cover

ཕྱག་རྒྱ་ཆེན་པོའི་སྒྲོས་འབུམ།

རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

༄༅། །ཕྱག་རྒྱ་ཆེན་པོའི་སྒྲོས་འབུམ་བཞུགས་སོ། །

རྣལ་འབྱོར་གྱི་དབང་ཕྱུག་རྫོགས་པའི་སངས་རྒྱས་མཉན་པ་གྲུབ་ཐོབ་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཁྱོད་རྣམས་འཁོར་བ་དང་ངན་སོང་དང་ཞི་བ་ཉན་རང་གི་མྱང་འདས་ཀྱི་མཐའ་ལས་ཐར་བར་འདོད་པས། ཐེག་པ་ཆེན་པོ་བླ་མེད་ཀྱི་སྐྱབས་སུ་འགྲོ་བར་བྱ་དགོས་ཏེ། དེ་ཡང་མ་རིག་པའི་གཉིད་སད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ཤིང་ཚོགས་གཉིས་རྒྱས་པས་སངས་རྒྱས་དཀོན་མཆོག་དང་ཡན་ལག་བཅུ་གཉིས་སོགས་བཤད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཕ་རོལ་ཏུ་ཕྱིན་པ་སོགས་སྒྲུབ་པ་དང༌། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་འགོག་ལམ་ནི་འབྲས་བུའི་ཆོས་དཀོན་མཆོག་དང༌། སོ་སོའི་སྐྱེ་བོ་དང་ཐེག་པ་ཆེ་ཆུང་གི་འཕགས་པའི་དགེ་འདུན་དཀོན་མཆོག་གསུམ་ལ་དེང་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་གནས་ཀྱི་བར་དུ་སྐྱབས་ཞུས་ནས། གཏན་གྱི་སྐྱབས་དེ་དག་གི་རྗེས་སུ་ཞུགས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་པ་ནི་ཐེག་པ་ཆེན་པོའི་སྐྱབས་འགྲོ་སྟེ་ཐུན་དང་པོའོ། །སྐྱོན་ཟད་ཡོན་ཏན་ཀུན་རྫོགས་སངས་རྒྱས་དང༌། །སློབ་དང་མི་སློབ་འགོག་ལམ་དམ་པའི་ཆོས། །སློབ་མ་རྒྱལ་བ་སྲས་བཅས་དགེ་འདུན་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་གྱི་ཡོན་ཏན་ཀུན། །སྙིང་ནས་དྲན་པས་སྐྱབས་སུ་མཆི་ལགས་ཀྱི། །བརྩེ་བ་ཆེན་པོས་མགོན་དུ་འཛིན་པར་གསོལ། །

ནམ་མཁས་ཁྱབ་ཚད་ཀྱི་ཁམས་གསུམ་འགྲོ་བ་རིགས་དྲུག་གི་མ་རྒན་མཐའ་མེད་འདིས། རང་རེ་འཁོར་བའི་གནས་འགྲོ་བ་རིགས་དྲུག་ཏུ་འཁྱམས་པའི་དུས་སུ། བདག་སོགས་འཁོར་བ་པའི་བུ་རྣམས་ལ་ལས་ཉོན་གྱིས་བསྒྲུབས་པའི་འཁོར་བའི་བདེ་འབྱོར་མ་བྱིན་བྱ་བ་མེད་པ་ཞིག་བྱིན་པས། མོ་རང་རྣམས་འཁོར་བ་དང་ངན་སོང་དུ་འཁྱམས་པ་དེས་ལན། དེའི་བྱས་ཤེས་བཟོ་བའི་ཕན་འདོགས་པའི་ཆེད་དུ་འཁོར་འདས་ཉི་ཚེ་བའི་ཕན་པ་གང་བཏགས་ཀྱང་གཏན་བདེ་ལ་འགོད་མི་ནུས་པས། གཏན་གྱི་བདེ་བ་བླ་ན་མེད་པའི་བྱང་ཆུབ་ལས་མེད་པས་དེའི་སར་འགོད་པ་ལ། དང་པོར་བདག་རྫོགས་བྱང་དུ་མངོན་པར་སངས་རྒྱས་ཐོབ་པར་བྱས་ནས། དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་འཇོག་པར་དམ་བཅའ་བ་ནི་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐུན་གཉིས་པའོ། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཐོབ་པར་བགྱི། །འགྲོ་ལ་ཕན་ཆེད་སངས་རྒྱས་འགྲུབ་པར་བསྔོ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

དེས་ན་རང་རེ་རྣམས་མཁའ་ཁྱབ་སེམས་ཅན་གྱི་དོན་བྱེད་པ་ལ་རྫོགས་པའི་སངས་རྒྱས་ཐོབ་དགོས་པ་ལས། རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་གདུལ་བྱ་རང་ཅག་འདུལ་བ་ལ་བྱོན་པའི་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཡིན་པས། དེའི་སྐུ་ལས་བུམ་པའི་དབང་བླངས་ལུས་ཀྱི་སྒྲིབ་པ་སྦྱངས། ལུས་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་མངོན་པར་རྫོགས་པར་སངས་རྒྱས་པར་བྱས། དེའི་གསུང་ལས་གསང་བའི་དབང་བླངས་ཏེ་ངག་གི་སྒྲིབ་པ་སྦྱངས། ངག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་རྫོགས་པར་སངས་རྒྱས་པར་བྱས། དེའི་ཐུགས་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་བླངས་ཏེ་ཡིད་ཀྱི་སྒྲིབ་པ་སྦྱངས། ཡིད་ཐུགས་རྡོ་རྗེ་ཆོས་སྐུར་སངས་རྒྱས་པར་བྱས། དེའི་སྒོ་གསུམ་ལས་ཤེས་རབ་ཡེ་ཤེས་ཆེན་པོའི་དབང་བླངས་ཏེ་ཡེ་ཤེས་ཀྱི་ཁམས་ཀྱི་སྒྲིབ་པ་སྦྱངས། ཡེ་ཤེས་ཡེ་ཤེས་རྡོ་རྗེ་བདེ་བ་ཆེན་པོའི་སྐུར་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ནས་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བ་བླ་མའི་རྣལ་འབྱོར་ཏེ་གསུམ་པའོ། །བདག་རྒྱུད་དམ་ཚིག་རྡོ་རྗེ་བཞི་པོ་ལ། །གཞན་མཆོག་ཡེ་ཤེས་རྡོ་རྗེ་བཞི་པོ་ཡིས། །དབང་བཞི་བསྐུར་ཐོབ་དེ་ཡི་ཚོགས་རྫོགས་ནས། །སྒྲིབ་སྦྱངས་སྒྲིབ་བྲལ་རྡོ་རྗེ་བཞིར་གྱུར་ཏོ། །

ཡང་བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་རྣམ་པར་སྨིན་པའི་སྒྲིབ་པ་ཐམས་ཅད་དག་ཅིང་བྱང་བར་བྱེད་པའི་ཐབས་ནི། སེམས་ཅན་དེ་དག་མཐོང་ཐོས་དྲན་རེག་ཙམ་གྱིས་གྲོལ་བར་ནུས་པ་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་རྗེས་སུ་དྲན་པར་བྱེད་དགོས་པ་ལས། སྐུ་རྗེས་སུ་དྲན་པར་བྱེད་པ་ནི་མངོན་རྟོགས་ལྟར་བསྒོམ་ཞིང༌། གསུང་རྗེས་སུ་དྲན་པར་བྱེད་པ་ནི་ཐུགས་ཀར་ཟླ་དཀྱིལ་གྱི་དབུས་སུ་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལྗགས་ཀྱི་སྟེང་དུ་བྱོན་ནས་འོད་ཟེར་འཕྲོས་སེམས་ཅན་རྣམས་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད་དོ། །ཐུགས་རྗེས་སུ་དྲན་པར་བྱེད་པ་ནི་དེ་ལྟའི་གོ་འཕང་ལ་བཀོད་པར་ནུས་པའི་ཐུགས་མཁྱེན་བརྩེ་ནུས་གསུམ་དང་ལྡན་པ་དེས་བདག་སོགས་ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་སྦྱོང་ཞིང་ཚོགས་གཉིས་བསགས་པར་ནུས་པའི་ཕྲིན་ལས་ཀྱི་མཐུ་ཆགས་ཐོགས་མེད་པ་ལ་མངའ་བརྙེས་པར་ངེས་ཤེས་ཐེ་ཚོམ་ཐམས་ཅད་དང་བྲལ་བར་བསྐྱེད་ནས་དེ་ལྟའི་ཕན་ཡོན་ལས་ཐ་མལ་གྱི་སྒོ་གསུམ་དག་སྟེ་རྡོ་རྗེ་སེམས་དཔའི་རྡོ་རྗེ་གསུམ་དུ་གྱུར་པར་བསྒོམས་ནས་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ་བ་ནི་བཞི་པའོ། །རྡོ་རྗེ་སེམས་དཔའི་གསང་སྔགས་ཆོ་གའི་མེ། །སྒོ་གསུམ་སྤྱད་པ་ཙམ་གྱིས་སྡིག་སྒྲིབ་ཀུན། །རྩ་ལྟར་སྲེག་ནུས་སྔོན་གྱི་ཕྲིན་ལས་སྟོབས། །དུས་ལས་མི་ཡོལ་བདག་ལ་བརྟན་པར་མཛོད། །ད་ནི་བདག་ཉིད་ད་ལྟ་གནས་པའི་སངས་རྒྱས་སྟོང་གི་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་སངས་རྒྱས་གངས་ཅན་མཚོའི་ཞིང༌། གཞི་དང་སྙིང་པོ་མེ་ཏོག་གིས་རབ་ཏུ་བརྒྱན་པའི་ཞིང་ལྟར་གྱུར་ཅིང༌། ཁྱད་པར་རང་རེ་གནས་པའི་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བའི་གནས་འདི་ཉིད་འོག་མིན་སྟུག་པོ་བཀོད་པའི་གནས་ལྟར་སྣོད་བཅུད་ཤིན་ཏུ་རྣམ་པར་དག་པར་གྱུར་ཏེ། དེར་མཁའ་ཁྱབ་ཀྱི་སེམས་ཅན་ཡོད་དོ་ཅོག་ཞུགས་ནས་ས་ལམ་གྱི་རྟོགས་པ་སྐད་ཅིག་གིས་སྐྱེ་རུང་དུ་གྱུར་པ་དང༌། བདག་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཐམས་ཅད་ནམ་མཁས་ཁྱབ་པར་བཞུགས་པའི་བླ་མ་དཀོན་མཆོག་ལ་འབུལ་བའི་དགེ་བས་བདག་སོགས་འགྲོ་ཀུན་གར་གནས་པའི་སྣོད་བཅུད་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་དང་སྐལ་པ་མཉམ་པའི་ཆེད་དུ་བསྔོ་བས་དེ་ལྟར་འགྲུབ་པར་གྱུར་ཅིག སངས་རྒྱས་ཞིང་འདི་དག་སྦྱངས་ཕུལ་བའི་དགེས། །ཞིང་འདིའི་རྟེན་ལ་རྫོགས་སངས་ཐོབ་གྱུར་ནས། །འགྲོ་བ་ཀུན་གྱི་མ་དག་གནས་ཐམས་ཅད། །སངས་རྒྱས་ཞིང་མཆོག་དམ་པར་དག་གྱུར་ཅིག །ད་དེ༴ མགོན་པོ་འབྲི་ཁུང་པའི་གསུང་གིས། ལར་ཅིས་ཀྱང་མི་ལྟོ་འཆི་བ་ལ། །ཀ་བློ་གཏད་ཅིག་འདུག་གམ་མི་འདུག་ལྟོས། །ཞེས་གསུངས་པ་ལྟར་སྙིགས་མ་ལྔ་བདོའི་ཚེ་ཐུང་འདི་ལ་ཆོས་བརྒྱད་སོགས་ཚེ་དང་འཁོར་བའི་ཆེད་དུ་གང་བྱས་ཀྱང་གཏན་བདེའི་བྱ་བར་མི་འགྲོ་བས། ལོང་ཁོམ་གང་ཡོད་ཚེ་ཕྱི་མ་ཕན་གྱི་ནམ་ཕུགས་ཀྱི་ཐེས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་ཁོ་ན་ལས་བྱ་ལོང་མེད་པར་འབུང་དགོས། འོ་ན་ད་ལྟ་རང་མི་འཆི་སྙམ་ན་ཚེ་སྲོག་མི་རྟག་པ་ལ་རྟག་འཛིན་གྱིས་བླུན་ཆེས་པས་བདེན་ཏེ། གཏུགས་ཀྱི་བྱུང་ན་བཟོད་པའི་གླགས་མི་རྙེད་པས། དབེན་སུམ་པ་མགོན་ཡེས། མ་བསམས་ཀྱི་བློ་བྲལ་འཇིག་དུས་མེད། །རང་ཐོག་ཏུ་བྱུང་ན་ཅི་ཙུག་བྱེད། །ཅེས་གསུངས་པ་ལྟར་བསམས་ན་བློ་ཕབ་ནས་སྡོད་ཚུགས་པའི་སྐབས་མེད། མདོར་ན་ད་ལྟ་རང་རེ་ཀུན་ནམ་འཆི་ངེས་མེད་འདི་གཏན་གྱི་གྲོས་ཁྱུ་ནས་འབུད་ལུགས་འདིས་རང་རེའི་གཏན་འདུན་གྱིས་རྐང་གཏོར་བ་ཡིན། དེས་ན་ཚེ་ཕྱི་མར་ནམ་འགྲོ་ཆ་མེད་རྒྱུད་ལ་སྐྱེས་ན། སྐྱེ་རྒ་ན་འཆི་སོགས་འཁོར་བ་ལས་ཐར་ཐབས་ཀྱི་བྱ་བ་ལ་མི་འཇུག་པ་མི་སྲིད་དེ་ཤ་མཁོན་ཅན་བཙོན་ལས་ཅི་ཐར་བྱེད་པ་ལྟ་བུ་ལས་ཚེ་འདིའི་རྙེད་བཀུར་གྱི་སྡུག་བསྔལ་ལ་བདེ་བར་འཁྲུལ་ནས་དེའི་ཆེད་དུ་བྱ་བློ་ཀུན་སྨྱོ་སྤྱོད་ཁོ་ནར་བས་ན། ཚེ་འདིའི་རྙེད་བཀུར་རྣམས་བཤང་གཅི་ལྟར་འདོར་བའི་བྱ་བྲལ་གྱི་བློ་རྒོད་ལངས་པ་ཅིག་འོང་སྟེ། རྒྱལ་བ་རྒོད་ཚང་པས། ཕ་ཡུལ་འཁྲེང་ཐག་ཆོད་པ་དང༌། །ཉེ་འབྲེལ་འབྱར་རྩི་གོགས་པ་དང༌། །ལོངས་སྤྱོད་ཀྱི་འཁྲི་བ་ཆོད་པ་གསུམ། །འཆི་སྙིང་དུ་གཟེར་ན་ཅིས་མི་འོང༌། །ཞེས་གསུངས་པ་ལྟ་བུའི་བློ་མི་སྲིད་པས། ནམ་འཆི་ངེས་མེད་གཟེར། །བྱེད་རྒྱུ་ཆོས་སུ་འདུག་པས་ལུས་ངག་ཡིད། །དགེ་སྒྲུབ་སྡིག་སྤོང་ཁོ་ནས་མི་ཚེ་སྐྱོལ། །དེ་ལས་བྱ་བ་གལ་ཆེན་གཞན་ཡོད་དམ། །

དེ་ནས་བདེ་བའི་སྟན་ལ་དེས་ན་གདན་སྨྱུག་བྲི་བ་འདྲ་ལ་བཤང་གཅི་ངར་སྣབས་སོགས་དོར་ཏེ། རྐང་པ་རྡོ་རྗེ་སྐྱིལ་དཀྲུང༌། ལག་པ་མཉམ་གཞག སྒལ་ཚིགས་བསྲངས་དཔུང་པ་རྒོད་གཤོག་ལྟར་བཀྱེད། མགྲིན་པ་དགུག ལྕེ་མཆུ་རང་བབས་སུ་བཞག མིག་མིག་འབྲས་ཀྱི་མཚམས་སུ་ལྷོད་ཀྱིས་བལྟ། ལུས་ཡི་དམ་དུ་གསལ་གདབ། སྤྱི་བོར་བླ་མ་བསྒོམ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་རྟེན་ཅིང་འབྲེལ་བར་འབྱུང་དུ་རུང་བའི་བྱང་ཆུབ་ཀྱི་སེམས་གཉིས་ལ་བློ་སྦྱངས། དེ་ནས་མི་དྲན་དགུ་དྲན་གྱི་རིག་ཏུར་ཏུར་པོའི་ཤེས་པ་འདི་ཉིད། གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱི་ཡུལ་ཡིད་དུ་འོང་མི་འོང་གང་ལའང་ཡིད་བྱེད་ཀྱི་རྟོག་པ་དང་དཔྱོད་པ་ཙམ་དུ་ཡང་མི་བྱེད་ཅིང༌། དེ་ལྟར་མི་བྱེད་པ་ན་ཤེས་པ་དེ་ཉིད་ཆགས་སྡང་གི་རྟོག་པའི་རྗེས་སུ་འབྲང་བ་ལྟ་ག་ལ་ཞིག་པས། མིག་ཤེས་ཀྱི་ཡུལ་གྱི་རྡེའུ་ལྟ་བུ་ཞིག་མིག་ཤེས་ཀྱིས་མངོན་སུམ་དུ་བྱས་པས་རྡེའུའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དེ་ཡིད་ཤེས་ཀྱི་ཡུལ་དུ་སོང་བའི་ཚེ་དེ་ག་ལ་རྩེ་གཅིག་ཏུ་སེམས་འཛིན། སེམས་འཛིན་གྱི་དམིགས་པ་དེ་ཉིད་ལ་ཤེས་པ་མ་ཡེངས་པར་སྟན་ལ་ཁབ་བཙུགས་པ་ལྟ་བུར་ཅི་གནས་བྱ་ཞིང༌། དེ་ལས་གཞན་དུ་རྡེའུ་དེ་ཉིད་དམ་ཡུལ་གཞན་ལ་ཡེངས་སྟབས་ཀྱི་ཤེས་པ་ཧད་དེ་བའི་རྣམ་གཡེང་དུ་མ་སོང་བར་དྲན་ཤེས་ཀྱིས་བཟུང༌། ཡང་སེམས་འཛིན་རྡེའུ་དེ་ཉིད་ལ་བརྟེན་ནས་ཤེས་པ་གནས་སུ་མ་འདོད་ན། མིག་བཙུམ་པའི་ཟིམ་མེར་བྱས་ཏེ་ཤེས་པ་གཟུགས་སོགས་ཡུལ་གྱི་རྗེས་སུ་མི་འབྲང་བར་ཤེས་པ་ཁོ་རང་གི་ངོ་བོ་ལ་དྲན་པས་རྩེ་གཅིག་ཏུུ་གནས་ཏེ་སེམས་བྱུང་གཞན་གྱིས་བར་མ་ཆོད་པར་བྱའོ། །

ཡང་མིག་ཟིམ་མེར་བྱས་ཏེ་རྡོ་རྗེ་ནོར་བུའི་རྩེ་མོའམ་མལ་འོག་གང་བདེར། ཐིག་ལེ་ནག་པོ་ཆེ་ཆུང་སེམས་གང་ཟིན་ལ་རེས་མོས་ཀྱིས་དམིགས་པ་གཏད། རྣམ་རྟོག་ཆགས་སྡང་གི་ཡུལ་སོགས་དགེ་མི་དགེ་ལ་ཆེར་འཕྲོས་ནས་སེམས་ཡེ་མ་ཟིན་ན། ཕྱག་ལེན་ལས་འབྱུང་བ་ལྟར་གྱི་ལུས་གནད་དྲག་པོས་བཅུན། སྔས་དང་འབོལ་སྟན་འཐུག་པར་བྱ། གྲང་བ་དང་རླུང་ནད་ཅན་ཡིན་ན་ཟས་གསར་བཅུད་ལ་རྟེན་པའི་དྲོ་བའི་སྤྱོད་ཡུལ་བརྟེན། དེ་ནས་ཤེས་པ་རང་ཉིད་དམིགས་པ་འཛིན་ནུས་སུ་མི་གསལ་བའམ། ཤེས་པ་ཉིད་ལ་དམིགས་པ་མི་གསལ་བའི་སེམས་བྱིང་པ་སྟེ་རྨུགས་པར་གྱུར་ན། ཕུང་པོ་གསུམ་པ་ཁ་བཏོན་དུ་བྱ་ཞིང༌། ཉེས་ལྟུང་སོགས་ཀྱི་སྡིག་སྒྲིབ་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པ་དང༌། བླ་མ་དང་དཀོན་མཆོག་གི་ཚོགས་ཞིང་གསལ་བཏབ་ནས་བསགས་སྦྱངས་ཡན་ལག་བདུན་པ་དང་ཡི་གེ་བརྒྱ་པ་སོགས་རིག་སྔགས་བྱིན་རླབས་ཅན་བཟླ། ལས་རྒྱུ་འབྲས་ཀྱི་གསུང་རབ་ལ་བལྟས་ཏེ་ངེས་པར་འབྱུང་དང་དད་པ་སྙིང་རྗེ་ཅི་སྐྱེ་བྱས་ནས་ཁམས་ངལ་གསོ། དྲི་བཟང་གི་ཆུ་ལ་རིགས་སྔགས་ཁྱད་པར་ཅན་བཟླས་པས་ཁྲུས་བྱ་ཞིང་གདོན་བགེགས་འཇོམས་པའི་སྨན་གྱི་དུ་བས་བདུག

ཡང་སེམས་བློང་བློང་པོས་ཤེས་པ་མི་ཕེབས་པར་ཚོར་བདེ་དོན་གཉེར་སོགས་ཀྱིས་སེམས་རྒོད་པར་གྱུར་པའི་ཚེ། འབྱོར་ན་དཀོན་མཆོག་དང་བླ་མའི་རྟེན་བཙལ་ཏེ་ཕར་ཕྱིན་དྲུག་ལྡན་གྱི་བསམ་སྦྱོར་གྱིས་གོས་ཟུང་གཙང་མ་འབུལ་བ་དང༌། གཙང་ལེགས་རྒྱ་ཆེ་ཞིང་གྱ་ནོམ་པའི་ཁྲི་གདུགས་རྒྱལ་མཚན་རྔ་ཡབ་རོལ་མོ་སོགས་མཆོད་པ་སྔགས་ཚིག་བསྟོད་དབྱངས་དང་བཅས་ཏེ་འདི་ལྟར། འདས་དང་མ་འདས་འཇིག་རྟེན་ཁམས་རྣམས་སུ། །མཆོད་འོས་དངོས་པོ་ཇི་སྙེད་མཆིས་པ་དག །བྱང་སེམས་ཀུན་བཟང་མཛད་པའི་ཕྲིན་ལས་ཀྱི། །རྗེས་སུ་ཞུགས་ནས་རྒྱལ་བ་སྲས་བཅས་ལ། །མཆོད་བཀུར་བསྟོད་བསྙེན་དགེ་བ་དཔག་མེད་དེ། །བདག་སོགས་འགྲོ་བ་རྫོགས་བྱང་འཐོབ་ཕྱིར་བསྔོ། །ཞེས་པས་འབུལ། མ་འབྱོར་ན་ཡིད་ཀྱིས་ཕུལ་ཏེ། སླར་ཡང་ཕྱག་དང་སྐོར་བ་བྱེད་པ་ན། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨོཾ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶ་དྡྷ་ཡ། ཏདྱཐཱ་འདི་ལྟ་སྟེ། ཨོཾ་རཏྣེ་རཏྣེ་ཨོཾ་བསོད་ནམས་ལ་བསོད་ནམས་ལ་བསོད་ནམས་ཆེན་མོ་རིན་ཆེན་རྣམ་རྒྱལ་མ་མ་ཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱཧཱ། ཞེས་བརྗོད་པས་ཕྱག་སྐོར་རེ་རེའང་འབུམ་འགྱུར་གྱི་བསག་སྦྱང་དུ་འགྱུར་རོ། །

ཡང་མལ་དུ་བསྡད་ནས་ལུས་སེམས་ཁོང་གློད་དེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སོགས་སངས་རྒྱས་དཀོན་མཆོག་རྣམས་ནི་བསྐལ་པ་དཔག་ཏུ་མེད་པ་ནས་མ་རྒན་སེམས་ཅན་རྣམས་ལ་ཐུགས་རྗེས་མ་བཟོད་ནས། དེ་དག་སངས་རྒྱས་ཀྱི་སར་འགོད་པའི་བསག་སྦྱང་རྒྱ་མཚོ་བསྐལ་པ་རྒྱ་མཚོར་སྤྱད་པས་མཁྱེན་བརྩེ་ནུས་གསུམ་གྱི་མཐུ་སྟོབས་རྟོགས་པ་དང་འབད་པ་མེད་པར་འབྱུང་བའི་ཡོན་ཏན་གྱི་ངོ་མཚར་དང༌། དེའི་ཐུགས་རྒྱུད་ལ་བཞུགས་པའི་དམ་པའི་ཆོས་དཀོན་མཆོག་ནི་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་རྟོགས་པའི་བྱང་ཆུབ་ནམ་མཁའ་ལྟ་བུ་དང༌། དེའི་སེམས་སྒྱུ་མ་ལྟ་བུ་གང་ལ་མངོན་དུ་གྱུར་པ་ན་སྤང་བྱ་མ་ལུས་པ་སྤངས། རྟོགས་བྱ་མ་ལུས་པ་ཡོངས་སུ་རྟོགས་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཟད་མི་ཤེས་པ་ཐོབ་པའི་ཡོན་ཏན་གྱི་ངོ་མཚར་དང༌། སྟོན་པ་དེའི་རྗེས་སུ་ཞུགས་པའི་དགེ་འདུན་དཀོན་མཆོག་ནི་རྫོགས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུའི་དགེ་བ་ལ་དོན་དུ་གཉེར་བའི་བསམ་སྦྱོར་གྱི་འདུན་པ་ཕྱིར་མི་ལྡོག་པར་ཞུགས་པའི་གང་ཟག་དེ་དག་ནི་བརྩོན་པ་དེའི་མཐུ་ལས་འཁོར་བ་ཐོག་མེད་ཀྱི་སྡིག་སྒྲིབ་རྣམས་ཀྱང་སྐད་ཅིག་ཙམ་གྱིས་འགག་ཅིང༌། དགེ་འདུན་དེ་དག་གང་ཟག་གཞན་གྱིས་མཐོང་ཐོས་དྲན་རེག་ཙམ་གྱིས་མི་ཁོམ་པའི་གནས་ལས་ཐར་ཏེ་དལ་འབྱོར་གྱི་དངོས་པོ་འཐོབ་ལ་གུས་པས་མཆོད་ཅིང་བསྙེན་ན། འཁོར་བ་དང་ངན་སོང་གི་རྒྱུན་ཆད་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འཇུག་ནུས་པའི་ཡོན་ཏན་གྱི་ངོ་མཚར་ལ་སེམས་རྩེ་གཅིག་ཏུ་བཟུང་ནས། སངས་རྒྱས་ཆོས་དགེ་འདུན་དཀོན་མཆོག་ཡིད་ལ་བྱེད་པ་དང་མ་བྲལ་བས་དཀོན་མཆོག་རྗེས་དྲན་གྱི་མདོ་ཁ་བཏོན་དུ་བཀླགས་ཏེ་དགེ་བ་བྱང་ཆེན་དུ་བསྔོ།

༡༠

རང་རེའི་རྒྱུད་ལ་འཁོར་བའི་ཉེས་དམིགས་ལ་ངེས་འབྱུང་དང༌། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་དོན་གཉེར་གྱི་དད་པ་དང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རྙོག་པ་དང་བྲལ་བའི་སེམས་རབ་དྭངས་ཀྱི་ཤིན་སྦྱངས་སོགས་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་གྱུར་གྱི་དགེ་རྩ་སྐད་ཅིག་ཙམ་བསྐྱེད་པར་ནུས་པའི་བླ་མ་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་ནས་བདག་སོགས་སེམས་ཅན་ཐམས་ཅད་བྱིན་གྱིས་རླབས་པའི་ཆེད་ཀྱི་སྤྲུལ་པའི་སྐུར་བྱོན་པ་ཡིན་པས་འདི་ཉིད་ཀྱི་མཛད་པ་ཕྲིན་ལས་དང་བདག་རྒྱུད་མི་འབྲལ་བར་བསྟེན་ཅིང༌། བླ་མ་འདི་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་ངོ་བོ་ཡིན་པའི་ཕྱིར། ཞིང་དམ་པ་འདི་ཁོ་ན་ལ་ཚོགས་བསགས་པས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་ཞིང༌། བླ་མ་དེ་ལྟ་བུས་དགེ་མི་དགེའི་མཛད་པ་ཅི་བསྟན་པ་ཐམས་ཅད་ཀྱང་ཕྲིན་ལས་བཞིས་འགྲོ་བ་འདུལ་ཆེད་ཡིན་ཅིང་དེའི་ཞབས་ཏོག་ཏུ་བདག་གི་སྒོ་གསུམ་ལོངས་སྤྱོད་དགེ་རྩ་དང་བཅས་པ་བཏང་ཆོག་པས་སྤྱད་པ་འདིས་བདག་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་འཐོབ་པའི་རྒྱུར་ངེས་པར་འགྲོ་བའི་དགའ་སྤྲོ་ཚད་མེད་པའི་བསམ་པས་དྲངས་ནས། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཡོན་ཏན་དྲན་བཞིན་པའི་བསྟོད་པ་དང༌། ཁྱད་པར་མཁའ་མཉམ་གྱི་མ་རྒན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལ་ཤིན་ཏུ་སྐྱོ་བས་སྡུག་བསྔལ་གྱི་སྨྲེ་སྔགས་ཀྱིས་སྐྱབས་སྐྱེལ་ཞུ་བའི་གསོལ་འདེབས་ཀྱི་འོ་དོད་ཆེར་འབོད་ཅིང༌། སེམས་དེ་ཉིད་ལ་མ་ཡེངས་པར་རྩེ་གཅིག་ཏུ་བཟུང་སྟེ་བསྐྱང་བར་བྱའོ།།

༡༡

ཡང་དེ་ལྟར་བྱས་པས་ཡུལ་ལ་གཡོ་བའི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཐམས་ཅད་ཆད་དེ། མི་རྟོག་པར་ལྷན་ནེ་གནས་ཤིང༌། ཡང་དེའི་ངང་ནས་དད་པ་དང་སྙིང་རྗེ་དང་ངེས་འབྱུང་གཞིར་དང་ལྡན་པའི་ཤེས་པ་བུན་ལོང་དུ་གྱུར་ན་ཉམས་པར་རྒྱུན་ཇེ་རིང་བཞག་ནས་དགེ་རྩ་བྱང་ཆུབ་ཏུ་བསྔོ།

༡༢

དེ་ལྟར་བསྒོམས་པས་གང་ལ་དམིགས་པ་དེ་ཉིད་དམ། དམིགས་པ་དེ་ཉིད་ལ་རྩེ་གཅིག་ཏུ་གནས་པའི་རྒྱུན་གྱི་ཤེས་ཉམས་དེ་ཉིད་ལས་ཡེངས་པ་ན་ཡང་སྔར་གྱི་གནས་པ་དེ་ཉིད་དྲན་ཤེས་ཀྱིས་མཚམས་སྦྱར་ནས་ནང་དུ་མཉམ་པར་བཞག་པའི་ཚེ་མཉམ་གཞག་དེ་ཉིད་ལ་ནང་དུ་འཇོག་པ་ན་འཇོག་བྱར་ཡོད་ལ། ལྡང་བ་ན་ལྡང་བྱ་རང་དབང་ཅན་དུ་གྱུར་པས་ཤེས་པ་བཀོལ་དུ་བཏུབ་སྟེ། ཉོན་མོངས་པས་བློང་བློང་པོར་མི་བྱེད་པའི་སེམས་ལྷོད་ཆགས་པ་ཞིག་འབྱུང་ལ། དེའི་དུས་གཟུགས་སྒྲ་སོགས་ཕྱི་དོན་ལྔ་ལ་འདུ་བྱེད་ཀྱིས་སྤུ་རིས་སོ་སོར་གཅོད་པའི་རྟོག་དཔྱོད་ཀྱི་འཇུག་པ་ཆད་དེ་སྣང་བ་ཐམས་ཅད་ཟི་བུན་ནེ་བར་འགྲོ་བ་ཡོང༌། དེ་ལ་ཉམས་བརྟན་པ་ན་སྔ་དྲོ་ཕྱི་དྲོ་ཙམ་ཇི་ལྟར་སོང་མི་ཚོར་བ་དང༌། བཟའ་བཏུང་མ་སྤྱད་ཀྱང་བཀྲེས་སྐོམ་མེད་པར་ལུས་སེམས་ཉམས་དེ་ཉིད་ཀྱིས་བརྟས་ཏེ་བདེ་འབོལ་ལེར་མཉེན་ལྕུག་ཏུ་དབུགས་ཀྱི་རྒྱུ་བ་ཡང་མི་ཚོར་བ་ཉམས་བྱེད་པ་འོང་ངོ༌། །

༡༣

ཡང་ཉམས་དེ་བརྟན་པས་ཕྱིའི་རེག་བྱ་ལ་མ་ལྟོས་པར་ནང་དུ་སྲོག་རྩ་དང་མིག་སོགས་ནས་དབང་པོའི་ནང་དུ་རླུང་ཟིན་པས་ཤིག་གམ་སྲིན་བུས་བཟོས་པ་ལྟ་བུའི་རྩེ་འདར་གྲང་ཤུམ་སྦྲིད་ཡམ་གྱི་ལུས་ཀྱི་རྐང་གི་ཁོང་ཚུན་ནས་ཚོར་བ་བདེ་བ་ཁོལ་བ་སྙམ་པ་དང༌། ཚོར་བས་ཚིམ་ཆེས་པས་ལུས་སེམས་གར་བུར་བསྒོར་བ་ལྟར་སོང་བས་ལྷང་མི་བཏུབ་ཅིང་མི་འདོད་པ་དང༌། གསང་སྔགས་ནས་བཤད་པའི་བདེ་ཆེན་གྱི་ཡེ་ཤེས་དེ་ཡང་འདི་ལས་ལྷག་པ་ཅང་ཡོད་སྙམ་པ་འབྱུང༌། དེས་དྲངས་ནས་སེམས་ཀྱི་ཐོག་ཏུ་ཕྱིའི་གཟུགས་སྒྲ་སོགས་ཡིད་དུ་འོང་བ་ལ་ཡིད་བདེའི་ཆགས་པ་ལྷུ་མ་ཡིན་པར་ལུས་ཤིན་སྦྱངས་ཀྱི་བདེ་བས་དྲངས་པའི་དགའ་བ་དེས་འདོད་ཁམས་ཀྱི་ཆགས་པ་སྦྱངས་པའི་སེམས་རབ་དྭངས་ལ་ཆོག་མི་ཤེས་པའི་ཚིམ་པ་སྤྱི་གཙུག་ནས་རྐང་མཐིལ་གྱི་བར། ལུས་ཕྱི་ནང་ཐམས་ཅད་དུ་ཁྱབ་པ་སྙམ་པ་དང༌། ཡིད་དགའ་དེས་ནམ་མཁའི་མཐའ་ཁྱབ་པ་སྙམ་བྱེད་པ་དང༌། དགའ་བ་དེ་ལས་ལྷག་པ་བཅོམ་ལྡན་འདས་ཡབ་ཡུམ་གྱི་ལས་རྒྱའི་སྙོམས་འཇུག་ལའང་མེད་པ་སྙམ་བྱེད་པ་འབྱུང༌།

༡༤

ཡང་དེ་ལྟའི་དགའ་བས་དྲངས་པའི་གསལ་ཆ་ལ་བསྐལ་དོན་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ཀྱང་མངོན་དུ་གྱུར་སྙམ་བྱེད་པ་དང༌། ཤེས་བྱའི་ཆོས་གང་ལ་རྟོག་དཔྱོད་བྱས་སོ་ཅོག་ཤེས་སྙམ་བྱེད་པ་དང༌། ཤེས་པ་དེ་ཉིད་ལ་ཕྱི་ནང་གི་ཆོས་ཐམས་ཅད་སྒྲིབ་གཡོགས་དང་བྲལ་བར་ཤེལ་གོང་ལ་གཟུགས་བརྙན་ལྟར་འཆར་བ་སྙམ་བྱེད་པས་བདག་ཉིད་ཐམས་ཅད་མཁྱེན་པ་ཡིན་པར་སེམས་པ་ཡང་འབྱུང་ཞིང༌། མིག་རྣ་སོགས་ཤེས་པ་ཐ་མལ་གྱི་དུས་ཀྱི་གསལ་རིག་ལས་སྟོང་འགྱུར་ཁྲི་འགྱུར་གྱིས་གསལ་ཞིང་རིག་པ་སྙམ་པ་འབྱུང༌།

༡༥

ཡང་ཤེས་པའི་གསལ་ཆ་དེ་ཉིད་ལ་མཉམ་པར་བཞག་པ་ན། དེ་ལས་གང་དུ་ཡང་མི་རྟོག་པར་ཤེས་ཉམས་དེ་ཉིད་ཀྱི་རྟོག་དཔྱོད་དང་དགའ་བདེའི་ཡུལ་ལ་གཡོ་མི་ནུས་པར་རིག་པ་རང་དྭངས་མར་མེ་དྲི་མ་མེད་པ་འབར་བ་ལྟར་སྒྲ་རྟོག་གི་མུན་པ་ཞི་བ། རླུང་དབུ་མར་ཆུད་པ་ལ་ཡང་འདི་ལས་ལྷག་པའི་མི་རྟོག་པ་མེད་སྙམ་པ་འབྱུང༌།

༡༦

ཡང་ལྟ་སྤྱོད་མི་གཅིག་པའི་དབང་གིས་སམ། གཅིག་ཀྱང་ལྟ་བ་དང་ཚུལ་ཁྲིམས་པ་ལས་ཉམས་པའམ་བླ་མའམ་གྲོགས་དང་ལྷན་ཅིག་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་སྟབས་སུ་བྱས་པའམ། རྟེན་དང་གནས་གཞི་འདྲེ་ཅན་ལ་སོགས་པར་དཀོར་བདག་གཉན་པོས་བཟུང་བའི་གནས་སོགས་དཀོར་ལ་ལོངས་སྤྱད་པའམ། གཤིན་པོ་སོགས་ཆེས་རེ་ལྟོས་བཅས་པའི་དད་རྫས་སམ། མཛེ་ཅན་མི་གཙང་བའི་གྲིབ་དང་དཔོན་སློབ་དང་དཔོན་གཡོག་ལ་སོགས་ཀྱི་སེལ་ཞུགས་པའི་གང་ཟག་རྣམས་དང་སྤྱོད་ཡུལ་བསྲེས་པའི་དབང་གི་གྲིབ་ཀྱིས་སེམས་འཚུབ་ཅིང༌། ཆགས་སྡང་དང་མྱ་ངན་སོགས་ཉོན་མོངས་དང་སྡུག་བསྔལ་སྣ་ཚོགས་དང༌། ལུས་ན་ཚ་སོགས་ཀྱིས་དགེ་སྦྱོར་ལ་བར་ཆད་བྱུང་ན། ལྷག་པར་རྡོ་རྗེ་སེམས་པའི་སྒོམ་བཟླས་དང༌། ཁྱད་པར་བུམ་པ་མཚན་ལྡན་བུམ་རྫས་ཚང་བ་གཙང་ཞིང་དྲི་མ་མེད་པའི་ཆུ་དྲི་བཟང་དང་བཅས་པ་སྦྱར་ཞིང༌། མཐའ་མཆོད་པས་བསྐོར་ནས་བུམ་པ་གཞལ་ཡས་ཀྱི་ཁང་པ་དང༌། དེར་རྡོར་སེམས་ཡབ་ཡུམ་བསྐྱེད་ནས་ཐུགས་ཀར་ཟླ་གདན་ལ་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་འཁོར་བཞིན་པ་ལས་འོད་འཕྲོས། སེམས་ཅན་རྣམས་ཀྱི་སེམས་རྒྱུད་སྡོམ་དམ་ཉམས་ཆག་ལ་སོགས་པའི་རྐྱེན་གྱིས་ཏིང་ངེ་འཛིན་དང་ཤེས་རབ་ཉམས་པ་སོགས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད་ནས་སྔགས་ཕྲེང་ལ་བསྡུས་ཏེ། བུམ་ལྷ་ལ་མཆོད་བསྟོད་བྱས་ནས་ལྷ་དེ་ཉིད་སྡིག་སྒྲིབ་སྦྱོང་བྱེད་ཀྱི་བདུད་རྩིའི་ཆུར་ཞུ་བར་དམིགས་ཤིང༌། སླར་ཡང་རང་གི་སྙིང་ག་ནས་འོད་འཕྲོས་རང་བཞིན་གྱི་གནས་ན་བཞུགས་པའི་རྡོ་རྗེ་སེམས་དཔའི་ལྷ་ཚོགས་དཔག་ཏུ་མེད་པ་སྡིག་སྒྲིབ་ཉེས་ལྟུང་བཀྲུ་བའི་དབང་སྦྱིན་པའི་ཆེད་དུ་སྤྱན་དྲངས་ནས། དེ་དག་གིས་བུམ་པ་འཛིན་བཞིན་དུ་ཇི་ལྟར་བལྟམས་པ་སོགས་ཀྱིས་བུམ་པའི་ཆུས་ལེགས་པར་ཁྲུས་བྱ་བ་དང༌། ལུས་སེམས་གང་དུ་མ་བདེ་བའི་གནས་དེར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྒོམ་ཞིང་ཧཱུྃ་ཡིག་ཟློས་སུ་བྱའོ། །

༡༧

ཡང་དེ་ལྟར་བྱས་ཀྱང་བར་ཆད་མ་ཞི་ན་རྩ་བའི་བླ་མ་དེ་ཉིད་རང་གི་ཡི་དམ་གང་ཡིན་པའི་རྣམ་པར་གསལ་བཏབ་ནས་ལུས་སེམས་མ་བདེ་བའི་གོ་དེ་ཉིད་དུ་བསྒོམ་པའམ། ཡང་ན་རང་གི་ཡི་དམ་དེ་ཉིད་རྩ་བའི་བླ་མའི་རྣམ་པར་གསལ་བཏབ་ནས་ལུས་སེམས་མ་བདེ་བའི་གོ་དེ་ཉིད་དུ་བསྒོམ་ཞིང༌། ཡང་ན་གང་མ་བདེ་བ་དེ་ཉིད་ཡུལ་དུ་བྱས་ཏེ་དེར་ཤེས་པ་གསལ་ཞིང་དྭངས་པའི་ངར་དང་ལྡན་པས་མ་བཅོས་པར་ཧྲིག་གེ་ཁབ་མིག་ཏུ་སྐུད་པ་འཛུད་པ་བཞིན་དུ་འཇོག་ཅི་ཐུབ་བྱའོ། །

༡༨

དེ་ལྟར་བྱས་ཀྱང་འཇོག་མི་ཐུབ་པར་རླུང་དྲག་པོས་ཆར་པ་ཆེན་པོ་ཕྱར་བ་བཞིན་རྣམ་རྟོག་འཕྲོ་ན། རྣམ་རྟོག་གི་ངོ་བོ་རིག་གསལ་ཙམ་ལ་ཁ་ནང་ཁོ་ནར་ཕྱོགས་པས་མ་ཡེངས་པར་རྣམ་རྟོག་གི་ངོ་བོ་ལ་རྐྱང་འདེད་དུ་བྱས་ནས་རྣམ་རྟོག་དེའི་ཁ་ཕྱིར་བལྟའི་དགེ་མི་དགེའི་ཀུན་སློང་གི་རྟོག་པས་ཡིད་ཀྱི་དགེ་མི་དགེའི་ལས་གང་ཡང་བསག་མི་འཇུག་པར་ཤེས་པ་རང་བབས་ཀྱི་ཀློང་དུ་ཆུད་ཆུད་དུ་ངལ་གསོར་གཞུག་གོ །

༡༩

དེ་ལྟར་བསྒོམས་པ་ན་ཤེས་པ་དྭངས་སྙིགས་ཕྱེ་ནས། སྤྱིར་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་ཆེས་སྐྲག་ཆེ་ཞིང༌། ཁྱད་པར་སྐྱེ་རྒ་ན་འཆི་དབང་མེད་ཀྱི་ཡིད་གཏིང་ནས་མ་བདེ་བར་འཁོར་བ་དང་ངན་སོང་སྐྱེ་སོགས་ཀྱི་སྡུག་བསྔལ་ལས་ཅི་ཐར་གྱི་ངེས་འབྱུང་དྲག་ཏུ་སྐྱེ་སྟེ། དེ་ཙ་ན་མངོན་མཐོ་ངེས་ལེགས་ཀྱི་བྱ་བ་སྒྲུབ་པ་ལས་མ་གཏོགས། ཚེ་འདིའི་ཆོས་བརྒྱད་ཀྱི་བྱ་བ་ལ་རང་གཞན་སྦྱོར་ཞིང་སྒྲུབ་པ་ནི། གསོད་སར་ཁྲིད་པའི་བཙོན་ར་ལྟ་བུའི་གནས་ལ་ཆེས་ཡ་ང་ཞིང་སྐྲག་པའི་བློ་བརྒྱ་སྟོང་གིས་ཀྱང་བསྒྲུན་དུ་མེད་པའི་ཚེ་འདིའི་བྱ་བ་སྒྲུབ་པ་ལ་སྔ་པ་སྔངས་སྐྲག་ཆེས་ཆེ་བས་ཡ་ང་སྟེ་བློ་ཡི་མི་འགྲོ་བར་བློ་སྣ་ཐུང་སྦུད་དེ། ཉལ་ན་གཉིད་མི་ཕེབས། ལྟོ་དང་ཀར་མི་འགྲོ་ཟོས་པ་ལུས་ཟུངས་སུ་མ་སོང་བར་ཉམས་སྟོབས་ཤོར་བའི་དུས་རྒྱུན་དུ་ཡིད་སྐྱོ་ཕྱེད་དེ་བ་ཞིག་འབྱུང་ལ། དེ་བྱུང་བ་ན་སླར་ངེས་འབྱུང་དེ་ཉིད་ལ་ངར་ཡང་ཡང་བླུད་ནས། མིག་མཆི་མ་འཁྲུག་ཅིང་ལུས་བ་སྤུ་ལྡང་ལྡང་དུ་ཉིན་མཚན་སྐད་ཅིག་ཀྱང་རྣམ་གཡེང་གིས་བར་མ་ཆོད་པར་དགེ་སྦྱོར་གྱི་ཐུན་དངོས་དང༌།

ཐུན་མཚམས་ཐམས་ཅད་དུ་དགེ་སྦྱོར་གྱིས་དུས་འདའ་བར་བྱའོ། །

༢༠

དེ་ལྟ་བུ་ཞིག་གི་བློ་སྐྱེས་པ་ན། ཚེ་འདིའི་བྱ་བ་ཕལ་པ་ཚ་དྲོའི་གཡོ་སྦྱོར་ཙམ་ཡང་བྱེད་མི་ཁོམ་ཁོམ་གྱི་བརྩོན་འགྲུས་རབ་ཏུ་འབར་ནས་ཉིན་མཚན་གྱི་ཆ་ཐམས་ཅད་ཀྱང་ཆེས་ཐུང་དུ་སོང་བ་འདྲ་བའི་ཉམས་འབྱུང༌། དེའི་དུས་ལྟོ་གོས་དང་གནས་མལ་འབྱོར་མ་འབྱོར་དང༌། ན་ཚ་སོགས་ཀྱིས་གཙེར་མ་གཙེར་གང་གིས་ཀྱང་རྩིས་གདབ་མེད་པར། ཚེ་རབས་ཕྱི་མ་ཕན་གྱི་རང་གཞན་ལ་ཕན་བདེའི་རྒྱུའི་དགེ་བློ་འཕེལ་ཐབས་ཁོ་ན་ལས་གཞན་གྱི་གཉེར་བྱ་མེད་པ་ན། ད་ལྟ་འཆི་བའི་རྐྱེན་དཔག་མེད་བྱུང་ཡང་དམ་པའི་ཆོས་མི་གཏོང་བར་སྲོག་དང་བསྡོས་ཏེ་དམ་པའི་ཆོས་ཉམས་སུ་ལེན་པ་ཞིག་འབྱུང་ངོ༌། །དེ་ལྟའི་དད་པ་ཅན་ལ་དགེ་བློ་ཉམས་པའི་རྐྱེན་དུ་འགྱུར་ན་ལོ་བརྒྱར་འཚོ་ཞིང་བདེ་སྐྱིད་ཡོ་བྱད་ལྷ་དབང་བརྒྱ་བྱིན་ལྟར་ཕུན་སུམ་ཚོགས་པ་འདྲ་ཞིག་བྱུང་ཡང་བྱ་རྟོད་ལ་མནན་པ་ལྟ་བུའི་བློ་ཞིག་མི་འབྱུང་མི་སྲིད་པས། དེ་བྱུང་བ་ན་སླར་ཤེས་པ་དེ་ཉིད་ལ་ངར་ཡང་ཡང་བླུད་ནས་རང་གི་སྒྲུབ་པའི་དམ་བཅའ་ལ་སངས་རྒྱས་ཉིད་བྱོན་ནས་བཟློག་ཀྱང་མི་ལྡོག་པ་ཞིག་འབྱུང༌། དུས་དེར་གཞན་ཟེར་ཚེ་འདི་སྒྲུབ་པའི་རང་གཞན་གཉིས་ཕུང་གི་ཚིག་ལ་སྙིང་པོ་མེད་པས་སུས་ཅི་ཟེར་ཀྱང་མི་ཉན་པར་འབྲོང་སྣ་ཐག་བོལ་བ་ལྟ་བུ་ཞིག་འབྱུང་བས་གོ་ཆ་དེ་ཉིད་ལ་ཡང་ཡང་དྲན་ཤེས་ཀྱིས་མཉམ་པར་བཞག་གོ །

༢༡

དེ་ལྟར་འཁོར་བ་མཐའ་དག་གི་བདེ་བའང་སྡུག་བསྔལ་གྱི་རྒྱ་མཚོར་ཤེས་པའི་ངེས་པ་དྲག་པོས་ཆགས་ཞེན་ལོག་པ་ན། ཚེ་འདིའི་བདེ་སྐྱིད་གཏམ་གསུམ་གྱི་འབྱོར་ཐབས་ཕྱི་ས་ལྟར་དོར་བ་ཞིག་མི་ཡོང་ཀ་མེད་པའི་དུས་ཟང་ཟིང་རྙེད་བཀུར་གྱི་འཁྲི་བ་བཙན་ཐབས་སུ་ཆོད་པས། ཚེ་འདིའི་དཔལ་འབྱོར་གྱི་འདུ་འཛི་བྲེལ་བ་ཐམས་ཅད་ཀྱི་ཆེད་གཉེར་སྐད་ཅིག་ཙམ་ཡང་གཉེར་མེད་དུ་བབས་པའི་འཇིག་རྟེན་བློས་བཏང་གི་བྱ་བྲལ་གྱི་ལྟ་སྒོམ་སྤྱོད་པའི་ཚུལ་ལ་རང་ཉིད་ཀྱང་ལེགས་བྱས་སུ་མཐོང་ནས་རྗེས་སུ་ཡི་རང་བའི་དགའ་བས་རང་གི་ལུས་སེམས་ཀྱང་བདེ་བར་ཚིམ་སྟེ། ལུས་ཀྱི་བྲོ་ནད་སོགས་ཀྱང་བྲལ་སྟོབས་དང་མདངས་དང་གཟི་བརྗིད་སོགས་ཀྱང་རྒྱས་ནས་དད་པས་དགེ་བའི་ཁམས་སོས་ཤིང༌། འཇིག་རྟེན་འདིའི་ཆོས་བརྒྱད་སྒྲུབ་བློ་ཟད་པའི་བྱ་བཏང་གི་སྐྱེས་བུ་ཁྱད་པར་ཅན་རྣམས་ཀྱི་མཛད་སྤྱོད་རྣམ་ཐར་དང་བཅས་པའི་ཆོས་གང་ཟག་ལ་ཡིད་འཕྲོག་པའི་དད་པས་རྗེས་སུ་ཡི་རང་བ་དང་དགའ་བའི་མོས་པ་སྐྱེས་ནས་དེའི་རྣམ་ཐར་ལ་སྨོན་པ་ཉིན་མཚན་དུས་འདའ་བ་འབྱུང་བས་དེ་ལྟར་གྱི་བློ་རྩལ་དེ་ཉིད་ལ་ཐུན་མཚམས་ཐམས་ཅད་དུ་དགེ་སྦྱོར་གྱི་ཤུགས་བསྐྱེད་དེ། དེ་ལྟའི་སྐྱེས་བུ་དམ་པའི་མཛད་པ་ལ་སློབ་པའི་འདུན་པ་དྲག་པོས་དྲངས་ནས་དགེ་སྦྱོར་རྣམས་ལ་རྣམ་གཡེང་གི་དབང་དུ་མི་གཏོང་པའི་དྲན་བསྐུལ་ཡང་ཡང་དུ་བྱའོ། །

༢༢

དེ་ལྟར་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པ་དང་རྣམ་ཐར་ཕུལ་དུ་ཕྱིན་པ་ལ་ཡིད་ཤོར་བའི་སྐལ་ཅན་དེས། སྔོན་བྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང༌། གཞན་ཡང་མཁས་ཤིང་གྲུབ་པ་བརྙེས་པའི་རྟོགས་ལྡན་འགྲོ་བ་རྣམས་ཀྱི་འདྲེན་པ་དེ་དག་གིས་ཀྱང་སྔོན་དང་པོར་སློབ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ཅིང་དེ་གོང་ནས་གོང་དུ་བོགས་ཐོན་ཏེ་མཁའ་མཉམ་གྱི་སེམས་ཅན་སྐྱབས་མགོན་བྲལ་བ་ཐམས་ཅད་སངས་རྒྱས་ཀྱི་སར་འཇོག་པའི་མཁྱེན་བརྩེ་ནུས་གསུམ་ཐོགས་པ་མེད་པ་ཐོབ་ཆེད་དུ། ཞིང་རྒྱ་མཚོར་སེམས་ཅན་རྒྱ་མཚོའི་བསམ་པ་དང་མཐུན་པར་བསྐལ་བ་རྒྱ་མཚོར་བསག་སྦྱང་རྒྱ་མཚོ་གཞལ་དུ་མེད་པ་བསགས་པས་ད་ལྟ་གདུལ་བྱ་སྣོད་དང་ལྡན་པ་གར་ཡོད་དུ་དེ་དག་འདུལ་བའི་མཁྱེན་བརྩེ་ནུས་པ་ཆགས་ཐོགས་མེད་པ་དང་ལྡན་པ་འདི་ལྟ་བུའི་ཕྲིན་ལས་སྐུ་དྲིན་ཅན་སྐུ་དྲིན་ཁོར་མེད་པོ་ཞེས།

མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་སྐྱོབས་པའི་ནུས་མཐུ་ཅན་འདི་དང་སྐྱེ་བ་འདི་ཉིད་ནས་བྱང་ཆུབ་སྙིང་པོར་ཆོས་སྐུ་གཅིག་ཏུ་མ་གྱུར་གྱི་བར་འདུ་འབྲལ་མེད་པར་བླ་མ་དམ་པའི་རྡོ་རྗེ་གསུམ་གྱི་མཛད་པའི་རྗེས་སུ་བདག་གི་སྒོ་གསུམ་འབྲང་ནས་ཚུལ་དེ་དང་མཐུན་པའི་སྒྲུབ་པས་བསྟེན་ཅིང་བླ་མ་དམ་པ་ཉིད་ཀྱི་རྣམ་ཐར་གྱི་རྗེས་སུ་འཇུག་ནུས་པར་བྱིན་གྱིས་རློབས་ཤིག ཅེས་དེའི་ཆེད་དུ་དགེ་བའི་རྩ་བ་ཐམས་ཅད་བླ་མ་དང་དཀོན་མཆོག་ལ་འབུལ་ཞིང་དེ་ལྟར་འགྲུབ་པར་གསོལ་བ་བཏབ་ནས་བདག་གཞན་གྱིས་བསགས་པའི་དགེ་རྩ་ཐམས་ཅད་ཀྱང་དེའི་ཆེད་དུ་བསྔོ་བར་བྱའོ། །

༢༣

ཡང་བླ་མ་དམ་པའི་ཐུགས་རྗེ་དང་བྱིན་རླབས་སྙིང་ཐག་པ་ནས་འཇུག་པར་འདོད་པའི་མོས་གུས་ཀྱི་གདུང་ཤུགས་ཅན་དེ་ཉིད་ལ་རྩ་བའི་བླ་མ་དམ་པ་འབའ་ཞིག་གི་ཡོན་ཏན་གྱི་གོ་འཕང་དོན་དུ་གཉེར་བ་མ་གཏོགས་འཁོར་འདས་ཀྱི་ཡོན་ཏན་དང་བདེ་འབྱོར་གང་ལའང་རེ་ལྟོས་མི་འཆའ་བར་ཅིག་ཆོག་བླ་མའི་མོས་གུས་དེ་ཉིད་ཀྱིས་བློ་སྣ་རང་དབང་མེད་པར་འཕྲོག་པ་ན་དཀོན་མཆོག་གསུམ་འདུས་བླ་མ་དེ་ཉིད་ཀྱི་བྱིན་རླབས་ཞུགས་ཏེ། བླ་མ་དམ་པས་བྱང་ཆུབ་ཆེན་པོ་སྒྲུབ་ཅིང་མངོན་དུུ་བརྙེས་པའི་རྣམ་ཐར་དེ་ཉིད་ལས་གཞན་གང་གི་བཀའ་བརྒྱུད་དང་རིང་སྲོལ་གྱི་རྗེས་སུ་མི་འཇུག་པ་ཞིག་འབྱུང་ལ། དུས་དེ་ཙ་ན་བདུད་བྱེ་བ་བརྒྱ་སྟོང་གིས་ཀྱང་དམ་པའི་ཆོས་དང་ཆོས་དེ་ཉིད་སྟོན་པའི་འདྲེན་པ་དང༌། བྱང་ཆུབ་ཀྱི་ལམ་ལས་ཐབས་ཚུལ་བྱེ་བ་བརྒྱ་སྟོང་གིས་ཕྱིར་ཟློག་ཀྱང་དཀྲིར་མི་བཏུབ་པའི་ཕྱིར་མི་ལྡོག་པའི་སྐྱེས་བུ་ཆེན་པོར་འགྱུར་བ་ཡིན་པས་བླ་མ་དམ་པ་ཉིད་ཀྱི་གོ་འཕང་ཅི་ཐོབ་ལས་གཞན་དུ་སེམས་པ་མེད་པ་ཞིག་ཡོང༌། དེའི་ཚེ་སྒྲུབ་ཀྱང་རྩ་བའི་བླ་མ་དམ་པ་ཉིད་སྒྲུབ། བསྟེན་ཀྱང་རྩ་བའི་བླ་མ་ཉིད་བསྟེན། མཆོད་ཀྱང་རྩ་བའི་བླ་མ་ཉིད་མཆོད་པ་ཞིག་འབྱུང་ལ། དེ་ལྟར་བསྟེན་མཆོད་ཀྱི་དགེ་རྩ་དེས་ནམ་མཁས་ཁྱབ་ཚད་ཀྱི་སྐྱབས་གནས་དམ་པ་བཞུགས་སོ་འཚལ་སྒྲུབ་བསྟེན་མཆོད་པའི་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་བའི་བསགས་སྦྱང་དུ་འགྱུར་ཞིང༌། དེ་ལྟའི་ངེས་ཤེས་ཀྱིས་དྲངས་པའི་བསླབ་གསུམ་གྱི་དགེ་སྦྱོར་ལ་ཕྱི་བཤོལ་དང་ལེ་ལོའི་རྐྱེན་ངན་ཐམས་ཅད་རང་འགགས་སུ་འགྲོ་བས་དེ་ཉིད་ལ་སེམས་རྩེ་གཅིག་པས་མཉམ་པར་བཞག་གོ །

༢༤

འོ་ན་རྩ་བའི་བླ་མ་དམ་པ་ཞེས་པའི་རྩ་བར་འཇོག་བྱེད་དེ་གང་ཞེ་ན། དང་པོའམ་རབ་མཆོག་གི་བླ་མ་ཞེས་པའི་དོན་ཡིན་ལ། བདག་གི་རྒྱུད་ལ་རྣམ་དཀར་གྱི་ཡོན་ཏན་དང་པོར་བསྐྱེད་པར་མཛད་པའི་དགེ་རྩའི་ས་བོན་གྱི་རྩ་བ་བརྟན་པོ་ཐོག་མར་རྒྱུད་ལ་གཟུགས་པ་པོའི་བླ་མ་དེ་ཉིད་ཡིན་ལ། དེ་ཉིད་བདག་ཅག་ལ་ལྟོས་ན་བླ་མ་དཀོན་མཆོག་མཁའ་མཉམ་དུ་བཞུགས་པ་ཐམས་ཅད་ལས་ཀྱང་མཁྱེན་བརྩེ་ནུས་པ་རབ་དང་མཆོག་ཏུ་གྱུར་པ་ཡིན་ཏེ། རང་རེ་འཁོར་བ་ཐོག་མེད་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་བླ་མ་དཀོན་མཆོག་དེ་སྙེད་དུ་བཞུགས་པས་བདག་ལ་དགེ་འབྲེལ་འཇོག་མ་ཐུབ་པ་དེ་བླ་མ་དམ་པ་འདི་ཉིད་ཀྱིས་འཇོག་ཐུབ་པས་བླ་མ་དཀོན་མཆོག་མཁའ་ཁྱབ་ཏུ་བཞུགས་པ་ལས་བླ་མ་དཀོན་མཆོག་འདི་ཉིད་རབ་མཆོག་ཕུལ་དུ་ཕྱིན་པར་གྲུབ་པའི་ཕྱིར་རོ། །དེས་ན་དེ་ལྟའི་བླ་མ་དེ་ཉིད་དང་མཁྱེན་བརྩེ་ནུས་པས་བདག་ཅག་གི་རྒྱུད་སྒྲིབ་པ་སྤང་རུང་གཉེན་པོ་བསྐྱེད་རུང་དུ་སྨིན་པར་མཛད་པའི་བདག་རྐྱེན་གྱི་བླ་མ་རབ་འབྱམས་གང་ན་བཞུགས་པ་དེ་ཐམས་ཅད་ཀྱང་རྩ་བའི་བླ་མ་ཡིན་པས། རྩ་བའི་བླ་མ་ཞེས་གཅིག་ཁོ་ན་ངེས་བཟུང་དུ་སྨོས་པ་ནི་མ་ཡིན་ནོ། །འོ་ན་དེ་ལྟ་བུའི་བླ་མ་རང་རེའི་རྒྱུད་དང་འཚམ་པར་གདུལ་བྱ་འདུལ་བར་བྱོན་པའི་རྩ་བའི་བླ་མ་དེ་ཉིད་ནི་མཐོང་ཐོས་དྲན་རེག་ཙམ་གྱིས་བདག་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ནུས་ཀྱི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་ཕྲིན་ལས་ཀྱི་སྐུ་ཡིན་ལ་ཡིན་བཞིན་གྱི་མོས་པ་ཁ་རྒྱལ་དུ་བཏང་སྟེ་བློ་མོས་གུས་ཀྱི་དབང་དུ་སོང་བས་རང་རེ་ལ་སངས་རྒྱས་ཐམས་ཅད་ཀྱི་བགོ་སྐལ་བླ་མ་གཅིག་པུས་ཆོག་ཅིང༌། བླ་མ་དེ་ཉིད་བསྟེན་པ་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བླ་མར་བསྟེན་པར་སོང༌། སངས་རྒྱས་དེ་ཉིད་ཀྱི་ཐུགས་རྗེ་དང་བྱིན་རླབས་ཕྲིན་ལས་འཚལ་ཏོ་ཅོག་འཇུག་ཡུལ་དུ་བདག་ཉིད་གྱུར་ནས་དམ་ཆོས་སྒྲུབ་པ་ལ་བློ་ལས་སུ་རུང་སྟེ་རང་བློ་ལ་རང་ཉིད་ཀྱིས་རང་དབང་དུ་བསྒྱུར་ཐུབ་པའི་གཉེན་དུལ་ཅན་དུ་འགྲོ་ལ། དེ་ཙ་ན་གཉེན་པོ་དང་ཞེ་བཅད་བྱས་པ་རྣམས་ཀྱང་མཐར་འཁྱོལ་བའི་སྒྲུབ་ཚུགས་རི་བོ་ལྟར་བརྟན་པ་ཞིག་ཡོང་བས་སྒྲུབ་པ་དེ་ཉིད་ལ་རྒྱུན་བསྲིངས་ནས་ཉམས་སུ་ལེན་པར་བྱའོ། །

༢༥

དེ་ལྟར་སྒྲུབ་པ་སྙུགས་སུ་བསྲིངས་པ་ན་སྒོམ་པ་ཀློང་དུ་ཕེབས་ནས། བྱ་རྒྱུ་དམ་པའི་ཆོས་ལས་མེད་ཅིང་དམ་པའི་ཆོས་ཉམས་སུ་བླངས་པས་བླ་མ་དང་དཀོན་མཆོག་གི་ཐུགས་རྗེ་དང་བྱིན་རླབས་ཞུགས་ནས་ཚེ་འདིའི་འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པའི་སྡུག་བསྔལ་དང༌། དེ་ལ་བརྟེན་པའི་ཆགས་སོགས་ཉོན་མོངས་པའི་སྡུག་བསྔལ་གྱིས་གདུང་བ་རྣམས་ཞི་ནས་ལུས་སེམས་ཀྱི་སྟེང་དུ་བླ་མ་དང་དཀོན་མཆོག་གི་ཡོན་ཏན་དང་མཛད་ཕྲིན། རྣམ་པར་ཐར་པ་ལ་རྗེས་སུ་སློབ་པའི་མོས་པ་དང་བརྩོན་པ་དང་ཤེས་རབ་དང་ཐབས་ཀྱིས་ལུས་སེམས་ཤིན་ཏུ་ལས་རུང་དུ་གྱུར་པ་ལ་དགའ་བ་དང་སྤྲོ་བའི་ཉམས་བཙན་ཐབས་སུ་སྐྱེས་ནས། དགེ་སྦྱོར་དེ་ཉིད་ཉིན་མཚན་ཁོར་ཡུག་ཏུ་འགྲོ་བས། བླ་མ་དང་དཀོན་མཆོག་གི་བཀའ་དྲིན་དྲན་ཆེས་པས་མོས་པ་རང་དབང་མི་འདུས་པར། ལུས་ཀྱི་སྤྱི་འགྲེང་མཆོང་རྒྱུག་རྡེབ་འཕགས། ངག་གི་ཀུ་ཅོ་སོགས་གླབ་ཅོལ་མི་བྱ་བ་མེད་པར་འབྱུང་ཞིང༌། ཡིད་ལའང་རང་གི་སྒོ་གསུམ་ལྟོས་མེད་དུ་བླ་མ་དང་དཀོན་མཆོག་མཆོད་པའི་ཕྱིར་ལུས་ཀྱི་ཤ་དང་ཁྲག་དང་དབང་པོ་དང་དོན་སྙིང་རྣམས་ཀྱང་མཎྜལ་དང་མེ་ཏོག་གི་ཚུལ་དུ་ད་ལྟ་ཉིད་དུ་འབུལ་བར་བྱ་སྙམ་པའི་བློ་རྒོད་དྲག་པོ་སྐྱེ་བས། དུས་དེར་ལུས་ངག་གི་ཉམས་སོགས་རང་གཞན་གྱི་ལུས་སེམས་ལ་ཟུག་རྔུ་དང་གནོད་པ་སྐྱེ་བའི་རིགས་མ་གཏོགས་ལུས་ངག་དགའ་སྤྲོའི་ཉམས་ཐམས་ཅད་བྱུང་རྒྱལ་དུ་སྐྱོང་ཞིང་སྡུག་བསྔལ་དང་མྱ་ངན་གྱི་ཉམས་དང༌། ཡིད་ཉམས་ལའང་ཡིད་ཀྱི་སྤྲུལ་པའི་མཁའ་མཉམ་གྱི་བདག་གཞན་གྱི་ལུས་ལོངས་སྤྱོད་སྒོ་གསུམ་དགེ་རྩ་དང་བཅས་པ་བློས་བསླང་ནས་བླ་མ་དཀོན་མཆོག་མཆོད་པ་ལས་དངོས་སུ་ལུས་ལ་རྨ་འབྱིན་པ་སོགས་ཀྱི་མཆོད་པའི་བསམ་སྦྱོར་སྤངས་ནས། མོས་གུས་སོགས་དགེ་བའི་ཉམས་དེ་ཉིད་ཀྱིས་དགེ་སྦྱོར་ལ་ཆེས་ཆེར་བརྩོན་པར་བྱའོ། །

༢༦

ཡང་མོས་གུས་ཀྱི་ཉམས་དེ་ཉིད་སོགས་དགེ་བའི་ཉམས་ཅི་དང་ཅི་སྐྱེས་ཐམས་ཅད་ཀྱི་དེའི་འགལ་ཟླའི་ལས་ཉོན་གྱི་སྒྲིབ་པ་དེ་དག་ཞི་ཞིར་མ་གྱུར་གྱི་བར་དད་སོགས་ཀྱི་ཉམས་དེ་ཉིད་དྲན་པའི་རྩི་དང་མ་བྲལ་བར་བྱུང་རྒྱལ་དུ་བཏང་ནས། དེ་དག་ནམ་ཞི་བ་ན་དད་སོགས་ཀྱི་ཉམས་དེ་བྱུང་རྒྱལ་དུ་མི་གཏོང་བར་སླར་དད་སོགས་ཀྱི་རྣམ་པར་རྟོག་པའི་ཉམས་དེའང་དད་སོགས་ཀྱི་རྣམ་རྟོག་གི་སེམས་ཀྱི་ངོ་བོ་དད་སོགས་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཟོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་རང་བཞིན་ཆོས་ཀྱི་སྐུའི་ངང་ལ་གང་ཟག་གི་དབང་བསྒྱུར་ཏེ་བཞག་དགོས་སོ་ཞེས་མགོན་པོ་འབྲི་ཁུང་པས་གསུངས་པའི་དོན། དེ་ལྟར་སྐབས་བབ་ཀྱི་སྤང་བྱ་གང་ཡིན་གཉེན་པོས་ཆོམས་རྗེས་སུ་སླར་གཉེན་པོའི་རྟོག་པ་ཁ་ཐལ་དུ་བཏང་ན་གཉེན་པོ་ཉིད་གེགས་སུ་འགྱུར་བའི་རྟེན་འབྲེལ་ཡོད་པའི་གནད་གཟིགས་པའི་བཀའ་སྩལ་ཏེ། དཔེར་ན་དད་པ་ལྟ་བུའི་བླ་མའི་བཀའ་སྒྲུབ་འདོད་ཀྱི་མོས་པའང་དེའི་བཟློག་ཕྱོགས་ཚར་ཆོད་ཆོད་ཀྱི་བར་བྱས་ནས་སླར་སྤྲོས་བྲལ་གྱི་ངོར་ལ་བཟླས་ན། བླ་མའི་བཀའ་འང་རང་གི་ཇི་ལྟར་འདོད་པའི་གསོལ་བ་བཏབ་པ་ལྟར་གྱི་བཀའ་སྩལ་སོགས་འབྱུང་བས་མདོར་ན་བླ་མ་ཉིད་མོས་གུས་ཀྱིས་ཚུར་ལ་དབང་དུ་བསྡུ་བར་ནུས་ལ། དེ་ལྟར་ལ་མ་བཟླས་ན་གསོལ་བ་བཏབ་པ་ལས་བཟློག་པའི་བཀའ་སྩལ་སོགས་ཕེབས་ན་རང་རེས་སྒྲུབ་པར་མི་ནུས་པ་སྒྲུབ་དགོས་ཀྱི་བཀའ་ལས་འདས་པའི་ཉེས་པ་སོགས་འབྱུང་སྲིད་པས། དེ་ལྟ་ན་བླ་མས་བསྟན་པའི་གདམས་ངག་དང་རྗེས་བསྟན་སོགས་དོན་མེད་པར་ཆུད་ཟོས་སུ་སོང་སྟེ། བླ་མའི་བཞེད་སྲོལ་རྣམ་ཐར་སོགས་ཀྱང་རང་གི་མོས་པ་ཕྱིན་ཅི་ལོག་གི་རྗེས་སུ་ཁྱེར་བའི་དབང་དུ་འགྲོ། མཐར་བླ་མའི་གསུང་མཆོག་ཏུ་གྱུར་པ་དམ་པའི་བགྱི་བ་སྒྲུབ་ཏུ་མེད་པར་བླ་མའི་བྱ་བ་ཕལ་པ་ཚོང་ལས་དང་ཞིང་ལས་ཙམ་སྒྲུབ་པའི་འབྲེལ་འཇོག་གི་དགེ་རྩ་བསགས་པའི་སྐལ་བ་མཆོག་གི་དམ་པའི་ཁུར་ཁྱེར་བའི་བུ་སློབ་ཏུ་མི་འགྱུར་རོ་ཞེས་རྟེན་འབྲེལ་གྱི་གནད་གཟིགས་པས་བཀའ་སྩལ་ཏོ། །དེས་ན་ཚུལ་འདི་དགེ་བའི་ཉམས་གཞན་སྐྱེས་པ་རྣམས་ལའང་སྦྱར་རོ། །

༢༧

ཡང་བླ་མ་དམ་པ་ལ་མོས་གུས་མཆོག་ཏུ་གྱུར་པའི་ཉམས་ཀྱིས་དྲངས་ནས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་གཉིད་རྨུགས་བྱིང་རྒོད་དང་བྲལ་བར་ཉིན་མཚན་ཁྱད་མེད་དམ། གཡེང་བས་མི་གནོད་པ་སྐྱེས་པ་ན། མཁའ་མཉམ་གྱི་སེམས་ཅན་མ་རྒན་མཐའ་མེད་ཕལ་ཆེར་བདག་རྒྱུད་ཀྱི་བདེ་དགའི་ཉམས་མྱོང་འདི་ལྟ་དང་བྲལ་བའི་ཁར་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དར་དྲག་རྒྱུན་རིང་མྱོང་བ་ལ་བྱམས་པ་དང་སྙིང་རྗེའི་བློས་མི་བཟོད་པའི་སྡུག་བསྔལ་དྲག་པོ་རང་ཐོག་ཏུ་བབ་སྟེ་རླུང་རྒྱུ་བའི་རྒྱུན་ཆད་པའམ། རླུང་གྱེན་དུ་ལོག་པ་དང༌། མིག་ནས་མཆི་མ་འཁྲུག་ཅིང་ཡིད་བོག་ཅིང་བརྒྱལ་བ་ཙམ་དུ་གྱུར་ན། ཅི་འཁོར་བ་ཐོག་མ་མེད་པ་ནས་མ་རྒན་སེམས་ཅན་སྐྱབས་མགོན་དང་བྲལ་བ་འདི་དག་གིས་རང་རེ་བུ་རྣམས་ཀྱི་བདེ་འབྱོར་སྒྲུབ་པར་རློམས་ནས་འཁོར་བ་དང་ངན་སོང་གི་སྣོད་བཅུད་ལ་མ་བསྒྲུབ་བྱ་བ་མེད་པ་ཅིག་བསྒྲུབས་ཏེ་འཁོར་བའི་བདེ་འབྱོར་ཅི་སྙེད་ཅིག་བྱིན་པ་དེ་སྙེད་ཀྱིས་མ་རྒན་རྣམས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་འདི་ཉིད་ལ་ཐར་སྐམ་མི་ཕྱེད་པ་འདི་ལྟར་གྱུར་པས་འོ་རེ་བརྒྱལ། ད་བདག་གི་རྒྱུད་ལ་བདེ་གསལ་མི་རྟོག་པའི་དགེ་བློ་འདི་ཉིད་སྐྱེས་པ་ལ་བརྟེན་ནས། བདག་གི་ཞི་ལྷག་གི་རྟོགས་པ་ཕུན་སུམ་ཚོགས་པ་བསྐྱེད་ཅིང་མཁའ་མཉམ་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་སྒྲུབ་པ་བདུད་བཞིའི་བར་ཆད་ཀྱི་དབང་དུ་མི་གཏོང་བར་མ་རྒན་སྡུག་བསྔལ་ཅན་འདི་དག་གི་དོན་དུ་མལ་ས་འདི་དང་སྟན་ཐོག་འདི་དང་སྐད་ཅིག་འདི་ཉིད་དུ་སྒྲུབ་པ་འདི་ལ་གེགས་བྱ་བའི་བདུད་དག་གིས་བདག་གི་སྲོག་བརྒྱ་སྟོང་དུ་བཅད་ཀྱང་བཟོད་པར་བྱའོ་ཞེས་གོ་ཆ་ཆེན་པོ་བགོ་ཞིང༌། ཁྱད་པར་སྒྲུབ་པ་ལ་གེགས་བྱེད་པའི་མི་དང་མི་མིན་གྱིས་གཙོས་པའི་འབྱུང་པོ་དེ་ཉིད་ལ་དམིགས་ནས། ཀྱེ་ཁྱོད་ཀྱིས་བདག་གི་ལུས་སེམས་ལ་གནོད་པའི་ལས་ངན་བྱེད་པ། ཁྱེད་ཅག་གི་དོན་དུ་བདག་གིས་བྱང་ཆུབ་སྒྲུབ་པའི་ཕན་འདོགས་བྱེད་པ་ལ་སླར་བྱས་པ་མི་བཟོ་བར་བཟང་ལན་ངན་གྱིས་འཇལ་བའི་མ་རིག་པའི་བློས་ཆེས་ཆེར་སྨྱོ་བ་འདི་ལྟ་བུ་ལས་ཆེས་སྙིང་རྗེ་བ་ཅི་ཞིག་ཡོད་དེ། འདི་ལྟའི་ལས་ངན་བསགས་པ་པོ་འདི་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གཞལ་དུ་མེད་པ་མྱོང་བར་འགྱུར་བའི་ཕྱིར། སྡུག་བསྔལ་རྣམས་རེ་སྡུག་བསྔལ་ལོ་ཞེས་སྙིང་རྗེའི་ངར་སྤྲུག་ཏེ་དར་དྲགས་ལ་ཡུན་རིང་དུ་བསྒོམ་མོ། །

༢༨

དེ་ལྟར་བསྒོམ་པ་ན་འདི་ལྟར་བདག་ལ་གང་ཟག་འདིས་གནོད་པ་དང་གེགས་སྣ་ཚོགས་བྱེད་པའང་གནོད་བྱེད་འདི་ལ་བདག་གིས་ཚེ་འདིའམ་ཚེ་རབས་གཞན་དུ་གནོད་པ་སྐྱལ་བའི་ལས་ཀྱི་འབྲས་བུུ་ཡིན་ངེས་པས། བདག་གི་སྒོ་གསུམ་དགེ་བ་དང་བཅས་པ་ཐམས་ཅད་གནོད་བྱེད་འདིས་གཙོས་པའི་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་ཕྱིར་དུ་བསྔོ་ཞིང་གཏོང་ལ། ལྷག་པར་གནོད་བྱེད་འདི་ཉིད་ལ་ཉེ་བར་མཁོ་ན་བདག་གི་བྱང་ཆེན་གྱི་དགེ་བའི་བསམ་སྦྱོར་གོང་དུ་འཕེལ་བ་ལས་འགྲིབ་པའི་རྐྱེན་དུ་མི་འགྱུར་ན་ལུས་སོགས་དངོས་ཀྱིས་གཏོང་བའམ། བྱང་ཆེན་གྱི་གེགས་སུ་འགྱུར་ན་རང་ལུས་ཨོཾ་ཨཱཿཧཱུྃ་ལ་སོགས་པའི་གཏོར་བསྔགས་ཀྱིས་དགོས་དགུར་ཡིད་ཀྱིས་བྱིན་གྱིས་རླབས་ནས། གནོད་བྱེད་དེ་ཉིད་ལ་ལས་ཀྱིས་སྣང་བའི་བགོ་སྐལ་དང་མཐུན་པར་གནས་མལ་བཟའ་གོས་སོགས་ཅི་དང་ཅི་འདོད་པའི་རྣམ་པར་སྣང་ཞིང་བསྒྱུར་ཏེ་མཆོད་སྦྱིན་དུ་བྱེད་པ་ནི། ཤ་འདོད་པ་ལ་ཤ ཁྲག་འདོད་པ་ལ་ཁྲག དོན་སྣོད་འདོད་པ་ལ་དོན་སྣོད། བཤང་གཅི་དང་ངར་སྣབས་འདོད་པ་ལ་བཤང་གཅི་དང་ངར་སྣབས་སོགས་ཅི་འདོད་དུ་ཁྱེར་ཅིག་ཅེས་སྦྱིན་ནས། དེའི་ཚེ་དེ་དག་གིས་ཅི་ལྟར་འདོད་པ་དང་མཐུན་པའི་ཡོ་བྱད་མཁོ་དགུ་ཅོག་ཐོབ་ཅིང་ལུས་སེམས་བདེ་དགས་ཚིམ་ཞིང་བདག་ལ་གདུག་པ་དང་སྡང་བའི་སེམས་ཞི་ནས་བདག་གི་ཚེ་འདིའམ་ཚེ་རབས་སྔ་མར་ལས་ངན་བསགས་པའི་ལན་ཆགས་དང་ཤ་འཁོན་ཐམས་ཅད་དག་ཅིང་བྱང་སྟེ། གང་ཟག་འདི་ལ་བདག་གིས་ལུས་སྦྱིན་པའི་དགེ་བ་འདི་ཉིད་ཀྱིས་མཚམས་སྦྱར་ནས། གནོད་བྱེད་འདིས་གཙོས་པའི་སེམས་ཅན་ཐམས་ཅད་བདག་གི་སློབ་མར་བསྡུས་ནས། བྱང་ཆུབ་ཆེན་པོའི་གོ་འཕང་ལ་འཇོག་པར་བྱའོ་ཞེས་དམ་བཅའ་ཞིང༌། སྐབས་འདིས་སྦྱིན་གཏོང་གི་དགེ་བ་དེའང་ལྷག་ཏུ་གནོད་བྱེད་དེ་ཉིད་བྱང་ཆེན་ཐོབ་པའི་ཆེད་ཀྱི་དགེ་བར་ཡང་ཡང་བློས་བསྔོ་བར་བྱའོ། དེས་ན་གནོད་བྱེད་ལ་བཟོད་པའི་སྒོ་ནས་སླར་སྙིང་རྗེ་ཆེན་པོས་བྱང་ཆུབ་ཀྱི་ལམ་ལ་བརྩོན་པ་བསྐྱེད་པའི་ཆོས་ཚུལ་འདི་ནི་མདོ་བརྒྱུད་ཀྱི་གསུང་རབ་རབ་འབྱམས་སུ་བཞུགས་ཤིང༌། ལྷག་པར་དཔལ་ལྡན་ས་སྐྱ་པ་ལ་གྲགས་ཆེ་བའི་ལམ་འབྲས་ཀྱི་ལམ་ཟབ་དང༌། གཤེད་མར་སྤྲོས་མེད་སོགས་ནས་འབྱུང་བའི་ཀུ་ས་ལིའི་མཆོད་སྦྱིན་བྱ་བ་དང༌། མ་གཅིག་ལབ་སྒྲོན་གྱི་གདམས་ངག་བདུད་ཀྱི་གཅོད་ཡུལ་ཞེས་པའང་འདིར་སྣང་ལ། རྗེ་བཙུན་མི་ལ་ལའང་འདྲེ་དམག་ཆེན་པོའི་ཉམས་སྣང་བྱོན་པའི་ཚེ་མཆོད་སྦྱིན་འདི་ཉིད་སྐུ་ཉམས་སུ་བཞེས་པས་བར་ཆད་དངོས་གྲུབ་ཏུ་ལེན་པའི་ལྟས་ངན་གཡང་དུ་བསྒྱུར་བར་གྲགས་པའི་མན་ངག་ཀྱང་འདིར་བདའ་བས་ནན་ཏན་དུ་བསྒྲུབ་པར་བྱའོ། །དེ་ཡང་སྒྱུའི་ཐེག་པ་དང་ཐུན་མོང་དུ་སྒོ་བསྟུན་ཏེ་སེམས་གནས་པའི་ཐབས་དགུས་ཞི་གནས་བསྒྲུབ་ཏེ། ཉེར་སྡོགས་བདུན་གྱི་ཉམས་ལེན་གྱིས་བསམ་གཏན་གྱི་དངོས་གཞི་ཐོབ་པར་བྱེད་དེ། སེམས་གནས་པའི་ཐབས་དགུ་ནི། ནང་ཉིད་ལ་སེམས་འཇོག་པ་དང༌། རྒྱུན་དུ་འཇོག་པ་དང༌། བསླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པ་དང༌། འདུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། ཉེ་བར་ཞི་བར་བྱེད་པ་དང༌། རྩེ་གཅིག་པར་བྱེད་པ་དང༌། མཉམ་པར་འཇོག་པའོ། །ཉེར་བསྡོགས་བདུན་པོ་ལས། མཚན་ཉིད་རབ་ཏུ་རིག་པས་འདོད་པ་ལ་སྐྱོན་དུ་བལྟ་བ་བསམ་གཏན་ལ་ཡོན་ཏན་དུ་བལྟ་བས་ཐོས་བསམ་སྒོམ་གསུམ་སྤེལ་མར་བྱེད་པས་སོ། །རྩེ་གཅིག་གི་རྒྱུ་སྒོམ་བྱུང་གི་ཏིང་ངེ་འཛིན་མོས་པ་ལས་བྱུང་བ། ཉོན་མོངས་པ་ཆེན་པོའི་འབྲིང་ཆེན་པོའི་ཆུང་ངུ་རྣམས་སྤངས་པས་དབེན་པ་ལས་སྐྱེས་པ། ཉོན་མོངས་པ་འབྲིང་སྐོར་གསུམ་སྤང་བར་སླ་བསམ་པའི་དགའ་སྤྲོ་སྐྱེས་ཤིང༌། ཉོན་མོངས་པ་རགས་པ་དྲུག་ག་སྤངས་པས་དགའ་བ་སྡུད་པ་ཡིད་ལ་བྱེད་པ། ཉོན་མོངས་པ་ཆུང་ངུ་སྐོར་གསུམ་སྤང་ཞིང༌། ཉོན་མོངས་པ་གཏན་གཅོད་པར་བྱེད་པ་དཔྱོད་པ་ཡིད་ལ་བྱེད་པ། ཉོན་མོངས་གཏན་ནས་སྤོང་བས་ཡིད་དུ་འོང་མི་འོང་ལ་ཆགས་སྡང་གི་བློ་སྐྱེ་མི་སྐྱེ་བརྟགས་ནས་ད་དུང་ཉོན་མོངས་ཕྲ་མོ་འདུག་ན་དེ་སྤོང་བར་བྱེད་པ་སྦྱོར་མཐའི་ཡིད་བྱེད། བསམ་གཏན་དངོས་གཞི་ཐོབ་ནས་སྦྱོར་མཐའི་འབྲས་བུ་ཡིད་བྱེད་དེ་ཡིད་བྱེད་བདུན་གྱི་བསམ་གཏན་སྒྲུབ་ཚུལ་ནི་དེ་ལྟར་ཡིན་ཀྱང༌། བདག་གི་རྗེ་རས་པ་ཆེན་པོའི་ཞལ་སྔ་ནས། བསམ་གཏན་གྱི་ཉེར་སྡོགས་སོགས་ཀྱི་བསམ་གཏན་སྒྲུབ་ལུགས་འདི་རྣམས་ཀྱང་སྔོན་སངས་རྒྱས་ཀྱི་བསྟན་པ་ལ་འབྲས་བུའི་དུས་སུ་དེ་ལྟར་སྒྲུབ་ཅིང་འཕྲལ་ལ་བསམ་གཏན་གྱི་སེམས་ཐོབ་ནས་མངོན་ཤེས་ལྔ་སོགས་སྟོན་པ་འབྱུང་ཡང་དེང་སང་བསྟན་པ་སྙིགས་མའི་དབང་གིས་དེ་ལྟའི་བསམ་གཏན་དངོས་གཞི་ཐོབ་པ་མི་འབྱུང་ཡང༌། ཞི་གནས་ཀྱི་ཁྲིད་ཚུལ་འདི་དག་གིས་ཀྱང་བྱང་ཆུབ་ཆེན་པོའི་ལྷག་མཐོང་གི་ཡེ་ཤེས་འདྲེན་པའི་རྟེན་བྱེད་ངེས་པ་བླ་མ་གོང་མ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱི་གདུལ་བྱ་དཀྲི་ཚུལ་གྱི་ཐབས་ཤེས་སུ་གསུངས་པས། ཁྲིད་ཚུལ་འདི་ལའང་སེམས་གནས་ཐབས་དགུ་དང་ཉེར་བསྡོགས་ཡིད་བྱེད་བདུན་སོགས་དོན་གྱི་ཚང་བ་དང༌། རྗེས་མཐུན་པ་རྩིས་བྱར་ཡོད་པ་དང༌། རྣམ་པ་གཅིག་ཏུ་ན་རྒྱུའི་ཐེག་པ་ལ་སོགས་པར་གྲགས་པའི་ཉེར་བསྡོགས་ཀྱི་རིམ་པས་ཞི་ལྷག་སྒྲུབ་ཚུལ་ལས་ཁྱད་པར་དུ་འཕགས་པའི་སྒྲུབ་ཚུལ་ཡང་ཡིན་ཏེ། འཕགས་པའི་ཡུལ་དང་བོད་ཀྱི་ཆར་གྲུབ་པ་ཐོབ་པའི་སློབ་དཔོན་བར་མ་ཆད་པ་དག་གི་མན་ངག་གི་སྒྲུབ་ཚུལ་ཕྱིན་ཅི་མ་ལོག་པ་རྩོད་པ་དང་བྲལ་བར་སྣང་ཞིང་ཁྲིད་ཚུལ་འདི་ལ་བརྟེན་ནས་བྱང་ཆུབ་ཆེན་པོར་གཤེགས་པ་གྲངས་མེད་པ་བྱུང་བའི་འབྲས་རྟགས་ཡང་དག་སྣང་བའི་ཕྱིར་སྐལ་བ་དང་ལྡན་པ་དག་བདུད་ཀྱི་བློ་ཕྱིན་ཅི་ལོག་ཏུ་ཁྲིད་པའི་ཟེར་སྒྲོས་ཀྱི་རྗེས་སུ་མི་འབྲང་བར་བྱའོ། །

༢༩

ཡང་དེ་ལྟར་བསྒོམས་པ་ན་མི་མ་ཡིན་གྱི་གནོད་བྱེད་ཆེས་ཆེར་ལྷགས་ཏེ། ལྷག་པར་མི་མིན་ལ་སོགས་པས་དངོས་ཉམས་རྨི་ལམ་ཡིད་སྣང་དུ་མི་སྡུག་པའི་རྣམ་འགྱུར་གྱི་ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་གྱིས་སྒྲུབ་པ་ལ་ལེ་ལོ་དང་ཕྱི་བཤོལ་དང་སྒྱིད་ལུག་གིས་བར་བཅད་པ་ན། འདི་ལྟར་བསམ་པར་བྱ་སྟེ། སྤྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་གང་ཟག་ཐམས་ཅད་ཀྱང་ལྟོས་ནས་བཞག་པ་ཙམ་གྱི་སྣང་བ་ལས་མ་གཏོགས་རང་གི་ངོ་བོས་གྲུབ་པའི་འཁོར་འདས་ཀྱི་ཆོས་གང་ཟག་འགར་ཡང་གྲུབ་པ་མེད་ལ་ལྟོས་ནས་འབྱུང་བའི་འཁོར་འདས་ཀྱི་ཆོས་དང་གང་ཟག་འདི་ཐམས་ཅད་ནི་སྒྱུ་མ་ལྟར་བདེན་པར་མེད་བཞིན་དུ་བདེན་སྣང་གི་རྫུན་ཆོས་ཙམ་དུ་ཟད་པ་འདི་ལ། ནམ་མཁའ་ཟད་པ་དང་གཞལ་དུ་མེད་པ་བཞིན་འཁོར་འདས་ཀྱི་དངོས་ཆོས་འདིའང་ཟད་པ་དང་གཞལ་དུ་མེད་པས། དེ་ཇི་ཙམ་ཟད་པ་དང་གཞལ་དུ་མེད་པ་ལྟར། དེ་དེ་ཉིད་དུ་སྣང་བ་ལྟར་གྲུབ་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱང་ཟད་པ་དང་གཞལ་དུ་མེད་དེ་འཁོར་འདས་ཀྱི་དངོས་ཆོས་སྒྱུ་མ་ལྟ་བུ་འདུས་བྱས་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་དང༌། དེ་ཉིད་དངོས་སོགས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ནམ་མཁའ་ལྟ་བུ་འདུས་མ་བྱས་ཉིད་དོན་དམ་པའི་བདེན་པ་གཉིས་ཀར་ཡང་ཟད་པ་དང་སྣོན་པ་མེད་ཅིང་འཕེལ་བ་དང་འགྲིབ་པ་མེད་པར་མཉམ་པ་ཉིད་ཀྱིས་ཟབ་པ་ལས་ཆེས་ཟབ་པ་ཉིད་ཀྱི་ཕྱིར། འཁོར་འདས་ཀྱི་ཆོས་གང་ཟག་འདི་ཐམས་ཅད་ལ་བདེན་པ་གཉིས་ཀར་གྱི་རང་བཞིན་མངོན་པར་བྱང་ཆུབ་པ་ན། འབྲི་སྣོན་དང་འཕེལ་ཟད་དང་བདེ་སྡུག་དང་བཅིངས་གྲོལ་ལ་སོགས་འགར་ཡང་དམིགས་པར་མ་གྲུབ་ལ། དེ་ལྟར་མ་གྲུབ་པར་ཁོང་དུ་ཆུབ་པ་ན་མི་གནས་པའི་མྱ་ངན་ལས་ཡོངས་སུ་འདའ་བར་ནུས་ནའང༌། དེ་ལྟར་ཁོང་དུ་མ་ཆུད་པས་སེམས་ཅན་འདི་རྣམས་ཀྱི་རྟོག་ངོར་བརྟགས་པ་ཙམ་གྱིས་འཁོར་བའི་མཐའ་ལས་བརྒལ་མ་རྒལ་སོགས་ཀྱི་བདེ་སྡུག་གི་སྣང་བ་རྒྱུན་མི་ཆད་པར་ལྟོས་ནས་འབྱུང་བའི་འཁྲུལ་ཆོས་འདི་མ་བསལ་ན། འཁོར་བ་མཐའ་མེད་ནས་མ་རྒན་དུ་བྱས་པའི་སྡུག་བསྔལ་དར་དྲག་རྒྱུན་རིང་དུ་མྱོང་བ་འདི་རྣམས་ལ་སྐྱབས་མགོན་གཞན་དུ་མེད་པ་ཞེས་སྙིང་རྗེ་ཆེན་པོའི་རང་ཉམས་རྒྱས་པར་འགྱུར་ལ། དེའི་ཚེ་སེམས་ཅན་མཐའ་ཀླས་པའི་འཁྲུལ་ཆོས་རྫུན་སྣང་སྒྱུ་མ་ལྟ་བུ་འདི་བདག་གིས་བཟློག་པ་ན་འཁྲུལ་ཆོས་རྫུན་སྣང་ཙམ་པོ་བ་རྒྱུན་ཆད་པར་འགྱུར་བས། བདག་གིས་བྱང་ཆུབ་སྒྱུ་མ་ལྟ་བུའི་སྒྲུབ་པ་འདིའང་ཀུན་རྫོབ་རྫུན་སྣང་སྒྱུ་མ་ཙམ་དུ་འབད་པ་དོན་ཡོད་པར་འགྱུར་རོ། །ཞེས་ཆེས་ཆེར་ཡིད་ལ་དགའ་བ་དང་སྤྲོ་བས་བདེན་པ་གཉིས་ཆར་གྱི་ཆོས་ཉིད་འཕེལ་འགྲིབ་དང་བྲལ་བ་བཞིན་འཕེལ་འགྲིབ་བཏུབ་པར་སྣང་བའི་ཆོས་ཚུལ་འདི་ནི་རང་ཅག་ཚུར་མཐོང་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའོ་ཞེས་ཟབ་རྒྱས་ཀྱི་ལྟ་བ་དྲན་པས་བསྐྱང་བར་བྱའོ། །

༣༠

ཡང་ཀུན་རྫོབ་པའི་རྫུན་སྣང་འདི་ཉིད་ཀྱི་གཞལ་ངོ་ན་ད་ལྟ་རང་རེའི་ལས་མཐུན་གྱི་ཆུ་བུར་གྱི་མིག་གིས་ཆོད་པའི་རྡུལ་ཕྲ་རབ་ལྟ་བུའི་ཡུལ་དང་ཡུལ་ཅན་ཉི་ཚེ་བ་ཙམ་གྱི་གོར་ཡང་དཔེར་མཚོན་ན་སྟོང་གསུམ་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི་ཁམས་ཀྱི་སྣོད་བཅུད་ཁམས་གསུམ་པའི་འགྲོ་བ་རིགས་དྲུག་སོགས་གཞལ་དུ་མ་མཆིས་པ་ཞིག་ཡོད་པར་ལས་དང་རྟེན་འབྲེལ་གྱི་ལྟོས་པས་སྣང་རུང་ལ། གནས་དེ་དག་གི་རྡུལ་ཕྲ་རབ་རེ་རེ་ལའང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སྙེད་ཀྱི་སྣོད་བཅུད་སྣང་དུ་རུང་ཞིང་སྣོད་བཅུད་དེ་ཉིད་ཀྱི་རྡུལ་ཕྲ་རབ་རེ་རེ་ལ་ཡང་འཇིག་རྟེན་གྱི་ཁམས་བརྗོད་གཞལ་མེད་པའི་སྣོད་བཅུད་མཐའ་ཡས་པར་སྣང་རུང་ལ། དེ་ལྟར་གཞལ་དུ་མེད་པའི་སྣོད་བཅུད་མཐའ་མེད་པ་དེ་ཙམ་དུ་མཁའ་ཁྱབ་ཀྱི་སེམས་ཅན་ཇི་སྙེད་པས་རང་རེ་ལ་འཁོར་བའི་བདེ་འབྱོར་ཟད་གཞལ་མེད་པར་བྱིན་པའི་དྲིན་ཅན་མཐའ་མེད་པ་དེ་སྙེད་ཀྱི་སྡུག་བསྔལ་རང་ཐོག་ཏུ་བབ་སྟེ་སེམས་ཅན་དེ་ཉིད་ལ་སྙིང་རྗེའི་གྲངས་དེ་སྙེད་སྐྱེ་བས། སྙིང་རྗེ་དཔེ་དྲངས་པའི་བྱམས་པ་དང་བྱང་ཆུབ་ཀྱི་སེམས་ཀྱང་སེམས་ཅན་དེ་སྙེད་ཀྱི་གྲངས་ཀྱི་ཚད་གཞལ་མེད་པར་སྤྲིན་ཆེན་ལས་ཆར་ཆེར་གཡོ་བ་ལྟར་རྩོལ་མེད་དུ་འབྱུང་བ་ན་ལས་ཚུལ་བསམ་གྱིས་མི་ཁྱབ་པའི་རྟེན་འབྲེལ་གྱི་སྣང་ཚུལ་སྒྱུ་མ་ལྟ་བུའི་ཆོས་ལ་སྒྱུ་མ་ཙམ་དུ་ནམ་མཁའི་མཐས་ཀླས་པའི་མ་རྒན་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུན་གཏན་དུ་བཅད་ནས་མི་གནས་པའི་མྱང་འདས་སྒྱུ་མ་ལྟ་བུ་ལ་འགོད་པར་ནུས་སོ་སྙམ་པའི་ངེས་ཤེས་ཤུགས་དྲག་གི་བློ་ཡང་ནས་ཡང་དུ་གོམས་པར་བྱས་ཏེ། བསྒོམས་པས་མ་རྒན་སེམས་ཅན་མཐའ་མེད་ཀྱི་སྡུག་བསྔལ་གཏིང་དཔོགས་པར་རང་ཐོག་ཏུ་ཁེལ་བ་དང༌། དེ་ལྟར་ཁེལ་བ་ན་དེ་དག་བསྒྲལ་བར་མི་ནུས་སོ་སྙམ་པའི་སྒྱིད་ལུག་དང་བྲལ་ནས་བྱང་ཆུབ་ཆེན་པོའི་སྒྲུབ་པ་མཐར་འདོན་གྱི་སྙིང་སྟོབས་ཆེན་པོ་རིམ་གྱིས་འབྱུང་བས། དེའི་རྩལ་གོང་ནས་གོང་དུ་བསྐྱེད་དེ་སྒོམ་པར་བྱའོ། །

༣༡

དེ་ལྟར་ཡང་ནས་ཡང་དུ་དྲག་ཏུ་བསྒོམས་པས། སྒོམ་པའི་རྣམ་རྟོག་གི་རྩོལ་བ་དེ་ཉིད་ཀྱིས་སེམས་གཡེངས་ནས་གནས་སུ་མ་འདོད་ན། འོག་རླུང་ཆ་གསུམ་གྱི་ཆ་གཅིག་གློད། ཆ་གཉིས་ཡར་ལ་དྲངས། སྟེང་རླུང་ཆ་གསུམ་ལས་ཆ་གཅིག་མནན་ཆ་གཉིས་གློད་དེ་གསུས་པ་སྒལ་པ་ལ་སྦྱར་རམ་ཕྱིར་ཕུལ་བ་གང་བདེའི་སྒོ་ནས་རླུང་བུམ་པ་ཅན་དར་དྲག་ལ་རྒྱུན་རིང་བར་བསྒོམས་པས། གང་ཟག་གི་རིས་ལ་ལ་གློ་བུར་དུ་ལུས་ཀྱི་ཕྱི་ནང་གང་རིས་ནས་བཙན་ཐབས་སུ་དྲོད་ཤིང་གཙུབས་པས་མེ་འབར་བ་ལྟར་འབར་བས་དགུན་ཉི་མ་ལྡོག་སྒང་དུའང་ལུས་གཅེར་བུར་བསྡད་ཀྱང་གྲང་བའི་སྣང་བ་མི་འབྱུང་བ་དང༌། ཐོད་པ་གས་པ་དང་སྤྱི་གཙུག་ཕུག་སོང་སྙམ་པའི་ཟུག་དང་མི་བདེ་བ་དང་མགོ་ཟི་བ་དང་ན་ཐོམ་པ་འབྱུང་ཞིང༌། ལ་ལ་ཕོ་བ་ཁྲོག་ཅིང་ཁྲུ་སྐྱུག་བྱེད་པ་དང་ཡན་ལག་ཚིགས་གཞི་ཐམས་ཅད་ན་ཞིང་གྲང་ཞུམ་དང་ཚ་བེར་བྱེད་པ་འབྱུང་ལ། ལ་ལ་དངོས་སམ་མཐོང་ཉམས་ལྟ་བུར་དཀར་པོ་དང་དམར་ལྗང་སོགས་ཀྱི་འོད་ཀྱིས་ས་གཞི་དང་ནམ་མཁའ་ཐམས་ཅད་འཁོར་བ་འབྱུང་བས། དེ་ལྟར་བྱུང་ན་གོས་དྲོ་བར་བྱ། ཟས་བཅུད་ཅན་ཚོད་རན་པ་དང༌། སྐུ་མཉེ་དང་ཉི་མ་སོགས་ཀྱིས་ཁམས་མི་ལྡོག་པར་བྱ། གང་ཟག་ལ་ལ་རྐྱེན་དེས་ཉམས་བཟང་པོ་སྐྱེས་ནས། ཆོས་ཐམས་ཅད་སྟོང་གསལ་དྲི་མ་མེད་པ་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུའི་རྟོགས་པའང་འདི་ཕན་དུ་མེད་སྙམ་པའི་རློམ་པ་སྐྱེ་བར་འགྱུར་ལ། དེ་ཙམ་གྱིས་ཆོག་པར་ག་ལ་འཛིན་པས་སླར་སེམས་ཅན་གྱི་དོན་དུ་བདག་གི་རྒྱུད་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྱེད་པའི་བཀའ་དྲིན་བསྐུལ་བའི་ཕྱིར་བླ་མ་དཀོན་མཆོག་ལ་གསོལ་བ་སྙིང་ཚིམ་ཚིམ་དུ་ཡིད་དུ་ཡིད་དུང་བྲེང་ངེར་གསོལ་བ་བཏབ་ནས། དེའི་རྗེས་སུ་མོས་གུས་ཀྱི་བློ་རིག་སྟོང་རྗེན་ནེ་བ་དེ་ཉིད་ལ་མ་ཡེངས་ཙམ་དུ་སྐྱོང་བར་བྱའོ། །

༣༢

ཡང་དྲག་ཏུ་བསྒོམས་པ་ན་རྣམ་རྟོག་བཟང་ངན་དུ་མས་ཤེས་པ་གཡེངས་ན། རྣམ་རྟོག་གི་ཚུབ་མ་གང་དང་གང་ཡིན་པ་དེ་ཉིད་སེམས་འཛིན་གྱི་དམིགས་རྟེན་དུ་བཀོད་དེ་རྣམ་རྟོག་ཅི་འགྱུ་བ་དེ་ཉིད་ཀྱི་ངང་ལ་བཞག་པས། རྣམ་རྟོག་གི་ངོ་བོ་རང་རིག་རྗེན་ནེ་བ་དེ་ཉིད་ལ་གཡེར་ཐོན་ནས་རྟོག་ཐོག་དེ་ཉིད་དུ་རིག་པའི་བཙན་སའམ་གནས་ཆ་ཟིན་པས་སླར་གནས་པ་སྒྲུབ་འདོད་ཀྱི་རྩོལ་བ་མ་དགོས་པར་གནས་པ་ལ་དགའ་བ་དང་རེ་ཞིང་འགྱུར་བ་ལ་སྡུག་པ་དང་དགོས་པ་བྲལ་ནས་གནས་འགྱུ་ཐམས་ཅད་རང་རིག་གཅིག་ཏུ་གནས་པའི་ཡོ་ལང་དུ་རྟོགས་ནས་རིག་པ་དྲི་མ་མེད་པ་ལ་རྩེ་གཅིག་ཏུ་གནས་པའི་ཉམས་ཁོར་ཡུག་ཏུ་འབྱུང་ཞིང་དེ་ཉིད་སྒོམ་གྱི་ངོ་ཏིར་བྱས་ནས་སྐྱོང་བ་ན་ཉམས་ལེན་ལ་ཤོར་ཐབས་ཀྱི་གེགས་མི་འཇུག་པས། རྣམ་རྟོག་སྒོམ་དུ་འཁྱེར་ཤེས་པས་སྒོམ་ལ་མུ་གེ་མི་ཡོང་ཞེས་རྒྱལ་བ་རྒོད་ཚང་པས་རྩལ་དུ་བཏོན་ཏེ་འཁྲིད་པར་མཛད་དོ། །འདི་ལྟར་བཟློག་སྒོམ་གྱི་རྟེན་འབྲེལ་གནད་དུ་སོང་བས་སྒོམ་རང་འཁོར་དུ་མི་སྐྱེ་མི་སྲིད་པའི་གསང་ཕྲ་མོ་ཡོད་པས་དུས་དང་སྦྱར་ཏེ་ཁྲིད་པར་བྱའོ། །

༣༣

དེང་སང་གང་ཟག་གི་རིགས་ཕལ་ཆེ་བ་ལ་མྱོང་བ་འདི་ཙམ་སྐྱེས་པ་ནས་རྟོགས་པའི་བོགས་སྐྱེད་ཆེར་མི་འབྱུང་བས་དེའི་དུས་ཚེ་འདི་བློས་བཏང་སྟེ་སྒྲུབ་པ་སྙུགས་སུ་ལོ་ཤས་འགའ་རེ་བསྲིངས་ནས་བསྒོམས་པས་ཉམས་མྱོང་དེ་ག་ལ་རེས་མོས་གུས་དང་བྱང་ཆུབ་ཀྱི་སེམས་ཀྱི་བོགས་ཐོན་ནས་ཤེས་པ་སྟོང་གསལ་རྟོག་བྲལ་གྱི་ངར་ཅན་དུ་འབྱུང་ལ། རེས་མོས་གུས་དང་བྱང་ཆུབ་ཀྱི་སེམས་ཀྱི་བོགས་ཐོན་ནས་བྱིང་རྨུགས་འཕྲོ་རྒོད་ཀྱི་ཤེས་པ་འཚུབ་པ་དང༌། རེས་ཉམས་བཟང་པོ་སྨྲ་བསམ་གྱིས་བརྗོད་མི་ཤེས་པས་ཉིན་མཚན་གར་སོང་ཆ་མེད་པར་ལྟོ་སྐོམ་སོགས་ཀྱང་བརྗེད་པ་དང༌། རེས་དྲན་ཤེས་ཀྱིས་ནམ་སྐྱོང་དགེ་སྦྱོར་ལ་བློ་ལས་རུང་དུ་ཁྲེས་སེ་འགྲོ་བ་དང༌། དགེ་སྦྱོར་དེ་ཉིད་རྨི་ལམ་དུའང་འདྲོངས་པའི་ཉིན་མཚན་བསྲེ་ཐུབ་པ་འབྱུང་བས། འདི་ཙམ་ལ་ཆོག་ཚོད་བཟུང་ནས་བདག་ལ་དགེ་སྦྱོར་ཁོར་ཡུག་མ་ཡོད་ཅེས་རློམ་པ་བྱེད་པའང་འབྱུང་ལ། གང་ཟག་ལ་ལ་མྱོང་བ་འདི་ཙམ་སྐྱེས་པ་ན་ཆོས་བརྒྱད་ཀྱི་རྣམ་རྟོག་གི་དབང་དུ་སོང་ནས་སྒྲུབ་པ་བཞག་སྟེ། ཚེ་འདིའི་དགྲ་བཏུལ་གཉེན་སྐྱོང་གི་ཆེད་ཀྱི་སྙད་ཀར་དགེ་འདུན་གྱི་གནས་གཞི་སྐྱོང་བ་དང་གྲོང་ཆོག་འདྲེ་འདུལ་སོགས་ཀྱི་གཞན་དོན་ལྟར་བཅོས་པ་དང༌། ཚོགས་པ་སྐྱོང་བ་སྐད་བྱེད་པ་དང༌། དེ་ལྟར་བྱེད་པ་ནའང་ཉམས་མྱོང་དེ་ཉིད་གྲིབ་སོགས་མ་བྱུང་ན་མི་འཆོར་སྙམ་པ་དང༌། བྱུང་ན་འཆོར་སྙམ་པ་འབྱུང་ཞིང་དེ་ལྟར་གཞན་དོན་ལྟར་བཅོས་པ་ན་དང་པོར་མྱོང་བ་དེས་ཟིན་ཀྱང་ཕྱིས་མྱོང་བ་དེ་ཡལ་ནས་ཐ་མལ་ཁྲེས་སེར་འགྲོ་ཞིང༌། སོང་བ་ན་གཞན་དག་གིས་ཀྱང་འདི་དང་པོ་སྒོམ་ཆེན་པ་བཟང་པོ་ཡིན་པ་ལ་ད་སྡིག་ཅན་གྱི་སྤྱོད་པའམ་ཆོས་བརྒྱད་ཅན་ཟེར་ནས་གཤེད་སྐུར་སྣ་ཚོགས་འབྱུང་ལ། སྒོམ་ཆེན་དེ་འདྲའི་རིགས་པ་ལ་ལས་ཁོང་རང་གིས་སྤྱོད་ངན་དེ་ལྟར་སྤྱད་པས་རྨ་བབ་ཀྱི་དགོས་པའི་ངོ་ཚས་སླར་དགེ་སྦྱོར་གྱིས་ཟིན་པ་སྐད་ཀྱི་གཡོ་སྒྱུའི་གྲོལ་ཆ་སྟོན་པ་དང༌། གང་ཟག་གི་རིགས་དེ་འདྲས་རང་ཉིད་ཀྱི་མྱོང་བ་ཡལ་བ་དེ་བཞིན་དུ་གཞན་གྱི་སྒོམ་ཆེན་རྣམས་ལའང་རྒྱས་བཀབ་པའམ། ཡང་རང་རྨ་བབ་ནས་གཞན་འགྲན་ཟླའི་སྒོམ་ཆེན་བཟང་པོ་ལ་བསོད་ནམས་འུར་བ་ལ་ཕྲག་དོག་སྐྱེ་སྟེ། སྤྱིར་སྒོམ་དང་སྒོམ་ཆེན་ཐམས་ཅད་ཟོག་པོ་ཡིན། ཆེ་གེ་འདིའི་དགེ་ཚོགས་ལས་བདག་གི་སྡིག་སྤྱོད་འདིའང་དགེ་བའི་མཆོག་དམ་པ་ཡིན་པས་ས་ལམ་བསྒྲོད་ཕུལ་ཆེ་ཟེར་བ་སོགས་ཀྱི་ཆོས་སྤོང་གི་ལས་སོག་པའི་རིགས་ཅན་ཀྱང་འབྱུང་བར་སྣང་ཞིང༌། གང་ཟག་གི་རིགས་ལ་ལ་མྱོང་བ་འདི་ཙམ་དུ་སླེབ་པ་ན་མྱོང་བ་ལ་གཡེང་བ་སོགས་ཀྱིས་མི་གནོད་པར་འདུག་སྙམ་ནས་བཟོ་རྩིས་སྨན་སོགས་ཀྱིས་ནོར་རྫས་དཔག་མེད་བསྡུས་ནས་མཆོད་སྦྱིན་དང་ཁྱད་པར་བླ་མ་དཀོན་མཆོག་ལ་རྙེད་བཀུར་དང་ལུས་ངག་གི་ཞབས་ཏོག་ལས་སྒྲུབ་པ་ལ་ནན་ཏན་མི་བྱེད་པ་དང༌། ཡང་གང་ཟག་ལ་ལ་མྱོང་བ་འདི་ཙམ་དུ་སླེབས་པ་ན་ལོ་ཤས་དྲག་ཏུ་འབད་དེ་བསྒོམས་ཀྱང་རྟོགས་པ་ལ་ཆེར་བོགས་མ་ཐོན་པས་ཉམས་ལེན་དེ་ཉིད་ཀྱིས་ཟིན་བཞིན་པའམ་མ་ཟིན་ཀྱང་ཉམས་ལེན་དེ་ཉིད་ཉམས་ཀྱང་སླའོ་སྙམ་ནས་བླ་མ་དང་དཀོན་མཆོག་གི་ཆེད་དུ་ལུས་ངག་གི་ཞབས་ཏོག་སྒྲུབ་པའི་བསག་སྦྱངས་ལ་འབད་པ་སོགས་འབྱུང་ལ། དེ་ལྟར་གྱི་ཚེ་བླ་མ་མཚན་ལྡན་གྱི་བཀའི་རྗེས་སུ་འབྲངས་ནས་རྟོག་པ་དེ་ཉིད་བོགས་འདོན་ཐབས་ཀྱི་བསག་སྦྱང་ལ་བླ་མ་ཉིད་ཀྱི་བཀའ་བསྩལ་དང་དུ་བླངས་ནས་སྲོག་སྡོས་སུ་སྒྲུབ་ན་ས་ལམ་བགྲོད་ཕུལ་ཆེ་ལ། དེ་ལྟར་སྒྲུབ་པར་མ་ནུས་ཀྱང་རང་གཞན་གྱི་རྒྱུད་ལ་ཚོགས་ཅི་འཕེལ། སྡིག་སྒྲིབ་ཀྱི་དམིགས་རྐྱེན་ཅི་ཆུང་གི་ཐབས་ཁོ་ན་ལ་འབད་ཅིང༌། གལ་སྲིད་སྐལ་བ་ངན་པས་ཆོས་གང་ཟག་ལ་ལོག་ལྟས་ནག་པོ་ཁ་འབྱམས་སུ་སྤྱོད་པར་གྱུར་ནའང་རྗེས་ནས་དཀོན་མཆོག་གི་ཐུགས་རྗེས་སྔར་བྱས་ཀྱི་ལས་ལ་འགྱོད་པ་སྐྱེས་ཏེ་རྗེ་བཙུན་བླ་མའི་གསུང་ཚད་མར་བྱས་ནས་སྔར་གྱི་དགེ་སྦྱོར་ལ་སྒོ་གསུམ་གྱི་ཉམས་ཆག་ཅི་བྱུང་ཐམས་ཅད་བཤགས་སྡོམ་ཚུལ་བཞིན་དུ་བྱས་པས་ལས་སྒྲིབ་མི་འདག་མི་སྲིད་ཅིང༌། ཕྱིན་ཆད་ད་ལྟ་ཉིད་དུ་སྲོག་བརྒྱ་འགྱུར་དུ་ཆད་ཀྱང་ལས་ངན་དེའི་རྗེས་སུ་མི་འབྲང་བར་འཕགས་པའི་ཚོགས་ཐམས་ཅད་ཀྱི་བདག་ཉིད་རྗེ་བཙུན་བླ་མ་དགྱེས་པའི་ལྟ་སྤྱོད་རྣམ་པར་དག་པ་སྒྲུབ་པའི་སྐལ་ལྡན་དུ་བྱིན་གྱིས་རླབས་ཞེས་དགེ་བའི་རྩ་བ་སྒོ་དུ་མ་ནས་སྒྲུབ་ཅིང༌། དགེ་བ་དེའང་བྱང་ཆུབ་ཀྱི་ཆེད་དུ་བསྔོའོ། །དེ་ལྟར་རང་གི་མི་དགེ་བའི་ལས་ངན་སྤྱོད་སྤྱོད་པོ་ཞིག་ལ་སངས་རྒྱས་ཀྱི་བྱིན་རླབས་ཅང་འཇུག་ནུས་སམ་སྙམ་ན། སངས་རྒྱས་ཀྱི་ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང༌། སེམས་ཅན་གྱི་ལས་ཚུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་ན། སེམས་ཅན་ལས་ཅི་ཙམ་ངན་པ་ཙམ་གྱིས་སངས་རྒྱས་ཀྱི་ཐུགས་རྗེ་ཡང་འཇུག་ཚབས་ཇེ་ཆེར་འགྲོ་བ་ཡིན་ལ། དེའང་སངས་རྒྱས་ཀྱིས་རང་རེ་ལ་ཐུགས་རྗེའི་བྱིན་གྱིས་བརླབ་པ་ལའང་སངས་རྒྱས་ཀྱིས་བླ་མ་ལ་ཐུགས་རྗེའི་བྱིན་གྱིས་བརླབས། དེས་རང་རེ་ལ་ཐུགས་རྗེའི་བྱིན་རླབས་ནས་རྒྱུད་སྨིན་གྲོལ་དུ་འགྲོ་བ་ཡིན་ཏེ། གྲོ་ལུང་པའི་བསྟན་རིམ་ལས། སངས་རྒྱས་ཀྱི་བྱིན་གྱིས་བརླབ་པ་ལ་གང་ག་ཀླུང་གི་བྱེ་མ་སྙེད་ཀྱི་བདུད་ཀྱི་སྡེའི་བ་སྤུ་ཉག་རེ་རེ་ལས་དེ་སྙེད་འཕྲུལ་ཀྱང་བར་ཆད་བྱ་མི་ནུས་པ་ལྟར། བླ་མས་བྱིན་གྱིས་རླབས་པ་ལའང་བདུད་ཀྱིས་བར་ཆད་བྱ་མི་ནུས་པ་ཡིན་ནོ་ཞེས་འབྱུང་ལ། འདི་ཡང་བླ་མ་དང་སློབ་མ་མཚན་ཉིད་དང་ལྡན་པའི་དབང་དུ་བྱས་པ་ཡིན་ནོ། །བླ་མ་མཉེས་པར་བྱས་པས་བྱིན་རླབས་ཀྱི་ཡོན་ཏན་ཚད་མེད་པ་ཐོབ་ཀྱང་མ་གུས་པ་ཅུང་ཟད་ཙམ་གྱིས་ཉམས་པར་འགྱུར་ཏེ། རིགས་ངན་གྱི་རྣལ་འབྱོར་པ་གླིང་གཞན་ནས་མེ་ཏོག་དང་རིན་པོ་ཆེ་ལེན་ནུས་པ་ཞིག་ལ་རིགས་བཟང་ཞིག་གིས་གདམས་པ་ཞུས་པས་ཁྱོད་རིགས་ཀྱི་ང་རྒྱལ་ཅན་ཡིན་ནོ་ཞེས་མ་གནང༌། ང་རྒྱལ་བཅག་ནས་ཞུས་པས་གནང་ནས། དེ་ལ་བསྙེན་བཀུར་བྱེད་ཅིང་གནས་པ་ན། སློབ་དཔོན་ཤ་ཆང་སྒོག་པ་མང་དུ་ཟོས་ནས་ཁྲིའི་སྟེང་དུ་ཉལ་ཏེ་སྐྱུགས་པས་སློབ་མའི་ལུས་ཐམས་ཅད་བརྫད་པ་ལ་སློབ་མས་ཤིན་ཏུ་ཐུགས་ལ་བཏགས་སྙམ་དགའ་བ་སྐྱེས་པས་བླ་མ་དང་ཡོན་ཏན་འདྲ་བར་གྱུར་ཏོ། །ཕྱིས་གཞན་ཞིག་གིས་ཁྱོད་ཀྱི་ཡོན་ཏན་འདི་རིགས་ངན་གྱི་རྣལ་འབྱོར་པ་ལ་ཐོབ་བམ་ཞེས་དྲིས་པས། རིགས་ཀྱི་ང་རྒྱལ་གྱིས་མ་ཡིན་ནོ། །ཞེས་སྨྲས་མ་ཐག་ཡོན་ཏན་ལས་ཉམས་པར་གྱུར་པ་ལྟ་བུའི་བྱུང་བ་མཐའ་ཡས་སོ། །དེས་ན་ཞི་གནས་ལ་བརྟེན་པའི་སྒོམ་ཉིན་མཚན་བསྲེ་ཐུབ་ཀྱི་ཁོར་ཡུག་ལ་འབྲུག་སྐོར་བ་སོགས་ཀྱིས་ཉམས་ཁོར་ཡུག་དང་རྟོགས་པ་ཁོར་ཡུག་གི་ཐ་སྙད་མཛད་ནས། འདི་ལ་ཉམས་ཁོར་ཡུག་མ་ཞེས་བརྗོད་དེ་རྟོག་པ་ཁོར་ཡུག་མ་བྱུང་གི་བར་ཉམས་ཁོར་ཡུག་ལ་ཡིད་བརྟན་མེད་པས་སྒོམ་འཇའ་ཚོན་མ་ཞེས་གསུངས་སོ། །

༣༤

དེས་ན་བླ་མ་ཉམས་མྱོང་ཅན་གྱིས་ཁྲིད་པ་ན་སློབ་མའི་རིགས་ལ་ལ། སེམས་འཛིན་གྱི་དམིགས་སྐོར་གཅིག་གཉིས་དང་བསག་སྦྱང་གི་རྟེན་འབྲེལ་གྱི་བསྒྱུར་ཁ་སྣ་རེ་ཟུང་རེ་བསྟན་མ་ཐག་པར་མོས་གུས་དང་ངེས་འབྱུང་གི་བློ་འགྱུར་ཕུལ་ཆེ་ཆེ་དང༌། སྒོམ་ཡང་བཟང་པོ་སྐྱེ་སྐྱེ་འདྲ་བ་ལ། དེ་ནས་སླར་བཏུད་དེ་བསྒོམས་པས་ནམ་གཞུག་ཆད་ཀའི་ཆར་ལྟར་རྒྱུད་ཐ་མལ་པར་ཐང་ངེ་བྲེང་ངེ་ལུས་ནས་མཐར་རབ་ཁ་བཏོན་ཡམ་མེ་བ་དང་བརྟུལ་ཞུགས་སྣ་རེ་ཟུང་ལ་ཁ་འབྱར་ཞིང༌། ཐ་མ་མངག་གཞུག་པའམ་ཚོང་པ་དང་ཞིང་ལས་པ་སོགས་སུ་འགྲོ་བ་ཡང་འབྱུང་ལ། ཁ་གཅིག་དམིགས་སྐོར་བརྒྱ་ཕྲག་ལ་སེམས་འཛིན་བྱས་ཀྱང་སེམས་གནས་སུ་མི་འདོད་པ་ལ། སྐབས་ཤིག་ཡེངས་ཐབས་སུ་གནས་པ་རྩོལ་མེད་དུ་སྐྱེ་བ་དང༌། ཁ་ཅིག་ལ་བསག་སྦྱང་གི་རྟེན་འབྲེལ་ལོ་མང་པོར་བྱས་ཀྱང་བློ་སྣ་གྱོང་ཀྱུ་རེ་གཤིས་ངན་ལོག་ལས་མེད་པ་ལ་སྐབས་ཤིག་ནས་ཞེན་ལོག་ངེས་འབྱུང་མོས་གུས་སྙིང་རྗེ་ལྟ་བུའི་རྐྱེན་གྱིས་འཆི་བ་སྙིང་གཟེར་གྱི་དམ་པའི་ཆོས་ཁོ་ན་སྙིང་ལ་བརྣགས་པའི་སྒྲུབ་པ་མཐར་འདོན་ཅན་འབྱུང་བ་དང༌། ཡང་ཁ་ཅིག་རེས་གནས་པའང་དམ་དུ་སྐྱེ་ཞིང༌། རེས་ཆགས་སྡང་ཕྲག་དོག་གི་ཟུར་མགོ་ཡང་རགས་ལ། རེས་གློ་བུར་དུ་མོས་དུང་དུང་སོགས་དང་ཞེན་ལོག་ཀམ་ཀམ་ཡང་སྐྱེ་ཞིང༌། དེ་ལྟར་ལོ་དུ་མར་བསྒོམས་པ་ན་ལོ་རེ་ཙམ་དུ་ཡར་སྐྱེད་ཐོན་པ་འདྲ་ལོ་རེ་ཙམ་དུ་མར་སྐྱེད་ཡོང་བ་འདྲ་བའི་དགེ་སྦྱོར་གྱི་བྱ་བ་གང་ལའང་རེས་གནས་ཀྱིས་ལན་པ་འདྲ། རེས་གྲོགས་ཀྱིས་ལན་པ་འདྲ། རེས་མཐུན་རྐྱེན་སོགས་ཀྱིས་ལན་པ་འདྲ་བའི་རྐྱེན་ལས་ཉམས་མྱོང་གི་འགྱུར་ལྡོག་མ་ངེས་པ་ཅི་རིགས་འབྱུང་ལ། རྐྱེན་དེ་འདྲས་ཁ་ཅིག་སྒྲུབ་པ་མཐར་ཕྱིན་གྱི་སྒོམ་ཆེན་ངེས་འབྱུང་ཅན་ལོང་མེད་རྒྱུད་ལ་སྐྱེ་བའི་འཇིག་རྟེན་ཚེ་འདི་བློས་བཏང་བའི་བྱ་བྲལ་ཆེན་པོའང་འབྱུང་ངོ༌། །ཁ་ཅིག་ཚེ་འདིའི་འུར་སྒྲོབ་ཀྱིས་བསྡུས་པའི་བླ་མ་དང་སྡེ་པ་ཆེན་པོའི་གཞན་དབང་གིས་འཁོར་པོར་འགྱུར་བའི་བྱ་སྤུ་རླུང་ཁྱེར་ལྟ་བུའམ་ལ་ལ་མཁོས་མེད་ཀྱི་ཁ་བཏོན་ཙམ་ལ་བརྟེན་ནས་སྡོད་པའི་སྙོམས་ལས་པར་འགྱུར་ལ། ལ་ལ་བཟའ་བཏུང་སོགས་ཀད་ཀྲིག་གེར་བྱ་བ་གང་བྱེད་པ་ཐམས་ཅད་ཉིན་མཚན་ཆ་བགོས་པའི་ཚེ་འདིའི་ཆེད་དུ་སྤྱོད་ལམ་ཆོས་ལྟར་བཅོས་ནས་སྐྱེ་བོ་དག་གི་དབུས་སུ་གཡོ་ཐབས་ཀྱི་བསམ་གཏན་པར་ཁས་བླངས་ནས། གྲོང་ཁྱེར་པ་དག་གིས་འདི་ནི་དེང་སང་སའི་སྟེང་ན་སྒྲུབ་ཚུགས་འགྲན་ཟླ་མེད་པའོ་ཞེས་བསྟོད་བསྔགས་དང་རྙེད་བཀུར་དོན་དུ་གཉེར་བ་སོགས་དུ་མ་འབྱུང་བས། སྙིགས་དུས་འདིར་སློབ་མར་བཟུང་ནས་བློ་རྒྱུད་དམ་པའི་ཆོས་སུ་འཁྲིད་པ་ན་སློབ་མ་སྐལ་བ་ངན་པ་དག་ཕལ་ཆེར་བདུད་དབང་དུ་འགྲོ་བ་ཤས་ཆེ་བས་ཕྱི་ནང་གི་བདུད་རྣམས་ལ་དཔོན་སློབ་གྲོགས་བཅས་ཐམས་ཅད་ཀྱིས་ཕན་ཚུན་དུ་སྒོ་དུ་མ་ནས་བསྲུང་བར་བྱ་ཞིང༌། དམ་པའི་ཆོས་གཞན་དུ་བློ་བཀྲིར་རུང་བའི་སློབ་མའི་རིགས་ཐ་མ་ལའང་འདི་ལྟར་འབྱུང་སྟེ། འཕྲལ་གནས་གྲོགས་སོགས་ཀྱི་རྐྱེན་ཅུང་ཟད་ཀྱི་མི་དགེ་བའི་གཞན་དབང་དུ་སོང་ཡང༌། ཕུགས་གཏིང་བློས་ཁེལ་བའི་བླ་མ་སྐྱབས་སུ་བཟུང་བ་དེ་ཉིད་སྐྱབས་གནས་བསླུ་བ་མེད་པར་ཤེས་པའི་དད་པ་འགྱུར་བ་མེད་པས་བླ་མ་དེའི་ཞབས་ཀྱི་རྡུལ་ཕྲ་རབ་ས་ཡ་སྟོང་དུ་བཤིག་པའི་ཆ་ཤས་བདག་གི་སྤྱི་བོར་ནོད་པའི་སྐལ་བ་ཐོབ་ན་ཅི་མ་རུང་སྙམ་དུ་སེམས་པས་བཀའ་ཅི་ནུས་ཀྱིས་སྒྲུབ་ཅིང༌། སྒྲུབ་པར་མ་ནུས་ཏེ། མི་ཁོམ་པའི་གནས་ཅི་འདྲར་སོང་ཡང༌། བླ་མ་དེ་ཉིད་དང་མི་འབྲལ་བའི་སྒོ་ནས་བདག་གི་འདྲེན་པར་གྱུར་ཅིག་པའི་སྦྱོར་བས་བསྔོ་མ་ཐོགས་ནའང༌། སྨོན་པ་ལ་སུས་བཟློག་ཀྱང་མི་གཏོང་བ་ཞིག་བྱུང་ན། བློ་སྔར་ཆོས་སུ་སོང་བ་དེ་ཡང་ཕྱིས་ཆོས་ལམ་དུ་འགྲོ་བའི་རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་འགྱུར་ལ། སྔར་བློ་ཆོས་སུ་མ་སོང་བ་ཡང་སླར་བློ་ཆོས་སུ་འགྲོ་ཞིང་ཆོས་ལམ་དུ་འགྲོ་བའི་རྐྱེན་དུ་འགྱུར་རོ། །དེ་ལྟར་མིན་པའི་སྐྱབས་གནས་བླ་མ་དཀོན་མཆོག་ལ་བློ་མ་ཁེལ་བ་དེ་འཕྲལ་དུ་ཞེན་པ་ལོག་པ་སྐད། གཏོང་ཕོད་ཆེ་བ་སྐད། སྙིང་རུས་དང་བརྩོན་འགྲུས་ཆེ་བ་སྐད། ཚུལ་ཁྲིམས་གཙང་བ་སྐད་དུ་ལོ་ཤས་བྱས་པ་དེ་ཡང་བློ་ཆོས་སུ་མ་སོང་བས་ཚེ་འདིའི་སྣང་ཤས་ཀྱིས་ཀུན་ནས་བསླངས་པས་ཆོས་ཆོས་ལྟར་བཅོས་པར་སོང་བའི་དབང་གིས་ཆོས་དེ་ཉིད་ཐར་པའི་ལམ་དུ་མི་འགྲོ་བས་བླ་མ་དང་དཀོན་མཆོག་གིས་ཇི་ལྟར་སྐྱབས་ཀྱང་སྐྱོབ་པར་མི་ནུས་ཤིང་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་མཐུ་རྡུགས་པར་འགྱུར་བ་ཡིན་ནོ། །དཀོན་མཆོག་གསུམ་གྱིས་སྐྱོབ་པར་ནུས་མི་ནུས་ཀྱང་རྩ་བའི་བླ་མའི་བཀའ་སྒྲུབ་ནུས་མི་ནུས་ལ་རག་ལས་པས། བླ་མ་དང་དཀོན་མཆོག་གི་སྐྱབས་ལ་ཚད་མར་བཟུང་ནས་ཅི་གསུང་སྒྲུབ་པ་མེད་པར་ཚིག་ཙམ་གྱིས་དཀོན་མཆོག་སྐྱབས་སུ་འཛིན་པ་ནི་དཀོན་མཆོག་གི་སྐྱབས་དང་བྲལ་བས་ཐར་ལམ་གྱི་སྐལ་བ་ལས་རིང་དུ་འགྱུར་ལ། དེས་ན་ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པའང་གནད་འདི་ལ་ཐུག་གོ །དེས་ན་དགེ་སྦྱོར་དང་མྱོང་བ་ལ་འཕྲལ་བར་ཆད་ཅི་བྱུང་ཡང་དཀོན་མཆོག་གསུམ་འདུས་ཀྱི་ངོ་བོ་བླ་མ་དམ་པ་མཚན་ལྡན་ཞིག་གི་བཀའ་ལ་ཚད་མར་བཟུང་བའི་སྒྲུབ་པ་ལ་སྦྱོར་བས་དངོས་སུ་འཇུག་མ་ཐུབ་ཀྱང་སྨོན་པས་སྒྲུབ་པའི་བསམ་སྦྱོར་གྱིས་འདོད་པའི་དད་པ་དང་མ་བྲལ་ན་ཕུགས་དགེ་སྦྱོར་རྐྱེན་དབང་དུ་མི་འགྲོ་བའི་རྟེན་འབྲེལ་མི་འཆུག་པས། འཕྲལ་རྐྱེན་ནམ་སྔོན་ལས་ཀྱིས་སྡོམ་དམ་སོགས་ལ་ཉམས་ཆག་ཅི་བྱུང་ཡང་ཡིད་མི་གསོད་པར། སླར་ཡང་བླ་མ་དམ་པ་ཉིད་ལ་རྗེས་སུ་འཛིན་པའི་རྟེན་འབྲེལ་ལེགས་པར་བསྒྲིགས་པ་ན་ཐར་པའི་ལམ་དུུ་བདག་ཉིད་འགྲོ་བ་དང་བླ་མས་ཐར་ལམ་དུ་རྗེས་སུ་འཁྲིད་ཅིང་མི་གཏོང་བར་འཛིན་པ་ཆོས་ཉིད་ཡིན་པས། བླ་མ་དམ་པ་ལ་མོས་གུས་མ་ཉམས་པ་འདི་ལམ་ཐམས་ཅད་ཀྱི་རྩ་བར་འཛིན་པ་དེ་ལམ་དུ་འཁྲིད་པ་ན་འཁྲིད་པར་བྱར་ཡོད་ཀྱི། དེ་ལྟས་འཁྲིད་པར་བྱར་མི་ནུས་པའི་སློབ་མ་དེ་དང་བླ་མ་དེ་དམ་པའི་ཆོས་ཀྱིས་བསྟུས་པའི་དཔོན་སློབ་ཀྱི་ལས་འབྲེལ་ཚེ་འདི་དང་སྔོན་དུ་མ་སོང་ངེས་པས། བཟའ་བཏུང་སོགས་ཟང་ཟིང་གིས་སློབ་མ་དེའི་སེམས་བསྲུང་ཞིང་མགུ་བའི་དད་སེམས་འཇབ་བུས་འཇོག་པ་ལས་དངོས་སུ་སློབ་མར་བཟུང་བའི་ཡུལ་དུ་མ་གྱུར་པས། བརྒྱུད་ནས་སྨོན་ལམ་གྱི་འབྲེལ་པས་སློབ་མར་བསྡུ་བར་བྱའོ། །ཡང་གང་ཟག་གི་རིགས་ལ་ལམ་དུ་ཁྲིད་པ་ན་སེམས་ལ་གནས་ཆ་སོགས་ཅི་ཡང་སྐྱེར་མི་བཏུབ་པ་ལ། ལྷ་སྐུའམ་རྩ་རླུང་ཐིག་ལེ་ལྟ་བུའི་སེམས་འཛིན་དང་རླུང་སྦྱོར་བྱས་ན་ཆགས་ཉམས་ལྟ་བུའི་རྐྱེན་གྱིས་བདེ་གསལ་མི་རྟོག་པའི་སྟོང་ཉམས་སྐྱེས་ནས་ཆགས་ལམ་སོགས་གསང་སྔགས་ཀྱི་ལམ་ཉི་ཚེ་ལ་བློ་ཕྱོགས་པའང་འབྱུང་ཞིང༌། དེལྟའི་རིགས་ཀྱི་སྐལ་ལྡན་ལ་ལ་ཆགས་ལམ་དེ་ཉིད་ཀྱིས་ཁྲིད་པས་གསང་སྔགས་ཀྱི་རྣལ་འབྱོར་པ་འགྱུར་བའང་ཡོད་ལ། དེ་འདྲའི་རིགས་ཀྱི་སྐལ་དམན་ལ་ལ་ནི་ཡུལ་གྲུ་དགུ་བསྐོར་བའི་སྨད་འཚོང་མ་ཞིག་དང་ཕྲད་ནས་མཐར་གྲོང་གསེབ་ཏུ་ཁྱི་ལྟར་འཁྱམ་པའང་འབྱུང་ལ། ཁ་ཅིག་ཁྲོ་བོའི་བསྐྱེད་རིམ་སོགས་ལ་སེམས་གནས་ཆ་རྙེད་པས་བཟླས་པ་སོགས་ཀྱི་མཐུ་ནུས་ཀྱིས་བློ་བྲིད་ནས་སྒོམ་ཆེན་པར་མིང་བཏགས་པའི་མཐུ་གཏད་ཁྲམ་གསུམ་གྲོང་ཆོག་འདྲེ་འདུལ་སྲིའུ་གསོ་བ་སོགས་བྱེད་པའང་འབྱུང་བས་དེ་དག་ནི་དམ་ཉམས་དང་འདྲེས་ཁྱེར་གྱི་དབང་དུ་གྱུར་པ་ཡིན་པས། སྒོམ་ཆེན་འཆལ་པ་དང་སྒོམ་ཆེན་མཐུ་མཁན་ལ་བལྟ་བར་ཡང་མི་རུང་ན་ལྷན་ཅིག་གནས་པར་ལྟ་ག་ལ་ཡང་རུང་སྟེ། བདུད་ཀྱི་དབང་དུ་འགྲོ་བའི་ཕྱིར་ཞེས་རྒྱལ་བ་འབྲི་ཁུང་པས་གསུངས་སོ། །

༣༥

ཡང་དེ་ལྟར་ཉམས་མྱོང་ཅུང་ཟད་སྐྱེས་པ་ན་སྔོན་ལས་སམ་འཕྲལ་རྐྱེན་གྱི་སྤྱོད་ཡུལ་པའི་ལྷ་སྡེ་མི་སྡེ་ཅི་རིགས་ཀྱིས་གང་ཟག་འདི་ལྟ་བུའི་སྒྲུབ་ཚུགས་ཁྱད་པར་དུ་འཕགས་ཚུལ་ལ་ཉམས་མྱོང་བཟང་པོ་ཡོད་ངེས་པས། དེའི་གནས་སུ་ཕྱིན་ཏེ་ཉམས་རྟོགས་དྲིས་པའི་ཚེ། དེས་ཉམས་མྱོང་གི་གསལ་སྣང་བདེན་ནམ་རྫུན་ཅི་རིགས་བཤད་པ་ན་གང་ཟག་དེ་དག་གིས་དེའི་ཡོན་ཏན་དེ་ལ་དད་ནས་འབུལ་ཞབས་སོགས་ཀྱི་བསྙེན་བཀུར་གྱིས་མཆོད་པའི་ཚེ། བདག་ནི་སྒྲུབ་པ་པོའམ་རྣལ་འབྱོར་པའམ་ཐུགས་དམ་པའམ་སྒོམ་ཆེན་པ་བཟང་པོ་ཞེས་ང་རྒྱལ་གྱིས་ནོན་ཅིང༌། དེ་ལྟར་བསྙེན་བཀུར་སོགས་རྣམ་གཡེང་གིས་སྒྲུབ་པ་ལའང་བར་ཆད་དུ་འགྱུར་ལ། དེར་མ་ཟད་ཡུལ་དེར་གནས་པའི་མཆོད་གནས་གཞན་རྣམས་ཀྱང་བདག་ཅག་ལྟ་བུའི་ཐོས་སོགས་དང་ལྡན་པའི་ཡོན་སྦྱང་བའི་ཞིང་ལ་བསོད་ནམས་མི་བསག་པར། སྒོམ་ཆེན་པར་གྲགས་པ་བསླབ་པ་དང་ཐོས་པའི་ནོར་གྱི་བྲལ་བ་ལ་དད་པས་བསྙེན་བཀུར་བ་ནི་བདུད་ཀྱི་ལས་སོ་ཞེས་ཕྲག་དོག་གིས་སྡང་སེམས་དུ་མ་བསྐྱེད་ཅིང༌། དེ་ལྟར་བསྐྱེད་པ་ཐོས་པ་ནས་འགྲན་ཟླ་དེས་ཀྱང་བདག་རི་སུལ་དུ་དམན་པའི་ས་བཟུང༌། ཧྲུལ་པོའི་གོས་གྱོན། སྤྲང་ཟས་ངན་ཕྱིད་བྱས་པ་ལ་ཁོང་བཟང་པོར་གྲགས་པའི་བསོད་ནམས་ཅན་རྣམས་ལ་ཕྲག་དོག་པ་ནི་ཆེས་མི་འོས་སོ་སྙམ་པའི་སྡང་སེམས་སོགས་ཉོན་མོངས་པ་སྣ་ཚོགས་སྐྱེས་ནས་རང་རེས་སྔར་སྒྲུབ་པ་བྱས་ལོ་ཐམས་ཅད་ཀྱི་དགེ་བ་འཇིག་པར་འགྱུར་ཞིང་ཕྱིན་ཆད་སྒྲུབ་པ་བྱེད་ལོར་བྱས་པ་ཐམས་ཅད་ཚ་སྒོ་ཅན་ལ་ས་བོན་བཏབ་པ་ལྟར་སེམས་འདོད་སྡང་གིས་འཁྲུགས་པས་དགེ་བློའང་སྐྱེ་བར་མི་འགྱུར་ལ། ཉོན་མོངས་དེའི་རྐྱེན་གྱིས་ལས་ངན་སྣ་ཚོགས་ལ་འཇུག་ནས་གཞན་པའི་འགྲན་ཟླས་དེ་དག་ལ་སྡིག་བསག་པར་ཡང་འགྱུར་བས། དེ་ལྟའི་ལས་ཚུལ་ངན་པས་རང་ཉིད་མ་ཟད་རང་གཞན་དང་འབྲེལ་བའི་སྦྱིན་བདག་སོགས་ཀྱི་རྒྱུད་ལའང་མི་དགེ་བ་དུ་མ་འཕེལ་བས་བདག་གཞན་འབྲེལ་ཚད་བདུད་ཀྱི་དབང་དུ་འགྱུར་བའི་ཉེན་ཆེན་པོ་ཡོད་དོ། །དེས་ན་རང་ཉིད་ཀྱི་ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་ཅི་ཡོད་པ་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་འགྱུར་མི་འགྱུར་རང་གི་སྐྱབས་གནས་ཚད་མར་གྱུར་པའི་བླ་མ་ཉིད་ལ་ཞུ་བ་མ་གཏོགས། གཞན་གང་ལའང་བཤད་དུ་མི་རུང་སྟེ་བཤད་ན་བདུད་ཀྱི་བློ་ཕྱིན་ཅི་ལོག་ཏུ་དྲངས་ནས་བྱང་ཆུབ་ཀྱི་ལམ་ལས་ཕྱིར་ལྡོག་པའི་ཉེན་དུ་འགྱུར་ན། ཐོས་བསམ་སྒོམ་པའི་ཡོན་ཏན་བསྒྲགས་ནས་ཚེ་འདིའི་རྙེད་བཀུར་གཡབ་ན་དེ་ཉིད་ལྷའི་བུའི་བདུད་དངོས་སུ་སྤྱན་དྲངས་པར་འགྱུར་བ་ཉིད་ཀྱི་ཕྱིར། བདུད་ཀྱི་མཐུ་འཇུག་པའི་སྒོ་ནི་རང་ཉིད་ཀྱི་སྐྱོན་སྦེད། ཡོན་ཏན་ངོམ་པ་ཉིད་ཡིན་པས། དེ་ལྟ་བུ་ལ་བདུད་ཀྱིས་གླགས་རྙེད་པར་འགྱུར་བ་ཡིན་ནོ། །དེས་ན་བདུད་ཀྱིས་གླགས་མི་རྙེད་པའི་ཆེད་དུ་བདག་ཉིད་ལ་ཡོན་ཏན་ཅི་ཡོད་པ་ཐམས་ཅད་འཇིག་རྟེན་ལྷ་དང་བཅས་པ་ལ་གསང་ཞིང་ཡོན་ཏན་ཕྲ་མོ་རྒྱུད་ལ་སྐྱེས་པ་རྣམས་ཀྱང་སྐྱེས་བུ་དམ་པ་ས་ལམ་གོང་མའི་གནས་སུ་བཞུགས་པ་རྣམས་ཀྱི་ཡོན་ཏན་ལ་ལྟོས་ན་སྐྱུག་བྲོ་ཞིང་ངོ་ཚ་བའི་གནས་སུ་བལྟས་ནས་སྐྱོན་ཅི་ཡོད་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་དག་ལ་མཐོལ་ཞིང་བསྒྲགས་ནས་ཡིད་ལ་འགྱོད་པ་ཆེན་པོས་བཤགས་པར་བྱ་ཞིང༌། མདོར་ན་བདག་གིས་ལས་བཟང་ངན་གྱིས་འབྲེལ་ཏེ་ཚད་ཀྱི་ཡོན་ཡོངས་སུ་སྦྱང་བའི་ཞིང་དམ་པར་དངོས་སུ་མ་གྱུར་གྱི་བར་དུ་བདག་ཉིད་ཡོན་གནས་ཀྱི་ཞིང་དུ་སུས་ཀྱང་མི་མཐོང་བར་ཡོན་ཏན་ཐམས་ཅད་གསང་ཞིང་སྦ་བའི་སྤྱོད་ལམ་ཁོ་ནས། སྒྲུབ་པ་མཐར་ཕྱིན་པར་བྱ་དགོས་སོ། །

༣༦

དེ་ལྟར་ལེགས་པར་བསྒོམས་པས་ལོ་ཤས་སོང་བ་ན། ཡུལ་ག་གེ་དང་དགོན་ག་གེ་ནས། བླ་མ་ཆེ་གེ་དང་སྡེ་དཔོན་ཆེ་གེ་དང༌། དགེ་བཤེས་ཆེ་གེས་ཁྱེད་ཀྱི་སྒྲུབ་ཚུགས་དང་རྣམ་ཐར་ཐོས་པས་དད་པ་སྐྱེས་ནས་སྤྱན་འདྲེན་ཡིན་སྐད་པའམ། སྤྱན་འདྲེན་པར་མི་ནུས་ནའང་ཡོ་བྱད་ཀྱི་འབུལ་བ་འདི་བདག་གིར་མཛད་དེ། བདག་ཅག་ལ་གདམས་པ་དང༌། རྗེས་བསྟན་སྩལ་དུ་གསོལ་ཞེས་པ་དང༌། ཐ་ན་སྐུ་ཆབ་དབུ་ལོ་སོགས་མཆོད་པའི་རྟེན་དུ་གནང་དགོས་ཞེས་སམ། ཡང་ཁྱིམ་པའམ་རབ་ཏུ་བྱུང་བའི་ཐོས་སྒོམ་དང་ཉམས་མྱོང་ཅན་དག་གིས་ཁྱོད་ལྟ་བུའི་སྒྲུབ་ཚུགས་དང་རྣམ་ཐར་ཅན་ལ་ཡོན་ཏན་ཅི་འདྲ་མངའ། བདག་གི་ཉམས་མྱོང་ཐོས་པ་སོགས་ལ་དཀའ་འཕྲང་འདི་ལྟར་བདོག་པ་ལ་ཇི་ལྟར་ཡིན་གྱི་དྲི་བ་དང་སྐྱེས་སོགས་བྱུང་བ་ན། བདག་ལ་རང་གཞན་སྨིན་གྲོལ་ལ་འགོད་ནུས་པའི་ཐབས་ཤེས་མྱོང་བ་བྱིན་རླབས་སོགས་གང་ཡང་མེད་དོ་ཞེས་རྣམ་གཡེང་དེ་དག་ལ་རི་དྭགས་ལ་རྫི་ཐེབས་པ་དང་མགོ་ནད་ལྟར་བྱོལ་ནས་རྒྱང་རིང་དུ་བྲོས་པར་བྱའོ། །ཡང་སྔར་གྱི་ཆོས་དང་ཟང་ཟིང་གིས་བསྡུས་པའི་འབྲེལ་ཅན་དགེ་བཤེས་དང་མི་ཆེན་པོ་ལྟ་བུའི་གློ་བུར་དུ་སྒོ་བསྣན་ནས་འདུ་འཛི་ལ་སྦྱར་བྱུང་ན། བདག་ཉིད་ཀྱི་ལུས་ལུས་གནད་དང་མ་བྲལ་བ། ངག་སྨྲ་བཅད་དང་མ་བྲལ་བ། སེམས་འདུ་འཛི་ལ་རི་དྭགས་ལ་ལིངས་པ་ཐེབས་པའི་བློ་ལྟར་གནས་བཞིན་པའི་སྒོ་ནས་མ་རྒན་གྱི་སྡུག་བསྔལ་མཐའ་མེད་སྙིང་ལ་གཟེར་ཆེད་དུ་བླ་མ་དཀོན་མཆོག་ལ་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་གདོང་མཆི་མས་ཁེབས་པ་བཞིན་འགྱུར་འགྱུར་དུ་བྱས་ནས་དགེ་སྦྱོར་ལ་གནོད་པའི་ལོང་གཏམ་དང་བཟའ་བཏུང་གི་ཡོ་ལང་སོགས་ཀྱི་སྣ་ཐག་རྦད་གཅོད་དུ་བྱའོ། །ཡང་གང་ཟག་ཁ་ཅིག་བདག་སྙིང་ནས་ཆོས་གཅིག་བྱེད་པར་འཚལ་བས་ཁྱེད་ཀྱི་སློབ་མར་བཟུང་དགོས་སོ་ཞེས་ནན་ཏན་དུ་བྱུང་བ་ན། བདག་གིས་སློབ་མ་ཆོས་གཞན་དུ་ཁྲིད་ནུས་པའི་མཁྱེན་བརྩེ་བྱིན་རླབས་སོགས་མེད་པས་སྐྱེས་བུ་དམ་པ་འདི་ལྟ་བུའི་དྲུང་དུ་སོང་ཞེས། བརྡ་སྦྱར་ནས་བརྫང་བར་བྱ་ཞིང༌། གལ་སྲིད་ལྡོག་ཏུ་མ་བཏུབ་ན། ཚེ་འདིའི་ལྟོ་གོས་སོགས་ཀྱི་འབུལ་གནང་གི་རེ་ལྟོས་ཀྱི་འབྲེལ་ཐག་བཅད་དེ། ཞེ་ཐག་པ་ནས་སྐྱེ་ཤིས་འཇིགས་པའི་སྐལ་ལྡན་དུ་སྣང་ན། ཚེ་འདི་བློས་བཏང་གི་མན་ངག་བཤད་ནས་ཚེ་ཕྱི་མ་ཕན་གྱི་འདུན་མ་མ་གཏོགས་ཚེ་འདིའི་སང་ཕན་གྱི་འདུན་མ་ལ་རྩིས་གདབ་མི་བྱ་བའི་བློ་སྐྱེས་པ་ན་སློབ་མར་བཟུང་སྟེ་ཁྲིད་པར་བྱ་ལ། དེ་ལྟའི་བློ་སྐྱེར་མ་བཏུབ་ན་འཕྲལ་སྐྱབས་འགྲོ་སེམས་བསྐྱེད་ཙམ་གྱི་དམིགས་སྒོམ་བཟླས་པ་ཕྱག་མཆོད་སྐོར་བ་ཙམ་གྱི་བསག་སྦྱང་སྒྲུབ་ལུགས་བསྟན་ནས་གང་བདེར་བཏང་ནས་རང་གི་དགེ་སྦྱོར་གོང་འཕེལ་གྱི་རྩོལ་བ་བསྐྱེད་པ་ལས་གདུལ་བྱ་དུས་ལ་མ་བབ་པའི་འཁོར་སློབ་སྦྱིན་བདག་དང་ཆོས་དྲི་བཤད་ཀྱི་འདུ་འཛི་སོགས་བདུད་འཇུག་པའི་སྒོ་ཡིན་པས་སྤང་བར་བྱའོ། །

༣༧

དེ་ལྟར་བསྒོམས་པས་གནས་དགའ་འགྱུ་སྡུག་མེད་པར་རིག་ཐོག་ན་གནས་པའི་བཙན་ས་ཟིན་ནས་རྟོག་པ་དང་མི་རྟོག་པ་གཉིས་ཀའི་སྟེང་དུ་སེམས་རང་བབས་སུ་ཕེབས་པ་ན་ཤེས་པ་ལས་རུང་དུ་གྱུར་ཏེ་རྟོག་པས་མ་བསླད་པར་སྐྱེས་པ་ན། ཕྱིའི་ཡུལ་གྱི་ཡིད་བྱེད་ངང་གི་ནུབ་ནས་སྦྲང་མ་གར་སྤྱིན་ལ་འབྱར་བ་ལྟར་ཏིང་ངེ་འཛིན་གྱི་ཡུལ་ལ་མཉམ་པར་འཇོག་པ་ན་འཇུག་ལྡང་བདེ་ཞིང་འཇུག་ལྡང་གི་བྱེད་པ་གཉིས་ཀ་ལ་དྲན་ཤེས་རང་དབང་ཅན་གྱི་རྗེས་སུ་ཏིང་ངེ་འཛིན་སེམས་མི་རྟོག་པར་འགྲོ་ལྡོག་བྱེད་ནུས་པ་འབྱུང་ཞིང༌། རྟོག་པ་ཉིད་ལ་སེམས་བཟུང་ནའང་རྟོག་པ་དེ་ཉིད་དམིགས་པར་བྱས་པ་ལས་གཞན་དུ་གཡོ་བ་མེད་པར་མཉམ་པར་བཞག་པའི་འཇུག་ལྡོག་ཡང་ཟོར་ཅན་དུ་འགྱུར་ལ། དེ་ལྟར་རྟོག་པ་དང་མི་རྟོག་པ་གཉིས་ཀར་སེམས་མཉམ་པར་བཞག་པ་ལ་དྲན་པས་ཁ་ལོ་ཅི་འདོད་དུ་བསྒྱུར་ནུས་པ་འབྱུང་ཞིང༌། དེའི་ཚེ་ས་དང་མི་རྟོག་པ་གཉིས་ཆར་ལ་རེས་མོས་ཀྱིས་སེམས་ཟིན་པ་དེ་ཉིད་སྤེལ་མར་སྦྱངས་པས་གཅིག་བོགས་གཅིག་གིས་ཐོན་ནས་ཁ་ཕྱིར་བལྟའི་ཡུལ་ལ་རྣམ་གཡེང་གི་འདུ་ཤེས་ཀྱི་སྤུ་རིས་སུ་མི་གཅོད་པར༌། ནང་བལྟ་ཡུལ་ཅན་གྱི་ཤེས་པ་རྩེ་གཅིག་ཏུ་གཡོ་བ་མེད་པ་ལ་དགའ་བདེ་རྟོག་དཔྱོད་སོགས་ཀྱི་རྟོག་པའི་འདུ་འཛི་དང་བྲལ་བར་ཤེས་པ་གཏིང་གསལ་རང་རིག་ཏུ་ལྷོང་བའི་ཤེས་རྒྱུན་དེ་ཉིད་བར་མ་ཆད་པ་ལ་དྲན་ཤེས་ཀྱི་རྗེས་དལ་ལ་ལྷོད་ཆགས་པར་ཟིན་པ་ན། སེམས་ཞི་གནས་ཀྱི་ངང་དུ་ཆུ་བོ་ཆེན་པོ་གཡོ་བ་མེད་པར་འབབ་པ་ལྟ་བུ་འབྱུང་ཞིང༌། དེ་ལྟའི་རྒྱུན་དང་མ་བྲལ་བ་དེའི་ཚེ། རྒོད་འགྱོད་འདོད་འདུན་རྣམ་འཚེ་སོགས་ཀྱི་ཉོན་མོངས་མངོན་གྱུར་བ་འགར་ཡང་ལྡང་མི་སྲིད་པར་འགྱུར་བ་ཡིན་ནོ། །དེའི་མཉམ་བཞག་རང་གི་ངོ་བོ་ལ་གསལ་ཆ་དང་ལྡན་ཀྱང་རྣམ་གཡེང་གི་རྟོག་པའི་སྒྲིབ་གཡོགས་ཀྱིས་མ་གོས་པ་ཉི་མ་སྤྲིན་དང་བྲལ་བ་ལྟ་བུའི་ཉམས་སྐྱེས་ཤིང༌། མཉམ་པར་འཇོག་པ་ལ་མཐུན་རྐྱེན་དང་འགལ་རྐྱེན་གྱི་རྟོག་པ་ཐམས་ཅད་རང་སེམས་སུ་ཤེས་ནས་རང་སེམས་ལ་སྤང་སྒྲུབ་ཅི་བྱས་ཀྱང་བཏུབ་པ་ཆུ་ལས་རླབས་ཅི་བྱུང་ཡང་ཆུ་ལས་མི་འདའ་བ་ལྟ་བུའི་ཉམས་སྐྱེ་ལ། དེ་ལྟར་མཉམ་པར་བཞག་པའི་ཏིང་ངེ་འཛིན་རྒྱ་མཚོ་གཡོ་འགུལ་མེད་པ་ལྟར་བརྟེན་པ་ལ་ཏིང་ངེ་འཛིན་གྱི་ཡུལ་གྱི་སྣང་ཆ་མ་འགགས་པ་གཟའ་སྐར་ཤར་བ་ལྟར་སྣང་ཡང་དེར་འཛིན་གྱིས་མི་བསྐྱོད་པ་བུ་ཆུང་གིས་ཟླ་བ་མཐོང་བ་ལྟ་བུའི་ཉམས་སྐྱེའོ། །དེ་ལྟར་ལེགས་པར་བསྐྱངས་པ་ན་གཉིད་ཀྱི་སྐབས་སུ་ཡང་ཉམས་མྱོང་དེ་ཉིད་ཀྱིས་ཟིན་ནས་ཏིང་ངེ་འཛིན་གྱི་ངང་དུ་ཕྱམ་འགྲོ་བ་ཡིན་ལ། འཆི་ཁར་ཉམས་མྱོང་དེ་ཉིད་ཀྱིས་ཟིན་བཞིན་པས་མཚམས་སྦྱར་ཏེ། འཆི་སྲིད་དུ་ཉམས་མྱོང་དེ་ཉིད་ཀྱིས་ཟིན་ན་འཆི་སྲིད་ལས་ལྡང་བའི་ཚེ་ཁམས་གོང་མའི་གནས་ཅི་རིགས་པར་སྲིད་ལེན་གྱིས་སྲིད་པ་འགྲུབ་པར་བྱེད་པ་ཡིན་ཞེས་རྒྱལ་བ་འབྲིང་ཁུང་པས་གསུངས་ཤིང༌། ཉམས་མྱོང་འདི་ཉིད་དང་ལྡན་བཞིན་པར་ང་བདག་གི་མཁན་པོ་གཞི་མེད་རྩ་བྲལ་གྱི་རྟོགས་པ་དང་ལྡན་པའི་གང་ཟག་ནི་བར་དོ་འདི་ཉིད་དུ་དམན་པའི་མྱ་ངན་ལས་འདའ་བར་གྱུར་པའང་ཡོད་དོ་ཞེས་དཔལ་ཀརྨ་པ་རང་བྱུང་རྡོ་རྗེས་གསུངས་སོ། །ཉིན་པར་གྱི་ཉམས་མྱོང་འདི་ཙམ་གཉིད་དུས་སུ་ཟིན་པ་ན་གཉིད་ཀྱི་འོད་གསལ་དང༌། འདི་ཉིད་འཆི་སྲིད་དུ་ཟིན་ན་བར་དོ་དང་པོའི་འོད་གསལ་ངོས་ཟིན་པས་འཆི་བ་འོད་གསལ་ཆོས་སྐུར་སངས་རྒྱས་པའི་གོ་ཆོད་པ་ཡིན་ཞེས། བདག་ཅག་གི་རྗེ་བཙུན་གོང་མ་ཁ་ཅིག་གསུངས་ཀྱང༌། རྗེ་བཙུན་ཐམས་ཅད་མཁྱེན་པ་མཉན་པ་རས་ཆེན་གྱི་ཞལ་ནས། དེ་ནི་གདུལ་བྱ་བྲོད་པ་བསྐྱེད་པའི་ཆེད་དུ་གསུངས་པ་ཙམ་དུ་ཟད་དེ། གཉིད་དུས་དང་འཆི་སྲིད་དུ་འོད་གསལ་ཟིན་ནས་འཆི་བ་ཆོས་སྐུར་སངས་རྒྱས་བྱེད་ཀྱི་འོད་གསལ་ནི་སྔགས་ཀྱི་རྫོགས་རིམ་སྒོམ་པའི་འོད་གསལ་ལམ་ཕྱག་རྒྱ་ཆེན་པོ་འདིའི་ཁྲིད་སྲོལ་ལྟར་ན་རྟོགས་པའི་འོད་གསལ་གྱིས་དེར་འགྱུར་བ་མ་གཏོགས། ཉམས་ཀྱི་འོད་གསལ་འདི་ཙམ་གྱིས་དེར་མི་འགྱུར་རོ། །

ཞེས་གསུངས་སོ། །

༣༨

དེ་ལྟར་བྱང་ཆུབ་ཀྱི་སེམས་དང་རྫོགས་སངས་ཀྱི་གོ་འཕང་འདོད་པའི་བླ་མའི་གུས་དང་སྲིད་པ་དང་ཞི་བའི་མཐའ་གཉིས་ལས་ངེས་པར་འབྱུང་བའི་ངེས་འབྱུང་དང༌། དེས་དྲངས་པའི་ཉིན་མཚན་དུ་ཁམས་གསོ་བའི་གཉིད་དང་བཟའ་བཏུང་ཙམ་གྱི་དུས་མ་ཡིན་པར་ལེ་ལོར་མ་ཤོར་བའི་བརྩོན་པ་བྱས་ནས་སྒྲུབ་པ་ལ་འབུངས་ཤིང་གཉིད་དང་བཟའ་བཏུང་གི་དུས་ཀྱང་རང་སའི་ཉམས་ལེན་གྱིས་ཟིན་པར་བྱས་པ་ན་སླར་ཡང་རྒྱ་མཚོ་ཆེན་པོ་ལ་འཐོར་རླུང་དྲག་པོ་འགས་ཀྱང་གཡོ་ཞིང་འཁྲུགས་ཤིང་རྙོགས་པར་མི་ནུས་པར་དང་ཆ་ཇེ་ཆེར་འགྲོ་བ་ལྟར་མཉམ་པར་བཞག་པའི་གནས་ཆ་ལ་ཉོན་མོངས་པ་མངོན་གྱུར་པའི་རྟོག་པས་རྫི་བར་མི་ནུས་པར་མ་ཟད། ཤེས་པ་ཉིད་གཟུང་འཛིན་ཐམས་ཅད་དང་བྲལ་བའི་རིག་ཙམ་གསལ་ཙམ་དུ་ཡུལ་དང་ཡུལ་ཅན་གྱི་སྤུ་རིས་དབྱེ་མི་ཐུབ་པར་རང་གི་ངོ་བོ་སྒྲ་རྟོག་གི་བརྗོད་པ་ཐམས་ཅད་དང་བྲལ་བར་སལ་ལེ་ཧྲིག་གེ་ཡེ་རེ་བ་ཡེར་ཐོན་ཏེ། དེ་ཉིད་མི་རྟོག་རྗེན་ནེ་བའི་ཤེས་རབ་ཆུ་དྭངས་པ་ལ་ཉ་འཕར་བ་རྗེས་མི་མངོན་པ་ལྟ་བུའི་ཤེས་ངོ་ན་རྣམ་རྟོག་གི་སྤྲོས་པས་ཇི་ལྟར་བསླད་ཀྱང་བསླད་མི་ནུས་པ་དང་རྗེས་མི་འདོད་པའི་རིག་པ་གསལ་སྟོང་ལྷང་ངེ་བ་ཉམས་བདེ་གསལ་སོགས་ཀྱི་གཡོ་བ་དང་བྲལ་བ་དེ་ཉིད་ལྷག་པར་མཐོང་བྱའི་ལྷག་མཐོང་གི་རྟོགས་པའི་ཡེ་ཤེས་ཡིན་ལ། དེ་ཉིད་ཡུལ་དང་ཡུལ་ཅན་གཉིས་སུ་དབྱེར་མེད་པའི་སྒོ་ནས་རང་གིས་རང་རིག་པ་ནི་སེམས་ཀྱི་ངོ་བོ་མཐོང་བ་ཡིན་ནོ། །ཞེས་རྒྱལ་བ་རྒོད་ཚང་པ་དང༌། གྲུབ་ཐོབ་ཨོ་རྒྱན་པ་དང༌། ཡང་དགོན་པ་སོགས་ཀྱིས་རྩལ་འདོན་དུ་གསུངས་ཀྱང༌། ཉམས་ལེན་ལ་བྲོད་པ་བསྐྱེད་པའི་ཐབས་ཙམ་དུ་གསུངས་པ་ཡིན་གྱི། ད་དུང་སེམས་ཀྱི་ངོ་བོ་སྤྲོས་པ་དང་བྲལ་བར་མཐོང་བའི་སེམས་ངོ་མཐོང་བའམ་ཆོས་སྐུའི་རང་ཞལ་མཐོང་བ་ནི་མ་ཡིན་ཏེ། འོན་ཀྱང་རང་གི་སེམས་ཀྱི་སྟེང་དུ། ཏིང་ངེ་འཛིན་བཟང་པོའི་ཉམས་མྱོང་སྐྱེས་ནས་ཉོན་མོངས་ཀྱི་ངན་རྟོག་ཐམས་ཅད་ཟིལ་གྱིས་ནོན། ཏིང་ངེ་འཛིན་གྱི་ཉམས་བཟང་པོ་དེ་ལའང་ཤེས་སྒྲིབ་ཀྱི་ཆའི་རྙོག་པའི་ཕྱོགས་ཅུང་ཟད་ཡོད་པ་དང་བྲལ་བས་སེམས་ཀྱི་ངོ་བོ་རིག་གསལ་སྟོང་པའི་ངར་ཐོན་ནས་ཏིང་ངེ་འཛིན་གྱི་ཉམས་མྱོང་དེའང་ནམ་མཁའི་འཇའ་སྤྲིན་ལྟར་ཇེ་དྭངས་སུ་གྱུར་པའི་སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱོགས་གཅིག་ཙམ་རྣལ་འབྱོར་པ་དེ་ལ་མངོན་དུ་གྱུར་པ་ཡིན་པས་སེམས་ཀྱི་ངོ་བོ་མཐོང་བས་ལྷག་མཐོང་ཞེས་བརྗོད་ཀྱང་འགལ་བ་མེད་དོ། །འདི་ཙམ་གྱི་ལྷག་མཐོང་གི་དབང་དུ་བྱས་པའི་བདེན་པ་མཐོང་བ་མཚན་ཉིད་པར་དྭགས་བརྒྱུད་པས་བཞེད་སྙམ་པར་རྗེ་རེད་མདའ་པས་ཀྱང་དགོངས་པར་སྣང་སྟེ། དེའི་དྲིས་ལན་ཞིག་ཏུ་དྭགས་བརྒྱུད་པའི་ལྟ་བ་རྟོགས་པ་དེ་རྗེ་མི་ལ་ལྟ་བུའི་མགུར་དང་བསྟུན་ན་ལེགས་པར་མཐོ་ན་སེམས་ཙམ་རྣམ་རྫུན་པའི་རྣམ་གྲོལ་དང་མཐུན་པར་འགྱུར་ལ། དམའ་ན་གྲངས་ཅན་གྱི་རྣམ་གྲོལ་དང་མཐུན་པ་ཙམ་དུ་སྣང་ངོ་ཞེས་བྲིས་གདའ་འོ། །དེ་ལྟའི་ཉམས་མྱོང་ལེགས་པར་སྐྱོང་བ་ན་ཕྱིའི་ཡུལ་སྣང་འགག་ཕུལ་ཆེ་ཆུང་ཅི་ཡིན་ཀྱང་ཁ་ནང་དུ་ཕྱོགས་པའི་གནས་ཆ་གཉིས་སྲབ་མོ་ལོག་པ་ཙམ་ལ་ཤེས་པ་སྟོང་གསལ་ཡུལ་མེད་རང་རིག་གི་ངར་ཐོན་ནས། རྒྱ་མཚོ་དྭངས་པ་ལ་གཟའ་སྐར་ཤར་བ་ལྟ་བུའི་རྨོངས་པའི་མུན་པ་དང་བྲལ་བའི་ཤེས་ཉམས་འབྱུང་སྟེ། འདི་ལྟའི་རྟོགས་པ་སྦྱངས་པ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ད་ལྟ་ཉིད་དུ་ཤེས་པ་ལ་བྱར་ཡོད་དོ་སྙམ་པའི་དགའ་སྤྲོ་དང་བཅས་པ་འབྱུང་ལ། འདི་ནི་ཞི་གནས་ཁོ་ནའི་ཉམས་མ་ཡིན་གྱི་ལྷག་མཐོང་ཕྱོགས་ཟིན་པའི་ཉམས་སུ་ཤེས་པར་བྱ་དགོས་སོ། །

༣༩

དེ་ལྟར་ལེགས་པར་གཉུགས་བསྲིངས་ནས་བསྒོམས་པས། སེམས་ཀྱི་གསལ་དྭངས་ཀྱི་འཆར་སྒོའི་མདངས་ཐོན་པས་ད་ལྟ་ཉིད་དུ་བདག་གི་མངོན་ཤེས་ལྔ་ག་བསྟན་ནུས་སོ་སྙམ་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་མཐའ་དག་འཆད་རྩོད་རྩོམ་པའི་ནུས་པ་དང་ལྡན་སྙམ་པ་དང༌། གཞན་ཡང་ཤེས་པའི་འཆར་སྒོ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་གནོད་བདེ་སྡུག་གི་རྟེན་འབྲེལ་མཐའ་དག་ལའང་རང་བྱན་ཚུད་སྙམ་པའི་ཉམས་མཐོན་པོ་འཆར་ནས། བླ་མ་སྐུ་དྲིན་ཅན་གདམས་ངག་ངོ་མཚར་ཅན་བླ་མ་རྗེ་བཙུན་འདི་དང་མཇལ་བས། རེ་མཚེངས་སོ་སྙམ་ནས་མོས་གུས་ཚད་བཟུང་མེད་པར་འགྱུར་བ་དང༌། དེའི་ཚེ་བསྟན་བཅོས་སོགས་ཀྱི་གླེགས་བམ་དུ་མ་བརྩམ་པ་དང་འདི་ལྟའི་ཉམས་རྟོགས་ཀྱི་བོགས་འདོན་ལ་ཙ་རི་ཏི་སེ་སོགས་གནས་ཆེན་རྣམས་བསྐོར་དུ་འགྲོ་སྙམ་ནས། བསྐོར་ཕྱིན་པ་ན་སྐལ་ལྡན་ལ་དེར་ཕྱིན་པའི་དཀའ་སྤྱད་སོགས་ཀྱིས་དགེ་ཚོགས་རྫོགས་ནས་བླ་མ་དམ་པ་ཉིད་ཡི་དམ་གྱི་གཟུགས་སུ་བཞེངས་པའི་ཡེ་ཤེས་ཀྱི་མཁའ་འགྲོས་ཐ་མལ་པའི་བུད་མེད་ཀྱི་གཟུགས་སུ་བསྒྱུར་ནས་མཆོག་གི་དངོས་གྲུབ་ཀྱི་རྟོགས་པ་སྐད་ཅིག་ཏུ་བྱིན་གྱིས་བརློབ་པར་ཡང་འགྱུར་ཞིང༌། དེ་ལྟའི་སྐལ་བ་དང་མི་ལྡན་ཀྱང་གནས་དེའི་ལས་ཀྱི་ཌ་ཀིའམ་ཞིང་སྐྱོང་སོགས་གནས་དེར་བཞུགས་པའི་དཔའ་བོ་དང་མཁའ་འགྲོས་དངོས་སུ་དངོས་གྲུབ་སྦྱིན་ནས་ཐུན་མོང་གི་གྲུབ་རྟགས་སྟོན་པའང་འབྱུང་ལ། དེ་ཙམ་གྱི་སྐལ་བ་དང་མི་ལྡན་པ་རྣམས་ལའང་སྔོན་བྱོན་གྱི་རྗེ་གོང་མ་རྣམས་འདི་ལྟའི་དབེན་གནས་བསྟེན་ནས་སྒྲུབ་པ་སྙིང་པོར་མཛད་པ་ཆེས་ངོ་མཚར་རོ་སྙམ་དུ། རྗེ་བཙུན་གོང་མའི་དཀའ་སྤྱད་སྙིང་རུས་སོགས་ཀྱི་རྣམ་ཐར་རྣམས་མཐོང་ཐོས་དྲན་པས་དད་པ་གསོས་ནས་དགེ་སྦྱོར་ལ་དྲག་ཏུ་བསྐུལ་བས་ཉམས་རྟོགས་བཟང་པོ་སྐྱེ་ཞིང༌། དེ་ལྟའི་ཉམས་རྟོགས་ཀྱི་དགེ་ཚོགས་ཀྱིས་ཐོག་མེད་ནས་ཀུན་གཞི་ལ་ཡོད་པའི་སྡིག་སྒྲིབ་ཀྱི་རྒྱུ་འབྲས་ཚེ་འདིར་སློང་ནས་མི་འདོད་པའི་གེགས་སྣ་ཚོགས་འབྱུངཞིང༌། དེ་ཉིད་ཀྱང་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རྟོགས་པས་བོགས་སུ་ཐོན་ཏེ་གདོད་འཁོར་བ་དང་ངན་སོང་དུ་སྐྱེ་འགྱུར་གྱི་ལས་སྒྲིབ་ཕལ་ཆེར་རྟིང་ཐོན་དུ་འགྱུར་ལ། ཡང་དེར་སྔོན་གྱི་ཚེ་ཟད་པ་ལྟ་བུའི་རྐྱེན་གྱིས་ལས་སྒྲིབ་ཀྱི་ལྷོངས་དེ་ཉིད་ཀྱིས་ཚེའི་དུས་བྱས་པར་གྱུར་ནའང་ཉམས་མྱོང་དེ་ཉིད་དང་མ་བྲལ་ན་སླར་སྲིད་པ་གཞན་དུ་སྐྱེ་བ་ན་ཡང་ཆོས་ཚུལ་འདི་ཉིད་སྟོན་པའི་རྗེ་བཙུན་དང་མཇལ་ནས་ཆོས་ཀྱི་འཕྲོ་འདི་ག་ནས་འཇུག་པར་འགྱུར་བའང་ཡོད་པས། གནད་འདི་ཉིད་ཀྱི་ཕྱིར། དཔལ་སྒམ་པོ་པ། ཕག་མོ་གྲུ་པ། འབྲི་ཁུང་པ། ཀརྨ་པ་འབྲུག་པ་སོགས་རྣམས་ཀྱིས་ཙ་རི་ལ་ཕྱི་ཏི་སེ་ལ་སོགས་པའི་གནས་ཆེན་དུ། སློབ་མ་རྣམས་བརྫངས་ཏེ་སྒྲུབ་པ་ལ་བོགས་དབྱུང་བ་ལམ་གྱི་མཐུན་རྐྱེན་དུ་ཆེས་བསྔགས་ནས། སྐྱེས་བུ་དམ་པ་དེ་རྣམས་ཀྱང་ཐ་མལ་པའི་རྐང་འགྲོས་སམ་རྫུ་འཕྲུལ་གྱི་ཞབས་ཀྱིས་བྱོན་ནས་ནན་ཏན་ཆེན་པོས་སྒྲུབ་པ་སྐུ་ཉམས་སུ་བསྟར་བའང་སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་ཆེད་དུ་ཤེས་པར་བྱ་དགོས་ཏེ། རྒྱལ་བ་རྒོད་ཚང་པ་དང༌། གྲུབ་ཐོབ་ཨོ་རྒྱན་པ་སོགས་ཀྱིས་འཛམ་གླིང་གི་གནས་ཆེན་ཕལ་ཆེར་དུ་ཕྱག་རྒྱ་ཆེན་པོའི་རྟོགས་པ་བོགས་འདོན་རོ་སྙོམས་ཀྱི་སྤྱོད་པ་སྐྱོང་བ་ལ་གཤེགས་པ་ལྟ་བུའི་ཚུལ་ལ་བསླབ་པར་བྱའོ། །

