ཐོབ་པ་དེ། །དགོན་གསར་ཞིག་ཚུགས་པའི་དོ་ཟླ་མིན། །རྟེན་གསུམ་གྱི་ཞབས་ཕྱིར་སླེབས་པ་དེ། །མི་དཔོན་གྱི་ངོ་བསྲུང་དོ་ཟླ་མིན། །དོན་དེ་ཕྱིར་ན་སྙིང་སྤོབས་རྒྱ་ཆེན་སྐྱེད། །མདོར་དྲིལ་ན་ཀུན་དང་འདྲིས་ཆེས་དང་། །འཁོན་ཆེས་པའི་མཐའ་གཉིས་སྤང་དགོས་ཀྱང་། །ཡུལ་དེ་ག་རུ་མཐུན་འཇུག་གལ་ཆེ་བས། །མི་མཆོག་དམན་ཀུན་གྲོགས་སུ་ཁུག་པ་དང་། །ལྷ་དཀོན་མཆོག་ལ་སྙིང་ནས་སྐྱབས་འགྲོ་ཞིང་། །མ་མཁའ་འགྲོ་དང་ཆོས་སྐྱོང་གསོལ་ལ་རེམ། །ལས་ཆོས་སྤྱོད་ཀྱི་བརྩོན་པ་མ་དོར་ན། །ཁྱོད་མཉམ་ཉིད་ཀྱི་བདག་པོ་ཉིད་དུ་འགྱུར། །གནམ་རྒྱ་ཆེ་ཡང་ས་གཞི་གཡོགས་པ་མིན། །ས་ལྕི་ཆེ་ཡང་ནམ་མཁའ་ག་ལ་ནོན། །འོད་ཟེར་སྟོང་ལ་སྲིན་བུའི་མེས་མི་བརྫི། །ཉིད་སྔ་མ་ལ་སྐྱོ་ཡང་ཕྱི་ནས་དགའ། །གནས་ལྷ་ཁང་ཡང་རིམ་གྱིས་བཀྲག་མདངས་འཕེལ། །དེའི་རྟེན་གསུམ་ཀུན་རྟེན་འབྲེལ་མཐུན་སྦྱོར་མཐུས། །ཁྱོད་ལོ་རེ་བཞིན་ཕན་བདེའི་འབྲས་བཟང་གཡུར། །ཆོས་བསྟེན་པ་ཡང་དབང་པོའི་མེ་ལྟར་དར། །གཞན་ལོག་སྦྱོར་འགའ་ངམ་ངམ་ཤུགས་ཀྱིས་འདུད། །ཉེ་གྲ་རིགས་ཀྱང་མ་བཙལ་ལྷུན་གྲུབ་འབྱུང་། །དཔལ་སྟོབས་ཆེན་གྱི་བཀུར་འོས་གནས་སུ་བལྟ། །ཡུལ་མཆོག་དམན་ཀུན་ལགས་སོའི་མེ་ཏོག་འཐོར། །རྫས་ལོངས་སྤྱོད་ཀྱི་ཕུན་ཚོགས་གཏེར་ཁ་ཕྱེ། །ཆོས་དེ་ཚུལ་གྱི་མངོན་རྟོགས་མངོན་གྱུར་ནས། །སེམས་ཞེན་ཆགས་དང་བྲལ་བའི་མཆོད་སྦྱིན་སྤྱི། །སྒོས་ཟག་མེད་ཀྱི་དགེ་རྩ་ཁེངས་མེད་གནད། །ལར་དུས་རྣམས་ཀུན་གཞན་ཕན་བསམ་པའི་ངང་། །ཆོས་དམིགས་མེད་ཀྱི་བློ་གྲོས་མཆོག་གིས་སྤྱོད། ཚུལ་དེ་ལྟར་གྱིས་འཕྲལ་ཕུགས་ཀུན་བདེ་ཞིང་། །རང་གཞན་གྱི་དོན་གཉིས་ངེས་པར་འགྲུབ། །ཚིག་དེ་སྐད་ཅེས་བརྗོད་འདི་དགེ་གྱུར་ཅིག །ཞེས་གསེར་ཐལ་ཨ་བོ་བླ་མ་བསྟན་འཛིན་ཕྲིན་ལས་རང་ཡུལ་དུ་བྱོན་སྐབས་བྱ་བྲལ་རྡོ་བླས་སོ། ༈ དཔལ་རྡོ་རྗེ་འཆང་དང་དབྱེར་མེད་པའི། །ཕ་འཇིགས་མེད་གླིང་པའི་ཞབས་ལ་འདུད། །ཁྱེད་གསོན་དང་དགེ་ལེགས་རྒྱ་མཚོ་བ། །ལུས་དལ་འབྱོར་ཐོབ་པ་མང་ལགས་ཀྱང་། །ཚེ་མི་རྟག་བསམ་པ་ཤིན་ཏུ་ཉུང་། །དོན་དེ་ཕྱིར་ནམ་འཆི་ཆ་མེད་སོམས། །འདི་མདོ་རྒྱུད་ཀུན་གྱི་མན་ངག་ཡིན། །ལས་རྒྱུ་འབྲས་ཡོངས་ཀྱི་སྙིང་པོ་ཡིན། །གཞི་འཆི་བ་མི་རྟག་ཤེས་བཞིན་གྱིས། །ཆོས་གང་བྱས་ཕྱི་མའི་དོན་དུ་འགྲོ། །དེ་མ་ཤེས་ན་ཆོས་ཕུང་རྒྱ་མཚོ་ཡང་། །ཚེ་འདིར་སྣང་གི་མིག་འབྲིད་ཙམ་དུ་ཟད། །ལར་དེང་སང་གི་ཆོས་པ་རིན་ཐང་ཅན། །སྐུའི་རྒྱན་ཆས་དང་ཆིབས་རྟ་རོལ་བཅས་སོགས། །གོང་གནམ་སའི་བདག་པོར་འགྲན་ནུས་ཀྱང་། །ཚེ་མི་རྟག་དང་ལས་འབྲས་བསླུ་མེད་དང་། །ཆོས་བྱང་སེམས་ཀྱི་དོན་ལ་རིང་བཞིན་དུ། །སླར་ད་དུང་ཡང་ཆོས་བརྒྱད་སྒྲུབ་ལ་བརྩོན། །ཨེ་མ་ལ་ཨ་རོགས་སྐལ་ལྡན་ཁྱོད། །རྗེ་རྒྱལ་པོ་ཡི་ཉེ་གནས་ལགས་མོད་ཀྱང་། །ཚེ་ཕྱི་མ་ཡི་ཆེད་དུ་ཆོས་བསྒྲུབས་པ། །སྔོུན་ལས་སྨོན་གྱི་རྣམ་དཀར་འབྲས་སྨིན་རྟགས། །དེར་ཆོས་རྒྱལ་གྱི་བཀའ་གནང་ལུང་བྱིན་པ། །འདི་བཀའ་དྲིན་གྱི་ནང་ནས་ངོ་མཚར་འཕགས། །ཐུན་མོང་གི་སྔོན་འགྲོའི་གནད་འགག་དྲུག ། ལུས་དལ་འབྱོར་རྙེད་དཀའ་འཇིགས་སླ་དང་། །སྲིད་འགྲོ་དྲུག་གི་སྡུག་བསྔལ་ཀུན་ཤེས་ཤིང་། །ཡར་ཐར་པ་ཡི་ཕན་ཡོན་ལ་བསམས་ནས། །ལས་དགེ་སྒྲུབ་དང་སྡིག་སྤང་འཛོལ་མེད་གལ། །ལར་སྔོན་འགྲོ་དང་ངོས་གཞི་གང་ཡིན་ཀྱང་། །རང་ངན་སོང་དུ་མི་སྐྱེ་ཐབས་བསམ་པ ། །འདི་སྐྱེས་བུ་ཆུང་ངུའི་ལམ་དུ་བཤད། །རང་མངོན་མཐོ་ཡི་ལུས་རྟེན་མཆོག་ཐོབ་ཀྱང་། །སླར་འཁོར་བ་རུ་ལྡོག་དགོས་སྐྱོན་ཤེས་ནས། །ཡར་ཐར་པ་ཡི་གོ་འཕང་དོན་གཉེར་བ། །འདི་སྐྱེས་འབྲིང་གི་ལམ་དུ་རྒྱལ་བས་གསུངས། །ཡོངས་འགྲོ་བ་ཀུན་ཕ་མ་ཡིན་ངེས་བཞིན། །དེ་ཐམས་ཅད་ཀུན་སངས་རྒྱས་ཐོབ་འདོད་བློ། །འདི་སྐྱེས་མཆོག་གི་ལམ་དུ་གསུངས་པ་ལྟར། །གྲོགས་ཁྱེད་རང་ཡང་ལམ་མཆོག་འདིར་འཇུག་མཛོད། །ལམ་དེ་གསུམ་གྱི་ཁྱད་པར་ཤེས་བཞིན་གྱིས། །ཆོས་མདོ་གསང་སྔགས་ཀྱི་སྨིན་གྲོལ་ལམ་དུ་འཇུག །ལམ་དང་པོ་ལ་བུམ་གསང་ཤེར་ཡེ་དང་། །དོན་རིག་རྩལ་གྱི་དབང་དང་རྣམ་པ་བཞིན། །དེར་ངོ་བོ་དང་ངེས་ཚིག་དབྱེ་བ་དང་། །ཡོངས་སྦྱོང་གཞི་དང་སྦྱང་བྱ་སྦྱོང་བྱེད་འབྲས། །དེ་ཐམས་ཅད་ལ་ཤེས་བྱ་མང་མཆིས་ཀྱང་། །དོན་བསྐྱེད་རིམ་དང་རྫོགས་རིམ་གཉིས་བསྒྲུབ་གནད། །དེ་གཉིས་པོ་ཡང་མཁའ་ལྡིང་གཤོག་ཟུང་བཞི། །ལར་གཅིག་བསྒྲུབས་ནས་གཅིག་བཤོལ་མ་ལགས་ཀྱང་། །ཆོས་ཐམས་ཅད་ཀྱི་རྩ་བ་སེམས་སུ་འདུས། །སེམས་བལྟར་མེད་བལྟས་པས་བལྟ་ཡུལ་བྲལ། །ལྟ་མི་བལྟ་གཉིས་འཛིན་པས་ཕྱེ་བ་ཙམ། །ལར་བལྟས་པ་ཡིས་མཐོང་ཚད་ཉམས་སྣང་ཡིན། །ཉམས་སྲིད་རྩེ་རུ་སྐྱེ་བའི་རྒྱུ་ལས་ཅི། །ཁྱོད་ལྟ་བ་ཞེས་སེམས་ལ་ཕར་ལྟོས་དང་། །སེམས་བལྟ་ཡུལ་དང་བལྟ་མཁན་གཉིས་སུ་འཛིན། །དེ་གཉིས་མེད་ཞེས་འཛིན་ཀྱང་འཛིན་པ་ཡིན། །ལར་འཛིན་པ་ཞེས་ཕྲ་མོའི་རྣམ་རྟོག་ཡིན། །ཡང་སྒོམ་པ་བཞེས་སྒོམ་རྒྱུའི་དམིགས་པ་ཞིག །བློས་སྒོམ་པ་དེ་མཚན་མའི་རྣམ་རྟོག་ཡིན། །དེ་མི་སྒོམས་ཞེས་སྙམས་ཀྱང་རྣམ་རྟོག་ཡིན། །དོན་བསྒོམ་བྱ་དང་སྒོམ་བྱེད་བྲལ་བའི་སེམས། །དཔེ་སྦྱར་ན་ནི་ཆུ་དང་ཆུ་རླབས་བཞིན། །སེམས་གཉིས་འཛིན་དང་བྲལ་བའི་ངང་དུ་ཞོག །ཆོས་སྤྱོད་པ་ཞེས་རྩིང་དང་ཞིབ་པའི་ལས། །བློས་བཅོས་བསྒྱུར་གྱིས་གཞན་སེམས་བསླུ་བའི་ཐབས། །འདི་གཡོ་སྒྱུ་ལས་སྤྱོད་པ་རྣམ་དག་མིན། །དོན་དེ་ཕྱིར་སྤྱོད་བྱེད་མཁན་པོ་དང་། །སྤྱོད་ཡུལ་གྱི་ཚོགས་དྲུག་ཡུལ་རྣམས་ཀུན། །མེ་ལོང་དང་གཟུགས་བརྙན་ཕྱི་ཡི་དཔེ། །བུ་ཆུང་དང་སྨྱོན་པ་ནང་གི་དཔེ། ནམ་མཁའ་དང་བསིར་བུ་ུགསང་བའི་དཔེ། །དེ་ཉིད་ཀྱི་ངང་དུ་སྤྱོད་མེད་སྤྱོད། །འབྲས་བུ་ཞེས་ཕྱག་རྫོགས་དབུ་གསུམ་གསུམ་གྱི། ལམ་རིམ་གྱིས་བསྒྲོད་པའི་བཟང་འབྲས་གཟུགས། འཕྲལ་མི་ཐོབ་ཅིང་ཕུགས་སུ་ཐོབ་རློམ་པ། །ལམ་རིམ་དམན་པ་ཡི་འབྲས་དང་ཁྱད་པར་མེད། །དོན་དེ་ཕྱིར་སེམས་ཀྱི་གདར་ཤ་ཆོད། །དེས་གཞི་ལམ་འབྲས་རྫོགས་ནས་སྐུ་གསུམ་དངོས། །ཚེ་འདི་ཉིད་ལ་མཐོང་བར་ང་སྨྲའོ། །ས་སྐྱོང་སྡེ་དགེའི་ཉེ་གནས་དགེ་ལེགས་རྒྱ་མཚོ་ལ་ཀརྨ་དྲག་གིས་གདམས་པའོ། ༈ དཔལ་ཡོན་ཏན་ཀུན་གྱི་མངའ་དབང་མཆོག །ཕ་འཇིགས་མེད་གླིང་པ་སྤྱི་བོས་མཆོད། །ཁྱེད་གསོན་དང་མཐུ་སྟོབས་རྡོ་རྗེ་དང་། །དུས་ད་ལྟ་ཡན་གྱི་ལུགས་ཟུང་གཉིས། །དཔེ་མདང་གསུམ་གྱི་རྨིས་པའི་རྨི་ལམ་ལྟར། །དུས་ད་ནས་བཟུང་སྟེ་ལོ་བརྒྱའི་བར། །ལས་བདེ་སྡུག་གང་མྱོང་དེ་དང་མཚུངས། །དོན་དེ་ཕྱིར་ཆགས་སྡང་བློ་སྤང་ལས། །སེམས་ཆགས་མེད་ཞེན་མེད་ཀྱིས་སྒྲུབ་ཚུགས་ཟུངས ། །ཆོས་རྒྱུ་དང་འབྲས་བུ་གང་དང་གང་། །ཕྱོགས་རིས་སུ་མ་ཆད་ཐབས་ཚུལ་གྱིས། །ཡོངས་བསྟན་འགྲོར་སྨན་འདུན་ལྷུར་བླངས་ཀྱིས། །ཡང་ཡང་ནས་སྒྲུབ་པར་གཡེལ་མེད་མཛོད། །སེམས་འདུ་འཛིའི་དབང་དུ་གཡེངས་གྱུར་ནས། །ལོ་བརྒྱ་ཕྲག་འཚོ་ཡང་དོན་དགོས་ཆུང་། །དོན་དེ་ཕྱིར་རྣམ་གཡེང་སྤོང་བ་གནད། །ཆོས་ཤེས་ཤེས་ཐོས་ཐོས་མང་པོ་ཡིས། །རང་རྒྱུད་ཀྱི་ཉོན་མོངས་མི་ཐུལ་བས། །བློ་ནང་དུ་ཁུག་ལ་རང་སེམས་ལྟོས། །ལྟ་མཁན་དེ་མ་གཏོགས་ལྟ་ཡུལ་བྲལ། །བལྟ་བྱ་དང་ལྟ་བྱེད་འདས་པར་ལྟོས། །བརྗོད་མེད་ཀྱི་རང་རིགས་མངོན་དུ་གྱུར། །དེ་མཐུ་ཡིས་བསྟན་འགྲོར་ཕན་ནུས་ཤོག །ཅེས་པའང་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བེ་རི་བོ་གཟུང་འབུམ་ལ་གདམས་པའོ།། །།

དམ་ཆོས་བདེ་ཆེན་ལམ་མཆོག་་་་

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་གི་ཆ་ལག་ཏུཿ དུད་འགྲོའི་རིགས་ལ་ཐར་བའི་ས་བོན་འདེབས་པའི་ཐབསཿ བདེ་ཆེན་ཐེམ་སྐས་ཞེས་བྱ་བ་བཞུགས་སོཿ ན་མོ་ཨ་མི་ཏ་བྷ་ཡེཿ འོད་སྣང་མཐའ་ཡས་མགོན་པོ་ལཿ གུས་པས་བཏུད་ནས་དུད་འགྲོའི་རིགསཿ ཐར་བའི་ལམ་ལ་ཁྲིད་པའི་ཕྱིརཿ ཐབས་ཀྱི་མན་ངག་འདི་ཉིད་བརྩམསཿ དེ་ཡང་དུད་འགྲོའི་རིགས་ཐར་བའི་ཐབས་འདི་ལཿ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས་བྱང་ཆུབ་སྙིང་པོར༴ བགྱིཿ ལན་གསུམཿ དེང་དུས་བདག༴ དགའ་བར་གྱིསཿ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་རྣམས་གྲུབ་རྗེས་འདི་སྐད་བརྗོདཿ ཀྱཻཿ མ་རིག་གཏི་མུག་དབང་གྱུར་བསཿ འཁོར་བ་དུད་འགྲོའི་མངོན་རྟོགས་ཤརཿ དེ་བཟློག་ཆོས་དབྱིངས་ཡེ་ཤེས་ཡིཿ དཀྱིལ་འཁོར་མངོན་དུ་འགྱུར་བའི་ཐབསཿ རྟེན་འབྲེལ་ཆོ་ག་དོན་དམ་གྱིཿ ཕྱག་རྒྱས་བཏབ་འདིར་བསླུ་བ་མེདཿ བྱིན་དབབ་པ་ནིཿ ཧོཿ མཁྱེན་པའི་ཡེ་ཤེས་འོད་དཔག་མེདཿ ཐུགས་རྗེའི་གཏེར་མཛོད་པད་དཀར་འཆང་ཿ མཐུ་སྟོབས་འོད་ཟེར་གསང་བའི་བདགཿ རྣམ་གསུམ་གཅིག་དྲིལ་བླ་མའི་བྱིནཿ དུད་འགྲོ་འདི་ལ་འབེབས་མཛད་གསོལཿ གནོད་པ་བཟློག་ཅིང་ཕན་གདུགས་པའི་སྨོན་ཚིགཿ ཧོཿ དུག་གསུམ་ནད་སེལ་སྨན་གྱི་བླཿ འཇིགས་བརྒྱད་ལས་སྒྲོལ་ཏ་རེ་མཿ དགྲ་རྐུན་འཆིང་མཛད་མ་རི་ཙྱཻཿ རྣམ་གསུམ་ནུས་མཐུས་དུད་འགྲོ་ཡིཿ ནད་གདོན་འཇིག་བརྒྱད་ལས་གྲོལ་ནསཿ ཐར་པ་དང་ནི་རྣམ་མཁྱེན་གྱིཿ གོ་འཕང་མངོན་དུ་འགྱུར་བར་མཛོདཿ རྟེན་འབུལ་བ་ནིཿ ཧོཿ རྒྱལ་བ་འོད་དཔག་མེད་མགོན་དང་ཿ སྤྱན་རས་གཟིགས་དང་མཐུ་ཆེན་ཐོབཿ སྨན་བླ་ཏ་རེ་མ་རི་ཙྱཻཿ ཀུན་ལ་དུད་འགྲོ་འདིའི་གཙོར་བྱསཿ ངན་སོང་སྡུག་བསྔལ་ཞི་བའི་ཕྱིརཿ སྒོ་གསུམ་འབུལ་ལོ་ཐུགས་རྗེས་སྐྱོབསཿ བླ་མ་ཡི་དམ་མཁའ་འགྲོ་དང་ཿ ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལཿ འབུལ་ལོ་ཉེར་འཚེ་ཀུན་ཞི་ནསཿ ཐར་པ་དང་ནི་རྣམ་མཁྱེན་གྱིཿ དཔལ་དང་ཡོན་ཏན་མངོན་གྱུར་ཤོགཿ ཚེ་གཟུངས་འདོནཿ བདེན་ཚིག་སྨོན་ལམ་གདབ་པ་ནིཿ ཧོཿ འཁོར་བ་དམན་པའི་སྒོ་གསུམ་བོརཿ ཐར་བའི་ས་བོན་ལེགས་བཏབ་མཐུསཿ རྒྱལ་བསྟན་དར་ཞིང་སེམས་ཅན་བདེཿ ངན་སོང་སྡུག་བསྔལ་ཡོངས་བསལ་ནསཿ ཐར་པ་དང་ནི་ཞི་བ་མཆོགཿ མྱུར་དུ་ཐོགས་མེད་མངོན་པར་ཤོགཿ མཐའ་སྡུད་བཀྲ་ཤིས་ནིཿ ཧོཿ ཐབས་མཆོག་འཁོར་ལོ་རིན་པོ་ཆེསཿ ངན་འགྲོ་འཇོམ་པའི་བཀྲ་ཤིས་ཤོགཿ དཔལ་ཡོན་ནོར་བུ་རིན་པོ་ཆེསཿ འདོད་དོན་འབྱུང་བའི༴ ཤེས་རབ་བཙུན་མོ༴ དགའ་བདེ་འཕེལ་བའི༴ བློ་ལྡན་ཁྱིམ་བདག༴ མངའ་ཐང་འཕེལ་བའི༴ ནུས་ལྡན་གླང་པོ༴ གཞན་དཔུང་འཇོམས་པའི༴ རྩལ་ལྡན་རྟ་མཆོག་རིན༴ ས་ལམ་མྱུར་བསྒྲོད༴ སྟོབས་ལྡན་དམག་དཔོན༴ མི་མཐུན་ཕྱོགས་འཇོམས༴ ཡངས་པའི་རྒྱལ་ཁམས་ཐམས་ཅད་ཀུནཿ བདེ་སྐྱིད་ཕུན་ཚོགས་བཀྲ་ཤིས་ཤོགཿ འཁོར་བའི་སེམས་ཅན་ཐམས་ཅད་ཀུནཿ སངས་རྒྱས་ཐོབ་པའི༴ བླ་མེད་སྔགས་ཀྱི་ཐེག་པ་ལཿ ཐེ་ཚོམ་མེད་པའི༴ རབ་འབྱམས་ཕྲིན་ལས་མཐའ་ཡས་ཀྱིསཿ ཕན་བདེ་སྤེལ་ནུས་བཀྲ་ཤིས་ཤོགཿ གཞན་ཡང་བཀྲ་ཤིས་གང་རྒྱས་བྱའོཿ འདི་ཉིད་སྔགས་ཀྱི་རྣལ་འབྱོར་པཿ འཇིགས་མེད་ཕྲིན་ལས་འོད་ཟེར་གྱིསཿ བྲིས་པའི་སེམས་བསྐྱེད་རོལ་མོའི་སྒྲསཿ ཕན་བདེ་མགྲོན་དུ་ཁུག་པར་གྱུརཿ བསླུ་མེད་རྟེན་འབྲེལ་ཟབ་མོ་འདིསཿ འབྲས་བུས་སངས་རྒྱས་མངོན་པར་ཤོགཿ དགེའོཿ ཿ

འཐུམ་པའི་ཚེ་འདུག་་་

༄༅། །འཐུམ་པའི་ཚེ་འདུག། རྨི་ལམ་ལྟ་བུའི་བསྟན་པ་གཡོ་བ་ལས། །དཔལ་སྤུང་དུ་ལུག་ཟུང་འདྲེས་མའི་རྒྱུན། །བསྟན་ཡང་ཤེལ་བུམ་ལ་དགེགས་ཆར་སེལ་ཞིག་ཡོད། དེས་བྱེའུ་གཉིས་ཀྱིས་ཟླ་རུ་སོང་། །སྒྲུབ་རྒྱུད་དངོས་འཇའ་ལས་འགྲུབ་ནས་འགྲོ། །རྫོགས་ཆེན་གྲགས་པ་དེ་རེ་ཞིག་བསྟན་ཡང་སྲིད། །དཔལ་གླང་ཕྱི་སྣུམ་ནང་ལྡོག་གཟུགས་བརྙན་འདྲ། །ས་སྐྱའི་བསྟན་པ་སྒྲུབ་པའི་ཚུལ་དུ་འགྲོ། །བཤད་པའི་ཆུ་རྒྱུད་ཆད་དེ་མི་མངོན་ནོ། །རེ་ཞིག་ན་དེ་དང་ཕྱིང་སྣུམ་བཞིན། །མི་དགེ་བ་སྡོམ་པའི་ཆོས་ལུགས་ཀྱང་། །སེང་གེའི་ཁོག་པར་འབུ་ཞུགས་མཚུངས་སོ། །ཕྲག་དོག་བཤད་ཁྲལ་ཙམ་ལ་སྙིང་པོ་བཟུང་། །དེ་ཡི་རྐྱེན་གྱི་ནང་ནས་རྩོད་འཁྲུགས་འཕེལ། །ཇོ་ནང་གི་བསྟན་པ་བང་མི་མཐུན། །སྔོན་སྲོལ་གྱི་རྣལ་འབྱོར་ཉམས་ནས་འགྲོ། །ཞི་གཅོད་ཀྱང་འཕེལ་མེད་འགྲིབ་པའང་མེད། །ཡུལ་ཀུན་ལ་རྨི་ལམ་བཞིན་དུ་གཡོ། །ལྷ་སྒྲོན་མ་ས་འོག་སོང་བའི་རྐྱེན། །མདོ་མཐའ་མིའི་སྒོ་ཡི་འདན་བུ་ལག །སྤྲེལ་གདུགས་པ་དམར་པོ་ལོ་ནས་བཟུང་། །ཕྱི་འཚལ་ནད་འཁྲུགས་ཀྱི་སྣེ་བསལ། །ཀླ་ཀློ་ཞྭ་ནག་གསོ་ནག་ཅན་དམག་དཔུང་། །རྟོལ་ཡང་རེ་ཞིག་དེ་ཡིས་འཇོམས་པ་མེད། །འོན་ཀྱང་དེ་ནས་བསྟན་པའི་དབུ་འཕང་༴༴༴༴དམག་དཔོན་དུ་བྱེད་ཚེ་དུས་ཀྱི་གྲགས། །ཧེས་པོ་རི་ལ་གཏེར་མང་རྟོལ་བ་དང་། །རོང་བཙན་གྱི་ས་བཅུད་ཉམས་པ་དང་། །རྨ་རྒྱལ་གྱི་དམ་སྲི་ཤོད་པའི་དུས། །༴༴༴མདོ་ཁམས་ལོ་དང་གཙང་ཕྱོགས་སུ། །ས་གཡོ་བའི་འཇིགས་པ་ཆེན་པོ་འོང་། །དུས་དེ་ནས་བསྟན་འཛིན་སྐྱེས་བུ་རྒུད། །ཆོས་བཤད་སྒྲུབ་ལྷག་པར་ནམ་མཁའ་འཇའ། །ལྷོ་ཚ་བ་རོང་གི་གཡུ་ལུང་གངས། །འབྱེད་པའི་འཇམ་དཔལ་སྤྲུལ་པ་ཞིག་ཀྱང་འོང་། །དུས་དེ་ཚེ་སྨར་གྱི་ཕྱོགས་ནས་ནི། །གྲུབ་རྟགས་ལ་རྫུ་བའི་སྤྱོད་འཚོལ་མཁན། །དེ་དར་གང་འབྲེལ་ཉེར་དགུའི་ཟླ། །སྟག་ཚང་རོང་དུ་ཆུ་ཆེན་རྡོལ། །དོམ་ཚང་རོང་དུ་ས་གཡོས་འབྱུང་། །གཡུ་ལུང་གངས་ཀྱི་ནུབ་ཕྱོགས་སུ། །ཁྲོ་བོའི་གར་གྱི་དར་ས་ཞེས། །གྲགས་པའི་སྦས་ཡུལ་རང་ཕྱེ་འོང་། །རྨ་རྒྱལ་གངས་རི་ཁྲ་བོར་འགྱུར། །སྤུ་སྟོད་ཤ་འུད་ཆེན་པོ་རྡོལ། །མོན་པའི་གྲོད་མང་ས་གཡོས་ཀྱིས། །བརླག་ཚེ་གཡུང་དྲུང་འཁྱིལ་བ་བྱེད། །དུས་དེ་སྐབས་དབུས་གཙང་ཁམས་སོགས་ནས། །གནས་གཞན་འཕྲུལ་བདག་པོའི་ཕྱོགས་བྱེད་པ། །མི་བླ་དཔོན་གཟུགས་ཅན་ཉེར་ལྔས་ནི། །རྒྱ་གར་གོ་ཐབ་ནག་པོ་མགྲོན་དུ་འགུགས། །གནམ་མོ་ལྕགས་ཁྱི་ཟུག་པའི་སྔ་རོལ་ནས། །མེ་ལྷ་ལ་ཙེ་ནའི་བྱི་བ་རྣམས། །ཀླ་ཀློ་བྱི་ལས་དེ་པའི་རྩོད་འཁྲུགས་ནི། །ཤར་འཇམ་དབྱངས་གསུང་བརྒྱུད་ཅན་ལྟ་བུས། །བཟུང་དེ་རྐྱེན་བོད་དུ་བསྭོ་བསྭོ་སྒྲོགས། །ནུབ་བི་ཀྲ་རཀྟ་དམར་པོ་དང་། །བྱང་ཨོ་སྟོད་ཕྱིང་གུར་ནང་ཞིག་ནས། །ཨང་གཙིགས་བསྡམ་པའི་དམག་དཔོན་གྱིས། །ཡུལ་སྨ་ཁོག་སོགས་ནས་རྒྱལ་ཁམས་ཉུལ། །ལྗོངས་ནཻ་ལ་ས་ཡི་ཤིང་ཀུན་འཕགས། །ཀླུ་རྒྱལ་དགའ་བོ་དགའ་བསྐྱེད་ཕྱིར་བཞུད། །བོད་ཡོངས་ཀྱིས་རྟེན་གཅིག་ར་ས་ཡང་། །གངས་ཅན་མཚོ་བདག་རྒྱལ་པོས་གདན་འདྲེན་ཏེ། །སྟོད་གངས་སྒོ་ནས་ཤ་འུད་ཆེན་པོ་རྡོལ། །ཤིང་འབྲུག་ལོ་ལ་ཕྲུ་མ་སྣ་ཚོགས་པ། །བྱང་སྨ་ལུང་དུ་ལུ་ལ་ལྟད་མོ་ལྟོས། །སྟོད་གོས་དང་ཙི་ན་ཨ་ཏོད་དུ། །ཐོད་དཀར་གྱིས་སྣ་དེ་དྲངས་བྱས་ནས། །དང་པོ་རྨ་ལུང་བར་དུ་བྱ་ནག་དང་། །ཐ་མ་ད་སིག་ཀླ་ཀློའི་སྣ་འདྲེན་པས། །བོད་ཁམས་ཀུན་དུ་༴༴༴༴༴མཇུག་ཆད།

སྐྱབས་མགོན་གྲུབ་པའི་དབང་པོས་བླ་མ་རིན་པོ་ཆེ་འཇིགས་མེད་སྐལ་བ་བཟང་པོ་ལ་གནང་བའི་ལུང་བསྟན།

༄༅། །སྐྱབས་མགོན་གྲུབ་པའི་དབང་པོས་བླ་མ་རིན་པོ་ཆེ་འཇིགས་མེད་སྐལ་བ་བཟང་པོ་ལ་གནང་བའི་ལུང་བསྟན་བཞུགས། །

ཤར་ཕྱོགས་ནས་གཡུ་འབྲུག་དགུང་ལ་ཡལ། །ལྷོ་རྒྱ་སྟག་ཚོགས་རང་གནས་ནགས་ན་བོད། །ནུབ་དམར་པོ་རིའི་མཆོད་སྡོང་མས་ནས་སློང་། །བྱང་རི་དྭགས་ཀྱི་རྒྱལ་པོས་རྒྱལ་ས་འཛིན། །ཡུལ་རྨ་ལུང་གི་བྱང་ཐང་ཡངས་པ་རུ། །རོང་ལྷམ་ནག་ཅན་གྱི་ཆགས་བཏབ་ནས། །དབང་ལ་ཨད་ཀྱི་མགོ་བོ་ཟིལ་གྱིས་གནོན། །དེའི་རྐྱེན་གྱི་ཕྱོགས་གཞན་ཀུན་ཀྱང་འདུད། །ཁྱོད་གསོན་དང་གཞོན་ནུ་སྐལ་བ་ཅན། །གནས་སྐབས་སུ་བདེ་སྡུག་སྣ་ཚོགས་པ། །མྱང་བ་ལ་རེ་དོགས་མ་མཛད་དང་། །སྐབས་ཤིག་ནས་དོན་གཉིས་ལྷུན་གྲུབ་འབྱུང་། །འོན་ཀྱང་ནི་འབྱུང་འགྱུར་འདི་ལྟར་ཤར། །སྤྲེལ་ལོ་ལ་བདུད་སྡེ་ཕམ་འགྱུར་ཡང་། །མཁའ་ལྡིང་གིས་རྗེ་མོ་དབྱིངས་སུ་འཁྱེར། །ཁྱི་བཞིན་དུ་ཉུལ་ནས་སེང་གེའི་ཟླ། །ཕག་ངུར་མོ་ཡིས་དབུས་ཀྱི་གསེར་ཏོག་བཅག །བྱི་བ་ཡིས་དྲོད་ཀྱིས་དབུ་རྩེ་འབར། །གླུང་ཁོང་ཁྲོ་ཡི་ར་ཡིས་མི་མཐུན་བཟློག །སྟག་ཟ་བྱེད་ཀྱིས་ཕྱོགས་མཚམས་དོགས་པས་འགེང། །ཡོས་རྗེས་བོ་རུ་རློམ་འགའ་བྱ་ཡིས་འཁྱེར། །འབྲུག་བོད་ཁམས་ལ་སྨན་པའི་རྟེན་འབྲེལ་འགྲིགས། །སྦྲུལ་དུག་ཅན་གྱི་ལྕེ་ཡིས་མ་གཞོམ་ན། །རྟ་སྐད་ཀྱི་གླུ་དབྱངས་དབུས་སུ་ལེན། །ལུག་ལ་བ་ཡི་རྗེས་འགྲོར་ཁྱོད་གྱུར་ཅིག ། ༈ ཡང་གསོན་དང་ཡ་རབ་ཨ་བོ་ལགས། །དུས་རྒྱལ་མོ་ཁྱི་ལོ་ཤར་ཕན་ནས། །སླར་བཅུ་གསུམ་གྲངས་རྫོགས་ཚུན་ཆད་དུ། །མི་མཆོག་དམན་འབྲིང་གསུམ་གོ་ས་འཆོལ། །ཆོས་སྙིང་ནས་སྒྲུབ་མཁན་རྣམས་འགྱུར་བ་མེད། །སྟོད་དབང་ཆེན་གོང་འོག་ལྷ་མིན་གྱིས། །ཡིད་དཀྲུགས་ནས་རྣལ་དུ་ཕེབས་པར་དཀའ། །བར་ཨ་སྐྱོང་ཕྱི་ཟླུམ་ནང་མདོག་ཁྲ། །བར་ཙ་ཏུར་ནི་སྣེལ་མ་བྲེགས་རྗེས་འབྲང་། །དེ་མར་བཟུང་གི་སྡེ་ཕལ་དགྲ་ཟུན་འཆོལ། །གཞན་རྡོ་གསེར་སོགས་ལྷ་འདྲེ་ཁེངས་ལོག་གིས། །བསམ་སྦྱོར་གཉིས་རེས་མཐོ་རེས་དམའ་ངོམ། །སྨད་རྒྱ་རོང་ཡང་དགྲ་གཉེན་ལྷ་མི་སོགས། །བོད་ལོག་གི་སྒྱུ་འཕྲུལ་མིག་མང་རྩེ། །སྟོད་སྡེ་དགེ་ཡང་ལུགས་ཟུང་འདྲ་མིན་ངོམ། །ཧོར་ཁག་རྣམས་རང་ཕུང་རང་བརླག་བརྩོན། །འོན་ཀྱང་ནི་སློབ་དཔོན་པདྨ་ཡི། །ཐུགས་རྗེ་ཡིས་བསྐུལ་བའི་རྣལ་འབྱོར་པ། །འགའ་འགའ་ཡིས་ཕན་བདེར་སྦྱོར་ཡང་སྲིད། །མདོར་ཁྱོད་རང་ཤོགས་པ་སུ་གང་ཞིག །གཞན་གནོད་ལས་བཤོལ་ན་སྒོས་སུ་བདེ། །དུས་ད་ནས་ཆོས་དང་འཇིག་རྟེན་ཟུང་། །དུས་སྔོན་དང་མཚུངས་དཀའ་འགྱུར་ལྡོག་མང་། །སྟེང་མཁའ་དབྱིངས་ཀློང་ནས་གནམ་ལྕགས་དང་། །མེ་ཆར་སོགས་དུས་མིན་འབབས་ཀྱང་སྲིད། །ས་གཞི་ཡང་གཡོ་དང་ས་སྒྲ་དང་། །ས་འཇིག་དང་ཆུ་ལོག་མང་དུ་འབྱུང་། །འབྱུང་བཞི་པོ་ཆ་མི་སྙོམས་པའི་རྒྱུས། །བཙའ་སད་དང་ཐན་པས་ལོ་གོ་ཉེས། །ཡུལ་འབྲོག་སོགས་ཁྱད་མེད་ཡོངས་ལ་གནོད། །དེར་ཕན་ངེས་ཀྱི་རིམ་གྲོ་སྨན་བླ་དང་། །བཀའ་ཐང་དང་ལེའུ་བདུན་བསམ་ལྷུན་འབུམ། །སྒྲོལ་མ་འབུམ་ཐུབ་པའི་མཚན་བརྗོད་འབུམ། །གླིུང་བཞི་ཡི་སྤྱི་མདོས་ཁེངས་ལོག་མདོས། །བྱ་སྟོན་དང་བྱིས་པར་སྟོན་མོ་དང་། །སྤྲང་སྦྱིན་དང་སྲོག་བླུ་སྡིག་གཅོད་དང་། །ཟོ་ཏོར་ཀུན་མཉེས་པའི་ཐབས་ལ་བརྩོན། །ཚུལ་དེ་ལྟ་བུས་རང་གཞན་ཡོངས་ལ་ཕན། །ཁྱོད་རེ་ཞིག་ནས་པད་འབྱུང་གིས་བསྐུལ་ནས། །ཆོས་སྙིང་ནས་སྒྲུབ་འདོད་བློ་སྐྱེས་ཚེ། །བློ་རྩེ་གཉིས་སྤོངས་དང་དོན་ཆེན་འགྲུབ། །སྐྱབས་མཆོག་གསུམ་བདེན་པའི་མཐུ་སྟོབས་ཀྱིས། །ལུང་བསྟན་ཚད་ཀུན་དགེ་བའི་བཀྲ་ཤིས་ཤོག ། ༈ ཀུན་གསལ་གྱི་མདོག་གི་མིང་ས་རུ། །ཨ་ཟུང་ལྡན་གྱི་སྡེ་དགོན་ཆགས་ཀྱང་སྲིད། །དེའི་ཡུལ་དུ་པྲི་ཏ་སར་སོགས་དར། །ཁྲོ་གསེར་ཟུང་འཁྲུགས་པས་ཉེས་མེད་འགའ། །སྐྱོན་ཅན་དུ་འགྲོ་བའི་འདུམ་དབེན་ལྟོས། །མགོ་ལོག་ཕུ་པ་དེ་ཕྱི་ལ་སྙེག ། འབུམ་གཉིས་ལ་གསར་རྙིང་འདྲེས་ལམ་འཚོལ། །བར་ཙ་ཏུར་ལུགས་ཟུང་ཟླ་བ་སྤེལ། །སྨད་འཛི་མདོ་ནས་དབང་བར་བླ་གཟུགས་འགའ། །ལྔ་ལམ་དུ་ཞུགས་ནས་གཤེད་དུ་འཆོལ། །རྗེ་ཧཱུཾ་ནག་གི་སྤྲུལ་པས་ཟིལ་གྱིས་གནོན། །སྐྱིད་ཚལ་དུ་པདྨའི་བྱིན་རླབས་འཕོ། །མགོ་ལོག་འགོང་པོའི་ཁ་དར་བ། །དེ་ཚེ་དེ་ཡི་ཁ་གནོན་འགྱུར། ༈ ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧོ། སྐུ་གསུམ་ཞིང་ཁམས་ཀྱི་རྒྱལ་བ་རྒྱ་མཚོ་ཡི། །མཁྱེན་བརྩེ་ནུས་པ་ཡི་སྤྱི་གཟུགས་པདྨ་སྐྱེས། །གང་དང་དབྱེར་མེད་རྗེ་འཇིགས་མེད་གླིང་པའི་མཐུས། །རྟེན་འབྲེལ་བདེན་པ་འདི་ཡོངས་སུ་དགེ་བར་མཛོད། །ལེགས་པར་གསན་མཛོད་དང་སྐལ་བཟང་གདུལ་བྱའི་ཚོགས། །ཁོ་བོ་བགྲང་བྱའི་ཁུར་སྤུངས་པས་སྒོ་གསུམ་རིབ། །འདུ་བ་འཁྲུགས་རྐྱེན་གྱིས་རླུང་སེམས་བག་མི་ཕེབས། །དེ་ཕྱིར་རྟེན་འབྲེལ་གྱི་བརྟགས་པའང་དེ་རྗེས་འབྲངས། །འོན་ཀྱང་མི་དབང་རྗེ་དཔང་དུ་བཞག་ནས་སུ། །རྗེ་བཙུན་དབང་མོ་ཡི་བཀའ་ཕེབས་དང་བླངས་ནས། །འབྱུང་འགྱུར་ལུང་བསྟན་གྱི་རི་མོ་འདི་བཞིན་ངོམ། །མེ་གླང་ལོ་ཤར་ནས་དུས་ངན་མགོ་ཚུགས་ཀྱང་། །སྔུ་ཕྱིའི་འགྱུར་གཉིས་ཀྱི་རྣམ་འདྲེན་བསྟན་འཛིན་འགའི། །ཐུགས་རྗེའི་ནུས་སྟོབས་ཀྱི་ཅུང་ཟད་སྐྱོབ་བམ་སྙམ། །དེ་ལྟར་ཡིན་མོད་ཀྱང་ལྷ་དང་ལྷ་མིན་སྡེ། །རྩོད་ཅིང་ཕམ་རྒྱལ་གྱི་ཆོ་ལོ་འགྱེད་གྱུར་ན། །མི་རྣམས་དགེ་བཅུ་སོགས་རྣམ་དཀར་སྤེལ་བ་དང་། །བསོད་ནམས་མ་ཡིན་པའི་ལས་ངན་རྒྱུ་སྤངས་ན། །ལྷ་རྣམས་རྒྱལ་འགྱུར་ཞིང་ལྷ་མིན་ཕམ་ནས་སུ། །མི་རྣམས་བདེ་སྐྱིད་ལ་སྤྱོད་པར་ངེས་ན་ཡང་། །དེང་དུས་སྙིགས་མ་ཡི་བསམ་སྤྱོད་མཐུ་ཆེ་བས། །མཆོག་དམན་གང་ཐད་ནས་རང་ཚུགས་ལྷོད་གྱུར་པས། །བཟང་ངན་རབ་འབྲིང་དང་ཐ་མ་གོ་ལོག་ཅིང་། །བག་མེད་བབ་ཅོལ་གྱི་སྤྱོད་པ་ཁྲ་བོའི་གཟུགས། །དབུས་གཙང་ཁམས་གསུམ་དུ་འབྱུང་བས་ཁམས་རེ་འདུས། །རུ་བཞིའི་བོད་ཆུང་ངུར་གོ་ལོག་སྣ་ཚོགས་འབྱུང་། །ཁྱད་པར་གཙང་ཡུལ་དུ་ཡ་གའི་འབྱུང་བྱ་དགོད། །རྐྱེན་གྱིས་བྱ་རིགས་འགའ་བྲེལ་བཞིན་བྱེར་ཞིང་འདུ། །ཤར་ངང་པའི་ཁྱུ་རྒྱ་ཁྲས་བྲེལ་ཞོག་སློང་། །བྷོ་དྲའི་ཡོངས་རྟགས་ཀྱི་མཆོད་སྡོང་མས་ནས་སློང་། །རྐྱེན་དེས་དགའ་སྐྱོ་ཡི་མིག་མང་ཅིར་ཡང་རྩེ། །ཁྲིམས་ཀྱི་ལས་འཛིན་འགའ་འཕྱང་མོ་ཉུག་འགྱུར་ཞིང་། །དཀར་ནག་ཁྲ་གསུམ་གྱི་མངོན་རྟོགས་སྣ་ཚོགས་ངོམ། །རང་སྡེའི་མི་དབང་གི་ཙ་ཏུར་མུ་ཁ་ཡང་། །བགྲང་བྱ་ཆུ་ཕོ་ཡི་འབྱུང་བ་ཡོལ་ཚུན་དུ། །བསམ་གཏན་བཞི་པ་ཡི་ཏིང་ངེ་འཛིན་བསྒོམ་ནས། །ལྷ་མའི་སྡེ་ཟུང་འདྲ་ངལ་བ་ཐོབ་ནས་སླར། །ཕན་བདེའི་རྒྱུ་འབྲས་ལ་འབད་ཅིང་རྩོལ་སྒྲུབ་བྱེད། །མཆོག་དམན་ཕལ་མོ་ཆེ་ཆགས་སྡང་རྨོངས་རྗེས་འབྲང་། །སླར་ཡང་ཆུ་ལྷའི་ཕྱོགས་འབྱོན་བཞེད་གང་བབས་ཀྱང་། །རྟེན་འབྲེལ་ཐོག་ཁེལ་དུ་འགྱུར་མིན་ཤོ་རྩེ་བཞིན། །དེ་ཕྱིར་གདན་ཁྲི་དང་མི་འབྲལ་གལ་ཆེན་གནད། །རྒྱལ་པོ་ཡ་རབས་ཀྱི་མྱུ་གུ་སྔོན་དང་རྗེས། །ཞབས་བརྟན་རིམ་གྲོ་ཡི་སྲུང་མ་དཔུང་བསྐྱེད་ན། །ཉེར་འཚེ་མང་འགྱུར་ཡང་དེ་དབང་འགྲོ་བ་མིན། །རྗེ་བཙུན་ཕན་བདེ་ཡི་འབྱུང་གནས་མ་ཎི ཀ། །བགྲང་བྱ་སོ་བདུན་གྱི་གྲངས་སུ་སླེབ་ཚུན་དུ། །ཀེག་འཚེ་ཕྲན་བུ་ུའགའ་འདུག་ཀྱང་མི་དོགས་ཏེ། །ཞབས་བརྟན་རིམ་གྲོ་ཡིས་རིམ་བཞིན་བཟློག་པར་ངེས། །ལུགས་ཟུང་དཔལ་ཡོན་གྱི་འབྱུང་གནས་རྒྱལ་ཁབ་དེར། །རྒྱལ་ཁབ་སྔོན་ཡོད་ཀྱི་ལུགས་སྲོལ་ཇི་བཞིན་དུ། །ཕན་བྱེད་ལྷ་མཆོད་ཅིང་གསོད་བྱེད་འདྲེ་བཀར་ན། །མགོ་ཞབས་ལུས་ཚུད་ལྟའི་ལུགས་མཐུན་འབྱུང་མོད་ཀྱང་། །མཆོག་སྦྱིན་ཡུལ་གཉིས་ཀྱི་གོ་ས་ལོག་གྱུར་ན། །ཡུལ་དེར་དར་རྒུད་དང་གང་སྟོང་སྣ་ཚོགས་འབྱུང་། །དེ་ཕྱིར་སྔོན་དར་གྱི་ལུགས་ཟུང་རྗེས་འགྲོ་གལ། །རྒྱལ་ཁབ་ཆེན་པོ་དེའི་ཁྲིམས་སྲུང་རྒན་རབས་དང་། །མཁྱེན་ལྡན་འགྱུར་མེད་ཀྱི་རིགས་ལྡན་སུ་ཡང་རུང་། །གཞན་གནོད་རྒྱུ་བཅས་ལ་མི་དགའ་ཕན་སེམས་ལྡན། །རྒྱལ་ཁྲིམས་ཟས་ནོར་ལ་མི་བཙོང་གཡོ་རུ་ཟུང་། །གཟུ་བོའི་བློ་ལྡན་འགའ་གབ་སྦས་ཚུལ་མཆིས་སྲིད། །དེ་དག་རྒྱལ་པོ་ཡི་ཞབས་འབྲིང་བྱེད་གྱུར་ན། །རྒྱལ་སྲིད་མི་ཉམས་ཤིང་ཡུན་རིང་བརྟན་ངེས་ལགས། །སྤྱིར་ཡང་རྒྱལ་ཁབ་དེར་བཟང་ངན་བདེ་དོགས་ལན། །མཐུན་མིན་ལ་སོགས་པ་རེ་འགའི་མངོན་རྟོགས་སྟོན། །མཐོ་དམན་འབྲིང་གསུམ་ཡང་དེ་རྗེས་འགྲོ་ངེས་ཤིང་། །ལ་ལ་གཞན་དག་ལ་མི་དགའ་ནང་དུ་གྱུ། །དེར་ཡང་ཅི་ཞིག་ན་དེ་ལ་ཐེ་ཚོམ་ནས། །རབ་སོ་གཉིས་པ་ཡི་ཆུ་ཁར་ཕྱིན་ལྟར་འགྱུར། །འགའ་ཞིག་ཁ་ཞེ་གཉིས་མི་མཚུངས་སོ་སོ་ཡང་། །ནན་གྱིས་མཚུངས་འདྲ་ཡིས་མངོན་རྟོགས་བཅོས་ནས་སུ། །རྒྱལ་ཁྲིམས་འཇིགས་པ་ཡི་སྔོན་རྒྱུག་རྒྱབ་རྟེན་བྱེད། །དེ་འདྲའི་སྤྱོད་ལམ་དང་རྣམ་འགྱུར་དཔྱོད་དང་ནི། །རྒྱལ་ཁྲིམས་ཉམས་བྱེད་ཀྱི་འགོང་པོ་མིར་བརྫུས་ཡིན། །དེ་དག་ཐབས་མཁས་ཀྱི་སྤྱོད་པས་མ་བཏུལ་ན། །ཞབས་འོག་རྡེལ་འཕར་ནས་སྤྱན་ལ་ཕོག་གིས་དོགས། །དེ་ཕྱིར་ཉེ་འཁོར་ན་བརྟགས་ཞུས་ཕན་བྱེད་གལ། །ས་སྟག་ས་ཡོས་ཀྱི་གནམ་ལོ་ཤར་ཕན་ནས། །བགྲང་བྱ་དྲུག་བདུན་ཚུན་ཆབ་འབངས་གཞན་བྱེད་ཀུན། །རང་ཡུལ་ལྐོག་གྱུར་དཔེ་ར་ཡིག་གཉིས་པའི་ཁྱུས། །པུཥྤའི་ཚལ་ཆེན་ལ་དགའ་བཞིན་འཇུག་འདོད་ཀྱང་། །རང་ཉིད་ཐབས་མཁས་སུ་མ་གྱུར་གཞན་དུ་འབྲོས། །དེ་ཕྱིར་ཐབས་མཁས་ཀྱི་སྤྱོད་པས་སྲིད་སྐྱོང་འཚལ། །མ་ཧཱ་ར་ཛ་ཉིད་བྱམས་བརྩེའི་ཐུགས་ལྡན་ཡང་། །གསར་སྐྱེས་ཞབས་འབྲིང་རྣམས་རང་སྡེ་མནར་ཆེ་བས། །མི་ཁ་གཏམ་ངན་གྱི་རླུང་གིས་གཞན་ཡུལ་ཕལ། །ཁྱབ་འདི་རང་ཞབས་ཀྱི་ཟ་འདོད་ལ་ལས་བྱས། །དེ་དག་མི་ཁ་ཡི་སྣ་འདྲེན་འགོང་ཐེལ་ཡིན། །མདོར་ན་རྒྱལ་བསྟན་དང་རྒྱལ་ཁྲིམས་རྣམ་པ་གཉིས། །མི་ཉམས་བྱེད་པོ་དེ་ཕན་བདེའི་འབྱུང་གནས་ཡིན། །ད་ལྟ་ལྟོ་འགྲོ་ཡི་སེམས་ལྡན་ལྕེ་གཉིས་པ། །ཁ་དཀར་སྙིང་ནག་གིས་ངོ་བསྟོད་ལྐོག་སྨད་རིགས། །འདྲེ་སྲིན་བྱུར་གསུམ་པོ་མི་ཁོག་ཞུགས་པ་ཡིན། །དེ་ཕྱིར་དེ་རིགས་ཀུན་ལྡང་མེད་བྲོ་རྒྱས་ཐོབ། །མདོར་ན་གཞན་དག་ལས་ཕྲོགས་པའི་ཟས་ནོར་གྱིས། །དཀོན་མཆོག་མཆོད་པ་དང་རྒྱལ་པོར་སྲི་ཞུ་བགྱིད། །འདི་དག་བུ་བསད་ནས་ཕ་མ་གསོ་དང་མཚུངས། །དེ་ཕྱིར་ཚུལ་མིན་གྱི་སྤྱོད་པ་བྱེད་པ་ཀུན། །ལྟ་སྣང་མཛེས་མོད་ཀྱང་ཐེའུ་རང་འགོང་པོའི་སྡེ། །ཡིན་ཕྱིར་དེ་དག་ཀྱང་རིང་དུ་བསྐྲད་པ་གཅེས། །ཆོས་སྲིད་བསྟན་པ་ཡི་མངའ་བདག་ས་དབང་མཆོག །འཕགས་མཆོག་མི་རྗེ་ཡི་རྡོ་རྗེ་འཛིན་པ་གང་། །ཞབས་པད་བརྟན་བྱེད་ཀྱི་རིམ་གྲོའི་གཙོར་གྱུར་པའི། །འགལ་སྤོང་འཕྲོད་བཞེས་ཀྱི་ཐབས་དང་རྟེན་འབྲེལ་རིགས། །ལོགས་སུ་གསལ་བ་ལ་དགོངས་པ་ཞིབ་འཇུག་འཚལ། །གཞན་ཡང་ཤར་ཕྱོགས་ཀྱི་རྒྱ་སྟག་ཚང་འགྲོགས་ནས། །བོད་ཡུལ་ཕལ་མོ་ཆེ་ཉུལ་ཞིང་ཕན་གནོད་རྩོམ། །རྐྱེན་དེས་མཆོག་དམན་འགའ་དགའ་སྐྱོའི་ཉམས་མྱོང་སྟོན། །ལྷོ་ཕྱོགས་རིགས་འཚོལ་གྱི་གཅན་གཟན་སྣ་ཚོགས་ཁྱུ། །བྱང་ཕྱོགས་རི་དྭགས་སྡེ་ཟ་ཕྱིར་རློམ་སེམས་སྐྱེ། །ནུབ་ཕྱོགས་ལུགས་ཟུང་ཆོས་མཛེས་པའི་ཐགས་བྲན་ཡང་། །རང་དབང་མ་གྱུར་རྗེ་གཞན་དབང་སྟོབས་ཀྱིས་འབྲེག །བྱང་ཕྱོགས་ཙི་ན་དང་ཡོ་འགེལ་སྟོབས་འགྲན་པའི། །གཡུལ་གྱི་ཕྲུ་མ་རེ་བོད་ལ་འདེབས་ཀྱང་སྲིད། །བོད་ཡུལ་རུ་བཞི་ལ་སྔར་མེད་ལུགས་ཟུང་ཆོས། །དར་ཞིང་དགའ་སྐྱོ་དང་བདེ་སྡུག་འཆོལ་བར་མངོན། །མངའ་རིས་སྐོར་གསུམ་ལ་གསར་རྙིང་སྡེ་འདྲེས་ཤིང་། །གྲུབ་ཐོབ་སྣ་ཚོགས་ཀྱིས་ཚོས་མདོག་ཐགས་མང་བྲན། །དཔལ་ལྡན་ས་སྐྱ་ས་གསར་རྙིང་ལྗོན་ཚོགས་རྒྱས། །ངོར་བ་རྡོ་བརྐོས་ཀྱི་རི་མོ་བསུབས་མེད་བརྟན། །དགེ་ལུགས་ཚུར་མཐོང་གི་ཆོས་བརྒྱད་འཇའ་ལྟར་བཀྲ། །བཀའ་བརྒྱུད་ཡ་བཞི་ཡི་ཆུ་མགོ་གངས་དང་འབྲེལ། །རྙིང་མ་གཞན་ཕན་གྱི་ཕྲིན་ལས་སྐྱབས་ཀྱང་རྒྱས། །བོན་སྡེ་གཏེར་རྫས་ལྟར་སྦས་ཀྱང་རང་རྡོལ་འབྱུང་། །དེ་དག་ཐམས་ཅད་དང་འཁོན་མེད་རྟོགས་འགྱུར་གནད། །མ་ཅིག་ལབ་སྒྲོན་གྱི་གཅོད་གཞུང་མདོ་སྔགས་རྙིང་། །ཉི་ཟླ་ཇི་བཞིན་དུ་དུས་མཐའི་འགྲོ་ཁམས་ཁྱབ། །ཞི་བྱེད་གཏེར་རྫས་ལྟར་སྦས་ཀྱང་ནམ་ཞིག་མངོན། །གཏེར་ཆོས་ས་རྡོ་ལྟར་ལོད་ཀྱང་འབྲས་མེད་མིན། །འོན་ཀྱང་བརྗོད་བྱ་དང་རྗོད་བྱེད་འགལ་བ་ཕལ། །མཁྱེན་ལྡན་དམ་པ་ཚོས་དབྱེ་བསལ་ལོས་རེ་བྱེད། །གླིུང་ཚང་དབྱར་ཆབ་བཞིན་སྣོན་ཕྲི་མང་གྱུར་ཀྱང་། །རེས་འགའ་ཙམ་ལས་ནི་མི་སྟོང་གང་བ་སླ། །ཅི་ཞིག་ལྟར་དཔེ་ན་ལུགས་ཟུག་ཟླ་བྲལ་སྲིད། །ཉག་རོང་སྟོད་སྨད་འགའ་ལྟག་ཆུ་ཆད་པའི་རྫིང་། །སྣོན་པ་དབེན་གྱུར་ན་རིམ་གྱིས་བྲི་ཞིང་ཉམས། །མགོ་ལོག་ཡུལ་ལྗོངས་འགའ་ནགས་ཚལ་ཞུགས་བསྲེགས་ཀྱི། །དཀྱིལ་བསྟིའི་གཅན་གཟན་ཁྱུ་སྡེར་ངོམ་ངར་བསྐྱེད་བཞིན། །ཅི་ཞིག་ལྟར་དཔེ་ན་རང་བྱས་རྣམ་སྨིན་གྱིས། །རང་ཉིད་རྒྱར་ཚུད་དེ་ཅི་བྱར་གཏོལ་མེད་འགྱུར། །དབལ་ཤུལ་ཁག་གསུམ་པོ་ཁྱོ་མེད་སྒེག་མོའི་ཁྱུར། །འབྱོར་བ་ལོངས་སྤྱོད་ཀྱི་དཔལ་དང་ལྡན་ན་ཡང་། །མཆོག་དམན་རབ་འབྲིང་སུས་བདག་གིར་བྱེད་སྙམ་ན། །ཅི་ཞིག་ལྟར་དཔེ་ན་གདུང་བརྒྱུད་གོང་མའི་སྡེའི། །དབང་མེད་ཧ་པྲ་རུ་འཕྲད་ལྟར་གྱུར་ཙ་ན། །ཕྱོགས་གསུམ་དགའ་སྐྱོ་ཡི་རྣམ་འགྱུར་ཅིར་ཡང་ངོམ། །རྒྱལ་རོང་རྒྱལ་ཁབ་ཀུན་མཆོག་དམན་དར་རྒུད་ཀྱི། །མངོན་རྟོགས་མང་བྱུང་ཡང་རང་ཚུགས་མ་ཤོར་ཙམ། །རིན་ཆེན་དང་པོ་ཡི་མིང་འཛིན་ཡུལ་འདི་རུ། །གོ་ལོག་སྣ་ཚོགས་ཀྱི་ཆོ་འཕྲུལ་འབྱེད་སྐྱོན་གྱིས། །རང་ཕུང་རང་བརླག་གི་མངོན་རྟོགས་མང་བྱུང་ཡང་། །མི་དཔོན་ཕལ་མོ་ཆེར་ཡུལ་ལྷས་སྐྱོབ་པའི་ཕྱིར། །རེ་ཞིག་སྐྱོན་མེད་ཙམ་འབྱུང་མོད་འོན་ཀྱང་ནི། །རང་མགོ་ཅི་ཐོན་གྱི་བསམ་སྤྱོད་མང་གྱུར་ན། །ཕལ་ཆེར་གཞན་དབང་དུ་འགྱུར་བ་གདོན་མི་ཟ། །སྦྱིན་བདག་པེ་རི་ཞེས་འབོད་པའི་དཔོན་སྡེ་ཟུང་། །ལྟག་ཆུ་འབྲེལ་བ་ཡི་ཆུར་གནས་མཆོག་དམན་བཞིན། །རེ་ཞིག་བདེ་བ་ལྟར་སྣང་ཡང་ཅིི་ཞིག་ཕན། །སྔོུན་ལས་སྨོན་ལམ་གྱིས་བསྡུས་པའི་སྐྱེ་བོ་འགའ། །བསམ་སྤྱོད་མི་གཟོབ་པའི་ངང་ནས་མི་རྗེའི་ཐུགས། །དཀྲུགས་ན་དེའི་རྐྱེན་གྱིས་ཅིར་འགྱུར་ཤེས་པ་དཀའ། །འོན་ཀྱང་སྔོན་བཞིན་དུ་མཆོག་གསུམ་སྐྱབས་བསྟེན་ནས། །དགེ་སྒྲུབ་སྡིག་སྤོང་གི་བླང་དོར་མ་ནོར་བཞིན། །དཔོན་སྡེ་གོ་ལོག་གི་སྲོལ་ངན་མ་དར་ན། །སྐྱོན་ཆེན་མི་འབྱུང་ངམ་སྙམ་ཡང་སོམ་ཉི་ཡོད། །མ་ཟུར་ཁང་གསར་གཉིས་མི་སྙན་ཆེ་མོད་ཀྱང་། །རང་ཕུང་རང་བརླག་གི་ཐབས་ལ་བརྩོན་སྐྱོན་གྱིས། །གོ་ལོག་སྣ་ཚོགས་ཀྱི་མཐའ་རྟེན་ཅི་འགྱུར་འོང་། །རྗེ་བོ་བཟང་ངན་རང་སྐྱིད་སྡུག་རེས་མོས་ལྟར། །དཔོན་སྡེ་མཐོ་འགྲན་གྱི་སྤོབས་པ་སྐྱེས་གྱུར་ན། །མཆོག་དམན་གཉིས་ཟུང་ལ་གནོད་དམ་འཕྱང་མོ་ཉུག །བྲག་མགོའི་རྒྱལ་ཁབ་ཏུ་ལུགས་ཟུང་རིས་གཅོད་ཀྱི། །ལྟོ་འགྲོའི་སེམས་ལྡན་འགའ་དཀར་ནག་ལྕེ་གཉིས་རྐྱོང་། །རྐྱེན་དེས་ལུགས་ཟུང་སྡེ་དཀར་ནག་ཁྲ་བོར་འགྱུར། །དེ་ལྟའི་བྱེད་པོ་ཡི་མི་གཙང་རུམ་དུ་ཚུད། །ནང་མི་ལ་ལ་ཞིག་བློ་ཡིད་ཕྱིར་འཕྲོ་ཡང་། །ལུས་པོ་ནང་གནས་བཞིན་བྱ་བ་སྣ་ཚོགས་བརྩོན། །ཕྱི་མི་འགའ་འགའ་ཞིག་གཡོ་སྒྱུའི་བཟང་རྫུ་ཡིས། །ནང་དུ་གནས་གྱུར་ཀྱང་ལྷ་མིའི་སྡེ་ལ་གནོད། །རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཕ་ཕ་ཕི་ཕི་དང་། །མ་མ་མི་མི་དང་ཉ་ཉ་ཉི་ཉིའོ། །སྤྱིར་ཡང་དུས་ངན་གྱི་མངོན་རྟོགས་དེ་ལྟར་ཡང་། །སྐྱོབ་བྱེད་ནུས་མཐུ་ཅན་གཞན་ན་མེད་མོད་ཀྱང་། །སྙིགས་དུས་སྐྱོབ་པའི་ལྷ་པད་འབྱུང་འགྲོ་བའི་མགོན། །ཡིན་ཕྱིར་དེ་ཉིད་ལ་རྒྱལ་བ་རྒྱ་མཚོ་ཡི། །མཁྱེན་བརྩེ་ནུས་གསུམ་གྱི་དཔལ་ཡོན་མངའ་བས་ན། །གང་དེའི་གསང་གསུམ་གྱི་རྟེན་མཆོག་གསར་བཞེངས་དང་། །ཚེས་བཅུ་རྒྱུན་འཛུགས་དང་གང་དེའི་རྣམ་ཐར་ཆོས། །བྷོ་ཊར་གང་དར་དུ་བཞེངས་ཤིང་མང་དུ་ཀློགས། །ལེའུ་བདུན་འབུམ་ཕྲག་དང་བཛྲ་གུ་རུ་དང་། །དུང་ཕྱུར་མང་པོ་ཡི་གསུང་སྒྲོག་སྐུལ་མ་གདབ། །སྟོན་པ་ཐུབ་པ་ཡི་མཚན་བརྒྱ་རྩ་བརྒྱད་དང་། །དེ་བཞིན་སྒྲོལ་མ་དང་སྤྱན་རས་གཟིགས་དབང་གི །མཚན་བརྒྱ་རྩ་བརྒྱད་ཀྱང་མང་དུ་སྒྲོགས་པ་གལ། །སྤྱིར་ཡང་ས་དགེ་དང་བཀའ་བརྒྱུད་པ་རྣམས་ཀྱིས། །སོ་སོ་རང་རང་གི་རྩ་གསུམ་ཆོས་སྐྱོང་ལ། །བསྐང་བ་མངའ་གསོལ་དང་བསྐང་མདོས་མཆོད་མདོས་ཟབ། །རྙིང་མའི་བཀའ་བརྒྱད་དང་དགོངས་འདུས་ཕུར་བ་དང་། །གུ་རུ་ཞི་དྲག་དང་རྟ་ཕྱག་ཁྱུང་གསུམ་བཅས། །ཕག་ཁྲོས་སེང་གསུམ་སོགས་སྒྲུབ་ལ་བརྩོན་པ་བསྐྱེད ། །གཞན་ཡང་གསར་རྙིང་དང་གཤིན་བོན་ལ་སོགས་པའི། །མཆོད་མདོས་བསྐང་མདོས་དང་བཟློག་མདོས་སྣ་ཚོགས་གཏོང་། །གཞན་ཡང་བཀའ་གཏེར་དང་མདོ་སྔགས་མན་ངག་ལས། །བྱུང་བའི་རབ་འབྱམས་ཀྱི་ཕྲིན་ལས་སྣ་ཚོགས་ཀུན། །ཕྱོགས་རིས་མེད་པ་ཡི་སེམས་ཀྱིས་བསྒྲུབ་པར་བྱ། །དེ་ལྟར་བྱས་གྱུར་ན་ཕན་བདེའི་མངོན་རྟོགས་གཟུགས། །མངོན་སུམ་མཐོང་བ་ལ་ཐེ་ཚོམ་མི་དགོས་སོ། །མཆོག་གསུམ་རྩ་གསུམ་དང་ཆོས་སྐྱོང་བདེན་མཐུ་དང་། །བདག་གི་ལྷག་བསམ་གྱི་ནུས་པའི་སྟོབས་དག་གིས། །རྒྱལ་ཁམས་ཀུན་བདེ་ཞིང་རྒྱལ་བསྟན་དར་ཞིང་རྒྱས། །རྒྱལ་བའི་ཕྲིན་ལས་ཀྱིས་འགྲོ་ཁམས་ཡོངས་སྨིན་ཤོག

བྱ་བྲལ་རྡོ་བ་བླ་མས་ལུང་བསྟན་ལྕགས་ཁྱིའི་ལོར་གསུངས་པ།

༄༅། །བྱ་བྲལ་རྡོ་བ་བླ་མས་ལུང་བསྟན་ལྕགས་ཁྱིའི་ལོར་གསུངས་པ་བཞུགས། །

ན་མོ་གུ་རུ་པདྨ་ཀ་ར་ཡེ། མཁྱེན་གཉིས་ཀྱི་མེ་ཞལ་ལམ་ཡངས་དབྱིངས། །བྱམས་བརྩེ་ཡི་སྤྲིན་ཕུང་བླ་མེད་འཁྲིགས། །ཐུགས་རྗེའི་དཔལ་འོད་ཟེར་སྟོང་འབར་བ། །མི་ཁོ་བོའི་སྙིང་དབུས་རྟག་པར་བཞུགས། །འབྱུང་འགྱུར་གྱི་རྟེན་འབྲེལ་སྒོ་འཕར་ཕྱེས། །ལེགས་ཉེས་ཀུན་སྐྱུ་རུ་རཱ་ལག་མཐིལ་ལྟར། །ཡུལ་འདིའི་སྟོད་སྦས་པའི་ཚུལ་གང་དེ། །རྗེ་མི་ལའི་ཟློས་གར་སྙིང་སྟོབས་ཅན། །སྔུར་མེད་ཀྱི་གནས་སུ་རྟེན་གསུམ་བཞེངས། །བར་དེ་རུ་གཞན་གྱི་དགེ་བཤེས་ཚུལ། །གཏེར་འདོན་ཞིང་རྡོ་ལ་ཕྱག་རྗེས་འཇོག །དེ་དང་གང་འབྲེལ་ཉེར་དགུའི་ཟླ། །སྨད་ལྷ་མིན་ལྷར་བརྫུའི་ལྷ་མ་དང་། །འདས་ལོག་ཚུལ་མང་འཛོམ་ན་རྡོ་ཡུལ་འགྲིབ། །ལར་རང་དཔོན་མངའ་རིས་རང་དགྲར་ལངས། །ཡུལ་གནོད་སྦྱིན་སྐྱོང་བའི་ས་ཆ་རུ། །མགོན་པད་འབྱུང་དང་དབྱེར་མེད་གདོང་ལྔའི་མཚན། །ཁོང་མུ་དྲ་ལ་སྤྱོད་ཅིང་བསྟན་འགྲོ་གསོ། །གནས་འཛམ་ཐང་དུ་ལུགས་ཟུང་ཁྲ་བོར་འགྱུར། །སྐྱབས་མགོན་ཞིག་དམག་དཔོན་མཛད་པའི་སྐབས། །རོང་ལྷམ་ནག་ཅན་གྱི་ཁྱུ་ུ ཚོགས་ནས། །བྱང་རྨ་སྟོད་འབྲོག་སྡེ་བརྒྱ་ཕྲག་བཅུའི། །དུས་ཆགས་དེ་རེ་ཞིག་བླ་རུ་འཕགས། །མཐར་མ་ཧཱ་ར་ཛའི་གལ་དུ་འཐོག། །ཡུལ་དེ་ན་ཕྲུ་མ་སྣ་ཚོགས་རྩོད། །མི་ཕལ་ཆེར་རང་བྱས་རང་ལ་འཕོ། །རྫ་སྡེ་ཆགས་མངའ་རིས་རང་འཐོར་བྱེད། །ཟླ་སྡེ་ཀུན་བྱ་སྤུ་རླུང་ཁྱེར་ཟླ། །གསེར་སྟོད་ལ་དམག་གི་བསྟན་པ་དར། །རེ་ཞིག་ནས་ཕྱོགས་ཀུན་དགྲ་རུ་ལངས། །ཡུལ་སྨར་ཤོད་མགོ་མང་དབང་གཞུའི་དཔེ། །དགོས་བླུན་པོ་གོ་ས་མཐོ་བ་ཞིག །ཉིང་མཚམས་སུ་སྦྱར་ནས་འགོང་པོར་སྐྱེས། །རྒྱ་འདྲེ་དང་ཡུལ་འདྲེའི་སྣ་འདྲེན་བྱེད། །རྗེ་རྣལ་འབྱོར་ཧཱུཾ་ནག་མེ་འབར་གྱི། །སྤྲུལ་བས་འདུལ་ཞིང་མགོ་ལོག་བདེ། །མགོན་ཧེ་རུ་ཀ་པའི་ཕྲིན་ལས་བཞིས། །ཡུལ་ཀ་ན་ཀ་ཡི་འ བྱུང་པོ་འདུལ། །ལྷོ་ཧོར་བྲག་ཛ་ཡའི་དབྱར་རྔ་ལྡིར། །གོ་ས་བྱེད་ལ་དབུས་ཀྱི་གསེར་འཕྲུ་བྱེད། །ཤར་པད་འབྱུང་གི་སྒྱུ་འཕྲུལ་དགེ་བཤེས་ཀྱི། །འཁོར་དམར་སེར་ཀུན་དའི་ཚལ་ཆེན་རྒྱས། །ལྷོ་ལྕགས་ལ་སྙིང་རྗེའི་མྱུ་གུ་འཁྲུངས། །རིས་མེད་ཀྱི་སྤྱོད་པས་བསྟན་འགྲོ་འཚོ། །ནུབ་མཚོ་རྒྱལ་སྤྲུལ་པ་གཏེར་ལ་དབང་། །ཆོས་མ་ཧཱ་ཡ་ན་བླ་རུ་སྤེལ། །བྱང་ས་སྙིང་ཞྭ་ལ་བྱུ་རུའི་ཏོག ། གཡུ་སྔོན་པོའི་མཚོ་ལ་ལྕགས་ཀྱིས་འཚེ། །མེ་ལྷ་ལ་ཙི་ནའི་ཕྲུ་མ་འཁྲུགས། །བ་ཡུ་ནས་མཐའ་དམག་ཤྭ་འུད་ལྷུད། །སྲིན་པོ་ལ་བདེ་སྡུག་སྤེལ་མ་འོང་། །སྟེང་ཕྱོགས་ལ་སྙིགས་མའི་ལྟ་ངན་ཤར། །བོད་ཡུལ་དབུས་དམག་གི་ཆུ་རྒྱུན་འབེབས། །ལྷོ་བདུད་སྡེ་ཁག་གསུམ་རང་འཁྲུགས་འོང་། །ཧོར་སྡེ་བཞི་སེང་ཁོག་འབུ་ཞུགས་འདྲ། །ཡུལ་གསེར་སྟོད་སྙིང་པོའི་བསྟན་པ་དར། །སྡེ་སྨད་པ་འཁྲུགས་རྩོད་རུ་མ་ཕྱེད། །ཨེ་མ་ཧོ་པདྨ་འབྱུང་གནས་རྗེ། །དུས་སྙིགས་མ་སྐྱབས་གནས་ཁྱེད་ལས་མེད། །མ་འགྲོ་དྲུག་སེམས་ཅན་སྙིང་རེ་རྗེ། །ཁྱད་པར་དུ་དུས་ཀྱི་མར་གཤམ་འདིར། །བདེ་བ་དང་དགེ་བ་དཔལ་འབྱོར་ཀུན། །ཁོ་ནམ་ལངས་ཀྱི་སྐར་མའི་ཟླ་རུ་འགྲོ། །ནད་རིམས་དང་བགེགས་རིགས་སྣ་ཚོགས་དར། །མི་ཚེ་ནི་འགྲིབ་པའིི་སྔ་ལྟས་ལ། །བགྲང་བྱའང་སུམ་ཅུ་བཞི་ཅུ་ཙམ། །འདུ་བ་ཀུན་ངོས་མི་ཟིན་པ་དར། །དམ་པའི་ཆོས་རྒྱབ་དོར་ཚེ་འདི་གཉེར། །བན་དེ་རྣམས་སྡིག་ལ་ངོ་མཚར་བྱེད། །མི་ཕལ་བ་རྣམས་ཆོས་ལ་སྐྱོ་ཤས་བསྐྱེད། །བུད་མེད་ཀུན་འདྲེ་སྲིན་གྲལ་དུ་སྙེག །སྐྱེས་པ་ཕལ་མཁའ་རྒྱུའི་ཡི་དྭགས་སྐྱེས། །ལྷ་འདྲེའི་ཚུལ་གཏམ་གྱི་ལེགས་ཉེས་བཤད། །མི་ལ་ལས་གཤིན་པོའི་རྣམ་ཐར་བགྲང་། །ཆོས་སྒོམ་སྒྲུབ་ལ་བརྩོན་རྣམས་འདྲེ་ལྟར་འཛིན། །རང་ཆོས་མེད་ཀྱང་བསྟན་འགྲོ་སྤེལ་ལ་རློམ། །ཕ་བླ་མའི་དམ་ཚིག་ལྐོག་ཏུ་སྦ། །རང་མཐོང་གི་སྤྱོད་པས་གཟུ་ལུམ་བརྩོན། །ཕམ་དང་དཔོན་པོ་དྲིན་ཅན་རྣམས། །དགྲ་ལྟར་དུ་ངོམ་ལ་གང་རྒོད་བྱེད། །ཕྱོགས་མཐའ་དག་གི་དམག་འཁྲུགས་ཡང་ཡང་འོང་། །མི་ཕལ་ཆེར་གྲི་རུ་འཆི་བའི་དུས། །ལྷ་ཨོ་རྒྱན་མ་གཏོགས་རེ་ས་མེད། །ཁོང་དམ་པ་ལ་ལའི་སྒྲུབ་གནས་ལ། །ཕ་པད་འབྱུང་གི་བྱིན་རླབས་སྤྲིན་ལྟར་འདུ། །གང་དེ་ལ་ཕྱག་དང་སྐོར་བར་འབོངས། །ཁོ་བོ་ཀུན་བཟང་གཞན་ཕན་ལ། །རྗེ་མཁྱེན་བརྩེའི་ཉི་གཞོན་ཡེ་ནས་གསལ། །རིས་མེད་ཀྱི་བྱིན་རླབས་སྤྲིན་ཕུང་འཁྲིགས། །ཕྱོགས་མེད་ཀྱི་འགྲོ་ཕན་ཆར་ལྟར་འབེབས། །སྐལ་ལྡན་རྣམས་དད་དམ་མྱུ་གུ་འཁྲུངས། །ལས་ཅན་དག་གདམས་པའི་འབྲས་བུ་སྨིན། །རྗེས་འཇུག་རྣམས་བླ་མ་སྒྲུབ་པ་ལས། །ཚོགས་བསགས་ནི་དེ་ལས་གཞན་མི་དགོས། །འགྱུར་མེད་མཁའ་ལ་སྐྱེ་མེད་ཨ་ཡིག་ཤར། ནམ་གྲུ་དེ་ལ་རི་ལ་ཟླ་བའི་མདོག །སྔུ་འགྱུར་ཀ་ཡི་གནས་ལ་འཕེལ་འགྲིབ་འོང་། །དཔལ་གྱི་དམར་པོའི་གླིང་དུ་བཀའ་རྒྱུད་འཛིན། །རྒྱ་ཚད་དཔག་མེད་ཀྱི་རྡོ་ལེབ་དེ། །བརྒྱ་བྱིན་མི་སོགས་བླ་རུ་ཁུར། །ཡིད་བཞིན་རཏྣ་དེ་འབྲུག་གིས་ཁྱེར། །ཡོངས་སུ་གྲགས་ཀྱང་དམན་སར་ལྟུང་། །དམར་སེར་རལ་མང་ཕག་ཏུ་ཡིབ། །དགེ་འཕེལ་རི་ལ་དོན་གཉིས་འགྲུབ། །ཁྲོ་བོ་ལ་ཕྲུ་མ་སྣ་ཚོགས་པ། །བྱང་རྨ་ལུང དུ་འདུ་ལ་ལྟད་མོ་ལྟོས། །བྱང་རོང་གི་གང་གའི་སྨན་ལྗོངས་ལ། །ཉེས་མེད་ཀྱི་སྤྲིན་གྱི་རྡོ་ཆར་འབེབས། །སྐྱབས་མགོན་རྗེ་ཙི་ནའི་གལ་དུ་བཟུང་། །འཛམ་གླིང་གི་ལེགས་ཉེས་རྟེན་འབྲེལ་ཀུན། །འགོག་མེད་ཀྱི་རྡོ་ལ་རི་མོའི་གཟུགས། །དུས་ད་ལྟ་མངོན་ཀྱང་དེ་མིན་པའི། །ཞིབ་སྨྲ་བའི་དུས་ལ་མ་བབ་པོ། །༈ རྡོ་བླས་འབྱུང འགྱུར་གྱི་ལུང་བསྟན་སྤེལ་བའོ།། །། ༈ གླུང་ལོའི་ལུང་བསྟན་བཞུགས། །༈ ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་མེ་པྲ་ཡཙྪ་ཡེ། ཞིང་རབ་འབྱམས་ཀྱི་རྒྱལ་བ་སྲས་བཅས་ཀྱི། །སྤྱིའི་གཟུགས་གྱུར་རྗེ་བཙུན་པདྨ་སྐྱེས། །གང་མངལ་སྐྱེས་ཚུལ་བཟུང་འཇིགས་མེད་གླིང་། །དེའི་བདེན་པས་དེང་འདིར་དགེ་ལེགས་སྩོལ། །བདག་རྡོ་བླ་ཀུན་བཟང་གཞན་ཕན་ཞེས། །ལོ་བདུན་ཅུ་བརྒྱད་ཅུར་ཉེ་བ་ཡི། །འཆི་མ་ནུས་མི་རྒན་གང་དེ་ཡི། །སེམས་ཀུན་གཞི་མེ་ལོང་དྲི་བྲལ་ངོགས། དུས་འབྱུང་འགྱུར་བཟང་ངན་ལེགས་ཉེས་ཀྱི། ལྟས་རྟེན་འབྲེལ་གཟུགས་སུ་སྣང་བའི་ཆོས། འདིར་མངོན་སུམ་ངོམ་ལ་ལྟད་མོ་ལྟོས། དུས་རྒྱལ་པོ་མེ་གླང་ཤར་ཙམ་ན། ཡོངས་རྐང་གཉིས་མི་དང་ཁྱད་པར་དུ། བོད་ཆེ་ཆུང་ཀུན་ལ་མི་དགེའི་ལྟས། དམག་འཁྲུག་དང་ལོ་ཉེས་མི་ཕྱུགས་ནད། དུ་མ་རུ་འབྱུང་ཞིང་བཟློག་པར་དཀའ། བྱེ་བྲག་ཏུ་ས་ཆ་དང་ཡུལ་ཁོལ་བུ། མ་སྟོང་བར་སེང་གེའི་དེ་ཁོག་པ་ཡི། སྲིན་བུའི་ཚོགས་ལངས་ནས་རང་གི་གཟུགས། རྡུལ་ཕྲན་དུ་མ་སོང་དེ་སྲིད་དུ། འཚེ་བ་བཞིན་འཚུབ་འདི་དུས་ངན་སྟོབས། དེ་ལས་ཀྱང་དམིགས་བསལ་མངོན་རྟོགས་ནི། རུ་བཞི་ནི་བོད་ཡུལ་ས་ཆ་རུ། གནམ་ས་བར་གྱི་ཐེའུ་རང་གི སྒྱུ་འཕྲུལ་གྱི་རང་གཟུགས་བན་འགོང་གི ཁོག་ཞུགས་ནས་སེར་འཁྲུག་སློང་བ་དང་། དེའི་རྐྱེན་གྱིས་ལྷ་འདྲེ་མི་གསུམ་འཁྲུགས། ཉོ་དྲ་ཡི་གྲུབ་མཐའ་ཕལ་མོ་ཆེ། འཚུབ་མ་བཞིན་འཁྱིལ་ཞིང་བྱེད་ལ་རིངས། ས་ངོར་ཟུང་ཕྱི་ཟླུམ་ནང་སྟོང་སྙམ། ཀར་འབྲུག་སོགས་རང་སའི་བྱིན་རླབས་ཀྱི། དཔག་བསམ་གྱི་ལྗོན་པ་སྲུང་ལ་བརྩོན། ཞི་གཅོད་སོགས་གདུལ་བྱ་ཁོལ་བུ་སྨིན། བཀྲ་ཤིས་ཀྱི་ལྷུན་པོ་ལྷུམས་སུ་ཚུད། གྲྭ་ས་བཞི་རྔ་མོང་མགོ་བཞི་རུ། བོད་ཁམས་ཀྱི་མཆོད་སྡོང་མས་ནས་སློང་། དེའི་རྐྱེན་གྱིས་སྐྱོན་ཡོན་སྣ་བཞི་ངོམ ། དྭགས་ཀོང་སོགས་རང་ཡུལ་ཕལ་མོ་ཆེ། ཐལ་ཕུང་བཞིན་འཚུབ་མས་གཏོར་ཞིང་འདུ། བྱང་འབྲོག་ཕལ་མི་ཕྱུགས་ཉམས་རྒུད་ཀྱིས། ཆུ་ཕྲན་འགའ་ཐན་པས་གདུང་བཞིན་འགྱུར། སྡེ་དགེ་ཡང་ཕྱོགས་མཚམས་ཟ་བྱེད་སྡེས། ཟ་རློམ་ཡང་རང་གྲིབ་དགྲ་གཤེད་དུ། མ་གྱུར་ན་གྲགས་ངན་རྗེས་མི་སོན། འོན་ཀྱང་ནི་བླ་འོག་གོས་དང་། ཞྭ་ལྷྭམ་སོགས་རང་ས་བསྲུང་ཐབས་གཅེས། ད་ནས་ནི་བགྲང་བྱ་ཡོལ་ཚུན་ཚོད། འཇིག་རྟེན་འདིར་གྲགས་པའི་རྒྱལ་བློན་སོགས། ཉེ་དུ་དང་མཛའ་བཤེས་དགྲ་ཟླའི་ཚོགས། བྱ་འུག་གཉིས་ལྟ་སྣང་མཛའ་སྡེབ་ཅིང་། ཡོན་མཆོད་འགའ་ཀུན་བརྟགས་དེས་བསླད་དང་། དཔོན་སྡེ་ཕལ་རྨི་ལམ་སྒྱུ་མར་མཚུངས། ཟླ་རྒྱུད་ཀྱི་ཆོས་སྡེ་མི་སྡེ་ཀུན། ཤིང་རང་བདུད་རང་གིས་མ་བྱས་ན། གཞན་ཅི་ཙམ་གནོད་ཀྱང་རེས་འགའ་ཙམ། ཡིན་ཕྱིར་ན་ཡུལ་སྡེ་མཆོག་དམན་ཀུན། ཕྱི་རོལ་ཚོགས་ཕམ་ནུས་སྟོབས་ལྡན་འགྱུར། དེ་ལས་ཀྱང་སྔོན་ནས་ཁོ་བོ་ཡིས། ས་སྐྱོང་གི་རྒྱལ་པོར་ཡང་ཡང་དུ། ནང་མི་འགའ་ཕྱིར་བྲོས་པར་གྱུར་ན། དེའི་རྐྱེན་གྱིས་ཅིར་འགྱུར་ཆ་མེད་པས། ཅིས་ཀྱང་ནི་རང་ས་སྲུང་དགོས་པའི། ཡར་ཞུ་ཡང་ཁ་ཤས་ཕུལ་མོད་ཀྱང་། དབྱིངས་བཞུགས་དོན་ཤོལ་པས་འདི་འདྲ་བྱུང་། འོན་ཀྱང་ནི་ད་ུདུང་རང་གཞན་གྱི། ཕྱོགས་གཉིས་དང་ཕྱོགས་གསུམ་ལ་སོགས་ནས། ངེས་མེ་ཐེ་ཚོམ་གར་བསྒྱུར་ཞིང་། རྫུན་གཟུགས་ཀྱི་མིག་མང་བརྒྱ་སྟོང་ཙེ། ཤར་ཕྱོགས་ནས་རྒྱ་གྲོག་དམར་ནག་འཐབ། ལྷོ་ཕྱོགས་ནས་གཅན་གཟན་གཡུལ་ཆེན་ཤོམ། ནུབ་ཕྱོགས་ནས་ཤྭ་འོད་མཁའ་མཉམ་འཕྱུར། བྱང་ཕྱོགས་ནས་རྔ་བོང་ཁྱུ་སྡེབ་འུར། སྟེང་ཕྱོགས་ནས་ཚེར་མའི་བླ་བྲེ་བྲེས། འོག་ཕྱོགས་ནས་སྲོག་ཆགས་མང་པོའི་འཚེ། མ་ཁང་གཉིས་རང་ཕུང་འཇིག་ལ་བརྩོན། ཏྲི་བོ་ཧོར་ཅོག་རྒྱུའི་གདོན་གྱིས་དམན། བྲག་འགོ་རུ་འབྱུང་བྱས་གད་མོ་རྒོད། དེའི་རྐྱེན་གྱི་ལྷ་འདྲེ་མི་གསུམ་འཁྲུགས། འཇམ་རྫུ་ཡི་རྫུན་རླབས་ཆེན་པོ་ཡི། གཟུགས་བརྙན་གྱི་སྨུག་པས་ཡུལ་ཁམས་འཐིབ། རྒྱལ་རོང་གི་རྒྱལ་ཁག་ཆེན་པོ་བཞི། །ཡིད་དད་གུས་གྱི་ཆུ་གཏེར་རྒྱས་པའི་ཀློང་། ཉམས་ལྷན་སྐྱེས་ཀྱི་མྱུ་གུ་རབ་གཡོའི་རྩེར། སེམས་གསལ་སྟོང་གི་པད་དཀར་འཛུམ་པའི་སྦུབས། རྗེ་བླ་མ་རྔ་ཡབ་གླིང་པ་བཞུགས། གཤིས་སྐྱེ་བ་མེད་པའི་ཆོ་འཕྲུལ་གར། ཡུམ་ལྷན་སྐྱེས་ཌཱ་ཀིའི་གཟུགས་ཅན་དེ། དུས་འབྱུང་དང་བྱུང་བ་ལུང་བསྟན་ཐོས། ༀ་དུང་དུང་ཤ་མོ་ཏེ་ཏི་པ་ལ་མུ་པ་ཏེ་དཱ་དྷ་ཐིམ། དེའི་བརྡའ་དོན་ནི། ཡུལ་དགེ་བ་གངས་གྱི་རི་བོའི་ཁོད། མགོན་སངས་རྒྱས་བསྟན་པའི་ཉེ་འོད་བརྡལ། འོད་བྱང་གི་མཐའ་ལ་ཐུག་ཉེའི་ཚེ། དུས་ངན་པའི་ཁུགས་པ་བཅུ་པ་ལས། གསེར་རི་བསྒལ་བའི་ཀླུ་ཤར་ཚེ། དབུས་གསེར་གྱི་ཁྲི་ལ་ཡ་ཡོ་འབྱུང་། དགྲ་ལྕགས་ཁྱི་ཟུག་ཚེ་དུ་རུ་ཀས། དུས་པ་ཁུགས་དགུ་པ་མངོན་དུ་བྱེད། ཡུལ་མདོ་ཁམས་ཀྱི་རྒྱལ་མཚན་འཇམ་དབྱངས་ཀྱིས། གནས་རི་བོ་རྩེ་ལྔར་འཛུག་ས་སྙམབྱེད། ཤར་དུག་ཤིང་ཚལ་ནས་ཕག་བྱ་ལ། མེ་ལྷ་རྒྱ་གར་རྨ་བྱས་གྲོགས་བཅོལ་ཏེ། རྒྱབ་བསྟེན་དེ་ཡིད་སྲུབ་ལྟ་ཡིས་སོ། སྤྲེའུ་དམར་པོ་ཞོན་ནས་བོད་དུ་རྒྱུ། དང་པོ་དེ་ཆུ་ཤིང་རུལ་བར་མཚུངས། བར་བ་དེ་བསླུ་བྱེད་གྲོགས་སུ་བརྫུ། ཐ་མ་དེ་ངོ་མི་ཤེས་པས་ཕུང་། ལ་ལ་ནི་ཉི་བོད་ཀྱི་མི་རུ་བརྫུ། ཁ་ཅིག་མོན་དང་ཙི་ནའི་ཆ་ལུགས་ཅན། མགོ་རུལ་བ་སྣ་ཡིས་མ་ཚོར་རོ། འདུན་གྲོས་བྱེད་ཚེ་ཕྱི་བའི་དུས་གཅིག་འོང་། སྡེ་བཞི་དགེ་བཅུའི་ཁྲོ་ཡི་ཕོ་བྲང་ལ། གནམ་ལྕགས་ཀྱི་ཐོག་མདའ་ལན་གསུམ་འབེབས། མཐའ་རུ་ནི་དབང་པོའི་གཞུ་བཞིན་འགྲོ། བདུད་སྡེ་ཁ་གསུམ་ཡ་མ་ཟུང་དུ་འགྲོ། རེ་ཞིག་ན་དུམ་བུ་སིལ་མར་འགྲོ། ཧོར་སྡེ་བ་རང་གཤེད་རང་ལ་འབེབས། ཡུལ་དབུས་གཙང་བསྟན་པའི་སྟོབས་འབྱོར་དེ། བཀྲག་ཚེ་བ་ཕྱི་ནི་དབང་གཞུར་མཚུངས། ནང་ན་སྙིང་པོ་མེད་པ་ཆུ་ཤིང་སྡོང་། མགོན་ཀརྨ་ཡི་ཞྭ་སེར་དམར་པོར་འགྱུར། བྱང་རྨ་རྒྱུད་བདེ་ཡང་རེ་ཞིང་ཡིན། ཡུལ་ཀ་ན་ཀ་ཡི་རཱ་ཛ་སེ། རྒྱལ་བསྟན་སྤེལ་བའི་སྦྱིན་བདག་བྱེད་སྲིད་ཀྱང་། དུག་ཚལ་ནག་པོའི་ནང་ན་སྟག་གིས་ཁྱེར། ལྟེ་སྡེ་དགེའི་གཡུ་གཙེ་ངང་ངུར་ལས། ཐན་སྐྱེས་དུག་ཤིང་ཚལ་གྱི་སྲིན་བྱ་ཡིས། ཀླ་ཀློའི་སྲམ་གྱི་ཤ་ཁྲག་ཟོས་པའི་ཁྲག །རྟོག་རྟེག་ཉོག་ཅིང་ཡུལ་ཀུན་ཁྲུ་མས་འགེང་། ཁ་རླངས་ཀྱིས་ས་བཅུད་ཉམས་ནས་འགྲེ། དབུས་ཞྭ་སེར་ཏོག་ལ་རྒྱ་སྐྱེགས་བྱུག དེ་ཡིས་ཀུན་གྱི་དད་པ་ལོག་སོགས་འབྱུང་། འབྲི་ཡི་ཁ་ཆུ་ཆད་ཚེ་དེ་མཚུངས་པའི། འགྲོ་བ་ཀུན་གྱི་བདེ་རྒྱུན་རེ་ཞིག་ཆད། ཆོས་སྔ་འགྱུར་བསྟན་པའི་ཉི་འོད་དེ། ཡུལ་སྦས་པའི་གནས་སུ་འགྲོ་བ་ལ། རྡོ་སྟོད་དུ་སྙིང་པོའི་བསྟན་པ་དར། ཀཿཡི་གནས་ལ་སེར་བ་ལན་གསུམ་འབེབས། ཆོས་གསང་ཆེན་བསྟན་པ་འཕེལ་འགྲིབ་མང་། བཀའ་བརྒྱུད་གཟུགས་བརྙན་ཙམ་དེ་ཆེར་གསལ་ནས། ཉི་མའི་ཉེར་དང་འགྲན་ཀྱང་རེ་ཞིག་ནས། ལྷ་བཻ་རོའི་གཟིགས་རྩ་གསུམ་གྱི་བྱིན་རླབས་སྤྲིན་ལྟར་འདུཿ དེར་ཕྱག་མཆོད་དང་བསྐོར་བར་འཕད་རྣམ་འཚེངས། ཡང་པད་འབྱུང་གི་བྱིན་རླབས་དགེ་བཤེས་ཚུལ། དམར་སེར་གྱི་འཁོར་གཉིས་ཀུན་དེའི་ཚལ། རྒྱས་འགྱུར་ཞིང་བསྟན་དང་འགྲོ་བ་ཡི། ཕན་བདེ་སྤེལ་ལ་ཆས་པ་བཞིན། སྐྱེ་མེད་ཀྱི་ཀུན་གསལ་མཁའ་དབྱིངས་སུ། འགག་མེད་ཀྱི་དབྱངས་ཡིག་དང་པོ་དཀར། ཟུང་འཚོགས་པས་དགོན་སྡེ་བཅའ་ཡང་སྲིད། དེར་མིག་སྨན་ཡང་ཟླ་བའི་མདོག་ཏུ་འགྱུར། ཡུལ་དེ་རུ་ས་སྲིན་དང་ཐེའུ་རང་གི། ཆོ་འཕྲུལ་གྱིས་པྲེ་ཏ་སརྦ་ཏ། སོགས་དར་བ་ཡང་རྒྱལ་དབང་པད་མ་ཡི། སྤྲུལ་པ་ཞིག་གིས་རིམ་གྱིས་འདུ། ས་སྲིན་སྔོན་ཐུལ་ཡང་ཐེའུ་རང་གིས། ལྷ་མི་ཡི་བར་དུ་དབྱེན་སྦྱོར་བ། འདུལ་བའི་ཐུགས་བསྐྱེད་ལྷོ་གྱུར་ན། བསྟན་འགྲོ་ལ་གནོད་པས་དེ་ལ་གཟབ། འཛི་མདའ་ནས་གཟུང་སྟེ་དབང་བར་དུ། བླ་མ་དང་སེར་གཟུགས་མང་པོ་ཞིག ཤི་ཚེ་རྒྱལ་འགོང་དམ་སྲི་དང་། མཁའ་རྒྱུའི་ཡི་དྭགས་སུ་སྐྱེས་པ་དང་། ཁྱད་པར་དུ་གོ་ས་མཐོན་པོ་ཡི། དཀོར་སྡུད་མཁན་ཕྱི་རུ་འགྲོ་མགོན་ཚུལ། ནང་གནག་པའི་བླ་མ་བླུན་པོ་ཞིག