cover

ཕྱག་ཆེན་ངེས་དོན་རྒྱ་མཚོ།

རྗེ་དགུ་པ་དགང་ཕྱུག་རྡོ་རྗེ།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྔོན་འགྲོ།

ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་འཕྲིན་ལས་འོད་འཕྲོ་བཞུགས། །

རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མའི་ཞབས། །འབྲལ་མེད་སྤྱི་བོའི་རྒྱན་དུ་བཞུགས་གསོལ་ཏེ། །ངེས་དོན་རྒྱ་མཚོའི་སྙིང་པོ་ཟབ་དོན་འདི། །བཀའ་བརྒྱུད་རིན་ཆེན་གསུང་བཞིན་བྲི་བར་བྱ། དེའང་འཆི་བ་མི་རྟག་པས་རྒྱུད་བསྐུལ་ཞིང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་རིག་སྟེ་ཚེ་འདི་བློས་བཏང་འགྲོ་དྲུག་ཕ་མ་ཤ་སྟག་ཡིན་པའི་ངེས་ཤེས་གཏིང་ཚུགས་སུ་བསྐྱེད་དེ། དེ་རྣམས་ཀྱི་ཆེད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་ཅིང༌། །དེའང་ཚེ་གཅིག་ལུས་གཅིག་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་མཐར་ཐུག་ལ་བརྟེན་ནས་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་ཚེ་ཕྱི་མ་ཁོ་ནའི་དོན་ཆེད་དུ་གཉེར་བ་བྱུང་ན་དེ་ལ་འདི་སྐད་ཅེས་བསྟན་པར་བྱ་སྟེ། ཁྱེད་རྣམས་ཟབ་དོན་གྱི་སྙིང་པོ་ཉམས་སུ་ལེན་པར་འདོད་པ་དེ་ལེགས། དེ་ལ་རང་རང་གི་སེམས་ཀྱི་འདོད་ཚུལ་མ་ཤེས་ན་ཁྲིད་འདེབས་མི་ཤེས་ཏེ། དཔེར་ན་འབེན་མ་མཐོང་བར་མདའ་རྒྱག་པ་བཞིན་གར་འགྲོ་ཆ་མེད་དོ། །དེས་ན་སེམས་ཅན་གྱི་ཁམས་དབང་སྣ་ཚོགས་པས་སོ་སོའི་ཤེས་རྒྱུད་དང་བསྟུན་ནས་སྟོན་དགོས་པ་ལས། ཁྱེད་ཁྲིད་སྔོན་ཞུ་མྱོང་བ་རྣམས་ཀྱིས་ཀྱང་སྔར་གྱི་རྒྱུས་ཡོད་དང་གོ་བ་སྐམ་པོ་ཙམ་གྱིས་མི་ཆོག་སྟེ། བླ་མ་སོ་སོ་ལ་ཆོས་ལུགས་རེ་ཡོད་པ་ཡིན། སྔགས་མཚན་ཉིད་ཀྱི་དགེ་བཤེས་རྣམས་ཀྱིས་ཀྱང་གཞུང་དང་བསྟན་བཅོས་ཀྱི་ཚིག་རིས་ཁྱེར་བྱོན་པས་མི་ཆོག་སྟེ་འདིར་མྱོང་ཐོག་ནས་ངོ་འཕྲོད་ངེས་ཤེས་པ་དགོས་པ་ཡིན། དེ་ལའང་ངོ་སྤྲོད་ཀྱི་རིགས་མང་ཡང་ད་རེས་གཞན་སྤྲས་སྤྲོས་མང་པོ་མི་བྱེད་པར་ངེད་ཀྱིས་བཏབ་པའི་ངོ་སྤྲོད་འདི་ག་ལ་ཆིག་སྒྲིལ་དུ་བྱས་ཏེ་གྲུབ་མཐས་མ་བསྒྱུར་གཉེན་པོས་མ་བཅོས་པའི་ཉམས་ལེན་མཐིལ་ཕྱིན་པ་རྒྱུད་ཐོག་ཏུ་ཁེལ་ངེས་པ་ཞིག་བྱས་ནས་འཆར་སྒོ་གང་བྱུང་གི་ཉམས་རྟོགས་ཁྱེར་ཤོག །དེ་ལ་བཀའ་བརྒྱུད་རིན་པོ་ཆེའི་ཟབ་ཁྲིད་ཉམས་སུ་ལེན་པར་བྱེད་པ་ལ་གང་ཟག་གི་དབང་པོའམ་བློའི་རིམ་པ་དང་བསྟུན་ནས་ཁྲིད་ཚུལ་དུ་མ་ཡོད་པ་ལས། རྗེ་དྭགས་པོ་རིན་པོ་ཆེས་ནི་སློབ་མ་སྣོད་ལྡན་རྣམས་རྗེ་མི་ལ་ནས་བརྒྱུད་པའི་ཐབས་ལམ་གྱིས་ཁྲིད། །ཚོགས་པ་ཕལ་མོ་ཆེ་ནི་བཀའ་གདམས་ནས་བརྒྱུད་པའི་ལམ་རིམ་གྱི་སྒོ་ནས་ཁྲིད་པར་མཛད་ཅིང་བཀའ་སྲོལ་འདི་ཐམས་ཅད་དེའི་རྗེས་སུ་འབྲང་དགོས། བཀའ་གདམས་ནས་བརྒྱུད་པ་ལའང་རྒྱ་ཆེན་སྤྱོད་པའི་རྒྱུད། ཟབ་མོ་ལྟ་བའི་རྒྱུད། ཉམས་ལེན་བྱིན་རླབས་གྱི་རྒྱུད་པ་གསུམ་དུ་ཡོད་པ་ལས། ཕྱི་མ་འདི་ཏེ་ལོ་ནཱ་རོ་ནས་བརྒྱུད་པས་དོན་གྱི་གནད་གཅིག་ཏུ་འབབ་པར་ངེས། སྤྱིར་ཐེག་པ་གསུམ་གང་རུང་དུ་རིགས་སད་པའི་གང་ཟག་སོ་སོའི་ལམ་གོང་ནས་གོང་དུ་ཁྲིད་པར་བྱ་བས་ས་མཚམས་དང་རྣམ་གྲངས་དུ་མར་འགྱུར་མོད། འདིར་ནི་རང་དོན་དང་ཚེ་འདིའི་དོན་གཉེར་སྤུ་ཙམ་མེད་པར་འགྲོ་དྲུག་དྲིན་ཅན་ཕ་མར་ཤེས་ནས་དེ་རྣམས་ཀྱི་ཆེད་དུ་རྫོགས་སངས་སྒྲུབ་པ་ལ་ཆེས་རིངས་པའི་གང་ཟག་གིས་ཉམས་སུ་བླང་བྱའི་དབང་དུ་བྱས་ལ། དེ་ནི་ཐེག་ཆེན་གྱི་རིགས་ཅན་དབང་པོ་རྣོ་བ་དག་ཡིན་མོད། འོན་ཀྱང་གང་ཟག་གི་དབང་པོ་ན་འཕོ་བས་དབང་པོ་བརྟུལ་པོ་ལས་རྣོན་པོ་དང༌། རིགས་དམན་ཅིང་མ་སད་པ་ལས་རིགས་མཆོག་སད་པ་དང༌། གདམས་ངག་གི་སྣོད་དུ་མི་རུང་བ་ལས་སྣོད་རུང་དུ་འགྱུར་བ་སྲིད་པས། དེ་ལྟ་བུའི་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར་ཁྲིད་རིམ་ཐམས་ཅད་ཀྱི་སྔོན་འགྲོའི་ཆོས་ཉམས་སུ་བླངས་པས་དངོས་གཞི་རྒྱུད་ལ་སྐྱེ་བའི་སྐལ་བ་ཅན་དུ་འགྱུར་བའོ། །