༤༠

དེ་ལྟར་སྒྲུབ་པ་གཉུགས་སུ་བསྲིངས་ནས་སློབ་མ་དད་བརྩོན་ཤེས་རབ་ཅན་དང་རྟོགས་ལྡན་གྱི་བླ་མ་དག་ཕན་བུ་མཛངས་པ་མའི་ངོར་བལྟ་བས་མས་ལེགས་པར་ལུས་སེམས་བསྐྱེད་པ་ལྟར་ཁྲིད་པ་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་གདུང་ཤུགས་དྲག་པོས་ཉམས་མྱོང་སྐྱེས་པའི་ཆོས་ཅན་སེམས་ཀྱི་གསལ་ཆ་དང༌། ཆོས་ཉིད་སེམས་ཀྱི་སྟོང་ཆ་གཉིས་ཀ་ལ། སེམས་དེ་ཉིད་བཟོ་བཅོས་ཐམས་ཅད་དང་བྲལ་བའི་ཐ་མལ་གྱི་ཤེས་པའི་ཤེས་རབ་ཀྱིས་ཡང་ནས་ཡང་དུ་བལྟ་བར་བྱ་ཞིང༌། ཅུང་ཟད་ངལ་དུབ་པ་ན་བླ་མ་ལ་ཆོས་སྐུའི་མོས་གུས་ཀྱིས་གསོལ་བ་ངར་ཅན་དུ་བཏབ་ནས་གསོལ་བ་འདེབས་བྱེད་ཀྱི་སེམས་དེ་ཉིད་ལ་འཁོར་འདས་ཀྱི་འདུ་བྱེད་པའི་སྤྲོས་པས་མ་བསླད་པར་མ་བཅོས་པའི་ངང་དུ་ཨོཾ་སྭོ་རེ་བཞག་པར་བྱའོ། །འོ་ན་ཆོས་སྐུའི་མོས་གུས་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། ཁ་ཅིག་གིས་བླ་མ་ཐུགས་བདེ་སྟོང་སྤྲོས་བྲལ་ཆོས་སྐུ་དང་བདག་གི་བློ་རིག་སྟོང་སྤྲོས་བྲལ་ཆོས་དབྱིངས་གཉིས་རང་བཞིན་རྣམ་དག་གི་ཆོས་སྐུའི་ཆ་ནས་བཟང་ངན་ཅུང་ཟད་ཀྱང་མེད་པར་མཉམ་པ་ཉིད་ཀྱི་དབྱེར་མི་ཕྱེད་ལ། དེ་ལྟའི་བླ་མ་དམ་པའི་ཆོས་སྐུ་དེ་ཉིད་ལྟར་བདག་གི་རང་སེམས་ཆོས་ཀྱི་སྐུ་མངོན་དུ་གྱུར་པར་བྱ། དེའི་ཆེད་དུ་ཆོས་ཀྱི་སྐུའི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ལ་སྐྱབས་སུ་འཆིའོ། །དེ་ལྟར་བདག་རྒྱུད་ལ་བྱིན་གྱིས་རློབས་ཤིག ཅེས་གསོལ་བ་བཏབ་པའི་མོས་གུས་ལ་ཆོས་སྐུའི་མོས་གུས་ཡིན་ཞེས་ཟེར་མོད། དེའང་ཕྱོགས་མཚོན་ཙམ་དུ་མི་རུང་བ་མ་ཡིན་ཀྱང་དེ་ཙམ་གྱིས་བླ་མ་ལ་ཆོས་སྐུའི་མོས་གུས་དང་གསོལ་བ་བཏབ་ཚུལ་གྱི་ལུས་ཡོངས་སུ་རྫོགས་པ་མ་ཡིན་ཏེ། མོས་གུས་བྱ་ཚུལ་དེ་ལ། བདག་གི་བླ་མ་རྗེ་བཙུན་སངས་རྒྱས་མཉན་པ་རས་ཆེན་གྱི་ཞལ་སྔ་ནས། དེ་ལྟའི་ཆོས་སྐུ་དེ་ཆད་སྟོང་རྒྱས་བཏབ་ཀྱི་ཆོས་སྐུར་སོང་བས། ཆོས་སྐུ་ཉིད་ཀྱང་ངོས་མ་ཟིན་པ་དེ་ལ་མོས་གུས་ཇི་ལྟར་བྱེད་ཤེས་པར་མི་འགྱུར་རོ་ཞེས་བཀའ་བསྩལ་བས། དེས་ན་ཆོས་སྐུའི་མོས་གུས་ནི། བདག་གི་རྗེ་བཙུན་བླ་མ་འདི་ནི་རྟེན་འབྲེལ་སྒྱུ་མ་ཙམ་དུ་སེམས་ཅན་མཐས་ཀླས་པའི་ལས་སྣང་མཐུན་པར་བྱང་སེམས་ས་བཅུ་པ་སོགས་ཀྱི་ངོར་མཚན་དཔེས་བརྒྱན་པའི་ལོངས་སྐུ་དང༌། རིས་ཅན་གསུམ་གྱི་སྐྱེ་འཕགས་ཀྱི་ངོར་མཆོག་གི་སྤྲུལ་སྐུ་དང༌། ངན་སོང་སོགས་ཀྱི་ངོར་བཟོ་སྐྱེའི་སྤྲུལ་སྐུ་སོགས་མོས་པ་དང་སྐལ་བར་འཚམ་པའི་གང་ལ་གང་འདུལ། ཐ་ན་སྡིག་ཅན་གྱི་ངོར་སྡིག་ཅན་གྱི་སྐྱེ་བའི་ཚུལ་ལྟར་འབད་རྩོལ་དང་བྲལ་བར་འགྲོ་བའི་དོན་དུ་སྣང་ཞིང༌། སངས་རྒྱས་ནང་ཕན་ཚུན་གྱི་ངོར་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བར་ཆོས་ཀྱི་སྐུ་ཞེས་པར་ཐ་སྙད་གདགས་སུ་རུང་ཡང༌། ཅི་ལྟར་ཐ་སྙད་བཏགས་ཤིང་ཐ་སྙད་དུ་རུང་བ་དེ་ཙམ་དུ་དེ་ལྟའི་ཐ་སྙད་དེ་དག་འཇུག་པའི་མཚན་མཚོན་གཞི་གསུམ་གྱི་སྤྲོས་པ་གང་དུ་ཡང་མ་གྲུབ་པ་ནམ་མཁའ་དྲི་མ་མེད་པས་དཔེར་བྱ་བ་ལས་ཀྱང་འདས་པའི་རང་ཅག་ཚུར་མཐོང་གི་བློའི་སྤྱོད་ཡུལ་གྱི་བསམ་པས་མི་ཁྱབ་པའི་ཡོན་ཏན་གཞལ་དུ་མ་མཆིས་པའི་སངས་རྒྱས་དང་སེམས་ཅན་མཁའ་དང་མཉམ་པའི་རྒྱུད་ཀྱིས་བསྡུས་པའི་ཆོས་ཅན་ཀུན་རྫོབ་བདེན་པ་དང་ཆོས་ཉིད་དོན་དམ་བདེན་པ་མཆིས་སོ་ཅོག་གི་དངོས་པོ་མ་ལུས་པའི་རྣམ་པར་སྣང་ཞིང༌། སྤྲུལ་བསྒྱུར་ལ་ཐོགས་པ་མེད་པའི་སྐུ་གསུང་ཐུགས་མངའ་བས། གདུལ་བྱ་གདུལ་བ་ལ་མཐུ་ནུས་ཀྱི་དབང་བཅུ་མཐར་ཕྱིན་པ་ནི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ལ་བདག་ལྟའི་སེམས་རྒྱུད་ཀྱང་ཆོས་སྐུ་རྣམ་པར་དག་པ་དེ་ལྟའི་རང་བཞིན་ལས་གཞན་དུ་གཡོ་བ་མ་མཆིས་ཀྱང་ཕྱིན་ལོག་གི་བློ་མི་ཤེས་པའི་མུན་པས་བསྒྲིབས་ཏེ། འཁོར་འདས་ཀྱི་མཐའ་གཉིས་སུ་ལྟུང་བར་འགྱུར་ལ། ཕྱིན་ལོག་གི་རྨོངས་པའི་མུན་པའི་འཁྲུལ་པ་འདི་ཉིད་བྲལ་བ་ན། དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་སྐུ་མངའ་བ་ཁྱེད་ལྟར་བདག་ཀྱང་འགྱུར་ངེས་པས་ཁྱེད་ལྟར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་རང་གི་དགེ་ཚོགས་ཅི་བྱེད་ཐམས་ཅད་མ་རྒན་མཐའ་ཀླས་པའི་དོན་དུ་བླ་མ་དམ་པ་དེ་ལྟ་བུའི་གོ་འཕང་སྒྲུབ་པའི་ཆེད་ཀྱི་སྦྱོར་བ་སེམས་བསྐྱེད། དངོས་གཞི་ཞི་ལྷག་གི་རྣལ་འབྱོར། རྗེས་དགེ་བ་བྱང་ཆུབ་ཏུ་བསྔོ་ཚུལ་དེ་ལྟར་བྱེད་པ་ལ་བླ་མ་ལ་ཆོས་སྐུའི་མོས་གུས་བྱེད་པ་ཞེས་བྱ་ལ། དེས་ན་བླ་མ་ཆོས་སྐུའི་ཡོན་ཏན་ཅན་དུ་མཐོང་ཞིང་དེ་ལྟར་འདུ་ཤེས་པའི་མོས་གུས་ཚད་མ་སྐྱེས་ཕྱིན་བླ་མའི་མཛད་ཕྲིན་ཚུར་མཐོང་གི་སྐྱེ་བོས་ལེགས་པར་མཐོང་ན་དད་པ་དང༌། མ་ལེགས་པར་མཐོང་ན་མ་དད་པའི་བློ་སྐྱེ་བ་ལྟ་བུ་འབྱུང་མི་སྲིད་པས། བླ་མའི་རྣམ་ཐར་དུ་མཚམས་མེད་ཀྱི་ལས་ཀྱིས་མནར་མེད་པའི་སྡུག་བསྔལ་མྱོང་བར་མཛད་ཀྱང་ལོག་ལྟ་མི་སྐྱེ་བར་མཛད་པ་དེ་ཉིད་བླ་མ་ཆོས་སྐུའི་ཆོ་འཕྲུལ་གྱི་རྣམ་ཐར་དང་ཕྲིན་ལས་བླ་ལྷག་ཏུ་མཐོང་ནས་སླར་ཡང་མོས་གུས་ཚད་མེད་སྐྱེ་བ་ཡིན་ལ། དེ་ལྟར་སྐྱེས་པས་རང་སེམས་ཆོས་སྐུ་མངོན་དུ་བྱེད་པ་ལ་སྒྲིབ་བྱེད་ཀྱི་ཕྱིན་ལོག་གི་སྡིག་སྒྲིབ་ཐམས་ཅད་སྐད་ཅིག་ཙམ་དུ་དག་ནས། རྗེ་བཙུན་བླ་མ་དམ་པའི་ཐུགས་ཆོས་ཀྱི་སྐུར་དག་པ་ལྟར་རང་སེམས་ཆོས་ཀྱི་སྐུ་རང་གཞན་དང་གློ་བུར་རྣམ་པར་དག་པའི་འོད་གསལ་བར་ཁོང་དུ་ཆུབ་པར་འགྱུར་རོ། །དེའི་ཚེ་རང་གི་སེམས་ལས་བླ་མ་གཞན་དུ་བཙལ་མི་དགོས་པར་རང་སེམས་བླ་མ་དམ་པ་ཆོས་ཀྱི་སྐུར་ཤར་བ་ཞེས་འབྱུང་ལ་དེ་ལྟའི་རྟོགས་པ་སྐྱེས་པ་ན་འདི་ལྟའི་རྟོགས་པ་བཀའ་དྲིན་དུ་སྩལ་བའི་དཔལ་ལྡན་བླ་མ་དམ་པ་འདི་ལས་ཐུགས་རྗེ་ཆེ་བ་སངས་རྒྱས་ཙམ་ལ་མི་འབྱུང་སྙམ་ནས། མཁའ་ཁྱབ་ཀྱི་སངས་རྒྱས་མཆིས་སོ་ཅོག་གིས་ཀྱང་འགྲན་དུ་མེད་པའི་སངས་རྒྱས་ཀྱི་རྒྱལ་པོར་སྙིང་ཐག་པ་ནས་ཤེས་པའི་བཅོས་མིན་གྱི་མོས་གུས་སྐྱེ་ལ། མོས་པ་དེ་ཉིད་ཀྱིས་བསག་སྦྱང་རྫོགས་ཕུལ་ཆེ་བས་དུས་སྐད་ཅིག་ཙམ་དུའང་ས་ལམ་མང་པོ་བཟླུམས་ནས་རང་སེམས་སྤྲོས་བྲལ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བར་བྱེད་དོ། །དེ་ལྟར་དུས་སྐད་ཅིག་ལ་སྒྲིབ་པ་དཔག་མེད་འདག་པའི་མོས་གུས་ལ་དུས་མཐའི་མོས་གུས་ཞེས་བཀའ་བརྒྱུད་འདི་ལ་གྲགས་པས། མགོན་པོ་འབྲི་ཁུང་པའི་ཞལ་ནས། རྒྱུད་ལས་བྱུང་བའི། བླ་མའི་དུས་ཐབས་བསྟན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་འདོན་དགོས་སོ་ཞེས་གསུངས་སོ། །དེས་ན་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་ཇེ་དག་ཇེ་དག་ལ་འགྱུར་བའི་ཆེད་དུ་ད་དུང་དུས་མཐའི་མོས་གུས་དེ་ཉིད་ལ་ངར་ཕྱུང་སྟེ། དེའི་ངང་ལ་འཁོར་འདས་ཀྱིས་སྤྲོས་པ་གང་གིས་ཀྱང་མི་བསླད་པར་མཉམ་པར་གཞག་གོ །དེ་ལྟར་མཉམ་པར་གཞག་པའི་མོས་གུས་དེ་ཉིད་བསོད་ཚོགས་ཐམས་ཅད་ཀྱི་གཙོ་བོ་དང་རབ་ཕུལ་ཡིན་ལ། མོས་གུས་དེ་ཉིད་སྤྲོས་མཐའ་གང་གིས་ཀྱང་མ་བཅོས་པར་བཞག་པ་དེ་ཉིད་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱི་གཙོ་བོ་དང་རབ་ཕུལ་ཡིན་པས་དེ་ལྟའི་ཚོགས་གཉིས་ཀྱི་བསགས་པ་ཟུང་དུ་འཇུག་པ་སྐད་ཅིག་རེ་རེར་ཡང་ཚོགས་པར་བྱེད་པའི་ཟབ་གསང་གི་ལམ་གྱི་མཐུས་རང་གཞན་གྱི་དོན་བྱེད་པའི་སྐུ་གཉིས་མངོན་དུ་བྱེད་པ་ཡིན།

༤༡

དེ་ལྟའི་མོས་གུས་སྐྱེས་པ་ན་ལས་རྒྱུ་འབྲས་ལ་རྨོངས་པ་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པས་ཀུན་ནས་བསླངས་པའི་ལོག་ལྟའི་ས་བོན་རྩད་ནས་ཐོན་ཏེ། དཔལ་ལྡན་བླ་མ་དེ་ཉིད་རྣམ་པ་སོ་སོ་སྐྱེ་བོའི་དགེ་འདུན་དཀོན་མཆོག་གི་ཚུལ་དུ་སྣང་ཡང་མཛད་ཕྲིན་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོ་དང་རབ་ཕུལ་དུ་གྱུར་པས་དཀོན་མཆོག་འགྲན་གྱི་ཟླ་དང་བྲལ་བར་ངེས་ཤེས་སྐྱེ་བ་ཡིན་ཅིང༌། སངས་རྒྱས་དེ་ཉིད་སངས་རྒྱས་སུ་འཇོག་བྱེད་དམ་ཆོས་རྣམས་ཀྱི་གཙོ་བོར་གྱུར་པས་ཆོས་དཀོན་མཆོག་མཉམ་པ་མེད་པར་ངེས་ཤིང་དེ་ལྟའི་ཆོས་དང་གང་ཟག་གི་ཚོགས་དོན་ཅན་གྱི་སྐུུ་དེའང༌། སློབ་པ་དང་མི་སློབ་པའི་ཚོགས་དགེ་འདུན་སྲིད་དོ་འཚལ་གྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཉིད་ཀྱིས་དགེ་འདུན་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་དགེ་འདུན་དཀོན་མཆོག་མཚུངས་པ་མེད་པར་ངེས་ཏེ། མདོར་ན་དཔལ་ལྡན་བླ་མ་དེ་ཉིད་སྐྱབས་གསུམ་མཐར་ཐུག་པའི་བདག་ཉིད་དུ་རྟོགས་པའི་མི་བསླུ་བའི་མོས་གུས་ཚད་མ་སྐྱེ་བར་འགྱུར་རོ། །དེ་ལྟར་རང་གི་རྩ་བའི་བླ་མ་བཀའ་དྲིན་ཅན་ལ་ལོག་ལྟ་གཏན་ཟད་ཀྱི་མོས་གུས་སྐྱེས་ན། མཁའ་མཉམ་གྱི་འགྲོ་བ་སྲིད་དོ་འཚལ་གྱི་ཡོངས་སུ་འཛིན་པའི་བླ་མ་དང་དཀོན་མཆོག་ལའང་དེ་ལྟའི་ཀུན་ཁྱབ་ཀྱི་མོས་གུས་སྐྱེ་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། དེ་ལྟའི་མོས་གུས་སྐྱེས་པ་ན་འགྲོ་བའི་དོན་ལ་བྱོན་པའི་སྐྱབས་གནས་བླ་མ་དང་དཀོན་མཆོག་རྣམས་རྣམ་པ་བདུད་དང་ཕྱི་རོལ་པའི་དགེ་སྦྱོང༌། སྡིག་ཅན་ལ་སོགས་པར་སྣང་ཡང་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པར་སྨིན་གྲོལ་དུ་མཛད་པའི་ཕྲིན་ལས་ཁོ་ནར་ངེས་པའི་ཤེས་པ་གཏིང་ཚུགས་འདྲེན་པར་འགྱུར་བས། སྐྱབས་གནས་དཀོན་མཆོག་སྲིད་དོ་འཚལ་ལ་བསག་སྦྱང་གི་ལས་འབྲེལ་མཐའ་ཡས་ཤིང་གཞལ་དུ་མེད་པ་བགྱི་བར་གྱུར་ལ། དེའི་ཚེ་བདག་ཉིད་ཕྱོགས་བཅུའི་ནམ་མཁའི་ཁམས་ཀྱི་འཇིག་རྟེན་གར་གནས་ཀྱང་བསག་སྦྱང་གི་ཡུལ་གྱི་བླ་མ་དཀོན་མཆོག་རྒྱ་མཚོ་ཚད་གཞལ་མེད་པ་དང་འབྲལ་མི་སྲིད་པས་བླ་མ་དང་དཀོན་མཆོག་གི་ཡོངས་སུ་འཛིན་པ་ཉིད་ཀྱིས་སྲིད་ཞིའི་མཐར་མི་ལྟུང་བར་འཛིན་པར་འགྱུར་བ་ཡང་རྟེན་འབྲེལ་གྱི་ཆོས་ཉིད་དོ། །དེས་ན་བླ་མ་དཀོན་མཆོག་གི་མཛད་ཕྲིན་ཐུགས་རྗེའི་ཡུན་ནི་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཡིན་ལ། བླ་མ་དཀོན་མཆོག་གི་མཛད་ཕྲིན་དང་ཐུགས་རྗེ་རྗེས་སུ་མ་ཞུགས་པའི་སེམས་ཅན་ནི་སེམས་ཅན་གྱི་རིས་ན་འགར་ཡང་མེད་པས། སེམས་ཅན་འདི་རྣམས་ད་ལྟ་མི་ཁོམ་པའི་གནས་ལ་སོགས་པར་སྐྱེ་བར་གྱུར་ཀྱང་དེ་ཐམས་ཅད་ཀྱི་རྒྱུད་ལ་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཛད་ཕྲིན་མི་ཟད་པའི་རྒྱན་འཁོར་ཐམས་ཅད་བཞུགས་ནས་དེའི་སྒྲིབ་པ་སྦྱོང་བའི་ཕྲིན་ལས་སམ་རྣམ་ཐར་ཅི་ཡང་སྟོན་ངེས་པའི་དད་པ་སྐྱེ་བར་འགྱུར་ལ། དེ་ལྟར་ན་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱང་བླ་མ་དཀོན་མཆོག་ཉིད་དུ་ཀྲོང་ངེར་ཤེས་ནས། དེ་ཐམས་ཅད་ལའང་ཆོས་སྐུའི་མོས་གུས་མི་སྐྱེ་བ་མི་སྲིད་དོ། །དེ་ལྟར་འཁོར་འདས་ཀྱི་ཆོས་གང་ཟག་ཐམས་ཅད་ལ་རྩ་བའི་བླ་མ་སྐུ་དྲིན་ཅན་དུ་རྟོགས་པའི་ཆོས་སྐུའི་མོས་གུས་རིས་མེད་དུ་སྐྱེ་ལ། དེའི་ཚེ་སྣང་སྲིད་དཔལ་ལྡན་བླ་མར་ཤར་བ་བྱ་བའི་མོས་གུས་ཀྱང་དུས་དེར་འབྱུང་བ་ཡིན་པས། དོན་འདི་ལ་དགོངས་ནས་འབྲུག་སྐོར་གྱི་བླ་སྒྲུབ་ཏུ། སྣོད་ཀྱི་འཇིག་རྟེན་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །བཅུད་ཀྱི་འཇིག་རྟེན་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །ཁམས་གསུམ་འཁོར་བའི་རྒྱ་མཚོ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །འགྲོ་བ་རིགས་དྲུག་ངན་སོང་ཟད་མེད་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །ཞེས་བྱ་བ་འབྱུང་ལ། དེ་ལྟའི་མོས་གུས་སྐྱེས་པ་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་གང་ཟག་ལ་ཕྱོགས་ལྷུང་དང་རིས་སུ་བཅད་ནས་འཁོར་བ་དང་ངན་སོང་དུ་སྐྱེ་བའི་ལས་ཉོན་སོགས་པའི་སྐབས་མི་སྲིད་པས། འཁོར་འདས་ཀྱི་ཆོས་གང་ཟག་ལ་བརྟེན་པའི་བྱ་བ་ཅི་བྱེད་པ་ཐམས་ཅད་མ་རྒན་སེམས་ཅན་ཐམས་ཅད་བྱང་ཆེན་ཐོབ་པའི་བསག་སྦྱང་ལས་བྱ་རྒྱུ་མེད་པ་ཞིག་འབྱུང་བ་ཡིན། འདི་ལྟ་བུའི་མོས་གུས་སྐྱེས་ན་བློ་ཐེག་པ་ཆེན་པོའི་ཆོས་སུ་འགྲོ་བའི་མོས་གུས་རྣལ་མ་སྐྱེས་པ་ཡིན་ལ། འདི་ལྟའི་མོས་གུས་མ་སྐྱེས་ན་རང་རེ་ལ་ཆོས་དང་ཟང་ཟིང་གི་རྙེད་པ་ཕུན་སུམ་ཚོགས་པ་སྟེར་བ་ལ་བཀའ་དྲིན་ཅན་དུ་ཞེན་ནས་སྐྱབས་སུ་མཆི་ཞིང་གསོལ་བ་བཏབ་ཀྱང་ཚེ་འདི་བདེའི་བྱིན་རླབས་ཉི་ཚེ་ལས་མཁའ་མཉམ་གྱི་སེམས་ཅན་ལ་ལུས་པ་མི་གནས་པའི་མྱང་འདས་ཀྱི་སར་འཇོག་ནུས་པའི་ཕན་བདེའི་བྱིན་རླབས་རྒྱུད་ལ་ཞུགས་ནས་སྲིད་ཞིའི་རྒྱ་མཚོ་གཏན་སྐེམ་ནུས་པ་འབྱུང་བ་མ་ཡིན་ནོ། །དེས་ན་རིས་མེད་ཀྱི་མོས་གུས་སམ་དུས་མཐའི་མོས་གུས་གནད་དུ་ཚུད་ན་འགྲོ་ཀུན་བླ་མར་མཐོང་བ་ཞིག་འབྱུང་སྟེ། རྒྱལ་བ་རྒོད་ཚང་པས། ད་ལྟ་བདག་གི་གན་དུ་བྱ་དང་རི་དྭགས་ཚུན་ཆད་གང་བྱུང་ཆོས་རྗེ་རས་པར་མཐོང་ཡོད། ཅེས་གསུངས་པ་ལྟར་མཁའ་ཁྱབ་ཀྱི་སྐྱབས་གནས་ལ་ལོག་ལྟ་གཏན་ཟད་ཆོས་སྐུའི་མོས་གུས་འདི་ཉིད་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྱེད་ཐབས་བླ་ན་མེད་པའོ།།

༤༢

འདི་ལྟའི་མོས་པ་སྐྱེས་པ་ན། ཆོས་གང་ཟག་གི་ཁ་འཛིན་གྱིས་གྲུབ་མཐའ་བཟང་ངན། ལྟ་སྤྱོད་དག་མ་དག འཁོར་འདས་དང་སངས་རྒྱས་སེམས་ཅན་བཟང་ངན་ལ་བརྟེན་པའི་གང་ཟག་བཟང་པོ་ཞིག་ལ་དག་སྣང་སྐྱེས་ན། དེའི་ཟློག་ཕྱོགས་ཀྱི་གང་ཟག་ངན་པར་གྲགས་པའང་མ་དག་པའི་སྣང་བ་སྐྱེ་བ་མི་འབྱུང་བས་སྣོད་བཅུད་འཁོར་འདས་ཐམས་ཅད་དག་པ་རབ་འབྱམས་སུ་འཆར་བས། དེ་ལ་དད་གུས་དང་མཆོད་བསྟོད་ཀྱི་དགེ་རྩ་སྒྲུབ་པ་ལས། ཆགས་སྡང་སོགས་ཉོན་མོངས་སྐྱེ་བའི་དམིགས་རྐྱེན་གྱི་ཡུལ་རང་དག་ལ་འགྲོ་ཞིང་དེ་ལ་བརྟེན་པའི་ཚོགས་གཉིས་གོང་ནས་གོང་དུ་རྫོགས་ཤིང་འཁོར་བ་དང་ངན་སོང་གི་རྒྱུའི་སྡིག་སྒྲིབ་མངོན་གྱུར་ས་བོན་དང་བཅས་པ་སྦྱོང་བར་འགྱུར་རོ། །འདི་ལྟའི་མོས་གུས་སྐྱེས་པ་ན། གང་ཟག་ལ་ལས་ངེད་ཀྱི་བླ་མ་སངས་རྒྱས་ཡིན། དེའི་ལྟ་གྲུབ་དབུ་མ་པ་ཡིན། ཁྱེད་ཀྱི་བླ་མ་བདུད་ཡིན། ལྟ་གྲུབ་དངོས་སྨྲ་བ་ཡིན་ཟེར་ནས་ཕྱོགས་འཛིན་གྱིས་བླ་མ་ཆོས་བརྒྱུད་དགོན་གནས་གྲས་དེ་མ་གཏོགས་པའི་སྐྱབས་གནས་ཐམས་ཅད་གཏན་སྤང་བར་བྱེད་པའི་སྡིག་རྒྱུན་ཡང་ངང་གིས་གཅོད་པར་བྱེད་དེ། དེ་ལྟའི་སྡིག་པ་ནི་སྐྱབས་སུ་འོས་པའི་སྐྱབས་བླ་མ་དང་དཀོན་མཆོག་ཕྱོགས་དུས་མཐའ་ཡས་པར་བཞུགས་པ་དེ་དང་དེ་སྤངས་པས་སྐྱབས་གནས་དཀོན་མཆོག་མཐའ་ཡས་ཤིང་མུ་མེད་པ་སྤངས་པར་འགྱུར་བས། ཐར་པ་ལྟ་ཅི་སྨོས་མཐོ་རིས་ཙམ་ཐོབ་པའི་དགེ་བའི་རྩ་བ་རྒྱུན་བཅད་པར་འགྱུར་བ་ཉིད་ཀྱིས་སྐྱབས་དཀོན་མཆོག་དང་བྲལ་བའི་གང་ཟག་ནི་ཐེག་པ་གང་གི་སྒོར་ཞུགས་ཀྱང་ཐར་པ་ཡོད་པ་མ་ཡིན་ན། ཐམས་ཅད་མཁྱེན་པ་ལྟ་ཅི་སྨོས། དེས་ན་བཤད་མ་ཐག་པའི་དད་གུས་རྣལ་མ་ཞིག་སྐྱེས་ན། དད་པ་ཤེས་པ་དང་དག་སྣང་ཤེས་པ་ཞེས་བྱ་ལ། དེ་ལྟར་ཤེས་པ་ཞིག་གིས་དད་པ་དང་བ་དག་སྣང་སྦྱང་བའི་ཚེ་གང་ཟག་དད་པ་ཅན་དང་དག་སྣང་ཅན་བྱ་བ་དོན་དང་མཐུན་པ་ཞིག་འབྱུང་བ་ཡིན་ནོ། །འོ་ན་བླ་མ་དཀོན་མཆོག་ཚད་མར་གྱུར་པ་ཞིག་ལ་སངས་རྒྱས་ཆོས་སྐུའི་དད་པ་ཐོབ་པ་ན། བླ་མ་དེས་རྟ་ལ་བོང་བུ་ཡིན་བོང་བུ་ལ་རྟ་ཡིན། ཞྭ་ལ་ལྷམ་ཡིན། ལྷམ་ལ་ཞྭ་ཡིན་ཞེས་བཀའ་བསྩལ་པ་ལའང་དེ་ག་ལྟར་གྱི་བསླུ་བ་མེད་པའི་ངེས་པ་འདྲེན་པར་འགྱུར་བ་ཡིན་ནོ། །འོ་ན་རྟ་རྟར་མཐོང་བཞིན་བོང་བུ་ཡིན་པའི་ངེས་པ་ལོག་པའི་ཤེས་པར་འགྱུར་སྙམ་ན་འགྱུར་བ་མིན་ཏེ། རང་ཅག་ཚུར་མཐོང་གི་རྟ་ཡིན་ན་བོང་བུ་མི་རུང་བ་དང་བོང་བུ་ཡིན་ན་རྟར་མི་རུང་བ་ནི་ཤེས་པ་ཉི་ཚེ་བའི་སྤྱོད་ཡུལ་དང་རང་རེའི་དབང་ཤེས་ཀྱིས་དེ་ལྟར་དམིགས་པའི་མངོན་སུམ་ཡང་མངོན་སུམ་ཉི་ཚེ་བར་ཟད་ལ། ཤེས་བྱ་ཐམས་ཅད་མཁྱེན་པའི་བླ་མ་ཆོས་སྐུའི་གཟིགས་པ་ཚད་མ་ལ་རྟ་ཡིན་ན་བོང་བུར་མི་འགལ་བ་དང༌། བོང་བུ་ཡིན་ན་རྟར་མི་འགལ་བའི་མཁྱེན་པ་རིས་མེད་པ་བསླུ་བ་མེད་པའི་དོན་ཅན་དུ་གྲུབ་པའི་ཕྱིར། དེ་ཉིད་དཔང་པོར་བྱ་སྟེ། བཀའ་སྩལ་གང་གནང་བ་བསྒྲུབ་པས་ཤེས་བྱ་ཐམས་ཅད་མཁྱེན་པའི་བླ་མ་ཆོས་སྐུའི་གོ་འཕང་བདེ་བླག་ཏུ་ཐོབ་པར་གདོན་མི་ཟའོ། །འོ་ན་འགལ་ལ་མི་འཁྲུལ་ཚད་མ་ཡོད་པར་ཐལ། རྟ་བོང་བུ་ཡིན་པ་དང་བོང་བུ་རྟ་ཡིན་པ་ཞིག་སྲིད་པའི་ཕྱིར་སྙམ་ན། འགལ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་ནི་མི་སྨྲའང༌། རྟ་ཡིན་ན་བོང་བུ་ཡིན་པར་མི་འགལ་བ་ཉིད་ཀྱིས་ཕྱིར། མི་འགལ་བ་ལ་མ་འཁྲུལ་བས་ཚད་མས་གྲུབ་པ་ཉིད་དོ། །དེས་ན་མོས་གུས་ཚད་མ་ཞིག་སྐྱེས་ན་བླ་མའི་བཀའ་ལས་འདའ་བ་མི་སྲིད་པས་སྡོམ་པ་གསུམ་གྱི་ཉམས་ཆག་འབྱུང་བ་ཡེ་མི་སྲིད་དེ། སྡིག་ལྟུང་གི་རྒྱུ་ཕྱི་ཡོ་བྱད་དང་ནང་སེམས་ཅན་ལ་ཆགས་པ་དང་སྡང་བའི་ཉོན་མོངས་དང་མཚན་འཛིན་ལ་བརྟེན་ནས་འབྱུང་བ་ཡིན་ཅིང༌། ཕྱི་ཡོ་བྱད་དང་ནང་སེམས་ཅན་ཐམས་ཅད་བླ་མ་ཆོས་སྐུའི་ཡོ་ལང་གི་མཛད་ཕྲིན་དུ་རྟོགས་པ་ན་དེ་ལ་བརྟེན་པའི་ཟག་བཅས་ཟག་མེད་ཀྱི་དགེ་བའི་སྤྱོད་པ་ལས། ལས་ངན་བསགས་པ་ཡེ་མི་འབྱུང་བའི་ཕྱིར། དེས་ན་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ཞིག་ལ་དང་པོར་དཀོན་མཆོག་གསུམ་འདུས་གཅིག་ཆོག་རྒྱལ་པོ་ཆོས་སྐུའི་མོས་གུས་སྐྱེས་པའམ་སྐྱེ་བ་ལ་ཕྱོགས་པའི་མོས་གུས་ཅན་ཞིག་ལ་སྐྱབས་གནས་རིས་མེད་པ་ལ་རང་གི་རྩ་བའི་བླ་མ་དང་མཚུངས་པའི་ཀུན་ཁྱབ་ཀྱི་མོས་གུས་མི་སྐྱེ་བ་མི་སྲིད་ལ། ཀུན་ཁྱབ་ཀྱི་མོས་གུས་དེ་ལྟར་སྐྱེས་པ་ན་དེ་ལ་བརྟེན་པའི་བསག་སྦྱང་གནད་དུ་སོང་བས་རང་སེམས་ཆོས་སྐུ་རང་ལུས་གཟུགས་ཀྱི་སྐུར་རྟོགས་པའི་བཀའ་དྲིན་བསྩལ་བའི་བླ་མ་གཅིག་ཆོག་རྒྱལ་པོ་དེ་ཉིད་ལ་སླར་ཡང་སངས་རྒྱས་ཐམས་ཅད་དང་མཉམ་ཞིང༌། ལྷག་པར་འགྲན་གྱི་ཟླ་མེད་པའི་མོས་གུས་ཀྱི་བློ་རྒོད་མི་ལངས་བྱ་བ་མེད་པ་ཞིག་ལོངས་འབྱུང་བས། དེ་ལྟའི་མོས་པ་ཁོ་ན་ལ་རྒྱུན་བསྲིངས་ཏེ་སེམས་མ་བཅོས་པར་གློད་པའི་སྒྲུབ་པ་ནི་བླ་མ་ཆོས་སྐུའི་སྒྲུབ་པ་ཞེས་པ་དེ་ཡིན་ལ། མཉམ་བཞག་དེས་ཁམས་དུབ་པར་གྱུར་ན། སླར་ཡང་བླ་མ་ལོངས་སྤྲུལ་གྱི་སྒྲུབ་པ་སོགས་བཀའ་བརྒྱུད་ཀྱི་ཁྲིད་སྲོལ་ནས་འབྱུང་བ་ལྟར་སྒྲུབ་པར་བྱའོ། །

༤༣

དེས་ན་ཆོས་དང་གང་ཟག་ཐམས་ཅད་ལ་ལོག་ལྟ་གཏན་ཟད་ཀྱི་མོས་གུས་སྐྱེས་པ་ན། ཆོས་ཅན་ཀུན་རྫོབ་བདེན་པ་དང་ཆོས་ཉིད་དོན་དམ་བདེན་པ་གཉིས་ཀའི་རང་བཞིན་སྒྲིབ་པ་དང་བྲལ་བའི་ཡང་དག་པའི་ལྟ་བ་རྟོགས་པ་མི་སྐྱེ་བ་མི་སྲིད་དེ། རྒྱུ་བསོད་ནམས་ཀྱི་བསགས་པ་རབ་ཀྱི་མཐར་ཐུག་པ་ན་འབྲས་བུ་ཡེ་ཤེས་ཀྱི་བསགས་པ་མངོན་དུ་མི་འགྱུར་བ་མི་སྲིད་པ་ཉིད་ཀྱི་ཕྱིར། དེས་ན་བདག་ལྟ་བུ་ལ་ཆོས་སྐུའི་མོས་གུས་དང་འདི་ལྟའི་རྟོགས་པ་ཡོད་པ་མིན་ཀྱང༌། འདི་ལྟའི་གོ་བ་ཙམ་རྒྱུད་ལ་སྐྱེ་བར་འགྱུར་བ་འདིའང༌། སྤྱིར་སྐྱབས་གསུམ་བཀའ་དྲིན་ཅན། ཡང་སྒོས་དཔལ་ལྡན་དྭགས་པོ་བཀའ་བརྒྱུད། ཁྱད་པར་རྗེ་བཙུན་མཉན་པ་རས་ཆེན་རྩ་བརྒྱུད་བླ་མ་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ལས་ངེས་པ་འདྲོངས་བྱུང་ངོ༌། །འདི་ལྟའི་བཀའ་དྲིན་གཟུགས་སུ་གྲུབ་ན་ནམ་མཁའི་ཁམས་སུ་ཇི་ལྟར་ཤོང༌། རྗེ་འགྲན་གྱི་དོ་མེད། སྐུ་དྲིན་བསམ་བརྗོད་ཀྱི་ར་བ་ལས་བརྒལ་བ། ཞེས་དགའ་བ་དང་སྤྲོ་བའི་ཤུགས་བཟོད་དུ་མེད་པ་སྐྱེས་སོ། །བྱིན་རླབས་དང་ཐུགས་རྗེ་ཅན་ཟེར་ན་སྐྱབས་མཆོག་ཁྱེད་རྣམས་ལ་ཟེར་བ་ཡིན་ནོ། །ཐུགས་རྗེས་གཟིགས་ཤིག་བྱིན་གྱིས་རློབས་ཤིག འོ་ན་ཡང་དག་པའི་ལྟ་བ་དེ་ཇི་ལྟ་བུ་ཞིག་གོ་སྙམ་ན། བལྟ་བར་བྱ་བ་ནི་རང་རྒྱུད་ཀྱིས་བསྡུས་པར་སྣང་བའི་ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་ཀྱི་ཆོས་རྣམས་དང་གཞན་རྒྱུད་ཀྱིས་བསྡུས་པར་སྣང་བའི་ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་ཀྱི་ཆོས་ཀུན་རྫོབ་བདེན་པར་གྲགས་པ་འདི་ཉིད་ཡིན་ལ། དངོས་ཆོས་སུ་སྣང་བ་འདི་དག་ཐམས་ཅད་བསྡུ་བ་བེམ་ཤེས་གཉིས་སུ་སྣང་བ་ལས། བེམ་ཤེས་ཀྱི་ཆོས་ཐམས་ཅད་རང་བཞིན་ནམ་རང་གི་མཚན་ཉིད་ཀྱིས་སམ་རང་གི་ངོ་བོའམ་རང་གི་བདག་ཉིད་དམ། རང་རྒྱུད་ཀྱི་དངོས་རྫས་སུ་གྲུབ་པ་ནི་མ་ཡིན་ཏེ། ཡིན་ན་རྒྱུ་རྐྱཻན་ལ་མ་ལྟོས་པར་རང་བྱུང་གི་དངོས་པོར་འབྱུང་དགོས་པ་ལས་དེ་ལྟའང་མ་ཡིན་པའི་ཕྱིར་ཏེ། རྒྱུ་རྐྱེན་དུ་མ་འདུས་ཤིང་བསླད་པའི་ལྟོས་རྐྱེན་གྱིས་དེ་ལྟར་འབྱུང་བ་ཉིད་ཀྱིས་ཕྱིར། འོ་ན་བེམ་ཤེས་ཀྱི་དངོས་ཆོས་དེ་དག་རྫས་སུ་གྲུབ་པའི་དངོས་པོ་རང་བདེན་པར་དོན་དམ་པར་མི་འགྲུབ་ཀྱང་ཐ་སྙད་དུ་དེ་ལྟར་གྲུབ་བམ་སྙམ་ན། ཐ་སྙད་དུའང་དེར་གྲུབ་པ་མ་ཡིན་ཏེ། ཡིན་ན་ཐ་སྙད་དུའང་བེམ་ཤེས་ཀྱི་དངོས་ཆོས་རྫས་གྲུབ་ཀྱི་དངོས་པོ་རང་བདེན་པར་འགྱུར་ལ། དེ་ལྟ་ན་ཐ་སྙད་དུ་སྐྱེས་བུས་བྱས་པའི་གཞན་དབང་སོགས་ལ་རག་མ་ལས་པར་འགྱུར་མེད་ཀྱི་དངོས་པོ་ཡོངས་གྲུབ་པར་ཡོད་པའམ། ཡང་ན་དངོས་ཆོས་དེ་དག་ཀྱང་རྒྱུ་རྐྱེན་སོགས་ཀྱི་ཚོགས་པ་ལས་མ་རག་པར་རྒྱུ་མེད་དུ་འབྱུང་འོས་པ་ལས་དེ་ལྟའང་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་ཡིན་ན་དངོས་ཆོས་དེ་དག་རྟག་ཆད་ཅན་དུ་འགྱུར་བས་ཐ་སྙད་དུའང་དངོས་པོའི་བྱ་བ་རྒྱུན་ཆད་པར་འགྱུར་རོ། །འོ་ན་བེམ་ཤེས་ཀྱི་དངོས་ཆོས་འདི་དག་ཐ་སྙད་དུ་དངོས་པོའི་བྱ་བ་བྱེད་པར་སྣང་བའི་དངོས་ཆོས་ཐ་སྙད་དུ་འཇོག་བྱེད་གང་ཡིན་སྙམ་ན། དེ་ན་ད་ལྟ་འཇིག་རྟེན་ཀུན་རྫོབ་འཁྲུལ་པའི་ལྷན་སྐྱེས་ཀྱི་བློ་ངོས་ནས་ཇི་ལྟར་གྲགས་པ་ལྟར་འཇོག་པ་ཡིན་ལ། འཇིག་རྟེན་ན་ཇི་ལྟར་གྲགས་ཞེ་ན། བློ་རྟོག་པས་བེམ་པོ་ཞེས་པ་རིག་པའི་བྱ་བ་མེད་པར་བཏགས་པ་དང༌། རིག་པ་ཞེས་པ་བེམ་ཆོས་ལས་ལོག་པའི་རིག་པར་བཏགས་པ་ཙམ་ལ་ལྟོས་ནས་བཏགས་ངོ་དེ་ཙམ་དུ་བེམ་ཤེས་ཀྱི་དངོས་ཆོས་སུ་སྣང་འཛིན་ཞེན་པར་བྱེད་པ་ལས། དེ་ཕན་ཆོད་དུ་བེམ་ཤེས་ཀྱི་དངོས་ཆོས་འདི་ལྟར་གྲུབ་ཅེས་ཚད་མར་གྱུར་པའི་ཤེས་པས་རྟོགས་པར་མི་རུང་སྟེ། རུང་ན་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་རྟོགས་དགོས་པ་ལས་དེ་ལྟར་ཡང་མ་ཡིན་པའི་ཕྱིར་ཏེ། དབང་པོའི་མངོན་སུམ་ཐམས་ཅད་ནི་དངོས་ཆོས་ཀྱི་རྣམ་པ་དག་སྣང་བ་ཙམ་ལས་འདི་ལྟར་གྲུབ་ཅེས་རྟོགས་པར་བྱེད་པའི་བསླུ་བ་མེད་པའི་ཚད་མ་ཅན་གྱི་ཤེས་པ་མ་ཡིན་པའི་ཕྱིར། ཡིད་ཤེས་མངོན་སུམ་གྱིས་ཀྱང་ཡུལ་ཆོས་ཀྱི་སྐྱེ་མཆེད་ལ་བརྟེན་ནས་དེ་ཉིད་དངོས་ཆོས་སུ་སྣང་ཞིང་རྟོགས་པ་ཙམ་ལས་དེ་ཉིད་དངོས་པོ་རང་བདེན་པའི་རྫས་ཡོད་དུ་མངོན་གསུམ་ཚད་མས་མ་རྟོགས་པའི་ཕྱིར་རྗེས་སུ་དཔག་པའི་ཚད་མས་ཀྱང་འགྲུབ་པ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་རང་བཞིན་ནམ་རང་གི་བདག་ཉིད་ཀྱི་རྫས་སུ་གྲུབ་པའི་རྟགས་དང་དཔེ་ཞེས་བྱ་ལ་མི་སྲིད་པའི་ཕྱིར། དེས་ན་བེམ་ཤེས་ཀྱི་དངོས་ཆོས་ནི་བློས་རྟོགས་པས་བཏགས་པ་ཙམ་གྱི་ངོར་དེའི་བྱ་བྱེད་ལས་གསུམ་བྱེད་པ་ལྟར་སྣང་བ་ལས་མ་གཏོགས་དངོས་པོ་རང་བདེན་པའི་རྫས་ཡོད་ཀྱི་སྒོ་ནས་བྱ་བྱེད་ལས་གསུམ་བྱེད་པ་མ་ཡིན་ནོ་ཞེས་ཤེས་པར་བྱ་ཞིང་དེ་ལྟར་ལྟ་སྒོམ་དུ་བྱའོ། །

༤༤

འོ་ན་བཏགས་ཙམ་གྱི་བེམ་ཤེས་ཀྱི་དངོས་ཆོས་དེ་ཉིད་བཏགས་པ་ལྟར་བཏགས་ངོ་དེ་ཉིད་དུ་བཏགས་པའི་དངོས་ཆོས་དེ་ལྟར་ཚད་མས་གྲུབ་བམ་ཞེ་ན། འདི་ལ་ཙོང་ཁ་པས་བཏགས་ངོ་ན་བཏགས་པའི་དངོས་ཆོས་དེ་ལྟར་ཚད་མས་གྲུབ་པར་འདོད་ཀྱང་བཅོམ་ལྡན་འདས་ཀྱི་ངེས་དོན་གྱི་མདོ་རྒྱུད་རྣམས་ལས་བརྟགས་ངོའི་བཏགས་པའི་དངོས་ཆོས་དེ་ཉིད་ལྟར་ཚད་མས་གྲུབ་པར་མ་གསུང་སྟེ་བརྟགས་ཆོས་ཀྱི་དངོས་ཆོས་དེ་ཉིད་ལྟར་ཚད་མས་གྲུབ་ན་དེ་ཉིད་ལྟར་མི་བསླུ་བར་གྲུབ་དགོས་ལ་དེ་ཉིད་ལྟར་མི་བསླུ་བར་ཡང་མ་གྲུབ་པའི་ཕྱིར་ཏེ། དེ་ཉིད་ལྟར་མི་བསླུ་བར་གྲུབ་ན་བཏགས་པའི་དངོས་ཆོས་དེ་ཉིད་འདོགས་བྱེད་ཀྱི་བློའི་རྐྱེན་ལ་མ་ལྟོས་པར་བཏགས་པའི་ཆོས་དེ་ཉིད་རང་བཞིན་གྱི་རང་གི་ངོ་བོ་ཉིད་ཀྱིས་མི་བསླུ་བར་གྲུབ་དགོས་པ་ལས་དེ་ལྟའང་མ་ཡིན་པའི་ཕྱིར། ཁྱབ་སྟེ་འདོགས་བྱེད་ཀྱི་བློའི་རྐྱེན་གྱིས་བཏགས་པའི་དངོས་ཆོས་བཅོས་མ་བདེན་མེད་དེ་མི་བསླུ་བའི་དངོས་ཆོས་མ་བཅོས་པ་བདེན་གྲུབ་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཏེ། འདོགས་བྱེད་བློའི་རྐྱེན་གྱི་བྱེད་པ་བཅོས་མ་བསླུ་བ་ཅན་དེས་བཏགས་པའི་དངོས་ཆོས་བཅོས་མ་འདུས་བྱས་བསླུ་བ་ཅན་དུ་བྱས་པའི་ཕྱིར། དེས་ན་རྐྱེན་ལས་སྐྱེས་པའི་བཏགས་པའི་དངོས་ཆོས་ནི་བཏགས་པའི་དངོས་ཆོས་དེ་དེ་ལྟར་གྲུབ་པ་མེད་དེ། གྲུབ་ན་རྐྱེན་ལ་མ་ལྟོས་པར་བཏགས་པ་ལྟར་གྱི་དངོས་ཆོས་རང་དབང་ཅན་དུ་སྐྱེ་དགོས་པ་ལས་དེ་ལྟར་ཡང་སྐྱེ་བ་མེད་པའི་ཕྱིར། གང་སྐྱེ་བ་མེད་པའི་ཆོས་ལ་དངོས་པོའི་ཆོས་ཉིད་ཀྱི་བྱ་བྱེད་སྐྱེ་འགག་ཅན་དུ་ག་ལ་འགྲུབ་སྟེ། ཇི་སྐད་དུ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཞེས་འབྱུང་བའི་ཕྱིར། དེས་ན་བེམ་ཤེས་ཀྱི་བྱ་བྱེད་ལས་གསུམ་བདེན་པ་ལྟར་སྣང་བའི་དངོས་ཆོས་འདི་དག་ནི་བདེན་པས་ཆེས་སྟོང་བའི་རྫུན་ཆོས་ཙམ་པོ་བ་ཁོ་ནར་སྣང་བ་ཉིད་ཀྱིས་ཕྱིར་ཀུན་རྫོབ་བདེན་པ་ཞེས་བརྗོད་པས་བརྫུན་པའི་བདེན་པའམ་རྫུན་པར་བདེན་པ་ཞེས་འཇོག་ལ། དེས་ན་དེ་ལྟའི་དངོས་ཆོས་རྫུན་པར་བདེན་པའམ་རྫུན་པར་བདེན་པའི་ཆ་ལ་བཏགས་པ་དང་རྫས་སུ་གྲུབ་པའི་དངོས་པོ་རང་བདེན་པ་བདེན་པ་གཉིས་ཀར་གྲུབ་པར་མི་འོས་ཏེ། ད་ལྟའི་དངོས་ཆོས་ཀུན་ནས་སམ་ཡང་དག་པར་རྫུན་ན་དེ་ལ་དེ་ཉིད་དུ་རང་བདེན་པའི་དངོས་ཆོས་འགྲུབ་མི་སྲིད་ཅིང། དེ་མི་སྲིད་ན་རྫུན་པ་ཙམ་གྱིས་དངོས་ཆོས་སུའང་བདེན་པར་མི་རུང་བའི་ཕྱིར་ཏེ། རྫུན་ཙམ་གྱི་དངོས་ཆོས་སུ་བདེན་པས་བདེན་གོ་མ་ཆོད་པའི་ཕྱིར། བདེན་པ་ལས་ལོག་པའི་རྫུན་པའི་ཡོད་པ་མིག་འཁྲུལ་གྱི་དངོས་པོ་ལྟ་བུའོ། །དེས་ན་དངོས་པོ་རང་བདེན་པ་གཉིས་ཀར་གྲུབ་པ་ཁེགས་བཞིན་དུ་དངོས་པོ་རང་བདེན་པ་ཐ་སྙད་པའི་ཚད་མས་གྲུབ་བོ་ཞེས་རློམ་པ་ནི། བུད་ཤིང་བསྲེགས་པའི་སོལ་བའི་ཁྲོད་ནས་བུད་ཤིང་བཙལ་ཀྱང་མི་རྙེད་པ་བཞིན་ནོ། །དེས་ན་སྣང་དམིགས་ཀྱི་ཆོས་འདི་ཐམས་ཅད་སྣང་བ་ལྟར་དེ་དང་དེར་གྲུབ་པ་དང་བྲལ་བར་ཤེས་པར་བྱ་ཞིང་དེ་ལྟར་ལྟ་སྒོམ་དུ་བྱའོ། །

༤༥

དེ་ལྟར་རྟོག་པས་བཏགས་པའི་བཏགས་གཞག་གི་འཁོར་འདས་ཀྱི་དངོས་ཆོས་སུ་སྣང་བ་དེ་དག་འདོགས་བྱེད་རྟོགས་པས་བཏགས་ནས་སེམས་ལ་སྣང་བ་ཙམ་ལས་དེ་ཉིད་དང་གཞན་དུ་གྲུབ་པ་མེད་པ་ཉིད་ཀྱི་ཕྱིར་སྣང་བ་རང་སེམས་ཞེས་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་པ་དག་གིས་རྩལ་འདོན་དུ་མཛད་དེ། རྗེ་འབྲི་ཁུང་གླིང་པས། གྲུབ་མཐའ་སྣང་བ་རང་སེམས་ཡིན། །ཕ་སྐད་སྟོང་ཉིད་རྒྱུད་འབྲས་ཡིན། །ཞེས་འབྱུང་བའི་ཕྱིར། འོ་ན་སྣ་ཚོགས་སུ་སྣང་བའི་ཆོས་དེ་ལྟར་རང་བཞིན་གྱིས་གྲུབ་པ་དང་བྲལ་བས་སྒྲིབ་གཉིས་སོགས་སྤྲོས་པའི་རྟེན་དུ་མ་གྲུབ་ནའང་འདོགས་བྱེད་ཀྱི་རྟོགས་པའི་དངོས་ཆོས་དེ་ཉིད་དེ་ལྟར་དུ་གྲུབ་བམ་སྙམ་ན། བཏགས་ཆོས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་དེ་དེ་ལྟར་གྲུབ་པས་དབེན་པའི་རྫུན་ཆོས་ཉིད་དུ་གསལ་ན་དེ་ལ་ལྟོས་པའི་འདོགས་བྱེད་ཀྱི་སེམས་དེ་ཉིད་ཀྱང་བཏགས་ཆོས་དེ་ཉིད་ལ་མ་ལྟོས་པར་རང་གི་བདག་ཉིད་དུ་གྲུབ་པར་མ་དམིགས་པ་ཉིད་ཀྱི་ཕྱིར་རང་དབང་དུའམ་རང་བཞིན་ནམ་རྫས་བཏགས་གང་རུང་གི་དངོས་ཆོས་སུ་གྲུབ་པའི་རྟོག་པའི་བདག་ཉིད་དུ་བདེན་ཅིང་དེར་གྲུབ་པ་མ་ཡིན་པ་བཏགས་ཆོས་ཡུལ་དང་འདོགས་བྱེད་ཡུལ་ཅན་གཉིས་ཀར་ཡང་དེ་དང་དེ་ཉིད་དུ་གྲུབ་པའི་སྤྲོས་པ་དང་བྲལ་ཞིང༌། དེ་ལྟར་བྲལ་ན་དེ་དང་དེ་མིན་དུ་གྲུབ་པའི་སྤྲོས་པ་དང་ཡང་བྲལ་བར་འགྱུར་རོ། །སྤྱིར་བཏགས་བཞག་གི་ཆོས་སུ་བརྗོད་པའི་ཆོས་དེ་ཡིན་ན་བྱ་བྱེད་གཞན་དབང་ཅན་དུ་གྱུར་པར་སོང་ལ། གཞན་དབང་ཅན་གྱི་བྱ་བྱེད་ལ་རང་དབང་དུ་གྲུབ་པའི་བྱ་བྱེད་ཀྱིས་སྟོང་པའི་ཕྱིར། བཏགས་གཞག་གི་བྱ་བ་ཡུལ་གྱི་དངོས་ཆོས་མ་གྲུབ་པའི་ཚེ་དེ་འདོགས་བྱེད་ཀྱི་ཡུལ་ཅན་གྱི་དངོས་པོར་གྲུབ་པར་རྟོགས་ལྡན་གྱི་བློ་ལ་སྐྱེ་བ་མི་སྲིད་དོ། །དེའང་འདོགས་བྱེད་ཀྱི་རྟོགས་པའང་རང་དབང་དུ་གྲུབ་པ་མ་ཡིན་པས། རྐྱེན་དུ་མ་ཚོགས་པ་ཉིད་ཀྱིས། རྐྱེན་རྣམས་ཀྱང་རྐྱེན་དུ་མ་ཚོགས་པ་ལ་ལྟོས་ནས་འབྱུང་བས། རྐྱེན་རྣམས་ཀྱང་རྒྱུ་རང་རང་གི་ངོ་བོས་གྲུབ་པས་སྟོང་པ་ཉིད་ཀྱིས་བཅོས་མའི་རྐྱེན་ནི་མ་བཅོས་པའི་རྐྱེན་ཡང་དག་པར་གནས་པ་མ་ཡིན་ནོ། །འདི་ལྟར་སྣང་སེམས་ཀྱི་ཆོས་འགར་ཡང་དེ་དེ་དང་གཞན་དུ་གྲུབ་པ་དང་མ་གྲུབ་པ་ཐམས་ཅད་ཀྱི་སྣང་དམིགས་ཉེ་བར་ཞི་བའི་ཚུལ་དེ་ཉིད་ལ་ལྟ་སྒོམ་དུ་བྱའོ། །

༤༦

དེ་ལྟར་སྣང་དམིགས་ཀྱི་ཆོས་ཉེ་བར་ཞི་བ་དེ་ཙམ་ལ་དོན་དམ་པའི་བདེན་པ་ཞེས་བཏགས་པ་ཙམ་དང༌། དེའི་ཟློག་ཕྱོགས་ལ་ཀུན་རྫོབ་བདེན་པ་ཞེས་བཏགས་པ་ཙམ་ལས། རྫུན་པར་བདེན་པའི་བདེན་པ་དང་བདེན་པར་བདེན་པའི་བདེན་པ་གཉིས་དངོས་པོའི་ཆོས་སུ་གྲུབ་ནས་བདེན་པ་གཉིས་ཀྱི་ཆོས་སུ་དོན་དམ་པར་མ་ཟད་ཀུན་རྫོབ་ཏུའང་གནས་པ་མ་ཡིན་ནོ། །དེས་ན་བེམ་ཤེས་སོགས་ཀྱི་ཕུང་ཁམས་སྐྱེ་མཆེད་པའི་དངོས་ཆོས་ཀུན་རྫོབ་པའི་བདེན་པ་བདེན་པར་མེད་བཞིན་དུ་བདེན་པར་བལྟ་བས་ལས་དགེ་བ་དང་མི་དགེ་བའི་བསགས་པ་ཐམས་ཅད་ཀྱིས་འཁོར་བའི་ཆོས་འགྲུབ་པར་བྱེད་ལ། དེ་ལྟའི་དངོས་ཆོས་ཀུན་རྫོབ་པའི་བདེན་པ་ལ་བདེན་པར་མེད་བཞིན་ཏུ་ལྟ་བས་ཟག་བཅས་ཟག་མེད་ཀྱི་ཚོགས་གཉིས་བསགས་པས་ཐེག་པ་གསུམ་གྱི་མྱང་འདས་ཀྱི་ཆོས་འགྲུབ་པར་བྱེད་པས། ཀུན་རྫོབ་ཀྱི་བདེན་པ་ལ་བཅོམ་ལྡན་འདས་ཀྱི་མདོ་རྒྱུད་ཀྱི་གསུང་རབ་ལ་བརྟེན་ནས། རྒྱ་བོད་ཀྱི་དགོངས་འགྲེལ་མཁན་གྱི་སློབ་དཔོན་མང་པོས་ཡང་ལོག་གི་རྣམ་བཞག་མང་དུ་མཛད་པ་ཡོད་ཀྱང༌། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པས། ཀུན་རྫོབ་ཀྱི་རྫུན་ཆོས་འདི་ཐམས་ཅད་འཁྲུལ་པའི་སྣང་བ་ཙམ་དུ་ཟད་ལ། འཁྲུལ་ཆོས་ལ་ལོག་པའི་འཁྲུལ་ཆོས་སྒྱུ་མ་ལྟ་བུ་དང༌། ཡང་དག་པའི་འཁྲུལ་ཆོས་སྒྱུ་མ་ལྟ་བུ་སྟེ། སྔ་མ་ལས་ཉོན་གྱི་རྟེན་འབྲེལ་གྱི་དབང་གིས་འཁོར་བའི་རྒྱུ་འབྲས་ལོག་པའི་ཀུན་རྫོབ་བདེན་པ་ཡིན་ལ། ཕྱི་མ་ཚོགས་གཉིས་ཏེ་ཀུན་ནས་རྣམ་བྱང་གི་རྟེན་འབྲེལ་གྱི་དབང་གིས་མྱང་འདས་རྒྱུ་འབྲས་ཡང་དག་ཀུན་རྫོབ་བདེན་པ་ཡིན་ཞེས་གསུངས་པ་དང༌། དགོངས་པ་འདི་དང་གནད་གཅིག་པར་དགེ་བའི་བཤེས་གཉེན་སྣེའུ་ཟུར་པའི་ལམ་རིམ་དུ། ཀུན་རྫོབ་ལ་ཡང་ལོག་གི་བདེན་པའི་འཇོག་ལུགས་མཐའ་གཅིག་ཏུ་མ་ངེས་ཏེ། ས་དང་པོའི་རྗེས་ཐོབ་ཡང་དག་ཀུན་རྫོབ་ཀྱི་སྣང་བ་ལྟོས་ཏེ་ཆོས་མཆོག་ཕྱིན་གྱི་ཀུན་རྫོབ་ཐམས་ཅད་ལོག་པའི་ཀུན་རྫོབ་ཡིན། ས་བཅུ་པའི་རྗེས་ཐོབ་ཡང་དག་ཀུན་རྫོབ་ཀྱི་སྣང་བ་ལ་ལྟོས་ན་དེའི་ཕྱིན་གྱི་ཀུན་རྫོབ་ཐམས་ཅད་ལོག་པའི་ཀུན་རྫོབ་ཡིན། ཞེས་གསུངས་སོ། །དེ་དང་མཐུན་པར་རྔོག་ལོ་ཆེན་པོ་དང༌། གྲོ་ལུང་པ་ཡབ་སྲས་དག་གིས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་གཟིགས་ངོ་ན་ཡང་དག་ཀུན་རྫོབ་འཁྲུལ་པའི་སྣང་བ་ཡོད་ལ། དེ་ལྟར་སངས་རྒྱས་ལ་འཁྲུལ་པ་ཅན་གྱི་ཡེ་ཤེས་མངའ་ཡང་སངས་རྒྱས་སྒྲིབ་པ་དང་བཅས་པར་མི་འགྱུར་ཏེ། སངས་རྒྱས་ཡེ་ཤེས་ཀྱིས་འཁྲུལ་པ་འཁྲུལ་པ་ཉིད་དུ་ཁོང་དུ་ཆུབ་པ་ལས་མ་འཁྲུལ་པ་ཕྱིན་ཅི་མ་ལོག་པར་མི་རྟོག་པའི་ཕྱིར་ཞེས་གསུངས་པས། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བདེན་པ་གཉིས་ཀར་མ་འཁྲུལ་པ་རང་བདེན་དུ་གྲུབ་པའི་ཆོས་ནི་འགའ་ཙམ་མེད་པར་ཁོང་དུ་ཆུབ་པར་བྱས་ནས་ལྟ་སྒོམ་དུ་བྱའོ། །

༤༧

འོ་ན་འཁོར་འདས་ཀྱི་ཆོས་འདི་ཐམས་ཅད་འཁྲུལ་པའི་དངོས་ཆོས་སུ་གྲུབ་བམ་སྙམ་ན། ཆོས་དེ་དག་མ་འཁྲུལ་པའི་དངོས་པོ་རང་བདེན་པར་གྲུབ་པ་མིན་པས་དེ་ལ་ལྟོས་ནས་འཁྲུལ་པའི་ཆོས་སོ་ཞེས་བཞག་གི འཁྲུལ་པའི་དངོས་ཆོས་སུ་གྲུབ་ནས་དེར་བཞག་པ་ཡང་མ་ཡིན་ཏེ། འཁོར་འདས་ཀྱི་དངོས་པོའི་ཆོས་སུ་སྣང་ཡང༌། དངོས་ཆོས་ཙམ་དུ་ཡང་རང་བཞིན་གྱི་གཟོད་ནས་སམ་གདོད་ནས་གྲུབ་པར་མི་རུང་ན། དེ་མ་འཁྲུལ་པའི་དངོས་ཆོས་དང་འཁྲུལ་པའི་དངོས་ཆོས་སུ་འགར་ཡང་འགྲུབ་ཏུ་ག་ལ་རུང་བའི་ཕྱིར། འོ་ན་ཀུན་རྫོབ་ཀྱི་ཆོས་ཀྱི་རང་གཞན་ལ་སྐྱེ་འཕགས་དག་གི་གཟིགས་ཚུལ་ཇི་ལྟར་སྙམ་ན། རྒྱ་མ་སངས་རྒྱས་དབོན་གྱི་ཞལ་ནས། འཁོར་འདས་ཀུན་རྫོབ་ཀྱི་བདེན་པ་འདི་ལ་སོ་སོ་སྐྱེ་བོ་རྣམས་ཀྱི་བལྟ་ངོ་ན་སྒྱུ་མ་མཁན་གྱིས་སྐྱེ་བོ་གཞན་གྱི་མིག་དང་ཤིང་རྡེལ་སོགས་ལ་སྔགས་ནས་རྟ་གླང་དུ་སྣང་བ་ལྟར་སྣང་བ་དང་དེར་བདེན་པར་འཛིན་པ་གཉིས་ཀ་འབྱུང་བ་ལྟར་བལྟ་ལ། ཉན་རང་དང་བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་གཟིགས་ངོ་ན་སྒྱུ་མ་མཁན་རང་ཉིད་ཀྱི་སྔགས་ཀྱིས་རང་གི་མིག་དང་རྫས་སོགས་བསླད་པས་རྟ་གླང་དུ་སྣང་ཡང༌། དེར་བདེན་པར་འཛིན་པ་ལྟར་བལྟ་ལ། འཕགས་པ་གསུམ་གྱི་མཉམ་གཞག་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟིགས་ངོ་ནས་སྒྱུ་མའི་རྟ་གླང་དེ་ཉིད་ཀྱི་སྒྱུ་མའི་སྣང་བ་ལ་ཇི་ལྟར་བལྟ་བ་ལྟར་གཟིགས་སོ་ཞེས་གསུངས་སོ། །འདི་ལྟར་ན་འཕགས་པའི་མཉམ་གཞག་དང་རྫོགས་པའི་སངས་རྒྱས་ཀྱི་ནི་ཀུན་རྫོབ་དང་དོན་དམ་པའི་ཆོས་ལ་བདེན་པ་དང་མི་བདེན་པ་དང་མི་བདེན་པའི་ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཙམ་ལ་མྱ་ངན་ལས་འདས་པ་བྱང་ཆུབ་དང་ཆོས་ཀྱི་སྐུ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་འཇོག་པ་ལས། བདེན་གཉིས་ཀྱི་ཡུལ་ལ་མཁྱེན་གཉིས་སོགས་ཀྱི་སྣང་བ་རྒྱས་པའི་མཚན་མ་ཅན་གྱི་ཆ་ནས་སངས་རྒྱས་དང་བྱང་ཆུབ་དང་ཆོས་སྐུ་སོགས་སུ་མི་འཇོག་པར་སྣང་ངོ༌། །དེས་ན་ཀུན་རྫོབ་ཀྱི་བདེན་པ་འདི་ཐམས་ཅད་སྐྱེ་འཕགས་རྣམས་ཀྱི་བློ་ངོ་ནས་ལྟོས་ཏེ་བཞག་པ་མ་གཏོགས་རང་བཞིན་ཚུགས་ཐུབ་ཏུ་གྲུབ་པའི་དངོས་ཆོས་གཟོད་མ་ཉིད་ནས་དབེན་ཞིང་སྟོང་པ་ཉིད་དུ་བས་ཤིང༌། དེ་ལྟའི་དབེན་པ་དང་སྟོང་པ་ཉིད་དེའང་དོན་དམ་པར་དབེན་པ་དང་སྟོང་པ་ཉིད་དུ་དེ་དེར་བདེན་པར་གནས་པའི་ཆོས་སུ་ཡང་གྲུབ་པ་མ་ཡིན་པའི་ཕྱིར། ཤེས་བྱའི་གཞི་འདིར་བདེན་གཉིས་ཀྱི་ཆོས་ལ་འདི་ལྟར་བལྟ་བའི་ལས་སུ་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་འགར་ཡང་མ་གཟིགས་པས་ཚུལ་འདི་ཁོང་དུ་ཆུབ་པར་བྱས་ནས་ལྟ་སྒོམ་དུ་བྱའོ། །

༤༨

དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱིས་བཏགས་པའི་རྣམ་འགྱུར་དུ་ཟད་ན་སེམས་དེ་ཉིད་འཁོར་འདས་ཀྱི་བྱ་བ་སྣ་ཚོགས་པར་དོན་བྱེད་པས་ཆོས་ཀྱི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཀྱི་བདག་ཉིད་དུ་གནས་པ་དང༌། སེམས་དེ་ཉིད་ཀྱི་འཁོར་འདས་ཀྱི་གང་ཟག་དཔག་ཏུ་མེད་པ་སྐྱེ་འཆི་ཉེར་ལེན་གྱི་ལས་བསོག་པར་བྱེད་པས་གང་ཟག་གི་མཚན་ཉིད་འཛིན་པའི་ཕྱིར་གང་ཟག་གི་བདག་ཉིད་དུ་གནས་སོ་སྙམ་ན། སེམས་ལ་གསལ་རིག་སོགས་ཀྱི་མཚན་ཉིད་འཛིན་པའི་ཆ་ནས་ཆོས་དང་སེམས་ཀྱི་དགེ་མི་དགེའི་ལས་བསོག་པའི་མཚན་ཉིད་འཛིན་པའི་ཆ་ནས་གང་ཟག་ཏུ་བཏགས་གཞག་འཇིག་རྟེན་དུ་གྲུབ་པས་འདི་ལྟར་མ་བརྟགས་ཉམས་དགའ་ཙམ་དུ་གྲགས་ཀྱང༌། སེམས་དེ་ཉིད་ཆོས་དང་གང་ཟག་གི་མཚན་ཉིད་དུ་དོན་དམ་པར་བདེན་པའི་དབང་དུ་མ་ཟད་ཀུན་རྫོབ་བརྫུན་པའི་དབང་དུ་ཡང་དེར་བདེན་པར་གནས་པ་མ་ཡིན་ཏེ། སེམས་དེས་སེམས་ཀྱི་མཚན་ཉིད་ཀྱི་བྱ་བ་དུ་མ་འཛིན་པའི་ཆ་ནས་ཆོས་ཀྱི་བདག་ཉིད་དུ་གནས་པ་ལ། སེམས་དེ་ཉིད་སེམས་དེ་ཉིད་ཀྱི་བདག་ཉིད་དུ་གནས་པའམ་བདེན་ན་དེ་ལྟའི་མཚན་ཉིད་འཛིན་དུ་ཆུག་ཀྱང་སེམས་དེ་ཉིད་སེམས་དེ་ཉིད་ཀྱི་བདག་ཉིད་དུ་གནས་པའམ་བདེན་པར་མི་རུང་བའི་ཕྱིར། སེམས་དེ་ཉིད་ཀྱིས་སེམས་ཀྱི་བྱ་བ་དུ་མ་འཛིན་པའི་ཆ་ནས་ཆོས་ཀྱི་བདག་ཉིད་དུ་གནས་པར་འགར་ཡང་མི་འགྲུབ་བོ། །སེམས་དེ་ཉིད་སེམས་དེ་ཉིད་ཀྱི་བདག་ཉིད་དུ་གནས་པའི་བདེན་པར་མི་འགྲུབ་པའི་ཚུལ་ནི། སེམས་རང་བཞིན་གྱི་གདོད་ནས་སེམས་ཀྱི་བདག་ཉིད་དུ་གནས་པའམ་གྲུབ་པ་མ་ཡིན་ཏེ། ཡིན་ན་སེམས་དེ་རང་ངམ་གཞན་གྱི་བདག་ཉིད་དུ་གྲུབ་ནས་གནས་དགོས་པ་ལས་རང་གཞན་གང་གིའང་བདག་ཉིད་དུ་གྲུབ་ནས་གནས་པ་མ་ཡིན་པའི་ཕྱིར་ཏེ། སེམས་དེ་ཤེས་པ་ལས་གཞན་པའི་བེམ་ཆོས་སོགས་ཀྱི་བདག་ཉིད་དུ་གནས་ནས་གྲུབ་ན་སེམས་དེ་གསལ་ཞིང་རིག་པ་ལུས་ཅན་མ་ཡིན་པའི་ཆོས་སུ་འགལ་བའི་ཕྱིར། སེམས་དེ་ཉིད་སེམས་དེ་ཉིད་ཀྱི་བདག་ཉིད་དུ་གནས་པ་ཡིན་ན། སྐད་ཅིག་སྔ་མའི་སེམས་ཀྱི་བདག་ཉིད་ལས་སྐད་ཅིག་ཕྱི་མའི་སེམས་ཀྱི་བདག་ཉིད་ལ་སོགས་པར་འཕོ་འགྱུར་མི་རུང་བར་འགྱུར་བའི་ཕྱིར་ཏེ། སེམས་དེ་ཉིད་སེམས་དེ་ཉིད་ཀྱི་བདག་ཉིད་དུ་གནས་པའི་ཕྱིར། སེམས་དེ་ཉིད་སྐད་ཅིག་སྔ་ཕྱིའི་བདག་ཉིད་ཀྱི་འཕོ་འགྱུར་བྱེད་ཀྱང་སེམས་དེ་ཉིད་སེམས་དེ་ཉིད་ཀྱི་བདག་ཉིད་དུ་གནས་པ་མི་འགལ་ན། སེམས་ཀྱི་བདག་ཉིད་ལ་སྔ་ཕྱིའི་འགྱུར་ཆ་དུ་མ་ཡོད་པར་འགྱུར་བའི་ཕྱིར། སེམས་དེ་ཉིད་སེམས་དེ་ཉིད་ཀྱི་བདག་ཉིད་དུ་གནས་པའི་གླགས་ཡོད་པར་མི་འགྱུར་རོ། །དེས་ན་སེམས་དེ་ཉིད་སེམས་ཀྱི་བདག་ཉིད་དུ་གནས་ན་དེ་ཉིད་ཀྱི་ཕྱིར་ཡུལ་དབང་ཡིད་བྱེད་སོགས་ཀྱི་རྐྱཻན་ལ་མི་ལྟོས་པར་རྣམ་པ་ཐམས་ཅད་དུ་དགེ་མི་དགེའམ་ལྷ་མི་ལྟ་བུའི་སེམས་གང་རུང་གཅིག་གི་བདག་ཉིད་དུ་གནས་དགོས་པ་ལས། དེ་ལྟར་ཡང་མ་ཡིན་པར་རང་མྱོང་གིས་གྲུབ་བོ། །སེམས་དེ་སེམས་ཀྱི་བདག་ཉིད་དུ་གནས་ན་འདས་པའི་སེམས་ཇི་སྙེད་པ་དེ་སྙེད་ཅིག་བྱུང་བ་དེ་ཐམས་ཅད་ཀྱང་དེའི་བདག་ཉིད་དུ་གནས་པ་ལྟར། ད་ལྟའི་དུས་སུའང་འདས་པའི་སེམས་ཀྱི་བདག་ཉིད་དུ་དམིགས་པ་དང་མྱོང་དུ་རུང་ལ་དེ་ལྟར་ཡང་དམིགས་པ་དང་མྱོང་བ་མེད་པའི་ཕྱིར་དང༌། ད་ལྟར་བའི་སེམས་དེ་སེམས་ཀྱི་བདག་ཉིད་དུ་གནས་ན་མ་འོངས་པའི་སེམས་ཇི་སྙེད་པ་དེ་སྙེད་འབྱུང་བའི་གོ་བཀག་ནས་སྡོད་པའམ་མ་འོངས་པའི་སེམས་དེ་སྙེད་ཀྱི་བདག་ཉིད་དུ་གནས་དགོས་པ་ལས། རང་གྲུབ་དུས་ཀྱི་སྐད་ཅིག་གཅིག་གི་བདག་ཉིད་དུའང་གནས་མི་བཏུབ་པའི་ཕྱིར། སེམས་ནི་སེམས་ཀྱི་བདག་ཉིད་དུ་ཇི་ལྟར་ཡང་གནས་པའམ་བདེན་པར་མི་བཟོད་དེ། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་གྱི་མདོ་རྒྱུད་རྣམས་ལས། འདས་པའི་སེམས་ནི་འགགས། མ་འོངས་པའི་སེམས་ནི་འདིར་མི་འོང༌། ད་ལྟར་བའི་སེམས་ནི་གཟུགས་ཁ་དོག་སོགས་སུ་མ་གྲུབ་ཅིང༌། སེམས་དེ་ཉིད་སེམས་དེ་ཉིད་དུ་གྲུབ་ན་སེམས་ཀྱིས་སེམས་རང་ཉིད་རིག་ཅིང་གཞལ་བར་གྲུབ་དགོས་པ་ལས་རང་གིས་རང་རིག་པ་དང༌། རང་གིས་རང་གཞལ་བ་དང༌། རང་གིས་རང་མྱོང་བ་ཡང་མི་སྲིད་དེ། རང་གི་རང་ཉིད་ལ་བྱ་བྱེད་འགལ་བའི་ཕྱིར། རང་ལ་བྱ་བྱེད་འཐད་ནས་བྱ་བ་དེ་ཉིད་རང་མ་ཡིན་པར་འགྱུར་ལ། རང་མ་ཡིན་པའི་སེམས་ཀྱི་བདག་ཉིད་སེམས་ཀྱི་བདག་ཉིད་གཞན་གྱིས་མཐོང་ན་རང་གི་སེམས་དེ་ཉིད་རང་གི་སེམས་ཀྱི་བདག་ཉིད་དུ་གནས་པར་མཐོང་བར་མི་འགྲུབ་པ་ཉིད་ཀྱི་ཕྱིར་སེམས་དེ་ཉིད་སེམས་དེ་ཉིད་ཀྱི་བདག་ཉིད་དུ་གནས་པ་དང་བདེན་པར་ཡོད་པའང་དེར་གྲུབ་པ་ནི་འགའ་ཡང་འགྲུབ་པའི་གནས་མེད་དོ། །ཞེས་བཀའ་རྒྱ་ཆེར་བསྩལ་བ་ལྟར་ཁོང་དུ་ཆུབ་པར་བྱས་ཏེ་ལྟ་བསྒོམ་བྱའོ། །

༤༩

ཀུན་རྫོབ་ཏུ་སེམས་དེ་ཉིད་ཀྱིས་འཁོར་འདས་ཀྱི་ལས་སྣ་ཚོགས་བསགས་ཤིང་བསགས་པ་ལྟར་འཁོར་འདས་ཀྱི་བདེ་སྡུག་སྣ་ཚོགས་པ་མྱོང་བ་ཐ་སྙད་ཀྱི་ངོར་བསླུ་བ་མེད་པར་སྣང་ཡང་སེམས་དེ་ཉིད་དེ་ལྟའི་ལས་བསགས་མྱོང་གི་གང་ཟག་གི་བདག་ཉིད་དུ་དོན་དམ་པར་མ་ཟད་ཐ་སྙད་དུའང་གནས་པ་མ་ཡིན་ཏེ། སེམས་དེ་གང་ཟག་གི་བདག་ཉིད་དུ་གནས་ན་སྐྱེ་འཆི་ལ་སོགས་པའི་རྐྱེན་གྱིས་ལྷ་མི་དང་མཐོ་རིས་ངན་སོང་ལ་སོགས་པའི་གང་ཟག་མཆོག་དམན་དུ་འགྱུར་མི་སྲིད་པར་གང་ཟག་དེའི་བདག་ཉིད་དུ་འཕོ་འགྱུར་མེད་པར་གནས་རིགས་པ་ལས་དེ་ལྟར་ཡང་མ་ཡིན་པའི་ཕྱིར་དང༌། མཐོ་རིས་ངན་སོང་ལ་སོགས་པའི་གང་ཟག་ཅེས་པའང་ལས་ཀྱིས་བསགས་པའི་རྣམ་འགྱུར་གྱི་མིང་གཟུགས་ཀྱི་གནས་སྐབས་མ་ངེས་པ་སྣ་ཚོགས་པའི་དབང་གིས་བཏགས་པ་ཙམ་ལས། གང་ཟག་རང་གི་བདག་ཉིད་མི་འགྱུར་བར་གནས་པའི་དོན་བྱེད་པའི་གང་ཟག་དམིགས་མྱོང་ཚད་མས་མི་འགྲུབ་པའི་ཕྱིར། ལས་བྱེད་མྱོང་གི་སེམས་ཀྱང་གང་ཟག་གི་བདག་ཉིད་དུ་གནས་ཤིང་གྲུབ་པ་མ་ཡིན་པར་ཁོང་དུ་ཆུབ་པར་ལྟ་སྒོམ་དུ་བྱའོ། །

༥༠

དེ་ལྟར་ཆོས་ཐམས་ཅད་སེམས་ཀྱི་བཏགས་སྣང་ཙམ་ལས་གཞན་དུ་མ་གྲུབ་ཅིང་སེམས་དེ་ཉིད་སྐྱེ་འགག་གནས་པ་ལ་སོགས་པའི་སྤྲོས་ཆོས་ཀྱི་བདག་ཉིད་དུ་མི་གནས་ན། དེ་ཉིད་ལས་གཞན་པའི་སེམས་ཀྱི་ཁ་ལོ་བསྒྱུར་བའི་བྱེད་པོའི་གང་ཟག་རང་དབང་དུ་གྲུབ་པ་སོགས་བདག་གཞན་གྱི་རྒྱུད་ལ་ཡོད་མེད་སེམས་པ་ན་འགར་ཡང་མ་རྙེད་པའི་ཚེ། སེམས་དེ་ཉིད་ལ་མཁའ་མཉམ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་ཆེད་དུ་རང་གཞན་སངས་རྒྱས་ཐོབ་ཆེད་ཀྱི་ཟག་མེད་ཀྱི་ཚོགས་གཉིས་བསགས་པའི་ལས་མ་གཏོགས་ཚུ་རོལ་འཁོར་བའི་མཐའ་ལ་ཆགས་པའི་ཟག་བཅས་དགེ་བའི་ལས་དང༌། ཕ་རོལ་ཞི་བའི་མཐའ་ལ་ཆགས་པའི་དམན་པའི་མྱང་འདས་ཀྱི་ཆེད་ཀྱི་ཟག་མེད་ཀྱི་དགེ་བའི་རྩ་བ་ཉི་ཚེ་བ་མི་བསོག་པར། སྲིད་ཞིའི་རྒྱ་མཚོ་ཆེན་པོ་རྩ་ཐོན་དུ་སྟོངས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་འདུས་བྱས་མ་བྱས་ཀྱི་དགེ་རྩ་ཆུ་བོའི་རྒྱུན་ལྟར་བསགས་པ་དང༌། ལྷག་པར་འདུས་མ་བྱས་ཡེ་ཤེས་ཀྱི་ཚོགས་ཀྱི་དགེ་རྩ་བསྐྱེད་པའི་ཆེད་དུ་སྒོ་གསུམ་གྱི་འདུས་བྱས་བསོད་ཚོགས་ཀྱི་དགེ་རྩ་ཉིན་མཚན་ལུང་མ་བསྟན་གྱི་བྱ་བས་བར་ཆད་པར་སྒྲུབ་པར་བྱ་སྟེ། འཕྲལ་གྱི་ཆོས་སྤྱོད་ཀྱི་རིམ་པ་རྣམས་རྒྱལ་བ་རྒོད་ཚང་པ་ཆེན་པོས་ཐུགས་དམ་དུ་མཛད་པ་ལྟར་སྒྲུབ་དགོས་པས། གཉིད་དང་བཟའ་བཏུང་དང་ལེ་ལོའི་བདེ་བའི་རོ་མི་མྱོང་བར་དབེན་པར་དགེ་སྦྱོར་ལ་བརྩོན་པའི་ཉམས་མྱོང་གི་དགའ་སྤྲོའི་རོ་མྱོང་བས་ཁམས་གསོ་བར་བྱས་ནས་སྒྲུབ་པ་ཐང་ལྷོད་མེད་པར་ཐང་ངེ་དང་སྦྲིང་ངེ་བྱའོ། །

༥༡

དེ་ལྟར་བདག་མེད་གཉིས་ཀྱི་ལྟ་བ་རིགས་ཚུལ་གྱི་སྒོ་ནས་གཏན་ལ་མ་ཕབ་ཀྱང་བླ་མའི་ལུང་ཙམ་གྱིས་དེ་ལྟར་བརྡ་སྤྲད་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཙམ་དུ་གཏན་ལ་ཕབ་ནས་སེམས་དེ་ཉིད་ཀྱི་སྟེང་དུ་མྱོང་བ་ལ་བཀར་ནས་ལྟ་སྒོམ་ཡང་ནས་ཡང་དུ་བྱས་པས། སེམས་ལ་སོགས་པའི་ཕུང་སོགས་ཀྱི་ཆོས་གྲུབ་བདེན་དུ་སྣང་བ་ཐམས་ཅད་གྲུབ་བདེན་དུ་སྣང་བ་ལྟར་གྲུབ་བདེན་དང་བྲལ་བའི་དོན་དམ་སྟོང་པ་ཉིད་དུ་རྟོགས་པ་ཉིད་ཀྱིས་འཁོར་འདས་སོགས་ཀྱི་ཀུན་རྫོབ་རྒྱུ་འབྲས་ཀྱི་རྟེན་འབྲེལ་དུ་རུང་བའི་མྱོང་བ། དཔེར་ན་སྒྱུ་མའི་བསླད་གཞི་སྒྱུ་མར་བསླད་པ་ལྟར་མ་གྲུབ་ཀྱང་བསླད་པའི་སྒྱུ་མ་ལྟར་སྣང་དུ་རུང་བ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ཉམས་བཟང་པོ་སྐྱེས་ནས་སླར་ཡང་སྒྱུ་མ་ལྟ་བུའི་འདུས་བྱས་དང་འདུས་མ་བྱས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་འབད་པ་ཆེན་པོས་འཇུག་པ་གོང་ནས་གོང་དུ་འཕེལ་བར་འགྱུར་བས། དེ་ལྟའི་སྒྲུབ་པ་ཡང་ཡང་དམ་བཅའ་ཞིང་དེ་ཉིད་མཐར་ཅི་ཕྱིན་དུ་ནན་ཏན་བྱའོ། །

༥༢

དེ་ལྟར་ཡང་ནས་ཡང་དུ་སེམས་ལ་ཏིང་ངེ་འཛིན་གྱི་གནས་ཆ་གཡོ་བ་མེད་པའི་ངང་ནས་རང་རིག་པ་གསལ་སྟོང་གི་ངོ་བོ་དེ་ཉིད་ལ་བཅོས་བསླད་ཐམས་ཅད་དང་བྲལ་བའི་ཤེས་པས་མ་བཅོས་པར་ཅེར་ལྟ་ཅེར་འཇོག་གི་ལྟ་སྒོམ་གཉུགས་སུ་བསྲིངས་པ་ན། དགེ་མི་དགེའི་རྟོག་པ་དང་རྟོག་མེད་ཀྱི་སེམས་དང་སེམས་ལས་བྱུང་བའི་ཤེས་པ་ཅི་སྙེད་ལ་ཐམས་ཅད་དམིགས་མྱོང་ཙམ་གྱི་དམིགས་མྱོང་དེ་ཉིད་གཟོད་མ་ནས་སྟོང་པའི་སྟོང་པ་ཉིད་དུ་ལྷག་ལྷག་ཤར་ཞིང༌། དེ་ལྟར་ཙམ་ནས་དེ་ལྟར་མ་རྟོགས་ནས་ཕྱིན་ཅི་ལོག་མཚན་འཛིན་དང་བདག་འཛིན་སོགས་སྒྲིབ་གཉིས་ཀྱིས་འཁྲུལ་ཏེ་འཁོར་འདས་ཀྱི་མཐར་ལྟུང་བ་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེ་ཞིང་དེ་ལྟའི་སྙིང་རྗེའི་ངོ་བོ་ལ་བལྟས་པས་རིག་སྟོང་རྩ་བྲལ་དུ་རྗེན་ལྷང་ངེ་འགྲོ་བ་ན། སེམས་ཤེས་པའམ་བློའམ་རྟོག་པ་དེ་ཉིད་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་དུ་འགྲོ་བས་དྲན་ཤེས་ཀྱི་འཇུར་བུར་མ་བཅིངས་པར་ཤེས་པ་ངོ་བོ་རང་དགར་ལུང་མ་བསྟན་ངོ་མ་ཤེས་སུ་མ་སོང་བར་ལུག་རྫི་མཁས་པས་ལུག་སྐྱོང་བའི་དཔེའམ་རྩོལ་མེད་དུ་ལྟ་སྒོམ་བསྐྱང་བར་བྱའོ། །དེ་ལྟར་སེམས་ཀྱི་སྟེང་ནས་ཉམས་མྱོང་རྡོ་རུས་ཐུག་པར་སྟོང་ཉིད་རྒྱུ་འབྲས་སམ་སྟོང་ཉིད་རྟེན་འབྲེལ་ལམ་སྟོང་ཉིད་སྙིང་རྗེའི་རིག་སྟོང་དབྱེར་མེད་དམ་ཟུང་འཇུག་གི་རྟོགས་པ་ཤར་བ་ན་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྒྱུད་ལ་སྐྱེས་པ་ཡིན་ལ། དེ་ཉིད་ཀྱང་སྟོང་ཉམས་དང་སྣང་ཉམས་དང་མི་རྟོག་པའི་ཉམས་བཟང་བཟང་གིས་མ་བསླད་པའི་ཐ་མལ་གྱི་ཤེས་པ་རང་འཁྲུངས་སམ་རང་བྱུང་གི་ཡེ་ཤེས་རང་ཤར་དུ་འབྱུང་བ་ཡིན་ལ། དེ་ལྟའི་རྟོགས་པ་སྐྱེས་པ་ན་ལྷག་མཐོང་ཐུན་མོང་མིན་པའི་སེམས་ཀྱི་ངོ་བོ་མཐོང་བའམ་རང་རིག་པའི་ཡེ་ཤེས་མངོན་དུ་གྱུར་པ་བྱ་བ་ཡིན་པས། འདི་ཉིད་ལ་ནན་ཏན་དུ་བྱའོ། །འདི་ཙམ་གྱི་ཉམས་རྟོགས་ཤར་བ་ན། དཔལ་སྒམ་པོ་པའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་བའི་ཁྲིད་སྲོལ་གྱི་རྣལ་འབྱོར་བཞིའི་རྩེ་གཅིག་གི་རྣལ་འབྱོར་གྱི་མགོ་འདི་ནས་འཛིན་པར་དཔལ་ཀརྨ་བཀའ་བརྒྱུད་པ་དག་གིས་བཞེད་ཅེས་བདག་གི་རྗེ་རས་པ་ཆེན་པོའི་ཞལ་སྔ་ནས་བཀའ་བསྩལ་ཞིང༌། ཉམས་རྟོགས་དབྱེར་མེད་དམ་ཞི་ལྷག་ཟུང་འཇུག་གི་རྟོགས་པ་འདི་ལྟར་མ་ཤར་བའི་སེམས་ངོ་མཐོང་རྒྱས་འགེབས་བྱས་པའི་གོ་ཡུལ་གྱི་ངེས་ཤེས་ཀྱིས། སེམས་ཀྱི་ངོ་བོ་དང་འཆར་སྒོ་ལ་སྟོང་ཉིད་རྟེན་འབྲེལ་གྱི་རྒྱས་འདེབས་རེ་བྱས་ནས་ཤེས་པའི་རང་ངོ་མཚན་འཛིན་དུ་ཟུ་ལུ་ལུ་ཤོར་ན། དེ་ལ་རྣམ་རྟོག་གམ་རང་སེམས་ཀྱི་ངོ་བོ་དྲི་མ་མེད་པར་ངོ་འཕྲོད་པར་རློམ་ཡང་ས་རྡོའི་རི་བོ་ལ་གསེར་དུ་སྒོམ་པའི་ཕྱུག་པོ་དང་ཁྱད་པར་མེད་ཅེས་རྗེ་གྲུབ་ཐོབ་ཆེན་པོ་ཨོ་རྒྱན་པ་དག་གསུངས་སོ། །དེ་ཉིད་ཀྱི་ཕྱིར་རྒྱལ་བ་རྒོད་ཚང་པས། གང་ཤར་གྱི་རྟོག་པ་ངོས་བཟུང་བ་དང༌། རྟོག་པ་དང་དྲན་པ་གཉིས་མེད་ཏུ་དག་ནས་ཐ་མལ་དུ་ཁྲེས་ཁྲེས་འགྲོ་ཡིན་འདུག་ན། འདི་ལ་ང་སྒོམ་ངོ་མཐོང་ཟེར་བ་ཡིན། དེ་ལྟར་རྟོག་པ་འདག་པའི་གནད་མ་ཤེས་ན། གོ་ཡུལ་གྱི་དྲན་པ་ཡིན་ཞེས་གསུངས་པ་ལྟར་སྐལ་པ་ཅན་རྣམས་རང་སེམས་ལ་བསག་སྦྱང་གིས་གདར་ཤ་བཅད་ནས་སངས་རྒྱས་ཀྱི་དགོངས་པ་ལོངས་པར་བྱའོ། །

༥༣

འདི་ལྟའི་རྟོགས་པ་སྐྱེས་པ་ན་རྣམ་རྟོག་ཆོས་ཀྱི་སྐུར་རྟོགས་པའམ་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞེས་པའི་ལྟ་སྒོམ་བློའི་ཉམས་མྱོང་ཐམས་ཅད་དང་བྲལ་བར་ཁོང་དུ་ཆུབ་པར་འགྱུར་བ་ཡིན་ཏེ། ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པའམ་རྣམ་པར་རྟོག་པ་ནི། ཁམས་གསུམ་པར་སྣང་བའི་གཞན་དབང་རྣམ་པར་རིག་པའི་སེམས་དང་སེམས་ལས་བྱུང་བའི་ཚོགས་པ་ཇི་སྙེད་པ་དེ་སྙེད་ཡིན་ལ་དེ་ལྟའི་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་དག་གིས་ཁམས་གསུམ་པར་བཏགས་པ་དང་མཐུན་པར་སྣང་བའི་ཆོས་དེ་དག་ནི་བདེན་པར་མེད་བཞིན་ཡོད་པ་ལྟར་སྣང་བའི་འཁྲུལ་པ་ཉིད་ཀྱིས་ཡང་དག་པ་མིན་པའི་རྣམ་འགྱུར་དུ་ཟད་ལ། དེ་ལྟར་སྣང་བ་དང་རྟོག་པ་དང་འཛིན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཡང་དག་པར་བདེན་པའི་རྣམ་པར་རིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར། དེ་ལྟའི་རྣམ་རྟོག་དེ་ཉིད་གདོད་ནས་སམ་བཟོད་མ་ནས་རང་བཞིན་གྱི་ཞི་བ་དང་སྤྲོས་པ་མཐའ་དག་དང་བྲལ་བ་ཐོག་མའམ་གཞི་དུས་ཉིད་ནས་རང་བཞིན་རྣམ་དག་དོན་དམ་པ་སྟོང་པ་ཉིད་ཆོས་ཀྱི་སྐུ་ཡིན་ལ། དེ་ལྟར་ཡིན་བཞིན་དུ་ཡང་དག་མིན་རྟོག་དེ་ཉིད་ཀྱིས་དེ་ཉིད་ཀྱི་གནས་ཚུལ་ཕྱིན་ཅི་ལོག་ཏུ་བཟུང་ཞིང་ཀུན་ནས་ཉོན་མོངས་ཀྱི་རྣམ་རྟོག་དེ་དང་འགལ་ཟླར་གྱུར་པའི་གཉེན་པོ་རྣམ་བྱང་དད་སོགས་མོས་པའི་དགེ་རྐྱེན་གྱི་བསག་སྦྱང་དང༌། བླ་མ་དམ་པའི་ཐུགས་རྗེ་བྱིན་རླབས་ཀྱི་རྟེན་འབྲེལ་གྱིས་ཕྱིན་ལོག་གི་བློ་འཁྲུལ་པའི་དྲི་མ་རང་དག་ལ་སོང་ནས། གློ་བུར་རྣམ་དག་ཆོས་ཀྱི་སྐུ་སྟེ་དག་པ་གཉིས་ལྡན་གྱི་ཆོས་སྐུའི་རང་ཞལ་དྲི་མ་དང་བྲལ་བར་རང་རིག་རྗེན་པ་དྲི་མ་མེད་པར་མངོན་དུ་གྱུར་པ་དེ་ཉིད་ལ་རྣམ་རྟོག་ཆོས་སྐུར་ཤར་བ་དང་རྣམ་རྟོག་ཆོས་སྐུར་ངོ་ཤེས་པ་དང་ངོ་འཕྲོད་པ་ཞེས་བྱ་བར་བཞག་གོ། དེས་ན་རང་སེམས་བདག་ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཆོས་སྐུ་མངོན་དུ་བྱས་ན། དེ་ལས་གཞན་པའི་གང་ཟག་གི་བདག་ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཆོས་སྐུ་མངོན་དུ་བྱེད་པས། འདི་ལ་དགོངས་ནས། རྗེ་མི་ལ་དང་དཔལ་སྒམ་པོ་པས། ཇོ་བོ་བཀའ་གདམས་པ་སོགས་ཀྱིས་སྔོན་ལ་ཉོན་སྒྲིབ་སྤངས་ནས་རྗེས་ལ་ཤེས་སྒྲིབ་སྤང་བར་འདོད་ཀྱང༌། ཁོ་བོས་ནི་སྔོན་དུ་ཤེས་སྒྲིབ་སྤངས་ན་རྗེས་ནས་ཉོན་སྒྲིབ་ཀྱི་སྒྲོག་རང་རྡལ་དུ་འགྲོ་ཞེས་གསུངས་པའང༌། སེམས་འདི་ཉིད་ཀྱིས་ཕྱི་ནང་གི་ཤེས་པ་དང་ཤེས་བྱ་ལ་མཚན་འཛིན་གྱི་དྲི་མ་དག་ན་ཤེས་སྒྲིབ་རང་དག་ཏུ་འགྲོ་ལ། དེ་དག་ན་གང་ཟག་གི་བདག་ལྟ་སོགས་ལ་རྟེན་པའི་ཉོན་སྒྲིབ་རང་དག་ལ་འགྲོ་བ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་ཏེ། བཀའ་བརྒྱུད་ཀྱི་ཞལ་ནས། རང་སེམས་གཞི་མེད་རྩ་བྲལ་དུ་རྟོགས་ན་ང་བདག་གི་མཁན་པོ་གཞི་མེད་དུ་གྲོལ་བས་ཆོས་གང་ཟག་གི་བདག་འཛིན་རང་སར་གྲོལ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །

༥༤

དེས་ན་སེམས་ཀྱི་ངོ་བོ་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བ་དྲི་མ་མེད་པའི་རིག་པ་རྟེན་མེད་པ་འདི་ལ། དམ་པ་རྒྱ་གར་གྱིས་རིག་པ་དྲི་མ་མེད་པ་གཅེར་བུ་རལ་གྲི་ཤུབས་ནས་ཐོན་པའི་གྲི་ལིང་ངར་མ་ཡུ་བ་དང་བྲལ་བའི་དཔེས་གསུངས་ཏེ། རང་སེམས་འོད་གསལ་བའི་ཡེ་ཤེས་དེ་ཉིད་འཁོར་འདས་ཀྱི་སྤྲོས་སྒྲིབ་ཀྱི་ཤུབས་ནས་ཐོན་པའི་རལ་གྲི་རྣོ་ངར་དང་ལྡན་པ་ཡུ་མེད་ལ་ག་ནས་རེག་ཀྱང་གཅོད་ཅིང་གཏུབ་པ་ལྟར་གཟུང་འཛིན་གྱི་རྣམ་རྟོག་གི་དྲ་བ་ཐམས་ཅད་དེས་གཅོད་པར་བྱེད་པ་ཉིད་ཀྱིས་རིག་པ་དྲི་མེད་སོར་བཞག་དེ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་ཡེ་ཤེས་མཐར་ཐུག་པ་ཡིན་པས། དེ་ཉིད་ལ་མ་བཅོས་པར་མཉམ་པར་བཞག་པར་བྱ་སྟེ། དེ་ཡང་སེམས་འོད་གསལ་བའི་ཡེ་ཤེས་ལ་ཆོས་ཅན་དྲི་མ་མེད་པས་གཅེར་བུར་བུད་པ་དང༌། ཆོས་ཉིད་དྲི་མ་མེད་པས་གཅེར་བུར་བུད་པ་གཉིས་ལས་དང་པོ་ནི། སྒྲིབ་གཉིས་རྟོགས་ཚོགས་འཁྲུལ་ཆོས་འཁྲུལ་པ་ལྟར་དོན་ལ་མི་གནས་པས་འཁྲུལ་པའི་དྲི་མ་མ་སྤངས་དབྱིངས་སུ་དག་ཅིང་དྲི་མ་དང་བྲལ་བའི་གཅེར་བུར་ཐོན་པ་ཡིན་ལ། གཉིས་པ་ནི། དེ་ལྟའི་རང་སེམས་འོད་གསལ་བ་དེ་ཉིད་དངོས་ཆོས་སུའང་གྲུབ་པ་དང་བྲལ་ཞིང༌། དེ་ལྟར་བྲལ་བ་དེའང་ཐ་སྙད་ཀྱི་ངོར་དངོས་མེད་ཀྱི་ཆོས་སུ་དམིགས་མྱོང་གི་རྣམ་པར་སྣང་བ་ཙམ་དུའང་མི་རུང་ཞིང༌། དེས་ན་རང་བཞིན་དང་གློ་བུར་གྱི་དྲི་མ་དག་གིས་རྣམ་པར་དག་ཅིང་སྤྲོས་མཚན་མཐའ་དག་དང་བྲལ་བས་གཅེར་བུར་ཐོན་པ་ཡིན་ལ། དེས་ན་བཅོམ་ལྡན་འདས་ཀྱི་མདོ་རྒྱུད་རྣམས་ལས། ཆོས་ཅན་གྱི་ཆ་ནས་རང་སེམས་རིག་པ་དྲི་མེད་གཅེར་བུར་ཐོན་ཚུལ་ལ་གཞན་སྟོང་དང༌། ཆོས་ཉིད་ཀྱི་ཆ་ནས་རིག་པ་དྲི་མེད་གཅེར་བུར་ཐོན་ཚུལ་ལ་རང་སྟོང་སྟེ་དེའི་སྟོང་པ་ཉིད་གཉིས་པའོ། །གཅིག་པ་དང་ཐ་དད་སྤངས་པའི་སྤྲོས་པ་དང་བྲལ་བ་ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་ཀྱིས་འཁོར་འདས་དབྱེར་མེད་དང་ཉོན་མོངས་ཡེ་ཤེས་དང་སྲིད་ཞི་རོ་གཅིག་ཅེས་ཆེས་ཟབ་པའི་མདོ་རྒྱུད་ནས་དབང་རྣོན་ཆེས་མཆོག་ལ་དགོངས་ཏེ་གསུངས་པ་ཡིན་ཞེས་བདག་གི་རྗེ་བླ་མ་མཉན་པ་རས་ཆེན་གྱིས་བཀའ་བསྩལ་ཏོ། །དེས་ན་རིག་པ་དྲི་མ་མེད་པ་གཅེར་བུ་འདི་ཉིད་ལ། རྗེ་སྒམ་པོ་པས། ཐ་མལ་གྱི་ཤེས་པ་སངས་རྒྱས་སྒམ་པོས་བཟང་དུ་མ་བཏང༌། སེམས་ཅན་འཁྲུལ་པས་ངན་སོང་དུ་མ་བཏང་བའི་ཆོས་དབྱིངས་འགྱུར་བ་མེད་པའི་རང་བཞིན། བཅོས་བསྒྱུར་གང་གིས་ཀྱང་བཟོར་མི་ཚུད་པ་རྟག་ཆད་ཀྱི་མཐའ་གར་ཡང་མི་འགྲོ་ཞིང་མི་རུང་བ་དེ་ཉིད་སོ་མ་ལྷུག་པ་རང་བབས་སུ་འཆར་བའམ་མངོན་དུ་འགྱུར་བ་ཡིན་ཞེས་གསུངས་ལ། དེ་ལྟའི་ཐ་མལ་གྱི་ཤེས་པ་མ་བཅོས་དྲི་མས་དབེན་པ་དེའང་ཐོག་མ་མེད་པ་ནས་ཚོགས་བརྒྱད་དམ་ཚོགས་དྲུག་གི་ཤེས་པ་གློ་བུར་དྲི་མའི་སེམས་དང་སེམས་བྱུང་ཇི་སྙེད་པ་ཞིག་གིས་བསླད་ཅིང་རྙོག་པ་དང་བཅས་ཀྱང༌། ཐ་མལ་གྱི་ཤེས་པ་དེ་ཉིད་གདོད་ནས་དྲི་མ་སོགས་ཀྱི་འགྱུར་བ་མེད་པས་རྒྱུན་ཆགས་པར་འབྱུང་བ་དེ་ཉིད་བསག་སྦྱང་གི་སྟོབས་ཀྱིས་རྫུན་ཆོས་འཁྲུལ་པའི་བཅོས་མའི་སྦུན་པ་ཐམས་ཅད་ལས་གྲོལ་ནས། མ་བཅོས་རང་བབས་ཐ་མལ་གྱི་ཤེས་པ་མངོན་དུ་འགྱུར་བ་ཡིན། འདི་ལྟའི་ཤེས་པའང་གདོད་ནས་བཞུགས་པས་མངོན་དུ་གྱུར་པ་ཡིན་གྱི་གསར་དུ་དགེ་ཚོགས་ཀྱིས་བསྒྲུབས་པ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། མདོ་རྒྱུད་ལས། བདེར་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང༌། རྒྱལ་བ་རྒོད་ཚང་པས། སྐྱེ་བོའི་དུས་ཀྱི་ཤེས་པ་དེ། །ཆོས་ཀྱི་སྐུ་རུ་གདའ་བ་ལས། །བླ་མས་བསྟན་ཀྱང་མ་དགོས་པར། །རྟོགས་སུ་ཐང་ན་གཤའ་བ་ལ། །ཞེས་འབྱུང་ངོ༌། །དེས་ན་དེ་ལྟའི་ཐ་མལ་ཤེས་པ་མངོན་དུ་གྱུར་པ་ན་རྣམ་ཤེས་གློ་བུར་གྱི་དྲི་མ་ཐམས་ཅད་རང་དག་ལ་འགྲོ་བས་འཁོར་འདས་ཀྱི་མཐའ་གཉིས་སུ་ལྟུང་བའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་ནས་བདེ་སྟོང་གཉིས་སུ་མེད་པའི་སྐུ་དང་ཡེ་ཤེས་མངོན་དུ་བྱེད་པ་ཡིན་ལ། རྒྱུ་མཚན་དེའི་ཕྱིར། དཔལ་ཏོག་ཙེ་པས། ཐ་མལ་ཤེས་པ་སྙིང་གི་དབུས་བུ་སད། །ཚོགས་དྲུག་དག་ན་བདེ་ཆེན་རྒྱུན་མི་ཆད། །བཏགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དུ་མེད་པ་གཉུག་མའི་ངང་ལ་ཞོག །ཅེས་འབྱུང་བ་དང༌། ཇི་སྐད་དུ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པས་གོས་པས་མེད། །ཅེས་པ་སོགས་གསུང་རབ་རབ་འབྱམས་ནས་མཐའ་ཀླས་པ་འབྱུང་ངོ༌། །འོ་ན་གཉུག་མ་ཐ་མལ་གྱི་ཤེས་པ་བདེར་གཤེགས་སྙིང་པོ་དང་གློ་བུར་དྲི་མ་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་དེ་ཉིད་རྫས་བཏགས་ཀྱི་དངོས་པོ་རང་རྒྱུད་པ་གཉིས་སུ་གྲུབ་བམ་སྙམ་ན་དེ་ལྟ་མ་ཡིན་ཏེ། ཆོས་ཐམས་ཅད་ལ་རྫས་བཏགས་ཀྱི་དངོས་པོར་གྲུབ་པའི་ཆ་ཅུང་ཟད་ཀྱང་མི་གནས་པ་སྒྱུ་མ་ཙམ་དུ་ཟད་པས་དེ་ཉིད་མངོན་དུ་བྱས་པ་ལ་རང་བཞིན་ཆོས་སྐུ་མངོན་དུ་བྱས་པར་འཇོག་ཅིང༌། གཉུག་མ་ཐ་མལ་ཤེས་པ་དེའང་གློ་བུར་དྲི་མ་རྣམ་ཤེས་ཚོགས་བརྒྱད་ཀྱི་ཤེས་པ་དེ་ཉིད་སྤྲོས་ཆོས་ཀྱིས་མ་སླད་མ་བཅོས་པར་བཞག་པ་ན། དེ་ཉིད་ཀྱི་ངོ་བོ་དག་གསལ་དྲི་མ་མེད་པ་ཆུ་དང་མར་མེ་མ་རྙོགས་པ་རང་གསལ་དུ་བཞག་ན་དྭངས་ཤིང་གཟུགས་བརྙན་འཆར་བ་དང༌། དྲི་མེད་དུ་གསལ་ཞིང་འབར་དུ་རུང་བ་ལྟར་གཉུག་མ་ཐ་མལ་གྱི་ཤེས་པའང་མངོན་དུ་བྱེད་པའི་རྟེན་གློ་བུར་གྱི་དྲི་མའི་རྣམ་ཤེས་ཚོགས་བརྒྱད་ཀྱི་རྣམ་རྟོག་དེ་ཉིད་ལ་གནད་དུ་མ་བསྣུན་པར་བརྟེན་པ་གཉུག་མ་ཐ་མལ་གྱི་ཤེས་པ་མངོན་དུ་བྱེད་པ་མ་ཡིན་པས། དོན་དེ་ལ་དགོངས་ནས། ཀརྨ་པ་རང་བྱུང་རྒྱལ་བ་མཆོག་གིས། རྣམ་ཤེས་ཚོགས་བརྒྱད་ཀྱི་རང་ངོ་དྲི་མ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ལྔའི་ངོ་བོར་བཞུགས་ལ། ཞེས་གསུངས་ཤིང༌། དེས་ན་རྣམ་རྟོག་དེ་ཉིད་ལ་གནད་དུ་བསྣུན་དགོས་པ་ནི། རྗེ་སྒམ་པོ་པས། རྣམ་རྟོག་འདི་དགོས་པར་གདའ་སྙིང་དུ་སྡུག་པར་གདའ་མེད་ཀ་མི་རུང་བར་གདའ་ཞེས་གསུངས་ཤིང༌། དེ་ལྟའི་ཐ་མལ་གྱི་ཤེས་པ་མངོན་དུ་བྱེད་པ་ལའང་རྣམ་རྟོག་དེ་ཉིད་ཀྱི་ངོ་བོ་ལ་བལྟ་བའམ་རིག་པ་རྐྱང་འདེད་དུ་བྱེད་པ་དེ་ཉིད་ཉམས་ལེན་གྱི་སྙིང་པོ་ཡིན་ཏེ། དམ་པ་རྒྱ་གར་གྱིས། རྣམ་རྟོག་གི་སྲོག་ནས་མ་བཟུང་ན་ཆོས་སྐུའི་སྙིང་མི་འབྱིན་ཞེས་གསུངས་ཤིང༌། འདི་ཉིད་སྐྱོང་ཚུལ་ཡང་རྣམ་རྟོག་དེ་ཉིད་མ་བཅོས་རང་བབས་སུ་སྐྱོང་བ་ལས་གཞན་པའི་ཐབས་ཤེས་འགར་ཡང་མདོ་རྒྱུད་ནས་མ་གསུངས་ཏེ། ཤེར་ཕྱིན་ཉམས་སུ་ལེན་ན་བཅོས་པའི་ཆོས་ཐམས་ཅད་ཡིད་ལ་མི་བྱ་བར་གསུངས་པ་དང༌། ཕྱག་རྒྱ་ཆེན་པོ་ཐུགས་རྡོ་རྗེ་སྦྱོར་བ་ཡན་དྲུག་གི་ཁྲིད་ཚུལ་ཐམས་ཅད་དུ་སོར་གཞག་སོར་སྡུད་ཀྱི་དཀྲི་ཚུལ་ཁོ་ནར་གསུངས་ཏེ། བྲམ་ཟེ་ཆེན་པོས། ཆུ་དང་མར་མེ་རང་གསལ་གཅིག་པུར་ཞོག །འགྲོ་འོང་ང་ཡིར་མི་ལེན་མི་འདོར་རོ། །ཞེས་འབྱུང་བ་ལྟར་ཉམས་སུ་བླང་བར་བྱའོ། །

༥༥

དེ་ལྟའི་གཞི་དུས་ཀྱི་བདེར་གཤེགས་སྙིང་པོ་ཐ་མལ་གྱི་ཤེས་པ་ཆོས་ཀྱི་སྐུ་དྲི་བཅས་སུ་བཞུགས་པ་དེ་ཉིད་བླ་མའི་དུས་ཐབས་ཀྱི་རྟེན་འབྲེལ་དང་བདག་གི་བསོད་ནམས་ཀྱི་བསགས་པས་ལམ་དུས་ཀྱི་བདེར་གཤེགས་སྙིང་པོ་ཐ་མལ་གྱི་ཤེས་པ་ཆོས་སྐུ་དེ་ཉིད་དྲི་བྲལ་དུ་མངོན་དུ་གྱུར་པ་ཡིན་ལ། དེ་ཉིད་ཀྱི་བདེ་སྟོང་དབྱེར་མེད་ཀྱི་སྐུ་དང་ཡེ་ཤེས་ལ་བདེ་བ་ཆེན་པོ་གཙོ་བོར་བྱས་པའི་སྒོ་ནས་སྟོང་པ་དང་གསལ་བ་དང་སྣང་བའི་སྒོ་ནས་ཞི་ལྷག་གི་རྟོགས་པ་གོང་ནས་གོང་དུ་བོགས་འདོན་པ་ནི། གསང་སྔགས་བླ་ན་མེད་པ་རྡོ་རྗེ་ཐེག་པ་མྱུར་མགྱོགས་ཆགས་ཆེན་གྱི་ལམ་ཡིན་པས་ཆོས་ཚུལ་འདི་ནི་དཔལ་ནཱ་རོའི་ཆོས་དྲུག་སོགས་ཀྱི་ཁྲིད་སྲོལ་ནས་བཀྲི་བ་ལ། མགོན་པོ་འབྲི་ཁུང་པས། དབང་པོ་ཡང་རབ་ཀྱི་སྐལ་ལྡན་གྱི་སློབ་མ་གསུམ་ལས་ལྷག་པ་ལ་མི་གསུང་བར་གསུམ་ཆོས་ཞེས་པའི་ཐ་སྙད་མཛད་ལ། སྟོང་པ་གཙོ་བོར་བྱས་པའི་སྒོ་ནས་བདེ་བ་དང་གསལ་བ་དང་སྣང་བའི་སྒོ་ནས་ཞི་ལྷག་གི་ས་ལམ་གྱི་རྟོགས་པ་གོང་ནས་གོང་དུ་བོགས་འདོན་པ་ནི་མདོ་སྔགས་ཐུན་མོང་བའི་གྲོལ་ལམ་ཡིན་པས། ཆོས་ཚུལ་འདི་ནི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་སྲོལ་ནས་བཀྲི་བ་ལ་མགོན་པོ་འབྲི་ཁུང་པས། རྟོགས་པ་ངོ་མཐོང་གི་སློབ་མ་བཅུ་ལས་ལྷག་པ་ལ་མི་གསུང་བར་བཅུ་ཆོས་ཞེས་པའི་ཐ་སྙད་མཛད་ལ། སྔགས་ཀྱི་ཚུལ་ནས་ཕྱག་རྒྱ་ཆེན་པོ་བདེ་ཆེན་ལམ་དུ་བྱེད་ཚུལ་ནི་ཁོ་བོས་རླུང་སེམས་དབྱེར་མེད་དང་སྐུ་གསུམ་ངོ་སྤྲོད་ལ་སོགས་པར་རྒྱས་པར་བཀོད་པས་དེར་ཤེས་པར་བྱའོ། །དེས་ན་དེ་ལྟའི་མཉམ་གཞག་གཉུགས་སུ་བསྲིངས་ཏེ་ལྟ་སྒོམ་དུ་བྱའོ། །

༥༦

དེ་ལྟར་བསག་སྦྱང་གིས་ལེགས་པར་བཅུན་ཆེས་པས་རྟོགས་པ་ངོ་ཐོག་ནས་མ་བཅོས་པར་ཆུན་པ་ན། སྔར་ཞི་ལྷག་གི་ལྟ་སྒོམ་གྱི་མྱོང་བྱ་མྱོང་བྱེད་ཇི་ལྟར་མྱོང་བའི་འཁོར་གསུམ་དུ་རྟོག་པའི་ཁ་ཕྱིར་ལྟའི་གཟུང་ཆ་ལ་བཟང་རྟོག་དང་ནང་ལྟའི་འཛིན་ཆ་ལ་ལུང་མ་བསྟན་ཚོམ་མེ་མུན་ནེ་བ་ངོ་མ་ཤེས་པའི་དྲི་མ་ཞིག་ཡོད་པ་དེ་ལ་ཞི་གནས་ཀྱི་གནས་ཆ་དང་ལྷག་མཐོང་གི་གསལ་ཆའི་ངར་དང་ལྡན་པའི་ཐ་མལ་གྱི་ཤེས་པ་མངོན་དུ་བྱས་སོ་སྙམ་ཞིང་རློམ་ནས་རང་གི་རང་ལ་མཐོང་ཆེན་པོ་སྐྱེ་བ་ཞིག་ཡོད་པ་དེ། ཕྱིས་མོས་གུས་སམ་སྙིང་རྗེའམ་ངེས་འབྱུང་ངམ་དཀའ་སྤྱད་དམ་བཟླས་སྒོམ་མམ་བླ་མའི་བྱིན་རླབས་ཀྱིས་ལེགས་པར་སངས་པའམ་དག་པ་ན། མྱོང་བྱ་མྱོང་བྱེད་རིག་བྱ་རིག་བྱེད་ཀྱི་འཁོར་གསུམ་དུ་འཛིན་པའི་རྨོངས་ཆ་ལུང་མ་བསྟན་དེ་རང་སངས་སམ་རང་གྲོལ་ལམ་རང་ཞིག་ཏུ་འགྱུར་རོ། །དེ་ལྟར་གྱུར་པ་རང་སེམས་གཡའ་དང་བྲལ་བའི། མཁན་པོ་རྩད་ནས་ཆོད་པ་ཞེས་བྱའམ། གཞི་མེད་རྩ་བྲལ་གྱི་རྟོགས་པ་ཤར་བ་ཞེས་བྱ་བ་འདི་འབྱུང་ལ། དེ་ལྟར་སེམས་ཀྱི་ངོ་བོ་ཞི་ལྷག་གི་ཉམས་མྱོང་འཛིན་པ་དང་བཅས་པ་བཟང་རྩི་དང་མ་བྲལ་བ་འདི་ལ་ངོ་མ་ཤེས་ཀྱི་སྒྲིབ་པ་དང་དྲི་མ་ཞེས་བྱ་བ་འདི་ནི་འཕགས་ཆེན་གྱི་དག་པ་གསུམ་གྱི་རྗེས་ཐོབ་ལ་ཡང་ཡོད་པས། མདོ་རྒྱུད་ནས་བཤད་པའི་ཤེས་སྒྲིབ་ཕྲ་ཞིང་ཕྲ་བ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་གཞོམ་བྱར་བཤད་པ་དེའང་འདི་ཁོ་ནར་ངོས་བཟུང་དགོས་པས་འདི་ལ་ཀུན་གཞི་མ་སྒྲིབ་ལུང་མ་བསྟན་གྱི་རྙོགས་པ་དང་དྲི་མ་ཞེས་པར་འཇོག་གོ་ཞེས་སྤྱིར་བཀའ་བརྒྱུད་རིན་པོ་ཆེ་དང༌། ཁྱད་པར་རྒྱལ་བ་རྒོད་ཚང་པས་རོ་སྙོམས་ཀྱི་ཁྲིད་དུ་རྩལ་བཤད་མཛད་དོ། །དེས་ན་བཀའ་བརྒྱུད་འདིར་ཞུགས་པའི་རྟོགས་ལྡན་གྱི་བླ་མ་གྲགས་པ་ཅན་ཕལ་ཆེར་ཀྱང་དམ་ཉམས་དང་འདྲེས་ཁྱེར་དང་ཟང་ཟིང་ཚེ་འདིའི་ཐ་སྙད་དང་ཚུལ་འཆོས་ཀྱིས་གྲྭ་སློབ་གཡོབ་པར་བྱེད་པ་རྣམས་ཀྱང༌། རང་སེམས་གཞི་མེད་རྩ་བྲལ་གྱི་གདར་ཤ་ཆོད་པ་དང་མཁན་པོ་གཞི་མེད་དུ་ཤར་བའི་རྟོགས་པ་མ་སྐྱེས་པར་ཞི་ལྷག་གི་ཉམས་དང་འོད་གསལ་ཁོར་ཡུག་ཙམ་ལ་བརྟེན་ནས་རྣམ་རྟོག་གི་འཆར་སྒོ་གསལ་རིག་སྟོང་པའི་ངར་ཐོན་ལ་ཐ་མལ་གྱི་ཤེས་པ་མངོན་དུ་བྱས་སྙམ་ནས་ང་རྒྱལ་གྱི་བདུད་ཞུགས་ནས་འཆི་བ་སྙིང་ཟུག་གི་སྒྲུབ་པ་བློས་བཏང་བས། ཟང་ཟིང་ཆོས་བརྒྱད་ལྷའི་བུའི་བདུད་དབང་དུ་སོང་བ་ཡིན་ཞེས་མཚུངས་མེད་སྤྲུལ་པའི་སྐུ་ཀརྨ་པ་དེ་བཞིན་གཤེགས་པས་གསུངས་སོ། །དེ་ལྟའི་མྱོང་འཛིན་དག་ཐབས་ལ། སྒོམ་བཤིག་པ་ཞེས་གྲགས་ཏེ། ཆོས་རྗེ་འབྲུག་པའི་ཞལ་ནས། སྒོམ་ཤེས་མང་སྟེ་བཤིག་ཤེས་ཉུང་ཞེས་འབྱུང་ལ། འདི་ལྟར་བཤིག་པའི་རྐྱེན་ཀྱང་རང་གི་མོས་གུས་དང་བླ་མའི་བྱིན་རླབས་གཉིས་ལས་རང་གི་མོས་གུས་ཀྱི་སྟོབས་ཀྱིས་ཞིག་པ་དེ་ཕྱིར་ལྡོག་མེད་པར་ཞིག་པ་ཡིན་ལ། བླ་མའི་མོས་གུས་ཀྱི་རྐྱེན་གྱིས་ཞིག་པ་དེ་ཕྱིར་ལྡོག་ཉེན་ཡོད་པས་ཡིད་བརྟན་མེད་དེ། རྟེན་ངོ་མཚར་བའམ། བླ་མ་དམ་པའི་སྤྱན་སྔར་རམ་དབང་བསྐུར་བའི་བྱིན་རླབས་བབས་སམ། ཡེ་ཤེས་ཕྱག་རྒྱའི་དམ་ཚིག་གམ། རྩ་རླུང་གི་རྟེན་འབྲེལ་གྱི་རྐྱེན་ལྟ་བུས་སྔར་གྱི་ལྟ་སྒོམ་གྱི་མྱོང་ཆ་དང་ཞེན་འཛིན་རྣམས་དུས་དེར་དག་པ་ལྟར་སྣང་ཡང་རྟེན་འབྲེལ་གྱི་རྐྱེན་གྱི་འདུ་འཕྲོད་དེ་ཡལ་བ་ན་སྔར་གྱི་ཞི་ལྷག་གི་ཉམས་རྟོགས་བཟང་པོའི་ཞེན་འཛིན་དེ་ཉིད་སླར་ཡང་ཁོར་ཡུག་ཏུ་འབྱུང་བའི་ཕྱིར། དེས་ན་སྒོམ་བཤིག་པ་ལའང༌། རང་རྡོལ་རང་ཞིག་གམ། བཤིག་རྡོལ་དང་རྐྱེན་རྡོལ་གཉིས་ལ་སྔ་མ་ཉིད་ལེགས་ཏེ། རང་རྡོལ་ནི་ཚེ་སྔ་མར་བསགས་པ་སྔོན་སོང་གིས་ཚེ་འདིར་བརྡ་ཙམ་གྱིས་ཁྲིད་པས་རྟོགས་པ་སྐྱེ་བའི་གང་ཟག་ལ་དེ་ལྟར་འབྱུང་བ་ཤས་ཆེ་ལ། བཤིག་རྡོལ་ནི་ཚེ་འདི་ཉིད་དཀའ་སྤྱད་སོགས་ཀྱི་འབད་རྩོལ་དང་དཀའ་སྤྱད་དྲག་པོས་ཁྲིད་པས་རྟོགས་པ་སྐྱེ་བའི་གང་ཟག་གི་དབང་དུ་བྱས་སོ། །འདི་ལྟའི་གནད་ལ་དགོངས་ནས། ཆོས་རྗེ་འབྲུག་པའི་ཞལ་ནས། རྣམ་རྟོག་སྒོམ་དུ་མ་ཤར་ན། །གང་བྱས་འཁོར་བའི་རྒྱུ་འབྲས་ཡིན། །སྒོམ་ཆེན་སྒོམ་གྱིས་མ་བཅིངས་ན། །གཞན་གྱིས་འཆིང་བར་མི་འགྱུར་བས། །གོ་བའི་ལྟ་བ་རྒྱབ་ཏུ་སྐྱུར། །སྒོམ་པའི་ཉམས་མྱོང་རྨང་ནས་བཤིག །ཅེས་འབྱུང་བ་ལྟར་རྟོགས་པ་ཁོང་ནས་རང་རྡོལ་དུ་འབྱུང་བའི་ཐབས་ཤེས་ལ་འབད་པར་བྱའོ། །དེས་ན་སྒོམ་རང་རྡོལ་དང་རྐྱེན་རྡོལ་དང་གཉིས་ཀའང་ཞང་འགྲོ་བའི་མགོན་པོས་རྗེ་སྒོམ་ཚུལ་གྱི་སྤྱན་སྔར་ཕྱིན་པ་ན་བཤིག་རྡོལ་དང་ཕྱིས་མོས་གུས་ཀྱིས་གསང་བའི་གནས་བདུན་དུ་སྒོམ་རང་རྡོལ་དུ་བྱུང་ནས་ས་ལོག་གནམ་ལོག་གི་བསྟན་བཅོས་དང་མགུར་མ་མཛད་པ་དང༌། དཔལ་ས་ར་ཧ་ལའང་མདའ་མཁན་མས་བདུད་རྩི་དྲངས་པའི་རྐྱེན་སོགས་ཀྱིས་སྒོམ་རང་རྡོལ་དུ་སོང་བས་དོ་ཧའི་མི་ཟད་པའི་གླུའི་ཁ་བྱེ་བ་དང༌། གཞན་ཡང་རྒྱ་བོད་ཀྱི་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཚད་མ་སྐྱེས་པ་ཐམས་ཅད་སྒོམ་རང་རྡོལ་དུ་སོང་བས་དུ་མ་རོ་གཅིག་གི་རྟོགས་པ་ཤར་ནས་སྣང་སྲིད་ཆོས་ཕུང་རབ་འབྱམས་སུ་རྟོགས་པས་སྨྲས་ཚད་བདེ་བར་གཤེགས་པའི་བཀའ་ལ་ལུང་ཆེན་པོ་བསྒྱུར་བ་གྲུབ་ཆེན་ཀརྨ་པཀྴི་ལྟ་བུའི་གང་ཟག་མཁའ་མཉམ་དུ་བཞུགས་པ་ལས། བདག་གིས་ཀྱང་འདྲེན་པ་དམ་པ་རྗེ་མཉན་པ་རས་ཆེན་ཞེས་བྱ་བ་དེ་མོས་གུས་ཀྱི་སྟོབས་ཀྱི་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུར་མ་མཐོང་ཡང༌། གཟུགས་སྐུ་ཐ་མལ་གྱི་སྐྱེ་འཆིའི་ཚུལ་སྟོན་པ་ཞིག་ཆུ་བུར་གྱི་མིག་གིས་མཐོང་བས་དེ་ཙམ་ཡང་བསྐལ་པ་དཔག་ཏུ་མེད་པ་ནས་དགེ་བའི་ཚོགས་མཐའ་ཡས་པ་བསགས་པ་ནི་རྐྱེན་གྱི་བགོ་སྐལ་ལས་རྙེད་པ་གོར་མ་ཆག་པ་ལ་ནམ་གཞག་གཏན་མདུན་གྱི་ཡིད་ངལ་གསོར་གྱུར་ཏོ། །རྟོགས་ལྡན་གྱི་རྒྱལ་པོ་གྲུབ་ཐོབ་ཀྱི་སྤྱི་མེས་ཟེར་ན་ཁྱོད་ལྟ་བུ་ཞིག་ལ་ཟེར་བ་ཡིན། གསོལ་བ་བཏབ་ཤེས་ཀྱིས་གསོལ་བ་བཏབ་ན་གསོལ་བ་ཐོབས་ངེས་ཀྱིས་བྱིན་རླབས་འཇུག་ནུས་ཀྱི་བྱིན་གྱིས་རློབས་པའི་བླ་མ་དམ་པ་དེར་འདུག་གོ། ངོ་ཤེས་བྱུང་ངོ༌། །ཡིད་ཆེས་བྱུང་ངོ༌། །ཐེ་ཚོམ་གཏན་ཟད་དུ་གདའོ། །

༥༧

དེ་ལྟར་ལྟ་སྒོམ་དུ་བྱས་པས་རྟོགས་པ་རང་ཤར་གྱི་གཤིས་ལ་སྤྱོད་པ་ན། རྗེ་སྒམ་པོ་པའི་ཞལ་ནས། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དེ་གཉིས་ཙན་དན་གྱི་དྲི་དང་ཉི་མའི་འོད་ཟེར་རམ། ཏིལ་ལ་མར་གྱིས་ཁྱབ་པ་ལྟ་བུའོ། །ཞེས་འབྱུང་བས། འདི་ལྟ་བུའི་ཆོས་སྐུའི་རང་ཞལ་མཐོང་ནས་ཆོས་སྐུའི་རང་འོད་ཡུལ་དུ་སྤྱོད་པ་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བས། སྣང་སྲིད་སྐུ་གསུམ་དུ་ཤར་བ་ཞེས་འབྱུང་ལ། དུས་དེར་སྒོ་གསུམ་གྱི་སྤྱད་པ་སྤྱོད་ཚད་སྐུ་གསུམ་གྱི་རྒྱུ་ཚོགས་ཀྱི་བསགས་པ་ལས་འཁོར་འདས་ཀྱི་མཐའ་གཉིས་སུ་ལྟུང་བའི་བྱ་བར་སྐད་ཅིག་ཀྱང་འགྲོ་མི་སྲིད་པས། འདི་ལྟར་རྟོགས་པའི་གང་ཟག་གིས་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱི་ལྟ་སྒོམ་གྱི་དགེ་ཚོགས་བསགས་པའི་དབང་དུ་བགྱིས་ནས་ཇི་སྐད་དུ། གནས་གང་དུ་ཕྱིན་ཀྱང་གཞལ་ཡས་ཁང༌། །གྲོགས་སུ་དང་འགྲོགས་ཀྱང་ཡི་དམ་ལྷ། །ཞེས་འབྱུང་བ་ལྟར། སྣང་བ་ལྷ་སྐུ་དང་རིག་པ་ཆོས་སྐུར་རྒྱ་འབྱམས་སུ་འགྲོ་བ་ཡིན་ནོ། །དེས་ན་འདི་ལྟའི་དུས་གསེར་གླིང་ནས་ས་རྡོ་བཙལ་ཀྱང་མི་རྙེད་པ་ལྟར་རང་རྒྱུད་ལ་ལྷ་སྔགས་བདེ་བ་སྟོང་པ་ཡེ་ཤེས་ཀྱི་རྣམ་རོལ་ལས་མ་དག་པའི་སྣང་མྱོང་དམིགས་ཀྱང་འཆར་དུ་རུང་བ་མ་ཡིན་པས། རྟོགས་པ་འདི་ག་ཙམ་དུ་ཕྱིན་པ་ན་རྩོལ་མེད་ཕྱག་རྒྱ་ཆེན་པོའི་འགྲོ་དོན་རླབས་པོ་ཆེ་འབྱུང་བས་མཐོང་ཐོས་དྲན་རེག་དགྲ་གཉེན་བར་མའི་འབྲེལ་པ་ཐོགས་ཚད་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེ་བའི་ས་བོན་གྲུང་པོ་ཐེབས་འགྲོ་བས། བཀའ་བརྒྱུད་ཀྱི་ཕྲིན་ལས་ཚད་ལྡན་དང་བསྟན་པ་འཁྲུལ་མེད་ཀྱི་དར་རྒྱས་ཀྱང་དེ་ཙམ་ནས་འབྱུང་བ་ཤེས་པར་བྱས་ནས་ཚུལ་འདི་ལྟ་ལ་འབད་པ་ཆེན་པོས་བསླབ་པར་བྱའོ། །

༥༨

དེ་ལྟའི་རྟོགས་པ་སྐྱེས་པ་ན་རྣམ་པར་རྟོག་པ་དེ་ཉིད་ནས་བཟུང༌། ཕྱི་ནང་གི་འཁོར་འདས་ཀྱི་དངོས་ཆོས་ཇི་སྙེད་པ་ཐམས་ཅད་སྣང་དམིགས་ཀྱི་མྱོང་བ་ཤར་ཚད་ལ་སྔར་ཆོས་ཅན་ཁོ་རང་གིས་རྣམ་རྟོག་སོགས་འཁོར་འདས་ཀྱི་དངོས་ཆོས་ཁོ་རང་གི་ཁོ་རང་རྣམས་ཀྱི་རང་ངོ་སྒྲིབ་ནས་དེའི་ཆོས་ཉིད་སྤྲོས་བྲལ་སྟོང་པ་ཉིད་ཆོས་སྐུ་མངོན་དུ་བྱེད་པ་ལ་སྒྲིབ་ཀྱིན་ཡོད་པའི་སྒྲིབ་པ་དེ་དག་ནས། ཆོས་ཅན་རྣམ་རྟོག་སོགས་དངོས་ཆོས་ཁོ་རང་སྒྲིབ་པའི་གོ་བསལ་ནས་དེའི་ཆོས་ཉིད་སྤྲོས་བྲལ་སྟོང་པ་ཉིད་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་ལ་སྒྲིབ་གཡོགས་ཐམས་ཅད་དང་བྲལ་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་གཞལ་བ་ན། གཟུང་འཛིན་སྤྲོས་པའི་དམིགས་མྱོང་གི་ཐོགས་རེག་འགར་ཡང་མེད་པ་ནམ་མཁའ་ལ་མདུང་བསྐོར་བ་འདྲ་བ་ཞིག་འབྱུང་ལ། འདི་དང་པོར་རྒྱུད་ལ་སྐྱེས་ནས་སྟབས་སུ་མ་གྱུར་པ་ལ་ནི། རྟོག་པ་འདི་ཉིད་སྐྱེས་ནས་ཆོས་ཐམས་ཅད་དེའི་ངང་ལ་ཚུར་བཞག་པའམ། དེ་ཉིད་ཀྱི་རྒྱས་ཆོས་ཐམས་ཅད་ལ་ཕར་བཏབ་སྟེ་མ་བཅོས་པར་བཞག་པ་ན། གང་ཤར་རང་གྲོལ་ལམ་ཝལ་པོ་རྗེས་མེད་ཀྱི་ཉམས་འབྱུང་བས་སྔར་ལྟ་སྒོམ་ལ་རྩོལ་བཅས་ཀྱི་དྲན་འཛིན་དང་བཅས་སྐྱོང་བ་ལ་དཀའ་ཚེགས་ཀྱི་ཆའམ་དྲི་མ་ཡོད་པ་ཐམས་ཅད་དག་ནས་རྩོལ་མེད་ཀྱི་དྲན་པ་ཅི་བདེར་འཁོར་ཡུག་ཏུ་འབྱུང་བས་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་སྐྱོང་བ་ལ་ཆེས་དབང་ཐོབ་པར་འགྱུར་བས། དོན་འདི་ལ་དགོངས་ནས། བཀའ་བརྒྱུད་ཀྱི་ཞལ་ནས། འཕུར་ཤེས་ཀྱི་བྱ་ལ་ནམ་མཁའ་བདེ། །སྒོམ་ཤེས་ཀྱི་མི་ལ་རྣམ་རྟོག་བདེ། །ཞེས་འབྱུང་བ་ལྟར་ཡིན་ལ། འདི་ཙམ་དུ་སླེབས་པ་ན་ཉ་ཆུ་ལ་གནས་ཀྱང་འཚུབ་མི་སྲིད་པ་དང༌། བྱ་རྒོད་པོ་བྲག་ལ་གནས་ཀྱང་ལྷུང་མི་སྲིད་པ་སོགས་ཀྱི་དཔེས་ཆགས་སོགས་ཉོན་མོངས་དང་མཚན་འཛིན་གྱི་རྣམ་རྟོག་ཅི་ཙམ་རྒྱུད་ལ་སྐྱེས་ཀྱང༌། དེ་ཉིད་ཀྱིས་འཁོར་འདས་ཀྱི་མཐར་ལྷུང་བའི་རྒྱུ་མི་བྱེད་པར་དུག་ལྔ་ཡེ་ཤེས་དང་ཕུང་ལྔའི་གཟུང་འཛིན་རྒྱལ་བ་རིགས་ལྔ་སྣོད་བཅུད་སོགས་ཀྱི་རྒྱུའམ་གཞིའི་ངོ་བོར་སོང་ནས་སྤེལ་སྦྱང་རྣམ་དག་གིས་ལྷ་སྔགས་བདེ་བ་ཆེན་པོའི་རོལ་པར་འགྱུར་ཚུལ་གསང་སྔགས་ཀྱི་ཐབས་ཤེས་ཀྱི་ལམ་དང་སྦྱར་ནས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ལྔའི་ཆེད་དུ་ལེགས་པར་སྒྲུབ་པ་ཡིན་ལ། ཚུལ་འདི་ཉིད་རྗེ་མི་ལས་ཉ་དང་བྱ་རྒོད་སོགས་ཀྱི་དཔེ་དུ་མ་དང་བཅས་དོན་རྟོགས་པ་ལས་ཉམས་པ་མེད་ཚུལ་ལ་སྦྱར་བ་གླུར་མཛད་པ་གངས་ཅན་གྱི་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དང་རྣ་བར་གྲགས་པ་ལྟ་བུའོ། །དེས་ན་རྣམ་རྟོག་སོགས་ཀྱི་ཆོས་ཐམས་ཅད་ལ་ཆོས་སྐུ་སྟོང་པ་ཉིད་ཀྱི་རྟོགས་པ་ཉིད་ཀྱི་རྟོགས་པ་འདི་ལྟར་ཤར་བ་ན། བཀའ་བརྒྱུད་རིན་པོ་ཆེ་འདིའི་རྗེ་བཙུན་དམ་པ་འགའ་འགས། རྣམ་རྟོག་གི་རང་མཐིལ་རྡོལ་ཙ་ན། །སྣང་སྲིད་ཀྱི་ཆོས་རྣམས་ཇི་སྙེད་ཀྱང༌། །གཏད་མེད་དུ་ཟོ་ཞབས་བུད་བཞིན་སོང༌། །བློ་ཡི་བཟུང་བ་ཞིག་མ་རྙེད་དོ། །ཞེས་གླུར་མཛད་པ་དང༌། རྟོགས་ལྡན་གྱི་བླ་མ་ལ་ལའི་གསུང་གིས། ད་ནི་འཁོར་འདས་ཀྱི་ཆོས་འདི་ཐམས་ཅད་ལ་ཁོ་བོས་བལྟས་ངོ་ན་ཟོ་ཞབས་བུད་པ་ལྟར་སོང༌། ཞེས་བཀའ་སྩལ་པ་རྣམས་ཀྱང༌། འདི་ལྟ་བུ་ལ་དགོངས་སོ། །འདི་ལྟ་བུ་ལ་རྟོགས་པ་རབ་ཀྱི་མཐར་ཐུག་པ་ན། འཁོར་འདས་ཀྱི་དངོས་ཆོས་དེ་ཐམས་ཅད་ལ་བདེན་འཛིན་འཁྲུལ་སྣང་ཞིག་སྟེ། བདེན་མེད་སྒྱུ་མ་ལྟ་བུའི་ཞི་ལྷག་གི་ཏིང་འཛིན་ལ་དབང་འབྱོར་ནས་ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུའི་རྫུ་འཕྲུལ་ལ་དབང་འབྱོར་བ་ཡིན་ཏེ། རྗེ་སྒམ་པོ་པས་ནང་གི་སེམས་བདེན་མེད་སྒྱུ་མ་ལྟར་རྟོགས་ན་ཕྱིའི་སྣང་བ་བདེན་མེད་སྒྱུ་མ་ལྟར་མི་སྲིད་པས་འདི་ལྟར་འབྱུང་བ་ཡིན་ཞེས་ཀ་བ་ལ་ཕྱག་ཡུག་ཡུག་མཛད་པས་ཀ་བ་མ་བཅད་པར་ཀ་བ་ལ་ཕྱག་ནམ་མཁའ་ལྟར་ཐོགས་མེད་དུ་འགྲོ་བའི་རྫུ་འཕྲུལ་བསྟན་པ་དང༌། རིན་པོ་ཆེ་ཀརྨ་པས་རྒྱ་ནག་རྒྱལ་པོ་རྫུ་འཕྲུལ་གྱིས་འདུལ་བ་ན། ཆུ་བོའི་གཞུང་དུ་བྱ་རྒྱལ། ངང་པ་ལྟར་བྱོན་པ་དང༌། ཙན་དན་གྱི་མེ་དབུས་སུ་དྲང་སྲོང་མེ་ལྷ་ལྟར་བཞུགས་པའི་རྫུ་འཕྲུལ་མཐའ་ཡས་པ་བསྟན་པ་ལྟ་བུ་དང༌། རྒྱལ་བ་རྒོད་ཚང་པས་བྲག་རྒོད་ཚང་ཅན་དུ། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ལ་གསོལ་བ་འདེབས་སོ། །སྣང་བ་འདི་ཀུན་ཀྱང་ཟབས་ཏ་དང་ཟོབ་ཏ་རུ་འདུག་གོ། ཀུན་རྫོབ་འདི་ཀུན་ཀྱང་སྒྱུ་མའི་ཟོབས་སྟོང་དུ་འདུག་གོ། རྒྱ་བྲག་འདི་ཀུན་ཀྱང་ཟང་ངེ་དང་ཐལ་ལེ་རུ་འདུག་གོ། ཞེས་པ་ནས་ཏེ་ལོ་ཤེས་རབ་བཟང་པོ༴ མཁས་པ་ནཱ་རོ་པཎ་ཆེན༴ སྒྲ་བསྒྱུར་མར་པ་ལོ་ཙཱ༴ དབང་ཕྱུག་མི་ལ་རས་པ༴ ཆོས་རྒྱལ་ཟླ་འོད་གཞོན་ནུ༴ བདེར་གཤེགས་ཁམས་པ་རྡོར་རྒྱལ༴ གྲུབ་ཐོབ་གླིང་རྗེ་རས་པ༴ ཆོས་རྗེ་གཙང་པ་རྒྱ་རས་བར་དུ་གསོལ་བ་བཏབ་བཞིན་རྒྱ་བྲག་ཆུ་ལྟར་འཕྱར་བའི་རྫུ་འཕྲུལ་བསྟན་པ་སོགས་བཀའ་བརྒྱུད་འདི་པས་འདི་ལྟའི་མཛད་ཕྲིན་མཁའ་མཉམ་དུ་བསྟན་པ་མུ་མེད་པ་ལྟར། རྒྱལ་བ་སྲས་བཅས་གཞལ་མེད་ཀྱི་རྫུ་འཕྲུལ་གྱི་རྣམ་ཐར་རྒྱ་མཚོའི་ཚུལ་འདི་ཉིད་ཀྱིས་རྟོགས་པར་བྱས་ནས། ཟག་མེད་ཀྱི་རྫུ་འཕྲུལ་སོགས་ཀྱིས་རང་གཞན་སྨིན་གྲོལ་ལ་འགོད་པར་མ་ནུས་ཀྱི་བར་སྒྲུབ་པ་གཡེང་བའི་རླུང་ལ་མི་བསྐུར་བར་རྩེ་གཅིག་ཏུ་སྒྲུབ་པ་ལ་འབད་པར་བྱའོ། །

༥༩

དེ་ལྟར་ཐ་མལ་གྱི་ཤེས་པ་དེ་ཉིད་མངོན་དུ་གྱུར་པ་ན། སེམས་རང་རིག་རྗེན་པ་དེ་ཉིད་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ན། དབུས་ཀྱི་རི་བོ་མཆོག་རབ་རླུང་གིས་མི་བསྐྱོད་པ་ལྟར་རྟོག་པ་གང་གིས་མི་བསྐྱོད་པ་ལྟར་རྟོག་པ་གང་གིས་ཀྱང་གཡོ་བར་མི་ནུས་ལ། ལྷག་མཐོང་གི་ཤེས་རབ་ལ་མཉམ་པར་བཞག་པ་ན། ནམ་མཁའ་སྤྲིན་མེད་ལ་ཉི་མ་ཤར་བ་ལྟར་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ལ་སྒྲིབ་ཐོགས་དང་བྲལ་བར་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པའི་མཁྱེན་པའང་སྒོམ་སྟོབས་དེ་ཉིད་ཀྱིས་རང་ཤར་དུ་འབྱུང་བ་ཡིན་ནོ། །འོ་ན་ཞི་ལྷག་དེ་ཉིད་མཉམ་རྗེས་རེས་འཇོག་ཏུ་འབྱུང་བ་མ་ཡིན་ཏེ། ཞི་གནས་དེ་ཉིད་ཀྱི་ངང་ནས་ལྷག་མཐོང་གི་རྟོགས་པ་སྐྱེས་པའམ། ལྷག་མཐོང་གི་རྟོགས་པ་དེ་ཉིད་ཞི་གནས་ཀྱི་སེམས་རྩེ་གཅིག་པའི་རྟེན་དུ་སོང་ནས་ཞི་ལྷག་གི་སེམས་གཉིས་པོ་ཐ་མལ་གྱི་ཤེས་པ་གཅིག་གི་ངོ་བོར་མཚུངས་ལྡན་དུ་ལས་སུ་རུང་བའི་བྱ་བ་རང་དབང་ཅན་དུ་འགྱུར་བ་ཡིན་ནོ། །ཚུལ་དེ་ལྟའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་མ་ཡེངས་པར་ཉམས་སུ་ལེན་པར་བྱའོ། །

༦༠

དེ་ལྟར་རྟོགས་པ་ཆེར་བརྟན་པ་ན། འཁོར་འདས་ཀྱི་མཚན་སྣང་མངོན་གྱུར་ས་བོན་བག་ཉལ་དང་བཅས་པ་རྣམས་རིམ་བཞིན་རྡོ་ཚན་གྱི་ཐོག་ཏུ་ཁ་བ་བབ་པའམ། འབྲས་སོགས་ཀྱི་ས་བོན་ཉི་མས་སྐམ་པའམ། དུས་མཐའི་མེས་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་ཙམ་ཡང་མ་ལུས་པར་སྲེག་པར་བྱེད་པ་བཞིན་སྤང་གཉེན་དུ་སྦྱར་ནས་སྤོང་བར་བྱེད་དོ། །དེས་ན་ནམ་མཁའི་མཐས་ཀླས་པའི་ཆོས་དང་གང་ཟག་གི་མཚན་འཛིན་གྱི་སྒྲིབ་ཐོགས་སྤང་པ་ལ་ཡ་ང་དང་འཇིགས་ཞུམས་དང་བྲལ་བའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཏུ་རྟོགས་པའི་རྟོགས་པ་མི་འཇིགས་ཤིང་སྙེངས་པ་དང་བྲལ་བའི་རྩལ་ཆེན་པོ་ཐོབ་པར་འགྱུར་རོ། །འཁོར་འདས་ཀྱི་སྤྲོས་ཆོས་འདི་ཐམས་ཅད་གདོད་ནས་སྤྲོས་བྲལ་གྱི་ངོ་བོར་དག་པ་ལས་གསར་དུ་བསག་སྦྱང་གི་སྟོབས་ཀྱིས་སྤྲོས་བྲལ་དུ་སོང་བ་མ་ཡིན་པས་གདོད་ནས་ཡེ་བཞུགས་ཆེན་པོའི་དོན་དེ་དངོས་ཆོས་ཀྱི་བདག་ཉིད་དུ་གྲུབ་ནས་འདི་མངོན་དུ་བྱས་ཞེས་མཐོང་བྱར་མེད་ཀྱང༌། དངོས་ཆོས་དེ་ཉིད་དངོས་ཆོས་ལྟར་གྲུབ་པའི་ཆོས་སུ་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བའི་སྒོ་ནས་ཁོང་དུ་ཆུབ་པ་ནི། སྔར་འདྲིས་ཀྱི་མི་ཕྲད་པ་ལྟར་དེ་ཉིད་ལ་སྒྲོ་སྐུར་གྱི་ཐེ་ཚོམ་བག་ཆགས་ཐམས་ཅད་ཆོད་པར་འགྱུར་བ་ཡིན་ནོ། །དེས་ན་འཁོར་འདས་ཀྱི་དངོས་ཆོས་ཐམས་ཅད་སྨྲ་བསམ་སྒྲ་རྟོག་གི་ཡུལ་མ་ཡིན་པ་དང་ཡུལ་ལས་འདས་ཞེས་པའི་དོན་ཀྱང༌། དངོས་སྨྲ་བ་དག་གིས་འཁོར་འདས་ཀྱི་དོན་བྱེད་པའི་བྱ་བ་རང་གི་མཚན་ཉིད་ཀྱི་གྲུབ་པའི་དོན་རང་མཚན་དེ། སྒྲ་རྟོག་གི་དངོས་ཀྱི་བརྗོད་པ་དང་ཡུལ་དུ་མི་རུང་བར་དངོས་པོ་རང་མཚན་དེའི་སྤྱི་མཚན་ཙམ་ཞིག་གཞན་སེལ་གྱི་སྒྲ་རྟོག་གི་ཞེན་ཡུལ་དུ་བྱེད་རུང་ངོ་ཞེས་འཆད་པ་ལྟར་མ་ཡིན་གྱི། འཁོར་འདས་ཀྱི་དོན་བྱེད་པའི་དངོས་ཆོས་ལྟར་སྣང་བ་འདི་ནི་སྒྲ་རྟོག་གིས་བཏགས་པ་ལྟར་བཏགས་ངོའི་ཡུལ་ཙམ་དུ་འཆར་རུང་བ་དེ་ཙམ་ལས། དེ་ཕན་ཆད་ཀྱི་རང་གི་མཚན་ཉིད་ཀྱི་དོན་བྱེད་པའི་དངོས་པོ་རང་མཚན་དུ་གྲུབ་པར་སྐྱེ་འཕགས་ཀྱི་སྨྲ་བསམ་བརྗོད་པའི་ཤེས་པ་ཚད་མ་གང་གིས་ཀྱང་འགྲུབ་པ་མི་སྲིད་པས། དེ་ལྟའི་དངོས་ཆོས་སྨྲ་བསམ་རྟོག་པའི་ཡུལ་མ་ཡིན་ཞེས་འཆད་པ་ཡིན་ཏེ། ཇི་སྐད་དུ། ཁྱོད་ཀྱི་ཤེས་བྱའི་གཞི་འདིར་ནི། །གཟིགས་འོས་ངོ་བོས་འགའ་མ་མཆིས། །ཞེས་འབྱུང་བ་ལྟ་བུའོ། །དེ་ལྟའི་དངོས་ཆོས་འདོགས་བྱེད་ཀྱི་སྒྲ་རྟོག་དེ་ཉིད་ཀྱང་གློ་བུར་དུ་རྐྱེན་ཚོགས་ཙམ་གྱིས་བཅོས་རྫུན་བསླད་པའི་རྟོག་པ་དང་རིག་པ་ཙམ་གྱི་དེ་དང་དེར་གྲུབ་པའི་མ་བཅོས་བདེན་པ་མ་བསླད་པའི་རྟོག་བྱེད་དང་རིག་བྱེད་ཀྱི་དངོས་ཆོས་སུ་མ་དམིགས་པ་ཉིད་ཀྱི་ཕྱིར། འདོགས་བྱེད་རྟོག་པ་དེ་ཉིད་དང་བཏགས་ཆོས་འཁོར་འདས་ཀྱི་དངོས་ཆོས་ཐམས་ཅད་ལ་དེ་དེ་ལྟར་གྲུབ་པའི་སྤྲོས་ཆོས་འགར་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀར་བློའི་ཡུལ་དུ་བྱར་རུང་གི་ཤེས་བྱར་མ་དམིགས་སོ། །དེས་ན་དོན་འདི་ལ་དགོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་མཐར་ཐུག་པ་སྐྱོང་བ་ན། ཤེས་བྱའི་ཆོས་རང་བདེན་པའམ་བདེན་པར་མེད་པ་འདི་ལྟ་བུ་ཞེས་པ་བློའི་ཡུལ་ལས་འདས། ཡིད་ལ་བྱར་མེད་པའི་ངང་ཚུལ་གྱི་ཚོགས་གཉིས་ཀྱི་སྤྱད་པ་སྤྱོད་པར་བཀའ་རབ་འབྱམས་ལས་རྒྱ་ཆེར་གསུངས་པ་ཡིན་ནོ། །དེས་ན་ཐ་མལ་གྱི་ཤེས་པ་དེ་ཉིད་ཀྱིས་ཕར་ཡུལ་ལ་བཟུང་བ་དང༌། ནང་རིག་པ་ལ་འཛིན་པའི་རྟེན་ཡུལ་ཐམས་ཅད་དང་བྲལ་བ་ན། བློ་ཟད་ཆོས་ཟད་གྲི་ཟད་བདར་ཟད་ཅེས་བྱ་བ་དང་ཆོས་ཉིད་ཟད་སར་སྐྱོལ་བ་ཞེས་པ་དེ་འབྱུང་བས། ཇི་སྐད་དུ། རང་སེམས་ཕྱག་རྒྱ་ཆེ་ལ་རྟེན་ཡུལ་མེད། །མ་བཅོས་མཉུག་མའི་ངང་དུ་གློད་ལ་ཞོག །ཅེས་འབྱུང་བ་ལྟར་ཉམས་སུ་བླང་བར་བྱའོ། །

༦༡

འོ་ན་གང་ཟག་གི་རིགས་ཁ་ཅིག་ལ་ཞི་ལྷག་གི་རྣལ་འབྱོར་གྱིས་སེམས་རྒྱུད་མ་ཁྲིད་པར་ཞི་ལྷག་གི་ཉམས་རྟོགས་མ་སྐྱེས་པར་ཐ་མལ་གྱི་ཤེས་པ་རང་བྱུང་དུ་ངོ་འཕྲོད་ཅིང་དེ་ངོ་འཕྲོད་པ་ན་ཞི་ལྷག་གི་ཉམས་རྟོགས་ཐམས་ཅད་ཡལ་ནས་སྐྱེ་བོ་ཐ་མལ་པ་ལྟར་འགྲོ་བས་དེ་ལྟ་ལ་འབྲས་བུ་གཞི་ཐོག་ཏུ་ཕེབས་པས་གང་ཟག་དེའང་ཐ་མ་ནག་འབྱམ་དུ་འགྲོ་བ་ཡིན་ནོ། །ཞེས་ཁ་ཅིག་ཟེར་བ་ཡོད་ཀྱང་དེ་ནི་ནོར་བའི་ཚབས་ཆེས་ཆེ་བ་ཡིན་ཏེ། གང་ཟག་སྦྱངས་པ་སྔོན་སོང་ལ་བླ་མས་ཞི་ལྷག་གི་རྣལ་འབྱོར་གྱི་ཁྲིད་ཚུལ་གྱིས་མ་ཁྲིད་ཀྱང་ཚེ་རབས་སྔ་མའི་ཏིང་ངེ་འཛིན་དང་ཤེས་རབ་མ་ཉམས་པས་སྒོམ་རང་འཁྲུངས་སུ་འབྱུང་བ་དང༌། ཁྱད་པར་སྐལ་ལྡན་དབང་པོ་ཡང་རབ་སྦྱངས་པ་སྔོན་སོང་གི་ཅིག་ཅར་བ་ལ་ཞི་ལྷག་གི་རྣལ་འབྱོར་རང་འཁྲུངས་སམ། ཚེ་རབས་སྔ་མ་ནས་ལས་འབྲེལ་ཡོད་པའི་བླ་མ་ལ་དད་སོགས་སམ་དེའི་བྱིན་རླབས་ཀྱི་རྐྱེན་གྱིས་ཐ་མལ་གྱི་ཤེས་པ་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་རང་འཁྲུངས་སུ་འབྱུང་བ་ཡོད་ལ། དེ་ལྟར་གྱི་ཚེ་ཞི་ལྷག་གི་རྣལ་འབྱོར་ཉིད་ལ་སྤང་གཉེན་གྱི་མཚན་མར་འཛིན་པའི་རྨོངས་ཆ་རང་ངོ་རང་གིས་མ་ཤེས་པའི་བག་སྒྲིབ་དག་བྱར་ཡོད་ཀྱང༌། ཞི་ལྷག་གི་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་རབ་ཀྱི་མཐར་ཐུག་པ་ཕྱིར་ལྡོག་མེད་པར་འགྲོ་བ་ལས་ཡོན་ཏན་དང་སྤངས་རྟོགས་དེ་ཉིད་ཡལ་བ་དང་ཕྱིར་ལྡོག་པ་སོགས་ཀྱི་སྐབས་མི་སྲིད་དེ། རིམས་ནད་ལེགས་པར་བྱང་བའི་དཔེས་གསུང་རབ་ནས་འབྱུང་བ་བཞིན་ནོ། །དེ་ལྟའི་ཐ་མལ་གྱི་ཤེས་པའི་རྣལ་འབྱོར་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་པ་དེ་སྐྱེ་བོ་ཐ་མལ་པ་ལྟར་འགྱུར་ན། དེ་ལྟའི་རྣལ་འབྱོར་དེ་རྗེ་སྒམ་པོ་པ་སོགས་བཀའ་བརྒྱུད་ཀྱི་བཞེད་པའི་ཐ་མལ་ཤེས་པ་ཡང་དག་པ་དེ་མ་ཡིན་པར་ཡང་འགྱུར་ལ། ཡང་འབྲས་བུ་གཞི་ཐོག་ཏུ་ཕེབས་བྱ་བ་དེའང་སེམས་འོད་གསལ་བ་དེ་ཉིད་གདོད་ནས་གློ་བུར་དྲི་མའི་ངོ་བོར་མ་སྐྱེས་པས་སྤངས་པ་རང་གཞན་གྱིས་ཐོབ་པ་དེ་ཉིད་ཕྱིས་ཟད་མི་སྐྱེ་བའི་ཡེ་ཤེས་སམ་བྱང་ཆུབ་བརྙེས་པ་ན། སེམས་ཀྱི་ངོ་བོ་རང་བཞིན་རྣམ་དག་གི་ཆ་དེ་སྔར་གྱི་འོད་གསལ་བ་དེ་ལས་ཕྱིས་བཟང་དུ་མ་སོང་བས་དེ་སྐད་དུ་བརྗོད་པ་ཡིན་གྱི། ཕྱིས་འཕགས་པའམ་གྲུབ་པ་ཐོབ་པའི་ཚེ་སླར་སྔར་གྱི་སོ་སྐྱེ་འཆིང་བ་ཀུན་ལྡན་ལྟར་ཐ་མལ་ནག་འབྱམ་དུ་འགྲོ་བའི་དོན་གྱིས་འབྲས་བུ་གཞི་ཐོག་ཏུ་ཕེབས་པའི་ལྟུང་བ་ནི་གནས་སྐབས་དང་མཐར་ཐུག་འགར་ཡང་དེ་ལྟར་སྲིད་པ་མ་ཡིན་ནོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། རྗེ་གྲུབ་ཐོབ་ཆེན་པོ་ཨོ་རྒྱན་པས། བདེ་གསལ་མི་རྟོག་པའི་ཉམས་རྣལ་མ་མ་སྐྱེས་པར་ཐ་མལ་གྱི་ཤེས་པ་སྒོམ་དུ་འཆར་མི་སྲིད། ཐ་མལ་གྱི་ཤེས་པ་སྒོམ་དུ་ཤར་ན་རང་བྱུང་ཡེ་ཤེས་ཀྱི་རྟོགས་ཉམས་བྱུང་རྒྱལ་དུ་དགག་སྐྱེལ་མི་ཐུབ་པར་འབར་དུ་མི་ཡོང་མི་སྲིད། དེ་ཙ་ན་གསང་སྔགས་ཀྱི་ཐབས་ལམ་གྱི་སྣོད་དུ་གྱུར་པས་སྐལ་ལྡན་གྱི་སྐྱེས་བུ་དེ་ལྟ་ལ་རྩ་གནས་ཐམས་ཅད་དུ་བྱང་སེམས་དང་མོས་གུས་ཀྱི་སེམས་ཀྱི་ཐིག་རླུང་ཁྲིད་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྩ་རླུང་ཐིག་གསུམ་རང་འབར་དུ་འབྱུང་བ་ཡིན་ཞེས་བཀའ་བསྩལ་ཏོ། །དེ་ལྟའི་ལྟ་སྒོམ་བྱང་དུ་ཆུབ་པ་ན་ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བསོད་ཚོགས་ལ་འཇུག་པ་སྣང་རིག་གསལ་ལ་མ་འགགས་པར་ཡུལ་ཐོག་ནས་བཟུང་བའི་སྒྲོ་འདོགས་ཆོད། རིག་ཐོག་ནས་འཛིན་པའི་སྒྲོ་འདོགས་ཆོད་པས་ཤེས་པ་ཡུལ་མེད་དམ་རིག་པ་རྟེན་མེད་དུ་འཆར་བས་དེ་ཉིད་ལ་བློས་བྱས་རྒྱས་འདེབས་ཀྱི་སྟོང་ཉིད་ཀྱི་ཤོར་སར་མ་གོལ་བའི་ངང་ནས་བསྐྱང་བར་བྱའོ། །

༦༢

ཡང་ཁ་ཅིག་གཉུག་མ་ཕྱག་རྒྱ་ཆེན་པོ་དངོས་པོའི་ཆོས་སུ་མ་སྐྱེས་པས་འདི་ལྟར་གྲུབ་བྱ་བར་ངོས་བཟུང་མེད། དངོས་མེད་ཀྱི་ཆོས་སུ་མི་འགག་པས་རྒྱུན་ཆད་མེད། དེ་གཉིས་ཀའི་ངོ་བོར་མི་གནས་པའི་ཆོས་ཤིག་ཏུ་གནས་པས་དེ་ལ་དངོས་སུ་བལྟ་བྱ་དང་སྒོམ་དུ་མེད་ཅིང་བློའི་ཡུལ་ལས་འདས་ཀྱང་དེ་ལྟར་ཚིག་གིས་མཚོན་ནས་ཁོང་ཆུབ་པར་བྱ་བ་ཡིན་ཞེས་སྨྲ་བ་ལའང༌། ཞེན་དོན་ལ་བཏགས་ཤིང་འཁྲུལ་པ་སྤངས་ནས་འཇུག་པར་བྱ་དགོས་ཏེ། དེ་ཡང་གཉུག་མ་དང་གློ་བུར་བའི་སེམས་དང་སེམས་བྱུང་དེའི་སྣང་བ་དང་བཅས་པའི་དངོས་ཆོས་ལྟར་སྣང་བ་འདི་ཐམས་ཅད་ཀྱི་རང་གཞན་ལ་སེམས་པ་ན། དངོས་པོའི་ཆོས་སུ་མ་སྐྱེས་པས་འདི་ལྟར་གྲུབ་བྱ་བའི་ངོས་བཟུང་མེད་པ་དང༌། དངོས་མེད་ཀྱི་ཆོས་སུ་གྱུར་པ་མ་ཡིན་པས་མི་འགག་པའི་ཤེས་རྒྱུན་མ་ཆད་ཙམ་དུ་འབྱུང་བ་དང༌། དངོས་པོ་དང་དངོས་མེད་གཉིས་ཀའི་བདེན་ཆོས་སུ་མ་གྲུབ་པ་ཙམ་ཡིན་ལ། ཞིག་ཏུ་བས་ས་ལ་སྔར་ནས་དེ་ལྟའི་དངོས་ཀྱི་བདག་ཉིད་དུ་གྲུབ་པར་རྟོག་ཏུ་མི་རུང་བའི་སྨྲ་བསམ་བརྗོད་བྲལ་གྱི་རྟོགས་པ་སྐྱེ་ནས་ཚུལ་དེ་ཁོང་དུ་ཆུབ་པར་རིགས་པ་ལ། དངོས་ཆོས་ཉིད་དུ་སྨྲ་བསམ་རྟོག་པའི་ལོག་པར་རྟོག་པས་དེ་ལྟར་ཁོང་དུ་མ་ཆུབ་པས་ཕྱག་རྒྱ་ཆེན་པོའི་རང་ཞལ་མངོན་དུ་མ་བྱས་ཞེས་འཇོག་གི། དེ་ལས་གཞན་དུ་གཉུག་མ་ཕྱག་རྒྱ་ཆེན་པོ་དེ་དངོས་པོའི་ཆོས་སུ་མ་སྐྱེས། དངོས་མེད་ཀྱི་ཆོས་སུ་མ་འགགས་པ་སོགས་ཀྱི་ཁྱད་པར་དེ་དག་དང་ལྡན་པའི་ཆོས་ཤིག་ཏུ་གྲུབ་ཅིང་གནས་ནས་དེ་ལ་དངོས་སུ་ལྟ་སྒོམ་གྱི་རྟོགས་བྱ་དང་ཐོབ་བྱར་མེད་ཅིང༌། བློ་ཡུལ་ལས་འདས་ཤིང་ཁོང་དུ་ཆུབ་པར་མི་ནུས་པར་མི་ནུས་ཀྱང་ཚིག་ཙམ་གྱིས་མཚོན་ནས་ཕྱག་རྒྱ་ཆེན་པོ་དེ་དེ་ལྟ་བུ་ཞིག་ཡོད་པར་འདུག་སྙམ་པ་ཙམ་ལྟ་སྒོམ་དུ་བྱས་པ་དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་ཉེ་བར་མཁོ་བར་མི་འགྱུར་ཏེ། ཁོང་དུ་ཆུབ་བྱའམ་རྟོགས་བྱ་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་བདེན་གཉིས་ཀྱི་ཤེས་བྱ་འགར་ཡང་མེད་པ་ཉིད་ཀྱིས་བཅད་ཞུགས་ཐོབ་པར་མེད་པ་དང༌། དོན་ལ་ཡོད་ཀྱང་ཚིག་ཙམ་ལས་དེའི་གོ་ཡུལ་ཐོབ་བྱར་མེད་ན་སྐྱེས་བུས་ཞུགས་ཀྱང་འབྲེལ་པ་མེད་པས་མི་གནས་པའི་ཉེ་བར་ཞི་བའི་བྱང་ཆུབ་ཀྱང་མངོན་དུ་མི་བྱེད་པར་འགྱུར་བའི་ཕྱིར་རོ། །དངོས་པོ་དང་དངོས་མེད་གཉིས་ཀ་མ་ཡིན་པའི་ཕྱག་རྒྱ་ཆེན་པོའི་ཆོས་ཤིག་དོན་ལ་གྲུབ་ཅིང་གནས་པར་རྟོགས་ལྡན་གྱི་སྐྱཻས་བུ་སུའི་རྒྱུད་ལ་དགོས་པ་ཙམ་ཡང་འབྱུང་མི་རིགས་ཏེ། དངོས་ཆོས་དངོས་པོ་དང་དངོས་མེད་གཉིས་ཡིན་གྱི་ཆོས་ཤིག་ཏུ་གྲུབ་ནས་དོན་ལ་གནས་པར་འཛིན་པ་ཐ་སྙད་ཀྱི་བརྡ་ལ་བྱང་བའི་སྐྱེས་བུ་ཙམ་ལའང་འབྱུང་མི་རིགས་ན། དེའི་བཟློག་ཕྱོགས་ཀྱི་དངོས་ཆོས་ཤིག་དངོས་པོ་དང་དངོས་མེད་གཉིས་ཀ་མིན་པའི་ཆོས་ཤིག་དོན་ལ་གྲུབ་ཅིང་གནས་པར་འཛིན་དགོས་པ་ཙམ་ཡང་སྐྱེ་བ་མི་འབྱུང་ན། དེ་ལྟའི་ཆོས་དེ་དངོས་པོའམ་དངོས་མེད་ཀྱི་ཆོས་ཅི་འདྲ་ཞིག་ཏུ་ཡོད་ཅེས་ཐ་སྙད་ཙམ་དུའང་བཞག་མི་རུང་ན། དོན་དམ་པར་གནས་ཤིང་ཞུགས་པ་བློ་ཡུལ་ལས་འདས་པའི་བསྐལ་དོན་ཅན་དུ་གྲུབ་པ་དང་གནས་པ་འགར་ཡང་མི་སྲིད་པའི་ཕྱིར། དེ་ལྟའི་གཉུག་མ་ཕྱག་ཆེན་དེ་བློ་ཡུལ་ལས་བསྐལ་ཞིང་ཚིག་ཙམ་གྱི་གོ་བྱ་ལས་དོན་ལ་ཁོང་དུ་ཆུབ་པའམ་ཐོབ་བྱར་མེད་ཀྱང༌། ཚིག་ཙམ་གྱི་གོ་ཡུལ་ཡིན་ན་དེ་ལྟའི་ཕྱག་ཆེན་གྱི་རྟོག་པ་དེ་སྒྲུབ་པར་མི་ནུས་པས་ངལ་བ་འབྲས་མེད་ཀླུ་རྒྱལ་གྱི་མགོ་བོའི་ནོར་བུ་ལེན་པར་རྟོག་པ་ལྟ་བུ་སྟེ། དེ་ལྟའི་ཕྱག་ཆེན་ལ་རྟོག་ཚུལ་དེའང་ཕྱིན་ཅི་ལོག་གི་གོ་ཡུལ་ཙམ་ལས་སྙིང་པོ་ཅི་ཡང་མེད་པས་དེ་ལྟའི་ལྟ་སྒོམ་སྐྱོང་བའི་རྗེས་སུ་མི་འབྲང་བར་མ་འཁྲུལ་བའི་ཕྱིན་ཅི་མ་ལོག་པའི་ཉམས་ལེན་ལ་འབད་པར་བྱའོ། །

༦༣

དེ་ལྟར་བསྒོམས་པས་གང་ཟག་གི་རིགས་ལ་ཉམས་རྟོགས་སྐྱེ་ཚུལ་གྱི་སྦྱངས་པ་སྔོན་སོང་གི་དབང་པོ་ཡང་རབ་ཅིག་ཅར་བ་དང༌། སྔོན་སྦྱངས་པ་ཅུང་ཟད་སྔོན་སོང་གི་དབང་འབྲིང་ཐོད་རྒལ་བ་དང༌། སྔོན་སྦྱངས་ཆ་ཤས་ཙམ་སོང་བའི་དབང་དམན་རིམ་གྱིས་པའི་རིགས་ཅན་གསུམ་འབྱུང་བའི་བློ་དང་སྦྱར་ནས་ནད་པ་ནད་ཀྱི་རིགས་མཐའ་ཀླད་པ་ན་བར་གྱུར་པ་ལ་སྨན་པ་མཁས་པས་སྨན་དང་སྤྱོད་ལམ་དང་བཅོས་ཀ་སྣ་ཚོགས་ཀྱིས་ནད་གསོ་བ་ལྟར། རྟོགས་ལྡན་གྱི་བླ་མས་སྣོད་ལྡན་གྱི་སློབ་མ་ལ་ཐབས་སྣ་ཚོགས་ཀྱི་གེགས་སེལ་བོགས་འདོན་གྱི་ཆོས་ཚུལ་མཐའ་ཡས་པས་གདུལ་བྱ་ས་ལམ་གོང་ནས་གོང་དུ་འཁྲིད་པར་བྱའོ། །དེ་ཡང་རྟོགས་བྱའི་ལྟ་སྒོམ་གང་དང་གང་ཡིན་པ་ལ་གོ་ཉམས་རྟོགས་གསུམ་ལ། གོ་བ་ནི་རྟོགས་བྱ་དེ་ཉིད་སྒྲ་རྟོག་གི་ཐོས་བསམ་གྱི་ཤེས་རབ་ཀྱིས་ཡུལ་དུ་བྱེད་པའོ། །ཉམས་ནི་རྟོགས་བྱ་དེ་ཉིད་དམིགས་པར་བཟུང་ནས་དེ་ལ་སེམས་ཟིན་པའི་གནས་ཆས་སྒོམ་བྱུང་གི་ཤེས་རབ་ཀྱི་ཡུལ་དུ་བྱེད་པའོ། །རྟོགས་པ་ནི་རྟོགས་བྱ་དེ་ཉིད་ལ་སེམས་ཟིན་པའི་སྒོམ་བྱུང་རྩེ་གཅིག་པ་ཙམ་གྱི་ཞི་གནས་ཀྱི་ཆས་སུ་བྱེད་པ་ལས་ལྷག་པའི་རྟོག་པའམ་རྟོག་མེད་ཀྱི་ཤེས་རབ་ཀྱྀ་རྣམ་པར་འབྱེད་པའི་ཡུལ་དུ་བྱེད་པའོ། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཚུལ་འདི་ལ་མྱོང་བ་སྐྱེས་ཚུལ་གྱི་ས་ལམ་བགྲོད་ཚུལ་ལ། རྗེ་སྒམ་པོ་པས་རྣལ་འབྱོར་བཞིར་མཛད་ལ། དེ་དག་གི་བཀའ་བརྒྱུད་འཛིན་པའི་རྗེ་བཙུན་དཔལ་ལྡན་བླ་མ་དག་གིས་དེའི་རྣམ་གཞག་མི་འདྲ་བ་དུ་མ་མཛད་པ་ལས་ཕྱག་རྒྱ་ཆེན་པོའི་གོ་ཉམས་རྟོགས་གསུམ་གྱི་རྣལ་འབྱོར་བཞི་སུམ་བཅུ་གཉིས་སུ་མཛད་པའི་བཅུ་གཉིས་པོ་རེ་རེ་ལའང་བརྟན་པ་ཐོབ་པའི་ཕུལ་ཆེ་འབྲིང་ཆུང་ངུའི་དབྱེ་བས་མཆོག་དམན་འབྲིང་གསུམ་གྱིས་བསྒྱུར་བས་སུམ་ཅུ་སོ་དྲུག་ཏུ་འགྱུར་བ་དང༌། འཇིག་རྟེན་ལས་འདས་མ་འདས་ཀྱི་ཞི་ལྷག་གཉིས་སོ་སོར་རྣལ་འབྱོར་བཞི་བཞི་སྟེ་བཅུ་དྲུག་དང་བཅུ་དྲུག་པོ་དེ་རེ་རེ་ལའང་བརྟེན་པ་ཐོབ་ཕུལ་ཆེ་འབྲིང་ཆུང་ངུའི་དབྱེ་བས་མཆོག་དམན་འབྲིང་གསུམ་གྱིས་བསྒྱུར་བས་ཞེ་བརྒྱད་ཀྱི་རྣམ་གཞག་དང༌། ཚོགས་སྦྱོར་གྱི་ལམ་རྩེ་གཅིག་གི་རྣལ་འབྱོར། མཐོང་ལམ་ནས་མ་དག་ས་བདུན་གྱི་བར་སྤྲོས་བྲལ་གྱི་རྣལ་འབྱོར། དག་པ་གསུམ་རོ་ཅིག་གི་རྣལ་འབྱོར་སངས་རྒྱས་ཀྱི་ས་སྒོམ་མེད་དུ་བཞག་པ་སོགས་མི་འདྲ་བ་སྣ་ཚོགས་ཤིག་འབྱུང་བ་ཐམས་ཅད་ཀྱང་འགལ་བར་མི་ལྟ་སྟེ། དེ་ལྟའི་ཉམས་མྱོང་རང་རང་གི་ས་ན་རྣལ་འབྱོར་བཞིའི་ཐ་སྙད་བཤད་པ་དང་འཇུག་པའི་སྐབས་ཐོབ་འཁྲུལ་མེད་དུ་ཡོད་པའི་ཕྱིར། འདིར་ནི་གོང་དུ་བཤད་པ་ལྟར་རྣམ་རྟོག་གི་སྟེང་ནས་རྣམ་རྟོག་དེ་ཉིད་ལ་བསལ་གཞག་མ་དགོས་པར་ཆོས་སྐུའི་རང་ཞལ་ཉམས་ཀྱི་ཞེན་འཛིན་དང་བྲལ་བའི་རྟོགས་ཐོག་ནས་མཇལ་བ་ནས་རྣལ་འབྱོར་བཞིའི་མགོ་བརྩམས་པའི་དབང་དུ་བྱས་ཏེ་བརྗོད་ན། དེ་ལྟའི་རྟོགས་པ་དེ་ཉིད་ལ་བྲལ་བ་དང་ཐོབ་པ་མེད་རྐྱེན་གཞན་གྱིས་མི་གཡོ་བར་རྩེ་གཅིག་ཏུ་གནས་པ་རྩེ་གཅིག་གི་རྣལ་འབྱོར་དང༌། རྣལ་འབྱོར་དེ་ཉིད་ལ་འཁོར་འདས་ཀྱི་རྒྱུ་འབྲས་ཀྱི་སྤྲོས་ཆོས་ཐམས་ཅད་སྤྲོས་བྲལ་སྟོང་པ་ཉིད་ནམ་མཁའ་ལྟར་དག་པ་ལ་སྤྲོས་བྲལ་གྱི་རྣལ་འབྱོར་དང༌། སྤྲོས་བྲལ་གྱི་རྣལ་འབྱོར་དེ་ཉིད་ཀྱི་ངང་ནས་འཁོར་འདས་ཀྱི་སྤྲོས་ཆོས་དུ་མའི་རྣམ་རོལ་གྱི་ཏིང་ངེ་འཛིན་གྱིས་རྩེན་པ་ལ་རོ་གཅིག་གི་རྣལ་འབྱོར་ཏེ། སྤྲོས་བྲལ་གྱི་རྟོགས་པ་སྐྱེས་པ་ན་རྒྱུ་འབྲས་སྟོང་ཉིད་དུ་ཤར་བ་དང༌། དུ་མ་རོ་གཅིག་ཏུ་རྟོགས་པ་དང༌། རོ་གཅིག་རྟོགས་པ་རྒྱུད་ལ་སྐྱེས་པ་ན་སྟོང་ཉིད་རྒྱུ་འབྲས་སུ་ཤར་བ་དང༌། རོ་གཅིག་དུ་མར་ཤར་བ་ཞེས་བྱ་ལ། དེ་ཉིད་ཀྱི་ཕྱིར་སྤྲོས་བྲལ་དང་རོ་གཅིག་གི་རྣལ་འབྱོར་གྱི་སྐབས་འདིར་རིམ་བཞིན་དགོངས་ནས། དཔལ་ཕག་མོ་གྲུ་པས་རྟོགས་ལྡན་ཐོད་པ་བོར་ཆོག་ཏུ་སངས་རྒྱས་གསུངས་པ་དང༌། ཕྱིས་གྲུབ་མཐའ་འགྱུར་ནས་རྟོགས་ལྡན་སྐྱེ་བའི་འཁོར་ལོ་རྒྱུན་མི་འཆད་ཅེས་གསུངས་སོ། །དེ་ནས་རྣལ་འབྱོར་དེ་ཉིད་ཀྱིས་སྤང་བྱ་མ་ལུས་པ་སྤངས། རྟོགས་བྱ་མ་ལུས་པ་རྟོགས་ནས་སྒོམ་མེད་ཀྱི་རྣལ་འབྱོར་ཏེ། རྣལ་འབྱོར་བཞིའི་ཉམས་མྱོང་བསྐྱེད་ཚུལ་འདི་ལ་གངས་ཅན་གྱི་ཁྲོད་འདིར། རྗེ་དྭགས་པོ་ལྷ་རྗེའི་རྟོགས་ཆོས་ཞེས་གྲགས་ཀྱང༌། ཞྭ་དམར་ཅོད་པན་འཛིན་པ་བཞི་པའི་ཞལ་ནས། སྐབས་འདིའི་རྣལ་འབྱོར་བཞི་ནི་སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་སྲོལ་ལྟར་ན་ཡས་འབབ་མས་བརྟན་གྱི་དགའ་བ་བཞིའི་ངོ་བོར་གྱུར་པའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཉིད་ལ་འཆད་པ་ཡིན་ལ། མདོ་སྔགས་ཐུན་མོང་བའི་ཁྲིད་སྲོལ་གྱི་དབང་དུ་བྱས་ན་དེ་ལྟའི་དགའ་བཞི་རྗེས་མཐུན་པའི་ཕྱག་ཆེན་གྱི་མྱོང་བ་སྐྱེ་ཚུལ་ཡིན་ཞེས་གསུངས་པ་ནི། བཀའ་བརྒྱུད་ཀྱི་རྗེས་འཇུག་རྣམས་ལ་ཡིད་ཆེས་ཀྱི་ངེས་པ་གཏིང་ཚུགས་བསྐྱེད་པའི་བཀའ་དྲིན་མཚུངས་པ་མེད་པའི་བཀའ་བསྩལ་ཏོ། །དེས་ན་ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་ཉམས་མྱོང་གི་འཕགས་པའི་ས་ལམ་དང་སྦྱར་ནས་རྟོགས་པ་བསྐྱེད་ཚུལ་འདི་ལ། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་སོགས་བོད་ཀྱི་མཁས་པར་གྲགས་པ་མང་པོས། དྭགས་པོ་བའི་རྣལ་འབྱོར་བཞིའི་ཆོས་ཚུལ་འདི་རྣམས་ཀྱང་སངས་རྒྱས་ཀྱི་གསུང་རབ་ནས་འབྱུང་བ་མ་ཡིན་ཞིང༌། འདི་ལྟའི་རྟོགས་པ་སྐྱེས་པའི་གང་ཟག་རྣམས་མདོ་རྒྱུད་ནས་བཤད་པའི་ས་ལམ་ཐོབ་པ་ཡིན་ན་མདོ་རྒྱུད་ཀྱི་ས་ལམ་གྱི་ཡོན་ཏན་སོགས་ཀྱང་མི་ལྡན་པས་ཆོས་ཚུལ་འདིའང་བདུད་ཀྱི་བསྟན་པ་དང༌། གང་ཟག་འདི་དག་ཀྱང་བདུད་ཀྱིས་བྱིན་གྱིས་བརླབས་པ་དང་སྤྲུལ་པ་ཡིན་པར་ཞལ་འཁོན་བཅད་དེ་གསུངས་ཀྱང༌། གང་ཟག་གཞན་དང་གཞན་ལ་དགོངས་ནས་ཉེས་པའི་དགག་བྱ་འགོག་པའི་དགོས་པ་ཅན་གྱི་གསུང་དུ་མོས་པ་ཇེ་ཆེར་ཐོབ་ནའང༌། བཀའ་བརྒྱུད་རིན་པོ་ཆེའི་སྟོན་པ་དང་བསྟན་པ་ཐམས་ཅད་བདུད་ཀྱི་ཆོས་དང་གང་ཟག་ཏུ་བལྟ་བར་བྱ་བ་ནི་གནས་སྐབས་འགར་ཡང་རིགས་པ་མ་ཡིན་ཏེ། སེམས་ཀྱི་མོས་པ་མི་མཐུན་པ་ཐ་དད་པ་དུ་མའི་དབང་གིས་རྒྱལ་བའི་ཆོས་ཚུལ་མི་མཐུན་པ་མཐའ་ཡས་པའི་ཕྱིར། མདོ་རྒྱུད་ཀྱི་བཀའ་ཕྱོགས་རེ་བར་བསྟན་པའི་ཆོས་ཀྱི་རྣམ་གྲངས་འཕྲལ་དུ་སྒྲོས་མཐུན་མི་མཐུན་གྱིས་སངས་རྒྱས་ཀྱི་བསྟན་པ་ཡིན་པ་དང་མ་ཡིན་པར་མི་འགྱུར་བའི་ཕྱིར་དང༌། ཁྱད་པར་འཛམ་བུའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ལ་ཚད་མར་གྲགས་པ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང༌། ཛམྦུའི་གླིང་འདིར་ཚེ་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ནས་འཆི་མེད་རྡོ་རྗེའི་སྐུ་ཐོབ་པ་རྩོད་པ་མེད་པ་གྲུབ་ཐོབ་མཻ་ཏྲ་ཛོ་ཀི་སོགས་ཀྱིས་ཁྲོ་ཕུ་ལོ་ཙཱ་བ་ལ་གདམས་པའི་མན་ངག་བརྒྱ་རྩ་སོགས་ལས་ཀྱང་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་ཚུལ་འདི་ཁོ་ན་བསྟན་ཅིང༌། འདི་ཉིད་སྟོན་པའི་གང་ཟག་ལ་དབུགས་དབྱུང་གཟེངས་བསྟོད་དེ་འདི་ཁོ་ན་ལྟར་ཐར་འདོད་ལ་བསྟན་པའི་སྙིང་པོར་གདམས་པར་མཛད་སྣང་བས། སླར་ཡང་མི་འཕྲོག་པའི་དད་པ་སྙིང་ཁོང་རུས་པའི་གཏིང་ནས་སྐྱེས་ཤིང༌། དེར་མ་ཟད་བཀའ་བརྒྱུད་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་འདི་སོགས་འཇིག་རྟེན་གྱི་མཁའ་མཉམ་མཐའ་ཀླས་སུ་འགྲོ་བ་གཞལ་དུ་མེད་པ་བྱང་ཆུབ་ཆེན་པོར་འགོད་པ་གང་ཟག་ཁ་ཅིག་མ་གཏོགས་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྐྱེ་འཕགས་ཐམས་ཅད་སྲིད་དོ་འཚལ་གྱི་མངོན་དུ་གྱུར་པ་འདི་ཉིད་ལ་ཡིད་ཆེས་པས་མི་བསླུ་བའི་སྐྱབས་དམ་པར་གྲུབ་པས། སྒོ་གསུམ་གྱི་དངོས་པོ་ཐམས་ཅད་ཀྱིས་འདུད་ཅིང་སྐྱབས་སུ་མཆིའོ། །བྱིན་གྱིས་རློབས་ཤིག དེ་ལྟའི་རྣལ་འབྱོར་བཞི་པོ་རེ་རེ་ལའང་རྟོགས་པ་སྐྱེ་ཚུལ་མཆོག་དམན་འབྲིང་གསུམ་བཅུ་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་པར་བྱའོ། །