ཤི་ཚེ་རྒྱལ་འགོང་དུ་སྐྱེས་ནས་སུ། རྒྱ་འདྲེ་དང་ཡུལ་འདྲེའི་སྣ་འདྲེན་བྱེད། ཡུལ་དེ་རུ་ནད་མུག་མཚོན་གསུམ་དང་། བྱེ་བྲག་ཏུ་ངོས་མི་ཟིན་པའི་ནད། མང་འབྱུང་ཞིང་མི་རྣམས་ཕལ་ཆེར་འཆི། རྗེ་སྔགས་འཆང་ཧཱུྃ་ནག་མེ་འབར་མཚན། གང་དེ་ཡི་སྤྲུལ་པ་ལྕགས་ལ་ནི། སྙིང་རྗེའི་མྱུ་གུ་འཁྲུངས་པ་ལྟའི། བརྟུལ་བཞུགས་ཞི་དྲག་འདྲེས་པ་ཡི། རྣལ་འབྱོར་ཧེ་རུ་ཀ་པའི་དེ་ཚུལ། མགོན་པད་འབྱུང་གིས་བྱིན་གྱིས་བརླབས་པ་སྟེ། མཚོ་རྒྱལ་གྱི་བྱིན་ཐོབ་རིག་མ་དང་། ཟབ་གཏེར་ལ་སྤྱོད་པའི་སྐལ་བ་ཅན། དེ་ཉིད་ཀྱིས་འདུལ་བའི་དུས་བབ་བཞིན། དཔལ་པད་འབྱུང་གི་བྱིན་རླབས་ལ་བརྟེན་ནས། ལྷ་ཡིད་དམ་རྡོ་རྗེ་ཕུར་པ་དང་། དབང་དྲག་པདྨ་ལ་བརྟེན་པ་ཡི། སྙིང་རྗེ་ཁྲོས་པའི་ངང་ཚུལ་ཅན༔ རིམ་བཞིན་དུ་འདུལ་བས་མགོ་ལོག་བདེ། གང་དེ་ཡིས་བསྟན་པའི་ཡང་སྙིང་ནི། ཆོས་ཐེག་པའི་མཆོག་ཀྱང་བླ་ན་སྤེལ། ཡང་དེ་དང་མཚུངས་པར་ཡུལ་ཕྱོགས་ནི། ཀ་ན་ཀ་ཡི་འབྱུང་པོ་རྣམས། མགོན་ཧེ་རུ་ཀ་ཡིས་ཕྲིན་ལས་བཞིས། འདུལ་བར་ངེས་པའང་། གདོན་མི་ཟ། གནས་འཛམ་ཐང་དུ་ལུགས་ཟུང་དཀར་ནག་གཉིས། འདྲེས་པས་ཁྲ་བོ་རུ་འགྱུར་བ་དང་། སྐྱབས་མགོན་ཞིག་དམག་དཔོན་ཚུལ་བཟུང་སྐབས། བསྟན་པའང་རི་མོའི་ཟླ་རུ་འགྲོ། རོང་ལྷྭམ་ནག་ཅན་གྱི་ཁྱུ་ཚོགས་ནས། བྱང་རྨ་སྟོད་དུ་འབྲོག་སྡེ་བརྒྱ་ཕྲག་བཅུའི་དུས་ཆགས་དེ་རེ་ཞིག་བླ་རུ་འཕགས། དབང་ཨ་དད་ཀྱི་མགོ་བོ་གནོན་ལ་ལྟོས། དེའི་རྐྱེན་གྱིས་ཡུལ་གཞན་ཀུན་ཀྱང་འདུད། མཐའ་མ་ནི་ར་ཛའི་གལ་དུ་འཐོག། ཡུལ་དེ་ན་ཕྲུ་མ་སྣ་ཚོགས་ཀྱི། རྩོད་པ་ཡང་མང་དུ་འབྱུང་བར་འགྱུར། མཐར་བར་ཆད་ཀྱི་དབང་དུ་མ་གྱུར་ན། ཟླ་བྲལ་གྱི་གྲགས་པ་སྲིད་ན་གསལ། ལྷ་དབང་ཕྱུག་ཆེན་པོའི་སྤྲུལ་པ་དེ། དབང་ཕྱུག་གི་གཏེར་ཁར་དབང་བ་ཡི། གཏེར་སྟོན་ཞིག་དང་འཕྲད་གྱུར་ནས། རྟེན་འབྲེལ་གྱི་ལེགས་ཚོགས་མ་འཆུག་ན། བར་ཆད་ཀྱི་གཡུལ་ལས་རྒྱལ་འགྱུར་ཞིང་། ཚེ་ཆོས་དང་རིགས་རྒྱུད་བསོད་ནམས་འཕེལ། དབུས་གཙང་དང་རྒྱ་སོག་འབྲེལ་བའི་ལམ། འཛུགས་ནུས་ཤིང་བསྟན་དང་འགྲོ་ལ་སྨན། དམར་སེར་གྱི་བསྟན་དང་དེ་འཛིན་སྡེ། ཕན་པ་དང་བདེ་བའི་དགའ་སྟོན་རྒྱས། ཁོང་ལྷ་དཔལ་འབྱོར་ཕུན་ཚོགས་ལ། ཕྲག་དོག་པའི་ལྷ་མིན་ཕལ་ཆེར་བཞིན། མི་ཕལ་མོ་ཆེའི་རང་བྱས་ལས་ངན་དེ། རང་ལ་འོང་བས་མནར་བར་འགྱུར། རྫ་སྡེ་ཀུན་རང་སྡེ་རང་བརླག་གི། བྱ་བ་ལ་བརྩོན་ཞིང་བྱ་ཚང་ལ། རྡོ་བརྒྱབ་བཞིན་དལ་མེད་བྱ་བས་བྲེལ། ཡོས་རྔོད་ལྟར་གྱུར་ཚེ་དགའ་སྐྱོ་འགྲན། ཟླ་སྡེ་ཀུན་རང་ཚུགས་མི་ཐུབ་པ། དཔེ་བྱ་སྤུ་རླུང་ཁྱེར་ཇི་བཞིན་ཏུཿ ཕལ་ཆེར་ཞིག་ཡུལ་གཞན་བ་སྙེགས་པ་དང་། རང་ས་ན་གནས་པ་འགའ་ཞིག་ཀྱང་། ཐགས་སྣལ་མ་བྲེགས་པའི་ཟླ་རུ་འགྲོ། དེར་བླུན་པོ་ཆོས་པར་རྫུ་བ་ཞིག ཀུན་གྱིས་བླ་མར་བཀུར་བ་ཡིས། ཆོས་ཆོས་མིན་གསེར་དང་ར་གན་བརྗེ། དེའི་བླུན་གྱིས་བསྟན་པའང་གཟུགས་བརྙན་འགྱུར། བླུན་པོ་རྣམས་མགོ་འཁོར་མཁས་རྣམས་མིན། གསེར་སྟོད་ལ་དམག་འཁྲུག་དར་བ་ནས། རེ་ཞིག་ནས་ཕྱོགས་ཀུན་དགྲ་རུ་ལངས། སྡེ་སྨད་པ་འཁྲུག་རྩོད་རུ་མ་བྱེད། དེའི་རྐྱེན་གྱིས་བདེ་སྡུག་རེས་མོས་ཞིན། བར་དེ་རུ་བདུད་སྲིན་བཙན་གསུམ་གྱིས། ཕམ་རྒྱལ་མིག་མང་རྩེ་བ་བཞིན། ཡང་སྟོད་དུ་སྙིང་པོའི་བསྟན་པ་དར། བདེ་སྐྱིད་ཀྱང་སྤྲིན་བར་ཉི་ཞུར་བཞིན། ཡུལ་སྨད་ཤོད་མགོ་མང་དབང་གཞུའི་དཔེ། རང་སྲིད་ཀྱིས་མི་ངོམས་གཞན་སྡེ་རློམ། རང་ནོར་གྱིས་མི་ངོམས་གཞན་བཙོམ་པས། མཐར་རང་ཉིད་ཕུང་བའི་རྒྱུར་འགྱུར་སྲིད། ལྷོ་ཕྱོགས་ནས་ཡི་དྭགས་མཁའ་རྒྱུའི་སྡེ། ཟ་འདྲེ་དང་ཤི་གཤེད་མང་པོ་ཞིག མི་ཡི་གཟུགས་བརྫུས་པ་བླ་མའི་ཚུལ། གྲོགས་རྒྱལ་འགོང་དམ་སྲིས་བྱས་པ་དག །ཡུལ་དེ་རུ་འོངས་པ་དེའི་རྐྱེན་གྱིས། མི་ནད་དང་ནོར་ནད་རིགས་མང་པོ། འབྱུང་འགྱུར་ན་ཡུལ་ཕྱོགས་དེ་ཉིད་དང་། ཡུལ་གཞན་ཕྱོགས་ཀྱང་མང་པོ་ཞིག་ལ་གནོད། ཡང་ས་སྐྱ་པ་ཕྱི་སྣུམ་ནང་སྐམ་འགྱུར། རྙིང་མའང་བསྟན་འཛིན་སྐྱེས་བུ་དབེན། ཀརྨ་པ་རང་ཉིད་རང་ཆེ་འབྱིན། ཇོ་ནང་པ་གཞན་གྱི་ཁོངས་སུ་ཐིམ། དགེ་ལུགས་པ་སྟོབས་དང་འབྱོར་བ་རྒྱས། ཀཿཐོག་གི་བསྟན་པ་བག་ལ་ཞ། དཔལ་ཡུལ་པ་གཞན་ལ་གཟུགས་བརྙན་འགྲན། དཔལ་སྤུངས་པ་རང་ཚུགས་འཛིན་ཞིང་འགྱིང་། རྫོགས་ཆེན་པའི་བསྟན་པ་གཏེར་གྱི་རྫས། ཞེ་ཆེན་ཡང་རེ་ཞིག་ནས་རྒུད་པར་འགྱུར། རྡོར་བྲག་དང་སྨིན་གླིང་ཅུང་ཟད་བརྟན། ཆོས་སྔ་འགྱུར་གྱི་ཆུ་མགོ་ཀཿཐོག་ཏུ། བར་སྐབས་སུ་འཕེལ་འགྲིབ་མང་དུ་འབྱུང་། ལས་ཅན་གྱི་སྐྱེས་བུ་མང་དུ་འབྱུང་། བདུད་སྤྲུལ་ཀྱང་བཟང་རྫུ་མང་ཞིག་འོང་། དེའི་རྐྱེན་གྱིས་སྙིང་པོའི་བསྟན་པ་ལ། འཕེལ་འགྲིབ་ཀྱང་འགའ་ཙམ་འབྱུང་འགྱུར་ཞིང་། བཛྲ་དང་དྷརྨའི་མཚན་ཅན་གྱི། དམ་པ་ཟུང་ལུང་རྟོགས་ཀྱི་བསྟན་པ་སྤེལ། དཔལ་གླིང་དུ་སྔར་དང་མི་འདྲ་བའི། །ཆོས་ཤིག་ཀྱང་དར་ཞིང་དེ་ལ་གཡེངས། དེའི་རྐྱེན་གྱིས་བསྟན་པའང་བཀྲག་ཉ་ཆེ། དཔེ་བར་སྣང་ཁམས་ན་དབང་གཞུ་བཞིན། །དཔལ་སྤུང་སུ་ལུགས་ཟུང་འདྲེས་མའི་རྒྱུན། བརྟན་འགྱུར་ཡང་དཔོན་སློབ་དམ་ཚིག་འཆལ། དེའི་རྐྱེན་གྱིས་བསྟན་སེལ་ཡ་མ་ཟུང་། དཔེ་བྱ་འུག་གཉིས་ཀྱི་ཟླ་རུ་འགྲོ། སྡེ་བཞི་དང་དགེ་བཅུའི་མཚན་འཆང་བ། ཆོས་སྲིད་ཟུང་ཆོས་སྐྱོང་བཟང་པོའི་མཐུས། །མི་མཐུན་གཡུལ་ལས་རྒྱལ་ན་ཡང་། །ས་སྐྱོང་གི་བླ་མ་འབྲུག་གིས་འཁྱེར། །འོན་ཀྱང་ནི་ཆོས་དང་སྲིད་གཉིས་པོ་དེ། དཔེ་རྡོ་ལ་བརྐོས་པའི་རི་མོ་བཞིན། བརྟན་ཆགས་དེར་ཕྱོགས་ཀུན་ཟིལ་གནོན་པ། ཆོས་སྐྱོང་གི་མཐུ་རུ་གོར་མ་ཆག། རུ་དམ་དུ་སྔར་འདྲེས་མི་མིན་ཞིག ས་སྟེང་འོག་ཏུ་བྱིང་བ། ས་སྟེང་དུ་ཐོན། དེའི་རྐྱེན་གྱིས་བསྟན་སྲིད་ས་འོག་ཏུ། གཏེར་རྫས་བཞིནབྱིང་བར་འགྱུར་ཡང་སྲིད། ཞེ་ཆེན་གྱི་དར་གདུགས་བཀྲག་མདངས་ཅན། ཆར་དྲག་པོས་གདུང་ཚེ་ཧྲུལ་པོར་འགྱུར། དུས་རེ་ཞིག་དར་ཡང་རྒུད་པ་ཡིས། མི་འགའ་ཞིག་སྐྱོ་བའི་རྒྱུ་རུ་འགྱུར། དབུ་རྒྱ་ཚད་དཔག་མེད་གླིང་དྷོ་སེམས། ཨ་མོ་ཡི་ཀ་དེ་དབང་པོའི་སྟན། ལྷ་བརྒྱ་བྱིན་དང་མི་རྣམས་སྟེང་དུ་འཁུར། བླ་འོག་འདི་གོ་ས་ནོར་ཆེའི་སྐྱོན། བོད་ཆོས་རྒྱལ་སྤྱན་རས་གཟིགས་དབང་གི། སྤྲུལ་པ་འགྲོ་བའི་མཆོད་སྟོང་དེ། ཡང་བསྟན་འགྲོའི་དཔལ་དུ་གྱུར་མོད་ཀྱང་། ལོག་སྨོོན་ཅན་ཨུ་དུམ་བཙན་པོ་ཡི། སྐྱེ་བ་དེ་ཡིས་གཡོ་ཐབས་ཀྱིས། སྦྱོར་ངན་གྱི་སྟ་རེས་བཤིག་གྱུར་ན། འཛམ་གླིང་གི་ཉི་མ་ནུབ་རིར་ཕྱོགས། མཐར་དེ་ཡི་གཉེན་པོ་སྙིང་སྟོབས་ཅན། སྐྱེས་བུ་དམ་པ་འགའ་ཞིག་གིས། རྐྱེན་བྱས་ཏེ་མ་ཧཱ་ར་ཛ་ཡི། ཆད་པ་དྲག་པོས་དེ་མནར་འགྱུར། ཡོངས་སུ་གྲགས་ཀྱང་དམའ་རུ་ལྟུང་། དམར་སེར་གྱི་རལ་མང་ཕག་ཏུ་ཡིན་པས་བདོ་ཆོས་སྲིད་སྐྱོང་བ་བར་ཆད་ཀྱིས། དབང་མ་གྱུར་རྟེན་འབྲེལ་གེགས་མེད་དུ། འགྲིག་གྱུར་ན་སླར་ཡང་སྔ་འགྱུར་གྱི། བསྟན་པ་དང་དེ་འཛིན་སྐྱོང་བ་དང་། ཁྱད་པར་དུ་རྒྱལ་དབང་པདྨ་ཡི། སྤྲུལ་པ་ཐུགས་གཏེར་བདག་པོ་དང་། འཕྲད་གྱུར་ན་བོད་ཁམས་ཡོངས་ལ་སྨན། འོན་ཀྱང་ནི་བདུད་སྡེའི་བར་ཆད་ཀྱིས། ལེགས་ཚོགས་ཀྱི་རྟེན་འབྲེལ་འགྲིགས་པའང་དཀའ། འོན་ཀྱང་ནི་ཨོ་རྒྱན་ཆེན་པོ་དང་། རྗེ་རིན་པོ་ཆེ་དབྱེར་མེད་མོས་པ་ཡིས། དམར་སེར་གྱི་སྡེ་གཉིས་རིས་མེད་དུ། བསྐྱངས་ནས་ཕྱོགས་ཞེན་མི་མཛད་པ། རྒྱལ་དབང་མཆོག་ལྔ་བའི་དུས་བཞིན་དུ། མཛད་གྱུར་ན་ཆོས་སྲིད་ཀྱང་དེ་རྗེས་བསྙེག །ཤར་རྒྱ་ནག་གི་ཡུལ་དུ་སེམས་དཔའ་ཆེ། གསེར་གྱི་ཞྭ་བྱི་རུའི་ཏོག་མཛེས་པས། ཡོངས་འགྲོ་བའི་བདེ་སྐྱིད་རྒྱས་པ་དང་། རིས་མེད་ཀྱི་བསྟན་ལ་ཕན་བདེ་སྤེལ། ཆོས་སྔ་འགྱུར་ཡིད་བཞིན་དབང་གི་རྒྱལ། བཤད་ཀྱི་རྒྱལ་མཚན་རྩེར་བཀོད་ན། ཆོས་དང་སྲིད་ཀྱི་ལེགས་ཚོགས་ཀུན། ཕྱོགས་ལས་རྣམ་རྒྱལ་གྱི་དགེ་མཚན་མངོན། རྒྱལ་ཁམས་ཀུན་དམར་སེར་གྱི་དགེ་འདུན་སྡེ། བསླད་མེད་པ་གསེར་ཟངས་དམར་སེར་གྱི། ཁམས་ལྟ་བུ་ཟུང་འབྲེལ་དར་གྱུར་ན། བསྟན་པ་དང་འགྲོ་བའི་བདེ་སྐྱིད་རྒྱས། མི་བླུན་པོ་ཕྲག་དོག་ཅན་རྣམས་ཀྱིས། ཙན་དན་ས་མཆོག་ཀྱང་སོལ་བར་བྱེད། ང་རྒྱལ་དང་གྱ་ཚོམ་སྤྱོད་པའི་སྐྱོན། སྐྱབས་མགོན་ཞིག་ཙི་ནའི་གལ་དུ་འཐོག། རང་སྡེའི་ཁྱུར་བདུད་རིགས་འགའ་ཞིག་ཀྱང་། ཡོད་པ་ཡི་སྐྱེན་བྱས་འཁྲུག་རྩོད་དར། གཞན་ཕྱོགས་བྱང་རོང་གི་རྡོ་ཆར་ནི། བཀྲ་ཤིས་སྨན་ལྗོངས་སུ་ཡང་ཡང་འབེབས། དེའི་རྐྱེན་གྱིས་དགེ་འདུན་གྱི་སྡེ་ངང་ཁྱུ་ནི། ཚོགས་རྣམས་ཀྱང་སྐྲག་སྟེ་བག་མི་ཕེབས། དེར་པད་འབྱུང་གི་བྱིན་རླབས་ལ་བརྟེན་ནས། བཤད་སྒྲུབ་ཀྱི་བསྟན་ལ་བར་ཆད་མེད། རྒྱ་རོང་གི་རྒྱལ་ཁམས་ཕལ་མོ་ཆེ། དར་རྒུད་ཀྱི་མངོན་རྟོགས་ངོམ་ན་ཡང་། མགོན་པད་འབྱུང་དང་བཻ་རོའི་སྤྲུལ་པ་ཡིས། འདུལ་བའི་དུས་བབ་ན་རེ་ཞིག་བདེ། གཡུ་སྔོན་པོའི་མཚོ་ལ་མིག་སྨན་དང་། ལྕགས་ཀྱིས་འཚེ་བ་ཡང་ཡང་རྩོམ། །མེ་ལྷ་ལ་ཙི་ནའི་ཕྲུ་མ་ཡི། །འཁྲུག་རྩོད་ཀྱང་ཡོས་རྔོད་ལྟ་བུ་འབྱུང་། བ་ཡུ་ནས་མཐའ་དམག་ཤྭ་འུད་ལྷུད། མི་རྣམས་ཀུན་གཡོ་ཞིང་འཁྲུགས་རྩོད་འབྱུང་། སྲིན་པོ་ལ་བདེ་སྡུག་སྤེལ་མ་འོང་། དགའ་སྐྱོ་ཟུག་འགྲན་བཞིན་བག་མི་ཕེབས། ཁྲོ་མོ་ལ་ཕྲུ་མ་སྣ་ཚོགས་པ། བྱང་རྨ་ལུང་དུ་འདུ་ལ་ལྟད་མོ་ལྟོས། སྟེང་ཕྱོགས་ནས་