ཐུན་མོང་གི་སྔོན་འགྲོ།

སྔོན་འགྲོའི་ཆོས་དེ་ལའང་རིང་བ་བརྒྱུད་པའི་ངང༌། ཉེ་བ་དངོས་ཀྱི་སྒོ་ནས་དབྱེ་བ་ལས། ཐོག་མ་སྐྱེས་བུ་ཆུང་འབྲིང་དང༌། ཕྱི་མ་ལ་སྐྱེས་བུ་ཆེན་པོའི་ལམ་དུ་ཇོ་བོ་རྗེས་བཤད་ཅིང༌། དེ་དང་མཐུན་པར་རྗེ་དྭགས་པོ་རིན་པོ་ཆེས་ཀྱང་ཆོས་བཞིར་གསུངས་ལ། དེ་དག་ཀྱང་སྔ་མ་སྔ་མ་སྔོན་དུ་འགྲོ་དགོས། ཁྲིད་སྟོན་པ་ལའང་རབ་རང་ལའང་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ཅིང་སློབ་མའི་རྒྱུད་ཚོད་ཤེས་པ་དགོས། དེ་ལྟ་མིན་ཀྱང་ཞུས་ལོ་ཐོབ་ལོ་སྒོམ་ལོ་ཙམ་དུ་མ་བཞག་པར་རང་གིས་རྡོ་རུས་གཏུགས་ནས་བསྒོམས་པའི་ཉམས་མྱོང་ཇི་ལྟར་འཁྲུལ་མེད་དུ་སྐྱེས་པ་དེ་དང་སྒོ་བསྟུན་ནས་ཁྲིད་པ་ཞིག་དགོས། གཞན་ཟོག་པོའི་འུར་ཁྲིད། འདོད་པོ་ཆེའི་དཔུང་ཁྲིད། ཤེས་ཆུང་གི་དཔེ་ཁྲིད། སྐུ་ཆེན་གྱི་ཡོམ་ཁྲིད་རྣམས་སྤངས་ལ། པཎྜི་ཏཱའི་ཚིག་ཁྲིད། སྒོམ་ཆེན་གྱི་སྨར་ཁྲིད། རྣལ་འབྱོར་པའི་མྱོང་ཁྲིད། རྟོགས་ལྡན་གྱི་དགོངས་ཁྲིད། རྒན་མོའི་མཛུབ་ཁྲིད་རྣམས་ནི་དོན་དང་མཐུན་ནོ། ཁྲིད་ཉམས་སུ་ལེན་པ་དེའང་ལེ་ལོ་གཡེང་བའི་རྐྱེན་གྱིས་མ་ཁྱེར་བར་བྱ་དགོས་ཏེ། རང་གི་རིག་པ་འདི་ཅོལ་ཆུང༌། ཕྱི་རོལ་གྱི་དངོས་པོ་འདི་བཀྲག་ཆེ་ཞིང་བསླུ་བྲིད་ལ་མཁས་པས་ཁོའི་དབང་དུ་ཤོར་དོགས་ཡོད། །དེ་མི་འཆོར་བའི་ཕྱིར་སྔོན་འགྲོ་དངོས་གཞི་རྗེས་གསུམ་རིམ་གྱིས་སྟོན་དགོས་པ་ལས། དང་པོ་སྔོན་འགྲོ་ལ། ཐུན་མོང་གི་སྔོན་འགྲོ། ཐུན་མོང་མ་ཡིན་པའི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོ་དང་གསུམ་ལས། དང་པོ་ཐུན་མོང་གི་སྔོན་འགྲོ་བཞི་ནི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་སྒོམ་པ་བཞི་ཡིན་པ་ལས། དང་པོ་ནི། ཐོག་མར་དལ་འབྱོར་རྙེད་དཀའི་གོ་བ་དང་ངེས་པ་རྙེད་པ་དགོས་པས་ཐར་རྒྱན་ལས། །རྟེན་ནི་མི་ལུས་རིན་ཆེན་མཆོག །ཅེས་པ་ལྟར། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཞེས་པ་མངོན་མཐོ་ངེས་ལེགས་སྒྲུབ་པར་མི་ཁོམ་པའི་བྱ་བ་ངན་པས་དལ་བས་ན་དལ་བ། མངོན་མཐོ་ངེས་ལེགས་སྒྲུབ་པའི་བྱ་བ་ཕུན་སུམ་ཚོགས་པས་འབྱོར་པས་ན་འབྱོར་པའོ། །ཡང་ན་དགེ་བ་ལ་མོས་པས་དལ་བ། དགེ་བ་ལག་ཏུ་ལེན་པས་འབྱོར་བའོ། །ཡང་ན་མི་ཁོམ་པའི་གནས་བརྒྱད་སྤངས་པས་དལ་བ། འབྱོར་པ་བཅུ་དང་ལྡན་པས་འབྱོར་པ་ཞེས་གསུངས་པའོ། །མི་ཁོམ་པའི་གནས་བརྒྱད་ནི། །ཆོས་མངོན་པར། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། ཅེས་དང༌། འབྱོར་བ་བཅུ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་རང་འབྱོར་ལྔ་དང༌། །སངས་རྒྱས་བྱོན་དང་ཆོས་བསྟན་དང༌། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་གཞན་འབྱོར་ལྔ་སྟེ་བཅུའོ། །དེ་རྣམས་ལ་དལ་བ་བརྒྱད་དང་འབྱོར་བ་བཅུ་ལྡན་གྱི་མི་ལུས་རིན་པོ་ཆེ་ཞེས་བྱ་བ་ཡིན་ནོ། །རྙེད་པར་དཀའ་ཞིང་ཕན་ཐོགས་ཆེ་བས་རིན་པོ་ཆེ་དང་ཆོས་མཚུངས་པའི་ཕྱིར་རིན་པོ་ཆེ་ཞེས་བྱ། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་ཚེ་གཅིག་ལ་བྱང་ཆུབ་སྒྲུབ་པ་ནི་ངེས་པར་ལྷོ་འཛམ་བུ་གླིང་པའི་མི་ལུས་ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་འདི་ཁོ་ན་ཡིན་ཞིང་འདི་ལྟ་བུ་ནི་སྔོན་དགེ་བ་སྤྱད་ཅིང་སྡིག་པ་སྤངས་ཚོགས་བསགས་པའི་འབྲས་བུ་ཡིན་པས་དེ་ལྟ་བུ་ནི་ཤིན་ཏུ་ནས་དཀོན་པའོ། །གང་ལ་ལྟོས་ནས་རྙེད་པར་དཀའ་ན་མི་ཁོམ་པའི་གནས་བརྒྱད་ཀྱི་ནང་ནས་དམ་པའི་ཆོས་སྒྲུབ་ཏུ་ཡོད་པའི་མི་ལུས་རིན་པོ་ཆེ་འདི་ཤིན་ཏུ་དཀོན་པས་ད་ལམ་ཆོས་བྱར་ཡོད་པའི་དལ་འབྱོར་གྱི་མི་ལུས་འདི་ཉིན་མོའི་སྐར་མ་ལྟ་བུ་ཡིན་ཞིང༌། གང་