༦༤

དེ་ལྟར་ཐ་མལ་གྱི་ཤེས་པའི་ངོ་བོ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ན་མཉམ་གཞག་དེའི་ཡུལ་དང་ཡུལ་ཅན་ཐམས་ཅད་སྤྲོས་པ་དང་བྲལ་བར་རྟོགས་པ་ཉིད་ཡེ་ཤེས་ཀྱི་ཚོགས་བསོག་དང༌། དེ་ལྟར་རྟོགས་པའི་མི་རྟོག་ཡེ་ཤེས་དེ་ཉིད་ཀྱིས་བསོད་ཚོགས་ལ་འཇུག་པའི་ཤེས་རབ་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་བསོད་ཚོགས་དམ་པར་གྱུར་པ་ཉིད་ཀྱིས་དེ་ཉིད་ཚོགས་གཉིས་ཀ་སོག་བྱེད་ཀྱི་ཚོགས་རྫོགས་ཕུལ་ཆེས་ཆེ་བས་སྒྲིབ་པའི་ཚོགས་རྩད་ནས་འདག་སྟོབས་ཆེ་བ་ལ་དགོངས་ནས། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པས། མཉམ་གཞག་ལས་ཡོན་ཏན་ཐམས་ཅད་འབྱུང༌། །ཞེས་བཤད་ཅིང༌། དེ་ལྟར་འབྲས་བུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་རྒྱུ་ལ་མཉམ་པར་གཞག་པས་དེའི་རྗེས་ཐོབ་ཏུ་འབྲས་བུ་སངས་རྒྱས་ཀྱི་ཆོས་རྣམས་རིམ་གྱི་མངོན་དུ་འགྱུར་བ་ཡིན་ལ། འདིར་རྒྱལ་བ་རྒོད་ཚང་པ་དང་ཡང་དགོན་པ་སོགས་འབྲུག་སྐོར་བ་རྣམས་ཀྱི་མཉམ་གཞག་རྗེས་ཐོབ་རྗེས་ཤེས་གསུམ་དུ་གསུངས་ཏེ། རྗེས་ཤེས་ནི་མཉམ་གཞག་ལས་ལྡང་ནས་རྗེས་ཐོབ་ཀྱི་ཡོན་ཏན་ཐོབ་པའི་རྗེས་ཀྱི་ཤེས་སུ་བཞག་ནས། རྗེས་ཤེས་ནི་མཁའ་ལྟ་བུ་དང་སྒྱུ་མ་ལྟ་བུ་དང་ཨ་འཐས་ཐ་མལ་བ་གསུམ་དུ་མཛད་ནས། དང་པོ་མཉམ་རྗེས་འདྲེས་པའི་དག་པ་ཡན་ན་འབྱུང་བ་དང༌། གཉིས་པ་ས་དང་པོ་ནས་མ་དག་ས་བདུན་གྱི་བར་དང༌། གསུམ་པ་འཇིག་རྟེན་ཚོགས་སྦྱོར་གྱི་སར་ཕྱིན་ལ་སྦྱར་བར་མཛད་དེ། འདི་དང་མཐུན་པར་ཤེར་ཕྱིན་གྱི་འགྲེལ་བྱེད་དག རྗེས་ཐོབ་ཟག་མེད་དང་རྗེས་ཐོབ་དག་པ་ཞེས་རྣམ་པར་དག་པའི་རྗེས་ཐོབ་དག་པ་བ་ནི་རྗེས་ཤེས་ཨ་འཐས་སུ་ཤར་བ་ཞེས་པ་འདི་ཉིད་ཡིན་ནོ། །དེས་ན་ཁྲིད་སྲོལ་འདི་ལ་གོལ་ས་གསུམ་དུ་མ་གོལ་ཞིང་ཤོར་བ་བཞི་རུ་མ་ཤོར་བ་ཞིག་དགོས་ཞེས་པའི་གོལ་ས་གསུམ་ནི་ཞི་གནས་ལ་བརྟེན་པའི་གོལ་ས་དང༌། ཤོར་བ་བཞི་ནི་ལྷག་མཐོང་ལ་བརྟེན་པའི་གོལ་ས་སྟེ། དེའང་ཁམས་གསུམ་པོ་འདིར་ཁམས་གོང་མ་ལ་ཐར་པ་དང་ཞི་བར་འདུ་ཤེས་ན་ཁམས་གོང་གི་འབྲས་བུ་སྐྱེ་བའི་བསམ་གཏན་གྱི་ཆེད་དུ་རྒྱུ་སྙོམས་འཇུག་གི་བསམ་གཏན་དང༌། སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་དང༌། འདོད་སེམས་རྩེ་གཅིག་པ་རྣམས་འདོད་པའི་རྟེན་ལ་སྒྲུབ་པ་ནི་འདོད་ཁམས་བདེ་བའི་གོལ་ས་དང་འདིའི་ཞར་བྱུང་དུ་ངེས་འབྱུང་དང་བྲལ་བའི་བདེ་འགྲོ་ཙམ་གྱི་གོ་འཕང་འདོད་ནས་ཚུལ་ཁྲིམས་བསྲུང་བའང་བདེ་བ་ལ་ཞེན་ན་འདོད་ཁམས་སུ་གོལ་བ་ཞེས་པ་དེ་ཡིན་ལ། རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་མཐུན་ཁམས་གོང་དུ་སྐྱེས་ཀྱང་དེ་ཙམ་ལ་ཐར་པར་བལྟས་ནས་ཐེག་པ་ཆེན་པོའི་ངེས་འབྱུང་གི་སྒྲུབ་པ་དང་མི་ལྡན་ན་གསལ་བའི་སྙོམ་འཇུག་ལས་གཟུགས་ཁམས་དང་མི་རྟོག་པའི་སྙོམས་འཇུག་ལས་གཟུགས་མེད་ཁམས་སུ་གོལ་བའི་གོལ་སར་བཞག་གོ། ཤོར་བ་བཞི་ལས་སྟོང་ཉིད་གཤིས་ཤོར་ནི་ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་ཀྱི་མྱང་འདས་ཀྱི་ངང་ལ་མི་གཡོ་ཞིང་ཆོས་ཀྱི་དབྱིངས་ལས་རྒྱ་མི་འདའ་བའི་ཕྱིར་བསག་སྦྱང་སོགས་ཀྱི་འབད་པས་མི་གནས་པའི་མྱང་འདས་བཟང་པོ་གསར་དུ་བསྒྲུབ་བྱར་མེད་ཅིང་འཁོར་བ་ངན་པ་སླར་སྤང་བྱར་མེད་ཅེས་བསག་སྦྱང་དང་སྤང་གཉེན་གྱི་འཇུག་པ་རྒྱུན་གཅོད་པ་ནི་ས་ལམ་བགྲོད་པ་ལ་གེགས་བྱེད་པས་ཤོར་བ་དང༌། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་ནི། འདི་ལྟར་ཀུན་རྫོབ་ཆོས་ཅན་གྱི་ཆོས་འདི་ཐམས་ཅད་དོན་དམ་ཆོས་ཉིད་ལས་ལ་མི་འདའ་བས་འཁོར་འདས་སོགས་ཀུན་རྫོབ་ཆོས་ཅན་གྱི་ཆོས་ལ་སྤང་བླང་དགག་སྒྲུབ་བྱ་མི་དགོས་པར། དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོའི་རང་གཤིས། གདོད་མའི་དགེ་བ་ཡེ་རྫོགས་ཆེན་པོར་འགྱུར་རོ་ཞེས་བསག་སྦྱང་གི་འཇུག་པ་རྒྱུན་གཅོད་པ་ནི་ས་ལམ་བགྲོད་པ་ལ་གེགས་བྱེད་པས་ཤོར་ས་དང༌། སྟོང་ཉིད་ལམ་ཤོར་ནི་ཆོས་ཐམས་ཅད་ཡེ་ནས་སྟོང་པའི་ཡེ་སྟོང་ཆེན་པོ་དེ་ཉིད་ས་དང་ལམ་དང་འབྲས་བུ་ཐམས་ཅད་ཡིན་ཏེ། ཐར་པ་ནི་འཁྲུལ་པ་དང་ནོར་བ་ཟད་པ་ཙམ་དུ་ཟད་པའི་ཕྱིར་ཞེས་སྟོང་པ་ཉིད་ཀྱི་གོ་ཉམས་རྟོགས་པ་ཅུང་ཟད་ཐོབ་པ་ན་དེ་ཉིད་ཀྱིས་ཆོག་པར་བཟུང་ནས་བསག་སྦྱང་གི་རྒྱུན་གཅོད་པ་ནི་ས་ལམ་བགྲོད་པ་ལ་གེགས་བྱེད་པས་ཤོར་བ་དང༌། སྟོང་ཉིད་གཉེན་པོར་ཤོར་བ་ནི། ལས་ཉོན་སོགས་འཁོར་བའི་རྒྱུ་འབྲས་ཐམས་ཅད་ནི་དངོས་ཆོས་ཡིན་ལ། དེའི་གཉེན་པོར་སྟོང་ཉིད་ཙམ་པོ་བ་ཞིག་ལྟ་སྒོམ་དུ་བྱས་པས་འཁོར་བའི་དངོས་བདེན་པ་ཞིག་རྒྱུན་ཆད་པར་འགྱུར་བས་དེ་ག་ཙམ་གྱིས་ཆོག་པར་བཟུང་སྟེ་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་བྱེད་ཀྱི་བསག་སྦྱང་རྒྱུན་གཅོད་པ་ནི་ས་ལམ་བགྲོད་པ་ལ་གེགས་བྱེད་ཀྱི་ཤོར་བ་སྟེ། ཕྱི་མ་འདི་ནི་ཐེག་པ་དམན་པ་ཡིད་ལ་བྱེད་པ་ཞེས་བྱ་བ་དང༌། རང་དོན་ཡིད་བྱེད་ཀྱི་བློ་ཞེས་བྱ་བ་དང༌། ཐར་པ་དངོས་པོར་ལྟ་བ་ཞེས་པ་དང༌། ཐེག་དམན་གཞི་ཤེས་ཞེས་ཐེག་པ་ཆེན་པོའི་ལམ་གྱི་གེགས་ཀྱི་གཙོ་བོ་བདུད་ཀྱི་ལས་སུ་གསུངས་སོ། །ལྷག་མཐོང་ཤེས་རབ་ལ་བརྟེན་པའི་ཤོར་བ་འདི་ནི་ཐེག་པ་ཆེན་པོའི་བལྟ་སྤྱོད་ལས་ལོག་པའི་གཡང་ས་ཆེན་པོ་ཡོད་པས་ཤོར་བ་ཞེས་སོ་ཞེས་རྗེ་སྒམ་པོ་པ་ཁུ་དབོན་དག་གིས་ལེགས་པར་བཀའ་བསྩལ་པ་བཀའ་བརྒྱུད་འདི་པ་ལ་གྲགས་པའོ། །དེར་མ་ཟད་དེང་སང་ཟབ་མོ་སྟོང་པ་ཉིད་རྟོགས་ཚུལ་གྱི་ཤོར་གོལ་གྱི་གཡང་ས་འདི་ལྟར་ཡང་སྣང་སྟེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། སྟོང་ཉིད་བདེན་གྲུབ་གཞན་སྟོང་དབུ་མ་པ། །སྣང་ལ་སྐུར་འདེབས་སྣང་སེལ་དབུ་མ་པ། །ཐ་སྙད་ཚད་འཇལ་རིགས་གྲུབ་དབུ་མ་པ། །གཉིས་སྟོང་བདེན་གྲུབ་རྣམ་རིག་དབུ་མ་པ། །འདི་བཞིས་ལུང་རིགས་ལྟར་སྣང་ལ་བརྟེན་ནས། །དབུ་མར་རློམ་ཞིང་རྒྱ་ཆེར་གྲགས་ན་ཡང༌། །རྟོག་གེས་བསླད་ཕྱིར་མཐར་འཛིན་ནང་ན་བཞུགས། །ཐོག་མཐའ་གཉིས་ཀྱི་བདེན་གྲུབ་འདོད་ཕྱིར་དང༌། །གཉིས་པས་ཐབས་ཕྱོགས་མཐའ་དག་སྤང་ཕྱིར་དང༌། །གསུམ་པས་རྫུན་དང་བསླུ་མེད་གཞི་མཐུན་དུ། །དཔྱད་ནས་སྨྲས་པ་འགལ་འདུའི་རང་བཞིན་ཕྱིར། །ཞེས་འབྱུང་བས། འདོད་པ་དང་པོ་ནི་ཇོ་ནང་པ་དག་གི་བཞེད་པ་སྟེ། དེ་ལྟ་ན་སྟོང་ཉིད་བདེན་གྲུབ་པར་ཡོད་ན་དེ་ལས་མི་སྟོང་པ་ཅི་ཞིག་ཡོད་པས། ཆོས་ཐམས་ཅད་ལ་དངོས་པོ་མཚན་འཛིན་ཕྱིན་ལོག་གི་གཉེན་པོར་སྟོང་ཉིད་ལྟ་སྒོམ་བྱས་ཀྱང་སྟོང་པ་ཉིད་དེ་ཉིད་དངོས་བདེན་དུ་གྲུབ་པས་དངོས་ཆོས་སྤོང་བྱེད་ཀྱི་སྤང་གཉེན་དུ་མི་འགྱུར་བའི་ཕྱིར། དེའི་ཆེད་དུ་འབད་པ་དོན་མེད་པར་ཐལ་བ་དང༌། འདོད་པ་གཉིས་པ་ནི་བོད་སྔ་ཕྱིའི་ཕྱག་རྫོགས་ཞི་བྱེད་གཅོད་ཡུལ་བར་ཁས་འཆེ་བ་ཕལ་ཆེ་བ་དག་གི་བཞེད་པ་སྟེ། དེ་ལྟ་ན་ཟབ་མོ་སྟོང་པ་ཉིད་རྟོགས་པ་ན་ཀུན་རྫོབ་ཀྱི་ཆོས་འདི་ཐམས་ཅད་བཙན་ཐབས་སུ་འགགས་པ་ཉིད་ཀྱིས་དེ་ཀས་འཁོར་བ་ལས་གྲོལ་བ་ལས་ཐར་པའི་ཆེད་དུ་བསགས་སྦྱང་སོགས་བྱེད་མི་དགོས་པར་འགྱུར་ལ། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཆེན་པོ་རྒྱུའི་ཚོགས་གཉིས་སྤངས་པར་འགྱུར་བས་ཐམས་ཅད་མཁྱེན་པའི་གོ་འཕང་ལས་རིང་དུ་འགྱུར་བའི་ཕྱིར་དང་འདོད་པ་གསུམ་པ་ནི་རི་བོ་དགེ་ལྡན་པ་དག་གི་བཞེད་པ་སྟེ། དེ་ལྟ་ན་ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་དེ་ཉིད་ལྟར་རིགས་པས་དཔྱད་ནས་ཚད་མས་གྲུབ་ན་དེ་ཉིད་ཀྱི་རང་གི་ངོ་བོ་རང་སྟོང་དུ་མ་སོང་བས་ཀུན་རྫོབ་ཀྱི་དངོས་ཆོས་དེ་ལས་གཞན་པའི་དངོས་པོ་རང་བཞིན་གྱིས་བདེན་པར་མ་གྲུབ་པ་ཞིག་རང་བཞིན་གྱི་བདེན་གྲུབ་ལྟར་སྣང་བའི་འབྲེལ་མེད་ཀྱི་ཆོས་གཞན་པ་ཞིག་སྟོང་ཉིད་དུ་རྟོགས་ཀྱང༌། རང་ཉིད་མཚན་མར་སྤྱོད་པའི་ཀུན་རྫོབ་ཀྱི་བདེན་པའི་དངོས་མཚན་གྱི་འཁྲུལ་པ་བཟློག་པར་མི་འགྱུར་བའི་ཕྱིར། ཁྱེད་ཀྱི་བཞེད་པའི་སྟོང་ཉིད་རྟོགས་ཀྱང་ཀུན་རྫོབ་ཀྱི་འཁོར་བའི་དངོས་ཆོས་ཀྱི་མྱ་ངན་དང་སྡུག་བསྔལ་ལས་འདའ་བར་མི་འགྱུར་བས། ཁྱེད་ཀྱི་ལྟ་སྒོམ་དེ་དག་བྱང་ཆུབ་ཆེན་པོའི་ཆེད་དུ་ངལ་བས་བསྒྲུབས་ཀྱང་ཆུ་ལ་མར་སྲུབ་པ་ལྟ་བུའོ། །གསུམ་པ་ནི། སེམས་ཙམ་རྣམ་རྫུན་གྱི་གཞུང་ལ་བརྟེན་ནས་ཕྱིས་ཀྱི་ཟི་ལུང་ཤཱཀྱ་མཆོག་ཆེན་པའི་བཞེད་པ་སྟེ། དེ་ལྟ་ན་གཟུགས་སོགས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་ཀྱང༌། ད་དུང་གཉིས་སྟོང་གི་ཤེས་པ་ལྷག་མར་མི་སྟོང་བར་བདེན་གྲུབ་ཏུ་ལུས་ཤིང་དེ་ཉིད་བདེན་གྲུབ་ཏུ་བལྟས་ན་དེ་ལ་མཚན་འཛིན་མི་བཟློག་པས། སེམས་ཅན་གྱི་སེམས་གསལ་རིག་གཟུང་འཛིན་གྱིས་སྟོང་པའི་དངོས་ཆོས་རྟག་བདེན་གྱི་མཚན་མར་འཛིན་པ་ཉིད་ཀྱི་ཕྱིར་ཏེ། ལྟ་སྒོམ་དེས་འཁོར་བའི་སྡུག་བསྔལ་དང་མྱ་ངན་ཙམ་ལས་ཀྱང་འདའ་བར་མི་འགྱུར་ན་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ག་ལ་འགྱུར་རོ། །དེ་ལྟའི་སྟོང་ཉིད་ཀྱི་ལྟ་སྒོམ་བཞི་པ་དེས་ཀྱང་བྱང་ཆུབ་ཆེན་པོའི་གོ་འཕང་འདོད་པ་དག་གིས་ས་ལམ་བགྲོད་པ་ལ་གེགས་བྱེད་ཀྱི་གཡང་ས་ཆེན་པོར་ཤོར་གོལ་དུ་འགྱུར་བས་གེགས་རྐྱེན་ངན་པ་འདི་དག་གི་དབང་དུ་མ་སོང་བར་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལྟ་སྒོམ་ལོག་པའི་ཤོར་གོལ་དང་བྲལ་བའི་ཉམས་ལེན་ལ་འབད་པར་བྱའོ། །

༦༥

དེ་ལྟར་བསྒོམ་པའི་ཚུལ་ལ། བཀའ་བརྒྱུད་ཀྱི་ཞལ་ནས། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། །གདོད་ནས་ལྷན་ཅིག་སྐྱེས་པ་ལ། །གདམས་པས་གཅིག་ཏུ་སྦྱོར་བས་ན། །ལྷན་ཅིག་སྐྱེས་སྦྱོར་ཞེས་སུ་གྲགས། །ཞེས་འབྱུང་བ་ལྟར་ཉམས་སུ་བླང་བར་བྱ་དགོས་ཏེ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་འདི་ལ་ཀུན་རྫོབ་ཀྱི་དངོས་ཆོས་སུ་བཏགས་ཤིང་དེ་ལྟར་དངོས་སུ་སྣང་དུ་རུང་བའི་ཀུན་རྫོབ་བདེན་པ་དང༌། དངོས་མེད་ཀྱི་ཆོས་སུ་བཏགས་བརྗོད་ཙམ་ལས་དངོས་སུ་སྣང་དུ་མི་རུང་བའི་ཀུན་རྫོབ་བདེན་པ་གཉིས་ལས། འགྲོ་བ་རྣམས་དངོས་ཆོས་སུ་སྣང་བའི་ཀུན་རྫོབ་བདེན་པ་འདིར་ཐ་སྣད་ཀྱི་ངོར་བཏགས་པ་ལྟར་སྣང་དུ་རུང་བ་ལ་གཟུགས་སོགས་ཀྱི་མཚན་འཛིན་ཏེ་ཤེས་སྒྲིབ་དང༌། བདག་ལྟ་སོགས་ཉོན་མོངས་པའི་སྒྲིབ་པ་ཕྱིན་ཅི་ལོག་གི་ཡུལ་ཅན་གྱི་རྟོག་པ་ཐམས་ཅད་ཐོག་མེད་ནས་ཡུལ་དེ་ལ་ལྟོས་པའི་འཁྲུལ་དབང་གིས་དེ་ལྟའི་བློ་འཁྲུལ་པ་ངང་ངམ་ཤུགས་ཀྱིས་སྐྱེ་བ་ཡིན་ཏེ། དངོས་ཆོས་ཀུན་རྫོབ་ཀྱི་བདེན་པ་ནི། དེ་ལྟར་འདོགས་བྱེད་ཀྱི་རྟོག་པས་བཏགས་པ་ལྟར་སྣང་རུང་དུ་རུང་བའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དངོས་མེད་ཀྱི་ཆོས་ནི། དངོས་མེད་ཀྱི་ཆོས་སུ་བཏགས་བརྗོད་ཙམ་ལས་དངོས་སུ་སྣང་རུང་དུ་རུང་བའི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་པའི་ཕྱིར་ཏེ། དངོས་མེད་ཀྱི་ཆོས་སུུ་བཏགས་པ་དེ་དངོས་སུ་དངོས་པོར་སྣང་བར་གྱུར་ན་དངོས་མེད་ཀྱི་ཆོས་སུའང་བཏགས་བརྗོད་མི་འགྲུབ་པར་འགྱུར་བའི་ཕྱིར་ཏེ་དེ་དངོས་སུ་སྣང་རུང་གི་ཀུན་རྫོབ་བདེན་པར་གྱུར་ན་དངོས་ཆོས་ཅན་གྱི་ཀུན་རྫོབ་བདེན་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། དེའང་ཐ་སྙད་ཙམ་གྱི་ངོར་ཞིབ་ཏུ་དཔྱད་ན། དངོས་མེད་ཀྱི་ཆོས་ཞེས་བཏགས་བརྗོད་བྱེད་པའང་དེ་དངོས་པོ་དང་དངོས་མེད་གཉིས་ཀྱི་ལྟོས་ཆོས་ཀྱི་དབང་གིས་དངོས་མེད་ཀྱི་ཆོས་ཞེས་བརྗོད་ཀྱང༌། དངོས་མེད་ནི་དངོས་པོར་མེད་ཙམ་ལས་ཆོས་ཞེས་བཏགས་བརྗོད་བྱེད་པའང་དེ་དངོས་པོ་དང་དངོས་མེད་གཉིས་ཀྱི་ལྟོས་ཆོས་ཀྱི་དབང་གིས་དངོས་མེད་ཀྱི་ཆོས་ཞེས་བརྗོད་ཀྱང༌། དངོས་མེད་ནི་དངོས་པོར་མེད་ཙམ་ལས་ཆོས་སུའང་འཇོག་དཀའ་བ་ཡིན་ཏེ། ཆོས་ནི་ཐ་སྙད་དུ་རང་ངམ་སྤྱིའི་མཚན་ཉིད་འཛིན་པའི་དོན་བྱེད་པ་ལ་འཇོགས་པ་ལས། དོན་བྱེད་པ་ཅན་གྱི་ཆོས་སུ་གྲུབ་ན་དེ་དངོས་མེད་དུ་མ་སོང་བར་དངོས་པོའི་ཆོས་སུ་འགྱུར་བའི་ཕྱིར། དེས་ན་སེམས་ཅན་ཐམས་ཅད་ཀྱི་སེམས་དང་རྣམ་རྟོག་དངོས་ཆོས་སུ་སྣང་བའི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་དེ་ཉིད་གདོད་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་མྱང་འདས་དང་ཆོས་སྐུ་སྟེ་ཆོས་ཉིད་དོན་དམ་པའི་བདེན་པ་ཡིན་ཀྱང༌། རྟོག་པའི་སེམས་དེ་ཉིད་འཁྲུལ་དབང་གིས་ཕྱིན་ཅི་ལོག་ཏུ་ཐོག་མེད་ནས་འཁྲུལ་པ་ལ། ད་ལན་གཞན་རྐྱེན་བླ་མའི་བྱིན་རླབས་དང་རང་གི་བསག་སྦྱང་གི་རྟེན་འབྲེལ་སོགས་ཀྱིས་འཁྲུལ་ཆ་དེ་རང་སེམས་སམ་རྟོག་པ་དེ་ཉིད་ཀྱི་ཐོས་བསམ་སྒོམ་པའི་ཤེས་རབ་འཁྲུལ་མེད་ཀྱིས་བསལ་ནས། ཆོས་ཅན་དངོས་ཆོས་སུ་སྣང་བའི་སེམས་རྟོག་པ་ཀུན་རྫོབ་བདེན་པ་དེ་ཉིད་གདོད་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་མྱང་འདས་དང་ཆོས་སྐུ་དོན་དམ་པའི་བདེན་པ་དེ་ཉིད་མངོན་དུ་བྱེད་པ་ཡིན་ཏེ། དེ་ལྟར་མངོན་དུ་བྱེད་པའི་གཞིའམ་རྟེན་ནམ་ཆོས་ཅན་ནི་ལྟོས་འབྱུང་གི་རང་གི་སེམས་དང་རྣམ་རྟོག་དེ་ཉིད་ལས་གཞན་དུ་གཏན་ལ་དབབ་བྱའམ་བཙལ་བྱར་མེད་པས་སེམས་དང་རྣམ་རྟོག་གི་དངོས་ཆོས་དེ་ཉིད་རྟེན་དེ་ལས་གཞན་པའི་དངོས་མེད་ཀྱི་ཆོས་སུ་བཏགས་པའི་རི་རྭ་དང་གང་ཟག་གི་བདག་ལ་སོགས་པ་དང༌། ལྟོས་ངོ་ཙམ་དུ་རྟེན་འབྱུང་གི་དངོས་པོའི་དོན་བྱེད་པར་མི་རུང་བའི་ཡེ་ཆད་ཀྱི་དབང་གིས་ཐ་སྙད་དུ་དངོས་པོའི་རང་བཞིན་དུ་གྲུབ་མི་བཏུབ་པ་ཞིག་བདེན་གྲུབ་ཏུ་བཏུབ་པར་སྣང་བ་དེས་སྟོང་པའི་སྟོང་པ་ཉིད་ལྟ་བུའི་གཞིའམ་རྟེན་ནམ་ཆོས་ཅན་གྱི་སྟེང་དུ་གདོད་ནས་སྤྲོས་དང་བྲལ་བའི་རང་བཞིན་མྱང་འདས་ཆོས་སྐུ་དོན་དམ་པའི་བདེན་པ་མངོན་དུ་བྱེད་པ་མ་ཡིན་པའི་ཕྱིར་ཏེ། ཐ་སྙད་དུའང་དངོས་མེད་ཀྱི་ཆོས་སུ་བརྗོད་ནས་དེར་སྣང་དུ་མི་རུང་བའི་རི་རྭ་སོགས་ནི་དོན་བྱེད་པའི་ཆོས་སུ་བཏགས་ཀྱང་བློ་ལ་སྣང་དུ་རུང་བའི་སྒོ་ནས་དེ་ཉིད་ལ་གཟུང་འཛིན་སོགས་སྒྲིབ་གཉིས་ཕྱིན་ཅི་ལོག་གི་འཁྲུལ་པ་བསྐྱེད་པའི་གཞི་དང་རྟེན་མི་བྱེད་པས། དེ་ཉིད་ཀྱི་གཞིའམ་རྟེན་གྱི་སྟེང་དུ་འཁྲུལ་པ་བསལ་ནས་གདོད་ནས་སྤྲོས་བྲལ་གྱི་ཆོས་སྐུའི་རང་ཞལ་མཐོང་བྱར་མེད་པའི་ཕྱིར་རོ། །དེས་ན་དངོས་ཆོས་སུ་སྣང་བའི་སེམས་སམ་རྣམ་རྟོག་དེ་ཉིད་ཀྱི་སྟེང་ནས་ཆོས་སྐུ་རྟོགས་པར་མ་བྱས་ན། འདྲེ་ཤར་དང་གཏོར་མ་ནུབ་ཏུ་བསྐྱལ་བ་བཞིན་ནོ། །གནད་འདིའི་ཕྲ་གསང་ལེགས་པར་རྟོགས་ན། གངས་ཅན་གྱི་ལྗོངས་འདིར་ཕྱིས་བྱོན་པའི་དབུ་མའི་ཤིང་རྟ་པ་ཆེན་པོ་ཙོང་ཁ་པ་ཡབ་སྲས་དག ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་དབབ་པར་བྱ་ཞེས་པའི་དབབ་བྱའི་ཆོས་ནི་ཐ་སྙད་ཚད་གྲུབ་ཀྱི་ངོར་མི་བསླུ་བའི་དོན་བྱེད་པའི་དངོས་ཆོས་ཀུན་རྫོབ་ཀྱི་བདེན་པ་དེ་ནི་མ་ཡིན་ལ། དངོས་པོ་རང་བཞིན་གྱི་གྲུབ་ཏུ་མི་རུང་བའི་དངོས་པོ་ཞིག་དངོས་པོ་བདེན་པ་བར་གྲུབ་པ་ལྟར་སྣང་བའི་ཀུན་རྫོབ་བདེན་པ་དེ་ཉིད་སྟོང་ཉིད་དུ་གཏན་ལ་དབབ་བྱ་ཡིན་ཅིང༌། འདི་གཉིས་ཀྱི་ཤན་མ་ཕྱེད་པའི་རྒྱ་བོད་ཀྱི་སློབ་དཔོན་གྲགས་ལྡན་ཐམས་ཅད་ཀྱང་ཀླུ་སྒྲུབ་ཀྱི་དགོངས་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཏེ། དེས་ན་རྟེན་འབྱུང་གི་དངོས་ཆོས་སྟོང་ཉིད་དུ་གཏན་ལ་ཕབ་ནས་རྟོགས་པར་རློམ་པས་ལས་འབྲས་ལ་སྐུར་པ་བཏབ་པའི་ཆོས་སྤོང་གི་ལོག་ལྟས་མནར་མེད་དུ་སྐྱེ་བར་འགྱུར་བའི་ཕྱིར། ཞེས་གསུངས་པའང་རྒྱལ་བ་སྲས་བཅས་ཀྱི་ངེས་དོན་གྱི་བཀའ་རབ་འབྱམས་དང་སྒྲོས་མི་མཐུན་པ་བདེ་བླག་ཏུ་ཁོང་དུ་ཆུབ་པར་འགྱུར་བ་ཡིན་ཏེ། གནག་རྫི་ནས་ཀུན་མཁྱེན་གྱི་བར་དུ་བདེན་པ་གཉིས་སུ་གྲགས་པའི་ཆོས་ལ་ལྟོས་འབྱུང་དུ་དོན་བྱེད་པའི་དངོས་པོ་དེ་དེ་ཉིད་ལྟར་བདེན་པར་མ་གྲུབ་པ་ལྟར་སྣང་བའི་བདེན་མེད་སྒྱུ་མ་ལྟ་བུའི་རྫུན་ཆོས་ལ་ཀུན་རྫོབ་བདེན་པར་བཞག་ནས། ཀུན་རྫོབ་བདེན་པ་དེ་ལ་སོ་སོ་སྐྱེ་བོ་དག་དེ་ཉིད་ལ་བདེན་པར་བཟུང་བས་ཀུན་རྫོབ་བདེན་པ་དང༌། འཕགས་པ་དག་དེ་ལ་བདེན་པ་མ་གཟིགས་པས་ཀུན་རྫོབ་ཙམ་དུ་གཟིགས་པ་ལས། དེ་ལས་གཞན་པའི་མོ་གཤམ་གྱི་བུ་ཞིག་སྐྱེས་བུ་ལྷས་སྦྱིན་ལྟར་རྫུན་ཅིང་བདེན་པར་མེད་ཀྱང༌། བདེན་པར་སྣང་ནས་དེའི་ལག་ཏུ་རི་བོང་གི་རྭ་བ་སོའི་ཕྲེང་བ་ལྟར་རྫུན་ཅིང་བདེན་པར་མེད་ཀྱང་བདེན་པར་སྣང་བ་དེ་ཉིད་ཀུན་རྫོབ་བདེན་པ་ཡིན་པར་སྐྱེ་འཕགས་སུའི་འཁྲུལ་པ་དང་མ་འཁྲུལ་པའི་དམིགས་མྱོང་སྣང་བའི་ཤེས་པ་ལ་གྲགས་པ་མ་ཡིན་པའི་ཕྱིར་འདི་ལྟའི་ཀུན་རྫོབ་བདེན་པ་ལ་སྤྲོས་པ་དང་བྲལ་བའི་སྟོང་ཉིད་རྟོགས་ཀྱང་དངོས་ཆོས་ཀུན་རྫོབ་ཀྱི་བདེན་པ་སྤྲོས་འཛིན་གྱི་སྒྲིབ་པ་བཟློག་པར་མི་འགྱུར་བས། ཙོང་ཁ་པ་ཡབ་སྲས་ཀྱིས་ཟབ་ཁྱད་དུ་མས་བསྟན་པའི་སྟོང་ཉིད་ཀྱི་ལྟ་སྒོམ་ནི་ཐར་པ་དོན་གཉེར་ལ་མི་མཁོ་བས་རྨི་ལམ་ཙམ་དུའང་འདོད་པ་སྐྱེ་བ་ལྟ་ག་ལ་ཞིག་ཅེས་བཀའ་བརྒྱུད་རིན་པོ་ཆེའི་གང་ཟག་ཐམས་ཅད་དབྱངས་གཅིག་མགྲིན་གཅིག་ཏུ་གསུངས་སོ། །འོ་ན་སེམས་དང་རྣམ་རྟོག་སོགས་ཆོས་ཅན་དུ་བཟུང་ནས་དེ་ཉིད་ཆོས་གཞན་གྱིས་བདེན་པར་མ་གྲུབ་པའི་སྟོང་ཉིད་དུ་གཏན་ལ་དབབ་པའི་སླད་དུ་ཆོས་ཅན་སེམས་དང་རྟོག་པའི་སྟེང་དུ་སྟོང་ཉིད་དུ་གྲུབ་པའི་རྟགས་ཀྱང་གྲུབ་དགོས་པས། སེམས་དང་རྣམ་རྟོག་དེ་དང་དེ་མ་གྲུབ་ན་ཆོས་ཅན་མ་གྲུབ་པས་དེ་ཉིད་དུའང་མི་འགྲུབ་བོ་སྙམ་ན། འདི་ནི་སྔོན་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་གྲགས་དང་ལེགས་ལྡན་འབྱེད་སོགས་ལ་འདི་ལྟའི་འབེལ་མཆིད་བྱུང་སྣང་སྟེ། དགོས་པ་འདི་ཡང་ཆེད་དུ་སློབ་དཔོན་ལེགས་ལྡན་གྱིས་སེམས་སོགས་ཀྱི་ཆོས་ཅན་ཀུན་རྫོབ་ཏུ་ཡོད་པས་ཆོས་ཅན་མ་གྲུབ་པའི་སྐྱོན་མེད་ཅིང༌། དེ་ཉིད་དོན་དམ་པར་མ་གྲུབ་སྟོང་ཉིད་དུ་སྒྲུབ་པས་བསྒྲུབ་བྱ་མ་གྲུབ་པའི་སྐྱོན་མེད་ཅིང༌། ཀུན་རྫོབ་ཙམ་དུ་ཆོས་ཅན་གྲུབ་པས་དེའི་སྟེང་དུ་དེ་ལྟར་སྒྲུབ་པའི་རྟགས་དང་རྟགས་དེས་བསྒྲུབ་བྱ་སྒྲུབ་པའི་ཁྱབ་པ་མཐུན་པ་དང་མི་མཐུན་པའི་དཔེ་རྣམས་ཀྱི་སྟེང་དུ་ཀུན་རྫོབ་ཙམ་དུ་སྟོན་པ་བྱར་ཡོད་ཅེས་རང་གི་རྗེས་སུ་སློབ་པ་རྣམས་ལ་གདམས་པར་མཛད་ཅིང༌། སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་ནི། སེམས་དང་རྣམ་རྟོག་སོགས་འདི་ལྟར་ཕྱི་ནང་དུ་སྣང་བ་ཆོས་འདི་ཐམས་ཅད་བདེན་པ་གཉིས་ཀར་མ་གྲུབ་ཀྱང་དེ་ལྟར་གྲུབ་པར་རྟོག་ཅིང་འཛིན་པའི་ངོར་ཆོས་ཅན་སོགས་བཟུང་བས་དེ་ཉིད་སྟོང་ཉིད་མ་ཡིན་ན། ཁྱོད་རང་བདེན་པ་གཉིས་ཀར་གྲུབ་པར་བལྟ་བའི་དངོས་པོའམ་དངོས་མེད་ཀྱི་ཆོས་འདི་ལྟར་གྲུབ་བོ་ཞེས་གྲུབ་ཚུལ་སྨྲས་པ་དེ་ཉིད་ཀྱིས་སྟོང་ཉིད་མ་ཡིན་པར་གྲུབ་པའི་དངོས་པོ་དེ་ཉིད་ལ་གནོད་པར་འགྱུར་བས། མདོར་ན་བདེན་གཉིས་སུ་གྲུབ་པར་ཞེན་པའི་ཆོས་དེ་ཐམས་ཅད་བདེན་པ་གཉིས་པོ་དེ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་མི་སྟོང་པར་སུས་བརྗོད་པའི་ཕྱོགས་ལ་གཏན་ཚིགས་དང་འཐད་པ་མི་འགྲུབ་པས། ཕྱོགས་དེ་འཛིན་པ་ཐམས་ཅད་ལ་ཕན་པ་ལས་རྒྱལ་བའི་སྐབས་ཡོད་པ་མ་ཡིན་ཏེ། དེ་ལྟར་སྨྲ་ན་འཇིག་རྟེན་གྱི་གྲགས་པ་ཡང་དག་ལ་བསྙོན་ཏེ་དངོས་མེད་པ་ལ་ཡོད་པར་རྟོག་པ་ཉིད་ཀྱི་ཕྱིར་རྟོག་པས་དེ་ལྟར་ཞེན་པ་ནི་རྟོག་གེ་པ་སྟེ་དེ་ལྟར་བློས་མོས་ཀྱང་དོན་ལ་མི་འགྲུབ་བོ། །དེས་ན་ཆོས་ཅན་སོགས་ཀུན་རྫཽབ་ཏུའང་མ་གྲུབ་དེར་རྟོག་པ་དེའི་རྟོག་ངོའི་ཆོས་ཅན་ཙམ་བཟུང་བར་བྱས་པ་ཁོ་ནས་ཆོས་དེ་སྟོང་ཉིད་དུ་སྒྲུབ་པའི་ཆོས་ཅན་སོགས་རྒོལ་བ་དེ་ངོར་བཞག་ཏུ་ཡོད་པས། ཆོས་ཅན་རྒོལ་ཕྱིར་རྒོལ་གང་ལའང་བདེན་པ་གཉིས་ཀར་གྲུབ་དགོས་མི་དགོས་ཞེས་རྩོད་པའི་གཞི་མེད་དེ་སེམས་དེ་དེར་མ་གྲུབ་པར་ཁོ་རང་གི་རྟོག་ངོའི་སེམས་སོགས་ཀྱི་ཆོས་ཅན་བཟུང་བ་དེ་ཙམ་གྱིས་དེའི་དགོས་དོན་བདེ་བླག་ཏུ་འགྲུབ་པའི་ཕྱིར་ཞེས་གསུངས་ལ། དེ་ལྟའི་དགོས་པ་སྤོང་ཚུལ་གཉིས་བྱུང་བ་ལ་བརྟེན་ནས་དབུ་མ་ཐལ་རང་གཉིས་ཞེས་བྱུང་བ་ཡིན་ནོ། །དེས་ན་གནད་འདི་ཉིད་ཀྱི་ཕྱིར་དངོས་མེད་དང་དངོས་པོའི་ཡིན་ཕྱོགས་ཀྱི་ཕུང་གསུམ་དང་མིན་ཕྱོགས་ཀྱི་ཕུང་གསུམ་པའི་ཀུན་རྫོབ་ཀྱི་ཆོས་ཀྱི་གཞིའམ་རྟེན་གྱི་སྟེང་དུ་འཁྲུལ་པའི་སྒྲོ་སྐུར་བསལ་ནས་འཁྲུལ་པ་དང་བྲལ་བའི་ཆོས་སྐུ་མངོན་དུ་བྱར་མེད་དོ། །དེ་ལྟའི་ཆོས་དེས་ཐ་སྙད་ཙམ་དུའང་དངོས་ཆོས་སུ་སྣང་ནས། སྤྲོས་བྲལ་ཆོས་སྐུ་ལ་སྒྲིབ་པར་བྱེད་པའི་སྤྲོས་ཆོས་བསྐྱེད་ནས་དེ་ལྟའི་སྤྲོས་ཆོས་ཀྱི་སྤྲོས་པ་བསལ་ཏེ་ཆོས་སྐུའི་རང་ཞལ་བལྟ་བའི་རྟེན་མི་བྱེད་པའི་ཕྱིར། དེས་ན་བཏགས་པ་ལྟར་སྣང་དམིགས་སུ་མྱོང་བའི་སེམས་དང་རྟོག་པ་ཉིད་ཀྱི་སྟེང་དུ་སྤྲོས་སྒྲིབ་ཐམས་ཅད་བཅད་ན་དེའི་ཡུལ་གྱི་སྣང་བ་དང་བཏགས་བརྗོད་ཐམས་ཅད་ཀྱི་སྟེང་དུ་སྤྲོས་སྒྲིབ་ཆོད་པར་འགྱུར་བས་རྣམ་རྟོག་ཆོས་ཀྱི་སྐུ་དང་སྣང་བ་རང་གི་སེམས་ཞེས་པའི་ཆོས་ཚུལ་ལ། བཀའ་བརྒྱུད་པ་འདི་པ་ཐུགས་ཀྱིས་རྩིས་པོ་ཆེར་བཟུང་ནས་དམ་ཆོས་བླ་ན་མེད་པར་མཛད་པས་སྐལ་ལྡན་གྱི་སྐྱེས་བུ་དག་ཆོས་ཚུལ་འདི་ལ་རབ་རྟོགས་པ། འབྲིང་ཉམས་ཐ་མའང་གོ་བའི་ཤེས་རབ་ཙམ་གྱིས་ཀྱང་ཉམས་སུ་ཅི་ལོངས་ལ་འབད་པར་གྱིས་ཤིག

༦༦

དེས་ན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་པའི་གནས་ལྷན་ཅིག་སྐྱེས་པའི་ཆོས་དེ་ལམ་དུ་གཅིག་པ་དང་ཐ་དད་པའི་སྤྲོས་པ་མཉམ་པ་ཉིད་དུ་བསལ་ནས་འཁོར་འདས་སམ་སྲིད་ཞིའམ་བདེན་གཉིས་སམ་ཆོས་ཅན་དང་ཆོས་ཉིད་དམ་རྣམ་རྟོག་ཆོས་སྐུ་མཉམ་ཉིད་དུ་སྦྱོར་ཚུལ་ཇི་ལྟར་རོ་ཞེས་རྟོག་པ་ན། ཆོས་སྐུ་དོན་དམ་བདེན་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ཉམས་སུ་ལེན་པར་འདོད་པས་རྣམ་རྟོག་ཀུན་རྫོབ་ཀྱི་བདེན་པའི་ཆོས་ཅན་དེ་ཉིད་དངོས་སུ་ཉམས་སུ་མ་བླངས་པར་དེའི་ཆོས་སྐུ་ཉམས་སུ་བླང་བྱར་མེད་དོ། །ཆོས་ཅན་རྣམ་རྟོག་དེ་ཉིད་ཀྱི་ངོ་བོའམ་རང་བཞིན་ལས་གཞན་དུ་ཆོས་ཉིད་ཆོས་ཀྱི་སྐུའི་ངོ་བོའམ་རང་བཞིན་གཞན་དུ་མེད་པར་ལྷན་ཅིག་ཏུ་སྐྱེས་པས་ཆོས་ཅན་རྣམ་རྟོག་གི་སྤྲོས་པ་དེ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བར་ཉམས་སུ་བླངས་པ་ན། ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཆོས་སྐུ་ཉམས་སུ་ལེན་པར་འགྱུར་ལ། ཆོས་ཅན་རྣམ་རྟོག་གི་སྤྲོས་པ་དང་བྲལ་བའི་སྦྱོར་ཚུལ་ཁོང་དུ་མ་ཆུབ་ན་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཆོས་སྐུའང་སྤྲོས་པ་དང་བྲལ་བའི་སྦྱོར་ཚུལ་ཁོང་དུ་ཆུབ་པར་མི་འགྱུར་བའི་ཕྱིར། དེས་ན་ཆོས་སྐུའི་རང་ཞལ་བལྟ་བར་འདོད་པས་རྣམ་རྟོག་གི་རང་ངོ་མ་བལྟས་ན་རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། ཉི་མའི་འོད་འདོད་པས་ཉི་མ་མི་འདོད་པ་དང༌། ཙན་དན་གྱི་དྲི་འདོད་པས་ཙན་དན་མི་འདོད་པ་དང༌། དགུན་གྱི་དུས་ཆུ་འདོད་པས་ཆབ་རོམ་མི་འདོད་པའི་དཔེས་བཀའ་བརྒྱུད་འདིའི་བླ་མ་གོང་མ་དག་རྒྱ་ཆེར་གསུངས་སོ། །དེས་ན་རྣམ་གྲོལ་བྱང་ཆེན་གྱི་གོ་འཕང་ཐོབ་ཆེད་དུ་རྣམ་རྟོག་གི་ངོ་བོ་ལ་རོ་མེད་ཁུང་མེད་དུ་རྩ་འདེད་དུ་འཐར་འདེད་དུ་བྱེད་དགོས་སོ་ཞེས་རྗེ་སྒམ་པོ་པའི་ཞལ་ནས། སྟོང་པ་ཉིད་ལྷ་འདྲེས་ཀྱང་སྒོམ་ཤེས་ཕན་མེད། དེ་ལས་ངོ་བོ་ཀ་སྒོམ་དགོས། ཞེས་གསུངས་པའང་རྣམ་རྟོག་གི་ངོ་བོ་འདི་ཉིད་ལ་དགོངས་པ་ཡིན་ནོ། །ཡང་རྗེ་སྒམ་པོ་པས་གཉུག་མ་ཐ་མལ་གྱི་ཤེས་པའི་ཆོས་ཅན་གྱི་སེམས་དང་གློ་བུར་དྲི་མ་རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོས་ཅན་གྱི་རྣམ་རྟོག་ལ། ཐ་སྙད་དུ་འཁོར་འདས་ཀྱི་རྒྱུ་སོ་སོར་བྱེད་པས་རྣམ་འབྱེད་མཛད་དེ། དེ་ཉིད་ཀྱི་ཕྱིར་ཇི་སྐད་དུ་སྐྱེས་སྦྱོར་གྱི་ཁྲིད་དུ། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། ཞེས་སེམས་དང་རྣམ་རྟོག་གཉིས་སུ་དབྱེ་བ་མཛད་ཀྱང༌། དེ་གཉིས་ཀྱི་ཆོས་ཉིད་ཆོས་ཀྱི་སྐུ་ལ་དབྱེ་བ་མ་མཛད་པར། ཆོས་ཅན་སེམས་དང་རྣམ་རྟོག་དེ་ཉིད་དེ་ལྟར་གདོད་ནས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ཆོས་ཀྱི་དབྱིངས་ཟབ་མོ་སྟོང་པ་ཉིད་ལ་རང་བཞིན་ཆོས་སྐུ་དང༌། དེ་ལྟར་རྟོགས་པའི་ཡེ་ཤེས་ལ་རྟོགས་ཡེ་ཆོས་སྐུ་ཞེས་བཞག་ནས་ཆོས་ཅན་རྣམ་རྟོག་དེ་ཉིད་ཀྱི་སྟེང་ནས་ཆོས་ཉིད་ཆོས་ཀྱི་སྐུ་བསྒྲུབ་པར་བྱའོ། །

༦༧

དེ་ལྟར་ལེགས་པར་སྒོམ་པའི་ཕྱག་ཆེན་གྱི་ཁྲིད་སྲོལ་ལ། མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པའི་སྙིང་པོ་བླངས་ཏེ། རིན་པོ་ཆེ་ཀརྨ་པཀྴིས་ཕྱག་རྒྱ་ཆེན་པོ་སྐུ་གསུམ་དུ་ངོ་སྤྲོད་པའི་ཁྲིད་ཅེས་རྩལ་འདོན་དུ་མཛད་པའི་ཁྲིད་ཀྱང་རྣམ་རྟོག་འདི་ཉིད་ཀྱི་འབྱུང་གནས་འགྲོ་གསུམ་གྱི་ངོ་བོ་ལ་བལྟས་པས། རྒྱུ་སེམས་ཅན་གྱི་དུས་ནས་འབྲས་བུ་སངས་རྒྱས་ཀྱི་སའི་བར་གྱི་ཤེས་རྒྱུན་གྱི་སྐྱེ་འགག་གི་དྲི་མ་ཐམས་ཅད་དྲི་མ་མེད་པར་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་ཡིན་ལ། དེ་ལྟའི་རྟོགས་པ་སྐྱེད་ཚུལ་ནི་སེམས་ཅན་གྱི་སེམས་འདི་སྐྱེ་འགག་གནས་པའི་དངོས་ཆོས་རང་བདེན་པར་སྣང་བ་ལྟར་གྲུབ་ཅིང་བདེན་པ་ཡིན་ན། ཐ་སྙད་ཙམ་གྱི་ངོར་སེམས་སྐྱེ་འགག་སོགས་ཀྱི་དངོས་པོར་མི་རུང་བར་རྟག་ཆད་ཅན་གྱི་དངོས་པོར་འགྱུར་ཏེ། སེམས་ཀྱི་འགགས་ཆ་འགགས་པར་བདེན་ན་སེམས་སྐྱེ་བ་མི་འགྲུབ་པས་སེམས་ཀྱི་དངོས་པོ་ཆད་པ་ཅན་དུ་འགྱུར་ལ་སེམས་ཀྱི་སྐྱེ་ཆ་སྐྱེ་བར་བདེན་ན་སེམས་འགགས་པ་མི་འགྲུབ་པས་སེམས་ཀྱི་དངོས་པོ་རྟག་པ་ཅན་དུ་འགྱུར་བའི་ཕྱིར། དེས་ན་ཐོག་མེད་ནས་འཁྲུལ་དབང་གི་སེམས་ཀྱི་སྐད་ཅིག་སོགས་ལ་རྟག་ཆད་སོགས་ཀྱི་བདག་བདེན་དུ་བཟུང་བ་དང་འཛིན་པས་འཁོར་བའི་གཞི་འདིར་འཁྱམས་པ་ཡིན་ལ་ད་ནི་ཆོས་ཅན་སེམས་ཀྱི་སྐད་ཅིག་སོགས་ལ་སྐྱེ་འགག་གི་བདག་བདེན་གྱི་འཁྲུལ་མཚང་རིག་པར་བྱས་ནས་ཆོས་ཀྱི་འཁྲུལ་པ་དང་བྲལ་བའི་ཆོས་སྐུའི་རང་ཞལ་འདི་ལྟར་དུ་བལྟ་བར་བྱ་སྟེ། སེམས་དང་རྣམ་རྟོག་འདི་ཉིད་སྐྱེ་བ་ལྟར་སྣང་ཙམ་ལས་སྐྱེ་བའི་རང་བཞིན་ལ་བལྟས་པ་ན་སྐྱེ་བའི་དངོས་པོ་དེ་ཉིད་བཏང་བཞིན་པར་སྐྱེ་བའམ་མ་བཏང་བར་སྐྱེ། བཏང་བཞིན་པར་སྐྱེ་ན་སྐྱེ་བ་སྐྱེ་བར་མི་འགྲུབ་སྟེ་སྐྱེ་བའི་དངོས་པོ་བཏང་བ་ཉིད་དུ་འགྱུར་བའི་ཕྱིར་དང་མ་བཏང་བར་སྐྱེ་ན་དེ་ཉིད་ཀྱིས་ཕྱིར་སྐྱེ་བའི་དངོས་པོ་གཞན་དང་གཞན་དུ་མི་འགྱུར་བས་སྐྱེ་བ་ཉིད་ཀྱང་མི་འགྲུབ་པར་འགྱུར་བས་རང་སེམས་སྐྱེ་བ་མེད་པ་ཉིད་ཀྱིས་ན་སྐྱེ་སོགས་ཀྱི་དངོས་ཆོས་གོ་མ་བཀག་པས་དངོས་ཆོས་སྐྱེ་བ་ལྟར་སྣང་དུ་རུང་ལ། མ་སྐྱེས་པའི་ཆོས་ལ་འགག་ཏུ་མེད་པས། འགག་ཏུ་མེད་པ་ཉིད་ཀྱིས་དངོས་ཆོས་འགག་མེད་དུ་འབྱུང་བའི་གོ་མ་བཀག་པས་དངོས་ཆོས་འགག་མེད་དུ་འབྱུང་བ་ལྟར་སྣང་དུ་རུང་ལ། སྐྱེ་འགག་མེད་པ་ཉིད་ཀྱི་ཆོས་ལ་གནས་པ་མེད་པས་གནས་པ་མེད་པ་ཉིད་ཀྱིས་དངོས་ཆོས་གནས་པའི་གོ་མ་བཀག་པས་དངོས་ཆོས་གནས་པ་ལྟར་སྣང་དུ་རུང་ལ། དེས་ན་སེམས་རང་བཞིན་སྐྱེ་འགག་གནས་པའི་སྐད་ཅིག་གི་དངོས་ཆོས་རང་བདེན་པ་དེ་ཉིད་དུ་མ་གྲུབ་ཀྱང༌། སྐྱེ་འགག་གནས་པའི་སྐད་ཅིག་གི་དངོས་ཆོས་བདེན་མེད་བསླུ་རྫུན་གྱི་སྐྱེ་འགག་གནས་པའི་སྐད་ཅིག་ཙམ་དུ་སྣང་རུང་བའི་ཕྱིར། སེམས་ཀྱི་རང་བཞིན་དོན་དམ་པར་སྐྱེ་འགག་གནས་པའི་དངོས་པོ་དང་བྲལ་ཡང་ཀུན་རྫོབ་ཐ་སྙད་ཙམ་དུ་སྐྱེ་འགག་གནས་པའི་དངོས་པོར་སྣང་བས་སྐྱེ་འགག་གནས་བྲལ་གྱི་སྐྱེ་འགག་གནས་པའི་གོ་མ་བཀག་ཅིང༌། སྐྱེ་འགག་གནས་པས་སྐྱེ་འགག་གནས་བྲལ་ལ་ཐོགས་རེག་གི་སྒྲིབ་པར་མ་བྱས་པས་དེ་ལྟའི་བདེན་པ་གཉིས་ཆོས་རང་གི་ངོ་བོས་ཐ་དད་པར་ཡང་མ་གྲུབ་ལ། ཐ་དད་པར་མ་གྲུབ་ན་གཅིག་པར་ཡང་ལྟ་ག་ལ་ཞིག་གོ །དེ་ལྟར་སེམས་ཀྱི་སྐད་ཅིག་སོགས་ཀྱི་རང་བཞིན་ལ་སྒྲོ་སྐུར་བསལ་བའི་ཤེས་རབ་ཀྱི་རྟོགས་པ་སྐྱེས་པ་ན་དེ་ལྟའི་རྟོགས་པ་དེ་ཉིད་ཆོས་སྐུའི་ཉེ་རྒྱུ་ཡེ་ཤེས་ཀྱི་ཚོགས་དང་དེ་དང་ཟུང་འབྲེལ་གྱི་དགེ་ཚོགས་བསོད་ཚོགས་གཟུགས་སྐུའི་ཉེ་རྒྱུ་བྱེད་པས། དེ་ལྟའི་ཚོགས་གཉིས་བསག་སྦྱང་ལམ་དུས་ཀྱི་སྐུ་གསུམ་སྒྲུབ་པར་བྱེད་པའི་ཉམས་ལེན་དུ་ངོ་སྤྲད་ནས། དེ་ཉིད་སྐུ་གསུམ་གྱི་རྒྱུར་ཉམས་སུ་བླངས་པ་ན་ཉམས་སུ་ལོན་ཏེ་རང་གི་བསྒྲུབ་པར་བྱ་བ་མཐར་ཕྱིན་པ་ན་སྐུ་གསུམ་གྱི་འབྲས་བུ་མངོན་དུ་བྱེད་པ་ཡིན་ནོ། །དེ་ལྟར་ཤེས་པའི་འབྱུང་གནས་འགྲོ་གསུམ་ལ་སྐུ་གསུམ་གྱི་ཉམས་ལེན་རྣལ་མ་རྒྱུད་ལ་སྐྱེས་ན་དེ་ཉིད་ཀྱིས་མཚོན་ནས་འཁོར་བའི་སྐྱེ་འཆི་བར་དོ་གསུམ་ཡང་སྐུ་གསུམ་གྱི་ངོ་བོར་ཁྱེར་ཤེས་པའི་ཉམས་རྟོགས་རྒྱུད་ལ་སྐྱེ་སྟེ། སྐྱེ་འཆི་དང་བར་སྲིད་དམ་སྔོན་དུས་ཀྱི་སྲིད་པ་དོན་དམ་པར་སྐྱེ་འགག་གནས་གསུམ་དང་བྲལ་ཞིང༌། ཀུན་རྫོབ་ཏུ་སྐྱེ་འཆི་དང་བར་སྲིད་དམ་སྔོན་དུས་ཀྱི་སྲིད་པ་འབྱུང་དུ་རུང་བར་རྟོགས་པའི་སྐྱེ་འཆི་སོགས་ཀྱི་སྐྱེ་འགག་གནས་གསུམ་དང་བྲལ་བར་ཁོང་དུ་ཆུབ་པའི་ཆ་ནས་ཡེ་ཤེས་ཀྱི་ཚོགས་དང༌། རྟེན་འབྱུང་གི་སྐྱེ་འཆི་སོགས་ཀྱི་སྐྱེ་འགག་གནས་པར་རུང་བར་ཁོང་དུ་ཆུབ་པའི་ཆ་ནས་ཟག་མེད་ཀྱི་བསོད་ཚོགས་ཀྱིས་རིམ་བཞིན་ཆོས་གཟུགས་ཀྱི་སྐུ་བསྒྲུབས་ནས་སྐྱེ་འཆི་བར་དོ་སོགས་ཀྱི་སྲིད་པ་གསུམ་ལམ་དང་འབྲས་བུའི་སྐུ་གསུམ་གྱི་ངོ་བོར་འཆར་བར་བྱེད་པའི་ཕྱིར། དེ་ལྟའི་རྟོགས་པ་ཐོབ་པའི་རྣལ་འབྱོར་པ་དེ་རང་ཉིད་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་མི་ལེན་ཀྱང༌། གཞན་དོན་དུ་འདུན་པ་དང་སྨོན་ལམ་དང་ཉམས་རྟོགས་ཀྱི་བྱེད་པས་འཁོར་བར་འཁོར་བའི་སྐྱེ་གནས་དཔག་ཏུ་མེད་པས་སྐྱེ་འཆི་སྣ་ཚོགས་པ་སྟོན་པ་ལ་དབང་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་དབང་ཐོབ་པས་ནམ་ཞིག་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་རང་དོན་དུ་ཆོས་ཐམས་ཅད་སྐྱེ་འགག་གནས་པའི་རྣམ་པ་ཐམས་ཅད་དང་བྲལ་བ་ཉིད་དུ་ཆོས་ཀྱི་སྐུ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ནའང་གཞན་དོན་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་སྐྱེ་འགག་གནས་པའི་རྣམ་པ་ཐམས་ཅད་པའི་སྣང་བ་ལ་འབད་མེད་ལྷུན་གྲུབ་ཏུ་ནམ་མཁའི་མཐས་གཏུགས་པར་འབྱུང་བ་ཡིན་ནོ། །དེས་ན་རྫོགས་པའི་སངས་རྒྱས་ཀྱི་སར་སྐྱེ་འགག་སོགས་དང་བྲལ་བཞིན་པར་སྐྱེ་འགག་སོགས་ཀྱི་རྣམ་པར་སྣང་བའི་སྐུ་གསུམ་འབྱུང་བའི་རྒྱུའི་གཙོ་བོ་ཡང་རང་སེམས་སྐད་ཅིག་གི་སྐྱེ་འགག་གནས་པར་གྲུབ་མ་གྲུབ་དང་སྐྱེ་འགག་སོགས་སུ་སྣང་རུང་མི་རུང་གི་སྒྲོ་སྐུར་གྱི་འཁྲུལ་སྒྲིབ་གཅོད་པ་ལ་རག་ལས་པས། རྣམ་རྟོག་གི་སྟེང་ནས་སྐུ་གསུམ་གྱི་གོ་འཕང་སྒྲུབ་པའི་ཐབས་འདིར་འབད་པར་བྱའོ། །རྣལ་འབྱོར་དེ་ཉིད་ཀྱི་རྟོགས་པ་ཐོབ་པའི་ཆ་ནས་བཀའ་བརྒྱུད་འདི་ལ་ཀུན་མཁྱེན་འཇམ་དཔལ་བཟང་པོས་འདི་ལྟར་གསོལ་བ་བཏབ་པར་མཛད་དེ། སྐྱེ་མེད་ཆོས་སྐུ་འགག་མེད་ལོངས་སྤྱོད་རྫོགས། །གནས་མེད་སྤྲུལ་སྐུ་དབྱེར་མེད་ངོ་བོ་ཉིད། །སྐུ་བཞིའི་དབང་ཕྱུག་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་འབྱུང་ངོ༌། །

༦༨

དེ་ལྟའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཚུལ་འདི་ལ། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པས། བྱང་ཆུབ་སེམས་དང་ཡི་དམ་ལྷ། །བླ་མ་ཕྱག་རྒྱ་ཆེན་པོ་སྟེ། །བསྔོ་བའི་ཆོས་ཀྱིས་ཉམས་སུ་བླང༌། །ཞེས་ཕྱག་རྒྱ་ཆེན་པོ་ཐབས་ཤེས་ལྔ་ལྡན་གྱི་སྒོ་ནས་ཉམས་སུ་ལེན་དགོས་པར་གསུངས་ཏེ་དེ་ཡང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་འདི་ལྟ་སྒོམ་སོགས་ཀྱི་སྤྲོས་པ་བཅད་ནས་ཞག་སྦྲེལ་ལམ། ཐུན་ཚོད་རེ་ཙམ་མམ། ཐུན་ཆུང་ངུ་རེ་ལས་མི་སྒོམ་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྣོད་བཅུད་ལྷར་བསྒོམ་པ་དང༌། བླ་མ་ལ་མོས་གུས་སྒོམ་པ་དང༌། རྗེས་བསྔོ་བས་རྒྱས་མ་བཏབ་ན་ཕྱག་རྒྱ་ཆེན་པོ་རྐྱང་སྒོམ་དུ་བྱས་པས་རྟེན་འབྲེལ་གྱི་གནད་འཆུགས་པའི་ལམ་ལ་བར་ཆད་ཆེས་ཆེ་བ་འཇུག་པའི་ཕྱིར། དེ་ཡང་སེམས་ཅན་གྱི་དོན་གྱི་བྱང་ཆུབ་ཀྱི་སེམས་ལས་བློ་ཕྱིར་ཕྱོགས་པ་ན་སེམས་ཅན་གང་དག་ལ་ལ་ཡིད་འོང་གི་ཆགས་བྱར་བཟུང་ནས། དེའི་ཆོས་ཀྱི་ཡོན་ཏན་མཁས་བཙུན་བཟང་གསུམ་འཇིག་རྟེན་གྱི་ཡོན་ཏན་འཕེན་ཕྱུག་བཙན་གསུམ་ལྟ་བུའི་བདེ་འབྱོར་བདག་གིས་ཐོབ་པར་བྱ་སྙམ་པ་དང༌། ཡང་སེམས་ཅན་གང་ལ་ལ་ཡིད་དུ་མི་འོང་བར་སྡང་བྱར་བཟུང་ནས་དེའི་ཆོས་ཕྱོགས་ཀྱི་མཁས་བཙུན་བཟང་གསུམ་འཇིག་རྟེན་གྱི་སྟོབས་འབྱོར་ཕུན་ཚོགས་ཐམས་ཅད་བདག་གིས་ཟིལ་གྱིས་མནན་པར་བྱའོ་སྙམ་པའི་མི་དགེ་བསམ་སྦྱོར་དེའི་དངོས་ཀྱི་རྣམ་སྨིན་འཁོར་བ་ངན་སོང་གི་སྡུག་བསྔལ་འབའ་ཞིག་ལ་དར་དྲག་ཡུན་རིང་དུ་སྤྱོད་པར་འགྱུར་ལ། དེ་ལྟར་གྱི་བྱེད་པ་དང་མྱོང་བ་རྒྱུ་མཐུན་གྱི་འབྲས་བུས་དེ་ལྟའི་ཆགས་སྡང་གི་བློ་རྒྱུན་ལྡན་དུ་འབྱུང་བ་དང༌། དེ་ལྟར་གྱི་བསམ་སྦྱོར་གྱིས་ཐོབ་ཏུ་རེ་བའི་མི་མཐུན་ཕྱོགས་ཁོ་ན་ལ་ལོངས་སྤྱོད་པར་འགྱུར་ཞིང༌། དབང་གི་འབྲས་བུ་ནི་རང་གི་ཅི་ལྟར་འདོད་པའི་དོན་ལས་བཟློག་པའི་དངོས་པོ་དེ་ཐོབ་པའི་གནས་གྲོགས་མཐུན་རྐྱེན་ཐམས་ཅད་འབད་མེད་དུ་འབྱོར་ཞིང༌། འདོད་དོན་གྱི་དངོས་པོ་དེ་ཐོབ་ལ་བསྐལ་པའི་གནས་གྲོགས་མཐུན་རྐྱེན་ཐམས་ཅད་འབད་མེད་དུ་འགྲུབ་པར་འགྱུར་བ་ཡིན་ལ། དེས་ན་རང་གི་ཡིད་དུ་འོང་མི་འོང་གི་དབང་གིས་ཆགས་སྡང་ལ་སོགས་ཉོན་མོངས་པ་སྐྱེ་བའི་རྟེན་གྱི་གང་ཟག་དེ་ཉིད་ལྷག་པར་དམིགས་རྟེན་དུ་བཟུང་ནས་བདག་གིས་སྔར་ཕན་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ལ་བདག་སོགས་སེམས་ཅན་རྣམས་ཀྱིས་འགྲོ་བ་ནང་ཕན་ཚུན་ཆགས་སྡང་གི་དམིགས་རྐྱེན་དུ་བཟུང་ནས་ཕན་གནོད་ཀྱི་ལས་དུ་མ་བསྒྲུབས་པས་འཁོར་བའི་སྡུག་བསྔལ་གཞལ་དུ་མེད་པ་འདི་མྱོང་བ་ཡིན་པས། ད་ནས་ཆགས་སྡང་གི་ཡུལ་གྱི་འགྲོ་བ་སྐྱབས་མགོན་མེད་པ་འདི་རྣམས་ལ་བདེ་འབྱོར་དང་ལྡན་པའི་ཆགས་སྡང་གི་ཡུལ་དུ་མི་སྣང་ཞིང་ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་འབྱོར་དང་བྲལ་བའི་སྡུག་བསྔལ་མཐའ་མེད་མྱོང་བའི་སྙིང་རྗེའི་ཡུལ་ཁོ་ནར་སྣང་བས། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བདེ་འབྱོར་ཕུན་སུམ་ཚོགས་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བདག་ཉིད་ཀྱི་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་འཇོག་ནུས་པའི་རྫོགས་སངས་ཐོབ་པ་ལ་སྒྲིབ་པའི་སྒྲིབ་པ་སྦྱང་ཆེད་ཀྱི་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ངོ་བོའམ་ཕྱག་རྒྱ་ཆེན་པོའི་བསག་སྦྱང་ལ་འབད་པར་བྱའོ། །ཞེས་སྙིང་ཐག་པ་རུས་པའི་གཏིང་ནས་རྒྱུད་འགྱུར་བར་ངེས་ངེས་སུ་སེམས་བསྐྱེད་པར་བྱའོ། །དེས་ན་སེམས་ཅན་གང་དང་གང་ཡིན་པ་དེ་དང་དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་འབྲེལ་པས་དངོས་སུ་བསྡུ་ན་དེ་ཉིད་ལ་རང་གིས་གཙོས་པའི་འགྲོ་བ་རིས་མེད་པའི་འདྲེན་པར་བདག་ཉིད་གྱུར་ནས། གདུལ་བྱ་དེ་དག་ལ་ཆོས་བསྟན་པ་ན་ཚེགས་མེད་པར་བྱང་ཆུབ་ཆེན་པོར་སྨིན་གྲོལ་དུ་འགོད་ནུས་པར་འགྱུར་ཞིང༌། འགྲོ་བ་དེ་དག་བྱང་ཆུབ་ཀྱི་སེམས་ཀྱི་འབྲེལ་པས་དབང་དུ་མ་བསྡུས་ན་དེ་ཉིད་ལོ་དུ་མར་སློབ་མར་བཟུང་ནས་ཆོས་དང་ཟང་ཟིང་གི་དྲིན་གྱིས་བསྐྱངས་ཀྱང༌། ཚེ་འདིའི་བདེ་འབྱོར་ཀྱི་ཆོས་དང་འཇིག་རྟེན་གྱི་ཡོན་ཏན་གྱི་ཕན་པ་ཙམ་ལས་གདགས་མི་ནུས་པར་འགྱུར་བ་དང༌། ཁྱད་པར་རང་གི་བྱང་ཆུབ་ཀྱི་སེམས་ཀྱིས་འབྲེལ་ཅིང་དབང་དུ་བསྡུས་པའི་སེམས་ཅན་དེས་རང་གིས་ཅི་ལྟར་འདོད་པ་བཞིན་རང་གཞན་བྱང་ཆུབ་ཆེན་པོར་འགོད་པའི་མཐུན་རྐྱེན་བསྒྲུབ་པ་ལ་མཐུ་ནུས་ཐོགས་མེད་དུ་འབྱུང་ཞིང་དེ་ལྟར་བསྒྲུབ་པར་འགྱུར་བ་དང༌། དེ་ལྟར་བྱང་སེམས་ཀྱིས་དབང་དུ་བསྡུས་པ་དེས་ལྷག་ཏུ་རང་གི་སློབ་མའི་གཙོ་བོར་གྱུར་ནས་རང་གི་ལས་འབྲེལ་དངོས་བརྒྱུད་ནས་ཐོགས་ཚད་ཀྱི་གདུལ་བྱ་ཐམས་ཅད་ཀྱི་འདྲེན་པ་དམ་པར་གྱུར་ནས། རང་གཞན་གྱི་བྱང་ཆུབ་ཆེན་པོ་སྒྲུབ་པའི་ཕྲིན་ལས་ཀྱི་དབང་ཕྱུག་ཏུ་འགྱུར་རོ། །དེས་ན་དམ་པའི་ཆོས་ལ་བརྟེན་པའི་བདག་མཁས་བཙུན་བཟང་གསུམ་བྱ་སྙམ་པ་ཀུན་ཀྱང་དེ་ཉིད་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ནས་རྟོག་པ་དེ་རང་དབང་དུ་འདུས་པ་ན་བདག་ཉིད་མཁས་བཙུན་བཟང་པོ་རབ་ཀྱི་མཐར་ཕྱིན་ནས། བདག་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱང་མཁས་བཙུན་བཟང་གསུམ་དུ་གྱུར་ཏེ་རང་དབང་དུ་འདུ་བ་ཡིན་ཏེ། དེ་ཡང་སྔོན་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པ་དེ་ཉིད་ཀྱི་ཞལ་ནས། ངས་སྔར་བསྒྲུབ་པའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འདུལ་བ་ལ་སོགས་ལ་མཁས་པའི་འདུལ་འཛིན་གཅིག་བྱ་སྙམ་དུ་དགོངས་པའི་རྟོག་པ་དེ་ཉིད་ཚེ་འདི་དང་རང་དོན་ཡིད་བྱེད་ཀྱི་བློའི་དབང་དུ་ཕར་མ་སོང་བར་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་དབང་དུ་ཚུར་འདུས་པས། ད་ལྟ་ཕྲིན་ལས་ཀྱི་དུས་སུ་དཔལ་ཐག་མ་བ་སོགས་འདུལ་འཛིན་ཐམས་ཅད་ཀྱི་མཁན་པོར་གྱུར་པའི་མཁན་པོ་དུ་མ་དང༌། གྲུ་སྐྱ་མོ་བ་སོགས་སྟོན་པ་མཁས་པ་ཐམས་ཅད་ཀྱི་སྟོན་པར་གྱུར་པའི་མཁས་པ་ཐམས་ཅད་དབང་དུ་འདུས་པ་ཡིན་ལ། རྟོག་པ་དེ་རང་དོན་ཡིད་བྱེད་སོགས་ཀྱི་དབང་དུ་ཕར་སོང་ནས་ཚུར་མ་འདུས་ན་རང་ཉིད་འདུལ་འཛིན་དང་སྟོན་པ་དེའི་རྗེས་སུ་ཕར་སོང་ནས་མི་ཚེ་ཧྲིལ་སློབ་གཉེར་སོགས་ཐ་སྙད་དང་ཚུལ་འཆོས་ཙམ་དུ་ཟད་ནས་རྗེས་སོར་འདུལ་འཛིན་དང་སྟོན་པ་དེ་དག་བཀའ་སྲོལ་འཛིན་པའི་གཙོ་བོ་ཞིག་ཏུ་འབྱུང་བ་ཡིན། དེ་བཞིན་དུ་ངའི་འཁོར་དུ་བྱང་ཆུབ་སེམས་དང་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་དུ་མ་འདུས་པ་དང༌། བརྒྱ་བྱིན་སོགས་འཇིག་རྟེན་སྐྱོང་བ་དཔག་ཏུ་མེད་པ་ཐམས་ཅད་འབད་མེད་དུ་དབང་དུ་འདུ་བ་ཡིན་ལ། དེ་བཞིན་དུ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སོགས་མཆོད་ཡུལ་ཐམས་ཅད་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་དབང་དུ་ཚུར་བསྡུས་ནས་བསག་སྦྱང་ལ་གནད་དུ་བསྣུན་པའི་ལྟ་སྒོམ་བྱས་པས། ད་ལྟ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་འདུ་འབྲལ་མེད་པར་དངོས་སུ་བྱིན་གྱིས་བརླབ་ཅིང་བྱིན་རླབས་ཞུགས་ནས་བླ་མ་སོགས་དཀོན་མཆོག་དེ་དག་གི་ངོ་བོར་སངས་རྒྱས་པ་ཡིན། བླ་མ་སོགས་དཀོན་མཆོག་དེ་དག་ལ་མཆོད་སོགས་ཀྱི་རྟོག་པའང་རང་དོན་ཡིད་བྱེད་སོགས་ཀྱི་རྟོག་པའི་དབང་དུ་ཤོར་ན་མི་ཚེ་ཧྲིལ་བླ་མའི་ཆེད་དུ་འཇིག་རྟེན་ཆོས་བརྒྱད་ཀྱི་ཞབས་ཏོག་གི་ལས་ཀར་ཟད་པ་དང༌། མི་ཚེ་ཡི་དམ་སོགས་ཀྱི་བསྙེན་སྒྲུབ་ལ་བསྐྱལ་ན་འཕྲལ་ནད་གདོན་སོགས་ཞི་བ་དང་ཚེ་བསོད་རྒྱས་པ་དང༌། རྒྱལ་པོ་སོགས་དབང་དུ་འདུལ་བ་དང༌། དགྲ་བོ་གསོད་རེངས་ཙམ་གྱི་ལས་ངན་གྱི་རྒྱུ་འབྲས་ལ་སྤྱོད་པས་ས་ལམ་གྱི་གེགས་སུ་འགྱུར་རོ་ཞེས་རྒྱལ་བ་འབྲི་ཁུང་པའི་ཟབ་ཆོས་ལས་འབྱུང་བ་ལྟར་ཉམས་སུ་ལེན་པར་བྱའོ། །

༦༩

བྱང་ཆུབ་ཀྱི་སེམས་དེ་ལྟ་བུས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཟིན་ཀྱང་སྣོད་བཅུད་ཡི་དམ་ལྷའི་དཀྱིལ་འཁོར་དུ་མ་ཤར་ན་གལ་སྲིད་བྱང་ཆུབ་ཀྱི་སེམས་གཉིས་དང་འགལ་བའི་ཆགས་སྡང་སོགས་ཀྱི་ཉོན་མོངས་པའི་བློ་སེམས་ཅན་ལ་སྐྱེས་ན་དེ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་གཉིས་ལ་གེགས་བྱས་ནས་ས་ལམ་གྱི་གོ་འཕང་ལས་ཉམས་པར་འགྱུར་བས། གལ་སྲིད་སེམས་ཅན་དེ་དག་ལ་ཆགས་སོགས་ཀྱི་ཉོན་མོངས་པ་སྐྱེས་པའི་ཚེ་འདི་ལྟའི་ཉམས་ལེན་གྱི་ཟིན་པར་བྱ་དགོས་ཏེ། སེམས་ཅན་དེ་དག་ཀྱང་ཉོན་མོངས་པ་ལྔ་ལས་སེམས་ཅན་ལ་ལ་འདོད་ཆགས་ཤས་ཆེ་བའི་རིགས་དང༌། ལ་ལ་ཞེ་སྡང་ཤས་ཆེ་བའི་རིགས་སོགས་ཐ་དད་པ་དུ་མ་ཡོད་ལ། སེམས་ཅན་ཉོན་མོངས་གང་ཆེ་བ་དེ་ཉིད་ཀྱི་ལས་དང་རྗེས་སུ་མཐུན་པའི་རང་ཉིད་ཀྱང་ཆགས་སོགས་ཀྱི་ཉོན་མོངས་པ་དེ་སྐྱེ་བར་འགྱུར་ལ། དེ་ལྟའི་སྤང་བྱའི་ཉོན་མོངས་པའི་རིགས་འདོད་ཆགས་ལྟ་བུ་ཤས་ཆེ་བའི་རྒྱུད་ལ་གཉེན་པོ་ཡེ་ཤེས་ལྔའི་ནང་ནས་སོར་རྟོག་ཡེ་ཤེས་ཤས་ཆེ་བར་ཤེས་དགོས་ལ། ཡེ་ཤེས་ལྔ་ལས་གང་ཤས་ཆེ་བའི་རིགས་ཀྱི་གང་ཟག་དེ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང་འཁོར་ལོའི་རིགས་ཞེས་པའི་གཞི་དུས་ཀྱི་རྡོ་རྗེ་འཛིན་པ་ཡིན་ལ། དེ་ལྟར་ཡིན་པར་ཤེས་ན་རྣལ་འབྱོར་པས་སེམས་ཅན་དེ་དག་ལ་འདོད་ཆགས་སོགས་ཀྱི་རྟོག་པ་སྐྱེས་པ་ན་འདོད་ཆགས་རང་ག་བར་མི་བཏང་བར། སེམས་ཅན་དེ་དག་གཞི་ལམ་གྱི་བཅོམ་ལྡན་འདས་འདོད་ཆགས་རྡོ་རྗེ་ཡིན་པས། འདོད་ཆགས་སྐྱེས་པ་དེ་ཉིད་འདོད་ཆགས་རྡོ་རྗེའི་མཆོད་པ་དམ་པའི་ངོ་བོར་བྱིན་རླབས་ནས་མཆོད་པའི་དགེ་རྩ་བསགས་པས་དེ་ཉིད་ཐ་མལ་པའི་ཆགས་སོགས་ལྟར་འཁོར་བའི་རྒྱུ་མི་བྱེད་པར། དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་རྒྱུའི་ཆགས་སོགས་ཀྱི་ཉོན་མོངས་ཆེན་པོར་གྱུར་ཏེ། སེམས་ཅན་གང་ཆགས་སོགས་ཆེ་བའི་རིགས་དེ་ཉིད་འདོད་ཆགས་རྡོ་རྗེ་འོད་དཔག་མེད་ཀྱི་རིགས་སུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལས་གཞན་དུ་མི་འགྱུར་བའི་འབྲེལ་པ་ཐོགས་ནས་དབང་དུ་འདུས་པ་ན། བདག་དང་སློབ་མ་གཉིས་ཀའང་འདོད་ཆགས་རྡོ་རྗེའི་རིགས་གཙོ་བོར་གྱུར་པའི་རིགས་དྲུག་པ་རྡོ་རྗེ་འཆང་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་དེའི་ཚེ་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དེར་དཀྱིལ་འཁོར་གྱི་གཙོ་བོར་འགྱུར་བ་ན། སློབ་མ་དེའང་འདོད་ཆགས་རྡོ་རྗེའི་རིགས་ཀྱི་དེ་བཞིན་གཤེགས་པ་འོད་དཔག་མེད་དུ་གྱུར་ནས་འཁོར་དུ་འབྱུང་བ་ཡིན་ན། དེས་མཚོན་ནས་སེམས་ཅན་གང་ལ་ཞེ་སྡང་སོགས་སྐྱེས་པ་ན་དེའི་རིགས་ཀྱི་རྡོ་རྗེ་ཅན་ཡིན་པ་ལ་ཡིན་བཞིན་པར་ཤེས་རབ་ཀྱི་ཞེ་སྡང་རྡོ་རྗེའི་མཆོད་སོགས་ཀྱི་མཆོད་པས་སློབ་མ་དེ་དང་བདག་ཉིད་གཉིས་ཀ་དེའི་རིགས་ཅན་གྱི་དེ་བཞིན་གཤེགས་པར་སངས་རྒྱས་པ་དང༌། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་རིགས་ཆེན་རིགས་དྲུག་པ་རྡོ་རྗེ་འཆང་དུ་འཚང་རྒྱ་བ་ན་སློབ་མ་དེ་དག་ཀྱང་ཞེ་སྡང་རྡོ་རྗེའི་རིགས་མི་བསྐྱོད་པ་སོགས་སུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སྟོན་འཁོར་ཐ་མི་དད་དུ་བྱང་ཆུབ་བརྙེས་པ་ཡིན་པས། སྣོད་བཅུད་ཡི་དམ་གྱི་དཀྱིལ་འཁོར་གྱི་འཁོར་ལོར་དག་པའི་སྣང་བ་ལ་བསླབ་པར་བྱའོ། །

༧༠

བྱང་ཆུབ་ཀྱི་སེམས་དང་སྣོད་བཅུད་ཡི་དམ་གྱི་ལྷའི་རྣལ་འབྱོར་གྱིས་ཟིན་ཀྱང་བླ་མའི་མོས་གུས་གནད་དུ་མ་སོང་ཞིང་དམ་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་རྫོགས་པའི་སྒོ་ནས་བྱིན་རླབས་མི་འཇུག་སྟེ། རང་རྒྱུད་ཀྱི་དྲི་བཅས་གཉུག་མ་དམ་ཚིག་གི་ཡེ་ཤེས་རང་ལ་ཡོད་ཀྱང་གཞན་རྒྱུད་དྲི་བྲལ་གྱི་ཡེ་ཤེས་དང་ཐུགས་རྗེ་དང་ནུས་པ་དེ་ལྟ་བུ་བདག་རྒྱུད་དམ་ཚིག་པའི་ཡེ་ཤེས་ལ་འབྱུང་བའི་འདུན་པ་དང་དད་མོས་མེད་ན། བདག་རྒྱུད་དྲི་བཅས་ཀྱི་ཡེ་ཤེས་གཞན་རྒྱུད་དྲི་བྲལ་གྱི་ཡེ་ཤེས་ཀྱི་གོ་འཕང་ལྟར་དམ་ཡེ་དབྱེར་མེད་དུ་འདྲེ་མི་ནུས་པའི་ཕྱིར། སྤྱིར་སྐྱབས་གནས་ཀྱི་དཀོན་མཆོག་བླ་མ་མཚུངས་པ་མེད་པ་རྣམས་དང༌། ཁྱད་པར་རང་རེ་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་སྣང་བ་སྦྱིན་པའི་བཀའ་དྲིན་འགྲན་གྱི་ཟླ་དང་བྲལ་བ་དེའི་བཀའ་དྲིན་བསོས་ཆེད་དུ། བྱང་ཆུབ་ཆེན་པོའི་སྒྲུབ་པ་ལས་གཞན་པའི་སྒྲུབ་པ་གང་གིས་ཀྱང་མི་འཁོར་བ་རྩལ་བ་དེ་ཉིད་ལ་ཡོན་ཏན་འགྲན་གྱི་དོ་ཟླ་མེད་པར་བཟུང་ནས། དེ་ལྟའི་ཡོན་ཏན་ལ་ལྟོས་ན་བདག་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་འཆིང་བ་མཐའ་ཡས་པའི་རྒྱུའི་ལས་ཉོན་གྱི་སྐྱོན་གཞལ་དུ་མེད་པའི་བདག་ཉིད་དུ་གནས་པས་དམན་པ་ལས་ཆེས་དམན་པའི་འདུ་ཤེས་ཀྱིས་ང་རྒྱལ་བྲལ་བར་བླ་མའི་ཡོན་ཏན་དེའི་ཆ་ཤས་ཅུང་ཟད་ཙམ་ཞིག་ཐོབ་པའི་དོན་དུའང་སྐད་ཅིག་རེར་སྲོག་བརྒྱ་གཏོང་བར་ནུས་པའི་སྒོ་གསུམ་གྱི་དད་གུས་ཆེན་པོས་བླ་མ་དེས་གང་མཛད་ལེགས། གང་གསུངས་པ་ཐམས་ཅད་སེམས་ཅན་གྱི་ཁམས་སྦྱོང་བའི་ཕྱིར་ཡིན་པས་ཅི་གསུང་བདེན་པས་སྒྲུབ་པར་བྱ་བའི་མོས་གུས་མཐར་འཁྱོལ་བར་བྱ་སྟེ། དེ་ལྟར་མ་བྱས་ན་མཐར་ཐུག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དུ་འཁྱམས་པར་མ་ཟད་འཕྲལ་ཚེ་འདིར་ཡང་མཐོང་ཆོས་ལ་ཡོན་ཏན་གྱི་ཞིང་དམ་པ་ལ་སྐྱབས་གནས་བླ་མ་དམ་པའི་གུས་འདུད་ཀྱི་མོས་པ་མེད་པར་བདག་གིས་བླ་མ་བཟུང་བ་འདི་ལས་བདག་ཉིད་ཡོན་ཏན་མི་དམན་པའི་ང་རྒྱལ་གྱིས། བདག་དང་བླ་མ་གཉིས་ཡོན་ཏན་བདག་ལྷག་པའམ་མཉམ་པ་ལ་བླ་མ་འདི་ལ་འཇིག་རྟེན་པ་དག་གིས་རྙེད་བཀུར་སོགས་ཀྱིས་མཆོད་པ་ནི་བདག་གི་བློའི་ཕྲག་པར་མི་ཤོང་ངོ་སྙམ་པའི་རྟོག་པ་ཕྲ་མོ་ཞིག་སྐྱེས་པ་ན། རང་ཉིད་ལ་རང་ཉིད་དང་མཉམ་པར་མ་ཟད་རང་ཉིད་ལས་དམན་པའི་གང་ཟག་ཐམས་ཅད་ཀྱིས་ཀྱང་དྲག་ཏུ་མི་བཟོད་པའི་ཕྲག་དོག་སྐྱེ་ནས་གནོད་པ་སྣ་ཚོགས་སྐྱེལ་ཞིང༌། ཁྱད་པར་རང་ཉིད་ཀྱི་མཁན་སློབ་སོགས་བླ་མར་བཞུགས་པ་རྣམས་ཀྱིས་ཀྱང་དེ་ལ་གྲྭ་སློབ་དང་སྦྱིན་བདག་སོགས་ཀྱི་ཟང་ཟིང་གི་བསྙེན་བཀུར་བྱུང་བ་ན་གང་ཟག་འདི་ལྟ་ལ་ཡོན་ཏན་གྱི་ཆོས་འགའ་ཡང་མེད་པས་བསོད་ནམས་བསག་ཡུལ་མིན་ནོ་ཞེས་ཕྲག་དོག་གི་ཡུལ་དུ་དགོངས་པར་འགྱུར་རོ། །དེ་ལྟར་མཐོ་དམན་འབྲིང་གསུམ་དུ་མས་རང་ལ་ཕྲག་དོག་སོགས་ཀྱི་ཉོན་མོངས་ཀྱི་དམིགས་རྐྱེན་དུ་གྱུར་པ་ན། བདག་ཉིད་ཀྱང་དེ་དག་ལ་ཞེ་སྡང་སོགས་སྐྱེས་ཏེ་སྒོ་གསུམ་གྱི་ལས་ངན་དུ་མ་སོག་པར་གྱུར་པའི་འབྲས་བུ་ཚེ་འདི་ཉིད་དུའང་ལྟོ་གོས་སོགས་ཡོ་བྱད་ཀྱིས་ཕོངས་ནས། དབུལ་ཕོངས་ནད་སོགས་མདོར་ན་གནས་གྲོགས་ཆེས་ཡ་ང་བའི་རྐྱེན་གྱིས་མྱ་ངན་དང་སྨྲེ་སྔགས་འདོན་བཞིན་པར་འཆི་བར་བྱེད་གསང་སྔགས་ལྟར་ན་རང་གི་བཀའ་དྲིན་ཐོབ་པ་ལ་སྒོ་གསུམ་གྱི་སྤྱོད་པ་ལ་ཐ་མལ་པར་རྟོག་པ་ཕྲ་མོ་སྐྱེ་ན་རྡོ་རྗེ་དམྱལ་བར་སྐྱེ་བ་ཉིད་ཀྱིས་ས་ལམ་གྱི་བར་ཆད་ཆེན་པོར་འགྱུར་ན་ཚེ་འདིར་མི་འདོད་པ་སྣ་ཚོགས་འབྱུང་བ་ལྟ་ཅི་སྨོས་སོ། །དེས་ན་ཞིང་མཆོག་ཏུ་གྱུར་པ་རང་གི་བཀའ་དྲིན་དངོས་སུ་ཐོབ་པའམ་ཐོབ་པར་མ་གྱུར་ཀྱང་ཐོབ་ཡུལ་གྱི་དཔལ་ལྡན་བླ་མ་དཀོན་མཆོག་རིས་མེད་པ་ལ་མོས་གུས་ཀྱི་གདུང་ཤུགས་དྲག་པོ་ཕུལ་ནས་དེའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་རྣམ་པར་རྒྱུད་ལ་ཅི་ལོན་དུ་འབུངས་ཤིག

༧༡

དེ་ལྟར་ཆོས་གསུམ་པོ་དེས་ཕྱག་རྒྱ་ཆེན་པོ་ལ་ཟིན་ཀྱང་བྱང་ཆུབ་ཆེན་པོར་བསྔོ་བའི་བསྔོ་བས་རྒྱས་མ་ཐེབས་ན། ཕྱག་ཆེན་གྱི་རྟོགས་པ་དེའི་འབྲས་བུ་དེའང་མཁའ་དང་མཉམ་པར་ཕྱིས་མཐས་མི་གཏུགས་པར་ཟད་མི་ཤེས་པ་མི་འབྱུང་སྟེ། བྱང་ཆེན་དུ་མ་བསྔོས་པའི་དགེ་བ་དེ་ཉིད་ཀྱི་འབྲས་བུའང་སྨིན་ནས་ཟད་པ་ལས་དགེ་བའི་འབྲས་བུ་འཕེལ་ཞིང་ཡངས་པ་དང་མཐས་མི་གཏུགས་པའི་ཕྱིར། དེ་ལྟའི་བསྔོ་བའང་སེམས་ཅན་ཐམས་ཅད་རྫོགས་བྱང་ཐོབ་པའི་ཆེད་དུ་བསྔོ་བའི་བྱང་ཆུབ་ཆེན་པོའི་སྐུ་དང་ཡེ་ཤེས་ནི་དམིགས་པ་དང་སྤྲོས་པ་ཐམས་ཅད་བྲལ་ཞིང་དམིགས་པ་དང་སྤྲོས་པའི་སྡུག་བསྔལ་ཅན་གྱི་འཆིང་བ་ཐམས་ཅད་ལས་དགྲོལ་བར་རུང་བའི་སྤྲོས་ཆོས་སྣ་ཚོགས་སུ་སྣང་བའི་དགེ་བ་དེ་ཉིད་བྱང་ཆེན་དུ་བསྔོ་བ་ཡིན་པས་དོན་དམ་པར་གང་དུ་གང་གིས་དང་གང་བསྔོ་བའི་འཁོར་གསུམ་གྱི་སྤྲོས་པ་དང་བྲལ་ཀྱང་ཐ་སྙད་དུ་དགེ་བ་དེ་བྱང་ཆུབ་ཆེན་པོའི་ཆེད་དུ་དང༌། གང་གིས་ན་དགེ་རྩ་བསག་པོ་རང་ཉིད་ཀྱིས་དང་གཞན་གྱིས་བསགས་པའི་དགེ་བའང་བསྔོ་ན་རང་བསགས་པའི་དགེ་བ་བསྔོ་བ་དང་མཚུངས་པའི་འབྲས་བུ་ཐོབ་ལ། བྱང་ཆུབ་ཏུ་བསྔོ་རྒྱུའི་དགེ་བ་ནི་ཚོགས་གཉིས་ཀྱི་དགེ་བ་འདི་ལྟ་བུའོ་ཞེས་དམིགས་ཀྱིས་བཀར་ནས་དགའ་སྤྲོ་དང་བཅས་ཏེ་བསྔོ་བར་བྱའོ། །དེའང་བསྔོ་རྒྱུའི་དགེ་བ་མཆོག་ནི་རང་གཞན་གྱི་རྒྱུད་ཀྱི་བདེ་གཤེགས་སྙིང་པོའི་དགེ་བ་དེ་ཉིད་ཡིན་ཏེ། དེ་ཉིད་ཀྱི་དགེ་བ་རང་ལ་མངོན་དུ་གྱུར་ནས་དགེ་རྩར་བསགས་ཏེ་བསྔོ་བྱར་ཡོད་པ་ནི་བཀའ་བརྒྱུད་འདིའི་བཞེད་པ་ལྟར་ན་གཉུག་མ་ཐ་མལ་གྱི་ཤེས་པའི་དགེ་བ་མངོན་དུ་གྱུར་ནས་བསྔོ་བྱར་ཡོད་ལ། དེར་མ་ཟད་རྒྱུད་སྡེ་ནས་འབྱུང་བའི་རྫོགས་རིམ་གྱི་ཡེ་ཤེས་སྐྱེས་ནས་བསྔོ་བྱར་ཡོད་ལ། གཞན་དུ་ཡོད་དགེ་དངོས་སུ་མངོན་དུ་གྱུར་ནས་དེ་ཉིད་ལ་དགེ་ལས་བསགས་ནས་བྱང་ཆུབ་ཆེན་པོར་བསྔོ་བ་མེད་ཀྱང་རང་གཞན་གྱི་རྒྱུད་ཀྱི་ཡོད་དགེ་སྨོན་ལམ་གྱི་རྒྱས་བཏབ་ནས་བྱང་ཆུབ་ཏུ་བསྔོ་བ་ཡིན་ཞེས་བདག་གི་རྗེ་བླ་མ་རས་པ་ཆེན་པོས་གསུངས་སོ། །

༧༢

དེས་ན་བླ་མ་དམ་པ་ལ་རང་གིས་ཇི་ལྟར་འདོད་པ་ལྟར་གསོལ་བ་བཏབ་ནས་དབང་དུ་བསྡུ་བར་འདོད་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་ཐོབ་ཆེད་དུ་མོས་གུས་དྲག་པོས་གསོལ་བ་བཏབ་སྟེ། ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་ན་བླ་མ་དམ་པ་ཆོས་བཞིན་དུ་དགྱེས་པས་དབང་དུ་འདུ་བ་ཡིན་ནོ། །དེ་བཞིན་དུ་ཕྱིའི་ཡི་དམ་གྱི་ལྷ་གཞན་རྒྱུད་དུ་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་རིམ་གྱི་སྒྲུབ་པ་དང༌། ནང་གི་ཡི་དམ་གྱི་སེམས་ཉིད་རྫོགས་པའི་སངས་རྒྱས་རྫོགས་རིམ་གྱིས་སྒྲུབ་པའི་བསྙེན་སྒྲུབ་དྲག་པོར་བྱས་ནས་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་ན་ཡི་དམ་གྱི་ལྷ་དེ་དག་རང་གིས་ཇི་ལྟར་འདོད་པ་ལྟར་གྱི་དངོས་གྲུབ་སྟེར་བའི་སྒོ་ནས་དབང་དུ་འདུ་བ་ཡིན་ནོ། །དེ་བཞིན་དུ་བདག་རྒྱུད་ལ་ཞེ་སྡང་ལ་སོགས་པའི་དུག་ལྔ་སོགས་ངན་རྟོག་གང་སྐྱེས་པ་ན་དེ་ཉིད་ཀྱི་དབང་དུ་ཕར་མི་གཏོང་བར་ཤེས་པ་དེ་ཉིད་ཀྱི་ངོ་བོ་རིག་སྟོང་གི་ཆ་དེ་བྱང་ཆུབ་ཀྱི་སེམས་དེ་རིམ་བཞིན་ལྷ་སྐུ་དང་མོས་གུས་དང༌། ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་ནས་རྗེས་བསྔོ་བ་རྒྱས་བཏབ་སྟེ་བསྒོམས་པས་དུག་ལྔ་རྣམ་པར་དག་ནས་རྒྱལ་བ་རིགས་ལྔ་དང་ཡེ་ཤེས་ལྔའི་གོ་འཕང་ཐོབ་བྱེད་ཀྱི་དགེ་ཚོགས་ཕུལ་དུ་ཕྱིན་པར་འགྱུར་བས་འདི་ལྟའི་ཉམས་ལེན་ལ་འབད་པར་བྱའོ། །དེ་ཡང་འདི་ལྟར་དུ་སེམས་བསྐྱེད་ཅིང་བསྔོ་བ་དང་སྨོན་ལམ་དུ་བྱ་སྟེ། བདག་གི་བྱང་ཆུབ་ཀྱི་སེམས་སོགས་ལྔ་ལྡན་གྱི་ཡན་ལག་ཚང་བའི་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་འདིས་བདག་དང་སེམས་ཅན་ཐམས་ཅད་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་ཀྱི་སར་འགོད་པར་བྱ་ཞིང་དགེ་བའི་རྩ་བ་ཐམས་ཅད་དེའི་ཆེད་དུ་བསྔོའོ། །བདག་གཞན་གྱི་དགེ་བ་བསགས་པ་ཐམས་ཅད་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་པ་རྫོགས་པར་བྱ་ཞིང་དེའི་ཆེད་དུ་བསྔོའོ། །བདག་གི་དགེ་བ་འདིས་མཁའ་དང་མཉམ་པའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འཛིན་སྐྱོང་སྲུང་གསུམ་བྱེད་པ་ལ་ནུས་མཐུ་ཐོགས་པ་མེད་ཅིང་འབད་རྩོལ་དང་བྲལ་བར་ལྷུན་གྲུབ་ཏུ་འབྱུང་བའི་རྒྱུ་ལ་སློབ་པའི་ཆེད་ཀྱི་ལུས་ངག་ཡིད་གསུམ་བཀོལ་རུང་བའི་ཕྱིར་དུ་བསྔོ་བར་བགྱིའོ། །ཞེས་ངག་ཏུ་བརྗོད་ཅིང་འདུན་པ་དྲག་པོས་ཡི་དམ་དུ་བྱའོ། །

༧༣

དེ་ལྟར་ཡན་ལག་གི་ཆོས་བཞིའི་ཟིན་པའི་དངོས་གཞི་ཕྱག་རྒྱ་ཆེན་པོ་དེ་ཉིད་ལ་རྒྱལ་བ་འབྲི་ཁུང་པའི་ཞལ་ནས། སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། །མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད། །ཅེས་འབྱུང་བས། སེམས་དེ་ཉིད་ཀྱི་ཁམས་གསུམ་པ་ལ་སོགས་པའི་སྤྲོས་ཆོས་སུ་རྟོག་པས་འཁོར་བ་དང་དེར་མི་རྟོག་པས་མྱང་འདས་ཐོབ་པར་འགྱུར་བས་མི་རྟོག་ཡེ་ཤེས་ཉིད་ལ་བསྔགས་ནས། རྗེ་སྒམ་པོ་པས་རྣམ་རྟོག་གི་ངོ་བོ་ཉིད་ལ་བལྟ་བའི་རྟོགས་པ་ཕྱག་ཆེན་དུ་གསུངས་པ་དང་འགལ་ལོ་སྙམ་ན། དེ་ལྟར་རྟོག་པས་ཁ་ཕྱིར་བལྟ་བས་ཀུན་རྫོབ་འཁོར་བའི་ཆོས་སུ་སྣང་ཡང་རྣམ་རྟོག་དེ་ཉིད་ཀྱི་ངོ་བོ་ལ་ཁ་ནང་དུ་བལྟས་པས་རྟོག་པ་ཉིད་ཀྱི་ངོ་བོ་རྟོག་མེད་སྟོང་པ་ཉིད་དུ་རྟོགས་པ་ན་དོན་དམ་མྱ་ངན་ལས་འདས་པ་ཉིད་ཀྱི་ཕྱིར། རྣམ་རྟོག་གི་ངོ་བོ་ལ་བལྟས་པས་མི་རྟོག་ཡེ་ཤེས་སུ་འགྲོ་བ་དང་མི་རྟོག་ཡེ་ཤེས་ཀྱང་རྣམ་རྟོག་གི་ངོ་བོ་ལས་གཞན་དུ་མེད་པས་རྣམ་རྟོག་ཆོས་སྐུ་དང༌། འཁོར་འདས་དབྱེར་མེད་ཀྱི་ལྟ་སྒོམ་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །

༧༤

དེས་ན་རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ་ནས་དཔལ་ཤ་ཝ་རི། མངའ་བདག་མཻ་ཏྲི་པ་ནས་བཟུང་སྟེ་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་ཚུལ་བློ་འདས་ཡིད་ལ་མི་བྱེད་པ་ཕྱག་རྒྱ་ཆེན་པོའི་ཁྲིད་སྲོལ་འདི་ལ་ཞི་ལྷག་གང་གི་སྐབས་སུའང་དཔྱད་སྒོམ་གཙོ་བོར་མི་མཛད་པར་དང་པོར་ཉོན་མོངས་དང་མཚན་འཛིན་མངོན་གྱུར་བའི་གཉེན་པོར་ཞི་གནས་ཀྱི་ཏིང་ངེ་འཛིན་དང༌། རྗེས་ནས་ཉོན་མོངས་དང་མཚན་འཛིན་གྱི་ས་བོན་གཅོད་པའི་གཉེན་པོར་ལྷག་མཐོང་གི་ཤེས་རབ་བསྐྱེད་པའི་ཆེད་དུ་སེམས་སེམས་ཉིད་ཀྱི་གཞི། ཆོས་ཆོས་ཉིད་ངང་དུ་གཞི་གཞི་མལ་མལ་དུ་མ་བཅོས་པར་བཞག་པའི་འཇོག་སྒོམ་འདི་ཉིད་ལ་གཙོ་བོར་གནད་དུ་བསྣུན་པས་སྤྲོས་ཆོས་བཅོས་མའི་སྒྲིབ་པ་ཐམས་ཅད་རང་ཞིར་འགྱུར་བ་ཡིན་ཏེ། དཔལ་ས་ར་ཧས། །འཇུར་བུས་བཅིངས་པའི་སེམས་དེ་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་དང༌། །བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བར་རྩོམ། །ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་བཟློགས་རྔ་མོང་ལྟ་བུར་བདག་གིས་རྟོགས། །བུ་ཁྱོད་ནམ་ཀྱང་རང་ལ་ཅེར་ཏེ་ལྟོས། །ཞེས་དང༌། ནམ་མཁའི་རི་བོ་ཆུ་འཐུང་དང་དེ་ཡི་འགྲམ་དུ་ཞོག་ཅིག་རང་ག་བ། །ཞེས་འབྱུང་བའི་ཕྱིར་རྒྱ་མཚོའི་ནང་ན་ཤར་བའི་རི་བོ་ནི་རྒྱ་མཚོའི་སྟེང་གི་ནམ་མཁའ་ནས་བལྟས་པ་ན་རི་བོ་ཆུ་འཐུང་བ་ལྟར་མགོ་འཇུག་ལྡོག་སྟེ་གཟུགས་བརྙན་གནས་པ་ལ། དེ་ཐབས་གང་གིས་ཀྱང་བཟློག་ཏུ་མི་བཏུབ་པར་རང་གར་བཞག་དགོས་པ་བཞིན། བཅོས་རྫུན་གྱི་སྒྲིབ་པ་སེམས་ཀྱི་གནས་ཚུལ་དུ་འདོད་ནས་མ་ཞུགས་པར་འོད་གསལ་བ་ཉིད་ལ་གནས་ཚུལ་དུ་གཞུག་པའི་ཐབས་གང་གིས་ཀྱང་བྱར་མེད་པས་མངོན་པར་བྱང་ཆུབ་པར་འདོད་པས་སེམས་མ་བཅོས་བཟོ་མེད་ལྷུག་པའི་ངང་ཉིད་དུ་བཞག་པ་ལས་ཐབས་གཞན་མེད་པས་དེ་ཉིད་དུ་བཞག་པར་བྱའོ། །འདི་ལ་ཁ་ཅིག་དེ་ལྟར་སེམས་ཀྱིས་སེམས་མ་བཅོས་པ་དང་འདུ་མི་བྱེད་པ་དང་བཟོ་མི་བྱེད་པར་བཞག་པར་མི་ནུས་ཏེ། སེམས་ཁོ་རང་རྐྱེན་སྣང་སྣ་ཚོགས་ཀྱིས་བཅོས་བཅོས་མ་ཡིན་པ་དང༌། སྐྱེ་འཇིག་སོགས་འདུས་བྱས་པའི་འདུ་བྱེད་པ་ཅན་ཡིན་པ་དང༌། སེམས་དེ་ཉིད་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་བྱུང་རྣམས་དང་མཚུངས་པར་མི་ལྡན་པ་མི་སྲིད་པས་སེམས་ཡིད་རྣམ་པར་ཤེས་པ་ལ་བྱ་བྱེད་ལས་གསུམ་གྱི་བཟོ་སྣ་ཚོགས་འབད་རྩོལ་མེད་པར་འབྱུང་བ་ལ་རང་གཞན་གྱི་ཐབས་གང་གི་སྒོ་ནས་ཀྱང་དགག་ཏུ་མེད་པའི་ཕྱིར་ཞེས་སྨྲ་བ་ལ། ཅི་སེམས་དེ་སྐྱེ་བའི་རྒྱུ་ཚོགས་བཀག་པའི་སྒོ་ནས་མ་བཅོས་པ་དང་སེམས་ཀྱི་མཚན་ཉིད་སྐྱེ་གནས་སོགས་བཀག་པའི་སྒོ་ནས་འདུ་མི་བྱེད་པ་དང༌། སེམས་ལ་སེམས་བྱུང་གི་བྱ་བྱེད་ལས་གསུམ་བཀག་པའི་སྒོ་ནས་བཟོ་མེད་དུ་བཙན་ཐབས་སུ་བཞག་པ་དང་བཞག་ནུས་པའང་མ་ཡིན་གྱི། མ་བཅོས་པ་ལ་སོགས་པར་འཇོག་ཚུལ་ནི། བདེ་བར་གཤེགས་པའི་བཀའ་དང་བསྟན་བཅོས་དཔང་པོར་བཞག་ནས་དེ་ཉིད་ནས་འབྱུང་བ་གཞན་འདི་ལྟར་ཤེས་པར་བྱ་སྟེ། སེམས་དང་སེམས་ལས་བྱུང་བ་གང་དང་གང་ཡིན་པ་དེ་ཐམས་ཅད་ཀྱི་གདོད་མའི་རང་གཤིས་གསལ་རིག་སྟོང་པ་དྲི་མ་དང་བྲལ་བའི་གཅེར་བུ་དེ་ལས་འདས་མ་འོངས་ད་ལྟ་བའི་ཡུལ་གྱི་མཚན་མ་དང་དེ་འཛིན་གྱི་ཡིད་བྱེད་གང་གིས་གསར་དུ་ཤེས་པ་དེ་ཉིད་ལ་སྤྲོ་སྡུད་གང་གིས་ཀྱང་མ་བཅོས། མི་བཅོས་བཅོས་པར་མི་འགྱུར་བའི་ལྷུག་པ་རང་བབས་སུ་འཇོག་པ་ཡིན་ལ། སེམས་དང་སེམས་ལས་འབྱུང་བ་དག་གི་ཁ་ཕྱིར་ལྟའི་ཡུལ་གྱི་ཚོར་བ་ཉམས་སུ་མྱོང་བའི་རྗེས་སུ་དེ་ཉིད་མཚན་མར་འཛིན་པའི་འདུ་ཤེས་སྣ་ཚོགས་ཀྱི་རྗེས་སུ་དྲངས་པའི་འདུ་བྱེད་ཀྱི་ཡུལ་སྣང་གཞན་དུ་མའི་རྗེས་སུ་མི་འབྲང་བར་འདུ་མི་བྱེད་པར་འཇོག་པ་ཡིན་ལ། མོས་གུས་སོགས་ཀྱི་སེམས་ཅན་སེམས་བྱུང་དེ་ཉིད་ཀྱི་ངོ་བོ་གསལ་རིག་སྟོང་པ་ལ་དྲན་ཤེས་དང་མ་བྲལ་བ་ཙམ་ལས། དེ་ལས་གཞན་པའི་རྣམ་རྟོག་གི་ལས་མ་འཆོལ་བར་བཟོ་མེད་གཉེར་མེད་རང་བབས་སུ་བཞག་པ་ཡིན་ཅིང་དེ་ལྟར་བཞག་ཀྱང་ནུས་པའི་ཕྱིར་ཏེ། དེ་ལྟར་བཞག་པར་མི་ནུས་ན་རྒྱལ་བ་སྲས་དང་སློབ་མར་བཅས་པའི་བཀའ་བསྟན་བཅོས་རབ་འབྱམས་ནས། སེམས་སྤྲོས་པས་མ་བཅོས་པ་དང་དངོས་པོ་དང་མཚན་མར་འཛིན་པ་འདུ་མི་བྱེད་པ་དང་ཡིད་ལ་མི་བྱེད་པའི་ལྟ་སྒོམ་བྱ་བར་གསུངས་པ་ཐམས་ཅད་དོན་མེད་པར་འགྱུར་རོ། །དེ་ལ་ཁ་གཅིག་དེ་ལྟར་གསུངས་པ་དོན་ཡོད་ཀྱང༌། ཁྱེད་བཀའ་བརྒྱུད་པ་སྐལ་བ་དམན་པས་སྤྲོས་པས་མ་བཅོས་པ་དང་དངོས་མཚན་འདུ་མི་བྱེད་པ་དང་ཡིད་ལ་མི་བྱེད་པ་སྟོང་པ་ཉིད་ཀྱི་ལྟ་སྒོམ་བྱ་དབང་མེད་དོ་ཞེས་ཟེར་བ་ནི། སྟོན་པ་བདེ་བར་གཤེགས་པ་ཉིད་ཀྱིས་ང་དང་ང་འདྲ་བ་མ་ཡིན་པས་གང་ཟག་གི་ཚོད་འཛིན་པར་མི་ནུས་པར་གསུངས་པ་ཉིད་ཀྱིས། དྭགས་པོ་བཀའ་བརྒྱུད་པའི་རྒྱུད་ཚོད་འཛིན་པའི་སྟོན་པ་སངས་རྒྱས་ཁྱེད་ཅག་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བ་ལས་འོས་ཅི་ཡོད་ཀྱང༌། དངོས་སྤྲོས་ཀྱི་མཚན་མས་དབེན་པའི་སྟོང་པ་ཉིད་ཀྱི་ལྟ་སྒོམ་དངོས་སུ་བགྱི་བའི་སྐལ་བ་མེད་པའི་དུས་སུ་ཡང་དེ་ལྟར་བགྱི་ནུས་པའི་སྐལ་ལྡན་དུ་ཆེས་སྨོན་ལམ་གདབ་པ་ལས་ཆོས་ཚུལ་དེ་སྤང་བར་བྱ་བ་ནི་མ་ཡིན་ཏེ། སྟོན་པ་སངས་རྒྱས་ཉིད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ་ཆོས་ཚུལ་དེ་ལྟའི་ལྟ་སྒོམ་མ་བྱས་ན་ཐར་པ་བླ་ན་མེད་པའི་གོ་འཕང་ཐོབ་པར་མི་འགྱུར་བར་གསུངས་པའི་ཕྱིར་རོ། །དེ་ལྟར་སེམས་ཀྱི་གདོད་མའི་རང་གཤིས་ལས་སླར་ཡུལ་དང་ཡུལ་ཅན་གྱི་སྤྲོས་པའི་གཟུང་འཛིན་གྱི་སྤྲོ་སྡུད་ཀྱི་མ་བཅོས་པ་རང་བབས་སུ་བཞག་པ་ན། སེམས་དང་སེམས་ལས་བྱུང་བའི་རང་ངོ་སྤྲོས་པའི་གཡའ་དང་བྲལ་ནས་ཤེས་པའི་རང་མདངས་རྗེན་པར་ཐོན་པ་ན་ཤེས་བྱའི་ཆོས་ལ་མཚན་ལྟའི་སྤྲོས་པ་གཞི་མེད་རྩ་བྲལ་དུ་ཆོད་པས་ཤེས་སྒྲིབ་རང་སར་དག་ཅིང༌། དེ་དག་པ་ན་ཤེས་བྱའི་མཚན་མ་ཙམ་དུ་བཟུང་བའི་སྒྲིབ་པ་ལ་བརྟེན་ནས་བདག་ལྟ་སོགས་ཉོན་མོངས་ཀྱི་སྒྲིབ་པའང་རང་གྲོལ་དུ་འགྲོ་བ་ཡིན་ནོ། །དེས་ན་སེམས་སྒྲིབ་གཉིས་ཀྱི་གཟེབ་ལས་གྲོལ་བའི་མངོན་པར་བྱང་ཆུབ་པར་འགྱུར་བའི་ཕུལ་ཆེ་ཆུང་ཡང་སེམས་མ་བཅོས་པར་བཞག་པའི་མཐུ་སྟོབས་ཆེ་ཆུང་དང་རྩལ་རྫོགས་མ་རྫོགས་ལ་རག་པ་ཡིན་ནོ། །དེ་ཡང་སེམས་དངོས་སོགས་ཀྱི་སྤྲོས་པའི་ཆོས་གང་གིའང་རྗེས་སུ་མི་འབྲང་བར་འདུ་མི་བྱེད་པ་ན། སྤྲོས་ཆོས་ཟད་དུ་མེད་པ་ཆེས་རྒྱ་ཆེ་བ་རྣམས་ཀྱང་རང་གི་ངོ་བོ་སྤྲོས་པའི་བདག་ཉིད་དུ་མ་གཤིས་པས་མ་ཤིས་པ་དེ་ཉིད་ལ་མ་གཤིས་པར་རྟོགས་པའི་ཟབ་མོ་སྟོང་པ་ཉིད་དུ་འོད་གསལ་བ་ཉིད་ཀྱིས་རྟོགས་པ་ཐོབ་པ་ན་སྒྲིབ་པའི་ས་བོན་ལ་སོགས་པའི་དངོས་ཆོས་ཐམས་ཅད་ཀྱི་འཛིན་པའི་ཆགས་ཐོགས་ཀྱི་རྟེན་གྱི་གོ་རྙེད་པའམ་མ་ཐོད་པ་ན་ནམ་མཁའ་ལ་ཡི་གེ་བྲིར་མ་བཏུབ་པ་བཞིན། སྒྲིབ་པའི་ས་བོན་བག་ཉལ་བག་ཆགས་དང་བཅས་པའི་གནས་ངན་ལེན་པའི་རྟེན་ཐམས་ཅད་ཀྱང་རང་གྲོལ་དུ་འགྲོ་བ་ཡིན་ཅིང༌། སེམས་སེམས་བྱུང་གི་ངོ་བོ་ཆོས་ཅན་གསལ་རིག་ཙམ་དང་དེའི་ཆོས་ཉིད་སྟོང་པ་ཉིད་ལ་དེ་ལས་གཞན་པའི་དུས་གསུམ་གྱིས་བསྡུས་པའི་བདག་ལྟ་སོགས་ཉོན་མོངས་པ་དང༌། དགེ་མི་དགེ་ལུང་མ་བསྟན་པའི་བྱ་བྱེད་ཀྱི་ལས་གང་ཡང་མ་བཀལ་ན་འཁོར་བར་འཕེན་བྱེད་ཀྱི་མ་རིག་པ་དང་འདུ་བྱེད་ཀྱི་རྟེན་འབྲེལ་གྱི་ཡན་ལག་གི་ལས་སོག་པར་མི་འགྱུར་ཞིང༌། དེ་ལྟའི་ཤེས་པ་ལས་མེད་དང་བཟོ་མེད་དུ་སོང་བ་ན་འཁོར་བ་གྲུབ་བྱེད་ཀྱི་སྲེད་ལེན་གྱི་རྟེན་འབྲེལ་གྱི་ཡན་ལག་ཀྱང་རང་འགགས་སུ་འགྲོ་བས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དབང་གིས་འཁོར་བའི་སྐྱེ་གནས་སུ་སྐྱེ་བའི་རྒྱུ་ཚོགས་འགགས་ནས་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་དམ་པ་ཐོབ་པར་འགྱུར་རོ། །དེས་ན་སེམས་མ་བཅོས་པ་དང་ལྷུག་པ་དང་རང་བབས་དང་ཡིད་ལ་མི་བྱེད་པ་དང༌། བློ་འདས་དང་རང་ཐང་དང་རང་གར་བཞག་པའི་ཕྱག་རྒྱ་ཆེན་པོའི་རང་གཤིས་རྒྱ་ཡན་ཏུ་འཇོག་པའི་ལྟ་སྒོམ་འདི་ལ་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས་རྒྱ་ནག་ཧྭ་ཤང་གི་ལྟ་སྒོམ་དང་ཁྱད་པར་མེད་ཅེས་གསུངས་ཤིང༌། དེ་དང་མཐུན་པར་ཙོང་ཁ་པ་ཡབ་སྲས་དང་བོ་དོང་པ་ཆེན་པོ་སོགས་གྲགས་ལྡན་དུ་མས་གསུངས་ཀྱང༌། རྒྱ་ནག་ཧྭ་ཤང་གི་ལྟ་སྒོམ་ཇི་ལྟར་ཡིན་གྱི་མཐའ་མ་ཆོད་དེ། རྒྱ་ནག་ཧྭ་ཤང་ཞེས་གྲགས་པ་ཙམ་ལས་དེ་ཉིད་ཀྱི་གསུང་རབ་ཀྱི་ཚུལ་ཁོང་དུ་མ་ཆུབ་པའི་ཕྱིར། བདག་ཉིད་ཆེན་པོ་ས་པཎ་གྱིས་འདི་ལྟའི་ལྟ་སྒོམ་ནོར་བ་ཅན་གྱི་ཕྱིར་ཕྱག་རྒྱ་ཆེན་པོར་མི་རུང་ངོ་ཞེས་གསུངས་པ་ནི་ཆེས་མི་འཐད་དེ། དེ་ལྟར་ན་ཆོས་རྗེ་ས་པཎ་རང་གི་རྗེ་བཙུན་གོང་མ་ཁུ་དབོན་ཐམས་ཅད་ཀྱི་གསུང་རབ་དང་ས་པཎ་འཕགས་པ་དབོན་སྲས་དང་བཅས་པའི་མདོ་སྔགས་ཀྱི་ངེས་དོན་ཕྱག་རྒྱ་ཆེན་པོའི་ཁྲིད་སྐོར་གྱི་ལམ་འབྲས་སྤྲོས་མེད་སོགས་ཐམས་ཅད་ནས་སེམས་མ་བཅོས་པ་དང་ལྷུག་པ་སོགས་སྨོས་མ་ཐག་པ་དེ་ཉིད་ཀྱི་མཉམ་པར་བཞག་པ་ནི་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་བསྐྱང་ཚུལ་ཡིན་ནོ་ཞེས་བདེ་བར་གཤེགས་པའི་བཀའ་དང༌། རྒྱ་བོད་ཀྱི་སློབ་དཔོན་ཚད་ལྡན་དུ་མ་དང་རང་ཉིད་ཀྱི་བླ་མ་གོང་མ་རྗེ་བཙུན་ཁུ་དབོན་གྱི་ལུང་གི་ངེས་པ་དང་བཅས་ཏེ་རྒྱ་ཆེར་བསྟན་ཅིང་དེ་ལྟར་རྒྱ་ཆེར་བསྟན་པ་ལས། དཔལ་ལྡན་ས་སྐྱ་པའི་བཀའ་བརྒྱུད་ལས། ཕྱག་རྒྱ་ཆེན་པོའི་གྲུབ་ཐོབ་དུ་མ་བྱུང་བ་དང་དེ་ལྟར་བྱུང་ངོ་ཞེས་ས་སྐྱ་པ་རང་གི་བཀའ་བརྒྱུད་ཀྱི་རྣམ་ཐར་ནས་རྒྱས་པར་འབྱུང་བའི་ཕྱིར། རང་གིས་རང་ཉིད་སུན་འབྱིན་པར་མཛད་པ་འདི་ནི་གདུལ་བྱ་འདུལ་ཐབས་བླ་ན་མེད་པ་ཡིན་ཀྱང༌། ཅི་རིགས་ཀྱི་མི་དགེ་བ་སོགས་པའི་སྡིག་རྟེན་དུ་ཡང་འགྱུར་བ་ཉིད་ཀྱི་ཕྱིར། ས་སྐྱ་པཎྜི་ཏས། ཡིད་ལ་མི་བྱེད་པའི་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་འགོག་པ་འདི་ལ་སྐལ་བ་དང་ལྡན་པ་དག ཚིག་ལ་མི་རྟོན་དོན་ལ་རྟོན་པའི་སྒོ་ནས་འཇུག་པ་ལ་ཚིག་དོན་ནམ་ཡིག་དོན་ཉིད་ཀྱིས་ཚིམ་སྟེ་མགུ་བ་བསྐྱེད་པར་མི་བྱ་སྟེ། བྱས་ན་བདེ་བར་གཤེགས་པའི་མདོ་རྒྱུད་ཀྱི་ངེས་དོན་གྱི་ཆོས་ཚུལ་རྣམས་དངོས་སུ་སྤངས་ཏེ་བརྒྱུད་ནས་བདེ་བར་གཤེགས་པ་སོགས་རྒྱལ་བ་སྲས་དང་བཅས་པའི་གང་ཟག་དུ་མའང་སྤོང་བར་འགྱུར་བས། དཀོན་མཆོག་རིན་པོ་ཆེའི་སྐྱབས་དང་བྲལ་བའི་གཡང་ས་ཆེན་པོར་འཆོར་བའི་ཉེན་སྣང་བའི་ཕྱིར། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་སོགས་དམིགས་པ་མེད་པས་ཐུགས་རྗེ་དང་མཁྱེན་པ་མངའ་བའི་དགོངས་པ་ཟབ་མོ་ཐར་པ་འདོད་པའི་མོས་པ་བཏགས་ཏེ་གུས་པ་ཆེན་པོ་སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བས་ལེན་པར་བྱའོ། །

༧༥

ཡང་འཁོར་འདས་ལ་སོགས་པའི་དངོས་ཆོས་ཐམས་ཅད་སྨྲ་བསམ་བརྗོད་པའི་སྒྲ་རྟོག་གིས་བཏགས་པ་ལྟར་སྣང་ཞིང་བཞག་ནུས་ལ་དེ་ལྟར་བཞག་པའི་ཆོས་ཐམས་ཅད་སྨྲ་བསམ་བརྗོད་པའི་སྒྲ་རྟོག་གིས་བཏགས་པ་ལྟར་སྣང་ཞིང་བཞག་ནུས་ལ་དེ་ལྟར་བཞག་པའི་ཆོས་དེ་བློའི་ཡུལ་ཙམ་ལས་གཞན་དུ་མ་གྲུབ། ཅེས་པ་དང༌། ཡང་འཁོར་འདས་ལ་སོགས་དངོས་ཆོས་ཐམས་ཅད་སྨྲ་བསམ་བརྗོད་པའི་སྒྲ་རྟོགས་གིས་བཏགས་པ་ལྟར་སྣང་ཞིང་བཞག་མི་ནུས་པས་ཆོས་དེའི་བློའི་དངོས་ཡུལ་ལས་འདས་པ་ཡིན་ནོ་ཞེས་སྨྲ་བ་ནི་ནང་འགལ་ཆེན་པོ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་ཆོས་ཐམས་ཅད་རྟོག་པས་བཏགས་བཞག་གི་བློའི་ཡུལ་ཡིན་ན་རྟོག་པས་བཏགས་བཞག་གི་བློ་ཡུལ་ལས་འདས་པར་མི་འགྲུབ་པའི་ཕྱིར་ཞེས་དགོས་ན། དེ་ལྟར་བརྗོད་པ་ལ་འགལ་བ་ཡོད་པ་མ་ཡིན་ཏེ། འཁོར་འདས་ཀྱི་དངོས་ཆོས་སྨྲ་བསམ་བརྗོད་པའི་སྒྲ་རྟོག་གིས་བཏགས་པ་ལྟར་སྣང་ཞིང་བཞག་ནུས་ལ། དེ་ལྟར་བཞག་པའི་ཆོས་དེ་བློ་ཡུལ་ཙམ་ལ་གཞན་དུ་མ་གྲུབ་ཅེས་པ་ནི། མ་བརྟགས་པའི་འཇིག་རྟེན་གྲགས་པའི་ཐ་སྙད་ཀྱི་ངོར་འཁོར་འདས་ལ་སོགས་པའི་དངོས་ཆོས་ཀུན་རྫོབ་པའི་བདེན་པ་འཇོག་ཚུལ་ནི་དེ་ཙམ་ཞིག་གིས་བཞག་པ་ཡིན་ལ། དེ་ཙམ་ལས་རང་གི་བདེན་པར་གྲུབ་པའི་འཁོར་འདས་ལ་སོགས་པའི་དངོས་ཆོས་བཞག་ཏུ་མེད་པའི་ཕྱིར་ཏེ། བཞག་ཏུ་ཡོད་ན་བློའི་རྟོག་པའི་རྐྱེན་ལས་མ་ལྟོས་པར་འཁོར་འདས་སོགས་ངོ་བོ་ཉིད་ཀྱིས་དངོས་ཆོས་སུ་གྲུབ་པར་ཡོད་དགོས་པ་ལས་དེ་ལྟར་ཡོད་པ་ཡང་དམིགས་མྱོང་གིས་མ་གྲུབ་པའི་ཕྱིར། འཁོར་འདས་ཀྱི་དངོས་ཆོས་ཀུན་རྫོབ་ཏུ་བདེན་པའི་ཚུགས་རིགས་པས་དཔྱད་པ་དང་རྣལ་འབྱོར་པའི་ཉམས་རྟོགས་དང་འཕགས་པའི་ཡེ་ཤེས་ཀྱི་གཟིགས་ངོ་ན་ཐུབ་པ་མ་ཡིན་ནོ། །ཡང་འཁོར་འདས་ལ་སོགས་པའི་དངོས་ཆོས་ཐམས་ཅད་སྨྲ་བསམ་བརྗོད་པའི་སྒྲ་རྟོག་གིས་བཏགས་པ་ལྟར་སྣང་ཞིང་བཞག་མི་ནུས་པས་ཆོས་དེ་བློའི་དངོས་ཡུལ་ལས་འདས་ཞེས་སྨྲ་བའི་ཞེན་དོན་ཀྱང་ཕྱི་ནང་གིས་དངོས་སྨྲ་བ་ཅི་རིགས་ཀྱི་འདོད་པ་ལྟར་འཁོར་འདས་ལ་སོགས་པའི་དངོས་ཆོས་ཐམས་ཅད་དོན་དམ་པར་རང་གི་མཚན་ཉིད་ཀྱིས་བདེན་པར་གྲུབ་ནས། དེ་སྨྲ་བསམ་བརྗོད་པའི་རྟོག་པས་བཏགས་པ་ལྟར་སྣང་ཞིང་བཞག་མི་ནུས་པ་དང་ཆོས་དེ་བློའི་དངོས་ཡུལ་ལས་འདས་སོ་ཞེས་བརྗོད་པ་ཡིན་པའི་ཕྱིར་ཏེ། འཁོར་འདས་སོགས་ཀྱི་དངོས་ཆོས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་རྫོབ་བདེན་པའི་ངོ་བོ་དེ་ཉིད་ཀྱི་གནས་ཚུལ་ལ་རིགས་ཤེས་ཚད་མའི་རྣལ་འབྱོར་པའི་ཉམས་རྟོགས་ཀྱི་རྟོགས་པ་ཁྱད་པར་ཅན་དང༌། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོ་ན། དོན་དམ་པར་མ་ཟད་ཀུན་རྫོབ་ཙམ་དུ་དེ་ལྟའི་དངོས་ཆོས་དེ་དངོས་པོ་རང་བདེན་པར་གྲུབ་པ་སྨྲ་བསམ་བརྗོད་པའི་སྒྲ་རྟོག་གིས་བཏགས་པ་ལྟར་སྣང་ཞིང་བཞག་མི་ནུས་པས་ཆོས་དེ་བློའི་དངོས་ཡུལ་ལས་འདས་པ་ཡིན་ཞེས་དགོངས་པའི་ཕྱིར་ཏེ། དེ་ལྟར་མ་ཡིན་གཟིགས་པ་དེའི་ངོ་བོར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དངོས་ཆོས་ཀུན་རྫོབ་བདེན་པ་དེ་བློའི་ཡུལ་དུ་བདེན་པར་གྲུབ་ན། ཀུན་རྫོབ་ཀྱི་བདེན་པ་ཙམ་མ་ཡིན་པར་དོན་དམ་པའི་བདེན་པར་གྲུབ་པར་སོང་ལ་དེ་ལྟའང་མ་ཡིན་པའི་ཕྱིར་ཏེ། གཟིགས་པ་དེ་དག་གི་ངོ་ན་དངོས་ཆོས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡུལ་དང་ཡུལ་ཅན་ནམ་མཁའ་ལ་སྦྱོར་བ་ལྟར་འགྲོ་བར་རྒྱལ་བ་སྲས་བཅས་ཀྱི་བཀའ་རབ་འབྱམས་ལས་འབྱུང་བའི་ཕྱིར་ཏེ། གཟིགས་པ་དེ་ཙམ་གྱི་ཡུལ་དང་ཡུལ་ཅན་ལ་དོན་དམ་བདེན་པ་ཞེས་བཏགས་པ་ལས་དོན་དམ་བདེན་པ་ཞེས་དང་ངོ་བོ་གྲུབ་པའི་དོན་དམ་བདེན་པ་ནི་བཞག་ཏུ་མེད་པའི་ཕྱིར། ཇི་སྐད་དུ། གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་སྙད་པར་ནུས་མ་ཡིན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་ཀྱང༌། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་དེ་བརྟག་པར་གྱིས། །ཞེས་འབྱུང་བ་ལྟར་རོ། །མདོར་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་རྫོབ་བདེན་པའམ་ཀུན་རྫོབ་ཀྱི་དངོས་ཆོས་ཀུན་རྫོབ་པའི་ངོར་རྟོག་པའི་བཏགས་པ་ལྟར་སྣང་ཞིང་བཞག་ནུས་པའམ་རུང་བ་ཉིད་ཀྱི་ཕྱིར། དེ་ཉིད་དོན་དམ་པའི་བདེན་པའམ་དོན་དམ་པའི་དངོས་ཆོས་སུ་ཇི་ལྟར་རྟོག་པས་བཏགས་ཀྱང་གྲུབ་སྣང་དུ་འབྱུང་མི་རུང་ཞིང་མི་ནུས་པ་བདེ་བླག་ཏུ་ཁོང་དུ་ཆུབ་པར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་འབྱུང་བས་སོ། །འོ་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་རྫོབ་ཀྱི་བདེན་པའམ་དངོས་ཆོས་ཀུན་རྫོབ་པའི་ངོར་རྟོག་པས་བཏགས་པ་ལྟར་སྣང་ཞིང་བཞག་ནུས་པར་རུང་བའི་ཀུན་རྫོབ་བདེན་པའི་བདེན་པ་དེ་ཉིད་ཀུན་རྫོབ་ཀྱི་ངོར་ཚད་མས་གྲུབ་བམ་མ་གྲུབ་ཇི་ལྟར་ཞེ་ན། འདི་ལ་ཙོང་ཁ་པ་ཡབ་སྲས་དག ཀུན་རྫོབ་བདེན་པའི་བདེན་པ་ཐ་སྙད་པའི་ཚད་མས་གྲུབ་སྟེ། དེ་ཐ་སྙད་པའི་ཚད་མས་མ་གྲུབ་ན། དོན་དམ་བདེན་པའི་བདེན་པ་རིགས་ཤེས་ཚད་མ་དང་རྣལ་འབྱོར་མངོན་སུམ་གྱི་ཚད་མས་ཀྱང་མི་འགྲུབ་པའི་ཕྱིར་ཞེས་གྲུབ་བྱེད་དུ་མ་དང་བཅས་ཏེ་གསུངས་ཀྱང༌། རྒྱལ་བ་སྲས་དང་བཅས་པ་དག་གི་བདེན་གཉིས་ཀྱི་ཆོས་ལ་གཟིགས་པ་དང་བསྟུན་ཏེ་ལེགས་པར་བཀའ་བསྩལ་བ་ལྟར་ན་མི་འཐད་དེ། ཀུན་རྫོབ་བདེན་པའི་བདེན་པ་ཐ་སྙད་ཀྱི་ངོར་བདེན་པ་ནི་སོ་སོ་སྐྱེ་བོ་བྱིས་པ་ཕྱིན་ཅི་ལོག་གི་འཁྲུལ་ཤེས་ཀྱི་ངོར་བདེན་པར་སྣང་བ་དང་དེར་འཛིན་གྱི་ཚད་མས་མ་གྲུབ་ཀྱང༌། དེར་བདེན་པ་ཚད་མས་མ་གྲུབ་བཞིན་ཤེས་ངོ་དེར་ཚད་མར་སྣང་ཞིང་རློམ་པ་ཙམ་དུ་ཟད་པའི་ཕྱིར། དཔེར་ན་ཡུལ་ལོག་པའི་ཀུན་རྫོབ་བདེན་པ་འཛིན་པའི་ཤེས་ངོར་ཡུལ་ཅན་ལོག་པའི་ཤེས་པ་དེས་དེ་ཡང་དག་ཀུན་རྫོབ་པའི་བདེན་པར་བལྟ་བ་ལྟ་བུའོ། །ཞེས་གསུངས་ལ། ཀུན་རྫོབ་པའི་བདེན་པ་ཐ་སྙད་འཁྲུལ་པའི་བློས་ཚད་མར་མ་གྲུབ་བཞིན་དུ་ཚད་མར་རྟོག་པ་ལྟར་དོན་ལ་ཚད་མར་གྲུབ་པའི་ཆོས་ཡིན་ན་དོན་དམ་པའི་བདེན་པ་རིགས་ཤེས་དང་འཕགས་པའི་རྣལ་འབྱོར་མངོན་སུམ་གྱི་ཚད་མར་དེ་བས་ཀྱང་མི་འགྲུབ་པར་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པ་བདེན་པར་དམིགས་མྱོང་གི་ཆ་འཁྲུལ་ཤེས་སུ་རྟོགས་ནས་དེ་ལྟའི་འཁྲུལ་པའི་བདེན་པ་དམིགས་མྱོང་གི་སྤྲོས་པ་དང་བྲལ་ཙམ་ལ་དོན་དམ་བདེན་པའི་བདེན་པ་རྟོགས་པ་དང་མངོན་དུ་བྱས་པར་བཞག་པ་ལས་དོན་དམ་པའི་བདེན་པའི་བདེན་པ་ནི་དངོས་སུ་དམིགས་མྱོང་གི་བདེན་པར་ཚད་མས་གྲུབ་པར་ཁོང་དུ་ཆུབ་བྱར་མེད་པར་རྒྱལ་བ་སྲས་བཅས་གསུངས་པ་ལས། ཁྱེད་ལྟར་ན་ཀུན་རྫོབ་བདེན་པའི་བདེན་ཆ་ནི་རིགས་ཤེས་ཚད་མ་དང་འཕགས་པའི་རྣལ་འབྱོར་ཚད་མས་དེ་ཉིད་ལྟར་གྲུབ་པ་ལ་གནོད་པ་མེད་ཅིང༌། དེ་ཉིད་ཀྱི་བདེན་ཆ་འཁྲུལ་པར་ཁོང་དུ་ཆུབ་ནས་སྤྲོས་པ་དང་བྲལ་ཙམ་ལ་དོན་དམ་བདེན་པའི་བདེན་པ་ཁོང་དུ་ཆུབ་བོ་ཞེས་རྣལ་འབྱོར་འཇོག་པ་ནི་ཁྱེད་མི་འདོད་ལ། དེ་ལས་གཞན་པའི་ཁྱེད་རང་གི་འདོད་པའི་དངོས་པོ་བྱས་པ་ཅན་ལ་རག་མ་ལས་པའི་དངོས་པོ་ཞེན་པ་བ་བཀག་པའི་ཆད་སྟོང་དེ་རྟོགས་པས་ནི་ཀུན་རྫོབ་པའི་བདེན་པ་བདེན་མེད་དུ་རྟོགས་ནས་དངོས་ཆོས་ཀྱི་སྤྲོས་པ་ལས་གྲོལ་བའི་དོན་དམ་བདེན་པ་རྟོགས་པར་རྒྱལ་བ་སྲས་བཅས་ཀྱིས་མི་བཞེད་པའི་ཕྱིར་ཏེ། རྒྱལ་བ་སྲས་བཅས་ནི་རྟེན་ནམ་ཐབས་ཀུན་རྫོབ་བདེན་པ་འདི་ཉིད་ཀྱི་དོན་བྱེད་པའི་བདེན་ཆ་སྤྲོས་པ་དང་བྲལ་བར་རྟོགས་པ་དེ་ཉིད་ལ་བརྟེན་པ་ཐབས་བྱུང་དོན་དམ་བདེན་པ་མངོན་དུ་བྱས་པར་བཞག་པ་ལས། རྟེན་ཀུན་རྫོབ་བདེན་པའི་དོན་བྱེད་པའི་བདེན་ཆ་མི་སྟོང་བ་ཚད་གྲུབ་ཏུ་རང་སར་བཞག་ནས་དེ་ལས་འབྲེལ་མེད་ཀྱི་ཤེས་བྱ་ལ་མི་སྲིད་པའི་ཆོས་ཤིག་ཡོད་པར་བཟུང་བ་དེ་རང་བཞིན་གྱིས་མ་གྲུབ་པར་སྟོང་པ་ཉིད་དུ་རྟོགས་པ་ལ་དོན་དམ་བདེན་པ་རྟོགས་པར་མ་བཞག་པའི་ཕྱིར་ཏེ། དེ་ལྟར་བཞག་ན་དེ་ལྟའི་དོན་དམ་བདེན་པ་རྟོགས་ཚུལ་ཐར་འདོད་ལ་ཉེ་བར་མཁོ་བར་མི་འགྱུར་ཏེ། འགྲོ་བ་འདི་དག་ཐོག་མེད་ནས་ཀུན་རྫོབ་ཀྱི་བདེན་པའི་དོན་བྱེད་པའི་བདེན་ཆ་འདི་ལ་བདེན་མི་བདེན་སོགས་ཀྱི་སྤྲོས་སྒྲིབ་ཀྱིས་འཁོར་བར་བཅིངས་པར་བྱས་པ་ལས་དངོས་པོ་བྱས་པ་ཅན་ལ་མ་རག་པའི་ཆོས་ཡོད་པར་ཞེས་ངོའི་ཆ་དེས་འཁྲུལ་པའི་རྟེན་བྱས་ནས་དེར་འཛིན་གྱི་འཁོར་བར་འཆིང་བར་མ་བྱས་པའི་ཕྱིར་ཏེ། དེ་ལྟར་བྱས་ན་དེ་ལྟར་འཁྲུལ་རྒྱུ་དེ་ཉིད་ཀྱི་ཕྱིར་ཤེས་བྱ་ལ་མི་སྲིད་པའི་འཁོར་བ་ཉིད་དུ་འཁོར་བར་ཡང་འགྱུར་ལ་དེ་ལྟར་ཡང་འདོད་མི་ནུས་པའི་ཕྱིར། དེས་ན་ཁྱེད་ཀྱིས་ཅི་ལྟར་སྨྲས་ཀྱང་ཁྱེད་ཀྱི་ཕྱོགས་ལ་ཐབས་བྱུང་དོན་དམ་བདེན་པ་མངོན་དུ་འགྱུར་བ་ལ་ཐབས་ཀུན་རྫོབ་བདེན་པའི་གནས་ཚུལ་ལམ་རང་བཞིན་ཁོང་དུ་ཆུབ་པའི་སྒོ་ནས་མངོན་དུ་བྱེད་དགོས་པར་རྒྱལ་བ་སྲས་བཅས་གསུངས་པ་དེ་མི་འགྲུབ་པར་འགྱུར་རོ། །མདོར་ན་བདེན་གཉིས་ཀྱི་ཆོས་བདེན་པ་གཉིས་ཀར་བདེན་པར་གྲུབ་པ་མེད་ཀྱང་ཀུན་རྫོབ་བདེན་པ་ཡུལ་དུ་བྱེད་པའི་ངོར་བདེན་པར་གཉིས་ཀ་བློ་ཡུལ་དུ་བྱེད་རུང་ལ། དོན་དམ་བདེན་པ་ཡུལ་དུ་བྱེད་པའི་ངོར་ནི་དོན་དམ་པ་ཉིད་ཀྱང་ཇི་ལྟར་གྲུབ་ན་དེའི་ངོར་དེའི་བདེན་སོགས་བློ་ཡུལ་དུ་བྱེད་རུང་མི་རུང་སོགས་ཀྱི་སྨྲ་བསམ་བརྗོད་པའི་རྟོགས་པ་ཐམས་ཅད་དང་བྲལ་ན་ཀུན་རྫོབ་ཀྱི་བདེན་པ་ནི་ལྟ་ཅི་སྨོས་པས་བདེན་གཉིས་ཀྱི་ཆོས་རྣམས་སྐྱེས་འཕགས་ཀྱི་བློའི་ཡུལ་དུ་འགྱུར་ཚུལ་ནི་དེ་ལྟར་ཡིན་པས་ཚུལ་དེ་ཁོང་དུ་ཆུད་པར་བྱས་ནས། བདེན་པ་གཉིས་ལ་སྒྲོ་སྐུར་བཅད་དེ་གཟུ་བོའི་དབུ་མའི་བློས་ཚོགས་གཉིས་ཀྱི་ཉམས་ལེན་ལ་སྐལ་བ་ཅན་དག་གིས་འབད་པར་བྱའོ།།

༧༦

དེ་ཡང་འཁོར་འདས་སོགས་ཀུན་རྫོབ་པའི་ཆོས་རྟོག་པས་བཏགས་ནས་ཇི་ཙམ་དུ་བཞག་པ་དེ་ཙམ་གྱི་བཏགས་ཆོས་དང་མ་བྲལ་བ་དེའི་ཚེ་ན། གང་ཟག་དེ་ཆོས་ཐམས་ཅད་རྟོགས་པས་བཏགས་བྱེད་ཀྱི་རྟོག་གེ་པ་ཞེས་བཞག་པ་ཡིན་ལ། འཁོར་འདས་སོགས་ཀུན་རྫོབ་པའི་ཆོས་རྟོག་པས་མི་འདོགས་པ་ན། སྤྲོས་ཆོས་ཀྱི་གཟུང་འཛིན་གྱི་རྟོག་པ་དང་བྲལ་བའི་རྣལ་འབྱོར་པ་ཞེས་བྱ་ལ། དེས་ན་འཁོར་བ་པའམ་འཇིག་རྟེན་པའི་རྟོག་གེ་པ་དག་ནི་སྤྲོས་བཅས་ཀྱི་ཆོས་ལ་དངོས་པོར་ཡོད་མེད་སོགས་རྩོད་པར་བྱེད་ལ། མྱ་ངན་ལས་འདས་པ་མི་རྟོག་ཆོས་ཀྱི་དབྱིངས་སུ་ཞུགས་པ་ན་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་དངོས་པོར་ཡོད་མེད་སོགས་རྩོད་པར་མི་བྱེད་ལ། དེས་ན་ཇི་སྐད་དུ། འཇིག་རྟེན་ནི་ང་དང་རྩོད་ཀྱི་ང་ནི་འཇིག་རྟེན་དང་མི་རྩོད་དོ། །ཞེས་དང༌། རྟོག་གེ་རྣལ་འབྱོར་པ་ལ་རྩོད། རྣལ་འབྱོར་རྟོག་གེ་པར་མི་རྩོད་དོ། །ཞེས་འབྱུང་ངོ༌། དེ་ཡང་རིགས་པ་དང་མི་རིགས་པའང་རྟོག་གེ་པའི་ཕྱོགས་དག་ལ་ཡོད་ཀྱི། སྤྲོས་པ་མེད་པ་ཁོང་དུ་ཆུབ་པའི་རྣལ་འབྱོར་པ་ལ་ནི་རིགས་པ་དང་མི་རིགས་པར་རྟོག་པའི་རྟོག་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར། རིགས་པ་དང་མི་རིགས་པའི་ཚད་མ་དག་དང་འཇིག་རྟེན་རྟོག་གེ་པ་དག་ལ་གནས་པ་ཡིན་གྱི་སྤྲོས་པ་དང་བྲལ་བ་དབུ་མ་པའི་ཕྱོགས་ལ་ཡོད་པ་མ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར། དཔལ་ལྡན་དྭགས་པོ་བཀའ་བརྒྱུད་པ་དག ལྟ་བ་ལུང་རིགས་དང་བྲལ་བ་ཞེས་འབྱུང་བས་ཟབ་མོའི་དེ་ཁོ་ན་ལ་གཞོལ་བ་ན་རང་སེམས་གཉུག་མ་ཐ་མལ་གྱི་ཤེས་པ་ལ་རྟོག་པས་འདོགས་བྱེད་འདོགས་བྱའི་བཅོས་མ་ཐམས་ཅད་ཀྱིས་མ་བཅོས་པར་མཉམ་པར་བཞག་པར་བྱའོ། །དེས་ན་སྤྲོས་བྲལ་གྱི་རྣལ་འབྱོར་པས་ཀྱང་མཉམ་གཞག་ལས་ལངས་ཏེ་རྗེས་ཐོབ་ཏུ་རྟོག་གེའི་རྟོག་པ་གཞིག་པ་ན་རྟོག་གེ་པ་རང་གི་རྟོག་ཚུལ་གྱི་འདོད་པ་དེ་ལ་རྟོག་གེ་པ་རང་གི་འདོད་པའི་རིགས་པས་མི་འགྲུབ་ཅེས་གནོད་པ་བསྟན་པ་ལས་རྣལ་འབྱོར་པ་རང་གི་གྲུབ་པའི་རིགས་པ་ནི་བསྟན་བྱར་མེད་དེ་རྣལ་འབྱོར་པ་ལ་རིགས་པ་དང་མི་རིགས་པའི་ཆོས་འགར་ཡང་དམིགས་བྱར་མ་གྲུབ་པའི་ཕྱིར། དེས་ན་རྟོག་གེ་པ་ཐམས་ཅད་ཀྱི་བཅོས་བསླད་དང་བྲལ་བའི་སེམས་ཀྱི་ངོ་བོ་རྗེན་པ་དེ་ཉིད་སྐྱོང་བར་བྱའོ། །

༧༧

གོང་དུ་བཤད་པའི་ཤོར་བ་བཞིར་ཤོར་ཚུལ་ནི། བཀའ་བརྒྱུད་ཀྱི་རྗེ་བཙུན་ལ་ལས་རྗེ་སྒམ་པོ་པའི་དགོངས་པ་བསྐང་ནས་གསུངས་པ་ལྟར་བྲིས་པ་ཡིན་ལ། རྗེ་མི་ལས་རྗེ་སྒམ་པོ་པར་གསུངས་པའི་སྒྲོས་དངོས་ནི་འདི་ལྟ་སྟེ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་ནི། གཟུང་བ་དང་འཛིན་པའི་བློའི་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་སྟོང་པར་སྒོམ་པ་ཡིན་ཟེར་བ་ཡོད། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་ནི། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་མོད་ཟེར་བ་ཡོད། སྟོང་ཉིད་གཉེན་པོར་ཤོར་བ་བྱ་བ་ཉོན་མོངས་པ་དང་རྣམ་རྟོག་གང་སྐྱེས་ལ་ལྟས་པས་དེ་དག་སྟོང་པ་ཉིད་ཡིན་ཟེར་བ་ཡོད། སྟོང་ཉིད་ཆགས་པར་ཤོར་བ་ནི། ང་ལ་སྒོམ་རྒྱུ་མེད་ཅིང་སྒོམ་ཐམས་ཅད་སྟོང་པ་ཉིད་ཡིན་ཟེར་བ་ཡོད། དེ་ཐམས་ཅད་ལམ་ཡང་དག་པ་མ་ཡིན། འོན་ཀྱང་ལས་དང་པོ་པ་ལ་བློའི་བདེན་ཞེན་ལྡོག་པ་ལ་ཕན་དུ་རུང་བ་ཙམ་ཡིན། ལར་སེམས་ཀྱི་གཞི་རྩ་མ་ཆོད་ན་བདེ་གསལ་མི་རྟོག་གསུམ་གྱི་ཉམས་ཀྱང་སྲིད་པ་གསུམ་མ་འདས་པའི་རྩ་བ་མ་ཆོད་པའི་ཉམས་བྱ་བ་ཡིན། འོ་ན་ལམ་ཡང་དག་པ་གང་ཡིན་ན། བླ་མ་མཚན་ཉིད་དང་ལྡན་པ་གཅིག་གིས་སློབ་མ་སྣོད་དང་ལྡན་པ་གཅིག་ལ་ངོ་སྤྲོད་ཁྲིད་པ་ན། གཉུག་མའི་ཤེས་པའི་གཤིས་སེམས་ཅན་ཐམས་ཅད་ལ་ཡོད་པ་དེ་སངས་རྒྱས་ལ་ཆོས་སྐུའི་སྣང་བར་གསལ། རྣལ་འབྱོར་པ་ལ་ཐབས་དཔག་ཏུ་མེད་པས་མཚོན་ཏེ་ངོ་སྤྲད་ནས་བསྒོམས་པས། ལྟ་བ་ངང་གིས་རྟོགས། ཉོན་མོངས་ཤུགས་ལ་འགག རྣམ་རྟོག་རང་སར་གྲོལ། ཡེ་ཤེས་མངོན་དུ་གྱུར། གནས་ལུགས་ཉམས་སུ་མྱོང་སྟེ། དེ་ལྟའི་མྱོང་བ་དེ་ངག་ཏུ་སྨྲར་མ་བཏུབ་བརྗོད་ཀྱང་ཕྱོགས་ཙམ་ལས་དོན་གཏན་ལ་འབེབས་པའམ་མཚོན་མི་ནུས། དཔེར་ན་གཞོན་ནུ་མའི་བདེ་བའམ་ལྐུགས་པའི་རྨི་ལམ་བཞིན་དུ་གཞི་སེམས་ཅན་ཀུན་ལ་ཡོད་ཀྱང་ངོ་མ་ཤེས། དེས་ན་བརྒྱུད་ལྡན་གྱི་བླ་མ་བསྟན་པ་གལ་ཆེ་བར་གདའ། གཉུག་མའི་ཤེས་པའམ་ཐ་མལ་གྱི་ཤེས་པ་དེ་ཕུགས་གར་ཡང་མ་བཏང༌། གོ་གར་ཡང་མ་འགགས། དཔེ་གང་གིས་ཀྱང་མཚོན་པར་མི་ནུས། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ཐ་སྙད་གང་གིས་ཀྱང་མི་རྟོགས་དེས་ན་བཅས་བཅོས་མི་བྱ། རང་ག་མ་བཅོས་པའི་ངང་ལ་ལྷོད་གློད་ལ་ཞོག་མཛོད། ཅེས་གསུངས་པའི་དོན་ནི། རྒྱས་འདེབས་ནི་ཆོས་ཐམས་ཅད་སྟོང་པའོ་ཞེས་དཔེར་ན་ཤུ་ནྱ་ཏའི་སྔགས་དོན་བསམ་པའམ་ལྷ་བསྐྱེད་པ་ཐུན་བསྡུ་བ་ན། འོད་གསལ་སྟོང་པར་རྒྱས་འདེབས་པ་དང་གཅིག་དུ་བྲལ་སོགས་ཀྱི་རིགས་པས་ཆོས་ཐམས་ཅད་འགར་ཡང་མ་གྲུབ་བོ་ཞེས་བློའི་ཆོས་ཐམས་ཅད་ལ་ཕར་རྒྱས་བཀབ་ནས་དངོས་པོ་ཡེ་ཆད་དུ་རྟོགས་པ་དང༌། ཤེས་བྱའི་གཤིས་ཤོར་ནི། ཆོས་ཐམས་ཅད་ཤེས་བྱ་ཡུལ་གྱི་རང་ངོས་ནས་ཡེ་སྟོང་ཡིན་པས་བློས་སྟོང་ཉིད་དུ་ལྟ་སྒོམ་བྱ་མི་དགོས་ཟེར་ནས་བློ་ཐ་མལ་པར་གནས་པ་དང༌། གཉེན་པོར་ཤོར་བ་ནི། རྟོགས་པ་སོགས་སྐྱེས་པ་སྔ་མ་འགགས་ཆ་ཙམ་ལ་བལྟས་ནས་སེམས་སྐྱེས་ཚད་སྟོང་ཉིད་དུ་རྟོགས་པར་རློམ་པ་དང༌། ཆགས་པར་ཤོར་བ་ནི། སེམས་ལ་གཟུགས་སོགས་ཀྱི་བེམ་པོ་ལྟར་ཐོགས་རེག་གི་སྟོང་པར་ཤེས་པ་ན་དེ་ཙམ་གྱིས་སྟོང་ཉིད་རྟོགས་པར་རློམ་ནས། ཤེས་པ་ཉིད་ལ་ཆགས་ནས་དེ་ཉིད་སྟོང་པའོ་ཞེས་རྟོག་པར་བྱེད་པ་ནི་འཁོར་བའི་རྩ་བའི་སྤྲོས་མཚན་སྟོང་པ་ཉིད་དུ་རྟོགས་པར་བྱེད་པའི་སྟོང་ཉིད་ཀྱི་རྟོགས་པ་ཡང་དག་མ་ཡིན་ནོ། །དེས་ན་སེམས་ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་ཐམས་ཅད་དང་ཡེ་ནས་བྲལ་བ་ལ་གསེར་ལ་གཡའ་ལྟར་རང་བློ་ལ་རང་གི་འཛིན་པའི་སྤྲོས་པས་སྒྲིབ་པ་དེ་སེམས་ཅན་རིས་མེད་པའི་རྒྱུད་ལ་ཡོད་ཀྱང་བླ་མ་མཚན་ཉིད་དང་ལྡན་པ་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྱེད་ཕྱིར་གྱི་ཚོགས་མ་བསགས་པ་རྣམས་ལ་སྒྲིབ་པའི་གཡའ་དང་བྲལ་བར་མངོན་དུ་མི་འགྱུར་ཀྱང༌། དེ་ལྟའི་བསགས་པ་ཅན་ལ་སྤྲོས་སྒྲིབ་དང་བྲལ་བར་མངོན་དུ་གྱུར་ཏེ། དེའི་ཚེ་སངས་རྒྱས་རང་གི་སེམས་ལ་རྙེད་པར་འགྱུར་བས། དྲི་བྲལ་གྱི་ཐ་མལ་གྱི་ཡེ་ཤེས་དེ་ཉིད་སྤྲོས་ཆོས་འགར་ཡང་མ་གྲུབ་པས་སྤྲོས་པའི་བརྗོད་པས་འདི་ལྟར་གྲུབ་ཅེས་སྨྲ་བ་དང༌། སྨྲས་པ་ལྟར་མཚོན་མི་ནུས་ཤིང༌། དེས་ན་གྲོང་པའི་ཆོས་ཀྱིས་མ་གོས་པའི་གཞོན་ནུ་མ་ལ་ཁམས་འཕོ་བའི་ཚོར་བདེ་ཡོད་ཀྱང༌། འཁྲིག་པའི་རྐྱེན་མེད་པར་དེའི་བདེ་བ་ཉམས་སུ་མི་མྱོང་ལ་རྐྱེན་ཚང་བ་ན་ཉམས་སུ་མྱོང་བ་བཞིན་གཉུག་མའི་ཡེ་ཤེས་རང་ལ་ཡོད་ཀྱང༌། བླ་མ་དམ་པའི་མོས་གུས་དང་བྱིན་རླབས་ཀྱི་རྐྱེན་གྱིས་སད་པར་མ་བྱས་པ་དེའི་ཚེ་རང་ངོ་རང་གིས་ཤེས་པར་ངོ་འཕྲོད་མི་འཕྲོད་ལ་རྐྱེན་གྱིས་སད་པར་བྱས་པ་ན་ངོ་འཕྲོད་དོ། །དེའི་ཚེ་ཐ་མལ་གྱི་ཤེས་པ་དེ་ཉིད་རྟག་མི་རྟག་བདེན་མི་བདེན་གཏན་གྱི་བསླུ་བ་མེད་པ་འདི་དང་འདི་ལྟར་གནས་པ་དང་གྲུབ་བོ་ཞེས་པའི་ཕུགས་གར་ཡང་མ་གཏད། དེ་ལྟར་གཏད་དུ་མ་ཐུབ་པས་ཕུགས་གཏད་པའི་གོ་ཐམས་ཅད་དམིགས་ཐོགས་ཀྱི་དངོས་པོ་མ་བཀག་པས། འཁོར་འདས་ཀྱི་ཆོས་གོ་སངས་རྒྱས་དང་སེམས་ཅན་གྱི་ཕྱོགས་གར་ཡང་མ་འགགས། དེས་ན་དངོས་ཆོས་ཐམས་ཅད་གདོད་ནས་སྟོང་བཞིན་མི་སྟོང་བ་དངོས་པོའི་ཆོས་ལྟར་སྣང་དུ་རུང་བ་ནི་ཆོས་དེ་ཉིད་ཀྱི་མཐུན་དཔེར་བཟུང་བ་ལས། དེ་ལས་མ་གཏོགས་པའི་དེའི་སྒྲུབ་བྱེད་དུུ་མི་སྟོང་བའི་དངོས་པོ་རང་བདེན་དུ་གྲུབ་བཞིན་མཐུན་དཔེར་བཟུང་ནས་སྒྲུབ་ནུས་མི་སྲིད་པས་སྒྱུ་མ་རྨི་ལམ་དང་མེ་ལོང་གི་གཟུགས་བརྙན་སོགས་དངོས་ཆོས་བདེན་མེད་ཀྱི་དཔེས། སད་དུས་ཀྱི་དངོས་པོ་བེམ་ཤེས་སོགས་དངོས་པོ་རང་བདེན་པ་དེ་ཉིད་དུ་མ་གྲུབ་པ་སྟོང་པ་ཉིད་དུ་མཚོན་པར་བྱེད་དོ། །རྒྱུན་དེས་དངོས་ཆོས་གཅིག་སྟོང་པ་དང་མི་སྟོང་པ་འདུས་བྱས་པ་དང་འདུས་མ་བྱས་པ་གཉིས་ཀར་རྟོག་རུང་བས་མི་འཐད་པ་ལྟར་སྣང་བ་ལས་འཐད་པར་རུང་ཡང་དེའི་རང་བཞིན་བརྗོད་པ་ན་འགལ་བ་ལྟར་བརྗོད་པར་འགྱུར་བས། དེའི་དངོས་དོན་ཇི་ལྟ་བ་བརྗོད་པ་གང་གིས་བརྗོད་ཀྱང་དོན་ཚིག་ཐོག་ཏུ་མི་ཕེབས། རང་གི་མོས་པ་དང་བླ་མའི་བྱིན་རླབས་ཀྱི་སྟོབས་འབའ་ཞིག་གིས་གཉུག་མའི་དོན་འཆར་བ་མ་གཏོགས། སྒྲུབ་བྱེད་ཐ་སྙད་སྤྲོས་པས་བསྒྲུབ་བྱ་ཐ་སྙད་ཀྱི་སྤྲོས་སྒྲིབ་ཡུལ་དུ་བྱེད་པ་ལས་དོན་དམ་སྤྲོས་པ་དང་བྲལ་བ་ཡུལ་དུ་བྱེད་མི་ནུས་པའི་ཕྱིར། ཐ་སྙད་གང་གིས་ཀྱང་མི་རྟོག་པའི་རང་བྱུང་གི་ཡེ་ཤེས་གཅིག་འཆར་བས་དེའི་ངང་ལ་སོར་བཞག་ཏུ་བྱས་པ་དང་རྟོགས་པ་ཉིད་ཀྱིས་སྒྲིབ་ཚོགས་གཅོད་པའི་ཚོགས་གཉིས་གོང་དུ་འཕེལ་བ་ལས། དེ་ལས་གཞན་པའི་བསགས་སྦྱང་གི་བཅས་བཅོས་མི་བྱ་བར་རང་དགར་བཞག་པ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་བཀའ་བསྩལ་པས་དེ་ལྟར་ཉམས་སུ་ལེན་པར་བྱའོ། །

༧༨

འདིར་འདི་ཤེས་པར་བྱ་སྟེ། རྗེ་སྒམ་པོ་པའི་རྨི་ལམ་བྱུང་ཚུལ་རྗེ་མི་ལ་ལ་མགུར་མར་མཛད་དེ་ཞུས་ནས། དེའི་ལྟས་ཀྱི་ལུང་བསྟན་མགུར་དུ་མཛད་པའི་མཐར་ཚིག་ལྷུག་པར་འདི་སྐད་དུ་གསུངས་ཏེ། བུ་ལྷ་རྗེ་དུས་ད་རེས་ཁྱོད་ལ་བྱུང་བའི་མཚན་ལྟས་དེ་རྣམས་མ་འོངས་པ་ན་ཆོས་རྒྱུད་ལ་སྐྱེས་པའི་ལྟས་ཡིན་ཏེ། ཕ་རྒན་ངས་འཆད་ཤེས་པས་ཞིབ་ཚགས་སུ་བཀྲོལ་ཏེ། བརྡ་དོན་ངོ་སྤྲད་པ་རྣམས་མ་བརྗེད་པར་གྱིས་ལ་དུས་ཕྱིས་བདེན་རྫུན་གཏན་ལ་ཕོབ་ཅིག བདེན་པར་གྱུར་ཙ་ན་ང་ལ་ཡང་མོས་གུས་ཁྱད་པར་ཅན་ད་ལྟའི་འདི་དང་མི་འདྲ་བ་ཞིག་རྒྱུད་ལ་སྐྱེ་བ་ཡིན། བུ་ཁྱོད་ལ་ཡང་སེམས་ཀྱི་ངོ་བོ་མ་བཅོས་པར་མཐོང་བའི་རྟོགས་པ་ཁྱད་པར་ཅན་ཞིག་དེའི་དུས་སུ་འཆར་བ་ཡིན་ཏེ། ཚེ་འདི་རང་ལ་སྐྱེ་འཆི་གཉིས་བཟློག་སྟེ་མཆི། ལར་ཁྱོད་སྒོམ་གཤའ་མ་གཅིག་བྱེད་བསམ་ན་རྨི་ལམ་དང་མཚན་ལྟས་ལ་མངོན་ཞེན་མ་ཆེ། བདུད་འཇུག་པའི་རྒྱུ་ཡིན། བླ་མས་ཇི་ལྟར་གསུངས་པའི་རྗེས་སུ་སྒྲུབ་པའི་རང་གི་ཞེ་བཅད་མ་གཏོགས། གཞན་གྱི་ངག་གི་རྗེས་སུ་འབྲངས་ནས་སོས་སོ་མི་ཟིན་པའི་རྒྱུ་ཡིན། རང་གི་སྒོ་གསུམ་བླ་མ་ལ་ཕུལ་ནས་བྱ་བ་ཅི་བྱེད་ཀྱི་སྣ་ཐག་བླ་མའི་ཕྱག་ཏུ་གཏོད་པ་ལས་རང་གི་འདི་ཕྱིའི་མདུན་མ་རང་འདོད་ཀྱིས་སྦར་ཚོད་བཟུང་ན་འདི་ཕྱིའི་གཏན་བདེ་རྩ་བ་ནས་སྟོར་བས་གསང་སྔགས་ལྟར་ན་རྩ་ལྟུང་དང་པོའི་སྐྱོན་འབྱུང༌། གང་ཟག་གོང་འོག་དང་རང་མཉམ་གྱི་སྐྱོན་ལ་ཡེ་མ་བལྟ། ངན་རྟོག་མ་མང་གྲོགས་པོ་སོགས་ལ་ཕན་འདེབས་དང་ཤ་ཚ་སྐད་ཀྱི་བཅས་བཅོས་མ་བྱེད། གཞན་གྱི་སེམས་མི་ཤེས་པར་རྒྱུད་ཚོད་བཟུང་བ་རློམ་སེམས་ཀྱི་ལྟུང་བ་འཕོག་པའི་རྒྱུ་ཡིན་འོ་སྐོལ་ད་ལྟ་སྐྱེས་ཤི་བར་དོ་འཁྲུལ་པ་ལ་ལོངས་སྤྱོད་པའི་སྣང་བ་འདི་རྨི་ལམ་ཆེན་པོ་རྨི་བདེ་བ་ཡིན། ཉིན་མོ་བྱས་པའི་བག་ཆགས་དེ་ནུབ་མོ་གཉིད་ལོག་ཙ་ན། རྣམ་ཤེས་ཡིད་ཀྱི་འཁྲུལ་པར་འབྱུང་བ་དེ་རྨི་ལམ་བར་མ་སྒྱུ་མ་གཉིད་ཀྱི་འཁྲུལ་པ་བྱ་བ་ཡིན། བག་ཆགས་དེ་གོམས་པ་མཐར་ཕྱིན་པ་ལས་དགེ་སྡིག་གི་ལས་ནས་བསགས་པ་རྗེས་སུ་འབྲངས་ཏེ་སྲིད་པ་བར་དོར་བདེ་སྡུག་གི་ཚོར་བ་ཉམས་སུ་མྱོང་བ་དེ་རྨི་ལམ་ན་རྨི་ལམ་ཆེན་པོ་སྒྱུ་མ་ན་སྒྱུ་མ་ཆེན་པོ་བར་དོ་ན་བར་དོ་ཆེན་པོ་ཡིན་ཏེ་དེ་ལམ་དུ་བྱེད་པ་ལ་རྨི་ལམ་དང་སྒྱུ་ལུས་སྦྱང་པའི་རྩལ་མཐར་ཕྱིན་པ་འཚལ་བས་ཤུགས་ཕྱུང་ལ་སྒོམ་པ་མཛད་དོ། །ཅེས་གསུངས་པའང༌། སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་བསྒྲུབ་པར་རིགས་པས། ད་ལྟར་གྱི་དངོས་སྣང་རྫུན་པ་དང་འཁྲུལ་པ་ལ་བདེན་ཞེན་གྱི་དབང་གིས་དགེ་མི་དགེའི་ལས་བསགས་པས། འཁྲུལ་པའི་རྒྱུས་འབྲས་བུ་འཁྲུལ་སྣང་གི་འཁོར་བའི་རྒྱ་མཚོ་འདིར་འཁྱམས་པ་ཡིན་ལ། དེ་ལས་རྨི་ལམ་དང་སྒོམ་ཉམས་ཀྱི་དངོས་སྣང་སོགས་རྫུན་པ་ལས་ཉིང་རྫུན་འཁྲུལ་པ་ལས་ཉིང་འཁྲུལ་ཉིད་ཡིན་པས་དེ་ལ་མངོན་པར་ཞེན་ཏེ། ལས་བསགས་ན་བདུད་དམ་བར་ཆད་འཇུག་པ་ཡིན་ཏེ། སླར་ཡང་འཁོར་བར་འཁྲུལ་པ་ལས་ཉིང་འཁྲུལ་དུ་འགྱུར་བའི་རྒྱུ་འབྲས་ལ་སྤྱོད་པའི་ཕྱིར། དངོས་སྣང་ལ་བདེན་རྫུན་སྤང་དགོས་ན་རྨི་ལམ་ལ་བདེན་རྫུན་བྱེད་པར་རིགས་པའི་གནས་ག་ལ་ཡོད། དེས་ན་རྟོགས་ལྡན་གྱི་བླ་མ་མཚན་ཉིད་ལྡན་པ་ཞིག་གིས་སློབ་མའི་རྒྱུད་ཐབས་ཅི་ལྟ་བུ་ཞིག་གི་སྒོ་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ལ་འགོད་པའི་མཁྱེན་བརྩེ་ནུས་གསུམ་མངའ་བ་དེས་སློབ་མ་ཕྱག་རྒྱ་ཆེན་པོའི་སྐལ་ལྡན་དེ་ལ་དགེ་སྡིག་སོགས་ཀྱི་ལས་འདི་སྒྲུབ་པར་བཀའ་སྩལ་གནང་ཚད་སློབ་མ་དེ་ཉིད་ཀྱི་ཕྱག་ཆེན་གྱི་རྟོགས་པ་བསྐྱེད་ཐབས་ཡིན་ལ། སྒྲུབ་པར་ནུས་མི་ནུས་སོགས་ཀྱི་བློས་བཏགས་ནས་བཀའ་བསྒོ་བ་དེ་གྱེན་ལ་བཟློག་པ་སྟེ་བསྒོ་བ་རྣ་བ་ལ་གཟོན་པ་ན། དེ་ལྟ་བུའི་ལས་ངན་དེས་ཕྱག་ཆེན་གྱི་དངོས་གྲུབ་ཐོབ་པ་ལ་གེགས་བྱེད་པར་མ་ཟད་མནར་མེད་པ་སོགས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུུ་སྐྱེ་བའི་ལས་ཡིན་ཏེ། བླ་མས་འདི་ལྟར་སྒྲུབས་ཤིག་པར་བཀའ་སྩལ་བ་དེ་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་སློབ་མས་བསྒྲུབས་ན་ཕྱག་ཆེན་གྱི་རྟོགས་པ་སྐྱེ་རྒྱུའི་དགེ་བ་བླ་ན་མེད་པར་འགྱུར་བ་དེ་ནི་དགེ་བའི་ནང་ནས་འགྲན་གྱི་ཟླ་མེད་པའི་དགེ་བ་ཡིན་པ་བཞིན། དེའི་ལྡོག་ཕྱོགས་བཀའ་དེ་སློབ་མ་དེས་མ་བསྒྲུབས་ན་ཡོན་ཏན་གྱི་གནས་ཀྱི་དངོས་གྲུབ་མི་ཐོབ་པའི་ཉེས་པ་དང་དེ་ལས་སྐྱོན་གྱི་གནས་རྡོ་རྗེ་དམྱལ་བར་སྐྱེ་བའི་རྒྱུའི་མི་དགེ་བའི་ནང་ནས་ཀྱང་འགྲན་གྱི་དོ་ཟླ་མེད་པའི་མི་དགེ་བ་བླ་ན་མེད་པར་འགྱུར་བའི་ཕྱིར། དེས་ན་རང་གི་སྣ་ཐག་རྗེ་བཙུན་བླ་མ་དམ་པའི་ཕྱག་ཏུ་ཕུལ་ནས་བདག་མཐོར་གཏོང་དམར་གཏོང་སྐྱིད་སྡུག་ལེགས་ཉེས་རྗེ་ཁྱེད་རང་ཤེས་ཞེས་ལིངས་སྐྱུར་དུ་གསོལ་བ་སྙིང་ནས་བཏབ་པ་ན་སློབ་མ་དེའི་བསག་སྦྱང་མྱུར་བ་ཉིད་དུ་མཐར་ཕྱིན་ནས་ཚེ་གཅིག་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་མི་སྲིད་པ་རྒྱུ་འབྲས་ཀྱི་རྟེན་འབྲེལ་གྱི་ཆོས་ཉིད་ལ་གནས་པས། དུས་དེར་བླ་མ་དམ་པའི་བྱིན་རླབས་སྐལ་ལྡན་གྱི་སློབ་མའི་རྒྱུད་ལ་འཇུག་པ་ཡིན་ནོ། །དེ་ཡང་བླ་མ་དམ་པའི་བཀའ་དགེའང་རུང་སྡིག་ཀྱང་རུང་སྩལ་ཚད་མཁའ་མཉམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བཞེད་པ་དང་སེམས་ཅན་ཐམས་ཅད་ཀྱི་གཏན་འདུན་སྒྲུབ་ཆེད་ཡིན་པས་དེ་རང་ཉིད་ཀྱིས་སྒྲུབ་པར་མ་བྱས་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དགོངས་མི་རྫོགས་ཤིང་སེམས་ཅན་ཐམས་ཅད་ཀྱི་འདོད་དོན་སྒྲུབ་པར་མི་འགྱུར་བས། དོན་ལ་སྲིད་ཞིའི་གང་ཟག་ཐམས་ཅད་ཀྱི་ཐུགས་དང་འགལ་ཞིང་བཀའ་བཅག་པའི་ཉེས་པར་འགྱུར་བས། རང་རེས་སེམས་ཅན་གྱི་དོན་དུ་སངས་རྒྱས་སྒྲུབ་ཕྱིར་བླ་མ་བསྟེན་ནས་བླ་མའི་བཀའ་བཅག་ནས་བྱང་ཆུབ་རྩོན་པས་སྒྲུབ་པ་སྐད་བྱས་ཀྱང་ནད་པས་སྨན་སྐྱུགས་ན་ནད་ལས་གསོར་མི་རུང་བ་ལྟར་བྱང་ཆུབ་ཀྱི་སྒྲུབ་པར་མི་འགྱུར་རོ། །གཞན་ཡང་སེམས་ཅན་གཞན་རྒྱུད་ལ་སྐྱོན་དང་ཉེས་པ་ཐམས་ཅད་གཙོ་བོ་འཁོར་འདས་ཀྱི་མཐར་ལྟུང་བའི་སྒྲིབ་གཉིས་བག་ཆགས་གནས་ངན་ལེན་དང་བཅས་པ་ཚང་བར་ཡོད་པས། འདི་ཡོད་བཞིན་འདི་ཐམས་ཅད་བདག་གི་སྲིད་གཉིས་ཀྱི་མཐར་མི་ལྟུང་བའི་རྫོགས་བྱང་དུ་འགོད་བྱེད་སངས་རྒྱས་སྒྲུབ་པར་བྱ་བའི་བསམ་སྦྱོར་གོང་ནས་གོང་དུ་བོགས་ཐོན་དགོས་པ་ལས། སེམས་ཅན་ཉི་ཚེ་བ་རེ་བློས་བཟུང་ནས་འདི་ལ་སྐྱོན་ཉི་ཚེ་བ་འདི་འདྲ་ཞིག་འདུག་པ་ལ་བདག་ཉིད་ཤ་ཚ་ཡོད་དམ་མེད་ཀྱང་རུང༌། ཚེ་འདིའི་ཕན་འདོགས་ཉི་ཚེ་བའི་ཆེད་ཀྱི་བསླབ་སྟོན་སོགས་བྱེད་པ་ནི། རང་གཞན་གྱི་དགེ་བ་ཉམས་བྱེད་ཀྱིས་ཉེས་པ་བསྐྱེད་པའི་སྐབས་ཡོད་དེ། ཚེ་འདིའི་བདེ་འབྱོར་གྱི་ཕན་འདོགས་ཕལ་ཆེར་ནམ་གཞག་གཏན་འདུན་གྱི་ཕན་བདེའི་བར་ཆད་ཀྱི་རྒྱུའི་གཙོ་བོར་འགྱུར་བ་ཤ་སྟག་ཏུ་ཡོད་པའི་ཕྱིར། ཁྱད་པར་གང་ཟག་དམ་པ་རྣམས་ཀྱི་གཞན་རྒྱུད་སྐྱོན་ཅན་རྟོག་པ་ནི་དཀོན་མཆོག་སྐྱབས་གནས་དམ་པ་རྣམས་ལ་ལོག་པར་བལྟས་པས་སྐྱབས་གནས་སྤངས་པས་མངོན་མཐོ་ངེས་ལེགས་ཀྱི་གཞི་གཏན་རླག་ཏུ་བྱེད་པའི་ཕྱིར། གང་ཟག་སུའི་འང་གཞན་རྒྱུད་སྐྱོན་ཅན་དུ་བཟུང་ནས་སྐྱོན་གྱི་ཆ་ནས་སྨད་པར་མི་བྱ་སྟེ། གལ་སྲིད་རང་ལས་དམན་པའི་གང་ཟག་སྐྱོན་ཅན་གྱི་སྐྱོན་རང་གིས་བསལ་བར་ནུས་ན་བྱང་ཆུབ་ཆེན་པོའི་བྱམས་པ་དང་སྙིང་རྗེ་ཆེན་པོས་སྐྱོན་དེ་བསལ་བ་ལས། དེ་ལ་སྐྱོན་གྱི་ཆ་ནས་བཤུངས་བ་དང་ཡིད་མི་བདེ་བ་སྒྲུབ་པའི་ལས་ངན་རྣམ་པ་ཐམས་ཅད་དུ་བྱར་མི་རིགས་པའི་ཕྱིར་ཏེ། བྱས་ན་རང་ཉིད་ཀྱི་ལེགས་བྱས་གྲངས་མེད་པ་ཉམས་པའི་སྡིག་པ་ཆེན་པོས་རང་རྒྱུད་ཀྱི་དགེ་བའི་རྒྱུ་འབྲས་ཉམས་པར་འགྱུར་བའི་ཕྱིར་རོ། །དེས་ན་ཉིན་སྣང་གི་སྐབས་འདིར་སྐྱེ་ཤི་བར་དོའི་དངོས་སྣང་གི་འཁྲུལ་པ་འདི་འཁྲུལ་པ་ཐམས་ཅད་དང་བྲལ་བ་ཐ་མལ་གྱི་ཤེས་པ་ཕྱག་རྒྱ་ཆེན་པོས་བསལ་ནས་འཁྲུལ་པའི་སྣང་བ་རྣམ་དག་ཏུ་སོང་བ་ན་མཚན་སྣང་གི་འཁྲུལ་པའང་ཆོད་པས་བར་སྲིད་ཀྱི་འཁྲུལ་པའང་དག་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཡིན་པས། འཁྲུལ་བྲལ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་འདི་སྐྱེ་ཤི་བར་དོ་སྲིད་པ་བར་དོ་རྨི་ལམ་བར་དོ་གསུམ་གྱི་འཁྲུལ་སྣང་གི་རྐྱེན་དང་བསྲེས་ཏེ་འཁྲུལ་པ་ཆོད་ཐུབ་ངེས་ཀྱི་ཉམས་ལེན་གདེང་ཁེལ་བའི་སྒྲུབ་པ་རྣམ་གཡེང་དང་བྲལ་བར་རྩེ་གཅིག་ཏུ་སྒྲུབ་པར་བྱའོ། །

༧༩

ཡང་རྗེ་སྒམ་པོ་པས་རྟོགས་པ་ཕུལ་བ་ན། རྗེ་ཆེན་པོ་མི་ལའི་ཞལ་ནས་འདི་སྐད་དུ་བཀའ་བསྩལ་ཏེ། ད་ནི་ཡི་དམ་ལྷ་ཞལ་མཐོང་སྟེ། ལོངས་སྤྲུལ་གཉིས་དངོས་སུ་མཐོང༌། ཆོས་སྐུ་དང་ད་གཟོད་མཇལ་བར་འདུག་གི་ད་དུང་དབུས་སུ་སོང་ལ་སྒོམས། སྔར་གྱི་འཕྲང་ཚོ་ངས་བསལ་བ་ཡིན། ད་མངོན་པར་ཤེས་པའི་འཕྲང་བྱ་བ་ཡོད། དེ་བྱུང་ཙ་ན་ལྷའི་བུའི་བདུད་འབྱུང་བས་ཤིན་ཏུ་གསང་བ་གལ་ཆེ། སྤྱིར་ཡོན་ཏན་ཐམས་ཅད་གསང་བ་ལས་འབྱུང་ཞིང༌། དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་ལ་བདུད་ཀྱིས་མི་ཚུགས་པ་ཡིན་ཏེ། ཁྱོད་དབང་པོ་རྣོན་པོ་གཅིག་འདུག་མོད་ཀྱིས་གསང་སྔགས་གསང་བས་འགྲུབ་པ་ཡིན་པས་གསང་ལ་སྒྲུབས་ཤིག སེམས་ཅན་ལ་ཕན་པར་འདུག་པས་ཚོགས་པ་ཡང་སྐྱོངས་གསུང༌། ཚོགས་པ་སྐྱོང་བའི་དུས་ནམ་ལགས་ཞུས་པས། སེམས་ཀྱི་ངོ་བོ་མཐོང་ནས་དེ་ལ་བརྟན་པ་ཐོབ་པ་ན་སྐྱོངས། ཇི་ཞིག་ནས་ཁྱོད་ལ་ད་ལྟ་དང་འདྲ་བ་མ་ཡིན་པའི་རྟོགས་པ་ཞིག་རྒྱུད་ལ་སྐྱེ། དེའི་དུས་སུ་མི་རྒན་ང་ལ་ཡང་སངས་རྒྱས་དངོས་སུ་མཐོང་བའི་འདུ་ཤེས་བརྟན་པོ་འབྱུང༌། བུ་ཁྱོད་རང་ལ་ཡང་སེམས་ཀྱི་ངོ་བོ་མ་བཅོས་པར་མཐོང་བའི་རྟོགས་པ་ཡང་དག་པ་སྐྱེ་བས་དེའི་དུས་སུ་ཚོགས་པ་སྐྱོངས། རླུང་ལག་སོར་ལ་ཚུད་དམ་མི་ཚུད་ལྟོས། དེ་ཚུད་ན་རླུང་གི་འཕྲང་ལས་ཐར་བ་ཡིན་གསུང༌། དེ་ནས་རྗེ་སྒམ་པོ་པས་ཐལ་བ་ལ་སོར་མོ་གཏད་ཅིང་སོར་མོར་རླུང་གཅུན་པས་ཐལ་བ་བུན་བུན་བྱུང༌། ནང་པར་བླ་མའི་དྲུང་དུ་དེ་ལྟར་ཞུས་པས། རྗེ་ཆེན་པོ་མི་ལས་རྩ་རླུང་ལ་དབང་ཐོབ་བྱ་བ་ནི་མིན་ཏེ། རྩ་རླུང་ལས་སུ་རུང་བ་བྱ་བ་ཡིན། ད་ཁོ་བོ་དང་འགྲོགས་མི་དགོས་ཏེ། དབུས་ཀྱི་ཕྱོགས་སུ་སོང་ཞིག སྤྲུལ་པ་དང་བསྒྱུར་བ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་པ་མཆོག་དང་ཐུན་མོང་གཉིས་ཀ་གྲུབ་ནས་འོང་གི། འདི་ནས་ཤར་གྱི་ཕྱོགས་སྒམ་པོ་བདར་གྱི་རི་བོ་རི་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུའི་རྩེ་མོ་རིན་པོ་ཆེའི་པྲོག་ཞུ་ལྟར་ཡོད་པ། ངའི་ཞྭ་འདི་ལྟ་བུ། ཤིང་སྤང་ཐང་གསེར་གྱི་མཎྜལ་ལྟ་བུ། མདུན་ན་རིན་པོ་ཆེ་སྤུངས་པ་ལྟ་བུ། རྒྱབ་རི་དར་དཀར་ཕྱར་བ་ལྟ་བུ། རི་བདུན་བློན་པོ་ཕྱག་འཚལ་བ་ལྟ་བུ་ཡོད་དེ། དེའི་མགུལ་ན་ཁྱོད་ཀྱི་གདུལ་བྱ་སྣོད་དང་ལྡན་པ་འོང་བས། དེར་སོང་ལ་སེམས་ཅན་གྱི་དོན་གྱིས་ཤིག ཅེས་བཀའ་སྩལ་བ་ལྟར་གྱི་དོན་ཤེས་པར་བྱས་ནས་རྣམ་པར་ཐར་པ་དེའི་རྗེས་སུ་བསླབ་པར་བྱ་དགོས་ཏེ། དེ་ཡང་རང་རེ་སྐལ་བ་དམན་པ་རྣམས་ལ་རྗེ་སྒམ་པོ་པ་ལྟ་བུ་སྤྲུལ་པའི་སྐུ་ཞིག་སླར་ས་ལམ་བགྲོད་པའི་ཚུལ་དུ་སྣང་བ་དེ་ལྟའི་རྣམ་པར་ཐར་པ་ལ་དངོས་སུ་བསླབ་པར་དཀའ་ཡང༌། རང་རེ་རྣམས་ཚེ་འདིའི་ཆོས་བརྒྱད་ཀྱི་བྱ་བ་ལ་འཁོར་བ་ཐོག་མེད་ནས་མཁའ་མཉམ་གྱི་གཞི་འདིར་མ་བསྒྲུབ་བྱ་བའི་ལས་མེད་པ་ཞིག་ལ་འབུངས་ཀྱང༌། བདེ་བ་རྟག་ཐུབ་ཏུ་ཐོབ་པ་ལྟ་ག་ལ་ཞིག་ལས་དེས་སླར་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་འཁྱམས་པ་ཡིན་པས། དུས་ད་ལེན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ཐར་བའི་ཐབས་འདི་ཁོ་ན་ལས་ཚེ་འདིའི་བདེ་སྐྱིད་སོགས་ཀྱི་གོ་འཕང་འཕྲལ་མནོག་ཆུང་ཞིང་ཕུགས་ཡ་ཆེས་ང་བའི་བྱ་བ་ལ་དུག་སྦྲུལ་གྱི་མཆེ་དུག་ལྟར་སྐྲག་ཆེས་ན་འདོད་པའི་ཡོན་ཏན་གྱི་འདུ་འཛིས་དབེན་པའི་གནས་སུ། སེམས་འཁོར་བར་འཁོར་བའི་རྒྱུའི་ལས་དང་ཉོན་མོངས་པ་རྣམས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་རྣམས་ལ་མཉམ་པར་བཞག་ནས། དེའི་མི་མཐུན་ཕྱོགས་རྣམས་ལ་དྲན་དང་ཤེས་བཞིན་གྱིས་ལེགས་པར་ངོས་ཟིན་པར་བྱས་ནས་སྤོང་བ་ལ་བརྩོན་པ་ན། ཆགས་སོགས་ཉོན་མོངས་པའི་རྣམ་གཡེང་དང་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་སེམས་ཤིན་ཏུ་ཡོངས་སུ་སྦྱངས་ཤིང་ལས་རུང་དུ་གྱུར་ཏོ། །སེམས་བྱང་ཆུབ་ཀྱི་དམིགས་པ་ལ་རྩེ་གཅིག་ཏུ་བཞག་པ་ལས་རིམ་གྱིས་ཞི་གནས་ཀྱི་ཏིང་ངེ་འཛིན་གྲུབ་པ་ན། དེའི་སེམས་ཀྱི་རྩལ་ཆ་ལ་འབད་མེད་དུ་ལྷའི་མིག ལྷའི་རྣ་བ། གཞན་གྱི་སེམས་ཤེས་པ། སྔོན་གྱི་གནས་རྗེས་སུ་དྲན་པ། ལུས་ངག་གི་རྫུ་འཕྲུལ་སོགས་མངོན་ཤེས་ལྔ་པོ་རྣམས་ཀྱང་དང་པོར་ཏིང་ངེ་འཛིན་དེ་ཉིད་ཀྱིས་ཉམས་སྣང་དུ་རྨི་ལམ་ལྟ་བུར་འཆར་ལ། ཇི་ཞིག་ན་ཏིང་ངེ་འཛིན་དེ་ཉིད་ཆེར་བརྟོན་པ་ཏིང་ངེ་འཛིན་གྱི་ཉམས་སྣང་དེ་དངོས་སྣང་དུ་ཁྱེར་ནས་དང་པོ་རང་སྣང་ལ་དངོས་སུ་མངོན་ཤེས་ཀྱི་བྱེད་པ་རྣམས་སྣང་ཞིང༌། དེ་ཉིད་ལ་ལེགས་པར་རྩལ་བསྐྱེད་དེ་སྦྱངས་པས་གཞན་སྣང་ལ་དངོས་སུ་མངོན་ཤེས་ཀྱི་བྱེད་པ་རྣམ་ཤེས་ཀྱི་སྟོན་ནུས་པ་འབྱུང་ལ། འདི་ལྟའི་མངོན་ཤེས་ཙམ་སྟོན་པ་ལ་ནི་ཕྱག་རྒྱ་ཆེན་པོའི་སེམས་རང་ངོ་གཤའ་མ་ལ་རྩེ་གཅིག་ཏུ་གནས་པའི་རྩེ་གཅིག་གི་ཆུང་འབྲིང་ཆེན་པོའི་གོ་ཉམས་རྟོགས་གསུམ་གྱི་རྟོགས་པ་ཐོབ་པ་ནས་འབྱུང་བས། དེ་ཡང་གང་ཟག་གི་རིགས་ལ་ལ་ལ་ཕྱག་རྒྱ་ཆེན་པོ་ཉམས་ཀྱི་དྲི་མས་མ་སྦགས་པའི་རྟོགས་པའི་སེམས་ཀྱི་རང་ངོ་འཕྲོད་པའི་སྤྲོས་བྲལ་ཆུང་ངུ་ཙམ་གྱི་རྟོགས་པ་སྐྱེས་པ་ལས་འདི་ལྟའི་མངོན་ཤེས་སོགས་ཀྱི་ཡོན་ཏན་བརྒྱ་འགྱུར་སྟོང་འགྱུར་དུ་འཆར་ཆེས་སླ་བ་ཡིན་ནོ། །ཁ་ཅིག་ལ་རྟོགས་པ་ཤར་བ་སླ་ལ་འདི་ལྟའི་ཡོན་ཏན་སྐྱེ་དཀའ་བའི་གང་ཟག་གི་རིགས་ཀྱང་ཡོད་དོ། །འོ་ན་འདི་ལྟའི་མངོན་ཤེས་སོགས་མ་ཤར་བའི་ཕྱག་རྒྱ་ཆེན་པོ་རྟོགས་པའི་སེམས་ཀྱི་རང་ངོ་འཕྲོད་པའི་སྤྲོས་བྲལ་ཡན་གྱི་རྟོགས་པ་སྐྱེ་བ་སྲིད་དམ་མི་སྲིད་སྙམ་ན། འདི་རྗེ་སྒམ་པོ་པ་ཡབ་སྲས་ཀྱི་ཞལ་ནས་སེམས་ཅན་གྱི་ཁམས་སྣ་ཚོགས་པའི་བསམ་གྱིས་མི་ཁྱབ་པ་མཐའ་ཀླས་པས་ཞི་གནས་ཀྱི་ཡོན་ཏན་གྱི་མངོན་ཤེས་སོགས་མེད་ཀྱང་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྣལ་མ་རྒྱུད་ལ་སྐྱེ་བ་སོགས་ཡོད་དེ། དཔེར་ན་ཤེས་རབ་རྐྱང་གྲོལ་གྱི་དགྲ་བཅོམ་ཐོབ་པར་འགྱུར་བ་ལ། བསམ་གཏན་གྱི་སེམས་མ་ཐོབ་ཀྱང་བསམ་གཏན་གྱི་ཉེར་བསྡོགས་ཙམ་གྱི་རྟེན་ལ་དེའིདགོས་དོན་སྒྲུབ་ནུས་པ་ལྟ་བུའི་ཕྱིར་དང༌། རྒྱུའི་ཐེག་པར་ས་དང་པོ་ཐོབ་པའི་ལུས་རྟེན་ལ་འཁོར་ལོ་བསྒྱུར་བའི་ལུས་སོགས་ཀྱི་ཡོན་ཏན་དང་རྫུ་འཕྲུལ་ཐོབ་དགོས་ཀྱང༌། གསང་སྔགས་ཀྱི་མཐོང་ལམ་ཐོབ་པའི་ལུས་རྟེན་གདོལ་པ་དམངས་རིགས་སོགས་ཀྱིས་ཀྱང་འགྲུབ་ཏུ་རུང་བ་ལྟ་བུའོ་ཞེས་གསུངས་པ་ལ། ས་སྐྱ་པཎྜི་ཏ་ཆེན་པོས། བཀའ་བརྒྱུད་པ་དག་གི་ཞི་ལྷག་གི་རྣལ་འབྱོར་དང་ལྡན་པར་ཁས་འཆེ་བ་རྣམས་ཞི་ལྷག་གི་ཡོན་ཏན་དང་མི་ལྡན་པས་ཞི་ལྷག་གི་རྣལ་འབྱོར་མཚན་ཉིད་པ་མ་ཡིན་པ་དང༌། ཁྱད་པར་ཁྱེད་རང་གི་སེམས་ངོ་འཕྲོད་པར་འདོད་པའི་ངོ་འཕྲོད་ཚུལ་དེ་མདོ་རྒྱུད་ཀྱི་ས་ལམ་དང་སྦྱར་ན་ཐེག་པ་ཆེན་པོའི་མཐོང་ལམ་ཡིན་པར་འཆད་གདའ་བ། སེམས་ངོ་འཕྲོད་ཚུལ་དེ་ཐེག་པ་ཆེན་པོའི་མཐོང་ལམ་ནི་མ་ཡིན་ཏེ། ཡིན་ན་མདོ་རྒྱུད་ནས་མཐོང་ལམ་གྱི་ཡོན་ཏན་དེ་དག་གང་དང་ཡང་མི་ལྡན་པའི་ཕྱིར་ཞེས་གསུང་པ་ལ། བཀའ་བརྒྱུད་རིན་པོ་ཆེའི་ཞལ་ནས། དེ་ལྟར་ཁ་ཚོན་མཐའ་གཅིག་ཏུ་གཅོད་པར་མི་ནུས་ཏེ། མ་དག་པའི་སངས་རྒྱས་ཀྱི་ཞིང་འདིའི་ཉན་རང་དགྲ་བཅོམ་དང་བྱང་སེམས་འཕགས་པ་རྣམས་ཀྱི་སྐུ་ཚེ་མཛད་ཕྲིན་རྫུ་འཕྲུལ་སོགས་ལས་སངས་རྒྱས་ཀྱི་དག་པའི་ཞིང་ལ་ལ་ན་སྐྱེ་བོ་ཐེག་པ་གསུམ་གྱི་ལམ་དུ་མ་ཞུགས་པ་རང་དགར་གནས་པ་རྣམས་ཀྱི་འཇིག་རྟེན་པའི་བསམ་གཏན་དང་ཤེས་རབ་དང་རྫུ་འཕྲུལ་རྣམས་རྒྱ་ཆེ་ཞིང་ངོ་མཚར་བ་ལྟ་བུར་སྣང་བ་དང༌། མ་དག་པའི་ཞིང་འདིའི་མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལྟ་བུའི་སྐུ་ཚེ་མཛད་འཕྲིན་རྫུ་འཕྲུལ་ལས་དག་པའི་འཇིག་རྟེན་གྱི་ཞིང་ལ་ལའི་མཆོག་གི་སྤྲུལ་སྐུའི་འཁོར་གྱི་ཉན་རང་བྱང་སེམས་ཀྱི་སྐུ་ཚེ་མཛད་འཕྲིན་རྫུ་འཕྲུལ་སོགས་རྒྱ་ཆེ་ཞིང་ངོ་མཚར་བར་སྣང་བ་ལྟ་བུ་རང་དང་གཞན་གྱི་ངོར་སྔོན་གྱི་ཚོགས་བསགས་ཚུལ་གྱིས་སྣང་བ་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པ་འབྱུང་དུ་རུང་བ་བཞིན་དུ། མདོ་རྒྱུད་ནས་ཞི་ལྷག་གི་ཡོན་ཏན་དང་འཕགས་པའི་ཡོན་ཏན་བཤད་པ་རྣམས་དང་མི་ལྡན་ཀྱང་རྣལ་འབྱོར་དང་གང་ཟག་དེ་དག་ཞི་ལྷག་གི་རྣལ་འབྱོར་མ་ཡིན་པ་ངས་འཕགས་པའི་གང་ཟག་མ་ཡིན་པར་ཡང་མི་འགྱུར་ཏེ། མདོ་རྒྱུད་ནས་ཞི་ལྷག་རྣལ་འབྱོར་དང་འཕགས་པའི་གང་ཟག་རྣམས་ལ་ཡོན་ཏན་དེ་ལྟར་འབྱུང་བར་གསུངས་ཀྱང༌། ཡོན་ཏན་དེ་དག་དང་མི་ལྡན་ན་རྣལ་འབྱོར་དང་གང་ཟག་དེ་དག་ཞི་ལྷག་གི་རྣལ་འབྱོར་མིན་པ་དང་འཕགས་པའི་གང་ཟག་མ་ཡིན་པར་རྒྱལ་བ་སྲས་བཅས་ཀྱི་བཀས་མ་བཅད་པའི་ཕྱིར་དེས་ན་སེམས་ཀྱི་རང་ངོ་ཤེས་པའི་ཐ་མལ་ཕྱག་རྒྱ་ཆེན་པོའི་ཤེས་པའི་ཕྱོགས་ཙམ་མངོན་དུ་གྱུར་པ་འདི་ཆེས་དཀའ་བ་ལས། བསམ་གཏན་གྱི་སེམས་ལ་བརྟེན་པའི་མངོན་ཤེས་སོགས་ནི་ཆེས་སྒྲུབ་སླ་བ་ཡིན་ཏེ། ཐ་མལ་ཤེས་པའི་རང་ངོ་ནི་སྔར་ཕན་འཁོར་བར་ཇི་ཙམ་བསྡད་ཀྱང་མིང་དོན་བརྡ་སྤྲོད་པ་ཙམ་ཐོས་པའི་སྐལ་བ་འཚལ་བ་སྲིད་མཐའ་མ་བཀག་ཙམ་ཡིན་ལ། ནམ་མཁས་ཁྱབ་པའི་གཞིར་རྡུལ་ཕྲ་རབ་རེའི་ཁྱོན་ལའང་ལན་གྲངས་གཞལ་དུ་མེད་པར་བསམ་གཏན་གྱི་སེམས་ལ་བརྟེན་ནས་རྫུ་འཕྲུལ་སོགས་མ་ཐོབ་བྱ་བ་མེད་པ་ཞིག་ཐོབ་ཀྱང༌། ད་དུང་འཁོར་བ་ལས་རྟ་རྔ་གང་ཙམ་ཡང་མ་འཕགས་པར་གྱུར་པའི་ཕྱིར། དེས་ན་ཞི་གནས་སོགས་ལ་བརྟེན་ནས་མངོན་ཤེས་སོགས་ཀྱི་སེམས་ཅན་ཉི་ཚེ་བའི་གཞན་སེམས་བསྒྱུར་ནུས་པ་ཙམ་ནི་ཁམས་གསུམ་པའི་འགྲོ་བ་ཐམས་ཅད་ལ་ཡོད་དུ་རུང་བའི་ཡོན་ཏན་ནི་དོན་ལ་འཁོར་བ་སྡུག་བསྔལ་གྱི་རང་གཞིན་གྱི་སྐྱོན་ཁོ་ནའི་ངོ་བོ་ལས་མ་འདས་པས་ཡོན་ཏན་མཚན་ཉིད་པ་མིན་པའི་ཡོན་ཏན་དེ་ཙམ་ཐོབ་པ་ལ་ང་རྒྱལ་རིན་མི་ཆོག་སྟེ། རང་རེ་འཁོར་བ་ཐོགས་མེད་ནས་འཁོར་བའི་རྫུ་འཕྲུལ་སོགས་ཀྱི་ཡོན་ཏན་ལ་ང་རྒྱལ་ནས་ཆགས་སྡང་གི་ལས་བསགས་པས་འཁོར་བའི་རྒྱ་མཚོ་ཆེན་པོ་འདི་ཉིད་དུ་ལྟུང་བར་གྱུར་པའི་ཕྱིར་རོ། །དེས་ན་འཁོར་བ་འདི་སྡུག་བསྔལ་དུ་སྙིང་ཐག་པ་ནས་རྟོགས་ན་མངོན་ཤེས་སུ་མ་ཟད་འཁོར་བས་བསྡུས་པའི་འགྲོ་བ་ཐམས་ཅད་ཀྱི་ཡོན་ཏན་ཕྱོགས་གཅིག་ཏུ་བདག་རྒྱུད་ལ་སྤུངས་སེ་བྱུང་ཡང༌། དེ་ཐམས་ཅད་དམྱལ་མེའི་ཀློང་ལྟར་སྡུག་བསྔལ་དུ་མཐོང་ནས་ངེས་པར་འབྱུང་བ་དྲག་ཏུ་འཕེལ་བར་འགྱུར་བས་མངོན་ཤེས་སོགས་ལ་ཡོན་ཏན་དུ་མཐོང་ནས་གཞན་ལ་ངོམ་པ་མི་འབྱུང་ཡང༌། སེམས་ཅན་ལ་སྙིང་རྗེས་ཀུན་ནས་བསླངས་ཏེ། བདག་གི་ཡོན་ཏན་འདི་འདུལ་བྱ་རྣམས་ལ་བསྟན་པ་ན་བདག་ལ་འདུན་པར་འགྱུར་ལ། དེ་ཅི་ཙམ་འདུན་པ་དེ་ཙམ་དུ་བྱང་ཆུབ་ཀྱི་ལམ་ལ་སྦྱར་བར་བྱའོ་སྙམ་ནས་རང་གི་ཡོན་ཏན་གཞན་ལ་སྟོན་པ་སོགས་འབྱུང་སྲིད་ལ། དེའི་ཚེ་ལྷའི་བུའི་བདུད་བྱ་བ་གྲྭ་སློབ་སོགས་ཀྱི་ཆོས་བརྒྱད་ཀྱི་ཟང་ཟིང་འུར་ཚིལ་གྱིས་འབྱུང༌། དེ་ཐམས་ཅད་ཟང་ཟིང་མེད་པའི་དམ་ཆོས་སྒྲུབ་པ་ཤ་སྟག་ལ་བཀོད་ནུས་པ་བྱུང་ན་རང་གཞན་གཉིས་ཀའི་རྒྱུད་སྨིན་གྲོལ་དུ་སོང་སྟེ་ལྷའི་བུའི་བདུད་རང་གི་དབང་དུ་ཚུར་འདུས་ནས། བསག་སྦྱང་ལ་བོགས་ཆེར་ཐོན་འགྲོ་ཡང་དེ་ལྟར་མིན་པའི་རྙེད་བཀུར་གྱི་ཟང་ཟིང་དེ་ལ་མི་གཙང་བ་ལ་སྦྲང་བུ་འཁོར་བ་ལྟར་ཚེ་འདི་དོན་གཉེར་དུ་མ་འདུས་ན་ཆགས་སྡང་གི་ལས་བསགས་ན་བདག་ཉིད་དུ་མ་ཟད་རང་ལ་འདུས་པ་དང་དེ་ལ་བརྟེན་ནས་ཡང་འདུས་ཉིད་འདུས། ཐ་ན་དེ་ལ་བརྟེན་པའི་དུད་འགྲོ་ཚུན་གྱི་རྒྱུད་ལ་སྡིག་པ་ཆེན་པོའི་འདམ་དུ་བྱིང་ནས་ངན་སོང་ངན་འགྲོའི་གནས་འོག་ནས་འོག་ཏུ་ལྟུང་བར་འགྱུར་རོ། །དེས་ན་མངོན་ཤེས་སོགས་ཀྱི་ཡོན་ཏན་ཅི་བྱུང་བ་རང་གིས་གསང་ཞིང་སྦེད་དེ་རང་རྒྱུད་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་གཤའ་མ་སྐྱེས་ནས། རྙེད་བཀུར་སོགས་ལ་བརྟེན་ནས་བདག་བསྟོད་གཞན་སྨོད་ཀྱི་ཆགས་སྡང་རྣམ་པར་དག་སྟེ། དེའི་རྟེན་འབྲེལ་གྱི་མཐུས་རང་ལ་འདུས་པ་ཐམས་ཅད་རྙེད་བཀུར་ཟང་ཟིང་ལ་བརྟེན་ནས་བདག་བསྟོད་གཞན་སྨོད་ཀྱི་ཆགས་སྡང་སོགས་ཀྱི་ལས་ངན་དྲུངས་ནས་འབྱིན་པའི་རྟོགས་པ་ཐོབ་པའི་སྐྱེས་བུ་ཆེན་པོའི་གོ་འཕང་ལ་འགོད་པའི་གྲུབ་པ་ཐོབ་སྟེ། འཇིག་རྟེན་ཆོས་བརྒྱད་ལྷའི་བུའི་བདུད་ཚར་གཅོད་ནུས་པ་ན། མངོན་ཤེས་སོགས་ཀྱི་རྣམ་ཐར་ཆེད་དུ་གསང་ནས་སྒྲུབ་པ་ལ་ནན་ཏན་བྱ་མི་དགོས་པས་གདུལ་བྱ་འདུལ་བ་དུས་ལ་བབ་མ་བབ་རང་གི་ཉམས་རྟོགས་ཀྱི་རྩལ་དང་སློབ་མའི་དད་ཤེས་བརྩོན་པའི་སྐལ་བ་ལ་བརྟགས་ནས་རང་གཞན་གྱི་ཚོགས་གོང་འཕེལ་གྱི་ཉམས་ལེན་ལ་འབད་པར་བྱའོ། །

༨༠

ཡང་རྗེ་སྒམ་པོ་སྤྲུལ་པའི་སྐུའི་རྣམ་ཐར་གྱི་ཚུལ་ནི། གདུལ་བྱའི་མོས་སྣང་ཙམ་གྱིས་ཕྱེ་བ་ཡིན་ལ། མདོ་ལྟར་ན་ས་ཐོབ་པ་ཡན་གྱིས་ལོངས་སྐུ་མཐོང་དུ་རུང་ལ། ཚོགས་ལམ་ཆེན་པོ་པ་ཡན་གྱིས་མཆོག་གི་སྤྲུལ་སྐུ་མཐོང་དུ་རུང་ལ། དེ་ལྟར་མིན་པའི་སྐྱེ་བོས་ལོངས་སྤྲུལ་གྱི་སངས་རྒྱས་དངོས་སུ་བལྟར་མེད་པར་བརྗོད་ཀྱང༌། སྔགས་ལུགས་ལྟར་སྔགས་ཀྱི་གདུལ་བྱ་དབང་རྣོན་ཚོགས་ལམ་ནས་འཇུག་པའི་དང་པོར་དེ་བཞིན་གཤེགས་པ་རྡོ་རྗེ་ཅན་གྱི་དཀྱིལ་འཁོར་དུ་དབང་གིས་སྨིན་རུང་གི་གང་ཟག་གིས་ཀྱང་ལོངས་སྤྲུལ་གྱིས་སངས་རྒྱས་མཐོང་དུ་རུང་སྟེ། དེ་ལྟར་མཐོང་རུང་མིག་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཐུས་ཕབ་ནས་རྡོ་རྗེ་ཅན་གྱི་དཀྱིལ་འཁོར་པའི་ནང་དུ་གཞུག་པར་སྔགས་ཀྱི་རྟེན་འབྲེལ་གྱི་ཆོ་གས་མཛད་པའི་ཕྱིར། མཛད་པ་དང་མཐུན་པར་མཐོང་དུ་ཡང་རུང་སྟེ། སྔགས་ཀྱི་དབང་རྣོན་གྱི་རིགས་དང་སྔགས་ཀྱི་དགེ་བའི་རྟེན་འབྲེལ་གྱི་མཐུའི་བྱེད་པ་གཞན་ལས་མཐུ་ཆེ་ཞིང་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར། དེས་ན་སྔགས་ལམ་ནས་འབྱུང་བའི་བྱ་སྤྱོད་ཀྱི་དཀའ་ཐུབ་དང༌། རྣལ་འབྱོར་རྒྱུད་ཀྱི་སྐུ་སྒོམ་ཞིང་སྔགས་བཟླ་བ་དང་ཕྱག་རྒྱ་འཆིང་བ་དང་གླུ་གར་སོགས་ཀྱི་མཆོད་པ་དང་བསྟོད་པ་དང༌། བླ་མེད་ཀྱི་བསྐྱེད་རྫོགས་ཀྱི་རྩ་རླུང་ཐིག་ལེའི་ཆོ་གའི་རྟེན་འབྲེལ་གྱི་མཐུ་ལས་སོ་སོ་སྐྱེ་བོའི་གང་ཟག་རྣམས་ཀྱིས་ཀྱང་མདོ་རྒྱུད་ནས་བཤད་པའི་ལོངས་སྤྲུལ་གྱི་སངས་རྒྱས་ཞི་དྲག་གི་སྐུའི་རྣམ་པ་དང༌། གཞན་ཡང་སངས་རྒྱས་དང་སེམས་ཅན་གྱི་གཟུགས་བརྙན་དུ་མའི་རྣམ་རོལ་དུ་མཐོང་རུང་བ་ཡིན་ལ། ཁྱད་པར་མོས་གུས་ལམ་དུ་བྱེད་པའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ་འཕགས་པའི་ས་མ་ཐོབ་པ་དག་གིས་ཀྱང་མདོ་སྔགས་ནས་བཤད་པའི་ལོངས་སྤྲུལ་གྱི་སངས་རྒྱས་ཀྱི་ཞལ་བལྟ་བ་དང་ཆོས་ཉན་པར་བྱར་ཡོད་དེ། བཀའ་བརྒྱུད་འདི་ལ་གྲགས་པའི་ཐ་མལ་གྱི་ཤེས་པ་ཕྱག་རྒྱ་ཆེན་པོའི་གོ་འཕང་འདི་ཉིད་དོན་གཉེར་གྱི་གང་ཟག་ནི། རྫོགས་སངས་དོན་གཉེར་གྱི་གང་ཟག་གཞན་གང་ལས་ཀྱང་དབང་པོ་མཆོག་ཏུ་གྱུར་ཅིང༌། གོ་འཕང་འདི་དོན་གཉེར་གྱི་དད་པ་དང་མོས་པ་ནི་རྫོགས་བྱང་ཐོབ་བྱེད་ཀྱི་དགེ་བ་གང་ལས་ཀྱང་དགེ་རྩ་མཆོག་ཏུ་གྱུར་པས། དེ་ལྟའི་དགེ་ཚོགས་བསགས་པ་དེས་རྒྱུད་སྨིན་པ་དང་གྲོལ་བའི་མཐུ་རབ་ཏུ་རྒྱས་པས་དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ལོངས་སྤྲུལ་གྱི་སྐུ་དངོས་སུ་མཐོང་བའི་སྐལ་ལྡན་དུ་འགྱུར་བ་ཡིན། དེས་ན་བཀའ་བརྒྱུད་འདི་པའི་བླ་མས་སློབ་མ་ཁྲིད་པ་ན། སྔོན་འགྲོའི་ཉམས་མྱོང་སྐྱེས་པ་ཙམ་ནས་ཡི་དམ་གྱི་ལྷ་ཞལ་གཟིགས་པ་བགྲང་གིས་མི་ལངས་བ་འབྱུང་བ་ལ། ཁ་ཅིག་གིས་འདི་ནི་ཡི་དམ་གྱི་ལྷ་མ་ཡིན། འདྲེ་ལ་སོགས་པ་མི་མིན་ལྟ་བུ་དང༌། ནད་སོགས་ཀྱི་ལས་ངན་གྱི་འཁྲུལ་སྣང་ཡིན་ནོ། །ཞེས་ཟེར་བ་ནི་ཐེག་པ་མཆོག་གི་སྙིང་པོ་བླ་ན་མེད་པའི་བསྟན་པའི་ལོ་རྒྱུས་ཙམ་ལ་དད་པ་འདྲེན་པའི་ཐེ་ཚོམ་དང་ཁུ་འཕྲིག་ཙམ་ཡང་མ་ཞུགས་པའི་སྐལ་བ་ངན་པ་ཁོ་ནར་ཟད་དེ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཏཻ་ལོ་པ་དང་པོར་གྲུབ་པ་མ་བརྙེས་པ་ཐ་མལ་པའི་དུས་སུ། དཔལ་རྡོ་རྗེ་འཆང་དེ་ཉིད་རེས་རབ་ཏུ་བྱུང་བ་དུ་མར་སྤྲུལ། རེས་རྣལ་འབྱོར་པ་བརྒྱ་སྟོང་དུ་མར་སྤྲུལ། རེས་སྤྲུལ་པའི་ཁྱེའུ་ལོ་བཅུ་གསུམ་པར་སྤྲུལ་ནས་རྩེད་མོ་རྩེ་བཞིན་པའི་རྡོ་རྗེ་འཆང་དང་དངོས་སུ་མཇལ་ནས། ངོ་བོ་གཟུགས་མེད་མཐོང་བ་པོ་ཡང་མེད། །ཅེས་སོགས་ཚིགས་སུ་བཅད་པ་གསུང་པ་ཙམ་གྱི་རྐྱེན་གྱིས་ཏཻ་ལོ་པ་མཆོག་གི་དངོས་གྲུབ་ཐོབ་པ་དང༌། དཔལ་ནཱ་རོ་པ་ལ་ཐ་མལ་པའི་དུས་སུ་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་མི་སྡུག་པའི་མཚན་སོ་གཉིས་དང་ལྡན་པའི་བུད་མེད་ཀྱི་སྐུར་བཞེངས་ནས་ཤར་ཕྱོགས་སུ་སོང་དང༌། ཏཻ་ལོ་པ་དང་མཇལ་ནས་མཆོག་གི་དངོས་གྲུབ་ཐོབ་པར་ལུང་བསྟན་པ་ལྟ་བུ་མེད་པའི་བྱུང་བ་ཙམ་ལའང་ཇི་ལྟ་བུ་ཞེས་དཔྱོད་པ་དང་བྲལ་བའི་གང་ཟག་ཏུ་སྣང་བའི་ཕྱིར། དེས་ན་རྗེ་མི་ལས་ཆོས་སྐུ་དང་ད་གཟོད་མཇལ་ཞེས་གསུངས་པ་དེའང་ཉམས་ཀྱི་ཤེས་པ་གསལ་སྟོང་ཙམ་གྱི་རང་ཞལ་མིན་པའི་གཉུག་མ་ཐ་མལ་གྱི་ཤེས་པའི་དྲི་མ་དང་བྲལ་བའི་རང་ཞལ་མཐོང་བ་དེ་ལ་ཆོས་ཀྱི་སྐུ་དང་འཇལ་བར་འཇོག་པ་ཡིན་ལ། མཇལ་ཚུལ་འདི་ལ་རྗེས་མཐུན་པར་མཇལ་བ་དང་དངོས་སུ་མཇལ་བ་གཉིས་ལས། རྗེས་མཐུན་པར་མཇལ་བ་ནི་ཆོས་ཚུལ་འདི་སྟོན་པའི་དཔལ་ལྡན་བླ་མ་དམ་པ་ལ་རང་རེས་ཆོས་ཚུལ་འདིའི་དོན་དུ་ཚེ་རབས་སྔ་མ་ནས་དགེ་བའི་རྩ་བ་རྒྱ་ཆེར་བསགས་པས་བླ་མ་དེའི་མཚན་ཐོས་པ་ཙམ་གྱིས་དད་པའི་རྐྱེན་གྱི་ལས་འབྲེལ་སད་དེ། རྗེ་སྒམ་པོ་པས་ལྕགས་རི་ཞིག་གི་ཁར་ཐུགས་ཏིང་ངེ་འཛིན་ལ་ཕྱམ་ཕྱམ་འགྲོ་བཞིན་པར་ཕྱག་གིས་ཡི་དྭགས་ལ་ཆུ་སྦྱིན་མཛད་པ་ན། སྤྲང་པོ་གསུམ་གྱིས་རྗེ་བཙུན་ཆེན་པོ་མི་ལའི་འཕྲོས་པ་གསན་པ་ཙམ་གྱིས་བཙན་ཐབས་སུ་བ་སྤུ་ལྡང་ཞིང་མཆི་མ་བབ་པའི་དད་པ་ཚད་མེད་པ་སྐྱེས་ཏེ། སྔར་གྱི་སེམས་དེ་མ་ཡིན་པ་ཞིག་རྒྱུད་ལ་ཤར་འདུག ཡུན་རིང་པོ་ཞིག་འབྱོན་ཡང་མ་མཁྱེན། དེ་ནས་དལ་གྱིས་བྲང་ཁང་དུ་བྱོན་ཏེ། དགེ་སྦྱོར་གྱི་གཙོ་བོ་ཡན་ལག་བདུན་པ་ཡིན་པས་མཛད་ཙམ་ན་འཕྲོ་སྟོར་ཞིང་སོང༌། ད་ཅི་བྱུང་བ་ཡིན་ནམ་དགོངས་ནས་གཟིམ་མལ་དུ་བཞུགས་ཏེ་བསྒོམས་པས་ཁང་པ་ལ་སོགས་ཡུལ་སྣང་ཐམས་ཅད་དངོས་པོར་མ་གྲུབ་པར་སྟོང་ཕྱམ་གྱིས་སོང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྒྲིབ་ཐོགས་དང་བྲལ་བར་ཡིད་ཡུལ་དུ་གསལ་བ་དང་སེམས་ཅན་ཐམས་ཅད་ཀྱི་སེམས་དང་ཁམས་དབང་གི་བྱེ་བྲག་ཐམས་ཅད་ཤེས་སྙམ་པ་བྱུང༌། གསུང་བ་ལྟ་བུ་དང༌། རྗེ་རྒོད་ཚང་པས་རྒྱ་རས་པའི་མཚན་གཙང་པ་པག་ཤིའི་གླུ་རྟ་ལས་གསན་པ་ཙམ་གྱིས་དད་པའི་རྐྱེན་ལས་སེམས་ལ་སྔར་གྱི་དེ་མ་ཡིན་པའི་ཤེས་པ་ཞིག་ཤར་བ་ལས། ཕྱིས་རྗེས་རས་པས་ཁྲིད་མཛད་ནས་སེམས་ཀྱི་ངོ་བོ་སྤྲད་པ་ན། ངོ་བོ་སྔར་རྗེའི་མཚན་ཐོས་པའི་དུས་ཐུགས་རྒྱུད་ལ་འཁྲུངས་པའི་ཤེས་པ་དེ་ལས་ལྷག་པའི་འཕྲོད་རྒྱུར་མི་གདའ་ཞེས་གསུངས་པ་ལྟ་བུ་ཡིན་ལ། དེས་ན་མོས་གུས་སྙིང་རྗེ་ངེས་འབྱུང་དྲག་པོ་སོགས་ཀྱི་རྐྱེན་གྱིས་སེམས་གཟུང་འཛིན་གྱི་སྦུབས་ལས་ཐོན་པའི་རིག་བྱ་རིག་བྱེད་ཀྱི་ཉམས་མྱོང་གི་ངར་དང་ལྡན་པའི་ཤེས་པ་སྟོང་གསལ་དྲི་མ་དང་བྲལ་བར་རྟོགས་པ་ན་རང་སེམས་ཆོས་ཀྱི་སྐུ་རྗེས་མཐུན་པར་མཇལ་བ་ཡིན་ནོ། །དངོས་སུ་མཇལ་བ་ནི་དེ་ལྟའི་རྐྱེན་ནམ་སྒྲུབ་པ་གཉུགས་སུ་བསྲིངས་པའམ་བླ་མ་དམ་པས་དབང་དང་བྱིན་རླབས་ལྟ་བུའི་རྟེན་འབྲེལ་གྱི་རྐྱེན་གྱིས་སེམས་གཟུང་འཛིན་གྱི་སྒྲིབ་པའི་གཡའ་ཐམས་ཅད་དག་ནས་གཉུག་མའི་ཤེས་པ་རིག་བྱ་རིག་བྱེད་ཀྱི་ཉམས་མྱོང་གི་ཆ་ཐམས་ཅད་རང་བཞིན་གདོད་མ་ནས་འོད་གསལ་བའི་སྤྲོས་པ་དང་བྲལ་བ་ཆོས་ཀྱི་དབྱིངས་སུ་རྟོགས་པ་ན་རང་སེམས་ཆོས་སྐུ་དངོས་དང་མཇལ་བ་ཡིན་ནོ། །དེ་ལྟར་རང་སེམས་ཆོས་ཀྱི་སྐུར་མཇལ་བ་ན་སྲིད་ཞིའི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་ཆོས་ཀྱི་སྐུ་དེ་ཡང་རང་སེམས་ཆོས་སྐུར་མཇལ་བ་ལྟར་རང་གཞན་གྱི་རང་སེམས་དྲི་མ་མེད་པའི་ཆོས་སྐུ་ལ་བླ་ལྷག་ཏུ་ཆོས་སྐུའི་མོས་གུས་ཐུན་མོང་མིན་པ་དེ་སྐྱེས་པ་སངས་རྒྱས་དང་སེམས་ཅན་རིས་མེད་པ་ལ་ཀུན་ཁྱབ་ཀྱི་མོས་གུས་ཕྱག་རྒྱ་ཆེན་པོ་དཀར་པོ་གཅིག་ཐུབ་ཅེས་བྱ་བ་དེ་རྒྱུད་ལ་འཆར་བ་ཡིན་ཏེ། དེ་འཆར་བ་ན་དོན་དམ་སྤྲོས་བྲལ་འདུས་མ་བྱས་པའི་ཡེ་ཤེས་ཚོགས་སོག་གི་ཕྱག་མཆོད་སོགས་ཀྱི་བསག་སྦྱང་རབ་ཀྱི་མཐར་ཐུག་པས། སྒྲིབ་གཉིས་ཀྱི་གནས་ངན་ལེན་ཤིན་ཏུ་ཕྲ་བའང་བཅད་ནས་སྐད་ཅིག་གིས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་ཏེ། ཇི་སྐད་དུ། ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་འབྱུང་བ་འདི་ལྟའི་མོས་གུས་སྐྱེས་ནས་སྲིད་ཞིའི་སྣོད་བཅུད་ཐམས་ཅད་དཔལ་ལྡན་བླ་མ་དམ་པའི་ངོ་བོའི་ཕྱག་རྒྱ་ཆེན་པོ་རབ་འབྱམས་སུ་ཤར་བ་དེ་ལ། དཔལ་ལྡན་འབྲུག་པའི་ཞལ་ནས། དག་སྣང་ཞིང་སྦྱོང་གི་རྟོགས་པ་སྐྱེས་པའི་ཚད་དུ་བཞག་ལ། སྲིད་ཞིའི་ཆོས་ཐམས་ཅད་དག་པ་རབ་འབྱམས་ཀྱི་ཞིང་ཁམས་སུ་འཆར་བ་ལའང༌། མོས་གུས་བླ་མའི་ཁྲིད་ལ་མྱོང་བ་གཤའ་མ་མ་སྐྱེས་ན་མི་འབྱུང་སྟེ། སྣང་སྲིད་དཔལ་ལྡན་བླ་མ་དམ་པའི་བདག་ཉིད་ཀྱི་སྐུ་གསུམ་གྱི་ངོ་བོའི་ཕྱག་རྒྱ་ཆེན་པོ་ཤར་དགོས་པའི་ཕྱིར། དེས་ན་བཀའ་བརྒྱུད་ཀྱི་ཞལ་ནས། སྣང་སྲིད་སྐུ་གསུམ་དུ་ཤར་བ་ན། །ལམ་གང་ཤར་ལ་སྤང་བླང་ག་ལ་དགོས། །ཞེས་འབྱུང་ངོ༌། །དེས་ན་རང་སེམས་ཀྱི་ཉམས་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་སྐུ་རང་ཞལ་དྲི་མ་དང་བྲལ་བར་མཇལ་བའི་མོས་གུས་རྒྱུད་ལ་ཅི་སྐྱེའི་བསག་སྦྱང་ལ་འབད་པར་བྱའོ། །

༨༡

ཡང་དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་ལ་བདུད་ཀྱིས་མི་ཚུགས་པ་ནི། རྒྱུའི་སྟོབས་ནི་གཉུག་མ་ཐ་མལ་གྱི་ཤེས་པའི་སྟེང་ན་ཡོད་པའི་སེམས་ཅན་རིས་མེད་པ་ལ་བྱམས་པ་དང་སྙིང་རྗེའི་སེམས་དེ་ཉིད་ཡིན་ལ། བྱམས་པ་ནི་བྱང་ཆེན་གྱི་བདེ་བ་དང་མི་འབྲལ་བར་ལྡན་འདོད་ཀྱི་སེམས་ཅན་གྱི་བདེ་འབྱོར་དེ་ལ་ཡིད་དགའ་སྤྲོའི་ཆགས་པའི་རྣམ་པ་ཅན་གྱི་བློ་ཡིན་ལ། སྙིང་རྗེ་ནི་བྱང་ཆེན་གྱི་བདེ་བ་དང་བྲལ་བར་དགོས་པའི་སེམས་ཅན་གྱི་སྡུག་བསྔལ་དེ་ལ་ཡིད་འབྱུང་བའི་རྣམ་པ་ཅན་གྱི་བློ་ཡིན་པས། སྙིང་རྗེ་དེས་དྲངས་པའི་སེམས་ཅན་ཐམས་ཅད་ལ་ཡིད་འོང་གི་བྱམས་པ་ཆེན་པོའི་སེམས་ལ་མཉམ་པར་གཞག་པ་ན་སྔོན་གྱི་ལས་སམ་འཕྲལ་གྱི་རྐྱེན་དུ་གྱུར་པའི་བདུད་ཚོགས་བྱེ་བ་བརྒྱ་སྟོང་གིས་གླགས་འཚོལ་བ་ན། རང་གིས་སེམས་ཅན་ལ་བྱམས་པ་བསྒོམས་པའི་མཐུ་དེ་ཉིད་ཀྱིས་བདུད་ཚོགས་དེ་དག་གིས་རང་ལ་བྱམས་པས་ཕན་འདོགས་པ་ལས་གནོད་ཅིང་འཚེ་བའི་གདུག་སེམས་ཀྱི་བསམ་སྦྱོར་ཐམས་ཅད་ཉེ་བར་ཞི་བར་འགྱུར་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་བདུད་ཀྱི་སྤྱོད་ཡུལ་ལས་འདས་པར་འགྱུར་རོ། །དེས་ན་བདུད་ཀྱི་བར་ཆད་བསྲུང་བའི་ཚུལ་ཡང་བདུད་སོགས་ཀྱི་སྐྱེ་བོ་ཐུན་མོང་བའི་ངོར་ཕྱིར་མངོན་པར་སེམས་ཅན་རིས་མེད་པ་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒྲུབ་པ་ལྷུར་བྱེད་བཞིན་པས་ནང་ལྐོག་ཏུ་གྱུར་པར་གསང་སྔགས་ཀྱི་རྣལ་འབྱོར་ལ་ནན་ཏན་དུ་སྒྲུབ་པ་ནི་གསང་སྔགས་ཀྱི་སྒྲུབ་པ་ལ་བར་ཆད་བསྲུང་བའི་སྲུང་འཁོར་བླ་ན་མེད་པར་འགྱུར་བ་ཡིན་ཏེ། བདུད་སོགས་ཀྱི་ངོར་མངོན་གྱུར་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒྲུབ་པ་ལྷུར་བྱེད་པའི་རིང་ལ་ལྐོག་ཏུ་གསང་སྔགས་ཀྱི་སྒྲུབ་པ་གསངས་ནས་སྤྱད་པས་བདུད་སོགས་ཀྱི་ངོར་མ་ཚོར་བར་སྒྲུབ་པའི་དགོས་དོན་གྲུབ་སྟེ་བཙན་ས་ཟིན་པ་ནི། བདུད་སོགས་ཀྱི་ངོར་གསང་སྔགས་ཀྱི་སྒྲུབ་པ་མངོན་གྱུར་དུ་བྱས་ཀྱང་བདུད་མཐའ་ཡས་པས་གསང་སྔགས་ཀྱི་སྒྲུབ་པ་ལ་བར་ཆད་ཀྱི་གླགས་རྙེད་པར་མི་འགྱུར་བས། དེའི་ཚེ་སྒྲུབ་པ་མཐར་ཕྱིན་ཆེད་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང༌། ཚོགས་སྤྱོད་ཆེན་པོ་དང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་རྣམས་ཀྱང་བྱ་བའི་དུས་ལ་བབ་པར་གསུངས་པའི་ཕྱིར། དེས་ན་གསང་སྔགས་ཀྱི་སྒྲུབ་པ་བྱམས་པ་དང་སྙིང་རྗེ་བྱང་སེམས་ཀྱི་བསྲུང་བའི་འཁོར་ལོས་བསྲུང་བའི་སྒོ་ནས་གསངས་ཏེ་སྒྲུབ་པ་ན་ཆེས་འགྲུབ་སླ་བ་ཡིན་ནོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ཡང་ཇོ་བོ་ཆེན་པོ་ཨ་ཏི་ཤ་དང༌། རྗེ་སྒམ་པོ་པ། རྗེ་དུས་གསུམ་མཁྱེན་པ། དཔལ་ཕག་མོ་གྲུ་པ། འབྲི་སྟག་ལ་སོགས་པའི་བླ་མ་གོང་མ་རྣམས་ཀྱང་ཕྱིར་སྐྱེ་བོ་ཀུན་གྱི་མངོན་སུམ་དུ་རབ་ཏུ་བྱུང་བ་ཉན་ཐོས་ཀྱི་སྤྱོད་པ་དང༌། རྒྱུ་མི་བྱེད་པའི་རྣལ་འབྱོར་པའི་བརྟུལ་ཞུགས་ལ་གནས་ནས་ལྐོག་ཏུ་རྡོ་རྗེ་འཛིན་པ་ཆེན་པོའི་སྤྱོད་པས་གསང་སྔགས་ཀྱི་སྒྲུབ་པ་ནན་ཏན་དུ་ཉམས་སུ་བཞེས་ནས་སྐལ་ལྡན་གྱི་གདུལ་བྱ་ལ་གསང་སྔགས་ཀྱི་རྟེན་འབྲེལ་ཟབ་མོས་སྨིན་གྲོལ་དུ་མཛད་པ་ཡིན་ཏེ། རྗེ་སྒམ་པོ་པ་སོགས་ཀྱི་མདུན་དུ་དུས་བཟང་ལ་སོགས་པར་བུད་མེད་ཀྱི་གད་མོ་ཤག་ཤག་འོང་བ་དང་ཆང་གི་དྲི་བྲོ་བ་དང༌། རྩར་ཕྱིན་པས་ཅི་ཡང་མི་སྣང་བ་ལྟ་བུའོ་ཞེས་རྣམ་པར་ཐར་པ་ལས་འབྱུང་བ་ལྟར་རྒྱུད་ལ། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང༌། །ནང་དུ་འདུས་པའི་དོན་ལ་བལྟ། །ཞེས་གསུངས་པ་ལྟར་ཉམས་སུ་ལེན་པར་བྱའོ། །

༨༢

དེ་ཡང་ཆོས་སྐུ་དངོས་སུ་ཇི་ལྟར་མཐོང་བར་འགྱུར་ན། རྗེ་སྒམ་པོ་པའི་རྣམ་ཐར་ལས་འདི་ལྟར་འབྱུང་སྟེ། འོལ་ཀའི་དགེ་ལུང་དུ་ཕྱགས་ཕེབས། དེར་ལོ་གསུམ་བཞུགས་དེ་གོང་གཉལ་གྱི་སེ་བ་ལུང་དུ་ལོ་དྲུག་བསྒོམས། དེར་བཟའ་ཆེ་བར་བྱུང༌། སྒོམ་པ་ལ་ཡང་བཟའ་དགོས་པར་འདུག་དེར་སེམས་ཀྱིས་ངོ་ཨེན་ཙམ་མཐོང༌། སྤྱིར་ཁོ་བོ་ལ་སྒོམ་སྐྱེས་དཀའ་བར་བྱུང༌། རྨི་ལམ་བཟང་པོ་གཅིག་རྨིས་ནས་ད་གཟོད་སྐྱེས་པ་ཡིན་གསུང༌། རྨི་ལམ་ཇི་ལྟ་བུ་རྨིས་ཞུས་པས། གསེར་བརྐོས་པས་གཞོང་པ་གང་རྙེད། འདི་ལ་བརྒྱད་སྟོང་པ་གཅིག་འབྲི་དགོས་བྱས་པ་རྨིས། དེ་ནས་ཆེར་མ་ལོན་པར་ངེས་ཤེས་ཤིག་སྐྱེས། དང་པོ་ནི་ཆོས་ཐམས་ཅད་སེམས་སུ་ཤེས་པ་ཞིག་བྱུང༌། ལྷན་ཅིག་སྐྱེས་སྦྱོར་ཨེན་རེ་ཙམ་མ་གཏོགས་སྒོམ་པ་ནི་གཏུམ་མོ་ཁོ་ན་བསྒོམས་པས། དེ་ལྟར་སྒོམ་པ་ཐམས་ཅད་རྣམ་པར་རྟོག་པར་འདུག་རྟོག་པ་གློ་བུར་བར་འདུག དེ་ཐམས་ཅད་སེམས་སུ་འདུག་སྙམ་པ་ཞིག་ནང་ནས་རང་ཤུགས་ཀྱིས་བྱུང༌། དེ་ནས་ཅི་ཞིག་ན་ཤེས་པའི་ངོ་བོ་སྔར་འདྲིས་ཀྱི་མི་དང་འཕྲད་པ་འདྲ་བ་ཞིག་བྱུང༌། རིག་པ་རང་གི་ངོ་བོ་དེ་ཡེར་གྱི་མཐོང༌། སྔར་གྱི་སྒོམ་དེ་དང་མི་འདྲ་བར་སིང་ངེ་ཡེ་རེ་བ་བྱུང་སྟེ། སྔར་གྱི་ཆོས་ཀུན་དང་བླ་མའི་མགུར་ཀུན་བཀྲ་ལམ་གྱི་བྱུང༌། རེས་ནི་སྣང་བ་སྒྱུ་མ་ལྟར་ཝལ་ཝལ། རེས་འགའ་ནི་ཨ་ཐང་ངེ་བ་ལྟ་བུ་ཡང་བྱུང༌། རེས་ཤེས་པ་རང་གི་ངོ་བོ་གཅིག་པུར་སོང༌། དེས་ན་ཐམས་ཅད་སྒོམ་དུ་སོང་བས་སྒོམ་རྒྱུ་གཞན་དུ་མི་འདུག སྒོམ་མཁན་དང་སྒོམ་གྱི་ངོ་བོ་མ་རྙེད། སྔར་ཐོས་བསམ་སྒོམ་མྱོང་གི་ཆོས་ཐམས་ཅད་ཕྱི་ཤུལ་དུ་སོང༌། རིག་པ་རང་གི་ངོ་བོ་རྟེན་མེད་དུ་སོང་ནས་སྣང་བ་ལ་བློ་བཏང་མི་དགོས་པ་བྱུང༌། རེས་ནི་སྟོང་པ། རེས་ནི་སྒྱུ་མ། རེས་ནི་འོད་གསལ་དུ་ཤར་བས་སྣང་བ་ལ་རྟོག་དཔྱོད་བྱ་མ་དགོས། རེས་ནི་ཉམས་ལ་རྒྱང་རྒྱང་སོང་སྙམ་བྱེད་དོ། །དེ་ཉམས་རང་མིན་པར་འདུག རྟོགས་པ་བརྟན་དུ་སོང་བ་ལས་བོགས་འདོན་རྒྱུ་ཆེར་མི་གདའ། སྔར་ནི་རྟོག་པ་བན་བུན་བྱུང་ཙ་ན་མེད་ན་དགའ་སྙམ་པ་བྱུང་བ་ལ། ད་ནི་རྟོག་པ་འོད་གསལ་འབའ་ཞིག་ཏུ་སོང་ནས། ད་གང་གིའང་མི་གནོད་སྙམ་པ་བྱུང༌། དེ་ཕྱིན་ཆད་འོད་གསལ་འབའ་ཞིག་ཏུ་སོང༌། དུས་ད་ལྟ་ཡན་ཆད་དུ་ཉིན་མཚན་རྒྱུན་ཆད་མེད། རྣལ་འབྱོར་པ་ལ་ཤི་མ་ཤི་དང་བར་དོ་མེད་སྙམ་པ་ཞིག་བྱུང༌། སྔོན་ཙ་ན་བཟླས་པ་མང་པོ་བྱས་ཀྱང་འདྲེ་གདོན་གྱིས་གནོད། ད་ལྟ་བཟླས་པ་རྡོག་གཅིག་མ་བྱས་ཀྱང་གནོད་མི་ནུས་པ་འདུག སྔོན་དགེ་བཤེས་མཁས་པ་ཀུན་དང་ཕྲད་ན་ཉམ་ང་བ་སྙམ་བྱེད། ད་ནི་སངས་རྒྱས་བྱོན་ཡང་ཉམ་ང་མེད། གཞན་གྱི་མཁས་པ་གཅིག་དང་གླེང་བསླང་བྱས་ཀྱང་ཁོང་གི་དེ་རྣམས་རྒྱང་དུ་ལུས་འགྲོ་ཞིང་འདུག ཅེས་བཀའ་བསྩལ་བའི་དོན། སྒོམ་སྐྱེ་དཀའ་བར་བསྟན་པའང་མ་འོངས་པའི་གང་ཟག་ལོ་གྲངས་བཅུ་ཕྲག་དུ་མར་ཟབ་མོ་ཐ་མལ་གྱི་ཤེས་པ་འདིའི་ཆེད་དུ་བསྒོམས་ཀྱང་རྟོགས་པ་མ་ཤར་ཏེ་སྒྱིད་ལུག་པ་ན། རྗེ་སྒམ་པོ་པ་ལྟ་བུའི་སྐལ་ལྡན་ལའང་བརྩོན་པ་ཆེན་པོས་དུས་རྒྱུན་རིང་པོར་སྒྲུབ་དགོས་ན། བདག་ལྟ་བུའི་བསགས་ཆུང་ལ་རྟོགས་པ་མྱུར་དུ་འགྲུབ་པ་ལྟ་ཅི་སྨོས་པའི་ཕྱིར། ཞེས་ལམ་ལ་ནན་ཏན་གྱི་གོ་ཆས་སྒྲུབ་པ་གཉུགས་སུ་བསྲིངས་པའི་མཐར་རྟོགས་པ་མི་སྐྱེ་བ་མི་སྲིད་ཅེས་གདམས་པའི་ཆེད་དུ་མཛད་དོ། །དེ་ཡང་རྨི་ལམ་དུ་ཤེར་ཕྱིན་གྱི་གླེགས་བམ་སྒྲུབ་པར་དགོངས་པའི་རྐྱེན་གྱིས་ཟབ་མོ་སྟོང་པ་ཉིད་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་པར་རྟོགས་པ་འཁྲུངས་པ་ནི་ཤེར་ཕྱིན་གྱི་མངོན་རྟོགས་ཀྱིས་ནི་སྒྲིབ་པ་ཐམས་ཅད་རྩད་ནས་འབྱིན་པར་བྱེད་པ་ཡིན་པས། སྒྲིབ་པ་རྩད་ནས་གཅོད་པ་ལ་ཤེར་ཕྱིན་གྱི་དགེ་ཚོགས་ལས་བསོད་ཚོགས་ཆེ་བ་མེད་པའི་ཕྱིར། ཤེར་ཕྱིན་ལ་འཇུག་པའི་སླད་ཀྱི་གླེགས་བམ་བཞེང་བ་སོགས་བསོད་ནམས་ཚོགས་སོགས་ཀྱིས་སྒྲུབ་པ་སད་པའི་དུས་སུ་མ་ཟད་མནལ་བའི་སྐབས་སུའང་ནན་ཏན་མཛད་པས་ཡེ་ཤེས་ཀྱི་ཚོགས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གཉུག་མ་ཐ་མལ་གྱི་ཤེས་པ་མངོན་དུ་གྱུར་པ་ཡིན་ན། དེའི་དང་པོར་ཐོས་བསམ་སྒོམ་པའི་ཤེས་རབ་རིམ་ཅན་དུ་འབྱུང་བས་ཆོས་ཀུན་གྱི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་དེ་ཐམས་ཅད་རང་བཞིན་ཆོས་ཉིད་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱ་ལས་མི་གཡོ་བ་མཉམ་པ་ཉིད་དུ་རྣམ་པར་རྟོག་པས་ཕྱིན་ཅི་མ་ལོག་པར་ངེས་པར་རམ་རབ་ཏུ་ཤེས་ཏེ་དེའི་ཟློག་ཕྱོགས་ཀྱི་སྤྲོས་པའི་སྒྲོ་འདོགས་བཅད་པའི་སྐད་ཅིག་དེར་དེ་ལྟར་རྟོགས་པ་དང་མ་རྟོགས་པས་འཁོར་འདས་ཀྱི་བདེ་སྡུག་འབྱུང་བ་ཐམས་ཅད་སེམས་རང་གི་ཆོ་འཕྲུལ་དུ་རྟོགས་ནས་སེམས་སྤྲོས་པ་འཁོར་བའི་ཆོས་སུ་གཏོང་བ་དང༌། སྤྲོས་བྲལ་མྱང་འདས་ཀྱི་ཆོས་སུ་གཏོང་བ་གཉིས་ཀར་བྱེད་ཤེས་པའི་རྩལ་སེམས་ལ་ཐོན་པ་གཅིག་འབྱུང༌། སྔར་ཆོས་ཅན་སྣང་བ་སོགས་ཀུན་རྫོབ་བདེན་པ་དང་ཆོས་ཉིད་སྟོང་པ་ཉིད་དོན་དམ་བདེན་པ་ལྷན་ཅིག་མི་འགལ་ཟུང་འཇུག་ཏུ་སྐྱེས་པ་དེ་དེ་ལྟར་རྟོགས་རིག་གི་རྩལ་ཆ་མ་འགགས་པར་སྒྱུ་མ་ལྟར་ཀུན་རྫོབ་བདེན་པ་ཁོ་ན་གཙོ་ཆེར་འཆར་ལ། རེས་ནི་སྣང་རིག་གི་ཆོས་ཅན་དང་ཆོས་ཉིད་བདེན་གཉིས་ཀྱི་ཆོས་ཤེད་མཉམ་དུ་གཅིག་གོ་གཅིག་གིས་མ་བཀག་པར་ཟུང་འཇུག་འོད་གསལ་བ་ཁོ་ན་གཙོ་ཆེ་བར་འཆར་ཞིང༌། དེ་ལྟར་འཆར་བའང་རྟོག་དཔྱོད་སོགས་ཡིད་བྱེད་ཀྱི་སེམས་ལས་བྱུང་བས་འདྲེན་མི་དགོས་པར་སྣང་རིག་གི་ངོ་བོའི་སེམས་དེ་ཉིད་ཀྱིས་རང་གི་ངོ་བོ་ཉིད་ཀྱི་ལྷུན་གྲུབ་ཏུ་འཇུག་པའམ་འཆར་བ་ཡིན་ནོ། །དེ་ལྟར་འཆར་བའི་ཚེ་རིག་བྱ་རིག་བྱེད་ཀྱི་སྤྲོས་པ་དང་བྲལ་ཚབས་ཆེས་པས་རང་ངོ་མ་ཤེས་པའམ་རང་ངོ་མ་རིག་པ་ལུང་མ་བསྟན་གྱི་ངང་དུ་ཡེངས་པའི་ཉམས་ལ་རྒྱང་རྒྱང་སོང་བ་སྙམ་ཡང་དེ་ལྟའི་ཉམས་སུ་ལུས་པ་མ་ཡིན་ཏེ། སྤྲོས་བྲལ་གྱི་ངང་དུ་རྒྱ་འབྱམས་པ་ཡིན་ནོ། །དེ་ནས་སེམས་ཁོ་རང་གི་ངོ་བོ་སྤྲོས་བྲལ་རང་བཞིན་རྣམ་དག་གི་སྟོང་པ་ཉིད་ལ་བོགས་འདོན་རྒྱུ་ཆེར་མེད་དེ། སེམས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ལ་མཆོག་དམན་དུ་འགྲོ་རྒྱུ་མེད་པའི་ཕྱིར། དེ་ལྟ་ནའང་སེམས་གློ་བུར་རྣམ་དག་གི་སྟོང་པ་ཉིད་ལ་བོགས་འདོན་རྒྱུ་ནི་ཡོད་དེ། ཇི་སྲིད་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་སེམས་ལ་སྐྱོན་དང་ཡོན་ཏན་ཐམས་ཅད་འཕེལ་ཟད་ཀྱི་བོགས་འདོན་བྱར་ཡོད་པའི་ཕྱིར། དེས་ན་སྔར་དམིགས་མྱོང་གི་རྟོགས་པ་ཀུན་རྫོབ་ཀྱི་སྣང་ཆ་ཅི་བྱུང་ཡང་དེ་ལ་མཚན་འཛིན་གྱི་ཞེན་པ་འབྱུང་བའི་དོགས་ཡོད་ཀྱང༌། དེ་ནི་ཀུན་རྫོབ་ཀྱི་སྣང་བ་ཇི་ཙམ་དུ་སྣང་བ་དེ་ཙམ་དུ་བདེན་པར་མ་གྲུབ་པ་འོད་གསལ་འབའ་ཞིག་གི་སྣང་བར་སོང་ནས་རྫུན་སྣང་ཐམས་ཅད་ལ་འདུན་པ་ཙམ་གྱི་བསྒྱུར་བགོད་རང་དབང་དུ་བྱེད་པ་ལ་རྩལ་རྫོགས་ནས་བསྟན་པ་ཐོབ་སྟེ་དམིགས་མྱོང་གི་རྣམ་རྟོག་ཀུན་རྫོབ་ཀྱི་སྤྲོས་ཆོས་གང་ལའང་དེར་འཛིན་གྱི་ཞེན་པ་སྐྱེ་དོགས་པའི་གནོད་པས་མི་རྫི། དེ་ལྟར་གྱི་ཚེ། རང་སེམས་སྒྱུ་མ་ལྟ་བུ་ལ་དེར་རྟོགས་པས་རྒྱུ་མའི་བསྒྱུར་བགོད་ལ་རང་དབང་ཐོབ་པ་ན་སྐྱེ་འཆི་ལ་ཡ་མི་ང་ཞིང༌། སྐྱེ་འཆི་དང་བར་དོ་སོགས་རང་བདེན་པའི་འཁོར་བའི་ཆོས་སུ་འཛིན་པ་འཁྲུལ་པ་མྱ་ངན་དང་སྡུག་བསྔལ་ལས་རང་ཤུགས་ཀྱི་གྲོལ་བའམ་འདས་པའི་རྟོགས་པའི་གདེང་ཆེན་པོ་ཐོབ། དེ་ཙ་ན་གང་ལ་གང་གིས་གནོད་པའི་རང་གཞན་གྱི་རྒྱུད་དུ་སྣང་བའམ་བདག་དང་གང་ཟག་གནོད་བྱ་གནོད་བྱེད་དུ་དམིགས་པའི་མཚན་མ་དང་དེར་འཛིན་དང་བྲལ་བས་བཟླས་པ་སོགས་མ་བྱས་ཀྱང་འདྲེ་གདོན་གྱི་གནོད་པ་ཅུང་ཟད་ཀྱིས་ཀྱང་རྫི་བར་མི་ནུས་ཏེ། མཚན་མ་དངོས་པོ་བདེན་པ་ཅན་གྱི་གནོད་བྱ་གནོད་བྱེད་གནོད་པ་ཡོད་རིང་ལ་དེ་ལྟའི་འཁོར་གསུམ་གྱི་གནོད་པས་གནོད་བྱར་ཡོད་ལ། མཚན་མ་དངོས་པོ་བདེན་པ་ཅན་གྱི་འཁོར་གསུམ་གྱི་གནོད་པ་ཅན་གྱི་འཁོར་གསུམ་གྱི་གནོད་པ་དང་བྲལ་རྗེས། དེ་ལྟའི་འཁོར་གསུམ་གྱི་གནོད་བྱར་མེད་པའི་ཕྱིར་ནམ་མཁས་ནམ་མཁའ་ལ་གནོད་བྱར་མེད་པ་བཞིན་ནོ། །སྔོན་ཆོས་ཐམས་ཅད་ཀྱི་མཚན་ཉིད་དམ་ཆོས་ཉིད་དམ་ཡིན་ལུགས་ཤེས་པའི་རྟོགས་པའི་མཁས་པ་དང་ཕྲད་ན་ཆོས་རྣམས་ཀྱི་ཆོས་ཉིད་ཇི་ལྟར་ཡིན་སྨྲ་བ་ལ་རྟོགས་པ་གདེང་ཚུགས་མེད་པས། ཚུལ་དེ་སྨྲ་བ་ན་ཉམ་ང་བ་ལ། ད་ནི་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ལ་གཏིང་མི་གཡོ་བའི་ཕྱག་རྒྱ་ཆེན་པོའི་རྟོགས་པའི་བཟོད་པ་ཆེན་པོ་ཐོབ་པས་ད་ནི་སངས་རྒྱས་ཀྱིས་ཀྱང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ལྟར་ཡིན་པ་དང༌། འདི་ལྟར་གྲུབ་ཅེས་དངོས་སུ་བྱོན་ནས། དེ་ལྟར་མིན་ནོ་ཞེས་བཟློག་སྟེ་གསུངས་ཀྱང༌། དེ་དེ་བཞིན་ཏེ་བདག་གི་རྟོགས་ཚུལ་དེ་ནི་འཁྲུལ་པའོ་ཞེས་འཇིགས་ཤིང་བག་ཚ་བ་ཉམ་ང་བ་མེད་པ་ཞིག་འབྱུང་ལ། རང་ལས་གཞན་པའི་གནས་ལུགས་རྟོགས་པའི་ཤེས་རབ་ཅན་གྱི་མཁས་པ་ཞིག་དང་གནས་ལུགས་ཀྱི་དོན་ལ་གླེང་སླང་བྱས་པ་ན། ཁོང་གི་མཚན་ཉིད་དེ་རྣམས་གནས་ལུགས་ཀྱི་དོན་ལ་མི་འབྱོར་བར་རྒྱང་དུ་ལུས་འགྲོ་བ་ཞིག་འབྱུང་བ་དེར་གདའ་བས། གཉུག་མ་ཐ་མལ་གྱི་ཤེས་པ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འདི་ལྟ་བུའི་རྟོགས་པ་དང་ལྡན་པ་ན། བཀའ་བརྒྱུད་འདི་པ་ལ་གྲགས་པའི་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་ཅེས་བྱ་བར་འཇོག་སྟེ། རྣལ་འབྱོར་འདི་ཙམ་དང་ལྡན་པ་ན་གཞན་རྒྱུད་ཀྱི་སྐལ་ལྡན་ལ་འདི་ལྟའི་རྟོགས་པ་སྦྱིན་ནུས་པའི་ཕྱིར། ཆོས་ཚུལ་འདིའི་ཆེད་དུ་སྒྲུབ་པ་ལྷུར་གྱིས་ཤིག

༨༣

དེས་ན་བཀའ་བརྒྱུད་འདིའི་བཀའ་སྲོལ་གྱི་ཚོགས་པ་སྐྱོང་བའི་དུས་ནི། རང་གི་སེམས་ཀྱི་ངོ་བོ་མཐོང་བ་དེས་རང་རྒྱུད་ཀྱི་སྒྲིབ་གཉིས་ཀྱི་བག་ཉལ་གྱི་ནད་རོ་ཐོན་ངེས་ཀྱིས་སེམས་ལ་བརྟན་པ་ཐོབ་ནས་རང་སེམས་འོད་གསལ་བའི་རྟོགས་པ་ལ་རང་བྱན་ཚུད་པ་ན། རང་ཉིད་ལ་སྙིང་ཐག་པ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོའི་གོ་འཕང་འདོད་པའི་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའི་ཚེ་དེའི་རྒྱུད་ལ་ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་མི་འཆར་མི་སྲིད་པས། དེ་ལྟར་འཆར་བ་ན་དེའི་སྙན་གྲགས་ཆོས་སྐྱོང་བའི་བསྲུང་མ་ལྷ་དང་བཅས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་གིས་བསྒྲགས་པས་ཕྱག་རྒྱ་ཆེན་པོ་སྐལ་ལྡན་པདྨའི་མཚོ་ལ་ངང་པ་འདུ་བ་བཞིན་འབྱུང་བས། དུས་དེའི་ཚེ་ཕྱག་རྒྱ་ཆེན་པོ་རྟོགས་པར་འདོད་པའི་གང་ཟག་སློབ་མར་བསྡུས་ནས་དེའི་རྒྱུད་ཕྱག་རྒྱ་ཆེན་པོ་ཉམས་དང་རྟོགས་པའི་འཕགས་པའི་ནོར་གྱིས་ལེགས་པར་སྐྱོང་བའི་དུས་ཡིན་ནོ། །དེ་ལས་གཞན་དུ་བཀའ་བརྒྱུད་འདིའི་རྣམ་ཐར་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ལ་འཛུད་པའི་ཆེད་ལྟ་བུའི་དགོས་པ་ཁྱད་ཅན་མ་ཡིན་པར་ཚེ་འདིའི་ཆོས་བརྒྱད་ཀྱི་ཕྱིར་དམ་པའི་ཆོས་ལ་སྙད་པའི་བཀའ་བསྟན་བཅོས་ཀྱི་ཐ་སྙད་ཀྱི་སློབ་གཉེར་གོ་ཤེས་དང༌། འདུལ་ཁྲིམས་ཀྱི་སྤྱོད་པའི་བཙུན་ཆའི་དཀའ་སྤྱད་དང༌། བྱང་སེམས་ཀྱི་སྤྱོད་པའི་ཕན་ཆའི་སྐྱོ་ངལ་བཟོད་པ་སྐད་དང༌། སྔགས་ཀྱི་སྤྱོད་པའི་གྲོལ་ཆས་དམ་རྫས་བསྟེན་པ་སོགས་ཀྱི་ཚུལ་འཆོས་ལ་སོགས་པ་ལ་རང་ཉིད་སྙིང་པོར་འདུ་ཤེས་ཤིང་གཞན་དེ་ལྟར་ལ་སྦྱར་བའི་སྒོ་ནས་སློབ་མ་ནོར་རྫས་ཟང་ཟིང་གིས་བསྡུ་ཞིང་ལྟོ་གོས་ཆོས་གསུམ་གྱིས་སྐྱོང་བ་ནི་གཏན་མི་སྲིད་དེ། དེ་ལྟའི་སློབ་མ་སྐྱོང་ཚུལ་ནི། གདུལ་བྱའི་རྒྱུད་མངོན་མཐོ་ངེས་ལེགས་ཐོབ་པ་ལ་གེགས་བྱེད་ཀྱི་བར་ཆད་མི་གདུལ་བར་ཁ་རྒྱལ་དུ་གོང་འཕེལ་དུ་སྐྱོང་བར་བྱེད་པ་ཉིད་ཀྱི་ཕྱིར། དེ་ལྟའི་འདུས་པ་ཅི་ལྟར་དར་ཞིང་རྒྱས་པ་ཙམ་གྱིས་བདུད་ཀྱི་མངའ་འབངས་དར་ཞིང་རྒྱས་པ་ཡིན་ནོ། །དེའི་ཕྱིར། རྗེ་མི་ལས་རྗེ་མར་པ་ལ་ལུས་ངག་ཡིད་གསུམ་འབུལ། ལྟོ་གོས་ཆོས་གསུམ་ཐུགས་ལ་འདོགས་པ་ཞུ་ཞུས་པས། ལྟོ་གོས་ཆོས་གསུམ་ག་མི་འོང༌། ལྟོ་གོས་འདོད་ན་ལྟོ་གོས་སྦྱིན། ཆོས་འདོད་ན་ལྟོ་གོས་མི་འོང་ཞེས་བཀའ་བསྩལ། དེའང་ཆོས་སྙིང་ནས་འདོད་ན་ལྟོ་གོས་སོགས་ཟང་ཟིང་ཚེ་འདིའི་རྣམ་གཡེང་ལ་སྦྱོར་བས་ཆོས་སྒྲུབ་པའི་གེགས་བྱེད་པས་ལྟོ་གོས་སྦྱིན་པ་མི་འོང༌། ཚེ་འདིར་དབུལ་ཞིང་ཕོངས་པ་ན་དེ་སེལ་ཆེད་ཀྱི་ལྟོ་གོས་ཙམ་འདོད་ན་སྦྱིན་པའི་གནས་ལ་སྡིག་དང་མ་འདྲེས་པའི་སྦྱིན་པ་བྱིན་པར་བྱ་བར་རིགས་ཀྱང༌། དེ་ལྟར་སྦྱིན་པ་ན་སྦྱིན་པ་དེས་འཚོ་ཆས་བྱས་ནས་སྡིག་པའི་ལས་བྱེད་པའི་རྐྱེན་དུ་འགྱུར་ན་ལྟོ་གོས་སོགས་ཀྱང་སྦྱིན་མི་རུང་ཞིང༌། དེ་ལྟ་ན་འཁོར་དུ་བསྡུས་པའི་སློབ་མ་དག་ཡོན་གནས་ཀྱི་ཞིང་མ་ཡིན་པ་ཞིང་ཡིན་པ་ལྟར་བཅོས་ནས་ཐ་སྙད་དང་ཚུལ་འཆོས་བསླབས་ནས་ཡོན་ཡོངས་སྦྱོང་གི་དཀོན་མཆོག་ཏུ་ཁས་ལེན་དུ་བཅུག་སྟེ། དད་ཅན་གྱི་ནོར་རྫས་བླངས་ནས་ལྟོ་གོས་སོགས་ཀྱིས་བསྐྱང་བ་ནི་ག་ལ་རུང་སྟེ། དེ་ནས་སློབ་མ་སྐྱོང་བ་ན། དཔོན་སློབ་གཉིས་ཀ་ལོག་པའི་འཚོ་བས་འཚོ། དགེ་སྦྱོང་དང་ཡོན་གནས་མ་ཡིན་བཞིན་དུ་ཡིན་པར་ཁས་འཆེ་བའི་འཇིག་རྟེན་གྱི་ཆོམ་རྐུན་ཆེན་པོའི་ལས་བགྱི་བ་ཉིད་ཀྱིས་སྡིག་པ་གཞལ་དུ་མེད་པ་སོག་པར་འགྱུར་ཞིང༌། སློབ་མ་དེ་ཉིད་ལ་བླ་མས་དེ་ལྟར་བསྐྱངས་པའི་བཀའ་དྲིན་ལྟ་ག་ལ་ཞིག རྒྱུ་དེས་སློབ་མ་དེ་ངན་སོང་སོགས་མི་ཁོམ་པའི་གནས་མཐའ་མེད་དུ་སྦྱོར་བ་དེ་ལས་གནོད་ཚབས་ཆེ་བ་ཅི་ཞིག་ཡོད་པའི་ཕྱིར། དེས་ན་སློབ་མ་སྐྱོང་བ་དང་གྲོགས་དང་འགྲོགས་ནས་བདག་རྒྱུད་ལ་སྤང་བྱ་སྒྲིབ་ཚོགས་འགྲིབ་ཅིང་གཉེན་པོ་ཚོགས་གཉིས་འཕེལ་བའི་ཐབས་ལ་འབད་པར་བྱའོ། །མདོར་ན་འཁོར་སྐྱོང་བས་བདུད་དབང་དུ་འགྲོ་མི་འགྲོ། ཚོགས་པ་སྐྱོང་རན་མ་རན་གྱི་ཚོད་འཛིན་དུ་རྗེ་སྒམ་པོ་པས། དེ་ལ་འཁོར་མང་པོ་དང་རྫས་ཀྱི་བསོད་ནམས་ཆེན་པོ་འབྱུང་བ་ནི། གསང་སྔགས་ནས་ཐུན་མོང་གི་དངོས་གྲུབ་ཏུ་བཤད། བདུད་ཀྱི་བར་ཆད་ཀྱང་ཡིན། བདུད་ཀྱིས་སྒྲུབ་པ་པོ་ལ་དངོས་སུ་བར་དུ་བཅད་མི་ནུས་ཏེ། སྔོན་ལ་འཁོར་དང་སྦྱིན་བདག་གིས་བར་དུ་གཅོད། དེ་ནས་རྫས་དང་བསོད་ནམས་ཆེ་བས་དགེ་སྦྱོར་གྱིས་བར་དུ་གཅོད། དེ་ནས་སྒྲུབ་པོ་དེའི་སེམས་རྒྱུད་ཆགས་སྡང་གི་དབང་དུ་སོང་ནས་བྱང་ཆུབ་ཀྱི་ལམ་དུ་བར་དུ་གཅོད་འཁོར་སློབ་ནོར་རྫས་སོགས་བདུད་ཀྱི་བར་ཆད་ཡིན་མིན་རང་གི་སེམས་ལ་བལྟ། དེ་ཙམ་འདུས་པ་ཉིད་ཀྱིས་བདག་གཞན་གྱི་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ལྟ་སྒོམ་སྤྱོད་པ་འཕེལ་ན་དངོས་གྲུབ་ཡིན། དེ་ལས་ལྡོག་ན་བར་ཆད་ཡིན་ཞེས་གསུངས་པའང་དྲན་པར་བྱས་ཏེ་རྒྱུད་ལ་སྦྱོར་རོ། །

༨༤

དེ་ཡང་གྲོགས་སྡིག་པའི་བཤེས་སྤོང་ནས་དགེ་བའི་བཤེས་གཉེན་དང་འགྲོགས་ནས་ཡོན་ཏན་གྱི་བོགས་ཇི་ལྟར་འདོན་པ་ནི། རྗེ་མི་ལས། རྗེ་སྒམ་པོ་པ་ལ་འགྲོ་ཁར་འདི་ལྟར་བཀའ་སྩལ་ཏེ། ང་ལ་ཡང་དགེ་སྦྱོར་སྐྱེ་དཀའ་བར་བྱུང་བ་ལ་གདམས་ངག་འདི་ལ་བརྟེན་ནས་ཉམས་རྟོགས་ཁྱད་པར་ཅན་སྐྱེས། བུ་ཁྱོད་ལ་ཡང་དགེ་སྦྱོར་འཕེལ་འགྲིབ་བྱུང་ན་གདམས་ངག་འདི་དགོས་པ་ཡིན་ནོ་ཞེས་པ། རླུང་སེམས་གཉིས་མེད་ཀྱི་ངོ་སྤྲོད་དང་ཤོག་དྲིལ་གནང༌། ལར་ཁྱོད་ལ་སྒོམ་ཆེན་པ་མཐར་ཐུག་པ་ཅིག་འོང་བར་འདུག་གསུང་སྟེ། དབུས་པ་སྟོན་པ་ཕ་ཚན་གྱི་ཁེ་དྲེགས་སྤོངས། གཉེན་མདུན་གྱི་ཐག་པ་ཆོད། ཚེ་འདིའི་གདོས་ཐག་མེད་པར་གྱིས། ཆོས་ཐམས་ཅད་གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། མི་རྒན་ང་ལ་གསོལ་བ་ཐོབ། གཞན་ཡང་དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང༌། དེའི་གྲིབ་འཕོགས་པ་ཡིན། དེ་ཡང་གང་ཡིན་ན་སྣང་བ་དགྲར་ལངས་ཀྱི་རིགས་ཅན་ཆོས་དང་གང་ཟག་ཐམས་ཅད་ལ་ངན་སྨྲས་ཆེར་འདོགས་པའི་གང་ཟག་ཡོད་དེའི་ནང་ན་ཞེ་སྡང་མེ་འབར་བ་ལྟ་བུ་ཡོད་པ་ཡིན། དཔེར་ན་སེམས་ཅན་སྦྲུལ་ལ་རྐང་ལག་དང་གཤོག་པ་ནི་མེད། སྦྲུལ་ལས་ཉམས་ཆུང་བ་ནི་མེད་པ་ལ་ཁོ་མཐོང་བ་ཙམ་གྱིས་མི་རྣམས་སྐྲག་ཅིང་དངངས་ནས་འོང་བ་དེ་ནང་ན་ཞེ་སྡང་ཆེན་པོ་ཡོད་པའི་རྟགས་ཡིན། ནང་ན་ཞེ་སྡང་ཆེན་པོ་ཡོད་ན་ཕྱི་རོལ་ཐམས་ཅད་དགྲར་ལངས་འོང་བ་ཆོས་ཉིད་ཡིན། གང་ཟག་འགའ་ཞིག་རྡོ་བུག་པ་ཅན་དང་ཤིང་ཉ་ག་ཅན་ཚུན་ཆད་ཉ་ར་བྱེད་པ་ཡོད་དེ། རྒས་ན་རྒན་རྒྱགས། ཤི་ན་དུར་ཟན་དགོས། གཞོན་དུས་ཚོགས་སོགས་པ་ལ་ནོར་དགོས། དེ་མེད་ན་ཆོས་མི་འོང་ཟེར་ནས་ཐ་ན་བུན་བཀྱེད་ཁེ་ཚོང་ལ་སོགས་བྱེད་པ་ཡོད། དེའི་ནང་ན་འདོད་ཆགས་ཆུ་བཞིན་ཁོལ་ནས་ཡོད་པ་ཡིན། ཡང་གང་ཟག་ཁ་ཅིག་ཡང་དག་པའི་དོན་སྒོམ་པའི་དུས་ད་ལྟ་མ་ཡིན། ཚེ་གཅིག་ལུས་གཅིག་གིས་འཚང་རྒྱ་བ་ཤེས་བྱ་ལ་མི་སྲིད། ཚོགས་མ་བསགས་པར་སྡིག་པ་མི་འབྱོངས། སྙིང་རྗེ་མ་སྒོམ་པས་ཉན་ཐོས་སུ་གོལ། ཐབས་ཁྱད་དུ་བསད་པས་ཆད་ལྟ་རུ་སོང་ཟེར་བ་ཡོད། དེའི་ནང་ན་གཏི་མུག་མུན་པ་འཐིབས་པ་ལྟར་ཡོད་པ་ཡིན། དེ་འདྲའི་མི་དང་གཏམ་བྱེད་དུ་ཡང་མི་ཉན། གཏམ་བྱས་ན་དང་པོ་ཁྱོད་ཀྱི་བླ་མ་གང་ཡིན། ཆོས་གང་ཡིན་ཟེར་དུ་འོང༌། རང་གིས་ལེགས་པར་བཤད་ཀྱང་དེ་འདྲ་མི་སྲིད་ཟེར་ནས་ཞེ་སྡང་གི་དབང་གིས་ཆོས་དང་གང་ཟག་ལ་སྐུར་པ་འདེབས། བདག་གཞན་ཐམས་ཅད་ངན་འགྲོར་སྐྱེ་བའི་ལས་སོག་དེ་བས་ན། ཐོས་ནས་བློ་ཆུང་འདི་ཡིས་འདི་ནི་སྤང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །ཞེས་འབྱུང་བས། བདག་ལ་བརྟེན་ནས་གཞན་རྒྱུད་ལ་སྡིག་པ་སོག་པར་བྱེད་པའི་ཕྱིར་དུག་གསུམ་རྒྱས་པའི་མི་དང་འགྲོགས་མི་རུང་སྟེ། ཉན་ཐོས་ནང་དུ་ཞག་བདུན་གནས། །ཡན་ལག་ཉེས་པ་བདུན་པ་ཡིན། །ཞེས་འབྱུང་བའི་དོན་ཡང་དེ་ཡིན། དེས་ན་རྣམ་གཡེང་འདུ་འཛི་ལ་རི་དྭགས་རྨས་མ་བཞིན་ནམ་བྱ་བཞིན་བག་ཟོན་ཆེ་བར་བྱ། ཞི་བ་དུལ་བ་བྱ། རྩེ་རེག་ཆུང་བར་བྱ། བཟོད་པ་ཆེ་བར་བྱ། ཐམས་ཅད་དང་མཐུན་པར་བྱ། གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། རྟོག་པ་ཤིན་ཏུ་ཆུང་བར་བྱ། རི་མཚམས་དང་སྨྲ་བཅད་དང་འདག་སྦྱར་གསུམ་གྱིས་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་རྡོ་རྗེ་འཛིན་པ་མི་སྤོང་བ་ལ་སློབ། བསག་སྦྱང་གཉིས་པོ་རང་སར་དག་ཀྱང་ཚོགས་ཆུང་ངུ་ནས་བསག ལས་འབྲས་མཁའ་ལྟར་དག་ཀྱང་སྡིག་པ་ཆུང་ངུ་ནས་འཛེམ། མཉམ་རྗེས་འདྲེས་པའི་ཉམས་ཡོད་ཀྱང་ཐུན་བཞིའི་རྣལ་འབྱོར་རྒྱུན་ཆད་མེད་པར་ཉམས་སུ་ལོངས། བདག་གཞན་མཉམ་ཉིད་དུ་རྟོགས་ཀྱང་ཆོས་དང་གང་ཟག་ལ་སྐུར་པ་མི་བཏབ། བུ་ཁྱོད་ཡོས་བུའི་ལོ་རྟ་ཟླ་བའི་ཚེས་བཅུ་བཞི་ལ་བྲིན་དང་སྙེ་ནམ་གྱི་རི་ལ་སླེབ་པར་གྱིས་ཤིག ཅེས་བཀའ་བསྩལ་པས་ཤེས་པར་བྱ་སྟེ། དེ་ཡང་ཁྱོད་ལ་དགེ་སྦྱོར་སྐྱེ་དཀའ་བའི་དུས་རླུང་སེམས་གཉིས་མེད་ཀྱི་གདམས་ངག་གནང་བ་ནི། གདམས་པའི་སྙིང་པོ་བྱང་ཆུབ་སེམས་གཉིས་འདུ་བྲལ་མེད་པར་སྒོམ་པ་ཡིན་པ་ལ་དེའི་དགོས་དོན་གྱི་ས་ལམ་གྱི་རྟོགས་པ་སྐྱེ་དཀའ་བར་བྱུང་ན། གསང་སྔགས་རྟེན་འབྲེལ་གྱི་གནད་བཅིངས་པས་མྱུར་དུ་འགྲུབ་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། རྟེན་བྱང་ཆུབ་ཀྱི་རླུང་བཅིང་བས་བརྟེན་པ་བྱང་ཆུབ་ཀྱི་སེམས་གཉིས་རང་འཆིང་དུ་འགྲོ་བས་དེའི་ཐབས་འདི་ལྟར་རོ་ཞེས་གདམས་པའི་ཁྲིད་སྲོལ་ཀརྨ་བཀའ་བརྒྱུད་ལ་གཙོ་བོར་གྲགས་པའི་རླུང་སེམས་གཉིས་མེད་ཀྱི་གདམས་པ་སྟེ། ཁོ་བོས་ཁྲིད་ཚུལ་དེ་ཉིད་ཀྱི་རྣམ་བཤད་རྒྱ་ཆེར་བྱས་ཡོད་པ་དེར་བལྟ་བར་བྱའོ། །ཁྱོད་ལ་སྒོམ་ཆེན་མཐར་ཐུག་པ་ཅིག་འོང་བར་འདུག་གསུངས་པའང༌། སྒྲུབ་པ་ལ་ཚེ་འདིའི་འདོད་ཡོན་དང་འཁོར་བའི་བདེ་བ་དང་ཞི་བ་མྱང་འདས་ཀྱི་བདེ་བ་ལ་ཆགས་པའི་རྣམ་གཡེང་གི་དབང་དུ་མི་འཆོར་བའི་སྲིད་ཞི་གཉིས་ལ་མི་གནས་པའི་སྒྲུབ་པ་མཐར་ཕྱིན་པ་ཞིག་འོང་བར་བཀའ་བསྩལ་ཏེ། དེང་སང་དང་པོར་སྒྲུབ་པ་སྐད་བྱེད་པ་ཀུན་ཀྱང་མཐར་ཚེ་འདིའི་འདོད་པ་སོགས་ལ་ཆགས་ནས་ལམ་ལས་ཕྱིར་ལྡོག་པ་ཁོ་ན་མང་བས། དེ་ལྟ་བུའི་དབང་དུ་མ་སོང་བ་ལམ་གྱི་སྲོག་ཏུ་གསུངས་སོ། །ཚེ་ཕྱི་མ་ཕན་གྱི་འདུན་མ་མ་གཏོགས་ཚེ་འདིའི་བདེ་འབྱོར་དུག་འདྲེས་ཀྱི་ཟས་ལྟ་བུ་འདི་ལ་ཆགས་ན་གཏན་བདེ་རླག་པར་བྱེད་པས། འདི་ལ་ཆགས་བྱའི་གནས་མེད་ཀྱང་ཐོག་མེད་ནས་འཁོར་བའི་སྡུག་བསྔལ་ལ་བདེ་བར་འཁྲུལ་པའི་འཁྲུལ་དབང་གིས་གཏན་བདེའི་མིག་རྒྱ་མ་ཆོད་པར་ཚེ་འདིའི་འདོད་ཡོན་སོགས་འཁོར་བའི་བདེ་བ་ལ་ཆགས་ནས། ཚེ་འདིའི་འདོད་ཡོན་གྱི་མཐུན་རྐྱེན་ཙམ་སྦྱོར་བའི་རྒྱལ་པོ་དང་ཁྱིམ་བདག་སོགས་ཀྱི་སྐྱབས་འཚོལ་ནས་དེའི་དྲིན་གྱིས་འཚོ་བ་དང༌། ཕ་མ་གཉེན་དང་སྣག་མཚམས་སོགས་ཀྱི་དར་རྒྱས་ལས་རང་གི་ཚེ་ཐུང་འདིའི་རྣམ་གཡེང་དུ་འབྱིད་ཐབས་དང་རྒས་ཁའི་བུབ་རྟེན་གྱི་ཕྱིར་དུ་ནམ་བཞག་གཏན་འདུན་གལ་ཆུང་དུ་སྐྱུར་ནས་མི་དགེ་བའི་ལས་ཁམ་པོ་ཆེ་སོགས་པར་འགྱུར་བས། སྡིག་པ་དེ་ཐམས་ཅད་ཀྱི་གཞི་རྟེན་ཚེ་འདིའི་བདེ་སྐྱིད་ཀྱི་གནས་མལ་བཟའ་གོས་ས་གཞི་མཁར་སོགས་སྦྱོར་བའི་ཕ་མ་གཉེན་རི་རྒྱལ་པོ་ཆོས་པ་དང་འཇིག་རྟེན་པའི་གྲོགས་སྡེ་ཚན་སོགས་དང་འབྲེལ་བཅད་དེ། རང་གི་ལུས་འཚོ་ཙམ་གྱི་ལྟོ་གོས་ནི། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱ་རིགས་ཏེ། འཁོར་བའི་འདོད་ཡོན་གྱི་བདེ་བ་ལ་ཐོག་མེད་ནས་མ་མྱོང་བྱ་བ་མེད་པ་ཅིག་མྱོང་ཡང་དེས་ཚིམ་ནས་འདི་དང་གཏན་གྱི་བདེ་བ་མ་གྲུབ་པའི་ཁར་འཁོར་བའི་སྡུག་བསྔལ་མཐའ་མེད་མྱོང་བ་འདི་འདོད་ཡོན་གྱི་བདེ་བ་འདི་ཉིད་ལ་ཆགས་པའི་ལས་འབའ་ཞིག་གིས་བྱས་པའི་ཕྱིར། འདོད་པའི་ཡོན་ཏན་གྱི་བདེ་བ་ནི་དམྱལ་མེ་འབུམ་འགྱུར་ལས་ཀྱང་ཆེས་སྡུག་བསྔལ་གྱི་རྟེན་མཆོག་ཏུ་གྱུར་པས་འདོད་བདེ་འདི་སྙིང་ལ་བརྣགས་པ་ནི་བདུད་མ་རུང་བའི་སྡེ་མཐའ་ཡས་མུ་མེད་པ་བདག་གི་སྙིང་ལ་ཞུགས་ནས་སྨྱོ་བ་ལས་ཆེར་སྨྱོ་བར་གྱུར་པའི་ཕྱིར། དེས་ན་ཚེ་འདིའི་བདེ་འབྱོར་སྙན་གྲགས་ཀྱིས་རང་གཞན་ལ་ཕན་བཏགས་པར་འདོད་ནས་དེའི་ཕན་བདེའི་གཞི་མངའ་ཞབས་ས་གཞི་ཁང་མཁར་ནོར་རྫས་གྲྭ་སློབ་གནས་གཞི་གཙུག་ལག་ཁང་བཤད་སྒྲུབ་ཀྱི་སྡེ་སོགས་ཆོས་དང་འཇིག་རྟེན་གྱི་འདུ་འཛི་སྔར་ཡོད་གང་འཕེལ་དང་སྔར་མེད་གཞི་ནས་སྒྲུབ་པ་སོགས་ཚེ་འདིའི་བདེ་སྐྱིད་སྙན་པ་སྒྲུབ་པའི་བྱ་བ་ལ་རྟོགས་དཔྱོད་མ་བཏང་ན། འཕྲལ་ཡེངས་རྟེན་དང་རང་ཉམས་དགའ་བ་ལྟར་སྣང་ཡང་འཕྲལ་ཕུགས་གཉིས་ཀར་སྡུག་བསྔལ་དང་ཡིད་མི་བདེ་བ་བསྐྱེད་ཅིང༌། དེའི་ཆེད་དུ་སྡིག་སྡུག་གཏམ་གསུམ་ལ་མ་འཛེམས་པར་འབད་པ་ཅི་ཙམ་གྱི་ཇེ་ཆེར་ཡི་མུག་སྐྱེ་བའི་ལས་ངན་མངོན་མཐོ་ངེས་ལེགས་ཀྱི་ལམ་དུ་འགྲོ་བའི་རྐང་པའི་གདོས་ཐག་ཡིན་པས་བཙན་ཐབས་སུ་ཆོད་པར་གྱིས་ཤིག དེ་ཡང་བཤད་ཉན་སོགས་ཀྱི་གཞན་རྒྱུད་དགེ་བར་བསྒྱུར་བ་དང་བསོད་པ་ལ་རང་གི་རྒྱུད་དགེ་བ་ཟང་ཡག་ཏུ་སོང་ན་ཤ་ཐང་དུ་ཆེས་ཆེར་འབད་པས་རང་གི་སྙན་གྲགས་སོགས་ཀྱི་ཕྱིར་བཤད་སྒྲུབ་སོགས་ཀྱི་གཞན་དགེ་བ་ལ་སྦྱར་བ་སྐད་ཀྱི་དགེ་འདུན་གྱི་སྡེ་དང་གཙུག་ལག་ཁང་སོགས་མི་ལྕོགས་མི་འགྲུབ་བཞིན་ངལ་བ་དུ་མས་སྒྲུབ་མི་དགོས་པར། རང་དང་འབྲེལ་ཏོ་ཅོག་གི་གདུལ་བྱ་གཞན་རྣམས་ངང་ངམ་ཤུགས་ཀྱི་ཐོས་བསམ་སྒོམ་པའི་བྱ་བ་ལ་མི་འཇུག་མི་སྲིད་དེ། བདག་ཉིད་མངོན་མཐོ་ངེས་ལེགས་ཀྱི་སྒྲུབ་པ་ལས་བྱར་མེད་ན་རང་དང་སྐལ་མཉམ་ལྷན་ཅིག་འདུས་པ་ཆོས་དང་ཟང་ཟིང་གིས་བསྡུ་བའི་འབྲེལ་པར་གྱུར་ཚད་ཀྱང་དགེ་བའི་རྩ་བ་དེ་ཁོ་ན་སྒྲུབ་པ་ལས་ལོང་མེད་པ་ཞིག་འབྱུང་ལ། དེ་ལ་ཚོགས་པ་ཆོས་པ་ཆོས་བཞིན་དུ་སྐྱོང་ཞེས་རྣམ་པར་བཞག་པར་བྱེད་དོ། །དེ་ལྟའི་བྱ་བ་དེ་སྒྲུབ་པ་ལ་བདུད་ཀྱི་བར་ཆད་མི་ནུས་པའི་སྐལ་ལྡན་ལ་དགེ་འདུན་དུ་འཇོག་ཅིང༌། དེ་ལྟའི་དགེ་འདུན་མཚན་ཉིད་པ་ཞིག་ཡོད་ན་དེའི་འཚོ་རྐྱེན་བརྒྱ་བྱིན་སོགས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྒྲུབ་པས་ཆེད་དུ་རང་གི་རྨོ་རྐོ་སོ་ནམ་ཚོང་ཁེ་བུན་སྐྱིད་དང་དཀོན་མཆོག་མཆོད་རྫས་ཀྱི་དཀོར་རྙེད་བཀུར་གྱི་ཆེད་དུ། རྒྱལ་པོ་སོགས་ལ་སྟེར་ནས་རྙེད་པས་རྙེད་ཚོལ་དང་ཐོབ་ཀྱི་འཇལ་བ་སོགས་ལས་ངན་པས་དགེ་འདུན་གྱི་འཚོ་བ་སྒྲུབ་མི་དགོས་པ་དང༌། དེ་ལྟར་ལོག་པའི་འཚོ་བ་སྤངས་ནས་ཡང་དག་པའི་འཚོ་བས་འཚོ་བའི་དགེ་འདུན་དག་གི་མཆོད་པའི་ཞིང་གི་དཀོན་མཆོག་གསུམ་གྱི་རྟེན་དང་གཙུག་ལག་ཁང་རྣམས་ཀྱང་དཀོན་མཆོག་གསུམ་ལ་ཕྱིར་མི་ལྡོག་པའི་དད་པ་ཐོབ་པའི་ཚངས་སོགས་རྣམས་ཀྱིས་ལྷ་མིའི་ནོར་བུའི་རིན་ཐང་གཞལ་དུ་མེད་པ་ལས་གྲུབ་པ་བཞེངས་ནས། དགེ་འདུན་དགེ་ལ་བསོད་ནམས་ཀྱི་ཆེད་དུ་སྩལ་བ་ལྷ་སའི་ཇོ་བོ་ལྟ་བུ་སྟེ། དེ་ལྟའི་དཀོན་མཆོག་གི་རྟེན་དེ་བསོད་ནམས་དུ་མའི་ལས་ལས་གྲུབ་ཅིང་སླར་ཡང་དགེ་ཚོགས་དཔག་མེད་ཀྱི་གཞི་བྱེད་པས་རྟེན་དེ་ལ་རྒྱལ་བ་སྲས་དང་སློབ་མར་བཅས་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀྱི་འཇུག་ཕུལ་ཀྱང་ཆེ་བས་རྟེན་དེ་རྟེན་གཞན་ལས་ཕྲིན་ལས་ཀྱང་རྒྱས་པར་འགྱུར་བ་དང༌། ཡང་དགེ་འདུན་དེ་ལྟའི་མཆོད་ཞིང་དུ་སངས་རྒྱས་ཀྱི་བྱིན་རླབས་ཀྱི་རྒྱུ་ཙམ་ཚོགས་པ་ལ་འབད་མེད་དུ་རང་བྱོན་གྱི་མ་ག་དྷའི་བྱང་ཆུབ་ཆེན་པོ་དང་ལྷ་སའི་རང་བྱོན་ལྔ་ལྡན་ལྟ་བུའི་རྟེན་དང་གཙུག་ལག་ཁང་སོགས་སངས་རྒྱས་ཀྱི་ཕྲིན་ལས་དང་དད་ཅན་གྱི་སྐྱེ་བོ་རྣམས་ཀྱི་བྱང་ཆུབ་ཆེན་པོའི་དགེ་བའི་མོས་པའི་རྩོལ་བ་གཉིས་ཚོགས་རྟེན་འབྲེལ་ལས་དེར་འདུས་རྣམས་ཀྱི་ཅི་བསམ་པ་འབད་མེད་དུ་འགྲུབ་པ་ཡིན་ཏེ། དེ་ལ་གཞན་དུ་སྡིག་སྡུག་མི་དགེ་བའི་ལས་ཀྱིས་བསྒྲུབས་ནས་སྐུ་དང་གཙུག་ལག་ཁང་དང་དགེ་འདུན་སོགས་ཅུང་ཟད་གྲུབ་པ་དེས་ཀྱང་སླར་དགེ་རྩའི་རྟེན་ཆེར་མི་བྱེད་གཞི་བྱེད་པ་དེ་ལྟས་མི་འབྱུང་བའི་ཕྱིར། དཔེར་ན་དྭགས་པོ་བཀའ་བརྒྱུད་ཀྱི། ཆོས་འཁོར་ཚལ་གུང་ཐང༌། ཀརྨ་པའི་གདན་ས་གོང་འོག འབྲི་གདན་སྟག་ལུང་ཡར་ཐང་དང་ཕྱིར་ཐང་དང་རྭ་སྒྲེང་ལྟ་བུ་འཇིག་རྟེན་སྐྱོང་བ་དང་རྒྱ་གར་ནག་ཧོར་སོག་གི་རྒྱལ་པོ་རྣམས་ཀྱིས་གཙུག་ལག་ཁང་དང་དགེ་འདུན་གྱི་གནས་གཞི་བཙུགས་པ་ལྟ་བུའོ། །དེས་ན་འཁོར་བའི་སྡིག་སྡུག་འཕེལ་བའི་རྒྱུར་གྱུར་ཅིང་མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་གེགས་བྱེད་པའི་དཀོན་མཆོག་གསུམ་གྱི་རྟེན་དང་དགེ་འདུན་གྱི་སྡེའང་དཀོན་མཆོག་ལ་བརྟེན་པའི་དཀོན་མཆོག་གི་ལས་གཟུགས་བརྙན་ཙམ་ཡིན་པས་དཀོན་མཆོག་དང་འབྲེལ་བའི་དགེ་བ་ཕྲ་མོ་ཙམ་འབྱུང་དུ་ཆུག་ཀྱང༌། དེ་དང་འབྲེལ་བའི་སྡིག་པའི་ལས་དངོས་དེས་འཁོར་བ་དང་ངན་སོང་གི་རྒྱུ་བྱེད་པས་བདུད་ཀྱི་ཆོ་འཕྲུལ་དང་ནག་པོའི་བསྟན་པ་ཡིན་པས་དེའི་དགེ་བའི་ཕན་ཡོན་ལས་མི་དགེ་བའི་ཉེས་དམིགས་ཆེ་བའི་ཕྱིར། དེ་ལྟའི་དགེ་བ་ལྟར་སྣང་བའི་འཁྲི་བའང་བཅད་པར་བྱའོ། །

༨༥

དེས་ན་ད་ལྟ་རང་རེས་གཞན་བྱང་ཆུབ་ཆེན་པོའི་དགེ་བ་ལ་བཀལ་བའི་བསམ་པ་དང་སེམས་བསྐྱེད་འདོད་འདུན་དྲག་པོ་ཡོད་ཀྱང་སྦྱོར་བས་སེམས་ཅན་གྱི་དོན་མི་འགྲུབ་པ་ན་སེམས་ཅན་གྱི་དོན་བྱེད་པ་སྐད་བྱས་ཀྱང་སྦྱོར་བས་སེམས་ཅན་ལ་ཕན་པ་ལྟ་ག་ལ་ཞིག་རང་གི་ལྷག་པའི་བསམ་པ་དེའང་ཉམས་འགྲོ་བས་རང་རེ་ལས་དང་པོ་པས་ད་ལྟ་གཞན་དོན་མི་འགྲུབ་པར་ངལ་བ་འབྲས་མེད་ལས། བསམ་པས་བྱང་ཆུབ་ཆེན་པོའི་གཞན་དོན་གྱི་འདོད་འདུན་ཇི་ཙམ་ཡོད་པ་དེ་ཙམ་དུ་སྦྱོར་བས་གཞན་དོན་འབད་མེད་དུ་འབྱུང་ནུས་པའི་ཆེད་དུ་རང་ཉིད་ཀྱི་བྱང་ཆེན་གྱི་སྒྲུབ་པ་མཐར་འདོན་ལས་སྒྲུབ་པ་གཞན་དང་སྐད་ཀྱི་གཡེངས་རྐྱེན་ལ་བཏང་ན་གཞན་དོན་ལྟ་ག་ལ་ཞིག རང་དོན་ཀྱང་མི་འགྲུབ་པའི་ཕྱིར། དེ་སྐད་དུ། གཞན་དོན་སྐྱོང་བ་སྐད་དང་ཕྲིན་ལས་དང་བསྟན་པའི་རྒྱུན་འཛུགས་པ་སྐད་ཀྱི་གདོས་ཐག་མ་བཅད་ན་རང་གཞན་གཉིས་ཀར་མངོན་མཐོ་ངེས་ལེགས་ཀྱི་མིང་ཙམ་ཡང་མི་ཐོས་པར་དམ་པའི་ཆོས་སྒྲུབ་མི་ཁོམ་པའི་གནས་མཐའ་མེད་པར་འཕྱན་པར་འགྱུར་བས་སྒྲུབ་པ་གཡེང་རྐྱེན་ལ་མི་སྐུར་བར་འབད་པས་སྒྲུབ་དགོས་སོ། །ཁྱད་པར་རང་རེས་ཚེ་འདི་སྙིང་ལ་ཞེན་པའི་སློབ་མ་མང་པོ་བསྡུས་ནས་དེ་དག་གི་བཤད་སྒྲུབ་སོགས་ཀྱི་བསྟན་པའི་གཟུགས་བརྙན་ལྟར་སྒྲུབ་ཀྱང༌། དང་པོར་ལོ་ཤས་ཙམ་བཙུན་པ་ལྟར་བཅོས་པ་དེ་དག་གི་སེམས་རྒྱུད་ལས་སུ་མི་རུང་བས་ཆོས་བརྒྱད་སོགས་ཉོན་མོངས་དྲག་པོ་སྐྱེ་བའི་རྟེན་དང་ཕྲད་པ་ན་རབ་ཏུ་བྱུང་བའི་ཕྱོགས་ཀྱི་བྱ་བ་ཐམས་ཅད་དོར་ནས་ཁྱིམ་པ་མ་རབས་ལས་ཀྱང་དམན་པའི་ལས་ལ་འཇུག་པ་རང་གཞན་གྱི་བྱང་ཆུབ་ཆེན་པོའི་དགེ་བ་ལ་ལོག་པར་གེགས་བྱེད་པ་ལ་ཞུགས་པ་ན་ཐབས་གང་གི་སྒོ་ནས་བཟློག་ཀྱང་བཟློག་མི་ཐུབ་ན། འདི་འདྲའི་སེམས་ཅན་བདག་གིས་རྫོགས་བྱང་དུ་འགོད་པར་མི་ནུས་པས་སེམས་ཅན་གྱི་དོན་དུ་བདག་གིས་བྱང་ཆེན་སྒྲུབ་པར་ཡང་མི་ནུས་སོ་སྙམ་ནས། བྱང་ཆུབ་ཀྱི་ལམ་ལ་གེགས་བྱེད་པ་དང༌། སེམས་ཅན་བློས་སྤང་གི་ཉེས་པས་ཀྱང་གོས་པའི་ཉེན་ཆེས་ཆེ་བས་གདུལ་བྱ་སློབ་མར་འཛིན་པའི་དུས་སྐབས་ཀྱང་རང་རྒྱུད་ཀྱི་དགེ་བ་སྟོབས་སུ་གྱུར་མ་གྱུར་ལ་དཔགས་ཏེ་ཤེས་པར་བྱའོ། །དེ་ལྟར་སྒྲུབ་ན་རང་གི་བྱང་ཆེན་གྱི་དགེ་བ་སྒྲུབ་པ་ལས་ལྷག་པའི་བྱང་ཆེན་གྱི་དགེ་བ་སྒྲུབ་པར་མཛད་པའི་གང་ཟག་གམ་ཐ་ནའང་བདག་གི་བྱང་ཆེན་གྱི་དགེ་བ་ཇི་ཙམ་སྒྲུབ་པ་དེ་ཙམ་སྒྲུབ་པའི་གྲོགས་པོ་ཞིག་གྲོགས་སུ་བཟུང་ནས། རང་རྒྱུད་ཀྱི་དགེ་རྩ་གོང་ནས་གོང་དུ་དག་ཅིང་སྤེལ་བར་བྱ་དགོས་པ་ལས། རང་ལས་དམན་པའི་བྱང་ཆེན་གྱི་དགེ་བ་སྒྲུབ་པ་ཙམ་དང༌། དགེ་མི་དགེ་ལུང་མ་བསྟན་སོགས་འདྲེས་མར་སྤྱོད་པའི་འཁོར་བའི་ལས་ལ་གཞོལ་བའི་གྲོགས་དང་ལྷན་ཅིག་བདག་ཉིད་ཐུན་ཚོད་ཙམ་དུའང་གནས་མི་རུང་སྟེ། དེ་ལྟར་གནས་ན་དེའི་འཁོར་བའི་རྒྱུ་དགེ་མི་དགེ་ལུང་མ་བསྟན་གྱི་ལས་ཙམ་ལས་བྱང་ཆེན་གྱི་དགེ་ཚོགས་མི་སྒྲུབ་པས། གྲོགས་དེས་གྲོགས་དེའི་ལས་ཇི་ཙམ་གྱི་རྗེས་སུ་མཐུན་པར་བདག་ཉིད་ཀྱང་ལས་དེ་ཙམ་ལ་བཀོལ་ཞིང་སྤྱོད་པར་འགྲོགས་དགོས་ན་དེ་ཙམ་གྱི་རང་ཉིད་ཀྱི་བྱང་ཆུབ་ཆེན་པོའི་ལས་ལ་བར་ཆད་དུ་འགྱུར་བའི་ཕྱིར། དེ་ལྟ་ན་གྲོགས་སྐྱེས་བུ་དམ་པ་དགེ་བའི་བཤེས་གཉེན་དགེ་འདུན་གྱི་འདུས་པ་ལས་སྐྱེ་བོ་ཐ་མལ་པ་བྱང་ཆེན་གྱི་ལམ་ལས་ཕྱིར་ཕྱོགས་པ་དང་ལྷན་ཅིག་གནས་པར་མི་བྱ་སྟེ། བྱས་ན་རང་ཉིད་ཀྱི་མངོན་མཐོ་ངེས་ལེགས་ཀྱི་གཞི་རྩ་ཐམས་ཅད་རྨང་ནས་ཞིག་པར་འགྱུར་བའི་ཕྱིར། དོན་དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམ་པར་དག་པ་ཚུལ་འཆལ་དང་ལྷན་ཅིག་གནས་ཁང་གཅིག་ཏུ་སྐྱ་རེངས་ཤར་ཤར་དུ་ཉལ་ན། ལྕགས་ཀྱི་ཁང་པ་མེ་འབར་བའི་དམྱལ་བར་བསྐལ་པར་གནས་པར་གསུངས་སོ། །དེས་ན་དེ་ལྟའི་གྲོགས་དམ་པ་མ་རྙེད་པ་ན་བདག་ཉིད་བསྲུང་བའི་ཆེད་དུ་ནག་པོའི་ཕྱོགས་ཀྱི་མི་མ་ཡིན་དང་ཆོམ་རྐུན་དང་གཅན་གཟན་དང་དུག་སྦྲུལ་སོགས་ཡ་ང་བའི་གནས་དང་དུག་ཅན་གྱི་ཆུ་སོགས་མི་འཕྲོད་པའི་ས་གཞི་དང༌། རྒྱལ་པོ་ངན་པ་སོགས་ཀྱིས་བདག་ཏུ་བྱས་པ་མ་ཡིན་པ་དང༌། ཀླ་ཀློས་བཟུང་བ་ལྟ་བུའི་ཡུལ་མིན་པས་དཀོན་མཆོག་ལ་དད་པ་དང་ལྡན་པའི་སྐྱེ་བོ་གནས་པས་སློང་མོས་རྒྱུ་བ་ན། ཟས་གོས་ཀྱི་འཚོ་ཆས་ཕུན་སུམ་ཚོགས་པ་རྙེད་སླ་བ་དང༌། དཀར་ཕྱོགས་ཀྱི་མི་མིན་སོགས་ཀྱིས་ལེགས་པར་བསྲུངས་ནས་མཐུན་རྐྱེན་སྦྱོར་བར་འགྱུར་བ་དང༌། རིག་པ་འཛིན་པ་དང་གྲུབ་པ་རྣམས་ཀྱིས་བསྟེན་པར་འོས་པ། སྔོན་ནས་བསམ་གཏན་པ་དག་གིས་ཉེ་བར་བསྟན་པའི་བསྟི་གནས་སུ་གྱུར་ཅིང༌། ལྷག་པར་རང་རེའི་བཀའ་བརྒྱུད་གོང་མ་དག་གིས་དངོས་གྲུབ་བསྒྲུབས་ཤིང་བརྙེས་པའི་གནས་སུ་གྱུར་པ། དཔའ་བོ་དང་མཁའ་འགྲོ་རྣམས་ལེགས་པར་འདུས་ནས་བྱིན་གྱིས་བརླབས་པའི་དབེན་གནས་གངས་རིའམ་རྫ་རིའམ་ནགས་ཁྲོད་དམ་སྤང་ལྗོངས་ཤིན་ཏུ་ཉམས་དགའ་ཞིང་ཡིད་དུ་འོང་བའི་བྱ་དང་རི་དྭགས་ཀྱིས་རབ་ཏུ་མཛེས་པར་བརྒྱན་པ། ཆུ་དང་ཁྲོན་པ་དང་བྲག་རི་སོགས་ཡིད་ཀྱིས་བཀོད་པ་ལྟར་ལེགས་པར་གྲུབ་པ། ཁམས་དང་རིག་པ་རང་བཞིན་གྱི་དྭངས་པའི་གནས་དེ་ལྟ་བུར་རང་བྱུང་དུ་གྲུབ་པའི་བྲག་ཕུག་གམ་བྱ་སྐྱིབས་སམ། ཚ་གྲང་ལས་སྐྱོབ་པའི་བསམ་གཏན་གྱི་ཁང་བུར་གྲོགས་མེད་པར་གཅིག་པུར་གནས་ཏེ་སྒྲུབ་དགོས་པ་ལས། སྒྲུབ་གནས་མཆོག་ཏུ་གྱུར་པ་ཀརྨ་པའི་གདན་ས་གོང་འོག་བར་གསུམ་ལྟ་བུ། དྭགས་ལྷ་དཔལ་གྱི་སྒམ་པོ། ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ། ལ་ཕྱི་ཆུ་བར། མི་ལའི་རྫོང་དྲུག གངས་དཀར་གྱི་རྒྱལ་པོ་ཏི་སེ། བྱང་འབའ་རོམ་བྲག ཤར་ཕྱོགས་སྤུངས་རི། གནས་མཆོག་འདུ་ལོང༌། རྫ་བོལ་ཏི། ཞང་རིན་པོ་ཆེའི་གསང་བའི་གནས་བདུན། འདོབ་སྤང་ཕུག འདམ་ཆེན་ཙོ་ར། མོན་ཤ་འུག ཇོ་མོ་གངས་དཀར། གཉན་ཆེན་ཐང་ལྷ། ལྷོ་གྲོ་བོ་ལུང་ལ་སོགས་རང་རེའི་བཀའ་བརྒྱུད་ཀྱི་སྒྲུབ་གནས་རྣམས་སུ་སྔོན་གྱི་གོང་མ་དག་གི་རྗེས་སུ་ཞུགས་ཏེ། རང་རེས་འདི་ལྟར་བསྒྲུབས་ཆོག་པའི་སྐལ་བ་ཞེས་ཉིན་མཚན་གར་སོང་མི་འཚལ་བའི་སྤྲོ་བ་དང་བཅས་པས་སྒྲུབ་པ་ངང་གི་འཕེལ་བའི་རྒྱུ་ཚོགས་ཚང་བར་བྱ་དགོས་པ་ལས། འདི་ལྟར་སྒྲུབ་པ་ལ་རྩེ་གཅིག་ཏུ་གནས་པའི་རིའི་ས་བཅད་དང༌། དེར་བསམ་གཏན་གྱི་ཁང་བུ་ཇི་ལྟར་བྱ་བ་དང༌། གཡོས་ཁང་གནས་མལ་སོགས་ཀྱི་བཅའ་གཞི་ཟས་གོས་སོགས་ཆོས་མཐུན་དུ་རྙེད་པའི་ཆོ་ག མི་མིན་སོགས་ཡུལ་ལྷ་གཞི་བདག་ཆོས་བཞིན་དབང་དུ་བསྡུ་ལུགས། དེ་ལྟའི་རྟེན་འབྲེལ་གྱི་སྒྲུབ་པ་བར་ཆད་བྲལ་བར་དངོས་གྲུབ་བོགས་སུ་ཐོན་ཅིང་གེགས་སུ་མི་ཟག་པའི་ཐབས་ཀྱི་རྟེན་འབྲེལ་མངོན་སུམ་དུ་གཟིགས་པའི་བླ་མ་གོང་མ་དག་གིས་རི་ཆོས་སུ་གྲགས་པ། རྒྱལ་བ་འབྲི་ཁུང་པ་དང༌། ཀརྨ་པ་རང་བྱུང་རྡོ་རྗེ་དང༌། རྒྱལ་བ་ཡང་དགོན་པ་དང༌། མཁས་གྲུབ་ཆེན་པོ་འཇམ་དབྱངས་གྲགས་པ་རྣམས་ཀྱིས་རྒྱས་པར་བསྟན་པ་རྣམས་ལས་ཤེས་པར་བྱས་ཏེ་རྟེན་འབྲེལ་གྱི་གནད་མ་འཆུགས་པར་ཉམས་སུ་ལེན་པར་བྱའོ། །

༨༦

དེས་ན་གྲོགས་ངན་གྱི་གྲིབ་ཅེས་བྱ་བ་ནི། སྣང་བ་དང་ལྡན་པར་འགྲོ་བ་ན། དེའི་རང་གྲིབ་མ་གཞི་ལ་ཕོག་པ་ལྟར། རང་རྒྱུད་དགེ་བའི་སྒྲུབ་པ་སྣང་བ་དང་ལྡན་པ་ལ་མངོན་པར་ཕྱོགས་པ་ན། མི་དགེ་བའི་གྲོགས་ཀྱིས་མི་དགེ་བའི་ལས་མུན་པ་ལྟ་བུས་རང་ཉིད་ཀྱི་དགེ་བའི་སྒྲུབ་པ་སྣང་བ་ལྟ་བུ་དེ་མི་གསལ་བ་མུན་པར་བྱེད་པའི་ཕྱིར། གྲོགས་ངན་གྱི་དུག་གསུམ་གྱི་གྲིབ་ཀྱི་ཕོག་ཅེས་བྱ་བར་འཇོག་གོ། དེ་ཡང་གྲོགས་འདོད་ཆགས་ཀྱི་དུག་ཡོད་པ་དེའི་གྲིབ་ཕོག་པ་ན་བརྣབ་སེམས་དང་ངག་རྐྱལ་དང་མ་བྱིན་ལེན་དང་མི་ཚངས་སྤྱོད་སོགས་ལ་ཡོན་ཏན་དུ་བལྟ་བ་དང་དེ་བྱེད་སྙིང་འདོད་པ་དང་བྱེད་པ་དང༌། གྲོགས་ཞེ་སྡང་གི་དུག་གི་གྲིབ་ཕོག་པས་གནོད་སེམས་དང་སྲོག་གཅོད་དང༌། ཕྲ་མ་དང་ཚིག་རྩུབ་སོགས་ལ་ཡོན་ཏན་དུ་བལྟ་ཞིང་བྱེད་འདོད་ཅིང་བྱེད་པ་དང༌། གྲོགས་གཏི་མུག་གི་དུག་གི་གྲིབ་ཕོག་པས་ལོག་ལྟ་དང་རྫུན་དང་ལུས་ངག་བག་མེད་པའི་སྤྱོད་པ་སོགས་ལ་ཡོན་ཏན་དུ་བལྟ་ཞིང་དེ་ལྟར་བྱེད་སྙིང་འདོད་ཅིང་བྱེད་པ་དང༌། འཇིག་རྟེན་ཆོས་བརྒྱད་ཀྱི་དུག་གི་གྲིབ་ཕོག་པས་ཚེ་འདིའི་མཁས་བཙུན་བཟང་བ་སོགས་ཀྱི་ཆོས་བརྒྱད་ཀྱི་ཆེད་དུ་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་རིགས་པའི་གནས་ལྔ་སོགས་འཆད་རྩོད་རྩོམ་པ་བྱེད་སྐད་པ་དང༌། གར་ཐིག་དབྱངས་གསུམ་བཟོ་རྩིས་སྨན་སོགས་སྦྱོར་བ་དང་དཀའ་སྤྱད་ལོ་མཚམས་རི་འགྲིམ་དང་མངོན་ཤེས་གྲུབ་རྟགས་ལྟར་བཅོས་པ་སོགས་བྱས་ནས་སྦྱིན་བདག་དང་གྲྭ་སློབ་ཀྱི་ལོག་འཚོའི་རྙེད་བཀུར་སྡུད་ནས་འདུས་པ་དེ་དག་བསོད་ནམས་མིན་པའི་ལས་ལ་སྦྱོར་བ་དང༌། རྣམ་གཡེང་གི་དུག་གི་གྲིབ་ཕོག་ན། དགེ་བའི་ལས་ལྟར་སྣང་བ་དུ་མས་གཡེངས་ཤིང་བྲལ་ནས་དགེ་བ་མཚན་ཉིད་པའི་ལས་ཕྱི་ཤོལ་དུ་སོང་བཞིན་པར་འཆི་བ་དང༌། ལེ་ལོ་དང་སྙོམས་ལས་ཅན་གྱི་དུག་གི་གྲིབ་ཕོག་པ་ན། དགེ་བའི་ཕྱོགས་ལ་སེམས་མི་སྤྲོ་ཞིང་གཉིད་དང་ལོང་གཏམ་དང་སྙེལ་བ་དང་ཕྲཻས་པ་དང་བཟའ་བཏུང་དང་གླུ་གར་སོགས་ཀྱིས་དུས་འདའ་བས། རང་གི་སྐྱེ་རྒན་འཆི་སོགས་འཁོར་བའི་སྡུག་བསྔལ་སྐྲག་གི་བློ་མི་སྐྱེ་བར་དུད་འགྲོ་ལྟར་བྱིང་ངེར་གནས་པ་དང༌། རང་དོན་ཡིད་བྱེད་ཀྱི་དུག་གི་གྲིབ་ཕོག་པ་ན། རང་ཉིད་འཁོར་བའི་སྡུག་བསྔལ་ལ་ཡ་ཆེས་ང་ནས་དེ་ལས་ཐར་ཐབས་མ་གཏོགས། སེམས་ཅན་མ་རྒན་གྱི་སྡུག་བསྔལ་དར་དྲག་གི་སྡུག་བསྔལ་དང་ཕྲད་དོགས། བདེ་བ་དང་བྲལ་དོགས་ཀྱི་ཤ་ཚ་སྙིང་ལ་མི་བྲབས་པར་སེམས་ཅན་གྱི་དོན་ལ་སྙིང་ལས་ཆུང་ངུར་འགྱུར་བ་དང༌། ལས་འབྲས་དང་བདེན་པ་དང་དཀོན་མཆོག་སོགས་ལ་དད་པ་མེད་ཅིང་མ་དག་པའི་སྣང་བ་ཅན་གྱི་གང་ཟག་གི་དུག་གི་གྲིབ་ཕོག་པ་ན། རང་ཉིད་ལས་ཡོན་ཏན་གྱིས་ལྷག་པའི་མཆོད་བསྟོད་ཀྱི་བླ་མའི་གནས་རྣམས་ལ་འདིའི་ཡོན་ཏན་ནི་ཅིར་ཡང་མི་སྣང་བས་ཡོན་ཏན་འདི་ལྟ་བུ་ལ་ཤེས་འདོད་ཀྱི་དད་པ་དང་མོས་པ་མེད་ཅིང༌། དེ་མེད་པའི་དབང་གི་བླ་མ་དམ་པ་དེ་ལྟ་བུའི་གོ་འཕང་ཐོབ་འདོད་ཀྱི་རྣམ་ཐར་གྱི་རྗེས་སུ་མི་སློབ་པར། བླ་མ་དམ་པ་འདི་ནི་བག་མེད་པའོ། །འཆལ་པའོ། །རྩེ་རེག་ཅན་ནོ། །ཚུལ་ཆོས་ཅན་ནོ། །ཁ་གསགས་ཙམ་བུ་ཅན་ནོ། །ཁེངས་པ་ང་རྒྱལ་ཅན་ནོ། །རྣམ་གཡེང་འདུ་འཛི་ཅན་ནོ། །ཁོང་འཁྱོག་ཀོ་ལོང་ཅན་ནོ། །གདུག་ཅན་ཞི་ཚུལ་ཅན་ནོ། །ཁ་འཇམ་ཁོང་དྲན་ཅན་ནོ། །ཟོག་པོ་བསླུ་ཆོས་ཅན་ནོ། །ཐེག་དམན་བློ་ཆུང་མཆོག་འཛིན་ཅན་ནོ། །ཞེས་སོགས་ཀྱི་རང་སྐྱོན་ལ་ཡོན་ཏན་དུ་བལྟ་བའི་ང་རྒྱལ་གྱིས་རང་གི་སྒོ་གསུམ་གྱི་སྐྱོན་མི་སྤང་བར་ཁ་རྒྱལ་དུ་བཏང་བ་དང༌། ཡང་བླ་མའི་གནས་སུ་གྱུར་པ་དག་གི་དབང་དུ་བྱས་ནས་གང་ཟག་གཏོང་ཕོད་ཅན་ལ་མདོ་མེད་པོ་དང༌། ངེས་འབྱུང་ཞེན་ལོག་ཅན་ལ་སྙིང་མེད་བསམ་རླག་པོ་དང༌། དག་སྣང་མོས་གུས་ཅན་ལ་འབྱུང་མེད་ཕྲ་ཆལ་པོ་དང༌། འགྲོ་ཀུན་སྤྱི་བོར་ཁུར་བའི་དམན་པ་ཅན་ལ་ཁོས་མེད་རང་ཚུགས་ཤོར་བའི་ཟུངས་ཟད་པོ་དང༌། ཕན་སེམས་སྙིང་རྗེ་ཅན་གྱི་སྤྱི་ཚིས་པོ་ལ་ཀླད་མེད་སྙིང་སྟོང་བྱ་སྒྲོ་མགོ་དང༌། བྱང་སེམས་ཞི་དུལ་ཅན་གྱི་འགྲོ་བ་སྐྱོང་བ་ལ་ཆོས་བརྒྱད་ཞེ་འདོད་ཅན་གྱི་འཇིག་རྟེན་ཕེར་རྒོད་ཅན་དང༌། ཚེ་འདི་བློས་དང་སྙིང་ནས་སྒྲུབ་པ་བྱེད་ལ་གཏད་མེད་རླུང་ཁྱེར་སྨྱོན་བཅོས་མཁན་དང༌། རྒྱལ་ཁ་གཞན་ལ་སྟེར་ནས་བུབ་ཁ་རང་གིས་ལེན་པ་ལ་མི་གོ་མ་ཆོད་མཁོས་མེད་ཆོས་ལ་སྐྱབས་དང༌། གྲུབ་རྟགས་རྫུ་འཕྲུལ་མངོན་ཤེས་འགྲོ་འདུལ་ཅན་ལ་ཟོག་པོ་བདུད་ཁྱེར་ཆོས་བརྒྱད་ཅན་དང༌། ཤེས་བྱ་གཏན་ལ་འབེབས་པའི་མཁས་པ་གཞན་དོན་ཅན་ལ་མི་ཤེས་དགུ་ཤེས་མི་བྱེད་དགུ་བྱེད་ཅན་དང༌། རྒྱལ་ཁམས་དབང་དུ་བསྡུས་ནས་བདེ་ལ་འགོད་པའི་ཐུགས་རྗེ་ཅན་ལ་རྫས་སམ་སྔགས་ཀྱིས་སྣང་བ་བསྒྱུར་ནས་རྒྱལ་ཁམས་ཕུང་ལ་གཏད་པའི་སྒྱུ་མ་ཅན་ནོ་ཞེས་ཟེར་ན། རང་ཉིད་ཀྱི་མི་དགེ་བའི་ལས་ངན་པ་སྤྱོད་པའི་བླ་གྲོགས་གཡོག་འཁོར་སྦྱིན་བདག་སོགས་ཁ་ཤས་རེ་དང་ངན་མཐུན་ཕྱོགས་གཅིག་མཐོས་ན་ཟླ་ཤས། དམས་ན་ཞག་ཤས་ཙམ་དུ་བསྡེབས་ནས་རང་དང་རིས་མཐུན་གྱི་རེ་ཟུང་རེ་མ་གཏོགས་ཆོས་གང་ཟག་ཐམས་ཅད་ལ་འབར་བཏག་སྣ་ཚོགས་བྱེད་ཅིང༌། གྲོགས་དེ་དག་དང་ཡ་ཟུངས་མི་ཐུབ་པར་སྐད་ཅིག་རེར་མིག་ལྟ་ལུགས་ལེགས་ཉེས་ཙམ་གྱིས་བརྩེ་རེག་མ་བཟོད་པར་འགྲས་ཏེ་སྙིང་བཟས་ནའང་མི་ཚིམ་པར་དགྲ་ནག་པོར་བཟུང་ནས་གཏན་མཁོན་དུ་བྱེད་པའི་སྤྲེའུ་དང་ཁྲ་དང་ཝ་ལྟ་བུའི་སྒོ་གསུམ་གྱི་སྤྱོད་པ་ཅན་དུ་འགྱུར་བར་བྱེད་པས། དེ་ལྟར་འགྱུར་བའི་གྲོགས་སུ་མ་ཟད། དེ་ལྟའི་དུག་བླ་མ་མཁན་སློབ། ཕ་མ་རྒན་རབས། ཆོས་འཇིག་རྟེན་གྱི་དྲིན་ཅན། ནང་གཡོག་སྒེར་མཛའ་སྙིང་སྡུག་གྲྭ་སློབ་སྦྱིན་བདག་འབྲེལ་ཡོད་སུ་ལ་འདུག་ནའང་དེའི་ལྟ་སྤྱོད་སྒོམ་པའི་གྲིབ་རང་ལ་ཕོག་ཡོང་བས་དེ་ལྟ་བུ་དང་མི་མཛའ་མི་མཁོན་པས་ཆོས་དང་ཟང་ཟིང་གི་འབྲེལ་པ་བཅོད་རིང་དུ་འབྲོས་པར་བྱའོ། །

༨༧

དེ་ཡང་ཆོས་གང་ཟག་ཐམས་ཅད་མཆོག་ཏུ་མ་མཐོང་བར་སྒྲོ་སྐུར་སྣ་ཚོགས་ཀྱི་སྡིག་ལས་སོག་པ་ནི། ཡུལ་དེ་དག་དཀོན་མཆོག་མཆོད་བསྟོད་ཀྱི་སྐྱབས་གནས་དམ་པ་ཡིན་པ་ལ། སྔོན་གྱི་ལས་སམ་འཕྲལ་གྱི་རྐྱེན་གྱིས་སྣང་བ་ལ་ལོག་ནས་ཡིད་དུ་མི་འོང་བར་མཐོང་ནས་དེ་ལ་ཞེ་སྡང་དྲག་ཏུ་སྐྱེས་ནས་གཤེ་སྐུར་སོགས་ཀྱི་སྡིག་མི་བཟད་པ་བྱེད་པ་བྱུང་བ་ཡིན་ཏེ། ལས་ངན་དེའི་རྩ་བའང་ཞེ་སྡང་གི་ཉོན་མོངས་པའི་དུག་དྲག་པོས་མི་བཟོད་པར་གཟིར་བར་གྱུར་པ་ལ་ཐུག་པའི་ཕྱིར། དེས་ན་ཡིད་དུ་མི་འོང་བའི་ཡུལ་ལ་ཞེ་སྡང་སྐྱེ་བ་དང༌། ཞེ་སྡང་གི་དབང་གིས་གནོད་སེམས་ཅན་མཐོང་བ་ཙམ་གྱིས་སྔངས་སྐྲག་སྐྱེ་བ་དང༌། དེས་གནོད་པ་སོགས་མི་རིགས་པའི་ལས་བགྱི་བས་ཐམས་ཅད་དགྲར་སྡང་བ་དང༌། རང་གཞན་སྡུག་བསྔལ་བར་བྱེད་པའི་རྒྱུ་རྐྱེན་གང་དུ་ཡོད་སར་དེ་ལ་མི་སྡུག་པའི་བློ་སྐྱེ་བ་དང༌། རང་གཞན་ལ་གནོད་པའི་སྡུག་བསྔལ་བ་དེ་ཉམས་སུ་མྱོང་ན་དེ་ལ་ཆགས་པ་སྐྱེ་བའི་སྐབས་མེད་པས་མྱ་ངན་དང་ཡིད་མི་བདེ་བ་སྐྱེ་བ་ནི་རྒྱུ་འབྲས་མི་བསླུ་བའི་རྟེན་འབྲེལ་ཡིན་པས། རང་ཉིད་ཀྱི་ཕྱོགས་འཛིན་གྱི་ཆོས་གང་ཟག་དེ་ལས་ཆོས་གང་ཟག་ཐམས་ཅད་ལ་ལེགས་པར་མ་མཐོང་ནས་མི་བཟོད་པའི་ཡིད་འཁྲུག་པའི་སྡང་སེམས་ཅན་ནི་ཕྱི་ནང་སོགས་རང་གཞན་དང་གྲུབ་མཐས་བློ་ཁ་བསྒྱུར་མ་བསྒྱུར་དང་མི་དང་མི་མིན་སོགས་ཀྱི་སུའི་ཁྲོད་དུ་ཡོད་ཀྱང་དེ་དག་དང་ལྷན་ཅིག་གནས་པར་མི་བྱ་སྟེ། བྱས་ན་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་གེགས་བྱེད་པའི་ཕྱིར། ཡང་གང་ཟག་ཁ་ཅིག རང་གཞན་གྱི་ཚེ་འདི་ཕྱིའི་བདེ་འབྱོར་གང་སྒྲུབ་ཀྱང་རང་རེ་ལ་དེ་ལྟར་སྒྲུབ་ནུས་པའི་སྟོབས་འབྱོར་དགོས། སྟོབས་སྒྲུབ་པ་ལ་ཁ་དྲག་དབང་བཙན་གྱི་གཉེན་བྱམས་པས་སྐྱོང་བའི་སྡེ་ཚོ་རིས་འཕན་དར་སྒོ་ཧྲགས་ཀྱི་དགྲ་སྡང་བ་འཇོམས་ནུས་པ་དཔུང་དུ་ཁུར་རྒྱུ་ཡོད་པ་ཞིག་དགོས། སྟོབས་དེ་འདྲ་སྒྲུབ་པ་ལ་དེ་ལྟའི་གཉེན་བྱམས་པའི་སྡེ་རིས་ཀྱིས་རང་ལ་སྐྱོང་བ་ལ་འབྱོར་བ་དགོས། འབྱོར་པ་དེ་ལའང་གང་ལ་གང་འོས་དང་གང་དགོས་ནོར་རྫས། ཡ་ཀི་རྒྱལ་པོ་ནས་མ་གི་སྤྲང་པོའི་བར་གྱི་མཁོ་བའི་ཡོ་བྱད་སྣ་མ་ཐོགས་པ་རྡོ་བུག་པ་ཅན་ཤིང་ཉ་ག་ཅན་ཡན་ཆད་བསགས་ནས་ཆོས་དང་འཇིག་རྟེན་གྱི་བྱ་བ་རླབས་རྒྱ་མ་ཆུང་བ་སྒྲུབ་ཟེར་བ་དེ་ནི་སྡུག་བསྔལ་གྱི་ཡུལ་ལ་བདེ་བར་འཁྲུལ་ནས་འདོད་ཆགས་ཀྱི་ཉོན་མོངས་པའི་གདོན་ཆེན་པོས་ཟིན་ནས་སྨྱོན་པ་ལས་ཆེར་སྨྱོ་བ་ཡིན་ཏེ། ཟས་ནོར་སོགས་ཀྱི་རྙེད་བཀུར་ནི་རྣམ་ཐོས་ཀྱི་བུ་ལྟར་འབྱོར་ནའང༌། དེ་དག་ལ་སྐྱེ་བོ་ཆགས་ཅན་གྱི་སྨྱོན་པ་རྣམས་དེ་ཡིད་འོང་གི་དངོས་པོར་མཐོང་ནས་སྲོག་དང་བསྡོས་ཏེ་མ་ཐོབ་པ་ཐོབ་ཏུ་རེ་བས་ཕྲོག་པར་བྱེད་ཅིང་རང་ཉིད་ཀྱང་དགྲ་ཟླ་དང་བཅས་པའི་ལས་སྔོན་སོང་ཡིན་པས་དེ་དག་གིས་དེ་འཕྲོག་པར་ཡང་ནུས་པས་ཡོད་པ་སྲུང་གི་མི་ཐུབ་པའི་སྡུག་བསྔལ། དེ་ལྟའི་འབྱོར་རྫས་ཀྱི་འབྱོར་པ་མེད་ན་དེ་ཐོབ་ཆེད་དུ་རང་སྲོག་དང་བསྡོས་ནས་སྡིག་སྡུག་གཏམ་ངན་གྱི་ཁྲེལ་དང་ངོ་ཚ་གང་ལའང་མི་འཛེམ་པར་ཆོས་དང་འཇིག་རྟེན་ལས་ཀྱི་མཐའ་ངན་པ་གང་ལའང་ཡ་མི་ང་བར་འཇུག་ནས་མེད་པ་འཚོལ་མི་ཐུབ་པའི་སྡུག་བསྔལ་དང༌། དེ་ལྟའི་འབྱོར་པ་མནོག་ཆུང་ཅུང་ཟད་བྱ་མཆུའི་ཤ་ཐོབ་པ་ལྟར་རེས་ག་བར་ཐོབ་པ་ནའང༌། དེ་ལྟའི་འབྱོར་པས་གཉེན་བྱམས་པ་ངོ་འཛིན་དཀའ་ཞིང་བསྲུང་བར་མི་ནུས་པ་དང༌། ཅུང་ཟད་ཙམ་གྱིས་བསྲུང་བར་ནུས་ཀྱང་གཉེན་ཕྱོགས་བྱམས་པས་སྐྱོང་བའི་གང་ཟག་གི་ཚེ་འབྱོར་རྩ་རྩེའི་ཟིལ་པ་ལྟར་མི་རྟག་པས། གཉེན་བྱམས་དང་བྲལ་གྱི་དོགས་པའི་སྡུག་བསྔལ་དང༌། སྟོབས་འབྱོར་སོགས་ཅུང་ཟད་ཀྱིས་ཕྱུག་པ་ན་རང་ཉིད་དམན་པའི་གནས་ལ་ང་རྒྱལ་ནས་གཞན་རྣམས་ཟིལ་གྱིས་མནན་ཏེ་ཡིད་མི་བདེ་བར་སུན་ཕྱུང་བར་བྱས་པས་གློ་བུར་དུ་གཞན་ཐམས་ཅད་ཀྱང་སྔོན་ལས་སམ་འཕྲལ་རྐྱེན་གྱིས་དགྲར་གྱུར་ནས་རང་གི་སྟོབས་འབྱོར་ཐམས་ཅད་སྐད་ཅིག་ཙམ་ལ་བརླག་པར་འགྱུར་བས་དགྲ་སྡང་བ་དང་ཕྲད་ཀྱི་དོགས་པའམ་ཕྲད་པའི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲེ་བ་ལྟ་བུའི་སྡུག་བསྔལ་འབྱུང་བས། ནོར་རྫས་སོགས་ཚེ་འདིའི་བདེ་སྐྱིད་ཀྱི་གཞིར་ཞེན་པ་ནི་སྨྱོན་པ་ལས་ཀྱང་ཆེར་སྨྱོ་བ་ཡིན་ཏེ། ཚེ་ཕྱི་མར་མ་ཟད་ཚེ་འདི་ཉིད་དུའང་སྡུག་བསྔལ་གྱི་རྟེན་ནམ་གཞིའམ་ས་བོན་ནམ་རྒྱུའམ་འབྱུང་ཁུངས་བླ་ན་མེད་པ་ཡིན་པས་དེ་བདག་ཏུ་བཟུང་ན་སྡུག་བསྔལ་དེ་མི་འབྱུང་མི་སྲིད་པའི་ཕྱིར། དེར་མ་ཟད་སྟོབས་འབྱོར་ཇི་ཙམ་ཡོད་ཀྱང་རང་རེས་གདེང་ཁེལ་བར་ཞག་གཅིག་ཏུ་ལོངས་སྤྱོད་བྱར་འོང་བའི་བློ་གདེང་མི་ཁེལ་ཏེ། སང་ཙམ་ཡང་མི་འཆི་བར་སྡོད་པར་ངེས་པའི་བློ་གདེང་མེད་པའི་ཕྱིར། དེས་ན་སང་ཙམ་སྡོད་པའི་བློ་གདེང་མེད་ངེས་ན་ཚེ་ཕྱི་མའི་བདེ་སྐྱིད་ཀྱི་བསམ་སྦྱོར་ལས་ཚེ་འདིའི་བདེ་སྐྱིད་ཀྱི་བསམ་སྦྱོར་སྐད་ཅིག་ཙམ་ཡང་བཏང་ག་ལ་ཕོད། དེ་ལྟར་བཏང་ནས་ཚེ་འདིའི་བདེ་སྐྱིད་ཀྱི་ཆེད་དུ་ཆགས་སྡང་གི་བསམ་སྦྱོར་སྐད་ཅིག་རེས། ངན་སོང་གི་གནས་སུ་བསྐལ་པ་དུ་མར་ལན་གྲངས་དུ་མར་སྐྱེ་ན་སྡུག་བསྔལ་དེ་སུ་ཞིག་བཟོད་པར་ནུས་པའི་ཕྱིར། དེས་ན་འཆི་བ་མི་རྟག་པ་གཤའ་མ་ཞིག་རྒྱུད་ལ་སྐྱེས་ན། ཞག་གཅིག་ཕན་གྱི་ལྟོ་གོས་ཙམ་ཡང་སྒྲུབ་ལོང་མེད་པར་དམ་པའི་ཆོས་ཁོ་ན་སྒྲུབ་པ་ཞིག་འབྱུང་བས། དེ་ཙ་ན་ལྟོ་བསོད་སྙོམས། གོས་ཕྱགས་དར་ཁྲོད་པ། གནས་མལ་བཞི་ཇི་བཞིན་པ། གནས་ཤིང་དྲུང་བས་མཐའ་པ། སྨན་བཀྲུས་ཏེ་བོར་བ་ལ་བརྟེན་པའི་ཁྱིམ་ནས་ཁྱིམ་མེད་པའི་རབ་བྱུང་དང་འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་བཏང་བའི་བྱ་བཏང་ཆེན་པོ་ཆག་ཁྲི་མཆོག་དང་ཁམ་པ་ལུང་དང་ཞུ་ཡས་དངོས་གྲུབ་ལྟ་བུ་ཞིག་འབྱུང་བ་ཡིན། དེ་ལྟར་མིན་པའི་འདི་ཕྱིའི་གཏན་བདེ་ནོར་རྫས་སྡེ་རིས་ཀྱི་དཔུང་ལ་རེ་བ་དེ་ནི་གཏན་གྱི་བདེ་བ་ཆགས་སྡང་གི་ལས་ངན་བསགས་པས་བདེ་བ་ཐོབ་ཅིང་སྡུག་བསྔལ་སྤོང་བ་ལ་རེ་ས་དང་སྐྱབས་མགོན་ཞུས་པ་ཉིད་དང་ལས་ངན་གྱིས་འབྲེལ་ཚད་ཚེ་འདི་དང་ཕྱི་མ་ཐམས་ཅད་དུ་སྡུག་བསྔལ་དར་དྲག་ཅིང་རྒྱུན་རིང་བ་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར། དེ་ལྟའི་གྲོགས་ནི་གཡང་ས་ལྟར་ཡང་དགོས་པས། དེའི་ཕྱིར་ཚེ་འདིའི་སྟོབས་འབྱོར་སྙིང་ལ་འདོད་པའི་འདོད་ཆགས་ཆུ་ལྟར་ཁོལ་བའི་བླ་མ་སློབ་མ་གྲོགས་འཁོར་སྦྱིན་བདག་སོགས་གང་ན་འདུག་ཀྱང་ཐར་འདོད་དག་འགོ་ནད་འབུམ་འགྱུར་ལས་ཀྱང་ཆེར་སྔངས་པ་ཉིད་ཀྱིས་འབྲོས་པར་བྱའོ། །

༨༨

ཡང་སྤྱིར་ཐེག་ཆེན་ཁྱད་པར་གསང་སྔགས། ཡང་སྒོས་གཉུག་མ་ཐ་མལ་གྱི་ཤེས་པ་ཕྱག་རྒྱ་ཆེན་པོ་བློ་འདས་ཡིད་ལ་མི་བྱེད་པའི་ལྟ་སྒོམ་འདི་ཡང་དག་པའི་ལྟ་སྒོམ་མ་ཡིན་གལ་སྲིད་ཡིན་དུ་ཆུག་ཀྱང༌། ད་ལྟའི་སྙིགས་མ་ལྔ་བདོ་བའི་སྐབས་འདིར་ལྟ་སྒོམ་གྱི་དུས་མ་ཡིན་ཏེ། དེང་སང་གི་གང་ཟག་རྣམས་ཀྱིས་ལྟ་སྒོམ་བྱས་ཀྱང་འགྲུབ་པའི་སྐལ་བ་ཡོད་པ་མ་ཡིན་པའི་ཕྱིར། དེར་མ་ཟད་སྙིང་རྗེས་ཀུན་ནས་བསླངས་པའི་བསག་སྦྱང་སོགས་ཀྱི་ཐབས་ཆ་དང་བྲལ་བའི་ཟབ་མོ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་སྐད་ཀྱི་མདོ་སྔགས་ཀྱི་རྣལ་འབྱོར་གང་བྱས་ཀྱང་ཚེ་གཅིག་ལུས་གཅིག་གིས་འཚང་རྒྱ་བ་མི་སྲིད་ཅེས་ཁ་ཚོན་བཅད་ནས། གསང་སྔགས་ཕོ་ཉ་ཕྱག་རྒྱའི་བགྲོད་པ་ཆགས་ཆེན་གྱི་ལམ་དང༌། རིག་སྔགས་མ་བཅོས་གཉུག་མའི་ཡེ་ཤེས་ཐ་མལ་གྱི་དེ་བཞིན་ཉིད་གྲོལ་བའི་ལམ་ལ་དངོས་སུ་འཇུག་པའི་ཐབས་ཤེས་ལ་སྤྱོད་པས་སངས་མི་རྒྱ་བ་དང༌། རྒྱ་ཡང་དེ་འདྲ་ལ་འཇུག་ནུས་པའི་སྐལ་ལྡན་ད་ལྟ་ས་སྟེང་ན་མི་སྲིད་ཅེས་སྨྲ་བ་ནི་ཆོས་དང་གང་ཟག་ལ་ལོག་པར་བལྟ་བའི་གཏི་མུག་མུན་ལྟར་འཐིབས་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྤོང་གི་ལས་བསགས་པའི་སྡིག་ཅན་ཏེ། འདི་ལྟའི་ལས་ཅན་གྱི་སེམས་ཅན་དམྱལ་བ་ཆེན་པོ་དེའི་ལུས་ཀྱི་ཚད་འཕགས་པ་བརྒྱད་སྟོང་པ་སོགས་ནས་བཅོམ་ལྡན་འདས་ཀྱིས་གསུང་བར་མ་སྤོབས་ཏེ། གསུངས་ན་དེའི་འཁོར་དུ་འདུས་པ་རྣམས་ཆེས་དངངས་ནས་ཁ་ནས་ཁྲག་དྲོན་མོ་སྐྱུགས་ནས་ཚེའི་དུས་བྱེད་པའི་ཕྱིར་ཞེས་བཀའ་བསྩལ་བ་ཡིན་ལ། དེས་ན་གང་ཟག་དེ་འདྲ་དང་འཕྲོས་པ་བྱས་ཙམ་གྱིས་ཁྱོད་ཀྱི་བླ་མ་དང་ཆོས་གང་ཟག་ཇི་ལྟ་བུ་ཡིན་ཞེས་དྲིས་ནས། ཆོས་དང་གང་ཟག་ལ་སྐུར་འདེབས་ཀྱི་ལས་ངན་བསགས་པར་འགྱུར་བས། དེ་ལྟ་ལ་སྒོ་གསུམ་གྱི་འབྲེལ་པ་གང་ཡང་འདོགས་མི་བཏུབ་སྟེ་བཏགས་པ་ན་བདག་ཉིད་ཉམས་པར་མ་ཟད། ཁོ་ཉིད་ཀྱང་ཉམས་པ་བཅོས་སུུ་མི་རུང་བའི་ལས་སོག་པར་འགྱུར་བའི་ཕྱིར། གལ་སྲིད་དེ་ལྟའི་རིགས་ཀྱི་འགྲོ་འདུལ་སྐད་པའི་བླ་མ་སོགས་གྲགས་ལྡན་དུ་གྱུར་པ་དང་ཕྲད་ཅིང་འབྲེལ་པར་འདོགས་དགོས་པར་གྱུར་ན་རང་གི་ཆོས་དང་གང་ཟག་གི་འཕྲོས་མི་བྱེད་པར་ཕ་རོལ་པོ་བླ་མ་དེའི་སྐྱོན་གྱི་ཆ་ནས་མི་ལྟ་བར་ཡོན་ཏན་གྱི་ཆ་ནས་བལྟས་ཏེ། གུས་པ་ཆེན་པོས་བླ་མར་བཟུང་ནས་ཆོས་ཀྱི་འབྲེལ་པ་ཐོགས་པར་བྱས་ཏེ། རྣམ་ཐར་ངན་པ་མི་མཐོང་བར་ཡོན་ཏན་ཅན་དུ་མཐོང་བར་གསོལ་བ་གདབ་པར་བྱ་སྟེ། རྒྱལ་བ་རྒོད་ཚང་པས་མཁན་པོ་འབ་རྩེ་བྱ་བ་ཞིག་དང་མཇལ་བས། དེས་སྤྱིར་གསང་སྔགས་སྒོས་ཕྱག་རྒྱ་པ་ཡང་སྒོས་དྭགས་པོ་བ་ལ་བཀྱོན་པ་ཞིག་འདུག་ཁོང་གི་དེ་ཇི་ལྟར་ཡིན་ཀྱང་རང་རེ་ཆོས་པ་གཅིག་གིས་གཅིག་ལ་སྐྱོན་འཛིན་པ་དེ་མི་ལེགས་པས། དེའི་རྐྱེན་གྱིས་བླ་མ་མཐོང་ཚད་ལ་ཡོན་ཏན་གྱི་ཆ་ནས་ཆོས་འབྲེལ་རེ་བྱས་གསོལ་བ་བཏབ་བླ་མར་ཁུར། དེའི་དབང་གིས་ཆོས་མཐོང་ཚད་ཐོས་ཚད་ལ་སློབ་དཔོན་ཟེར་བ་དེ་ཡིན། དེས་ན་ཆོས་པས་ཆོས་པ་ལ་འབར་བ་འདི་མི་ལེགས་པས་སྤྱིར་ཆོས་པ་སྤྱི་ལ་འབར་ཞིང་སྐྱོན་ལ་མི་བལྟ་བར་ཡོན་ཏན་དུ་བལྟ་བས་སྙན་པའི་བ་དན་ཕྱོགས་བཅུར་བསྒྲགས་པའི་ཐུགས་དམ་མཛད་པ་ཡིན་ལ། སྤྱིར་དམ་བཅའ་བཅུ་གཉིས་མཛད་པ་ལས་འདི་དམ་བཅའ་གསུམ་པར་སྣང༌། དེས་ན་ཉོན་མོངས་པ་གཏི་མུག་གི་དབང་གི་ལས་ལ་ལོག་ལྟ་ལས་ལས་ངན་པའི་ལས་ཀྱི་སྒྲིབ་པ་མི་སྲིད་ཅིང༌། ལོག་ལྟའི་ནང་ནས་ཀྱང་རྒྱུ་དང་འབྲས་བུའི་ཐེག་པ་ཆེན་པོ་དང༌། དེའི་ནང་ནས་ཐེག་པའི་མཐར་ཐུག་པ་རྫོགས་པའི་རྫོགས་པ་ཆེན་པོ་རིགས་དྲུག་པ་ཕྱག་རྒྱ་ཆེན་པོའི་ལམ་འབྲས་ཀྱི་གོ་འཕང་དང་དེ་སྒྲུབ་ཀྱི་ཆོས་དང་གང་ཟག་ལས་སྡིག་ཆེ་བ་མེད་པའི་ཕྱིར། གསང་སྔགས་ཀྱི་རྣལ་འབྱོར་པ་ཉན་ཐོས་ཀྱི་ནང་དུ་ཞག་བདུན་དུ་འདའ་ན་དམ་ཚིག་ཉམས་པར་འགྱུར་བས་རྡོ་རྗེ་འཆང་གིས་བཅའ་བར་མཛད་པའང་དགག་དགོས་འདི་འདྲ་བ་ལ་དགོངས་པ་ཡིན་ནོ། །དེས་ན་ཐེག་པ་ཆེན་པོ་ལ་ལོག་ལྟའི་ལས་སྒྲིབ་དག་པ་ལ། ཐེག་ཆེན་གྱིས་ཆོས་བྱང་ཆེན་གྱི་རྒྱུར་རྟོགས་པའི་ཤེས་རབ་སྐྱེ་བ་ཞིག་དགོས་ལ། དེ་ལྟའི་ཤེས་རབ་སྐྱེ་བ་ལ། དེ་ལྟའི་རྒྱུའི་སྦྱིན་པ་ལ་སོགས་པའི་ཚོགས་སོག་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ་དམིགས་ནས་ལྷག་ཏུ་བསགས་པ་ན། ཐེག་པ་ཆེན་པོའི་ཆོས་རྒྱུ་དང་འབྲས་བུའི་ཚུལ་སྒྱུ་མ་ལྟ་བུའི་རྣམ་རོལ་ཁྱད་པར་གསང་སྔགས་ཐབས་ཀྱི་ལམ་ཉོན་མོངས་ཡེ་ཤེས་འཁོར་བ་མྱང་འདས་སུ་དག་པའི་ཐབས་ཤེས་ཀྱི་ཆོས་གང་ཟག་ལ་ཆེས་ངོ་མཚར་བའི་དད་པ་ཐོབ་པ་ལས་ཤེས་རབ་ཀྱི་སྐལ་པར་མི་འབབ་པའི་བློར་མི་ཤོང་བའི་ལོག་ལྟའི་དྲི་མ་ཐམས་ཅད་དག་ནས་སྐལ་ལྡན་གྱི་སྐྱེས་བུ་དམ་པར་དབང་པོ་འཕོ་བའང་ཡོད་དོ། །དེ་ལྟར་སྲིད་ཞིའི་མཐའ་མཐོང་བའི་དད་ཤེས་ཀྱི་སྐལ་བ་ཅན་རྣམ་པ་ཀུན་ཏུ་བྱ་དང་རི་དྭགས་ཀྱིས་མི་སོགས་ལ་བག་ཟོན་གྱི་ཡ་ང་བ་ཙམ་དུ་རང་གཞན་གྱི་རྒྱུད་ལ་སྲིད་ཞིའི་མཐར་ལྟུང་བའི་རྒྱུའི་ཉོན་མོངས་པ་དང་སྡིག་ཏོ་མི་དགེ་བའི་ཆོས་དང་མཚན་རྟོག་དང༌། དེ་ལྟའི་ཉེས་པ་རྒྱུད་ལྡན་གྱི་གང་ཟག་དང་འགྲོགས་པ་ལ་དེ་ཙམ་དུ་ཡ་ང་བས་སྤང་བ་ལྷུར་བྱེད་པ་ཞིག་འབད་མེད་དུ་མི་འབྱུང་མི་སྲིད་པས། དེ་ཉིད་ལ་སླར་ངེས་འབྱུང་གི་བོགས་འདོན་པའི་བག་ཟོན་ཇེ་ཆེར་བྱ་ཞིང་གལ་སྲིད་ཉོན་མོངས་པ་དང་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་ཅུང་ཟད་གོས་པ་ན། དེས་སེམས་ཅན་རྩེ་རེག་ཏུ་གྱུར་ནས་འགྱོད་པས་ཡིད་ལ་གཅགས་ནས་དགེ་སྦྱོར་གྱི་དགའ་སྤྲོའི་ཤུགས་ཉམས་པར་མི་བྱ་སྟེ། དེས་སེམས་ཅན་རྩེ་རེག་ཏུ་གྱུར་པ་ཉིད་ཀྱིས་ཉོན་མོངས་པ་དང་སྡིག་ཏོ་མི་དགེ་བའི་ཕྱོགས་སྤངས་བ་ལ་སེམས་ཀྱི་དཔའ་ཇེ་ཆེར་གོང་འཕེལ་དུ་བཏང་ནས་རྩེ་རེག་ཇི་མི་སྙམ་དུ་ཁྱད་དུ་བསད་ནས་སྒྲུབ་དགོས་པའི་ཕྱིར་ཏེ། ཉོན་མོངས་སོགས་ཀྱི་རྐྱེན་གྱི་ལམ་སྒྲུབ་པ་ལ་སེམས་ཞུམ་ནས་དེའི་དབང་དུ་སོང་ན་བདུད་ཀྱི་བར་ཆད་དུ་ཤོར་བར་གསུངས་པའི་ཕྱིར་དེས་ན་རང་གཞན་གྱི་སྒྲིབ་པ་གཉིས་སྤང་བའི་ཆེད་ཀྱི་སྒྲུབ་པ་ལ་གནོད་པ་ཅི་བྱུང་ཡང་དེའི་དབང་དུ་སྒྲུབ་པ་མི་བཤོལ་བར་ཇི་མི་སྙམ་དུ་བཟོད་པར་བྱ་ཞིང༌། སེམས་ཐར་པ་འདོད་པ་དང་མི་འདོད་པའི་རིགས་ཅི་འདྲ་ཞིག་དམིགས་ཀྱང་དེ་ཐམས་ཅད་ཀྱི་ཉོན་མོངས་པ་སོགས་ཀྱི་སྐྱོན་དཔག་ཏུ་མེད་པ་དང་ལྡན་པ་ན། དེའི་སྐྱོན་གྱིས་སླར་ཡང་སྐྱོན་སྤེལ་བའི་གང་ཟག་ཐམས་ཅད་ཆགས་སྡང་གི་ལས་ཀྱིས་རང་གཞན་སུ་ལའང་མི་མཐུན་པར་མི་སྒྲུབ་པར་ཆགས་སྡང་མེད་པའི་ལས་ཀྱིས་བསྡུས་ནས་མཐུན་པར་སྒྲུབ་པར་བྱ་སྟེ། དེ་ཡི་ཡང་དང་པོར་བདག་ཉིད་འགྲོ་བ་གཞན་གྱི་ཆགས་སྡང་སོགས་ཀྱི་ཉོན་མོངས་སྐྱེ་བའི་མི་མཐུན་པའི་གཞིར་མ་སོང་བར་མཐོང་བ་ཆགས་སྡང་དང་བྲལ་ཞིང་ཡིད་དུ་འོང་བའི་མཐུན་པའི་གཞིར་བསྒྲུབས་ནས་གཞན་རྣམས་ཀྱང་ཕན་ཚུན་བྱམས་པ་བརྩེ་གདུང་མཛའ་གཅུགས་ཀྱིས་མཐུན་པར་སྒྲུབ་པར་བྱའོ། །

༨༩

གཞན་གྱི་ཡིད་དུ་མི་འོང་ཞིང་ཚོར་བ་གདུང་བ་བསྐྱེད་པའི་གཟུགས་སྒྲ་དྲི་རོ་རེག་ཆོས་མི་གཙང་བ་དག་གིས་བདག་ཉིད་ཀྱང་མ་སྦགས་པར་བྱ་ཞིང་གཞན་ལའང་དེས་འབགས་པར་མི་བྱ་སྟེ། ཐ་ན་དབེན་པའི་གནས་སུ་དཀོན་མཆོག་མཆོད་པའི་རྫས་སོགས་ལའང་གླ་རྩིའི་དྲི་དང་གུ་གུལ་གྱི་དྲི་སོགས་བསྲེས་པ་ན། འབུ་སྲིན་དང་མི་མིན་སོགས་ཀྱི་ལུས་སེམས་ལ་འཚེ་བར་འགྱུར་བའི་ཉེན་ཡོད་པས་སྐབས་ཤེས་པར་བྱས་ནས་གཙང་སྦྲ་ལ་ནན་ཏན་དུ་བྱའོ། །སྐྱེ་བོ་རྣམས་ལ་ལྟས་ངན་དུ་གྲགས་པའི་ཡུལ་དེར་བྱ་རོག་དཀར་པོ་དང༌། མཚན་མོ་འཇའ་ཚོན་སོགས་ཀྱི་རྣམ་པ་སྣ་ཚོགས་པ་འབྱུང་ཡང༌། དེ་མི་ཤེས་པའི་མཚན་མར་མི་རྟོག་པར་རྐྱེན་དབང་གི་རྟེན་འབྲེལ་གྱི་ཆོས་ལ་ཅིར་ཡང་སྣང་ཞིང་གང་ཡང་འཆར་བ་ཙམ་དུ་བལྟ་བ་ལས། དེ་མི་དགེ་བའི་རྟགས་ལ་སོགས་པར་རློམ་པར་མི་བྱ་སྟེ། ཆོས་ཐམས་ཅད་རྟོག་པས་བཏགས་གཞག་ཙམ་ལས་རང་ངོས་ནས་མ་གྲུབ་པས་ལྟོས་དབང་གི་རྟེན་འབྲེལ་ཙམ་དུ་གང་མི་དགེ་བའི་རྒྱུར་བཏགས་ན་མི་དགེ་བའི་འབྲས་བུ་འབྱུང་བའི་ཉེན་ཡོད་པའི་ཕྱིར། དེས་ན་ཁྱིམ་པ་དང་འབྲེལ་བཅད་པའི་ཆེད་དུ་རི་མཚམས་དང༌། སྤོང་བ་པ་ནང་ཕན་ཚུན་དུ་རྣམ་གཡེང་བཅད་པའི་ཆེད་དུ་སྒོ་འདག་བཅར་དང་གཏམ་སྨྲ་བཅད་དུ་བྱའོ། །རང་སེམས་ཆོས་ཀྱི་སྐུར་ངོ་འཕྲོད་ཀྱང་ད་དུང་བླ་མ་རྡོ་རྗེ་འཛིན་པ་ལ་བརྟེན་ཏེ་བསག་སྦྱང་མཐའ་ཡས་པར་བསྒྲུབས་ནས་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བའི་ཆོས་གཟུགས་ཀྱི་སྐུ་སྒྲུབ་དགོས་པའི་ཕྱིར། བླ་མ་དམ་པ་རྟག་ཏུ་མི་འབྲལ་བར་བསྟེན་ནས་མཆོད་ཚོགས་ཀྱིས་མཉེས་པར་བྱ་ཞིང་བདག་ཉིད་ཆོས་གཟུགས་སྐུར་སངས་རྒྱས་པ་ནའང་བླ་མ་དམ་པའི་ཆོས་སྐུ་དང་བདག་ཉིད་ཀྱི་ཆོས་སྐུ་ཉིད་སྤྲོས་པ་དང་བྲལ་བ་ཆོས་ཀྱི་དབྱིངས་སུ་དབྱེ་མི་ནུས་ཤིང་འབྲལ་བ་མེད་པར་ཆུ་ལ་ཆུ་བཞག་ལྟར་ཐ་མི་དད་པར་འགྱུར་ལ། བླ་མའི་གཟུགས་སྐུ་དང་རང་གི་གཟུགས་སྐུ་གཉིས་ཀྱང་སེམས་ཅན་གྱི་ཁམས་སྦྱང་བའི་ཆེད་དུ་སྐུ་དང་རྣམ་ཐར་མཛད་པ་ཐམས་ཅད་མཚུངས་པར་མཉམ་ཉིད་རོ་གཅིག་ཏུ་གྱུར་ནས་སེམས་ཅན་གྱི་དོན་སྒྲུབ་པ་ལ་ཐུགས་རྗེའི་འཇུག་པ་ལྷན་ཅིག་ཏུ་འབྲལ་བ་མེད་པར་གནས་ནས་སེམས་ཅན་གྱི་ཁམས་སྦྱོང་བར་མཛད་པ་ཡིན་ལ། དེའི་སངས་རྒྱས་ནང་ཕན་ཚུན་དུ་གྱུར་ཀྱང་སྔོན་དཔོན་དང་སློབ་མའི་འབྲེལ་གྱིས་སྔོན་སློབ་མར་གྱུར་པའི་སངས་རྒྱས་དེ་སངས་རྒྱས་ཀྱི་དཀྱིལ་འཁོར་པ་དེའི་རིགས་ཀྱི་བདག་པོར་མཛད་ནས་ཅོད་པན་གྱི་རྩེར་བཀུར་ཏེ་སེམས་ཅན་གྱི་དོན་མཐའ་ཡས་པ་བསྒྲུབས་པས་རིགས་ཀྱི་བདག་པོའི་རྡོ་རྗེ་འཛིན་པ་དེ་ཉིད་ཀྱི་དགོངས་པ་ཡོངས་སུ་སྐོང་བའི་མཆོད་པས་དགྱེས་དགུར་རྟག་ཏུ་མཉེས་པར་བྱེད་པ་ནི་རྟེན་འབྲེལ་གྱི་ཆོས་ཉིད་དོ། །དེས་ན་བཀའ་དྲིན་ཅན་གྱི་སྐྱབས་གནས་མཐར་ཐུག་བླ་མ་རྡོ་རྗེ་སློབ་དཔོན་དང་སྐྱེ་བ་འདི་ནས་བཟུང་ཇི་སྲིད་ནམ་མཁའ་གནས་ཀྱི་བར་རྟག་ཏུ་མཉེས་པ་དམ་པ་བགྱིད་པས་མི་འབྲལ་བའི་རྟེན་འབྲེལ་ལེགས་པར་འགྲིག་ན། བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བླ་མ་དམ་པ་རིགས་བདག་རྫོགས་པའི་སངས་རྒྱས་དེ་དང་ནམ་མཁའ་མ་ཞིག་གི་བར་དུ་འབྲལ་བ་མེད་པར་གཙོ་འཁོར་གྱི་རྣམ་པར་ལྷན་གཅིག་ཏུ་གནས་པར་འགྱུར་ཞིང༌། བདག་ཉིད་ཀྱང་རིགས་བདག་གི་རྒྱས་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་རྟག་པའི་སྐྱབས་སུ་འགྱུར་ནས་གང་གི་སྐྱབས་སུ་བཟུང་བ་དེ་ཐམས་ཅད་དང་འབྲལ་བ་མེད་པར་བསྲུང་བའི་སྐྱབས་མགོན་ཐུགས་རྗེ་དང་ནུས་པ་མཚུངས་པ་མེད་པར་འགྱུར་རོ། །དེ་ལྟའི་སངས་རྒྱས་གཙོ་འཁོར་གྱི་དཀྱིལ་འཁོར་རབ་འབྱམས་གཞལ་དུ་མེད་པ་དེས་འཁོར་འདས་ཀྱི་རྒྱ་མཚོ་མཐའ་མེད་པ་འདི་གཏན་སྐེམས་སུ་བྱེད་པ་ཡིན་པས་དངོས་པོ་ཐམས་ཅད་ཀྱིས་བཀའ་དྲིན་ཅན་གྱི་བླ་མ་དམ་པ་བསྟེན་པར་བྱའོ། །འཁོར་འདས་ཀྱི་ཕན་བདེ་ཐམས་ཅད་ཀྱི་རྒྱུ་ཚོགས་གཉིས་ཡིན་པས་ཕན་བདེ་ཕྲ་མོ་ཙམ་ཡང་ཚོགས་གཉིས་ཆུང་ངུ་བསགས་པ་ལས་འབྱུང་བའི་ཕྱིར་ཚོགས་གཉིས་ཆུང་དུ་ལས་མ་བྱུང་ཡང་ཅི་སོགས་བྱེད་ཅིང་མདོར་ན་བདག་གི་སེམས་ཅན་གྱི་དོན་དུ་སངས་མ་རྒྱས་ཀྱི་བར་དུ་དེའི་ཆེད་ཀྱི་བསག་སྦྱང་བསག་དགོས་ལ། དེ་ལྟའི་བསག་སྦྱང་རབ་ཀྱི་མཐར་ཐུག་པ་རྫོགས་པའི་སངས་རྒྱས་ཐོབ་པ་ནའང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཛད་ཕྲིན་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་མཐའ་ཡས་པ་སོགས་པར་འགྱུར་བའི་རྟེན་གྱི་ཕན་པ་དང་བདེ་བ་དང་དགེ་བ་དམ་པའི་སྐུ་ཅན་དུ་འགྲུབ་ལ། དེ་ལྟར་སངས་རྒྱས་ཀྱི་སའི་ཆོས་ཐམས་ཅད་ཀྱང་དུས་གསུམ་དུ་ཚོགས་གསུམ་བསགས་པའི་རང་བཞིན་འབའ་ཞིག་ལས་གཡོ་བ་མེད་པ་ཡིན་ནོ། །འདི་ལ་ཁ་ཅིག རྫོགས་པའི་སངས་རྒྱས་ཀྱིས་ནི་ཚོགས་གཉིས་བསག་པར་བྱ་བ་མ་ཡིན་ཏེ། ཚོགས་གཉིས་རྫོགས་པའི་གོ་འཕང་མཐར་ཐུག་པ་བརྙེས་པའི་ཕྱིར། ཞེས་ཟེར་བ་ཡོད་ཀྱང༌། རྒྱལ་བ་འབྲི་ཁུང་པ་ཆེན་པོའི་གསུང་གིས། རྫོགས་པའི་སངས་རྒྱས་རྒྱུ་ཚོགས་གཉིས་ཀྱི་དགེ་རྩ་རྫོགས་པའི་གོ་འཕང་མཐར་ཐུག་པ་བརྙེས་པ་ཉིད་ཀྱི་འབྲས་བུ་རྫོགས་པའི་སངས་རྒྱས་དེ་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རང་བཞིན་འབའ་ཞིག་པར་གྱུར་པ་ཡིན་ཏེ། རྒྱུ་དགེ་བ་དང་བདེ་བ་ལས་འབྲས་བུ་དགེ་བ་དང་བདེ་བ་འབྱུང་བ་རྒྱུ་འབྲས་ཀྱི་རྟེན་འབྲེལ་བསླུ་བ་མེད་པ་ཡིན་པའི་ཕྱིར། དེས་ན་སངས་རྒྱས་ཀྱི་སའི་སྐུ་དང་ཡེ་ཤེས་མཛད་ཕྲིན་ཐམས་ཅད་འགྲོ་བ་རྫོགས་བྱང་དུ་འགོད་པར་མཛད་པའི་དགེ་རྩ་འབད་མེད་དུ་བསྐྱེད་པའམ་སྒྲུབ་པ་ཁོ་ན་ལས་གཞན་མཛད་ཕྲིན་གྱི་བྱ་བ་སྒྲུབ་པ་མི་སྲིད་དེ། རྫོགས་པའི་སངས་རྒྱས་ནི་དགེ་བའི་རྩ་བ་བསྐྲུན་ཅིང་བསྐྱེད་པའི་རྒྱུར་གྱུར་པའི་ནོར་བུའི་འབྱུང་ཁུངས་བཟང་པོ་ལྟར་དགེ་རྩ་བསགས་པའི་ཕྲིན་ལས་ཕྱིར་ཟློག་མེད་པ་ལ་མངའ་བརྙེས་པའི་ཕྱིར། དེས་ན་རྫོགས་སངས་ཀྱི་དགེ་བ་བསྐྲུན་ཅིང་བསྐྱེད་པ་དེ་རང་རེ་རྣམས་ཀྱི་བླ་ལྷག་ཏུ་བྱང་ཆེན་གྱི་དགེ་རྩར་བསྔོ་དགོས་ཏེ། བསྔོ་བྱ་སངས་རྒྱས་པའི་དགེ་བ་དེ་བསྔོ་རྒྱུའི་དགེ་བའི་དངོས་ཟླ་དང་བྲལ་བས་བསྔོ་བའི་རྐྱེན་གྱིས་སེམས་ཅན་གྱི་དོན་འགྲུབ་མྱུར་བ་ཉིད་ཀྱི་ཕྱིར་དེས་ན་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་བདེ་འབྱོར་ཤོག །ཅེས་འགྲོ་བའི་མགོན་པོ་སངས་རྒྱས་ཀྱི་དགེ་བ་ཇི་ལྟར་དགོངས་པ་བཞིན་གྱི་མཛད་ཕྲིན་སེམས་ཅན་ལ་འབྱོར་བའི་སྨོན་ལམ་དང་བསྔོ་བ་བྱ་བར་རིགས་ཞེས་གདམས་སོ། །འཁོར་འདས་ཀྱི་ལས་རྒྱུ་འབྲས་ཐམས་ཅད་དངོས་པོ་རང་བདེན་དུ་མ་གྲུབ་པར་ནམ་མཁའ་ལྟར་རྟོགས་ཤིང་ཆོས་ཀྱི་དབྱིངས་སུ་དག་ཀྱང་མི་དགེ་བ་ཆུང་ངུ་ནས་འཛེམ་པར་བྱ་དགོས་ཏེ། མི་དགེ་བ་ནི་རྒྱུ་འབྲས་སོགས་དངོས་པོ་རང་བདེན་པར་བཟུང་བ་ལས་ཆགས་སྡང་སྐྱེས་ནས་དེའི་དབང་གིས་མི་དགེ་བའི་ལས་དང༌། དེའི་འབྲས་བུ་སྡུག་བསྔལ་བསྐྱེད་པ་ཡིན་ལ། ལས་རྒྱུ་འབྲས་ཀྱི་དངོས་ཆོས་རང་བདེན་པར་འཛིན་པའི་འཁྲུལ་རྒྱུ་སངས་པ་འཁྲུལ་པ་དེས་སྨྱོ་བའི་མི་དགེ་བའི་ལས་ཆུང་ངུ་ཙམ་ལའང་སྐྲག་ཅིང་དངངས་པ་སྐྱེ་བར་རིགས་པའི་ཕྱིར་ཏེ། དེ་ལྟས་རང་གཞན་ལ་བདེ་དགེའི་དོན་མ་ཡིན་པ་དུ་མ་བསྐྱེད་པའི་ཕྱིར། འཕགས་པ་དག་གི་སྡིག་ཏོ་མི་དགེ་བ་ལ་ཡ་ང་བས་འཛེམ་པ་ཙམ་སོ་སོ་སྐྱེ་བོའི་མཁས་གྲུབ་རྟོགས་ལྡན་དུ་གྲགས་པ་སུས་ཀྱང་མཛེམ་པའི་སྐབས་ཡོད་པ་མིན་པའི་ཕྱིར། དེས་ན་འཕགས་པ་དག་གིས་ཀྱང་མི་དགེ་བ་སོག་པའི་གཞི་མེད་ཅིང་གལ་སྲིད་ཉན་ཐོས་དགྲ་བཅོམ་ལྟ་བུ་དགྲ་བཅོམ་ལས་ཉམས་པའི་ཉོན་མོངས་པའི་གནས་ངན་ལེན་གྱི་སྤྲེའུ་ལྟར་མཆོང་བ་དང༌། རྟ་རྒོད་ལྟར་འཚེར་བའི་བག་མེད་པའི་ལས་བསགས་ན་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ལྟ་བུ་སྤང་བྱའི་སྒྲིབ་པ་རྣམས་སླར་ལྡོག་པར་འགྱུར་བའི་ཕྱིར། འཕགས་པ་རྣམས་ནི་རང་གི་སྤངས་རྟོགས་ལས་ཉམས་དོགས་ནས་མི་དགེ་བའི་ལས་ལ་སྤྱོད་པ་ཡེ་མི་སྲིད་པ་ལྟར་སྣང་ཞིང༌། ཁྱད་པར་ཐེག་ཆེན་འཕགས་པ་ལ་ནི་མི་དགེ་བའི་ལས་ཀྱི་རྒྱུ་བ་རྨི་ལམ་ཙམ་དུའང་འཆར་བའི་གནས་ཡོད་པ་མ་ཡིན་ནོ། །དེས་ན་འཕགས་པ་ནི་གང་ཟག་གིས་ཁྱད་པར་དུ་འཕགས་པས་འཕགས་པའི་ས་ཐོབ་པ་ཉིད་ཀྱི་ཕྱིར། མི་དགེ་བ་སྤྱད་ཀྱང་འབྲས་བུ་བདེ་བ་འབྱུང་བར་རིགས་སོ་སྙམ་ན་མ་ཡིན་ཏེ། འབྲས་བུ་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྤྱད་ན་རྒྱུ་དེ་དང་མཐུན་པའི་འབྲས་བུ་ལས། གནས་དང་གནས་མ་ཡིན་པའི་རྒྱུ་འབྲས་ལོག་པར་སྨིན་པ་མི་སྲིད་པའི་ཕྱིར། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པས། ས་བཅུའི་བྱང་ཆུབ་སེམས་དཔས་ཀྱང་མི་དགེ་བ་སྤྱད་ན་ངན་སོང་དུ་ལྟུང་ཞེས་གསུངས་སོ། །དེས་ན་དེང་སང་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་ན་མི་དགེ་བའི་སྤྱོད་པ་སོགས་ལ་སྤྱད་ཀྱང་རྒྱུ་དེས་འབྲས་བུ་སྡུག་བསྔལ་བསྐྱེད་མི་ནུས་ཏེ། རྒྱུ་འབྲས་ཐམས་ཅད་སྟོང་ཉིད་དུ་གནས་ཤིང་དེ་ལྟར་རྟོགས་ན་མི་དགེ་བའི་ལས་ཀྱི་རྒྱུ་སྟོང་ཉིད་རྟོགས་པས་རྒྱུན་གཅོད། འབྲས་བུ་ངན་སོང་གི་སྡུག་བསྔལ་མྱོང་བ་སོགས་བག་ལ་ཞ་བར་རང་འགགས་སུ་འགྲོ་བའི་ཕྱིར་ཞེས་ཟེར་ནས། ཕྱག་རྫོགས་ཀྱི་ལྟ་བ་མཐོན་པོའི་གོ་འཕང་ལ་གནས་པ་ལ་གདེང་བཀལ་ནས་སྤྱོད་པ་ངན་སོང་གི་རྒྱུ་ལ་འཇོལ་ཉོག་ཏུ་སྤྱོད་པ་ནི། སྟོང་པ་ཉིད་ཀྱི་དོན་དངོས་པོ་ཆད་སྟོང་གི་ཆད་ལྟར་བལྟས་ཏེ་ལྟ་བ་ལས་ཉམས་ཤིང༌། ལྟ་བ་ལས་ཉམས་པའི་དབང་གིས་མཐོ་རིས་ཙམ་ཐོབ་པའི་དགེ་རྩའང་གཅོད་པའི་སྤྱོད་པ་ལ་ཞུགས་པས། སྤྱོད་པ་ལས་ཀྱང་ཉམས་པའི་རིགས་དང་དགེ་བའི་རྩ་བ་རྒྱས་པ་ལ་བར་དུ་གཅོད་པའི་གང་ཟག་དེ་ལྟ་བུའི་རྗེས་སུ་བསླབས་པར་མི་བྱ་བར་རྒྱལ་བ་སྲས་བཅས་ཀྱི་རྗེས་སུ་བསླབ་པར་བྱའོ། །

