༨༠

ཡང་རྗེ་སྒམ་པོ་སྤྲུལ་པའི་སྐུའི་རྣམ་ཐར་གྱི་ཚུལ་ནི། གདུལ་བྱའི་མོས་སྣང་ཙམ་གྱིས་ཕྱེ་བ་ཡིན་ལ། མདོ་ལྟར་ན་ས་ཐོབ་པ་ཡན་གྱིས་ལོངས་སྐུ་མཐོང་དུ་རུང་ལ། ཚོགས་ལམ་ཆེན་པོ་པ་ཡན་གྱིས་མཆོག་གི་སྤྲུལ་སྐུ་མཐོང་དུ་རུང་ལ། དེ་ལྟར་མིན་པའི་སྐྱེ་བོས་ལོངས་སྤྲུལ་གྱི་སངས་རྒྱས་དངོས་སུ་བལྟར་མེད་པར་བརྗོད་ཀྱང༌། སྔགས་ལུགས་ལྟར་སྔགས་ཀྱི་གདུལ་བྱ་དབང་རྣོན་ཚོགས་ལམ་ནས་འཇུག་པའི་དང་པོར་དེ་བཞིན་གཤེགས་པ་རྡོ་རྗེ་ཅན་གྱི་དཀྱིལ་འཁོར་དུ་དབང་གིས་སྨིན་རུང་གི་གང་ཟག་གིས་ཀྱང་ལོངས་སྤྲུལ་གྱིས་སངས་རྒྱས་མཐོང་དུ་རུང་སྟེ། དེ་ལྟར་མཐོང་རུང་མིག་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཐུས་ཕབ་ནས་རྡོ་རྗེ་ཅན་གྱི་དཀྱིལ་འཁོར་པའི་ནང་དུ་གཞུག་པར་སྔགས་ཀྱི་རྟེན་འབྲེལ་གྱི་ཆོ་གས་མཛད་པའི་ཕྱིར། མཛད་པ་དང་མཐུན་པར་མཐོང་དུ་ཡང་རུང་སྟེ། སྔགས་ཀྱི་དབང་རྣོན་གྱི་རིགས་དང་སྔགས་ཀྱི་དགེ་བའི་རྟེན་འབྲེལ་གྱི་མཐུའི་བྱེད་པ་གཞན་ལས་མཐུ་ཆེ་ཞིང་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར། དེས་ན་སྔགས་ལམ་ནས་འབྱུང་བའི་བྱ་སྤྱོད་ཀྱི་དཀའ་ཐུབ་དང༌། རྣལ་འབྱོར་རྒྱུད་ཀྱི་སྐུ་སྒོམ་ཞིང་སྔགས་བཟླ་བ་དང་ཕྱག་རྒྱ་འཆིང་བ་དང་གླུ་གར་སོགས་ཀྱི་མཆོད་པ་དང་བསྟོད་པ་དང༌། བླ་མེད་ཀྱི་བསྐྱེད་རྫོགས་ཀྱི་རྩ་རླུང་ཐིག་ལེའི་ཆོ་གའི་རྟེན་འབྲེལ་གྱི་མཐུ་ལས་སོ་སོ་སྐྱེ་བོའི་གང་ཟག་རྣམས་ཀྱིས་ཀྱང་མདོ་རྒྱུད་ནས་བཤད་པའི་ལོངས་སྤྲུལ་གྱི་སངས་རྒྱས་ཞི་དྲག་གི་སྐུའི་རྣམ་པ་དང༌། གཞན་ཡང་སངས་རྒྱས་དང་སེམས་ཅན་གྱི་གཟུགས་བརྙན་དུ་མའི་རྣམ་རོལ་དུ་མཐོང་རུང་བ་ཡིན་ལ། ཁྱད་པར་མོས་གུས་ལམ་དུ་བྱེད་པའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ་འཕགས་པའི་ས་མ་ཐོབ་པ་དག་གིས་ཀྱང་མདོ་སྔགས་ནས་བཤད་པའི་ལོངས་སྤྲུལ་གྱི་སངས་རྒྱས་ཀྱི་ཞལ་བལྟ་བ་དང་ཆོས་ཉན་པར་བྱར་ཡོད་དེ། བཀའ་བརྒྱུད་འདི་ལ་གྲགས་པའི་ཐ་མལ་གྱི་ཤེས་པ་ཕྱག་རྒྱ་ཆེན་པོའི་གོ་འཕང་འདི་ཉིད་དོན་གཉེར་གྱི་གང་ཟག་ནི། རྫོགས་སངས་དོན་གཉེར་གྱི་གང་ཟག་གཞན་གང་ལས་ཀྱང་དབང་པོ་མཆོག་ཏུ་