རྙེད་པར་དཀའ་ན་དལ་བ་བརྒྱད་དང་འབྱོར་པ་བཅུ་ལྡན་པའི་མི་ལུས་རིན་པོ་ཆེ་འདིའོ། །ཚུལ་གང་གིས་རྙེད་པར་དཀའ་ན། ངན་སོང་གསུམ་ནི་ས་ཆེན་པོའི་རྡུལ་ཕྲན་བཞིན་དང་མི་ལུས་ཙམ་པོ་པའང་སེན་མོའི་སྟེང་གི་རྡུལ་ལྟ་བུ་ཡིན་པ་ལས་ད་ལམ་མི་ལུས་མཆོག་ཐོབ་པ་འདི། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །ཞེས་དང༌། ཙནྡྲ་གོ་མིས་ཀྱང༌། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོའི་མཐར་འབྱིན་ཞིང༌། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང༌། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་དང༌། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། ཞེས་དང༌། བྱང་ཆུབ་སེམས་པའི་སྡེ་སྣོད་ལས། །མིར་གྱུར་པ་ནི་དཀའ་བ་སྟེ། །མི་སྲོག་ཐོབ་པའང་དཀའ་བ་ཡིན། །དམ་པའི་ཆོས་ཐོབ་དཀའ་བ་སྟེ། །སངས་རྒྱས་འབྱུང་བའང་དཀའ་བ་ཡིན། །ཞེས་དང༌། སྙིང་རྗེ་པད་དཀར་ལས་ཀྱང༌། མིར་སྐྱེ་བ་ནི་རྙེད་པར་དཀའ། །དལ་བ་ཕུན་སུམ་ཚོགས་བའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། །ཡང་དག་པའི་སྨོན་ལམ་ཡང་རྙེད་བར་དཀའ་ལགས་སོ། །ཞེས་སོགས་མདོ་རྒྱུད་རྣམས་ལས་མཐའ་ཡས་པར་གསུངས་པ་དང་མཐུན་པའོ། །དེའང་ལུས་ལ་གྲུ་དང་འོག་རྟ་དང་གཡོག་གི་འདུ་ཤེས་བཞག་ལ་འཁོར་བའི་རྒྱ་མཚོ་དང་འཕྲང་ལས་བསྒྲལ་ཞིང་འབྲོས། དགེ་བའི་ལས་ལ་བཀོལ་དགོས་ཏེ། །མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་པར་དཀའ། རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་དང༌། མི་ལུས་གཙང་མའི་རྟ་ཞོན་ནས། །འཁོར་བའི་སྡུག་བསྔལ་འཕྲང་ལས་བྲོས། །ཞེས་དང༌། མི་ངོ་ཅོག་གི་ལུས་འདི་ནི། །བཀོལ་བར་བྱ་བ་ཉིད་དུ་ཟད། ཅེས་གསུངས་སོ། །ལྟར་སྣང་ལ་མི་ལུས་སྐྱོན་མེད་དུ་སྣང་ཡང་རྒྱུད་ལ་དད་པའི་བློ་མི་འཆར་བ་ནི་དལ་འབྱོར་ལྟར་སྣང་དུད་འགྲོ་མིའི་བྱད་གཟུགས་འཛིན་པ་དང་ཆོས་མཚུངས། རྒྱུད་ལ་དད་པའི་བློ་ཡོད་ན་འཕྲལ་གྱི་དབང་པོ་ཚང་མ་ཚང་ཅུང་ཟད་ལ་མ་ལྟོས་པས་རྟེན་མཆོག་ཡིན་ཏེ་ཕལ་ཆེན་ལས། སྲིད་པའི་གནས་ཅན་དད་པ་ཆུང་བ་ཡིས། །སངས་རྒྱས་བྱང་ཆུབ་ཤེས་པར་མི་ནུས་སོ། །ཞེས་དང༌། །མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཡོན་ཏན་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། སྨྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པས་སོ། །མདོ་ལས། ཀུན་དགའ་བོ་དད་པ་ལ་སྦྱོར་བར་གྱིས་ཤིག །འདི་ནི་དེ་བཞིན་གཤེགས་པས་གསོལ་བ་འདེབས་པའོ། །ཞེས་གསུངས་ཤིང༌། དད་པའང་ཆོས་མངོན་པ་ལས། དད་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་འདོད་པ་དང་སེམས་དང་བའོ། །ཞེས་གསུངས་པས་དང་བའི་དད་པ། ཡིད་ཆེས་པའི་དད་པ། འདོད་པའི་དད་པ་རྣམས་སུ་ཡོད་པ་ལས། དང་པོ་ནི། ཡུལ་དཀོན་མཆོག་ལ་བརྟེན་ཏེ་དཀོན་མཆོག་གསུམ་དང་བླ་མར་མོས་ཤིང་སེམས་དང་བའོ། །གཉིས་པ་ནི། དགེ་བའི་ལས་ཀྱི་འབྲས་བུ་འདོད་ཁམས་ཀྱི་བདེ་བ་དང༌། མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་བསྔལ། མི་གཡོ་བའི་ལས་ཀྱི་འབྲས་བུ་ཁམས་གོང་གི་བདེ་བ། ལས་དང་ཉོན་མོངས་པ་ལ་བརྟེན་ནས་འབྲས་བུ་སྡུག་བདེན་གྱི་ཟག་བཅས་ཀྱི་ཕུང་པོ་ལྔ་ཐོབ་པར་ཡིད་ཆེས་པ་སྟེ་མདོར་ན་ལས་རྒྱུ་འབྲས་ལ་ཡིད་ཆེས་པའོ། །གསུམ་པ་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཆེད་དུ་གུས་པ་དང་བཅས་ཏེ་ལམ་ལ་སློབ་པའོ། །རིན་ཆེན་ཕྲེང་བར། འདུན་དང་ཞེ་སྡང་འཇིགས་པ་དང༌། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན་ཞེས་ཆགས་སྡང་རྨོངས་གསུམ་སོགས་ཀྱི་སྒོ་ནས་ཆོས་མི་གཏོང་བའང་དད་པར་འཇོག་གོ །ཕན་ཡོན་ནི་སྐྱེས་བུ་མཆོག་གི་སེམས་སྐྱེ། མི་ཁོམ་པ་བརྒྱད་སྤོང་བ་སོགས་མཐའ་ཡས་ཤིང༌། དད་པ་ཡོད་ན་དེ་བཞིན་གཤེགས་པ་རྣམས་ཀྱང་དེའི་དྲུང་དུ་བྱོན་ནས་ཆོས་སྟོན་ཏེ། །དཀོན་མཆོག་ཏ་ལར། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིག་ནས་དེའི་དྲུང་དུ་གཤེགས་ཏེ་བྱང་ཆུབ་སེམས་དཔའི་ལམ་ཡང་དག་པར་བསྟན་ཏོ། །ཞེས་གསུངས་སོ། །དེ་ལྟར་མི་ལུས་ཐོབ་ཅིང་དད་པའི་བློ་དང་ལྡན་པའི་སྐབས་འདིར་མི་དགེ་བ་དང་ལུང་མ་བསྟན་གྱི་བྱ་བས་ཆུད་མ་གཟན་པར་དགེ་སྦྱོར་ལ་ནན་ཏན་དུ་བྱ་དགོས། གཞན་དུ་ན་ལུས་ངག་གི་སྡིག་པ་མངོན་གྱུར་པ་མ་བསགས་ཀྱང་ཡིད་ཀྱིས་མི་དགེ་བའི་སེམས་མགོ་མི་ནོན་པར་འཁོར་ཡུག་ཏུ་འཆར་བའི་རྣམ་སྨིན་གྱིས་སྐྱེ་བ་ཕྱི་མ་གར་སྐྱེ་ཆ་མ་འཚལ་ཏེ། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་གསུངས་ཤིང་མི་ཁོམ་པའི་གནས་རྣམས་སུ་ལྷུང་ན་ཇི་ལྟར་བྱ། དེས་ན་དལ་འབྱོར་འདི་ཐོབ་དཀའ་ཞིང་འཇིག་སླ་ལ་ཕན་ཡོན་དུ་མ་དང་ལྡན་པའི་གོ་བ་དང་ངེས་ཤེས་རྣལ་མ་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ་པར་བྱའོ། །དལ་འབྱོར་ཐོབ་དཀའ་བར་ཤེས་ཀྱང་དགེ་སྦྱོར་ལ་བརྩོན་པར་མི་བྱེད་ན་རྙེད་བར་དཀའ་བ་རྙེད་པ་ལ་དགོས་པ་ཅི་ཞིག་ཡོད་པས་མགོ་ལ་མེ་ཤོར་བ་གསོད་པ་ལྟར་བརྩོན་པ་ཆེན་པོས་ཉིན་མཚན་མེད་པར་ཐོས་བསམ་སྒོམ་གསུམ་ལ་འབད་པ་དང་བསླབ་གསུམ་མིག་ལྟར་བསྲུང་ཞིང་བྱང་ཆུབ་ཀྱི་སེམས་ལ་ནན་ཏན་དུ་བྱ་བ་གལ་ཆེའོ། །མདོར་བསྡུས་ནས་བསྒོམ་བྱ་ནི། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པར་དཀའ་ཞིང་འཇིག་པར་སླ་བས་ཉི་མ་དེ་རིང་ནས་དགེ་སྦྱོར་ལ་ལྟེམ་རྐྱང་མེད་པར་ཁོར་ཡུག་ཏུ་བྱ་སྙམ་དུ་བསམ་མོ། །དམིགས་པ་དང་ཆོས་ཐུན་དང་པོའོ།། ༈ །།གཉིས་པ་འཆི་བ་མི་རྟག་པ་བསྒོམ་པ་ནི། སྟོན་པས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་གསུངས་ཤིང་ཇི་ལྟར་མི་རྟག་ན། ཆེད་དུ་བརྗོད་པའི་ཚོམས་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང༌། །བསླངས་པའི་ཐ་མ་འགྱེལ་བར་འགྱུར། འཕྲད་པའི་ཐ་མ་འབྲལ་བ་སྟེ། །གསོན་པའི་ཐ་ནི་འཆི་བར་འགྱུར། །ཞེས་དང༌། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་གསུངས་པས་འདུས་བྱས་ཐམས་ཅད་མི་རྟག་ཅིང་འགྱུར་བས་ཚེ་སྲོག་ཀྱང་མི་རྟག་གོ །དེ་ཡང་ཕྱིའི་འཇིག་རྟེན་ལའང་བསྐལ་པ་ཆགས་འཇིག་གནས་གསུམ་ལོ་ཟླ་ཞག་ཟ་མ་སྔ་དྲོ་ཕྱི་དྲོ་ཉིན་མཚན་དུས་བཞིའི་འགྱུར་བ་སོགས་སྐད་ཅིག་རེ་རེར་ཡང་འགྱུར་ཞིང་མི་རྟག་སྟེ། རྒྱ་རོལ་ལས། སྲིད་གསུམ་མི་རྟག་ནམ་མཁའི་སྤྲིན་དང་འདྲ། །ཞེས་གསུངས་སོ། །ནང་བཅུད་ཀྱི་སེམས་ཅན་རྣམས་ཀྱང་སྐྱེས་པ་ནས་རྒས་པ་སོགས་སྒོ་གསུམ་སྐད་ཅིག་ཀྱང་མི་སྡོད་པར་འགྱུར་བའི་རང་བཞིན་དུ་གནས། ཁྱད་པར་ལྷོ་འཛམ་བུ་གླིང་བ་རྣམས་ཀྱི་ཚེ་ཚད་ལ་ངེས་པ་མེད་པས་གློ་བུར་གྱི་རྐྱེན་དུ་མས་ངེས་མེད་དུ་འཆི་བར་འགྱུར་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་བའི། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་བར་འགྱུར། །ཞེས་གསུངས་སོ། །འཆི་བ་ཐོག་ཏུ་བབ་པའི་ཚེ་ཚེ་འདིའི་དཔལ་འབྱོར་སྙན་གྲགས་སྟོབས་འབྱོར་གང་གིས་ཀྱང་མི་ཕན་ཞིང་ཕྱིས་གནོད་པའི་རྒྱུ་བྱས་པས་དོན་མེད་སྟོང་རོ་དང་འཆི་ཁར་ཡང་དེ་དག་གི་སེམས་ཁྲལ་སྣ་ཚོགས་རྒྱུད་ལ་སྐྱེ་སྟེ། འཆི་བའི་དུས་ལ་བབ་པ་ན། །བུ་རྣམས་སྐྱབས་སུ་མི་འགྱུར་ཞིང༌། །ཕ་ཡང་མ་ཡིན་གཉེན་འདུན་མིན། །ཁྱོད་ལ་སྐྱབས་སུ་འགྱུར་བ་མེད། །ཅེས་གསུངས་པས་སོ། །དེའང་བདག་ངེས་པར་འཆི། ནམ་འཆི་ཆ་མེདཔར་མྱུར་དུ་འཆི། སྡིག་པ་སྦྱོང་བའི་ལོང་མེད་པར་འཆི། །མི་འདོད་བཞིན་དུ་བྱ་བ་མཐར་མ་ཕྱིན་པར་འཆི། །ཚེ་འདིའི་ལོངས་སྤྱོད་བཙན་ཕྱུག་སྟོབས་འབྱོར་གང་གིས་ཀྱང་མི་ཕན་པར་འཆིའོ། །ངེས་པར་འཆི་བའི་རྒྱུ་མཚན་ཡང་སྔར་རང་གི་ཕ་མ་ཁྱིམ་མཚེས་ཡུལ་མི་དགོན་པ་རི་ཁྲོད་གནས་བཞིན་གནས་པའི་གཉེན་འབྲེལ་མཐུན་གྲོགས་ངོ་ཤེས་ཇི་སྙེད་ཡོད་པ་དེ་དག་ཚེ་འདི་དོན་དུ་གཉེར་ནས་རྩོལ་བ་བརྩོན་འགྲུས་སྡོད་ཚིས་ཀྱི་གྲབས་ཤོམས་ཇི་ཙམ་བྱས་ཀྱང་ཐོག་ཏུ་མ་སོང་མ་ཟིན་པར་ཁོ་ཤི་མོ་ཤི་ཞེས་སོགས་ཟེར་བ་རྐྱང་པ་རེད་ཅིང༌། སྔར་བྱུང་བ། ད་ལྟ་ཡོད་པ། སླད་ནས་འབྱུང་བའི་སེམས་ཅན་སུ་ཡང་མི་འཆི་བར་སྡོད་པ་གཅིག་ཀྱང་མེད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྡོ་རྗེའི་རང་བཞིན་གྱི་སྐུ་ཡང་འཇིག་ན་འོ་སྐོལ་ལྟ་ཅི་སྨོས། དེ་སྐད་དུ་ཡང་སློབ་དཔོན་རྟ་དབྱངས་ཀྱིས། །ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང༌། ཇི་སྙེད་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་ལ་ལྟ་ཅི་སྨོས། །ཞེས་སོགས་མཐའ་ཡས་པར་གསུངས་སོ། །མྱུར་དུ་འཆི་ཞིང་ནམ་འཆི་ཆ་མེད་དེ། །མཛོད་ལས། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་གསུངས་པ་ལྟར་འོ་སྐོལ་འཛམ་གླིང་པའི་ཚེ་ལ་ངེས་པ་མེད་ཅིང་དེང་སང་ལྔ་བཅུ་ཁ་རལ་གྱི་སྐབས་སུ་འདུག །དེའང་གློ་བུར་གྱི་རྐྱེན་དུག་གཟའ་ལ་སོགས་པའི་རྐྱེན་གྱིས་དོ་དགོངས་གསོན་པོ་ཉལ་བའི་ཤུལ་དུ་སང་ཤི་བའི་རོ་ཡོད་པའང་མཐོང་བས་ངེས་པ་མེད་ཅིང་ལོ་ཟླ་བ་ཞག་སོགས་ཇི་ཙམ་སོང་རིམ་ནས་འཆི་བར་ཉེ་བ་ཡིན་པས་མཚོར་བ་ཞིག་ལ་འཆི་བ་ཐོག་ཏུ་འོང༌། རྩལ་བོ་ཆེས་མདའ་འཕངས་པའམ་རི་གཟར་ནས་ཆུ་འབབ་པའམ་གསོད་སར་ཁྲིད་པའི་བརྩོན་བཞིན་མྱུར་དུ་འཆི་སྟེ། དཔེར་ན་སྐྱེས་བུ་རྩལ་ཆེན་གྱིས། རྒྱུད་ལ་སྤྲིངས་ནས་མདའ་བསྐུལ་བ། །མི་སྡོད་བདག་སར་མྱུར་དུ་ཕྱིན། །མི་རྣམས་ཚེ་ཡང་དེ་བཞིན་ནོ། །ཞེས་དང༌། འདུས་པ་ལས། གྲོགས་དག་ཚེ་འདི་མྱུར་འགྲོ་ཞིང༌། །རི་གཟར་ཆུ་དྲག་མགྱོགས་འགྲོ་ན། །བྱིས་པའི་སྐྱེ་བོས་མི་ཤེས་ཏེ། །མི་མཁས་ལོངས་སྤྱོད་དྲེགས་པས་མྱོས། །ཞེས་དང༌། ལྗོན་ཤིང་གི་མདོར། གསོད་སར་ཁྲིད་པའི་བཙོན་བཞིན་དུ། །གོམ་རེ་བོར་ཞིང་འཆི་དང་ཉེ། །ཞེས་དང༌། ཚོམས་ལས། དཔེར་ན་ངེས་པར་གསོད་པ་དག །གོམ་པ་གང་དང་གང་བོར་བ། །གསོད་པའི་དྲུང་དུ་བསྙེན་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །སྡིག་པ་སྦྱོང་བའི་ལོང་མེད་པར་འཆི་སྟེ། ཚེ་ལ་ངེས་པ་མེད་ཅིང་འཆི་རྐྱེན་མང་གསོན་རྐྱེན་ཉུང་གསོན་རྐྱེན་ཡང་འཆི་རྐྱེན་དུ་འགྱུར་བ་སྲིད་པའི་ཕྱིར་ཏེ། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ལྟར། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་དང༌། རིན་ཆེན་ཕྲེང་བར། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཉིད་ཀྱིས་དེ་ལྟ་མིན། །དེ་རྣམས་ཉིད་ནི་འཆི་བའི་ཡང༌། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་དང༌། སྤྱོད་འཇུག་ལས། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འཀུམ་པར་འགྱུར་དུ་འཆི། །ཞེས་དང༌། དེ་རིང་ཁོ་ན་མི་འཆི་ཞེས། བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང༌། །ཞེས་གསུངས་སོ། །ཆོས་འཇིག་རྟེན་གྱི་བྱ་བ་མ་ཚར་མ་ཟིན་བྱ་བཞག་རྣམས་རིམ་གྱིས་བྱ་དགོས་སྙམ་པའི་ངང་ལ་མི་འདོད་བཞིན་དུ་འཆི་བདག་ཐོག་ཏུ་སླེབ་ཡོང་བས་ཚེ་འདིའི་དོན་མི་སྒྲུབ་ཅིང་ཕྱི་མའི་དོན་སྒྲུབ་དགོས་ཏེ། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔུན་ལ་གང་ཡོང་གཏོལ་མེད་པས། །སང་གི་ཚེས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་དང༌། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །སྣོན་པ་གུད་ནས་ཡོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་སོ། །དཔའ་ཞིང་རྩལ་ཆེ་ལ་གཟི་ཞིང་བང་མགྱོགས་སྨྲ་