༩༠

གཉུག་མ་ཐ་མལ་གྱི་ཤེས་པ་རྗེན་པ་མངོན་དུ་གྱུར་ཏེ། དེ་ཉིད་ཀྱི་ངང་ནས་བསག་སྦྱང་སོགས་བྱེད་བཏུབ་པའི་མཉམ་གཞག་གི་ལྟ་བ་རྗེས་ཐོབ་ཀྱི་སྤྱོད་པ་དང་བསྲེ་བར་ནུས་པ་ནའང་མཉམ་གཞག་གི་ཡེ་ཤེས་ཚོགས་སོགས་ཀྱིས་ཚིམ་པར་མི་བྱ་སྟེ། ད་དུང་གཉིད་དང་ཟས་སོགས་ཀྱི་དུས་མ་གཏོགས་ཉིན་མཚན་ཐུན་བཞི་ཁོར་ཡུག་ཏུ་རྗེས་ཐོབ་བསོད་ནམས་ཚོགས་སོག་ལ་ཆེར་བརྩོན་པས་སྒྲུབ་པ་ནན་ཏན་དུ་བྱ་དགོས་པའི་ཕྱིར། དེ་ལྟར་མ་བྱས་ན་ཡང་དག་པའི་མཐའ་དུས་མ་ཡིན་པར་མངོན་དུ་བྱེད་པར་འགྱུར་ཏེ། དོན་འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དག་གིས་འདོད་ན་ཞག་བདུན་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་པའང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་གཞན་དོན་གྱི་བསོད་ཚོགས་ཀྱི་གཟུགས་སྐུ་བསྒྲུབས་ཤིང་ཆོས་སྐུ་སྒྲིབ་ཚོགས་ཀྱིས་ཆེས་དག་པར་མ་སྦྱངས་པར་འཁོར་བ་རྒྱུན་བཅད་པ་ཙམ་གྱིས་མྱང་འདས་དོན་དུ་གཉེར་ན། མི་སྐྱེ་བ་ལ་བཟོད་པ་ཐོབ་པ་དེ་ཉིད་ལ་ཞག་བདུན་དུ་མཉམ་པར་བཞག་ན། ཡང་སྲིད་ཉེ་བར་ལེན་པའི་རྒྱུའི་ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཉོན་མོངས་པའི་སྒྲིབ་པ་རྣམས་སྤངས་ཏེ་སྲེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་དགོངས་སོ། །བདག་གཞན་གྱི་རྒྱུད་བདག་ཏུ་མངོན་པར་ཞེན་པ་ལྟར་གྱི་བདག་ཏུ་འཁྲུལ་པའི་སྒྲིབ་པ་དག་ནས་བདག་མེད་པར་མཉམ་ཉིད་དུ་རྟོགས་ཤིང༌། ལྷག་པར་རང་གཞན་གྱི་རྒྱུད་ལ་གཉུག་མ་བདེར་གཤེགས་སྙིང་པོ་ཐ་མལ་གྱི་ཤེས་པ་མཉམ་ཉིད་དུ་བཞུགས་པར་ཁོང་དུ་ཆུབ་པ་ན། འཁོར་འདས་ཀྱི་གང་ཟག་ཐམས་ཅད་གདོད་ནས་རྫོགས་པའི་སངས་རྒྱས་སུ་གསལ་བའི་བསྐྱེད་རིམ་མཐར་ཕྱིན་གྱི་མོས་གུས་དང༌། གང་ཟག་དེ་དག་གི་རྒྱུད་ལ་གདོད་ནས་སྒྲིབ་པའི་སྤྲོས་པ་ཐམས་ཅད་བྲལ་བའི་རྫོགས་རིམ་མཐར་ཕྱིན་གྱི་མོས་གུས་ཕུལ་དུ་ཕྱིན་པས། སྲིད་ཞིར་ཡོད་དོ་འཚལ་གྱི་གང་ཟག་ཐམས་ཅད་ལ་སྐུར་པ་གདབ་པའི་ཡུལ་དུ་མ་མཐོང་བས་རང་གི་རྩ་བའི་བླ་མ་རྗེ་སངས་རྒྱས་ཆོས་ཀྱི་སྐུ་ལྟ་བུ་ཤ་སྟག་མཐོང་ནས། དེ་ལྟའི་སྐྱེ་འགྲོ་ཐམས་ཅད་ཀྱང་རང་གི་རྩ་བའི་བླ་མ་སངས་རྒྱས་དེ་ཉིད་ཀྱི་རང་བཞིན་ལས་གཞན་དུ་མི་འདའ་བའི་རྒྱུ་འབྲས་ཀྱི་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གནས་སྐབས་ཀྱི་གང་ཟག་ཅི་རིགས་ཀྱི་སྣང་ངོར་མ་གཏོགས་དོན་ལ་བཟང་ངན་དང་མཆོག་དམན་མེད་པ་མཉམ་པ་ཉིད་ཆོས་ཀྱི་སྐུ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོར་འདུ་འབྲལ་མེད་པའི་སངས་རྒྱས་སུ་ཡིད་ཆེས་ནས་སངས་རྒྱས་ཡིན་བཞིན་གྱི་མོས་གུས་ཕྱིར་ལྡོག་མེད་པའི་རྟོགས་པ་ཐོབ་པར་འགྱུར་བ་ཡིན་ལ། འདི་ལྟར་རྟོགས་པའི་དད་པ་དང་མོས་གུས་ཅན་ཞེས་པ་མིང་དོན་མཐུན་པ་ཞིག་འབྱུང་སྟེ། དཔེར་ན་སའི་སྟེང་ན་མོས་གུས་ཀྱི་རྟོགས་པ་ཐོབ་པ་དྭགས་པོ་བཀའ་བརྒྱུད་ཅེས་མོས་གུས་ཀྱི་བཀའ་བབས་ནམ་མཁའི་ཁམས་སུའང་འགྲན་དུ་མེད་པའི་སྙན་གྲགས་ཅན་འདི་བྱུང་བ་བཞིན་ནོ། །དེས་ན་འཁོར་བའི་གང་ཟག་དམན་པར་བྱས། མྱང་འདས་ཀྱི་གང་ཟག་བཟང་བར་བྱས་ནས་གང་ཟག་ལ་ལ་བསྟོད་ཅིང་མཆོད་བཀུར་གྱི་གནས་སུ་བཟུང་ནས་བསྟོད་མཆོད་བཀུར་སྟིར་བྱེད། གང་ཟག་ལ་ལ་དེའི་ཤུགས་ཀྱིས་ངན་པར་བཟུང་ནས་སྨད་པ་དང་བཤུང་བ་སོགས་ཀྱི་དམན་པའི་གནས་སུ་གཞུག་ན། སྲིད་ཞིའི་གང་ཟག་རིས་མེད་པར་སྤྱི་བོར་ཁུར་ནས་བསྟོད་བཀུར་གྱི་དགེ་རྩ་བསག་པའི་སྒོ་ནས་བླ་མེད་ཀྱི་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། གང་ཟག་ལ་ལ་རིས་སུ་ཕྱེས་ནས་བསྟོད་སྨད་ཀྱི་ཕན་འདོགས་གནོད་སྐྱེལ་བྱས་ནས་མཁའ་མཉམ་གྱི་སྐྱེ་དགུ་ཐམས་ཅད་ལ་ཕན་བདེ་སྒྲུབ་པར་མ་སོང་ཞིང༌། ཉི་ཚེ་བའི་ཕན་བདེ་ནི་འཁོར་བ་ཐོག་མེད་ནས་སེམས་ཅན་གྱི་རིས་ན་རང་རེས་མ་བཏགས་པ་འགར་ཡང་མེད་ཀྱང་ཕན་བདེ་དེས་འགྲོ་བ་དེ་དག་བྱང་ཆུབ་ཀྱི་ལམ་དུ་འགོད་མ་ནུས་པར་མ་ཟད་བདག་ཉིད་ཀྱང་རྒྱུ་དེས་འཁོར་བ་མཐའ་མེད་འདིར་འཁྱམས་པར་བྱས་པའི་ཕྱིར། ཡོས་བུ་ལོ་རྟ་ཟླ་བའི་ཚེས་བཅུ་བཞི་ལ་སྙེ་ནམ་གྱི་རི་ལ་སླེབ་པར་གྱིས་གསུངས་པ་ནི། དེའི་ཉིན་པར་སྐུ་དེ་ཉིད་ཀྱིས་འདུལ་སྐལ་རྣམས་རྫོགས་ཏེ་ཆོས་ཀྱི་དབྱིངས་སུ་གཤེགས་པ་ལ་དགོངས་ནས། དེའི་དུས་སུ་སླེབ་པ་ན་རྗེ་སྒམ་པོ་པ་ལ་རྟོགས་པ་ཁྱད་པར་ཅན་འཁྲུངས་པའི་རྟེན་འབྲེལ་ཡོད་པ་ལ་དགོངས་ནས། སྤྲུལ་པའི་སྐུ་རྣམས་ཀྱི་སྐྱེ་འཆི་གཤེགས་བཞུགས་སོགས་ཀྱི་རྣམ་འཕྲུལ་ནི་གདུལ་བྱ་ལ་དད་སོགས་ཀྱི་དགེ་རྩ་བསྐུལ་ནས་རྐྱེན་དེ་ཉིད་ཀྱིས་རིགས་དང་དགེ་རྩ་སད་ནས་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ཐབས་ལ་སྦྱོར་བའི་མཛད་པ་ཁོ་ནར་སྣང་བ་ལས་དོན་མེད་པའི་བྱ་བ་སྐད་ཅིག་ཙམ་ཡང་སྤྲུལ་པའི་སྐུ་འགྲོ་བའི་དོན་ལ་བྱོན་པ་རྣམས་ལ་མངའ་བ་མ་ཡིན་པའི་ཕྱིར། དེས་ན་སྤྲུལ་པའི་སྐུ་འགྲོ་བློའི་མེ་ལོང་དག་པ་འཆར་བ་ན། སྐལ་བ་དམན་པའི་མ་དག་པའི་བློ་ཅན་དག་གིས་མཛད་པ་དང་རྣམ་ཐར་འདི་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་དུ་འགྱུར། མཛད་པ་དང་རྣམ་ཐར་འདི་ལྟར་བསྟན་ན་བསྟན་པ་དང་སེམས་ཅན་གྱི་དོན་དུ་མི་འགྱུར་ཞེས་རྟོགས་པ་ནི་སངས་རྒྱས་ཀྱི་མཛད་ཕྲིན་ལ། སེམས་ཅན་གྱི་བྱེད་པ་ལྟར་བལྟ་བའི་ལོག་རྟོག་གི་ལས་བསག་པ་དེ་ཉིད་ཀྱི་ཕྱིར་གང་ཟག་དེ་ལྟས་སྡོམ་དམ་སོགས་བླངས་ཤིང་ལྟ་སྒོམ་དང་བསྙེན་སྒྲུབ་སོགས་ལ་བརྩོན་པ་སྐད་དུ་བྱས་ཀྱང༌། སྡོམ་དམ་སོགས་མི་ཐུབ་ཅིང་ཉམས་རྟོགས་དང་ལྷ་སོགས་ཀྱི་མཚན་རྟགས་དང་སྡིག་སྒྲིབ་དག་པའི་མཚན་མ་དང་ལས་ངན་དག་པའི་ལུས་སེམས་ལ་མནར་སྦྱངས་སོགས་ལྷོངས་པར་མི་འགྱུར་རོ། །དེ་ལྟའི་སྤྲུལ་སྐུས་འགྲོ་བའི་དོན་ལ་དགེ་བའི་མཛད་པར་མ་ཟད། མི་དགེ་བ་ལྟར་སྟོན་པའི་མཛད་པས་འགྲོ་བ་འདུལ་ནའང་སྔོན་གྱི་བཀའ་བརྒྱུད་གོང་མ་དག་གིས་དེ་ལྟའི་རྣམ་ཐར་ལ་མཆོག་ཏུ་རྗེས་སུ་ཡི་རང་བའི་ལྟ་བས་བལྟས་ཏེ་སྲོག་དང་སྡོས་ནས་དེ་དག་ལ་གུས་པ་ཆེན་པོས་བཀའ་གང་གནང་གི་རྗེས་སུ་འཇུག་པ་ན། དེ་ཉིད་ཚོགས་སོག་གི་སྒྲུབ་པ་མཆོག་ཏུ་སོང་ནས་ཆེད་དུ་ལྟ་སྒོམ་དང་བསྙེན་སྒྲུབ་སོགས་ལ་མ་འབད་ཀྱང་ངང་ངམ་ཤུགས་ལ་སྒྲིབ་པ་དག་པའི་ལྷོངས་དང་མཚན་མ་དང༌། ཡི་དམ་གྱི་ལྷའི་སྣང་བ་དང༌། ཉམས་རྟོགས་སོགས་རང་རྡོལ་དུ་སྐྱེས་ཡོང་བས་བཀའ་བརྒྱུད་ཆེན་པོ་དེ་དག་གི་རྣམ་པར་ཐར་པའི་རྗེས་སུ་བསླབ་པར་བྱའཽ། །

༩༡

དེ་ནས་རྗེ་ཆེན་པོ་མི་ལས་རྗེ་སྒམ་པོ་པ་ལ་རླུང་ལག་སོར་དུ་ཚུད་མི་ཚུད་ཀྱི་བརྟགས་པ་མཛད་པ་སོགས་ཀྱི་དོན་ནི་འདི་ལྟར་སྣང་སྟེ། སེམས་བྱང་ཆུབ་ཆེན་པོའི་བྱ་བ་བསྒྲུབ་པ་ལ་དབང་ཐོབ་པ་དང་ལས་སུ་རུང་བ་ལ། སེམས་དེ་ལྷན་ཅིག་འཇུག་པའི་རྟེན་རླུང་དེའང་བྱང་ཆུབ་ཆེན་པོའི་བྱ་བ་སྒྲུབ་པ་ལ་དབང་ཐོབ་པ་དང་ལས་སུ་རུང་བ་དགོས་ལ། དེ་ཡང་རླུང་ལ་དབང་ཐོབ་པའི་དང་པོར་བྱང་ཆུབ་ཀྱི་བྱ་བ་སྒྲུབ་པའི་རླུང་ལས་རུང་དུ་གྱུར་པ་ཞིག་དགོས་པས། རླུང་ལའང་རླུང་ཐམས་ཅད་ཀྱི་གཙོ་བོ་དག་མ་དག་གི་ཀུན་གཞིའི་ཤེས་པ་བརྟེན་པའི་སྲོག་གི་རླུང་ཉིད་ལས་སུ་རུང་བར་བྱེད་དགོས་ལ། སྲོག་གི་རླུང་དེ་ཉིད་ལྟེ་བ་ཡན་གྱི་དབུ་རྐྱང་རོ་གསུམ་དུ་དགེ་མི་དགེ་ལུང་མ་བསྟན་གྱི་བྱ་བ་བྱེད་པ་ན་སྲོག་གིས་བྱས་ཞེས་འཇོག་ལ། ལྟེ་བ་མན་ཆད་ཀྱི་དབུ་རྐྱང་རོ་གསུམ་དུ་དགེ་སོགས་ཀྱི་བྱ་བ་བྱེད་པ་ན་ཐུར་སེལ་གྱི་རླུང་གིས་བྱས་ཞེས་འཇོག་ལ། ལུས་ཀྱི་ལྟེ་སོགས་སྨད་ཀྱི་ཆར་དགེ་སོགས་ཀྱི་བྱ་བ་བྱེད་པ་ན་མཉམ་གནས་ཀྱིས་རླུང་གིས་བྱས་ཞེས་འཇོག་ལ། ལུས་ཀྱི་སྙིང་མགྲིན་སོགས་ཀྱི་ཆར་དགེ་སོགས་ཀྱི་བྱ་བ་བྱེད་པ་ན་གྱེན་རྒྱུའི་རླུང་གིས་བྱས་ཞེས་འཇོག་ལ། ལུས་ཀྱི་ཡན་ལག་གི་ཆར་དགེ་སོགས་ཀྱི་བྱ་བ་བྱེད་པ་ན་ཁྱབ་བྱེད་ཀྱི་རླུང་གྀས་བྱས་ཞེས་འཇོག་ཅིང༌། ཡང་སྲོག་གི་རླུང་དེ་ཉིད་ཀྱིས་མིག་སོགས་དབང་པོ་ལྔའི་ཆར་དགེ་སོགས་ཀྱི་བྱ་བ་བྱེད་པ་ན་ཡན་ལག་གི་རླུང་ལྔ་འདི་དང་འདིས་བྱ་བ་སོ་སོར་བྱས་ཞེས་རྣམས་པ་འཇོག་པ་ཡིན་ལ་རླུང་དེ་དག་བྱང་ཆུབ་ཆེན་པོའི་དགེ་བ་བསྐྱེད་པའི་ཆེད་དུ་ལུས་ཀྱི་གནས་དེ་དག་ཏུ་རླུང་གི་རྣལ་འབྱོར་གྱིས་བཅིངས་ཏེ། ལུས་ཀྱི་རང་གནས་སོ་སོར་འཆིང་བར་གྱུར་པ་ན་ལུས་ཀྱི་དམིགས་རླུང་སེམས་གསུམ་གཏད་ཙམ་གྱིས་གནས་དེ་དང་དེར་རླུང་ཕྱི་ནང་དུ་འབྱིན་སྡུད་བྱེད་པར་ནུས་པ་དེའི་ཚེ་རླུང་ལས་སུ་རུང་བ་ཡིན་པས་ཆགས་ལམ་པ་དག་གི་རིག་མ་དང་སྙོམས་པར་འཇུག་པའི་དབབ་བཟློག་བཀྲམ་ཁྱབ་སོགས་ཀྱི་རླུང་གི་སྦྱོར་བ་དང་འཕོ་བ་དང་གྲོང་དུ་འཇུག་པའི་རླུང་ལས་རུང་གི་སྦྱོར་བ་འདི་ཙམ་གྱིས་བདེ་བླག་ཏུ་གྲུབ་པ་ཡིན་ནོ། །རླུང་ལ་དབང་ཐོབ་པའི་ཚུལ་ལ་གཉུག་མ་ཐ་མལ་གྱི་ཤེས་པ་དེ་ཉིད་གཤིས་སྐྱེ་བ་མེད་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད། རྟོགས་པ་ཡེ་ཤེས་ཚོགས་སོག་གི་རྟེན་མངོན་བྱང་ནམ་མཁའ་ལྟ་བུའི་རླུང་ལ་རང་དབང་ཐོབ་པ་དང༌། གཉུག་མ་ཐ་མལ་གྱི་ཤེས་པ་དེ་ཉིད་གདོད་ནས་གདངས་འགག་པ་མེད་པ་དྲི་མ་ཐམས་ཅད་དང་བྲལ་བ་རྟེན་འབྲེལ་ཙམ་དུ་རྟོགས་པའི་བསོད་ནམས་ཚོགས་སོག་གི་རྟེན་བདག་བྱིན་རླབས་སྒྱུ་མ་ལྟ་བུའི་རླུང་ལ་རང་དབང་ཐོབ་པ་གཉིས་ལས། མངོན་པར་བྱང་ཆུབ་པ་ནམ་མཁའ་ལྟ་བུའི་རླུང་ལ་རང་དབང་ཐོབ་པ་ན་གཉུག་མ་ཐ་མལ་གྱི་ཤེས་པའི་སེམས་ཆོས་ཀྱི་སྐུ་མཁའ་ཁྱབ་འགོག་པ་ཆེན་པོའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཞིང༌། བདག་བྱིན་རླབས་སྒྱུ་མ་ལྟ་བུའི་རླུང་ལ་རང་དབང་ཐོབ་པ་ན། གཉུག་མ་དྲི་བྲལ་འགྱུར་མེད་གཞི་ལུས་ཀྱི་གཟུགས་དེ་ཉིད་གཟུགས་ཀྱི་སྐུ་སྒྱུ་འཕྲུལ་དྲ་བའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ལ། འོད་གསལ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བ་ན་སྒྱུ་ལུས་གཟུགས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་མི་རྒྱ་མི་སྲིད་ཅིང༌། སྒྱུ་ལུས་གཟུགས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བ་ན་འོད་གསལ། ཆོས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་མི་རྒྱ་མི་སྲིད་པས་སྐུ་གཉིས་ལྷན་ཅིག་ཏུ་སྐྱེས་ཤིང་འདུ་འབྲལ་མེད་པའི་སྐུ་དེ་ལ་རིགས་དྲུག་པ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུའི་གོ་འཕང་ཞེས་རྣམ་པར་འཇོག་ལ། རིགས་དྲུག་ཅེས་པའང་མ་དག་པའི་ཕུང་པོ་ལྔས་གཙོ་བོར་གྱུར་པའི་ཕུང་པོ་ཐམས་ཅད་ཉོན་མོངས་པ་ལྔས་གཙོ་བོར་གྱུར་པའི་ཉོན་མོངས་ཐམས་ཅད་དང༌། ཕུང་པོ་ལྔ་དང་ཉོན་མོངས་ལྔ་པོ་དེ་ལྡན་གྱི་གང་ཟག་ལྔས་གཙོ་བོར་གྱུར་པའི་གང་ཟག་ཐམས་ཅད་མདོར་ན་ཆོས་དང་གང་ཟག་ཐམས་ཅད་ཀྱང་རིགས་ལྔའི་ངོ་བོར་གནས་པ་དང་རིགས་ལྔས་མ་བསྡུས་པ་མེད་ཅིང༌། རིགས་དེ་ཐམས་ཅད་སྒྲིབ་པ་དང་བྲལ་བའི་གཞན་མཆོག་ཕྱག་རྒྱ་ཆེན་པོ་ཆོས་གཟུགས་ཀྱི་སྐུ་གྲུབ་བདེ་ཐ་མི་དད་པའི་རིགས་ནི་རིགས་དྲུག་པར་བཞག་ལ། དེ་ཉིད་ལ་ནང་གསེས་ཀྱི་ཕུང་ལྔ་ཉོན་ལྔ་དེ་ལྡན་གྱི་གང་ཟག་ལྔ་སྟེ་ཆོས་གང་ཟག་གི་ཆ་ཐམས་ཅད་སྒྲིབ་བྲལ་གནས་གྱུར་གྱི་ཆ་ནས་རྒྱལ་བ་རིགས་ལྔ་དང་སྐུ་ལྔ་དང་ཡེ་ཤེས་ལྔ་ཞེས་པའི་སངས་རྒྱས་སུ་བཞག་གོ། ད་བྱང་ཆུབ་ཀྱི་རླུང་ལས་རུང་དུ་གྱུར་ན་བྱང་ཆུབ་སེམས་ལའང་ལས་རུང་དུ་འགྱུར་བས། ད་ནི་མྱུར་དུ་བྱང་ཆུབ་ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་ལ་རང་དབང་ཐོབ་པར་གདོན་མི་འཚལ་བས་ཁོ་བོ་དང་འགྲོགས་མི་དགོས་ཏེ། དབུས་སུ་སོང་ཞིག་དེ་ཡང་རླུང་ལས་རུང་ཙམ་དུ་གྱུར་པ་ན་རླུང་གི་བྱེད་པའི་རྗེས་སུ་སེམས་དབང་མེད་དུ་འགྲོ་མི་དགོས་པར་སེམས་ཀྱི་བྱེད་པའི་རྗེས་སུ་རླུང་དབང་མེད་དུ་འགྲོ་བ་ཞིག་འབྱུང་བ་ཡིན་ཏེ། འཁོར་བའི་གནས་སྐབས་སུ་རླུང་སེམས་གཉིས་ཀྱི་ནང་ནས་རླུང་རང་དབང་མེད་པར་བསྐྱེད་པའི་ཤུགས་ཀྱི་རྗེས་སུ་ཉོན་མོངས་པའི་སེམས་རང་གར་འཁྲུལ་ནས་དེའི་རྗེས་སུ་འབྲངས་ནས་འཁོར་བར་འཁོར་བ་ཡིན་ལ། མྱ་ངན་ལས་འདའ་བའི་སྐབས་རླུང་སེམས་གཉིས་ལས་ཡེ་ཤེས་ཀྱི་སེམས་རང་དབང་དུ་ཟིན་པ་ན་དེའི་ཤུགས་ཀྱིས་ལས་རླུང་གི་རྒྱུ་བ་འབྱིན་སྡུད་རང་གར་དབང་དུ་འདུས་ནས་དེའི་རྗེས་སུ་མི་འབྲང་བར་རླུང་ལས་རྣལ་འབྱོར་རྒྱལ་བར་གྱུར་པ་དེའི་ཚེ་འཁོར་བའི་སྡུག་བསྔལ་དང་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ཡང་ཀུན་རྫོབ་འཁྲུལ་པའི་ཆོས་འདི་ཐམས་ཅད་རྟོག་པས་བཏགས་ནས་བཞག་པ་ཙམ་ཡིན་པས། ཡུལ་ཅན་རྟོག་པས་ཇི་ཙམ་བཏགས་པའི་བཏགས་ཆོས་ཡུལ་གྱི་སྣང་བ་འཁྲུལ་པ་དེ་ལ། འདོགས་བྱེད་རྟོག་པ་དེ་ཉིད་ཀྱིས་འདོགས་བྱེད་རྟོག་པས་བཏགས་པའི་ཆོས་སུ་མ་རྟོགས་པར། བཏགས་ཆོས་ཀྱི་སྣང་བ་འཁྲུལ་པ་དེས་མ་འཁྲུལ་པའི་དངོས་ཆོས་རང་བདེན་པར་ཞེན་པ་དེའི་ཚེ་བཏགས་ཆོས་ཀྱི་སྣང་བ་འཁྲུལ་པ་དེས་འདོགས་བྱེད་རྟོག་པ་དེ་ཉིད་ཀྱང་འདོགས་བྱེད་རྟོག་པའི་དངོས་ཆོས་རང་བདེན་པར་རྟོག་པའི་འཁྲུལ་པ་སྐྱེད་པར་བྱེད་ཅིང༌། དེ་ཉིད་ཀྱི་བཏགས་ཆོས་རང་བདེན་པར་མེད་པ་དེ་ཉིད་ཀྱང་རང་བདེན་པར་གྲུབ་པའི་འཁྲུལ་པ་སྐྱེད་པར་བྱེད་དེ། གསུང་རབ་ལས། རི་མོ་མཁན་གྱིས་གཤིན་རྗེའི་གཟུགས་བྲིས་པ་ལ་རི་མོ་མཁན་རང་ཉིད་སྐྲག་པ་སྐྱེད་པ་དང༌། སྒྱུ་མ་མཁན་གྱིས་སྤྲུལ་པའི་གཤེད་མ་ལ་སྒྱུ་མ་མཁན་རང་ཉིད་དངངས་པ་ལྟར། སེམས་འཁྲུལ་པའི་སྣང་བ་ལ་སེམས་ཉིད་ཀྱང་འཁྲུལ་པའི་ཤེས་པར་འགྱུར་བར་དཔེ་དང་བཅས་ཏེ་གསུངས་པ་ཉིད་ཀྱི་ཕྱིར་དེས་ན་ཀུན་རྫོབ་འཁྲུལ་པའི་ཆོས་འདི་འདོགས་བྱེད་ཀྱི་རྟོག་པ་ཉིད་ཀྱང་བཏགས་ཆོས་ཙམ་ལ་ལྟོས་ཏེ་བཞག་པའི་རང་གི་ངོ་བོ་བདེན་པར་མ་གྲུབ་པ་སྟོང་པ་ཉིད་དུ་རྟོགས་པ་ན་དེའི་བཏགས་ཆོས་ཀུན་རྫོབ་འཁྲུལ་པའི་བདེན་པ་ཐམས་ཅད་ཀྱང་བདེན་པར་མ་གྲུབ་པ་སྟོང་པ་ཉིད་དུ་རྟོགས་ཤིང༌། དེ་ལྟར་བཏགས་ཆོས་ཀུན་རྫོབ་པའི་ཡུལ་སྟོང་ཉིད་དུ་རྟོགས་འདོགས་བྱེད་རྟོག་པའི་ཡུལ་ཅན་གྱི་སེམས་དེ་ཉིད་ཀྱང་སྤྲོས་བྲལ་དེ་སྟོང་པ་ཉིད་རྟོགས་པར་ཡང་འགྱུར་རོ། །དེས་ན་རླུང་སེམས་གཉིས་ལའང་རླུང་གི་ཆའང་སེམས་ཀྱི་བཏགས་ཆོས་ཙམ་དུ་ཟད་པས། བཏགས་ཆོས་ཀྱི་རླུང་དེའང་འཁོར་བ་དང་མྱང་འདས་ཀྱི་རླུང་གཉིས་ལས་འཁོར་བའི་རླུང་ནི་རླུང་རང་བདེན་པ་འཁྲུལ་པར་སྣང་བའི་རླུང་ཡིན་ལ། འཁྲུལ་པའི་རླུང་དེ་ཉིད་འཁྲུལ་པའི་སྣང་འཛིན་དང་མ་བྲལ་བའི་རིང་ལ་འཁོར་བའི་རླུང་དུ་འགྱུར་ལ། འཁྲུལ་པའི་སྣང་འཛིན་དང་བྲལ་བ་རླུང་དེ་ཉིད་མྱ་ངན་ལས་འདས་པའི་རླུང་དུ་འགྱུར་བ་ཡིན་ནོ། །དེས་ན་འཁོར་འདས་ཀྱི་རླུང་སེམས་ཀྱི་ཆོས་ཐམས་ཅད་སེམས་ཀྱིས་བཏགས་པའི་ཆོས་ཁོ་ན་ལས་གཞན་དུ་འབྱུང་བ་མེད་པ་ཉིད་ཀྱི་ཕྱིར། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་བསམ་པ་སྐད་ཅིག་མའི་རང་གཟུགས་སམ་རང་འོད་དམ་རང་སྣང་ཁོ་ནར་གསུངས་པ་འདི་ཉིད་རྒྱལ་བ་སྲས་དང་སློབ་མར་བཅས་པའི་འཇིག་རྟེན་ཀུན་རྫོབ་མཁྱེན་པའི་ཚུལ་ནི་དེ་ཙམ་དུ་ཟད་དོ། །དེ་ལྟར་ལས་ཀྱི་རླུང་ལས་རྣལ་འབྱོར་པ་རྒྱལ་ན་སེམས་ཀྱི་མདུན་པ་ཙམ་གྱིས་གདུལ་བྱའི་ངོར་རང་ལུས་སྤྲུལ་པ་དང་བསྒྱུར་བ་སོགས་ཀྱི་ཆོ་འཕྲུལ་སྣ་ཚོགས་སྟོན་ནུས་པ་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། དེ་ཙམ་གྲུབ་པ་བདག་ཉིད་ལ་མཆོག་འཛིན་དང་ང་རྒྱལ་གྱིས་སངས་རྒྱས་ཀྱི་ཆོས་མཐའ་ཡས་པ་སྒྲུབ་པ་ལ་ཆོག་ཚོད་མི་འཛིན་པར་སླར་ཡང་རང་རྒྱུད་ཀྱི་སྒྲིབ་པ་ཟད་པར་སྤངས་པ་ལ་གོ་ཆ་ཆེར་བགོས་ཏེ། དེ་ལྟར་རང་རྒྱུད་ཀྱི་སྒྲིབ་པ་སྤང་བའི་ཐབས་ཀྱི་གཙོ་བོའང་མཁའ་མཉམ་གྱི་སེམས་ཅན་མཐའ་དག་སློབ་མར་བསྡུས་ནས་དེ་དག་གི་རྒྱུད་ཀྱི་སྒྲིབ་པ་ཟད་པར་སྦྱོང་བའི་བསག་སྦྱང་ལ་འབད་པར་བྱ་དགོས་ཏེ། དེ་ཡང་དངོས་སུ་སློབ་མར་བཟུང་བ་དག་སྨིན་པ་དང་གྲོལ་བར་བྱས་པའི་རྒྱུ་དེས་རང་རྒྱུད་ཀྱི་ས་ལམ་གོང་ནས་གོང་དུ་རྟོགས་པའི་ན་འཕར་བར་འགྱུར་བ་དང༌། སློབ་མ་དེ་དག་སྨིན་གྲོལ་གྱི་མཐུ་རྙེད་པ་ན་རང་ཉིད་ཀྱང་བྱང་ཆུབ་ཀྱི་ལམ་ལ་ཕྱིར་བཟློག་མེད་པའི་སྤྲོ་བ་དང་སྙིང་སྟོབས་དང་བརྩོན་པ་གོང་འཕེལ་དུ་འགྱུར་བའི་ཕྱིར་དང༌། ལམ་དུས་སུ་དངོས་སུ་སློབ་མར་བསྡུས་ནས་སྨིན་པར་བྱས་སོ་ཅོག་བདག་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་ན་དེ་སྙེད་ཀྱང་བདག་ཉིད་དང་མཚུངས་པར་དུས་གཅིག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར། ཁྱོད་ཀྱི་ཚེ་རབས་སྔ་མ་ནས་བྱང་ཆུབ་ཆེན་པོའི་ཆེད་དུ་འཁོར་བསྡུས་པའི་སློབ་མ་སྐལ་ལྡན་མང་པོ་ཉི་མ་ཤར་གྱི་ཕྱོགས་སྒམ་པོ་བདར་གྱི་རི་བོའི་མགུལ་དུ་ལྷགས་པར་འགྱུར་བས། དེ་འདུལ་བ་ལ་སོང་ཞིག་པར་ལུང་བསྟན་པ་ཡིན་ནོ། །དེ་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་རྗེ་སྒམ་པོ་པའི་ཞལ་སྔ་ནས་ཀྱི་གངས་ཅན་གྱི་ཁྲོད་འདིར་སློབ་མ་བསྡུ་ཚུལ་སོགས་རྒྱས་པར་ལུང་བསྟན་པ་ཡིན་ཏེ། སྙིང་རྗེ་པད་དཀར་ལས་ཇི་སྐད་དུ། ཀུན་དགའ་བོ་ང་འདས་ནས་མ་འོངས་པའི་དུས་སུ་བྱང་ཕྱོགས་ཀྱི་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙཻན་བཀུར་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ལྷག་པའི་བསམ་པ་བསྐྱེད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། མང་དུ་ཐོས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ། ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པ། ཐེག་པ་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་པ་ཞིག་འབྱུང་བར་འགྱུར་རོ། །ཞེས་དང༌། ཀུན་དགའ་བོ་དེའི་ཚེ་དགེ་སློང་མི་གཅོན་པ། ལྷོད་པ། ལོངས་སྤྱོད་མང་བ་སྤོངས་བ་ལས་ཉམས་པ། ཚུལ་ཁྲིམས་ཉམས་པ། ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ། འདུ་འཛི་ལ་དགའ་བ། རབ་ཏུ་དབེན་པ་ལ་མི་བལྟ་བ། བརྩོན་པ་བོར་བ། གནས་གཅིག་ན་འཁོད་པ། ཡོངས་སུ་འཛིན་པ་ལ་བརྩོན་པ། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་འདྲེས་པ། དཀོན་མཆོག་དང་མ་འདྲེས་པ་མ་ནུས་པ། དགེ་སློང་ལྟར་བཅོས་པ་དག་ནི་མང་དུ་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་པ་ནི། དྭགས་པོ་བཀའ་བརྒྱུད་དུ་གྲགས་པའི་གོང་མའི་གདན་ས་འཛིན་པ་སྐད་པའི་གཟུགས་བརྙན་གྱི་བསྟན་པ་རྣམས་ལ་དགོངས་སོ། །ཡང་ཇི་སྐད་དུ། དགེ་སློང་བརྩོན་འགྲུས་རྩོམ་པ། རབ་ཏུ་དབེན་པ། དྲན་པ་ཉེ་བར་བཞག་པ། ཤེས་རབ་དང་ལྡན་པ། སེམས་རྩེ་གཅིག་པ་དགེ་བའི་ཆོས་ཅན། འདོད་པ་ཆུང་བ། ཆོག་ཤེས་པ། བསོད་སྙོམས་ལ་རྒྱུ་བ། འཕགས་པའི་རིགས་ལ་གནས་པ། མང་དུ་ཐོས་པ། ཐོས་པ་བསགས་པ་དག་ནི་ཉུང་ངུར་འབྱུང་བར་འགྱུར་ཏེ། ཞེས་པ་ནི། རྗེ་སྒོམ་ཚུལ་དུས་མཁྱེན་ཕག་གྲུ་སོགས་དེའི་རྗེས་སུ་སློབ་པའི་དྭགས་པོ་བཀའ་བརྒྱུད་ཀྱི་མཛད་སྲོལ་ཚུལ་བཞིན་ཉམས་སུ་ལེན་པ་རྣམས་ལ་དགོངས་སོ། །མདོ་དེར་རྗེ་སྒོམ་ཚུལ་ལོ་ལྔ་པ་ཞིག་རྗེ་སྒམ་པོ་པ་མཇལ་ནས། རྗེ་སྒམ་པོ་པས་རྗེ་སྒོམ་ཚུལ་ལ། དེ་བཞིན་གཤེགས་པའི་གདུང་གི་རྟེན་ཞིག་རལ་གསོ་བར་གྱིས་ཤིག་ལུང་བསྟན་ཅིང༌། རྗེ་སྒོམ་ཚུལ་གྱིས་ཞང་རིན་པོ་ཆེ་ལ་ལྷ་སའི་ཇོ་ཤཱག་མཆེད་སོགས་དེ་བཞིན་གཤེགས་པའི་རྟེན་རྣམས་ལ་དྲི་གཙང་ཁང་དང་གཙུག་ལག་ཁང་དང་མཆོད་རྟེན་གྱི་ཁང་པ་དང་སེང་གེའི་རྒྱལ་མཚན་སོགས་ཀྱི་མཆོད་པ་བྱེད་དུ་འཇུག་པ་སོགས་ཀྱང་དངོས་ཤུགས་ཀྱིས་ལུང་བསྟན་ཏོ། །དེར་མ་ཟད་མདོ་དེས་དྭགས་པོ་བཀའ་བརྒྱུད་པ་དག་གིས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་རྒྱས་པར་བྱེད་པ་དང་ལུང་བསྟན་ཏོ། །རྗེ་སྒམ་པོ་པ་ཉིད་ཀྱི་ཞལ་ནས། སྔོན་བཅོམ་ལྡན་འདས་ཉིད་ཀྱི་སྤྱན་སྔར་ཁོ་བོ་ཟླ་འོད་གཞོན་ནུ་ཞེས་བྱ་བར་གྱུར་ནས་ཏིང་ངེ་འཛིན་དམ་པ་བཙལ་ཞིང༌། འདིར་ཡང་ཁོ་བོས་ཁྱེད་རྣམས་ཏིང་འཛིན་འདི་ལ་བཀོད་དེ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཆེར་བྱས་པ་ཡིན་ནོ། །ཞེས་གསུངས་པ་དང་མཐུན་པར། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས་ཇི་སྐད་དུ། ཟླ་འོད་གཞོན་ནུར་གྱུར་པ་སེམས་དགའ་ནས། །སངས་རྒྱས་སྤྱན་སྔར་འདུག་སྟེ་ཚིག་སྨྲས་པ། །སྐྱེས་བུ་དམ་པ་མྱ་ངན་ཡོངས་འདས་ན། །མ་འོངས་དུས་ན་བདག་གིས་མདོ་འདི་བཟུང༌། །ཞེས་དང་གཞན་ཡང་སྙིང་རྗེ་པད་དཀར་ལས། དགེ་སློང་འཚོ་བྱེད་དེ་འཁོར་དེ་རྣམས་ལ་ཁྲོ་བའི་སེམས་དང་དབང་པོ་མ་ཉམས་པ་དང་དད་པ་དང༌། དང་བ་མཆོག་དང་ལྡན་པས་གོས་ངུར་སྨྲིག་བགོས་ཤིང་ཚུལ་ཁྲིམས་ཅན་ཐམས་ཅད་ལ་སྦྱིན་གནས་སུ་འདུ་ཤེས་བསྐྱེད་ནས་སྦྱིན་པ་བྱིན། དགེ་བའི་རྩ་བ་སྐྱེད་པར་བྱེད་དེ། བྱང་ཆུབ་སེམས་དཔར་བྱེད་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་བསགས་ནས་འཆི་བའི་དུས་བྱེད་མ་ཐག ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་འདས་པ་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་འོད་དྲི་མ་མེད་པ་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་དགེ་སློང་འཚོ་བྱེད་དེས་ཀྱང་ངའི་བསྟན་པ་འདི་ཡངས་ཤིང་རྒྱས་པར་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག ཀུན་དགའ་བོ་ང་ཚངས་པར་སྤྱོད་པ་རྒྱས་པ་དང་ལྷ་དང་མི་རྣམས་ཀྱིས་ནོས་པར་འགྱུར་རོ། །ཞེས་དང་ཡང་མདོ་གཞན་དག་ལས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ཆུུ་བོ་ཧ་ལོ་ཧི་ཏའི་འགྲམ་རི་བྲག་ཚང་ཚིང་ཅན་ན་དགེ་སློང་འཚོ་བྱེད་ཅེས་གྲགས་པ་དག་པའི་འཁོར་དང་འདྲེས་པ་ལྔ་བརྒྱ་ལས་མི་ཉུང་བ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ལོངས་སྤྱོད་པ་ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ཤེས་པར་བྱའོ་དེས་ན་བདེ་བར་གཤེགས་པ་ཉིད་ཀྱིས་འཁྲུལ་པ་མེད་པར་ལུང་བསྟན་པའི་བཀའ་བརྒྱུད་འདི་ཉིད་ཀྱི་ལྟ་སྒོམ་སྤྱོད་པའི་རྗེས་སུ་འཇུག་ཅིང་བསླབ་པར་བྱའོ། །

༩༢

དེས་ན་ཐོག་མ་མེད་པ་ནས་རང་གི་རྒྱུད་ལ་གནས་ཀྱང་མངོན་དུ་མ་གྱུར་པ་གཉུག་མ་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་དང༌། ཆོས་ཉིད་དོན་དམ་པའི་བདེན་པ་དྲི་མ་དང་བྲལ་བར་འདུ་མི་བྱེད་པར་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་ལྷན་ཅིག་ཏུ་སྐྱེས་པའི་སྤྲོས་བྲལ་ཐ་མལ་གྱི་ཤེས་པ་འདི་ཉིད་རང་ལ་མངོན་དུ་གྱུར་པ་ན། འཁོར་འདས་ཀྱི་འཆིང་གྲོལ་གྱི་མཚན་མ་ཐམས་ཅད་རང་སར་གྲོལ་ཞིང་དེ་ཉིད་མངོན་དུ་མ་གྱུར་པའི་རིང་ལ་སྲིད་ཞི་མཚན་སྤྲོས་ཀྱི་སྦུབས་སུ་ཚུད་དེ་འཁོར་འདས་ཀྱི་སྤྲོས་ཆོས་སྒྱུ་མ་ལྟ་བུའི་མཐར་ལྷུང་བ་ལས་ཡང་དག་པའི་མཐའ་ཆེན་པོར་དབུགས་ཕྱིན་པའི་གྲུབ་པ་དང་བདེ་བ་ལ་རེག་པར་མི་འགྱུར་རོ། །ཞེས་རྗེ་སྒམ་པོ་པའི་ཞལ་ནས། རང་སེམས་ཀྱི་ངོ་བོའི་གནས་ཚུལ་ཇི་ལྟ་ན། ལྷན་ཅིག་སྐྱེས་པ་གཉུག་མ་ཡེ་ཤེས་རང་ལ་གནས་པ་དེས། གྱད་ཀྱི་ལུས་ལ་ནོར་བུ་ཡོད་པའམ། དབུལ་པོའི་ཁྱིམ་ན་གཏེར་ཡོད་པ་ལྟ་བུ་བླ་མའི་གདམས་ངག་གི་ངོ་ཤེས་པའི་དཔེ་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟ་བུའམ། སྒྲོན་མེ་ཐོགས་ཏེ་ཕྱིན་པ་རིན་པོ་ཆེའི་བུམ་པ་རྙེད་པ་ལྟ་བུ་སྟེ་དཔེའི་དགོངས་པ་བཞི། གཉིས་འཛིན་གྱི་རྟོག་པ་རང་སར་གྲོལ་བའི་དཔེ། རྒྱ་མཚོའི་འཁྱག་པ་ཞུ་བ་ལྟ་བུ། སྣང་རིག་གི་དངོས་པོ་ཐམས་ཅད་ཆོས་ཉིད་དུ་རོ་གཅིག་པའི་དཔེ་ཆུའི་སྟེང་དུ་ཁ་བ་བབ་པ་ལྟ་བུ་དང༌། ཚོགས་དྲུག་གི་སྣང་བ་ཆོས་ཀྱི་དབྱིངས་སུ་དག་པའི་དཔེ། ནམ་མཁའ་ལ་སྤྲིན་དེངས་པ་ལྟ་བུ་དང༌། སེམས་ཉིད་ཡོངས་སུ་དག་པའི་ངོས་ལ་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་གསལ་བའི་དཔེ་གཡའ་དང་བྲལ་བའི་མེ་ལོང་ལྟ་བུ་སྟེ་དཔེའི་དགོངས་པ་བཞི། ལུས་སེམས་བདེ་བས་རྒྱས་པ་གཞོན་ནུ་ཟླ་བ་རྒྱས་པ་ལྟ་བུ། དེ་ཉིད་ཉམས་སུ་མྱོང་བ་གཞན་ལ་བཤད་མ་ཐུབ་པའི་དཔེ་ལྐུགས་པའི་ལྕེ་ཐོག་ཏུ་སྦྲང་རྩིའི་རོ་བཞག་པ་ལྟ་བུ། ཕྲ་རགས་ཀྱི་བག་ཆགས་ཐམས་ཅད་རང་སར་དག་པས་འཁོར་བའི་ཆོས་ལ་ཉམ་ང་མེད་པའི་དཔེ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ལྟ་བུ་དང༌། སེམས་ཉིད་ཡིད་བཞིན་གྱི་ནོར་བུ་དེ་ལ་འཁོར་འདས་ཀྱི་དགོས་འདོད་མ་ལུས་པ་འབྱུང་བའི་དཔེ། ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་ལྟ་བུ་སྟེ་དཔེའི་དགོངས་པ་བཞི། དེ་ལྟར་དཔེའི་དགོངས་པ་བཅུ་གཉིས་ཀྱི་དོན་མགུར་དུ་བཞེངས་པ། ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས། །སེམས་ཅན་མ་ལུས་ཐམས་ཅད་ལ། །དེ་ཉིད་ཡོད་དེ་རྟོགས་པ་མེད། །དཔེར་ན་གྱད་ཀྱི་ནོར་བུ་བཞིན། །རང་ལ་ཡོད་དེ་ངོ་མ་ཤེས། །རྒྱུན་དུ་འགྲོགས་ཀྱང་ཞལ་མ་མཇལ། །བླ་མའི་དྲིན་གྱིས་དུས་འདིར་རྟོགས། །མུན་པའི་དཀྱིལ་དུ་ཟླ་ཤར་བཞིན། །རང་བློའི་དཀྱིལ་ན་ཡེ་ཤེས་ཤར། །ཤར་བའི་ཉི་མ་ནུབ་པ་མེད། །ཉམས་སུ་མྱོང་བས་རང་རྒྱུད་ཚིམ། །བྱིན་རླབས་སྟོབས་ཀྱིས་ཡེ་ཤེས་རྒྱས། །རང་རིག་ཡེ་ཤེས་ནང་ནས་ཤར། །བརྗོད་བྲལ་ཉམས་མྱོང་བློ་དང་བྲལ། །དོན་དང་བློ་ཕྲད་ངོ་མཚར་ཆེ། །མ་བསམ་ལྷུན་གྱིས་གྲུབ་པ་ལ། །བསམ་གྱིས་མི་ཁྱབ་ཡེ་ཤེས་གསལ། །རྟག་ཏུ་ལོངས་སྤྱོད་ངོ་ཚར་ཆེ། །འོད་གསལ་ངོས་བཟུང་མེད་པ་ལ། །ཉམས་ལེན་བྱེད་པ་རྨད་ཀྱི་ཆོས། །རང་ཉིད་ཆོས་སྐུར་གྱུར་པ་ངོ་མཚར་ཆེ། །སྣང་གྲགས་སེམས་སུ་ཤེས་པས་ཞེ་འདོད་བྲལ། །དགའ་དང་སྤྲོ་བ་རྒྱུན་ཆད་མེད་པར་འབྱུང༌། །བདེ་བ་ཆེན་པོའི་གནས་གཅིག་རྙེད་པ་འདྲ། །ཕྲ་རགས་སེམས་ཀྱི་བག་ཆགས་དབྱིངས་སུ་དག །སེང་གེ་བཞིན་དུ་ཉམ་ང་མེད། །སྐྱེ་ཤི་འཁོར་བའི་ཆོས་དང་བྲལ་བ་ན། །ནམ་མཁའ་བཞིན་དུ་ངོས་བཟུང་ཀུན་དང་བྲལ། །ཕྱོགས་ལྷུང་མེད་ཅིང་ཞེ་འདོད་དབྱིངས་སུ་ཞི། །སེམས་ཉིད་དེ་ལྟར་རྟོགས་ན་ལྟ་བ་ཡིན། །སྣང་སེམས་གཉིས་འདྲེས་ཆུ་དང་འཁྱག་རོམ་བཞིན། །དོན་དེ་གཅིག་ཏུ་གོ་ན་རྟོགས་པ་ཡིན། །དེ་དོན་ནང་ནས་ཤར་ན་ཉམས་མྱོང་ཡིན། །དེ་ལ་རྩེ་གཅིག་འཇོག་ན་སྒོམ་པ་ཡིན། །མ་ཡེངས་དྲན་པ་བསྟེན་ན་སྤྱོད་པ་ཡིན། །དེ་ཉིད་ཆོས་སྐུར་རྟོགས་ན་འབྲས་བུ་ཡིན། །དེ་མ་རྟོགས་ན་གཟུགས་སྐུ་འབྱུང་མི་འགྱུར། །ཞེས་ཏེ། བླ་མས་གསུངས་པ་དེ་འདི་ཡིན་པར་འདུག་ཨང་སྙམ་པ་བྱུང༌། སྒོམ་ལྟ་ཐོག་ཏུ་སྐྱོལ། སྒོམ་བདག་པོའི་ལག་ཏུ་གཏད། བླ་མ་དྲིན་རེ་ཆེ་ཨང༌། གདམས་ངག་ངོ་མཚར་རེ་ཆེ་ཨང་སྙམ་དུ་དུས་དེ་ནས་བཟུང་ནས། ད་ལྟའི་བར་ལ་ཉམས་ལ་འཕེལ་འགྲིབ་མེད། རྟོགས་པ་ལ་མཐོ་དམན་མེད་སྤང་བླང་མེད་པའི་དོན་ལ་ཐེ་ཚོམ་མེད་ཅེས་བཀའ་སྩལ་ཏོ། །

༩༣

དེ་ལྟར་བཀའ་སྩལ་བ་དེའི་དོན་དགྲོལ་ན། ཐ་སྙད་ཙམ་དུ་སྣང་ཚུལ་སྒྲིབ་བཅས་གློ་བུར་དྲི་མའི་སེམས་དེ་ཉིད་ལ་གནས་ཚུལ་སྒྲིབ་བྲལ་གཉུག་མ་དྲི་བྲལ་གྱི་སེམས་གནས་པ་ནི་གྱད་ཀྱི་ལུས་ལ་ནོར་བུ་ཡོད་པ་ལྟ་བུ་དང་དབུལ་པོའི་ཁྱིམ་ན་གཏེར་ཡོད་པ་ལྟ་བུ་སྟེ། ཐ་སྙད་ཙམ་དུའང་རང་སེམས་སངས་རྒྱས་ཀྱི་སྙིང་པོ་འཁྲུལ་པ་ཐམས་ཅད་བྲལ་བ་ཕྱིན་ཅི་མ་ལོག་པར་སེམས་དེ་ཉིད་ཡིན་གྱི་བསླད་འཁྲུལ་གྱིས་སྣང་ཚུལ་ཕྱིན་ཅི་ལོག་གི་དབང་དུ་བྱས་པས་ཁམས་གསུམ་པའི་འཁོར་བ་ཅན་གྱི་ཡང་དག་མ་ཡིན་པར་རྟོག་པའི་སེམས་དང་སེམས་ལས་བྱུང་བ་དག་གི་ཁ་ཕྱིར་ལྟ་ཡུལ་ལ་བཟུང་བ་དང༌། ནང་བལྟ་ཡུལ་ཅན་ལ་འཛིན་པ་དག་གིས་གཟུང་འཛིན་གྱི་འཆིང་བས་བཅིངས་པས་རང་སེམས་སྒྲིབ་པ་དང་འཁྲུལ་པ་ཅན་དུ་གྱུར་ལ། དེའི་དབང་གིས་གང་ཟག་ཀྱང་འཁོར་འདས་ཀྱི་མཐར་བཅིངས་པ་དག་འཆིང་བ་ཅན་དུ་གྱུར་པ་ཡིན་ལ། རང་སེམས་སངས་རྒྱས་ཀྱི་སྙིང་པོ་རང་གི་ངོ་བོ་སྒྲིབ་བྲལ་འགྱུར་མེད་དེ། ཡང་དག་པ་མ་ཡིན་པར་རྟོག་པའི་སེམས་ལས་བྱུང་བའི་གཟུང་འཛིན་གྱི་རྙོག་པ་དང་བྲལ་བ་ན། རང་སེམས་ཆོས་ཀྱི་སྐུར་དག་བྱ་བ་དང་རྣམ་པར་གྲོལ་བ་ཅན་དུ་འགྱུར་ལ། དེའི་དབང་གིས་གང་ཟག་ཀྱང་ཆོས་ཐམས་ཅད་རྣམ་པ་ཀུན་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་ཞེས་པ་དང༌། འཁོར་བའི་རྒྱ་མཚོ་ལས་བརྒལ་བའི་ཞི་བ་ཉན་རང་གི་མྱང་འདས་མངོན་དུ་བྱས་པ་ཞེས་འབྱུང་བས། ཇི་སྐད་དུ། རང་གི་སེམས་ལས་སངས་རྒྱས་རྙེད། །སངས་རྒྱས་གཞན་དུ་འཚོལ་མི་དགོས། །རང་ལ་ཡོད་པའི་སངས་རྒྱས་དེ། །མངོན་དུ་གྱུར་པ་བླ་མའི་དྲིན། །ཞེས་འབྱུང་བ་ལྟ་བུའོ། །དེས་ན་རང་སེམས་སངས་རྒྱས་ཀྱི་སྙིང་པོ་གཟུང་འཛིན་ཕྱིན་ལོག་གི་རྟོག་པའི་དྲི་མ་དང་བྲལ་བར་མངོན་དུ་གྱུར་པའི་བླ་མ་དམ་པ་ཞིག་གིས་རང་གི་སེམས་སངས་རྒྱས་ཀྱི་སྙིང་པོ་མངོན་དུ་མཛད་པའི་ཐབས་དང་ཤེས་རབ་ནི་འདི་ལྟ་བུ་ཞིག་གོ། དེ་ལྟར་བྱས་པས་མངོན་དུ་བྱ་བའི་རང་སེམས་སངས་རྒྱས་ཀྱི་སྙིང་སེམས་ལས་གཞན་དུ་རང་དབང་དུ་མ་འཁྲུལ་པར་མ་གྲུབ་ཀྱང༌། འཁྲུལ་པ་ཙམ་གྱི་ངོ་བོ་ཉིད་དུ་འཁྲུལ་པ་ཉིད་ཀྱིས་སེམས་ཡང་དག་མིན་རྟོག་གཉུག་མའི་སེམས་ལས་འབྲལ་རུང་གི་འཁྲུལ་སེམས་དེ་འཁྲུལ་པ་ཉིད་དང་བྲལ་བ་ན་འཁྲུལ་པའི་སེམས་དེའང་ལྷག་མར་མ་ལུས་པར་ཉེ་བར་ཞི་བར་འགྱུར་ཏེ། ཆུ་ཆབ་རོམ་དུ་སོང་བ་རྒྱ་མཚོར་ཞུ་བ་ན་ཁྱག་རོམ་ལྷག་མར་མི་ལུས་པ་བཞིན། འཁྲུལ་པའི་སེམས་མ་འཁྲུལ་པའི་རང་བཞིན་འོད་གསལ་བའི་སེམས་ཀྱི་དབྱིངས་སུ་དག་པ་ན། འཁྲུལ་པའི་སེམས་མ་འཁྲུལ་པའི་སེམས་ཀྱི་སྟེང་དུ་རྫས་གཞན་ལྷག་མར་མ་ལུས་པས། དག་མ་དག་གི་སེམས་གཉིས་ལྷན་ཅིག་ཏུ་རང་དབང་དུ་གནས་པར་མི་འགྱུར་བའི་ཕྱིར། དེ་ལྟར་འཁྲུལ་པ་དག་ན་འཁྲུལ་སེམས་དེ་ཉིད་ཀྱི་ཁ་ཕྱི་ནང་དུ་དམིགས་པའི་སྣང་རིག་གི་དངོས་ཆོས་ཐམས་ཅད་ཀྱང་གཉུག་མ་སངས་རྒྱས་ཀྱི་སྙིང་པོའི་སེམས་ལས་གཞན་དུ་གྲུབ་པར་དམིགས་མྱོང་དུ་མི་རུང་བར་འགྱུར་ཏེ། འཁྲུལ་སེམས་ཀྱི་ངོ་བོ་ཉིད་རང་གྲོལ་དུ་སོང་ན་དེས་ཁྱད་པར་དུ་བཏགས་པའི་འཁྲུལ་ཆོས་ཀྱི་དངོས་སྣང་ཐམས་ཅད་ཀྱང་རང་གར་ཞི་བར་འགྱུར་བ་ནི། ཆུའི་སྟེང་དུ་ཁ་བ་བབ་པ་ཆུར་སོང་བ་ན་ཁ་བའི་ཆ་མི་སྣང་བ་བཞིན་ནོ། །འོ་ན་འཁྲུལ་སེམས་ཀྱི་ངོ་བོ་དང་དེའི་ཁྱད་པར་གྱི་སྒྲོ་སྐུར་གྱི་བཏགས་ཆ་ཐམས་ཅད་ཉེ་བར་ཞི་བ་ན། གཟུང་འཛིན་ཅན་གྱི་ཚོགས་དྲུག་གི་ཤེས་པ་ཡུལ་བཅས་རྣམས་རང་སར་རང་བདེན་པར་ཀྲིག་གེར་མ་འགགས་པའི་རྩལ་ཆ་བཀྲ་ལམ་མེ་པར་གྲུབ་ཅིང་སྣང་ངམ་ཞེ་ན། འཁྲུལ་པའི་སེམས་འཁྲུལ་པ་དང་བྲལ་བའི་སེམས་ཀྱི་ཆོས་ཉིད་དམ་ཆོས་དབྱིངས་སུ་དག་པ་ན། སེམས་དེ་ཉིད་ཀྱི་འཁྲུལ་ཆའི་ཚོགས་དྲུག་གི་སྣང་བ་ཐམས་ཅད་རང་ས་ན་བདེན་པར་སྐད་ཀྲིག་གར་གྲུབ་ཅིང་བཀྲ་ལམ་མེ་བར་ལུས་པར་མ་འགྱུར་ཏེ། དེ་ཉིད་རང་བདེན་པར་རྟོག་པའི་སེམས་དེ་ཉིད་འཁྲུལ་པ་ཉིད་ཀྱིས་རང་བདེན་པར་མ་གྲུབ་པ་ཉེ་བར་ཞི་བ་དེ་ཉེ་བར་ཞི་བ་ཉིད་དུ་མངོན་དུ་བྱས་ནས་འཁྲུལ་པའི་སེམས་དེ་ཉིད་ཀྱང་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་ན། དེའི་བཏགས་པའི་འཁྲུལ་ཆའི་སྣང་བ་ཐམས་ཅད་རང་བདེན་པར་སྡོད་ག་ལ་ཚུགས་པའི་ཕྱིར་ནམ་མཁའ་ཐོགས་མེད་ལ་སྤྲིན་དང་འཇའ་ཚོན་ཆགས་པ་དང་སྡོད་ས་མེད་པ་ལྟར་རང་བཞིན་གྱི་ཡལ་བར་འགྱུར་རོ། །འོ་ན་རང་གི་སེམས་འཁྲུལ་པའི་ཚོགས་དྲུག་གི་འཁྲུལ་ཆའི་སྣང་བ་རང་ལ་རང་བདེན་པ་མ་འཁྲུལ་པ་ལྟར་སྣང་བ་གཉུག་མ་འཁྲུལ་མེད་ཀྱི་སེམས་ཀྱི་དབྱིངས་སུ་དག་ནའང་རང་སེམས་འཁྲུལ་པར་མི་འགྱུར་བའི་རང་དང་གཞན་གྱི་སེམས་འཁྲུལ་པ་དང་མ་འཁྲུལ་པས་བཏགས་པའི་ཚོགས་བརྒྱད་དམ་དྲུག་ལ་སོགས་པའི་སྣང་ཆ་དེ་གཉུག་མ་སངས་རྒྱས་ཀྱི་སྙིང་པོའི་སེམས་ལ་སྣང་ཞིང་མཁྱེན་པ་དང་གཟིགས་པ་ཡོད་དམ་ཞེ་ན། གཞན་གྱི་སེམས་འཁྲུལ་པ་དང་མ་འཁྲུལ་པས་བཏགས་པའི་ཚོགས་དྲུག་གི་ཤེས་པ་ཡུལ་དང་བཅས་པ་ནི་རང་སེམས་སངས་རྒྱས་ཀྱི་སྙིང་པོས་ཡེ་ཤེས་ཀྱིས་མི་མཁྱེན་པ་དང་ཁོང་དུ་མི་ཆུབ་པ་མ་ཡིན་ཏེ། རང་སེམས་སངས་རྒྱས་ཀྱི་སྙིང་པོ་འཁྲུལ་པའི་སྒྲིབ་པ་དང་བྲལ་བས་གཞན་གྱི་སེམས་འཁྲུལ་པ་དང་མ་འཁྲུལ་པས་བཏགས་པའི་ཚོགས་དྲུག་གི་ཤེས་པ་ཡུལ་བཅས་ཀུན་ཇི་ལྟ་བར་རྟོགས་པ་ལ་གེགས་བྱེད་ཀྱི་རང་རྒྱུད་ཀྱི་འཁྲུལ་སྒྲིབ་ཐམས་ཅད་སྤང་བར་བྱས་ཟིན་པའི་ཕྱིར་དང༌། རང་སེམས་སངས་རྒྱས་ཀྱི་སྙིང་པོ་འཁྲུལ་པ་དང་བྲལ་བ་ཉིད་ཀྱི་འཁྲུལ་ཆོས་ཚོགས་དྲུག་གི་ཤེས་པ་རང་ལ་འཁྲུལ་པར་འགྱུར་བའི་འཁྲུལ་སྣང་དང་བཅས་པ་བསྐྱེད་པར་བྱ་བ་མ་ཡིན་ཏེ། འཁྲུལ་པའི་རྒྱུ་མ་ལུས་པ་སྤངས་པར་བྱས་པ་ལ་འབྲས་བུ་འཁྲུལ་པའི་ཉེས་པ་འབྱུང་བ་མ་ཡིན་པའི་ཕྱིར་དང༌། གཞན་རྒྱུད་ཀྱི་འཁྲུལ་ཆོས་རང་སེམས་སངས་རྒྱས་ཀྱི་སྙིང་པོས་མཁྱེན་ཅིང་ཁོང་དུ་ཆུབ་ཀྱང་རང་སེམས་སངས་རྒྱས་ཀྱི་སྙིང་པོ་འཁྲུལ་པའི་སེམས་སུ་མི་འགྱུར་ཏེ། རང་རྒྱུད་ཀྱི་སེམས་འཁྲུལ་པས་རང་འཁྲུལ་པར་འགྱུར་གྱི་གཞན་རྒྱུད་ཀྱི་སེམས་འཁྲུལ་པའི་ཆོས་རང་སེམས་ལ་སྣང་ཞིང་ཁོང་དུ་ཆུབ་ཀྱང་རང་སེམས་ཀ་བ་ལ་འབྲེང་ལྕག་རྒྱབ་པ་ལྟར་རང་ལ་འཁོར་ནས་འཁྲུལ་པར་མི་འགྱུར་བའི་ཕྱིར། རང་གི་སེམས་ཉིད་གཉུག་མ་སངས་རྒྱས་ཀྱི་སྙིང་པོ་འཁྲུལ་སྒྲིབ་ཀྱིས་ཡོངས་སུ་དག་པའི་ངོས་ལ་འཁྲུལ་པའི་འཁོར་འདས་ཀྱི་ཆོས་ཤེས་བྱ་དཀྱིལ་འཁོར་མ་ལུས་པ་མེ་ལོང་གཡའ་དང་བྲལ་བ། གཟུགས་བསྟན་ཏོ་ཅོག་སྣང་བ་ལྟ་བུའོ། །དེ་ལྟར་གཉུག་མ་སངས་རྒྱས་ཀྱི་སྙིང་པོའི་སེམས་འོད་གསལ་ལ་གློ་བུར་སེམས་ཅན་གྱི་སྦུན་པའི་སེམས་རྣམ་རྟོག་གི་ཆོས་ཅི་ཤར་ཡང་གཉུག་མ་སངས་རྒྱས་ཀྱི་སྙིང་པོའི་སེམས་འོད་གསལ་བ་ཉོན་མོངས་པ་དང་རྙོག་པ་ཅན་དང་སྒྲིབ་པ་ཅན་དུ་བྱེད་མི་ནུས་ཏེ། སྔར་རང་སེམས་སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བ་ལ་བརྟེན་པའི་གློ་བུར་དྲི་མའི་སེམས་ཀྱིས་རྙོགས་པ་ན་སངས་རྒྱས་ཀྱི་སྙིང་པོའི་སེམས་འོད་གསལ་སྒྲིབ་པ་ལྟར་ཐ་སྙད་ཀྱི་ངོར་འགྱུར་སྲིད་ཀྱང༌། ཕྱིས་རང་སེམས་སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བ་ལ་བརྟེན་པའི་གློ་བུར་དྲི་མའི་སེམས་ཀྱི་རྙོག་པ་ཞི་བ་ན། སླར་གློ་བུར་དྲི་མའི་སེམས་ཀྱི་རྙོག་པ་དེ་ཕྱིས་ལྡང་བ་མེད་པར་རིམས་ནད་ལེགས་པར་བྱང་བ་ལྟར་འགྱུར་བའི་ཕྱིར་ཏེ། གཉུག་མའི་རང་སེམས་འོད་གསལ་བས་ནི་རྣམ་པར་མ་དག་པའི་སེམས་ཀྱི་རང་བཞིན་དུ་མ་ཞུགས་པས་དེའི་ཕྱོགས་མི་འཛིན་པའི་ཕྱིར་དང༌། གཞན་རྒྱུད་ཀྱི་རང་སེམས་སངས་རྒྱས་ཀྱི་སྙིང་པོ་ལ་སྒྲིབ་བྱེད་ཀྱི་སྒྲིབ་པས་རང་རྒྱུད་ཀྱི་རང་སེམས་སངས་རྒྱས་ཀྱི་སྙིང་པོ་ལ་སྒྲིབ་པར་མི་བྱེད་པའི་ཕྱིར་ཏེ། གཞན་གྱི་འཁྲུལ་སྒྲིབ་ཀྱིས་གཞན་རྒྱུད་འཆིང་བར་མི་བྱེད་པའི་ཕྱིར་ཏེ། འཆིང་གྲོལ་ཐམས་ཅད་རང་རང་གི་སེམས་ཀྱིས་བསགས་པའི་ལས་ཀྱི་རྗེས་སུ་བྱེད་པའི་ཕྱིར། དེས་ན་རང་སེམས་གཉུག་མ་སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བ་ཉིད་ལ་བརྟེན་པའི་གློ་བུར་དྲི་མའི་སེམས་དབྱིངས་སུ་ཞི་བ་ན་རང་སེམས་གཉུག་མ་འོད་གསལ་བ་དེ་ཉིད་རང་གཞན་གྱི་གློ་བུར་དྲི་མའི་འཁྲུལ་སྒྲིབ་གང་གིའང་ཕྱིན་ཅི་ལོག་གི་རྟོག་པས་བསླད་པར་ནུས་པ་མ་ཡིན་ཏེ། སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཕྱིར་ལྡོག་མེད་པར་མཐར་ཕྱིན་པའི་མངོན་པར་རྫོགས་པར་སངས་རྒྱས་ཟིན་པས་གཉུག་མའི་རང་སེམས་གློ་བུར་དྲི་མའི་ཟླ་དང་བྲལ་བས་གཅིག་པུར་གནས་པའི་ཕྱིར། ཇི་སྐད་དུ། གཉུག་མའི་ཡིད་ནི་གཅིག་ཏུ་སྡོད་དང་རྣལ་འབྱོར་པ། ཞེས་འབྱུང་ངོ༌། །དེ་ལྟར་རང་སེམས་སངས་རྒྱས་ཀྱི་སྙིང་པོ་སྒྲིབ་བྲལ་ལ་ཤེས་བྱའི་ཆོས་སྣང་མི་སྣང་མཁྱེན་མི་མཁྱེན་སོགས་ཀྱང་ཐ་སྙད་འཇིག་རྟེན་གྲགས་ངོར་ཀུན་རྫོབ་བདེན་པའི་ཆོས་ལ་ཇི་ལྟར་རུང་བའི་ཚུལ་བརྗོད་པ་ཡིན་གྱི། རིགས་པས་དཔྱད་པའམ་འཕགས་པའི་གཟིགས་ངོ་དང༌། རྣལ་འབྱོར་པས་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པའི་ངོ་ལ་ནི། སྒྲིབ་བྲལ་གྱི་སངས་རྒྱས་ཀྱི་སྙིང་པོའི་སེམས་ལ་ཤེས་བྱའི་ཆོས་སྣང་མི་སྣང་མཁྱེན་མི་མཁྱེན་སོགས་འགར་ཡང་བཞག་ཏུ་མི་བཏུབ་སྟེ། ཤེས་བྱའི་ཆོས་སོགས་ཀྱི་སྣང་ཚུལ་ནི་མ་བརྟགས་པའི་རྫུན་ཆོས་ཀྱི་ལྟོས་བཞག་ཙམ་དུ་ཟད་པ་ལས་ཡང་དག་པར་དཔྱད་བཟོད་དུ་གྲུབ་པའི་ཆོས་སུ་ནི་སྨྲ་བསམ་བརྗོད་བྱར་མི་རུང་བའི་ཕྱིར་རོ། །ཚུལ་དེ་ལྟར་ཁོང་དུ་ཆུབ་ནས་རང་སེམས་གཉུག་མ་སངས་རྒྱས་ཀྱི་སྙིང་པོ་ཐ་མལ་གྱི་ཤེས་པ་ཕྱག་རྒྱ་ཆེན་པོ་འདི་ཉིད་རང་ངོ་རང་གིས་ཤེས་པའི་ཐབས་ལ་བརྩོན་པར་བྱའོ། །

༩༤

དེ་ལྟའི་རང་སེམས་སངས་རྒྱས་ཀྱི་སྙིང་པོ་ཐ་མལ་གྱི་ཤེས་པ་མངོན་དུ་བྱས་པ་ན་ཟག་བཅས་ཀྱི་དགེ་མི་དགེའི་ལས་ཀྱིས་བསྒྲུབས་པའི་རྣམ་སྨིན་གྱི་ལུས་སེམས་སྐྱེ་འཆི་ཅན་གྱི་རྒྱུན་ཆད་ནས། ཟག་མེད་རྡོ་རྗེའི་ལུས་སེམས་སྐྱེ་འཆི་དང་བྲལ་བའི་བདེ་བ་ཆེན་པོའི་སྐུ་གསུང་ཐུགས་མངོན་དུ་བྱས་པ་ལས་ཉམས་པར་མི་འགྱུར་ཏེ། བྱིས་པ་ཁམས་མ་ཉམས་པ་ལུས་སེམས་ལ་སྡུག་བསྔལ་གྱི་ཚོར་བ་རགས་པ་མི་འཆར་བའི་དཔེས་མཚོན་ལ། དཔེ་དེའང་ཕྱོགས་ཙམ་ལས་འདི་ལྟའི་དཔེ་ཡང་དག་པ་ནི་རྙེད་པ་མ་ཡིན་ཏེ། འདི་ལྟའི་གོ་འཕང་གི་རྟག་བདེ་དང་མཉམ་པའི་རྟག་བདེ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། བདེ་བ་དེ་ཉམས་སུ་མྱོང་བ་ན་འཁོར་འདས་ཀྱི་བདེ་བ་ཉི་ཚེ་བ་གང་གིས་ཀྱང་མཚོན་ཞིང་བརྗོད་པར་མི་ནུས་པས། ལྐུག་པའི་ལྕེ་ཐོག་ཏུ་སྦྲང་རྩིའི་རོ་བཞག་པ་ལྟ་བུའོ། །དེ་ལྟ་ནའང་འདི་ལྟའི་གྲུབ་བདེ་མངོན་དུ་བྱས་པའི་རྣལ་འབྱོར་ནང་ཕན་ཚུན་དུ་ནི། ནང་རིག་འགྱུར་མེད་ཀྱི་བདེ་བ་ཞེས་པ་རྣལ་འབྱོར་མངོན་སུམ་གྱིས་ཕན་ཚུན་དུ་ཉམས་སུ་མྱོང་བྱར་ཆེས་ཆེར་གྲུབ་སྟེ། བདེ་ཆེན་གྱི་རོ་མྱོང་བའི་བསོད་ཚོགས་ཀྱི་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་ཚུལ་ལ། གསང་སྔགས་བླ་ན་མེད་པའི་རྒྱུད་ལས་རྣལ་འབྱོར་ཕོ་མོ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚོགས་སོག་མྱུར་བདེའི་བྱ་སླ་བའི་སྤྱོད་པ་ཟབ་རྒྱས་ཆེས་ཁྱད་པར་དུ་འཕགས་པའི་སྒྲུབ་པ་དུ་མ་གསུངས་པའི་ཕྱིར། དེ་ལྟའི་བདེ་ཚོགས་ཀྱི་མྱོང་བ་བཅོམ་ལྡན་འདས་ཡབ་ཀྱིས་ཡུམ་ལ་མཆོད་པ་དང༌། ཡུམ་གྱིས་ཡབ་ལ་མཆོད་པས་དགྱེས་དགུར་རོལ་པའི་བསོད་ཚོགས་ལ་མངའ་བརྙེས་པར་མཛད་དེ། དེ་ཡང་ཡབ་ཀྱིས་ཡབ་ཡུམ་གཉིས་ཀའི་བདེ་བ་འཚོ་ཞིང་གཞེས་པར་མཛད་ལ་ཡུམ་གྱིས་ཀྱང་ཡབ་ཡུམ་གཉིས་ཀའི་བདེ་བ་འཚོ་ཞིང་གཞེས་པར་མཛད་པ་ཡིན་ནོ། །བདེ་བ་དེ་ལྟ་བུ་ནི་རྣལ་འབྱོར་ཅན་ནང་ཕན་ཚུན་ལ་བརྡ་ཙམ་གྱིས་མཚོན་པར་མ་ཟད། རྣལ་འབྱོར་ཕོ་མོ་ཕན་ཚུན་མངོན་སུམ་དུ་ཉམས་སུ་མྱོང་བའི་སྒོ་ནས་རྟོགས་སུ་གཞུག་ཅིང་ངོ་འཕྲོད་པས་བསག་སྦྱང་རབ་ཀྱི་མཐར་ཕྱིན་པར་འགྱུར་རོ། །དེ་ལྟར་འཁོར་འདས་ཀྱིས་བདེ་སྡུག་ཉི་ཚེ་བའི་རྒྱུའི་ལས་ཉོན་གྱི་གློ་བུར་དྲི་མའི་སེམས་ཕྲ་རགས་ཀྱི་བག་ཆགས་ཐམས་ཅད་རང་སར་དག་པས་འཁོར་འདས་ཀྱི་སྒྲིབ་སྤྲོས་ཀྱི་སྡུག་བསྔལ་དང་སྐྱོན་དང་ཉེས་པ་ཐམས་ཅད་ལས་གྲོལ་བར་འགྱུར་བས་འཁོར་འདས་ཀྱི་འཆིང་བ་གང་ལའང་ཡ་མི་ང་བ་སེང་གེ་གཅན་གཟན་སུུ་ལའང་མི་སྐྲག་པ་བཞིན་ནོ། །དེས་ན་ཐ་སྙད་དུ་རང་སེམས་སངས་རྒྱས་ཀྱི་སྙིང་པོ་ཐ་མལ་གྱི་ཤེས་པ་འོད་གསལ་བ་འདི་ལ་བརྟེན་ནས་སྤྱིར་སྲིད་ཞིའི་སྐྱོན་ཡོན་ཐམས་ཅད་འབྱུང་བ་དང༌། ཁྱད་པར་འཁོར་འདས་ཀྱི་བདེ་དགེ་ཐམས་ཅད་འབྱུང་བ་ནི། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་གང་འདོད་པའི་བདེ་འབྲས་སྟེར་བ་ལྟ་བུའོ། །དེ་ཡང་རང་སེམས་སངས་རྒྱས་ཀྱི་སྙིང་པོ་གཟུགས་འཛིན་གློ་བུར་དྲི་མའི་ཤེས་པ་ཡུལ་དང་བཅས་པ་འོད་གསལ་བ་ན། ཡུལ་དང་ཡུལ་ཅན་གྱི་རྣལ་འབྱོར་རིག་པའི་བློའི་ཡུལ་ལས་འདས་པ་ཉིད་ཀྱིས་བློ་བྱས་ཀྱི་འཁོར་འདས་ཀྱི་བྱ་བ་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར་ཞིང༌། དེ་ལྟ་ན་རིག་པའི་བྱ་བ་དང་བྲལ་བ་ན། སྔོན་གྱི་དགེ་ཚོགས་ཀྱི་བསགས་འབྲས་དངོས་པོའང་བེམས་ཆོས་ཙམ་གྱི་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་པར་འགྱུར་རམ་ཞེ་ན། རང་སེམས་སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བ་དེ་ཡུལ་དང་ཡུལ་ཅན་གྱི་རྣམ་པ་ཅན་གྱི་རྣམ་པར་རིག་པའི་བློའི་བྱ་བ་ཅན་མ་ཡིན་ཡང་བེམས་ཆོས་ཙམ་གྱི་སངས་རྒྱས་ཀྱི་བྱ་བ་བསྒྲུབ་དགོས་པར་ཡང་མི་འགྱུར་ཏེ། ཡིད་བཞིན་གྱི་ནོར་བུའང་སོ་སོའི་ཡིད་རིག་པ་ཉིད་ཀྱིས་དེ་དང་མཐུན་པར་བསམ་པ་བསྐང་བའི་བྱ་བ་ཅན་དུ་གྲུབ་པས་བེམས་སྟོང་རང་དགའ་བར་མ་གྲུབ་པའི་ཕྱིར། གཉུག་མ་རང་སེམས་བདེར་གཤེགས་སྙིང་པོ་འོད་གསལ་བས་འཁོར་འདས་ཀྱི་བྱ་བ་ཐམས་ཅད་སྒྲུབ་པའི་དཔེར། དཔལ་ཆེན་ས་ར་ཧས། ཡིད་བཞིན་ནོར་བུ་དཔེར་མཛད་དེ། ཇི་སྐད་དུ། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བའི་ཕྱིར། དེས་ན་རང་སེམས་སྙིང་པོ་འོད་གསལ་བ་ཐ་མལ་གྱི་ཤེས་པ་རྒྱུ་ལམ་འབྲས་བུར་རྣམ་དག་ཏུ་སྒྲུབ་པས་གཉུག་མ་སེམས་ཉིད་ཆོས་ཅན་སྒྲིབ་བྲལ་ཀུན་རྫོབ་ཀྱི་བདེན་པ་དང་གཉུག་མ་སྤྲོས་བྲལ་ཆོས་ཉིད་སྒྲིབ་བྲལ་དོན་དམ་གྱི་བདེན་པ་གཉིས་གཅིག་གོ་གཅིག་གིས་མི་འགེགས་པར་ཆུ་ལ་ཆུ་བཞག་པ་ལྟར་ངོ་འཕྲོད་པར་འགྱུར་བས་དེའི་ཆེད་དུ་ལེགས་པར་འབད་པར་བྱའོ། །

༩༥

དེ་ལྟར་ཚིག་ལྷུག་ཏུ་བཀའ་སྩལ་པ་ཚིགས་སུ་བཅད་དེ་གསུངས་པའི་དོན་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཐ་མལ་གྱི་ཤེས་པའི་སྲོག་ཅན་དུ་འཁོར་བ་ཐོག་མེད་ནས་གནས་ཀྱང༌། རང་ལ་མངོན་དུ་མི་འགྱུར་བ་ནི། རང་བློ་རང་ལ་ལྐོག་གྱུར་དུ་སོང་བ་ཡིན་ཏེ། དེའང་རང་བློས་སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བ་ལ་སྒྲིབ་བྱེད་གློ་བུར་དྲི་མའི་སེམས་རང་ལ་མངོན་དུ་གྱུར་ཅིང་ཆེས་གསལ་བ་ཉམས་སུ་མྱོང་བས་དེས་སྒྲིབ་པས་རང་བློ་སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བ་དེ་བསྐལ་དོན་དུ་སོང་བ་ཡིན་ལ། དེས་ན་འོད་གསལ་བའི་སེམས་དེ་ལ་སྒྲིབ་བྱེད་གློ་བུར་དྲི་མའི་སེམས་དེ་ཉིད་རང་ལ་མངོན་དུ་གྱུར་ཅིང་ཉམས་སུ་མྱོང་བ་ལ་ནི་ཚུ་རོལ་མཐོང་བ་ཞེས་དང༌། ཚུར་མཐོང་གི་གང་ཟག་ཅེས་གཟུང་འཛིན་གྱི་རྣམ་རིག་ཅན་གྱི་ལས་དང་ཉོན་མོངས་པ་སོ་སོར་བསགས་པས་འཁོར་བའི་གནས་སོ་སོར་རང་དབང་མེད་བཞིན་ལས་ཀྱི་དབང་གིས་སྐྱེ་བས་སོ་སོ་སྐྱེ་བོར་ཡང་འཇོག་གོ ། འོ་ན་གཟུང་འཛིན་གྱི་མ་རིག་པའི་གཞན་དབང་གི་རྣམ་རིག་དེ་ཉིད་ཀྱི་འཁྲུལ་པའི་སྒྲོ་སྐུར་དབྱིངས་སུ་ཡལ་བའི་དཔལ་ལྡན་བླ་མ་དམ་པ་བསྟེན་པ་སོགས་ཀྱི་རྒྱུ་ཚོགས་ལེགས་པར་ཚང་བའི་རྟེན་འབྲེལ་འགྲིག་པ་ན་ཕ་རོལ་རང་སེམས་སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བ་ཐ་མལ་གྱི་ཤེས་པ་དེ་ཉིད་མངོན་དུ་འགྱུར་བ་ཡིན་ལ། ཚུར་མཐོང་གི་རྣམ་རིག་འགགས་ནས་དེའི་ཤུལ་དུ་མཐོང་བ་ཡིན་ནམ། དེ་ཉིད་ལ་བརྟེན་ནས་མཐོང་བ་ཡིན་ཞེ་ན། གསང་སྔགས་ཀྱི་ལམ་ནས་འབྱུང་བའི་ལུས་སེམས་ལ་རྟེན་འབྲེལ་གྱི་བྱེད་འཆིང་གིས་གནད་དུ་བསྣུན་པ་ན་ཚུར་མཐོང་གི་རྣམ་རིག་འགགས་ནས། དེའི་ཤུལ་དུ་རང་སེམས་འོད་གསལ་བ་སངས་རྒྱས་ཀྱི་སྙིང་པོ་མཐོང་བར་འགྱུར་བའི་ཐབས་ཤེས་ཀྱིས་བྱར་ཡོད་ཀྱང༌། དཔལ་ས་ར་ཧ་པ་དང༌། ཤ་བ་རི་དབང་ཕྱུག་ཡབ་སྲས་དང༌། ཁྱད་པར་རྗེ་སྒམ་པོ་པ་དག་གིས་ཚུར་མཐོང་གི་རྣམ་རིག་འདི་ཉིད་དང༌། སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བའི་སེམས་དེ་ཉིད་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར། ཚུར་མཐོང་གི་རྣམ་རིག་དེ་ཉིད་ལ་བརྟེན་པ་སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བའི་སེམས་མངོན་དུ་བྱར་ཡོད་པས་ཆོས་ཚུལ་འདི་ལ། དཔལ་སྒམ་པོ་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་སྲོལ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ལ། ཚུར་མཐོང་གི་རྣམ་རིག་མ་རིག་པའི་རང་བཞིན་བུན་པ་ལྟ་བུ་དེ་ཉིད་ཀྱི་རང་གི་ངོ་བོ་ལ་རང་རིག་པའི་ཚུལ་གྱི་ལྟ་སྒོམ་བྱས་པས། མ་རིག་པའི་རྣམ་རིག་པའི་རྫུན་མཚང་རྟོལ་བས་རྣམ་རིག་དེ་མ་རིག་པའི་རང་བཞིན་ལས་འདས་ནས་རང་གི་ངོ་བོ་རིག་པ་དྲི་མ་མེད་པ་ཡེ་ཤེས་སུ་གྱུར་པ་དེ་ཉིད་ཀྱིས་ཕ་རོལ་རང་སེམས་སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བ་དེ་ཉིད་མཐོང་བར་འགྱུར་རོ། །དེ་ཡང་མུན་པའི་དཀྱིལ་ནས་ཟླ་བ་ཤར་བ་ལྟ་བུ་མ་རིག་པའི་རིག་པ་བག་ཆགས་དང་བཅས་པ་གཞི་མེད་དུ་དག་ནས་རིག་པ་ཡེ་ཤེས་ཀྱི་ཉི་མ་ཁོང་ནས་ཤར་བ་ནི་སླར་ནུབ་པ་མེད་དེ། ཡེ་ཤེས་དེ་ལྐོག་གྱུར་དུ་འགྲིབ་བྱེད་ཀྱི་མ་རིག་པའི་རྒྱུ་དྲུངས་ཕྱུང་བར་བྱས་ཟིན་པའི་ཕྱིར། དེ་ལྟའི་རང་རིག་པའི་ཡེ་ཤེས་ཀྱི་བློ་ཤེས་རབ་དང་སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བའི་དོན་གཉིས་ངོ་འཕྲོད་པ་ན་མ་རིག་པའི་རྣམ་རིག་གི་བརྗོད་པ་དང་ཉམས་མྱོང་གི་བློ་དང་བྲལ་བས། ཇི་སྐད་དུ། བརྗོད་བྲལ་ཉམས་མྱོང་བློ་དང་བྲལ། །དོན་དང་བློ་སྤྲད་ངོ་མཚར་ཆེ། །ཞེས་འབྱུང་ལ། དེ་ལྟར་རིག་པ་ཡེ་ཤེས་སྒྲིབ་བྲལ་དུ་མངོན་དུ་གྱུར་ན་དེ་ཉིད་ལ་ཡོན་ཏན་ཐམས་ཅད་འབད་མེད་དུ་འབྱུང་བ་ལ་གེགས་བྱེད་ཀྱི་བར་ཆད་ཀྱི་སྒྲིབ་པ་གང་ཡང་མེད་པས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་མ་བསམ་པར་འབད་མེད་དུ་ལྷུན་གྱིས་གྲུབ་པར་འབྱུང་ལ། དེ་ལྟའི་རིག་པ་ཡེ་ཤེས་དེའང་གཟུང་འཛིན་གྱི་ཡུལ་ཅན་འོད་རབ་ཏུ་གསལ་བས་སྤྲོས་པའི་ཆོས་སུ་ངོས་བཟུང་དུ་མེད་པ་ཉིད་ཀྱིས། འོད་གསལ་ངོས་བཟུང་མེད་པ་ལ། །ཉམས་ལེན་བྱེད་པ་རྨད་ཀྱི་ཆོས། །ཞེས་འབྱུང་བ་ལྟར་ཡིན་ལ། དེ་ལྟར་རིག་པ་ཡེ་ཤེས་ཀྱི་ཉེ་བར་འཁྲུལ་པའི་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱང་རང་སེམས་འོད་གསལ་བ་སངས་རྒྱས་ཀྱི་སྙིང་པོ་ཉིད་ཀྱི་རྣམ་རོལ་ཏུ་ཤེས་པས། དེའི་ཉེ་བར་སྤྱད་བྱ་ལ་ཞེ་འདོད་དང་བྲལ་བ་ཉིད་ཀྱི་ཕྱིར། སྣང་གྲགས་སེམས་སུ་ཤེས་པས་ཞེ་འདོད་བྲལ། །དགའ་དང་སྤྲོ་བ་རྒྱུན་ཆད་མེད་པར་འབྱུང༌། །ཞེས་འབྱུང་བ་ལྟར་ཡིན་ལ། དེས་ན་མ་རིག་པའི་རྣམ་རིག་ཕྲ་རགས་ཀྱི་བག་ཆགས་དག་པས་དེས་བསྐྱེད་པའི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བས་སེང་གེ་ལྟར་ཡ་མི་ང་བ་དང༌། རང་སེམས་འོད་གསལ་བ་སངས་རྒྱས་ཀྱི་སྙིང་པོ་སྒྲིབ་བྲལ་དེ་ཇི་ལྟ་བར་རྟོགས་པ་ཁོང་དུ་ཆུབ་པའི་བལྟ་བྱ་དེ་ནི་ཕུལ་དུ་དབྱུང་དུ་མེད་པའི་ཐར་པ་འདོད་པ་དག་གིས་བལྟ་བྱའོ། །བལྟ་བྱའི་རང་སེམས་འོད་གསལ་བའི་སྣང་བ་དང་ལྟ་བྱེད་ཀྱི་སེམས་རིག་པ་ཡེ་ཤེས་གཉིས་སྤྲོས་པ་དང་བྲལ་བར་འདུ་མི་འབྲལ་བ་ནི་རྟོགས་པ་ནང་ནས་ཤར་བའི་སྒོམ་པ་སྟེ། ཇི་སྐད་དུ། སྣང་སེམས་གཉིས་འདྲེས་ཆུ་དང་ཆབ་རོམ་བཞིན། །དོན་དེ་གཅིག་ཏུ་གོ་ན་རྟོགས་པ་ཡིན། །དེ་དོན་ནང་ནས་ཤར་ན་ཉམས་མྱོང་ཡིན། །དེ་ལ་རྩེ་གཅིག་འཇོག་ན་སྒོམ་པ་ཡིན། །ཞེས་འབྱུང་བ་ལྟར་ཤེས་པར་བྱ་དགོས་སོ། ། ངག་དོན་སྒོམ་ལྟ་ཐོག་ཏུ་སྐྱོལ་བ་ནི། རང་སེམས་འོད་གསལ་བ་སངས་རྒྱས་ཀྱི་སྙིང་པོ་ཐ་མལ་གྱི་ཤེས་པ་མངོན་དུ་བལྟ་བའི་ཆེད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཞི་ལྷག་གི་ལྟ་སྒོམ་བྱས་སོ་ཅོག་གི་བྱེད་པ་མཐར་ཕྱིན་དགོས་པའི་དོན་གྲུབ་པས་ཐ་མལ་ཤེས་པའི་རང་ཞལ་གཞན་དྲིང་མེད་པར་གཞལ་བྱ་དང་བལྟ་བྱར་ཡོད་པས་སྒོམ་ལྟ་ཐོག་ཏུ་སྐྱོལ་བ་ཡིན་ནོ། །སྒོམ་བདག་པོའི་ལག་ཏུ་གཏད་པ་ནི། བལྟ་བྱ་ཐ་མལ་གྱི་ཤེས་པ་ལ་བློ་བྲལ་བྱར་མེད་ཀྱི་སྒོམ་པ་ཀློང་དུ་གྱུར་ནས་ལྟ་སྒོམ་འབྲལ་མེད་དུ་སོང་བའི་རྣལ་འབྱོར་པ་དེས་སངས་རྒྱས་ཀྱི་རྫུ་འཕྲུལ་སོགས་འཕགས་པའི་རྟགས་སྟོན་མི་སྟོན་ཅི་ཡིན་ཀྱང། སྒྲིབ་གཉིས་ཀྱི་བྱ་བྱེད་ཐམས་ཅད་ལས་རིང་དུ་འཕགས་པས་འཕགས་པའི་རྣལ་འབྱོར་པ་ཆེན་པོ་ཉིད་ལྟ་སྒོམ་གྱི་གྲུབ་པ་ཆེན་པོའི་ས་ལས་མི་གཡོ་བའི་བདག་ཉིད་དུ་འགྱུར་བས་སྒོམ་བདག་སོ་སོའི་ལག་ཏུ་གཏད་པའམ་འཕྲོད་པ་ཡིན་ནོ། །འདི་ལྟ་བུའི་ཐབས་སྟོན་པའི་བླ་མ་རྗེ་ཆེན་པོ་མི་ལ་སྐུ་དྲིན་རེ་ཆེ། འདི་ལྟ་བུའི་ཐབས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་མན་ངག་ངོ་མཚར་ཆེ་ཨང༌། ཐ་མལ་གྱི་ཤེས་པ་འདི་མངོན་དུ་བྱས་པ་ན། ཐ་མལ་གྱི་ཤེས་པའི་རང་ཉམས་ཀྱི་བདེ་དགའ་ལ་འཕེལ་འགྲིབ་མེད། རང་གི་ངོ་བོ་ལས་བཟང་ངན་གྱི་རྟོགས་པ་ལ་མཐོ་དམན་མེད། བྱ་བྱེད་ཐམས་ཅད་ཡེ་གྲོལ་དུ་སོང་བས་སྤང་བླང་མེད་པའི་ལྟ་སྒོམ་སྤྱོད་པ་ཀློང་དུ་ཆུབ་པས་བསྒྲུབ་བྱའི་དོན་ལ་སྒྲོ་སྐུར་མ་ཆོད་པའི་ཐེ་ཚོམ་མེད། ཅེས་བཀའ་སྩལ་པས། སྲིད་ཞི་རང་གྲོལ་དུ་འགྲོ་བའི་ཆོས་ཚུལ་དང་གང་ཟག་འདི་ལྟ་བུ་ལ་སྙིང་ཁོང་རུས་པའི་གཏིང་ནས་མོས་པ་མི་བཟོད་པར་བསྐྱེད་པའི་བཀའ་དྲིན་སྩོལ་བ་པོ། རྗེ་སངས་རྒྱས་མཉན་པ་གྲུབ་ཐོབ་ཀྱི་ཞབས་ཀྱི་པདྨ་ཡང་ནས་ཡང་དུ་བཀའ་དྲིན་ཟླ་མེད་པ་དྲན་པས་དངོས་པོ་ཐམས་ཅད་ཀྱིས་འདུད་དོ། །བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན་ཟེར་བ་དེ་ཁྱེད་ལྟ་བུ་ཞིག་ཡིན་པར་འདུག བྱིན་རླབས་དང་ནུས་པ་ཅན་ཟེར་བ་དེ་ཁྱེད་ལྟ་བུ་ཞིག་ཡིན་པར་འདུག ངོ་འཕྲོད་བྱུང༌། ངེས་ཤེས་སྐྱེས་བྱུང༌། སྙིང་ཐག་པ་ནས་གསོལ་བ་མི་འདེབས་པའི་དབང་མི་འདུག་གོ། ཞེ་ཐག་པ་ནས་དད་པ་མི་སྐྱེ་བའི་སྲན་ཐབ་མི་འདུག་གོ། དེ་ལྟར་ཆོས་དང་གང་ཟག་འདི་ལྟ་བུའི་གོ་འཕང་གི་ཆེད་དུ་སྐད་ཅིག་རེར་ལུས་སྲོག་བྱེ་བ་བརྒྱ་སྟོང་དུ་ཆད་ཆད་འབད་པར་གྱིས་ཤིག མཁའ་དང་མཉམ་པར་གཞལ་དུ་མེད་པའི་བདེ་ལེགས་འབྱུང་བར་འདུག་པས་དེའི་ཆེད་དུ་བརྩོན་པར་སྒྲུབས་ཤིག

༩༦

དེས་ན་ཕྱག་རྒྱ་ཆེན་པོ་ཐ་མལ་གྱི་ཤེས་པ་འདི་ཉིད་མངོན་དུ་འཆར་བའམ་མངོན་དུ་བྱེད་པའི་ཐབས་སུ་སྦྱིན་གཏོང་ཚུལ་ཁྲིམས་ཐོས་པ་དཀའ་སྤྱད་ལྟ་སྒོམ་གྱི་རྣལ་འབྱོར། བསྙེན་སྒྲུབ་བཟླས་བརྗོད་བསྐྱེད་རྫོགས་ཕྱག་རྒྱའི་རྒྱས་འདེབས་གང་གི་བསོད་ཚོགས་ལས། འདི་ལྟའི་རྟོགས་པ་ཐུགས་ལ་འཁྲུངས་ནས་དེ་ལྟའི་རྟོགས་པ་ལ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་འགོད་པའི་ཐུགས་རྗེ་ཅན་ལ་ཆོས་འདི་ཉིད་ཀྱི་རྟོགས་པ་བདག་རྒྱུད་ལ་བྱིན་གྱིས་རླབས་པའི་ལས་ཀྱི་འབྲེལ་པ་ཐོགས་པའི་ཆེད་ཀྱི་བླ་མ་ཉིད་ལ་མོས་གུས་གཏིང་ཁེལ་གྱི་དད་པ་འགྱུར་བ་མེད་པའི་བསོད་ཚོགས་ཉིད་ཐབས་ཀྱི་མཆོག་ཏུ་གྲུབ་པ་ཡིན་ཏེ། དེ་ལྟའི་བླ་མ་རིན་པོ་ཆེ་རྟོགས་ལྡན་གྱི་རྒྱལ་པོའི་གང་ཟག་ལ་དད་སོགས་ཀྱི་དགེ་བའི་ལས་འབྲེལ་ཡོད་ན། ལས་དེ་ཉིད་ཀྱི་འབྲེལ་བའི་རྒྱུ་འབྲས་ལས་བླ་མ་རིན་པོ་ཆེ་དེའི་ཐུགས་རྗེ་དང་ནུས་པ་ཚད་མ་མཆིས་པས་བསླུ་བ་མེད་པ་ཉིད་ཀྱིས་མྱུར་དུ་སྐྱོབ་པར་ནུས་པ་རྒྱུ་འབྲས་ཀྱི་ཆོས་ཉིད་དུ་གྲུབ་པའི་ཕྱིར། ཕྱག་རྒྱ་ཆེན་པོའི་རྟོགས་པ་དང་ལྡན་པའི་གང་ཟག་ལ་མོས་པའི་དགེ་ལས་མཐུ་ཅན་དུ་སྨིན་པ་ན་ཕྱག་རྒྱ་ཆེན་པོའི་ཆོས་ལ་མོས་པ་ངང་གི་རྫོགས་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ངང་གིས་འཆར་བར་འགྱུར་བས། ཕྱག་རྒྱ་ཆེན་པོའི་རྟོགས་པའི་ཆེད་དུ་མོས་གུས་གཅིག་ཆོག་རྒྱལ་པོ་ལ་བསླབ་པར་བྱའོ། །

༩༧

མོས་གུས་ཅི་ལྟར་བྱེད་ན། དེ་ལྟའི་རྟོགས་པའི་ཆེད་དུ་ཚེ་འདིའི་བྱ་བ་བློས་བཏང་ནས་ཐེག་པ་ཆེན་པོ་བླ་ན་མེད་པའི་ཐབས་ཤེས་ཀྱི་རྣལ་འབྱོར་ལ་ལོ་གྲངས་དུ་མར་ཉིན་མཚན་ཡེངས་མེད་ཀྱི་སྒྲུབ་པས་མ་གྲུབ་ཏེ་ཡི་ཆད་ཅིང་སྒྱིད་ལུག་པ་ན་སྤོགས་ཆོག་གམ་ལོག་ནོན་ཐམས་ཅད་ཀྱི་རྩ་བ་བླ་མ་རིན་པོ་ཆེ་ཉིད་ལ་མོས་གུས་བཅོས་མིན་དུ་བསྐྱེད་ཅིང་སྐྱེས་པ་ལས་དགོས་དོན་བདེ་བླག་ཏུ་འགྲུབ་པ་སྟེ། དེའི་ཚུལ་ཡང་རྗེ་སྒམ་པོ་པ་ཉིད་ཀྱི་རྣམ་པར་ཐར་པར་འབྱུང་བ་ལྟར་བརྗོད་པར་བྱ་སྟེ། ཇི་སྐད་དུ། བཀའ་གདམས་ཀྱི་གྲོགས་པོ་རྣམས་བྱ་ཆ་ཆོས་སྤྱོད་མང་དུ་བྱེད་པའི་རམ་མ་བཏེག་ན་སྡིག་སོག་པར་འདུག་པས། ཁོང་རྣམས་ཀྱི་རམ་འདེགས་བྱས་པས། སྔར་གྱི་ཉམས་མྱོང་ཁྱད་པར་ཅན་རྣམས་ཡལ། དཀའ་ཐུབ་བྱས་པས་ལུས་སྐམ་སྟེ། བླ་མའི་ཞལ་ནས་བྱེ་མ་བཙིར་བ་ལ་མར་ཁུ་མི་འོང༌། ཡུངས་ཀར་ལ་མར་ཁུ་ཡོང་བ་ཡིན། ལུས་བཅུད་མེད་པ་ལ་ཏིང་ངེ་འཛིན་མི་ཡོང་གསུང་བ་དེ་ཁོ་ན་བཞིན་དུ་ཏིང་ངེ་འཛིན་ཡང་ཤོར་དེར་ཐུགས་མ་བདེ་ནས། ད་ང་ལ་སྒོམ་གྱི་སྐལ་བ་རང་མེད་ལས་ཆེ། སྔར་གྱི་བཀའ་གདམས་ཀྱི་བླ་མ་རྣམས་ཀྱི་སར་འགྲོ་དགོས་སྙམ་པ་ལས། ཡང་ཐུགས་དགོངས་བཏང་བས། ངའི་བླ་མ་དེ་སངས་རྒྱས་དངོས་ཡིན། ཁོང་གི་ཞལ་ནས། ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་དགེ་སྦྱོར་མ་བརྩོན་ཅིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །གསུངས་པ་དེ་འདི་ཡིན་པར་འདུག ད་ནི་དམྱལ་བར་ད་ལྟ་རང་སོང་ནའང་སོང༌། བླ་མ་དེ་ལ་ལྟས་པ་འཆའ་བ་ཡིན། རྗེ་ཁོང་རང་མཁྱེན་སྙམ་པའི་བློ་བཅོས་མ་མ་ཡིན་པ་ཅིག་སྐྱེས། བློ་ཁེལ་ངེས་སུ་བཀལ་ནས་གསོལ་བ་བཏབ་པས། དར་ཅིག་ན་རྗེ་བཙུན་གྱི་སྣང་བ་ཤར་བས་མདུན་དུ་ཙེན་གྱིས་བྱོན། དེ་ནས་རིང་པོར་མ་སོང་པར་དྲོདཀློང་དུ་ཚུད་ཕྱག་རྒྱ་ཆེན་པོ་ནམ་མཁའ་དང་མཉམ་པ་མཆོག་གི་རྟོགས་པ་སྐྱེས་ཏེ་མགུར་བཞེངས་པ། །ཨེ་མའོ། རང་རིག་ཡེ་ཤེས་འོད་གསལ་འདི། །ཡོད་མེད་མཐའ་ལས་འདས་པ་གཅིག །རྟག་ཆད་གཉིས་དང་བྲལ་བ་གཅིག །ངོས་བཟུང་མེད་པར་གསལ་བ་གཅིག །ཡེ་ཤེས་ཡིན་ཕྱིར་སྐྱེ་འཇིགས་བྲལ། །སྤྲོས་བྲལ་བདེ་བའི་ངོ་བོ་ཅན། །དམིགས་པའི་ཡུལ་མེད་ངོ་བོ་གསལ། །བདེ་བ་ངོས་བཟུང་མེད་པའི་ཉམས། །སྟོང་པ་ཡེ་ཤེས་གསལ་བའི་ཉམས། །འབད་རྩོལ་མི་དགོས་ཡེ་གསལ་ཉམས། །འདུ་འབྲལ་མེད་པར་གཉིས་མེད་ཉམས། །དགག་སྒྲུབ་མེད་པར་འོད་གསལ་ཉམས། །རེ་དོགས་མེད་པར་འབྲས་ཐོབ་ཉམས། །དོན་དང་བློ་རུ་འཕྲོད་པས་ངོ་མཚར་ཆེ། །ངེས་ཤེས་གཏིང་ནས་སྐྱེས་པས་འགྱུར་ལྡོག་མེད། །ཐམས་ཅད་རྫུན་དུ་ཤེས་པས་ཞེན་པའི་འཛིན་པ་མེད། །རྣམ་རྟོག་སེམས་སུ་ཤེས་པས་སྤང་བླང་གཉིས་དང་བྲལ། །ཉོན་མོངས་ཡེ་ཤེས་ཡིན་པས་གཉེན་པོ་བསྟེན་མི་དགོས། །རང་སེམས་དེ་ལྟར་རྟོགས་ན་ཆོས་སྐུ་ལྷུན་གྱིས་གྲུབ། །ཅེས་གསུངས་ཏེ། བོ་དྷི་ཙེའི་ཕྱག་ཕྲེང་ཉི་ཤུ་རྩ་གཅིག་ཡོད་པ་དེ་ལྕང་མའི་སྡོང་པོ་གཅིག་ལ་བརྡབས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཁོ་བོ་ལུང་བསྟན་ན་ཤིང་འདི་ལ་ཁྱོད་སྐྱེ་བར་གྱུར་ཅིག་ཅེས་གསུངས་པས། བོ་དྷི་ཙེ་དེ་ལྕང་མ་ལ་འཕྲལ་དུ་སྐྱེས་སོ། །དེའི་དུས་སུ་རང་གི་སེམས་སྐྱེ་བ་མེད་པ། ཅི་ཡང་མ་ཡིན་པ། ཅིར་ཡང་མ་གྲུབ་པ། རྣམ་པ་གསལ་བ། ཅིར་ཡང་སྣང་བ། ཅིར་ཡང་བཏུབ་པ་ངོ་མཚར་ཆེ་གསུང་ནས་མགུར་གསུངས་པ། སེམས་ཉིད་འོད་གསལ་སྟོང་པ་འདི། །ལྟ་བ་ཡིན་པར་ད་གཟོད་ཤེས། །ཐ་མལ་ཤེས་པ་ཡེངས་མེད་འདི། །སྒོམ་པ་ཡིན་པར་ད་གཟོད་ཤེས། །སེམས་ལ་ངེས་ཤེས་སྐྱེས་པ་ནི། །རྟོགས་པ་ཡིན་པར་ད་གཟོད་ཤེས། །རང་ལུས་ལྷུག་པ་ཞེན་མེད་འདི། །སྤྱོད་པ་ཡིན་པར་ད་གཟོད་ཤེས། །རང་རིག་ངོ་བོ་སྟོང་གསལ་འདི། །ཆོས་སྐུ་ཡིན་པར་ད་གཟོད་ཤེས། །ཐོབ་མེད་རང་སེམས་རྣམ་དག་ནི། །འབྲས་བུ་ཡིན་པར་ད་གཟོད་ཤེས། །ཨེ་མ་རིན་ཆེན་སེམས་ཀྱི་ཀློང༌། །རྒྱུ་ཡི་དུས་ན་འབྲས་བུའི་དངོས། །རྟོགས་ཤིང་མངོན་དུ་མ་གྱུར་ཀྱང༌། །མཚན་མའི་དྲི་མས་མི་གཡོག་འཚལ། །ཞེས་གསུངས་སོ། །དེ་ཕྱིན་ཆད་སྡིག་འཕྲོ་ཆད་ཀྱང་སོ་མ་སོད་ནས་འོལ་ཁར་བྱོན་ཏེ་དགེ་ལུང་དུ་ཕྱག་ཕེབས་སོ། །ཞེས་འབྱུང་བ་ལྟར་ཚོགས་སོག་གི་རྒྱལ་པོ་བླ་མ་དམ་པ་ལ་མོས་གུས་དཀར་པོ་ཅིག་ཐུབ་འདི་ཁོ་ན་ལ་འབད་པར་བྱའོ། །

༩༨

དེ་ལྟར་རྗེ་སྒམ་པོ་པའི་རྣམ་པར་ཐར་པ་དེ་ཉིད་སྔོན་བྱུང་གོང་མའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་དབང་དུ་བྱས་ཏེ་བརྗོད་ན། སེམས་རྒྱུད་ཀྱི་སྟེང་དུ་སྡིག་སྒྲིབ་ཀྱི་གཉེན་པོར་འགྱུར་བའི་དད་སོགས་ཀྱི་ཚོགས་གཉིས་ཀྱི་བསག་པའི་མཐུ་སྤང་གཉེན་ལྷན་ཅིག་མི་གནས་འགལ་གྱི་ཉི་མའི་དཀྱིལ་འཁོར་ཤར་བ་ན་མུན་པའི་ཚོགས་རང་དག་ལ་འགྲོ་བ་ལྟ་བུའི་བསག་སྦྱོང་གནད་དུ་མ་སོང་ན་ལུས་ཀྱི་དཀའ་ཐུབ་དང་ངག་གི་བཟླས་བརྗོད་ཉི་ཚེ་བ་ལ་བསྐལ་པར་འབུངས་ཀྱང་ལུས་སེམས་གདུང་བ་བསྐྱེད་པ་ཙམ་ལས་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྱུར་ཏེ་འགྱུར་ན་འཁོར་བ་ཐོག་མེད་ནས་ཐར་པའི་ཐབས་ནི་མིན་པ་ལ་ཐབས་སུ་བཟུང་ནས་ཇི་ཙམ་འབད་ཀྱང་གྲོལ་བར་མ་གྱུར་པ་ཉིད་ཀྱི་ཕྱིར། ཕྱི་རོལ་པའི་བཀའ་ཐུབ་དང་བཟླས་བརྗོད་བཞིན་དུ་འགྱུར་བ་ལ། ཆོས་ཆོས་སུ་འགྲོ་བའམ་ཆོས་ལམ་དུ་འགྲོ་བ་ཞིག་དགོས་ཏེ། དེ་ལྟར་མ་སོང་བས་བཀའ་གདམས་ཀྱི་བྱ་ཆ་ཆོས་སྤྱོད་སོགས་ཀྱང་ཆོས་ལས་སུ་སོང་བ་ལས། ལས་ཆོས་སུ་མ་སོང་བའི་བྱང་ཆུབ་ཆེན་པོའི་ལམ་ལ་རྣམ་གཡེང་དུ་སོང་བས་སྔར་གྱི་ཏིང་ངེ་འཛིན་དེ་ཤོར་བར་འདུག དེ་ཡང་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བའི་ཞལ་ནས། རང་རེ་རྣམས་ཐོག་མེད་ནས་འཁོར་བར་འཁྱམས་པ་འདི་ཅིས་ལན་ན། ཚོགས་མ་བསགས་པས་ལན། ཚོགས་ཀྱང་ཇི་ལྟར་མ་བསགས་ན་འཁོར་འདས་གཉིས་ཀ་ལས་སྒྲོལ་ནུས་པའི་མཚན་ཉིད་ལྡན་པའི་བླ་མ་དམ་པ་མཇལ་ནས་དེ་མཉེས་པར་འགྱུར་ཞིང། དེས་གང་གསུངས་སྒྲུབ་ནུས་པའི་ཚོགས་མ་བསགས་པས་ལན་པ་ཡིན།དེ་ལྟའི་ཚོགས་མ་བསགས་པ་མ་གཏོགས། རང་རེ་འཁོར་བ་ཐོག་མེད་ནས་སྦྱིན་པ་དང་ཚུལ་ཁྲིམས་སོགས་ཀྱི་འཁོར་བའི་དགེ་ཚོགས་མ་བསགས་བྱ་བ་མེད་པ་ཅིག་བསགས་ཀྱང་འཁོར་བ་ལས་རྟ་རྔ་འདྲེ་ཙམ་ཞིག་འཕག་མ་ནུས་པ་ཡིན། ཞེས་གསུངས་པ་ལྟར་རྗཻ་སྒམ་པོ་པ་ལ་ལུས་ངག་གི་དགེ་ཚོགས་ལ་བརྩོན་པ་སྐད་བྱས་པས་རྟོགས་པའི་བོགས་ཐོན་དུ་རེ་བ་ལས་མ་ཐོན་པར་རྟོགས་པ་ཉམས་པའི་ཚེ་རྟོགས་པ་སོར་ཆུད་པའི་ཐབས་ཇི་ལྟ་བུ་ཞིག་ཅེས་ཐུགས་དགོངས་མཛད་པ་ན། ད་གཞན་ཐབས་ཤེས་གང་གིས་ཀྱང་བདག་གི་རྟོགས་པ་བསྐྱེད་པར་མི་ནུས་པས། བདག་རྒྱུད་ལ་རྟོགས་པ་བསྐྱེད་པར་བྱིན་གྱིས་རློབ་པའི་དགེ་ཚོགས་ཀྱི་ལས་འབྲེལ་བཟང་པོ་སྔོན་སོང་གི་རྗེ་བླ་མ་ནི་རྗེ་ཆེན་པོ་མི་ལ་ཉིད་དུ་ངེས་ལ་རྗེ་དེ་ཉིད་ལ་ཆེད་དུ་དམིགས་པའི་དགེ་ཚོགས་འདུན་པ་དྲག་པོ་ཆེ་ཆེར་བསགས་པའི་རྟེན་འབྲེལ་གྱིས་སྐད་ཅིག་དུ་རྟོགས་པ་འཆར་བར་ཐག་ཆོད་པའི་དཀོན་མཆོག་ཐུགས་རྗེ་དང་བྱིན་རླབས་བསླུ་བ་མེད་པའི་ཕྲིན་ལས་དུས་ལས་མ་ཡོལ་བའི་སངས་རྒྱས་དེ་རྗེ་ཆེན་པོ་མི་ལ་ཡིན་པས། ཁྱེད་ཀྱིས་བདག་སོགས་འཁོར་བའི་སེམས་ཅན་སྐྱབས་མགོན་མེད་པ་རྣམས་སྐྱོབ་པའི་ཆེད་དུ། བསྐལ་པ་གྲངས་གཞལ་དཀའ་བར་གདུལ་བྱའི་རིགས་དང་སྐལ་པ་དང་དགེ་བའི་རྩ་བ་སད་ཅིང་སྨིན་པར་གྱུར་པ་དག་གིས་དད་སོགས་ཀྱི་གསོལ་བ་བཏབ་པའི་དགེ་རྩ་སོག་པར་བྱེད་པའི་སྐད་ཅིག་དེ་ཉིད་དམ། དེར་མ་ཟད་ཁྱེད་ཉིད་མཐོང་ཐོས་དྲན་རེག་ཙམ་གྱི་མདོ་ཉིད་དུ་ཕྱག་རྒྱ་ཆེན་པོའི་རྟོགས་པ་རང་འཁྲུངས་སུ་སྐྱེས་ནས་སྨིན་གྲོལ་དུ་བྱིན་གྱིས་བརླབས་པའི་ཕྲིན་ལས་ཐོགས་པ་མེད་པར་འབད་མེད་དུ་འབྱུང་བ་སྒྲུབ་པར་མཛད་ནས་ད་ལྟ་ཕྲིན་ལས་དེ་ལྟ་བུ་ལ་མངའ་བརྙེས་པ་ཉིད་ཀྱི་ཕྱིར། བླ་མ་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་ཆགས་ཐོགས་མེད་པར་མངའ་བས། བདག་སོགས་འཁོར་བའི་སེམས་ཅན་སྐྱབས་མེད་མགོན་བྲལ་རྣམས་རེ་ལྟོས་སྐྱབས་མཆོག་ཁྱེད་ལ་བཅས་པ་རྣམས་ད་ལྟ་ཉིད་དུ་བསྐྱབ་ཏུ་གསོལ། སྲིད་པ་དང་ཞི་བའི་མཐའ་གཉིས་ལས་བསྒྲལ་དུ་གསོལ། ཞེས་གཏིང་བློ་འགྱུར་བ་མེད་པར་ཁེལ་བའི་གསོལ་བ་གནད་དུ་ཐེབས་པར་བཏབ་ཅིང༌། བཏབ་པའི་དགེ་ཚོགས་ཀྱི་མཐུས་ས་ལམ་གྱི་རྟོགས་པ་སྐྱེ་བ་ལ་སྒྲིབ་བྱེད་ཀྱི་དྲི་མ་འགྲིབ་ཏུ་རུང་ཞིང༌། ས་ལམ་གྱི་ཡོན་ཏན་གྱི་ཡོན་ཏན་སྐྱེ་རུང་གི་དགེ་ཚོགས་ཀྱི་དབང་པོ་སྨིན་པའི་སྐད་ཅིག་དེར། རྗེ་ཆེན་པོ་མི་ལའི་ཆོས་གཟུགས་ཀྱི་སྐུའི་སྣང་བ་རྗེ་སྒམ་པོ་པའི་སྤྱན་དང་ཐུགས་ལ་མངོན་དུ་གྱུར་ཏེ། དེ་ལྟ་བུའི་དགའ་བ་དང་སྤྲོ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་རྒྱུད་ཡོངས་སུ་དང་བར་གྱུར་པ་ལས་རིང་པོར་མ་ལོན་པ་ན། ཁམས་གསུམ་འཁོར་བར་སྐྱེ་བའི་སྲིད་ལེན་གྱི་ཆགས་པའི་མེ་དྲོད་སྦྱོང་བྱེད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་སྲིད་པ་གསུམ་གྱི་ཆགས་ཆེན་རབ་ཏུ་འབར་བའི་མེ་དྲོད་ཉམས་པ་མེད་པར་ཀློང་དུ་ཆུད་དེ་ཆུད་པས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་བདག་ཉིད་དམ་རྒྱུའི་བྱང་ཆུབ་ཀྱི་སེམས་དཀར་དམར་མཐིང་གསུམ་རབ་ཏུ་ཞུ་བ་ལས་ལེགས་པར་བཞེངས་པའི་སྐུ་ཕྲིན་ལས་ཀྱི་ཕྱག་རྒྱ་ཧེ་རུ་ཀ་ཡབ་ཡུམ་ཁ་སྦྱོར་ལས་ཉམས་པ་མེད་པ་དང༌། གསུང་ཡེ་ཤེས་ཀྱི་ཕྱག་རྒྱ་རང་འོད་ཀྱི་རིག་མ་དང་འབྲལ་མི་ཤེས་པ་དང༌། ཐུགས་ཕྱག་རྒྱ་ཆེན་མོའི་ཕྱག་རྒྱ་རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་ཡུམ་དང་འདུ་མི་བྱེད་པའི་ཕྱག་རྒྱ་ཆེན་མོའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྣམ་པར་རོལ་པ་ནམ་མཁའི་མཐར་ཐུག་པར་མཉམ་པའི་མཆོག་གི་ཕ་རོལ་ཏུ་ཕྱིན་པའི་གོ་འཕང་བླ་ན་མེད་པ་བརྙེས་སོ། །དེའི་ཚེ་རང་རྒྱུད་ལ་ཡོད་པའི་རིག་པ་ཡེ་ཤེས་དེ་ནི་འཁྲུལ་པ་ཐམས་ཅད་དང་བྲལ་བའི་ཤེས་རབ་ཀྱི་བདག་ཉིད་དུ་གནས་པའི་ཕྱིར། ཤེས་པ་ཉིད་དང་ཤེས་པ་དེ་ལས་གཞན་པའི་ཤེས་བྱའི་ཆོས་ཐམས་ཅད་ལ་ཡོད་མེད་སོགས་ཀྱི་སྤྲོས་པའི་མཐའ་འགར་ཡང་གྲུབ་པར་མ་གཟིགས་ཏེ། ཆོས་ཐམས་ཅད་དངོས་པོ་རང་བདེན་པར་ཡོད་ན་དངོས་པོ་རྟག་པ་ཅན་དུ་འགྱུར་ཞིང༌། དངོས་པོ་ཙམ་དུ་མི་རུང་བ་ཡིན་ན་དངོས་པོ་ཆད་པ་ཅན་དུ་འགྱུར་ལ། དེ་ལྟ་མ་ཡིན་པར་འཁོར་འདས་ཀྱི་ཆོས་ལ་དངོས་པོ་རྟག་པ་དང་ཆད་པ་གཉིས་ཀ་དང་བྲལ་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་བྱ་བྱེད་བཏུབ་ཅིང༌། དེ་ལྟར་བཏུབ་ཀྱང་བྱ་བྱེད་རང་བདེན་པར་ངོས་བཟུང་དུ་མ་གྲུབ་བཞིན་དུ་དངོས་པོར་སྣང་བ་མེ་ལོང་གི་གཟུགས་བརྙན་ལྟར་ཤིན་ཏུ་གསལ་བ། དེ་ལྟར་རྟོགས་པའི་ཡེ་ཤེས་དེ་ཐོག་མ་དང་ཐ་མའི་རྒྱུན་བར་མ་ཆད་དུ་འབྱུང་བས་མ་འོངས་པའི་ཕྱི་མཐའ་མི་གཏུགས་པའི་ཕྱིར་སྐྱེ་འཇིག་དང་བྲལ་ཞིང༌། དེས་ནི་སྤྲོས་པ་ལ་བརྟེན་པའི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བས་སྤྲོས་པ་མེད་པའི་བདེ་བའི་ངོ་བོ་ཅན་དང༌། དེ་ཡང་ཤེས་བྱ་ཕྱོགས་གཅིག་པར་དམིགས་པའི་ཡུལ་མེད་པ་ཕྱོགས་སུ་མ་ཆད་པར་ངོ་བོ་ཐམས་ཅད་དུ་གསལ་ཞིང་གོ་མ་འགགས་པ། དེ་ལྟར་མ་འགགས་པའི་རྡོ་རྗེ་གསུམ་བདེ་དགའི་ཉམས་དང་ལྡན་ཞིང༌། དེ་ལ་ཡེ་ཤེས་ཀྱི་བྱ་བ་ཐམས་ཅད་དགྱེས་དགུར་རོལ་བ་ལ་གོ་འགེགས་བྱེད་ཀྱི་སྟོང་པས་ཡེ་ཤེས་ཀྱི་སྒྱུ་རྩལ་ཤིན་ཏུ་གསལ་བ་ལ་དབང་ཐོབ་པ། དེ་འབད་པས་སྒྲུབ་མི་དགོས་ཡེ་ཤེས་ཉིད་ལ་གསལ་འགྲིབ་མེད་པས་རེས་ག་བ་མ་ཡིན་པར་ཡེ་ཤེས་ཀྱི་ཡོན་ཏན་དང་ཡོན་ཏན་ཅན་རྣམས་འདུ་འབྲལ་མེད་ཅིང་ཕྲིན་ལས་དེའི་བྱེད་པ་གདུལ་བྱ་སེམས་ཅན་གྱི་དད་མ་དད་ཀྱི་སུན་འབྱིན་པ་དང༌། མི་འབྱིན་པའི་དགག་སྒྲུབ་ཀྱི་དེ་རྒྱུད་ལ་ཕྲིན་ལས་ཀྱི་འཇུག་པ་འཕེལ་འགྲིབ་ཏུ་མི་འགྱུར་བར་འཇུག་ཅིང་ཁྱབ་པས། མཁའ་མཉམ་གྱི་སེམས་ཅན་གྱི་ཕུང་པོ་གཞལ་དུ་མེད་པ་འདི་ཡང་མཐར་མངོན་པར་རྫོགས་པར་སངས་མི་རྒྱས་པར་མི་འགྱུར་བའི་རེ་དོགས་དང་བྲལ་བས། གདུལ་བྱ་འགྲོ་བའི་དོན་དང་སངས་རྒྱས་ཀྱི་བློ་གྲོས་ཆེན་པོའི་འཇུག་པ་ཕྲད་པས་སྐད་ཅིག་དེར་སྨིན་པ་དང་གྲོལ་བའི་དོན་ཡོད་པས་ངོ་འཚར་ཆེའོ། །འདི་ལྟའི་རྟོགས་པ་སྐྱེས་པ་ན་འགྲོ་དོན་ལྷུན་གྲུབ་ཏུ་འབྱུང་བའི་ངེས་པ་མི་འཁྲུལ་བས་འགྱུར་ལྡོག་མེད་ཅིང༌། འཁོར་འདས་ཀྱི་ཆོས་རྣམས་ལ་དག་མ་དག་འཆིང་གྲོལ་སྣ་ཚོགས་པར་འབྱུང་བ་ཐམས་ཅད་ཀུན་རྫོབ་རྫུན་ཆོས་ཙམ་དུ་ཟད་པས་དེ་ཉིད་ལ་དེ་དེར་གྲུབ་པའི་ཞེན་འཛིན་དང་བྲལ་བར་འགྱུར་ཞིང༌། མདོར་ན་སེམས་ཅན་གྱི་དུས་སུ་འཁོར་བའི་རྣམ་རྟོག་སངས་རྒྱས་ཀྱི་དུས་སུ་མྱང་འདས་ཀྱི་རྣམ་མཁྱེན་ཐམས་ཅད་ཀྱང་གཉུག་མ་འོད་གསལ་གྱི་སེམས་དང་གློ་བུར་དྲི་མའི་སེམས་དག་གི་སེམས་ལས་བྱུང་བའི་ཆོས་སུ་ཟད་ཅིང༌། མ་དག་བློ་བུར་གྱི་སེམས་དེའང་གཉུག་མ་འོད་གསལ་གྱི་སེམས་དེ་ཉིད་ལས་འཁྲུལ་པར་གྱུར་པའི་འཁྲུལ་ཆོས་ཙམ་ལས་མ་འཁྲུལ་པའི་སྤང་བླང་གི་གཞིའི་དངོས་པོར་མ་གྲུབ་པས། སྤང་བླང་གཉིས་དང་བྲལ་ཞིང་དུག་ལྔ་སོགས་ཉོན་མོངས་པ་ལྔ་པོའང་སེམས་ཅན་གྱི་དུས་ན་འཁོར་བའི་བྱ་བ་སྣ་ཚོགས་སྒྲུབ་ཀྱང་སངས་རྒྱས་ཀྱི་དུས་ན་མྱང་འདས་ཏེ་ཡེ་ཤེས་ལྔའི་བྱ་བ་སྣ་ཚོགས་སྒྲུབ་སྟེ། འདོད་ཆགས་སོགས་རང་གཞན་གྱི་རྒྱུད་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པར་བྱེད་པ་ན་དུག་ལྔ་དང་ཉོན་མོངས་པ་ལྔ་ལ་སོགས་པར་བཞག་ལ། དེ་ཉིད་རང་གཞན་གྱི་རྒྱུད་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དང་ཡོན་ཏན་སྒྲུབ་པར་བྱེད་པ་ན་སྨན་ལྔ་དང་བདེ་བ་ལྔ་དང་ཡེ་ཤེས་ལྔར་བཞག་པ་ཡིན་ནོ། །དེས་ན་འདོད་ཆགས་སོགས་སྡུག་བསྔལ་བའི་གནས་ལ་མ་ཆགས་པར་བདེ་བ་ཆེན་པོའི་གནས་ལ་ཆགས་ན་ཆགས་པ་ཆེན་པོ་ཉིད་ཀྱི་འཁོར་བའི་སྤྲོས་སྒྲིབ་ཀྱི་གཉེན་པོ་དམ་པར་འགྱུར་བ་ལས་སྒྲིབ་སོགས་ཀྱི་གཉེན་པོ་དེ་ལས་གཞན་ཆེད་དུ་བསྟེན་མི་དགོས་སོ། །དེ་ལྟའི་བྱེད་པ་མཐར་ཕྱིན་པ་ན་ཆོས་སྐུའི་མཛད་པ་ལྷུན་གྲུབ་ཏུ་འབྱུང་ངོ༌། །དེ་ལྟ་བུའི་རྟོགས་པ་ཐུགས་ལ་འཁྲུངས་ནས་རྟོགས་པ་དེ་ལྟ་བུ་ཐོབ་པ་དེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་པའི་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་སངས་རྒྱས་ཀྱི་ལུང་བསྟན་ཐོབ་པ་ཡིན་མིན་བརྟག་པའི་ཆེད་དུ་ལྕང་མ་ལ་བོ་དྷི་ཙེའི་ཕྲེང་བ་བརྡབས་ནས་བདེན་སྟོབས་བརྗོད་པས། དེ་ཉིད་དུ་བོ་དྷི་ཙེའི་ལོ་འབྲས་མེ་ཏོག་དང་བཅས་པ་འཁྲུངས་སོ། ། དེ་ལྟའི་རྟོགས་པ་དེའང་ཇི་ལྟ་བུ་ཞེ་ན། རང་གི་སེམས་ཀྱིས་བསྡུས་པའི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་བ་ལྟར་སྣང་ཡང་སྐྱེ་བ་དང་བྲལ་བ། ཅིའི་རྣམ་པར་སྣང་ཡང་ཅིའི་ངོ་བོར་ཡང་གྲུབ་པ་མ་ཡིན་ལ། ལྟོས་པའི་དབང་གིས་རྣམ་པ་གསལ་བར་ཅིར་ཡང་སྣང་ཞིང་བཏུབ་པ་ཉིད་དུ་གཟིགས་ཤིང་མངའ་བརྙེས་པས། རང་རྒྱུད་ཀྱིས་བསྡུས་པའི་སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་དབང་དུ་འདོད་དགུར་བསྒྱུར་བས་བདེན་གཉིས་ཀྱི་ཆོས་ལ་སྤྲུལ་བསྒྱུར་བཤེགས་བཞུད་འགྲོ་འོང་ཐམས་ཅད་ལ་ཆགས་ཐོགས་དང་བྲལ་བར་དབང་ཐོབ་པ་ཡིན་ནོ། །དེའི་ཕྱིར་སེམས་ཉིད་ཆོས་ཅན་འོད་གསལ་བ་དང༌། དེའི་ཆོས་ཉིད་སྟོང་པ་ཉིད་དེན་པ་གཉིས་པོ་གཅིག་གོ་གཅིག་གིས་མི་འགེགས་བཞིན་བདེན་པ་གཉིས་ཀའི་བདེན་པར་མ་གྲུབ་བཞིན་དུ་བདེན་པ་ལྟར་བྱ་བ་བྱེད་པར་མི་འགལ་བ་དེ་ནི་སྲིད་ཞི་གཉིས་ཀ་ལ་མི་གནས་པར་འདོད་པའི་ལྟ་བྱའི་ལྟ་བ་ཡིན་པ་ད་གཟོད་དེ་ད་ལྟ་ཤེས་སོ་དེ་ལྟར་བལྟ་བའི་ལྟ་མཁན་གྱི་གདོད་མའམ་ཐ་མལ་ལམ་འཁྲུལ་བྲལ་ལམ། རང་ལུགས་ཀྱི་ཤེས་པ་གང་གིས་ཀྱང་མི་ཆོད་པར་མི་ཆད་དུ་མི་ཡེངས་པར་འབྱུང་བ་ནི་སྒོམ་པ་ཡིན་པར་ད་གཟོད་ཤེས་ཏེ། དེ་ཉིད་ལས་གཞན་དུ་གོམས་བྱའི་སྒོམ་པ་བྱར་མེད་དོ། །དེ་ལྟའི་ཤེས་པ་དེ་ཡུལ་ལ་འཛིན་པ་མེད་ཅིང་རིག་པ་དེ་ཉིད་ཀྱང་རིག་ཙམ་ལས་ཡུན་ཚུགས་ཐུབ་བམ་དཔྱད་བཟོད་དུ་བརྟེན་དུ་མེད་པ་གཞི་མེད་རྩ་བྲལ་དུ་ཁོང་དུ་ཆུབ་པ་དེ་ཉིད་ཉམས་མྱོང་ཡིན་པར་ད་གཟོད་ཤེས་ཏེ། རིག་པ་གཞི་མེད་རྩ་བྲལ་དུ་རྟོགས་པའི་བློ་འདས་ཀྱི་ཉམས་མ་སྐྱེས་ན་སྲིད་ཞིའི་རྩ་བ་གཅོད་མི་ནུས་ཏེ། བདེ་གསལ་མི་རྟོག་སྟོང་པའི་དྲན་པ་དྲན་མེད་སྐྱེ་མེད་ཀྱི་ཉམས་ཐམས་ཅད་འཇིག་རྟེན་གྱི་སྤྲོས་པའི་ཟག་པ་དང་བཅས་པའི་མྱོང་བ་ལས་མ་འདས་པའི་ཕྱིར་དེ་ལྟའི་བློ་འདས་བྱར་མེད་དུ་སོང་བ་ན། རྟོག་མེད་དང་རྟོག་པའི་ཤེས་པ་གང་གིས་ཀྱང་མ་དྲངས་པའི་སེམས་ལ་ཆོས་ཐམས་ཅད་ལ་སྤྲོས་པ་དང་བྲལ་བའི་ངེས་ཤེས་ནི། གནས་རྟོགས་པའི་རྟོགས་པ་ཡིན་པར་ད་གཟོད་ཤེས་ཏེ། རྟོགས་མེད་ཀྱིས་དྲངས་པའི་ངེས་པ་ནི་དེར་འཛིན་མེད་པས་ངེས་པ་མི་བརྟན་པ་དང་རྟོག་པས་དྲངས་པའི་ངེས་པ་ནི་སྒྲོ་འདོགས་པ་ཙམ་ལ་གནས་ཚུལ་གང་དང་གང་ཡིན་པ་ངེས་པར་མི་འགྱུར་བའི་ཕྱིར། ད་ལྟའི་ངེས་ཤེས་ནི་ངེས་ཤེས་བཏགས་པ་ཙམ་དུ་འགྱུར་རོ། །རྟོག་པ་རྟོག་མེད་ཀྱི་ཤེས་པ་གང་གིའང་ཡུལ་ལ་འཇུག་པ་ཆད་པའི་ངེས་ཤེས་ནི། མཆོག་ཏུ་འགྱུར་བ་མེད་པའི་ངེས་ཤེས་ཏེ། ངེས་ཤེས་དེ་ནི་ངེས་ཤེས་གཞན་གྱི་གནོད་པར་མི་ནུས་པའི་བྱང་ཆུབ་དང་རྟོགས་པའམ་མཁྱེན་པ་ཡིན་པའི་ཕྱིར། དེ་ལྟར་རྟོགས་ནས་སྒོ་གསུམ་རང་ལུགས་ལྷུག་པར་བཞག་པ་ནི་བྱང་ཆུབ་ཆེན་པོའི་སྤྱོད་པ་ཡིན་པར་ད་གཟོད་ཤེས་ཏེ། དེ་ལྟའི་རྟོགས་པ་སྐྱེད་པ་ན་བྱང་ཆུབ་ཀྱི་སྤྱད་པ་ལས་གཞན་པའི་སྤྱོད་པ་འབྱུང་མི་སྲིད་པའི་ཕྱིར། དེ་ལྟའི་རང་རིག་སྒྲིབ་པ་ཐམས་ཅད་ཀྱིས་སྟོང་ཞིང་འགྲོ་བའི་དོན་འབད་མེད་དུ་གསལ་བར་འབྱུང་བ་དེ་ཆོས་སྐུ་ཡིན་པར་ད་གཟོད་ཤེས་ཏེ། རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ནི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཅན་གཟུགས་ཀྱི་སྐུ་གཉིས་ཀྱི་ཚོགས་དོན་ཅན་གྱི་ཡེ་ཤེས་ཀྱི་བདག་ཉིད་ལ་ཆོས་སྐུར་བཞག་པའི་ཕྱིར། སེམས་རང་བཞིན་གྱི་གདོད་ནས་སྒྲིབ་པས་རྣམ་པར་དག་པ་ཉིད་ཀྱི་ཕྱིར། གློ་བུར་གྱི་དྲི་མ་ཕྱིས་ནས་དག་པས་སངས་རྒྱས་ཐོབ་པ་ལྟར་སྣང་ཡང་སེམས་རང་གི་ངོ་བོ་ལ་སྔར་དྲི་མ་མ་དག་པ་ཞིག་ཕྱིས་དྲི་མ་དག་པས་བཟང་དུ་མ་སོང་བའི་ཕྱིར། ཐོག་མེད་རང་སེམས་རྣམ་དག་འདི། །འབྲས་བུ་ཡིན་པར་ད་གཟོད་ཤེས། །དེས་ན་སེམས་འོད་གསལ་བ་དེ་ཉིད་ཐོག་མ་མེད་པའི་རྒྱུའི་དུས་ནས་རང་གི་ངོ་བོ་སྒྲིབ་པའི་རང་བཞིན་དུ་མ་སྐྱེས་པས་དྲི་བྲལ་གྱི་འབྲས་བུར་གནས་པས། རྒྱུའི་དུས་ནས་འབྲས་བུའི་དངོས་པོར་མི་འགལ་བས་དེ་ལྟར་རང་སེམས་ཀྱི་ངོ་བོ་དེ་ཁོ་ན་ལྟར་གནས་པ་དེ་ལྟར་སྔར་རྟོགས་ཤིང་མངོན་དུ་མ་གྱུར་ཀྱང༌། སླར་བློ་ཕྱིན་ལོག་གི་སེམས་འོད་གསལ་ལ་མཚན་མའི་འཛིན་པའི་སྒྲིབ་པས་མི་གཡོགས་པར་བློ་འཁྲུལ་པས་མ་བཅོས་པ་རང་བབས་སུ་བཞག་པར་འཚལ་ཞེས་གསུངས་པ་ལྟར་ཁོང་དུ་ཆུབ་པར་བྱས་ཏེ་ཉམས་སུ་ལེན་པར་བྱའོ། །

༩༩

འོ་ན་རང་གི་སེམས་ཉིད་གཉུག་མ་སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བ་ཐ་མལ་གྱི་ཤེས་པ་དེ་རང་གི་ངོ་བོ་ཇི་ལྟར་དུ་ཁོང་དུ་ཆུབ་ཅེས། རྗེ་སྒམ་པོ་པ་ལ་སྒོམ་པ་ཚུལ་ཁྲིམས་སྙིང་པོའི་ངོ་བོ་ག་དར་གྱི་ཞུ་ལན་ནས་འབྱུང་བའི་དོན་གྱི་སྙིང་པོ་བསྡུས་ཏེ་བརྗོད་པར་བྱ་སྟེ། ཐ་མལ་གྱི་ཤེས་པ་རིག་པའི་ངོ་བོར་སྐྱེས་པའི་རིག་པ་དེ་ནི་ཁ་ཕྱིར་ལྟའི་ཤེས་པ་ལས་རྒྱང་ཆད་ཀྱི་གཟུང་བ་དང་འཛིན་པ་ཅན་གྱི་གཞན་རིག་དང༌། གཟུང་འཛིན་རྒྱང་ཆད་པ་མིན་པའི་ཁ་ནང་ལྟའི་ཤེས་པ་གསལ་བའམ་མི་གསལ་ཀྱང་རུང༌། མྱོང་བ་ཙམ་གྱི་ངོ་བོར་སྐྱེས་པའི་རང་རིག་པའང་མ་ཡིན་པའི་རང་གཞན་གང་གི་རིག་པར་ཡང་ལུང་བསྟན་དུ་མེད་པའི་བརྗོད་པ་དང་བྲལ་བའི་རང་བཞིན་གྱི་རིག་པ་བཟོད་མི་ཚུད་པ་ཞིག་ཡིན་དེ་ལྟ་ནའང་མྱོང་ཙམ་དང་རིག་ཙམ་མེད་པ་ནི་མ་ཡིན་ནོ། །འོ་ན་རིག་པ་སྟེ་སྟོང་པ་ཉིད་ཀྱི་ཚུལ་དེ་ཇི་ལྟ་བུ་ཞིག་གོ་སྙམ་ན་ཤེས་པའི་རང་ངོ་ལ་མཉམ་པར་བཞག་པ་ན་རང་སེམས་ཡེ་སྟོང་ལ་སྟོང་སེང་བའི་ཉམས་མྱོང་ཅན་གྱི་སྟོང་པ་དང་སྟོང་པ་དེ་བློ་ཡུལ་དུ་གང་དུའང་བཟུང་མ་བཏུབ་སྙམ་པའི་སྟོང་འཛིན་དང་བཅས་པའི་སྟོང་པ་ཉིད་མ་ཡིན་པར་སྟོང་ཚུལ་བློ་དང་ཡུལ་གྱིས་རེག་མི་ཐུབ་པའི་སྤྲོས་པས་རྔོ་མི་ཐོགས་པའི་སྟོང་པ་ཉིད་ཡིན། དེ་ལྟ་བུའི་ཆོས་ཅན་གྱི་རིག་པ་དང་ཆོས་ཀྱི་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་གཉིས་པོ་དེ་ལྷན་ཅིག་ཏུ་སྐྱེས་པས་མངོན་དུ་གྱུར་ན་གྱུར་མཉམ་དང༌། ལྐོག་གྱུར་དུ་སོང་ནའང་སོང་མཉམ་ཡིན། མངོན་དུ་གྱུར་པའི་ཚེ་ཡེ་ནས་གནས་པ་དེ་རང་གིས་ཤེས་པ་ལ་ཡེ་ཤེས་ཞེས་ཟེར་བ་བ་ཡིན་གསུང༌། དེ་ལྟར་མངོན་དུ་གྱུར་ན་རྣམ་རྟོག་གིས་ཐ་མལ་གྱི་ཤེས་པ་གཡོས་ཀྱང་ནམ་མཁའ་དྭངས་པ་ལ་ཉི་མ་ཤར་བ་རླུང་པོ་ཕྲ་མོ་ལྡང་ཡང་ཉི་མའི་གསལ་ཆ་མི་འགྲིབ་པ་ལྟར། མཉམ་པར་བཞག་པ་ཉིད་ལ་རྗེས་ཐོབ་ཀྱི་རྣམ་རྟོག་དང་འགྲོགས་སུ་ཡོད་ཀྱང༌། རྣམ་རྟོག་སྤྲོས་སྒྲིབ་ཀྱི་ལས་མི་སོག་པར་རང་སེམས་ཆོས་སྐུའི་རྒྱན་དུ་འགྲོ་བས་མཉམ་རྗེས་ཟུང་གཅིག་ཏུ་ཕྲུགས་པ་ཡིན། རང་བཞིན་གྱི་རིག་པ་དང་སྤྲོས་བྲལ་སྟོང་པ་ལྷན་ཅིག་སྐྱེས་པ་དེ་མངོན་དུ་གྱུར་པ་ན་ཡེ་ཤེས་ཀྱི་རླུང་ཡང་མངོན་དུ་གྱུར་ཏེ། ཡེ་ཤེས་ཀྱི་རླུང་ལ་གཡོ་བ་མེད་པས་དེ་ལྟའི་ཆོས་ཅན་རིག་པ་དང་ཆོས་ཉིད་སྟོང་པ་ཉིད་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་བར་སྟོང་གི་རྒྱུན་ཆད་མེད། དེ་མེད་པའི་ཚེ་ལས་རླུང་རང་གར་ཞི་ནས་ལས་རླུང་གིས་གཡོ་མ་ནུས་ན་དེ་ལ་བརྟེན་པའི་རང་རིག་གཞན་རིག་གི་ཤེས་པ་རྣམས་སྤྲོས་བཅོས་ཀྱི་འདུ་བྱེད་ལྡང་མི་ནུས་པས་དམིགས་པ་མེད་པར་དབྱིངས་སུ་ཞི་བ་ན་སངས་རྒྱས་པ་ཡིན། དེའི་དུས་ན་ཡེ་ཤེས་ཀྱི་རླུང་གཅིག་པོར་སོང་ཙ་ན་ཡེ་རླུང་ལ་གཡོ་བ་མེད་པས་དེ་ལ་རྒྱུན་ཆད་མེད་པའི་ཕྱིར། དེ་ལ་བརྟེན་པའི་སྤྲོས་བྲལ་འོད་གསལ་ཆོས་སྐུའི་སེམས་ཀྱང་རྒྱུན་ཆད་མི་ཆད་གཉིས་ལས་འདས། དེ་ལྟར་གྱུར་པ་དེ་ཉིད་དུས་ཐམས་ཅད་པར་སྒོ་མ་འགགས་པ་ལས་སྐྱེ་འགག་གི་མཚན་མར་མི་དམིགས་པ་དེ་ཆོས་སྐུ་ཡིན། དེ་ཙ་ན་གཟུགས་སྐུ་གཉིས་འབད་མེད་དུ་རང་རྒྱུད་ལ་འཆར་ཞིང་གཞན་རྒྱུད་ལ་སྣང་བའི་ཆ་རྒྱུན་མི་འཆད། དེས་ན་རང་རིག་གཞན་རིག་ཤེས་པ་འདི་ནས་འོང་ཞིང་འདིར་སོང་གི་གཞི་དང་ཁུང་བོར་བའི་ཚེ་འཁོར་བའི་ཐོག་མཐའ་འདི་ཡིན་ཞེས་བསམ་པས་མནོར་མེད་ཅེས་གསུངས་དེ་ལྟའི་ཐ་མལ་གྱི་ཤེས་པའི་ངོ་བོ་རྟོགས་ན། རྨི་ལམ་ལ་སོགས་པར་ངོ་བོ་སྐྱོང་བའི་སྒོམ་བརྟན་པོ་རྒྱུན་རིང་བར་ཀློང་དུ་གྱུར་གྱུར་འབད་ལོང་མ་བྱུང་ཡང༌། བར་དོའི་དུས་ན་ད་ལྟ་ལས་ཤེས་པ་བརྒྱ་འགྱུར་དུ་གསལ་བ་ཡིན་ཏེ། ཤ་ཁྲག་ལུས་བེམ་པོ་རགས་པ་ས་རྡོ་ལྟ་བུ་ལ་སེམས་མི་བརྟེན་པའི་ཕྱིར། དུས་དེར་ཐ་མལ་གྱི་ཤེས་པའི་ངོ་བོ་དེ་ཡང་བར་དོའི་ཤེས་པ་གསལ་བ་དེ་ཉིད་ལ་འཆར་བ་ན་འགྲོ་བ་རིགས་དྲུག་གང་གི་ལུས་སེམས་ལེན་པའི་བར་དོ་ལས་ཉོན་གྱི་སེམས་དེ་དེ་ལྟར་གྲུབ་པའི་རྒྱུ་འབྲས་ཀྱི་བདེན་ཆོས་ཐམས་ཅད་རྫུན་མ་སྒྱུ་མ་ལྟར་རང་གྲོལ་དུ་འགྲོ་བས་དེའི་ཚེ་འཁོར་བའི་རྒྱུ་འབྲས་ཀྱི་རྒྱུན་ཐམས་ཅད་རང་ལྡོག་ཏུ་འགྲོ། ཞེས་གསུངས། འོ་ན་ངོ་བོ་སྒོམ་པ་ཉིད་ཀྱིས་ལས་རླུང་འདག་ལ། འོ་ན་ལས་རླུང་ལ་གནད་དུ་བསྣུན་པའི་སྒོམ་པའི་བྱེད་པ་དོན་མེད་དམ་སྙམ་ན་མ་ཡིན་ཏེ། འཇུག་ཤེས་དྲུག་གི་དབང་པོའི་གནས་སུ་རླུང་གི་རྒྱུ་བ་བཅིངས་ནས་དབུ་མའི་མར་སྣེ་ནས་རླུང་གྱེན་དུ་ཞུགས་པས། ལྟེ་འོག་རང་བྱུང་ཡེ་ཤེས་ཀྱི་གཏུམ་མོའི་མེ་དྲོད་སེམས་གསུམ་འབར་བས་དབུ་མའི་ནང་དུ་གནས་པའི་ཀུན་གཞི་རྣམ་ཤེས་ལ་གནས་པའི་འཁོར་བའི་བག་ཆགས་ཐམས་ཅད་སྲེག་པ་ཉིད་ཀྱིས་རང་སེམས་འོད་གསལ་སངས་རྒྱས་ཀྱི་སྙིང་པོའི་ངོ་བོ་རྗེན་ལྷང་དུ་རྟོགས་པའི་རྟོགས་པ་དེ་ཉིད་བོགས་ཐོན་ནས་ངོ་བོ་ཆེ་ཆེར་འབྱོངས་པ་ཡིན་པས། དེའི་གནད་ཀྱི་བླ་མ་མི་ལ་གཏུམ་མོ་གཅིག་པུ་སྒོམ་པ་ལ་ནན་ཏན་མཛད་པ་ཡིན་ཞེས་གསུངས། ལས་རླུང་རྩ་བ་ནས་འདག་པའི་ཐབས་ལ་ངོ་བོ་རྟོགས་པའི་སྒོམ་མེད་ན་འདག་མི་ཐུབ་ཅིང༌། རླུང་དང་ངོ་བོ་གཉིས་ཀྱང་ལས་རླུང་འདག་དཀའ་སླ་ལ་ངོ་བོ་སྒོམ་པ་ཉིད་སླ་བ་ཡིན་ནོ། །ངོ་བོ་རྟོགས་ནས་ཇི་ཙམ་སྒོམ་ཡང་རྟོགས་པ་དེ་ཉིད་བར་མ་ཆད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་འགྲོ་བ་ལས་བཟང་དུ་འགྲོར་མེད་དེ། ད་ལྟ་ངོ་བོ་རྟོགས་པའི་གང་ཟག་དང་ས་བཅུ་པ་དང་སངས་རྒྱས་ཀྱི་ངོ་བོ་ལ་བཟང་ངན་མེད་པའི་ཕྱིར་ཞེས་གསུངས། འོ་ན་ངོ་བོ་རྟོགས་ནས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་མ་སོང་བ་ཞིག་ཤི་ན། སྔར་བསགས་དང་ཚེ་འདིའི་ལས་ངན་ཚེ་རབས་ཕྱི་མར་རྗེས་སུ་འབྲེང་ངམ་སྙམ་ན་མི་འབྲེང་སྟེ། ངའི་སློབ་མ་གཙང་པ་གཅིག་ཚེ་སྟོད་ལ་ཁོང་གསུམ་གྱིས་རྒྱས་པ་གཅིག་བཙོངས་ན་ལོངས་སྤྱོད་པ་ཅིག་འདིར་བྱུང༌། སྒོམ་བཏབ་པས་སྒོམ་སྐྱེས་ངས་ཁོང་ལ་སྡིག་པ་སྦྱོང་བའི་ཐབས་སུ་ཤེས་རབ་སྙིང་པོ་མང་པོ་བྲིས་ལ་འབུལ་དགོས་བྱས་པས། དེས་སྡིག་པ་འདག་གམ་ཟེར་བ་ལ་འདག་བྱས་པས་འོ་ན་བྱའོ་ཟེར། ཕྱིས་ངས་སྐྱོ་བསངས་ལ་སོང་བའི་དྲུང་དུ་བྱུང༌། ང་ལ་སྡིག་པ་སྦྱོང་རྒྱུ་རང་མི་འདུག་ཟེར། ཁོས་ངོ་བོ་རྟོགས་པས་དེ་ཙུགས་ཡིན་ཞེས་གསུངས། སྡིག་པ་འདག་པ་ལ་སྟོབས་བཞིས་བཤགས་པ་རྒྱུན་རིང་པོ་བྱས་པ་ལས་ངོ་བོ་ཡུད་ཙམ་སྒོམ་པ་འདག་སྟོབས་ཆེ། ངོ་བོ་རྟོགས་པའི་ཏིང་ངེ་འཛིན་གྱི་ཆ་ནས་ས་ལམ་དང་སྦྱར་ན་སྒོམ་ལམ་ནོན་འདུག འཕྲལ་སྣང་བའི་རྟགས་ལ་ཚོགས་ལམ་ཆེན་པོ་ཡང་མ་ནོན་པར་འདུག་ནའང་ངོ་བོ་རྟོགས་པ་དེ་ས་ལམ་དང་བསྟུན་ན་སྒོམ་ལམ་ནོན་པ་ཡིན་ཏེ། རང་བཞིན་ཉིད་དབང་ཆེ་བ་ཡིན་ཞེས་གསུང༌། དེ་ཡང་དབང་པོ་རྣོན་པོ་ཅིག་ཅར་བའི་གང་ཟག་ལ་ངོ་བོ་ཉིད་རྟོགས་པའི་མོས་དགེ་སད་རུང་ལ་འདི་ཉིད་ཀྱི་རྟོག་པ་ཁོ་ན་ལ་རྩལ་འདོན་གྱི་བསག་སྦྱང་གིས་འདི་ཉིད་རྟོགས་པ་ན། སྣང་རྟགས་ཀྱི་ཆ་རྣམས་མ་བསྒྲུབས་ཀྱང་སྣང་རྟགས་རྣམས་མ་བྱུང་བ་ཡིན་ལ། རིམ་གྱིས་པ་དབང་པོ་བརྟུལ་འབྲིང་གིས་རིམ་གྱིས་པའི་གང་ཟག་མདོ་རྒྱུད་ནས་འབྱུང་བའི་ས་ལམ་གྱི་རིམ་པ་དང་སྦྱར་ནས་ངོ་བོ་དང་སྣང་རྟགས་གཉིས་ཀ་བསྒྲུབས་ན་སྣང་རྟགས་རྣམས་འབྱུང་སྟེ་མདོ་ལྟར་ན་བསྐལ་པ་གྲངས་མེད་དུ་མར་སྣང་རྟགས་ཀྱི་རྒྱུ་སྔོན་དུ་བསྒྲུབས་ནས་ངོ་བོ་རྟོགས་པར་བྱེད་པ་དང༌། སྔགས་ལྟར་ན་སྐྱེད་རིམ་ལ་བརྟན་ནས་མངོན་ཤེས་རྫུ་འཕྲུལ་ཟད་པར་དང་ཟིལ་གནོན་སོགས་ཀྱི་སྣང་རྟགས་རྣམས་བསྒྲུབས་ནས་མཐར་རྫོགས་རིམ་གྱིས་ངོ་བོ་རྟོགས་པར་བྱེད་པའི་ཕྱིར། དེས་ན་དབང་རྣོན་ཅིག་ཅར་བ་དེ་ངོ་བོ་དེ་ཉིད་ལ་ཅིག་སྒྲིལ་དུ་བྱས་ནས་སྐྱོང་བས་འཕགས་པ་རྟོགས་པ་སྐྱེའང༌། དབང་པོ་བརྟུལ་འབྲིང་ལྟར་སྣང་རྟགས་ལ་མ་སྒྲིལ་བས་སོ་སྐྱེའི་ལམ་རྟགས་ཙམ་ལས་མི་འབྱུང་བ་ཡིན་ཀྱང༌། ངོ་བོ་རྟོགས་པ་དེས་སྣང་རྟགས་འདོད་ན་ངོ་བོ་དེ་ཉིད་ཀྱི་རྟོགས་པ་ཡུད་ཙམ་རེས་སྣང་རྟགས་སྒྲུབ་ན་སྣང་རྟགས་ཐམས་ཅད་རྩོལ་མེད་དུ་འབྱུང་སྟེ། བཀའ་བརྒྱུད་རིན་པོ་ཆེའི་གྲུབ་ཐོབ་དག་གིས། རྫུ་འཕྲུལ་སོགས་སྣང་རྟགས་མཐའ་ཡས་པ་སྐད་ཅིག་ཙམ་མངོན་དུ་མཛད་ནས་རྫུ་འཕྲུལ་ལ་སེམས་གཏོད་པའི་གདུལ་བྱ་དག་འདུལ་བར་མཛད་པ་ལྟ་བུའོ། །དེས་ན་རྒྱལ་བའི་ཡུམ་སོགས་སངས་རྒྱས་ཀྱི་མདོ་རྒྱུད་ཀྱི་བཀའ་ལའང་རྟོགས་པ་དང་སྣང་རྟགས་གཉིས་གཏན་ལ་འབེབས་ནས་སྒྲུབ་ཚུལ་ཀྱང་ཡ་བྲལ་དང་ཟུང་འབྲེལ་ཅི་རིགས་སུ་ཡོད་དེ། དངོས་བསྟན་སྟོང་ཉིད་ཀྱི་ཚུལ་དང༌། སྦས་དོན་མངོན་རྟོགས་ཀྱི་ཚུལ་གཉིས་ལས། དངོས་བསྟན་སྟོང་ཉིད་ཀྱི་ཚུལ་གྱི་གདུལ་བྱ་བཀྲི་ཚུལ་ནི། མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་དབུ་མའི་ལམ་གྱི་ཁྲིད་ཚུལ་དང༌། སྦས་དོན་མངོན་རྟོགས་ཀྱི་ཚུལ་གྱི་གདུལ་བྱ་བཀྲི་ཚུལ་ནི། རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་སེམས་ཙམ་གྱི་ལམ་རིམ་གྱི་ཁྲིད་ཚུལ་ཡིན་པས། དངོས་བསྟན་སྟོང་ཉིད་ཀྱི་ཁྲིད་ཚུལ་དབང་པོ་རྣོན་པོའི་རིགས་ལ་དབུ་མ་ཐལ་འགྱུར་བའི་ལྟ་སྒོམ་གྱིས་སྤྲོས་པ་ཅིག་ཅར་གཅོད་པའི་རྒྱུན་ཆད་རབ་ཏུ་མི་གནས་པའི་དབུ་མ་ཞེས་སུ་གྲགས་ལ། ལུགས་འདི་པས་ཀྱང་སྣང་རྟགས་གཙོ་བོར་མི་སྒྲུབ་པར་དེ་ཁོ་ན་ཉིད་ཀྱི་རྟོགས་པ་ལ་གཙོ་བོར་མཛད་པས་སྣང་རྟགས་ཀྱི་ཡོན་ཏན་ཐམས་ཅད་ཞར་བྱུང་དུ་རྩལ་རྫོགས་པར་འགྱུར་བའི་བཀའ་སྲོལ་ཡང་སྣང་ལ། དེས་ན་བདག་གི་རྗེ་བླ་མ་འོད་ཟེར་ཞབས་ཀྱི་ཞལ་སྔ་ནས། ཁོ་བོ་རྟོགས་པའི་དབང་དུ་བྱས་ན་མདོ་སྡེ་ས་བཅུ་ནས་བཤད་པའི་ས་བརྒྱད་པ་ནོན་པ་ཙམ་ཡིན་ལ།རྟགས་ཀྱི་དབང་དུ་བྱས་ན་ཚོགས་ལམ་ཆེན་པོའི་ཡོན་ཏན་ཅི་ཡང་མེད་ཅེས་གསུངས་སོ། །གཞན་ཡང་ངོ་བོ་ག་དར་ལས་འདི་ལྟར་འབྱུང་སྟེ། ངོ་བོ་རྟོགས་ན་རང་རྒྱུད་ཀྱི་འཆིང་བ་རང་སར་གྲོལ་བས་སྣང་རྟགས་ཐམས་ཅད་གཞན་ལ་འབད་མེད་དུའང་འབྱུང་བས་རང་ངོ་ནས་སྣང་རྟགས་མཐོང་བ་དང་བསྟན་ཀྱང་མི་དགོས་སོ། །གསང་སྔགས་ལྟར་ན་སྣང་རྟགས་ཕལ་ཆེར་རྩ་རླུང་སྒོམ་ན་ཐུན་མོང་གི་དངོས་གྲུབ་འཕྲལ་ལ་འབྱུང་ཡང་འཚང་རྒྱ་བ་ལ་མི་ཕན། སྤྱིར་བྱམས་ཆོས་སོགས་ནས་འབྱུང་བའི་སྣང་རྟགས་ཚང་ཡང་རྟོགས་པ་མེད་པ་ཡང་ཡོད་ལ། རྟོགས་པ་ཡོད་ཀྱང་སྣང་རྟགས་མེད་པ་ཡང་ཡོད་ལ། གཉིས་ཀ་འཛོམ་པའི་གང་ཟག་སྟེ་གང་ཟག་གི་རིགས་ཐ་དད་པ་དུ་མ་ཡོད་ཅེས་ཨ་ཏི་ཤས་འབྲོམ་ལ་བཀའ་སྩལ་ནས་བཀའ་གདམས་ཀྱི་བླ་མ་དག་གིས་ཀྱང་བཤད་ཅིང་ལ་ལ་ཅི་ཙུགས་འོང་མ་ངེས་པར་བཤད་ཡོད་གསུངས། དེས་ན་རྟགས་མེད་ཀྱང་རྟོགས་པ་ཡོད་པས་རྟོགས་པ་ལ་ཐེ་ཚོམ་མི་ཟ་བར་རྟོགས་པ་ཉིད་སྐྱོང་བར་བྱའོ། །