གྱུར་ཅིང༌། གོ་འཕང་འདི་དོན་གཉེར་གྱི་དད་པ་དང་མོས་པ་ནི་རྫོགས་བྱང་ཐོབ་བྱེད་ཀྱི་དགེ་བ་གང་ལས་ཀྱང་དགེ་རྩ་མཆོག་ཏུ་གྱུར་པས། དེ་ལྟའི་དགེ་ཚོགས་བསགས་པ་དེས་རྒྱུད་སྨིན་པ་དང་གྲོལ་བའི་མཐུ་རབ་ཏུ་རྒྱས་པས་དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ལོངས་སྤྲུལ་གྱི་སྐུ་དངོས་སུ་མཐོང་བའི་སྐལ་ལྡན་དུ་འགྱུར་བ་ཡིན། དེས་ན་བཀའ་བརྒྱུད་འདི་པའི་བླ་མས་སློབ་མ་ཁྲིད་པ་ན། སྔོན་འགྲོའི་ཉམས་མྱོང་སྐྱེས་པ་ཙམ་ནས་ཡི་དམ་གྱི་ལྷ་ཞལ་གཟིགས་པ་བགྲང་གིས་མི་ལངས་བ་འབྱུང་བ་ལ། ཁ་ཅིག་གིས་འདི་ནི་ཡི་དམ་གྱི་ལྷ་མ་ཡིན། འདྲེ་ལ་སོགས་པ་མི་མིན་ལྟ་བུ་དང༌། ནད་སོགས་ཀྱི་ལས་ངན་གྱི་འཁྲུལ་སྣང་ཡིན་ནོ། །ཞེས་ཟེར་བ་ནི་ཐེག་པ་མཆོག་གི་སྙིང་པོ་བླ་ན་མེད་པའི་བསྟན་པའི་ལོ་རྒྱུས་ཙམ་ལ་དད་པ་འདྲེན་པའི་ཐེ་ཚོམ་དང་ཁུ་འཕྲིག་ཙམ་ཡང་མ་ཞུགས་པའི་སྐལ་བ་ངན་པ་ཁོ་ནར་ཟད་དེ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཏཻ་ལོ་པ་དང་པོར་གྲུབ་པ་མ་བརྙེས་པ་ཐ་མལ་པའི་དུས་སུ། དཔལ་རྡོ་རྗེ་འཆང་དེ་ཉིད་རེས་རབ་ཏུ་བྱུང་བ་དུ་མར་སྤྲུལ། རེས་རྣལ་འབྱོར་པ་བརྒྱ་སྟོང་དུ་མར་སྤྲུལ། རེས་སྤྲུལ་པའི་ཁྱེའུ་ལོ་བཅུ་གསུམ་པར་སྤྲུལ་ནས་རྩེད་མོ་རྩེ་བཞིན་པའི་རྡོ་རྗེ་འཆང་དང་དངོས་སུ་མཇལ་ནས། ངོ་བོ་གཟུགས་མེད་མཐོང་བ་པོ་ཡང་མེད། །ཅེས་སོགས་ཚིགས་སུ་བཅད་པ་གསུང་པ་ཙམ་གྱི་རྐྱེན་གྱིས་ཏཻ་ལོ་པ་མཆོག་གི་དངོས་གྲུབ་ཐོབ་པ་དང༌། དཔལ་ནཱ་རོ་པ་ལ་ཐ་མལ་པའི་དུས་སུ་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་མི་སྡུག་པའི་མཚན་སོ་གཉིས་དང་ལྡན་པའི་བུད་མེད་ཀྱི་སྐུར་བཞེངས་ནས་ཤར་ཕྱོགས་སུ་སོང་དང༌། ཏཻ་ལོ་པ་དང་མཇལ་ནས་མཆོག་གི་དངོས་གྲུབ་ཐོབ་པར་ལུང་བསྟན་པ་ལྟ་བུ་མེད་པའི་བྱུང་བ་ཙམ་ལའང་ཇི་ལྟ་བུ་ཞེས་དཔྱོད་པ་དང་བྲལ་བའི་གང་ཟག་ཏུ་སྣང་བའི་ཕྱིར། དེས་ན་རྗེ་མི་ལས་ཆོས་སྐུ་དང་ད་གཟོད་མཇལ་ཞེས་གསུངས་པ་དེའང་ཉམས་ཀྱི་ཤེས་པ་གསལ་སྟོང་ཙམ་གྱི་རང་ཞལ་མིན་པའི་གཉུག་མ་ཐ་མལ་གྱི་ཤེས་པའི་དྲི་མ་དང་བྲལ་བའི་རང་ཞལ་མཐོང་བ་དེ་ལ་ཆོས་ཀྱི་སྐུ་དང་འཇལ་བར་འཇོག་པ་ཡིན་ལ། མཇལ་ཚུལ་འདི་ལ་རྗེས་མཐུན་པར་མཇལ་བ་དང་དངོས་སུ་མཇལ་བ་གཉིས་ལས། རྗེས་མཐུན་པར་མཇལ་བ་ནི་ཆོས་ཚུལ་འདི་སྟོན་པའི་དཔལ་ལྡན་བླ་མ་དམ་པ་ལ་རང་རེས་ཆོས་ཚུལ་འདིའི་དོན་དུ་ཚེ་རབས་སྔ་མ་ནས་དགེ་བའི་རྩ་བ་རྒྱ་ཆེར་བསགས་པས་བླ་མ་དེའི་མཚན་ཐོས་པ་ཙམ་གྱིས་དད་པའི་རྐྱེན་གྱི་ལས་འབྲེལ་སད་དེ། རྗེ་སྒམ་པོ་པས་ལྕགས་རི་ཞིག་གི་ཁར་ཐུགས་ཏིང་ངེ་འཛིན་ལ་ཕྱམ་ཕྱམ་འགྲོ་བཞིན་པར་ཕྱག་གིས་ཡི་དྭགས་ལ་ཆུ་སྦྱིན་མཛད་པ་ན། སྤྲང་པོ་གསུམ་གྱིས་རྗེ་བཙུན་ཆེན་པོ་མི་ལའི་འཕྲོས་པ་གསན་པ་ཙམ་གྱིས་བཙན་ཐབས་སུ་བ་སྤུ་ལྡང་ཞིང་མཆི་མ་བབ་པའི་དད་པ་ཚད་མེད་པ་སྐྱེས་ཏེ། སྔར་གྱི་སེམས་དེ་མ་ཡིན་པ་ཞིག་རྒྱུད་ལ་ཤར་འདུག ཡུན་རིང་པོ་ཞིག་འབྱོན་ཡང་མ་མཁྱེན། དེ་ནས་དལ་གྱིས་བྲང་ཁང་དུ་བྱོན་ཏེ། དགེ་སྦྱོར་གྱི་གཙོ་བོ་ཡན་ལག་བདུན་པ་ཡིན་པས་མཛད་ཙམ་ན་འཕྲོ་སྟོར་ཞིང་སོང༌། ད་ཅི་བྱུང་བ་ཡིན་ནམ་དགོངས་ནས་གཟིམ་མལ་དུ་བཞུགས་ཏེ་བསྒོམས་པས་ཁང་པ་ལ་སོགས་ཡུལ་སྣང་ཐམས་ཅད་དངོས་པོར་མ་གྲུབ་པར་སྟོང་ཕྱམ་གྱིས་སོང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྒྲིབ་ཐོགས་དང་བྲལ་བར་ཡིད་ཡུལ་དུ་གསལ་བ་དང་སེམས་ཅན་ཐམས་ཅད་ཀྱི་སེམས་དང་ཁམས་དབང་གི་བྱེ་བྲག་ཐམས་ཅད་ཤེས་སྙམ་པ་བྱུང༌། གསུང་བ་ལྟ་བུ་དང༌། རྗེ་རྒོད་ཚང་པས་རྒྱ་རས་པའི་མཚན་གཙང་པ་པག་ཤིའི་གླུ་རྟ་ལས་གསན་པ་ཙམ་གྱིས་དད་པའི་རྐྱེན་ལས་སེམས་ལ་སྔར་གྱི་དེ་མ་ཡིན་པའི་ཤེས་པ་ཞིག་ཤར་བ་ལས། ཕྱིས་རྗེས་རས་པས་ཁྲིད་མཛད་ནས་སེམས་ཀྱི་ངོ་བོ་སྤྲད་པ་ན། ངོ་བོ་སྔར་རྗེའི་མཚན་ཐོས་པའི་དུས་ཐུགས་རྒྱུད་ལ་འཁྲུངས་པའི་ཤེས་པ་དེ་ལས་ལྷག་པའི་འཕྲོད་རྒྱུར་མི་གདའ་ཞེས་གསུངས་པ་ལྟ་བུ་ཡིན་ལ། དེས་ན་མོས་གུས་སྙིང་རྗེ་ངེས་འབྱུང་དྲག་པོ་སོགས་ཀྱི་རྐྱེན་གྱིས་སེམས་གཟུང་འཛིན་གྱི་སྦུབས་ལས་ཐོན་པའི་རིག་བྱ་རིག་བྱེད་ཀྱི་ཉམས་མྱོང་གི་ངར་དང་ལྡན་པའི་ཤེས་པ་སྟོང་གསལ་དྲི་མ་དང་བྲལ་བར་རྟོགས་པ་ན་རང་སེམས་ཆོས་ཀྱི་སྐུ་རྗེས་མཐུན་པར་མཇལ་བ་ཡིན་ནོ། །དངོས་སུ་མཇལ་བ་ནི་དེ་ལྟའི་རྐྱེན་ནམ་སྒྲུབ་པ་གཉུགས་སུ་བསྲིངས་པའམ་བླ་མ་དམ་པས་དབང་དང་