ན་ཆུ་བདེ་ཞིང་ལོངས་སྤྱོད་བཙན་ཕྱུག་སྟོབས་འབྱོར་ཇི་ཙམ་འཛོམ་ཡང་འཆི་བ་བཟློག་མི་ཐུབ། འཆི་དུས་སྔར་གྱི་ལས་གང་བྱས་ཀྱི་འབྲས་བུ་མ་གཏོགས་ཐམས་ཅད་ཕྱི་ལ་བཞག་སྟེ་མར་གྱི་ནང་ནས་སྤུ་བཏོན་པ་བཞིན་དུ་སྒྲེན་མོ་ལག་སྟོང་དུ་འགྲོ། །ད་ལྟ་ལུས་ན་མི་བཟོད་ལྟོགས་མི་བཟོད་འཁྱགས་མི་བཟོད་སྐོམ་མི་བཟོད། བརྒྱབ་ཀྱི་དོགས་བསད་ཀྱི་དོགས་བཅིངས་ཀྱི་དོགས་བཟུང་གི་དོགས་ལུས་ཀྱི་འཚོ་སྐྱོང་ཁོ་ནའི་ཆེད་དུ་སྡུག་བསྔལ་དཀའ་དགུ་སྤྱད་པ་འདི་ཤི་ཚེ་ཐམས་ཅད་ཀྱིས་སྐྱུག་བྲོ་ལྟ་རྒྱབ་ཀྱིས་ཕྱོགས་ལོངས་སྤྱོད་རྣམས་ནི་ཐོབ་ཤ་བྱེད། ལུས་དེ་ཐག་པས་བཅིངས་དུར་ཁྲོད་དུ་བསྐྱལ་བྱ་གཅན་གཟན་རྣམས་ཀྱིས་ཟོས་རུས་པ་ཙམ་ལས་སྔར་གྱི་ཤུལ་ཙམ་ཡང་མེད་པར་བྱེད། ཡང་ན་མེར་བསྲེགས་ཐལ་བ་སྤར་གང་བྱེད་དམ་ཆུར་སྐྱུར་ཉ་སྦལ་གྱིས་ཟའམ་ས་འོག་ཏུ་འབུ་ཉོག་གེ་སྦ། གནས་ཚུལ་དེ་ལས་མ་འདས་པས་དུས་དེ་ཙ་ན་དཀར་པོ་དགེ་བའི་ལས་དང་དཀོན་མཆོག་གསུམ་མ་གཏོགས་སྐྱབས་སྐྱེལ་མ་མེད་པས་དེ་ཙ་ན་མི་འགྱོད་པའི་བློ་བདེ་ཚགས་སུ་ཚུད་པ་གལ་ཆེའོ། །དེ་སྐད་དུའང་སྤྱོད་འཇུག་ལས། །བདག་ནི་མལ་དུ་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཡང༌། །སྲོག་ཆད་པ་ཡི་ཚོར་བ་ནི། །བདག་ཉིད་ཁོ་ནས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་གཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་དང༌། དཀའ་བ་མང་པོས་བསྒྲུབས་པ་ཡི། །ཟས་དང་གོས་ཀྱིས་བསྐྱངས་པའི་ལུས། །ཁྱོད་དང་མི་འགྲོགས་བྱ་ཁྱིས་ཟ། །ཡང་ན་འབར་བའི་མེ་ཡིས་འཚིག །ཡང་ན་ཆུ་ཡི་ནང་དུ་འདྲུལ། །ཡང་ན་ས་ཡི་དོང་དུ་སྦ། །ཞེས་གསུངས་སོ། །ཆོས་ཐུན་དང་དམིགས་ཐུན་གཉིས་པའོ།། ༈ །།འཆི་ཚུལ་དངོས་ཀྱང་མེ་ཆུ་དུག་མཚོན་གཟའ་སོགས་ཀྱིས་གློ་བུར་དུ་འཆི་བའམ་ཡང་ན་འགའ་ཞིག་ཡུན་རིང་ནད་ཀྱིས་བཏབ་རིམ་གྲོ་སྨན་དཔྱད་བྱས་ཀྱང་མ་ཕན་ལུས་སེམས་བཟོད་གླགས་མེད་པའི་སྡུག་བསྔལ་གྱིས་ནོན། །གཏམ་གྱི་ཤེད་ཤོར། ཟས་ཀྱིས་ཕན་ཡང་དང་ཁར་མི་འགྲོ། །སྐོམ་འཐུང་འདོད་ཀྱང་སྨན་པས་བཀག །ཨ་ན་ཧུ་ཁྱུའི་སྒྲ་འབྱིན། ནུབ་གཉིད་མི་ཡོང༌། ཉིན་དབང་མེད་དུ་འཐིབས། མལ་གྱི་ཐ་མར་ཉལ། ཟས་ཀྱི་ཐ་མ་ཁར་སྙོད། གཏམ་གྱི་ཐ་མ་འོར་སྐྱེད་བྱེད། གདོང་ལ་རྡུལ་ཆགས་གོས་ལ་ནོམ་ནོམ་འཇུ། ས་འོག་ཏུ་ལྷུང་བ་སྙམ་བྱེད། །དབུགས་ཁ་ནས་བཤོ་ཞིང་ཕྱིར་ལྡོག་པ་མེད་པར་མིག་སྐྱ་ལོག་གེར་ཤི །ལུས་དེ་དུར་ས་ཞིག་ཏུ་བསྐྱལ། ལུས་དང་བྲལ་བའི་སེམས་དེ་རང་གིས་བསགས་པའི་ལས་ཀྱི་རྗེས་སུ་བར་དོར་དབང་མེད་འཕྱོ། །ལས་དབང་གིས་ཕྱི་མའི་སྐྱེ་གནས་འཛིན་ནོ། །དེའང་མདོ་ལས། འཇིག་རྟེན་འདི་ནི་འདོར། །འཇིག་རྟེན་ཕ་རོལ་དུ་ནི་འགྲོ། །སྐྱེས་ཆེན་པོས་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། ཕ་མ་ཕུ་ནུ་སྲིང་མོ་བུ་བུ་མོས་ནི་བསྐོར། དབུགས་ནི་ཆད། ནོར་རྣམས་ནི་བགོ་བཤའ་བྱེད་ཟེར། །ཀྱི་ཧུད་ཕ་ཀྱི་ཧུད་མ་ཀྱི་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་བཤིག །དེའི་ཚེ་ཆོས་མ་གཏོགས་སྐྱབས་དང་གནས་དང་དཔུང་གཉེན་གཞན་མེད་དོ། །དེའི་དུས་ན་ཆོས་ནི་གླིང་དང་མགོན་དང་གནས་དང་སྟོན་པར་འགྱུར་རོ། །ཞེས་གསུངས་པ་བཞིན་དུ་འགྱུར་རོ། །གཞན་ཡང་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང་མི་རྟག་པས་ཐུགས་བརྒྱུད་བསྐུལ་ཚེ་འདི་བློས་བཏང་སྒྲུབ་པ་སྙིང་པོར་མཛད་པས་དོན་གཉིས་མཐར་ཕྱིན་པ་ཡིན་པས། ཇོ་བོ་རྗེ་དང་ལོ་ཆེན་རིན་བཟང་དང༌། ཆག་ཁྲི་མཆོག །ཨ་མེས་བྱང་ཆུབ་ཤེས་རབ་རྡོ་རྗེ། འཛེང་སྒོམ་དབང་ཕྱུག་རྒྱལ་མཚན། པོ་ཏོ་བ། ཁ་རག་པ་སོགས་ཀྱི་མཁས་གྲུབ་དུ་མ་མི་རྟག་པས་ཐུགས་རྒྱུད་བསྐུལ་ལོང་མེད་ཀྱི་སྒྲུབ་པ་མཛད་པས་དངོས་གྲུབ་བརྙེས་པ་ཡིན། རང་རེ་རྣམས་ཟས་གོས་ཡོད་པས་མི་ཆོག་ལེགས་པ་ཞིག་དགོས་ནོར་ལ་བེད་སྤྱོད་རྒྱུ་ཡོད་པས་མི་ཆོག་ཕུགས་ཐེས་དགོས། བྱས་ཀྱང་རུང་མ་བྱས་ཀྱང་རུང་བའི་ཆོས་དེ་འཆི་བ་སྙིང་གཟེར་ལ་བྱེད་པར་སྣང༌། ཤེས་པ་རྣལ་དུ་ཡོད་བྱས་ན་ཅིའང་ཨང་བསམ་ནས་བླ་མ་གོང་མའི་རྣམ་ཐར་ལ་སློབ་པ་གལ་ཆེ། དེས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལས་ཀྱང་ཆོས་ཚིག་གཅིག་སྟོན་པའི་དགེ་བཤེས་གྲོགས་སུ་བཟང༌། ཕོ་བྲང་སྐྱེད་ཚལ་རིན་ཆེན་སྣ་བདུན་སོགས་ཀྱིས་སྤྲས་པ་ལས་ས་རྡོའི་སྤྱིལ་པོར་སྒོ་གསུམ་མི་དགེ་བས་དབེན་པར་བསྡད་ན་གནས་བཟང༌། ནོར་ཇི་ཙམ་འཛོམ་པ་ལས་འདོད་ཆུང་ཆོག་ཤེས་ནོར་དུ་ཆེ་བས་ལག་ཏུ་བླང་བ་གལ་ཆེ། དེས་ན་ནམ་འཆི་ཆ་མེད་བསམས་ལ་བློ་སྣ་བསྟུངས། སྐྱོ་ཤས་བསྐྱེད། ལོང་མེད་ཀྱི་བསམ་པ་དྲག་པོས་ཉིན་མཚན་དགེ་སྦྱོར་གྱི་དུས་འདའ་ཞིང་དགོས་མེད་ཀྱི་བློ་སྣ་ཐུང་སྦུད་ཀྱི་མ་སོང་བར་འཆི་བ་མི་རྟག་པ་སྒོམ་པ་གལ་ཆེ་ཞིང་འཆི་བ་མི་རྟག་པའི་གོ་བ་དང་ངེས་ཤེས་རྒྱུད་ལ་མ་སྐྱེས་ན་དགོས་མེད་ཀྱི་བློ་མི་སྐྱེ། དེ་མ་སྐྱེས་ན་དགེ་སྦྱོར་ལ་བརྩོན་པ་མི་བྱེད་པར་ལེ་ལོར་ལུས་འགྲོ་བས་དགེ་སྦྱོར་ཡོང་མ་ཡོང་འདི་ལ་རག་ལས་སོ། །མདོར་བསྡུས་ནས་བསྒོམ་བྱ་ནི། སྐྱེས་པའི་ཐ་མ་འཆི་བ་མ་གཏོགས་མེད། དེའང་ནམ་འཆིའི་ཆ་མ་མཆིས་ཤི་ཆ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་སྙམ་ཞིང་སྐབས་ཙ་ན་རང་ནད་ཀྱིས་བཏབ་སྟེ་ཤི་ཕུང་པོ་དུར་ཁྲོད་དུ་བསྐྱལ་ཏེ་ཀེང་རུས་སུ་གྱུར་རྣམ་ཤེས་བྱ་སྤུ་རླུང་ཁྱེར་ལྟར་དབང་མེད་དུ་འཕྱོ་བ་ལ་སེམས་གཏད་དེ། སྐྱོ་ཤས་དང་ལོང་མེད་ཀྱི་བློ་སྣ་ཐུང་སྦུད་པ་བྱའོ། །ཆོས་ཐུན་དང་དམིགས་ཐུན་གསུམ་པའོ། ༈ །གསུམ་པ་ལས་རྒྱུ་འབྲས་བསམ་པ་ནི། །དེ་ནས་ལས་རྒྱུ་འབྲས་བསམ་པར་བྱ་དགོས་པས། སྦྱིར་བདེ་སྡུག་ཐམས་ཅད་ལས་ལ་བརྟེན་ནས་བྱུང་བ་ཡིན་ཏེ། ལས་བརྒྱ་བ་ལས། ལས་བརྒྱ་བ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་རྣམས་སྣ་ཚོགས་བྱས། ཞེས་དང༌། སྙིང་རྗེ་བད་དཀར་ལས། འཇིག་རྟེན་ནི་ལས་ཀྱིས་བྱས་པ་ལས་ཀྱིས་སྤྲུལ་པའོ། །སེམས་ཅན་རྣམས་ནི་ལས་ཀྱིས་བྱས་པ་ལས་ཀྱི་རྒྱུ་ལས་བྱུང་བ། ལས་ཀྱི་རབ་ཏུ་ཕྱེ་བའོ། །ཞེས་དང༌། མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་པའི་ཕྱིར། ལས་དེའང་སེམས་པའི་ལས་དང་བསམ་པའི་ལས་གཉིས་སུ་འདུ་ཞིང་དེའང་ལུས་ངག་ཡིད་ཀྱི་ལས་གསུམ་དུ་འདུས་ཏེ། །དེ་ནི་སེམས་པ་ངང་དེས་བྱས། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། དེས་བསྐྱེད་ལུས་དང་ངག་གི་ལས། ཞེས་གསུངས་སོ། །དེའང་ཚེ་འདིར་བདེ་སྡུག་ཅི་སྣང་བ་དེ་སྐྱེ་བ་སྔ་མ་རྣམས་སུ་དགེ་མི་དགེ་གང་སྤྱད་ཀྱི་འབྲས་བུ་ཡིན་ཞིང༌། འདིར་ལས་གང་དང་གང་སྤྱད་པ་དེའི་རྣམ་སྨིན་གྱི་འབྲས་བུ་སྐྱེ་བ་ཕྱི་མ་དེའང་མི་དགེ་བ་སྤྱད་པའི་རྣམ་སྨིན་གྱི་འབྲས་བུས་ངན་སོང་གསུམ་དུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ནི། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང༌། །བརྐུས་པ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱེད་པས་དགྲ་ཟླར་བཅས། །རྫུན་དུ་སྨྲ་བས་སྐུར་པ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་འབྱེད། །ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་པས་ནི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བ་ལྟ་ངན་ཉིད། །ཅེས་དང༌། དབང་འབྲས་ནི། ཕྱི་རོལ་གཟི་ཆུང་གནོད་པ་མང༌། །རྡུལ་འཁྲིགས་དྲི་ང་མཐོ་དམན་ཅན། །ཚྭ་སྒོ་ཅན་དང་ལོག་པ་དང༌། །འབྲས་བུ་ཕྲ་ཁ་ཆུང་ངམ་མེད། །ཅེས་གསུངས་པ་ལྟར་རོ། །ལས་མི་དགེ་བཅུ་སྤྱད་པའི་འབྲས་བུ་དེ་དག་ཡིན་ཅིང༌། དགེ་བ་བཅུ་སྤྱད་ན་བདེ་འགྲོའི་ལུས་བདེ་བ་དང་ལྡན་