༡༠༠

ཡང་ངོ་བོ་ག་དར་ལས། ཡེ་ཤེས་ཀྱི་ཚོགས་ཀྱང་ངོ་བོ་དེ་ག་ཡིན་དེ་ཉིད་མངོན་དུ་གྱུར་ཐབས་ལ་བསོད་ནམས་ཀྱི་ཚོགས་སོགས་པ་ཡིན། ཡེ་ཤེས་ཀྱི་ཚོགས་ཀྱི་རང་གི་དེ་གསར་དུ་སྐྱེ་བ་དང༌། གནས་པ་དང་འཕེལ་བའི་རྒྱུ་གང་ཡང་མི་དགོས་ཏེ། ཁོ་རང་གི་ངོ་བོ་ལ་རེས་གནས་རེས་མི་གནས། རེས་འཕེལ་རེས་འགྲིབ་པ་གང་དུའང་མི་འགྱུར་བའི་ཕྱིར། འགའ་ཞིག་ངོ་བོ་ཤར་ནས་བསོད་ནམས་བསགས་ནས་ངོ་བོ་སྒོམ་ན་ངོ་བོ་གསལ་དུ་འགྲོ་བར་འདུག་ཟེར་ཏེ་ངས་ནི་ངོ་བོ་ཤར་ནས་བསོད་ནམས་བསགས་ཀྱང་ངོ་བོ་གསལ་དུ་འགྲོ་བ་མ་ཚོར་བར་འདྲ་བ་ཞིག་བྱུང༌། ངོ་བོ་ཤར་ན་དེ་ཉིད་ལ་གནད་དུ་བསྣུན་པས་ཡེ་ཤེས་ཀྱི་ཚོགས་དེ་ཉིད་ཀྱིས་ངོ་བོ་དངོས་སུ་རྟོགས་ཕུལ་ཆེས་པ་ན་བསོད་ནམས་ཀྱི་ཚོགས་ཐམས་ཅད་ཞར་ལ་རྫོགས་འགྲོ་བ་ཡིན་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་གང་དུ་ཡོད་པའི་བསོད་ནམས་འབྱུང་བ་དེར་བློན་པོ་རིན་པོ་ཆེ་སོགས་རིན་པོ་ཆེ་རྣམས་འབྱུང་བའི་བསོད་ནམས་ཀྱང་དེའི་ངང་དུ་ཡོད་པ་དང་འདྲ་བ་ལྟ་བུའོ། །ངོ་བོ་སྒོམ་པ་ཉིད་ཀྱིས་སྡིག་སྒྲིབ་ཐམས་ཅད་དག་ན་སྤང་བྱ་ཐམས་ཅད་ཟད་པར་ཟད། རྟོགས་པ་ཐམས་ཅད་ཕུལ་དུ་ཕྱིན་པར་ཕྱིན། ངོ་བོ་ཤར་སྒོམ་གྱིས་སྡིག་པ་བཤགས་པས་སྡིག་པ་རྩ་བ་ནས་དག་པས་ངོ་བོའི་དབྱིངས་སམ་གུང་ལ་སྡིག་སྒྲིབ་ཀྱི་ཆ་ཅུང་ཟད་ཀྱང་མཐོང་བ་མེད་པས་ངོ་བོ་སྒོམ་པ་གཅིག་པུས་ཆོག་གསུངས་ཏེ། དེ་ཉིད་ཀྱི་ཕྱིར། མགོན་པོ་འབྲི་ཁུང་པས། མཉམ་གཞག་ལས་ཡོན་ཏན་ཐམས་ཅད་འབྱུང༌། ཞེས་གསུངས་པ་ཡིན་ནོ། །ངོ་བོའི་རྟོགས་པ་འདི་ཉིད་ཤར་ནས་སྐྱབས་སུ་སོང་བ་ན་ཆོས་ཉིད་ཀྱི་སྐྱབས་འགྲོ་སྡོམ་པ་བསྲུང་བ་ན་ཟག་མེད་ཀྱི་སྡོམ་པ། སྙིང་རྗེ་འཆར་བ་ན་དམིགས་མེད་ཀྱི་སྙིང་རྗེ། སེམས་བསྐྱེད་པ་ན་དོན་དམ་སེམས་བསྐྱེད། དམ་ཚིག་སྐྱོང་བ་ན་ཡེ་སྲུང་གི་དམ་ཚིག་ཡིན་པས། ངོ་བོ་འདི་ཤར་ན་སྐྱབས་སེམས་སྡོམ་དམ་ཐམས་ཅད་ལས་ཉམས་པ་མེད། ངོ་བོ་མ་ཤར་ན་སྐྱབས་སེམས་སྡོམ་དམ་སོགས་ཕྱོགས་རེ་བ་ལ་ཕུལ་དུ་ཕྱིན་པ་སྐད་བྱས་ཀྱང་ནམ་ཕུགས་ཉམས་འགྲོ་བས་བསླུ་རྫུན་གྱི་མགོ་སྐོར་འདྲ་ཞིག་ལས་མི་འབྱུང༌། ངོ་བོ་ཤར་ན་བསླུ་བ་མེད་པར་བདེན་པས་དེའི་ཤུགས་ཀྱིས་སྐྱབས་སེམས་སོགས་ཀྱང་བདེན་པ་མཐར་སྐྱེལ་དུ་རྫོགས་འགྲོ་བ་ཡིན། ཀུན་གཞིའི་རྣམ་ཤེས་དང་ངོ་བོ་གཉིས་ཀྱི་ཁྱད་པར་ཡང་རང་ངོ་རིག་པ་དང་མ་རིག་པའི་ཁྱད་པར་མ་གཏོགས། ཀུན་གཞིའི་རྣམ་ཤེས་བྱ་བ་ངོ་བོ་ལས་རང་ཚོ་ཐུབ་པར་གཞན་དུ་མ་གྲུབ། ངོ་བོ་དེ་ཉིད་ཀྱི་རང་བཞིན་ལ་ལུང་མ་བསྟན་རང་ག་བར་སྒྲིབ་པའི་རྣམ་རིག་དམིགས་རྣམ་ཕྱོགས་གཅིག་པ་མིན་པའི་རྨོངས་པ་ནི་ཀུན་གཞི་སྟེ་དེས་འཁོར་བའི་ཆོས་ཐམས་ཅད་གཞི་མེད་དུ་འཁྲུལ་པ་དང་བྲལ་བར་རྟེན་ཅིང་འབྲེལ་བར་འབྱུང་ངོ༌། །ངོ་བོ་འདི་ཉིད་རྩེ་གཅིག་ཏུ་ཡེ་རེ་བའི་ཆ་ཞི་གནས། རིག་པ་གྱུང་གྱུ་བའི་ཆ་དེ་ལྷག་མཐོང་ཡིན་པས་ངོ་བོ་ལ་འཆར་སྒོ་ཅི་ཡང་འབྱུང་བས། ངོ་བོ་ལ་མཐའ་གཅིག་ཏུ་འདི་ལྟར་འཆར་བྱ་བའི་ངེས་བཟུང་མེད། ངོ་བོ་སྒོམ་པས་བར་དོའི་སྐྱེ་སྲིད་དག་ནས་འཚང་རྒྱ་བར་འགྱུར། གལ་ཏེ་སངས་མ་རྒྱས་ན་གཙང་མ་རིས་ཀྱི་འཕགས་པའི་གནས་སུ་སྐྱེས་ནས། སངས་རྒྱས་དང་བླ་མའི་ཕྲིན་ལས་ཀྱིས་རྒྱུད་བསྐུལ་ནས་འཚང་རྒྱ་བ་ཡིན། དེ་ལས་འགྲོ་ས་མེད་གསུངས་སོ། །ངོ་བོ་རྟོགས་པ་དེ་བར་དོར་འཁོར་བར་སྐྱེ་བའི་སྐྱེ་བ་དག་ཙ་ན་ལུས་རིག་པ་དང་བྲལ་དུས་ངོ་བོ་དེ་ཉིད་དེར་ཆོས་སྐུར་སངས་རྒྱས་པ་ཡིན་ནམ་འོན་ཏེ་རིག་པ་འོག་མིན་དུ་འགྲོ་ནས་སངས་རྒྱས་པ་ཡིན་ནམ་ཞེ་ན། རིག་པ་ལུས་ལས་འདས་ཏེ་སྲིད་རྩེ་ལས་བརྒལ་བའི་འོག་མིན་གྱི་གནས་བྱ་བ་ཞིག་ཏུ་སོང་ནས་འཚང་རྒྱ་བ་མིན། དེ་ཉིད་དུ་བློ་བྱས་རྫུན་པའི་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུའི་རིག་པ་དྲི་མ་མེད་པའི་གཞི་དེ་ལ་འོག་མིན་ཟེར་བ་ཡིན། ངོ་བོའི་རིག་པ་གཟུགས་ཅན་མིན་པས་ཡར་མར་སོགས་ཀྱི་གནས་ལ་བགྲོད་པའི་འགྲོ་འདུག་མེད། དེ་ཉིད་ལ་ལྡང་འཇུག་གཉིས་སུ་བྱར་མེད་པས་མཉམ་རྗེས་མི་འབྱུང༌། ངོ་བོ་དེ་ཉིད་གང་དུ་ཤར་བ་དེར་མཁའ་མཉམ་གྱི་ཤེས་བྱ་ཐམས་ཅད་དེ་གསལ་བ་ལས། ངོ་བོ་དེ་ཤེས་བྱ་ཐམས་ཅད་ཀྱི་གན་དུ་སོང་ནས་ཐམས་ཅད་མཁྱེན་པའི་ཚུལ་གྱིས་འཚང་རྒྱ་བ་མིན་ངོ་བོ་ཤར་ཕྱིན་རྣམ་རྟོག་ཅི་སྐྱེས་ཀྱང་ངོ་བོ་དེ་ཉིད་ཀྱི་གཞི་ཐོག་ཏུ་གྲོལ་བས་རྣམ་རྟོག་སྣ་ཚོགས་ཀྱི་ཐོག་ནས་རྩེ་གཅིག་ཏུ་བསྒོམས་པས་རང་གྲོལ་དུ་འགྲོ་གསུངས། ངོ་བོ་ཤར་ཡང་ད་དུང་མཐར་མ་ཕྱིན་པས་རྟོག་པ་ཅུང་ཟད་འགྱུར་ཡང་དེ་ཉིད་ཡིད་བྱེད་གཡོ་བའི་རླུང་དང་ངོ་བོ་ཉིད་ཀྱི་རྟོག་པ་བྱ་བ་ཡིན་པས་བདེན་རྟོག་ནུས་མེད་དུ་སོང་བ་དེས་དགེ་མི་དགེའི་ལས་བསགས་ཀྱང་སྒྱུ་མ་ལྟ་བུའི་ལས་སུ་སོང་བས་འཁོར་བའི་བདེ་སྡུག་གི་འབྲས་བུ་གང་ཡང་འབྱིན་མི་ནུས་གསུངས། དེས་ན་རྟོགས་ལྡན་གྱི་རྣལ་འབྱོར་པས་དགེ་མི་དགེ་ལྟར་སྣང་བ་ཅི་སྤྱད་ཀྱང་གཞན་དོན་གྱི་དགེ་བ་རླབས་ཆེན་དུ་འགྱུར་བ་ལས་རང་དོན་གྱི་འཁོར་བའི་བདེ་སྡུག་གི་རྒྱུར་འགྱུར་བ་མ་ཡིན་པས། དྭགས་པོ་བཀའ་བརྒྱུད་ཀྱི་བླ་མ་ཚད་མ་དག་གིས་སྡེ་འཁྲུག་མཛད་པ་ལྟ་བུའི་ཕྲིན་ལས་སྐྱོང་བ་ལའང་མཆོག་ཏུ་དད་པ་བྱ་བའི་གནས་ཁོ་ནའོ། །ཡང་འདི་ལྟར་གསུངས་ཏེ།སེམས་ཙམ་པས་རིག་པ་ཉིད་དོན་དམ་བདེན་གྲུབ་ཏུ་འདོད། དབུ་མ་པས་རིག་པ་ཉིད་དེ་དང་དེར་མ་གྲུབ་པའི་དོན་དམ་སྐྱེ་མེད་དུ་འདོད། དེ་ལ་གསང་སྔགས་པས་རིག་པ་བདེ་བའི་ངོ་བོར་བསྐྱེད་དེ་ལྟ་སྒོམ་དུ་བྱེད། རྫོགས་ཆེན་པས་དེ་ཉིད་ཕྱལ་སྟོང་དུ་ལ་བཟླས་ཏེ་ལྟ་སྒོམ་དུ་བྱེད། ཕྱག་རྒྱ་པ་རྣམས་དེ་ཉིད་བཏང་སྙོམས་ཙམ་དུ་བྱས་ནས་ལྟ་སྒོམ་དུ་བྱེད་ཀྱང༌། དེ་ལྟའི་ཚུལ་གྱི་རྟོགས་པ་ཐམས་ཅད་བློས་བྱས་ཀྱི་ལྟ་སྒོམ་ཡིན། བློས་བྱས་དེ་ཙམ་གྱི་ངོ་བོ་ཐ་མལ་གྱི་ཤེས་པའི་གནས་ལུགས་ཀྱི་ལྟ་སྒོམ་དུ་མ་སོང་བྱས་ནས་ལྟ་སྒོམ་དུ་རིག་པའི་གནས་ལུགས་དེ་ལྟར་འདོད་ཅིང་ཞེན་པས། དེ་དང་མཐུན་པར་རྟོགས་པའི་ཉམས་མྱོང་མ་དག་གི་རིང་ལ་བློ་བྲལ་གྱི་ངོ་བོ་ཤར་བ་མི་སྲིད། འོན་ཀྱང་གྲུབ་མཐའ་དང་ཐེག་པའི་རིམ་པ་དང་སྒོ་བསྟུན་པའི་ཉམས་རྟོགས་ཀྱང་རང་སའི་བསག་སྦྱང་གི་སྐལ་བ་དང་འཚམ་པར་འབྱུང་བའི་བླ་མའི་བྱིན་རླབས་དང་རང་གི་བསོད་ནམས་ཡིན་པར་ནན་ཏན་དུ་བསྒོམ་བྱ་ཁོ་ནར་གསུངས་སོ། །གནད་འདི་ཉིད་ཀྱི་ཕྱིར། མགོན་པོ་འབྲི་ཁུང་པས། ཆེན་པོ་གསུམ་གྱི་མ་རེག་པ། འོད་གསལ་ལས་འདས་པ་དགའ་བ་བཞི་ལས་ཁྱད་པར་དུ་འཕགས་པའི་ལྟ་བ་དང་རྟོགས་པ་ཞེས་གསུངས་སོ། །ཡང་འདི་ལྟར་གསུངས་ཏེ། ཐ་མལ་གྱི་ཤེས་པའི་ངོ་བོ་དེ་ཉིད་ལ་ཡང་ཆོས་ཅན་སེམས་ཀྱི་ངོ་བོ་དང༌། ཆོས་ཉིད་དོན་གྱི་ངོ་བོ་གཉིས་ལས་དང་པོ་ནི་གསལ་ལ་མ་འགགས་པ་སྣ་ཚོགས་སུ་འཆར་བའོ། །གཉིས་པ་ནི། དེ་ཉིད་ཀྱི་རང་བཞིན་སྤྲོས་བྲལ་དུ་ཡེ་ནས་ཤེས་པ་དེ་ཤེས་པ་གཞན་ལ་མ་ལྟོས་པར་རང་བྱུང་གི་ཡེ་ཤེས་སུ་གྲོལ་བའོ། །དེ་ན་སངས་རྒྱས་ཀྱི་སར་ཡང་རྟོགས་པ་ཡེ་ཤེས་ཆོས་སྐུ་དང་གཞན་སྣང་གཟུགས་ཀྱི་སྐུ་ལ་སོགས་པ་ཇི་ལྟར་བཞག་སྙམ་ན། བློ་འདས་ཀྱི་རིག་པ་དེ་ཉིད་དྲི་མེད་དུ་སོང་བ་ན་རྟོག་པ་ཡེ་ཤེས་ཆོས་ཉིད་ཀྱི་སྐུ་ཡིན། ཡེ་ཤེས་སམ་རིག་པ་དེ་ཉིད་ཀྱིས་གར་ཁྱབ་ཏུ་སྟོང་པ་ཉིད་ཀྱིས་ཁྱབ་ལ། དེས་གར་ཁྱབ་གཟུགས་སོགས་ཀྱི་སྣང་བ་སྣ་ཚོགས་འབྱུང་རུང་གིས་ཁྱབ་པས་སངས་རྒྱས་ཀྱི་ཡེ་ཤེས་ཆོས་སྐུས་གར་ཁྱབ་གཞན་སྣང་གཟུགས་སྐུས་ཁྱབ་པའི་སངས་རྒྱས་ཀྱི་བཞུགས་ཚུལ་འདི་ཡིན་ཞེས་འཁྲུལ་པའི་བློ་ལས་འདས་སོ། །ཚུལ་འདི་ཁོང་དུ་ཆུབ་ན་སངས་རྒྱས་མཆོག་གི་སྤྲུལ་སྐུའི་ཐུགས་རྒྱུད་ལ་རྟོགས་ཡེ་ཆོས་སྐུ་མེད་པར་བེམ་སྟོང་དུ་འདོད་པ་དང༌། འགའ་ཞིག་དེ་སངས་རྒྱས་དངོས་མིན་པས་གདུལ་བྱའི་རྒྱུད་ཀྱིས་བསྡུས་པའི་དད་སོགས་ཤེས་པའི་སེམས་སྣང་ཙམ་དུ་ཟད་དོ་ཞེས་ཐ་སྙད་སྣང་ཚུལ་གྱི་གྲགས་པ་ལས་བརྒལ་བ་རྣམས་ཀྱང་མི་རིགས་པར་གྲུབ་བོ། །ད་ལྟར་མཉམ་གཞག་ན་ངོ་བོ་འོད་གསལ་བར་འདུག་ཀྱང་རྗེས་སུ་ཐོབ་ལ་རིག་པ་རླུང་གིས་གཡོ་ནས་རྣམ་རྟོག་གི་རོ་ལྡང་ཉེར་ཆེ་བས་རིག་པ་སྐྱོད་བྱེད་ཀྱི་རླུང་མ་དག་ན་བར་དོར་ཡང་དེ་ཙུགས་འོང་བས། སླར་རྣམ་རྟོག་གི་རོ་ལྡང་ནས་འཁོར་བར་འཁོར་རམ་སྙམ་ན། དེ་ལྟའི་སྐྱོན་མེད་དེ། བླ་མ་མར་པའི་ཞལ་ནས། ད་ལྟ་མཉམ་གཞག་ན་ངོ་བོ་ཐ་མལ་གྱི་ཤེས་པ་ངོ་འཕྲོད་པ་ཞིག་གིས་འཆི་རྩ་ན་འབྱུང་བ་རྣམས་རིམ་གྱིས་ཐིམ་ནས་གཙོའི་སེམས་སྣང་མཆེད་ཐོབ་གསུམ་དང༌། སེམས་བྱུང་ཀུན་རྟོག་བརྒྱད་ཅུ་རིམ་གྱིས་བསྡུས་ནས་འོད་གསལ་དུ་ཐིམ་པ་ན། སྔར་ངོ་འཕྲོད་པའི་ཐ་མལ་གྱི་ཤེས་པ་དེ་ཉིད་ཡེ་རེ་མཐོང་བ་ན། རླུང་གི་རྒྱུ་བ་ཐིམ་པའི་དབང་གིས་སླར་རྣམ་རྟོག་སྐྱོད་བྱེད་ཀྱི་རླུང་ལྡང་མི་ནུས་པས་དུས་དེར་འོད་གསལ་གྱི་ངང་དུ་རྒྱ་འབྱམས་ནས་ཇི་ལྟར་འདོད་བཞིན་མངའ་བསྒྱུར་དུ་ཡོད་པ་ཡིན་ལ། དེ་ཡང་བར་དོར་རང་ལུས་མེད་པས་རང་ལུས་དེ་ལ་བརྟེན་པའི་རྣམ་རྟོག་རགས་པ་སྐྱོད་བྱེད་ཀྱི་རླུང་ཡང་གཡོ་མི་ནུས་པའི་སྐབས་དེར་ལས་ཀྱི་རླུང་གི་རྒྱུ་བ་རང་དབང་གི་ཤེད་ཅན་དུ་འཁྱེར་མི་ནུས་སོ། །བླ་མ་མི་ལའི་ཞལ་ནས། འོད་གསལ་བ་ལ་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང༌། །ཞེས་གསུངས་པས། དེང་སང་བཀའ་བརྒྱུད་ཀྱི་སྲོལ་འདི་ལ། འཆི་སྲིད་ཀྱི་དུས་ཐུགས་དམ་ལ་བཞུགས་མ་བཞུགས་ཀྱི་ཐ་སྙད་མཛད་ནས་དེར་ཐུགས་དམ་རྒྱུན་རིང་ཐུང་གང་ལ་བཞུགས་པ་ན་དེ་ཉིད་དུ་འཁོར་རྒྱུན་གཅོད་ནུས་པས། དེའི་རྟེན་འབྲེལ་གྱིས་ཕྱི་རྟགས་སུའང་ས་གཞི་གཡོ་བ་དང་ནམ་མཁའ་སྒྲིབ་བྲལ་ལ་འཇའ་དང་འོད་ཟེར་མེ་ཏོག་གི་ཆར་སོགས་འབབ་ཅིང་སྐུ་གདུང་སྐུ་གཟུགས་དང་རིང་བསྲེལ་གྱི་ཕུང་པོ་འགྱུར་ལ། གསུར་དྲི་སོགས་དྲི་ངན་མེད་པར་དྲི་བཟང་གི་ངད་ཀྱིས་ས་དང་ནམ་མཁའ་ཁྱབ་པར་འབྱུང་ཞིང༌། ནམ་མཁའ་ནས་རོལ་མོའི་སྒྲ་སོགས་གྲག་པའང་འབྱུང་བ་ཤ་སྟག་བྱུང་བ་ལ་རྩིས་པོ་ཆེར་བྱེད་ཅིང་སྐལ་བ་དང་ལྡན་པའི་གདུལ་བྱ་དག་གིས་འདི་ལྟ་བུ་མཚར་ཆེའོ་ཞེས་དད་པས་གསོལ་བ་འདེབས་ཤིང་སྐྱབས་སུ་མཆི་བར་བྱེད་པ་ལ། བོད་ཀྱི་མཁས་པར་ཁས་འཆེ་བ་མང་པོས་འདི་ལྟ་བུ་ནི་མདོ་རྒྱུད་ལས་མ་བཤད་པའི་རང་བཟོའི་སངས་རྒྱས་ཚུལ་བརྫུན་མ་ཡིན་ཅིང། ངོ་མཚར་གྱི་རྟགས་འདི་རྣམས་ཀྱང་བདུད་ཀྱི་མཚན་མའོ་ཟེར་བའང་སྣང་བ་ནི། ཕྲག་དོག་གམ་རྨོངས་པའི་འགྲོ་བའི་གཏམ་དུ་ཟད། འོད་གསལ་མངོན་དུ་བྱས་པས་འཚང་རྒྱ་བའི་ཚུལ་སྤྱིར་མདོ་རྒྱུད་དང་ཁྱད་པར་གསང་སྔགས་ཕྱི་ནང༌། སྒོས་དཔལ་ལྡན་འདུས་པ་སོགས་ཀྱི་བསྐྱེད་རྫོགས་ཀྱི་འོད་གསལ་བའི་རིམ་པ་མཐའ་ཡས་པས་སངས་རྒྱས་སྒྲུབ་པའི་ཚུལ་གཞལ་དུ་མེད་པའི་ཆ་ཙམ་ཀྱང་མ་ཐོས་པར་བྱུང་རྒྱལ་དུ་སྨྲས་འདུག་པའི་ཕྱིར། དེས་ན་འདི་ལྟ་བུའི་མན་ངག་ལ་རླུང་སེམས་གཉིས་མེད་ཀྱི་གདམས་པ་ཞེས་པ་སྟེ། ཀརྨ་བཀའ་བརྒྱུད་ལ་གྲགས་པའི་ཟབ་ཆོས་ཀྱི་གནད་ཀྱང་འདི་ཁོ་ནར་ཤེས་དགོས་ཏེ། ཇི་སྐད་དུ། མཚུར་མདོ་བོ་ལུང་གི་དགོན་པ་ན། །ཆོས་རླུང་སེམས་གཉིས་ལ་མངའ་བརྙེས་པ། །རྗེ་དབུ་སེའི་སྐུ་ལ་གསོལ་བ་འདེབས། །ངེད་གསོལ་འདེབས་ཀྱི་བུ་ཚོ་ལ་བྱིན་གྱིས་རློབས། །ཞེས་འབྱུང་བ་ལྟ་བུའོ། །བཀའ་གདམས་པའི་བླ་མ་རྣམས་སྔགས་སྒོམ་པར་འདུག་ཀྱང༌། རབ་ཚེ་འདི། འབྲིང་བར་དོ། ཐ་མ་སྐྱེ་བ་ཕྱི་མའམ་སྐྱེ་བ་བདུན་ལ་འཚང་རྒྱ། དེ་མ་རྒྱས་ན་དམ་ཚིག་ཉམ་པ་ཡིན་པས་ཕོག་ཅིག་རྡོ་རྗེ་དམྱལ་བར་འགྲོ་གསུངས་ཏེ། སྐྱེ་བ་བརྒྱུད་ནས་སངས་རྒྱས་དགོས་པ་ནི་ཚེ་འདིར་མཉམ་གཞག་འོད་གསལ་ཐ་མལ་ཤེས་པ་ངོ་མ་འཕྲོད་པའི་དབང་དུ་བྱས་པ་ཡིན་ཏེ་དེ་ལྟར་ངོ་འཕྲོད་ན་འཆི་སྲིད་དུ་སངས་མི་རྒྱས་ཀ་མེད་ཀྱང་དེ་ལྟར་མ་རྒྱས་པ་ནི་མཉམ་གཞག་ཏུ་ངོ་བོ་མ་ཤར་བ་ཉིད་ལ་ཐུག་པའི་ཕྱིར། ལ་ཆ་གྲང་མོ་འབྱར་དུ་མ་བཏུབ་པ་ལྟ་བུའོ། །འདིའི་སངས་རྒྱས་ཀྱང་མ་མཐའི་ས་མཚམས་དང་ཡ་མཐའི་ས་མཚམས་གཉིས་ལ་ཡ་མཐའི་ས་མཚམས་ནི་རྫོགས་སངས་རྒྱས་ཉིད་ལ་བཟུང་ལ། མ་མཐའི་ས་མཚམས་ནི་ལས་ཀྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པའི་གནས་པ་ལ་གྲོལ་ནས་ངོ་བོའི་རྟོགས་པ་དེ་ཉིད་ཀྱིས་དག་པ་དང་མ་དག་པའི་གནས་གང་དང་གང་དུ་སྐྱེ་བ་ལ་རང་དབང་ཐོབ་པ་ལ་སངས་རྒྱས་སུ་བརྗོད་པ་ཡིན་གྱི། ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་གསུམ་རྡོ་རྗེ་འཛིན་པ་ལྟ་བུའི་ས་ལ་མཐའ་གཅིག་ཏུ་བཟུང་བ་མིན་པར་ཤེས་པ་དགོས་པས་མཉམ་གཞག་ཏུ་ངོ་བོ་ངོ་འཕྲོད་པའི་བསག་སྦྱང་ལ་ནན་ཏན་བྱ་དགོས་སོ། །

༡༠༡

མདོར་ན་རང་ལ་གང་སྣང་གི་ཆོས་ཐམས་ཅད་རང་སེམས་ཉིད་ཀྱི་དབང་བསྒྱུར་བྱའི་སྣང་བ་ལས་སྣང་ཆས་རང་སེམས་དབང་མེད་དུུ་བསྒྱུར་བྱའི་ཆོས་སུ་མ་གྲུབ་པས། འཁོར་འདས་འཆིང་གྲོལ་ཐམས་ཅད་རང་གི་སེམས་ཉིད་ལ་རག་ལས་པས། སེམས་དེ་ཉིད་ལ་རྣམ་རྟོག་གི་དྲི་མའི་རྗེས་སུ་འབྲང་བའི་བཅོས་མས་མ་བསླད་པར་བཞག་པ་ནས་དེའི་ངང་ལས་མ་ཡེངས་པའི་དྲན་པས་སྐྱོང་བས་ནམ་ཞིག་གོམས་པ་ཀློང་དུ་ཆུད་པ་ན་དྲན་པ་མ་ཡེངས་པ་བྱ་མི་དགོས་པར་རྣམ་རྟོག་གིས་ངོ་བོ་ལ་བསླད་མི་ནུས། དེའི་ཚེ་ལས་རླུང་གི་གཡོ་བ་ཆད། ཡེ་ཤེས་ཀྱི་རླུང་གཅིག་ཏུ་འགྲོ། རྣམ་རྟོག་གལ་སྲིད་ཤར་ཡང་འཁོར་བའི་བག་ཆགས་ཀྱི་དྲི་མ་མི་འཛིན་དེ་ཙ་ན་སེམས་འཁོར་བའི་གནས་ངན་པ་ལ་ཕྱིར་མི་འོང༌། མ་ཡེངས་པའི་དྲན་པ་བསྟེན་མི་དགོས་པ་འབྱུང་མཉམ་གཞག་ལ་ངོ་བོ་ངོ་འཕྲོད་པ་དེ་ཉིད་ཀྱི་དུས་སུ་ངོ་བོ་ངོ་མི་གསལ་བ་དེ་ཅིས་ལན་ན། ངོ་བོའི་རིག་པ་བག་ལ་ཉལ་དུ་སོང་བ་མིན་ངོ་བོའི་རིག་པ་གསལ་སིང་ངེ་ཡོད་ཀྱང་གཉིད་མི་རྟོག་པ་འཐུག་པོས་ཤེས་པ་བསྡུས་ཆེས་པས་མ་ཚོར་བ་ཡིན། དེའི་དུས་ངོ་བོ་སླར་རྒྱུད་ལ་ཨེ་འཆར་གྱི་ཆེད་དུ་གཉིད་ཀྱི་ཚེ་འོད་གསལ་དང་རྨི་ལམ་གྱི་དུས་སླར་སྒྱུ་ལུས་འབད་ནས་སྒོམ་མི་དགོས་གཉིད་དང་རྨི་ལམ་གྱི་དུས་སུ་འོད་གསལ་དང་སྒྱུ་ལུས་རང་ཆས་སུ་ཡོད་པས་ཆོག གཉིད་དུས་ངོ་བོ་རྟོགས་པའི་རྟོགས་པ་དྲན་པས་མ་ཟིན་ཀྱང་ངོ་བོ་དེ་ཉིད་གཉིད་སད་པའི་རྗེས་ནས་རང་ཉམས་སུ་མྱོང་བ་དེས་རྗེས་ནས་བལྟས་པས། སྔར་མྱོང་གི་འོད་གསལ་གྱི་རྒྱུན་ལས་གཞན་དུ་མ་འཕོས་པར་ཡིད་ཆེས་པ་ངོ་བོའི་སྒོམ་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་སོང་བ་ཡིན་གསུངས། དེས་ན་ཐ་མལ་གྱི་ཤེས་པ་གཅིག་ཆོད་དུ་སོང་ན་ད་ལྟ་དང་འཆི་ཀ་གཉིས་ཀར་ངོ་བོ་འོད་གསལ་འདི་ཉིད་མ་གཏོགས་བར་དོའི་གདམས་པ་སྒོམ་མི་དགོས་ཏེ། འོད་གསལ་དུས་ཐམས་ཅད་པ་ཡིན་པས་དེས་སྲིད་པ་བར་མ་དོ་མི་མཐོང་བའི་ཕྱིར། དཔེར་ན་དགྲ་མི་འོང་བ་ལ་ཟོན་དང་སྐྱེལ་མ་མི་དགོས་པ་ལྟ་བུའོ། །དེའི་དོན་མཉམ་གཞག་ཏུ་ཐ་མལ་གྱི་ཤེས་པའི་ངོ་བོ་འཕྲོད་ནས་རིག་པ་ཉམས་མྱོང་གི་ཚུལ་འདི་ལྟ་བུ་ཡིན་ཞེས་བརྗོད་པ་ཡིན་ལ། དེ་ལྟར་མཉམ་གཞག་ཏུ་ངོ་མ་འཕྲོད་ཀྱང་ཐ་མལ་ཤེས་པའི་ངོ་བོ་གཤིས་ཀྱི་བཞུགས་ཚུལ་རང་ཉམས་སུ་ཅི་ལྟར་འཆར་ཚུལ་ཞར་བྱུང་དུ་བརྗོད་ན། ཐ་མལ་གྱི་ཤེས་པ་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་སྟོང་པ་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད། ཇི་སྐད་དུ། སྲོག་ཆགས་ཐམས་ཅད་ཀུན་ལ་ཡང༌། །དེ་ཉིད་ཡོད་དེ་རྟོགས་པ་མེད། །ཅེས་གསུངས་པ་ལྟར། ཐ་མལ་གྱི་ཤེས་པ་དེ་ཉིད་ཀྱང་ཤེས་པ་རིག་མྱོང་གི་ངོ་བོར་ཤེས་པ་ཉིད་ཤེས་པའི་བདག་ཉིད་དུ་བར་མ་ཆད་དུ་རང་རྒྱུད་ལ་ཡོད་ཅིང༌། དེའི་རང་གི་ངོ་བོ་རང་ཞལ་ཡེ་མཐོང་གི་ཚུལ་གྱིས་མཐོང་བ་རྒྱུན་མི་ཆད་པར་གནས་ཀྱང༌། དེ་དང་ལྷན་ཅིག་པའི་བཅོས་མ་གློ་བུར་གྱི་དྲི་མའི་སེམས་ཀྱི་ཕྱིན་ཅི་ལོག་བློར་དྲངས་པས་སེམས་ཅན་ཐ་མལ་པ་དག་གིས་སྒྲོ་སྐུར་བཅད་དེ་ཁོང་དུ་ཆུབ་པའི་བྱང་ཆུབ་དམ་པར་མ་གྱུར་པ་ན། དཔེར་ན་གཟུགས་འཛིན་མིག་ཤེས་ཚད་མས་གཟུགས་རྟོགས་ཀྱང་མ་ངེས་པ་ལྟ་བུ་དང༌། སྒྲ་རྟག་འཛིན་ཅན་གྱིས་སྒྲ་མི་རྟག་པར་མ་ངེས་པ་ལྟ་བུའོ། །དེས་ན་ཐ་མལ་གྱི་ཤེས་པའི་མྱོང་བ་ཡེ་ཤེས་ཀྱི་ཚུལ་ཅན་དེ་ཉིད་ཀྱི་དེ་ཉིད་རྣམ་པར་དག་པའི་ཡེ་ཤེས་སུ་མ་གྲུབ་ན། དེ་ཉིད་གསལ་བ་རབ་ཀྱི་མཐར་ཐུག་ཏུ་གྱུར་ཀྱང་སྒྲིབ་པའི་མུན་པ་སེལ་མི་ནུས་ཏེ། ཤེས་པ་རྣམས་ཀྱང་རང་ཉིད་ཤེས་པ་དང་གསལ་བའི་རང་བཞིན་དུ་མེད་ན་རང་ལས་གཞན་པའི་གསལ་བྱེད་དང་ཤེས་བྱེད་རིག་བྱེད་ཀྱི་དེ་གསལ་བ་དང་ཤེས་པ་དང་རིག་པར་བྱ་མི་ནུས་པའི་ཕྱིར། དེར་མ་ཟད་སེམས་ཅན་ཐ་མལ་པ་རྣམས་ཀྱིས་ཀྱང་ཆོས་དང་གང་ཟག་ཐམས་ཅད་ལ་དེ་དེར་གྲུབ་པའི་དངོས་པོ་སྟོང་པ་ཉིད་ལས་དངོས་པོར་གྲུབ་པར་ཡང་དག་པར་མཐོང་བ་མེད་ཀྱང༌།ཕྱིན་ཅི་ལོག་གི་བློས་ཆོས་གང་ཟག་གི་བདག་ཏུ་ཞེན་ནས་དེར་མཐོང་བ་ཉིད་ནི་འཁྲུལ་པ་སྟེ། དེའི་འཁྲུལ་པ་རྩད་ནས་ཆོད་པ་དེ་ཉིད་ལ་ཆོས་རྣམས་ཀྱི་ཆོས་ཉིད་པ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་ཅེས་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་འབྱུང་ལ། དེ་ལྟའི་གང་ཟག་དེའང་འཕགས་པའི་རྣལ་འབྱོར་པ་ཞེས་པར་འཇོག་པ་ཡིན་ནོ། །དེས་ན་འཕགས་པ་རྣམ་པར་གྲོལ་བའི་སྡེ་དང༌། སློབ་དཔོན་སེང་གེ་བཟང་པོ་དག་རྒྱལ་བའི་ཡུམ་ནས་འབྱུང་བའི་སངས་རྒྱས་ཀྱི་རིགས་ཀྱང་སེམས་ཀྱི་སྟོང་པ་ཉིད་དེ་འབྲས་བུའི་སྐབས་ཀྱི་ངོ་བོ་ཉིད་སྐུ་དང་འདྲ་བས་སངས་རྒྱས་ཀྱི་རིགས་སུ་བཞག་ལ། སྟོང་པ་ཉིད་དེ་ཉིད་ཐོས་བསམ་སྒོམ་པས་དམིགས་པ་ན་བྱང་ཆུབ་སེམས་དཔའི་རིགས་སུ་གནས་པར་ཡང་བཞག་ལ། སེམས་ཀྱི་སྟོང་པ་ཉིད་དེ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་སོགས་ཐ་མལ་པ་རྣམས་ཀྱིས་ཀྱང་མ་དམིགས་པའི་ཚུལ་གྱིས་དམིགས་པར་བཟང་བར་བཞག་སྟེ། བརྒྱད་སྟོང་འགྲེལ་ཆེན་ལས། ངོ་བོ་ཉིད་བཟུང་བ་ཡིན་ན་ཡང་ཐ་སྙད་དུ་བྱར་མི་རུང་བའི་ཕྱིར་མ་བཟུང་བ་དང་འདྲ་བ་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །ཡང་ངོ་བོ་ག་དར་ལས། ཡུལ་གཅིག་ལ་དམིགས་པ་ག་མ་འཕྲོས་པ་དེ་ལ་ཡེ་རེ་སྒོམ་པ་དང༌། དེ་ལས་ཚུར་ལོག་ནས་སེམས་ཀྱི་ངོ་བོ་གང་དུ་ཡང་བཟོར་མི་ཚུད་པ་ལ་མཉམ་པར་གཞག་པ་གཉིས་གང་དགའ་ཞུས་པས། ངོ་བོ་རྟོགས་ཕྱིན་ཁྱད་པར་མེད་སེམས་ཉིད་ལྷན་ཅིག་སྐྱེས་པ་དེ་ཉིད་དང༌། དེ་ཉིད་འོད་ཡིན་པས་གང་ལ་མཉམ་པར་གཞག་ཀྱང༌། བསག་སྦྱང་རབ་ཀྱི་མཐར་ཐུག་པའི་རྒྱུར་འགྲོ་ཞེས་གསུངས་སོ། །དེ་ང་ལ་འདྲི་མི་དགོས། ཁྱོད་རང་གི་རིག་པ་ལ་མཉམ་པར་གཞག་པས་ཐེ་ཚོམ་ཐམས་ཅད་ཆོད་ནས་འོང༌། ཚེ་འདི་སྒྲུབ་པའི་འཁོར་ལོངས་སྤྱོད་སྙན་གྲགས་ཀྱི་གདོས་ཐག་ཆོད་ལ་སྒོམས་ཤིག ང་དང་མི་འབྲལ་བར་དུས་ཐམས་ཅད་དུ་ཡོད་པ་ཡིན་གསུངས་སོ། །ཡང་ད་བདག་ལ་དོན་ཕུལ་དུ་བྱུང་བའམ། གདམས་པ་མ་ཚང་བ་ཡོད་ན་ཞུ་ཞུས་པས། ད་དོན་ལ། གོང་དུ་ཕུལ་དུ་དབྱུང་རྒྱུ་མེད་གདམས་པ་མ་ཚང་བ་ཡང་མེད། ང་ལ་འདས་མ་འདས་མེད་པས་ཁྱོད་ཀྱིས་ཤེས་པར་གྱིས་དང༌། བྱིན་གྱིས་རློབ་པ་ཨ་ཅང་ཆེ། བཀའ་བརྒྱུད་ཀྱི་བླ་མ་རྣམས་དང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཁྱོད་སྒོམ་སྒྲུབ་བྱེད་པའི་ཕྱི་བཞིན་དུ་འབྲངས་ནས་བྱིན་གྱིས་རློབས་པར་འདུག ཁྱོད་ལ་བར་ཆད་མི་འོང༌། དོན་གྲུབ་ནས་འོང་ཞེས་བཀའ་བསྩལ་པ་ལྟར་ཐ་མལ་གྱི་ཤེས་པ་ངོ་འཕྲོད་ནས། དེ་ལྟར་ལྟ་སྒོམ་དུ་བྱའོ། །

༡༠༢

དེ་ལྟར་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་གྱི་ཚུལ་ལ། རྗེ་སྒམ་པོ་པ་དང༌། རྗེ་དུས་གསུམ་མཁྱེན་པའི་ཞུས་ལན་ནས་འབྱུང་བ་ལྟར་བརྗོད་ཅིང་ཉམས་སུ་ལེན་ཚུལ་ནི་འདི་ལྟར་འབྱུང་སྟེ། དེའི་ཞུས་ལན་ལས། བླ་མ་རིན་པོ་ཆེ་ལ་ཕྱིས་ཁོ་བོས་གཏུམ་མོའི་གདམས་ངག་ཅིག་ཞུས་ནས་བསྒོམས་པས་ཞག་འགའ་ལོན་པ་དང༌། གང་ནས་བྱུང་ཆ་མེད་པའི་སྔར་གྱི་ཤེས་པ་འདི་མ་ཡིན་པར་གསལ་སེང་ངེ་བའི་ཉམས་ཤིག་བྱུང་ཞུས་པས། ཞལ་ནས། དེ་དཀར་པོ་གཅིག་ཐུབ་བྱ་བ་ཡིན་པས། སང་གནངས་དང་ཕྱིས་རྟག་ཏུ་དེ་ཙུག་འོང་བ་ཡིན་པས་རྒྱབ་ཡོལ་དྲོ་བར་གྱིས་གོས་སྲབ་པར་གྱིས་ལ་སྒོམས་དང་ཤེས་པ་སྐོལ་དུ་བཏུབ་པར་འདུག་གི་གསུངས་པ་ནི། གཏུམ་མོའི་གདམས་ངག་གི་ཐ་མལ་གྱི་རླུང་སེམས་ལྟེ་བའི་ཐད་ཀྱི་རྩ་དབུ་མར་བསྡུས་པའི་སྟོབས་ཀྱིས་སྙིང་གའི་རྩ་དབུ་མའི་སྙིང་པོའི་རྩ་ཁ་བྱེ་ནས། དེར་གནས་པའི་ཐ་མལ་གྱི་ཤེས་པ་དཀར་པོ་གཅིག་ཐུབ་དེ་གསལ་སེང་ངེ་བའམ་ཉམས་ཡེར་གྱིས་ཐོན་པས་བཞིའི་རྩ་གཅིག་གི་མགོ་ཉུག་གེ་བྱུང་བ་ཡིན། རྒྱབ་ཡོལ་དྲོ་བས་སྙིང་གའི་ཐད་དྲོས་པས་སླར་རྩ་ཁ་བྱེ་བའི་ཆེད་ཡིན་ལ། གོས་སྲབ་པར་བྱས་པས་ལུས་ལྕིད་ཀྱིས་མ་ནོན་པས་གཏུམ་མོའི་མེའི་ཁམས་འོག་ཏུ་མ་ཚུབ་པར་ཡང་བར་གྱེན་དུ་བསྐྱོད་པའི་རྐྱེན་འགྱུར་བ་ཡིན། དེ་ནས་བཟའ་མེད་དེ་བཟའ་ཚོལ་དུ་ཕྱིན་པས་ཟླ་བ་གསུམ་དུ་མ་མཇལ། དེ་ནས་འོལ་ཁ་སྲུབ་ན་བཞུགས་པར་ཕྱིན་པས་ཞག་འགའ་བསྒོམས་པས། བདེ་གསལ་མི་རྟོགས་པའི་ཉམས་གཤའ་མ་ཞིག་བྱུང་ནས་ཞུས་པས། ཧུ་ལྟ་སྒོམ་བཟང་བར་འདུག་སྟེ། དེ་རྩ་བ་གང་ནས་བྱུང་གསུངས། མ་ཤེས་བྱས་པས། འོ་ན་ད་རུང་དེ་ཙུག་སྒོམ་དགོས་པ་ཡིན་གསུངས། ཞག་འགའ་བསྒོམས་པས། བདེ་གསལ་བདེ་འགྲོ་བའི་ལམ་ཀུན་ཏུ་དེ་སེམས་ཡིན་སྙམ་པ་ཅིག་བྱུང༌། རྣམ་རྟོགས་ཡང་སེམས་སུ་ཤེས་པ་བག་རེ་ཡོང་བར་འདུག་ཞུས་པས། ཞལ་ནས། བདེ་གསལ་དང་དྲོད་ལ་སོགས་པ་ཅི་བྱུང་ཡང་ཡུན་མི་རིང་བར་སྒོམ་པ་ཡིན་གསུངས། དེའི་དོན་སྔར་རྩེ་གཅིག་གི་རྟོགས་པ་དེ་བསྒོམས་སྟོབས་ཀྱི་བདེ་སོགས་ཀྱི་ཏིང་ངེ་འཛིན་གསུམ་གྱི་མདངས་ཐོན་ནས། དཔེར་ན་གསེར་ལ་གཡའ་གཅོད་པའི་སླས་སྦྱར་བས་ཁ་དོག་ཆེས་གསལ་བར་འགྲོ་བ་ལྟ་བུ་སྟེ། དེ་གང་ནས་བྱུང་ན་དཀར་པོ་གཅིག་ཐུབ་ཀྱི་རྟོགས་པ་ལ་བརྟེན་པའི་ཉམས་དེ་གང་ནས་བྱུང་ངོ་ཤེས་ན་རྩ་བ་ཆོད་པའི་ཉམས་ཞེས་བྱ་ལ་རྟོགས་པ་དེ་ཤར་བའི་སྟོབས་ཀྱིས་དབང་གི་བྱུང་བ་མ་ཡིན་པས་ཏིང་འཛིན་གསུམ་པོ་དེ་རྩ་བ་མ་ཆོད་པའི་ཉམས་ཡིན། དེ་སེམས་སུ་ཤེས་པ་དེ་རྩ་བ་གང་ནས་བྱུང་རྩད་ཆོད་པ་ཡིན། རྩེ་གཅིག་གི་ཉམས་དེ་ཡུན་མི་རིང་བར་ཡང་ཡང་སྒོམ་པ་ནི་ཏིང་འཛིན་དེའི་ངར་མ་ཡལ་བར་ཤུགས་ཡང་ནས་ཡང་དུ་འདོན་པ་ཡིན། ཡང་ལན་ཅིག་བསྒོམ་བྱ་སྒོམ་བྱེད་སྣང་གྲགས་འདི་ཅི་ཡང་མ་མཐོང་བར་རིག་པ་རང་གསལ་སིང་ངེ་བ་གཅིག་བྱུང་ཞུས་པས། ཞལ་ནས། དེ་ལྐུགས་པས་རྨི་ལམ་རྨིས་པ་དང༌། གཞོན་ནུ་མའི་བདེ་བ་ལྟ་བུ་སྟེ་བཤད་པས་ཤེས་པ་མ་ཡིན། ཁྱོད་རང་བསྒོམས་པས་ཤེས་པ་ཡིན། མ་བདེ་བ་ཅི་བྱུང་ཡང་ཁོ་བོ་མཚམས་དམ་པའི་དུས་སུ་ཡང་ཡོང་ཆོག་གསུངས་པ་ནི། གཉུག་མའི་ཤེས་པ་དེ་གློ་བུར་དྲི་མ་འཁྲུལ་པའི་གཟུང་འཛིན་དང་བྲལ་བར་རྗེན་པར་བུད་པ་དེ་ཡིན། དེ་རང་ཅག་ཚུར་མཐོང་གི་རྣམ་ཤེས་ཡུལ་བཅས་དབྱིངས་སུ་དག་པས་རང་རེའི་རྣམ་རིག་གི་ཡིད་ཀྱི་བརྗོད་པས་འཆད་མི་ཤེས་ཀྱང་བསྒོམས་སྟོབས་ཀྱིས་སོ་སོར་རིག་པའི་ཤེས་པའམ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ཁོང་དུ་ཆུབ་བྱར་བསྟན་པ་ཡིན། ཡང་རྨི་ལམ་ན། དགེ་སློང་གཅིག་གིས་སྔར་མ་ཐོབ་པའི་ཆོས་ཤིག་བཤད་པ་རྨིས། དེ་གསལ་བ་ཞིག་བྱུང་ཞུས་པས། ཞལ་ནས། དེ་ལ་ཁྱོད་དགའ་བར་འདུག་གམ། འདུག་བྱས་པས། བཀའ་བཀྱོན་དྲག་པོ་ཞིག་མཛད་ནས། ཁོ་དེ་མངོན་སུམ་དུ་ཡང་ཆོ་འཕྲུལ་སྣ་ཚོགས་བྱུང་བ་ན་དེ་སྒྱུ་མར་ཤེས་ན་ལམ་དུ་འགྲོ་བ་ཡིན། བདེན་པར་བཟུང་ན་བར་ཆད་ཡིན་པས་སེམས་ལ་ཅི་ཤར་བ་བཟང་ཡང་དང་དུ་མི་བླང༌། ངན་པ་བྱུང་ཡང་མི་སྤང༌། དེ་ཐམས་ཅད་གཉིས་མེད་དུ་ཤེས་པར་བྱེད་པ་ཡིན་དེ་ལྟར་མ་ཤེས་ན་མི་འདོད་པ་ཞིག་བྱུང་བའི་དུས་སུ་དེ་བར་ཆད་དུ་འགྲོ་བ་ཡིན་གསུངས་པའི་དོན། དངོས་སྣང་ལ་ལྟོས་ན་རྨི་ལམ་གྱི་སྣང་བ་རྫུན་པ་ཡིན་པས་དངོས་སུ་སྣང་ཡང་བདེན་པར་མ་གྲུབ་ན་རྨི་སྣང་བདེན་པར་གྲུབ་པ་ལྟ་ག་ལ་ཞིག་པས། དངོས་སྣང་དང་རྨི་ལམ་དུ་ཡིད་དུ་འོང་མི་འོང་གི་བཟང་ངན་གྱི་དངོས་སྣང་དེ་ཉིད་དངོས་པོར་མ་གྲུབ་པས། དེ་ལ་སྤང་བླང་གི་དགའ་སྡུག་གི་སྒོ་གསུམ་གྱི་སྤྱད་པ་ན་སྤྱོད་པ་འཁྲུལ་པ་ཉིད་ཀྱིས་ཡང་དག་པའི་ས་ལམ་ལ་བགྲོད་པའི་བར་ཆད་དུ་འགྱུར་བ་ཡིན་ཞེས་དགོངས་སོ། །དེས་ན་འཁྲུལ་པའི་སྣང་བ་ཐམས་ཅད་ཀྱང་འཁྲུལ་པའི་སེམས་ཉིད་འཁྲུལ་པའི་དབང་གིས་དེ་ལྟར་དུ་སྣང་བ་ཡིན། གློ་བུར་དྲི་མའི་སེམས་ཉིད་དུ་ཟད་ལ། མ་འཁྲུལ་པའི་སྣང་བ་ཐམས་ཅད་ཀྱང་མ་འཁྲུལ་པའི་སེམས་ཉིད་མ་འཁྲུལ་པའི་དབང་གིས་དེ་ལྟར་རང་ལ་སྣང་བ་ཡིན་པས་གཉུག་མའི་སེམས་ཉིད་དུ་ཟད་པས། འཁྲུལ་པའི་སྣང་བ་སེམས་དང་བཅས་པ་དོན་དམ་པར་མ་ཟད་ཐ་སྙད་དུའང་ཐག་ཁྲའི་སྟེང་གི་སྦྲུལ་ལྟར་ཡོད་པས་ཡོད་གོ་ཆོད་པ་མིན་ཏེ། ཇི་སྐད་དུ། འཁོར་བའི་ཆོས་རྣམས་ཐག་ཁྲ་ཡི། །སྦྲུལ་ལྟར་མེད་པ་ཉིད་དུ་འདོད། །ཅེས་འབྱུང་ལ་འཁྲུལ་ཤེས་ཀྱི་སྣང་བ་རང་སེམས་ན་ཐ་སྙད་དུའང་བདེན་པའི་དོན་མི་བྱེད་པ་ལ་དགོངས་ནས། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པས་ལོག་ཤེས་ནི་སྣང་བ་རང་སེམས་ཀྱི་ཁོང་དུ་མ་ཆུད་པ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །ཡང་གཏུམ་མོ་བསྒོམས་པས་དྲོད་སྐྱེས་པའི་དུས་སུ། ཉོན་མོངས་པའི་འཆིང་བར་སོང་ཞུས་པས། ཞལ་ནས་དེ་བྱང་སེམས་རྒྱས་པ་ཡིན་པས། དེ་བདེ་བར་ཁྱེར་བ་ཡིན། རྡོ་རྗེ་ནོར་བུ་ནས་ཡར་བཀྲམ་ནས་སྤྱི་བོ་མན་ཆད་བདེ་ལྟེམ་ལྟེམ་སོང་བར་སྒོམ་པ་ཡིན།དེ་ནས་མར་ལ་ཐིག་ལེ་འཆོར་འཆོར་འདྲ་ན། རང་གི་སྤྱི་བོར་མ་དམར་སེར་གཅིག་བསམ་རང་གི་མིག་གཉིས་ལྟེ་བར་ཡོད་པར་བསམས་ནས་སྤྱི་བོའི་མ་སྤར་བལྟ་བར་སྒོམ་པ་ཡིན་ཞེས་ཞུས་པའི་དོན་ནི། ལུས་ཀྱི་གནས་སྤྱིར་བདེ་དྲོད་ཀྱིས་ཁྱབ་པའི་ཚེ་སྒོས་འཁྲིག་ཚོར་གྱི་བདེ་བ་སྐྱེ་བའི་གནས་ཀྱི་གཙོ་བོ་རྡོ་རྗེ་ནོར་བུ་ཡིན་པས་དེ་ཉིད་ལ་འཁྲིག་ཚོར་འདོད་པའི་བུད་མེད་ཀྱི་གཟུགས་སྒྲ་རེག་པ་ལ་ཆགས་པའི་སེམས་རྒྱུད་ལས་སུ་མི་རུང་བའི་བློང་བློང་པོར་གྱུར་ན། དེས་འདོད་ཁམས་ལ་སོགས་པར་སྐྱེ་བའི་སྲེད་ལན་གྱི་རྟེན་འབྲེལ་གྱི་ཡན་ལག་གི་ཉོན་མོངས་པའི་འཆིང་བར་སོང་བའི་ཉེན་བྱུང་ལགས་ཞུས་པས།གཉུག་མའི་རྟོགས་པ་ཤར་བའི་གང་ཟག་ལ་གཏུམ་མོའི་དྲོད་གཡོས་པས་བུད་མེད་ཀྱི་འཁྲིག་ཚོར་འདོད་པའི་ཆགས་པ་སྐྱེས་པ་ནི། གཉུག་མ་བྱང་ཆུབ་ཀྱི་སེམས་ཀྱི་རྟེན་གྱི་དྭངས་མ་ཞུ་བ་ཡིན་པས། དེ་དབང་པོ་ལ་བརྟེན་པའི་ཞུ་བདེ་ཉམས་སུ་མྱོང་ཡང་འདོད་ཆགས་སྲིད་ལེན་གྱི་འདོད་ཁམས་སོགས་སུ་སྐྱེ་བའི་ཉོན་མོངས་པར་མི་འགྱུར་ཏེ། དེ་ལྟ་བུའི་ཞུ་བདེ་ནི་ཟག་མེད་ཀྱི་བདེ་བ་ཡིན་པས། དེ་ལ་ཆགས་པ་ནི་འཁོར་བའི་སྡུག་བསྔལ་གྱི་བདེ་བ་ལ་ཆགས་པ་མ་ཡིན་པས་ཆགས་པ་དེ་འཁོར་བར་སྐྱེ་བའི་སྲེད་ལེན་དང་མ་རིག་པ་དང་འདུ་བྱེད་ཀྱི་རྟེན་འབྲེལ་དུ་མི་འགྱུར་བའི་ཕྱིར་སླར་དེ་ཉིད་ཀྱིས་བདེ་བ་ཆེན་པོ་དེ་གོང་ནས་གོང་དུ་ཆེན་པོར་སྒྲུབ་པའི་ཆེད་དུ་བདེ་བ་དེའི་བདེན་པ་གཉིས་ཀྱི་ཆོས་ཉིད་རིག་བྱེད་ཀྱི་རྒྱུའི་རྐྱེན་གྱི་རིག་མ་ལ་ཆགས་པ་ཇེ་ཆེར་བསྐྱེད་པའི་ཕྱིར་དུ་ཐིག་ལེ་མི་གཏང་བར་རྡོ་རྗེ་ནོར་བུའི་རྩེ་ནས་ཡར་ཟློག་པ་ཡིན་ལ། ཡང་གཉུག་མའི་རྟོགས་པ་མ་ཤར་བས་གཏུམ་མོ་བསྒོམས་པའི་བདེ་དྲོད་ཀྱིས་འཁྲིག་ཚོར་གྱི་བདེ་བ་ལ་ཆགས་ཀྱང་འཁོར་བར་སྐྱེ་བའི་ཉོན་མོངས་པར་མི་འགྱུར་ཏེ། དེའི་ཚེ་ཕྱག་རྒྱ་དང་རང་ཉིད་ལུས་ལྷ་དང་ལྷ་མོར་གསལ་ཞིང་ཕན་ཚུན་འཁྱུད་པའི་མེ་རླུང་གི་སྦྱོར་བ་ཐམས་ཅད་ངག་སྔགས་སུ་འགྱུར་ལ། ཁྱད་པར་གཏུམ་མོ་ཡེ་ཤེས་སྐྱེད་བྱེད་ཀྱི་མེ་དྲོད་ཀྱིས་བྱང་ཆུབ་ཀྱི་སེམས་འཆར་བའི་རྟེན་གྱི་ཁམས་དྭངས་མ་ཞུ་བའི་རྟེན་འབྲེལ་གྱི་འདུ་འཕྲོད་ཀྱི་བསྲེག་བཞུ་ལ་བརྟེན་པའི་ལུས་སེམས་ཀྱི་ཚོར་བདེ་ནི་ཡིད་ཆོས་ཉིད་ཐུགས་རྡོ་རྗེ་གཉུག་མ་བདེར་གཤེགས་སྙིང་པོ་རྗེས་མཐུན་པ་ཡིན་ལ། དེས་དེ་ལྟར་ཡང་ནས་ཡང་དུ་ལྟ་སྒོམ་བྱས་པས་ཐུགས་རྡོ་རྗེ་ཐ་མལ་གྱི་ཤེས་པ་ཉིད་མངོན་དུ་བྱེད་པའི་ཐབས་བླ་ན་མེད་པ་ཡིན་པས། དེ་ཉིད་ཀྱི་ཆེད་དུ་རིག་མ་ལ་ཆགས་པ་སོགས་བདེ་བ་བསྐྱེད་པའི་རྣམ་འགྱུར་མཐའ་ཡས་པ་ནི་འཁོར་བར་སྐྱེ་བའི་རྒྱུར་མི་འགྱུར་གྱི་ཁར་འཁོར་བའི་རྩ་བ་གཅོད་བྱེད་ཀྱི་ཐབས་དང་ཤེས་རབ་མཆོག་ཏུ་གྱུར་པར་གྲུབ་པའི་ཕྱིར། སླར་ཡང་དེ་ལྟའི་བདེ་བ་འཕེལ་འཕེལ་ཐབས་ཀྱི་ཆགས་པ་མི་ཉམས་པར་བྱ་བའི་ཆེད་དུ་བདེ་བའི་རྟེན་གྱི་དྭངས་མ་གང་དུ་གནས་པའི་རྩ་ཡིག་གཟུགས་གསལ་བར་བྱེད་པའི་ཡིད་དམིགས་ཀྱི་འདུན་པ་གཏད་དེ་དེ་ལྟའི་རྩ་ཡིག་གསལ་བ་དེས་དྭངས་མ་ཕྱིར་མི་འཕོ་བར་སྣོད་ཀྱི་ནང་དུ་ཆུ་བཟུང་བ་ལྟར་འཛིན་ནུས་པ་ཡིན་ཞེས་དགོངས་སོ། །ཡང་བདེ་བ་བསྐྱེད་པའི་ཐབས་གསུངས་པ་ལྟར་བྱས་བསྒོམས་པས། དེ་ཉིད་ལ་ཤེས་པ་མ་ཡེངས་པ་བདེ་གསལ་དུ་འདུག་པ་ལ་རྣམ་རྟོག་རེ་བྱུང་ཡང་སེམས་སུ་ཤེས་པ་བྱུང་བས་རྣམ་རྟོག་འཕྲོར་མ་བཏུབ། ཡང་དེ་ག་ལ་བཞག་པས་སྣང་གྲགས་སེམས་སུ་ཤེས་པ་བྱུང་བས་ཡུལ་ཡུལ་ཅན་གྱི་རྣམ་རྟོག་འཕྲོར་མ་བཏུབ་ཞུས་པས། ཞལ་སྔ་ནས། རྣལ་འབྱོར་མ་ག་ག་དྷ་རས། རྣལ་འབྱོར་པ་བཛྲ་ཤྲཱི་ལ། རིགས་ཀྱི་བུ། ཡུལ་ལ་མ་བལྟ་སེམས་ལ་ལྟོས། །བྱ་བ་མ་མང་ཞེ་འདོད་ཀུན་དང་ཕྲོལ། །ཉམ་ང་མ་བྱེད་དོགས་པས་བདག་མ་བཅིང༌། །སེམས་ནི་གར་ག་ཉིད་དུ་ཐོང་ལས་ཐོང༌། །ཞེས་པས་བཛྲ་ཤྲཱི་གྲུབ་པ་ཐོབ་སྐད་དེས་ན་ཇི་སྐད་དུ། གཉིས་མེད་ཤེས་པ་ཆུ་དང་འོ་མ་འདྲེས་པ་འདྲ། །ཉམས་མྱོང་སྤྲིན་ལྟར་ཇི་ལྟར་འགྱུར་ཡང་རུང༌། །རྣལ་འབྱོར་ཤེས་པ་གླང་པོ་ལྟ་བུར་གང་རྟོགས་པ། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པ་ཡིན། །རིག་པ་རྣམ་རྟོག་ཕྱིར་འབྲང་མ་ཤོར་བར། །རྣམ་རྟོག་ཅི་བྱུང་སེམས་སུ་ཤེས་པར་གྱིས། །བྱ་བ་ཡིན་པས། རིག་པ་གསལ་སིང་ངེ་བ་ནམ་མཁའ་བཞིན་དུ་སེམས་སུ་ཤེས་དགོས་པ་ཡིན་ཐམས་ཅད་སེམས་སུ་ཤེས་པ་བྱུང་ན། མཛོ་ཕོ་བྱང་དུ་སོང་ཡང་སྣ་ཐག་ལག་པར་ཡོང་བྱ་བ་ཡིན་རྣམ་རྟོག་སྤྲིན་དང་འདྲ་བ་ཡིན།རེས་ཅི་ཙུག་ཡོང༌། རེས་གང་ཙུག་ཡོང་མ་ངེས། དེ་ཐམས་ཅད་ཉམས་བྱ་བ་ཡིན། ཐམས་ཅད་སེམས་སུ་ཤེས་པར་གྱིས་ལ་སྒོམས་གསུངས་པའི་དོན་ནི་གཉུག་མའི་རྟོགས་པ་བདེ་གསལ་གྱི་ཏིང་འཛིན་དུ་རྩལ་རྫོགས་པ་ན། ཡང་དེ་ཉིད་ལ་མཚན་མའམ་སྤྲོས་འཛིན་གྱི་རྣམ་རྟོག་རེ་བྱུང་ཡང་དེ་ཉིད་མཚན་སྤྲོས་སུ་མ་གྲུབ་པར་གཉུག་མའི་སེམས་སྟོང་ཉིད་རྟེན་འབྱུང་ཉིད་དུ་ཤེས་པས། མཚན་འཛིན་གྱི་རྣམ་རྟོག་སྐྱེ་བའི་གཞི་རྟེན་མེད་དུ་འགྲོ། དེ་ཙ་ན་སྣང་གྲགས་ཐམས་ཅད་ཀྱང་མ་འཁྲུལ་པའི་དག་པ་རབ་འབྱམས་སུ་འཆར་བས་དེ་ལ་བརྟེན་པའི་མཚན་འཛིན་གྱི་རྟོག་པ་འཕྲོ་བའི་ཡུལ་མི་རྙེད་དེ། ནམ་མཁའ་ལ་རལ་གྲི་བཏབ་ཀྱང་ནམ་མཁའ་རལ་གྲིས་ཐོགས་པར་མི་བྱེད་པ་ལྟ་བུའོ། །དེས་ན་མ་ག་ག་དྷ་རས། སྤྲོས་པའི་ཡུལ་ལ་མ་བལྟ་བར་གཉུག་མའི་སེམས་ལ་ལྟོས། འདོད་བྱའི་དངོས་པོ་ཆོས་མ་གྲུབ་པས་དེ་ལ་ཞེ་འདོད་བྱས་ཀྱང་ཐོབ་བྱ་ཅི་ཡང་མེད་ཅིང༌། །དེ་ལྟར་མེད་པས་གང་ཟག་དང་ཆོས་སོགས་རྒྱུན་ཆད་པར་མི་འགྱུར་བས་ཡ་ང་བ་སྟེ་ཉམ་ང་བས་བདག་འཆིང་བར་བྱེད་མི་དགོས། དེའི་ཚེ་གཉུག་མའི་སེམས་མངོན་དུ་གྱུར་ན་སེམས་དེ་ཉིད་རྫོགས་པའི་སངས་རྒྱས་ཡིན་པས་དེ་ལ་རེ་དོགས་ཅི་ཡང་མི་དགོས་པས་གང་དགར་ཐོང་ཡང་འཕར་བུབ་མི་ཡོང༌། དེ་ལྟར་སེམས་ཉིད་སངས་རྒྱས་སུ་གྱུར་པ་ན་སེམས་དང་སྣང་བ་གཉིས་ཀ་ལ་གཟུང་འཛིན་གྱི་རྟོག་པའི་ངང་དུ་ཆུ་དང་འོ་མ་འདྲེས་པ་ལྟར་འགྱུར་རོ། །དེའི་ཚེ་སེམས་དེ་ཉིད་ལ་ཏིང་ངེ་འཛིན་དང་ཤེས་རབ་སོགས་རྩལ་ཅི་ཤར་ཡང་རྟག་པ་མིན་པར་རེས་འགའ་བ་ཉིད་ཀྱིས་གླང་པོའི་གཟིགས་སྟངས་ལྟར་གཉུག་མའི་སེམས་ཀྱི་གང་ལའང་ཆེད་གཉེར་མེད་པར་བཏང་སྙོམས་སུ་བཞག་པས། གཉུག་མའི་སེམས་རྣམ་རྟོག་གི་ཕྱིར་མ་ཤོར་བར་རིག་པའི་རྒྱལ་ས་ཟིན། དེ་ཙ་ན་རིག་པ་སྒྲིབ་བྲལ་ནམ་མཁའ་ལྟ་བུ་དེ་ཉིད་ལ་བརྟེན་ནས་སྒྲིབ་བཅས་ཀྱི་སེམས་ས་སོགས་འབྱུང་ཆེན་རྣམས་སྐྱེས་འཇིག་བྱེད་པ་ལྟར་འབྱུང་ཡང༌། མཐར་སེམས་ཉིད་ཀྱི་ནམ་མཁའ་ཉིད་མི་འགྱུར་བར་གནས་པ་ལས་ས་སོགས་ཀྱི་འབྱུང་བ་ལྟ་བུའི་གློ་བུར་གྱི་སེམས་སྣང་དང་བཅས་པ་བརྟན་པར་མི་གནས་པས་གཉུག་མའི་སེམས་མངོན་དུ་གྱུར་ན་མཛོ་ཕོ་བྱང་དང་སྣ་ཐག་རང་གི་ལག་པའི་དཔེའོ་ཞེས་དགོངས་སོ། །དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉུག་མའི་སེམས་ཀྱི་འཕྲུལ་ཁོ་ནར་ཟད་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་གཉུག་མའི་སེམས་སུ་ཤེས་པར་བྱས་ནས་གཉུག་མའི་སེམས་ལ་དབང་ཐོབ་པའི་ཐབས་ལ་ནན་ཏན་དུ་བྱའོ། །

༡༠༣

དེས་ན་གཉུག་མའི་སེམས་འཁོར་འདས་ཐམས་ཅད་ཀྱི་གོ་གསལ་ཞིང་ཁྱབ་པའི་སྣང་བ་གཞལ་དུ་མེད་པའི་བདག་ཉིད་ཀྱི་འོད་གསལ་བའི་འོད་གསལ་ཆེན་མོ་མངོན་དུ་མ་གྱུར་ན་གཉིད་དུས་དང་རླུང་དབུ་མར་འཛུད་པའི་ཐབས་ཀྱི་ཕྱག་རྒྱ་ལ་བརྟེན་པ་དང༌། ལས་སྣང་བཙན་ཐབས་སུ་བཀག་པའི་རྐྱེན་གྱིས་འོད་གསལ་རྣམས་མངོན་དུ་བྱས་ཀྱང་རྐྱེན་དེ་ཉིད་ཀྱིས་རྗེས་སུ་འགྲོ་ལྡོག་བྱེད་པའི་འོད་གསལ་ཡིན་པས་འགྱུར་མེད་ཀྱི་འོད་གསལ་མངོན་དུ་བྱས་པ་མ་ཡིན། དོན་དེ་ལ་དགོངས་ནས་ཡང་དེར། འོད་གསལ་བྱ་བ་ཆོས་ཐམས་ཅད་སེམས་སུ་ཤེས་པ་ལ་ཟེར་བ་ལགས་སམ་ཞུས་པས་དེ་ཙུགས་ཡིན་དེ་ལྟར་རྟོགས་ཙ་ན་རང་གི་རིག་པ་གསལ་ལ་མ་འགགས་པ་སྐྱེ་འགག་མེད་པ་རྒྱུན་མ་ཆད་པ་དེ་ཉིད་འོད་གསལ་བ་ཡིན་གསུངས་ཡང་འདི་སྐད་གསུངས་ཏེ། དེ་ལྟའི་གཉུག་མའི་སེམས་འོད་གསལ་གྱི་སྒོམ་པ་དེ་ད་ལྟ་མངོན་དུ་བྱས་ན་བར་དོའི་སྣང་བ་འཆར་བ་ལ་ཕྱོགས་པ་ན། འོད་གསལ་དེ་དེར་རྗེས་སུ་འབྲངས་ནས་འཆར། དེའི་ཚེ་རང་བཞིན་གྱི་འོད་གསལ་གྱི་མདུན་བསུས་ནས་འོང་བ་ཡིན་གསུངས་སྒོམ་ནུས་ན་དེས་ཆོག་གམ་ཞུས་པས། ཞལ་སྔ་ནས། དཀར་པོ་གཅིག་ཐུབ་དེ་ལ་བྱེད་པ་ཡིན། ང་ལ་ཡང་དེ་ལས་མེད་གསུངས། དེ་ལྟའི་སྒོམ་དེ་ཉིན་གསལ་མཚན་མི་གསལ་བར་འདུག་ཞུས་པས་ཞལ་ནས། ཉིན་གསལ་བ་དེ་རིག་པ་སྣང་བ་དང་འདྲེས་པ་ཡིན། མཚན་མོ་ཅི་ཡང་མ་ཡིན་པའི་བདེ་སིང་ངེ་བ་ཞིག་ཡོད་པ་ཡིན་གསུངས། དེ་འགྲོ་བའི་ལམ་ཀུན་ཏུ་ཡོང་ངམ་ལྟོས་གསུངས། དེ་ག་ལྟར་འོང་འདུག་ཞུས་པས། འོ་དེ་ཡིན་གསུངས་པའི་དོན་ནོ། །ད་ལྟ་གློ་བུར་དྲི་མའི་འཁྲུལ་པའི་སེམས་རྟེན་བྱེད་པའི་རྣམ་སྨིན་གྱི་ལུས་དེ་དོར་བའི་སྐད་ཅིག་དེར་རྟེན་འབྲེལ་ལུས་དེ་ཞིག་པའི་སྟོབས་ཀྱིས་བརྟེན་པ་སེམས་དེའང་གནས་པར་མ་གྱུར་པ་ན་སྔར་བསྒོམས་པའི་གཉུག་མའི་སེམས་དེ་སྒོམ་པའི་མཚམས་སྦྱོར་གྱི་འཕེན་པས་དེར་ཡེར་ཐོན་པ་ཞིག་འོང༌། དེར་ཐོན་པ་ན་གཉུག་མའི་སེམས་དེ་ལ་བརྟེན་ནས་རྣམ་རྟོག་གི་བར་སྲིད་ཀྱི་ལུས་སོགས་ལེན་པའི་འདུ་བྱེད་པའི་གོ་མི་རྙེད་པར་རང་བཞིན་ལྷུན་གྲུབ་ཏུ་རང་གི་ཤེས་པའི་དབྱིངས་སམ་ཀློང་དུ་ཡོད་པའི་འོད་གསལ་དེ་ཉིད་དེར་ལྡང་སྟེ་མདུན་བསུས་པ་ལྟར་འབྱུང་བས། དེ་ཉིད་ལ་དགེ་ཚོགས་ཀྱི་ལས་བསགས་པས་སྐད་ཅིག་དེར་སངས་རྒྱས་ཀྱི་སྐུ་གསུམ་གྱི་ཞིང་འཁོར་ལོངས་སྤྱོད་ཐམས་ཅད་འབད་མེད་དུ་འབྱུང་བས་འཚང་རྒྱ་བའི་བསག་སྦྱང་གི་བྱ་བ་ལ་དཀར་པོ་གཅིག་ཐུབ་ཡིན། འཚང་རྒྱ་བའི་ཐབས་ཤེས་ལ་ང་ལ་དེ་ལས་མེད་དོ། །འོད་གསལ་གྱི་སེམས་དེ་ཉིན་པར་ཚོགས་དྲུག་གི་དབང་པོའི་ལམ་ནས་ཚོགས་དྲུག་གི་ཡུལ་གྱི་སྣང་བ་དང་འདྲེས་པས་འཁྲུལ་མ་འཁྲུལ་གྱི་སྣང་བ་དཔག་ཏུ་མེད་པ་འཆར་བས་གསལ་བ་ཡིན། མཚན་མོ་གཉིད་དུས་དབང་པོ་ནས་ཚོགས་དྲུག་གི་ཤེས་པ་ཕྱིར་མི་འགྲོ་བས་དེ་དང་ལྷན་གཅིག་ཏུ་འོད་གསལ་གྱི་སེམས་མི་འཕྲོ་བར་འོད་གསལ་གྱི་སེམས་རྒྱ་དང་རིས་སུ་མ་ཆད་པར་མྱོང་བྱ་ཅན་གྱི་ཚོར་བ་བདེ་བར་མེད་ཀྱང་མྱོང་བྱ་དང་བྲལ་བའི་བདེ་སིང་ངེ་བར་ཡོད་པ་ཡིན། དེ་སྤྱོད་ལམ་གྱི་དུས་མི་གནོད་པར་བྱུང་ན་རྟོགས་པ་མངོན་གྱུར་གྱི་དབང་དུ་བྱས་པའི་མཉམ་རྗེས་འདྲེས་པ་ཡིན་པས། དེ་ལྟའི་མཉམ་རྗེས་འདྲེས་འདྲེས་སུ་སྒོམས་ཤིག ཡང་ཞལ་ནས། རིག་པ་གསལ་སེང་ངེ་འདུག་པ་དེ་རྩ་བའི་སེམས་ཡིན་པས་དེ་མ་ཤོར་བར་གྱིས་ལ། དྲན་རྟོག་ཅི་བྱུང་ཡང་རྩ་བའི་སེམས་སུ་ཤེས་པར་གྱིས། བཅས་བཅོས་ཀྱི་རྟོགས་དཔྱོད་མ་བྱེད་པར། ལུས་སེམས་ཁོང་གློད་ལ་གླེན་སྒོམ་རང་གྱིས་དང༌། དེ་ཡང་ཆུ་མ་རྙོགས་ན་དྭངས་པའི་རང་བཞིན། སེམས་མ་བསླད་ན་གསལ་བའི་རང་བཞིན་བྱ་བ་ཡིན་པས། རྟོག་དཔྱོད་སོགས་ཀྱི་བཅས་བཅོས་བྱས་ན་ཆགས་སྡང་སོགས་ཀྱི་གློ་བུར་བས་མི་གསལ་དུ་འགྲོ་བ་ཡིན་གསུངས་པའི་དོན་ནི། རྩ་བའི་སེམས་ནི་ཐ་མལ་གྱི་ཤེས་པ་དེ་ཉིད་ཡིན། དེ་མངོན་དུ་གྱུར་ན་འཁྲུལ་པ་དང་མ་འཁྲུལ་པའི་དྲན་རྟོག་ཐམས་ཅད་ཆུ་རླབས་ཆུ་ལས་མ་གཡོས་པ་ལྟར་རྩ་བའི་འོད་གསལ་གྱི་སེམས་ཀྱི་དབྱིངས་དེ་ཉིད་དུ་འཆར་ནུབ་ལས་གཞན་དུ་འགྲོ་འོང་ཡོད་པ་མ་ཡིན། དེ་ལྟར་འགྲོ་འོང་མེད་པའི་དོན་རྟོགས་ཤིང་དེ་ཉིད་ལ་དབང་འབྱོར་ན་ཆོས་བརྒྱད་དང་ཉོན་མོངས་ཀྱི་བདུད་བཅོམ་པར་འགྱུར་བས་རྒྱུ་དེས་སྐྱེ་འཆི་ལ་རང་དབང་ཐོབ་པ་ཉིད་ཀྱིས་ལས་དཀར་ནག་གི་དབང་གིས་འབྱུང་བའི་རྣམ་སྨིན་གྱིས་ལུས་ལ་རང་སེམས་འོད་གསལ་བ་ཆགས་ཐོགས་མེད་པར་འགྲོ་བས་འབྲས་བུ་ཕུང་པོ་དང་འཆི་བདག་གི་བདུད་ཀྱང་རང་ཆོམ་དུ་འགྲོ་བ་ཡིན། དེ་ཙ་ན་འཁྲུལ་པ་དང་མ་འཁྲུལ་པའི་དྲན་རྟོག་གང་གིས་ཀྱང་མ་བཅོས་པར་ལུས་སེམས་རང་བབས་ཀྱི་ངང་ནས་ཡུལ་ཡུལ་ཅན་ལ་རྣམ་པར་འབྱེད་པའི་རྩོལ་བ་མེད་པར་གླེན་སྒོམ་བྱས་པ་ན་ཆུ་མ་རྙོགས་ན་གསལ་བའི་དཔེས་གཉུག་མའི་སེམས་ཀྱི་རང་མདངས་ཀྱི་གསལ་ཆ་ཐོན་ནས་འོད་གསལ་གྱི་ངང་ལ་རྒྱ་འབྱམས་སུ་འགྲོ་བ་ཡིན། དེ་ལ་རྟོག་དཔྱོད་སོགས་བཅོས་མས་རྙོགས་པ་ན་ཡུལ་དང་ཡུལ་ཅན་གྱི་རྣམ་པར་རིག་པའི་སེམས་མུན་པ་ཆེན་པོ་ཉེར་ཐོབ་ཀྱི་ངོ་བོར་འགྱུར་རོ་ཞེས་དགོངས་པས་སེམས་རང་བཞིན་གྱི་འོད་གསལ་བ་དེ་གློ་བུར་གྱི་འོད་གསལ་བའི་ཐབས་ལ་འབད་པར་བྱའོ། །

༡༠༤

ཡང་ཞལ་སྔ་ནས་གཉུག་མའི་བཙན་ས་ཟིན་ན། མི་དགེ་བ་སོགས་རྣམ་རྟོག་འཁྲུལ་པས་བསྐྱེད་པའི་འཁྲུལ་སྣང་ཐམས་ཅད་འཁྲུལ་པ་གཞི་མེད་རྩ་བྲལ་དུ་རྟོགས་པར་འགྱུར་བས། དེའི་ཚེ་མྱོང་ངེས་ཀྱི་རྒྱུ་འབྲས་མི་བསླུ་བའི་ལྷག་མ་ཡོད་ཀྱང༌། དམྱལ་བ་སོགས་ཀྱི་འཁྲུལ་སྣང་རྒྱུན་རིང་རབ་ཏུ་མི་མྱོང་བར་དར་གྱི་ཕོ་ལོང་བརྡབས་པའི་ཚོད་ཙམ་ཞིག་འབྱུང་སྟེ། སློབ་དཔོན་ཏོག་ཙེ་པས། ཤེས་པ་འདི་ལ་བརྟེན་ནས་ནི། །བག་ཆགས་ངན་པའི་སྣང་བ་ཡིན། །དམྱལ་བ་དག་ཏུ་སྐྱེ་སྲིད་ཀྱང༌། །དམྱལ་བ་རང་ཡང་བདེ་བ་ཅན། །བྱ་བའི་དོན་ཡང་དེ་ཡིན་གསུངས་པའི་དོན་ནི། རྟོགས་ལྡན་གྱི་རྣལ་འབྱོར་པ་ལ་བུ་སྨད་སོགས་ཁྱིམ་ཐབ་དང་ལྷན་ཅིག་པར་འཚོ་བས་བྲེལ་ཞིང་ཕོངས་པའི་སྡུག་བསྔལ་གྱིས་མནར་ཞིང་སྦྱོང་བ་དང༌། ན་ཚ་ཟུག་གཟེར་གཏམ་ངན་སོགས་སྡུག་བསྔལ་དུ་མ་བྱུང་བ་ནི་རྣམ་སྨིན་གྱི་ལུས་སེམས་རགས་པའི་རྒྱ་ལས་མ་གྲོལ་བ་ལ་སྔོན་གྱི་ལས་ངན་གྱི་འབྲས་བུ་བསླུ་བ་མེད་པ་སྒྱུ་མ་དང་རྨི་ལམ་ཙམ་དུ་མྱོང་ཡང༌། གཉུག་མའི་སེམས་འཁོར་བ་ཐོག་མེད་ནས་སྡུག་བསྔལ་དང་ལྷན་ཅིག་ཏུ་སྐད་ཅིག་གིས་བར་མ་ཆད་པར་འགྲོགས་ཀྱང་སྐད་ཅིག་ཙམ་དུའང་སྡུག་བསྔལ་གྱིས་གོས་མ་མྱོང་བ་དེ་ཉིད་འདིར་མངོན་དུ་གྱུར་པས་གཏན་གྱི་བདེ་བའི་གོ་འཕང་གྲུབ་པས། འཕྲལ་གྱི་ལས་ཉོན་གྱི་སྡུག་བསྔལ་ཉི་ཚེ་བ་དེ་དག་ལ་རྟོགས་ལྡན་གྱི་རྣལ་འབྱོར་པ་དེ་མངོན་མཐོ་ངེས་ལེགས་ཀྱི་བར་ཆད་དུ་འགྱུར་དོགས་པའི་ཉམ་ང་བག་ཚ་མེད་པར། འཁོར་བའི་བདེ་སྡུག་ཐམས་ཅད་སྒྱུ་མ་རྨི་ལམ་གྱི་རྣམ་རོལ་ཏུ་རོ་སྙོམས་ཤིང་རྩལ་སྦྱོང་བར་བྱེད་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དུ་རྣམ་པར་འཕྲུལ་ནས་སྒྱུ་མ་ལྟ་བུའི་ཞིང་དང་ལུས་ལོངས་སྤྱོད་དུ་ཡོངས་སུ་དག་པར་བྱེད་པས་དམྱལ་བ་སྡུག་བསྔལ་ཅན་དེ་ཡང་འོག་མིན་བདེ་བ་ཅན་དུ་འགྲོ་ཞེས་དགོངས་པའོ། །ཡང་ཉིན་ཅིག་མཉམ་གཞག་ལ་གསལ་སིང་འདུག་དུས་སུ་བྲག་ཁ་གཅིག་ན་ཕར་སོང་བ་ལ་རྨི་ལམ་ཡིན་སྙམ་ནས་གཡང་དེ་ལ་དེའུ་སོང་ཞུས་པས། ཞལ་སྔ་ནས། དེ་དང་པོ་སྣང་བ་བན་བུན་དུ་སོང་བ་ཡིན། གཉིས་པ་དེ་འོད་གསལ་གྱི་ངང་དུ་རྫོགས་པ་ཡིན། གསུམ་པར་དེ་ཉིད་ལ་དབང་འབྱོར་བ་ཡིན་པས་དེ་ཀུན་ལ་བཅོས་རྒྱུ་མེད་གཡང་དུའང་མི་འཆོར་ཞེས་གསུངས་པའི་དོན་ནི། བྲག་ཁར་ཕན་སོང་དུས་ཀྱི་གསལ་སིང་ངེ་བ་དེ་གཉུག་མའི་སེམས་ཡིན། སེམས་དེ་ཉིད་གང་ལ་བརྟེན་པའི་ལུས་ལ་གསལ་འགྲིབ་དང་སྐྱེ་འཇིག་མེད་པས་དེ་མེས་བསྲེག་པ་དང་གཡང་དུ་འཆོར་རྒྱུ་མེད། དེ་དེ་མངོན་དུ་གྱུར་ལ་ཁད་པ་ན་དང་པོར་རགས་པ་རྣམ་སྨིན་གྱི་ལུས་སེམས་འདི་རང་དགར་བུན་ནེ་ལོང་ངེར་དམིགས་བྱར་མི་འོང་དེ་ནས་རང་སེམས་དག་པའི་འོད་གསལ་གྱི་སྣང་བ་རབ་འབྱམས་སུ་ལམ་གྱིས་འགྲོ། དེ་ནས་བྲག་དེ་ལྟ་བུ་ལ་ཐལ་ཀྱང་གཡང་ལ་མི་འཆོར་བར་ནམ་མཁའ་ལ་གོམ་པ་བཏབ་ནས་ཕྱིན་ཀྱང༌། རང་ཉིད་གང་འདོད་པ་བཞིན་གྱི་ས་ལ་གོམ་པ་བཏབ་པ་ལྟར་འགྲོ་བ་ལ་དབང་འབྱོར་བ་ཡིན། དེ་ཡང་མགོན་པོ་འབྲི་ཁུང་པའི་གསུང་གིས། འཁོར་འདས་ཀྱི་གནས་དོན་ལུས་ཀྱི་སྣང་བ་ཐམས་ཅད་དག་མ་དག་གི་སེམས་སྐད་ཅིག་མའི་རང་གཟུགས་ཀྱི་འགྱུར་བ་ཁོ་ནར་གྲུབ་པས། སེམས་དགེ་མི་དགེའི་སྐད་ཅིག་གི་བྱེད་པས་འཁོར་འདས་ཀྱི་བདེ་སྡུག་འགྲོ་བ་རིགས་དྲུག་སོ་སོའི་སྣང་བ་སྣ་ཚོགས་པར་འཆར་བ་འབྱུང་སྟེ། དེ་ཡང་སེམས་སྐད་ཅིག་མ་བསམ་པའི་རང་གཟུགས་ཀྱི་འགྱུར་བས་སེམས་ཉིད་ཀྱང་སྤྲོས་པ་དང་བྲལ་བའི་རང་གཟུགས་སུ་འགྱུར་ལ། སེམས་ཀྱི་རང་གཟུགས་ཀྱི་འགྱུར་བས་སེམས་ཀྱི་སྣང་བ་དེའང་དེ་དང་མཐུན་པའི་སྐད་ཅིག་མའི་རང་གཟུགས་སུ་འགྱུར་ཞིང༌། སྣང་བ་སྐད་ཅིག་མའི་རང་གཟུགས་ཀྱི་འགྱུར་བས་དེའི་ལུས་ཀྱང་དེ་དང་མཐུན་པའི་སྐད་ཅིག་མའི་རང་གཟུགས་སུ་འགྱུར། དེ་ཡང་སེམས་ཀྱི་སྣང་བ་བྱིན་གྱིས་བརླབས་པ་དང༌། སེམས་དང་དེའི་སྣང་བས་དེའི་ལུས་བྱིན་གྱིས་བརླབས་པ་དང༌། དེ་ལྟའི་གང་ཟག་གིས་རང་གཞན་གྱི་གནས་རྒྱུ་མེད། དེ་དེ་མངོན་དུ་གྱུར་ལ་ཁད་པ་ན་དང་པོར་རགས་པ་རྣམ་སྨིན་གྱི་ལུས་སེམས་འདི་རང་དགར་བུན་ནེ་ལོང་ངེར་དམིགས་བྱར་མི་འོང་དེ་ནས་རང་སེམས་དག་པའི་འོད་གསལ་གྱི་སྣང་བ་རབ་འབྱམས་སུ་ལམ་གྱིས་འགྲོ། དེ་ནས་བྲག་དེ་ལྟ་བུ་ལ་ཐལ་ཀྱང་གཡང་ལ་མི་འཆོར་བར་ནམ་མཁའ་ལ་གོམ་པ་བཏབ་ནས་ཕྱིན་ཀྱང༌། རང་ཉིད་གང་འདོད་པ་བཞིན་གྱི་ས་ལ་གོམ་པ་བཏབ་པ་ལྟར་འགྲོ་བ་ལ་དབང་འབྱོར་བ་ཡིན། དེ་ཡང་མགོན་པོ་འབྲི་ཁུང་པའི་གསུང་གིས། འཁོར་འདས་ཀྱི་གནས་དོན་ལུས་ཀྱི་སྣང་བ་ཐམས་ཅད་དག་མ་དག་གི་སེམས་སྐད་ཅིག་མའི་རང་གཟུགས་ཀྱི་འགྱུར་བ་ཁོ་ནར་གྲུབ་པས། སེམས་དགེ་མི་དགེའི་སྐད་ཅིག་གི་བྱེད་པས་འཁོར་འདས་ཀྱི་བདེ་སྡུག་འགྲོ་བ་རིགས་དྲུག་སོ་སོའི་སྣང་བ་སྣ་ཚོགས་པར་འཆར་བ་འབྱུང་སྟེ། དེ་ཡང་སེམས་སྐད་ཅིག་མ་བསམ་པའི་རང་གཟུགས་ཀྱི་འགྱུར་བས་སེམས་ཉིད་ཀྱང་སྤྲོས་པ་དང་བྲལ་བའི་རང་གཟུགས་སུ་འགྱུར་ལ། སེམས་ཀྱི་རང་གཟུགས་ཀྱི་འགྱུར་བས་སེམས་ཀྱི་སྣང་བ་དེའང་དེ་དང་མཐུན་པའི་སྐད་ཅིག་མའི་རང་གཟུགས་སུ་འགྱུར་ཞིང༌། སྣང་བ་སྐད་ཅིག་མའི་རང་གཟུགས་ཀྱི་འགྱུར་བས་དེའི་ལུས་ཀྱང་དེ་དང་མཐུན་པའི་སྐད་ཅིག་མའི་རང་གཟུགས་སུ་འགྱུར། དེ་ཡང་སེམས་ཀྱི་སྣང་བ་བྱིན་གྱིས་བརླབས་པ་དང༌། སེམས་དང་དེའི་སྣང་བས་དེའི་ལུས་བྱིན་གྱིས་བརླབས་པ་དང༌། དེ་ལྟའི་གང་ཟག་གིས་རང་གཞན་གྱི་གནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྦྱོང་བར་བྱིན་རློབ་པ་དང༌། རང་གི་གདུལ་བྱའི་རྒྱུད་སྨིན་གྲོལ་དུ་བྱིན་གྱིས་རློབ་པ་ལ་ཆགས་ཐོགས་ཐམས་ཅད་དང་བྲལ་བར་དབང་འབྱོར་བར་འགྱུར་རོ་ཞེས་བཞེད་ལ་དེས་སེམས་ལ་རང་དབང་ཐོབ་ན་དེའི་དབང་གིས་དེའི་སྣང་བ་དང་ལུས་སོགས་རང་རྒྱུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་རང་དབང་ཐོབ་པའི་སེམས་ཀྱི་བསྒྱུར་ཁ་ཙམ་གྱིས་ཟད་པར་དང་ཟིལ་གནོན་རྫུ་འཕྲུལ་སོགས་འགྲུབ་པ་ལ་ཚེགས་མེད་པའི་ཕྱིར། ཇི་སྐད་དུ། བདུད་རྩི་ཐབས་སྦྱོར་ཕྱག་རྒྱ་མཛད་པའི་ཚེ། །ལུས་སྣང་སེམས་གསུམ་གཅིག་ཏུ་འདྲེས་པའི་བརྡར། །སྐུ་ཡི་སྤྲུལ་པ་སྐད་ཅིག་གྲངས་མེད་སྤྲུལ། །འདྲེན་མཆོག་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་འབྱུང་བ་ལྟར་རོ། ཡང་ལན་ཅིག་དྲོ་སྐད་ཙམ་རེ་དྲན་པ་མེད་པར་མཉམ་བཞག་རང་ལ་ཕྱམ་ཕྱམ་འགྲོ་བ་བྱུང་ཞུས་པས། ཞལ་ནས་འོ་དེ་མི་འདོད་ཤེས་དེ་ཡིན། སྔོན་ཡང་དེ་འདྲ་གཅིག་གི་མགོ་བསྐོར་མང་དུ་བྱུང་བ་ཡིན། དེ་འདྲ་རབ་གཅིག་གིས་ལྷ་རྒན་པོའི་རྒྱུ་བྱེད། ད་ལྟ་སྒོམ་བཟང་བ་ལྟར་སྣང་ཡང་སང་གནངས་ཡལ་ནས་འགྲོ་བ་ཡིན་ཞེས་གསུངས་པའི་དོན་ནི། སྤྱིར་ཞི་གནས་ཀྱི་ཏིང་འཛིན་དེ་ཏིང་ངེ་འཛིན་ཡང་དག་པ་མ་ཡིན་ཞེས་པའི་དོན་མ་ཡིན་གྱི། དེ་ག་ཙམ་གྱིས་ཆོག་པར་བཟུང་ནས་དེ་ཉིད་ཐར་པའི་གོ་འཕང་དུ་བལྟས་ན་ཐར་ལམ་དུ་གོལ་བར་འགྱུར་ཏེ། རང་རེ་འཁོར་བ་ཐོགས་མེད་ནས་སྔོན་མུུ་སྟེགས་སོགས་སུ་སྐྱེ་བ་བླངས་པའི་སྐབས་སུ་ཁམས་གོང་གི་རྒྱུའི་ཞི་གནས་ལ་ནམ་མཁའི་ཁོངས་འདིར་མ་བསྒྲུབས་བྱ་བ་མེད་པ་ཅིག་བསྒྲུབས་པ་ཡིན་ཀྱང་འཁོར་བ་ལས་མ་འཕགས། འཇིག་རྟེན་པའི་ཞི་གནས་དེ་ལྟ་བུ་ལ་བརྟེན་ནས་ཐར་པའི་ཆེད་དུ་འཇིག་རྟེན་ལས་འདས་པའི་ཞི་གནས་བསྒྲུབས་ཏེ། དེ་ཡང་གཉུག་མ་སེམས་ཀྱི་ངོ་བོ་སྤྲོས་སྒྲིབ་ཀྱིས་སྟོང་པའི་སྟོང་པ་ཉིད་མངོན་སུམ་དུ་བྱེད་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ལྷག་མཐོང་དང་ཟུང་འབྲེལ་དུ་ལྟ་སྒོམ་བྱས་པས་སྲིད་ཞི་གཉིས་ལ་མི་གནས་པའི་བྱང་ཆེན་གྱི་གོ་འཕང་ཐོབ་པ་ཡིན། དེ་ཡང་རྗེ་སྒམ་པོ་པ་ཉིད་དང་པོར་བཀའ་གདམས་ཀྱི་བླ་མ་རྣམས་ལ་གདམས་པ་གསན་ནས་བསྒོམས་པ་ན། ཏིང་ངེ་འཛིན་གྱི་དམིགས་པ་ལ་ཇི་ཙམ་གཏད་པའི་འཕེན་པ་བཏང་བ་དེ་ཙམ་དུ་འཇོག་ནུས་པ་བྱུང་སྟེ། གཉིད་ཐུན་རེ་ཙམ་མིན་པ་རྒྱུན་མི་ཆད་དུ་སོང་བར་འདུག་པས་ཇི་ཙམ་འོང་བལྟས་པས་ཞག་བཅུ་གསུམ་ཙམ་རྒྱུན་མ་ཆད་པར་བྱུང༌། ཕྱིས་ངན་དུ་སོང་སྟེ། རྩ་རྒུད་པས་ལན་པ་འདྲ་ཉོན་མོངས་པ་ཐམས་ཅད་མགོ་ནོན་པས་དྲན་ཚོར་གང་ཡང་ངོས་མི་ཟིན་པ་བྱུང༌། ཏིང་ངེ་འཛིན་གྱི་བདེ་བས་བློ་འཕྲོགས་ནས་འདོད་ཡོན་ལྔ་ཡིད་ལ་མི་འགྱུ་བ་བྱུང་གསུང་པ་ལྟར་སླར་དེ་ཉིད་ཀྱིས་མ་ཚིམ་པར་གདོད། རྗེ་ཆེན་པོ་མི་ལ་ལ་གཏུགས་དགོས་པ་བྱུང་བ་ཡིན་ནོ། །ཐ་མལ་གྱི་ཤེས་པ་དེ་ཉིད་ཀྱིས་དེ་ཉིད་རིག་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཤིག་ཐ་སྙད་དུ་འཐད་ན། དབུ་མའི་བསྟན་བཅོས་དུ་མ་ནས་ཐ་སྙད་དུའང་རང་གིས་རང་རིག་པའི་ཤེས་པ་མི་སྲིད་པར་གསུངས་པ་མ་ཡིན་ནམ་ཞེ་ན། མི་གནོད་ཤེས་པ་དེ་ཉིད་ཀྱིས་དེ་ཉིད་རིག་པའི་རང་ལ་བྱ་བ་བྱེད་པའི་རང་གི་རང་རིག་པའི་ཚུལ་ཡིན་ན་ཐ་སྙད་དུའང་དེ་འདྲའི་རང་རིག་མི་འགྲུབ་ཏུ་ཆུག་ཀྱང༌། འདིར་གཙོ་བོ་སེམས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་ཤེས་རབ་ཀྱིས་གཙོ་བོ་སེམས་དང༌། དེའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ཀྱི་གནས་ལ་སྒྲོ་སྐུར་བཅད་ནས་དེ་ཉིད་རྟོགས་པ་དང་ཤེས་པ་དང་རིག་པར་བྱེད་རུང་བ་བཞིན་གཉུག་མ་ཐ་མལ་གྱི་ཤེས་པའི་ཤེས་རབ་རྟོག་པ་དང་རྟོག་མེད་ཀྱི་སྤྱོད་པ་ཉིད་ཀྱིས་གཉུག་མ་ཐ་མལ་གྱི་ཤེས་པའི་གནས་ལུགས་ཁོང་དུ་ཆུབ་པ་དང་རིག་པར་ས་དེ་ཉིད་པར་བྱས་ཏེ་སྒྲོ་སྐུར་བཅད་ནས་ཤེས་པ་དེ་ཉིད་ཀྱིས་ཤེས་བྱའི་ཆོས་གཞན་ཐམས་ཅད་ཀྱང་ཤེས་པ་དང་རིག་པ་ལ་དབང་འབྱོར་བར་བྱེད་པས་གཉུག་མ་ཐ་མལ་གྱི་ཤེས་པ་ལའང༌། ཐ་སྙད་དུ་གཙོ་བོའི་སེམས་དང་དེའི་འཁོར་དུ་འབྱུང་བའི་སེམས་བྱུང་ཐ་དད་པ་གཉིས་སུ་ཡོད་པས། དེའི་གནས་ཚུལ་ཁོང་དུ་ཆུབ་པར་བྱ་བ་ལ་བསླབ་པར་བྱའོ། །

༡༠༥

ཡང་ཞལ་སྔ་ནས་ཞི་གནས་དང་སེམས་ཉིད་ཀྱི་དོན་ལ་གནས་པ་གཉིས་མི་གཅིག་ཞི་གནས་ནི་སེམས་གང་ལ་མཉམ་པར་གཞག་པའི་ཡུལ་དེ་ལ་མི་གཡོ་བར་གནས་པ་ཡིན། སེམས་ཉིད་ཀྱི་དོན་ལ་གནས་པ་ན། རྣམ་རྟོག་གི་ཡུལ་ཅི་འཆར་ཡང་བཏུབ་པ་ཡིན། དེ་གཉིས་རིག་པ་སྒོར་ཐོན་མ་ཐོན་གྱི་ཁྱད་ཡིན་གསུངས་པའི་དོན་ཞི་གནས་ནི་ཆགས་སོགས་ཉོན་མོངས་པ་གང་དང་གང་ཡིན་པ་དེའི་འགལ་ཟླའི་གཉེན་པོ་དགེ་བའི་དམིགས་པ་རེ་ལ་སེམས་གནས་ནས་དེ་ལས་གཞན་པའི་ཡིད་བྱེད་བཀག་སྟེ། ཏིང་ངེ་འཛིན་དེ་ཉིད་ལ་བརྟན་པ་ཐོབ་པའི་ཆེད་དུ་དེའི་ངང་ལ་བཞག་པ་ན་ལྷའི་རྔ་བོ་ཆེ་བསྒྲགས་ཀྱང་སད་པར་མི་ནུས་ན་ཞི་གནས་གྲུབ་པའི་ཚད་དུ་བྱེད་ན་འཇིག་རྟེན་གྱི་སྒོམ་ལ་འདི་སྒོམ་བཟང་ཤོས་སུ་བྱེད། དེ་ཉིད་ལ་གསལ་ཐོན་ན་གསལ་སྟོང་ནམ་མཁའ་གཡའ་དག་པ་ལྟ་བུའི་ཤེས་ཉམས་འབྱུང༌། འདི་ཙམ་ལ་གདེང་བཅས་ནས་སྔོན་གྱི་བླ་མ་བཟང་པོར་གྲགས་པ་མང་པོའང་འཕགས་པར་ཞལ་གྱིས་བཞེས་པ་མང་རབ་བྱུང་འདུག སྡོམ་ལྡན་ལ་རྫུན་སྨྲའི་རྩ་ལྟུང་གི་སྐབས་སུ་མངོན་པའི་ང་རྒྱལ་ནི་མ་གཏོགས་ཞེས་གསུངས་པ་ལྟར་ན་ལེགས་འདུག་གོ། ཞི་གནས་ལའང་ཐེག་དམན་པ་དག་ནི་ཉོན་སྒྲིབ་ཀྱི་ཉོན་མོངས་ཀྱི་གཉེན་པོ་ཁོ་ནའི་ཆེད་དུ་བསྒོམས་ཀྱང༌། ཐེག་ཆེན་ནི་ཤེས་སྒྲིབ་ཀྱི་མཚན་རྟོག་གི་གཉེན་པོར་ཞི་གནས་ཀྱི་ལྟ་སྒོམ་གཙོ་ཆེ་སྟེ། རྟེན་ཤེས་སྒྲིབ་ཀྱི་སྒྲིབ་པ་ཞི་གནས་དེ་ལ་བརྟེན་པའི་ཉོན་སྒྲིབ་ཀྱི་སྒྲིབ་པའང་རང་དགར་འགྱུར་རོ། །སེམས་ཉིད་ཀྱི་དོན་ལ་གནས་པ་ན། སེམས་ཉིད་ལ་འཁོར་འདས་ཀྱི་ཆོས་སྣ་ཚོགས་སྐྱེ་འགག་འབྱུང་སྡུད་བྱེད་པས། སེམས་དེ་ཉིད་ཀྱི་མ་འགགས་པའི་རོལ་པ་ལ་ཤེས་བྱ་ཐམས་ཅད་ཤར་ཅིང་ཇི་ཙམ་ཤར་ཡང་མཚན་འཛིན་སོགས་སྒྲིབ་པའི་དབང་དུ་མི་འགྱུར་བར་ཤེས་པ་དང་ཤེས་བྱའི་ཆོས་ཐམས་ཅད་ལ་རྒྱར་མ་ཆད་པར་གཡོ་བ་མེད་པར་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ཡིན། རིག་པ་སྒོར་ཐོན་མ་ཐོན་ཞེས་པ་རང་རྒྱུད་ཀྱི་ཤེས་བྱ་ཐམས་ཅད་སེམས་དེའི་སྟེང་དུ་འཆར་རུང་མི་རུང་ལ་བྱེད་པ་ཡིན། ཡང་གསལ་སྟོང་གི་ཉམས་ཅི་ཡིན་ཆ་མེད་པ་ཞིག་བྱུང་ཞུས་པས། དེ་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བྱ་བ་ཡིན། འོ་སྐོལ་གྱིས་དེ་ག་ན་ཤེས་གསུངས། ཡང་ཐང་གཅིག་གསལ་ལ་གཏད་པ་མེད་པ་སྟེ་གཞི་མེད་དུ་འགྲོ་བར་འདུག་ཞུས་པས། དེ་དོན་དམ་གཉུག་མ་རང་གི་ངོ་བོ་བྱ་བ་ཡིན། དེ་བཞིན་དུ་ནད་ཀྱི་དངོས་པོ་ཅི་བྱུང་ཡང་དེ་ལ་རིག་པ་གཏད་པས་གཞི་མེད་དུ་འགྲོ་བ་ཆོས་ཉིད་ཡིན། ཞེས་གསུངས་པའི་དོན་ནི། གསལ་སྟོང་གི་ཉམས་ཅི་ཡིན་ཆ་མེད་པ་ནི་སྔར་བཤད་པའི་ཐ་མལ་གྱི་ཤེས་པ་དེ་རྣམ་ཤེས་འཁྲུལ་བློའི་འདི་ལྟར་འདུག་ཅེས་ཅི་ཡིན་གྱི་ངོས་བཟུང་མེད་པ་བློ་འདས་ཤིག་ཏུ་གྱུར་པ་ཡིན། དེ་ཉིད་དྲི་བྲལ་རབ་ཀྱི་མཐར་ཐུག་པ་ན་སངས་རྒྱས་ཀྱི་ཡེ་ཤེས། ད་ལྟ་རང་རྒྱུད་མངོན་དུ་གྱུར་པ་ན་ལམ་དུས་རྣལ་འབྱོར་མངོན་སུམ་གྱི་ཡེ་ཤེས་ཡིན་པས་འོ་སྐོལ་གྱིས་ག་ན་ཤེས་གསུངས་པའང་དེ་ལ་དགོངས་ཏེ། དེ་ཉིད་ཀྱི་ཕྱིར་ཐ་མལ་གྱི་ཤེས་པ་དེ་འཁྲུལ་ཤེས་ཀྱིས་བཙོན་དུ་འཛིན་མི་བཏུབ་པའི་དོན་ཡིན། ཐང་ཅིག་གསལ་ཡང་གཏད་མེད་གཞི་མེད་དུ་འགྲོ་བ་ནི་དེ་ལྟར་གྱི་ཐ་མལ་གྱི་ཤེས་པ་དེ་ཉིད་ཀྱང་ཁོ་ཁོ་རང་གི་ངོ་བོ་རང་སྟོང་དུ་འགྲོ་བ་ལས་ཁོ་ཉིད་མི་སྟོང་བར་གཞིར་བྱས་ནས་ཆོས་གཞན་གྱིས་སྟོང་པའི་སྟོང་ཉིད་བ་ལང་རྟས་སྟོང་པ་ལྟར་མ་ཡིན་ལ། དེ་ཉིད་ཀྱི་རང་རང་ངོ་བོས་སྟོང་ཚུལ་དེས་ནད་ལ་སོགས་པའི་དངོས་ཆོས་ཐམས་ཅད་ཀྱི་རང་ངོ་ལ་བལྟས་པ་ནའང་ཁོ་ཁོ་རང་གི་ངོ་བོས་སྟོང་པའི་ཆགས་ཐོགས་ཀྱི་དངོས་པོ་བེམ་ཤེས་ཀྱི་ཆ་ལ་རྡུལ་ཕྲ་རབ་དང་ཤེས་པའི་སྐད་ཅིག་ཕྲ་རབ་དག་ལ་བྱེ་བ་བརྒྱ་སྟོང་ཆར་བཤགས་པའི་ཆ་ཤས་གཅིག་ཙམ་ཡང་ལྷག་མར་ལུས་པར་མི་འགྱུར་བར་ཁོང་དུ་ཆུབ་པ་ན་དངོས་ཆོས་ཀྱི་འཁྲུལ་བློ་སངས་པར་འགྱུར་བ་ཡིན་ནོ། །གནད་འདི་དཔྱིས་ཕྱིན་པའི་རྟོགས་པ་ཐོབ་ན་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པར་གྱུར་ནས་སྟོང་པ་ཉིད་ཀྱི་རྫུ་འཕྲུལ་ཐོགས་པ་མེད་པར་སྟོན་ནུས་པ་འབྱུང་ཞིང༌། དེང་སང་ཤར་ཙོང་ཁ་པ་དཔོན་སློབ་དག་གིས་མཆིད་མོལ་གླེང་བའི་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་པའི་སྟོང་བྱ་ནི་བེམ་ཤེས་སོགས་དངོས་པོ་དོན་བྱེད་པའི་ཆ་ཁོ་ཁོ་རང་གི་ངོ་བོ་དེ་སྟོང་བྱ་མ་ཡིན། སྟོང་བྱ་དེ་རང་བཞིན་གྱིས་གྲུབ་པའི་དངོས་པོ་རང་བདེན་པ་ཞིག་ཡིན་ཞེས་ལྟ་སྒོམ་དུ་བྱེད་པ་དེས་ནི་སྟོང་ཉིད་རྟོགས་པའི་རྫུ་འཕྲུལ་སྟོན་ནུས་པ་ག་ལ་ཞིག རྟེན་འབྱུང་དོན་བྱེད་པའི་དངོས་ཆོས་ཀྱི་སྤྲོས་མཚན་གྱི་ཆ་དེ་ཉིད་ལ་དམིགས་ཞེན་དང་བྲལ་བའི་སྟོང་ཉིད་ཀྱི་གོ་ཉམས་རྟོགས་པ་ལ་བརྟེན་ནས་ཆགས་སྡང་མངོན་གྱུར་ཙམ་ཡང་མགོ་གནོན་པར་ནུས་པ་ཡེ་མི་འབྱུང་ཞེས་ཐེག་པ་ཆེན་པོའི་བཀའ་བསྟན་བཅོས་སྔར་བྱུང་ཐམས་ཅད་ཀྱིས་གསུངས་སོ། །ཡང་རླུང་དབུ་མར་ཇི་ལྟར་ཚུད་ཞུས་པས། ཡང་དག་པར་ཕྱིར་མི་ལྡོག་པར་ཚུད་པ་ནི་སངས་རྒྱས་ཙ་ན་ཡིན། དེ་མ་གཏོགས་པ། ར་རོ་བ་དང་བརྒྱལ་བ་དང༌། འཁྲིག་པ་སྤྱོད་པ་དང༌། རླུང་འཕོ་མཚམས་དང་ཆགས་སྡང་སོགས་དྲག་པོ་སྐྱེས་པ་དང༌། མོས་གུས་སྙིང་རྗེ་སོགས་དྲག་པོས་ཁམས་འདུས་པ་དང༌། གཉིད་འཐུག་པོ་དང༌། སྒོ་ལྔའི་ཤེས་པས་ཡུལ་མཐོང་མ་ཐག་ཚོགས་དྲུག་གི་འཛིན་པ་དང་བྲལ་བའི་སྐབས་བརྒྱད་པོ་དེ་ཡིན་ཀྱང་ཉི་ཚེ་བ་ཡིན། འདིར་བླ་མའི་གདམས་ངག་གི་ལྷན་ཅིག་སྐྱེས་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ཕྱག་རྒྱ་བཅིངས་པས་རྐྱེན་བྱས་ནས་དུས་གསུམ་དུ་དབུ་མར་རླུང་འཇུག་སྟེ། བུམ་དབང་སོགས་དབང་བསྐུར་གྱི་དུས་དང༌། རྨི་ལམ་དུ་འོད་གསལ་ཟིན་པ་དང༌། གཏུམ་མོ་སོགས་སྒོམ་སྟོབས་ཀྱིས་ཚུད་པ་ཡིན་ལ།དུས་དེ་གསུམ་དུ་ཇི་ལྟ་བའི་དོན་མ་བཅོས་པ་དེ་རྟོགས་པ་ཡིན་གསུངས། ཞེས་པའི་དོན་ནི། སངས་རྒྱས་པ་ན་རླུང་ལ་བརྟེན་པའི་གཟུང་འཛིན་གྱི་རྣམ་ཤེས་བསླུ་ཆོས་ཀྱི་བརྫུན་པ་ཐམས་ཅད་དང་བྲལ་བ་ན། དེའི་བཞོན་པའི་རླུང་ཡང་འབྲེལ་ཟླ་འགགས་པ་ན་འབྲེལ་ཟློ་འགག་པས་གྱང་དང་རྩིག་པ་འགྱེལ་མཉམ་དུ་འགྲོ་བའི་ཚུལ་གྱིས་ལས་རླུང་གི་རོ་ལྡང་བ་མེད་པར་དབུ་མར་ཐིམ་འགྲོ་བ་ཡིན། ར་རོ་བ་ནས་འཕོ་མཚམས་ཀྱི་བར་བཞིར་རླུང་དབུ་མར་བསྡུ་བ་ནི།གཟུང་འཛིན་ཅན་གྱི་ཤེས་པ་ནི་རོ་རྐྱང་གི་བརྒྱུད་ནས་རྒྱུ་བའི་རླུང་ལ་བརྟེན་པ་ཡིན་ལ་གཟུང་འཛིན་ཅན་གྱི་ཤེས་པ་རགས་པ་འགགས་པ་ན་རོ་རྐྱང་གི་རླུང་རགས་པ་དབུ་མར་བསྡུས་པ་ཡིན། དགེ་སྡིག་གི་བློ་ཤུགས་དྲག་པོ་སྐྱེས་པ་ན་སེམས་དེ་ཉིད་ཀྱི་རང་ངོ་གཡེར་དུ་ཐོན་ནས་གཟུང་འཛིན་རགས་པ་འགག་པས་དེའི་རྟེན་གྱི་རླུང་དབུ་མར་བསྡུ་བ་ཡིན་ལ། གཉིད་འཐུག་པོའི་དུས་ནི་འཇུག་ཤེས་ཉོན་ཡིད་དང་བཅས་པ་ཀུན་གཞིའི་རྣམ་ཤེས་ལ་བསྡུས་པས་དེའི་བཞོན་པའི་རླུང་ཐམས་ཅད་སྙིང་གའི་དབུ་མར་བསྡུ་བ་ཡིན། སྒོ་ལྔའི་ཤེས་པ་ཡུལ་ལ་མངོན་པར་ཕྱོགས་མ་ཐག་གཟུང་འཛིན་གྱི་བསླད་མ་ཞུགས་པའི་དུས་གཟུང་འཛིན་གྱི་ཤེས་པའི་རྟེན་གྱི་རླུང་ཕྲ་མོ་དབུ་མར་བསྡུས་པ་ཡིན་ལ། འདིའི་ཆ་ཤས་ནི་ཕྲ་དྲགས་པས་སྐྱེ་བོ་ཕལ་པ་ལ་རླུང་དབུ་མར་བསྡུས་པའི་ཕྱི་རྟགས་གང་ཡང་མི་གསལ་ལ། གཟུང་འཛིན་རགས་པ་འགགས་པའི་སྟོང་པ་ཉིད་ཀྱི་རྣལ་འབྱོར་ཡོད་པ་ཞིག་གིས་སྒོ་ལྔ་ཡུལ་ཐོག་ཏུ་འགགས་པའི་ཕྲ་བའི་རླུང་དབུ་མར་འཇུག་ངོས་ཟིན་པས་སྒོ་ལྔའི་ཤེས་པ་གསལ་ལ་མི་རྟོག་ཙམ་དེ་ཉིད་ལ་གཟུང་འཛིན་གྱི་བསླད་པ་མ་ཞུགས་པར་ཕྱག་རྒྱ་ཆེན་པོར་མ་བཅོས་རྒྱ་འབྱམས་ཀྱི་རྟོགས་པ་སྐྱོང་དུ་ཡོད་དེ། དེ་ལྟའི་རླུང་དབུ་མར་བསྡུ་བ་ལ་ནི་སྟེང་འོག་གི་སྲོག་རྩོལ་གྱི་རླུང་འགོག་དགོས་པ་ནི་མ་ཡིན་པས་རླུང་རང་བབས་སུ་བཞག་པ་ཉིད་ཀྱིས་རླུང་དབུ་མར་ཐིམ་འགྲོ་བ་ཡིན་ཏེ། མགོན་པོ་འབྲི་ཁུང་པས། རླུང་མི་འཛིན་པར་ལྷུག་པར་འཇོག་པ་ཟབ། ཅེས་གསུངས་པའི་ཕྱིར། དེས་ན་སྣང་སྟོང་དབྱེར་མེད་ཀྱི་རྟོགས་པ་ཐོབ་པའི་རྣལ་འབྱོར་པ་ཞིག་གིས་སྒོ་ལྔ་ཡུལ་ཐོག་ཏུ་གྲོལ་བའི་རླུང་དབུུ་མར་འཇུག་འདི་སྦྱངས་པས་ལས་སྣང་རགས་པ་དང་ལས་རླུང་རགས་པ་མ་འགགས་བཞིན་དུ། རླུང་རགས་པ་དེའི་རྟེན་གྱིས་ཕྲ་བའི་རླུང་དབུ་མར་ཇེ་ཆེར་ཐིམ་པ་ན་ཇི་ཞིག་ན་རགས་པའི་ལས་སྣང་དང་ལས་རླུང་རྟོགས་པ་དང་བཅས་པ་ཐམས་ཅད་ཀྱང་གཞི་རྩ་ཆད་པའི་མྱུ་གུ་ལྟར་རང་ཆད་དུ་འགྲོ་བ་ལ་ཚེགས་མེད་པའི་རྟེན་འབྲེལ་གྱི་འགྲོས་ཆེས་ཟབ་པར་ཡོད་དོ། །རྒྱུ་མཚན་དེས་སྒོ་ལྔ་ཡུལ་ཐོག་ཏུ་བཟུང་འཛིན་གྱི་བཅོས་བསླད་ཐམས་ཅད་དང་བྲལ་བ་དེ་ཀ་ལེགས་པར་སྐྱོང་ན་སྒྲིབ་གཉིས་ཀྱི་རྟོག་པ་རང་འགའ་བ་ཐམས་ཅད་འགགས་པའི་མི་རྟོག་ཡེ་ཤེས་ལྷུན་གྲུབ་ཏུ་འབྱུང་སྟེ། ཏོག་ཙེ་པས། མིག་གི་རྣམ་ཤེས་རྟོག་པ་ཡི། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་འབྱུང་ལ་འདི་ཤིན་ཏུ་ལེགས་པར་འབྱོངས་པ་ན་སྣང་བ་ལ་སྐྱོན་དང་སྟོང་པ་ལ་ཡོན་ཏན་དུ་མི་མཐོང་བའི་སྣང་སྟོང་རོ་གཅིག་གི་རྟོགས་པ་འཆར་བ་ཡིན་ཏེ། རྒྱལ་བ་ཡང་དགོན་པས། སྒོ་ལྔ་ཡུལ་ཐོག་ཏུ་ཤར་བ་རིག་པའི་མདངས། །ཡུལ་འཛིན་རྐྱེན་ལས་སྐྱེས་པ་སྐྱེ་མེད་ཀྱི་གཤིས། །སྟོང་གསལ་སྤྲོས་བྲལ་དུ་འཆར་བ་རང་གྲོལ་གྱི་ཉམས། །སྣང་བ་ལ་སྐྱོན་དུ་མ་བལྟ་ཞེན་པ་ཐོང་དང༌། །སྒོམ་རོ་གཅིག་གི་ཀློང་དུ་ཕེབས་པ་ཞིག་འོང་གི །ཞེས་གསུངས་པས། སྒོ་ལྔའི་ཤེས་པ་ཁ་ཕྱིར་ཡིད་ཀྱི་ཤེས་པས་སྒྲོ་སྐུར་དུ་མ་བྱས། ཁ་ནང་དུ་ཉོན་ཡིད་སོགས་ཀྱིས་བདག་ཏུ་མ་བཟུང་བའི་ལུང་མ་བསྟན་པ་དེ་ཉིད་ཀྱང་ཐ་མལ་གྱི་ཤེས་པའི་ཕྱོགས་གཅིག་མངོན་དུ་བྱས་པ་ཡིན་ཀྱང༌། ད་དུང་ལུང་དུ་མ་བསྟན་པའི་མི་རྟོག་རང་ངོ་མ་ཤེས་པའི་རྨོངས་ཆའི་དྲི་མ་ཞིག་ཡོད་པ་དེ་ཉིད་སྙོམ་འཇུག་གི་སྒྲིབ་པའམ་གནས་ངན་ལེན་གྱི་དྲི་མ། ཀུན་གཞི་རྣམ་ཤེས་མ་སྒྲིབ་ལུང་མ་བསྟན་བྱ་བ་དེ་ཡིན་པས། དེ་ལ་ཤེས་སྒྲིབ་ཕྲ་ཞིང་ཕྲ་བའང་ཟེར། དེ་ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་འཚང་རྒྱ་བ་ཡིན་ཞེས་རྒྱལ་བ་རྒོད་ཚང་པ་ཆེན་པོས་གསུངས་སོ། ། བུམ་སོགས་ཀྱི་དབང་བསྐུར་བ་ན་རྣམ་ཤེས་ཀྱི་ཆས་བསྡུས་ཀྱི་དུག་ལྔའི་རྟོག་པ་འགགས་པ་ན་དེའི་བཞོན་པའི་རླུང་ཡང་དབུ་མར་བསྡུས་ལ། དབང་གི་བྱེད་པས་ཡེ་ཤེས་ལ་དབང་ཐོབ་པས་ཡེ་ཤེས་དེའི་བཞོན་པའི་རླུང་གིས་དབུ་མའི་མདུད་པ་དྲལ་ནས་རླུང་དེ་ཉིད་ཀྱིས་ལས་རླུང་གི་རྒྱུ་བ་རྣམས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་དྲངས་ཏེ་དབུ་མར་ཐིམ་པར་བྱེད་པའམ། དབང་དུས་ཀྱི་ཕྱག་རྒྱ་མའི་རྩ་དབུ་མ་དང་རྣལ་འབྱོར་པའི་རྩ་དབུ་མའི་མར་སྣ་ཕྲད་པའི་ཚོར་བདེས་དྲངས་པའི་ལུས་སེམས་ཀྱི་རེག་པའི་མེ་རླུང་གིས་རྣལ་འབྱོར་ཡབ་ཡུམ་གྱི་ལས་རླུང་ཐམས་ཅད་དེར་བསྡུས་ནས་ལས་རླུང་དབུ་མར་མི་དམིགས་པར་བསྡུས་པ་ཉིད་ཀྱིས་གཟུང་འཛིན་རྣམ་ཤེས་ཀྱི་དྲི་མ་ཐམས་ཅད་རང་སར་དག་ནས་དབང་གསུམ་པ་དང་བཞི་པའི་ཡེ་ཤེས་མངོན་དུ་བྱེད་དེ། དེ་ཡང་བདེ་བའི་ཆ་ནས་གསུམ་པའི་ཡེ་ཤེས་དང་སྟོང་པའི་ཆ་ནས་བཞི་པའི་ཡེ་ཤེས་དང༌། བདེ་སྟོང་གང་གིས་ཀྱང་བཅོས་བསླད་ཐམས་ཅད་བྲལ་བའི་ཤེས་པ་རྒྱ་དང་རིས་སུ་མ་ཆད་པའི་ཆ་ནས་ཐ་མལ་གྱི་ཤེས་པ་ཕྱག་རྒྱ་ཆེན་པོ་ཉིད་སྒྲིབ་བྲལ་དུ་འཆར་བ་ཡིན། དེ་ལྟར་དབང་དོན་རྒྱུད་ལ་སྐྱེས་ནས་དབང་བསྐུར་ཐོབ་པའི་དབང་གིས་མྱོང་བ་དེ་ཉིད་གཉིད་སྟུག་གི་དུས་འཆར་བའི་འདུན་སྟོབས་ཀྱིས་དེ་ཉིད་དུ་ཐ་མལ་གྱི་ཤེས་པ་འཆར་བས། གཉིད་འོད་གསལ་དུ་དག

རླུང་དབུ་མར་ཐིམ། རྨི་ལམ་སོགས་སྣང་ཆ་ལྷ་སྐུར་ལྡང་བ་ཞིག་འབྱུང༌། དེ་ལྟར་དབང་དུས་ཀྱི་མྱོང་བ་གཉིད་དུས་སུ་སྲེ་ཐུབ་པའི་རྟོགས་པ་དེ་ཉིད་དང་ལྡན་པ་དེས་སྟེང་འོག་གི་སྲོག་རྩོལ་གྱི་རོ་རྐྱང་གི་ལས་རླུང་ལྟེ་བའི་གཏུམ་མོ་ལ་བསྣུན་པས་གཏུམ་མོའི་མེས་ལྟེ་བའི་རྩ་དབུ་མའི་ཞལ་ཕྱེས་པས། དེ་ནས་ཡེ་ཤེས་ཀྱི་རླུང་བྱུང་བ་སླར་ཡང་གཏུམ་མོའི་མེ་ལ་ཕོག་པས་དེའི་རྐྱེན་གྱིས་གཏུམ་མོ་ཉིད་ལ་ལས་དང་ཡེ་ཤེས་ཀྱི་མེ་རླུང་དྲག་པོར་གྱེན་དུ་འབར་བས། ལས་གཏུམ་གྱིས་ལས་རླུང་ཐམས་ཅད་དབང་དུ་བྱས་ནས་དབུ་མར་ཐིམ་པར་བྱས་ཏེ་རྣམ་རྟོག་གི་རྒྱུ་བ་འགོག་པར་བྱེད་ལ་ཡེ་གཏུམ་གྱིས་ཡེ་རླུང་ཐམས་ཅད་དབང་དུ་བྱས་ནས་དབུ་མར་ཐིམ་པར་བྱས་ཏེ། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྒྱུན་ཆད་དང་འཕེལ་འགྲིབ་མེད་པར་འབྱུང་བར་བྱེད་པས་རླུང་དབུུ་མར་འཇུག་གི་དུས་འདི་གསུམ་དུ་གནས་ལུགས་རྟོགས་པའི་རྟོགས་པས་སྒྲིབ་ཚོགས་ཐམས་ཅད་གཅོད་པར་བྱེད་པས་རླུང་དབུ་མར་ཆུད་པའི་ཐབས་ལ་ནན་ཏན་དུ་བྱའོ། །

༡༠༦

ཡང་རྟོགས་པ་ཤར་བ་ནས་ཚོགས་དྲུག་བཀག་ནས་ནང་དུ་མི་རྟོགས་པར་འཇུག་པ་དང༌། ཚོགས་དྲུག་མ་བཀག་པར་འཛིན་མེད་ལྷུག་པར་འཇོག་པ་གཉིས་གང་ལེགས་ཞུས་པས། ནང་དུ་ཀུན་གཞི་ལ་བསྡུས་ཏེ་མི་རྟོག་པར་འཇོག་པ་དེ་ཡང་དག་པ་མ་ཡིན་དེ་འདྲའི་རིགས་ཀྱི་སྒོམ་མུུ་སྟེགས་དང་ཉན་ཐོས་ལ་ཡང་ཡོད། ཚོགས་དྲུག་འཛིན་མེད་ལྷུག་པ་རང་དུ་འཇོག་པས་རང་གཞན་གྱི་དོན་ཐམས་ཅད་འགྲུབ་པ་ཡིན། ཞེས་གསུངས་པའི་དོན་ནི། ཚོགས་དྲུག་བཀག་ནས་ཚོར་འདུ་འགོག་པའི་སྙོམ་འཇུག་ནི་འདུ་ཤེས་མེད་པའི་སྙོམ་འཇུག་བྱ་བ་མུ་སྟེགས་པའི་རྒྱུད་ལ་ཡོད་པ་དང༌། ཡང་ཚོགས་དྲུག་བཀག་པའི་འགོག་སྙོམས་བྱ་བ་ཉན་ཐོས་འཕགས་པའི་རྒྱུད་ལའང་འབྱུང་དུ་རུང་བ་ཡོད། དེ་ལས་ཚོགས་དྲུག་གི་ཡུལ་སྣང་མ་འགགས་པ་ས་ལེ་བའི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་མ་དོར་བའི་ཐོག་འདི་ཉིད་ནས་དེའི་ཆོས་ཉིད་སྤྲོས་བྲལ་དོན་དམ་པའི་བདེན་པ་ལ་མཉམ་པར་གཞག་པ་ན་རང་བཞིན་གྱི་ཀུན་རྫོབ་རྫུན་པའི་བདེན་རྟོག་གི་འཁྲུལ་པ་ཐམས་ཅད་སྦྱངས་ནས་འཁྲུལ་པས་མ་བསླད་པའི་ཀུན་རྫོབ་སྒྱུ་མ་ལྟ་བུའི་རྟེན་འབྱུང་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ཏེ། འགོག་སྙོམས་ཀྱི་ཏིང་ངེ་འཛིན་གྱི་བདེ་བ་ལ་ཆགས་ནས་དེ་ཁོ་ན་ལ་མཉམ་གཞག་ལྷུར་བྱས་ཤིང༌། ཀུན་རྫོབ་པའི་ཤེས་བྱ་ལ་སྒྲིབ་པའི་འཁྲུལ་ཆ་མ་ལུས་པ་བསལ་ཞིང་མ་འཁྲུལ་པའི་སྣང་བ་རབ་འབྱམས་སུ་སྦྱང་བར་མ་བྱས་ན་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་མི་འགྱུར་བའི་ཕྱིར། ཚུལ་འདིའི་ཞལ་བྱུང་ལས་ཤེས་པར་བྱ་བ་གཞན་ཡང་ཡོད་དེ། ས་པཎ་ཆེན་པོས་ཀྱང༌། བླུན་པོས་ཕྱག་རྒྱ་ཆེ་བསྒོམས་པས། །ཕལ་ཆེར་དུད་འགྲོའི་གནས་སུ་སྐྱེ། །ཡང་ན་གཟུགས་མེད་ཁམས་སུ་སྐྱེ། །ཡང་ན་ཉན་ཐོས་འགོག་པར་ལྟུང༌། །ཞེས་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་ཐམས་ཅད་ཤོར་གོལ་དུ་སོང་ཞེས་ཁ་ཚོན་བཅད་པར་མཛད་ཀྱང༌། གོལ་ས་འདི་གཅོད་པ་ལ་གོལ་ས་འདིར་མི་གོལ་བའི་རྟོགས་པ་དོན་གཉེར་ཞིག་རང་གོལ་མི་གོལ་གྱི་ཚུལ་ལ་མཁས་པ་མ་གཏོགས་རྟོགས་པ་འདི་དོན་དུ་མི་གཉེར་བའི་ཁུར་མ་ཁུར་བ་དག་གིས་འདིའི་ཚུལ་ལ་ཇི་ཙམ་གཡར་ཁྲལ་དུ་ཚེའང་གོལ་སར་སོང་མ་སོང་གི་མཐའ་མཐོང་བའི་མིག་རྒྱ་ཇི་ལྟར་ཆོད་ལེགས་པར་སེམས་ཤིག ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་ཤོར་གོལ་དུ་སོང་མ་སོང་ནི་ཕྱག་རྒྱ་ཆེན་པོའི་གོ་འཕང་སྙིང་ཐག་པ་ནས་འདོད་པས་ཕྱག་རྒྱ་ཆེན་པོ་སྒྲུབ་པ་ཞིག་གིས་ཤོར་གོལ་དུ་སོང་མ་སོང་གི་གཡར་ཁྲལ་བབ་སྟེ་ཤེས་པར་འགྱུར་བ་ལས། ཕྱག་རྒྱ་ཆེན་པོའི་སྒྲུབ་པ་བཏང་སྙོམས་སུ་འཇོག་པ་དག་གིས་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་གོལ་སར་གོལ་མ་གོལ་ལ་གཡར་ཁྲལ་ཆེ་བ་སྐད་དུ་བྱས་ཀྱང་གོལ་སར་སོང་མ་སོང་རང་རྒྱུད་ལ་མྱོང་བའི་ཚད་མས་དྲངས་པའི་ངེས་ཤེས་བསླུ་མེད་ཡོད་པ་ནི་ཆེས་དཀའོ། །ཡང་ཞལ་སྔ་ནས། གཞི་སྤོང་བའི་ལམ་ནི། ཕ་རོལ་ཏུ་ཕྱིན་པ་སྟེ་སྤང་བྱ་དང་གཉེན་པོ་ཐ་དད་དུ་བྱས་ནས་སྤོང་བ་ཡིན། གཞི་བསྒྱུར་བའི་ལམ་ནི་གསང་སྔགས་ཏེ། རྟེན་བསྒྱུར་བ་ལུས་ལྷ་དང་ཕོ་མོའི་དབང་པོ་རྡོ་རྗེ་དང་པདྨ་དང༌། བརྟེན་པ་ཉོན་མོངས་ཡེ་ཤེས་སུ་བསྒྱུར་བ་སྟེ་དྲི་མས་དྲི་མ་འཁྲུད་པ་དང༌། རྟོག་པས་རྟོག་པ་གཅོད་པའོ། །གཞི་ཤེས་པའི་ལམ་ནི་ཕྱག་རྒྱ་ཆེན་པོ་སྟེ། སྤང་བྱ་མ་གྲུབ་པས་གཉེན་པོས་སྤང་དུ་མ་བཏུབ། བསྒྱུར་བྱ་མ་གྲུབ་པས་བསྒྱུར་དུ་མ་བཏུབ། སེམས་ཉིད་གདོད་ནས་སྟོང་པ་ཉིད་དུ་བཞུགས་པ་ངོ་བོ་ཉིད་ཀྱི་སྐུ། དེས་ཤེས་བྱ་དང་ཤེས་བྱའི་ཆོས་གང་ལའང་མི་རྟོག་པ་ཆོས་ཀྱི་སྐུ། མི་རྟོག་བཞིན་བདེ་བ་དམ་པས་བརྒྱན་པ་ལོངས་སྤྱོད་རྫོགས་པའི་སྐུ། དེ་ཉིད་གསལ་ལ་མ་འགགས་པར་རྡོ་རྗེ་གསུམ་གྱི་རྣམ་རོལ་མཐའ་ཡས་པར་སྣང་བ་སྤྲུལ་པའི་སྐུ་སྟེ་གདོད་མ་ནས་སངས་རྒྱས་རང་ཆས་སུ་ཡོད་པ་དེ་རང་ངོ་ཤེས་ནས་གོམས་པར་བྱས་པས་རང་ངོ་མི་ཤེས་པའི་མ་རིག་པ་དང་རྨོངས་པའི་མཚམས་སྦྱོར་བ་བཅད་དེ་སངས་རྒྱས་པ་མིན་གསུངས་པའི་དོན་ནི། གཞི་ནི་འཁོར་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཏེ། རྒྱུའི་ཐེག་པར་འཁོར་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་རྒྱུན་ནི་སྒྲིབ་གཉིས་ཀྱི་ཡང་དག་མིན་རྟོག་ཀུན་རྫོབ་ཏུ་འཁོར་བའི་བྱ་བ་བྱེད་པར་བདེན་པ་དང༌། དེའི་གཉེན་པོ་ཚོགས་གཉིས་ཀྱིས་དེ་སྤང་བར་བྱས་པས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པར་བྱེད་པ་ཡིན། འབྲས་བུའི་ཐེག་པར་ནི་དེ་ལྟའི་གཞི་འཁོར་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་སྒྲིབ་པ་སྤོང་བའི་ཚུལ་ལ། འཁོར་བའི་ཆོས་ཀྱི་རྒྱུ་འབྲས་དེ་ཐམས་ཅད་ཐ་སྙད་དུའང་རྒྱུ་འབྲས་རང་བདེན་དུ་མ་གྲུབ་པས་ཐབས་མཁས་ཀྱི་རྟེན་འབྲེལ་སྒྱུ་མ་ལྟ་བུར་སྤང་བྱ་ཉིད་བླང་བྱར་བསྒྱུར་ནས། སྤང་བྱ་རང་དག་ལ་སོང་བའི་ཚུལ་གྱིས་འཁོར་བའི་ཆོས་རྣམས་སྤང་བར་བྱས་ཏེ། འཁོར་བའི་ཕུང་ཁམས་སྐྱེ་མཆེད་རྣམས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པར་བྱེད་པ་ཡིན་ནོ། །དྲི་མས་དྲི་མ་ཁྲུས་པ་ནི་དྲི་མ་ཉིད་དྲི་མ་མེད་པའི་ཐབས་དང་རྣམ་རྟོག་གི་འཁྲུལ་པ་ཉིད་འཁྲུལ་པ་མེད་པར་བྱས་པས་འཁྲུལ་པ་ཡེ་ཤེས་སུ་ཤར་བ་ཞེས་བྱའོ། །ཕྱག་རྒྱ་ཆེན་པོ་ནི། གཞི་འཁོར་བའི་ཆོས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཐ་སྙད་ཙམ་དུའང་འཁྲུལ་ཆོས་གཞི་མེད་རྩ་བྲལ་ཡིན་པས་སྤང་བྱར་ཡང་མ་མཐོང༌། བསྒྱུར་བྱར་ཡང་མ་དམིགས་འོ་ན་ཐ་སྙད་དུ་ཀུན་རྫོབ་ཀྱི་ཆོས་དམིགས་བྱར་རྟེན་འབྱུང་ཙམ་དུ་ཇི་ལྟར་བཞག་སྙམ་ན། གདོད་མ་ནས་ཀྱི་གཉུག་མ་ཐ་མལ་གྱི་ཤེས་པ་སྐུ་བཞིའི་ངོ་བོར་སྒྲིབ་བྲལ་དུ་བཞུགས་པའི་འཁྲུལ་བྲལ་དེ་བཞིན་ཉིད་ལ་དེ་བཞིན་ཉིད་དུ་ཁོང་དུ་ཆུབ་པས་དེ་བཞིན་གཤེགས་པར་བྱས་ཏེ། འཁྲུལ་པའི་དྲི་མ་ཐམས་ཅད་མ་སྤངས་མ་བསྒྱུར་བར་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཀྱི་ཕྱིར་རོ། །དེས་ན་འཁྲུལ་པ་ངན་པ་ཞིག་སྤང་བྱ་དང་མ་འཁྲུལ་པའི་བཟང་པོ་ཞིག་བསལ་བཞག་ཏུ་མེད་དེ། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་འབྱུང་ལ། ཀརྨ་པ་རང་བྱུང་རྒྱལ་བ་མཆོག་གིས། ཐ་མལ་ཤེས་པ་འདི་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །བཟང་དུ་འཕགས་པས་བཏང་བ་མེད། །ངན་དུ་སེམས་ཅན་གྱིས་མ་བཏང༌། །ཐ་སྙད་དུ་མས་བརྗོད་མོད་ཀྱང༌། །བརྗོད་པ་དེ་ཡི་དོན་མི་ཤེས། །དེ་ཡི་མ་འགགས་རོལ་པ་ལ། །ཡོན་ཏན་དྲུག་ཅུ་རྩ་བཞི་པོ། །རགས་པ་ཡིན་ཏེ་རེ་རེའང༌། །བྱེ་བ་ཕྲག་རེར་གསུངས་པ་ཡིན། །ཞེས་འབྱུང་བ་ལྟར་རོ། །གཉུག་མ་ཐ་མལ་གྱི་ཤེས་པས་ཤེས་བྱ་ཀུན་རྫོབ་པའི་ཡུལ་ཡུལ་ཅན་ག་ལའང་མི་རྟོག་པ་འདིའི་ཕྱོགས་གཅིག་ལ་དགོངས་ནས། དཔལ་ལྡན་ཟླ་བའི་དབུ་མ་ཐལ་འགྱུར་པའི་བརྗོད་པར། ཐ་སྙད་དུའང་སངས་རྒྱས་ལ་ཡེ་ཤེས་ཡོད་མེད་གང་དུའང་བཞག་ཏུ་བྱར་མེད་ཅེས་གསུངས་ལ། འདིའི་བདེ་ཆེན་ལོངས་སྐུ་ནི་སྔགས་གཞུང་དུ་ལྷན་ཅིག་པའི་ཧེ་རུ་ཀ་ཞལ་སྦྱོར་གྱི་བདེ་བ་འདུ་མི་བྱེད་པའམ། མི་ཕྱེད་པའི་བདེ་བ་ཞེས་པ་དེ་ཉིད་ཡིན་ཏེ། རྒྱལ་པོ་ཨིནྡྲ་བྷུ་ཏིས། བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་འབྱུང་བ་དེ་ཡིན་ནོ། །དེས་ན་བདག་གི་རྗེ་རས་པ་ཆེན་པོའི་ཞལ་ནས། བསྒྱུར་བའི་ལམ་འདི་ནི་གསང་སྔགས་ཀྱི་བསྐྱེད་རིམ་གྱིས་ཆོས་གཟུགས་ཀྱི་སངས་རྒྱས་སྒྲུབ་ཚུལ་ཡིན་ལ། གཞི་ཤེས་པའི་ལམ་འདི་གསང་སྔགས་ཀྱི་རྫོགས་རིམ་གྱིས་ཆོས་གཟུགས་ཀྱི་སངས་རྒྱས་སྒྲུབ་ཚུལ་ཡིན་ལ། ད་ལྟ་ནའང་གསང་སྔགས་རྫོགས་རིམ་པའི་གཞི་ཤེས་པར་བྱེད་ཚུལ་ལས། བཀའ་བརྒྱུད་རིན་པོ་ཆེའི་བཞེད་པས་གཞི་ལམ་དུ་བྱེད་ཚུལ་ཁྱད་པར་དུ་འཕགས་པ་སྟེ། གསང་སྔགས་རྫོགས་རིམ་དག་གིས་གཉུག་མ་ཐ་མལ་གྱི་ཤེས་པ་མངོན་དུ་བྱེད་པའི་ཐབས་ནི། དབང་གོང་མ་གསུམ་དང་འབྲེལ་བའི་ལས་ཡེ་ཕྱག་གསུམ་སོགས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡིན་ལ། འདིར་ནི་དེ་ལྟའི་སྤྲོས་བཅས་ཀྱི་ཐབས་མང་པོ་མི་དགོས་པར་བླ་མའི་མོས་གུས་ཀྱི་ཐབས་གཅིག་པུས་མངོན་དུ་བྱེད་པ་ཡིན་པས། མོས་གུས་དཀར་པོ་གཅིག་ཐུབ་བྱ་བ་ཡིན་པས་གསང་སྔགས་རྫོགས་རིམ་གྱི་ཐ་མལ་ཤེས་པ་མངོན་དུ་བྱེད་ཚུལ་ནི། དབང་པོ་རྣོན་པོའི་དབང་རྟུལ་གྱི་དབང་དུ་བྱས་ལ། བཀའ་བརྒྱུད་འདིས་ཐ་མལ་གྱི་ཤེས་པ་མངོན་དུ་བྱེད་ཚུལ་ནི་དབང་རྣོན་གྱི་དབང་དུ་བྱས་པའོ། །དོན་འདི་ལ་དགོངས་ནས། རྒྱལ་བ་རྒོད་ཚང་པས་གཤེགས་ཀ་ཞལ་ཆེམས་ཀྱི་རྣམ་པར་མྱ་ངན་འདས་ཆུང་ལས། སློབ་དཔོན་རས་ཕུག་པས་ཞུས་པ། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་ཞིང་ཁམས་གང་དུ་གཤེགས། མཚན་ཇི་སྐད་བྱ་བར་མཆིས་ལགས་ཞུས་པས། ཁོ་བོ་ཞིང་ཁམས་ནི་ཀུན་ཏུ་མཐའ་ཡས་ལ། མིང་ཡང་སྣ་ཚོགས་སུ་འགྱུར་ཏེ། འགྲོ་བའི་དོན་གཞན་སྣང་དུ་འཆར་རོ། །སྐྱེ་བ་འདི་ལ་ཁོ་བོ་ལ་སྔོན་འགྲོ་བཞི་བསྐྱངས་པ་ཡན་ཆད་དག་པའི་འཁོར་དུ་འབྱུང༌། ལར་ཁོ་བོ་ལ་ཆེར་རེག་ཆེར་མཚེངས། ཆུང་རེག་ཆུང་དུ་མཚེངས་པ་ཡིན། མཐོང་ཐོས་དྲན་རེག་གི་སེམས་ཅན་རྣམས་གྲོལ་བར་ཐེ་ཚོམ་མེད། ལར་སེམས་ཅན་བློ་དམན་པ་ཁོ་བོ་དང་དངོས་འབྲེལ་ནི་མེད་པ་རྣམས་ང་ཡི་རྣམ་ཐར་འདི་ལ་དད་ཅིང་མོས་ཏེ་ཞལ་མ་མཐོང་ཞིང་གསུང་མ་ཐོས། ཁོ་བོ་ནི་མྱ་ངན་ལས་འདས་ནས་མི་བཞུགས། གསོལ་བ་བཏབ་ཀྱང་བྱིན་རླབས་དང་ཡིད་བརྟན་མི་སྐྱེ་སྙམ་ནས་ཐེ་ཚོམ་དུ་གྱུར་ན། ཐེ་ཚོམ་བྱ་མི་དགོས། ཁོ་བོ་ལ་གསོལ་བ་འདེབས་ནུས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཁོ་བོ་རང་ཤེས་པ་ཡིན་མོད། ཕྱི་རབས་ཀྱི་སེམས་ཅན་ངའི་རྗེས་སུ་འཇུག་པ་རྣམས་ཀྱང་གསོལ་བ་ཁོ་བོ་རང་ལ་འདེབས་སུ་ཆུག་པར་མཛོད། ཙབ་ཙུབ་མང་པོ་མི་འཚལ། བདག་གཞན་གཉིས་ཀྱི་དོན་གྲུབ་པར་ཁོ་བོ་རང་ཤེས་ཀྱིས་ཨང་གསུངས་པས། སློབ་དཔོན་དབང་ཕྱུག་རྒྱལ་མཚན་གྱིས་ཞུས་པ། རྣམ་ཐར་ཀུན་ན་ཆོས་ཀྱི་རྒྱལ་པོ་དང་བྱང་ཆུབ་སེམས་དཔའི་མཚན་དང་མཛད་པ་མཐར་འདོན་པའི་མཚན་དེ་ཀུན་དེ་ཀ་ལྟར་མཆིས་སམ་ཞུས་པས་དེ་རྣམས་ཀྱང་དེ་ཁོ་ན་ལྟར་འབྱུང་བ་འགྱུར་ཏེ། གཞན་ཡང་མཐའ་ཡས་པ་མི་ཟད་པ་ཆེན་པོ་རྒྱན་གྱི་འཁོར་ལོ་འགྱུར་གསུངས། ཡང་ཞིང་ཁམས་མཐའ་ཡས་པ་དེ་རྣམས་དང་སྐུའི་བཀོད་པ་དཔག་ཏུ་མེད་པ་རྣམས་ཡོན་ཏན་མཐོང་བ་དང་ཐོས་པར་འདོད་པ་རྣམས་ཀྱིས་ཐབས་སམ་ལམ་གྱི་གནད་ཇི་ལྟ་བུ་ལ་འཇུག་པར་བགྱི་ལགས་ཞུས་པས། རྗེའི་ཞལ་ནས། དེའི་ཐབས་ནི་སྣ་མང་པོ་བྱས་པས་ཐོབ་པ་མ་ཡིན། ལམ་གཅིག་གིས་ལམ་ཐམས་ཅད་ཀྱི་གོ་ཆོད་པ། ཐོབ་པར་བྱ་བའི་ཐབས་གཅིག་གིས་ཐོབ་པར་བྱ་བ་མ་ལུས་པ་ཐོབ་པའི་ཐབས་སུ་འགྱུར་བའི་གནད་ནི། ལམ་ཟབ་མོ་བླ་མའི་མོས་གུས་ལས་ས་ཆོད་ཆེ་བ་མེད། ང་ཡར་ལ་སློང་ཞིག་གསུང་ནས་གཅིག་ཐུབ་རྡོ་རྗེའི་མགུར་འདི་གསུངས་སོ། །རྗེ་སངས་རྒྱས་ཀུན་འདུས་རས་པ་ལ། །ཐེ་ཚོམ་མེད་པར་གསོལ་བཏབ་པས། །ཡོན་ཏན་བུམ་པ་གང་བྱོར་ཐོབ། །ཡིད་ཆེས་མོས་གུས་གཅིག་ཐུབ་ཡིན། །འཁོར་བའི་རྩ་བ་མཁའ་ལྟར་དག །བདེ་ཆེན་ཡེ་ཤེས་ལྔ་དང་ལྡན། །བཅོམ་ལྡན་རྒྱལ་པོ་གཅིག་ཐུབ་ཡིན། །ཁྱེད་ཚེ་འདིར་སངས་རྒྱས་ཐོབ་འདོད་ན། །ཐེག་པའི་མཐར་ཐུག་གསང་སྔགས་ཡིན། ། གསང་སྔགས་ཀྱི་སྙིང་པོ་མོས་གུས་ཡིན། །མོས་གུས་ལམ་གྱི་གཅིག་ཐུབ་ཡིན། །གེགས་སེལ་བོགས་འདོན་བྱེད་འདོད་ན། །གནད་ཅན་གདམས་པ་མོས་གུས་ཡིན། །ཐེ་ཚོམ་མི་དགོས་གསོལ་བ་ཐོབ། །ཁྱེད་མོས་གུས་ལམ་སྣ་མ་ཤོར་ན། །བར་དོའི་སྣང་མུན་མི་འབྱུང་ཞིང༌། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ། །མོས་གུས་གཅིག་ཐུབ་འབྲས་བུ་ཡིན། །བདག་གཞན་དོན་གཉིས་དགོས་འདོད་འབྱུང༌། །འདི་ཕྱི་གཉིས་ཀྱི་དོན་ཆེན་འགྲུབ། །འགྲོ་དོན་ཕྲིན་ལས་དར་རྒྱས་དཔལ། །མོས་གུས་ཡོན་ཏན་གཅིག་ཐུབ་ཡིན། །གཅིག་ཐུབ་རྡོ་རྗེའི་མགུར་ཆུང་འདི། །སྙིང་གཏམ་ལགས་པས་ཐུགས་ལ་ཞོག །གནད་ཅན་ཡིན་ནོ་ཉམས་སུ་ལོང༌། །དུས་རྟག་ཏུ་བླ་མ་དང་འབྲལ་བ་མེད་པར་ཤོག །ཅེས་གསུངས་སོ། །དེར་སློབ་དཔོན་ཚོས་གསོལ་བ་དུངས་པ་གཅིག་བཏབ་སྟེ། དེའི་རྗེས་སུ་བཟུང་འཚལ་ཞེས་ཞུས་པས། ཁོ་བོ་ཤེས་པ་ཡིན་མོད་གསུངས། ད་ཁོ་བོའི་མཚན་ཡང་མ་ཆགས་པདྨའི་སྤྱན་བྱ་བར་འཛིན་ཏོ། །ཞེས་ལུང་བསྟན་ནོ། །ཞེས་འབྱུང་བ་ལྟར་ཐ་མལ་གྱི་ཤེས་པ་མངོན་དུ་བྱེད་པའི་ཐབས་བླ་མ་དམ་པའི་ཆོས་འདི་ལ་མོས་གུས་ལ་གནད་དུ་བསྣུན་ཅིག ཡང་ཞལ་སྔ་ནས། སྟོང་པ་ཉིད་ཤོར་ས་དུ་མར་ཤོར་བའི་ལྟ་སྒོམ་དེ་ཐམས་ཅད་ནི་སྟོང་བྱ་ཆོས་ཐམས་ཅད་ཤེས་བྱ་ཕྱིའི་ཆོས་སུ་བྱས་ནས། དེ་ཉིད་ལ་ཤེས་པ་སྟོང་ཆམ་མེར་བཞག་པས་ཤོར་གོལ་དུ་སོང་བ་ཡིན། འོ་ན་སྟོང་པ་ཉིད་མ་ནོར་བའི་ལྟ་སྒོམ་རྣལ་མ་དེ་གང་ཞེ་ན། སེམས་ཉིད་གཉུག་མ་མ་བཅོས་པའི་རང་བབས་དེ་ཉིད་ཀྱི་གནས་ལུགས་ལ་རང་དགར་ལྟ་སྒོམ་དུ་བྱེད་པ་དེ་ཉིད་ཡིན་ཞེས་གསུངས་པའི་དོན། ཕྱི་ནང་གི་ཆོས་སྟོང་པའོ་སྙམ་དུ་ཁ་ཕྱིར་རྟོག་པའི་རྟོག་སྤྱོད་ཀྱི་སྒོམ་འདི་ལ་ཞི་གནས་ཀྱིས་དྲངས་པའི་སྒོམ་བྱུང་ཞིག་དང་ཞི་གནས་ཀྱིས་མ་དྲངས་པའི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་རང་ག་བ་ཞིག་སྟེ་གཉིས་ཡོད་པའི་ཕྱི་མ་འདི་ལ་ཀུན་མཐུན་པར་ཁ་ལྟ་སྐམ་པོ་ཞེས་རྩིས་ཆེན་པོར་མི་བྱེད་ཀྱང༌། དང་པོ་འདི་ལ་བཀའ་གདམས་པ་ཅི་རིགས་དང༌། ས་པཎ་སོགས་བོད་སྔ་ཕྱི་མང་པོས་སློབ་དཔོན་ཀ་མ་ཤཱི་ལའི་སྒོམ་རིམ་ནས་འབྱུང་བའི་ཞི་ལྷག་གི་ལྟ་སྒོམ་འཕྲུལ་མེད་ཀྱང་འདི་ཉིད་ཡིན་ནོ་ཞེས་རྩིས་པོ་ཆེར་རློམ་ཡང༌། བཀའ་བརྒྱུད་རིན་པོ་ཆེ་འདིའི་ཁྲིད་སྲོལ་ལྟར་ན། དེ་ལྟའི་ཡིད་བྱེད་ཀྱི་ཞི་ལྷག་གི་སྒོམ་པ་ཡང་དངོས་འཛིན་དང་བདེན་འཛིན་རགས་པ་ཙམ་གྱི་གཉེན་པོར་འགྱུར་བའི་སྟོང་ཉིད་ཀྱི་དོན་སྤྱིའི་སྤྱི་མཚན་ཙམ་ཞིག་མངོན་དུ་བྱས་པ་ཡིན་ཀྱང༌། འཁོར་འདས་ཀྱི་དངོས་ཆོས་སུ་སྣང་བ་འདི་དག་རང་གི་མཚན་ཉིད། སྤྱིའི་མཚན་ཉིད་གང་དུ་ཡང་གྲུབ་པ་དང་བྲལ་བའི་རང་བཞིན་ལ། ཡིད་བྱེད་དང་རྟོག་དཔྱོད་གང་གིའང་རེག་མི་ཐུབ་པའི་ཡིད་བྱེད་བྲལ་བའི་བློ་འདས་ཀྱི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡང་དག་པར་ནི་མི་འགྱུར་རོ། །དེས་ན་ལྟ་སྒོམ་དེ་བརྒྱུད་པ་གཞན་དག་གིས་ལྷག་མཐོང་གི་ཤེས་རབ་བླ་ན་མེད་དུ་རྩིས་པ་ཆེར་བྱེད་པོ་ཙམ་དུ་ནི་བཀའ་བརྒྱུད་འདི་པས་མི་འཇོག་སྟེ། ཆོས་ཐམས་ཅད་སྟོང་ཉིད་དུ་གཞལ་བའི་ཡུལ་ཡུལ་ཅན་གྱི་རྟོག་སྤྱོད་ཀྱི་ལྟ་སྒོམ་བྱེད་པའི་བློའམ་སེམས་དེ་ཉིད་སྟོང་མི་སྟོང་ཐམས་ཅད་ཀྱི་སྤྲོས་པ་དང་བྲལ་བར་རྗེན་གཅེར་རྟོག་བྲལ་མ་འཁྲུལ་བར་ཁོང་དུ་མ་ཆུབ་པར་ཉིད་ན། ཆོས་ཐམས་ཅད་རང་སྤྱིའི་མཚན་མ་དང་བྲལ་བའི་སྟོང་པ་ཉིད་དུ་རྟོག་བྲལ་མ་འཁྲུལ་བར་མངོན་དུ་བྱེད་མི་ནུས་པའི་ཕྱིར་ཏེ། ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་ཀྱི་ཆ་ལ་མོས་སྤྱོད་ཀྱི་ལྟ་སྒོམ་ཙམ་དུ་ཟད་པ་ལས་དེ་ཁོ་ན་ཉིད་ལྟ་སྒོམ་དུ་མ་སོང་བའི་ཕྱིར། དེ་ལྟར་སྟོང་ཉིད་དུ་རྟོགས་པའི་རྟོག་དཔྱོད་ཡིད་བྱེད་ཀྱི་སེམས་དེ་ཉིད་གཞི་མེད་རྩ་བྲལ་གཉུག་མ་ནས་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཁོང་དུ་ཆུབ་པ་ན། དེ་ཉིད་མ་བཅོས་པ་རང་སོར་བབས་པ་ན་དེས་བཏགས་པའི་འཁོར་འདས་ཀྱི་དངོས་ཆོས་ཐམས་ཅད་མི་སྟོང་པའི་སྤྲོས་པར་ལྷག་མར་ལུས་མི་འགྲོ་བས་ཆོས་ཐམས་ཅད་ལ་བཅོས་སྒོམ་གྱིས་སྟོང་པ་ཉིད་དུ་ལྟ་སྒོམ་བྱེད་མི་དགོས་པར་རང་གྲོལ་ཆེན་པོར་འགྱུར་ལ། གནད་འདི་ཉིད་ཀྱི་ཕྱིར་རྣམ་རྟོག་ཉིད་ཀྱི་རང་བབས་གཉུག་མའི་གཤིས་ལ་མ་བཅོས་པར་བཞག་པ་ཉིད་ཀྱིས་ཟབ་མོ་སྟོང་པ་ཉིད་ཆོས་ཀྱི་སྐུ་དངོས་དང་དངོས་མེད་གང་ལའང་རྟོག་པ་དང་མི་རྟོག་པའི་སྒྲིབ་གཡོགས་དང་བྲལ་བ་དེ་ཉིད་རྣམ་རྟོག་གི་སྟེང་དུ་གསལ་སིང་ངེར་ཁོང་དུ་ཆུབ་རུང་བ་འདི་ནི་རྟེན་འབྱུང་ཙམ་དུ་འགལ་མེད་དུ་འཆར་བ་ཡིན་ལ། འདིའི་གསལ་རིག་གི་ཆ་དེ་ཉིད་མི་འདོར་བར་ས་ལེ་ཤེས་པ་དེ་སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་དགོངས་པ་དང༌། དེ་ལྟར་ཇི་ཙམ་གསལ་རིག་གི་ཆ་ངར་དང་ལྡན་པ་དེ་ཙམ་དེ་ཉིད་སྟོང་པ་ཉིད་དུ་ཆུབ་པ་དེ་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་དགོངས་པ་ཡིན་པས་རྟོགས་ཐོག་གི་སྐད་ཅིག་དེ་ཉིད་དུ་སངས་རྒྱས་ཀྱི་དགོངས་པ་ངོ་སྤྲོད་པར་མཛད་པ་ཡིན་ནོ། །ཡང་རིན་པོ་ཆེའི་ཞལ་ནས། རྗེས་དཔག་ལམ་དུ་བྱེད་པ་དང༌། བྱིན་རླབས་ལམ་དུ་བྱེད་པ་དང༌། མངོན་སུམ་ལམ་དུ་བྱེད་པ་གསུམ་ལས། རྒྱུའི་ཐེག་པ་ནི་རྗེས་དཔག་ལམ་བྱེད་ཡིན། འབྲས་བུའི་ཐེག་པ་ནི་སྐྱེད་རྫོགས་གཉིས་ལ་བརྟེན་ནས་བྱིན་རླབས་ལམ་དུ་བྱེད་པ་ཡིན། མངོན་སུམ་ལམ་བྱེད་ནི་སེམས་ཉིད་ལྷན་ཅིག་སྐྱེས་པ་འོད་གསལ་བ་ཡིན། གང་ཟག་ལའང་རིམ་གྱིས་པ་དང་ཅིག་ཅར་བ་གཉིས་ལས་རིམ་གྱིས་པ་ནི་རང་གཞན་གྱི་ཉོན་མོངས་སོགས་སྒྲིབ་པའི་བག་ཆགས་འཐུག་པ། དམ་པའི་ཆོས་ཀྱི་རིགས་དང་དབང་པོ་རྟུལ་བ་ཡིན་ཅིང་སྐལ་བ་ཅུང་ཟད་དམན་པས་ལམ་སྔ་མ་གཉིས་ཀྱིས་རིམ་ཅན་དུ་བཀྲི་དགོས། ཅིག་ཅར་བ་ནི་རང་གཞན་གྱིས་ཉོན་མོངས་སོགས་སྒྲིབ་པའི་བག་ཆགས་སྲབ་པ། དམ་པའི་ཆོས་ཀྱི་རིགས་དང་དབང་པོ་རྣོ་བས་སྐལ་བ་མཆོག་ཏུ་གྱུར་པ་ཉིད་ཀྱིས་ལམ་ཕྱི་མ་ཅིག་ཅར་དུ་སྟན་པའི་གདུལ་བྱའོ། །ཞེས་གསུངས་པའི་དོན་ནི། རྒྱུ་ལམ་བྱེད་པའི་ཐེག་པས་ནི་གཉུག་མ་ཐ་མལ་གྱི་ཤེས་པ་སངས་རྒྱས་ཀྱི་སྙིང་པོ་དེ་ཉིད་རང་རྒྱུད་ལ་ཡོད་པར་རྟགས་ཀྱི་སྒོ་ནས་རྗེས་སུ་དཔགས་ཏེ་དེ་ཉིད་མངོན་དུ་འགྱུར་ཆེད་ཀྱི་བསག་སྦྱང་བྱས་པས་ཐ་མལ་གྱི་ཤེས་པའི་ཆ་མི་གསལ་བས་ཁོང་དུ་ཆུབ་ནས་འཚང་རྒྱ་བ་ཡིན་ལ། རྟགས་ནི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱིས་རང་སེམས་ལ་བལྟས་པས་དེའི་ཆོས་ཉིད་བདག་གཉིས་ཀྱིས་སྟོང་པའི་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ན། སེམས་དེ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ན་སངས་རྒྱས་ཀྱི་ཡོན་ཏན་ཅི་ཡང་འབྱུང་དུ་རུང་བར་ཁོང་དུ་ཆུབ་པ་ན། བདག་གི་སེམས་ཉིད་ལ་སངས་རྒྱས་ཀྱི་སྙིང་པོ་བཞུགས་པར་གདོན་མི་ཟའོ་ཞེས་རྟོགས་པར་འགྱུར་བས་འདི་ལྟའི་རྟོགས་པ་ཐོབ་པའི་བྱང་སེམས་དང༌། ཐོབ་རུང་གི་བྱང་ཆུབ་སེམས་སོགས་ཀྱི་གདུལ་བྱ་ལ། བཀའ་འཁོར་ལོ་ཐ་མའི་མདོ་རྣམས་སུ་བདེར་གཤེགས་སྙིང་པོའི་ཆོས་ཚུལ་རྒྱས་པར་གསུངས་པ་ཡིན་ནོ། །འབྲས་བུ་ལམ་བྱེད་པའི་ཐེག་པས་ནི། རང་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡིད་ཆེས་ཀྱི་ལུང་སོགས་ལ་དད་པས་ངེས་ཤེས་རྙེད་ནས་དེ་ཉིད་འབྲས་བུའི་སངས་རྒྱས་སུ་མོས་སྒོམ་བྱས་པས་ཞེན་པས་ཞུགས་ན་འབྲེལ་པས་མི་བསླུ་བས། སེམས་ཅན་གྱི་རྒྱུད་དེ་ཉིད་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སུ་བསྐྱེད་རྫོགས་ཀྱི་རིམ་པས་ཚོགས་གཉིས་བསགས་སྒྲིབ་གཉིས་སྦྱངས་ཏེ་འཚང་རྒྱ་བར་བྱེད་པ་ཡིན་ནོ། །སྐལ་ལྡན་ཅིག་ཅར་བའི་རིགས་ནི་ཕྱག་རྒྱ་ཆེན་པོ་དོན་གྱི་རྒྱུད་པ་བྱིན་རླབས་ཀྱི་འཕོ་བ། དཔལ་ས་ར་ཧ་དང་ཤ་ཝ་རི་ཡབ་སྲས་སོགས་དཔལ་སྒམ་པོ་རིན་པོ་ཆེའི་བཀའ་བརྒྱུད་ཀྱི་ཁྲིད་སྲོལ་ཏེ། རང་རྒྱུད་ལ་ཡོད་པའི་སངས་རྒྱས་ཀྱི་སྙིང་པོ་འདི་ཉིད་རྟོགས་ལྡན་གྱི་བླ་མས་ས་འོག་གི་གཏེར་རམ་གྱད་གྱི་ནོར་བུ་ལྟར་རང་ཆས་སུ་ཡོད་པར་མཛུབ་ཚུགས་སུ་ངོ་སྤྲད་པ་ན། རང་སེམས་ལ་དེ་ལྟའི་སངས་རྒྱས་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་དུ་ཡོད་པའི་མོས་གུས་བཟོད་མེད་དུ་འབར་ནས་དེ་མངོན་དུ་བྱེད་འདོད་དང་དེ་ཉིད་རང་གི་མངོན་སུམ་དུ་གྱུར་ཏེ། ཡེ་བཞུགས་ཀྱི་སངས་རྒྱས་ཡེ་སངས་རྒྱས་པ་དེས་མཁའ་མཉམ་གྱི་འགྲོ་བ་ཡེ་སངས་རྒྱས་སུ་འགོད་འདོད་ཀྱི་མོས་གུས་དབྱར་མཚོ་ལྟར་འཕེལ་བ་དང༌། དེ་ལྟའི་ཡེ་སངས་རྒྱས་དེ་ཉིད་རང་ལ་མངོན་དུ་གྱུར་ནས་གཞན་ལ་སྟོན་པའི་བླ་མ་སངས་རྒྱས་འདི་བདག་ལ་རང་སེམས་སངས་རྒྱས་སུ་ངོ་སྤྲད་པར་མཛད་པས་བཀའ་དྲིན་ཆེའོ་སྙམ་པའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གྱིས་ཡིད་འཕྲོགས་པའི་མོས་གུས་བསྐལ་མེ་ལྟར་འབར་བའི་བསག་སྦྱང་གིས་ས་ལམ་གྱི་རིམ་པ་གྲངས་མེད་པ་སྐད་ཅིག་ཏུ་ཆོད་དེ། རང་སེམས་སངས་རྒྱས་ཀྱི་སྙིང་པོ་སྒྲིབ་པ་ཐམས་ཅད་དང་བྲལ་བར་མངོན་སུམ་དུ་ཁོང་དུ་ཆུབ་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེས་ན་རང་རྒྱུད་ཀྱི་སངས་རྒྱས་ཀྱི་སྙིང་པོ་མངོན་དུ་བྱེད་པའི་ཐབས་ཀྱི་མོས་གུས་འདི་ལ་བརྗོད་མ་ཐག་པའི་རང་སེམས་ཀྱི་སྙིང་པོ་ཡོན་ཏན་ཀུན་འབྱུང་དུ་ཤེས་པའི་མོས་གུས་དང༌། དེ་ཉིད་རང་གིས་མངོན་དུ་བྱས་ནས་མ་རྒན་མཁའ་མཉམ་གྱི་འགྲོ་བ་དེ་ལ་འགོད་འདོད་ཀྱི་མོས་གུས་དང༌། དེ་ལྟའི་རང་གཞན་གྱི་དོན་འབད་མེད་དུ་འབྱུང་བ་དེ་ཉིད་བླ་མ་དམ་པའི་བཀའ་དྲིན་དུ་ཤེས་པའི་མོས་གུས་ཏེ། མོས་གུས་དེ་གསུམ་ནི་རང་གཞན་གྱི་རྒྱུད་ཀྱིས་སངས་རྒྱས་ཀྱི་སྙིང་པོ་དཀོན་མཆོག་གསུམ་གྱི་ངོར་ཤེས་པའི་མོས་གུས་མཐར་ཐུག་ཡིན་པས་དཀོན་མཆོག་གསུམ་པོ་འདི་ལ་འདི་ལྟའི་མོས་གུས་ཀྱིས་དྲངས་པའི་སྐྱབས་འགྲོ་དང་སེམས་བསྐྱེད་པ་དང་དེའི་ཆེད་ཀྱིས་བསག་སྦྱང་ལ་བསླབས་པ་ན་སངས་རྒྱས་ཀྱི་སྙིང་པོ་ཉིད་བརྡ་ཐབས་ཀྱི་རྟེན་འབྲེལ་གང་ལའང་མ་ལྟོས་པར་མངོན་དུ་འགྱུར་བ་ཡིན་ནོ། །རྒྱུ་མཚན་འདིའི་ཕྱིར། རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་མཉན་པ་གྲུབ་ཐོབ་ཀྱིས་ཇི་སྐད་དུ། རང་སེམས་ལ་ཡོད་པའི་སངས་རྒྱས་ཀྱི་རྒྱལ་པོ་དང་གཅིག །དེ་མངོན་སུམ་དུ་བསྟན་པའི་བླ་མ་སངས་རྒྱས་དང་གཉིས། །རོ་གཅིག་ཏུ་སོང་བའི་ཕྲིན་ལས་ཀྱི་སངས་རྒྱས་དང་གསུམ། །ལར་མིང་ཐ་སྙད་ཀྱི་བརྗོད་པས་སོ་སོར་བཏགས་ན་ཡང༌། །དོན་ལ་དབྱེར་མེད་ཀྱི་སྐྱབས་མཆོག་རྒྱལ་བ་ཀརྨ་པ། །ཕ་ཆོས་གྲགས་ཀྱི་རྒྱ་མཚོ་དེ་ཡང་དྲན་པ་ཞིག་བྱུང༌། །ཞེས་བཀའ་བསྩལ་བ་ལྟ་བུའོ། །དེ་ཡང་རིམ་གྱིས་པའི་རིགས་ཀྱིས་ནི་རང་རྒྱུད་ཀྱི་སངས་རྒྱས་ཀྱི་སྙིང་པོ་དེ་ཡོངས་སུ་རྫོགས་པར་གསལ་ཞིང་སྒྲིབ་པ་མེད་པར་མངོན་དུ་གྱུར་པའི་སངས་རྒྱས་ནི་ཐོབ་པར་མི་འགྱུར་ལ། འོན་ཀྱང་རང་རྒྱུད་ཀྱི་སྙིང་པོ་དེ་དག་གི་ཕྱོགས་ཙམ་དང༌། ཕྱོགས་ཡོངས་སུ་གསལ་བ་རབ་ཀྱི་མཐར་ཐུག་པ་མ་ཡིན་པ་ཙམ་ཞིག་མངོན་དུ་བྱས་ནས་སངས་རྒྱས་པར་གྱུར་པ་ཡིན་ཏེ། གདུལ་བྱ་དེ་དག་ནི་དབང་རྣོན་དང་དབང་རྟུལ་ལྟོས་འབྱུང་གི་རྟེན་འབྲེལ་གྱིས་རིམ་གྱིས་པ་དེ་རང་བཞིན་དབང་པོ་རྟུལ་བ་ཉིད་ཀྱིས་སྒྲིབ་ཚོགས་འཐུག་པོས་སེམས་བླུན་པར་བྱས་པས་ཡང་དག་པའི་རིག་པ་མོག་པོར་གྱུར་ནས་ཤེས་པ་འོད་མི་གསལ་བས་རང་རྒྱུད་ཀྱི་སངས་རྒྱས་ཀྱི་སྙིང་པོ་མངོན་སུམ་དུ་གསལ་ཞིང་རྫོགས་པར་རྗཻན་གཅེར་མཐོང་བའི་སྐལ་བ་མ་བྱུང་ངོ༌། །ཅིག་ཅར་བ་ནི་རང་བཞིན་གྱིས་དབང་པོ་རྣོ་བས་སྒྲིབ་ཚོགས་སྲབ་པས་སེམས་སྒྲིན་པོར་གྱུར་ཏེ་ཡང་དག་པའི་རིག་པ་ཆེས་འོད་གསལ་བར་གྱུར་པས་རང་རྒྱུད་ཀྱི་སངས་རྒྱས་ཀྱི་སྙིང་པོ་གསལ་བ་རབ་ཀྱི་མཐར་ཕྱིན་པའི་སྐལ་ཅན་དུ་གྲུབ་བོ། །འོ་ན་ཅིག་ཅར་བ་དེ་རྒྱུ་འབྲས་ཀྱི་ཐེག་པར་སྔོན་དུ་རིམ་གྱིས་པར་རྒྱུད་སྦྱོང་བ་ལ་མ་ལྟོས་པར་ཅིག་ཅར་བའི་རིགས་ཀྱི་གང་ཟག་ཡིན་ནམ། དེ་ལྟར་སྔོན་རྒྱུད་སྦྱོང་བ་ལ་ལྟོས་ཀྱང་རྗེས་ཤེས་ཀྱི་སྐབས་དེར་ཅིག་ཅར་བའི་རིགས་ཀྱི་གང་ཟག་ཡིན་ཞེས་དོགས་པ་ལ། སྔ་ཕྱིར་བྱོན་པའི་བཀའ་བརྒྱུད་རིན་པོ་ཆེའི་བླ་མ་ཕལ་ཆེ་བས་ཕྱི་མ་ལྟར་བཞེད་ཀྱང༌། རྗེ་བཙུན་ཐམས་ཅད་མཁྱེན་པ་མཉན་པ་རས་ཆེན་གྱིས། སྔ་མ་ལྟར་དོན་ལ་གནས་ཞེས་བཀའ་སྩལ་ཏེ། དེ་ཡང་སེམས་ཅན་གྱི་ཁམས་དབང་མཐའ་ཡས་པས་རིམ་གྱིས་པ་དང་ཅིག་ཅར་བའི་རིགས་སོ་སོར་ངེས་པའི་ཕྱིར། རིམ་གྱིས་པའི་ལམ་གྱི་བཀྲི་ཚུལ་གྱིས་ཅིག་ཅར་བའི་རིགས་བཀྲིར་མི་བཏུབ་པ་དང༌། ཅིག་ཅར་བའི་ལམ་གྱི་བཀྲི་ཚུལ་གྱིས་རིམ་གྱིས་པའི་རིགས་བཀྲིར་མི་བཏུབ་སྟེ། དཔེར་ན་རྒྱལ་བ་མཻ་ཏྲི་པ་དང་རྒྱལ་བུ་ས་ག་ར་གཉིས་ལས། མཻ་ཏྲི་པས་མདོ་སྔགས་ཀྱི་ཐེག་པའི་རིམ་པ་གང་གིས་ཀྱང་ཆོས་ཉིད་ཀྱི་བདེན་པ་གཟིགས་མ་བཏུབ་པ་ལ་སློབ་དཔོན་ཤ་ཝ་རི་དབང་ཕྱུག་མཇལ་ནས་ཞག་བདུན་ཙམ་ན་གནས་ལུགས་ཀྱི་དོན་ངོ་འཕྲོད་པ་དང༌། རྒྱལ་བུ་ས་ག་ར་སྔར་མདོ་སྔགས་ཀྱི་ཐེག་པའི་རིམ་པ་གང་ལའང་རྒྱུད་བཀྲིར་མ་མྱོང་བ་ཞིག་སློབ་དཔོན་ཤ་ཝ་རི་པ་དང་མཇལ་བའི་མདོ་ཉིད་ལ་དད་པ་རང་རྡོལ་དུ་འཁྲུངས་ནས་བསོད་ཚོགས་ཀྱི་དགེ་རྩ་རྫོགས་ནས་བརྡ་ཐབས་གཞན་མ་དགོས་པར་གནས་ལུགས་ཀྱི་དོན་ངོ་འཕྲོད་དེ་ཡེ་ཤེས་ཀྱི་ཚོགས་ཆོས་ཉིད་ཀྱི་བདེན་པ་ཡོངས་སུ་རྫོགས་པར་གཟིགས་སྐད། གང་ཟག་དེ་གཉིས་ཀ་ཡང་དབང་པོ་ཡང་རབ་ཅིག་ཅར་བའི་གང་ཟག་ཡིན་པ་ཙམ་དུ་འདྲ་ཡང་དབང་པོ་རྣོ་རྟུལ་གྱི་ཁྱད་ཡོད་པར་བཞག་པས་ཀྱང་ཅིག་ཅར་བ་དང་རིམ་གྱིས་པའི་རིགས་སོ་སོ་བ་ཁོ་ནར་ངེས་ཏེ། ཆོས་དྲུག་ཀ་དཔེར་ཇི་སྐད་དུ། །ཅིག་ཅར་བ་ཡི་སྨན་ཆེན་དེ། །རིམ་གྱིས་པ་ལ་དུག་ཏུ་འགྱུར། །རིམ་གྱིས་པ་ཡི་སྨན་ཆེན་དེ། །ཅིག་ཅར་བ་ཡི་དུག་ཏུ་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེས་ན་གཉུག་མ་ཐ་མལ་གྱི་ཤེས་པ་འདི་མངོན་དུ་བྱེད་པའི་གང་ཟག་དབང་པོ་ཅིག་ཅར་བ་ལ་རབ་ཏུ་དད་པར་བྱ་བའི་ཚུལ་གྱིས་གནས་ལུགས་ཀྱི་དོན་འཚོལ་བར་བྱའོ། །

༡༠༨

ཡང་རྗེ་སྒམ་པོ་པ་ཉིད་དེར་རིམ་གྱིས་པ་ཡིན་གསུངས་པ་ནི་སངས་རྒྱས་ཀྱི་སྤྲུལ་སྐུའི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་དོན་ལ་མངའ་དབང་འབྱོར་བར་ཞལ་བཞེས་པ་ཡིན་ནོ། །ཡང་བླ་མ་རིན་པོ་ཆེ་ལ། རྫོགས་ཆེན་འདི་དམ་པའི་ཆོས་ལགས་སམ་ཞུས་པས། བླ་མ་མར་པའི་ཞལ་ནས། དམ་པའི་ཆོས་མིན་པ་སྐད་དུ་གསུངས་ཏེ། དམ་པའི་ཆོས་མིན་པར་མིན་འདུག ས་དྲུག་པ་བདུན་པ་ཡན་ཆད་ཀྱི་ཆོས་སུ་འདུག བྱིས་པ་ལོ་ལྔ་པ་ཞིག་སྐྱེས་བུ་ལོ་ཉེར་ལྔ་པ་ཡིན་བྱས་པ་དང་འདྲ་བར་ད་ལྟའི་རྫོགས་ཆེན་པ་རྣམས་སྐྱེས་བུ་ཐ་མལ་པ་ཀུན་ཀུན་བཟང་ཡིན་ཟེར་བ་དེ་དང་འདྲ། དོན་དང་མི་ལྡན། ཞེས་གསུངས་པའི་དོན་ནི། ཁ་ཅིག་རྫོགས་པ་ཆེན་པོའི་ཆོས་འདི་ཕྱག་རྒྱ་ཆེན་པོ་སོགས་ཐེག་བརྒྱད་ཟིལ་གྱིས་གནོན་པའི་དབང་པོ་ཡང་རབ་ཅིག་ཅར་བ་སངས་རྒྱས་པར་བྱེད་པའི་ཉམས་སུ་བླང་བྱའི་ཆོས་ཡིན་ཏེ། ཆོས་གཞན་དག་སྡིག་སྤོང་དགེ་སྒྲུབ་ཀྱི་བསག་སྦྱང་གི་ཐབས་ཀྱི་འཚང་རྒྱ་བར་བྱེད་པ་ཡིན་ལ། འདིར་མེ་ཆུ་གོ་བཟློག་སྡིག་སྒྲུབ་དགེ་སྤང་གི་བསག་སྦྱང་གི་ཐབས་ཀྱིས་འཚང་རྒྱ་བར་བྱེད་པའི་ཕྱིར་ཞེས་ཟེར་བ་ལ། རྫོགས་ཆེན་འདི་ནི་མདོ་སྔགས་ཀྱི་ལམ་རིམ་གྱིས་ས་དག་གི་དབང་དུ་བྱས་ནས་དག་པའི་ཉམས་ལེན་ཏེ། དེར་ཆོས་ཐམས་ཅད་སྲིད་ཞི་མཉམ་ཉིད་དུ་ཁོང་དུ་ཆུབ་ནས་ཆོད་དུ་དགེ་བ་བླང་བྱ་དང་སྡིག་པ་སྤང་བྱར་མེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་མཉམ་ཉིད་དུ་ཉམས་སུ་བླང་བྱར་བསྟན་པ་དེ་ཉིད་ཀྱིས་ཉམས་ལེན་དང་ཆོས་ཚུལ་མཐུན་པར་འབྱུང་བའི་ཕྱིར། དེས་ན་ཅིག་ཅར་བའི་རིགས་ཀྱི་ས་དྲུག་བདུན་ཡན་ཆད་ཀྱི་ཉམས་སུ་བླང་བྱའི་ཆོས་ལ་དམིགས་སུ་སྦྱོར་བའི་ཆོས་ནི་མ་ཡིན་ཏེ། རྫོགས་ཆེན་གྱི་ཆོས་ཀྱི་ཁྲིད་སྲོལ་ནི་རིམ་གྱིས་པའི་བཀྲི་ཚུལ་གྱི་ཆོས་སུ་སྣང་བའི་ཕྱིར་ཞེས་ལེགས་པར་བཤད་པ་ཡིན་ནོ། །ཡང་དོན་དམ་བྱང་ཆུབ་ཀྱིས་སེམས་རྟོགས་ན་ཀུན་རྫོབ་བྱང་སེམས་སྒོམ་དགོས་སམ་ཞུས་པས། ཀུན་རྫོབ་བྱང་སེམས་དེ་སྒོམ་ཚེ་སྔ་མ་ནས་གོམས་པ་ལས་བྱུང་བ་དང་ཚེ་འདིར་སྒོམ་པ་ལས་བྱུང་བ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་རྟོགས་པ་ལས་བྱུང་བ་གསུམ་གྱིས་དོན་དམ་བྱང་ཆུབ་ཀྱི་སེམས་རྟོགས་པ་ན་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གོང་ནས་གོང་འཕེལ་དུ་འབྱུང་བ་ཡིན། ལོགས་སུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་མི་དགོས། དོན་དམ་བྱང་ཆུབ་ཀྱི་སེམས་རྟོགས་ན་ཀུན་རྫོབ་བྱང་སེམས་འབྱུང་བ་རྒྱུ་འབྲས་ཡིན། ངོ་བོ་རྟོགས་ནས་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་དྲངས་པའི་དགེ་བ་ལ་བརྩོན་པ་མེད་པར་སོང་ན། ངོ་བོ་མ་སྐྱེས་པ་ཡིན། ཞེས་བླ་མ་མི་ལ་གསུངས་པ་དེ་ཀ་ལྟར་ཡིན། ཞེས་གསུངས་པའི་དོན་ནི། ངོ་བོ་གཤའ་མར་རྟོགས་ན། དེ་ལྟར་མ་རྟོགས་པ་རྣམས་ལ་སྙིང་རྗེས་ཟུག་ཐབས་མེད་པས་སངས་རྒྱས་ཀྱི་ཡོན་ཏན་ཟབ་རྒྱས་མཐའ་ཡས་པ་སྒྲུབ་པའི་བརྩོན་པ་འཕེལ་ནས། སེམས་ཅན་གྱི་དོན་སྒྲུབ་པའི་ཐབས་ཀྱི་སྤྱན་དང་མངོན་ཤེས་ཟད་པར་དང་ཟིལ་གནོན་རྣམ་ཐར་སོགས་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་ལ་མཉམ་གཞག་ཐུན་རེ་ཙམ་གྱིས་དབང་མི་འབྱོར་བ་མི་སྲིད་པར་འབྱུང་ཞེས་དགོངས་སོ། །ཡང་རྗེས་བསྙུང་བའི་དུས་ཐུགས་མི་བདེ་བ་འོང་ཡིན་གདའ་འམ་མི་གདའ་ཞུས་པས། ན་དུས་སུ་ཡང་སེམས་མི་བདེ་བ་དང་གནོད་པ་ཅང་མི་ཡོང་བར་འདུག གང་ན་སར་འོད་གསལ་དུ་བསྒོམས་པས་འོད་གསལ་དུ་ཕྲིལ་ལེ་འོང་ཞིང་མི་གནོད་པར་འདུག འདྲེས་ན་བའི་མི་ལ་སྔགས་བཏབ་པས་གང་ན་སར་དམིགས་པ་གཏད་ནས་བསྒོམས་ན་ཕན་པར་འདུག་ཅེས་གསུངས་པའི་དོན་ནི་རྗེ་སྒམ་པོ་པ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ཡིན་པའི་དབང་དུ་མཛད་དེ། དེ་ཡང་ས་བཅུ་པ་ལ་ཡང་ལས་ཀྱི་ལྷག་མའི་ན་ཚ་སོགས་ཀྱི་སྡུག་བསྔལ་ཡོད་དོ་ཞེས་འཇིག་རྟེན་མགོན་པོ་འབྲི་ཁུང་པ་གསུངས་ཏེ། སངས་རྒྱས་ལ་ཡང་སྔོན་ལས་ངན་བསགས་པའི་འབྲས་བུའི་ལྷག་མ་མྱོང་བ་ཉིད་སངས་རྒྱས་ཀྱི་ཕྲིན་ལས་སུ་མཛད་པ་གདུལ་བྱ་དག་གིས་དམིགས་པ་ཉིད་ཀྱི་ཕྱིར། ས་བཅུའི་མགོན་པོས་ཀྱང་དེ་ལྟའི་ཕྲིན་ལས་འབྱུང་བ་ནི་ལས་ཚུལ་བསམ་གྱིས་མི་ཁྱབ་པའི་རྟེན་འབྲེལ་གྱི་ཆོས་ཉིད་དུ་གྲུབ་བོ། །དེ་ལྟ་ནའང་སྐུའི་ཆ་ཤས་ཀྱི་ཚོར་བ་ཕྱོགས་རེ་ནས་སྡུག་བསྔལ་བའི་བསྙུང་བ་ལྟར་ཡོད་ཀྱང་ཚོར་བ་དེ་ཇེ་ཆེར་ཉམས་སུ་བཞེས་པ་ན་བདེ་བ་ཇེ་ཆེར་བསྙུན་པ་ཐམས་ཅད་དང་བྲལ་བའི་འཚོ་གཞེས་ལ་དགྱེས་དགུར་སྤྱོད་པ་ནི། ཐ་མལ་གྱི་ཤེས་པའི་རྟོགས་པ་ཐོབ་པའི་བྱིན་རླབས་ཀྱི་རྟེན་འབྲེལ་དང། དེ་ལྟའི་རྟེན་འབྲེལ་བསླུ་བ་མེད་པར་གནས་ཀྱང་མ་དག་པའི་གདུལ་བྱ་གདུལ་བའི་ཕྲིན་ལས་སུ་སྔོན་གྱི་ལས་ངན་གྱི་བག་ཆགས་ངན་པའི་ལས་འབྲས་ཀྱི་གཟུགས་བརྙན་གདུལ་བྱ་དེ་དག་གི་ངོར་སྣང་བར་མཛད་པའང་རྒྱུ་འབྲས་ཀྱི་རྟེན་འབྲེལ་བསླུ་བ་མེད་པར་གནས་པར་སྟོན་ལ། དེ་གཉིས་ཀའང་འགལ་བ་ལྟར་གྱུར་ཀྱང་མི་འགལ་བ་ཉིད་ཀྱི་ཕྱིར། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པས། དགེ་སྡིག་གི་རྒྱུ་འབྲས་ཀྱི་གཤིས་སམ་མཚན་ཉིད་དུ་དེ་མིན་དུ་རྟོག་པས་བལྟས་ཀྱང་མི་འགྱུར་རོ། །ཞེས་བཀའ་བསྩལ་པ་ཡིན་པས་དེ་ལྟར་ཤེས་པར་བྱའོ། །ཡང་དྲན་པས་ཟིན་ན་ངོ་བོའི་ཐོག་ཏུ་འགྲོ། མ་ཟིན་ན་རྣམ་རྟོག་གི་ཐོག་ཏུ་འགྲོ། མཉམ་རྗེས་མ་འདྲེས་པ་ཡིན་ནམ་ཞུས་པས། མ་འདྲེས་པ་ཡིན། མ་འདྲེས་པ་ཅིས་ལན་སྙམ་ན། ངོ་བོ་ཆ་ཙམ་ལས། ངོ་བོའི་ཆ་ཡོངས་སུ་རྫོགས་པ་མ་རྟོགས་པས་ཀྱང་ལན། སྒོམ་ཡུན་ཐུང་བས་ཀྱང་ལན་གསུངས། ཡང་རྣམ་སྨིན་གྱི་ལུས་འདི་ཡུན་རིང་མཉམ་རྗེས་མི་འདྲེ་བ་ལགས་སམ་ཞུས་པས། ཡུན་རིང་དུ་བསྒོམས་ན་ཚེ་འདི་རང་ལ་འདྲེས་འགྲོ། དྲན་པ་ཡེངས་ཐག་བག་ཆགས་ཀྱི་རྟོག་པ་རང་ག་མར་འགྲོ་བ་འདི་ཅིས་ལན་ཞུས་པས། གཟུང་འཛིན་མ་དག་པས་ལན་པ་ཡིན་གསུངས། ངོ་བོ་ཤེས་ན་མཉམ་རྗེས་མ་འདྲེས་ཀྱང་བར་དོར་སྐྱེ་བ་འདག་གམ་ཞུས་པས། འདག་པར་ཐེ་ཚོམ་མེད་གསུངས། ཡང་ངོ་བོ་ཤེས་ནས་དྲན་པས་མ་ཟིན་པའི་རྣམ་རྟོག་དེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པར་འགྲོ་ལགས་སམ་ཞུས་པས། དེ་མི་འགྲོ་སྟེ། དེ་ལྟར་ངོ་བོ་ཤེས་རྟིང་རྣམ་རྟོག་དེ་རྣམས་ཀྱིས་སྒྲིབ་པའི་ལས་སོག་མི་ནུས་པའི་ཕྱིར། དཔེར་ན་ནམ་མཁའ་ལ་ས་བོན་བཏབ་པས་འབྲས་བུ་མི་འབྱིན་པ་དང་འདྲ་སྟེ། ཆོས་ཐམས་ཅད་སྐྱེ་མེད་དུ་སོང་བའི་གནད་ཀྱིས་ཞེས་གསུངས། འོ་ན་གཉིད་དང་རྨི་ལམ་གྱི་དུས་ངོ་བོ་མ་ཟིན་ན། བར་དོར་ངོ་བོ་ཟིན་ནམ་མི་ཟིན་ཞུས་པས། ངོ་བོ་ངོ་འཕྲོད་རྗེས་གཉིད་དང་རྨི་ལམ་གྱི་དུས་ངོ་བོ་ངོས་མ་ཟིན་ཀྱང་བར་དོར་ཅིས་ཀྱང་ཟིན་འོང་སྟེ། གཉིད་དང་རྨི་ལམ་གྱི་དུས་ད་ལྟ་ལས་ཤེས་པ་མི་གསལ་དུ་འགྲོ་ལ། བར་དོར་ད་ལྟ་བས་ཤེས་པ་ཆེས་གསལ་དུ་འགྲོ་བས་ངོ་བོ་ངོས་ཟིན་སླ་བ་ཡིན་གསུངས། འོ་ན་ངོ་བོ་ངོ་འཕྲོད་རྗེས་དྲན་པས་ཟིན་ན་མ་ཟིན་དུ་བཟུང་དགོས་སམ་ཞུས་པས། དེ་ཙམ་ཨ་ན་ཕུར་ཚུགས་རང་དུ་བཟུང་མི་དགོས། ལུས་སེམས་ཁོད་གློད་ལས་དྲན་པ་རྣམ་རྟོག་གི་ཕྱོགས་སུ་མ་ཡེངས་ཙམ་དུ་ངོ་བོ་སྐྱོང་ན་མཉམ་རྗེས་ཚེགས་མེད་དུ་འདྲེས་འགྲོ་ཞེས་གསུངས། འོ་ན་དྲན་པས་བཟུང་ཞིང་མ་ཡེངས་པར་བསྐྱང་བ་ལས་གཞན་ཉམས་སུ་བླང་རྒྱུ་ཡོད་དམ་ཞུས་པས། དྲན་པས་བསྐུལ་བ་ཙམ་བྱེད་པ་མ་གཏོགས་ཉམས་སུ་བླང་རྒྱུ་གཞན་ཅང་མེད། དེ་ཉིད་ཀྱི་ངང་ལ་གནས་ན་གནས་པ་པོ་དེ་ཉིད་ལྷག་པའི་ལྷ་རྡོ་རྗེ་འཛིན་པ་ཡིན་སྨྲས་ཚད་གསང་སྔགས་ཀྱི་ཟླས་པ་ཡིན། བསམ་ཚད་སེམས་ཆོས་ཉིད་ཀྱི་རོལ་པར་ངང་གིས་འགྲོ་བས་ལྷ་སྒོམ་སྔགས་བཟླས་ཟུར་པ་མི་དགོས། མ་བྱས་ཀྱང་ཆོག་པ་ནི་མ་ཡིན་ཏེ། ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་ལྷ་སྒོམ་སྔགས་བཟླས་བྱས་པས་ངོ་བོ་བོགས་སུ་ཐོན་ནས་གསེར་གྱི་གཡའ་བཅད་པ་བཞིན་རང་ལུས་ལྷ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང༌། ངག་གསང་སྔགས་ཚངས་དབྱངས་དྲུག་ཅུ་དང་ལྡན་པར་འབྱུང་ཞེས་གསུངས་པའི་དོན་ནི། དྲན་པས་ཡེངས་མ་ཐག་རྟོག་པ་རང་ག་བར་འགྲོ་བ་ནི། ཚོགས་དྲུག་གི་ཤེས་པའི་དེ་མ་ཐག་རྐྱེན་ལ་གཟུགས་སོགས་དང་ཤེས་སོགས་ཀྱི་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་རང་བདེན་པར་རྟོག་པའི་མཚན་ཆས་བསླད་པ་ན་གཟུང་འཛིན་ཨ་འཐས་ཀྱི་འཁྲུལ་སྣང་འཆར་བས་དེར་རྟོག་པའི་རྟོག་པ་སྐྱེ་ལ། དེ་མ་ཐག་རྐྱེན་ལ་དེ་ལྟའི་བསླད་པ་མ་ཞུགས་པར་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་བྲལ་བའི་ཡིད་བྱེད་ཞུགས་པ་ན། གཟུང་འཛིན་གཞི་མེད་རྩ་བྲལ་དུ་མ་འཁྲུལ་པའི་སྣང་བ་འཆར་བས་དེ་ཉིད་སེམས་ཉིད་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་ལྟར་སྤྲོས་པ་དང་བྲལ་བར་རྟོགས་པས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རང་འོད་ཉིད་དུ་ངོ་འཕྲོད་པར་འགྱུར་བས་ངོ་བོ་ཟང་ཐལ་དུ་འགྲོ་བ་ལས་རྣམ་རྟོག་ཐོ་རེ་ལོང་ངེ་བ་མི་འབྱུང་བ་ཡིན། ངོ་བོ་རྟོགས་རྗེས་དགེ་མི་དགེའི་ལས་གང་བསགས་ཀྱང་ལས་དེ་འཁོར་གསུམ་དུ་རྟོག་པའི་བདེན་འཛིན་གྱི་དབང་གིས་བསགས་པ་མིན་པས་འཁོར་རྩའི་མ་རིག་པས་འཕངས་པའི་ལས་སུ་མ་སོང་བས། སྐྱེ་བ་ཕྱི་མ་འཁོར་བའི་སྐྱེ་གནས་གང་དུ་ཡང་འཕེན་མི་ནུས་པས་དེ་ལྟའི་རྣལ་འབྱོར་པ་དེ་གཞན་ཕན་གྱི་འགྲོ་བའི་དོན་དུ་སླར་སངས་རྒྱས་བསྒྲུབ་པའི་ཆེད་དུ་སྨོན་ལམ་དང་འདུན་པ་སོགས་ཀྱིས་སྐྱེ་བ་ལེན་པ་ལས། ལས་ཉོན་གྱི་དབང་གིས་སྐྱེ་གནས་བཞིའི་མངལ་སྒོ་ཆོད་པ་སྲིད་པ་བར་དོའི་སྣང་བའང་རང་དག་ཏུ་འགྱུར་རོ། །དེས་ན་དཔལ་ལྡན་ཟླ་བས་འཇུག་པར། བདེན་འཛིན་ཡིན་ན་ཉོན་མོངས་ཅན་གྱི་སྒྲིབ་པར་འགྱུར་བར་གསུངས་པ་དེ་ཡང་དེ་ཁོ་ན་ལྟར་སྒྲུབ་སྟེ། གཟུང་འཛིན་གྱི་ཆོས་ལ་བདེན་པར་གྲུབ་པ་དང་བྲལ་བའི་ཟབ་མོ་སྟོང་པ་ཉིད་རྟོགས་ན་དགེ་མི་དགེའི་ལས་ཅི་བསགས་ཀྱང་དགེ་མི་དགེ་རང་བདེན་པའི་ལས་སུ་མ་སོང་བས་རི་མོའི་མར་མེ་ལྟར། དགེ་མི་དགེའི་ལས་ཙམ་པོ་དེས་དགེ་མི་དགེའི་དངོས་ཆོས་ཀྱི་རྒྱུ་འབྲས་ཐ་སྙད་དུའང་བསྐྱེད་མི་ནུས་པར་སོང་བ་ཉིད་ཀྱི་ཕྱིར། དེས་ན་འདི་ལྟའི་རྟོགས་པ་ཡོད་པའི་གང་ཟག་གིས་འདི་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོའི་རིགས་མ་སད་ན་ཉན་རང་དགྲ་བཅོམ་པ་ལྟར་ཆད་པའི་མཐར་ལྟུང་བའི་ཉེན་ཆེས་ཆེ་བར་ཡོད་པས། སྟོང་པ་རྒྱུན་ཆད་དུ་ཤོར་བའི་ཤོར་སར་མ་ཤོར་བར་བྱ་དགོས་སོ། །ངོ་བོ་ངོ་འཕྲོད་པའི་གང་ཟག་ལས་དབང་གིས་འཁོར་བར་སྐྱེ་བ་མི་ལེན་ཡང༌། གལ་སྲིད་ལས་བསམ་གྱིས་མི་ཁྱབ་པའི་རྟེན་འབྲེལ་གྱིས་བར་སྲིད་སོགས་ཀྱི་སྣང་བ་འཆར་བ་ན་རྟེན་ཤ་ཁྲག་སོགས་བེམ་པོ་རགས་པ་མེད་པས་བརྟེན་པ་སེམས་ཀྱི་འཆར་སྒོ་ཡང་ཆེས་གསལ་བ་ལ་ངོ་བོ་ཁོང་དུ་ཆུབ་བྱེད་དྲན་པས་མི་ཟིན་མི་སྲིད་པས་ཟིན་ནས་བར་དོ་ལ་གཤིན་རྗེ་དང་ལྷའི་བུ་བུ་མོ་སོགས་ཀྱི་སྣང་ཆ་ཅི་བྱུང་ཡང་ཆགས་སྡང་སོགས་རང་བདེན་པའི་ཉོན་མོངས་པ་ཐམས་ཅད་རང་དག་ཏུ་སོང་ནས་སླར་སྟོང་ཉིད་སྙིང་རྗེའི་བློ་རྩལ་གོང་དུ་བོགས་ཐོན་ནས་བར་དོ་དེ་ཉིད་དུ་རང་གཞན་གྱི་དོན་ཆེན་འགྲུབ་པར་འགྱུར་རོ། །གཞན་རྣམས་ནི་གོ་སླ་བས་ངོ་བོ་ཤར་རྗེས་དེ་ཉིད་མ་ཡེངས་དྲན་པས་སྐྱོང་དེ་བསྒོམ་པར་བྱའོ། །

༡༠༩

ཡང་སྐྱེ་འཆི་མཁའ་ལྟར་དག་པའི་རྟོགས་པ་ཐོབ་ཀྱང་ཚུལ་ཁྲིམས་དག་པ་དག་གིས་ངན་སོང་དང་མཐོ་རིས་སོགས་ཀྱི་གནས་མཐོ་དམན་སྣ་ཚོགས་སུ་སྐྱེ་བ་ནི། སྦྱོར་ལམ་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལྟ་ཅི་སྨོས། ས་བཅུ་ལ་གནས་པའི་བྱང་སེམས་རྣམས་ཀྱང་དུད་འགྲོའི་སྐྱེ་གནས་ལ་སོགས་པར་འཁྲུངས་པ་དེ་བཞིན་གཤེགས་པ་ཉིད་ཀྱི་སྐྱེས་རབས་ནས་འབྱུང་བ་རྣམས་ཀྱང་ཕལ་ཆེར་ས་ཐོབ་ནས་ཀྱི་སྐྱེ་བ་བཞེས་པར་མཛད་པར་གསལ་ཏེ། བྱང་ཆུབ་སེམས་དཔའ་དུད་འགྲོའི་སྐབས་སུ་སེམས་ཅན་གྱི་བཀྲེས་སོགས་ཀྱི་སྡུག་བསྔལ་ཉི་ཚེ་བ་སེལ་བ་ཙམ་གྱི་ཆེད་དུ་སྲོག་འདོར་བ་ནི་བྱང་སེམས་ས་ཐོབ་པ་ཡན་ཆད་མ་གཏོགས་སོ་སོ་སྐྱེ་བོའི་བྱང་སེམས་མཐོ་རིས་ཀྱི་རྟེན་ཅན་ལའང་དཀའ་བར་གསུངས་པའི་ཕྱིར་ཏེ། བུ་དང་བུ་མོ་ཡན་ལག་སོགས་གཏོང་བ་ནི་ཚོགས་ལམ་ཙམ་ནས་ཀྱང་འབྱུང་ལ། ཡན་ལག་དང་ཉིང་ལག་གཏོང་བའི་གཏོང་བ་ཆེན་པོ་སྦྱོར་ལམ་ཙམ་ནས་ཀྱང་འབྱུང་ལ། སྲོག་གཏོང་བ་ནི་ས་ཐོབ་ནས་འབྱུང་བ་གཙོ་ཆེ་བའི་ཕྱིར་ཞེས་གསུངས་ལ། གཞན་ཡང་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ས་བཅུ་པ་ཡིན་ཀྱང་རྒྱལ་པོ་དཔལ་བ་བྱིན་གྱིས་ལུས་དུམ་བུར་བཏུབས་ནས་བཀྲོངས་པའི་སྡུག་བསྔལ་ཉམས་སུ་བཞེས་དགོས་པ་བྱུང་བ་དང༌། དེ་ལྟའི་བྱུང་བ་མདོའི་དེ་ལྟ་བུ་བྱུང་བའི་སྡེ་རྣམས་ལས་འབྱུང་བའི་རྣམ་གྲངས་ཟད་མེད་དུ་ཡོད་ལ། མེ་ཏོག་ཟླ་མཛེས་ས་བཅུ་པ་ཡིན་པ་ཡང་ཏིང་རྒྱལ་གྱི་མདོ་ཉིད་དུ་ཇི་སྐད་དུ། འདི་ནི་ཡེ་ཤེས་གཟུངས་དབང་ཕ་རོལ་ཕྱིན། །ཞེས་ཡེ་ཤེས་ཀྱི་ཕར་ཕྱིན་ས་བཅུ་པར་རྫོགས་པར་བཤད་པས་ས་བཅུ་པ་གྲུབ་ཅིང༌། ཡང་དེར། སྦྱིན་ལ་བསླབས་ཤིང་ཚུལ་ཁྲིམས་ཉམས་པ་མེད། །བཟོད་པ་དང་ནི་བརྩོན་འགྲུས་དེ་བཞིན་ཏེ། །བསམ་གཏན་བརྟན་ཅིང་ཤེས་རབ་ཕ་རོལ་སོན། །ཞེས་ཕར་ཕྱིན་བཅུ་ཀ་རྫོགས་པའི་ས་བཅུ་པར་གསུངས་ལ། ཡང་བར་སྣང་གི་ལྷ་བརྒྱད་ཁྲིས་ཀྱང་དགེ་སློང་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་ལུང་བསྟན་པ་དང༌། རྒྱལ་པོ་དཔལ་བ་བྱིན་གྱིས་འཁོར་རྒྱལ་རིགས་རྣམས་དང་བྲམ་ཟེའི་རིགས་རྣམས་ཁྱིམ་བདག་དང་བཙུན་མོའི་འཁོར་དང་རྒྱལ་པོའི་བུ་མོ་རྣམས་ཀྱིས་དགེ་སློང་མེ་ཏོག་ཟླ་མཛེས་མཐོང་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཞེས་འབྱུང་བས། འདི་ལྟའི་མཐུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ཡིན་པར་གྲུབ་ལ། དེས་ན་དེང་སང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དུ་རྟོགས་ལྡན་གྱི་བླ་མ་རིན་པོ་ཆེ་རྣམས་ཀྱང་ལས་ཚུལ་བསམ་གྱིས་མི་ཁྱབ་པས་འོ་བརྒྱལ་བར་གྱུར་པ་ལ་ཡང་བླ་ལྷག་ཏུ་ལས་འབྲས་དང་གང་ཟག་དམ་པའི་རྣམ་ཐར་ལ་མི་བཟོད་པའི་དད་པ་སྐྱེ་བར་འགྱུར་ཏེ། ཆོས་དང་གང་ཟག་གི་རྟེན་འབྱུང་གི་ལས་ཚུལ་བསམ་མི་ཁྱབ་ལ་ངེས་ཤེས་སྐྱེ་བའི་ཕྱིར། དཔེར་ན་གསང་བདག་ཕྱག་རྡོར་གྱི་རྣམ་འཕྲུལ་མངའ་བདག་རལ་པ་ཅན་ལྟ་བུའང་རྒྱལ་པོ་སྡིག་ཅན་གྱིས་བཀྲོངས་པ་དང༌། ས་སྐྱའི་འགྲོ་མགོན་འཕགས་པ་ཡང་ནང་འཁོར་བ་རྣམས་ཀྱིས་བཀྲོངས་པ་སོགས་སོ་སྐྱེའི་བསམ་པའི་ཡུལ་མིན་ཏེ། དཔལ་ལྡན་ཟླ་བས། དེ་ཕྱིར་རྣམ་སྨིན་མི་དགེ་ནག་པོ་ལས། །རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང༌། །དགེ་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ། །ལས་འབྲས་རྣམས་ལ་སེམས་པའང་དགག་པར་མཛད། །ཅེས་འབྱུང་བའི་ཕྱིར། དེས་ན་ངན་སོང་དང་མཐོ་རིས་ཀྱི་རྟེན་མཆོག་དམན་དུ་སྐྱེ་བའི་ལས་ཚུལ་རྣམས་ཀྱང་ཚུལ་ཁྲིམས་སོགས་ཀྱི་ལེགས་པར་སྤྱད་པ་དག་མ་དག་གི་འགྱུར་བ་ཁོ་ན་གཙོ་ཆེ་སྟེ། དགྱེར་སྒོམ་སངས་རྒྱས་དབོན་གྱིས། ཀྭ་ཡེ་རབ་ཏུ་བྱུང་བ་རྣམས། །ཚུལ་ཁྲིམས་བསྲུངས་ན་མི་རུང་ངམ། །འཕོ་བ་གྲོང་འཇུག་ཅེས་བྱ་བ། །ཚུལ་ཁྲིམས་ཡིན་ནོ་སྐྱེས་བུ་ཀུན། །ཞེས་གསུངས་པའི་ཕྱིར། ཚུལ་ཁྲིམས་རྣམ་པར་དག་པ་ལ་བསླབ་པར་བྱ་སྟེ། ཚུལ་ཁྲིམས་རྣམ་དག་ལ་བསླབ་པར་བྱེད་པ་ལའང་ཚེ་འདིའི་འདོད་པ་དང༌། བདེ་བ་ལ་བློ་མ་ལོག་པའི་ཚུལ་ཁྲིམས་ནི་འཕགས་པ་ཉེ་བ་འཁོར་གྱི་ལུས་ངག་གི་བཙུན་ཚུགས་ཙམ་དུ་བསྲུངས་ཀྱང་ངན་སོང་གི་རྒྱུ་ལས་མཐོ་རིས་ཀྱི་རྒྱུར་འགྲོ་བ་དཀའ་སྟེ། དཔེར་ན་འདོད་པའི་འདོད་ཆགས་ཀྱི་དབང་གི་ཚོར་བདེ་འདོད་པས་གསང་སྔགས་བླ་མེད་ཀྱི་ཆགས་ལམ་གྱི་འཁྲིག་པ་བསྟེན་པས་ངན་སོང་གི་རྒྱུ་བྱེད་པར་གསུངས་པ་དང་ཚུལ་མཚུངས་པའི་ཕྱིར། དེས་ན་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་བ་ལའང་ཚེ་འདིའི་བདེ་བ་ལ་མ་ཆགས་པའི་འཆི་བ་མི་རྟག་པས་རྒྱུད་བསྐུལ་བའི་འཆི་ཆོས་སྙིང་ཟུག་མེད་པའི་ཉན་ཐོས་ཀྱི་ཚུལ་ཁྲིམས་དང༌། གསང་སྔགས་ཀྱི་ཐབས་ལམ་ཐམས་ཅད་མངོན་མཐོ་ངེས་ལེགས་ཀྱི་རྒྱུར་མི་ཟབ་པར་མ་ཟད་འཁོར་བ་དང་ངན་སོང་གི་རྒྱུར་ཟབ་པ་ལ་དགོངས་ནས། དགྱེར་སྒོམ་སངས་རྒྱས་དབོན་གྱིས། མདོར་ན་འཆི་བ་མི་རྟག་པ། །བདག་གི་རྒྱུད་ལ་མ་སྐྱེས་ན། །གསང་བ་འདུས་པ་མི་ཟབ་སྟེ། །འཆི་བ་བློ་ལ་སྐྱེས་པའི་ཚེ། །སྐྱབས་འགྲོ་ཚིག་གསུམ་ཟབ་པ་ཡིན། །མཐོན་པོའི་ཆོས་ལ་སྙགས་སྙགས་ནས། །གཡང་དུ་ལྷུང་ངོ་སྐྱེས་བུ་ཀུན། །དེ་ཚེ་ཟབ་མོའི་གདམས་ངག་ཀྱང༌། །ཕྱི་ནང་ལོག་པ་ཉིད་དུ་འགྱུར། །དེ་ལྟར་ཡིན་ཡང་དེང་སང་ནི། །སེང་པོ་ཕོར་རེ་མ་འཐུངས་ན། །ཆོས་རྣམས་གཞན་ལ་ཡིད་མི་ཆེས། །ལས་ངན་འབྲས་བུ་ཡིན་ཏེ་འོང༌། །ཞེས་ཀྱང་གསུངས་སོ། །དེས་ན་ཚེ་འདི་ལ་མ་ཆགས་པའི་ཚེ་རབས་ཕྱི་མའི་གཏན་བདེ་སྙིང་ལ་གཟེར་བ་དག་གིས་རྟོགས་ལྡན་གྱི་བླ་མའི་ཕྲིན་ལས་ཅི་མཛད་ཀྱང་འགྲོ་དོན་མཚུངས་པ་མེད་པར་ཡིད་ཆེས་པས་ལས་འབྲས་ཀྱི་ཚུལ་ལ་བླང་དོར་ཕྲ་བ་ནས་འཛེམ་པར་གྱིས་ཤིག

༡༡༠

ཡང་འདི་སྐད་དུ་གསུངས་ཏེ། བླ་མ་མི་ལའི་ཞལ་ནས། ངས་རྟོགས་པའི་ངོ་བོ་འདི་སྐྱོང་ཡུན་རིང་བས་བསླབས་པའི་ཆོས་ཐམས་ཅད་བརྗེད། མ་བསླབས་པའི་ཆོས་ཐམས་ཅད་ནི་འཆར་འདུག་ངས་ཆོས་ཐུན་རེ་ལ་འབུམ་ཚར་ཙམ་རེ་བཤད་ཀྱང་ཟད་པ་མེད། བླ་མ་མར་རྔོག་གཉིས་ད་ལྟ་བཞུགས་ན་ཕར་ལ་ཆོས་འཆད་པ་ཡིན། ཁྱོད་རང་རྣམས་ཆོས་ཟད་པ་མེད་པར་ཁོང་དུ་ཆུབ་སྟེ་འཆད་འདོད་ན་གཉུག་མ་ཐ་མལ་གྱི་ཤེས་པ་འདིའི་ཆོས་ཉིད་ཀྱི་དོན་རང་སྒོམ་དགོས། ཞེས་གསུངས་པའི་དོན། མདོ་རྒྱུད་ཀྱི་བསྟན་དོན་ཐམས་ཅད་སེམས་རྒྱུད་ཀྱི་སྒྲིབ་གཉིས་སྦྱོང་བྱེད་ཁོ་ན་ཡིན་པས་སེམས་རྒྱུད་ལ་སྒྲིབ་གཉིས་ཀྱི་སྒྲོ་འདོགས་ཐམས་ཅད་ཡང་དག་པར་ཆོད་ན་དེ་རང་གིས་ཆོད་པ་ལྟར་གཞན་རྒྱུད་ལ་བཅད་པའི་ཐབས་ཀྱི་ཆོས་ཚུལ་ཟད་མེད་ཀྱི་ཀློང་རྡོལ་བར་འགྱུར་ཏེ། རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་མཁྱེན་པ་མཉན་པ་རས་ཆེན་ལྟ་བུའང་སྐུ་ཚེ་འདིར་སྦྱངས་སྟོབས་ཆེ་བའི་ཚུལ་མ་མཛད་ཀྱང་སངས་རྒྱས་ཀྱི་བསྟན་པའི་མདོ་རྒྱུད་རྒྱ་མཚོ་ཟབ་དོན་གྱི་ནོར་བུ་ལ་དབང་འབྱོར་བས་གདུལ་བྱ་དང་འཚམ་པའི་ཆོས་ཕུང་ཟད་དུ་མེད་པ་འཆད་པ་ལ་མངའ་དབང་འབྱོར་པ་ཡང་ངོ་བོ་སྒོམ་ཡུན་བསྲིང་བའི་མཐུ་ལས་ཡིན་ནོ་སྙམ་དུ་སེམས་སོ།།ཡང་ཞལ་ནས། ད་ནས་རང་ཅག་རྣམས་ཤྭ་བ་རྨས་མ་བཞིན་དུ་འདུ་འཛི་ཐམས་ཅད་ལ་འབྲོས་དགོས་པ་ཡིན། ལྷག་པར་ཡང་རྙེད་བཀུར་འབུལ་ཞབས་སོགས་ཀྱི་ཕན་འདོགས་བྱེད་ལ་འབྲོས་དགོས་མ་བྲོས་ན་འདོད་ཡོན་གྱི་བདེ་འབྱོར་སྒྲུབ་ཆེད་ལ་སེམས་གཡེངས་ནས་སྒྲུབ་པ་མི་འོང༌། དེས་ན་སྒོམ་ཆེན་པ་གནས་གཞི་སྐྱོང་བ་དང༌། ཕན་སེམས་ཆེ་ཆེས་རྒྱུད་འབྲེལ་གཞུང་ཆེན་གྱི་འཆད་ཉན་དང༌། འགྲོ་བའི་བསྲུང་སྐྱོབ་བྱེད་པ་སྐད་དང༌། གཙོ་བོ་སོགས་འཇིག་རྟེན་གྱི་མདུན་གྲོས་ཀྱི་བར་གཞུག་སོགས་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་དངོས་མ་ཡིན། ལར་སྒྲུབ་པ་བཞག་ནས་ཚེ་འདིའི་ཆེད་དུ་ཆོས་ལྟར་བཅོས་པ་ནི། ཚེ། གང་ཟག དུས། ལོངས་སྤྱོད། ལྟ་བ། སྙིགས་མ་ལྔ་བདོ་བ་ཉིད་ཀྱི་ཕྱིར་བསྟན་པའི་གཟུགས་བརྙན་ཡིན་པས། དལ་འབྱོར་གྱི་ལུས་འདི་ལྟ་བུ་རྙེད་ནས་སངས་རྒྱས་ཀྱི་བསྟན་པ་འདི་ཕྱིའི་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་འདི་ཉིད་ལ་བྱི་དོར་གྱི་སྒྲུབ་པ་ཡང་ཡང་དུ་གྱིས་ཤིག ཅེས་གསུངས་པའི་དོན་ནི། དེ་ལྟར་རྗེ་སྒམ་པོ་པ་ཆེན་པོ་རྗེ་དུས་གསུམ་མཁྱེན་པ་ལ་དེ་ལྟར་དུ་གདམས་པ་དེ་ཉིད་སྐུ་ཉམས་སུ་བསྟར་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་རབ་འབྱམས་ཀྱི་སྒྲུབ་པ་ནམ་མཁའི་ཁམས་འདིར་དཔེ་ཟླ་དང་བྲལ་བ་འཛུགས་པར་མཛད་པ་ཡིན་ཏེ། དཔལ་ལྡན་གངས་དཀར་བའི་གསུང་གིས། རྗེ་སྒམ་པོ་པ་ལ་སྤྱན་དང་མངོན་པར་ཤེས་པ་དང་ཚིག་དང་དོན་གྱི་གཟུངས་ཆེན་ཐོབ་པ་དང༌། ཏིང་ངེ་འཛིན་དང་རྫུ་འཕྲུལ་ལ་མངའ་དབང་འབྱོར་བ་མང་དུ་བྱུང་ཡང༌། རྗེ་སྒམ་པོ་པའི་རྣམ་ཐར་དྲང་སྲོང་ཆེན་པོའི་སྤྱོད་པ་སྐྱོང་བ་ནི་རིན་པོ་ཆེ་དབུ་སེ་ཉིད་ཙམ་ལས་མ་བྱུང་བ་ཡིན་ཏེ། སྔོན་དུ་དགུང་ལོ་ལྔ་བཅུ་ང་ལྔ་ནས་ཁམས་ཀམ་པོ་གངས་རར་གཤེགས་པ་ཡང་དབུས་གཙང་དུ་བཞུགས་ན་སྐུ་སྙན་པའི་གྲགས་པས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཁམས་ཚུན་གྱི་སྐྱེ་བོའི་འདུ་འཛི་བྱུང་ནས་བྲོས་པ་ཡིན་རྟིང་དུ་དགུང་ལོ་བདུན་བཅུ་དོན་བདུན་ནས་དབུས་སུ་གཤེགས་པ་ཡང་ཀམ་པོ་གངས་རར་བཞུགས་ན་ཤར་ཕྱོགས་ཀྱི་རྒྱ་མཚོ་ཕ་རིའི་སྐྱེ་བོ་ཚུན་འདུས་པའི་འདུ་འཛི་ལས་བྲོས་ཏེ་བྱོན་པ་ཡིན་དེས་ན་རིན་པོ་ཆེ་དབུ་སེའི་སློབ་མར་བཟུང་ངོ་ཅོག་སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ་ལས་ཡུལ་དུས་དང་བསྟུན་པའི་གང་མཐར་ཕྱིན་ཕྱིན་དུ་ཕྱག་བཞེས་བཏབ་ནས་སྐྱོང་བར་མཛད་པ་ལས་སྡེ་དགོན་དང་གནས་གཞིའི་བཟའ་དཔོན་དང་འགྲོ་དོན་གྱི་ཁུར་བསྣམས་པ་གང་ཡང་མེད། དེ་མེད་པས་ཞབས་འབྲེང་གི་རྗེས་འཇུག་ཀུན་ཀྱང་སངས་རྒྱས་ཀྱི་བསྟན་པ་དངོས་གཞི་སྒྲུབ་པ་ཁོ་ན་ལ་ནན་ཏན་དུ་བྱེད་པ་ཤ་སྟག་བྱུང་བ་ཡིན། རང་རེ་བཀའ་བརྒྱུད་འདི་ལྟ་བུ་དང་མཇལ་བ་བསྐལ་པ་དཔག་ཏུ་མེད་པར་སངས་རྒྱས་གྲངས་མེད་པས་བྱིན་གྱིས་བརླབས་པ་ཡིན། རྒྱུད་ལས། དད་པ་ཡང་དག་བསྐྱེད་པ་དང༌། །རྣལ་འབྱོར་བརྩོན་ལ་གནས་པ་གང༌། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །ཞེས་འབྱུང་བ་ལྟར་ཁ་རྗེ་དང་བསགས་པ་འདི་ལྟ་བུ་ལ་དགའ་ཚོར་གཟུགས་གྲུབ་ཏུ་ཡོད་ན་ནམ་མཁར་མི་ཤོང་བ་ཙམ་ཡིན་ནོ་ཞེས་གསུངས་པས། རྗེ་དུས་གསུམ་མཁྱེན་པ་ལ་རྗེ་སྒམ་པོ་པ་ཁུ་དབོན་གྱིས་ལུང་བསྟན་པའི་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ཀྱི་རྟོགས་པ་འཁྲུངས་པའི་གནས། ཀམ་པོ་གངས་ཀྱི་ར་བར་བཞུགས་ནས་རང་སྲས་ཆེན་པོ་རྣམས་སྐྱོང་བར་མཛད་པས། རང་རེ་ཀམ་པོ་གནས་ནང་བ་ཚང་གི་སྒྲུབ་བརྒྱུད་འདིར་ཞུགས་པ་དག་གིས་སྔོན་གྱི་བཀའ་བརྒྱུད་དེ་དག་གི་མཛད་སྲོལ་བཟང་པོ་སྙིང་ཁོང་རུས་པའི་ཟུངས་བཅུད་དུ་བཟུང་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་སྒོ་གསུམ་གྱིས་བཏང་ནས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དང་བྲལ་བའི་དགེ་བའི་རྩ་བ་གསུམ་གྱིས་ཉོན་མོངས་པའི་གནས་ངན་ལེན་ཡོངས་སུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་སོགས་སྦྱངས་པའི་ཡོན་ཏན་ལ་གནས་པས་ན་ཚོད་ཡོལ་བར་སྒྲུབས་ཤིག

༡༡༡ ཡང་འདི་སྐད་དུ་གསུངས་ཏེ། དགེ་བཤེས་དགོན་པ་བ་ལ་གདམས་ངག་ཞུས་པས། དགེ་བཤེས་དགོན་པ་པའི་ཞལ་ནས། ཁྱེད་ང་ལ་སྒོམ་ཞུ་ན། སྔར་ཕན་བསླབ་སྒོམ་གྱི་ཆོས་ཐམས་ཅད་དུང་ཕྱིས་པ་བཞིན་ཐོང༌། བློ་ཐར་པའི་རྒྱུར་འགྲོ་བ་ལ་ཕྱིན་ཅི་ལོག་གི་བློ་མ་ལོག་ན་བདག་གི་ཆོས་བསྟན་པ་ཉམས་སུ་བླང་བ་སྐད་དུ་བྱས་ཀྱང་ཆོས་ལམ་དུ་མི་འགྲོ། བླ་མའི་མན་ངག་གནད་དུ་སོང་ན་གྲུབ་མཐའ་དང་བློ་མ་འདྲེས་པ་ཞིག་འོང་བ་ཡིན། དེ་ནས་ངས་སྒོམ་བསླབས་ཀྱིས། དང་པོར་ཐིག་ལེ་གཅིག་ལ་སེམས་གཏད་ནས་སྒོམས་གསུངས་པ་བཞིན་དུ་བསྒོམས་པས། རྒྱ་ཡོན་བདག་པས་བསྒོམས་པས། སེམས་ཡེ་ཤེས་མ་ཟིན་པས་དགེ་བཤེས་འདྲ་ལ་ཐབས་འདྲ་དྲིས་པས་ཅུང་སེམས་ཟིན་པ་ལ་ཕན་པར་བྱུང་བས། སླར་དགོན་པ་བ་ལ། བདག་གིས་དགེ་བཤེས་གཞན་ལ་ད་དུང་ཐབས་ཐན་ཐུན་འདྲ་ཞུས་ན་སྙམ་ཞུས་པས། དགོན་པ་པའི་ཞལ་ནས། གཞན་ལ་ཐབས་ཐན་ཐུན་དྲི་མི་དགོས། ང་ལ་ཉན་ན་སྒོམས་ཤིག་གསུངས། དེ་ནས་ཟླ་བ་དགུ་ལོན་ནས་སྒོམ་བྱུང་བས། སླར་ཡོན་བདག་པོས་དགེ་བཤེས་དགོན་པ་བ་ལ་བདག་ནང་དུ་སེམས་ཨེན་རེ་ཁུགས་གདའ་ཞུས་པས། དགོན་པ་བའི་ཞལ་ནས། ཁྱོད་ཀྱི་སྒོམ་དེ་མདུང་བྱི་ཁུང་དུ་འཛུལ་བ་བྱ་བ་ཡིན། ད་སྡོད་ཁྱོད་ཀྱི་ལྟ་སྒོམ་དེ་མདུང་ནམ་མཁའ་ལ་བསྐོར་བ་ལྟར་འོང་བ་ཡིན། ད་ནི་ཆོས་ཐན་ཐུན་གཞན་ལ་དྲི་བའམ། ཆོས་ཐན་ཐུན་ལ་བལྟས་ཀྱང་ཕན་པར་འོང་སྟེ། ལར་ངའི་ཆོས་རྣམས་གཞན་དང་མ་འདྲེས་པར་སྒོམས་ཤིག་གསུངས། དེ་ནས་ཆོས་ཉན་སྙིང་ཡང་མ་འདོད། དཔེ་ཆ་ལྟ་སྙིང་ཡང་མ་འདོད། སྒོམ་གཅིག་པོ་ལ་བློ་སོང་ནས་བསྒོམས་པས། ཕྱིས་ཏིང་ངེ་འཛིན་ཀློང་དུ་གྱུར་ནས། ད་སྒོམ་གྱི་རྩོལ་བ་མི་དགོས་པར་ཏིང་ངེ་འཛིན་ལ་འགྲོ་ཡིན་འདུག་ཞུས་པས། དགོན་པ་བའི་ཞལ་ནས། ད་ནི་ལྟ་སྒོམ་མདུང་ནམ་མཁའ་ལ་བསྐོར་བ་ལྟ་བུར་སོང་བ་ཡིན་གསུངས། དེ་ནས་སློབ་དཔོན་ཡོན་བདག་གིས། དགོན་པ་པ་ལ་སློབ་དཔོན་གྱིས་གདམས་པའི་ཆོས་རྣམས་རང་གིས་གསང་ནས་ཉམས་སུ་ལེན། གཞན་ལ་ཆོས་བསྟན་རྒྱུ་རྣམས་དགེ་བཤེས་གཞན་ལ་བསླབས་ནས་འཆད་དམ་ཞུས་པས་དགོན་པ་བའི་ཞལ་ནས། ལུང་པ་གཅིག་ནས་ཆུ་གཙང་མ་གཅིག་དང་མི་གཙང་བ་གཅིག་གཉིས་ཡོད་ན་འདྲེས་འགྲོ་བ་ལྟར། གཞན་ལ་ཆོས་ཉན་ཡང་མ་ཉན། འཆད་ཀྱང་མ་འཆད། སྒོམ་གཅིག་པུ་གྱིས་ཤིག་ཅེས་གསུངས་ནས། སྒྲུབ་པ་འབའ་ཞིག་མཛད་པས་ཕྱིས་ཡོན་ཏན་དཔག་ཏུ་མེད་པ་འཁྲུངས་པར་སྣང་ཡང་མི་གསུང་བར་འདུག དེས་ན་ཇོ་བོ་བཀའ་གདམས་པ་རྣམས་ཀྱང་འཁྲིད་ཚུལ་དེ་ལྟར་མཛད་གདའ་བས། རང་རེའི་བླ་མ་མི་ལའི་བཀའ་སྲོལ་ལ་ཡང་གཞན་གྱི་གདམས་ངག་གི་ལྷད་མ་ཞུགས་པར་རང་གིས་ཉམས་སུ་ལོང་ལ་གཞན་ལའང་དེ་ཉིད་འཆད་པ་ལས་མི་བསྲེ་དགུ་བསྲེ་མང་པོ་བྱས་པས་གང་ལའང་ཡིད་མ་ཆེས་པ་འདྲ་བ་ཞིག་གིས་བྱིན་རླབས་མི་འོང་གསུངས། ཞེས་པའི་དོན་ནི། རང་དང་སྔོན་བསགས་ཀྱི་ལས་འབྲེལ་བཟང་པོ་ཡོད་པའི་འདྲེན་པའི་བླ་མ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་ཐག་ཆོད་པ་ཞིག་དང་མཇལ་རྗེས་ཡིད་གཉིས་ཐེ་ཚོམ་མེད་པར་དེས་གང་གསུང་བསྒྲུབས་ནས་བཀའ་བསྲོལ་སྐྱོང་བས། བུ་འཛངས་པས་བཟང་པོའི་རིགས་རྒྱུད་བཟུང་ནས་ཡ་རབས་ཀྱི་སྤྱོད་པ་རྒྱུན་ཆགས་པར་བདེ་ལེགས་འབྱུང་བ་ལྟར། བླ་མ་དམ་པ་དེ་ཉིད་ཀྱི་བཀའ་རྗེས་སུ་འབྲངས་ནས་སྔར་བཀའ་བརྒྱུད་བླ་མ་གཞན་ལས་འོངས་པའི་གདམས་ངག་ཉམས་སུ་བསྟར་བའི་རིམ་པ་རྣམས་ཀྱང་ཡོན་ཏན་ཡར་སྡུད་ཀྱི་ཚུལ་གྱི་བཏང་སྙོམས་སུ་བཞག་ནས། གདམས་ངག་སྔ་མ་རྣམས་ཀྱང་བླ་མ་དམ་པ་དེ་ཉིད་ཀྱི་གདམས་ངག་གི་ཀློང་དུ་འདྲིལ་བར་བྱས་ནས་ཉམས་སུ་ལེན་དགོས་པ་ཡིན། རང་རེའི་རྒྱུད་ཐབས་ཅི་ལྟ་བུས་ཐུལ། ཟག་པ་ཟད་པའི་ཐུགས་རྗེ་གཞན་དོན་ལ་མངའ་འབྱོར་བའི་ཆོས་ཀྱི་སྤྱན་མངའ་བའི་བླ་མ་ཆེན་པོ་ཉིད་ཀྱིས་མཁྱེན་པ་ལས་རང་ཅིག་རང་རྒྱུད་ལ་ཚོད་འཛིན་བྱས་ཀྱང་མུན་ནང་དུ་ལག་སྙོབ་བྱས་པས་དངོས་པོ་འཚོལ་བ་འདྲ་ཞིག་ལས་མི་འོང༌། རྒྱུན་དེའི་ཕྱིར། འབྲོམ་སྟོན་པས་ཇོ་བོ་དང་མཇལ་བ་ན་ཇོ་བོའི་བཀའ་སྲོལ་ཉིད་ལ་ནན་ཏན་དུ་མཛད་པས་བསྟེན་པའི་བླ་མ་གཞན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་སྤུངས་པ་ལྟར་བྱུང་བ་དང༌། དཔལ་ཕག་མོ་གྲུ་པས་རྗེ་སྒམ་པོ་པ་མཇལ་ནས་སྔར་ཉམས་བཞེས་ཀྱི་ཆོས་ཀྱི་ཆུ་བོ་བགྲང་གིས་མི་ལང་བ་དུ་མ་རྣམས་རྗེ་སྒམ་པོ་པའི་ཆོས་ཀྱི་བཀའ་སྲོལ་རྒྱ་མཚོ་ལྟ་བུར་རོ་གཅིག་ཏུ་བསྡུས་ནས་ཉམས་སུ་བཞེས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ནས་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་ཁྱུ་མཆོག་ཆེན་པོར་གྱུར་ཏེ། རྣལ་འབྱོར་དཔལ་ལྡན་ཆོས་སྐྱོང་བིརྺ་པའི་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གཞན་ལ་འདོམས་པ་ནའང༌། དཔལ་ལྡན་ནཱ་རོའི་གདམས་པས་བྱིན་གྱིས་བརླབས་ཏེ་འཆད་ནས་སློབ་མའི་རྒྱུད་སྨིན་གྲོལ་དུ་མཛད་པ་ནི། སེང་གེ་བུ་གསོ་ན་གླང་པོ་ཆེའི་འོ་མ་ལ་ལྷའི་བདུད་རྩིའི་བཅུད་ཕབ་ནས་གསོ་བ་ལྟ་བུར་མཛད་དེ། དྭགས་པོའི་རིགས་ཀྱི་རྟགས་ཀྱི་དབུ་རྒྱན་དར་དཔྱངས་དང་བཅས་པ་སྤྱི་བོར་འཛིན་ནས་བཀའ་བརྒྱུད་དྭགས་པོ་ལྷ་རྗེའི་རྟགས་དང་ཆ་ལུགས་མཚན་གྱི་བརྒྱུད་པ་མི་ཉམས་པར་བཟུང་བ་ལ་བརྟེན་ནས་ཉི་འོག་ཏུ་སྒྲུབ་བརྒྱུད་ཀྱི་བསྟན་པ་འགྲན་པའི་ཟླ་བྲལ་དུ་སྐྱོང་བར་མཛད་པ་འདི་ལྟ་བུ་ཞིག་བཀའ་བརྒྱུད་དོན་གྱི་འཕོ་བ་བྱིན་རླབས་ཀྱིས་བརྒྱུད་པ་འདི་ལ་དགོས་པར་དགོངས་ནས། བན་སྒར་འཇམ་དཔལ་བཟང་པོས་ཇི་སྐད་དུ། རྗེ་དུས་གསུམ་མཁྱེན་ལ་གསོལ་བ་འདེབས། །མི་ང་ཡང་བརྒྱུད་འཛིན་གྱི་མིང་བཏགས་ཡིན། །བློ་འགྱུར་མེད་འདི་ལ་ནན་ཏན་མཛོད། །ཅེས་འབྱུང་བ་ལྟར་ཡིན་པས་བརྒྱུད་པ་འདི་ལ་ཕག་གྲུའི་མཛད་པ་དེ་ལྟར་སྐྱོང་བ་ས་ཆེན་པོའི་རྡུལ་ཙམ་མཆིས་པ་ཡིན། དེས་ན་རང་གི་ཡིད་ཆེས་པའི་སྒྲིབ་གཉིས་ཀྱི་གཉེན་པོར་སོང་བའི་བློ་ཁེལ་ངེས་ཀྱི་བཀའ་བརྒྱུད་ཀྱི་ཆོས་ཀྱི་རྐང་རང་རྒྱུད་ལ་མ་ཟིན་ན། བླ་མ་མང་པོ་ལ་རང་རྒྱུད་འདུལ་ཐབས་ཀྱི་ཅི་དྲག་གང་དྲག་གི་སྒྲུབ་ལུང་མང་པོ་ཞུས་ནས་སྒོམ་པ་ཙུག་བྱས་ནའང༌། སེམས་རྒྱུད་ཀྱི་སྟེང་དུ་གྲོལ་ཆ་ཐོན་པའི་མྱོང་རྟགས་ཀྱི་རྟགས་མཚན་གང་ཡང་མི་ཐོན་པས་རྟིང་དུ་བླ་མ་དང་བཀའ་བརྒྱུད་ཆོས་བསྲོལ་གང་ལའང་གཏིང་ཡིད་མ་ཆེས་པར་སྟཻང་དུ་ཚེ་འདི་བསྡུས་ཀྱི་ཞེན་ཙམ་གྱི་ཕྱོགས་འཛིན་བྱེད་པ་ལས་མོས་གུས་ཅ་འབྱིད་དུ་འགྲོ། དེ་ལྟར་སོང་ན་ཕ་མང་གི་བུ་རུས་སྟོར་བ་དང་འདྲ་བར་རང་གཞན་གང་གིའང་དོན་མི་འགྲུབ་པར་མི་ཚེ་སྟོང་ཟད་ལས་མི་ཡོང༌། དེས་ན་རང་ཉིད་ཀྱི་རྒྱུད་ལ་རྣམ་གྲོལ་གྱི་རོ་རྙེད་པའི་བཀའ་བརྒྱུད་ཅིག་གི་བཀའ་དྲིན་བསླུ་བ་མེད་པའི་ཚད་མ་ཞིག་རྒྱུད་ལ་ཤར་རྟིང༌། ཕྱོགས་བཅུ་ནམ་མཁའི་མཐའ་ཀླས་ཀྱི་ཐར་འདོད་ཐམས་ཅད་བདག་གི་བཀའ་བརྒྱུད་འདིར་ཞུགས་ན་ཅི་མ་རུང་སྙམ་པའི་ངེས་ཤེས་བཅོས་མིན་དུ་སྐྱེ་བ་ཞིག་འབྱུང་ལ། དེའི་དུས་ཕྱོགས་ག་གེ་ན་སངས་རྒྱས་ཆེ་གེའི་ཞིང་དང་འདུས་པ་དང་སྐུ་ཚེ་དང་འོད་ཟེར་མཚན་དཔེ་མཛད་ཕྲིན་ཡ་མཚན་ཅན་འདི་ལྟར་ཞེས་ཐོས་པ་ན། ཡོན་ཏན་གྱི་བསྔགས་པ་ཅན་དེར་འགྲོ་བའི་འགྲམ་ཆུ་མི་ལྡང་བར་དེ་ལྟའི་ཡ་མཚན་ཅན་མཆིས་ན། དེ་ཐམས་ཅད་བླ་མ་འདིའི་མཛད་འཕྲིན་གྱི་རོལ་པ་ལས་མ་གཏོགས། དེ་ལྟའི་ཡ་མཚན་ཅན་འབྱུང་ག་ལ་སྲིད་སྙམ་དུ་སླར་ཡང་རང་གི་བཀའ་བརྒྱུད་དང་རྩ་བའི་བླ་མ་ལ་མི་འཕྲོག་པའི་དད་པའི་རྒྱ་མཚོ་ཟད་དུ་མི་དཔོགས་པ་གཏིང་མི་མངོན་པ་དུས་ཀྱིས་མི་གཏུགས་པར་ཕྱུར་བར་འགྱུར་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ནོ། །གནད་འདི་ལྟ་བུ་ལ་དགོངས་ནས། སྙེ་མོ་དབང་ཕྱུག་རྒྱལ་མཚན་གྱིས། ཡིད་བཞིན་ནོར་བུ་རྙེད་ནས་མཆིང་བུ་འདོར། །ལྷ་ཡི་བདུད་རྩི་རྙེད་ནས་ཟས་ངན་འདོར། །ཟླ་བྲལ་རྗེ་བཙུན་རྙེད་ནས་མགོན་གཞན་འདོར། ། སེམས་ལ་སངས་རྒྱས་རྙེད་ནས་ཆོས་གཞན་འདོར། །ཞེས་འབྱུང་བ་ལྟར། རང་ཉིད་རྣམ་པར་གྲོལ་བའི་ཆོས་དང་གང་ཟག་ཁོ་ནའི་ལམ་དེར་མ་རྒན་དྲིན་ཅན་སྡུག་བསྔལ་ཅན་གཞན་རྣམས་ཀྱང་སྦྱར་བར་བྱ་བ་ལ་བསླབ་པར་བྱའོ། །

༡༡༢

ཡང་ཞལ་ནས། གཉུག་མ་དང་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྱད་གང་ཡིན་ཞུས་པས། སྐྱེས་སྦྱོར་ནི་རྟོགས་པ་ལམ་དུ་ཁྱེར་བ་ཡིན། དེ་སྔོན་ཕན་འཁོར་བ་ན་འཁྱམས་པ་འདི་རྣམ་རྟོག་ངོ་མ་ཤེས་པས་འཁྱམས་པ་ཡིན། རྟོག་པ་ངོ་ཤེས་ན་འཁོར་བ་ཡང་རྟོག་པ་ཙམ་ཡིན་པས་འཁོར་དོན་མི་འོང༌། འོ་ན་རྣམ་རྟོག་གི་རང་ངོ་ཤེས་པ་ཇི་ལྟར་བྱ་སྙམ་ན། རྟོག་པ་གཅིག་ལྟས་གཉིས་བལྟས་ཀྱི་ངོ་བོ་ཤེས་རིག་ཏུ་ངོ་ཤེས་པའི་ཤེས་རྒྱུ་གཅིག་བྱུང་ན། དེ་ལ་ཆོས་གང་ཟག་གི་ང་བདག་བྱ་བ་ཡིན་པས། དེ་སྐྱོང་ན་རྣམ་རྟོག་ལ་ཟད་པ་མེད། འོ་ན། རྟོག་པ་ཅི་དང་ཅི་སྐྱེས་ཐམས་ཅད་ཀྱི་ཡུལ་དང་ཡུལ་ཅན་ལ་རྟོག་བྱ་རྟོག་བྱེད་ཀྱི་རྟོག་པ་ཐམས་ཅད་རོ་མེད་ཁུང་མེད་དུ་སོང་ནས་རྟོག་པའི་རང་ངོ་ལ་ང་བདག་གི་དྲི་མས་མ་གོས་པ་ན། གཉུག་མ་དང་ལྷན་ཅིག་སྐྱེས་པའི་རྣམ་རྟོག་རང་ངོ་ཤེས་པ་ཡིན། དེ་ལྟར་ངོ་ཤེས་པའི་ཚེ་རྣམ་རྟོག་དེ་ཉིད་ལ་འདོར་ལེན་དགག་སྒྲུབ་གང་ཡང་མ་བྱས་པར་གྲོལ་བ་ན། དེའི་ཚུལ་ལ་དང་པོར་སྐྱེ་བ་མེད། བར་དུ་གནས་པ་མེད། ཐ་མར་འགགས་པ་མེད། ངོ་བོ་ངོས་བཟུང་དང་བྲལ་བ་དེ་ཉིད་ཀྱི་རང་བཞིན་རྒྱུན་ཆད་མེད་པ་ཡིན། མཚན་ཉིད་བློ་ལས་འདས་པ་ཡིན། དེ་ལ་གཉུག་མ་ཟེར་བ་ཡིན། དེ་ལ་སྤྲོས་པའི་མཚན་མའི་ཆ་ནས་བལྟས་ན་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར་བས། སྤྲོས་མེད་ཀྱི་མཚན་མའི་ཆ་ནས་བལྟས་ན་ལྷ་དང་དཀྱིལ་འཁོར་དང་གསང་སྔགས་ཀྱི་སྐུ་དང་ཡེ་ཤེས་རྒྱུན་མི་ཆད་པར་སྣང་བ་སྟེ། གནད་འདི་ཉིད་ཀྱི་ཕྱིར་འཁོར་འདས་ཐམས་ཅད་སྔགས་ཀྱི་རང་བཞིན་དུ་ཡོད་པ་ཡིན་ཏེ། འཁོར་བ་གཞན་དབང་སྨྲ་འདོད་སྲོག་དབུགས་རྟོག་པ་རྒྱུའི་སྔགས་དང༌། ཀུན་བཏགས་བརྗོད་པ་སྨྲ་བ་རྟོག་པ་འབྲས་བུའི་སྔགས་དང༌། མྱང་འདས་ཡོངས་གྲུབ་འགྱུར་མེད་སྟོང་ཉིད་རྒྱུའི་སྔགས་དང༌། ཡོངས་གྲུབ་ཡང་དག་བསྐྱེད་རྫོགས་འབྲས་བུའི་སྔགས་སུ་ཤེས་པར་བྱའོ། །ཞེས་གསུངས་པའི་དོན་ནི། ལྷན་ཅིག་སྐྱེས་པར་སྦྱོར་བ་ནི་ཆོས་གང་རྟོག་པས་བཟུང་ཡང་རྟོག་བྱ་རྟོག་བྱེད་ཀྱི་ལྷན་ཅིག་པའི་སྦྱོར་བ་མེད་པར་རྟོག་མི་སྲིད་ལ། དེ་ལྟར་རྟོག་པས་འཁོར་བའི་ཆོས་རྣམས་ཀྱང་ལས་ཉོན་གྱི་རྟོག་པས་བཏགས་ལ། མྱང་འདས་ཀྱི་ཆོས་རྣམས་ཀྱང་ཚོགས་གཉིས་ཀྱི་རྟོག་པས་བཏགས་པ་ཡིན། རྟོག་པ་དེ་ཉིད་རྟོག་པ་ལྟར་རང་བདེན་པར་རྟོག་པའི་ལས་ཐམས་ཅད་ཀྱིས་དངོས་པོ་རང་མཚན་པའི་ཆོས་འགྲུབ་ལ། རྟོག་པ་དེ་ཉིད་རྟོག་པ་ལྟར་རང་བདེན་པར་རྟོག་པ་དང་བྲལ་བའི་ལས་ཀྱིས་དངོས་པོ་རང་མཚན་པ་མ་ཡིན་པར། དངོས་ཆོས་རྣམས་སྒྱུ་མ་ལྟར་བདེན་མེད་རྫུན་པ་མྱང་འདས་ཀྱི་ཆོས་འགྲུབ་ལ། རྟོག་པ་དེ་ཉིད་ཤེས་རིག་རང་བདེན་པའི་བདག་ཉིད་དུ་མ་གྲུབ་པ་ལ་གྲུབ་པར་རྟོག་པ་ནི་ཆོས་ཀྱི་བདག་ལྟར་སོང་བས་དེང་སང་སྒོམ་ཆེན་པ་ཕལ་ཆེ་བས། རྣམ་རྟོག་རང་ངོ་རང་ལྟ་ཟེར་ནས་རྩིས་ཆེན་པོར་བྱེད་ཀྱང་རྣམ་རྟོག་གི་ཤེས་རིག་སྐད་ཅིག་མ་ཤེས་ཙམ་རིག་ཙམ་འཁོར་བ་ཐོག་མེད་ནས་རྒྱུན་ཆགས་སུ་འབྱུང་བ་ཟད་མེད་འདིས་འཁོར་བར་བཅིངས་པ་མ་གཏོགས་གྲོལ་བའི་རྐྱེན་དུ་མ་གྱུར་པ་ཡིན། དེ་ལྟའི་འཁོར་འདས་ཀྱི་བཟང་ངན་གྱི་རྟོག་པ་ཐམས་ཅད་ལ་རང་གི་ངོ་བོ་དངོས་པོ་དང་དངོས་མེད་གང་དུའང་འདི་ལྟར་གྲུབ་ཅེས་བཟོད་པའི་དམིགས་པ་འགར་ཡང་བྱང་ཆུབ་ཆེན་པོའི་བློའི་ཡུལ་དུ་མ་གྱུར་པ་ན་དེ་ཉིད་གཉུག་མ་ནས་གནས་པའི་ཆོས་ཉིད་ཡིན་ལ། གཉུག་མར་གནས་ཞེས་པའི་གནས་རྒྱུའི་ཆོས་སྟོང་སྟོང་པོ་ཞིག་དོན་དམ་བདེན་པ་སྟོང་པ་ཉིད་དུ་བྱས་ནས་དེ་འདྲ་ཞིག་མི་འགྱུར་བར་ཁྱབ་རྟག་འདུས་མ་བྱས་ཀྱི་དངོས་པོའམ་མེད་པར་ཡོད་མེད་གང་དུའང་གཞི་གྲུབ་ཏུ་སྲིད་པ་མ་ཡིན་ནོ། །དེས་ན་གཉུག་མའི་དོན་འདི་ཉིད་ཁོང་དུ་ཆུབ་པ་ན་འཁོར་བའི་རྟོག་པས་མ་བཅིངས། མྱང་འདས་ཀྱི་རྟོགས་པས་མ་གྲོལ་བའི་ཐར་པ་ཆེན་པོའི་གོ་འཕང་བརྙེས་པར་འགྱུར་བ་ཡིན་ཏེ། འདི་ཉིད་ཀྱི་ཕྱིར། བྲམ་ཟེ་ཆེན་པོ་ས་ར་ཧ་དང༌། ཤ་བ་རི་དང༌། མཻ་ཏྲི་པ་ཆེན་པོ་སོགས་ཀྱི་ཡིད་ལ་མི་བྱེད་པ་ཕྱག་རྒྱ་ཆེན་པོ་སྟོན་པའི་དོ་ཧའི་གླུ་རྣམས་ལས་གཉུག་མའི་དོན་ལ་ཆེས་བསྔགས་པར་མཛད་པ་ཡིན། འདི་ལྟའི་གཉུག་མ་ལའང་དོན་དམ་པར་དཔྱད་པའམ་ཁོང་དུ་ཆུབ་བཟོད་པའི་མཚན་མའི་ཆ་མེད་ཀྱང་ཐ་སྙད་དུ་འཁྲུལ་སྤྲོས་དང་བྲལ་བའི་གཟིགས་ངོ་ན་རྒྱུད་གསུམ་གྱི་ལྷ་སྔགས་ཡེ་ཤེས་དཀྱིལ་འཁོར་སོགས་རྣམ་པར་དག་པའི་དངོས་མཚན་གྱི་ཆོས་གང་ཟག་གི་ཤེས་བྱ་མཐའ་ཡས་པ་ཞིག་གི་སྣང་བ་དེ་ལྟའི་རིགས་ཅན་གྱི་རྣལ་འབྱོར་པ་ལ་འགྲུབ་རུང་དང་དེ་ལྟའི་སྣང་བ་འཆར་བ་ཞིག་ཡོད་པར་གདའ་བ་ནི། སྐལ་ལྡན་དབང་པོ་ཆེས་ཡང་རབ་ཀྱི་སྤྱོད་ཡུལ་ལས། དེ་ལས་དབང་པོ་དམན་པའི་དགེ་རྩའི་བསགས་པའི་སྤྱོད་ཡུལ་དུ་མི་རུང་བ་ཉིད་ཀྱིས་གསང་བར་བྱ་བ་དང༌། དེ་ལྟའི་གསང་བ་ཆེན་པོའི་ཤེས་བྱ་དེ་ཡང་སྔགས་ཀྱི་མཐུ་ལྟ་བུར་མྱུར་དུ་སྒྲུབ་པར་བྱེད་ནུས་པའི་ཐབས་ཤེས་ཟབ་རྣོན་ཞིག་ཡོད་པ་ཉིད་ཀྱི་ཚུལ་དེ་ལ་གསང་སྔགས་ཀྱི་ངོ་བོར་བཞག་ནས་དེའི་རྒྱུ་འབྲས་ལ་གསང་ཆེན་གྱི་ལམ་དང་འབྲས་བུ་ཞེས་རྣམ་པར་བཞག་གོ། འོ་ན་མྱང་འདས་འཁྲུལ་བྲལ་གཉུག་མའི་དངོས་མཚན་གྱི་རྣམ་དག་གི་ཆོས་སྔགས་སུ་བཞག་པར་མ་ཟད་དེ་དང་ལྷན་ཅིག་སྐྱེས་པའི་འཁོར་བ་གློ་བུར་འཁྲུལ་པའི་དངོས་མཚན་གྱི་རྒྱུ་འབྲས་ཀྱི་རྟོག་པ་རྣམས་ཀྱང་སྔགས་སུ་བཞག་སྟེ། འཁོར་བའི་ཆོས་རྣམས་ཀྱང་མེད་བཞིན་དུ་བཏགས་པ་ཙམ་གྱིས་མྱུར་དུ་འགྲུབ་པ་ནི་སྔགས་ཀྱི་བྱེད་པ་ལྟར་མཐུ་ཆེ་ཞིང་ལས་ཚུལ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱིས་སྔགས་དང་རྒྱུད་དུ་བཞག་པའི་ཕྱིར། ཇི་སྐད་དུ། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་འབྱུང་བ་ལྟར་རོ། །དེས་ན་འཁོར་བའི་རྒྱུའི་སྔགས་ཀྱང་རྣམ་པར་རྟོག་པའི་ཡུལ་དང་ཡུལ་ཅན་གཞན་དང་གཞན་ལ་ལྟོས་པའི་ཆོས་ཀྱི་དབང་ལས་གཟུང་འཛིན་གྱི་རྟོག་པས་དེ་དང་དེར་མངོན་པར་ཞེན་པའི་རླུང་སེམས་ནི་འཁོར་བའི་རྒྱུ་དང༌། དེ་ལྟའི་རླུང་སེམས་ཚོགས་པ་འཁོར་བའི་འབྲས་བུ་ཕུང་ཁམས་སྐྱེ་མཆེད་ཀྱི་སྣང་བ་སྣ་ཚོགས་ལ་ཡིད་དུ་འོང་མི་འོང་གི་འདོར་ལེན་གྱི་ཀུན་བཏགས་ཀྱི་བརྗོད་པའི་སྨྲ་བ་དུ་མས་སླར་ཡང་འཁོར་བའི་ལས་ཉོན་བསག་བཞིན་པ་ནི་འཁོར་བའི་འབྲས་བུའི་སྔགས་སོ། །མྱང་འདས་ཀྱི་རྒྱུའི་སྔགས་ཀྱང་གཉུག་མ་སྐྱེ་འགག་གནས་གསུམ་དང་བྲལ་བ་འགྱུར་མེད་ཡོངས་གྲུབ་སྟོང་པ་ཉིད་ལ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རྣམ་དག་གི་གཟུགས་སོགས་འབྱུང་རུང་དང༌། དེ་ལྟར་སྒྲུབ་པའི་ཐབས་ཤེས་ཀྱི་རླུང་སེམས་ནི་མྱང་འདས་ཀྱི་རྒྱུ་དང༌། དེ་ལྟར་སྒྲུབ་པས་གཉུག་མ་སྐྱེ་འགག་གནས་གསུམ་དང་བྲལ་བའི་འགྱུར་མེད་ཡོངས་གྲུབ་སྟོང་པ་ཉིད་ལྷན་ཅིག་སྐྱེས་པའི་རྣམ་རྟོག་གློ་བུར་བའི་དྲི་མའི་སྤྲོས་མཚན་གྱི་དངོས་ཆོས་ཀྱི་འཁྲུལ་པ་དང་བྲལ་ནས་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་དུ་ཡོངས་སུ་གྲུབ་པ་ན། ཤོག་གུ་ལ་བའི་འོ་མས་བྲིས་པའི་ཡི་གེ་མེ་ལ་བསྲེགས་པ་ན་གསལ་བ་བཞིན་བསྐྱེད་རིམ་གཟུགས་ཀྱི་སྐུ་དང་རྫོགས་རིམ་ཡེ་ཤེས་ཀྱི་སྐུར་འཆར་བའམ་འབྱུང་བ་ནི་མྱང་འདས་ཀྱི་འབྲས་བུའི་སྔགས་སོ། །དེ་ན་གཉུག་མའི་གནས་ལུགས་ལ་གནད་དུ་བསྣུན་པས་འཁོར་འདས་ཀྱི་གསང་སྔགས་ཀྱི་སྤང་བླང་ཐམས་ཅད་ཀྱི་ཉམས་ལེན་རང་ཆོད་དུ་འགྲོ་བས་ཚུལ་དེ་ལྟའི་ཉམས་ལེན་ལ་འབད་པར་གྱིས་ཤིག

༡༡༣

ཡང་རྗེ་སྒམ་པོ་པ་དང༌། བདེར་གཤེགས་ཁམས་པ་རྡོར་རྒྱལ་རྗེ་སློབ་ཀྱི་ཞུས་ལན་ནས་འབྱུང་བ་ལྟར་བརྗོད་པར་བྱའོ། །དེ་ཡང་དེའི་ཞུས་ལན་ལས། ཕག་མོ་གྲུ་པས་བླ་མ་མང་པོ་ལ་གཏུགས་པའི་མཐར་གྱི་ཆོས་ཐམས་ཅད་ཉམས་སུ་བླངས་ནས། ཕྱིས་རྗེ་སྒམ་པོ་པ་དང་གླེང་སློང་བྱས་པས། ཁྱོད་ཀྱི་དེ་ཡང་རྟོག་པ་ཡིན། དེ་ཡང་རྟོག་བཅས་ཡིན་བྱ་བ་ལན་མང་དུ་གསུངས་སྐད། འོ་ན་ཕྱག་རྒྱ་ཆེན་པོ་དེ་ཇི་ལྟ་བུ་ལགས་ཞུས་པས། ཁམས་སྟོན་ཡང་དག་པར་ན་ཕྱག་རྒྱ་ཆེན་པོ་ནི་ཕྱི་རྣམ་རྟོག་གི་ཡུལ་ལ་མི་འཕྲོ། ནང་ཤེས་པ་བྱིང་རྨུགས་སུ་མ་སོང༌། འཁོར་བ་དང་མྱང་འདས་ཀྱི་ཡུལ་ལ་རིག་པ་གོ་འགར་ཡང་མ་བརྡུགས་པ། ངོ་བོ་ཉིད་ཀྱི་རིག་སྟོང་རྩ་བྲལ་དུ་སོང་བ་དེ་ཡིན་གསུངས་པས། ཕག་མོ་གྲུ་པས་ཆོས་ལ་འདི་ཡིན་བྱ་བའམ། འདི་མིན་བྱ་བའི་བརྡ་ཐབས་ཐམས་ཅད་དང་བྲལ་བ་གཅིག་ཏུ་རྟོགས་པས་ལངས་མ་ནུས་པ་ལ། བླ་མའི་ཞལ་ནས་ལངས་ན་འོང་གསུངས། དེ་གོང་གི་བླ་མ་ཀུན་ཅི་རེད་བྱ་བ་ལན་འགའ་གསུངས་སྐད། དེའི་ཚེ་རྗེ་སྒམ་པོ་པའི་ཞལ་ནས། ཕྱག་རྒྱ་ཆེན་པོ་བློ་ལས་འདས་པ་བྱ་བ་ཡང་དེ་རང་ཡིན། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །བྱ་བ་དེ་ག་ཡིན། ཐ་མལ་གྱི་ཤེས་པ་སྙིང་གའི་དབུས་སུ་སད་བྱ་བ་དེ་ག་ཡིན། མཐར་ཐུག་གི་དོན་ལ་དམིགས་གཏད་མེད་བྱ་བའང་དེ་ཡིན། རིག་པའི་ངོ་བོ་སྒོམ་དུ་སོང་ནས་དྲན་པ་ལ་བློ་གཏད་མི་དགོས་པར་འདུག སྒོམ་བྱ་བ་ཕར་ལ་བློས་གཏད་ནས་སྒོམ་མི་དགོས་པར་གདའ། སྒོམ་ཁོ་རང་གིས་ཚུར་བསྐུལ་ནས་འོང་བར་འདུག་གསུངས་སྐད། དེས་ན་ཕག་མོ་གྲུ་པས་ནམ་མཁའ་ལ་མཐའ་དབུས་མེད། བེར་ཀ་ལ་མགོ་མཇུག་མེད། ལྷམ་གྲོག་བཅིངས་ནས་སྐྱས་ཇུས་རྫོགས། བློ་འདས་ཀྱི་རྣལ་འབྱོར་པ་དེ་ལ་འོང་བར་འདུག བློ་ལྷག་མ་མེད་པའི་དགེ་བའི་རྩ་བ་དེ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ལ་ཟེར་བ་འདུག །སེམས་ཉིད་ལ་རང་བྱན་ཚུད་ཙ་ན་གཞན་དོན་ཡོང་བ་ཡིན་པར་འདུག ད་ང་ཁམས་སུ་འགྲོ་དོན་མི་འདུག་གསུངས་སྐད་ཅེས་པའི་དོན་ནི། སྐབས་འདིའི་ཕྱག་རྒྱ་ཆེན་པོ་ནི། སེམས་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ལ་བཞག་པ་ཡིན་ལ། ཐ་སྙད་ཙམ་དུའང་སེམས་ཀྱི་གནས་ཚུལ་ལ་མ་ཞུགས་པའི་འཁྲུལ་ཆོས་རྣམ་རྟོག་གི་སེམས་དེ་ཉིད་དང་དེའི་སྣང་བ་ལ་རྣམ་པར་རྟོག་པས་བཏགས་པའི་བཏགས་ཆོས་འདོགས་བྱེད་ཀྱི་རྟོག་པ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མིན་ཏེ། གདོད་མའི་སེམས་ཐ་མལ་གྱི་ཤེས་པ་ནི་འདོགས་བྱེད་ཀྱིས་བློས་བཏགས་བསྒྱུར་མི་བཏུབ་ཅིང༌། དེ་ལྟར་བཏགས་པའི་བྱེད་ལས་གྲོལ་བའི་མ་བཅོས་པའི་རང་བཞིན་ཡིན་པའི་ཕྱིར། དེས་ན་འཁོར་འདས་ཀྱི་རྒྱུར་རྣམ་རྟོག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་སུ་བཏགས་པ་ཐམས་ཅད་ཀྱང་སྒྱུ་མ་ལྟར་ཐ་སྙད་དུའང་རང་བདེན་པར་མ་གྲུབ་པ་བཅོས་མ་བསླུ་རྫུན་གྱི་ཆོས་ཡིན་ལ། རྣམ་རྟོག་དེ་དང་བྲལ་བའི་ཡེ་ཤེས་ནི་བཅོས་མ་བསླུ་རྫུན་ཐམས་ཅད་དང་བྲལ་བ་མ་བཅོས་མི་བསླུ་མི་རྫུན་བདེན་ཆོས་ཀྱི་སྤྲོས་བརྗོད་དང་བྲལ་བ་དེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཡིན་ལ། དེ་ལྟའི་ཡེ་ཤེས་ནི་རྣམ་རྟོག་གི་ཡུལ་ཡུལ་ཅན་ལྟར་ཁ་ཕྱིར་བལྟའི་ཡུལ་ལ་རང་དབང་མེད་པའི་འཇུག་པ་ཅན་གྱི་ཤེས་པའང་མ་ཡིན་ལ་ཁ་ནང་བལྟ་ཡུལ་ཅན་རང་གི་ངོ་བོ་རང་བཞིན་ལ་རིག་པའི་ཡེ་ཤེས་སུ་མ་གྱུར་པའི་མ་རིག་པའི་བྱིང་རྨུགས་ཀྱི་དབང་དུ་མ་སོང་བ། འདི་ཉིད་འཁྲུལ་པའི་ངོ་བོར་མ་གྲུབ་པས་འཁོར་བའི་གོར་ཡང་མ་རྟུགས་ལ། དེ་ལྟར་འཁྲུལ་པས་འཆིང་བ་ཕྱིས་འཁྲུལ་པ་ལས་གྲོལ་བའི་འཁྲུལ་བྲལ་འདི་ལྟའོ་ཞེས་དངོས་པོ་དང་དངོས་མེད་ཀྱི་ཆོས་གང་དུ་ཡང་མ་གྲུབ་པས་མྱང་འདས་ཀྱི་གོར་ཡང་མ་རྟུགས་ལ། ཆོས་ཅན་གྱི་ཆ་ནས་ཡོད་མེད་སོགས་སྤྲོས་ཆོས་འགར་ཡང་འདི་ལྟར་ཤེས་ཞེས་བརྗོད་པ་དང་བྲལ་ཡང་དེ་ཉིད་འདི་ལྟར་ཁོང་དུ་མ་ཆུབ་ཅེས་བསྙེངས་པ་དང་བྲལ་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དུས་གསུམ་དུ་འཇུག་ཅིང་རིག་རྒྱུན་སྐད་ཅིག་འགྲོ་འོང་མེད་པ་བསམ་གྱིས་མི་ཁྱབ་པ། ཆོས་ཉིད་ཀྱི་ཆ་ནས་སྟོང་མི་སྟོང་སོགས་གཞི་གྲུབ་ཏུ་མི་བཏུབ་པ་རྩ་བྲལ་གྱི་བརྗོད་པ་དང་རྟོག་པ་དང་བྲལ་བའོ། །གཞན་རྣམས་ནི་གོ་བར་ཟད་དོ། །ཡང་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་ལ་ཁྱད་བདོག་གམ་མི་བདོག་ཞུས་པས། ཕྱག་རྒྱ་ཆེན་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཡེ་ནས་ལྷུན་གྱིས་གྲུབ་པ། ཆོས་ཉིད་ནམ་མཁའ་ལྟ་བུ་དུས་ཐམས་ཅད་པའི་ཡེ་ཤེས་གཉིས་མེད་གཅིག་ཡིན་ཏེ་རྒྱུན་ཆད་པ་མེད་པ་ཡིན། ལྷན་ཅིག་སྐྱེས་སྦྱོར་ནི་རྟོག་པ་གང་སྐྱེས་སྐུ་བཞིར་སྦྱོར་བ་ཡིན་པས་དུས་ཐམས་ཅད་པར་མི་འདོད་དེ་རྒྱུན་ཆད་ཡོད་གསུངས། འོ་ན་ཉམས་དང་རྟོགས་པ་གཉིས་ལ་ཁྱད་ཅི་ཙམ་བདོག་ཞུས་པས། ཉམས་ནི་བློའི་ཆ་ལས་མ་འདས་པ་ཡིན། དཔེར་ན་སྤྲིན་གསེབ་ཀྱི་ཉི་མ་དང་འདྲ། བདེ་གསལ་མི་རྟོག་གསུམ་རེས་མཐོ་རེས་དམའ་བར་གནས་པར་འོང་བ་ཡིན། དེ་ལ་མ་ཞེན་པར་བསྐྱངས་པས་བློའི་དྲི་མ་དྭངས་ནས་རྟོགས་པ་རྟོད་འཆར་གསུངས། འོ་ན་མཐོང་ལམ་དང་ཁྱད་པར་ཅི་མཆི་ཞུས་པས། མཐོང་ལམ་དང་བསྟུན་དུ་ཡོད་པ་མ་ཡིན་ཏེ། སེམས་ཀྱི་ངོ་བོ་བག་ཙམ་མཐོང་བ་ནི་ཉན་ཐོས་ཀྱི་མཐོང་ལམ་ཡིན། དེ་བས་ཀྱང་ཕྱག་རྒྱ་ཆེན་པོ་བག་ཙམ་མཐོང་བ་ནི་འཕགས་པ་དགྲ་བཅོམ་པའི་མཐོང་ལམ་ཡིན། ཆོས་ཉིད་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟར་མཐོང་བ་ནི་བྱང་ཆུབ་སེམས་དཔའི་མཐོང་ལམ་ཡིན། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་གཉིས་སུ་མེད་པའི་རང་བཞིན་མཉམ་པ་ཉིད་དུ་མཐོང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཐོང་ལམ་ཡིན། དེ་ཡང་ཇི་སྐད་དུ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །ཞེས་འབྱུང་ངོ༌། །རྣལ་འབྱོར་པའི་དབང་དུ་བྱས་ནས། སེམས་ཀྱི་ངོ་བོ་བག་ཙམ་མཐོང་བ་ནི་རྣལ་འབྱོར་པའི་མཐོང་ལམ་ཡིན། ངོ་བོ་སྤྲོས་བྲལ་ཙམ་དུ་མཐོང་བ་ནི་རྣལ་འབྱོར་པ་འབྲིང་གི་མཐོང་ལམ་ཡིན། སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བར་མཐོང་ནས་དེ་ལ་རྒྱུན་ཆད་མེད་དེ། རྣལ་འབྱོར་པར་རབ་ཀྱི་མཐོང་ལམ་ཡིན། འོ་ན་སྣང་བ་འདི་ལ་སེམས་ཅན་དང༌། འཕགས་པ་དང་རྣལ་འབྱོར་པ་དང་སངས་རྒྱས་ལ་ཁྱད་ཅི་ཙམ་མཆི་ཞུས་པས། སེམས་ཅན་གྱི་དུས་ན་དངོས་འཛིན་གྱི་སྣང་བ་བྱ་བ་ཡིན། འཕགས་པ་ལ་སྒྱུ་མའི་སྣང་བ་བྱ་བ་ཡིན། རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བ་བྱ་བ་ཡིན། སངས་རྒྱས་ལ་འོད་གསལ་གྱི་སྣང་བའམ་ཟུང་འཇུག་གི་སྣང་བ་བྱ་བ་ཡིན། ཞེས་གསུངས་པའི་དོན་ནི་ཕྱག་རྒྱ་ཆེན་པོ་བྱ་བ་ནི། སེམས་ཉིད་བདེར་གཤེགས་སྙིང་པོ་ཉིད་དག་པ་དང་མ་དག་པ་ལས་འཁོར་འདས་ཀྱི་ཆོས་འབྱུང་བ་ནི། ལྟོས་གཞག་གིས་ཡེ་ནས་ལྷུན་གྲུབ་ཏུ་འབྱུང་བ། བདེར་གཤེགས་སྙིང་པོའི་སེམས་འོད་གསལ་དེའི་ཆོས་ཉིད་དམ་མཚན་ཉིད་ནི་རང་གི་ངོ་བོ་སྒྲིབ་པ་དང་བྲལ་བ། སྐད་ཅིག་མ་སོགས་ཀྱི་དངོས་ཆོས་ཀྱི་རྒྱུན་གྱི་འདུ་མི་བྱེད་པར་ནམ་མཁའ་ལྟར་དུས་ཐམས་ཅད་པ་ཡིན་ཞིང༌། མཚན་རྩོལ་གྱིས་གསར་དུ་འདུས་མ་བྱས་ཤིང་སྐད་ཅིག་དང་རྒྱུན་གྱི་དངོས་མཚན་དུ་གྲུབ་པའི་གཉིས་ཆོས་དང་བྲལ་བའི་ཡེ་ཤེས་ནི་སྐྱེ་འགག་སོགས་སུ་མ་དམིགས་ཀྱང་དོན་བྱེད་གཏན་མེད་པའང་མ་ཡིན་པའི་ཕྱིར་བྱ་བ་རྒྱུན་ཆད་པའང་མ་ཡིན་པས། ཚུལ་འདི་ནི་སྙིང་པོའི་མདོ་རྣམས་དང༌། འཕགས་པ་བྱམས་པས་རྒྱུད་བླ་མའི་བསྟན་བཅོས་སུ་སོ་སོ་སྐྱེ་བོའི་བློས་བསམ་གྱིས་མི་ཁྱབ་པར་གསུངས། ལྷན་ཅིག་སྐྱེས་སྦྱོར་ནི་སྙིང་པོ་འོད་གསལ་གྱི་སེམས་དང་དེ་ལ་ལྟོས་གཞག་གི་ཡང་དག་མིན་རྟོག་གི་གློ་བུར་གྱི་དྲི་མ་ཡང་ལྷན་གཅིག་ཏུ་འབྱུང་བ་ཡིན་ཅིང་དེའང་སྙིང་པོ་འོད་གསལ་གྱི་སེམས་དེ་ལ་སྐུ་བཞིའི་གོ་འཕང་ཐོབ་བྱེད་ཀྱིས་རྒྱུ་དུས་ཀྱི་སྐུ་བཞི་ཡོད་ལ། རྒྱུ་དུས་ཀྱི་སྐུ་བཞི་པོ་དེ་འབྲས་དུས་ཀྱི་སྐུ་བཞིར་སྦྱངས་པ་ལ། དེ་དང་ལྷན་ཅིག་པའི་རྟོག་པ་དེ་ཉིད་ཀྱང་སྐུ་བཞྀའི་གོ་འཕང་ཐོབ་བྱེད་ཀྱི་དགེ་བའི་རྩ་བ་རབ་ཏུ་སོག་པར་བྱེད་ནས་སྐུ་ཐོབ་པར་བྱེད་པའི་གེགས་ཀྱི་དྲི་མ་སྦྱོང་བའི་ཕྱིར་རྟོག་པ་གང་སྐྱེས་སྐུ་བཞིར་སྦྱོར་བ་ཞེས་པའི་དོན་ཡང་དེ་ཡིན་ལ། གློ་བུར་དྲི་མའི་རྟོག་པ་དེ་ཉིད་ཟག་བཅས་ཟག་མེད་ཀྱི་སྐུ་བཞིའི་དགེ་བར་སྦྱངས་པས། མཐར་གློ་བུར་དྲི་མའི་སྒྲིབ་པ་ཉིད་ཀྱང་རྣམ་པར་དག་པ་ཉིད་ཀྱིས་རྒྱུན་ཆད་པར་འགྱུར་བ་ཡིན་ནོ། །ཉམས་རྟོགས་ཀྱི་ཁྱད་པར་ཅི་ལྟ་བུ་ཞེ་ན། ཉམས་ནི་གློ་བུར་དྲི་མའི་ཤེས་པ་ཚོགས་བརྒྱད་ཀྱི་འཁོར་དུ་འབྱུང་བའི་ཏིང་ངེ་འཛིན་དང་ཤེས་རབ་སྟེ་ཞི་ལྷག་གི་རྣལ་འབྱོར་ཡིན། རྣལ་འབྱོར་དེ་རེས་མཐོ་རེས་དམའ་བར་སྤྲིན་བར་གྱི་ཉི་མ་ལྟར་འབྱུང་བ་ནི། འཇུག་ཤེས་དྲུག་དང་བདུན་ཡིད་སོགས་ཀྱི་ཤེས་པ་རྒྱུན་གང་བརྟན་པ་དང༌། ཤེས་པ་མི་བླུན་པ་རྣམས་ལ་རྣལ་འབྱོར་དེས་མཐོང་བ་དང༌། རྒྱུན་མི་བརྟན་པ་དང༌། ཤེས་པ་བླུན་པ་རྣམས་ལ་རྣལ་འབྱོར་རེས་དམའ་བར་འཆར་བ་ཡིན་ནོ། །རྟོགས་པ་ནི་སྙིང་པོ་འོད་གསལ་བའི་སེམས་ཀྱི་འཁོར་དུ་འབྱུང་བའི་ཏིང་ངེ་འཛིན་དང་ཤེས་རབ་སྟེ་ཞི་ལྷག་གི་རྣལ་འབྱོར་ཡིན་པས་རྣལ་འབྱོར་དེ་མངོན་དུ་གྱུར་ནས་རྣལ་འབྱོར་དེ་ཉིད་ལ་གསལ་མི་གསལ་འབྱུང་བ་ནི། སྙིང་པོ་འོད་གསལ་བའི་སེམས་དེ་ཉིད་རང་ལ་མངོན་དུ་གྱུར་ཆ་ཆེ་ཆུང་གི་ཁྱད་པར་གྱིས་དེ་ལྟར་འགྱུར་ཡང༌། རྟོགས་པའི་རྣལ་འབྱོར་ལ་རིགས་མི་འདྲ་བའི་མཐོ་དམན་གྱི་ཁྱད་པར་མེད་དེ་རྣལ་འབྱོར་ཐམས་ཅད་ཀྱང༌། སྙིང་པོ་འོད་གསལ་བའི་སེམས་ཉིད་ཀྱི་རོལ་པར་འབྱུང་བའི་ཞི་ལྷག་གི་རྣལ་འབྱོར་ཡིན་པའི་ཕྱིར། འོ་ན་ཕྱག་རྒྱ་ཆེན་པོའི་རྟོགས་པ་དེ་དང་མཐོང་ལམ་གྱི་ཁྱད་པར་ཇི་ལྟར་ཡོད་སྙམ་ན། ཕྱག་རྒྱ་ཆེན་པོའི་རྟོགས་པ་འདི་དང་མཐོང་ལམ་བསྟུན་དང་ཡོད་པ་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་རྟོགས་པ་ནི་དབང་པོ་ཡང་རབ་ཀྱི་རྟོགས་བྱའི་ཆོས་ཡིན་པས་སྒྲིབ་པའང་ཕྲ་ཞིང་ཆེས་ཕྲ་བ་རང་རྒྱུད་ཀྱི་རྐང་དང་སྙིང་ལ་གནས་པ་ལྟ་བུའི་དྲི་མ་གཅོད་བྱེད་ཡིན་ལ། ཐེག་པ་གསུམ་གྱི་མཐོང་ལམ་ལ་སོགས་པ་ནི་དབང་པོ་དམན་འབྲིང་རབ་གསུམ་གྱི་རྟོགས་བྱའི་ཆོས་ཡིན་པས་སྒྲིབ་པ་རགས་པ་རང་རྒྱུད་ཀྱི་པགས་པ་རང་སྐྱི་ལ་ཡོད་པ་ལྟ་བུའི་དྲི་མ་གཅོད་བྱེད་ཡིན་པས་སྒྲིབ་པ་ཕྲ་བ་དང་ཆེས་ཕྲ་བ་ཆོད་ན་སྒྲིབ་པ་རགས་པ་རང་ཆོད་དུ་འགྲོ་ལ། སྒྲིབ་པ་རགས་པ་ཆོད་པས་ཕྲ་སོགས་མི་ཆོད་པའི་ཕྱིར་ཏེ། སྒྲིབ་པ་རགས་པ་སྤང་བའི་མཐོང་ལམ་གྱིས་ནི། ཕྱག་རྒྱ་ཆེན་ཆེན་པོ་རྟོགས་པ་སྒྲིབ་པ་ཕྲ་བ་གཅོད་པའི་མཐོང་ལམ་ལྟ་ཞོག དྲོད་ཀྱི་ཡེ་ཤེས་ཙམ་དུའང་སླེབ་པར་བཞག་དཀའ་བའི་ཕྱིར། དེ་ལྟ་ནའང་ཕར་ཕྱིན་ཐེག་པའི་མཐོང་ལམ་ས་དང་པོ་རབ་དགའི་རྟོགས་པ་ལྟ་བུས། རང་རེས་ཕྱག་ཆེན་གྱི་རྩེ་གཅིག་གི་རྟོགས་པ་ཙམ་དུའང་མི་འཇོག་ཅེས་སྨྲས་ན་དེང་སང་ལྟ་བའི་སྙིགས་མ་ལ་སྤྱོད་པ་རྣམས་གློ་བར་མི་ཆུད་དེ། ལོག་ལྟའི་ལས་ཆེན་པོ་སོགས་པར་འགྱུར་བའི་ཕྱིར། དེ་ཙམ་དུ་ཡང་མི་བརྗོད། ཉན་རང་གི་མཐོང་ལམ་སྟེ་ཉན་རང་འཕགས་པ་ཁོང་དུ་ཆུབ་བྱའི་ལྟ་བའམ་རྟོག་པ་ནི་ཤེས་བྱ་ལས་དང་ཉོན་མོངས་པའི་རྒྱུ་འབྲས་རགས་པའི་ཀུན་འབྱུང་དང་སྡུག་བསྔལ་གྱི་བདེན་པ་ལ། གང་ཟག་སོགས་ཀྱི་བདག་གིས་སྟོང་པའི་སྟོང་ཉིད་སྔར་སོ་སོ་སྐྱེ་བོའི་དུས་སུ་མ་མཐོང་བ་མཐོང་ལམ་སོགས་འཕགས་ལམ་དུ་བཞག་སྟེ། དེ་ལྟར་རྟོགས་ནས་བདག་ལྟ་སོགས་ཀྱི་ཉོན་མོངས་པ་དང༌། དེ་ལ་བརྟེན་པས་ལས་རྣམས་ཟད་པ་དང་མི་སྐྱེ་བར་ཤེས་པའི་འགོག་བདེན་མངོན་དུ་བྱས་པས་འཁོར་བའི་ལས་ཉོན་རྒྱུན་ཆད་པ་ལ་དགོངས་ནས། སེམས་ཀྱི་ངོ་བོ་བག་ཙམ་མཐོང་བ་ནི་ཉན་ཐོས་ཀྱི་མཐོང་ལམ་ཡིན་ཞེས་གསུངས་ལ། དེ་ཡང་སེམས་ཀྱི་ངོ་བོ་བག་ཙམ་ནི་རྣམ་ཤེས་སོགས་ཀྱི་ཕུང་ལྔ་གང་ཟག་གི་བདག་དང་དེ་ལས་གཞན་དུའང་གང་ཟག་གི་བདག་མ་མཐོང་བས། སེམས་ཀྱི་ངོ་བོ་རྣམ་པར་རིག་ཙམ་གྱི་ངོ་བོ་གང་ཟག་གི་བདག་ཉིད་དང་བྲལ་བར་རྟོགས་པའོ། །དེ་བས་ཀྱང་ཕྱག་རྒྱ་ཆེན་པོ་བག་ཙམ་མཐོང་བ་ནི་འཕགས་པ་དགྲ་བཅོམ་པའི་མཐོང་ལམ་ཡིན་ཞེས་གསུངས་པ་ནི་ཉན་རང་དགྲ་བཅོམ་གྱིས་ཁམས་གསུམ་གྱི་སྒོམ་མ་ལུས་པ་སྤངས་པ་ཡིན་ལ། དེ་ཡང་སྲིད་ཉོན་དགུ་པ་སྤོང་བའི་བར་ཆད་མེད་ལམ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་ལ་རྣམ་པར་གྲོལ་བའི་ལམ་ནི་ཟད་པ་ཤེས་པ་ཞེས་བཞག་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡང༌། ལས་ཉོན་གྱི་དངོས་པོའི་མཐའ་སྟོང་པ་ཉིད་དུ་རྟོགས་པ་ཡིན་ལ། སྟོང་པ་ཉིད་རྟོགས་པ་དེ་ལ་ནི་ཕྱག་རྒྱ་ཆེན་པོ་བག་ཙམ་རྟོགས་པར་ཡང་འཇོག་པ་ཡིན་ཏེ། སྟོང་པ་ཉིད་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་ཡུམ་ཆེན་མོ་དང་སྔགས་ཀྱི་ཐེག་པར་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་ཕྱག་རྒྱ་ཆེར་པོར་ཡང་བརྗོད་པའི་ཕྱིར། ཉན་རང་གི་ཆོས་ཐམས་ཅད་ལ་ཟབ་མོ་སྟོང་པ་ནི། འཕགས་པ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བ་སོགས་བཞེད་དེ། ཇི་སྐད་དུ། ཐེག་པ་ཆེ་ལ་སྐྱེ་མེད་བསྟན། །གཞན་དུ་ཟད་དང་མི་སྐྱེ་དག །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་འབྱུང་ངོ༌། །རྒྱུའི་ཐེག་པའི་འཕགས་པས་ཁོང་དུ་ཆུབ་བྱའི་ལྟ་བ་དང་རྟོགས་པ་ནི། ལས་ཉོན་གྱིས་བསྡུས་པའི་ཤེས་བྱ་རགས་པ་ཙམ་དུ་མ་ཟད། ལྟོས་གཞག་གི་ཀུན་རྫོབ་ཀྱི་རྫུན་ཆོས་ཀྱི་འཁོར་འདས་སྒྱུ་མ་ལྟ་བུའི་རྒྱུ་འབྲས་ཀྱི་ཤེས་བྱ་ལ་ཡོད་མེད་སོགས་ཀྱི་སྤྲོས་པ་མཐའ་དག་གིས་སྟོང་པའི་སྟོང་པ་ཉིད་མངོན་སུམ་དུ་བྱས་པས་ཆོས་ཐམས་ཅད་མཐོང་དུ་ཟིན་ཀྱང་ཅི་ཡང་མ་དམིགས་པའི་ཚུལ་གྱིས་མཐོང་བ་ནི་ཐེག་པ་ཆེན་པོའི་མཐོང་ལམ་སོགས་འཕགས་ལམ་དུ་བཞག་སྟེ། དེར་ནི་ཀུན་རྫོབ་འཁོར་བ་དང་དོན་དམ་མྱང་འདས་གཉིས་ཀར་ངོ་བོ་དང་དངོས་པོ་མེད་པས་སྟོང་པ་ཉིད་ཀྱིས་མཉམ་པ་ཉིད་དུ་མངོན་པར་མཁྱེན་པའི་ཕྱིར། རྫོགས་སངས་ཀྱི་མཐོང་ལམ་ཞེས་གསུངས་པ་ནི། རྡོར་ཏིང་གིས་སྒྲིབ་གཉིས་ཀྱི་བག་ཆགས་དྲུངས་ཕྱུང་བའི་རྗེས་བདེན་གཉིས་ཀྱི་མཉམ་རྗེས་བགྲོད་པ་གཅིག་པར་མཐོང་བའི་མི་སློབ་ལམ་ལ་མཐོང་བའི་ལམ་གྱི་སྒྲས་བསྟན་པ་ཡིན་ནོ། །འབྲས་བུའི་ཐེག་པས་འཕགས་པས་ཁོང་དུ་ཆུབ་བྱའི་ལྟ་བ་དང་རྟོགས་པ་ནི་བདེན་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཙམ་པོ་བར་མ་ཟད། སྒྲིབ་པས་ཤིན་ཏུ་རྣམ་པར་དག་པའི་སྣང་བ་རབ་འབྱམས་ཀྱི་ཤེས་བྱ་ལ་ཐུན་མོང་དང་ཐུན་མོང་མིན་པའི་སྤྲོས་སོགས་བཀག་པའི་ཁྱད་པར་དུ་བྱས་པའི་སྟོང་པ་ཉིད་ཆོས་ཅན་དང་ཆོས་ཉིད་ཐ་མི་དད་པར་མངོན་སུམ་དུ་མཐོང་བ་ནི་འབྲས་བུའི་ཐེག་པའི་མཐོང་ལམ་སོགས་འཕགས་ལམ་དུ་བཞག་སྟེ། དེར་ནི་སངས་རྒྱས་ཀྱི་སྙིང་པོའི་སེམས་འོད་གསལ་བའི་གནས་ཚུལ་མཐར་ཐུག་པ་མངོན་དུ་མཛད་པའི་ཕྱིར། འདི་ལའང་དབང་པོ་རྣོ་བརྟུལ་གྱི་ཁྱད་པར་གྱིས་གང་ཟག་གི་སྐལ་བ་མཆོག་དམན་བར་གསུམ་གྱི་ས་ལམ་བགྲོད་ཚུལ་གསུམ་དུ་རྣམ་པར་བཞག་པ་ཡིན་ཏེ། འདི་ལ་བཀའ་བརྒྱུད་རིན་པོ་ཆེ་འདི་ལ་གྲགས་པའི་རྣལ་འབྱོར་བཞི་ལ་སྒོམ་མེད་ཀྱི་རྣལ་འབྱོར་ལ་མཐོང་ལམ་དུ་བཞག་པ་དང༌། སྤྲོས་བྲལ་གྱི་རྣལ་འབྱོར་ལ་མཐོང་ལམ་དུ་བཞག་པ། རྩེ་གཅིག་གི་རྣལ་འབྱོར་ལ་མཐོང་ལམ་དུ་བཞག་པ་གསུམ་དུ་འབྱུང་བའི་ཕྱིར། དེ་ཡང་དབང་པོ་རབ་ལ་དང་པོ་ཉིད་ནས་རྩེ་གཅིག་སོགས་གསུམ་ལ་མ་ལྟོས་པར་སྒོམ་མེད་ཀྱི་རྣལ་འབྱོར་འཆར་བ་དང༌། དབང་པོ་འབྲིང་རྩེ་གཅིག་ལ་མ་ལྟོས་པར་སྤྲོས་བྲལ་གྱི་རྣལ་འབྱོར་འཆར་བ་དང༌། དབང་པོ་ཐ་མ་རྩེ་གཅིག་ནས་ལྟོས་ཏེ་རྣལ་འབྱོར་བཞི་རིམ་གྱི་འཆར་བས། དང་པོ་ལ་གཅིག་ཅར་དང་གཉིས་པ་ལ་ཐོད་རྒལ་བ། གསུམ་པ་ལ་རིམ་གྱིས་པར་ཡང་འཇོག་ལ། དེས་ན་སྒོམ་མེད་ཀྱི་རྣལ་འབྱོར་ནི། སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བའི་སེམས་སྒྲིབ་འཁྲུལ་གྱིས་གཏན་མ་བསླད་པ་མངོན་དུ་གྱུར་ན། དེ་ལ་གློ་བུར་གྱི་དྲི་མ་སྔར་ཡོད་ཕྱིས་སྦྱངས་ཀྱི་སྐྱེ་འགག་དང་བྲལ་ཞིང་སྙིང་པོ་འོད་གསལ་གྱི་སེམས་ལ་ནི་སླར་ཞི་ལྷག་གི་རྣལ་འབྱོར། མཉམ་རྗེས་ཀྱི་རྒྱུན་དང་ལྡན་པ་མ་ཡིན་ཏེ། དེ་ཉིད་ཞི་ལྷག་ཟུང་འཇུག་གི་དགེ་བའི་རང་ཅན་དུ་སྐྱེས་པས་ཚུལ་དེ་ལ་རྒྱུན་ཆད་མེད་པའི་ཕྱིར། སྤྲོས་བྲལ་གྱི་རྣལ་འབྱོར་ནི་སྙིང་པོ་འོད་གསལ་བའི་སེམས་དེ། དངོས་པོ་དང་མཚན་མ་གང་གི་སྤྲོས་པར་མ་གྲུབ་པ་ཉིད་ཀྱིས་དངོས་མཚན་དུ་སྣང་ཞིང་འཆར་རུང་བའི་རྟེན་འབྲེལ་གྱི་རོལ་པར་ཁོང་དུ་ཆུབ་ནས་རྟེན་འབྲེལ་ལ་མངའ་བརྙེས་པར་འགྱུར་བ་ཡིན་ནོ། །རྩེ་གཅིག་གི་རྣལ་འབྱོར་ནི། སེམས་ཀྱི་ངོ་བོ་བག་ཙམ་སྟེ། སྙིང་པོ་འོད་གསལ་བའི་སེམས་དེ་མངོན་དུ་གྱུར་པ་ན་གློ་བུར་དྲི་མ་རྣམ་ཤེས་ཚོགས་བརྒྱད་ཀྱི་ཤེས་པས་རང་ཡུལ་མཚན་མའི་གཟུང་འཛིན་ཅན་གྱི་ཉམས་མྱོང་ཐམས་ཅད་དང་མ་འདྲེས་པར། སྙིང་པོ་འོད་གསལ་གྱི་སེམས་གཟུང་འཛིན་གྱི་རིས་སུ་མ་ཆད་པའི་ཤེས་པ་སྨྲ་བསམ་བརྗོད་བྲལ་གཞོན་ནུ་མའི་བདེ་བ་ལྟར་འཆར་བ་ཡིན་ནོ། །རྣལ་འབྱོར་འདི་གསུམ་རྒྱུད་ལ་སྐྱེས་པ་ན། འདིའི་སྟོབས་ཀྱིས་འཁྲུལ་པའི་རླུང་ལའང་ཕྲ་རགས་སྦོམ་གསུམ་ལ་ཆེས་ཕྲ་བ་རྣམས་གཅོད་དཀའ་ཞིང༌། ཕྲ་བ་ཆོད་ན་རགས་སྦོམ་རྣམས་རང་ཆོད་ལ་འགྲོ་ཞིང༌། སྦོམ་རགས་རྣམས་རིམ་ཅན་དུ་ཆོད་པས་ཕྲ་བ་དང་ཆེས་ཕྲ་བ་རྣམས་མི་ཆོད་ཅིང༌། འཁྲུལ་པའི་རླུང་གིས་འཁྲུལ་པའི་སེམས་བཅིང་བས་འཁྲུལ་པའི་སྣང་བ་དཔག་ཏུ་མེད་པ་འཆར་བས་འཁྲུལ་པའི་ལས་ཉོན་དུ་མ་བསགས་པས། འཁྲུལ་པ་རྣམ་སྨིན་འཁོར་བ་རྡོས་བཅས་ཀྱི་ལུས་འདི་གྲུབ་ལ། དེས་ན་འཁྲུལ་པ་ལས་ཀྱི་རླུང་ཡང་འཁྲུལ་པ་རྣམ་སྨིན་རྡོས་བཅས་ཀྱི་ལུས་ལ་བརྟེན་ནས་ཟག་བཅས་འཁྲུལ་པ་འཁོར་བའི་བྱ་བ་རྒྱུན་མི་ཆད་པར་འབྱུང་བ་ཡིན་པས་རྣམ་སྨིན་རྡོས་བཅས་ཀྱི་ལུས་སེམས་ཀྱི་འཁོར་བའི་བདེ་བ་ལ་སྲེད་པས་རེག་ཚོར་གྱི་ལོངས་སྤྱོད་ལ་ཆེས་ཆེར་ཆགས་པས་ཇི་ཙམ་ལོངས་སྤྱོད་སྤྱད་བཞིན་ཆགས་པ་འཕེལ་བས་ཁམས་གསུམ་གྱི་འདོད་པ་དང༌། སྲིད་པ་དང་ཡུལ་ལ་ཆགས་པ་མ་ཚིམ་སྟེ་འཁྲུལ་པའི་རླུང་སེམས་སྟོབས་སུ་གྱུར་ནས་འཁྲུལ་པའི་རླུང་རྒྱུན་མ་ཆོད་པ་ཡིན་ལ། རྣམ་སྨིན་རྡོས་བཅས་ཀྱི་ལུས་ལ་བརྟེན་པའི་འཁྲུལ་རླུང་སེམས་དང་བཅས་པས། དད་སོགས་འཁོར་བ་ལས་ངེས་པར་འབྱུང་བའི་ཟག་མེད་མྱང་འདས་ཀྱི་བྱ་བ་ལ་འཇུག་པ་ན་ཟག་བཅས་འཁྲུལ་པའི་ལས་ཉོན་གྱི་རླུང་སེམས་བཅད་དེ། རྡོས་བཅས་རྣམ་སྨིན་ཕུང་པོ་ཉིང་མཚམས་སྦྱོར་བའི་ཡང་སྲིད་ལེན་པ་མེད་པར་ཉན་རང་གི་དགྲ་བཅོམ་ཙམ་ཐོབ་པར་གྱུར་ཀྱང༌། འཁྲུལ་པའི་རླུང་སེམས་ཕྲ་བ་མ་དག་པར་ཀུན་གཞིའི་རྣམ་ཤེས་ཀྱིས་བསྡུས་པའི་ལུས་སེམས་ལ་བག་ཆགས་ཀྱི་གནས་ངན་ལེན་གྱི་མཚམས་སྦྱོར་མ་བཅད་པས་སྒྲིབ་གསུམ་གནས་ངན་ལེན་ཐམས་ཅད་དང་བྲལ་བའི་རྫོགས་པའི་སངས་རྒྱས་སུ་མི་འགྱུར་བ་ཡིན་ནོ། །དེས་ན་འཁྲུལ་པའི་རླུང་རྒྱུན་གཅོད་པ་ནི། མ་འཁྲུལ་པའི་རླུང་གང་ལ་མངོན་དུ་གྱུར་ནས་རླུང་དེ་གང་ལ་བརྟེན་པའི་འཆི་མེད་རྡོ་རྗེའི་ལུས་སེམས་ཀྱི་མི་གནས་མྱང་འདས་ཀྱི་གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱི་བདེ་བ་ལ་སྲེད་པས་རེག་ཚོར་གྱི་ལོངས་སྤྱོད་ལ་ཆེས་ཆེར་ཆགས་པས། ཇི་ཙམ་འདོད་པའི་ལོངས་སྤྱོད་སྤྱད་བཞིན་ཆགས་པ་འཕེལ་བས་རྡོ་རྗེ་གསུམ་གྱི་གོ་འཕང་སྟེ་ཟག་མེད་ཀྱི་སྲིད་པ་གསུམ་གྱི་ཡུལ་ལ་ཆགས་པ་མ་ཚིམ་པས་མ་འཁྲུལ་པའི་རླུང་སེམས་སྟོབས་སུ་གྱུར་པས་འཁྲུལ་པའི་རླུང་སེམས་རྒྱུན་གཅོད་པ་ཡིན་ནོ། །དེས་ན་འཁྲུལ་པའི་རླུང་སེམས་རྒྱུན་གཅོད་པར་འདོད་པའི་རིགས་དང་སྐལ་པ་དང་བསགས་པ་ཅན་དག་གི་ཉེར་རྒྱུ་རང་གི་རྒྱུད་ལ་ཡོད་པའི་འཁྲུལ་བྲལ་གྱི་རླུང་སེམས་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཡང༌། ལྷན་ཅིག་བྱེད་རྐྱེན་ཅན་མ་འཁྲུལ་པའི་རླུང་སེམས་འཆི་མེད་རྡོ་རྗེའི་ལུས་ལ་བརྟེན་ནས་རང་གཞན་གྱིས་དོན་སྒྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་སྐལ་པ་མཉམ་པར་ལྷན་ཅིག་ཏུ་མི་གནས་མྱང་འདས་ཀྱི་གཟུགས་སྒྲ་སོགས་ཀྱི་ཡུལ་ལ་ལོངས་སྤྱོད་པས་རེག་ཚོར་གྱི་བདེ་བ་ཆེན་པོ་ཉམས་སུ་མྱོང་ནས་དེ་ལ་ཇེ་ཆེར་ཆགས་པ་རབ་ཏུ་རྒྱས་པས། འཁྲུལ་པའི་རླུང་སེམས་དང་དེ་གང་ལ་བརྟེན་པའི་རྣམ་སྨིན་རྡོས་བཅས་ཀྱི་ལུས་ཐམས་ཅད་འཁྲུལ་པ་སྡུག་བསྔལ་བར་མ་འཁྲུལ་པའི་ཤེས་རབ་ཀྱིས་ཁོང་དུ་ཆུབ་ནས་འཁྲུལ་པའི་རླུང་སེམས་ལུས་དང་བཅས་པ་ལས་ངེས་པར་འབྱུང་བའི་ཕ་རོལ་ཏུ་ཕྱིན་པ་ལ་མངའ་བརྙེས་ན། འཁྲུལ་པའི་རླུང་སེམས་ཕྲ་བ་རྣམས་ཀྱི་རྒྱུན་ཀྱང་རང་ཆོད་དུ་སོང་བས་སྲིད་པ་དང་ཞི་བའི་ཟག་བཅས་ཟག་མེད་ཀྱི་ལུས་རགས་སྦོམ་སྐྱེ་འཆི་ཅན་ཐམས་ཅད་བྲལ་བའི་འཆི་མེད་རྡོ་རྗེའི་སྐུ་གཞན་སྣང་ལ་འཇའ་ཚོན་ལྟར་དྭངས་གསལ་ཐོགས་པ་མེད་པ་འཆར་བ་ཡིན་ནོ། །འོ་ན་ལྷན་ཅིག་བྱེད་རྐྱེན་དེ་ལྟའི་དཔའ་བོ་རྣལ་འབྱོར་མ་ལའང༌། རབ་དངོས་དང༌། འབྲིང་ཆ་འདྲ་དང༌། ཐ་མ་རྗེས་མཐུན་པ་གསུམ་དུ་ཡོད་པའི་རབ་ནི་གཟུགས་སོགས་ཡུལ་གྱི་རྣམ་པ་ཀུན་གྱི་ཡིད་འོང་མཆོག་དང་ལྡན་ཞིང༌། ལས་ཉོན་གྱི་ལུས་སེམས་ཀྱི་དྲི་མའི་ཆ་ཤས་ཕྲ་མོས་ཀྱང་མ་གོས་པའི་སྟོང་པ་ཉིད་ཀྱི་ལུས་ཅན་གྱི་གང་ཟག་གི་རྣམ་པར་སྣང་བའི་རིག་མ་དང་ལྷན་ཅིག་པར་འཇུག་པས་སངས་རྒྱས་ཀྱི་སྙིང་པོའི་རྩ་དབུ་མའམ་མཁའ་ཁམས་སམ་ཨེ་ཡིག་གམ། གསང་བའི་བྷ་གར་འཁྲུལ་པས། རླུང་སེམས་ཐམས་ཅད་གཉིད་སད་པའི་རྨི་ལམ་ལྟར་དག་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་ཡིན། འདི་ལྟའི་རིག་མ་དང་ལྷན་ཅིག་སྤྱོད་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ནི། དཔལ་ལྡན་ཨ་ཏི་ཤ་དང༌། འབྲོམ་སྟོན་པ་དང༌། དགེ་བའི་བཤེས་གཉེན་རྣལ་འབྱོར་པ་གོང་འོག་སོགས་བཀའ་གདམས་ཀྱི་སྐྱེས་བུ་དམ་པ་མང་དུ་བྱོན་པ་ཕལ་ཆེར་རབ་དག་དང༌། རྗེ་སྒམ་པོ་པ་དང༌། རྗེ་ཀརྨ་པཀྴི་དང༌། འབྲི་ཁུང་འཇིག་རྟེན་གསུམ་གྱི་མགོན་པོ་དང༌། སྟག་ལུང་ཐང་པ་ཆེན་པོ་ལྟ་བུའོ། །འབྲིང་ནི་རྣལ་འབྱོར་པ་རང་གི་ཟག་མེད་རླུང་སེམས་ལས་རུང་དུ་སྦྱངས་པའི་སྣང་བ་ལ་ཞལ་ཕྱག་གི་རྣམ་པ་ཅན་གྱི་དཔའ་བོ་དང་རྣལ་འབྱོར་མ་ཡི་དམ་ལྷའི་ངོ་བོར་ཤར་བའི་ཡེ་ཤེས་ཀྱི་རིག་མ་དང་ལྷན་ཅིག་སྙོམས་པར་ཞུགས་པས་འཁྲུལ་པའི་རླུང་སེམས་གཅོད་པར་བྱས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ནི། བདག་བྱིན་གྱིས་བརླབ་པ་རང་ལུས་ཐབས་ལྡན་གྱི་རྣལ་འབྱོར་པ་ཕོ་མོ་ཆེས་མང་བ་དག་གི་རྣམ་ཐར་ནས་འབྱུང་བ་བཞིན། ཕ་རྒྱུད་པ་གཤེད་སྐོར་གྱི་རྣལ་འབྱོར་པ་རྣམས་ལ་ཚུལ་འདི་ཆེས་ཆེར་བསྔགས་ཏེ། རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཀྱི་རིམ་པ་སྒོམ་པ་ན། ལྷ་རྣམས་ཀྱང་རིག་མ་དང་དངོས་སུ་སྙོམ་འཇུག་མེད་པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱང་རིག་མའི་པདྨ་ལ་མ་ལྟོས་པར་ལག་པའི་པདྨས་རྡོ་རྗེའི་བདེ་བ་སྐྱོང་བར་བྱེད་པ་ཡིན་ནོ། །ཐ་མ་ནི་རྣལ་འབྱོར་པ་ཡབ་ཡུམ་རང་དང༌། སྐལ་པ་དང་འདོད་པ་མཉམ་པ་དག་ཚོགས་ནས་འཁྲུལ་པའི་རླུང་སེམས་བཅད་དེ་མ་འཁྲུལ་པའི་རླུང་སེམས་མངོན་དུ་བྱ་བའི་ཆེད་དུ་དེའི་གསང་སྔགས་ཀྱི་ནུས་པས་དབང་དང་བྱིན་རླབས་ཀྱིས་རྒྱུད་སྨིན་ཅིང་སྡོམ་པ་དང་དམ་ཚིག་ལ་ཚུལ་བཞིན་དུ་གནས་པ། བསྐྱེད་རྫོགས་ཀྱི་ལམ་ལ་བརྩོན་པ་དང་ལྡན་པའི་སངས་རྒྱས་ཀྱི་མཛད་པ་དང་ཕྲིན་ལས་མཆོག་གི་ཡུལ་དངོས་སུ་བྱ་བ་བྱར་ཡོད་པའི་རིག་མ་དང་ལྷན་ཅིག་སྙོམས་པར་ཞུགས་པས་འཁྲུལ་པའི་རླུང་སེམས་དག་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་ནི། གངས་རིའི་ཁྲོད་འདིར་རྗེ་བཙུན་མར་འགོས་སོགས་གཞན་ལུས་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་བགྲང་གིས་མི་ལང་བ་འབྱུང་བ་ལྟ་བུའོ། །དེ་ལྟའི་སྡོམ་སོགས་ཀྱི་རྒྱུད་སྨིན་གྲོལ་ཅན་གྱི་དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་ཕྱག་རྒྱ་མ་འབྱོར་ན་ཇི་ལྟར་བྱ་སྙམ་ན། ཕ་མ་གཉིས་ཀ་སྔགས་ཀྱི་རིག་པ་གྲུབ་པར་གྱུར་པ་ལས་སྐྱེས་པའི་བུ་མོ་གསང་སྔགས་ལམ་དུ་རྒྱུད་སྦྱོར་བར་འདོད་འདུན་གྱི་དད་པ་དང་ལྡན་པ་ནི་སྔགས་སྐྱེས་ཀྱི་རིག་མ་སྟེ། རྗེ་བཙུན་མར་རྔོག་གི་རིགས་སྲས་ལས་འབྱུང་བ་ལྟ་བུའོ། །ཡང་ཙ་རི་དང་ཏི་སེ་སོགས་གནས་ཉེར་བཞི་དང་ཡུལ་ཆེན་སོ་བདུན་ལ་སོགས་པར་སྐྱེས་པའི་ཌཱ་ཀི་རིགས་ཀྱི་བུ་མོ་རྣལ་འབྱོར་པའི་འདོད་ཡོན་དང་ལམ་གྱི་གྲོགས་བྱེད་པར་ཧེ་རུ་ཀ་ཡབ་ཡུམ་གྱི་གསང་སྔགས་ཀྱི་མཐུས་བྱིན་གྱིས་བརླབས་པའི་རང་བཞིན་གྱི་རྣལ་འབྱོར་མ་སྟེ། ཞིང་སྐྱེས་ཀྱི་རིག་མ་ནི་ཙཱ་རིའི་ཐོད་པ་སྨུག་ཆུང་གི་བྱུང་བ་ལྟ་བུའོ། །ཡང་ཡེ་ཤེས་ཀྱི་མཁའ་འགྲོས་བྱིན་གྱིས་བརླབ་ཏུ་རུང་བའི་རྩ་རིགས་སོགས་བདེ་སྟོང་གི་ཉམས་བསྐྱེད་ནུས་པ་མ་ངེས་པའི་བུད་མེད་ཀྱི་གཟུགས་བཟུང་དུ་གནས་ནས་ཚོང་འདུས་དང་སྨད་འཚོང་གི་གནས་སམ་བས་མཐའ་ལ་སོགས་པར་འཁོད་དེ་མཐོང་ཐོས་རེག་འཁྱུད་འཁྲིག་པས་རྣལ་འབྱོར་པའི་གྲོགས་བྱས་ཏེ་གྲོལ་བ་སྦྱིན་པར་བྱེད་མ་ནི་མཐར་སྐྱེས་ཀྱི་རིག་མ་སྟེ། འདི་ལྟའི་ཚུལ་གྱི་རྣལ་འབྱོར་པ་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྦྱིན་ཚུལ་གྲུབ་པ་བརྙེས་པའི་བླ་མ་བགྲང་གིས་མི་ལང་བའི་རྣམ་ཐར་ནས་འབྱུང་བ་བཞིན་ནོ། །དེས་ན་མཐོང་ལམ་གྱི་རྣམ་པར་བཞག་པ་དགུར་མཛད་པ་ནི། འཕགས་པའི་ཡུལ་གྱི་ཆོས་ཀྱི་གཏམ་དང་ཡང་ཆེས་འབྱོར་བ་ཡིན་ཏེ། སློབ་དཔོན་དཔལ་ཡེ་ཤེས་གྲགས་པས་དེ་ཁོ་ན་ཉིད་ལ་འཇུག་པར། དབང་པོ་རབ་སྔགས་ལ་སྤྱོད་པ་ལ་གང་ཟག་མཆོག་དམན་གྱི་དབྱེ་བས་གསུམ། འབྲིང་ཕར་ཕྱིན་གྱི་མངོན་པར་རྟོགས་པས་བགྲོད་པ་ལ་གང་ཟག་མཆོག་དམན་གྱི་དབྱེ་བ་གསུམ། ཐ་མ་ཆགས་བྲལ་གྱི་ལམ་ལ་མོས་པས་གང་ཟག་མཆོག་དམན་གྱི་དབྱེ་བས་གསུམ་སྟེ་དགུར་འཇོག་པ་དང་ཆོས་ཚུལ་གྱི་སྲོག་གཅིག་ཏུ་འདུག་པའི་ཕྱིར་རོ། །དེས་ན་བསྟན་བཅོས་དེར། ཇི་སྐད་དུ། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་དང༌། བདེན་པའི་རྣལ་འབྱོར་པ་རྣམས་ནི་དགུར་ཡང་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱང་རེ་རེ་ཞིང་དབང་པོ་རབ་དང་འབྲིང་དང་ཐ་མ་ཉིད་གསུམ་དུ་དབྱེའོ། །དེ་ལ་དང་པོ་རབ་ནི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཡིན་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པ་དང་ཉོན་མོངས་པ་ཆུང་བ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་སྦྱོར་བ་སྒོམ་པ་ལ་གཅིག་ཏུ་མོས་པ་ཡིན་ནོ། །དབང་པོ་འབྲིང་ནི་དངོས་པོ་མེད་པར་ལྷག་པར་མོས་སུ་ཟིན་ཀྱང་ཉོན་མོངས་པའི་དབང་དུ་གྱུར་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་རང་བཞིན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པའི་སྦྱོར་བ་ལ་གཅིག་ཏུ་མོས་པ་ཡིན་ནོ། །དབང་པོ་ཐ་མ་ནི་སྟོང་པ་ཉིད་ལ་མོས་སུ་ཟིན་ཀྱང་སེམས་ཀྱི་རྒྱུད་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དྲག་པོའི་དབང་དུ་གྱུར་པས་ཅི་རིགས་པའི་དམ་ཚིག་དང་ལས་ཀྱི་ཕྱག་རྒྱའི་སྙོམས་པར་འཇུག་པའི་རྣལ་འབྱོར་དང་ལྡན་པར་ཐམས་ཅད་སྒོམ་པ་ཡིན་ཏེ། ཡེ་ཤེས་དང་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པར་སྒོམ་པ་འདི་དག་ཀྱང་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་སྦྱོར་བ་ལ་འཇུག་པའི་ཕྱིར་ཡིན་ནོ་ཞེས་ཁོ་བོ་སྨྲ་སྟེ། འདི་དག་ཐམས་ཅད་ཀྱང་སོ་སོ་སྐྱེ་བོ་ཉིད་ཀྱི་གནས་སྐབས་ན་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་བྱ་བ་ནི་མན་ངག་གོ །ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པའི་དབང་པོ་རབ་ནི་ཞི་གནས་ལྷག་མཐོང་སྒོམ་པས་ཕྱག་རྒྱ་ཆེན་པོ་ལས་བྱུང་བ་དང་ལྡན་པ་ཡང་དག་པར་རྟོགས་པས་ཕྱིར་མི་ལྡོག་པའི་རྟགས་ཉིད་དང་སྙིང་རྗེ་ཆེན་པོ་དང་ལྡན་པས་ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར་རྟག་ཏུ་མངོན་པར་བརྩོན་པར་འདོད་པ་ཡིན་ནོ། །དབང་པོ་བར་མ་ནི་ཞི་གནས་དང་ལྷག་མཐོང་བསྒོམས་པས་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པ་སྐྱེས་སུ་ཟིན་ཀྱང་ཇི་སྲིད་རབ་ཏུ་དགའ་བའི་ས་མ་ཐོབ་ཀྱི་བར་དུ་ངེས་པ་དང་ལྡན་པ་མ་ཡིན་ཏེ། དེ་བས་ན་ངེས་པའི་རྒྱུ་སྙིང་རྗེ་ཆེན་པོ་མེད་པས་ཚོགས་གཉིས་རྫོགས་པའི་ཕྱིར་ཤིན་ཏུ་མངོན་པར་བརྩོན་པར་འདོད་པ་མ་ཡིན་ནོ། །དབང་པོ་ཐ་མ་ནི་ཕྱག་རྒྱ་ཆེན་པོ་དང་ངེས་པར་ལྡན་པ་མ་ཡིན་པས་ཇི་སྲིད་རིང་དུ་སོང་བའི་ས་མ་ཐོབ་པ་དེས་ན། འདིས་ནི་དེའི་རྒྱུ་སྙིང་རྗེ་ཆེན་པོ་མེད་པས་རང་གི་ལམ་ལ་ཤིན་ཏུ་དམན་པར་བརྩོན་པར་འདོད་པ་ཡིན་ནོ། །འདི་རྣམས་ཀྱང་དང་པོ་ཞི་གནས་དང་ལྷག་མཐོང་སྒོམ་པ་ནི་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་སྦྱོར་བ་སྒོམ་པ་ལ་འཇུག་པའི་ཕྱིར་ཡིན་ནོ་ཞེས་བཤད་དོ། །འདོད་ཆགས་དང་བྲལ་བ་ལ་ལྷག་པར་མོས་པའི་དབང་པོ་རབ་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་སྒོམ་པ་ལ་མངོན་པར་བརྩོན་དུ་ཟིན་ཀྱང་གཞན་གྱི་དོན་ལ་གཅིག་ཏུ་སྲེད་པ་ཡིན་ནོ། །དེ་བས་ན་འདི་གཉིས་ནི་རང་སངས་རྒྱས་སུ་འགྱུར་རོ། །དབང་པོ་ཐ་མ་ནི་བདེན་པ་སྒོམ་པ་ལ་མངོན་པར་བརྩོན་པ་ཉིད་ཀྱིས་བདག་ཉིད་དུལ་བ་དང་ཞི་བ་ལ་སོགས་པར་གཅིག་ཏུ་འདོད་པས་ཉན་ཐོས་སུ་འགྱུར་བ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་ལམ་མངོན་པར་བརྩོན་པ་རྣམས་ཀྱང་ཕྱག་རྒྱ་ཆེན་པོ་གཉིས་མེད་པ་སྒོམ་པ་མེད་པར་རང་སངས་རྒྱས་སུ་འགྱུར་བ་མ་ཡིན་ནོ་ཞེས་བཤད་དོ། །ཞེས་འབྱུང་ངོ་ཞེས་ན་ལུང་འདི་ཉིད་ནས་བསྟན་པའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་བདག་མེད་པ་དོན་དམ་པའི་བདེན་པའི་རྒྱས་ཆོས་ཅན་དངོས་པོ་ཀུན་རྫོབ་པའི་བདེན་པ་རྒྱ་ཆེན་པོ་ལ་མ་ཐེབས་པའམ་མ་ཁྱབ་པ་མེད་པ་ལ་དགོངས་ནས། བདེན་པ་གཉིས་བསྡུས་ཀྱི་ཤེས་བྱ་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་ཞེས་རྣམ་པར་བཞག་པར་སྣང་ལ། དེ་ཡང་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཐུན་མོང་དང་ཐུན་མོང་མིན་པ་ལ་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་དགུར་དབྱེ་བའི་གང་ཟག་གི་གཟིགས་པ་རྒྱ་ཆེ་ཆུང་གི་ཁྱད་པར་གྱིས་དེ་ཉིད་རྟེན་པ་ཕྱག་རྒྱ་ཆེན་པོ་ཡང་ཕྱོགས་རེ་དང་ཕལ་ཆེར་དང་ཡོངས་རྫོགས་པར་ཁོང་དུ་ཆུབ་པ་དང་མ་ཆུད་པས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ཡང་རྗེ་སྒམ་པོ་པའི་གསུང་དེར། སེམས་ཅན་ལ་དངོས་འཛིན་ཞེས་བྱ་བ་དེ་ཡང་ཉན་རང་སོགས་བདེན་བཞིའི་ཆོས་དངོས་པོ་རང་བདེན་པར་བལྟ་བའི་དབང་དུ་བྱས་པའོ། །འཕགས་པ་ལ་སྒྱུ་མའི་སྣང་བ་བྱ་བ་ནི། རྒྱུའི་ཐེག་པའི་འཕགས་པས་ཆོས་ཐམས་ཅད་སྤྲོས་བྲལ་སྒྱུ་མ་ལྟར་བལྟ་བའི་དབང་དུ་བྱས་པའོ། །རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བ་བྱ་བ་ནི་གསང་སྔགས་ཀྱི་རྣལ་འབྱོར་པས། ཆོས་ཐམས་ཅད་སྒྱུ་མ་ལྟར་རྟོགས་པ་ཉིད་ཀྱི་ངང་ནས། གསང་སྔགས་ཐབས་ཀྱི་རྟེན་འབྲེལ་གྱི་རྩ་རླུང་ཐིག་ལེའི་གནད་བཅིངས་པས་སྒྱུ་མ་ལྟ་བུའི་དངོས་ཆོས་དེ་ཉིད་ལ་སླར་ཡང་སྒྱུ་མ་ལས་ཆེར་སྒྱུ་མའི་མི་ཤིག་གསུམ་ལྡན་གྱི་ཤེས་བྱ་པྲ་ཕབ་རྡོ་རྗེའི་སྣང་བ་སྒྱུ་འཕྲུལ་རྣམ་པ་ཐམས་ཅད་པར་བལྟ་བའི་དབང་དུ་བྱས་པའོ། །སངས་རྒྱས་ལ་འོད་གསལ་ལམ་ཟུང་འཇུག་གི་སྣང་བ་ནི། སངས་རྒྱས་ཀྱི་བདེན་པ་གཉིས་ཀྱི་ཆོས་འགར་ཡང་འདི་ལྟར་གྲུབ་ཅེས་མ་གཟིགས་ཀྱང་བདེན་གཉིས་ཀྱི་ཆོས་མཐའ་དག་ཁོང་དུ་ཆུབ་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ནི་བསམ་གྱིས་མི་ཁྱབ་པའི་ལྟ་བའི་དབང་དུ་བྱས་པའོ། །དེ་ལྟའི་ཚུལ་ལེགས་པར་ཁོང་དུ་ཆུབ་པར་བྱས་ནས་ཕྱག་རྒྱ་ཆེན་པོའི་རིམ་པ་དེ་དག་རྟོགས་པར་བྱའོ། །

༡༡༤

ཡང་དེ་ལྟའི་སྒོམ་གནད་དུ་འགྲོ་བ་ལའང་ལས་དང་ཉོན་མོངས་པས་ཀུན་ནས་འབྱུང་བའི་སྒོ་གསུམ་གྱི་སྡོམ་དམ་དང་འགལ་བའི་ཀུན་ཏུ་སྤྱོད་པ་དག་མ་དག་རྟོག་པ་འདིའང་ཆེས་གལ་ཆེ་བ་ཡིན་ཏེ། སྒོ་གསུམ་གྱི་སྤྱོད་པ་རགས་པ་རྣམ་པར་དག་པར་སྦྱོང་མི་ནུས་ན། སྒོ་གསུམ་གྱི་ལྟ་སྒོམ་ཕྲ་མོ་རྣམ་པར་དག་པར་སྦྱོང་ཅི་སྟེ་ནུས་པའི་ཕྱིར། དེས་ན་རྒྱ་མ་སངས་རྒྱས་དབོན་གྱི་ཞལ་ནས། སྤྱིར་འཁོར་བ་ཐོག་མ་མེད་པ་ནས་ལུས་ལ་འདི་མ་བླངས་བྱ་བ་མེད་དེ། དེ་ཡང་མི་ལུས་ཐོབ་ནས་ཆོས་ཐོས་བསམ་བསྒོམ་གསུམ་བྱས་པ་ཡང་འདི་མ་བྱས་བྱ་བ་མེད་དེ། དེ་ཐམས་ཅད་ཀྱང་མ་རིག་པའི་གཉེན་པོར་མ་སོང་བས། འོ་སྐོལ་ད་རུང་འཁོར་བར་ལུས་པ་ཡིན་ཚུལ་དུ་འདུག གཞན་ཡང་སྡོམ་པའི་དབང་དུ་བྱས་ན་ཡ་གི་སྨོན་འཇུག་གི་སྡོམ་པ་ནས་མ་མཐའ་སྐྱབས་འགྲོ་ཐུན་མོང་བ་ཡན་ཆད་འདི་ལ་ཁས་མ་བླངས་བྱ་བ་གཅིག་ཀྱང་མེད་དེ། གཙང་སིང་ངེ་མགོ་ཐོན་མ་མྱོང་བ་ལ་བརྟེན་ནས། ད་རུང་འཁོར་བར་ལུས་པ་ཡིན་སྐད། ད་ནི་འོ་སྐོལ་རང་རེ་ཁས་བླངས་དམ་བཅས་པའི་བསྲུང་སྡོམ་གཙང་སེང་ངེར་བསྲུང༌། ཉེས་ལྟུང་བྱུང་ན་ཡང་དྲན་པས་ཟིན་པ་རྣམས་ཅི་རིགས་ཀྱི་དགེ་སློང་གི་མདུན་དུ་བཤགས། དྲན་པས་མ་ཟིན་པ་རྣམས་སྤྱི་བཤགས་ཀྱི་ཁོངས་སུ་བསྡུས་ནས་བཤགས་ན་འདག་པས། འོ་ཅག་རང་ཚེ་ཐུང་འདི་ལ་ཁས་བླངས་པ་རྣམས་གཙང་སེང་ངེར་བྱ། དེ་བཞིན་མ་བྱས་པར་སྡོམ་དམ་སྐྱོན་མེད་དུ་ཡོད་ཁོངས་སུ་བོང་བུ་རྫི་ཉལ་དུ་བྱས། ཉེས་ལྟུང་བཤགས་བསྡམ་མ་བྱས་པར་འབོག་གེ་བཞག ཆོས་ལྟར་སྣང་དུ་སོང་སྡིག་དངོས་པོ་བར་སོང་བས་འཆི་ཁར་འགྱོད་ནས་ཡོང་དེ་མི་ཕན་ཆོས་ལ་གོམ་པ་ཤས་ཆུང་བས་བློ་མི་འདུག མི་དགེ་བ་ལ་སྔོན་ཐོག་མ་མེད་པ་ནས་གོམས་པ་ཤས་ཆེ་བའི་སྟོབས་ཀྱིས་འབད་རྩོལ་བྱ་མི་དགོས་པར་ཤུག་འབྱུང་དུ་ཁད་ཀྱི་འབྱུང་བས་རང་རེའི་རྟོག་པ་ལ་ཡང་ཆོས་བྱས་སམ་སེམས། མིས་ཀྱང་ཆོས་པར་བརྩི་ཙ་ན་ཆོས་ལྟར་སྣང་དུ་སོང་བས། ངན་སོང་གསུམ་དུ་སྐྱེ་བ་ལ་བསམ་གྱིས་མི་ཁྱབ། རང་རེ་ཡང་དེ་གའི་ཚུལ་དུ་ཡོད་ཅིང་འོ་ཅག་ནམ་འཆི་ངེས་པ་མེད་པས་ངན་སོང་གསུམ་གྱི་དྲུང་ན་ཡོད་པས་འཆི་བའི་འདུུ་ཤེས་འབྲལ་བ་མེད་པར་ལྷན་སྐྱེས་སུ་བྲེང་ངེར་མི་འཆར་ཀ་མེད་དུ་ཡོང་བ་ཡིན། དེ་ཙ་ན་རེས་འགའ་ད་ལྟ་ཤིའང་བདག་གིས་བླ་མ་དང་དཀོན་མཆོག་ལ་དད་གུས་ཀྱིས་སྟོངས་སམ་ཚུལ་ཁྲིམས་ཀྱིས་སྟོངས་སམ། ལས་འབྲས་ཀྱི་འདོར་ལེན་གྱིས་སྟོངས་སམ། མདོར་ན་དམ་པའི་ཆོས་ཀྱི་ཉམས་ལེན་གང་ནས་བྱས་ཀྱང་བཏུབ་པར་འདུག་སྟེ། ཐེག་པ་ཆེན་པོའི་ཆོས་གང་གིས་ཀྱང་སྟོངས་པར་འདུག་སྙམ་དུ་བརྟགས་པའི་ཚེ། ཨ་ཕོ་ཆོས་གང་ལ་བརྟེན་ཀྱང་ཆོག་པར་འདུག་སྙམ་ན་གོ་བཅད་པ་ཡིན། ཨ་ལ་ལ་ཧོ་བྱས་པས་ཆོག་པ་ཡིན་ཆོས་གང་ལའང་དད་པས་ཡིད་ཆེས་པའི་སྒྲུབ་པ་མི་འདུག་ན། རང་གཞན་གཉིས་ཀའི་དོན་མི་ཡོང་བའི་ཆོས་སྤྱོད་ལ་སོགས་ཆོས་ཀྱི་བྱ་བ་སྣ་རེ་ལ་རང་སྙིང་ཚིམ་པ་རང་གིས་རང་ལ་བྱ་རྒྱུའི་ཆོས་དེ་ལས་མེད་སྙམ་པའི་དགའ་སྤྲོས་ཆོས་ལ་རོ་མྱོང་ངེས་སུ་བྱེད་པ་གལ་ཆེ། དེ་ཡང་ཆོས་སྤྱོད་ཉིན་ལན་གསུམ་མཚན་ལན་གསུམ་བྱས་ཀྱང་འཁོར་བ་ལས་འདས་པ་ལྟ་བུ་ཡིན། གང་བྱས་ཀྱང་སྡིག་པ་དག་པའི་མཚན་མ་ཤར་གྱི་མ་བྱུང་ན། ཞག་ཤས་པོ་གཅིག་ལ་ལྟུང་བཤགས་བརྒྱ་རྩ་བརྒྱད་ཙམ་བྱས་ནས་བཏོན་ན་སྡིག་པ་དག་པའི་མཚན་མ་ཤར་གྱི་ཡོང་བས་དེ་བཞིན་བྱ། དེ་སོ་སོ་ཐར་པའི་སྡོམ་པ་ལ་ཉམས་པ་སྦྱོང་བའི་ཆེད་ཡིན། གསང་སྔགས་ཀྱི་དམ་ཚིག་ཉམས་པས་རྡོ་རྗེ་དམྱལ་བར་སྐྱེ་བར་བཤད། དམ་ཚིག་ལ་ཡང་ས་མ་ཡ་འབུམ་སྡེ་གསུངས་སོ་ཞེ་ན་ཡང༌། དམ་ཚིག་ཐམས་ཅད་ཀྱི་ནང་ནས་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཁོ་ན་གཉན། དེ་ལ་བླ་མའི་སྐུའི་དམ་ཚིག་ལ། རབ་བཀྲོང་བ། འབྲིང་རིགས་དང་སྤྱོད་ལམ་མཛད་ཕྲིན་འཁོར་སློབ་འཚོ་བ་ལ་བརྙེས་ཐབས་བྱེད། ལུས་ཀྱི་ཕྱག་ལྡང་བ་སོགས་འོམ་པོ་ཚོད་དུ་བྱེད་པ། གདན་བཀུར་སྟི་བཞེད་པ་སོགས་ཇི་མི་སྙམ་པར་འཇོག་ཅིང༌། ཐ་ན་སྐུ་ལུས་ཀྱི་གྲིབ་མ་དང་བཞུགས་གདན་ཞབས་རྗེས་སོགས་ལ་འགོངས་ཀྱང་སྐུུ་ལ་བརྙས་པའི་ཆར་འགྲོ་བས། མདོར་ན་བླ་མའི་སྐུའི་ཆ་སྐྱོན་དུ་བལྟས་ནས་རང་གི་ལུས་ཀྱིས་མཆོག་ཏུ་གུས་པའི་བྱ་བ་ལས་ཉམས་པའི་མ་གུས་པའི་བྱ་བ་ཅི་བགྱིས་པས་ཀྱང་སྐུའི་དམ་ཚིག་ཉམས་པར་འགྲོ། བླ་མའི་གསུང་གི་དམ་ཚིག་ནི། རབ་བླ་མས་དམ་པའི་ཆོས་ལ་བརྟེན་པའམ། འཕྲལ་ཐ་མལ་གྱི་བྱ་བ་ལ་བརྟེན་པའི་སྤྱོད་ལམ་ལ་བརྟེན་པའི་གསུང་ལན་གསུམ་བཅག་པ། འབྲིང་ལན་ཅིག་བཅག་པ། ཐ་ནའང་གསུང་འཆལ་པ་དང་འབྲེལ་མེད་སོགས་ཀྱི་བླ་མའི་གསུང་ལ་སྐྱོན་དུ་བལྟས་ནས་རང་གི་ངག་གིས་གུས་པའི་བྱ་བ་ལས་ཉམས་ན་གསུང་གི་དམ་ཚིག་ཉམས་པར་འགྲོ། བླ་མའི་ཐུགས་ཀྱི་དམ་ཚིག་ནི། རབ་བླ་མ་ཉོན་མོངས་པ་ཅན་དང་ཚུལ་འཆལ་དུ་བལྟ་བ་དང༌། བླ་མ་ཐུགས་མི་དགྱེས་པས་ཐུགས་སུན་ཕྱུང་བ་དང༌། འབྲིང་བླ་མའི་ཐུགས་ཚོད་བཟུང་ནས་བླ་མའི་དགོངས་པ་ལ་རལ་ཆོད་བྱེད་པ་དང༌། ཐ་ནའང་བླ་མ་ལ་བརྟགས་པའི་མཛད་ཕྲིན་ཅན་དུ་བརྟགས་ནས་བླ་མའི་ཐུགས་ལ་སྐྱོན་དུ་བལྟས་ནས་རང་གི་ཡིད་ཀྱི་གུས་པའི་བྱ་བ་ལས་ཉམས་ན་ཐུགས་ཀྱི་དམ་ཚིག་ཉམས་པར་འགྲོ། མདོར་ན་བླ་མ་ལ་བརྟེན་པའི་གྲ་རིས་འཁོར་གཡོག་དུད་འགྲོ་ཚུན་ལ་བརྙས་པ་དང༌། ཁྱད་གསོད་དང༌། བླ་མའི་རྫས་ནོར་ཕྲ་མོའང་ཆུད་གསོན་པ་སོགས་ནི་བླ་མ་ལ་དམ་ཚིག་ཉམས་པར་འགྲོ་ཞིང༌། དམ་ཚིག་གི་རྩ་བ་ནི་བླ་མ་ཡིན་ཅིང་གྲོགས་མཆེད་དང་དམ་ཚིག་ཉམས་ན་ཡལ་ག་ལྟ་བུ་ཡིན་པས་དམ་ཚིགས་མ་ཉམས་པར་བྱེད་པ་ཤིན་ཏུ་གལ་ཆེ། བརྒྱ་ལ་ཉམས་ན་དམ་ཚིག་སོར་འཇུག་པ་ལ་གསང་སྔགས་ནས་རབ་དབང་བསྐུར། འབྲིང་ཚོགས་ཀྱི་འཁོར་ལོ། ཐ་མ་ཡང་ལུས་ངག་གི་གསང་སྤྱོད་ཀྱི་སྤྱོད་པ་ངོ་མཚར་ཅན་གྱི་ཚོགས་སོག་མང་པོ་གཅིག་བཤད་དེ། ཞེས་གསུངས་ཤིང༌། དེས་ན་བཀའ་བརྒྱུད་རིན་པོ་ཆེ་འདིའི་ལུགས་ལའང༌། ལྟ་སྒོམ་སྤྱོད་པའི་ཉམས་ཆག་ཐམས་ཅད་བླ་མ་ཉིད་ལ་མོས་གུས་ཀྱི་བསག་སྦྱང་ཉིད་ཀྱིས་དག་པར་གསུང་སྟེ། འཁོར་འདས་ཀྱི་མཐའ་གཉིས་ལས་ཐར་བར་འདོད་ན་དེ་ལས་ཐར་པའི་བླ་མའི་དམ་པ་ཉིད་ཡོན་ཏན་ཅན་དུ་མཐོང་ནས་དེའི་ཡོན་ཏན་ལ་སྒོ་གསུམ་གྱི་གུས་པ་སྙིང་ཁུང་རུས་པའི་གཏིང་ནས་སྐྱེ་ཞིང༌། དེའི་ཡོན་ཏན་ཅི་ལོན་དུ་ལུས་སྲོག་ལྟོས་མེད་དུ་འདོར་བ་མེད་པར་དེའི་བྱིན་རླབས་འཇུག་པ་མེད་པས་དཔལ་ལྡན་བླ་མའི་རྡོ་རྗེ་གསུམ་གྱི་མཛད་པ་ལ་ཡོན་ཏན་དུ་བལྟ་བས་བླ་མ་དམ་པ་དེ་ཉིད་ཀྱི་སྐུ་གསུང་ཐུགས་མཛད་ཕྲིན་གྱི་རྗེས་ཁོ་ནར་གུས་པ་ཆེན་པོར་ཞུགས་ཤིང་བསླབས་པས་ཉམས་ཆགས་སོགས་སྡིག་སྒྲིབ་མཆིས་སོ་ཅོག་སྐད་ཅིག་ཙམ་ལ་དག་ཅིང་འབྱོངས་པར་འགྱུར་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། ལྟ་སྒོམ་སྤྱོད་པའི་ཉམས་ཆག་སྦྱང་བའི་ཐབས་ཀྱི་གཙོ་བོ་བླ་མ་རྡོ་རྗེ་འཛིན་པ་དང་གྲོགས་རྡོ་རྗེ་སྤུན་ལ་བརྟེན་པའི་སྡོམ་པ་དང་དམ་ཚིག་ཆག་ཉམས་སྦྱངས་ནས་སྡོམ་དམ་སོར་ཆུད་པར་གྱིས་ཤིག

༡༡༥

ད་ནི་རྗེ་སྒམ་པོ་པའི་དྲུང་དུ་རྣལ་འབྱོར་ཆོས་གཡུང་གི་ཞུ་བ་དང་ཞུས་ལན་མཛད་པའང་བརྗོད་པར་བྱ་སྟེ། དྲིས་ལན་དེར། ཇི་སྐད་དུ། ངོ་བོ་སྐྱེས་ནས་ཡུན་རིང་པོ་ལོན་པའི་བགྲེས་པོ་ལ་བོགས་དང་དྲི་རྒྱུ་འོང་གིན་གདའ་བའམ་མི་གདའ་ཞུས་པས། དྲི་རྒྱུ་ཡང་མེད། བོགས་འདོན་རྒྱུ་ཡང་མེད། ང་ཡི་དྲུང་དུ་འོང་གིན་གླའོ་རེ་གཏོང་གིན་འགྲོ་ཡི་འདུག་གསུང་ཞེས་པའི་དོན་ནི། ངོ་བོ་ཞེས་པ་དངོས་པོའི་ངོ་བོ་འགའ་ཡང་མཐོང་བ་མེད་པར་དངོས་པོའི་མཚན་མའི་འཁྲུལ་སྤྲོས་ཀྱི་ཕུ་ཐག་ཆོད་པས། དངོས་ཆོས་ཀྱི་སྤྲོས་པ་འགའ་ཡང་ཤེས་བྱ་དང་ཤེས་བྱེད་ཀྱི་བློའི་ཐོག་ཏུ་ཟད་ཅིང༌། བློ་ཉིད་ཀྱང་ཡུལ་དང་ཡུལ་ཅན་གང་གི་ཡང་གཟུང་འཛིན་གྱི་བྱ་བྱེད་ལས་གྲོལ་བས་བློ་ཉིད་ཀྱང་བློའི་མཚན་ཉིད་ཅན་གྱི་དོན་བྱེད་ཀྱིས་དབེན་པས་བློ་ལས་འདས་པ་ལ་ངོ་བོ་མཐོང་བ་དང་ངོ་བོ་སྐྱེས་ཞེས་བརྗོད་པ་ལས། ངོ་བོ་ཞེས་ཤེས་པས་ཤེས་བྱའི་ངོ་བོ་འདི་ལྟ་བུ་ཞིག་གསར་དུ་རྟོགས་བྱར་མེད་པས། དེ་ལྟའི་བརྗོད་པ་དང་རྟོགས་པས་དབེན་པའི་ཟབ་མོ་སྟོང་པ་ཉིད་ལ་བཟང་དུ་བོགས་འདོན་རྒྱུ་དང་དེའི་ཁྱད་པར་ཅི་འདྲ་འདུག་ཅེས་འདྲི་རྒྱུ་ཅུང་ཟད་ཀྱང་མེད་དེ། ཆོས་ཚུལ་དེ་ལ་ནི་བདག་གི་དྲུང་དུ་སུ་སླེབ་ཀྱང་འཕྲོས་པ་གཞན་གཏོང་བ་ལས་སྨྲ་རྒྱུ་མེད་པ་འདི་ནི། འཇམ་དཔལ་གྱིས་ནི་རྒྱ་ཆེར་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །དེ་ལ་ཐུབ་པས་ལེགས་སོ་བྱིན། །ཞེས་པ་ལྟ་བུ་ཡིན་ལ། དངོས་པོའི་ངོ་བོ་ཉིད་ཐམས་ཅད་ཀྱིས་དབེན་པ་ལ་ངོ་བོའི་མིང་གིས་བཏགས་ཏེ་མིང་མེད་མིང་དུ་བརྗོད་པར་ཟད་པས། ངོ་བོ་ཉིད་ཡིན་གྱི་ངོས་བཟུང་མེད་པ་ལ་བཟང་ངན་དང་ཁྱད་པར་གྱི་དབྱེ་བར་དབྱེ་བསལ་བྱར་མེད་པ་ནི། དཔལ་ལྡན་ཟླ་བས་ཀྱང་ཇི་སྐད་དུ། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཚུད། །ཅེས་འབྱུང་བ་ལྟར་རོ། །ཡང་ལྷ་འདྲེའི་གནོད་པ་བྱུང་ན་ངོ་བོ་སྒོམ་པ་དང༌། སྟོང་པ་སྟོང་ཉམས་ཅན་བསྒོམ་པ་གང་དགའ་ཞུས་པས། ངོ་བོའི་སྒོམ་ཁོ་ན་སྒོམ་པའི་སྟེང་དུ་ལྷ་རྣམས་ཀྱང་མི་འགྲོ་བ་ཡིན་པས་འདྲེ་གདོན་ལ་སོགས་པས་མི་ཚུགས་ལ། སྟོང་པ་ནི་ལྷ་འདྲེས་ཀྱང་སྒོམ་ཤེས། སྤྲུལ་པ་སྣ་ཚོགས་འགྱེད་ཤེས་ངོ་བོ་རྟོགས་མ་མྱོང་བས་ངོ་བོ་མི་ཤེས་པས་སྒོམ་མི་ཤེས་ཏེ། ངོ་བོ་ལྷ་འདྲེའི་ཡུལ་དུ་མ་གྱུར་པས་ངོ་བོ་རང་སྒོམ་པ་ཁོ་ན་དགའ་གསུང༌། ངོ་བོ་སྒོམ་པ་ལ་ཉམས་མྱོང་འོང་མི་འོང་ཞུས་པས། ཉམས་མྱོང་འོང་སྟེ་ཉམས་མྱོང་གི་ང་རྒྱལ་ཆག་པ་ཡིན། འཇིག་རྟེན་གྱི་ཞེན་པ་ལིང་ལ་ཐོན་ནས་འོང་བ་ཡིན། ཆོས་གཞན་ཐམས་ཅད་ལ་དགོས་པ་མེད་པར་ཕྱི་ཤུན་ཏུ་འགྲོ་བ་ཡིན། རང་ལ་ཡིད་ཆེས་ཤིང་བློ་བདེ་ལྷན་གྱི་འགྲོ་བ་ཡིན། ངོ་བོ་སྐྱེ་བའི་ཉམས་རྟོགས་དེ་ཚོ་འོང་བ་ཡིན་གསུང༌། ཞེས་པའི་དོན་ནི། ལྷ་འདྲེ་ཞེས་འདིར་བཟུང་བའི་ལྷ་དང་འདྲེ་གཞི་མཐུན་པ་ཞིག་བཟུང་བ་མ་ཡིན་གྱི་ལྷ་ཞེས་གཟུགས་མེད་པའི་སྐྱེ་མཆེད་པ་ལྟ་བུའི་སེམས་ཅན་དང་འདོད་གཟུགས་ཀྱི་ལྷ་ལའང་རིགས་འཆང་གི་གདོན་ལྟ་བུ་མོས་པ་ཙམ་གྱི་ཡུལ་སྒྲིབ་ཐོགས་དང་བྲལ་བར་ས་རྡོ་རི་བྲག་སོགས་ལ་མི་རྡུགས་པར་བར་སྣང་ལ་བྱ་འགྲོ་བ་ལྟར་བགྲོད་ཐུབ་པའི་དབང་དུ་བྱས་ལ། འདྲེ་ཞེས་པའང་ཡི་དྭགས་སོགས་མི་མིན་དཀར་ཕྱོགས་ལ་བར་ཆད་བྱེད་པ་ལས་ཀྱི་རྫུ་འཕྲུལ་དང་ལྡན་པས་ལོག་པ་ཡིད་བྱེད་ཀྱི་ཐོགས་རེག་གི་དངོས་པོ་སྟོང་པར་བལྟ་བས་དེ་ཉིད་ལ་མོས་པ་གྲུབ་པས་ས་རྡོ་རི་ཆུ་སོགས་ལ་ཐོགས་མེད་དུ་འགྲོ་བའི་སྒོ་ནས་རྣལ་འབྱོར་པ་ལ་གནོད་པ་སྐྱེལ་བ་ན་སྤྲོས་མཐའ་དང་བྲལ་བའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་པ་ལ་གནོད་པར་མི་ནུས་ཀྱང་བློས་བྱས་ཀྱི་སྟོང་ཉིད་དང་ལོག་པ་ཡིད་བྱེད་ཆད་པའི་སྟོང་ཉིད་སོགས་སྒོམ་པ་པོ་ལ་ནི་གནོད་པར་ནུས་ཏེ། དེ་ལྟའི་སྟོང་ཉིད་ནི་གནོད་བྱ་གནོད་བྱེད་གཉིས་ཀའི་སྟོང་ཉིད་དེ་དངོས་པོ་མཚན་མ་ཅན་ལ་སྟོང་པར་བལྟ་བས་དངོས་པོ་མཚན་མ་ཅན་གྱི་ཆོས་ལ་ནི་ཕན་པ་དང་གནོད་པའི་བྱ་བ་རུང་ལ། དངོས་པོ་མཚན་མ་དང་བྲལ་བའི་སྟོང་ཉིད་དུ་བལྟ་བས་དངོས་མཚན་གྱི་ཆོས་ཐམས་ཅད་ལས་འདས་པ་ལ་ནི་ཕན་པ་དང་གནོད་པ་གང་གིས་ཀྱང་བྱ་བར་མི་རུང་བའི་ཕྱིར། ཡང་དག་པའི་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པའི་ལུས་སེམས་ལ་སྔོན་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་གནོད་པར་མི་ནུས་སོ། །དེས་ན་ཡང་དག་པའི་སྟོང་པ་ཉིད་ལ་ནི་ངོ་བོ་སྒོམ་ཞེས་པའི་ཐ་སྙད་མཛད་དེ། གཉུག་མ་འོད་གསལ་བའི་སེམས་དེ་སྒྲིབ་སྤྲོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ཅན་དུ་གཟིགས་པ་སྟེ། དེ་ཡང་ངོ་བོ་དངོས་དང་དངོས་མེད་འདི་ལྟར་གྲུབ་བོ་ཞེས་ངོས་བཟུང་ཐམས་ཅད་བྲལ་བར་ཁོང་དུ་ཆུབ་པ་ཉིད་ཀྱི་ཕྱིར། འདི་ལྟར་རྟོགས་པའི་རྣལ་འབྱོར་པ་ལ་ལྷ་རྣམས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་དད་པས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་དང་འདྲ་བས་གུས་པ་ཆེན་པོས་འདུད་པ་ལས་གནོད་པ་དང་བར་ཆད་བྱེད་པ་མ་ཡིན་ནོ། །ཡང་དངོས་པོ་ཐམས་ཅད་ཐེར་ཟུག་མིན་པས་གར་ཡང་བསྒྱུར་དུ་བཏུབ་པ་སྟོང་པ་ཉིད་ཙམ་ལ་བརྟེན་ནས་སྔོན་གྱི་ལས་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་ནི་འདོད་པའི་ལྷ་བདུད་དགའ་རབ་དབང་ཕྱུག་སོགས་ལའང་ཡོད་དེ། དེས་སྤྲུལ་པ་སྣ་ཚོགས་འགྱེད་དེ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་སྟོན་པ་དང་སྟོང་པ་ཉིད་རྟོགས་པ་སྐད་ཀྱི་ཆོས་ཐམས་ཅད་ལ་སྤྲུལ་བསྒྱུར་ཐོགས་པ་མེད་པའི་རྫུ་འཕྲུལ་སྟོན་ནས་སེམས་ཅན་རྣམས་ལོག་པའི་ལམ་ལ་སྦྱོར་བར་བྱེད་དེ། བདུད་དེ་དག་གི་ཕྱོགས་སུ་གྱུར་པའི་མི་མིན་གྱི་འབྱུང་པོ་ད་ལྟའང་རྒྱལ་པོ་དང་བསེན་མོ་ཐེའུ་རང་སོགས་བོད་འདིར་ཡང་བོད་འདྲེ་སྣ་ཚོགས་པས། གང་ཟག་གྲགས་ལྡན་མང་པོ་ལ་ཡི་དམ་གྱི་གཟུགས་སུ་བསྒྱུར་ནས་ཞལ་སྟོན་པ་དང་ཆོས་གསུང་བ་དང༌། དེ་དག་རྒྱུད་ལ་ཞུགས་ནས་སྐྱེ་བ་མང་པོ་དྲན་པ་དང་བསྟན་བཅོས་སོགས་འཆད་རྩོད་རྩོམ་པའི་གྲུབ་མཐའ་མང་པོ་གསར་དུ་འཆར་བ་དང༌། ཏིང་ངེ་འཛིན་གྱི་ཉམས་མྱོང་ལྟར་བཅོས་པ་མང་པོ་སྐྱེ་ཞིང་དེའི་གསལ་སྣང་ལ་མངོན་ཤེས་ཐོགས་མེད་འཆར་བ་དང༌། དེའི་སློབ་མའང་གྲུབ་རྟགས་ལྟར་བཅོས་པའི་མཚན་རྟགས་ཡ་མཚན་ཅན་དང་ལྡན་པའི་མི་ཆེན་དུ་མ་འདུས་ཤིང༌། དེ་དག་ལ་ཡང་སྐྱེ་བོའི་ཚོགས་ཁྲི་འབུམ་དག་ཟང་ཟིང་གི་རྙེད་པས་འདུ་བ་དང༌། དེ་དག་ལའང་མཁའ་འགྲོ་ཆོས་སྐྱོང་ལྟར་བཅས་པའི་འབྱུང་པོ་ཕྲ་མེན་ནག་པོའི་ཕྱོགས་ཀྱིས་གྲོགས་བྱེད་པ་འབྱུང་བ་དག་གིས་ཕལ་ཆེར་ཁྱབ་པ་ལྟ་བུ་སྨོས་ཀྱི་མི་ལང་བར་སྣང་བ་ལྟ་བུའི་ཕྱིར་ད་དུང་བདུད་ཀྱི་ལས་ཅུང་ཟད་བཤད་ན། བདུད་སྡིག་ཅན་གཏན་མེད་པར་ནམ་མཁར་སྡོད་དེ་ཡི་དམ་གྱི་ལྷར་བྱས་ཏེ་ཞལ་སྟོན་པ་དང༌། གནས་ཁང་དུ་མེ་ཏོག་གི་ཆར་འབབས་པ་དང༌། མིང་དང་རིགས་དང་སྦྱངས་པའི་ཡོན་ཏན་དང་ཐུན་མོང་གིས་ཡོན་ཏན་སྣ་ཚོགས་པ་ལ་བརྟེན་ཏེ་སྒྲུབ་པ་པོ་བདག་ཉིད་སངས་རྒྱས་འདི་ལྟ་བུ་ཡིན་པ་དང་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པ་མདོ་རྒྱུད་བསྟན་བཅོས་ལས་འབྱུང་སྟེ། འཕགས་པ་རྔ་བོ་ཆེའི་མདོ་ལས། བདུད་ཀྱིས་སྨྲས་པ་འདི་ལྟར་ཡིད་ཆེས་པར་གྱིས་ཤིག སྦྱོར་བ་ཇི་སྙེད་པས་བདུད་ཀྱི་ཆ་བྱད་དུ་བྱས་ནས་སེམས་ཅན་རྣམས་དད་པ་བསྒྱུར་བའི་སྦྱོར་བ་དེ་དག་ཐམས་ཅད་བསྟན་པར་བྱའོ། །གཞོན་ནུ་དག་གིས་རྒྱུན་དུ་ཞུགས་པ་ལ་སོགས་པ་འབྲས་བུ་བཞིའི་བར་གྱི་མྱ་ངན་ལས་འདས་པ་དང༌། སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡང་སྟོན། སྟོང་པ་ཆེན་པོ་ཉིད་སྒོམས་ཤིག་པར་ཡང་སྨྲ། སེམས་ཅན་དུ་ལྟ་བ་དང་འདོད་པར་བྱེད། འདི་ལྟར་སེམས་ཅན་ཡོད་དོ་ཞེས་ཀྱང་སྨྲ་བར་བྱེད་དོ། །བདག་ནི་བདག་གི་ལུས་ནམ་མཁའ་ལ་འབར་བ་ཡང་སྟོན། དུ་བ་འཐུལ་བ་དང་མེ་ཏོག་གི་ཆར་ཆེན་པོ་འབེབས་པ་ཡང་སྟོན་ཅིང༌། གང་སྟོང་པ་ཆེན་པོ་བཤད་པ་དེ་ཐམས་ཅད་ནི་ཞི་བ་ཡིན་ལ། གང་ངས་སེམས་ཅན་ཡོད་དོ་ཞེས་བཤད་པ་དེ་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་སྟོང་པ་ཆེན་པོ་ནི་དེ་ལྟར་ཤེས་པར་གྱིས་ཤིག སེམས་ཅན་ཡོད་དོ་ཞེས་བྱ་བ་ནི་དེ་ལྟར་ཤེས་པར་གྱིས་ཞེས་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བདུད་སྡིག་ཅན་གྱིས་དེ་ལྟ་བུ་བྱེད་ནུས་པ་ལ་ལྟོས། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བའི་བར་འདི་ཡང་སྟོན་པར་བྱེད་ན། དགེ་སློང་དག་བདུད་ཀྱིས་དེ་ལྟར་བྱས་ན་སེམས་ཅན་རྣམས་ཇི་ལྟར་ཡིད་ཆེས་པར་མི་འགྱུར་དགེ་སློང་དག་དེ་ལྟ་བས་ན་སུ་ཡང་རུང་ཡོངས་སུ་མྱ་ངན་ལས་འདས་པ་ན་འདི་ལྟ་བུའི་ཚིག་གཉིས་སྨྲས་ན་དེ་ནི་བདུད་ཡིན་པར་བལྟའོ། །གང་དག་དེ་སྐད་དུ་སྔ་ཕྱི་ཚིག་གཉིས་སྨྲས་ནས་ཡོངས་སུ་མྱ་ངན་ལས་འདའ་ན་དེ་ནི་ང་ཡི་ཉན་ཐོས་མ་ཡིན་པར་བལྟའོ། །དགེ་སློང་དེ་བས་ན་ཆོས་རྣམ་པར་འཕྲུལ་པས་ཀྱང་མ་ཡིན། འབྲས་བུ་བཞིས་ཀྱང་མ་ཡིན། བསམ་གཏན་གྱིས་ཀྱང་མ་ཡིན། མངོན་པར་ཤེས་པས་རྩེ་བས་ཀྱང་མ་ཡིན་ཏེ། དེ་དག་ནི་དེའི་ཕྱོགས་ཡིན་པས་ཡིད་ཆེས་པར་མི་བྱའོ། །ཞེས་གསུངས་སོ། །དེ་ལྟར་གསུངས་པ་ནི་བདུད་ཀྱི་སྤྱོད་པ་ཡིན་པས། བདུད་ཀྱི་བྱིན་གྱིས་བརླབས་པའི་མིས་ཀྱང་དེ་ལྟར་ནུས་པའི་ཕྱིར་ན། དེ་ལྟའི་བདུད་ཀྱི་བྱིན་གྱིས་བརླབས་པའི་གང་ཟག་རྣམས་ནི་དཀོན་མཆོག་གསུམ་སོགས་ལ་ཆེས་ཆེར་མི་གུས་པར་བདག་ཉིད་དཀོན་མཆོག་གསུམ་འདུས་པའི་ངོ་བོར་བལྟ་ཞིང་དེ་ལྟར་ཁས་འཆི་སྟེ་ང་རྒྱལ་བར་བྱེད་དོ། །དེས་ན་སློབ་དཔོན་བི་མ་ལ་མི་ཏྲས། རྣལ་འབྱོར་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་གསུངས་ཏེ། བྱང་ཆུབ་སེམས་དཔའ་མང་པོ་བདག་ལ་ཆོས་ཉན་པར་མཐོང་ཞིང་ཁྱེད་ནི་ངེད་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བླ་མ་ཡིན་ནོ་ཞེས་སྨྲས་པ་དང༌། རྒྱལ་བས་སྤྲུལ་པ་མང་པོ་འགྱེད་པ་མཐོང་བ་དང༌། རྒྱལ་བས་གསུངས་པའི་བསྟན་པ་ཀུན་མཐོང་སྙམ་པ་དང༌། དུས་གསུམ་ཚེ་སྔ་ཕྱི་ཀུན་ཤེས་ཤིང་དགེ་ཀུན་མཐོང་བ་དང༌། རྒྱུད་དྲུག་གི་ལམ་ལ་གནས་པ་ཀུན་མཐོང་བ་དང༌། དེ་དག་ལ་སྙིང་རྗེ་རང་དབང་མེད་པར་སྐྱེ་བ་དང༌། ཉིན་མཚན་མེད་པར་སྣོད་བཅུད་ཀུན་གསལ་བར་མཐོང་བ་དང༌། བྲག་དང་རི་ལ་ཐོགས་པ་མེད་པར་འགྲོ་བ་དང༌། ནམ་མཁའ་ལ་བྱ་བཞིན་འགྲོ་འདུག་བྱེད་པ་དང༌། དེ་བཞིན་གཤེགས་པས་ཕྱག་བརྐྱང་ནས་དབང་བསྐུར་ཞིང་ལུང་སྟོན་པ་དང༌། འགྲོ་བ་ཀུན་ལ་ཆོས་ཇི་སྐད་སྟོན་ཤེས་པ་དང༌། སྣོད་བཅུད་འཇིག་རྟེན་མཐོང་བ་དང༌། བྱང་ཆུབ་སེམས་དཔའི་ས་མཐོང་བ་དང༌། སྟོང་གསུམ་ལག་མཐིལ་ལྟ་བུར་མཐོང་བ་དང་དེ་ཉིད་ཀྱི་རང་བཞིན་གསལ་བར་མཐོང་བ་དང༌། ཏིང་ངེ་འཛིན་ལས་སུ་རུང་བས་ཅི་ལའང་ཐོགས་པ་མེད་པ་དང༌། རྒྱལ་བའི་རིགས་ཀྱི་བུ་ཁྱོད་ཀྱིས་ཆེ་གེ་མོ་གྱིས་ཤིག ཅེས་གདམས་པ་དང༌། ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་དངོས་སུ་མཆོད་པ་འབུལ་དུ་འོང་བའོ། །ཞེས་འབྱུང་ཞིང་གཞན་ཡང་བདུད་ཀྱིས་གླགས་ཇི་ལྟར་འཚོལ་བ་ཡང༌། ཆོས་ལྟར་བཅོས་ནས་གླགས་འཚོལ་བར་བྱེད་དེ། ཅིས་ཀྱང་དགོས་པ་མེད་སྙམ་ནས། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མ་ཆགས་པ་དང་གློ་བུར་དུ་དད་པ་དང་སྙིང་རྗེ་སྐྱེས་ཤིང་འཁོར་བ་ལའང་སྐྱོ་བར་གྱུར་ཏེ། རང་གི་སྲོག་ལའང་མི་ལྟ་བར་ཇི་ལྟར་བྱའི་ངེས་པ་མེད་པར་ཙམ་ཙམ་བྱེད་པ་དང༌། གང་དུ་འགྲོ་བའི་ངེས་པ་མེད་པར་ཕྱོགས་ཐམས་ཅད་དུ་མངོན་པར་རྒྱུ་བར་བྱེད་ལ། དེ་ལྟར་ཡང་ཕལ་ཆེར་བདུད་ཀྱི་བྱེད་པ་ལས་ཀྱང་འབྱུང་སྟེ། པར་ཕུ་བས། འཇིག་རྟེན་ཆོས་ལ་མ་ཆགས་དང༌། །རང་གི་སྲོག་ལ་མི་བལྟ་བར། །ཅི་བྱ་མི་ཤེས་ཙམ་ཙམ་དང༌། །གར་འགྲོ་རྟོལ་མེད་ཕྱོགས་རྣམས་རྒྱུ། །ཕལ་ཆེར་བདུད་ཀྱི་བྱེད་ལས་འབྱུང༌། །ཞེས་སོ། །དེས་ན་ཡང་དག་པའི་སྟོང་པའི་སྟོང་པ་ཉིད་ཀྱི་ངོ་བོ་ལེགས་པར་རྟོགས་ནས་ཕྱིན་དྲུག་གི་ཡོན་ཏན་སོགས་བསམ་གྱིས་མི་ཁྱབ་པའི་ཉམས་མྱོང་གི་རྫུ་འཕྲུལ་ཅི་སྐྱེས་ཀྱང་ང་རྒྱལ་དང་རློམ་སེམས་མི་འབྱུང་སྟེ། ང་རྒྱལ་དང་རློམ་སེམས་ཀྱི་གཞི་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར། བདུད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཡིན་ཏེ། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། ལྷའི་བུ་ཇི་ཙམ་དུ་ལས་རྣམས་འབྱུང་བ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་སྨོན་པ་དང་ཇི་ཙམ་དུ་ལོག་པར་འཛིན་པ་དང༌། ཅི་ཙམ་དུ་མཆོག་ཏུ་འཛིན་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་འདོད་པ་དང༌། ཅི་ཙམ་དུ་རློམ་སེམས་པ་དང༌། ཅི་ཙམ་དུ་ཡོངས་སུ་རྟོགས་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ལ་མངོན་པར་ཞེན་པའང་བདུད་ཀྱི་ལས་སོ། །སྦྱིན་པའི་སེམས་ལ་མངོན་པར་ཞེན་པའང་བདུད་ཀྱི་ལས་སོ། །ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་སེམས་ལ་མངོན་པར་ཞེན་པའང་བདུད་ཀྱི་ལས་སོ། །སྦྱིན་པས་རློམ་སེམས་སུ་བྱེད་པ་དང༌། ཚུལ་ཁྲིམས་མཆོག་ཏུ་འཛིན་པ་དང༌། བཟོད་པ་འཛིན་པ་དང༌། བརྩོན་འགྲུས་ལེན་པ་དང༌། བསམ་གཏན་ལ་མཚན་མ་དང༌། ཤེས་རབ་རྒྱུ་བ་ལ་བདུད་ཀྱི་ལས་སོ། །ཞེས་འབྱུང༌། དེས་ན་བདུད་ཀྱི་བར་ཆད་ཐམས་ཅད་ཀྱང་དངོས་མཚན་དུ་ཞེན་པ་ལས་འབྱུང་གི་དངོས་མཚན་གྱི་འཛིན་པ་ཐམས་ཅད་དང་བྲལ་བ་ན་འཁོར་བའི་དངོས་པོ་མཐའ་དག་ལས་ངེས་པར་འབྱུང་བས་ངེས་འབྱུང་རྣམ་དག་དང༌། འདི་ལྟའི་རྟོགས་པ་ཐོབ་པ་ན་བྱས་ཆོས་ཀྱི་དགེ་རྩ་ཐམས་ཅད་ཀྱང་རང་རང་གི་སར་དགོས་དོན་གྲུབ་པས་རྗེས་སུ་རྫིངས་ལྟར་འདོར་བ་ཉིད་དུ་འགྱུར་བ་ཉིད་ཀྱིས་ཉམས་མྱོང་ལ་རློམ་སེམས་དང་བྲལ་བའི་བདུད་ཀྱི་སྤྱོད་ཡུལ་ལས་འདའ་བའི་ཆེད་དུ་ལེགས་པར་སློབས་ཤིག་གོ།

༡༡༦

རྗེ་སྒམ་པོ་པ་དེ་ཉིད་དང་དབྱེར་མ་མཆིས་པའི་ཐུགས་ཀྱི་སྲས་རྗེ་སྒོམ་པ་ཚུལ་ཁྲིམས་སྙིང་པོས་རྗེ་སྒམ་པོ་པ་འདས་པའི་རྗེས་སུ་རྗེ་སྒམ་པོ་པའི་སློབ་མ་ཐམས་ཅད་ལ་གདམས་པ་དབྱངས་སུ་མཛད་པ་ནི། ཇི་སྐད་དུ། ཐེ་ཚོམ་མེད་པའི་ལྟ་བ་ལ། །གཞི་རྩ་ཆོད་པའི་རྟོགས་པ་འཆར། །སྒོམ་ཐུན་དུ་བཅད་དུ་མེད་པ་ལ། །དུས་གསུམ་གཉུག་མར་འཆར་ཡང་འཚལ། །ཚུལ་འཆོས་མེད་པའི་སྤྱོད་པ་ལ། །རང་ཁྲིས་མེད་པའི་གཞན་ཕན་འཚལ། །རེ་དོགས་མེད་པའི་འབྲས་བུ་ལ། །གོམས་པ་རྒྱུད་ལ་བསྟེན་ཡང་འཚལ། །ཞེས་གསུངས་པས་དེ་ལག་ཏུ་བླང་བའི་གདམས་ངག་ཅིག་ཐུགས་ལ་འདོགས་པར་ཞུ་ཟེར་བ་ལ་ཡང་གསུངས་པ། དབྱངས་དེ་དང་གཅིག་སྟེ་འདི་དང་གཉིས། །ལྷན་གཅིག་སྐྱེས་པའི་སེམས་ཉིད་འདི། །ཙིར་གྱིས་བཟུང་ན་གཉུག་མ་ཡིན། །ལྷོད་ཀྱི་གློད་ན་སྤྲོས་བྲལ་ཡིན། །ལྷན་གྱི་རྟོགས་ན་ཆོས་སྐུ་ཡིན། །རྣམ་རྟོག་སྤང་བྱར་མི་འདོད་ཅིང༌། །མི་རྟོག་ཆེད་དུ་མི་སྒྲུབ་པ། །སྙེམས་བྲལ་སེམས་ཀྱི་ངོ་བོ་ཡིན། །གསལ་སྟོང་རིག་པ་རྗེན་པ་འདི། །མ་ཡེངས་སྐྱོང་བ་མན་ངག་ཡིན། །མེད་ན་ཤེས་པ་གློད་ལ་ཞོག །ཕ་འཛམ་གླིང་གྲགས་པས་དེ་སྐད་གསུངས། །ཞེས་འབྱུང་བའི་དོན། ལྟ་བའི་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་དངོས་པོ་གྲུབ་པ་དང་བྲལ་བའི་རྩ་བ་ཆོད་པ་ཉིད་ཀྱི་ངང་ལ་ལྟ་བ་ནི་ལྟ་བ་ཡིན་ལ། ལྟ་བ་དེ་ཉིད་ལ་རྟོགས་པ་དང་ལྡན་པའི་རྟོགས་ལྡན་དེས། དངོས་པོ་བྱས་པ་ཅན་སྒོམ་རྒྱུ་ཅུང་ཟད་ཀྱང་མེད་པས་སྒོམ་ཐུན་དུ་བཅད་མི་དགོས་པར་འདས་ད་ལྟ་མ་འོངས་ཐམས་ཅད་དུ་ཕུང་སོགས་ཀྱི་ཆོས་འགར་ཡང་དམིགས་པ་ན་གཞི་རྩ་ཆོད་པའི་རྟོགས་པ་རྒྱུན་ཆད་མེད་པར་གཉུག་མ་རྒྱ་འབྱམས་སུ་འགྲོའོ། །དེ་ལྟའི་ཉམས་མྱོང་དང་མ་བྲལ་བའི་སྒོམ་ཆེན་ལ་སྤང་བྱའི་ཉེས་པ་འགར་ཡང་མ་གཟིགས་པས་ཡང་དག་པའི་གཉེན་པོ་གོང་ནས་གོང་དུ་འཕེལ་བའི་མགོན་པོ་ཀུན་ཏུ་བཟང་པོའི་སྤྱོད་པ་རང་བཞིན་གྱི་དགེ་བ་ལྷུན་གྲུབ་ཏུ་སྤྱོད་པ་ལས། ཉེས་པར་སྤྱོད་པ་སྤང་པའི་སྒོ་གསུམ་གྱི་ཚུལ་འཆོས་ཀྱི་བདག་བདེ་འདོད་པའི་རང་ལ་བྲིས་ཞུགས་པའི་ཚུལ་ཁྲིམས་སྲུང་བ་སོགས་ཀྱིས་རང་གཞན་གྱི་དོན་སྒྲུབ་པར་མི་མཛད་པ་ཡིན་ལ། འདི་ལྟའི་ལྟ་སྒོམ་སྤྱོད་པ་ལ་གདེང་ཐོབ་པ་ན་སངས་རྒྱས་མ་ཐོབ་དོགས་པ་དང༌། སྲིད་ཞིར་ལྷུང་དོགས་ཀྱི་རེ་བ་མེད་དེ། འཁོར་འདས་མཉམ་ཉིད་ཀྱི་རྟོགས་པ་ལ་གོམས་པ་མཐར་ཕྱིན་པར་འཚལ་བའི་ཕྱིར་ཞེས་དགོངས་སོ། །འོ་ན་གཞི་རྩ་གཅོད་པའི་ལྟ་བ་དེ་རང་སེམས་འདི་ཉིད་ཀྱིས་གཞལ་བྱ་ཕུང་སོགས་ལ་ཁ་ཕྱིར་ཕྱོགས་ཏེ་བལྟ་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་སངས་རྒྱས་ཀྱི་སྙིང་པོའི་འོད་གསལ་བའི་སེམས་འདི་ཉིད་རྣམ་ཤེས་ཚོགས་བརྒྱད་ཀྱི་ཤེས་པ་གང་གིའང་ཕྱོགས་སུ་མ་ལྷུང་ཞིང་མ་འདྲེས་པ་བདག་བདེན་དུ་བལྟ་བའི་གཞིར་མི་རུང་བ་མྱོང་ཙམ་རིག་ཙམ་ཉིད་ནས་ཡོད་མེད་སོགས་ཀྱི་སྤྲོས་མཐའ་ཐམས་ཅད་དང་བྲལ་བ་དེ་ཉིད་སྔར་འདྲིས་ཀྱི་མི་ཕྲད་པ་ལྟར་མཐོང་བ་ཉིད་ཀྱིས་མཐོང་བས་ཙིར་གྱིས་ཟུང་ལ། དེ་ནི་ཐོག་མ་མེད་པའི་དུས་ན་འབྱུང་བའི་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་ཀྱི་གནས་དང་འབྱུང་ཁུངས་སུ་གཉུག་མ་ཉིད་དུ་རང་ཆས་སུ་ཡོད་པ་ཡིན། དེ་གའི་རང་ཞལ་མངོན་དུ་གྱུར་པ་ན། དེ་ཉིད་ལ་ལྷར་བསྒྱུར་བ་སོགས་ཀྱི་རྩོལ་སྒོམ་མི་དགོས་པས། ལྷོད་ཀྱི་གློད་ནས་བཞག་པ་ཉིད་ཀྱིས་སེམས་ཉིད་འོད་གསལ་དེ་ཉིད་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་སྐུའི་ངང་ནས་ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་གཟུགས་ཀྱི་སྐུར་ལྷན་གྱི་འཚང་རྒྱ་བ་ཡིན་ཏེ་བརྟེན་པ་ལྷན་ཅིག་སྐྱེས་པ་སེམས་རྣམ་པར་རྟོག་པ་ཆོས་ཀྱི་སྐུར་ཤར་ན། དེའི་རྟེན་གྱི་ལུས་གཟུགས་ཀྱི་སྐུར་འཚང་མི་རྒྱ་མི་སྲིད་པའི་ཕྱིར། དེས་ན་ཆོས་ཀྱི་སྐུ་མངོན་དུ་མ་བྱས་པར་ནི་མཚན་དང་དཔེ་བྱད་སྣ་ཚོགས་པས་ཉེ་བར་སྤྲས་པའི་ལུས་ཀྱང་གཟུགས་ཀྱི་སྐུ་ཞེས་བྱ་བར་གདགས་པ་མ་ཡིན་ཏེ་འཁོར་ལོ་བསྒྱུར་བའི་ལུས་བཞིན་ནོ། །དེ་ཡང་འཕགས་པ་རྡོ་རྗེ་གཅོད་པ་ལས། རབ་འབྱོར་གལ་ཏེ་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་ལྟ་བར་གྱུར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་ཏེ། དེ་བས་ན་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་མི་བྱའོ། །ཞེས་གསུངས་སོ། །ཆོས་སྐུ་མངོན་དུ་བྱས་ན་རྣམ་སྨིན་གྱི་ལུས་ཉིད་ཀྱང་གཟུགས་ཀྱི་སྐུར་བཞག་སྟེ། དཔེར་ན་དེ་བཞིན་གཤེགས་པ་ལ་ལ་དག་སྟག་དང་རི་བོང་སོགས་ཐ་མལ་པའི་ལུས་སུ་གྱུར་པ་ལྟ་བུའོ། །ཡང་ཁ་ཅིག་མཚན་དཔེ་སོགས་མེད་ན་སངས་རྒྱས་གཟུགས་ཀྱི་སྐུར་མི་རུང་ངོ་སྙམ་ན་དེ་དག་གིས་ནི་རྫོགས་པའི་སངས་རྒྱས་ཀྱི་ཆགས་ཅན་གྱི་སྐུར་བཞེངས་པའི་གཟུགས་སྐུ་ཁྲོ་ཆགས་རྨོངས་གསུམ་གྱི་སྐུ་ཅན་ཐམས་ཅད་ལ་སྐུར་པ་བཏབ་པར་འགྱུར་ཏེ། བཅོམ་ལྡན་འདས་དྲང་སྲོང་དང་གནོད་སྦྱིན་དང་སྲིན་པོ་ཁྲོས་པའི་ཆ་བྱད་ཅན་ལིངྒ་གྱེན་སྒྲེང་སོགས་མགོ་བརྙན་དུ་མ་དང་ཕྱག་མང་དང་ཞབས་མང་སོགས་ཀྱང་དུ་མར་ཡོད་པའི་ཕྱིར། དེ་དག་ཀྱང་དེ་བཞིན་གཤེགས་པའི་གཟུགས་སྐུ་མ་ཡིན་ནོ་ཞེས་སུ་ཞིག་གིས་བརྗོད་པར་ནུས། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་ཀྱང༌། སེམས་ཉིད་རྣམ་པ་གཉིས་སུ་མཐོང༌། །དེ་ལྟར་ཇི་ལྟར་འཇིག་རྟེན་འདས། །བདག་ཏུ་འཛིན་པས་འཁོར་བ་ཏེ། །སོ་སོར་རིག་ན་དེ་ཉིད་ནི། །འདོད་ཆགས་ཟད་ན་མྱ་ངན་ལས། །ཞེ་སྡང་གཏི་མུག་ཟད་པ་དང༌། །དེ་དག་དགག་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཤེས་དང་མི་ཤེས་པ་དག་ལས། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གི་རྣམ་པར་རྟོགས་པས་བཅིང༌། །བདག་ཉིད་ཤེས་ན་གྲོལ་བར་གྱུར། །འགྲོ་མིན་འོང་བ་མ་ཡིན་ཏེ། །ཉོན་མོངས་གསོབ་གྱུར་འདི་ཉིད་ལ། །མཐོང་བ་དང་ནི་མ་མཐོང་བ། །བྱང་ཆུབ་རིང་མིན་ཉེ་བ་མིན། །ཞེས་དང་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་མདོ་ལས་ཀྱང༌། སེམས་ཀྱིས་སངས་རྒྱས་བྱེད་པ་སྟེ། །སེམས་ཉིད་ཀྱིས་ཀྱང་མཐོང་བའོ། །སེམས་ཉིད་ང་ཡི་སངས་རྒྱས་ཏེ། །སེམས་ཉིད་དེ་བཞིན་གཤེགས་པའོ། །སེམས་ཉིད་ང་ཡི་ལུས་ཡིན་ཏེ། །སངས་རྒྱས་སེམས་ཀྱི་མཐོང་བའོ། །སེམས་ཉིད་ང་ཡི་བྱང་ཆུབ་སྟེ། །སེམས་ཉིད་རང་བཞིན་མེད་པའོ། །ཞེས་འབྱུང་ལ། དེ་ལྟར་ན་རྣམ་རྟོག་སྟེ་སེམས་ཆོས་སྐུར་སོང་ན་དེའི་ལུས་ལ་མཚན་དཔེ་སོགས་ཡོད་མེད་ལ་མ་ལྟོས་ཏེ། གཟུགས་སྐུར་འཇོག་བྱེད་མཚན་དཔེ་སོགས་མ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་གཟུགས་སྐུ་ནི་སངས་རྒྱས་ཀྱི་ཐུགས་ཀྱི་རྟེན་ཉིད་ལ་འཇོག་པའི་ཕྱིར།ཇི་སྐད་དུ། ཆོས་ཀྱི་ལུས་ནི་རྒྱལ་བ་རྣམས་ཀྱི་སྐུ། །ཞེས་པ་ཉིད་ཀྱི་ཕྱིར། དཔེར་ན་མི་སློབ་པའི་ཟུང་འཇུག་གི་སར་ཐུགས་འོད་གསལ་དོན་དམ་བདེན་པའི་རྟེན་གྱི་སྐུ་སྒྱུ་ལུས་ཀུན་རྫོབ་བདེན་པ་དེ་ལ་སངས་རྒྱས་གཟུགས་ཀྱི་སྐུར་བཞག་ནས་རྒྱལ་པོ་ཨིནྟྲ་བྷཱུ་ཏི་ལུས་རྟེན་དེ་ཉིད་ལ་ཟུང་འཇུག་གི་སྐུ་སྒྲུབ་པ་ན་ལུས་དེ་ཉིད་གཟུགས་སྐུར་འཇོག་པ་ལྟ་བུ་སྟེ། དེ་དང་མཐུན་པར་དཔལ་ཤ་ཝ་རིའི་ཕྱག་རྒྱ་ཆེན་པོ་མི་སློབ་མཆོག་གི་དངོས་གྲུབ་བརྙེས་པ་ན། གཟུགས་ཀྱི་སྐུ་ནི་རྔོན་པའི་འཁོར་བའི་ལུས་ཀྱི་རྟེན་གྱི་དབྱིངས་དེ་ཉིད་ལ་གནས་བཞིན་པར་སྲིད་ཞི་ལས་རྣམ་པར་གྲོལ་བའི་མི་གནས་པའི་མྱང་འདས་བརྙེས་པ་ལྟ་བུའི་ཕྱིར། པར་ཕུ་བས། རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་ནི། །རྣམ་རྟོག་ཆོས་སྐུར་ཤེས་པ་དང༌། །རང་ལུས་གཟུགས་སྐུར་ཤེས་གྱུར་ནས། །འཁོར་བའི་དབྱིངས་སུ་རྣམ་པར་གྲོལ། །ཞེས་འབྱུང་ངོ༌། །དུས་དེར་ཟག་བཅས་སེམས་དང་སེམས་ལས་བྱུང་བའི་ཁམས་གསུམ་པར་རྟོག་པའི་རྣམ་རྟོག་དངོས་པོ་བ་སྤང་བྱར་མ་གྲུབ་ཅིང༌། ཟག་མེད་མཐོང་སྒོམ་མི་སློབ་པའི་འཕགས་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དངོས་པོ་བ་ཆེད་དུ་བསྒྲུབ་བྱར་མ་གྲུབ་ཅིང༌། དགག་སྒྲུབ་ཀྱི་རེ་དོགས་ཀྱི་སྙེམས་པ་དང་བྲལ་བ་ཞེས་པ་ནི་བློ་བྲལ་གྱི་ངེས་ཤེས་སྐྱེས་པ་ནི་སེམས་པ་ནི་སེམས་ཀྱི་ངོ་བོ་ཡིན་ཏེ། བློ་བྲལ་གྱི་ངེས་ཤེས་དང༌། ངེས་པ་བློ་དང་བྲལ་བ་ཞེས་པ་གཉིས་བརྗོད་ཚུལ་མ་གཏོགས་དོན་གྱི་འཇུག་པ་གཅིག་པའི་ཕྱིར་ཏེ། ངེས་པ་ལས་གཞན་དུ་གཡོ་བའི་སྐབས་མི་སྲིད་པའི་ཐ་ཚིག་ཅན་གྱི་ཕྱིར་རོ། །ཁ་ཅིག་ངེས་པའི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ལ་འཇོག་གི་ཆོས་རྣམས་ལ་བློ་བྲལ་གྱི་ཁོང་དུ་ཆུབ་པ་ལ་ངེས་པ་བཞག་ཏུ་མེད་དོ། །ཞེས་པ་ནི་ངེས་པ་ཉི་ཚེ་བའི་དབང་དུ་བྱས་པ་ཡིན་གྱི། དེ་ཙམ་གྱི་ངེས་པ་ནི་དོན་ལ་མ་ངེས་པ་ཉིད་དུ་ཟད་དེ། ཡུལ་དངོས་པོ་བ་ལ་ཡུལ་ཅན་གྱི་དངོས་པོ་བར་རྟོགས་པའི་ངེས་པར་བྱས་པའི་བློ་ཡིན་པས་དངོས་པོར་གྲུབ་པའི་ཆོས་ནི་འགའ་ཡང་མི་སྲིད་ན་དེར་རྟོགས་པའི་ངེས་པ་ནི་འཁྲུལ་པ་ཉིད་ཀྱིས་དེ་ལས་མ་ངེས་པ་ཅི་ཞིག་ཡོད་པའི་ཕྱིར།