སྙིགས་མའི་ལྟས་ངན་ཤར། བོད་ཡུལ་དབུས་དམག་གི་ཆུ་རྒྱུན་འབེབས། དེའི་རྐྱེན་གྱིས་མི་བདེའི་རྐྱེན་མང་འཁྲུགས། །ལྷོ་བདུད་སྡེ་ཁག་གསུམ་རང་འཁྲུགས་འོང་། གཞན་ཕྱོགས་ཀྱི་རྒྱལ་པོ་ཟིལ་གྱིས་གནོན། ཧོར་སྡེ་བཞི་སེང་ཁོག་འབུ་ཞུགས་འདྲ། མ་ཁང་ཡང་རང་ཕུང་རང་བརླག་འགྲན། ཅི་ཞིག་ནས་ཆད་པ་ངལ་གསོ་བཞིན། བྲེ་བ་ཡང་ལུགས་ཟུང་རང་ཚུགས་དང་། གཞན་ཕྱོགས་ལ་བརྟེན་པས་རེ་ཞིག་འཚོ། བྲག་མགོ་རུ་ལུགས་ཟུང་དུམ་བུར་འགྲོ། མཐར་གཞན་གྱི་གྲོགས་སུ་འགྲོ་ཡང་སྲིད། །བེ་རི་བའི་རང་ཚུགས་མི་འཆར་བར། །བཟུང་ན་ནི་གཞན་གྱིས་གླགས་མི་རྙེད། གླིུང་ཚང་ཡང་རང་སྲིད་སྐྱོང་བཞིན་དུ། གཞན་ཕྱོགས་ཀྱི་རྒྱལ་པོའི་ཞབས་སུ་འགྲོ། ལྷོ་ཧོར་བྲག་ཛ་ཡི་དབྱར་རྔ་ལྡིར། མཛེས་བྱེད་ལ་དབུས་ཀྱི་གསེར་འཕྲུ་བྱེད། དུས་ལྔ་བརྒྱ་ཐ་མའི་མར་གཤམ་འདིར། བདེ་བ་དང་དགེ་བ་དཔལ་འབྱོར་ཀུན། ཁོ་ནམ་ལངས་སྐར་མ་བཞིན་དུ་འགྲོ། སྡིག་སྡུག་དང་ནད་རིམས་གདོན་བགེགས་རྣ་མོ་ཡི་སྐར་ཚོགས་ཇི་བཞིན་འཚུབས། ཚེ་ཐུང་ནད་མང་རྐྱེན་ངན་གྱིས། མི་ཚེ་ཡང་འགྲིབ་ཅིང་བགྲང་བྱ་ནི། སུམ་ཅུ་དང་བཞི་བཅུར་ཉེ་བ་ཙམ། ནད་འདུ་བ་ངོས་མི་ཟིན་པ་ཡང་། སྣ་ཚོགས་ཞིག་འབྱུང་ཞིང་སུམ་ཆ་སྟོང་། ས་གཡོ་དེང་རི་ཉིལ་ཤྭ་འུད་དང་། དམག་འཁྲུག་དང་མཚོན་ཆའི་བསྐལ་པ་དར། དམ་པའི་ཆོས་ཡིད་ལ་མི་དྲན་ཞིང་། ཚེ་འདི་ཡི་འདུན་མ་ཁོ་ནར་རེམ། སེར་མོ་རྣམས་སྡིག་པའི་ལས་ཀྱིས་འཚོ། མི་ནག་ཕལ་སྐྱོ་ཤེས་ངེས་འབྱུང་སྐྱེ། བུད་མེད་ཕལ་འདྲེ་སྲིན་གྲལ་དུ་བསྙེག །སྐྱེས་པ་ཕལ་མཁའ་རྒྱུའི་འདྲེ་རུ་སྐྱེས། ལྷ་འདྲེའི་ཚུལ་ལེགས་ཉེས་གཏམ་ཡང་འཆད། ལྷ་པ་དང་ཤི་ལོག་མང་ཞིག་དང་། མི་ལ་ལས་གཤིན་པོའི་ལོ་རྒྱུས་གླེང་། ཆོས་འཆད་ཉན་དང་སྒོམ་སྒྲུབ་ལ་བརྩོན་པ་རྣམས། འདྲེ་ལྟར་དུ་འཛིན་ཞིང་ཀུན་གྱིས་བརྙས། ཆོས་ཅི་ཡང་མི་ཤེས་བླུན་པོ་རྣམས། བླ་མའི་ཚུལ་བཟུང་ཞིང་བསྟན་པ་དང་། འགྲོ་བའི་དོན་བྱེད་རློམ་གཡོ་སྒྱུ་དང་། ཚུལ་འཆོས་ཀྱིས་རང་གཞན་མགོ་བསྐོར་ཞིང་། ལོག་འཚོ་ལྔར་སྤྱོད་ལ་ཀུན་ཀྱང་དད། ཁོང་བླ་མ་ཕལ་ཟ་འདྲེས་རྒྱུད་བརླམས་པས། རང་མཐོ་དང་ང་རྒྱལ་གྱིས་མངོན་ཤེས་འཆད། ལོག་འཚོ་ཡི་དཀོར་རྫས་མང་བསགས་ཏེ། ཡར་མཆོད་དག་མར་སྦྱིན་བྱེད་མི་ནུས། རྟ་དྲེལ་དང་ཆོས་གོས་ཀྱིས་གཟི་བརྗིད་རྒྱས། དད་གཤིན་གྱི་རྫས་ལ་ཤི་སྦར་འཐམས། དེའི་སྐྱོན་གྱིས་ཤི་ནས་རྒྱལ་འགོང་དུ་སྐྱེས། བསྟ་འགྲོ་ལ་དངོས་སམ་བརྒྱུད་ནས་གནོད། ཕ་བླ་མ་གསང་ཞིང་དམ་ཚིག་སྡོམ། རྩྭ་ལྟར་དུ་འདོར་ཞིང་རང་ཆེ་འབྱིན། རང་མཐོ་དང་ང་རྒྱལ་སྤྱོ་ངན་གྱིས། རང་གཟན་ཡི་མགོ་བོ་སྐོར་བར་བྱེད། དེའི་རྐྱེན་གྱིས་སེར་གཟུགས་ཕལ་མོ་ཆེ། རྒྱལ་འགོང་དང་དམ་སྲིར་སྐྱེས་ནས་སུ། །རྒྱ་འདྲེ་དང་ཡུལ་འདྲེའི་སྣ་འདྲེན་བྱེད། དམག་འཁྲུག་དང་ནད་རིམས་སྣ་ཚོགས་དར། བླ་མ་དང་དཔོན་པོ་ཕ་མ་སོགས། དྲིན་ཅན་གྱི་དྲིན་ལན་ཁྱད་བསད་ནས། དགྲ་ལྟར་དུ་མཐོང་ཞིང་ཆོས་སྤང་དང་། སྡིག་པ་ཡི་ལས་ལ་གང་རྒོད་བྱེད། ཕྱོགས་མཐའ་དག་ནས་དམག་འཁྲུགས་ཡང་ཡང་འོང་། ཁོང་མི་རྣམས་ཕལ་ཆེར་གྲི་རུ་འཆི། འདི་འདྲ་ཡི་དུས་ལ་བབ་པའི་ཚེ། མགོན་པད་འབྱུང་ལས་རེ་ས་གཞན་ན་མེད། ཨེ་མ་ཧོ། རྒྱལ་བ་ཀུན་འདུས་དངོས། མགོན་སངས་རྒྱས་གཉིས་པ་པད་མ་འབྱུང་། དུས་སྙིགས་མ་ལ་སྐྱབས་གནས་ཁྱེད་ལས་མེད། མ་འགྲོ་དྲུག་གི་སེམས་ཅན་སྤྱི་དང་ནི། ཁྱད་པར་དུ་སྙིགས་མའི་འགྲོ་བ་རྣམས། སྡུག་བསྔལ་གྱིས་གདུང་འདི་སྙིང་རེ་རྗེ། ཕ་ཁྱེད་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། དུས་སྙིགས་མའི་འགྲོ་རྣམས་སྐྱབས་སུ་གསོལ། མི་ཁོ་བོ་ཀུན་བཟང་གཞན་ཕན་ཞེས། ཆོས་བྱང་ཆུབ་སེམས་གཉིས་ཀྱི་པ་ཕོགས་ཐོབ། རིས་མེད་ཀྱི་བྱིན་ལབས་སྤྲིན་བཞིན་འགྲིགས། ཕ་མཁྱེན་བརྩེ་མི་ཡི་ཉི་མར་འོད་ཟེར་འབར། ཕྱོགས་མེད་ཀྱི་འགྲོ་ལ་ཕན་བདེའི་ཆར། དུས་རྒྱུན་ཆད་མེད་པར་འབེབ་པ་ཡིས། སྐུལ་ལྡན་རྣམས་དད་དམ་གྱི་མྱུ་གུ་འཁྲུངས། ལས་ཅན་ནྲམས་བྱང་ཆུབ་ཀྱི་འབྲས་བུ་སྨིན། རྗེས་འཇུག་རྣམས་སྨིན་གྲོལ་གདམས་ངག་གིས། རྒྱུད་སྨན་ཞིང་གྲོལ་ཕྱིར་བླ་མ་ཡི། སྒྲུབ་པ་ལས་ཚོགས་བསགས་སྒྲིབ་སྦྱོང་དང་། བསྐྱེད་རྫོགས་ཀྱི་རྣམ་གྲངས་མང་མི་དགོས། ལམ་བསྐྱེད་རྫོགས་གཉིས་དང་རྫོགས་པ་ཆེ། སྙན་བརྒྱུད་ཀྱི་གདམས་ངག་བསྒོམ་ནུས་ན། ཚེ་འདི་འམ་བར་དོ་སྐྱེ་བ་གཞན། གང་རུང་དུ་གྲོལ་བར་གདོན་མི་ཟ། ད་དུང་ཡང་འབྱུང་འགྱུར་ལེགས་ཉེས་གཟུགས། མང་ཞིག་དང་ཁྱད་པར་གང་ཟག་འགའི། བཟང་ངན་གྱི་དབྱེ་བ་མང་པོ་ཞིག །ཡིད་ངོ་རུ་ཤར་ཡང་དེ་ཙམ་མོ། ལུང་བསྟན་འགའི་བརྡའ་གྲོལ་ཡང་ཡིག་འདི། དུས་རེ་ཞིག་གི་བར་དུ་གསང་བའི་རྒྱ། མཐར་མངོན་གྱུར་ཚེ་བླང་དོར་མ་ནོར་ན། འཕྲལ་ཞུགས་ཀུན་ཕན་བདེའི་རྒྱུར་གྱུར་སྲིད། ཚིག་དེ་སྐད་བྱ་བྲལ་རྡོ་བླ་ཡིས། ཤར་མ་རུ་བྲིས་བཞིན་སྤེལ་བ་འདིས། བླང་དོར་གྱི་གནས་ཀུན་ཡོངས་གསལ་ནས། བསྟན་འགྲོ་ལ་སྨན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།

རྡོ་གྲུབ་ལུང་བསྟན།

༄༅། རྡོ་གྲུབ་ལུང་བསྟན་བཞུགས།

ན་མོ་གུ་རུ། སྐྱབས་དུས་གསུམ་ཀུན་མཁྱེན་པད་འབྱུང་དང་། དོན་དབྱེར་མེད་མཁྱེན་བརྩེའི་འོད་ཟེར་རྗེ། ཁྱོད་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །འབྱུང་འགྱུར་གྱི་ལུང་བསྟན་གསལ་བར་མཛོདཿ བདག་བློ་བླ་ཀུན་བཟང་གཞན་ཕན་གྱི། །སེམས་ཀུན་ཤེས་རྒྱལ་པོའི་མེ་ལོང་དུ། །དུས་འབྱུང་འགྱུར་གྱི་གཟུགས་བརྙན་འགའ་གསལ་བ། དེ་རེ་དོགས་དང་བྲལ་བཞིན་འདི་ན་ཟློ། ཡུལ་འདི་ག་ཡི་དཀོར་གྱི་གནས་དང་ནི། སྤོར་དགེའི་གནས་ལྷུན་པོ་དཔལ་བརྩེགས་དང་། ཤུག་ཆེན་གནས་འགྲོ་དོན་ལྷུན་གྲུབ་གསུམ། ཡོངས་རྩ་གསུམ་གྱི་བྱིན་རླབས་སྤྲིན་ལྟར་འདུ། དེར་ཕྱག་བསྐོར་ཕན་ཡོནདཔག་མེད་ཀྱང་། སྙིགས་དུས་ཀྱི་འགྲོ་རྣམས་དད་མོས་ཆུང་། དེར་དགོན་གནས་དང་རི་ཁྲོད་ཆགས་གྱུར་ན། ཡུལ་འདི་གའི་འགྲོ་ལ་བདེ་སྐྱིད་འབྱུང་། ཡུལ་འདིའི་སྟོད་སྦས་ཚུལ་རྣལ་འབྱོར་པ། རྗེ་མི་ལས་བྱིན་བརླབས་སྙིང་སྟོབས་ཅན། གང་དེ་ཡིས་སྔར་མེད་གནས་སུ་ནི། རྟེན་གསུམ་བཞེང་ན་བསྟན་འགྲོར་སྨན། མཐར་བདུད་སྤྲུལ་ཟིག་གིས་རྐྱེན་བྱས་དེ། མི་མོས་གཤེ་ཞིང་ཁ་མཆུ་འབེབས། སླར་ཆོས་སྐྱོང་སྲུང་མའི་ཆད་པ་ཡིས། སྐུལ་མེད་དེ་དག་མནར་བར་འགྱུར། བར་དེ་རུ་ཡུལ་ཕྱོགས་གཞན་ཞིག་ནས། འོངས་བའི་བླུན་པོས་ཆོས་ལོག་གི །གཏེར་འདོན་ཅིང་རྡོ་འདིར་ལག་རྗེས་འཇོག །ས་འོག་གི་སྲིན་མོ་ས་སྟེང་དུ་འདོན། དེའི་གྲོགས་བྱེད་སྐལ་མེད་ཐམས་ཅད་འདུ། མི་ནད་དང་ནོར་ནད་སྔར་མེད་འབྱུང་། སྐྱེས་ཆེན་ཞིག་གི་གཙོར་བྱས་པའི། ཉེས་མེད་མང་ཞིང་དུག་གིས་གསོད། བསྟ་སེལ་དང་སྡེ་འཁྲུག་རྐྱེན་ཡང་བྱེད། སྨད་ལྷ་མིན་ལྟར་བརྫུས་ལྷ་པ་དང་། ལྷ་མ་དང་འདས་ལོག་ཚུལ་ཅན་དང་། དེར་མཚུངས་པའི་བུད་མེད་རྒན་ཞིག་གིས། རྐྱེན་བྱས་དེ་ལོག་ལྟ་དར་བ་འབྱུང་། དེ་དག་གི་རྐྱེན་ཀྱིས་རྡོ་ཡུལ་འདིར། ལྷ་མི་ཡི་བསོད་ནམས་འགྲིབ་གྱུར་ན། ཁོང་པད་འབྱུང་གིས་བྱིན་བརླབས་བྱང་ཕྱོགས་ཀྱི། གཏེར་སྟོན་ཞིག་གིས་གསོ་ཡང་སྲིད། དེར་རྟེན་འབྲེལ་མ་འགྲིག་བར་ཆད་ཀྱི། དབང་གྱུར་ན་རང་དཔོན་མངའ་རིས་རྣམས། རང་དགྲ་རུ་ལངས་ནས་སེང་ཁོག་ཏུ། འབུ་ཞིག་པའི་དཔེ་ཟླ་བསྙེག་ཀྱང་སྲིད། ཡུལ་འདི་ཡི་བྱང་ཕྱོགས་གནོད་སྦྱིན་གྱིས། སྐྱོང་བའི་གནས་མགོ་ལོག་གི་ཡུལ་དེ་རུ། མགོན་པད་འབྱུང་དང་དབྱེར་མེད་གདོང་པ་ལྔའི། མཚན་ཅན་ཞིག་མུ་དྲའི་འདོད་ཡོན་སྤྱོད། གང་དེ་ཡིས་བསྟན་འགྲོར་ཕན་བདེ་སྤེལ། འཁོར་དམར་སེར་གྱི་སྡེ་གཉིས་འབྱུང་འགྱུར་ཞིང་། གནས་སྐྱིད་ཚལ་དུ་པདྨའི་བྱིན་རླབས་འཕོ། ཁོང་དམ་པ་དེ་ཡི་སྒྲུབ་གནས་ལ། འདི་ཡི་འཇུག་ཆད་འདུག །གཞན་གྱིས་ཕུང་ལ་ལྟད་མོ་ངོམ། ས་སྙིང་གི་མིང་འཛིནཧ་ཡུལ་འདི་གར། ཕུང་བྱེད་ཀྱི་ཁུར་བོ་བཅུ་གཉིས་འཕོག །ལ་ལ་ཞིག་དགྲ་ཟླར་བསྙེགས་པས་བྲེལ། འགའ་ཞིག་ནི་ས་གཏིང་འཛུལ་ལ་རིངས། ཕལ་མོ་ཆེ་བདུད་སྲིན་སྐྱབས་སུ་འཚོལ། དེ་དག་ཀུན་རང་བྱས་ལས་ངན་འབྲས། ཡིན་ཕྱིར་ན་དགེ་སྒྲུབ་སྡིག་སྤོང་གལ། ད་ལོ་ནས་བཟུང་སྟེ་ལོ་དྲུག་ཚུན། ལྷ་མིན་དང་སུམ་ཅུ་རྩ་གསུམ་གཉིས། རེ་འགའ་ཙམ་འཁྲུགས་ཤིང་འཐབ་ངེས་ན། མི་རྣམས་ཀྱི་དགེ་སྡིག་ཆེ་ཆུང་གི། སྟོབས་འབྲས་ཀྱིས་ལྷ་རྒྱལ་ཕམ་གཟུགས། འབྱུང་ངེས་ཤིང་ལྷ་རནམྶ་ཕམ་གྱུར་ན། མི་རྣམས་ལ་མི་བདེ་སྣ་ཚོགས་འབྱུང་། དེ་བཟློག་ཕྱིར་ལྷ་རྣམས་རྒྱལ་བའི་ཐབས། ཆོས་དགེ་བ་བཅུ་ལ་ནན་ཏན་མཛོད། མེ་གླང་འདིའི་མཇུག་མ་ཕྱོགས་མང་དུ། གཡུག་པ་དེར་མི་འདོད་སྣ་དགུ་འབྱུང་། དོན་དེ་ཕྱིར་ན་ཀུན་གྱིས་འགལ་སྤོང་དང་། མཐུན་སྒྲུབ་ཀྱི་རིམ་གྲོར་བརྩོན་པ་སྐྱེད། ཁྱད་པར་དུ་པད་མ་བཀའ་ཐང་དང་། ལེའུ་བདུན་དང་བསམ་ལྷུན་གང་མང་སྒྲུབས། སློབ་དཔོན་གྱི་སྐུ་གསུང་ཐུགས་ཀྱི་རྟེ། ཅི་མང་དུ་བཞེངས་ན་ཕན་དང་བདེའི། །མངོན་རྟོགས་གཟུགས་མཐོང་ལ་ཐེ་ཚོམ་མེད། དེ་ཕིར་ན་དེ་ཡི་དོན་བསམ་བཞིན། ཅིས་ཀྱང་ནིས་སྒུརབ་པར་མཛོད་དང་ནི། འཕྲལ་ཕུགས་ཀུན་བདེ་ཞིང་སྐྱིད་པར་ངེས། མཆོག་གསུམ་དང་རྩ་གསུམ་བདེན་སྟོབས་དང་། ཁོ་བོ་ཡི་ལྷག་བསམ་རྣམ་དག་མཐུས། རྒྱལ་ཁམས་ཀྱི་མི་བདེའ་ིསྨག་རུམ་དུ། བདེ་སྐྱིད་ཀྱི་འོད་སྟོང་འཆར་བར་ཤོག །དགེའོ། སྐྱབས་མགོན་གྲུབ་པའི་དབང་པོ་རྡོ་རྗེ་འཆང་ཆེན་པོས་མཛད་པའི་འབྱུང་འགྱུར་ལུང་བསྟན་གསལ་བའི་མེ་ལོང་བཞུགས། ༈ ཞིང་རབ་འབྱམས་ཀྱི་རྒྱལ་བ་ཀུན་གྱི་དངོས། དཔལ་ཨོ་རྒྱན་གྱི་མཁན་པོའི་ཞལ་སྐྱིན་མཆོག །ཕ་བླ་མ་མཆོག་མཁྱེན་བརྩེའི་འོད་སྟོང་ཟེར། བུ་ང་རང་གི་སྙིང་དབུས་པདྨ་རུ། དུས་རྟག་པ་རུ་འབྲས་མེད་རྒུན་བཞུགས་ནས། ཆོས་རྟེན་འབྲེལ་གྱི་གནས་ལུགས་ཡོངས་གསལ་མཛོད། དུས་སྙྀགས་མ་ཡི་མར་གཤམ་ལྕགས་ཕོ་རྟ། འདི་ལྕགས་རྟ་ལ་མ་ཐུག་དེ་ཡི་བར། དགེ་མི་དགེའི་རྟགས་མཚན་སྣ་ཚོགས་གཟུགས། གཟུགས་མེ་ལོང་དུ་ཤར་བཞིན་འདི་ན་ངོམ། ཡུལ་འདི་ག་ཡི་སྟོད་དུ་བདེ་དོགས་ཀྱི། རྐྱེན་ག་ངེས་པ་སྒྱུ་མའི་ཆེ་རོལ་བཞིན། དཔེ་རིང་དགས་ཀྱི་རྒྱལ་པོ་ཁོང་སྲན་གྱིས། དེའི་མངོན་རྟེགས་གཟུགས་གཞིག་དང་གཙུགས་པ་གསལ། བར་འདི་ག་རུ་བདུད་སྲིན་བཙན་གསུམ་གྱིས། དཔེ་ཕམ་རྒྱལ་གྱི་མིག་མང་རྩེ་བ་བཞིན། མི་ཕམ་མོ་ཆེའི་བློ་དེ་ཀྲུག་ཁྲ་བོར་འུར། དབྱངས་དོར་བའི་མི་ཆགས་སྡེ་དང་དཔོན། དཔེ་རྡོ་བརྐོས་ཀྱི་རི་མོ་ཇི་བཞིན་དུ། འཕྲལ་བྱ་བྱེད་ལས་དལ་ཡང་བརྟན་ཆགས་ངོམ། ཡུལ་ཚན་བཞི་རུ་བགོས་པའི་འོག་མ་ཟུང་། དེའི་དང་པོ་དེར་ལྷ་མི་སོ་སོར་འབྲལ། སྨད་ཕྱོགས་མཚམས་སུ་ལྟ་ཞིང་ཕུང་ལས་བརྩོན། ཤར་ཙི་ན་ཡི་སྒྲ་གསར་ཡང་ཡང་གྲགས། མཐར་ས་ཀུ་ཙི་དགའ་རེ་བརྒྱལ་ཡང་སྲིད། ལར་ལོ་འདི་ནས་བཟུང་སྟེ་ཡུལ་འདི་ཡི། ཆོས་བསམ་སྦྱོར་ཀུན་མ་ངེས་སྣ་ཚོགས་ངོམ། བར་བཙུན་པ་འགས་སྡིག་སྤེལ་ལས་ཐབས་བརྩོན། ཡང་མི་ནག་དག་རྣམ་དཀར་ལས་སྤེལ་ཞིང་། ཚུལ་གོ་ལོག་གི་སྤྱོད་པ་སྣ་ཚོགས་བྱེད། དཔོན་དགའ་ཞིང་ནི་རང་སྲིད་ཀྱིས་མི་ངོམས་པར། གཞན་མངའ་ཞབས་སུ་བཙུད་འདོད་ལས་ཀྱིས་ཕུང་། ཡུལ་བྱང་རོང་གི་ས་གནས་ཕལ་མོ་ཆེ། ཤར་རྒྱ་སྟག་གི་སྐྱོ་གླུའི་ངར་སྐད་ལ། ཡོངས་སུན་གྱུར་ནས་རང་བདེའི་བསྟི་གནས་ཚོལ། ཡུལ་སོ་སོ་ཡི་བྱ་སྤྲེལ་ཝ་སྤྱང་སྡེ། མི་ཕལ་མོ་ཆེ་འགྲོ་འཆག་ཉེས་པའི་རྒྱར། ཚུད་ངེས་མོད་ཀྱང་ད་དུང་ལས་ངན་སྤེལ། དེ་ལ་ལ་ཞིག་སྔོན་ལས་མཐུས་བསྐུལ་ནས། ལས་བཟོད་ལ་འཇུག་གུམ་འཕྱང་མོ་ཉུག །དཔལ་མྱ་ངན་མེད་ཀྱི་གནོད་སྦྱིན་དཔུང་། གྲངས་མང་བསགས་ལྷན་དུ་ཡོངས་བཀོལ་ནས། ཡུལ་འཛམ་གླིང་ས་གནས་བྱེ་བ་རུ། དུས་ནུབ་གཅིག་མཆོད་རྟེན་བྱེ་བ་གཅིག །ང་ཞེང་ངེས་པའི་ནང་ཚན་ཡུལ་འདིའི་རྐེད། གནས་བཀྲ་ཤིས་སྒོ་མང་ཞེས་གྲགས་པར། དུས་ད་ལོ་འཛམ་གླིང་གནས་རྟེན་ལྷ། ཡོངས་འདུས་ནས་འགྲོ་བའི་ཚོགས་བསགས་ཞིང་། ཞིང་མངོན་སུམ་འཕོས་ཐེ་ཚོམ་མེད། དོན་དེ་ཕྱིར་ཕྱག་མཆོད་སྐོར་བར་འཕུངས། དེའི་རྟགས་སུ་སྐུ་གསུང་ཐུགས་ཀྱི་རྟེན། རྟེན་རང་བྱུང་གཟུགས་ལས་སྣང་དག་པར་མངོན། གཞན་མིག་སྨན་གྱི་མདོག་འཛིན་ཁྱིམ་བསྟི་བའི། མི་སྟངས་དཔྱལ་ཀུན་བདེ་དོགས་ཚོན་རིས་གཟུགས། གཟུགས་ངོམ་མེད་དེ་རེ་ཞིག་ཅིས་མི་བདེ། ལྷ་ཨོ་རྒྱན་གྱི་བྱིན་ཐོབ་རྣལ་འབྱོར་པ། བན་ཨ་བྷ་ཡི་མིང་འདིས་མཐོང་ཡུལ་ཚོགས། དཔལ་ཕན་བདེ་ལ་འགོད་པའི་ཐབས་ལ་བརཙོན། རྗེ་མི་ལ་ཡིས་བྱིན་བརླབས་དམ་པ་མཆོག །མིང་ཨོ་དྲི་ཡ་ཤ་ས་ནས་སྤུད་དེས། ཡུལ་འདི་ག་རུ་ཕན་བདེ་སྤེལ་ཡང་སྲིད། ཡུལ་འདི་ག་དང་ཡུལ་གཞན་བརྗེ་བ་ལྟའི། སེམས་བསམ་པ་དང་སྦྱོར་བ་ངེས་མེད་ངོམ། ཚུལ་དེའི་སྐྱོན་གྱིས་སྤྱོད་པ་ཁྲ་བོར་འགྱུར། ཨེ་མ་ཧོ། སེམས་ཅན་གྱི་ལས་དབང་གཟུགས། མི་ཕོ་མོ་འགའ་སྡིག་ལ་ངོ་མཚར་བྱེད། ཁོང་མཁས་པ་ཚོ་དེ་ལྟར་གལ་ཡིན། དུས་ད་ལོ་ནས་བཟུང་སྟེ་ཡུལ་འདི་ཡི། བན་བཙུན་གཟུགས་ཕལ་མི་དགེར་ངོ་མཚར་བྱེད། མི་ཁྱིམ་པ་ཕལ་རྣམ་དཀར་ལས་ལ་བརྩོན་ཕོ་སྐྱེས་པ་འགའ་སྡིག་ལ་འགྱོད་སེམས་སྐྱེས། དེའི་ནང་གི་ཁྱད་པར་སེམས་དཔའི་རིགས། མིག་རིགས་ལྔ་དང་ཚེ་དང་དབང་དག་རིགས། ཡང་དྷརྨ་སོགས་མཆོག་གསུམ་མཚན་འཛིན་གྱིས། ཡུལ་འདི་ག་དང་གཞན་ལའང་ཕན་འདོགས་བརྩོན། ཡུལ་འདི་ག་ཡི་བུད་མེད་ཕལ་མོ་ཆེས། མི་དུས་ཡོལ་གྱི་རྗེས་སུ་སྨེ་སྔགས་ཀྱི། ཚིག་དུ་ངག་གིས་དབྱངས་བླངས་དེའི་སྐྱོན་གྱིས། ཁོང་ཚེ་འདས་ཕལ་མཁའ་རྒྱུའི་ཡི་དྭགས་སུ། སྐྱེ་ངེས་པ་དེ་ལས་འབྲས་བསླུ་མེད་འབྲས། དོན་དེ་ཕྱིར་ན་བླ་དཔོན་མཁྱེན་ལྡན་གཙོས། བན་བཙུན་པ་དང་མི་ནག་ཕོ་མོ་ཀུན། མི་ང་ཁ་ལ་ཉན་ན་དེང་ཕྱིན་ནས། ཁོང་གཤིན་པོ་ཡི་རྗེས་སུ་མྱ་ངན་སྤོངས། དེས་ཤི་གསོན་ཀུན་ཕན་བདེའི་མངོན་རྟོགས་མཐོང་། ཡུལ་རྨ་ལུང་གི་མི་སྡེ་ཁྲ་བོའི་ཁྱུ། ཕྱོགས་དྲེགས་ལྡན་གསལ་ཤྭ་འུད་སྐྱོན་གྱིས་འཚེ། མཐར་ཐ་དད་ཀྱི་གོ་ས་བསྙེག་ཀྱང་སྲིད། ཡུལ་འདི་ག་ཡི་ཁུགས་པ་ཆུ་སྐྱེས་ཚལ། དཔལ་མཚོ་སྐྱེས་ཀྱི་བྱིན་ཐོན་ནི་རྨ་ཀཿ གང་དེ་ཉིད་ཀྱི་བསྟན་འགྲོར་ཕན་བདེ་སྤེལ། སྨད་ཉིན་བྱེད་ཀྱི་ཟེར་ནུབ་མཐའ་འཁོབ་ཏུ། དཔལ་པད་འབྱུང་གི་སྒྱུ་འཕྲུལ་ཟླ་དཀར་གཟུགས། སླར་བསྟན་འགྲོ་ཡི་མུན་པ་སེལ་ཕྱིར་གསལ། གང་དེ་མཐུ་ཡི་ཡུལ་དེའི་ལྷ་མིའི་སྡེའི། ཁྱུ་ཀུ་མུ་ཏའི་ཚལ་ཆེན་རྒྱས་བཞིན་དགོད། ལྷ་ཨོ་རྒྱན་གྱི་སྤྲུལ་པའི་ཛོ་ཀི་ཞིག །ཡུལ་འདི་ག་རུ་ཕེབས་ནས་ལས་ཆེན་བཞིའི། ཚུལ་སྣ་ཚོགས་ཀྱི་བས་ཏན་འགྲོ་ཕན་བདེར་སྦྱོར། རྒྱ་ནག་པོའི་ཕོ་ཉའི་ཤ་སྦྲང་མཆུས། ཡུལ་ཕོ་མོ་ཆེའི་གཡེར་ཆེན་ཤ་ཕུང་གཙེ། རོང་ལ་ལ་དང་བྱང་གི་སྡེ་བ་འབྲེལ། ཡང་འགའ་ཞིག་དང་དགྲ་ཟླ་རྡོ་ཆས་ཟུགས། དུས་རིང་མིན་ནས་མངོན་ཀྱང་དམ་སྲིས་འཕྲུལ། ཡུལ་ལ་ལ་ཡི་ཁ་མཆུའི་ཆུ་འཛིན་གཟུགས། མགོན་རྒྱལ་ཁུན་གྱི་བདེན་མཐུས་རེ་ཞིག་ཡལ། ཡུལ་འདིའི་སྟོད་ཀྱི་སྡེ་གསར་མཁའ་ལྡིང་ཁྱུ། རིགས་མི་མཐུན་ཡང་གྲུ་ནང་གཅིག་གི་མགྲོན། སྨད་གཏན་ཆགས་ཀྱི་བླུན་རྨོངས་ཝ་རའི་ཚང་། གཞན་བྱམས་བྲལ་གྱི་མཐའ་མིས་རྡོ་བས་བརྡེག །བར་ཝ་སྤྲེལ་འཕར་སྤྱང་ཚོགས་ཀྱི་བླུན་རྨོངས་ཝ་རའི་ཚང་། གཞན་བྱམས་བྲལ་གྱི་མཐའ་མིས་རྡོ་བས་བརྡེག །བར་ཝ་སྤྲེལ་འཕར་སྤྱང་ཚོགས་ལྟའི་དཔུང་། དཔེ་སྣལ་མའི་ཐགས་བྲེགས་པའི་ཟླ་རུ་འགྲོ། ལར་ཡུལ་འདི་ནས་འགོ་བཙུགས་སྙིགས་མའི་ལྟས། བཞིན་མེ་ལོང་དག་འད་ལྟར་སུས་འགོག་ནུས། དོན་དེ་ཕིར་ན་ཡུལ་འདིར་ཕན་བྱེད་ཆོས། ལྷ་ཨོ་རྒྱན་གྱི་གསོལ་འདེབས་ལེའུ་བདུན་དང་། ཡང་བསམ་ལྷུན་དང་མྱུར་འགྲུབ་ལམ་སེལ་བསྒྲུབས། ཁྱད་རཔ་དུ་འཆི་ངེས་སྲོག་བླུ་དང་། ཇོ་དར་དང་རྡོ་འབུམ་སློབ་དཔོན་གྱི། གསོལ་འདེབས་ཀྱི་སྙིང་པོ་སྔགས་ལ་འབུངས། ཡང་འབྱུང་འགྱུར་གྱི་སྒྱུ་མའི་འདུ་བྱེད་གཟུགས། དཔེ་ཆུ་ཟླ་བཟིན་ངོམ་ལ་ལྟད་མོ་ལྟོས། ཡུལ་སུ་ཝརྞའི་མིང་འཛིན་སུམ་ཅུ་རུ། ཡོངས་བགོས་པ་ཡི་སྟོད་པ་འགའ་ཟླར་འབྲེལ། སྡེ་བར་བའང་དཀར་ནག་མགོ་གཉིས་སྟོད། སྨད་པ་ཡིས་ལྷ་མིའི་སྡེ་ཟུང་དབྱེ། དབྱེ་བ་དག་མཐུན་ཡང་བྱེར་ལ་རིངས། ཡུལ་ཟླ་ལུང་དུ་གྲགས་པའི་ཆོས་སྲིད་ཟུང་། དཔེ་བྱེའུའི་ཁྱུ་ཧོར་ཁྲས་དཀྲོག་པ་བཞིན། ཧོར་སྡེ་བཞི་ཡི་ཐ་མའི་མིང་ཐོག་ཅན། དཔེ་གདོང་ལྔ་ཡི་ཁོང་སྲིན་དགྲར་ལངས་བཞིན ཡང་སྡེ་བཞི་ཡི་དང་པོ་གཉིས་པའི་མིང་། ལྟ་བདུད་བཙན་གསུམ་གང་ཐོབ་རྩོད་པས་བྲེལ། སྟོད་བཀའ་བསྟ་གྱི་འབྱུང་གནས་སྡེ་མང་མཚོ། ལྷ་འདོད་ཁམས་ཀྱི་བདག་པོའི་རྟ་བདུན་གནོད། མཐར་དམ་ཉམས་ཀྱི་འབྱུང་པོའི་གྲལ་གཤམ་བསྙེགས། ཚུལ་དེ་མཐུ་ཡི་སྡིག་སྲིན་མགོ་ཆང་གཟེངས། ཡུལ་རྡོ་སྟོད་དུ་མཛའ་བཤེས་དགྲ་རུ་ལྡང་། བར་ལ་ཡག་སོགས་དབྱར་ཁའི་གངས་ཞུའི་ཟླ། སྨད་དཔོན་སྡེའི་བཞིན་མེ་ཏོག་སད་ཁྱུར་མཚུངས། ཁོང་ཀུལ་ལ་རྡའི་མཚན་འཆང་དམ་པ་དེས། ཚུལ་དམན་པ་རུ་བསྒྱུར་ནས་བསྟན་འགྲོ་གསོ། ཡུལ་སྟོད་སྨད་བར་གསུམ་རྫིང་དཀྲུག་ལྟར། མཛའ་མི་མཛའ་དང་བཏང་སྙོམས་འཆོལ་རྙོག་སྤྱོད། ལར་ཡུལ་དེ་རུ་འདྲེ་སྲིན་ཚང་མང་འཚོལ། མཁར་རྒྱུ་བ་ཡི་གདུག་འདྲེའི་རྟེན་ཡུལ་འཆོས། མི་ཕམ་མོ་ཆེས་སྙིང་དུ་བསེན་མོ་འཇུག །ལས་མཆོག་གསུམ་དང་འགལ་བའི་བྱ་བར་བརྩོན། དཔལ་བཀའ་བརྒྱུད་ཀྱི་བསྟན་པའི་མེ་རོ་ལངས། ཆོས་སྔ་འགྱུར་གྱི་ན་བུན་ས་བླར་ཆགས། རྗེ་ཇོ་ནང་པའི་བས་ཏན་པའི་དབྱར་རྔ་སྙན། ཡུལ་འཛི་ཀ་རུ་བདེ་སྡུག་ཅིར་ཡང་མངོན། གནས་འཛམ་ཐང་དུ་བསོད་ནམས་དམ་ཆོས་འཕེལ། རྡོའི་སྨད་པ་ཡི་ར་ཛཱ་ཚིག་གིས་བྲེལ། སྨད་ཚ་ཁོ་ཡི་མི་ཆོས་གར་སྟབས་སྒྱུར། ཡུལ་འཛི་འགག་ཏུ་ལུགས་ཟུང་དཔལ་ཡོན་ངོམ། དགྲ་ཐབས་འོག་ཏུ་ཚདུ་ན་ལྡང་བར་དཀའ། མ་རལ་གཅིག་མའི་སྤྲུལ་པས་བསྟན་འོ་སྐྱོང་། དཔལ་བཻ་རོ་ཡི་སྤྲུལ་པ་ཡུལ་དེར་སྨན། ཡང་མཆོག་རྩེ་ལ་དཀར་ནག་ཆགས་མ་གཟུགས། དཔེ་སྒྱུ་མ་མཁན་མངོན་དུ་ཆས་པ་བཞིན། མི་མཆོག་དམན་ཀུན་འདུལ་བའི་ཆོ་འཕྲུལ་སྟོན། ཡུལ་ལ་ལ་རུ་ལྷ་མིན་ལྷ་རྫུ་དང་། མི་མིན་ཀྱང་མི་ཡི་གཟུགས་བསྒྱུར་ནས། ལྷ་མི་ཡི་བར་དུ་དབྱེན་སྦྱར་དང་། མྱོད་ལ་འདྲེག་སྦྱང་བས་བསླད། ཚུལ་འདི་བཞིན་དང་འདི་ལས་གཞན་པ་འགའ། མངོན་སུམ་བཟིན་གསལ་ཡང་རེ་ཞིག་བཤོལ། དགེའོ།། །