བྱིན་རླབས་ལྟ་བུའི་རྟེན་འབྲེལ་གྱི་རྐྱེན་གྱིས་སེམས་གཟུང་འཛིན་གྱི་སྒྲིབ་པའི་གཡའ་ཐམས་ཅད་དག་ནས་གཉུག་མའི་ཤེས་པ་རིག་བྱ་རིག་བྱེད་ཀྱི་ཉམས་མྱོང་གི་ཆ་ཐམས་ཅད་རང་བཞིན་གདོད་མ་ནས་འོད་གསལ་བའི་སྤྲོས་པ་དང་བྲལ་བ་ཆོས་ཀྱི་དབྱིངས་སུ་རྟོགས་པ་ན་རང་སེམས་ཆོས་སྐུ་དངོས་དང་མཇལ་བ་ཡིན་ནོ། །དེ་ལྟར་རང་སེམས་ཆོས་ཀྱི་སྐུར་མཇལ་བ་ན་སྲིད་ཞིའི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་ཆོས་ཀྱི་སྐུ་དེ་ཡང་རང་སེམས་ཆོས་སྐུར་མཇལ་བ་ལྟར་རང་གཞན་གྱི་རང་སེམས་དྲི་མ་མེད་པའི་ཆོས་སྐུ་ལ་བླ་ལྷག་ཏུ་ཆོས་སྐུའི་མོས་གུས་ཐུན་མོང་མིན་པ་དེ་སྐྱེས་པ་སངས་རྒྱས་དང་སེམས་ཅན་རིས་མེད་པ་ལ་ཀུན་ཁྱབ་ཀྱི་མོས་གུས་ཕྱག་རྒྱ་ཆེན་པོ་དཀར་པོ་གཅིག་ཐུབ་ཅེས་བྱ་བ་དེ་རྒྱུད་ལ་འཆར་བ་ཡིན་ཏེ། དེ་འཆར་བ་ན་དོན་དམ་སྤྲོས་བྲལ་འདུས་མ་བྱས་པའི་ཡེ་ཤེས་ཚོགས་སོག་གི་ཕྱག་མཆོད་སོགས་ཀྱི་བསག་སྦྱང་རབ་ཀྱི་མཐར་ཐུག་པས། སྒྲིབ་གཉིས་ཀྱི་གནས་ངན་ལེན་ཤིན་ཏུ་ཕྲ་བའང་བཅད་ནས་སྐད་ཅིག་གིས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་ཏེ། ཇི་སྐད་དུ། ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་འབྱུང་བ་འདི་ལྟའི་མོས་གུས་སྐྱེས་ནས་སྲིད་ཞིའི་སྣོད་བཅུད་ཐམས་ཅད་དཔལ་ལྡན་བླ་མ་དམ་པའི་ངོ་བོའི་ཕྱག་རྒྱ་ཆེན་པོ་རབ་འབྱམས་སུ་ཤར་བ་དེ་ལ། དཔལ་ལྡན་འབྲུག་པའི་ཞལ་ནས། དག་སྣང་ཞིང་སྦྱོང་གི་རྟོགས་པ་སྐྱེས་པའི་ཚད་དུ་བཞག་ལ། སྲིད་ཞིའི་ཆོས་ཐམས་ཅད་དག་པ་རབ་འབྱམས་ཀྱི་ཞིང་ཁམས་སུ་འཆར་བ་ལའང༌། མོས་གུས་བླ་མའི་ཁྲིད་ལ་མྱོང་བ་གཤའ་མ་མ་སྐྱེས་ན་མི་འབྱུང་སྟེ། སྣང་སྲིད་དཔལ་ལྡན་བླ་མ་དམ་པའི་བདག་ཉིད་ཀྱི་སྐུ་གསུམ་གྱི་ངོ་བོའི་ཕྱག་རྒྱ་ཆེན་པོ་ཤར་དགོས་པའི་ཕྱིར། དེས་ན་བཀའ་བརྒྱུད་ཀྱི་ཞལ་ནས། སྣང་སྲིད་སྐུ་གསུམ་དུ་ཤར་བ་ན། །ལམ་གང་ཤར་ལ་སྤང་བླང་ག་ལ་དགོས། །ཞེས་འབྱུང་ངོ༌། །དེས་ན་རང་སེམས་ཀྱི་ཉམས་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་སྐུ་རང་ཞལ་དྲི་མ་དང་བྲལ་བར་མཇལ་བའི་མོས་གུས་རྒྱུད་ལ་ཅི་སྐྱེའི་བསག་སྦྱང་ལ་འབད་པར་བྱའོ། །