༤༦

དེ་ལྟར་སྣང་དམིགས་ཀྱི་ཆོས་ཉེ་བར་ཞི་བ་དེ་ཙམ་ལ་དོན་དམ་པའི་བདེན་པ་ཞེས་བཏགས་པ་ཙམ་དང༌། དེའི་ཟློག་ཕྱོགས་ལ་ཀུན་རྫོབ་བདེན་པ་ཞེས་བཏགས་པ་ཙམ་ལས། རྫུན་པར་བདེན་པའི་བདེན་པ་དང་བདེན་པར་བདེན་པའི་བདེན་པ་གཉིས་དངོས་པོའི་ཆོས་སུ་གྲུབ་ནས་བདེན་པ་གཉིས་ཀྱི་ཆོས་སུ་དོན་དམ་པར་མ་ཟད་ཀུན་རྫོབ་ཏུའང་གནས་པ་མ་ཡིན་ནོ། །དེས་ན་བེམ་ཤེས་སོགས་ཀྱི་ཕུང་ཁམས་སྐྱེ་མཆེད་པའི་དངོས་ཆོས་ཀུན་རྫོབ་པའི་བདེན་པ་བདེན་པར་མེད་བཞིན་དུ་བདེན་པར་བལྟ་བས་ལས་དགེ་བ་དང་མི་དགེ་བའི་བསགས་པ་ཐམས་ཅད་ཀྱིས་འཁོར་བའི་ཆོས་འགྲུབ་པར་བྱེད་ལ། དེ་ལྟའི་དངོས་ཆོས་ཀུན་རྫོབ་པའི་བདེན་པ་ལ་བདེན་པར་མེད་བཞིན་ཏུ་ལྟ་བས་ཟག་བཅས་ཟག་མེད་ཀྱི་ཚོགས་གཉིས་བསགས་པས་ཐེག་པ་གསུམ་གྱི་མྱང་འདས་ཀྱི་ཆོས་འགྲུབ་པར་བྱེད་པས། ཀུན་རྫོབ་ཀྱི་བདེན་པ་ལ་བཅོམ་ལྡན་འདས་ཀྱི་མདོ་རྒྱུད་ཀྱི་གསུང་རབ་ལ་བརྟེན་ནས། རྒྱ་བོད་ཀྱི་དགོངས་འགྲེལ་མཁན་གྱི་སློབ་དཔོན་མང་པོས་ཡང་ལོག་གི་རྣམ་བཞག་མང་དུ་མཛད་པ་ཡོད་ཀྱང༌། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པས། ཀུན་རྫོབ་ཀྱི་རྫུན་ཆོས་འདི་ཐམས་ཅད་འཁྲུལ་པའི་སྣང་བ་ཙམ་དུ་ཟད་ལ། འཁྲུལ་ཆོས་ལ་ལོག་པའི་འཁྲུལ་ཆོས་སྒྱུ་མ་ལྟ་བུ་དང༌། ཡང་དག་པའི་འཁྲུལ་ཆོས་སྒྱུ་མ་ལྟ་བུ་སྟེ། སྔ་མ་ལས་ཉོན་གྱི་རྟེན་འབྲེལ་གྱི་དབང་གིས་འཁོར་བའི་རྒྱུ་འབྲས་ལོག་པའི་ཀུན་རྫོབ་བདེན་པ་ཡིན་ལ། ཕྱི་མ་ཚོགས་གཉིས་ཏེ་ཀུན་ནས་རྣམ་བྱང་གི་རྟེན་འབྲེལ་གྱི་དབང་གིས་མྱང་འདས་རྒྱུ་འབྲས་ཡང་དག་ཀུན་རྫོབ་བདེན་པ་ཡིན་ཞེས་གསུངས་པ་དང༌། དགོངས་པ་འདི་དང་གནད་གཅིག་པར་དགེ་བའི་བཤེས་གཉེན་སྣེའུ་ཟུར་པའི་ལམ་རིམ་དུ། ཀུན་རྫོབ་ལ་ཡང་ལོག་གི་བདེན་པའི་འཇོག་ལུགས་མཐའ་གཅིག་ཏུ་མ་ངེས་ཏེ། ས་དང་པོའི་རྗེས་ཐོབ་ཡང་དག་ཀུན་རྫོབ་ཀྱི་སྣང་བ་ལྟོས་ཏེ་ཆོས་མཆོག་ཕྱིན་གྱི་ཀུན་རྫོབ་ཐམས་ཅད་ལོག་པའི་ཀུན་རྫོབ་ཡིན། ས་བཅུ་པའི་རྗེས་ཐོབ་ཡང་དག་ཀུན་རྫོབ་ཀྱི་སྣང་བ་ལ་ལྟོས་ན་དེའི་ཕྱིན་གྱི་ཀུན་རྫོབ་ཐམས་ཅད་ལོག་པའི་ཀུན་རྫོབ་ཡིན། ཞེས་གསུངས་སོ། །དེ་དང་མཐུན་པར་རྔོག་ལོ་ཆེན་པོ་དང༌། གྲོ་ལུང་པ་ཡབ་སྲས་དག་གིས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་གཟིགས་ངོ་ན་ཡང་དག་ཀུན་རྫོབ་འཁྲུལ་པའི་སྣང་བ་ཡོད་ལ། དེ་ལྟར་སངས་རྒྱས་ལ་འཁྲུལ་པ་ཅན་གྱི་ཡེ་ཤེས་མངའ་ཡང་སངས་རྒྱས་སྒྲིབ་པ་དང་བཅས་པར་མི་འགྱུར་ཏེ། སངས་རྒྱས་ཡེ་ཤེས་ཀྱིས་འཁྲུལ་པ་འཁྲུལ་པ་ཉིད་དུ་ཁོང་དུ་ཆུབ་པ་ལས་མ་འཁྲུལ་པ་ཕྱིན་ཅི་མ་ལོག་པར་མི་རྟོག་པའི་ཕྱིར་ཞེས་གསུངས་པས། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བདེན་པ་གཉིས་ཀར་མ་འཁྲུལ་པ་རང་བདེན་དུ་གྲུབ་པའི་ཆོས་ནི་འགའ་ཙམ་མེད་པར་ཁོང་དུ་ཆུབ་པར་བྱས་ནས་ལྟ་སྒོམ་དུ་བྱའོ། །