དེས་ན་ཆོས་ཉིད་ཀྱི་དོན་ཇི་ལྟ་བ་ངེས་པ་ནི་ངེས་པ་ཡིན་ལ། དེ་ལྟའི་ངེས་པ་དེ་བློ་དང་ཇི་ལྟར་བྲལ་ན། ཆོས་ཉིད་སྤྲོས་པ་དང་བྲལ་བའི་དོན་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་མངོན་དུ་གྱུར་པ་ན་སྐྱེ་མེད་ཡིན་སྤྲོས་བྲལ་ཡིན་སྙམ་སེམས་ཀྱི་རྟོག་པའི་ངེས་ཤེས་ཕྱོགས་རེ་བའི་རྩ་བ་དང་ཡང་བྲལ་བའོ། །དེ་ཡང་མ་ངེས་ན་རྟོགས་པ་ཉིད་དུ་མི་རུང་བའི་ཕྱིར་ཏེ། ངེས་པ་ཞེས་བྱ་བའི་ཁྱད་པར་ཡང་བརྗོད་དོ། །བློ་དང་མ་བྲལ་བ་གཟུང་བ་དང་འཛིན་པ་དང་བཅས་པ་ཉིད་ཀྱིས་ཆོས་དེ་ཉིད་ཤེས་བྱར་འགྱུར་ལ། དེ་ལྟ་ན་ཆོས་ཉིད་དོན་དམ་པའི་བདེན་པ་ནི་ཤེས་བྱ་ཡིན་པར་ཡང་མི་རུང་བའི་ཕྱིར་ཏེ། དེ་ཉིད་ཤེས་བྱ་དང་ཤེས་བྱེད་ཀྱི་སྤྲོས་པ་ཐམས་ཅད་ཀྱིས་དབེན་ཞིང་དེའི་ཡུལ་ལས་འདས་པའི་ཕྱིར་བློ་དང་བྲལ་བ་ཞེས་བརྗོད་དོ། །མངོན་དུ་མ་གྱུར་ན་ཐོས་བསམ་གྱི་ལྟ་བ་དོན་སྤྱིའི་རྣམ་པ་ཅན་ཡིན་པའི་ཕྱིར་དེ་ལྟར་མ་ཡིན་ནོ་ཞེས་ཆོས་ཉིད་མངོན་དུ་གྱུར་པ་ཞེས་བརྗོད་དོ། །སྙམ་དུ་སེམས་པ་དང་མ་བྲལ་ན་རྣམ་རྟོག་ཡུལ་དུ་བྱས་པར་འགྱུར་བའི་ཕྱིར་སྙམ་སེམས་དང་བྲལ་བ་ཞེས་བརྗོད་དོ། །གལ་ཏེ་ཡང་ནན་གྱིས་ངེས་པ་བློ་དང་བྲལ་བ་ནི་མི་འཐད་དེ། བློ་དང་བྲལ་ན་གང་ལ་ངེས་པའི་ངེས་པ་འཇོག་མི་ནུས་པའི་ཕྱིར་སྙམ་ན། ཆོས་ཅན་ཀུན་རྫོབ་པའི་ཆོས་ངེས་པའི་ངེས་པ་ནི་བློ་ཡི་ངེས་པས་ངེས་དགོས་པ་བདེན་དུ་ཆུག་ཀྱང་ཆོས་ཉིད་དོན་དམ་པའི་ཆོས་ངེས་པ་ཞེས་བྱ་བ་ནི་བློ་དང་བྲལ་བ་ཁོ་ནར་ངེས་པ་ལས་ངེས་པའི་ཚུལ་གཞན་མི་སྲིད་དེ་ཆོས་ཉིད་དོན་དམ་དེ་ནི་ནམ་ཡང་འདི་ལྟར་རོ་ཞེས་གཞི་གྲུབ་ཏུ་བློའི་ཡུལ་དུ་འཆར་བ་དང་འགྱུར་མི་བཏུབ་པའི་ཕྱིར། མིག་གི་རྣམ་པར་ཤེས་པའི་ཡུལ་དུ་སྒྲ་མི་འབྱུང་བ་བཞིན་ནོ། །དེས་ན་ཇི་སྐད་དུ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་འབྱུང་བས། དམིགས་པ་དང་རྣམ་པས་སྟོང་པའི་ཆོས་ཉིད་ནི། རྣམ་པ་གཞན་གྱི་སྒོ་ནས་ཀྱང་རྟོགས་པར་མི་རུང་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་ཀྱང༌། དེ་ལྟར་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་འཇུག་པ་ལ་བརྩོན་པ་ཚུལ་བཞིན་དུ་མཐོང་བ་དེ་ནི་གང་གིས་མཐོང་བ་དེ་ཉིད་མི་མཐོང་སྟེ། ཇི་ལྟར་མི་མཐོང་རྣམ་པར་མི་མཐོང་བ་དེ་ལྟར་མཐོང་ངོ༌། །དེ་ལྟར་མཐོང་ན་ཚུལ་བཞིན་མཐོང་བ་ཞེས་བྱའོ། །ཞེས་གསུངས་སོ། །འཕགས་པ་སྡུད་པ་ལས་ཀྱང༌། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང༌། །འདུ་ཤེས་མཐོང་བ་མེད་ལ་སེམས་དཔའ་མི་མཐོང་ཞིང༌། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ཞེས་གསུངས་ལ། དེ་ཉིད་ཀྱི་ཕྱིར། པར་ཕུ་བ་ཆེན་པོས། ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་གཉིས་ལས་རྟོགས་པ་ངོས་བཟུང་བ་ནི། ཇི་སྐད་དུ། ངེས་པ་བློ་དང་བྲལ་བ་དང༌། །ཆོས་ཉིད་མངོན་དུ་གྱུར་པ་དང༌། །སྙམ་སེམས་རྩ་བ་ཆོད་པ་ནི། །རྟོགས་པ་ཡིན་པར་ཁོ་བོས་སྨྲ། །ཞེས་འབྱུང་ངོ༌། །དེ་ལྟ་བུའི་བློ་བྲལ་འོད་གསལ་བ་སྟོང་པ་དེ་ཉིད་རིག་བྱེད་དང་བྲལ་བའི་རིག་པའི་ངེས་པ་རྗེན་པ་འདི་མ་ཡེངས་པར་སྐྱོང་བ་ནི། མཐོང་ལམ་གྱི་རྟོགས་པ་ཤར་ནས་སྒོམ་ལམ་གྱི་སྐབས་སུ་གློ་བུར་གྱི་དྲི་མ་སྦྱང་བའི་མན་ངག་དམ་པ་ཡིན་ཏེ། རྒྱལ་བ་མ་ཕམ་པས། ཡང་ནས་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་འབྱུང་བའི་ཕྱིར། བློ་བྲལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཀྱི་ཚོགས་འདི་ལ་དགེ་བ་ཡོད་ན་བླ་མ་དཀོན་མཆོག་མཆོད་ཅིང་མེད་ན་ཡང་འབད་རྩོལ་རྣམ་སྨིན་གྱི་འབྲས་བུ་དོན་མི་གཉེར་བས། འབད་མེད་རྩོལ་མེད་ཀྱི་གཞན་པ་ལྷུན་གྲུབ་ལ་ཐུགས་གཞོལ་བས་ཤེས་པ་གློད་ལ་ཞོག་ཅེས་འབྱུང་ངོ། །དེས་ན་ཡེ་ཤེས་ཀྱི་ཚོགས་ལ་དགེ་བ་ཡོད་ན་དང་མེད་ན་ཞེས། ན་བཟུང་གི་ཚིག་འདི་ཅི་ཡིན་སྙམ་ན་ཁ་གཅིག་ཡེ་ཤེས་ཀྱི་ཚོགས་བློ་དང་བྲལ་བ་ཡིན་ན་འདུས་བྱས་ཀྱི་ཆོས་འགའ་ཡང་མེད་པས། འདུས་མ་བྱས་པའི་ཆོས་ལ་རྒྱུ་དང་འབྲས་བུ་མི་འབྱུང་ངམ་སྙམ་ན། རྣམ་དཀར་གྱི་དགེ་བའི་དངོས་པོའི་ཆོས་ལ་དངོས་པོ་རང་བདེན་པ་དེ་ཉིད་དུ་གྲུབ་པའི་བློ་དང་བྲལ་ཀྱང་དེ་ལྟར་མ་གྲུབ་བཞིན་གྲུབ་སྣང་དུ་མི་འགལ་བས་དེ་ལྟར་རྟོགས་པའི་བློ་གྲོས་ཀྱི་ངང་ནས་རྣམ་དཀར་གྱི་བསོད་ཚོགས་ལ་འཇུག་པས་བསོད་ཚོགས་ཉིད་ཡེ་ཤེས་ཀྱི་ཚོགས་དང་ཟུང་འབྲེལ་དུ་འགྱུར་ཏེ། ཚོགས་གཉིས་ཀྱི་བསགས་པ་ལས་འབྲས་བུ་སྐུ་གཉིས་ཀྱི་དོན་འབད་མེད་དུ་འབྱུང་བའི་ཕྱིར་ཏེ། གཞི་བདེན་པ་གཉིས་ལས་འཁོར་འདས་ཀྱི་ལམ་འབྲས་ཐམས་ཅད་འབྱུང་དུ་རུང་བ་བཞིན་ནོ། །ཡང་ཁ་ཅིག་འདུས་མ་བྱས་སྟོང་པ་ཉིད་ལ་དགེ་བའི་འབྲས་བུ་མེད་དེ། དེ་ཉིད་དགེ་རྩ་སོགས་ཀྱི་ལས་སུ་མི་རུང་བའི་ཕྱིར་སྙམ་ན། འདུས་མ་བྱས་པའི་མེད་དགག་རང་སྟོང་ནས་བྱ་བྱེད་ཀྱི་ལས་སུ་མི་རུང་ཡང་འདུས་མ་བྱས་པའི་སྟོང་པ་ཉིད་ལ་དེ་ལས་བཟློག་པའི་འདུས་བྱས་མི་སྟོང་པའི་སྒྲོ་སྐུར་ཡིད་ལ་མི་བྱེད་པ་བློ་འདས་ཀྱི་ངེས་པའི་རྟོགས་པ་ཤེས་རབ་ཕ་རོལ་ཕྱིན་པ་ལ་བྱ་བྱེད་ལས་གསུམ་འཇོག་པ་ཉིད་ཀྱི་ཕྱིར་ཟབ་མོ་སྟོང་པ་ཉིད་མངོན་དུ་བྱས་པའི་ཡེ་ཤེས་ཚོགས་སོག་གི་ཆ་ནས་འདུས་མ་བྱས་སྟོང་པ་ཉིད་ལ་དགེ་བའི་འབྲས་བུར་བཞག་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །ཕ་འཛམ་གླིང་གྲགས་པ་ནི་རྗེ་སྒམ་པོ་པ་སྟེ། དེའི་མཚན་ནི་འཛམ་གླིང་མཚོན་པ་ཙམ་སྟེ་མཁའ་ཁྱབ་ཏུ་གྲགས་པས་དེ་སྐད་དུ་གསུངས་ཤིང༌། དེས་ན་གནས་ལུགས་ལ་དཔྱོད་པའི་ངེས་ཤེས་བློ་འདས་སངས་རྒྱས་ཀྱི་སྙིང་པོ་རང་རིག་པའི་ཚུལ་ལ་སློབ་པར་གྱིས་ཤིག ཅེས་གདམས་པའི་ཚུལ་དེ་ཉིད་ཀྱི་དོན་ལ་བསླབ་པར་བྱའོ། །

༡༡༧

དེ་ལྟར་གནས་ལུགས་ཕྱག་རྒྱ་ཆེན་པོ་ཐ་མལ་གྱི་ཤེས་པ་འདི་ཉིད་མངོན་དུ་མཛད་པའི་ཚུལ། རྗེ་སྒམ་པོ་པའི་གསུང་གིས་རྗེ་དུས་གསུམ་མཁྱེན་པ་ལ་འོལ་ཁར་སྒོམ་དུ་སོང་ཞེས་ལུང་བསྟན། འོལ་ཁའི་བྲག་གི་རི་བོ་ཆེའི་བྲག་ཕུག་ཅིག་ཏུ་བྱོན་ཙམ་ན། བུད་མེད་ཅིག་ན་རེ། ཁྱེད་འདིར་མ་བཞུགས་ངའི་མ་ཇོ་འོང་ངོ་ཟེར། དེ་རྗེ་བཙུན་གྱིས་བྲག་སྲིན་མོའི་བར་ཆད་ཡིན་པར་དགོངས་ཏེ་བྱམས་སྙིང་རྗཻ་བྱང་ཆུབ་ཀྱི་སེམས་ལ་གནད་དུ་བསྣུན་ཅིང་ཟླ་བ་བཅུ་བཞིར་བཞུགས་པ། རླུང་ཉིན་ཞག་རེ་ལ་ལན་བཞི་ལས་འཛིན་མ་དགོས་པ་བྱུང༌། དྲོད་ཀློང་དུུ་ཚུད། རྟགས་ངོ་མཚར་ཅན་མང་དུ་བྱུང༌། ངེས་ཤེས་ཁྱད་པར་ཅན་ཐུགས་ལ་འཁྲུངས། དེས་ཤིན་ཏུ་སྤྲོ་བ་སྐྱེས་ནས་ཆོས་རྗེའི་དྲུང་དུ་ཕྱག་འབུལ་དང་དྲི་རྟོག་མཛད་པ་ལ་བྱོན་ཏེ། ཆོས་རྗེ་རིན་པོ་ཆེ་བྱ་ལྐོག་དགོན་པ་ན་བཞུགས་པ་མཇལ་ཞིང་ཐུགས་ལ་འཁྲུངས་པའི་རྟོགས་པ་ཕུལ་བས། ཆོས་རྗེའི་ཞལ་ནས། ཁམས་པ་སེ་བོ་ལ་ང་རེ་ཆེ་བ་ཡིན་པ་ལ་ཁྱོད་ཀྱི་དེ་ནོར་གདའ། ད་དུང་སྒོམས་ཤིག་ཅེས་གསུངས། རྗེ་བཙུན་གྱི་དགོངས་པ་ལ། ནོར་ས་རང་མི་འདུག་པ་ལ། འོན་ཀྱང་བླ་མའི་བཀའ་བསྒྲུབ་བོ་སྙམ་དུ་དགོངས་ནས། བླ་མའི་ཞབས་དྲུང་དེ་ཉིད་དུ་ཟླ་བ་དྲུག་བསྒོམས། སྔར་གྱི་རྟོགས་པ་ལ་འགྱུར་བ་མ་བྱུང་ནས། ཆོས་རྗེ་ལ་ཞུས་པ། ཁོ་བོས་ལོ་བརྒྱ་བསྒོམས་ཀྱང་ངོ་བོ་ལ་འཕེལ་འགྲིབ་དང་བོགས་སམ་བསྐྱེད་དབྱུང་རྒྱུ་ཅུང་ཟད་ཙམ་ཡང་མི་གདའ་ནོར་ནའང་ནོར། ཁོ་བོ་རང་གི་དེ་ག་སྒོམ་པ་ལགས་ཞུས་པས། ཆོས་རྗེ་རིན་པོ་ཆེ་ཤིན་ཏུ་དགྱེས། ཕྱག་སྤྱི་བོར་བཞག་ནས་བུ་འཁོར་བ་དང་འབྲེལ་ཐག་ཆོད་པ་ཡིན་ཞེས་གསུངས་ཤིང༌། གནས་ལུགས་ཀྱི་དོན་ངོ་འཕྲོད། སེམས་ཉིད་ཡིད་བཞིན་གྱི་ནོར་བུ་ངོས་བཟུང་བའི་གདམས་ངག་གནང་ངོ༌། །དེ་ནས་ཆོས་རྗེ་རིན་པོ་ཆེ་ལ་གསང་སྔགས་ཟབ་མོའི་དབང་ཞུས་པའི་དུས་སུ་བླ་མ་བཅོམ་ལྡན་འདས་དཔལ་ཀྱཻའི་རྡོ་རྗེ་འཇའ་འོད་ཀྱི་ནང་ན་བཞུགས་པར་གཟིགས་སོ། །ཡང་གྲོགས་མཆེད་བཞིས་རྗེ་སྒོམ་ཚུལ་ལ་དབང་བསྐུར་ཞུས་པས། བཞི་པོ་མཐོང་སྣང་མཐུན་པར་དཔལ་ཧེ་རུ་ཀ་རྒྱན་ཆ་ལུགས་དང་བཅས་པར་གཟིགས་ཏེ་ཞུས་པས། རྗེ་སྒམ་པོ་པའི་ཞལ་ནས། ཧེ་རུ་ཀ་ནི་ང་ཉིད་ཡིན། །ཞེས་གསུངས་སོ། །ཡང་རྗེ་སྒོམ་ཚུལ་ལ་དགྱེས་པ་རྡོ་རྗེར་ལན་གསུམ་གཟིགས། ལན་ཅིག་རྡོ་རྗེ་རྣལ་འབྱོར་མར་གཟིགས། ཡང་རེས་ཅིག་སྒྲོལ་མ་དཀར་མོར་གཟིགས། ལན་ཅིག་འོད་ཕུང་དུ་གཟིགས། དེའི་ཚེ་བླ་མ་ལ་གཟིགས་ཚུལ་ཞུས་པས། ཁྱེད་ཀྱིས་འོད་ཕུང་དུ་མཐོང་བའི་ཚེ་ཁོ་བོས་ཟད་པར་ཆུར་བསྒོམས་པ་ཡིན། ཟད་པར་གཞན་རྣམས་བསྒོམས་ན་མཐོང་སྣང་སོ་སོར་འཆར། ལར་སྒྱུ་མའི་ཆོ་འཕྲུལ་ལ་ཆེད་དུ་འཛིན་པ་བྱར་མི་རུང་ཞེས་གསུངས་སོ་ཞེས། དཔལ་མཁའ་སྤྱོད་དབང་པོས་བཀའ་བརྒྱུད་གསེར་ཕྲེང་གི་རྣམ་ཐར་མཛད་པ་ལས་འབྱུང་བའི་དོན་བརྗོད་ན། དོན་དམ་བྱང་ཆུབ་ཀྱི་སེམས་ཐ་མལ་གྱི་ཤེས་པ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པ་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་བསོད་ཚོགས་མཐར་མ་ཕྱིན་ན་དོན་དམ་བྱང་སེམས་མངོན་དུ་མི་འགྱུར་བའི་ཕྱིར། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་ཟླ་བ་བཅུ་བཞིར་ཉིན་མཚན་མེད་པར་གཅིག་དྲིལ་དུ་བསྒོམས་པས། ཀུན་རྫོབ་བྱང་སེམས་ཀྱི་ཐུགས་ལེགས་པར་འབྱོངས་པས་བྱམས་པ་དང་སྙིང་རྗེ་ཆེན་པོའི་བཞོན་པའི་རླུང་ལ་རང་དབང་ཐོབ་ཅིང༌། བྱང་ཆུབ་ཀྱི་སེམས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་རྣམ་རྟོག་གི་རླུང་རང་འགགས་སུ་སོང་བས། ཉིན་ཞག་རེ་ལ་རླུང་འཛིན་ཐེངས་བཞི་ལས་མ་དགོས་པ་བྱུང༌། བྱང་ཆུབ་ཀྱི་སེམས་ཀྱི་བཞོན་པའི་རླུང་དང་བྱང་ཆུབ་ཀྱི་སེམས་ཟུང་དུ་འཇུག་པའི་རླུང་སེམས་གཉིས་མེད་ལ་དབང་ཐོབ་པ་ན། བྱང་ཆུབ་ཀྱི་སེམས་ལ་མངའ་དབང་འབྱོར་བའི་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པའི་ས་དང་ལམ་གྱི་དགའ་སྤྲོ་ཆེན་པོ་རབ་ཏུ་རྒྱས་པས། དེའི་དབང་གིས་ལུས་ལའང་ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་དང་བཏང་སྙོམས་ཐམས་ཅད་ཕྱིར་ལྡོག་དང་བྲལ་བའི་ཟག་མེད་ཀྱི་ཚོར་བ་བདེ་དྲོད་ཆེན་པོ་འབར་བ་སླར་ཉམས་པ་མེད་པའི་དྲོད་ཀློང་དུ་ཆུད། དེའི་ཚེ་རང་གཞན་ཐམས་ཅད་ཀྱི་རྒྱུད་བྱང་ཆུབ་སེམས་ཀྱིས་སྨིན་པ་དང་གྲོལ་བའི་རྟགས་ངོ་མཚར་ཅན་མང་དུ་བྱུང༌། དངོས་པོའི་ཡུལ་ལ་དེར་ངེས་པའི་འཛིན་པས་དབེན་པའི་ངེས་ཤེས་སམ་མཁྱེན་པའམ་རྟོགས་པ་ཁོང་དུ་ཆུབ། དེའི་རྟོགས་པ་རྗེ་སྒམ་པོ་པ་ལ་ཕུལ་བ་ན། སླར་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་རྟོགས་པ་དེ་ཉིད་ལ་ཕྱིར་ལྡོག་ཡོད་མེད་ཀྱི་བརྟགས་ཉུལ་གྱི་ཆེད་དུ་མཐིང་སླད་མཛད་པ་ན། རྗེ་དུས་གསུམ་མཁྱེན་པས་ཐ་མལ་གྱི་ཤེས་པ་སྒྲོ་སྐུར་དང་བྲལ་བ་ལ་སྒྲོ་སྐུར་བསླད་བྱ་ཡོད་མེད་ཀྱི་ངོ་བོ་ག་དར་ཞབས་དྲུང་དེ་ཉིད་དུ་ཟླ་བ་དྲུག་གི་བར་དུ་མཛད་པས་ཀྱང་ངོ་བོ་ལ་སྒྲོ་སྐུར་གྱི་མཚན་མ་ཅུང་ཟད་ཀྱིས་ཀྱང་གནས་མ་རྙེད་པར་གཟིགས་ནས་སླར་ཡང་རྟོགས་པ་ཕུལ་བས། རྗེ་སྒམ་པོ་པས་རྗེ་བཙུན་གྱི་སྤྱི་བོར་ཕྱག་བཞག་ནས་སྲིད་ཞིའི་ཕྱོགས་གཉིས་ཀྱི་འཁོར་བའི་མཐར་ལྟུང་བ་དང་བྲལ་ལོ་ཞེས་དབུགས་དབྱུང་བ་ཡིན་ནོ། །དེ་ལྟའི་རྒྱུ་རྒྱུད་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཐ་མལ་གྱི་ཤེས་པ་སངས་རྒྱས་ཀྱི་སྙིང་པོ་དེ་ཆེས་དབང་རྣོན་ལ་བླ་མ་ལ་མོས་དགེའི་བསོད་ཚོགས་དཀར་པོ་གཅིག་ཐུབ་ཀྱིས་རྙེད་པ་ན། གསང་སྔགས་རང་བྱུང་ལྷན་ཅིག་སྐྱེས་པའི་རྟོགས་པ་དོན་གྱི་དབང་ཐོབ་པ་ཡིན་ཅིང༌། དེ་ལྟ་ནའང་གདོད་ཕྱིས་རྗེ་སྒམ་པོ་པ་ཁུ་དབོན་ལ་རྗེ་བཙུན་གྱིས་ཐ་མལ་གྱི་ཤེས་པ་མངོན་དུ་བྱ་བའི་གསང་སྔགས་རྟེན་འབྲེལ་ཟབ་མོའི་ཆོ་ག་ལ་བརྟེན་པའི་བརྡ་ཐབས་ཀུན་རྫོབ་དྲང་བའི་དོན་གྱི་དབང་ཞུས་པའི་དུས་རྗེ་སྒམ་པོ་པ་ཁུ་དབོན་ཡི་དམ་གྱི་ལྷར་ཞལ་གཟིགས་པར་སྣང་ངོ༌། །འོ་ན་རང་བྱུང་ལྷན་ཅིག་སྐྱེས་པ་རྟོགས་པ་དོན་གྱི་དབང་ཐོབ་པའི་ཚེའི་རྗེ་ཁུ་དབོན་མིའི་གཟུགས་སུ་གཟིགས་ལ། བརྡ་ཐབས་ཀུན་རྫོབ་དྲང་བའི་དོན་གྱི་དབང་ཐོབ་པའི་ཚེ་ཡི་དམ་གྱི་ལྷར་གཟིགས་པ་དེ་ལྟ་ན། དོན་གྱི་དབང་བསྐུར་བའི་བླ་མའི་གཟིགས་ཚུལ་ལས་བརྡ་དབང་བསྐུར་བའི་བླ་མ་ལ་གཟིགས་ཚུལ་མཆོག་ཏུ་གྱུར་པའི་ཕྱིར། དོན་དབང་ལས་བརྡ་དབང་མཆོག་ཏུ་གྱུར་པ་ཉིད་དུ་ཐལ་ལོ་སྙམ་ན། བླ་མ་ལ་རྟོགས་པ་དོན་གྱི་དབང་ཐོབ་པའི་ཚེ་བླ་མ་ལ་སངས་རྒྱས་ཆོས་སྐུའི་མོས་གུས་སྐྱེས་པས་ཐོབ་པ་ཉིད་ཀྱི་ཕྱིར་བླ་མ་མི་གཟུགས་ཕལ་པར་གཟིགས་པ་ལྟ་ཞོག བླ་མའི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུར་གཟིགས་པ་ཡིན་ལ། ཆོས་ཀྱི་སྐུ་དེ་ལས་གཡོ་བ་ཅུང་ཟད་ཀྱང་མེད་པར་བླ་མ་དེ་ཉིད་སྣོད་བཅུད་འཁོར་འདས་བརྟན་གཡོ་ཐམས་ཅད་ཀྱི་ཁྱབ་བདག་ཏུ་རོལ་བར་གཟིགས་པར་འགྱུར་བ་ཡིན་ནོ། །ཡང་བླ་མ་ལ་བརྡ་ཐབས་ཉམས་ཀྱི་དབང་ཞུས་པའི་ཚེ་བླ་མ་ལ་སངས་རྒྱས་གཟུགས་སྐུའི་མོས་གུས་སྐྱེས་པས་ཐོབ་པ་ཉིད་ཀྱི་ཕྱིར་དང༌། བརྡ་ཐབས་ཀུན་རྫོབ་དྲང་བའི་དོན་གྱི་དབང་ནི་ཀུན་རྫོབ་སྤྲོས་པའི་རྟེན་འབྲེལ་ལས་ལྟོས་པའི་ཕྱིར་རམ། བླ་མའང་སངས་རྒྱས་གཟུགས་ཀྱི་སྐུ་ཡི་དམ་གྱི་ལྷར་མི་གཟིགས་ཀ་མེད་དུ་འགྱུར་བ་ཡིན། དེས་ན་བརྡ་དབང་ལས་དོན་དབང་དམན་པར་ཡང་འགྱུར་བ་མ་ཡིན་ཏེ། རྒྱུ་མཚན་དེ་ཉིད་ཀྱིས་བརྡ་དབང་ལས་དོན་དབང་མཆོག་ཏུ་གྲུབ་པའི་ཕྱིར། འོ་ན་དོན་དབང་ཐོབ་པའི་ཆེད་དུ་དང་པོར་བརྡ་དབང་ཞུ་བ་ཡིན་གྱི་དོན་དབང་ཐོབ་ནས་དེ་ཉིད་ཀྱིས་ཉིང་དགོས་གྲུབ་པས་སླར་བརྡ་དབང་བསྐུར་བས་ཅི་ཞིག་བྱེད་སྙམ་ན་འདི་ནི་དབང་པོས་རབ་ཏུ་ཕྱེ་བ་ཡིན་གྱི་མཐའ་གཅིག་ཏུ་ངེས་བཟུང་བྱ་བ་མ་ཡིན་ཏེ། དབང་པོ་ཡང་རབ་ཆེས་དབང་རྣོན་ལ་ནི། ཤིན་ཏུ་སྤྲོས་མེད་ཀྱི་རྟོགས་པའི་དབང་དང་པོར་ཐོབ་པར་བྱས་ནས་རྗེས་ནས་སྤྲོས་མེད་དང་སྤྲོས་བཅས་ཀྱི་ཀུན་རྫོབ་ཀྱི་དབང་བསྐུར་ནོད་པ་ཡིན་ལ། དབང་རྣོན་ལ་སྤྲོས་མེད་ཀྱི་དབང་དང་པོ་ཐོབ་པར་བྱས་ནས།

རྗེས་ནས་ཤིན་ཏུ་སྤྲོས་མེད་རྟོགས་པའི་དབང་དང་སྤྲོས་བཅས་ཀྱི་ཀུན་རྫོབ་ཀྱི་དབང་བསྐུར་ནོད་པ་ཡིན་ལ། དབང་པོ་རྟུལ་པོ་ལ་ནི་རིམ་བཞིན་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་དབང་རིམ་ཅན་དུ་ནོད་པར་མཛད་པ་ཉིད་ཀྱི་ཕྱིར་དང༌། རྟོགས་པ་དོན་གྱི་དབང་ཐོབ་ནས་ཀྱང་ཀུན་རྫོབ་བརྡའི་དབང་ནོད་པའང་མི་འགལ་ཏེ། གཤིས་སྐྱེ་བ་མེད་པ་ཆོས་སྐུ་ཀློང་དུ་གྱུར་པའི་ཆེད་ཀྱི་དོན་དམ་ཆོས་སྐུའི་དཀྱིལ་འཁོར་དུ་རྟོགས་པ་དོན་གྱི་དབང་ཐོབ་ནས་སླར་ཡང་གདངས་འགག་མེད་གཟུགས་སྐུའི་རྩལ་སྦྱོང་པའི་ཆེད་དུ་ཀུན་རྫོབ་གཟུགས་སྐུའི་དཀྱིལ་འཁོར་དུ་བརྡ་ཐབས་ཉམས་ཀྱི་དབང་བསྐུར་ནོད་པ་ཆེས་འབྱོར་བའི་ཕྱིར། བརྡ་དབང་སྔོན་དུ་མ་སོང་བར་དོན་དབང་མི་སྐྱེ་ཞིང་མི་ཐོབ་པ་ཡང་དབང་པོ་རྟུལ་པོའི་དབང་དུ་བྱས་ཀྱི་དབང་རྣོན་ལ་མ་ཡིན་པའི་ཕྱིར། དེར་མ་ཟད་དབང་རྣོན་སྐལ་ལྡན་ཅིག་ཅར་བའི་གང་ཟག་རྟོགས་ལྡན་གྱི་རྒྱལ་པོ་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པར་གྱུར་པའི་སློབ་དཔོན་དང་སློབ་མ་དག་གིས་རྟོགས་པ་དོན་དང༌། བརྡ་ཐབས་ཉམས་མྱོང་གི་དབང་བསྐུར་བའི་དཀྱིལ་འཁོར་དང་ཆོ་ག་རྣམས་ཀྱང་དབང་བརྟུལ་སྐལ་མེད་རིམ་གྱིས་པའི་གང་ཟག་ལས་དང་པོ་པ་དག་གིས་རྡུལ་ཚོན་སོགས་ཀྱི་དཀྱིལ་འཁོར་དང་དེ་དང་འབྲེལ་བའི་ཆོ་གའི་སྒོ་ནས་དབང་བསྐུར་ཚུལ་གྱིས་བསྐུར་དགོས་པ་མ་ཡིན་ཏེ་གྲུབ་པ་ཆེན་པོའི་དཔོན་སློབ་སྐལ་བ་དང་ལྡན་པ་དེ་དག་ནི། དཀྱིལ་འཁོར་དང་གསང་སྔགས་དང་ཆོ་ག་ལ་མངའ་དབང་འབྱོར་བ་ཉིད་ཀྱི་ཕྱིར་ན་རྡོ་རྗེ་སློབ་མ་དང་སློབ་དཔོན་དག་གི་སྣང་བ་གསང་སྔགས་ཀྱི་དཀྱིལ་འཁོར་དང་ཆོ་གར་འཆར་བ་ལ་ནི་སྐྱེ་བོ་ཕལ་པའི་སྐལ་མེད་ལ་དབང་བསྐུར་ཚུལ་ལས་བགྲོད་པ་གཞན་ཡིན་པས་རྒྱུད་སྡེ་རྣམས་སུ་སློབ་དཔོན་གྲུབ་པ་ཐོབ་པས་སློབ་མ་དཀྱིལ་འཁོར་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་དང་ཆོ་ག་སོགས་ནི་ཕལ་པའི་ཡུལ་མ་ཡིན་པས་དེང་ཚུལ་རྒྱས་པར་མ་བསྟན་ཏེ། འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དཀྱིལ་འཁོར་དང་ནི་དབང་བསྐུར་དང༌། །ལས་མཆོག་གིས་ནི་ཚོགས་རྣམས་དག །ཉམས་སུ་ལེན་ཅིང་བྱིན་རློབ་པ། །གྲུབ་པའི་བགྲོད་པ་གཞན་ཡིན་ནོ། །ཞེས་འབྱུང་ངོ༌། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། མཁས་པ་གཡག་སྡེ་པཎ་ཆེན། རྗེ་ཀརྨ་པ་རང་བྱུང་རྡོ་རྗེའི་ཞལ་སྔར་བསྙེན་པ་ན། རྗེ་ཀརྨ་པས་གཡག་སྡེ་པཎ་ཆེན་ལ། ངས་ཁྱོད་ལ་ཨེ་ཝཾ་ཆེན་པོས་དབང་བསྐུར་བྱ་བས་ཁྱོད་ཀྱིས་རྡོ་གཞོང་ཞིག་དང་ལྡུམ་བུ་སྣ་ཚོགས་ཁྱེར་ལ་ཤོག་གསུངས་པས། བཙལ་ཏེ་ཁྱེར་འོངས་པ་ན། ལྡུམ་བུ་རྣམས་རྡོ་གཞོང་དུ་ཆུ་དང་བཅས་ཏེ་སྦྱངས་ནས་གཡག་སྡེ་པཎ་ཆེན་གྱི་ཞལ་དུ་བླུག་པས། གཡག་སྡེ་པཎ་ཆེན་གྱི་ཐུགས་རྒྱུད་ལ་ཨེ་ཝཾ་དབྱེར་མེད་པའི་དབང་བཞིའི་རྟོགས་པ་བརྙེས་པ་ལྟ་བུའོ། །སློབ་དཔོན་གྲུབ་པ་ཐོབ་པ་དང་སློབ་མ་སྐལ་ལྡན་ཅིག་ཅར་བ་མིན་པའི་དཔོན་སློབ་ཀྱི་དབང་བསྐུར་ཚུལ་ནི། དེ་ཉིད་ལས་ཇི་སྐད་དུ། བྷ་གའི་དཀྱིལ་འཁོར་ཞེས་གྲགས་དང༌། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། །ལུས་ཀྱི་དཀྱིལ་འཁོར་ཞེས་བཤད་པ། །གསུམ་པོ་དཀྱིལ་འཁོར་ཡིན་པར་གསུངས། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །ཕྱག་རྒྱ་ཐམས་ཅད་རྒྱས་གདབ་བོ། །དེ་ནི་རྟག་པར་རྒྱ་འགོད་པ། །དཀྱིལ་འཁོར་ཞེས་ནི་བསྟན་པའོ། །ཞེས་གསུངས་པའི་ཕྱིར་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དང༌། དེར་ལྟུང་བའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཉིས་ནི་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དཀྱིལ་འཁོར་གྱི་ཡིན་ལ། ལུས་ཀྱི་དཀྱིལ་འཁོར་ནི་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་དུ་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་ཕྱག་རྒྱས་བཏབ་པའོ། །ལུས་ཀྱི་དཀྱིལ་འཁོར་གྱིས་མཚོན་ནས་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་འགོད་པ་དེ་ལ་ཡང་དཀྱིལ་འཁོར་ཞེས་བཤད་དེ། དེ་ཡང་ཀླུའི་བློས། སློབ་མ་དོན་ཀུན་སྒྲུབ་པ་ཡི། །དཀྱིལ་འཁོར་རྣམ་པ་བརྒྱད་ན་བྲི། །རིན་ཆེན་ས་བོན་དེ་བཞིན་ཁམས། །མེ་ཏོག་དེ་བཞིན་བྱེ་མ་དང༌། །གཡའ་དང་ཕྱེ་མ་རྣམས་ཀྱིས་ཏེ། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཇི་ལྟར་ནུས་པའི་དཀྱིལ་འཁོར་དུ། །ས་བོན་དགོད་བྱ་ཡང་ན་ནི། །མཚན་མའམ་ལྷ་ཡི་གཟུགས་ཉིད་དེ། །ལུགས་མའམ་བརྡུངས་མ་འགོད་པར་བྱ། །ཞེས་གསུངས་པ་ལྟར་རིན་པོ་ཆེ་ལ་སོགས་པ་བདུན་དང་ཡིད་ཀྱིས་ཀུན་ཏུ་བཏགས་པ་སྟེ་དཀྱིལ་འཁོར་བརྒྱད་པོ་དེ་ལ་ས་བོན་དང་མཚན་མ་དང་ལྷའི་གཟུགས་བཀོད་པའི་དབྱེ་བས་དཀྱིལ་འཁོར་ཉི་ཤུ་རྩ་བཞིར་ཡང་འགྱུར་རོ། །གྲུབ་པ་ཐོབ་པ་མ་ཡིན་ཀྱང་དཀྱིལ་འཁོར་དངོས་སུ་སྤྲུལ་ནུས་པ་སྲིད་དེ་དེ་ལྟར་ན་ཕྱི་རོལ་དང་ཡིད་དང་སྤྲུལ་པ་དང་བྷ་ག་དང་བྱང་ཆུབ་ཀྱི་སེམས་དང་ལུས་ཀྱི་དཀྱིལ་འཁོར་ཏེ་རྣམ་པ་དྲུག་ཏུ་འགྱུར་རོ། །ཞེས་ཤེས་པར་བྱའོ། །དེས་ན་དབང་པོ་ཆེས་རྣོན་པོ་ལ་རྟོགས་པ་དོན་གྱི་དབང་ཐོབ་པའི་དེ་མ་ཐག་པར་སྐྱེད་རིམ་སྔོན་དུ་མ་སོང་ཡང་རྫོགས་རིམ་ཉིད་བསྒོམས་པས་མཆོག་གི་དངོས་པོ་ཐོབ་པར་འགྱུར་བ་ཡིན་ཏེ། འདུས་པ་རྩ་རྒྱུད་ལས། རིགས་ངན་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་གཉེར་སེམས་པ་རྣམས། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །མཚམས་མེད་སོགས་དང་སེམས་ཅན་ནི། །སྡིག་པ་ཆེན་པོ་བྱེད་པ་ཡང༌། །རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །ཅེས་པའི་འགྲེལ་པ་སྒྲོན་གསལ་ལས། རང་བཞིན་ཡོངས་སུ་ཤེས་པ་ཉིད་འཚང་རྒྱ་བའི་རྒྱུ་ཡིན་གྱི་སྐྱེ་གནས་ལ་སོགས་པ་ནི་ཞེས་བསྟན་པའི་ཕྱིར། རིགས་ངན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་མཚམས་མེད་དང་རྩ་བའི་ལྟུང་བ་སྤྱད་པ་རྣམས་ཀྱི་དབང་དུ་བྱས་ནས་དེ་རྣམས་ཀྱང་འདིར་བླ་མའི་དྲིན་གྱིས་རྫོགས་པའི་རིམ་པ་ཐོབ་ནས་འགྲུབ་པར་འགྱུར་ཞིང་སངས་རྒྱས་ཉིད་ཐོབ་པར་འགྱུར་ན་རིགས་ངན་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེའི་ངེས་པ་ལས་འདའ་བའོ། །དེ་ལྟར་སྣོད་དང་སྣོད་མ་ཡིན་པ་ལ་ལྟོས་པ་མེད་པར་དོན་མཛད་པས་ན་ཐེག་པ་ཆེ་བའི་བདག་ཉིད་གསལ་བར་སྟོན་པ་ཡིན་ནོ། །ཞེས་གསུངས་པས། གང་ཟག་དབང་པོ་རྣོན་པོ་དག་གིས་ལས་ཀྱི་སྒྲིབ་པ་ཆེན་པོ་བྱས་ཀྱང་རྫོགས་པའི་རིམ་པས་སྦྱོང་བར་གསུངས་པས། རྫོགས་རིམ་གྱི་རྟོགས་པ་ལ་བསྐྱེད་པའི་རིམས་པ་སྨིན་པ་སྔོན་དུ་འགྲོ་བ་མ་ཡིན་པའི་ཕྱིར་ཏེ། གལ་ཏེ་ཡིན་ན་བསྐྱེད་རིམ་གྱིས་རྒྱུད་སྨིན་པ་ཉིད་ལ་ལས་སྒྲིབ་བྱང་བ་སྔོན་དུ་མ་སོང་བར་བསྐྱེད་རིམ་སྨིན་པ་མི་སྲིད་ཅིང་འདིར་བསྐྱེད་རིམ་སྔོན་དུ་མ་སོང་ཡང་རྫོགས་རིམ་ཉིད་ཀྱི་ལམ་ནས་འཇུག་རུང་བས་རྫོགས་རིམ་གྱིས་ལས་སྒྲིབ་སྦྱང་བའི་དབང་དུ་མཛད་པའི་ཕྱིར། དེ་ལྟ་མ་ཡིན་ན་བསྐྱེད་རིམ་གྱིས་རྒྱུད་སྨིན་པའི་རྗེས་སུ། རྫོགས་རིམ་གྱིས་དེའི་ལས་སྒྲིབ་སྦྱོང་བའི་འགྱུར་དགོས་ལ་དེ་ལྟ་ཡང་མི་སྲིད་པའི་ཕྱིར་ཏེ། དེ་ལྟ་ན་བསྐྱེད་རིམ་གྱིས་རྒྱུད་སྨིན་པ་དོན་མེད་དུ་འགྱུར་བའི་ཕྱིར། དེར་མ་ཟད་སྡོམ་དམ་ཉམས་པས་ཐེག་པ་གསུམ་གྱི་འབྲས་བུ་མི་ཐོབ་བྱ་བའང་དབང་རྟུལ་གྱི་དབང་དུ་བྱས་པ་ཡིན་གྱི་དབང་རྣོན་ལ་མཐའ་གཅིག་ཏུ་མ་ངེས་ཏེ། རྒྱུའི་ཐེག་པར་དགེ་སློང་དྲི་མ་མེད་པས་ཕམ་པའི་ལྟུང་བ་ཀུན་དུ་སྤྱོད་པ་དེ་སངས་རྒྱས་ཀྱིས་ཆོས་བསྟན་པས་དེ་ཉིད་དུ་བདེན་པ་མཐོང་བར་གསུངས་པ་དང༌། རྗེ་བཙུན་གླིང་ཕམ་པ་དང་པོ་བྱུང་བ་ཞིག ཕག་མོ་གྲུ་པའི་མདུན་དུ་བྱོན་པའི་རྐྱེན་གྱིས་ས་ར་ཧ་པ་དང་མཉམ་པའི་རྟོགས་པ་འཁྲུངས་པ་ལྟ་བུའོ། །ཞེས་བྱ་བའང་ཞར་ལས་ཤེས་པར་བྱའོ། །དེ་ཡང་ཀུན་རྫོབ་བརྡ་ཐབས་ཀྱི་དབང་ལེན་པ་ན། རྡོ་རྗེ་དཔོན་ཆོས་ཀྱི་སྐུར་བཞུགས་པའང་གཟུགས་ཀྱི་སྐུར་སྣང་བ་བསྐྱེད་པའི་སྒོ་ནས་དབང་བསྐུར་བ་ནི་རྟེན་འབྲེལ་གྱི་ཆེ་བ་ཡིན་ཏེ། ཆོས་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་དོན་དམ་པའི་དབྱིངས་ལ་ནི་དབང་བསྐུར་བའི་བྱ་བ་ལ་སོགས་ཀྱི་བྱེད་པ་གང་གིས་ཀྱང་རེག་པར་མི་ནུས་པའི་ཕྱིར་ཡང༌། རྗེ་སྒམ་པོ་པ་ཁུ་དབོན་གྱི་སྐུ་སྐད་ཅིག་དེར་ཡི་དམ་གྱི་ལྷ་མི་འདྲ་བ་དུ་མ་དང༌། འོད་ཕུང་སོགས་དང༌། ས་ཆུའི་སྣང་བ་སྣ་ཚོགས་དུ་མར་འཆར་བའི་སྤྲུལ་བསྒྱུར་སྟོན་པའི་ཐབས་ལ་མན་ངག་ཅི་ལྟ་བུ་ཞིག་སྙམ་ན། དེའི་མན་ངག་ནི་ཟུར་དུ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུར་ཁོང་དུ་ཆུབ་པ་ན་ཆོས་ཅན་སྒྱུ་མ་ལྟ་བུར་ཡིད་ཀྱི་རྣམ་པར་འཁྲུལ་པ་ཙམ་གྱིས་དེ་དང་དེའི་སྣང་བ་འབད་མེད་དུ་འབྱུང་བ་ལས། དེ་ལས་དམིགས་རྣམ་བསྒྱུར་བའི་ཐབས་ཤེས་ཟུར་དུ་མི་དགོས་པའི་ཕྱིར། རྗེ་ཆེན་པོ་སངས་རྒྱས་མཉན་པ་རས་ཆེན་གྱི་ཞལ་སྔ་ནས་ཀྱང་སྤྲུལ་ཞིང་བསྒྱུར་བའི་རྫུ་འཕྲུལ་དཔག་མེད་སྣང་བ་ལ། སློབ་མ་དག་གིས་འདི་ལྟའི་རྫུ་འཕྲུལ་གྱི་བཀོད་པ་སྟོན་པ་ལ་སྦྱོར་བ་ཅི་ལྟ་བུ་འཚལ་ཞུས་པས། སྦྱོར་བ་ལྷག་ཏུ་མེད། གདུལ་བྱ་ལས་མཐུན་གྱི་བསམ་པ་དང་མཐུན་པ་ལ་འདུན་པ་གཏོད་ལུགས་ཀྱི་མི་འདྲ་བ་ཙམ་བྱས་པས་སློབ་མ་རྣམས་ལ་མཐོང་སྣང་མི་འདྲ་བ་དུ་མ་བྱུང་ཟེར་བ་ལས་བདག་གིས་ཆེད་གཉེར་གཞན་ཅི་ཡང་བྱས་པ་མེད་ཅེས་བཀའ་སྩལ་པ་ལྟ་བུའོ། །དེས་ན་གནས་ཚུལ་དོན་དམ་པའི་བདེན་པ་མངོན་དུ་གྱུར་ནས་སྣང་ཚུལ་ཀུན་རྫོབ་པའི་བདེན་པ་འབད་མེད་དུ་དབང་དུ་འདུས་ཤིང་དབང་བསྒྱུར་བའི་ཆོས་ཚུལ་འདི་ལྟ་བུ་ཉམས་སུ་ལོན་པར་གྱིས་ཤིག

༡༡༨

ཡང་རྗེ་དུས་གསུམ་མཁྱེན་པ་དེ། ཀཾ་པོ་གནས་ནང་དུ་ཚོགས་མཆོད་ཅིག་མཛད་པའི་གྲལ་དུ་བཅོམ་ལྡན་འདས་མ་ཧཱ་མ་ལྷ་ལྔ་ཞལ་གཟིགས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དགོངས་ཏེ། དེའི་ཚེ་རྨེན་གེ་དགེ་བཤེས་ཀྱིས་མགུར་ཅིག་གསུངས་པར་ཞུ་ཞུས་པས། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐལ་ལྡན་བདག་ལ་བྱིན་གྱིས་རློབས། །འཁོར་འདས་གཉིས་སུ་མེད་པར་འདུག །རེ་དོགས་གཉིས་དང་བྲལ་ལམ་སེམས། །ཡིད་དམ་སེམས་ཀྱི་རྣམ་པར་འདུག །བསྐྱེད་རིམ་སྒོམ་པ་བཤོལ་ལམ་སེམས། །བར་ཆད་དངོས་གྲུབ་ཡིན་པར་འདུག །སྲུང་འཁོར་སྒོམ་པ་བཤོལ་ལམ་སེམས། །རླུང་སེམས་གཉིས་སུ་མེད་པར་འདུག །རྩ་རླུང་སྒོམ་པ་བཤོལ་ལམ་སེམས། །སྣང་སེམས་གཉིས་སུ་མེད་པར་འདུག །གཟུང་འཛིན་གཉིས་དང་བྲལ་ལམ་སེམས། །བདག་དང་ཕྱི་རོལ་འདྲེས་པར་འདུག །ཆགས་སྡང་གཉིས་དང་བྲལ་ལམ་སེམས། །ཡང་སྲིད་མེད་པའི་རྩེ་མོར་འདུག །ཚེ་གཅིག་ས་ལམ་ཆོད་དམ་སེམས། །ཡེ་ནས་ལྷུན་གྱིས་གྲུབ་པར་འདུག །རྒྱུ་རྐྱེན་གཉིས་དང་བྲལ་ལམ་སེམས། །ཡོད་མེད་གཉིས་ཀྱི་དབུ་མར་འདུག །བློ་ལས་འདས་པ་ཡིན་ནམ་སེམས། །མཉམ་གཞག་རྗེས་ཐོབ་འདྲེས་ནས་འདུག །སེམས་ལ་བརྟན་པ་ཐོབ་བམ་སེམས། །སྤྱོད་པ་ཚོགས་དྲུག་ལྷུག་པར་འདུག ། མཚན་མ་རང་སར་གྲོལ་ལམ་སེམས། །དགེ་སྡིག་གཉིས་དང་བྲལ་ནས་འདུག །དགག་སྒྲུབ་གཉིས་དང་བྲལ་ལམ་སེམས། །སྤྱོད་ལམ་རྣམ་བཞི་རང་ས་ཟིན། །སྙེམ་བྱེད་བྲལ་བ་ཡིན་ནམ་སེམས། །ཡུལ་ལྔ་སྒྱུ་མའི་ངང་དུ་འདུག །གློ་བུར་ཞེན་པ་ལོག་གམ་སེམས། །འོད་གསལ་རྒྱུན་ཆད་མེད་པར་འདུག །བར་དོ་རྣམ་གསུམ་མེད་དམ་སེམས། །ཐམས་ཅད་སེམས་སུ་ཤེས་ནས་འདུག །གཅིག་ཤེས་ཀུན་ལ་མཁས་སམ་སེམས། །ཚིག་གི་སྡེབ་སྦྱོར་བསམ་མི་དགོས། །ཆོས་ལ་བྱན་པོ་ཚུད་དམ་སེམས། །ཞེས་འབྱུང་བའི་དོན། འཁོར་བ་ཉིད་མྱང་འདས་སུ་ཡོད་པ་ནི། རྡོ་རྗེ་ཕྲེང་བར་ཇི་སྐད་དུ། ལུས་ནི་གཞལ་ཡས་ཁང་དུ་འགྱུར། །སངས་རྒྱས་ཀུན་གྱི་ཡང་དག་བརྟེན། །ཟུར་བཞི་པ་ནི་མདུན་རྒྱབ་དང༌། །གཡས་དང་གཡོན་གྱི་དབྱེ་བས་སོ། །ཞེས་དང༌། དགོངས་པ་ལུང་སྟོན་ལས། ཕུང་པོ་འདི་དག་སངས་རྒྱས་ཏེ། །བྱང་ཆུབ་དོན་དུ་རྐྱེན་དུ་འབྱུང། །གཉིས་མེད་དེ་བཞིན་ཉིད་སྦྱོར་བས། །དེ་ཡང་དེ་བཞིན་གཤེགས་ཞེས་བྱ། །ཞེས་རྒྱུའི་རྒྱུད་རང་བཞིན་གྱི་འོད་གསལ་བ་དེ་ལས་བྱུང་བའི་འཁོར་བའི་ཆོས་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་རྒྱུ་དང༌། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱིས་རྐྱེན་དུ་མ་གྱུར་པ་གང་ཡང་མེད་པས། ལམ་རྒྱུད་ཀྱི་སྐབས་སུ་དེ་ཉིད་སངས་རྒྱས་སུ་སྒྲུབ་ནས་འབྲས་རྒྱུད་ཀྱི་སྐབས་སུ་མི་གནས་པའི་མྱང་འདས་ཕྱིར་མི་ལྡོག་གི་སངས་རྒྱས་སུ་འཆར་བས་སེམས་ཅན་གྱི་ཕུང་ཁམས་སྐྱེ་མཆེད་འདི་ག་སངས་རྒྱས་ཡིན་པ་ལས། གཞན་དུ་སངས་རྒྱས་བཟང་པོ་ཐོབ་འདོད་དང༌། སེམས་ཅན་དམན་པ་སྤང་འདོད་ཀྱི་རེ་དོགས་དང་བྲལ་ཞིང༌། ཡི་དམ་གྱི་ལྷ་ཐོབ་བྱའི་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྟ་བུ་ཡང་རང་སེམས་སྒྲིབ་པ་ཐམས་ཅད་བྲལ་བའི་དམིགས་པ་ལ་རང་ལུས་ཀྱི་རྣམ་པ་བདེ་མཆོག་འཁོར་ལོའི་རྣམ་པར་འཆར་བས། རང་ལས་གཞན་དུ་གྲུབ་པའི་སངས་རྒྱས་ཤིག་བསྐྱེད་པའི་རིམ་པས་ཐོབ་བྱར་མེད་པས་ཀུན་བརྟགས་རྟོག་པའི་ལྷ་བཤོལ་ལམ་སྙམ་མོ། །སངས་རྒྱས་ཐོབ་པ་ལ་བར་ཆད་སྒྲིབ་གཉིས་བདུད་བཞི་ཐམས་ཅད་ཀྱང་བློ་འཁྲུལ་མ་འཁྲུལ་གྱི་མ་རིག་པ་རང་རིག་པའི་ཡེ་ཤེས་ཀྱི་ལྟ་ཚུལ་གྱིས་ཕྱེ་བ་མ་གཏོགས། ཡུལ་རང་ངོས་ན་གྲུབ་པའི་བར་ཆད་དུ་མ་གྲུབ་ཅིང༌། དེ་མ་གྲུབ་པས་དེ་ཉིད་རང་རིག་ཡེ་ཤེས་ཀྱི་གཟིགས་ངོ་ན་ཟབ་མོ་སྟོང་ཉིད་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུ་འབྲས་སུ་འཆར་བས། བར་ཆད་རང་བདེན་པ་ལ་བཟློག་པ་དང་དངོས་བདེན་པའི་བསྲུང་འཁོར་སྒོམ་པ་དོན་མེད་པའོ། །སྒྲིབ་བྲལ་དེ་བཞིན་གཤེགས་པ་ལྔའི་གོ་འཕང་ཐོབ་བྱེད་ཀྱི་རླུང་དང༌། དེ་ཐོབ་པའི་བསམ་སྦྱོར་གདོད་ནས་འོད་གསལ་བའི་སེམས་གཉིས་ཀྱང་གྲུབ་པ་དང་བདེ་བ་ལྷན་གཅིག་པར་སྣང་སྟེ། རྡོ་རྗེ་ཕྲེང་བ་ལས། ཐོག་མར་རླུང་གི་དེ་ཉིད་དང༌། །དེ་ནས་སྔགས་ཀྱི་དེ་ཉིད་གསལ། །དེ་ལ་རླུང་གི་འོད་ཟེར་མཆོག །གསལ་བ་ཆེན་པོ་ཁ་དོག་ལྔ། །དེ་བཞིན་གཤེགས་པ་ལྔ་རང་བཞིན། །ཕུང་པོ་ལྔ་ཡི་རང་ངོ་བོ། །དེ་ནི་ཡེ་ཤེས་ལྔ་དག་པ། །རླུང་ལྔ་རུ་ནི་རྒྱུ་བར་བྱེད། །མངོན་པར་བྱང་ཆུབ་རྣམ་པ་ལྔའི། །དེ་ཉིད་མཚན་གོ་འཕང་མཆོག །སྣ་ཡི་རྩེ་མོ་དེ་ཉིད་མཆོག །རླུང་ལྔ་དང་ནི་རང་ངོ་བོ། །རླུང་གི་དེ་ཉིད་ཅེས་ནི་བཤད། །ཅེས་འབྱུང་བས། སྒྲིབ་བྲལ་གྱི་རླུང་སྔགས་རང་བཞིན་གཅིག་པ་དེ་ལས་ཡེ་ཤེས་ལྔའི་ངོ་བོའི་སེམས་ཅན་ལྷུན་གྲུབ་ཏུ་གནས་པས་ཟག་མེད་ཀྱི་ཕུང་ལྔ་སྒྲུབ་པར་བྱེད་ལ། དེ་ལྟའི་ཟག་མེད་ཀྱི་ཕུང་ལྔ་དང་བྱང་ཆུབ་ལྔ་བརྙེས་པ་དེ་ཉིད་དེ་བཞིན་གཤེགས་པ་ལྔའི་གོ་འཕང་དང་དེ་ཉིད་བདེ་བའི་རྟེན་རྫས་ཀྱི་རླུང་མི་རྟོག་པའི་རྟེན་སྔགས་ཀྱི་རླུང་གསལ་བའི་རྟེན་འོད་ཀྱི་རླུང་སྟེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་སྣ་རྩེར་རྟེན་འབྲེལ་གྱི་གནད་བཅིངས་པས་སྐད་ཅིག་གི་ཆོས་གཟུགས་ཀྱི་སྐུར་སངས་རྒྱས་པར་འགྱུར་བས་ན་རྣམ་སྨིན་གྱི་རྩ་རླུང་གི་བྱེད་བཅིངས་ཙམ་ནི་མུ་སྟེགས་པ་དང་ཐུན་མོང་གི་མཁའ་སྤྱོད་གསང་སྔགས་ཀྱི་རིག་པ་འཛིན་པ་སྒྲུབ་པ་ནི་སྙིང་པོ་མེད་པས་བཤོལ་བར་བྱའོ། །རང་རིག་པ་ཉིད་ལ་ལྟོས་པའི་ཤེས་བྱ་དང་ཤེས་བྱེད་ཀྱི་སྣང་བ་དང་སེམས་ཙམ་ལས། རང་རིག་པ་ཉིད་ལས་གཞན་པའི་གཟུང་འཛིན་ཅན་གྱི་སྣང་སེམས་ཐ་དད་པ་གཉིས་དང་བྲལ་བར་རྟོགས་པ་ན། གཟུང་བའི་ཡུལ་སུན་ཕྱུང་བས་འཛིན་སེམས་འགོག་པ་ལྟ་བུའི་འཁྲུལ་པ་རྒྱུན་གཅོད་པའི་རེས་འཇོག་ཕྱོགས་ལྷུང་ཅན་གྱི་ལྟ་སྒོམ་ཡང་བཤོལ་ལམ་སེམས། འཁོར་འདས་ཀྱི་གང་ཟག་ཐམས་ཅད་བདག་གཞན་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཐུགས་ཅན་གྱི་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ལས་འདའ་བ་མེད་དེ། འཇམ་དཔལ་ཞལ་ལུང་ལས། དེ་འདྲའི་རྡོ་རྗེ་འཆང་ཆེན་པོ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་མཆོག །ཐབས་ཀྱི་སྒྲུབ་པར་བྱ་བའི་དངོས། །བརྟགས་པ་ཀུན་ལ་རབ་དབེན་པ། །ཕུན་སུམ་ཚོགས་རྒྱུ་དཔག་དཀའ་བ། །ཕྱག་རྒྱ་ཆེན་པོར་རབ་སྣང་བའི། །ཟེར་གྱིས་རང་གཞན་སྨིན་བྱེད་པ། །དེ་གཉིས་མེད་པའི་རང་བཞིན་མཆོག །ཅེས་དང༌། གྲོལ་ཐིག་ལས། དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པ། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །ཞེས་འབྱུང་ངོ༌། །དེ་ལྟར་ན་བདག་གཞན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔར་རོ་གཅིག་ཏུ་གྱུར་ནས་སུ་ལ་ཆགས་ཤིང་སུ་ལ་སྡང་སྟེ། ཐམས་ཅད་ཀྱང་དྲུག་པ་རྡོ་རྗེ་སེམས་དཔའ་འབའ་ཞིག་གི་ཆོ་འཕྲུལ་ལོ་དེ་ཙ་ན་སྐྱེ་འཆིའི་འཁོར་ལོ་ཅན་འཁོར་བ་ཞེས་བྱ་བ་ཡང་མི་འགྲུབ་སྟེ། གང་ནས་གང་དུ་ལས་ཀྱི་འཕོ་འགྱུར་སོགས་ཡང་སྲིད་ཀྱི་གནས་པ་མེད་པར་མི་གནས་པའི་མྱ་ངན་ལས་འདས་པ་ཁོ་ན་ལས་གཡོ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དེས་ན་ལས་ཉོན་གྱིས་འཕང་པའི་ཚེ་སྲོག་སོགས་ནི་རྨི་ལམ་དུ་རྨི་ལམ་སྣ་ཚོགས་འབྱུང་བ་ལྟར་འཁྲུལ་པ་ལས་ཉིང་འཁྲུལ་ཉིད་ཀྱི་ཕྱིར། དེ་ཉིད་གཞི་རྟེན་དུ་བཟུང་ནས་ས་ལམ་བགྲོད་པ་སོགས་ནི་སྨིག་རྒྱུ་ལ་ཆུ་འཚོལ་བ་ལྟར་དོན་དུ་མི་འགྱུར་བས། གདོད་མའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བདེ་བ་ཆེན་པོའི་འཚོ་གཞེས་ཀྱི་ཚེ་འགྱུར་བ་མེད་པ་རྟག་པ་དམ་པའི་ངང་དུ་ས་ལམ་ཐམས་ཅད་ཡོངས་རྫོགས་སུ་ཆོད་དེ། རྒྱལ་པོ་ཨིནྡྲ་བྷུ་ཏིས། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་འབྱུང་བ་ལྟ་བུའོ། །དེ་ལྟ་བུ་རྡོ་རྗེ་འཆང་གི་གོ་འཕང་དེ་ཡེ་ནས་རང་བཞིན་ལྷུན་གྲུབ་ཀྱི་རྒྱུན་དུ་འབྱུང་བ་སྟེ། ཞལ་ལུང་ལས། རྒྱུན་དང་རྣམ་གྲངས་ཀྱིས་གནས་པ། །ཞེས་འབྱུང་བའི་འགྲེལ་པར། དམན་ཞབས་ཀྱིས། ཇི་སྐད་དུ། ཟབ་མོ་ནི་རྒྱུན་གྱིས་རྟག་པའོ། །ཞེས་གསུངས་ལ། དེ་ནི་འཁྲུལ་པའི་བློའི་ཡུལ་ལས་འདས་ཤིང༌། དེ་ནི་ཡོད་མེད་ཀྱི་སྤྲོས་མཐའ་ཐམས་ཅད་དང་བྲལ་བའི་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་དབུ་མ་རྣམ་པར་དག་པ་གསང་བ་བསམ་གྱིས་མི་ཁྱབ་པ་མངོན་དུ་མཛད་དེ། སློབ་དཔོན་ཆེན་པོ་ཨརྱ་དེ་བས། ཇི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང་དག་པར་འགྲོལ་བ་ལས་ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་མཆོག་ཏུ་བཟུང་བར་དཀའ་བ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་དྲིས་པའི་སེམས་གང་ཡིན་པ་དེ་ངོ་བོ་ཉིད་ནི་རྩ་བ་མེད་པ་གནས་པ་མེད་པ། གཞི་མཚན་མ་མེད་པ། དབྱིབས་དང་ཁ་དོག་མེད་པ། དབང་པོ་ལས་འདས་པ། རྟོག་གེ་རྣམས་ཀྱི་སྤྱོད་ཡུལ་མིན་པ། ཞེས་འབྱུང་ངོ། །དེ་ལྟའི་བྱང་ཆུབ་ནི་འཁྲུལ་པའི་བསླད་པ་ཐམས་ཅད་དང་བྲལ་བས་མཉམ་གཞག་པ་དང་རྗེས་ལ་ཐོབ་པའི་ལྡང་འཇུག་མེད་ཅིང༌། དེ་ལྟར་གྱི་ཚེ་སྙིང་པོ་འོད་གསལ་བའི་སེམས་བརྟན་པ་ཐོབ་པས་སྤྱོད་པ་གཟུགས་སྒྲ་སོགས་ལ་སྤྱོད་པའི་རྡོ་རྗེའི་ཚོགས་དྲུག་གི་ཤེས་པའང་ལྷུག་པར་བཞག་པ་ལས་དེ་ལ་དྲན་པ་ཉེ་བར་བཞག་པ་སོགས་ཀྱི་སྲུང་བ་མེད་པ་རྣམ་པ་གསུམ་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས། ཤེས་བྱ་མཚན་མར་འཛིན་པའི་སྒྲིབ་པ་དང་བྲལ་ཞིང༌། དེའི་ཚེ་ངན་པ་ལ་བཟང་པོ་དང༌། བཟང་པོ་ལ་ངན་པ་ཞེས་རྟོག་ཅིང་དཔྱོད་དེ་རྩུབ་མོའི་ངག་དང་ཐ་མལ་དམན་པའི་རིགས་ལ་མཆོག་གི་ཆགས་པས་འོ་བྱ་ཞིང་འཁྲིག་པ་སོགས་སྡིག་པའི་ལས་ལ་ལའང་དགག་པ་མེད་ཅིང༌། འཇིག་རྟེན་ན་ཚངས་པར་གྲགས་པའི་སྤྱོད་པ་དགེ་བ་ལ་སྒྲུབ་པ་མེད་པར་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་རྡོ་རྗེ་འཆང་དུ་ངེས་པའི་ང་རྒྱལ་གྱི་སྤྱོད་པ་སྣ་ཚོགས་སྐྱོང་བ་ལ་བསྙེམས་པ་སྟེ་འཇིགས་པ་དང་བག་ཚ་བ་ཐམས་ཅད་བྲལ་བར་གྱུར་པ་ཡིན་ཏེ། གྲོལ་ཐིག་ལས། རྡོ་རྗེ་ཅན་ལུས་དམ་ཚིག་པ། །ལས་བྱུང་སྐྱེས་པ་བུད་མེད་ཀྱི། །སྒྱུ་མའི་གཟུགས་ལ་བརྙས་མི་བྱ། །རྡོ་རྗེ་སེམས་ལྡན་དམ་ཚིག་པས། །ངན་པར་རྟོགས་པ་བཟང་པོར་རྟོགས། །རང་གི་སེམས་ཀྱི་རང་སེམས་ལ། ཕྱི་མས་སྔ་མ་སུན་མི་དབྱུང༌། །རྡོ་རྗེ་ངག་གི་དམ་ཚིག་པས། །འདོད་པས་བསྐྱེད་པའི་ཚིག་རྩུབ་མོ། །ཕྲ་མ་ལ་སོགས་བདེ་བ་ཡི། །ཚིག་ཏུ་རྣམ་པར་སྨྲ་བར་བྱ། །ཞེས་འབྱུང་བ་ལྟར། དེས་ན་འཁྲུལ་པའི་ཡུལ་ལྔ་ནི་སྒྱུ་མ་ལྟར་བརྫུན་ཅིང༌། དེ་ཉིད་ལ་བདེན་པར་ལྟ་བའི་གློ་བུར་དྲི་མ་གཟུང་འཛིན་བག་ཆགས་ཀྱི་ཞེན་པ་ཕྲ་མོ་རྒྱུ་བ་ཙམ་ཡང་གཏན་ལོག་པའི་སེམས་མངོན་དུ་གྱུར་ཏེ། དེས་ན་གློ་བུར་དྲི་མའི་ལུས་སེམས་རྣམ་པར་དག་པའི་རྡོ་རྗེའི་སྐུའི་ལུས་སེམས་འོད་གསལ་བ་ནི་སྐྱེ་འཆི་དང་བར་དོ་རྣམ་པ་གསུམ་གྱི་སྒྲོག་ཏུ་ཚུད་པ་མེད་ལ། མདོར་ན་ཤེས་བྱའི་ཆོས་ཐམས་ཅད་ཤེས་བྱེད་སེམས་ཉིད་ཀྱིས་རྣམ་པར་བཀོད་པ་ལས་གཞན་དུ་མེད་པས་སྔར་མ་ཤེས་པའི་ཤེས་བྱ་ཞིག་གདོད་ཤེས་པར་བྱར་མེད་ཅིང་ཤེས་བྱེད་རང་གི་བཀོད་པའི་ཤེས་བྱ་ཐམས་ཅད་ལ་ནི་རང་ཉིད་ཤིན་ཏུ་འདྲིས་ཤིང་བྱང་ཆུབ་པ་ཉིད་ཀྱི་ཕྱིར། སེམས་ཉིད་གཅིག་པུའི་གནས་ཚུལ་ཁོང་དུ་ཆུབ་པས་ཤེས་བྱའི་ཆོས་ཐམས་ཅད་མཁྱེན་པའི་ཀུན་མཁྱེན་དུ་གྱུར་ན། ཆོས་ཐམས་ཅད་ཀྱི་དོན་མངོན་དུ་གསལ་བར་བྱེད་པ་ལ་ཚིག་དང་ཡིག་འབྲུ་ཉི་ཚེ་བའི་སྡེབ་སྦྱོར་ལ་རག་མ་ལས་པར་ཤེས་བྱ་ན་སྲིད་དོ་ཅོག་གི་ཡི་གེ་དང་ཚིག་གི་ཚོགས་ལ་རང་བྱན་ཚུད་དེ་རང་དབང་འབྱོར་བས་འགྲོ་བ་ཐམས་ཅད་ཀྱི་མི་ཤེས་པའི་སྒྲོ་སྐུར་གཅོད་པའི་ཚིག་དང་དོན་དང་ཆོས་དང་སྤོབས་པ་ལ་སོ་སོར་ཡང་དག་པར་རིག་པ་བཞིའི་སྒོ་ནས་སྐྱེ་དགུ་ཐམས་ཅད་ཀྱི་འདོད་པའི་དོན་སྒྲུབ་པར་བྱེད་པར་ཞལ་གྱིས་བཞེས་པའོ། །ཚུལ་འདི་ལྟ་བུའི་རྟོགས་པ་ཐོབ་པ་ལ་སྐལ་བ་དང་ལྡན་པ་དག་སློབ་པར་གྱིས་ཤིག

༡༡༩

དེས་ན་བཀའ་བརྒྱུད་འདི་པའི་ཆོས་ཀྱི་སྲོག་གནད་གང་ཡིན་པ་དག་སྙིང་པོ་ཇི་ལྟར་བསྡུ་སྙམ་ན། རྗེ་སྒམ་པོ་པ་ཉིད་ཀྱི་ཞལ་ནས། ལར་རང་རིག་པའི་ངོ་བོ་ཅི་ཡང་མ་གྲུབ་པ་དེ་ཤེས་ན། དེའི་ངང་ལ་བཞག་པ་བས་ལྷག་པ་ཅི་ཡང་མེད། རྣམ་པར་རྟོག་པ་ཕྲ་མོ་བྱུང་ཡང་མི་ལྟོ། དེ་རང་ལ་བལྟས་པས་ཚུར་ལོག་འོང༌། སེམས་ཀྱི་ངོ་བོ་ཅི་ཡང་མ་ཡིན་པ་དེ་བས་ལྷག་པ་གང་ཡང་མེད་དེ། རྟོག་མེད་ཀྱི་ཏིང་ངེ་འཛིན་ནམ་མཁའ་ལྟར་ཕྱལ་སོང་བ་དང༌། རིག་པའི་ངང་ལ་མ་ཡེངས་པར་གནས་པ་གཉིས་གང་དགའ་བལྟས་ཏེ། རྟོགས་མེད་དེ་ལུང་མ་བསྟན་དུ་འདུག་པ་དེས་དོན་མི་འགྲུབ། དེ་བས་ཐ་མལ་གྱི་ཤེས་པ་རང་དགའ། ཡང་ནམ་མཁའི་ཁམས་ཐམས་ཅད་ལྷ་དང་ལྷ་མོས་གང་བ་ལས་དེས་བདག་ཡར་དྲངས་ཏེ། དེ་དང་བདག་ཐ་མི་དད་དུ་གྱུར་པར་བལྟས་ཏེ། དེ་ལྟར་སྣང་ཡང་སེམས་ཀྱི་འཁྲུལ་སྣང་འགྱུར་བ་ཅན་ཡིན་པས། དེ་བས་ཀྱང་ཐ་མལ་གྱི་ཤེས་པ་རང་དགའ། ཡང་རང་ཉིད་སངས་རྒྱས་སུ་བྱས་ཏེ་མཚན་དཔེས་བརྒྱན་པ་འཇའ་ཚོན་ལྟར་གསལ་བར་བྱུང་ཡང༌། དེ་སློབ་བྱས་བསྐྱེད་པའི་རིམ་པ་ཡིན་ཏེ། དེ་བས་ཀྱང་ཐ་མལ་གྱི་ཤེས་པ་རང་དགའ། ཡང་བཀའ་གདམས་པ་ལྟར་གཟུང་འཛིན་གཉིས་ཀ་གཞི་རྩ་མ་གྲུབ་པས་སྐྱེ་མེད་དུ་བྱས་ནས། ཆོས་ཐམས་ཅད་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟར་གྱུར་ཀྱང༌། དེ་ཡང་བློ་བྱས་ཀྱི་ཤེས་བྱ་གཤིས་ཤོར་གྱི་སྟོང་པ་ཡིན་པས། དེ་བས་ཀྱང་ཐ་མལ་གྱི་ཤེས་པ་རང་དགའ། ཐ་མལ་གྱི་ཤེས་པ་ཉམས་སུ་མྱོང་བ་ལ་གསང་སྔགས་ནས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་འབྱུང་ངོ༌། །ཞེས་བཀའ་སྩལ་ཏེ། དེའི་དོན་ནི། གཉུག་མ་སངས་རྒྱས་ཀྱི་སྙིང་པོའི་སེམས་ཐ་མལ་གྱི་ཤེས་པ་དང་གློ་བུར་དྲི་མ་རྣམ་ཤེས་ཚོགས་བརྒྱད་ཀྱི་ཤེས་པ་གང་ཡིན་ཀྱང་རུང༌། སྒྲིབ་བཅས་སྒྲིབ་བྲལ་གྱི་ཤེས་པའི་ངོ་བོ་ཅིར་ཡང་མ་གྲུབ་པ་ཞེས་པ་ནི། དེ་ལྟའི་རང་རིག་དེ་ཀུན་རྫོབ་རྫུན་པ་ལ་བདེན་པར་སྣང་བའི་ཀུན་རྫོབ་བདེན་པའམ། ཀུན་རྫོབ་བདེན་པ་དེ་ཉིད་བདེན་པར་མ་གྲུབ་པའི་རྫུན་པ་ཉིད་ཀྱིས་རང་བཞིན་མེད་པ་དོན་དམ་པའི་བདེན་པར་བརྗོད་པའི་བདེན་པ་གཉིས་རྫུན་པ་ལྟར་བདེན་པ་བདེན་པ་ལྟར་གང་དུ་ཡང་མ་གྲུབ་པར་ཁོང་དུ་ཆུབ་པ་ཡིན་ལ། མདོར་ན་གཞི་གྲུབ་པའི་ཆོས་སུ་གྱུར་པ་ཞིག་ཡིན་ན་བདེན་པ་དང་རྫུན་པ་གང་ཡང་རུང་བ་ཞིག་ཏུ་གཞི་གྲུབ་དགོས་ལ། དེ་གང་དུ་ཡང་གཞི་མ་གྲུབ་ན་འདི་ལྟར་གཞི་གྲུབ་བོ་ཞེས་པའི་སྨྲ་བསམ་བརྗོད་པ་རྟོག་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ལ། བདེན་རྫུན་གང་གིའང་གཞིར་མ་གྲུབ་ན། གཞིར་མ་གྲུབ་རིག་པའི་གཞིར་གྲུབ་བོ་སྙམ་ན། དེ་ལྟར་ཡང་གྲུབ་པར་རིགས་པ་མ་ཡིན་ཏེ། མ་གྲུབ་པ་ནི་འགར་ཡང་མ་གྲུབ་པའི་ཕྱིར་གཞིར་མི་འགྱུར་ལ། གྲུབ་པ་ནི་འགར་ཡང་མ་གྲུབ་པའི་ཕྱིར། ཡང་མ་གྲུབ་པའི་གཞི་གྲུབ་པ་ཞིག་ཡིན་ནམ་འོན་ཏེ་མ་གྲུབ་པ་ཞིག་ཡིན། དང་པོ་ལྟར་ན་མ་གྲུབ་པའི་གཞིར་གྲུབ་པ་མ་ཡིན་པར་ཐལ། གཞིར་གྲུབ་པ་ཉིད་ཀྱི་ཕྱིར། གཉིས་པ་ལྟར་ན་མ་གྲུབ་པ་མ་ཡིན་པར་ཐལ། གཞི་མ་གྲུབ་པའི་ཕྱིར། གཞི་ནི་ངོ་བོ་དང་རྒྱུའི་དོན་ལ་བརྗོད་ན། གྲུབ་པ་དང་མ་གྲུབ་པའི་ངོ་བོ་དང་རྒྱུ་ཡང་གྲུབ་པ་དང་མ་གྲུབ་པའི་མཚན་ཉིད་ལས་གཞན་དུ་སོང་བ་མ་ཡིན་ལ་ཡིན་ན་གྲུབ་པ་དང་མ་གྲུབ་པའི་ངོ་བོ་དང་རྒྱུར་ཡང་མི་གྲུབ་ལ། གྲུབ་པ་དང་མ་གྲུབ་པའི་ངོ་བོ་དང་རྒྱུ་གྲུབ་པའི་ངོ་བོ་ཉིད་ལས་གཞན་མིན་པའི་ཕྱིར། དེའི་ཚེ་གྲུབ་པ་དང་མ་གྲུབ་པའི་གཞི་གྲུབ་པ་དང་མ་གྲུབ་པ་ལས་གཞན་དུ་མ་དམིགས་པ་དག་དམིགས་པ་དང་བྲལ་བ་དེའི་ངང་ལ་མཉམ་པར་བཞག་པ་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གཞིན་གྱི་སྤྲོས་པས་རྣམ་པར་དབེན་པར་འགྱུར་ལ། སྤྲོས་པས་དབེན་པར་སོང་བའི་ཚེ་སྤྲོས་པ་དེ་ལ་བརྟེན་པའི་སྒྲིབ་པ་ལ་སོགས་པའི་ཆོས་བསལ་བཞག་ཀུན་རྫོབ་འདུས་བྱས་ཀྱི་སྐྱེ་འགག་ཐམས་ཅད་ཀྱང་མི་གནས་པའི་མྱ་ངན་ལས་ཡང་དག་པར་འདས་པར་འགྱུར་བའི་ཕྱིར། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཡིན་ལ། འཁྲུལ་པའི་འགྲོ་བ་འཚང་རྒྱ་བའི་ཐབས་ཤེས་ལ་འདི་ལས་ལྷག་པ་ཅི་ཡང་མེད་པས། འདི་ལྟའི་ཚུལ་ལ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་ཡིད་ཀྱྀ་རྣམ་ཤེས་རྟོག་མེད་ཀྱི་དམིགས་མྱོང་གང་གིས་ཀྱང་བཅོས་པས་མཐོང་རེག་རྟོགས་བྱར་མ་གྱུར་པར་མ་མཐོང་བའི་ཚུལ་གྱིས་མངོན་སུམ་དུ་མཐོང་བས་ཁོང་དུ་ཆུབ་པ་ན། ད་དུང་དེ་ཉིད་རྟོག་པ་དང་རྟོག་པ་མེད་པས་བརྟགས་པའི་རྟོག་པ་ཕྲ་མོའི་རོ་ལྡང་ཡང༌། ས་བོན་མེ་ཡིས་ཚིག་པ་བཏབ་པའི་མྱུར་འབྲས་ལྟར། འཕྲལ་དུ་ཞི་གནས་ལྷག་མཐོང་གི་རྣལ་འབྱོར་གྱི་ཉམས་སྣང་གི་དངོས་མཚན་གྱི་དམིགས་མྱོང་ཇེ་ཆེར་རྒྱས་པར་འགྱུར་ཡང༌། དེ་ཉིད་ལ་རྟེན་ནས་སྤྲོས་མཚན་སྣ་ཚོགས་ཀྱི་ས་བོན་དང་དེས་བསྐྱེད་པའི་སྤྲོས་རྒྱུན་གྱི་ཀུན་འབྱུང་ཐམས་ཅད་རྒྱུན་ཆོད་དུ་འགྲོ་བ་ཡིན་པས། སྤྲོས་མཚན་གྱི་དམིགས་མྱོང་ཐམས་ཅད་ཀྱང་བསལ་གཞག་དགག་སྒྲུབ་གང་ཡང་མི་དགོས་པར་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཀྱི་ངང་དུ་ཞི་བའི་དེ་ཉིད་དུ་ཚུར་ལོག་ཡོང་བ་ཡིན། དེ་ལ་ད་དུང་དྲི་ལན་གྱི་ཚུལ་གྱིས་དོགས་པ་གཅོད་པ་ནི་རྟོག་མེད་ཀྱི་ཏིང་ངེ་འཛིན་ནམ་མཁའ་ལྟར་ཕྱལ་སོང་བ་དང༌། རིག་པའི་ངང་ལ་མ་ཡེངས་པར་གནས་པ་གཉིས་གང་དགའ་བལྟས་ཏེ། རྟོག་མེད་དེ་ལུང་མ་བསྟན་དུ་འདུག་པས་དེས་དོན་མི་འགྲུབ། དེ་བས་ཐ་མལ་གྱི་ཤེས་པ་རང་དགའ་ཞེས་པ་ནི། རྒྱུའི་ཐེག་པར་སྦྱིན་སོགས་ཀྱི་ཕར་ཕྱིན་ལ་དམིགས་པའི་མི་རྟོག་པའི་ཏིང་ངེ་འཛིན་དང༌། འབྲས་བུའི་ཐེག་པར་ཐེག་ལེ་ནཱ་ད་ཡིག་འབྲུ་ཕྱག་མཚན་སྐུ་གཟུགས་རྩ་རླུང་ཐེག་ལེའི་འབར་འཛག་སོགས་ལ་དམིགས་ནས་བདེ་གསལ་གྱི་ཉམས་མྱོང་ལ་མི་རྟོག་པའི་ཏིང་ངེ་འཛིན་རྒྱ་འབྱམས་ནས་ནམ་མཁའ་ལྟར་མུ་མེད་དུ་སོང་སྙམ་པ་བྱེད་པ་དེ་ཀུན་ཀྱང་ཡུལ་དང་ཡུལ་ཅན་དམིགས་བྱ་དང་དམིགས་བྱེད་ཀྱི་མཚན་མ་ཤེས་བྱའི་སྒྲིབ་པ་ཉིད་ཀྱི་སྐོར་ལྡོག་གམ་ལུགས་འབྱུང་ལུགས་ལྡོག་ལས་གཞན་དུ་མ་སོང་བས་དེ་ལྟའི་ལྟ་སྒོམ་གྱིས་ཆོས་ཐམས་ཅད་རྣམ་པ་ཀུན་ཏུ་མངོན་པར་རྫོགས་པར་འཚང་རྒྱ་མི་ནུས་ཏེ། དཔལ་ས་ར་ཧའི་ཞལ་སྔ་ནས། རླུང་བཅིངས་པ་ལ་རང་ཉིད་མ་སེམས་ཀྱི། །ཤིང་གི་རྣལ་འབྱོར་སྣ་རྩེར་མ་འདུག་ཅིག །ཨེ་མའོ་མ་ཡིན་ལྷན་ཅིག་སྐྱེས་པ་མཆོག་ཆགས་བྱོས། །སྲིད་པའི་སྣ་རྩེར་འཆིང་བ་ཡོངས་སུ་སྤང༌། །འདི་ན་ཡིད་འདུས་པ་ལ་རླུང་གིས་རླབས། །གཡོ་ཞིང་ཕྱར་ལ་ཤིན་ཏུ་མི་སྲུན་འགྱུར། །ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་གྱུར་ན། །དེ་ཡི་བདག་ཉིད་བརྟན་པར་འགྱུར་བ་ཡིན། །ཞེས་དང༌། ཉམས་སུ་མྱོང་བས་ལྷན་ཅིག་སྐྱེས་པ་ཟེར། །གཟུགས་བརྙན་ཞེན་པས་མེ་ལོང་བལྟ་བ་བཞིན། །ཇི་ལྟར་མ་རྟོགས་སྨིག་རྒྱུའི་ཆུ་ལ་ནི། །འཁྲུལ་པའི་དབང་གིས་རི་དྭགས་རྒྱུག་པར་བྱེད། །རྨོངས་པས་སྐོམ་པ་མི་སེལ་འཆི་བར་འགྱུར། །གང་ཞིག་དོན་དམ་ཟེར་ཞིང་བདེ་བ་ལེན། །ཞེས་གསུངས་སོ། །དེས་ན་དེ་ལྟའི་མི་རྟོགས་པའི་ཏིང་ངེ་འཛིན་ལས་བཤད་མ་ཐག་པའི་རིག་པ་ལ་མ་ཡེངས་པར་གནས་པ་ཉིད་དགའ་སྟེ། དེ་ལྟའི་རིག་པས་སྒྲིབ་སོགས་སྒྲིབ་པའི་བག་ཆགས་གནས་ངན་ལེན་གྱི་མཚམས་སྦྱོར་ཚུན་གཅོད་ནུས་པའི་ཕྱིར་དང༌། དེར་མ་ཟད་རྟོག་མེད་ཀྱི་ཤེས་པ་ལུང་མ་བསྟན་ནི་བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་བསྒོམས་ཀྱང་སྒྲིབ་གཉིས་ཀྱི་གཉེན་པོར་མི་འགྱུར་ཞིང་གནས་སྐབས་འཁོར་བའི་སྡུག་བསྔལ་རགས་པ་ཉི་ཚེ་བ་ཙམ་འགོག་པར་ནུས་པ་ཉིད་ཀྱི་ཕྱིར། དཔེར་ན་ར་རོ་བ་དང་གཉིད་དུ་སོང་བའི་ཤེས་པ་བཞིན་ནོ། །ཡང་ནམ་མཁའི་ཁམས་ཐམས་ཅད་ཡི་དམ་འཁོར་ལོ་བདེ་མཆོག་སོགས་ལྷ་དང་ལྷ་མོས་གང་ནས་དེ་དག་གི་འོད་ཟེར་རང་ལུས་ལ་ཕོག་ནས་ཡར་དྲངས་ཏེ། རིག་པ་འཛིན་པ་མཁའ་སྤྱོད་ཀྱི་གནས་སུ་དྲངས་པ་དང༌། ཐ་མལ་གྱི་ཤེས་པ་མངོན་དུ་གྱུར་པ་གཉིས་ཆོས་ཐམས་ཅད་རྣམ་པར་ཀུན་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་གང་དགའ་སྙམ་ན། ཐ་མལ་གྱི་ཤེས་པ་དགའ་སྟེ་ལྷ་དང་ལྷ་མོ་ལ་སོགས་པ་ཐམས་ཅད་ཀུན་མཁྱེན་པའི་ཆོས་ཡུལ་བསླུ་ཞིང་ཡུལ་ཅན་འཁྲུལ་པ་ཉིད་ཀྱིས་སྤྲོས་མཚན་གྱི་སྣང་བ་ལས་མ་འདས་པས། སྤྲོས་མཚན་ཐམས་ཅད་དང་བྲལ་བའི་མི་གནས་པའི་མྱ་ངན་ལས་འདས་པའི་ཐབས་ཤེས་མཆོག་དམ་པར་མི་འགྱུར་བའི་ཕྱིར། དེ་ཡང་འཁོར་ལོ་བདེ་མཆོག་སོགས་ཡི་དམ་གྱི་ལྷ་དང༌། དེས་དྲངས་པའི་རིག་པ་འཛིན་པ་མཁའ་སྤྱོད་ཀྱི་གནས་སུ་ཕྱིན་པའི་གནས་གང་ཟག་ཐམས་ཅད་ཀྱང་མ་དག་ལས་ཉོན་གྱི་འཁྲུལ་པའི་གནས་གང་ཟག་ལས་ཁྱད་པར་དུ་འཕགས་སུ་ཆུག་ཀྱང་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་བཅོས་བསླད་ཀྱི་དག་པ་གཞན་དབང་སྒྱུ་མ་ཙམ་གྱི་འཁྲུལ་སྣང་ཡིན་པའི་ཕྱིར། དེ་ཙམ་མངོན་དུ་བྱས་པས་ནི་ད་དུང་སེམས་ཀྱི་རང་བཞིན་སྒྲིབ་བྲལ་དྲི་མ་མེད་པ་ཐ་མལ་ཤེས་པ་འོད་གསལ་བ་ལ་མངོན་དུ་བྱས་པ་མ་ཡིན་ནོ། །འོ་ན་ཐ་མལ་གྱི་ཤེས་པ་དེ་ཇི་ལྟ་བུ་ཞེས་ནམ་མཁའ་ལྟ་བུར་དམིགས་པ་དང་རྣམ་པའི་སྤྲོས་པ་ཐམས་ཅད་བྲལ་བའི་གདོང་མའམ་ཐ་མལ་གྱི་ཤེས་པ་ཉིད་ཀྱི་འོད་རབ་ཏུ་གསལ་བའི་སྣང་བ་ཅན་གྱི་རང་རིག་པའི་ཡེ་ཤེས་ཏེ། དགོངས་པ་ལུང་སྟོན་ལས། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །ཅེས་མཚན་ཉིད་དང༌། རྣམ་པ་ཐམས་ཅད་བྲལ་བའི་ཤེས་པ་ཡིན་ལ་དེ་ཡང་བྲལ་བྱའི་རྣམ་པ་ནི་བཞི་སྟེ། མིག་ལ་སོགས་པའི་དབང་པོའི་ཤེས་པ་ཐ་སྙད་དུ་མ་འཁྲུལ་པའི་རྣམ་པ་དང༌། དུང་སེར་པོར་སྣང་བ་སོགས་དབང་པོ་དྲུག་བསླད་པ་ལས་བྱུང་བའི་རྟོག་མེད་འཁྲུལ་པའི་སྣང་བ་དང༌། སྒྲ་དོན་ཅན་གྱི་རྟོག་པ་ལ་ཕྱི་རོལ་ལྟར་སྣང་བའི་རྣམ་པ་དང༌། ཏིང་ངེ་འཛིན་གྱི་མཐུ་ལས་ཟག་པ་དང་བཅས་པའི་མངོན་པར་ཤེས་པའི་ཡུལ་གསལ་བར་སྣང་བའི་ཀེང་རུས་ལ་སོགས་པ་གསལ་བར་སྣང་བའོ། །རྣམ་པ་དེ་དག་ལས་རྟོག་མེད་མ་འཁྲུལ་པའི་སྣང་བ་ནི་དམིགས་པའི་རྐྱེན་ལས་བྱུང་བ་ཡིན་ལ། རྟོག་མེད་འཁྲུལ་པ་རྣམས་ནི་ནད་ལ་སོགས་པའི་དབང་པོ་དྲུག་བསླད་པ་ལས་བྱུང་བ་ཡིན་ཅིང༌། སྒྲ་དོན་སྣང་བའི་རྟོག་པའི་སྣང་བ་ནི་བག་ཆགས་ཀྱིས་དཀྲུགས་པ་ལས་བྱུང་བ་ཡིན་ཅིང༌། འདས་མ་འོངས་ཀྱི་རྣལ་འབྱོར་ལ་མཉམ་པར་གཞག་པ་ན། ཡང་དག་པའི་སྣང་བ་དག་པ་གཞན་དབང་རྡོ་རྗེ་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་རབ་འབྱམས་དང༌། ཡང་དག་པ་མ་ཡིན་པའི་སྣང་བ་མ་དག་གཞན་དབང་ཁམས་གསུམ་པའི་སྲིད་པ་རབ་འབྱམས་ཀྱི་སྣང་བ་ནི་ཏིང་ངེ་འཛིན་གྱིས་ཡིད་ཀྱི་དབང་པོ་བཅོས་པ་ལས་བྱུང་བ་ཡིན་ནོ། །དེས་ན་སེམས་རང་བཞིན་གྱིས་རྣམ་པར་དག་པ་འདུས་མ་བྱས་པ་ནམ་མཁའ་གཡའ་བྲལ་དང་རྒྱ་མཚོ་ཆེན་པོ་གཡོ་བ་མེད་པ་ལྟ་བུ་ལ་བཤད་མ་ཐག་པའི་རྣམ་པ་མ་ཞི་བ་དེ་དག་ནི་སྤྲིན་དང་རྦ་རླབས་ལྟར་གཡོ་ཞིང་རྣམ་པ་དེ་ལ་དམིགས་པའི་ཤེས་པ་ནི་ཤེས་པ་བཅོས་མ་དང་འདུས་བྱས་པ་དང་བསླད་པ་སྟེ་རྙོག་པ་ཅན་གྱི་སེམས་དང་སེམས་ལས་བྱུང་བ་ཡིན་པས་རྣམ་པ་དེ་དག་གིས་ཐ་མལ་གྱི་ཤེས་པ་དེ་བཅོས་རྙོག་གིས་བསྒྲིབས་ནས་ཐ་མལ་གྱི་ཤེས་པ་མངོན་དུ་མ་གྱུར་པ་ཡིན་ནོ། །དེ་ཡང་སེམས་ཅན་རྣམས་ཀྱི་ཡུལ་གྱི་རྣམ་པ་ལ་དམིགས་པའི་སེམས་ཡིད་རྣམ་ཤེས་སྣ་ཚོགས་པ་རྣམས་ལ་ཐ་མལ་གྱི་ཤེས་པས་ཁྱད་པར་ཡོད་ཅིང་ཁྱབ་པའི་ཚེའང་དམིགས་པ་དང་རྣམ་པ་ཅན་གྱི་ཕྱི་དང་ནང་དུ་རྣམ་པར་རིག་པ་ཅན་གྱི་རང་རིག་དང་གཞན་རིག་གི་མཐར་ལྟུང་བའི་ཤེས་པ་ནི་མ་ཡིན་ནོ། །དེ་ལྟ་ནའང་དམིགས་པ་དང་རྣམ་པས་མ་གོས་ཤིང་དེའི་གཟེབ་དང་བྲལ་བཞིན་དུ་དག་པ་དང་མ་དག་པའི་སྣང་བ་ཐམས་ཅད་འོད་མི་གསལ་བར་གོ་འགེགས་པར་བྱེད་པ་མ་ཡིན་པའི་འོད་གསལ་བའི་སྣང་བ་ཆེན་པོའི་བདག་ཉིད་དུ་གནས་པ་ཡིན་ཏེ། ཞལ་ལུང་ལས། ཆོས་རྣམས་གཟུགས་ལ་སོགས་པ་རྣམས། །ཀུན་མཁྱེན་བར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་ཏེ། །ཞེས་འབྱུང་བས། སྒྲིབ་པའི་དམིགས་རྣམ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱིས་ཟབ་པ་དང་སྒྲིབ་པ་དང་བྲལ་བའི་སྣང་བ་གཞལ་དུ་མེད་པ་ཡེ་ཤེས་ཀྱི་རང་བབས་དང་རང་འོད་ལ་གསལ་བར་སྣང་བས་རྒྱ་ཆེ་བར་བཞག་གོ །ཡང་རང་ཉིད་སངས་རྒྱས་སུ་བྱས་ཏེ་མཚན་དཔེས་བརྒྱན་པ་འཇའ་ཚོན་ལྟར་གསལ་བ་བྱུང་བ་དང་ཐ་མལ་གྱི་ཤེས་པ་མངོན་དུ་གྱུར་པ་གཉིས་ཀྱི་ཡང་ཐ་མལ་གྱི་ཤེས་པ་མངོན་དུ་གྱུར་པ་དགའ་སྟེ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྒྱུ་ལུས་ཀྱི་སྐུ་ཡང་སེམས་འོད་གསལ་བའི་རྫས་དང་དེའི་བཞོན་པའི་རླུང་གི་སྔགས་ཙམ་ལས་བསྐྱེད་པས་སེམས་ཀྱི་རྡོ་རྗེ་དེ་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་ཟད་མི་ཤེས་པར་ཕྱོགས་བཅུར་ཁྱབ་པ་ཉིད་ཀྱིས་འདུ་བྱེད་ཀྱིས་འཇུག་པ་དང་བཅས་པས་གནས་ལུགས་འོད་གསལ་བའི་ཐ་མལ་གྱི་ཤེས་པ་འདུ་བྱེད་ཀྱི་འཇུག་པ་ཐམས་ཅད་བྲལ་བ་ལ་སྒྲིབ་པར་བྱེད་པས་ཀུན་རྫོབ་པར་འཇོག་ཅིང༌། འདིས་སངས་རྒྱས་མཆོད་པ་དང་སེམས་ཅན་གྱི་བྱ་བ་སོགས་བྱེད་པར་ནུས་པ་ལ་བསླུ་བ་མེད་པའི་ཆ་ནས་བདེན་པ་ཞེས་སྒྱུ་ལུས་རྡོ་རྗེའི་སྐུར་གྲུབ་པ་དེ་ཡང་ཀུན་རྫོབ་བདེན་པར་བཞག་ནས། མཐར་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པ་ན་སྐུ་དེ་མངོན་པར་བྱང་ཆུབ་པ་དོན་དམ་བདེན་པར་བྱིན་གྱིས་བརླབས་ནས་འཚང་རྒྱ་དགོས་པར་གསུངས་པའི་ཕྱིར་རོ། །ཡང་བཀའ་གདམས་པ་ཞེས་གང་ཟག་གི་ཆ་ནས་བོས་ཏེ་རྒྱུ་ལམ་བྱེད་པའི་ཐེག་པ་ལ་བསྟེན་པའི་སྟོང་པ་ཉིད་ལྟ་སྒོམ་དུ་བྱེད་པ་དག་གིས་གཟུང་འཛིན་གཉིས་ཀ་དཔྱད་བཟོད་དུ་མ་གྲུབ་པའི་སྐྱེ་མེད་སྟོང་ཉིད་དུ་ནམ་མཁའི་དབྱིངས་ལྟར་འགའ་ཡང་མ་མཐོང་བའི་མེད་པར་དགག་པ་ཉིད་དུ་རྟོག་པ་དང་ཐ་མལ་གྱི་ཤེས་པ་མངོན་དུ་གྱུར་པ་གཉིས་ཀྱང་གང་དགའ་ཞེ་ན། ཐ་མལ་གྱི་ཤེས་པ་མངོན་དུ་གྱུར་པ་དགའ་སྟེ། དེ་ལྟའི་སྟོང་པ་ཉིད་ཀྱི་རྟོགས་པ་དེ་ནི་སྤྲོས་མཐའ་རྩ་བ་ནས་དྲུངས་འབྱིན་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལ་ཞུགས་པའི་ལྟ་སྒོམ་ཡང་དག་པ་དེ་མ་ཡིན་པའི་ཕྱིར་ཏེ། ཤེས་བྱའི་གཤིས་སྟོང་པ་ཉིད་དོ་སྙམ་པའི་བློས་བྱས་ཡིད་ཤོར་གྱི་མོས་སྒོམ་ཙམ་ལས། ཡུལ་དང་ཡུལ་ཅན་འགར་ཡང་དམིགས་པ་ལ་ཉེ་བར་ཞི་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་ལུགས་བདེ་བར་གཤེགས་པའི་སྙིང་པོའི་ལྟ་སྒོམ་དུ་མ་སོང་བའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང༌། ཇི་སྐད་དུ། གང་དག་ཆོས་རྣམས་སྟོང་པར་སེམས་བྱེད་པའི། །བྱིས་པ་དེ་དག་ལམ་ངན་ཞུགས་པ་ཡིན། །ཆོས་རྣམས་སྟོང་པར་ཡི་གེས་བརྗོད་པ་ཡིན། །དེ་དག་ཡི་གེ་མེད་པར་ཡི་གེས་བསྟན། །གང་དག་ཞི་ཞིང་རབ་བཞིའི་ཆོས་སེམས་པའི། །སེམས་དཔའ་དེ་ཡང་ནམ་ཡང་འབྱུང་བ་ཡིན། །སྤྲོས་ཀུན་སེམས་ཀྱི་རྣམ་པར་རྟོག་ཡིན་ཏེ། །དེ་ཕྱིར་ཆོས་རྣམས་བསམ་ཡས་རྟོགས་པར་གྱིས། །ཞེས་འབྱུང་ངོ་ཡང་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་འདི་ནི་ཡང་དག་པ་མ་ཡིན་ཏེ། རིགས་པས་རྣམ་པར་དཔྱད་པ་མཐར་ཐུག་སྟེ་དཔྱད་བཟོད་པའི་ཆོས་འགར་ཡང་མ་རྙེད་པའི་མཐའ་ཐམས་ཅད་སྤངས་ནས་དབུ་མར་གཞོལ་བའི་ཚུལ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་ལྟ་སྒོམ་ཡང་དག་པར་མ་སོང་བའི་ཕྱིར་ཞེས་ཁ་ཅིག་སྙམ་ན། དེ་ལྟར་བརྗོད་པ་དེས་ནི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་ཡང་དག་པའི་ལྟ་སྒོམ་གྱི་ཚུལ་ཁོང་དུ་མ་ཆུད་པའི་གཏམ་དུ་ཟད་དེ། དེའི་ལྟ་སྒོམ་ནི་དཔྱད་པར་བཟོད་པར་བྱ་བར་དང་མི་བྱ་བའི་བརྗོད་བྱའི་ཆོས་དམིགས་པ་མེད་པར་ཡོངས་སུ་ལྡོག་པ་ན། དེ་ལྟར་བརྗོད་བྱེད་སེམས་ཡིད་རྣམ་པར་ཤེས་པའི་སྤྱོད་ཡུལ་ཐམས་ཅད་རང་དགར་རྩོལ་མེད་འདུས་མ་བྱས་མ་བཅོས་པའི་ངང་དུ་ལྡོག་ནས་སྐྱེ་འགག་གནས་གསུམ་དང་བྲལ་བར་འགྱུར་བ་ཉིད་ཀྱི་ཕྱིར། ལྟ་སྒོམ་དེ་ལྟའི་ཚུལ་ལ་གནས་པ་ནི། ཆོས་རྣམས་ཀྱི་ཆོས་ཉིད་རང་བཞིན་ནི་མྱ་ངན་ལས་འདས་པ་དང་མཚུངས་པའི་སྤྲོས་པ་ཉེ་བར་ཞི་བར་འགྱུར་བ་ལྟར་རོ་ཞེས་དཔེས་བསྟན་ཏེ། འཕགས་པ་ཀླུས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་འབྱུང་ལ། དཔྱད་བཟོད་པའི་དངོས་པོ་དང་དཔྱད་མི་བཟོད་པའི་དངོས་མེད་གཉིས་ཀར་ལྟ་སྒོམ་བྱེད་པ་ནི་མཐའ་གཉིས་ལ་མི་གནས་པ་དབུ་མའི་ལྟ་སྒོམ་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་རོ་ཞེས། སློབ་དཔོན་འཕགས་པས་རིན་ཆེན་ཕྲེང་བར། དངོས་དང་དངོས་པོ་མེད་འཛིན་པ། །ཟད་པ་མྱ་ངན་འདས་ཞེས་བྱ། །ཞེས་འབྱུང་ངོ༌། །ཁྱད་པར་དཔྱད་མི་བཟོད་པའི་སྟོང་ཉིད་ཡང་དག་པའི་ལྟ་སྒོམ་དུ་འདོད་པ་ནི། འཕགས་པ་ཡབ་སྲས་ཀྱིས་ཆེར་སུན་འབྱིན་པར་མཛད་པ་ཡིན་ཏེ། དཔལ་ལྡན་ཟླ་བས་འགྲེལ་པ་སྒྲོན་གསལ་ལས། སྟེང་འོག་ལ་སོགས་པའི་དབྱེ་བས་ཐམས་ཅད་རྣམ་པར་བསམ་ནས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ནི་སྟོང་པའོ་ཞེས་ཀྱང་སྒོམ་པ་ནི་མེད་དོ། །སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ལྟ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ལ། འདི་ལྟར་གསུངས་པས་ཀྱང༌། ཤར་ཙོང་ཁ་པ་དཔོན་སློབ་དག་གསང་སྔགས་ཀྱི་རིམ་པ་ལ་འཇུག་པ་ན། སྣོད་བཅུད་སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་སྟོང་ཉིད་དཔྱད་སྟོང་ལ་བྱེད་དགོས་ཟེར་བའང་ལེགས་པར་བཀག་པ་ཡིན་ནོ། །དེར་མ་ཟད་དཔྱད་པས་སྟོང་པ་ཉིད་དུ་སོང་བ་ཡང་སྟོང་པ་ཉིད་ཡང་དག་པ་མ་ཡིན་ཏེ། ཆོས་ཐམས་ཅད་དམིགས་མྱོང་ལྟར་སྣང་བ་དེ་ཉིད་དེ་དང་དེས་དབེན་པར་རང་རང་ངོ་བོས་སྟོང་པའི་སྟོང་པ་ཉིད་དུ་རྣལ་འབྱོར་མངོན་སུམ་ལ་ཁོང་དུ་ཆུད་པ་ཞིག་དགོས་ཞེས། མདོ་ལས། འོད་སྲུང་སྟོང་ཉིད་ཀྱིས་ཆོས་རྣམས་སྟོང་པ་ཉིད་དུ་མི་བྱེད། ཆོས་རྣམ་སྟོང་ཉིད་སྟོང་པ་ཉིད་དང༌། ཞེས་རྒྱས་པར་འབྱུང་ངོ༌། །དེར་མ་ཟད༌། བཀའ་ཐམས་ཅད་བཀག་ནས་གང་ལའང་བཟུང་པ་མ་རྙེད་པའི་ཕྱལ་སྟོང་དབུ་མའི་ལྟ་སྒོམ་མོ་ཞེས་མོས་པར་བྱེད་པ་ཡང་དབུ་མའི་ལྟ་སྒོམ་ཡང་དག་པར་མ་སོང་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་ཇི་སྐད་དུ། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་མའང་གནས་པར་མི་བྱའོ། །ཞེས་འབྱུང་ངོ༌། །བཀའ་བརྒྱུད་དྭགས་པོ་ལྷ་རྗེའི་བཀའ་སྲོལ་གྱིས་ཐ་མལ་གྱི་ཤེས་པའི་ཉམས་མྱོང་མངོན་དུ་བྱེད་ཚུལ་འདི་ལ་གསང་སྔགས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ་ཉེར་ལེན་གྱི་རྒྱུ། རང་རྒྱུད་ཀྱི་རིགས་དང་དགེ་བའི་རྩ་བ་སད་པ་དང་ལྷན་ཅིག་བྱེད་རྒྱུ་བླ་མའི་རྟེན་འབྲེལ་ལས་རག་པར་གསུངས་པ་དང་ཡང་ཆེས་འབྱོར་བ་ཡིན་པས། ཇི་ལྟར་འབྱོར་བའི་ཚུལ་ཡང་ཐ་མལ་གྱི་ཤེས་པ་རང་བཞིན་གྱིས་རྣམ་པར་དག་པ་ཟག་པ་དང་བཅས་པའི་ཤེས་རབ་ཀྱི་དངོས་ཡུལ་དུ་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་པར་མི་རུང་ཡང༌། བྱང་ཆུབ་ཆེན་པོའི་འཕགས་པ་དག་གི་ཟག་པ་མེད་པའི་ཤེས་རབ་ཀྱི་དངོས་ཡུལ་དུ་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་ཁྱད་པར་ཅན། གསང་སྔགས་ཀྱི་རྒྱུད་ལས་རྡོ་རྗེའི་སྐྱེ་མཆེད་དྲུག་པ་དང༌། རྡོ་རྗེའི་སྐྱེ་མཆེད་ཐམས་ཅད་པ་དང༌། རྡོ་རྗེའི་ཁམས་སྣ་ཚོགས་པ་དང༌། རྡོ་རྗེའི་ཕུང་པོ་མི་ཤིགས་པ་ཞེས་བྱ་བ་དེ་ཡིན་ལ། དེ་ཉིད་ལས་མཁའ་ལ་རྡུལ་ཕྲ་རབ་ཆགས་པ་ལྟ་བུའི་སྣང་བ་གསུམ་དང༌། རྡུལ་ཕྲ་རབ་དེ་ཉིད་འདུས་པའི་དྭངས་ཤིང་གསལ་བའི་འཇའ་ཚོན་འབྱུང་བ་ལྟ་བུའི་སེམས་ཡིད་རྣམ་ཤེས་དང༌། འཇའ་འོད་ཟེར་རླུང་རབ་ཏུ་འདུས་པ་ལས་འཇིག་རྟེན་ཀུན་ནས་སྡུད་བྱེད་ཀྱི་རླུང་འབྱུང་བ་ལྟ་བུའི་རང་བཞིན་བརྒྱ་དང་དྲུག་ཅུ་དང༌། ཀུན་ནས་སྡུད་བྱེད་ཀྱི་རླུང་ལས་འབྱུང་བཞི་རགས་པའི་རི་དང་རྒྱ་མཚོ་སོགས་ཀྱི་འཇིག་རྟེན་འབྱུང་བ་ལྟ། ལས་ཉོན་གྱི་རྣམ་པར་འཕྲུལ་པའི་འགྲོ་བ་རིགས་དྲུག་གི་སྣོད་བཅུད་ཀྱི་འཇིག་རྟེན་འདི་བྱུང་བ་ཡིན་ལ། དེའང་ཐ་མལ་གྱི་ཤེས་པ་ལ་མ་དག་པའི་སྣང་བ་གསུམ་གྱིས་བསླད་པ་ལས་འཁོར་བའི་ལུས་ངག་ཡིད་གསུམ་དང༌། དེ་ཉིད་ལ་མ་དག་པའི་རྣམ་བྱང་ངམ་སྣང་བ་དྲུག་ལས་འགྲོ་བ་རིགས་དྲུག་གི་འཁོར་བ་འདི་བྱུང་བ་ཡིན་ནོ། །ཐ་མལ་ཤེས་པའི་སྙིང་པོ་ཅན་གྱི་སྣང་བ་གསུམ་པོ་དེས་རང་བཞིན་བརྒྱ་དྲུག་ཅུ་སྐྱེད་པར་བྱེད་པ་ན་རྫ་མཁན་གྱིས་བུམ་པ་བྱས་ནས་ཕྱིས་བུམ་པ་དེ་ལ་རྫ་མཁན་མེད་པ་ལྟ་བུ་མ་ཡིན་གྱི་འཇིམ་པ་ཉིད་རྫ་བུམ་དུ་གྱུར་པ་བཞིན་དུ་རྣམ་པར་རྟོག་པ་དང་ཉོན་མོངས་པ་དང་ལས་མཐའ་དག་གི་རང་བཞིན་དུ་ཞུགས་ནས་འཁོར་བ་སྐྱེད་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང༌། །འགྲོ་བ་འདི་དག་སངས་རྒྱས་ལྔ་བདག་ཉིད། །ཅེས་འབྱུང་ངོ༌། །དེས་ན་ཐ་མལ་གྱི་ཤེས་པའམ་འོད་གསལ་བའི་སྙིང་པོ་ལས་སྟོང་གསུམ་དང་སྣང་གསུམ་ལས་ཡང་དག་པ་མ་ཡིན་པའི་ཀུན་རྟོག་བསྐྱེད་ཅིང༌། དེས་ལས་ཉོན་བསགས་པས་འཁོར་བར་འཁོར་ཚུལ་ནི། བཀའ་བརྒྱུད་འདི་པའི་སྐད་དུ་རྟོགས་ལྡན་གྱི་བླ་མ་རིན་པོ་ཆེའི་བཀའ་དྲིན་ལས་ལེགས་པར་ཁོང་དུ་ཆུབ་པ་ན་སྐྱེ་བ་པའི་གང་ཟག་གི་བདག་མེད་པར་རྟོགས་པར་འགྱུར་ལ། དེ་རྟོགས་ན་བདག་ཏུ་ལྟ་བའི་རྩ་བ་ཅན་གྱི་ཉོན་མོངས་པ་རྣམས་བཟློག་པར་འགྱུར་ཞིང་ཡང་སྲིད་འཕེན་པའི་ལས་གསར་དུ་མི་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ལས་རྙིང་པའི་བག་ཆགས་ཀྱིས་དགྲ་བཅོམ་པ་ལ་ཡང་ལུས་ཀྱི་ཚོར་བ་སྡུག་བསྔལ་བསྐྱེད་པ་ཡིན་ན། འདི་ལྟའི་གནད་རྟོགས་ན་ལས་རང་བཞིན་མེད་པར་ཤེས་པ་ཉིད་ཀྱིས་ལས་རྙིང་པ་ཡང་ཡོངས་སུ་བྱང་བར་འགྱུར་ཏེ། རྣམ་སྣང་མངོན་བྱང་ལས། གང་གི་ཚེ་ན་གྲུབ་པ་ཐོབ། །དེ་ཡི་ཚེ་ན་ལས་རྣམས་ལྡོག །ཅེས་འབྱུང་ལ། འདི་ཉིད་ཀྱི་ཕྱིར། དཔལ་ཕག་མོ་གྲུ་པས། རྟོགས་ལྡན་ཐོད་པ་བོར་ཆོག་ཅེས་གསུངས་ཏེ། རྣམ་སྨིན་གྱི་ལུས་བོར་བ་ཉིད་ཀྱིས་ཡང་དག་པའི་མཐའ་འོད་གསལ་དོན་དམ་པའི་བདེན་པ་འགོག་པ་ཆེན་པོའི་དབྱིངས་ལ་སྙོམས་པར་འཇུག་ནུས་སོ་ཞེས་དགོངས་པའི་ཕྱིར། འདི་ལྟར་སྙོམས་པར་ཞུགས་པ་ཙམ་དོན་གཉེར་གྱི་རྟོགས་ལྡན་གྱི་གང་ཟག་ལ་ནི་ཐུན་མོང་གི་རྫུ་འཕྲུལ་གྱི་ཡོན་ཏན་སོགས་རྣམ་སྨིན་ལུས་རྒྱས་བཅིངས་ནས་གང་དགའ་དགར་རྫུ་འཕྲུལ་སོགས་སྟོན་མི་ཐུབ་ཀྱང་ལུས་རྒྱ་ཞིག་པ་ན་སྣང་བ་གསུམ་གྱི་སེམས་བདག་བདེན་དུ་མེད་པར་ཀུན་རྫོབ་སྒྱུ་མ་ལྟ་བུའི་ཆོས་ལ་དབང་འབྱོར་ནས་འདོད་ན་རྫུ་འཕྲུལ་སོགས་སྟོན་པར་ནུས་ཤིང༌། བར་སྲིད་ཀྱི་རྟེན་དེ་ཉིད་ལ་སྒྱུ་མ་ཙམ་དུ་རང་འོད་ཀྱི་རིག་མ་སོགས་དང་སྙོམས་པར་འཇུག་པའི་སྒྱུ་འཕྲུལ་གྱི་ཀུན་ད་བྱང་ཆུབ་ཀྱི་སེམས་སྒྲིབ་བྲལ་ཆོས་ཕྲ་བ་ལེགས་པར་ཞུ་བའི་རྐྱེན་གྱིས་ལུས་ཚེ་ཕྲ་བའི་ཕྲ་བའང་སྦྱངས་ནས་བར་དོར་རྡོ་རྗེའི་སྐུ་མཚན་དཔེས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་ཐུགས་ཆོས་ཀྱི་སྐུར་འཚང་རྒྱ་བར་བྱེད་པའི་ཕྱིར། བར་དོ་རྒྱལ་བ་ལོངས་སྐུ་ཞེས་དཔལ་ནཱ་རོ་ཆེན་པོའི་ཆོས་དྲུག་ལ་སོགས་ཆོས་དྲུག་གི་ཁྲིད་རྣམས་སུ་བར་དོའི་ཁྲིད་ཅེས་རྩལ་དུ་བཏོན་ནས། གང་ཟག་གི་རིགས་ལ་ལ་སངས་རྒྱས་པའི་མན་ངག་གི་གནད་མཐར་ཐུག་པར་མཛད་དོ། །ཡང་ཁ་ཅིག་གིས་བར་དོའི་ལུས་རྟེན་ལ་འཚང་རྒྱ་བ་མེད་དེ། བར་དོར་ཁམས་དྲུག་ལྡན་གྱི་ལུས་དང་རིག་མའི་རྟེན་འབྲེལ་སོགས་མི་འབྱོར་བའི་ཕྱིར་གསང་སྔགས་རྟེན་འབྲེལ་གྱི་ལམ་པ་ཉིད་ཀྱིས་རྟེན་འབྲེལ་རྣམས་ཆེས་མི་འགྲིག་པའི་ཕྱིར་ཞེས་ཟེར་བ་ཡོད་ཀྱང་གང་ཟག་ཕལ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་དབང་མི་འབྱོར་བ་ལ་དེ་ལྟར་ཡིན་དུ་ཆུག་ཀྱང་འདིར་འོད་གསལ་དོན་དམ་པ་བདག་མེད་པའི་ཡང་དག་པའི་མཐའ་མངོན་དུ་བྱས་པ་དེ་ཉིད་ཀྱིས་རང་གི་སྣང་གསུམ་སྐད་ཅིག་ཏུ་སྒྱུ་མ་ལྟར་འཕྲུལ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བས། དེ་ཉིད་ཀྱིས་རང་ལས་ཐ་དད་པར་ཕྱེས་པའི་རིག་མ་སོགས་ཀྱི་སྒྱུ་མའི་བཀོད་པས་རང་རྒྱུད་ཀྱི་ཀུན་ད་བྱང་སེམས་བཞུགས་ནས་རྣམ་སྨིན་གྱི་ཕུང་སོགས་ཀྱི་ས་བོན་ཕྲ་བ་ཟོས་ནས་རྡོ་རྗེའི་སྐུ་སྒྲུབ་པ་ལ་དཀའ་ཚེགས་འགའ་ཡང་མེད་པའི་ཕྱིར་རོ་ཞེས་རྗེ་རས་པ་ཆེན་པོའི་མན་ངག་གིས་གསུངས་སོ། །དེ་ལྟ་ན་ཡང་ཡང་དག་པའི་མཐའ་དུས་མིན་དུ་མངོན་དུ་བྱས་ན་མཁའ་མཉམ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་འཇོག་པའི་ཆོས་སྐུ་མཛད་པ་དང་བཅས་པའི་ཕྲིན་ལས་མི་འབྱུང་བས་དེའི་ཆེད་དུ་གཞན་དོན་དུ་ལོངས་སྤྲུལ་གྱི་སྐུ་སེམས་ཅན་གྱི་དོན་འབད་མེད་དུ་འབྱུང་བའི་ཟུང་འཇུག་གི་སྐུ་བསྒྲུབ་པར་བྱ་དགོས་ཏེ། དེ་ལ་དགོངས་ནས་དཔལ་ཕག་མོ་གྲུ་པས། རྟོགས་ལྡན་སྐྱེ་བའི་འཁོར་ལོ་བསྐོར། །ཞེས་གསུངས་པའི་ཕྱིར། དེས་ན་ཟུང་འཇུག་གི་སྐུ་ཇི་ལྟར་སྒྲུབ་ན། ཐ་མལ་གྱི་ཤེས་པ་འོད་གསལ་བ་ལ་མ་དག་པའི་སྣང་བ་གསུམ་གྱི་སྦུབས་སུ་ཆུད་པ་ན། མ་དག་སྣང་གསུམ་དེ་བླ་མ་དམ་པའི་མན་ངག་གིས་གནད་བཅིངས་པའི་མ་དག་པའི་སྣང་གསུམ་སྟོང་པ་འཁྲུལ་པ་དང་སྒྲིབ་པར་གྱུར་པས་དོན་ལ་ཡང་དག་པར་མི་གཤིས་པར་ཁོང་དུ་ཆུབ་པ་ཉིད་ཀྱིས་དག་པའི་སྣང་གསུམ་མངོན་དུ་གྱུར་ཏེ་མིག་དག་པ་ལ་རབ་རིབ་དང་བྲལ་ན་སྐྲ་ཤད་མི་འཛག་པར་ནམ་མཁའ་རྣམ་པར་དག་པའི་དབྱིངས་མངོན་དུ་འགྱུར་བ་ལྟར། དག་པའི་སྣང་གསུམ་དེ་ཉིད་ལ་སྣང་བ་ལ་སྐུ་རྡོ་རྗེ་སྤྲུལ་སྐུ། མཆོད་པ་ལ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ། ཉེར་ཐོབ་ལ་ཐུགས་རྗེ་ཆོས་ཀྱི་སྐུར་རྫོགས་པའི་རིམ་པ་མི་རྟོག་བཅོས་མིན་གསང་སྔགས་ཀྱི་རྟེན་འབྲེལ་གྱིས་ལེགས་པར་བསྐྱེད་པ་ཉིད་ཀྱི་དགེ་ཚོགས་སྨིན་པས་དེ་དེའི་སྣང་བ་འཆར་ལ་རྡོ་རྗེ་གསུམ་དེ་ཉིད་ཀྱི་འདུ་བྱེད་པ་ལས་རྣམ་སྣང་ལྔའམ་དྲུག་གམ་མངོན་པར་བྱང་ཆུབ་པ་ལྔའམ་དྲུག་གི་དབྱེ་བས་སྣང་བ་དྲུག་ལས་རིགས་དྲུག་གི་རྒྱལ་བ་དྲུག་དང་རིགས་དྲུག་པ་ཟུང་འཇུག་རྡོ་རྗེ་སེམས་པའི་གོ་འཕང་མངོན་དུ་བྱེད་པ་ཡིན་ནོ། །དེ་ཡང་མ་དག་པའི་སྣང་གསུམ་དང་དག་པའི་སྣང་གསུམ་ནི་མུན་པ་དང་སྣང་བ་ལྟར་གནས་པས། མ་དག་པའི་སྣང་གསུམ་ནི་ནང་གི་ཕུང་ཁམས་སྐྱེ་མཆེད་ཆེས་ཕྲ་བ་ཞེས་དང༌། རྒྱུད་ལས། རྡོ་རྗེའི་འཁོར་བ་མི་ཤིགས་པའི་སྲིད་པ་གསུམ་ཞེས་སོགས་བརྗོད་པ་ཡིན་ལ། འདིས་རགས་པ་རྣམ་སྨིན་ཕྱིའི་ཁམས་གསུམ་པའི་སྒོ་གསུམ་མངོན་གྱུར་གྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །དེས་ན་དག་པའི་སྣང་གསུམ་དེ་ཉིད་ལའང་རྩ་རླུང་ཐིག་ལེ་གསུམ་དུ་རྟེན་འབྲེལ་གྱི་དབང་གིས་ཡོད་ལ། དེ་གསུམ་ག་ལ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྩ་དང་བྱང་ཆུབ་ཀྱི་སེམས་ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཞེས་བརྗོད་ལ་དེའི་རྩ་སྣང་བ་ལས་སྐུ་རྡོ་རྗེ། ཐིག་ལེ་ཉེར་ཐོབ་འོད་གསལ་བ་ལས་ཐུགས་རྡོ་རྗེར་ལྡང་བ་ན་ཐུགས་རྡོ་རྗེའི་རྟེན་གྱི་ཀུན་ད་བྱང་ཆུབ་ཀྱི་སེམས་དེ་གསུང་རྡོ་རྗེར་གྱུར་པའི་རླུང་གིས་དྲངས་ཏེ་སྐུ་རྡོ་རྗེར་གྱུར་པའི་རྩའི་ནང་དུ་ལེགས་པར་བཀོད་པ་ན། རྩ་ཤེས་རབ་མ་ཡུམ་གྱི་བྷ་ག་དང་ཐིག་ལེ་ཐབས་ཡབ་ཀྱི་རྡོ་རྗེ་གཉིས་ལྷན་ཅིག་ཏུ་འཕྲོད་པས་རླུང་གཡོ་བ་མེད་པའི་སྙོམ་འཇུག་གི་སྦྱོར་བ་ཨེ་ཝཾ་དབྱེར་མི་ཕྱེད་པར་གྱུར་པ་ན་དེའི་བདེ་དྲོད་ཀྱི་འོད་ཟེར་གྱིས་མ་དག་པའི་སྣང་གསུམ་གྱི་རྩ་རླུང་ཐིག་ལེའི་རྙོག་པ་ཐམས་ཅད་ཉི་མའི་འོད་ཟེར་རྣོན་པོས་མི་གཙང་བའི་འདམ་སྐེམ་པར་བྱས་པ་ལྟར་བཟས་པ་ན། མ་དག་པ་འཁོར་བའི་ཉེར་ཐོབ་དང་ཡིད་ཀྱི་རྟེན་བྱེད་པའི་ཐིག་ལེ་དེ་མ་དག་པའི་སྣང་བ་དང་ལུས་ཀྱི་རྟེན་བྱེད་པའི་རྩར་མ་དག་པའི་མཆེད་པ་དང་ངག་གི་རྟེན་བྱེད་པའི་རླུང་གི་ཁྲིད་མ་ནུས་པར་སོ་སོར་རྨོངས་པའི་རྩ་རླུང་ཐིག་ལེ་སྣང་གསུམ་དང་བཅས་པའི་འཁྲུལ་པའི་ངོ་བོ་རྒྱུ་འབྲས་རྣམས་རང་སར་བསྐེམས་པ་ནས། དེས་བསྐྱེད་པའི་ཕྱིར་རྣམ་སྨིན་གྱི་ཕུང་ཁམས་སྐྱེ་མཆེད་རགས་པ་རྣམས་ཀྱང་གྲུབ་པའི་དངུལ་ཆུས་ལྕགས་ཟོས་པ་ལྟར་ཟད། ཐ་མལ་ཤེས་པའི་དག་པའི་སྣང་གསུམ་གྱི་རྡོ་རྗེ་གསུམ་མངོན་དུ་འགྱུར་བ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། སྐད་ཅིག་གཅིག་ལ་མངོན་བྱང་ཆུབ། །མཚན་ཉིད་འདི་ནི་སྐད་གཅིག་མཆོག །རྡོ་རྗེ་རྩེ་མོར་བྱང་སེམས་ནི། འཛིན་པས་ལུས་ཀྱི་བརྟེན་པ་ཉིད། །དེ་ཡིས་དེ་ཉིད་བྱང་སེམས་ནི། །རླུང་གི་དེ་ཉིད་རབ་སྦྱོར་བས། །རིགས་པས་སྟེང་དུ་བྱེད་པ་ནི། །རྒས་པ་མེད་པར་ཐེ་ཚོམ་མེད། །ཧཱུྃ་ཧོཿརིམ་བཞིན་ཤེས་པ་ནི། །འཛིན་པ་སྟེང་དུ་རྣམ་པར་སྤེལ། །སྔར་བཤད་པ་ཡི་བདུད་རྩི་ལྔ། །འདི་ནི་བཅུད་ཀྱི་ལེན་དུ་བརྗོད། །འདི་ཉིད་ཀྱིས་ནི་འགྲུབ་པར་བྱེད། །ལྕགས་ཀྱི་གསེར་འགྱུར་བྱས་ནས་ནི། །རྡོ་རྗེ་ཕྱག་རྒྱས་དངོས་གྲུབ་ཆེ། །ཟུང་དུ་འཇུག་པས་ཐོབ་པར་འགྱུར། །ཞེས་འབྱུང་ངོ༌། །ཟུང་འཇུག་གི་སྐུ་སྒྲུབ་པའི་སྐབས་འདིར་བཅོས་ལྡན་འདས་རྡོ་རྗེ་འཆང་ནས་བརྒྱུད་པའི་བླ་མ་དམ་པའི་མན་ངག་གི་གནད་གསང་དང་བྲལ་བ་ཁ་ཅིག སྒྱུ་ལུས་ཀྱི་སྐུ་རགས་ལུས་ཀྱི་ཕྱིར་སྒྲུབ་ནས་ནང་དུ་འཇུག་སྟེ་ཕྱིར་ལྡང་ཞེས་པ་དང༌། ནང་དུ་སྒྲུབ་སྟེ་ཕྱིར་སྤྲོས་ནས་ནང་དུ་གཞུག་སྟེ་སླར་ཕྱིར་ལྡང་བར་བྱེད་པ་སོགས་ཟབ་ཁྱད་དུ་མ་ཡོད་དོ་ཞེས་སྒྲོགས་པ་ནི། སྔོན་གྱི་བཀའ་དང་བསྟན་བཅོས་མན་ངག་སོགས་འཕགས་པའི་ཡུལ་དང་བོད་ཀྱི་ཆ་གང་དུའང་མ་བྱུང་བའི་ཕྱིས་ཀྱི་རྟོག་བཏགས་ཀྱི་མུན་སྤྲུལ་དུ་ཟད་དོ། །དེས་ན་སྔགས་ཀྱི་ཐེག་པར་ཟུང་འཇུག་རྡོ་རྗེའི་སྐུ་སྒྲུབ་ཚུལ་ལ་ཀུན་ད་བྱང་ཆུབ་ཀྱི་སེམས་ཀྱི་མཐུས་ལུས་ཀུན་རྫོབ་བདེན་པ་སྒྱུ་ལུས་སུ་བསྒྲུབ་པ་དང༌། མངོན་པར་བྱང་ཆུབ་པའི་ཏིང་ངེ་འཛིན་གྱི་མཐུས་སེམས་དོན་དམ་བདེན་པ་འོད་གསལ་ཆོས་ཀྱི་སྐུར་སྒྲུབ་ཅིང༌། དེ་ཉིད་སློབ་ལམ་དུ་རེས་འཇོག་སོ་སོར་བསྒྲུབས་ནས་མི་སློབ་ལམ་དུ་རེས་འཇོག་མ་ཡིན་པར་ཟུང་འཇུག་འབྲལ་མི་ཤེས་པར་བསྒྲུབ་པ་ལ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱས་པ་ཞེས་བརྗོད་ལ། དེ་ལྟའི་ཀུན་ད་བྱང་ཆུབ་ཀྱི་སེམས་བཞུ་བྱེད་ལའང༌། རྒྱུད་སྡེ་རྣམས་ལས། ལས་ཆོས་དམ་ཚིག་ཆེན་པོ་སྟེ་བཞི་དང༌། ལ་ལར་ཡེ་ཤེས་ཏེ་ཕྱག་རྒྱ་བཞི་དང་ལྔ་དང་དེ་བཞིན་གཤེགས་པ་རིགས་དྲུག་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱག་རྒྱ་དྲུག་ལ་སོགས་པ་དུ་མ་གསུངས་ནའང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་དཔལ་ལྡན་འདུས་པ་ལས་ཀྱང་གཙོ་ཆེར་གསུངས་ཤིང༌། དེ་ཡང་ས་བཅུ་རྒྱུན་གྱི་ཐ་མར་དེ་བཞིན་གཤེགས་པའི་བྱིན་རླབས་ལས་དབང་པོ་ཐ་མ་མིའི་བུ་མོ་མཚན་ཉིད་ཡོངས་སུ་རྫོགས་པའི་རིག་མ་དང༌། དབང་པོ་འབྲིང་ལ་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས་འདོད་པ་དང་གཟུགས་ཀྱི་ལྷའི་བུ་མོ་འཁྲིག་པའི་བདེ་བ་ཡོངས་སུ་འཇོ་བའི་རྟེན་གྱི་རིག་མ་དང༌། དབང་པོ་ཡང་རབ་ལ་དེ་བཞིན་གཤེགས་པ་ཉིད་ཀྱི་སྤྲུལ་པའི་ཕྱག་རྒྱ་མ་སྤྲོས་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གསང་བ་ཉིད་ཡིན་པས་མཚན་ཕྱེད་དུ་དེའི་གན་དུ་བཏང་སྟེ། དེ་དང་ལྷན་ཅིག་སྙོམས་པར་ཞུགས་པས་གསུམ་པའི་དབང་བསྐུར་ནས་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཆེན་པོ་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་རྫོགས། །ནཻ་རཉྫ་ནའི་ཆུ་འགྲམ་དུ། །མི་གཡོ་ཏིང་ངེ་འཛིན་ལ་བཞུགས། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་དང༌། །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །འོད་གསལ་བ་ནི་དེ་དམིགས་ཤིང༌། །རང་གའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། །འདི་ལྟར་སྒྲ་དེ་གསན་པ་དང༌། །དེ་ནས་ཏིང་འཛིན་མི་གཡོ་བཏང། །འདི་ལྟར་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱི་དེ་ཉིད་དམིགས། །ཞེས་སོགས་རྒྱས་པར་འབྱུང་ཞིང༌། ཕྱག་རྒྱ་ཆེན་པོའམ་ཆེན་མོའི་ཕྱག་རྒྱ་ནི། ཕ་མའི་རྒྱུད་དང་དེའི་དགོངས་འགྲེལ་མཁན་པོ་རྣམས་ཀྱིས་མིང་ཙམ་དང་དེའི་དོན་ཕྱོགས་ཅི་གསུངས་ཀྱི་ཆ་ཡོངས་སུ་རྫོགས་པར་ནི་མ་གསུངས་ཏེ། དེ་ཡང་སློབ་དཔོན་འཕགས་པ་ལྷས། མ་ཆགས་པ་ལ་བདེ་མེད་ཅིང༌། །དེ་ཡང་བླུན་མིན་ལ་མེད་ན། །གང་དག་རྟག་ཏུ་ཕྱིར་ཕྱོགས་པ། །དེ་ཡི་བདེ་བ་ཅི་འདྲ་ཞིག །ཅེས་ཆོས་ཐམས་ཅད་གདོད་མ་ནས་ཉེ་བར་ཞི་བར་རྟོགས་པ་རྣམས་ལ་དངོས་པོར་རྟོག་པའི་འདོད་ཆགས་མེད་ཅིང༌། འདོད་ཆགས་མེད་ན་དེ་ལ་བརྟེན་པའི་ཞུ་བའི་བདེ་བའང་ཡོད་པ་མི་འགྱུར་ལ། ཆགས་པའང་བླུན་པོ་ལ་མ་གཏོགས་རང་བཞིན་ཡོངས་སུ་ཤེས་པའི་མཁས་པ་ལ་མེད་ན། ཆགས་པ་ལས་ཕྱིར་ཕྱོགས་པའི་ཆགས་བྲལ་ལ་བདེ་བ་ཆེན་པོ་མེད་པར་འགྱུར་ཏེ། དེར་ཡང་མི་རུང་བ་ཉིད་ཀྱི་ཕྱིར་ན་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཕྱག་རྒྱ་ལ་བརྟེན་ནས་དངོས་པོ་ལ་རྟོག་པའི་ཆགས་པ་དང་བྲལ་བ་དེ་ཉིད་ལ་རྗེས་སུ་ཆགས་པའི་གདོད་མའི་རྟག་པའི་བདེ་བ་ཕྱག་རྒྱ་ཆེན་པོའི་གོ་འཕང་སྒྲུབ་པར་བྱེད་དོ་ཞེས་གསུངས་སོ། །སློབ་དཔོན་པདྨ་བཛྲ་གྱིས་ཀྱང༌། གཞན་ཡང་བདག་གིས་བསྟན་པར་བྱ། །ལས་ཀྱི་ཕྱག་རྒྱ་དང་བྲལ་བས། །དེ་ཉིད་ལྡན་པས་བསྒོམ་པར་བྱ། །ཕྱག་རྒྱ་མེད་པར་ལྷ་རྫས་ཉིད། །ཇི་བཞིན་སྒྲུབ་པོས་ཐོབ་འགྱུར་བ། །མྱ་ངན་འདས་པའི་གོ་འཕང་མཆོག །མདོར་བསྡུས་བདག་གིས་བཤད་པར་བྱ། །ལས་ཀྱི་ཕྱག་རྒྱ་འཁོར་རྒྱུ་ཅན། །ཡེ་ཤེས་ཕྱག་རྒྱ་འང་དེ་བཞིན་ནོ། །རྣམ་རྟོག་མང་པོ་སྤང་བྱས་ལ། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །རྣམ་པར་གཡེང་བ་ཀུན་འབྱུང་བའི། །བུད་མེད་ཕྱག་རྒྱ་རྣམ་སྤངས་པ། །རང་ལུས་ཐབས་དང་ལྡན་པ་ཡིས། །ཕྱག་རྒྱ་ཆེན་པོ་བསྟེན་པར་བྱ། །ཞེས་འབྱུང་བའི་རང་ལུས་ཐབས་ལྡན་གྱིས་ཕྱག་རྒྱ་ཆེན་པོ་བསྟེན་ཚུལ་ལ། རྗེ་བཙུན་སངས་རྒྱས་མཉན་པ་རས་ཆེན་གྱི་ཞལ་སྔ་ནས་འདི་ལྟར་མཁྱེན་པར་སྣང་སྟེ། དག་པའི་སྣང་གསུམ་གྱི་སྣང་བའི་ཡེ་ཤེས་སྐུ་རྡོ་རྗེ་ཤེས་རབ་མའི་རང་ལུས་ལ་ཉེར་ཐོབ་ཀྱི་ཡེ་ཤེས་ཐུགས་རྡོ་རྗེ་ཧེ་རུ་ཀ་ཡིས་སྙོམས་པར་འཇུག་པས། དེ་ལས་འབྱུང་བའི་ཕྱག་རྒྱ་ཆེན་པོའི་བདེ་བ་རྒྱུད་ལ་བསྟེན་པར་བྱའོ་ཞེས་དགོངས་སོ། །ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་ཡོངས་སུ་རྫོགས་པ་བསྟན་ཚུལ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལས་འབྱུང་ལ། དེ་ཡང་དབང་པོ་ཡང་རབ་ལས་དང་པོ་ཉིད་ནས་ཕྱག་རྒྱ་ཆེན་མོའི་ཕྱག་རྒྱ་ལ་བསྟེན་ནས་རྫོགས་པའི་རིམ་པའི་རྣལ་འབྱོར་ཡན་ལག་དྲུག་གམ་ལམ་རིམ་པ་ལྔ་ལས་ཏིང་ངེ་འཛིན་གྱི་རྣལ་འབྱོར་ཉིད་དང༌། ཟུང་འཇུག་གི་རིམ་པ་ཉིད་ནས་འཇུག་པར་བྱར་ཡོད་ཅེས་ཆེས་ཆེར་གསང་བ་བླ་ན་མེད་པ་ཕ་མའི་རྒྱུད་ཀྱིས་ས་བཅུའི་རྣལ་འབྱོར་པ་དག་གིས་ཀྱང་བློ་བར་མི་ཤོང་བར་གསུངས་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་ལ་བརྟེན་ནས་ཟུང་འཇུག་གི་ལམ་ནས་འཇུག་ཚུལ་འདི་དཔལ་ལྡན་འདུས་པ་ནས་ཀྱང་སྦས་ཚུལ་གྱིས་གསུངས་པའི་ཕྱིར་ཏེ། འདི་ལྟར་གསུངས་པ་ན་ས་བཅུ་པའི་རྡོ་རྗེ་ཅན་རྣམས་ཀྱང་བློ་བར་མ་ཆུད་དེ་ངུས་སོ་ཞེས། འགྲེལ་པ་སྒྲོན་གསལ་ལས། གསང་བ་འདུས་པ་འདིས་ལ་དེ་ཁོ་ན་ཉིད་རྟོག་པ་རྣམས་མཐོང་བའི་ཆོས་ཉིད་ལ་ཚེ་འདི་ཉིད་དུ་སངས་རྒྱས་ཉིད་འཐོབ་པ་ཐོས་ཤིང༌། རྒྱུད་ཀྱི་གཞུང་མ་ལུས་པར་ཐོབ་ཀྱང་མཐའ་དྲུག་གི་ཚུལ་གྱི་ཚིག་གི་དབྱེ་བས་རྒྱུད་ཀྱི་དོན་ལ་རྨོངས་པ་དང་མ་བྲལ་བ་ཙནྡན་ལྟ་བུའི་གང་ཟག་ལ་སོགས་པའི་ཉན་པ་པོ་རྣམས་སེམས་ཇི་ལྟ་བ་བཞིན་དུ་རང་ས་མ་ཐོབ་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་གསུངས་རྡོ་རྗེའི་ཡི་གེའི་ཚིག་འདི་ཐོས་ནས་རབ་ཏུ་ངུས་སོ། །ཞེས་འབྱུང་བའི་ཕྱིར་རོ། །དེས་ན་ཟུང་འཇུག་གི་རིམ་པ་ཉིད་ནས་ཇི་ལྟར་སློབ་པའང༌། དབང་པོ་ཡང་རབ་ལ་སེམས་ཅན་ཐམས་ཅད་ལ་འཁྲིག་དུས་ལ་སོགས་པར་གཞིའི་འོད་གསལ་མངོན་དུ་འགྱུར་སྐབས། བླ་མ་དམ་པ་མཚན་ཉིད་དང་ལྡན་པའི་རྟེན་འབྲེལ་གྱིས་སྐད་ཅིག་ཙམ་དུ་ལམ་གྱི་ཡེ་ཤེས་བསྐྱེད་དེ། དེས་ཚོགས་སྦྱོར་མཐོང་སྒོམ་གྱི་སྤང་བ་རྣམས་སྤངས། རྟོགས་བྱ་རྣམས་སྐད་ཅིག་སྐད་ཅིག་ཙམ་ལ་རྟོགས་པར་བྱེད་པའི་ཕྱིར། ཞལ་ལུང་ལས། ཤི་དང་བརྒྱལ་དང་གཉིད་ལོག་དང༌། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བ་རབ་སྒོམ་པ། །ལུས་ཅན་ཡིད་ཀྱི་དྲི་མ་སྦྱངས། །ཞེས་དང༌། དཔལ་ལྡན་ཟླ་བས་སྒྲོན་གསལ་ལས། འདས་པ་དང་མ་འོངས་པ་མེད་པར་ད་ལྟར་གྱི་སྐད་ཅིག་མས་སེམས་རྣམ་པར་ཤེས་པ་གསུམ་ལ་སྦྱར་བར་བྱའོ། །ཞེས་འབྱུང་བས། ཕྱག་རྒྱ་མཆོག་དམན་གྱི་ཁྱད་པར་ལས་སྒྲིབ་བྲལ་གྱི་ཀུན་ད་བྱང་ཆུབ་ཀྱི་སེམས་ཕྲ་རགས་བཞུ་ཕུལ་ཆེ་ཆུང་གི་རྣམ་སྨིན་གྱི་ཕུང་པོའི་ཁམས་ཟ་ཕུལ་ཆེ་ཆུང་ལས་ཚེ་གཅིག་ཏུ་ཟུང་འཇུག་གི་སྐུ་དང་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་ནུས་ཀྱི་ཁྱད་པར་ཡིན་ནོ་ཞེས་བྱ་བ་ནི།

བདག་བློའི་མོས་དགེའི་རྒྱ་མཚོ་ལ། སངས་རྒྱས་ཆེན་པོ་མཉན་པ་གྲུབ་ཐོབ་ཀྱི་དགོངས་པའི་ཉི་ཟླའི་གཟུགས་བརྙན་གསལ་བར་འཆར་བ་ལ་ནི་དེ་ཙམ་ཞིག་ཏུ་སྣང་ངོ༌། །དེས་ན་དཔལ་དྭགས་པོ་བཀའ་བརྒྱུད་འདི་པ་དག་གི་བླ་མ་གོང་མ་རྣམས། སྤྱིར་སངས་རྒྱས་སྤྲུལ་པའི་སྐུར་བྱོན་པ་རྣམས་བརྗོད་མ་དགོས་ཤིང༌། སླར་ལམ་ཞུགས་ཀྱི་དབང་དུ་བགྱིས་པ་ན་ཡང་དབང་པོ་ཆེས་ཡང་རབ་ཏུ་གྱུར་པ་རྣམས་རྗེ་སྒམ་པོ་པ་འདི་ཉིད་ཀྱི་འཁོར་དུ་བསྡུས་ནས། དང་པོ་ཉིད་ནས་བདེན་པ་གཉིས་ཟུང་འཇུག་གི་རིམ་པའི་ཕྱག་རྒྱ་ཆེན་པོ་ཉིད་ཀྱི་ལམ་གྱིས་སྨིན་གྲོལ་དུ་མཛད་པ་ཡིན་ཏེ། ཚུལ་འདི་ལྟའི་སྨིན་གྲོལ་དུ་མཛད་ཚུལ་ནི། སྔོན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་ཕྲིན་ལས་སྐྱོང་ཚུལ་ལའང་མ་བྱུང་འདུག་པས། སྤྱིར་སངས་རྒྱས་ཐམས་ཅད་དང༌། ཁྱད་པར་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་སངས་རྒྱས་ཚུལ་ལས་ཀྱང་མཛད་པ་འདིའི་ཆ་ནས་དཔལ་སྒམ་པོ་པ་ཡབ་སྲས་སངས་རྒྱས་ཚུལ་ལ་ཁྱད་པར་དུ་འཕགས་སོ་ཞེས་གང་ཟག་འགའ་ཞིག་གི་བློ་བར་མི་ཆུད་ཀྱང་ཁོ་བོས་བྲོ་བོར་བར་བྱེད་དོ། །དེས་ན་སྔགས་ལམ་གྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསྐྱེད་པ་དང༌། ཀུན་ད་བྱང་ཆུབ་ཀྱི་སེམས་ཁྱད་པར་བ་བཞུ་བ་ལ་ངེས་པར་ལས་ཀྱི་ཕྱག་རྒྱ་དང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བསྐུར་དགོས་སོ་ཞེས། ས་སྐྱ་པཎྜི་ཏ་སོགས་མང་པོས་གསུངས་པ་ནི། གང་ཟག་གི་དབང་པོའི་ཁྱད་པར་ལས་ཕྱག་རྒྱ་ཆེན་པོའི་ཚུལ་འདི་ལ། ཀུན་ད་བྱང་ཆུབ་ཀྱི་སེམས་ཀྱི་མཐུ་དང་མངོན་པར་བྱང་ཆུབ་པ་ཐ་མལ་གྱི་ཤེས་པའི་ཏིང་ངེ་འཛིན་གྱི་མཐུ་ཆེས་ཆེན་པོ་དང་ལྡན་པ་ལ་ལས་རྒྱ་དང་རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་ལ་ལྟོས་པའི་དབང་བསྐུར་གྱིས་རྒྱུད་སྨིན་པ་ལ་རག་མི་དགོས་པ་དང༌། དེ་ལྟར་མིན་པའི་དབང་པོ་རྟུལ་འབྲིང་ལ་དགོས་པའི་བྱེ་བྲག་ཙམ་ཡང་མ་གསན་པར་བཀའ་བརྒྱུད་རིན་པོ་ཆེའི་སོགས་དམ་པ་གཞན་གྱི་ཕྲིན་ལས་སྐྱོང་བ་དང་བསྟན་པ་སྤེལ་ཚུལ་ལ་གྱ་ཚོམ་དུ་རྒོལ་བར་ཟད་དེ། གཞན་དུ་ཟབ་མོའི་རྒྱུད་དང་དེའི་དགོངས་འགྲེལ་མཁན་པོ་རྒྱལ་བས་ལུང་བསྟན་ཐོབ་པ་དག་གིས། དེ་ལྟའི་དབང་པོ་ཆེས་ཡང་རབ་ལ། ཐ་མལ་གྱི་ཤེས་པ་མངོན་དུ་འགྱུར་བྱེད་ཀྱི་བླ་མ་དམ་པ་ལ་མོས་གུས་ཀྱི་ཆགས་ཆེན་དེ་ཉིད་ཀྱི་སྒྲིབ་བྲལ་གྱི་ཀུན་ད་བྱང་ཆུབ་ཀྱི་སེམས་ཞུ་ནས་རྣམ་སྨིན་གྱི་ལུས་གཟུགས་སྐུར་སྦྱང་བ་དང༌། དེ་སྦྱངས་རིམ་གྱིས་ཀུན་ད་དེ་ལ་བརྟེན་པའི་མངོན་པར་བྱང་ཆུབ་པ་ཐ་མལ་གྱི་ཤེས་པ་སེམས་ཡིད་རྣམ་ཤེས་གསུམ་གྱིས་མ་བཅོས་པའི་ཐུགས་རྡོ་རྗེ་ཆོས་ཀྱི་སྐུར་འཚང་རྒྱ་བའི་ཐབས་ཤེས་འབྱམས་ཀླས་གསུངས་པ་ཉིད་ཀྱི་ཕྱིར། དེ་ལྟའི་དབང་པོ་ཆེས་ཡང་རབ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་ལས་རྒྱའི་དབང་བསྐུར་སོགས་བྱས་ན་དཔོན་སློབ་དེ་དག་གི་རྒྱུད་སྨིན་གྲོལ་དུ་མི་འགྱུར་བར་མ་ཟད། དཔོན་སློབ་དེ་དག་ཉམས་པ་ཆེན་པོས་ཉམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་བར་ཆད་བྱེད་པར་གསུངས་ཏེ། སློབ་དཔོན་ཆེན་པོ་ཨིནྡ་བྷུ་ཏིས། ཡང་དག་ཡེ་ཤེས་ཀུན་ལྡན་པས། །བྲིས་པའི་དཀྱིལ་འཁོར་ལོག་གཞན་དུ། །དབང་བསྐུར་བ་ནི་ལེན་ཅེ་ན། །དེ་ནི་དམ་ཚིག་ཉམས་པར་འགྱུར། །ཞེས་དང༌། སློབ་དཔོན་ཆེན་པོ་པདྨ་བཛྲ་གྱི་གསང་བ་གྲུབ་པར། སྒོམ་པ་ཡིས་ནི་བར་ཆད་ཅན། །སྔགས་པས་གསང་སྔགས་མི་བཟློས་ཤིང༌། །དཀྱིལ་འཁོར་དག་ཀྱང་མི་བྱ་ལ། །ཕྱག་རྒྱ་མི་བྱ་ཕྱག་མི་བྱ། །ཞེས་དང༌། ས་རྡོའི་རང་བཞིན་མཆོད་རྟེན་དང༌། །གླེགས་བམ་ལ་སོགས་མི་བྱ་ཞིང༌། །རྨི་ལམ་དུ་ཡང་དཀྱིལ་འཁོར་སོགས། །ལག་པའི་ཕྱག་རྒྱའང་མི་བྱའོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཡང་ཆེས་དབང་པོ་ཡང་རབ་ལས། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པའི་རྟེན་ཀུན་ད་དང་པདྨ་ལྟ་བུའི་དཀར་དམར་གྱི་ཁམས་བཞུ་བའི་ཆགས་ཆེན་ཀྱང༌། དཔལ་ལྡན་བླ་མ་དམ་པའི་སྐུ་གདན་གསུམ་གྱི་དཀྱིལ་འཁོར་པར་རྫོགས་པའི་ཡབ་ཡུམ་སྦྱོར་བའི་རིག་མ་ཡིད་འོང་རང་བཞིན་གྱི་གནས་ན་མཛེས་པ་དེས་བསྐྱེད་པའི་ཕྱག་རྒྱ་ཆེན་པོའི་བདེ་བ་སྒྲུབ་ཀྱི་དེ་ལས་གཞན་པའི་ཐ་མལ་གྱི་ལས་རྒྱ་དང་གསང་སྔགས་ཀྱི་ཆོ་ག་གཞན་གྱིས་འགྲུབ་པའང་མ་ཡིན་ཏེ། དཔལ་ས་ར་ཧས། དཀྱིལ་འཁོར་པ་དང་སྦྱིན་སྲེགས་པས་སྟོངས་ཤིང༌། །སྔགས་དང་ཕྱག་རྒྱ་རབ་གནས་ལ་སོགས་རྣམ་བྲལ་བ། །རྒྱུད་དང་བསྟན་བཅོས་ཀུན་གྱི་སྒྲུབ་པར་མི་ནུས་པ། །རྡོ་རྗེའི་ཡེ་ཤེས་འདི་ནི་རང་བཞིན་གནས་ན་མཛེས། །ཞེས་འབྱུང་ངོ༌། །དེས་ན་ཐ་མལ་གྱི་ཤེས་པ་མངོན་དུ་བྱེད་ཐབས་བྱང་ཆུབ་ཀྱི་སེམས་བླ་མའི་མོས་གུས་ཤར་ནས་དེ་ཉིད་ཀྱིས་དག་སྣང་ལ་སྣང་སྲིད་ཡི་དམ་གྱི་དཀྱིལ་འཁོར་དཔལ་ལྡན་བླ་མ་དམ་པའི་རོལ་པར་ཤར་བའི་འདུ་འཕྲོད་ལ་རྗེས་སུ་ཆགས་པའི་ཆགས་ཆེན་གསང་སྔགས་ཀྱི་དམ་ཚིག་དང་སྤྱད་པ་སྤྱོད་པ་ཡོད་ཕྱིར། ཐ་མལ་གྱི་བུད་མེད་ལ། ཡི་དམ་ལྷའི་ང་རྒྱལ་བཙན་ཐབས་སུ་བཞག་ནས་རྡོ་རྗེ་པདྨ་བྱིན་རླབས་བྱས་ཏེ། སྙོམས་འཇུག་གི་བདེ་བ་འཛིན་པ་སོགས་དམན་པའི་སྤྱོད་པ་བྱེད་པའང་མི་རིགས་སོ་ཞེས་དཔལ་ཆེན་པོ་ས་ར་ཧས། ཀྱེ་མ་གནས་ལུགས་རྟོགས་ནས་དམན་པའི་སྤྱོད་པ་ཉིད་བྱེད་ན། །རྒྱལ་པོ་ཁྲི་ལས་བབས་ནས་ཕྱག་དར་བྱེད་པ་བཞིན། །ཟད་མི་ཤེས་པའི་བདེ་བ་ཆེན་པོ་ཉིད་སྤངས་ནས། །འཁོར་བའི་བདེ་བ་དག་ལ་རེ་བ་ཉིད་ཀྱིས་འཆིང༌། །ཀྱེ་མ་སྤྲོས་པ་རྣམས་དང་བྲལ་བའི་རང་གི་སེམས་མཐོང་ནས། །སྤྲོས་པ་རྣམས་ལ་ཆེད་དུ་འབད་པའི་རྣལ་འབྱོར་པ། །ནོར་བུ་རིན་ཆེན་རྙེད་ནས་འཆིང་བུ་འཚོལ་བ་བཞིན། །འབད་པ་བྱས་ཀྱང་སྙིང་པོ་པ་ནི་ནམ་ཡང་མིན། །ཞེས་འབྱུང་ངོ༌། །དེས་ན་ཁམས་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟ་བུ་ལུས་སྒྲིབ་བྲལ་དུ་བྱེད་པའི་རིམ་པ་ཡང༌། རྒྱལ་པོ་ཨིནྡྲ་བྷུཏིའི་ཞལ་ནས་ཇི་སྐད་དུ། ས་བོན་ཞེས་པ་ནི་ཇི་ལྟར་དངུལ་ཆུ་གསད་པ་དང་གཟག་པའི་རིམ་པས་གསད་པ་དང་གཟག་པའི་ལས་བྱེད་དོ། །བརྒྱ་སྟོང་ཕྲག་དུ་མ་དང་ཇི་སྲིད་གྲངས་མེད་པར་བྱེད་དོ། །དེ་བཞིན་དུ་འདིར་ཡང་རྫོགས་པའི་རིམ་པས་ས་བོན་གྱི་གཟུགས་སུ་གནས་པ་ནི་ཡེ་ཤེས་ཆེན་པོ་ཞེས་པའི་དོན་ཏོ། །དེ་ཆོས་ཀྱི་དབྱིངས་སུ་ཞུ་བར་བྱས་ཤིང་ཀུན་གཞི་རྣམ་པར་ཤེས་པ་ལ་ཐིམ་པར་གྱུར་ཅེས་པའི་དོན་ཏོ། །མ་རིག་པ་ལ་སོགས་པའི་སྒྲིབ་པ་ཟད་པ་ངེས་པར་གསུངས་པའི་ཚིག་གོ །དེ་ལྟར་དངུལ་ཆུ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་བསད་ཅིང་དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཅུ་གཉིས་དང༌། དེ་བཞིན་དུ་ལས་ཀྱི་དབང་པོ་དྲུག་དང༌། དེའི་བྱ་བ་དྲུག་ཀྱང་བསད་ཅེས་པའི་དོན་ཏོ། །འདི་ནི་རང་དབང་ཐོབ་པའི་དེ་བཞིན་གཤེགས་པར་འགྱུར་རོ། །རང་དབང་ཐོབ་པ་དེས་ནི་གང་དང་གང་དུ་འགྲོ་འདོད་པ་དེ་དང་དེར་འགྲོ་བར་འགྱུར་ཏེ། གཞན་དུ་མ་ཡིན་ནོ་ཞེས་དང༌། དེ་ལ་རེ་ཞིག་རྩ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། དང་པོ་ཁོང་སྟོང་རྒྱུ་བ་དབྱིབས་ཀྱི་རྩའོ། །གཉིས་པ་ནི་བྱང་ཆུབ་སེམས་ཀྱི་རྩའོ། །དེ་བཞིན་དུ་བྱང་ཆུབ་སེམས་བསྐྱེད་པར་བྱེད་པ་རླུང་གི་རྩའོ། །གང་གི་ཚེ་རྩ་དེ་རྣམས་གནམ་སྟོང་དང་ཉ་དག་གི་མཐར་གང་བར་འགྱུར་ཞིང་མཐའ་དེ་དག་གི་ཆ་གཉིས་འདུས་པ་དེའི་ཚེ་བྱང་ཆུབ་སེམས་རྒྱུ་བར་མི་འགྱུར་རོ། །དེ་མི་རྒྱུ་བའི་ཕྱིར་རྩ་རྣམས་དང་བྱང་ཆུབ་སེམས་རོ་མཉམ་པ་ཉིད་དུ་འགྱུར་རོ། །དེ་དང་རོ་མཉམ་པའི་ཕྱིར་ཤ་ཁམས་འཇུ་བར་འགྱུར་རོ། །དེ་ཞུ་བའི་ཕྱིར་པགས་པའི་ཁམས་ཞུ་བར་འགྱུར་རོ། །དེ་དག་ཡོངས་སུ་ཟད་པའི་ཕྱིར་ལུས་ལ་སོགས་པའི་ཁམས་གསུམ་ཡོངས་སུ་ཟད་པར་འགྱུར་རོ། །དེས་ན་དབང་པོ་དང་ཕུང་པོ་དང་འབྱུང་བའི་ཁམས་རྣམས་ཡོངས་སུ་ཟད་པར་འགྱུར་རོ། །དེ་བས་ན་བཟུང་བ་དང་འཛིན་པ་རྣམས་མི་དམིགས་སོ། །ཞེས་འབྱུང་སྟེ། དེའི་དོན། བླ་མའི་དུས་ཐབས་ཀྱི་རྟེན་འབྲེལ་གྱི་དགེ་ཚོགས་རྫོགས་པའི་རྀམ་པ་ཀུན་ད་བྱང་ཆུབ་ཀྱི་སེམས་ཉོན་མོངས་པའི་གདུང་བ་ཀུན་ནས་བསིལ་བར་བྱེད་པའི་འོད་ཟེར་ཅན་གྱི་ས་བོན་ཆོས་ཀྱི་སྤྱན་དྲི་མ་མེད་པ་མངའ་བ་རྣམས་ཀྱི་སྤྱོད་ཡུལ་དུ་ནམ་མཁའི་ཁམས་རྒྱས་པར་འགེངས་པའི་སྣང་བ་ཆེན་པོའི་ཉི་མ་ལྟར་གསལ་བའི་གཟུགས་སུ་གནས་པ་དེ་ཉིད་ཡེ་ཤེས་དང་ཡེ་ཤེས་ཀྱི་རླུང་དང་ལྷན་ཅིག་ཏུ་འཇུག་པས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་པས་ཁམས་ཀུན་ད་ཞུ་བར་བྱས་པས། དེ་ཉིད་ཀྱི་བདེ་བ་ལ་རྗེས་སུ་ཆགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་དེས་ཡེ་ཤེས་དེ་གང་ལ་བརྟེན་པའི་སྐུ་དེ་ལ་བདེ་བ་ཆེན་པོ་དང་ཡེ་ཤེས་ཀྱི་སྐུ་ཞེས་སྔགས་ཀྱི་ཐེག་པར་འབྱུང་བའི་སྐུ་ལྔ་པ་དེ་འབྱུང་ལ། དེ་ལྟའི་བདེ་བ་ཆེན་པོའི་ཡེ་ཤེས་དེས་ཀུན་གཞི་དང་ཉོན་ཡིད་དང་འཇུག་ཤེས་ཏེ་ཚོགས་བརྒྱད་སྦྱངས་པས། རྣམ་ཤེས་ཚོགས་བརྒྱད་པ་པོ་དེ་དག་གིས་བསྒྲུབས་པའི་ཕུང་པོ་དང་དབང་ཁམས་སོགས་ཁམས་སོ་དྲུག་རང་གར་འགག་པ་སྟེ་སོད་པ་ཅེས་བྱ་བ་དེ་འབྱུང་ལ། རྒྱུད་སྡེ་རྣམས་ལས། འདི་ཉིད་ལ་དགོངས་པའི་སྐད་ཀྱིས་ཇི་སྐད་དུ། དེ་བཞིན་གཤེགས་པ་རྣམས་ན་དངོས་གྲུབ་དམ་པ་ཐོབ་པར་འགྱུར། ཞེས་སོགས་གྲངས་མེད་འབྱུང་བ་དེའོ། །དེ་ཡང་རྣམ་སྨིན་གྱི་རྟེན་འགྲུབ་པར་བྱེད་པའི་སེམས་ཡིད་རྣམ་ཤེས་དང་བདག་ཉིད་གཅིག་པར་འཇུག་པའི་རྩ་ཁོང་སྟོང་དབྱིབས་ཀྱི་རྣམ་པ་དང་རླུང་འགྲོ་འོང་བགྲོད་པའི་རྣམ་པ་དང༌། ཐིག་ལེ་ལུས་ཟུངས་བཅུད་ཀྱི་དྭངས་མར་འདྲིལ་བའི་རྣམ་པ་ཅན་ནི་འཁོར་བའི་ཕུང་པོ་ཁམས་སྐྱེ་མཆེད་འགྲུབ་པའི་རྩ་རླུང་ཐིག་ལེའོ། །ཡང་རྒྱུའི་ཐེག་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡེ་ཤེས་བཞི་དང་ལོངས་སྤྲུལ་ཆོས་སྐུ་འགྲུབ་པའི་རྟེན་གྱི་རྩ་རླུང་ཐིག་ལེ་ནི། ཁམས་གསུམ་པའི་འབྱུང་བ་དང་བྲལ་བའི་སྨོན་ལམ་དང་ཚོགས་གཉིས་ཀྱི་དགེ་བ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་འབྱུང་བའི་བདག་དང་ལྷན་ཅིག་འཇུག་པའི་རྩ་ཉི་ཟེར་དང་བ་ཐག་གི་རྣམ་པ། རླུང་སྒྲ་ཙམ་དུ་རྒྱུ་བའི་རྣམ་པ། ཐིག་ལེ་ཤིན་ཏུ་དྭངས་པ་འོད་ཀྱི་གོང་བུའི་རྣམ་པ་ལྟ་བུར་ཡོད་ལ། འབྲས་བུའི་ཐེག་པའི་ཡེ་ཤེས་ལྔ་འགྲུབ་པའི་རྟེན་གྱི་རྩ་རླུང་ཐིག་ལེ་ནི། རྡོ་རྗེ་ཟླ་བ་དྲི་མ་མེད་པའི་བདག་ཉིད་དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱེད་པའི་རྡོ་རྗེའི་རྩ་ཆོས་ཐམས་ཅད་ཀྱི་གོ་ཡང་ཞིང་སྟོང་པར་འབྱེད་པའི་རྣམ་པ་ཅན། རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་བདག་ཉིད་དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཁམས་འོད་ཟེར་གྱིས་འགེངས་པར་བྱེད་པའི་རྡོ་རྗེའི་རླུང་ཆོས་ཀྱི་དབྱིངས་དང་མཉམ་པར་སྒྲར་བརྗོད་པར་བྱེད་པའི་རྣམ་པ་ཅན་དང༌། རྡོ་རྗེ་སྒྲ་གཅན་འོད་གསལ་བའི་སྙིང་པོའི་བདག་ཉིད་དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྒྲིབ་པ་དང་བྲལ་བར་བྱེད་པའི་རྡོ་རྗེའི་ཐིག་ལེ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཆོས་ཀྱི་དབྱིངས་དང་འཇུག་པ་གཅིག་པ་མི་གཡོ་བར་གནས་པའི་རྣམ་པ་ཅན་ནོ། །དེ་ལྟར་འབྲས་བུའི་ཐེག་པའི་རྣལ་འབྱོར་པ་གང་དབང་རྡོ་རྗེ་ཐེག་པའི་ལུས་སེམས་ཀྱི་རིགས་དང་དགེ་རྩ་སད་པ་ན། བཤད་མ་ཐག་པའི་རྡོ་རྗེའི་རྩ་རླུང་ཐིག་ལེ་མངོན་དུ་གྱུར་ནས་རྡོ་རྗེའི་རྩ་དེ་དག་ལས་མཆོག་ཏུ་རྩའི་རྒྱལ་པོ་དབུ་མའི་ནང་དུ་རྡོ་རྗེའི་གཏུམ་མོ་ཡེ་ཤེས་ཀྱི་མེའམ། དཔྱིད་ཀྱི་རོལ་པ་ལྟེ་བ་ནས་འབར་བས་རྡོ་རྗེ་ཐེག་ལེ་སྤྱི་བོ་ནས་ཞུ་བ་སྤྱི་མགྲིན་སྙིང་ལྟེ་བའི་གནས་བཞིར་བརྒྱུད་དེ་ལྟེ་འོག་ཏུ་ཚེས་ཀྱི་ཆ་བཅོ་ལྔ་པ་ཡས་བབ་ཀྱི་དགའ་བ་ཆེན་པོའི་རྟེན་གྱི་ཐིག་ལེ་ཉའི་གནམ་སྟོང་གི་མཐར་ཟླ་ཚེས་ཟད་པའི་རྣམ་པ་དང༌། ཐིག་ལེ་དེ་ཉིད་ལྟེ་སྙིང་མགྲིན་པ་སྤྱི་བོའི་གནས་བཞིར་བརྒྱུད་དེ། གཙུག་ཏོར་དུ་ཚེས་ཆ་བཅོ་ལྔ་པ་མས་བརྟན་གྱི་དགའ་བ་ཆེན་པོའི་རྟེན་གྱི་ཐིག་ལེ་ཉའི་མཐར་ཟླ་ཚེས་གང་བའི་རྣམ་པ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྟེང་འོག་གཉིས་ཀར་གཡོ་མེད་དུ་གནས་པ་ལས་འཕོ་འགྱུར་གྱི་རྒྱུ་བར་མི་འགྱུར་བ་ན་སྒྲིབ་བྲལ་གྱི་ཐིག་ལེ་གཡོ་བ་མེད་པར་རྡོ་རྗེ་རྒྱལ་པོའི་རང་ས་ཟིན་པ་ན། སྒྲིབ་བྲལ་གྱི་རླུང་དང་རྩ་རྣམས་ཀྱང་དེའི་ཤུགས་ལས་གཡོ་བ་མེད་པར་རྒྱུ་བ་དང་བྲལ་བར་ཀྱང་རང་གར་གྲོལ་བ་ནི། མེ་ཏོག་པདྨའི་སྦུབས་ལས་ཐོན་པར་ཉེ་བ་ན། ཉི་མའི་འོད་ཟེར་དང་པདྨའི་འདབ་མའི་རེག་པ་འདུ་འཕྲོད་རོ་མཉམ་དུ་སོང་བ་ན་སྦུབས་ལགས་རང་གྲོལ་དུ་འགྲོ་བ་ལྟ་བུའོ། །དེས་ན་ཁམས་གསུམ་འཁོར་བའི་ལུས་སེམས་ཡོངས་སུ་མ་དག་པར་ནི་ཐ་མལ་གྱི་ཤེས་པ་ཡོངས་སུ་རྫོགས་མདུན་དུ་གྱུར་པའི་རྫོགས་སངས་མི་ཐོབ་བོ་ཞེས། སློབ་དཔོན་ཨཱརྱ་དེ་བས་སྤྱོད་བསྡུས་ལས། ཇི་སྲིད་དུ་ཕུང་པོའི་ཟ་མ་ཏོག་ཡོད་པ་དེ་སྲིད་ཀྱི་བར་དུ་ནི་རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་སྟེ། རང་བཞིན་གྱི་སྣང་བ་འགྲོ་བ་བདག་དང་གཞན་ལ་སྣང་བར་འགྱུར་རོ། །ཇི་ལྟར་ཞེ་ན། དང་པོ་ནི་སྣང་བའོ། །གཉིས་པ་ནི་རང་བཞིན་ནོ། །དེ་རླུང་དང་བཅས་པས་གང་ཕྱོགས་བཅུར་འཁོར་བ་སྟེ། གང་གིས་ཞེ་ན། འདོད་ཆགས་དང༌། འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་བར་མ་ལ་སོགས་པ་དང༌། གཞན་ཡང་དྲག་པོ་དང་ཞི་བ་དང༌། དགའ་བ་དང༌། མྱ་ངན་དང༌། བཀྲེས་པ་དང༌། །སྐོམ་པ་དང༌། ཚོར་བ་ཞེས་པ་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་ཉིན་དང་མཚན་དུ་ཡིད་ལ་བྱས་ནས་མ་རིག་པ་རང་འགགས་ཤིང་ཡང་ལངས་ནས་རླུང་གི་དབང་གི་འཁོར་བ་ནས་འཁོར་བར་འགྱུར་ཏེ། དེས་ལུས་དཀྲུགས་ནས་ཇི་སྲིད་མིག་ལ་སོགས་པའི་དབང་པོ་ཡུལ་དམིགས་པ་དེ་སྲིད་དུ་དེ་ཉིད་དམིགས་པར་འགྱུར་ཏེ། ཐོག་མ་མེད་པའི་དུས་ནས་གོམས་པའི་ཕྱིར་རོ། །ཞེས་འབྱུང་ངོ༌། །དེས་ན་རྣམ་སྨིན་གྱི་ལུས་རྒྱུན་སྨེགས་ནས་རྡོ་རྗེ་རྒྱལ་པོ་རང་ས་ཟིན་པར་འགྱུར་ལ། དེ་ལྟའི་གདན་དེ་ལ་སྔགས་ཀྱི་ཐེག་པ་འདིར་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་འགྱུར་བ་མེད་པ་འོག་མིན་སྟུག་པོ་བཀོད་པ་དང༌། རྡོ་རྗེ་སེང་གེའི་ཁྲི་དང༌། རྡོ་རྗེ་བཙུན་མོའི་བྷ་ག་ཞེས་སུ་བརྗོད་དོ། །དེ་ལྟའི་རྡོ་རྗེའི་རྩ་རླུང་ཐིག་ལེ་རོ་མཉམ་དུ་འགྱུར་བའི་མཐུའི་སྐད་ཅིག་ཏུ་འདོད་པའི་ཁམས་ཀྱི་རྣམ་སྨིན་རྡོས་བཅས་ཀྱི་ཤ་རུས་ལ་སོགས་པའི་ཁམས་རྣམས་དངོས་སུ་དག་ཅིང་དེའི་ཤུགས་ལས་གཟུགས་དང་གཟུགས་མེད་པའི་ལུས་སེམས་ཕྲ་བ་རྣམས་སྦྱོང་བར་མ་ནུས་པའི་སངས་རྒྱས་དེ་ཡང་ཡང་དག་པའི་སངས་རྒྱས་ཕུལ་དུ་དབྱུང་དུ་མེད་པ་མ་ཡིན་ཏེ། རྣམ་སྨིན་གྱི་ལུས་ཕྲ་བ་ལ་བརྟེན་པའི་སེམས་ཀྱི་འཁོར་བ་ཡོད་པའི་ཕྱིར། ལུས་དེ་ལ་བརྟེན་པའི་འཕོ་ཆགས་སོགས་ཀྱི་སྒྲིབ་པ་ལ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོར། འཕོ་བའི་བདེ་བ་དང་འཛག་པའི་སྒྲིབ་པ་ཞེས་འབྱུང་ལ། རྒྱུ་མཚན་འདི་ཉིད་ཀྱི་ཕྱིར། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པས། འཁོར་བར་ལུས་འཁོར་ཞེས་བྱ་བ་རྡོ་རྗེའི་གསུང་ཞེས་སྤྱན་སྔ་འབྲི་ཁུང་གླིང་པས་གསུངས་སོ། །དེས་ན་རྣམ་སྨིན་གྱི་ལུས་འདི་ཉིད་ལའང་ལས་ཀྱི་ཕྱག་རྒྱ་དང་འབར་འཛག་སོགས་དམ་ཚིག་གི་ཕྱག་རྒྱས་ཀུན་ད་བྱང་ཆུབ་ཀྱི་སེམས་ཞུ་ནས་དེ་དྭངས་མའི་རླུང་གིས་ཁྲིད་པའི་བདེ་བ་ལ་བསྐྱེད་རྫོགས་ཀྱིས་ལྷའི་ང་རྒྱལ་གྱི་དཀྱིལ་འཁོར་པར་བསྒོམས་པས་ཀུན་ད་དེ་ཉིད་ཀྱི་སྙིགས་མའི་ཤ་ལྤགས་རུས་གསུམ་གྱི་ཁམས་ཟོས་ཤིང་སྦྱངས་པས་ནམ་ཞིག་འཆི་བ་ལྟ་བུའི་ཚེ་སྙིགས་མའི་ཕུང་པོ་རགས་པ་སྲེག་སྦྱངས་བྱས་པ་ན་དེའི་ཁམས་དྭངས་མ་ལ་ཡིག་འབྲུ་དང་ཕྱག་མཚན་ལྷ་སྐུ་རིང་བསྲེལ་འཇའ་འོད་སོགས་ཀྱི་ཕུང་པོར་འགྱུར་བ་ཡིན་ནོ་ཞེས། བདག་བློའི་ནམ་མཁའ་དྭངས་པར་དཔལ་ལྡན་བླ་མ་དམ་པའི་མཁྱེན་པ་རབ་ཏུ་གསོལ་བ་ལ་སྣང་ངོ༌། །དེས་ན་ཐ་མལ་གཉུག་མའི་ལུས་སེམས་ལ་གློ་བུར་དྲི་མའི་ལུས་སེམས་ཀྱི་ཆ་ཐམས་ཅད་གཏན་ཟད་པའི་ཐབས་ལ་ནན་ཏན་དུ་གྱིས་ཤིག