པ་ཐོབ་ཅིང་ཡུལ་ཡིད་དུ་འོང་བར་སྐྱེ་བར་འགྱུར་རོ། །དེའང་མི་དགེ་བ་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པ་དང་ཞེ་སྡང་འདོད་ཆགས་གཏི་མུག་གིས་ཀུན་ནས་བསླངས་ཏེ་ལས་བསགས་པ་ལས་དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་སུ་སྐྱེ་ཞིང༌། །དགེ་བ་ཆུང་ངུ་སྤྱད་པས་མི་ལུས། འབྲིང་འདོད་ལྷ་སོགས། ཆེ་བ་སྤྱད་པས་བསམ་གཏན་དང་གཟུགས་མེད་རྣམས་སུ་སྐྱེ་སྟེ། དེ་སྐད་དུའང་རིན་ཆེན་ཕྲེང་བར། ཆགས་དང་ཞེ་སྡང་གཏི་མུག་དང༌། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་ལས་ནི་སྡུག་བསྔལ་དང༌། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་དང༌། ཆགས་པས་ཡི་དྭགས་འགྲོ་བར་འགྱུར། །ཞེ་སྡང་གིས་ནི་དམྱལ་བར་འཕེན། །རྨོངས་པས་དུད་འགྲོར་འགྲོ་བར་འགྱུར། །ཞེས་དང༌། དྲན་ཉེ་ཆུང་བ་ལས། དགེ་བ་ཡིས་ནི་བདེ་བ་འཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །དེ་ལྟར་དགེ་དང་མི་དགེ་བའི། །ལས་དང་འབྲས་བུ་གསལ་བར་བསྟན། །ཞེས་དང༌། རིན་ཆེན་ཕྲེང་བར། བསམ་གཏན་ཚད་མེད་གཟུགས་མེད་ཀྱིས། །ཚངས་སོགས་བདེ་བ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལུས་ཀྱི་མི་དགེ་བ་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་སོགས་མི་དགེ་བ་ཐམས་ཅད་སྤང་ཞིང་དེ་ལས་ལྡོག་པའི་དགེ་བཅུ་བསྒྲུབ་པ་ལ་འབད་བྱ་དགོས་ཏེ། ལས་བརྒྱ་བ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། འབྲས་བུ་ཉིད་དུ་སྨིན་བར་འགྱུར། །ཞེས་དགེ་མི་དགེ་གང་བྱས་དེ་སེམས་ལ་ས་བོན་དུ་བཞག་སྟེ་དེ་སད་བྱེད་ཀྱི་རྐྱེན་ཞིག་དང་ནམ་ཕྲད་པ་ན་རྣམ་སྨིན་བདེ་སྡུག་སོ་སོར་བསླུ་མེད་དུ་འབྱུང༌། ཀུན་སློང་ཉོན་མོངས་ཀྱིས་བསླངས་པ་ཞིག་ཡིན་ན་ཚུལ་ཁྲིམས་བསྲུང་བ་ཐོས་བསམ་སྒོམ་པ་སོགས་ལྟར་སྣང་གི་དགེ་བ་ཅི་བྱས་ཀྱང་ཐམས་ཅད་ཆོས་ལྟར་བཅོས་པ་ཡིན་པས་ཆོས་རྣལ་མར་མི་འགྲོའོ། །དེའང་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ནི་རང་ཐོག་ཁོ་ནར་མྱོང་བ་མ་གཏོགས་གཞན་དང་ཐུན་མོང་དུ་བགོ་བྱར་མེད། གཉེན་པོ་བསྐྱེད་དེ་ས་བོན་བཅོམ་ན་མ་གཏོགས་བསྐལ་བ་མཐའ་ཡས་པའི་བར་དུའང་བག་ལ་ཉལ་ཆུད་མི་ཟ་བར་གནས། སོ་སོའི་འབྲས་བུའང་བསླུ་མེད་དུ་འབྱུང་སྟེ། མདོ་ལས། ལྷས་བྱིན་ཉིད་ཀྱིས་བྱས་པའི་ལས་ནི་ས་དང་ཆུ་ལ་སོགས་པ་ལ་མི་སྨིན་གྱི་དེ་ཉིད་ཀྱི་ཟིན་པའི་ཕུང་པོ་དང་སྐྱེ་མཆེད་འབའ་ཞིག་ལ་སྨིན་པར་འགྱུར་ཏེ། གཞན་སུ་ཞིག་ལ་སྨིན་པར་འགྱུར། ཞེས་དང༌། ཆོས་མངོན་པ་ཀུན་ལས་བཏུས་ལས། ཇི་ལྟར་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་ཞེ་ན། རང་གིས་བྱས་པའི་རྣམ་པར་སྨིན་པ་མྱོང་བ་སྟེ། དགེ་བ་དང་མི་དགེ་བའི་ལས་སོ་སོ་ལ་སྤྱོད་པའི་ཕྱིར་རོ། །ཞེས་དང༌། དེས་པས་ཞུས་པ་ལས། ས་བོན་ཚ་བ་རྣམས་ལ་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལ་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱ་བ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང༌། །དཀར་པོའི་རྣམ་སྨིན་མངར་བ་ཡང༌། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་དང༌། དྲན་ཉེ་ཆུང་བར། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཀྱང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས་སོ། །ཐུན་དམིགས་བཞི་པའོ། ༈ །སྤྱིར་ལས་དེ་ལ། མཐོང་ཆོས་མྱོང་འགྱུར། སྐྱེ་གནས་མྱོང་འགྱུར། ལན་གྲངས་གཞན་ལ་མྱོང་འགྱུར། མྱོང་བར་མ་ངེས་པ་དང་བཞིར་ཡོད། དང་པོ་ནི། ཞིང་བསམ་གྱི་ཁྱད་པར་ལས། ལས་དེའི་འབྲས་བུ་ཚེ་དེ་ལ་སྨིན་པ་ལྟ་བུ་ལ་བྱེད། གཉིས་པ་ནི། མཚམས་མེད་ལྔ་དང་ཉེ་བའི་མཚམས་མེད་ལྔ་ལ་བྱེད། དེའང་སྐྱེ་བ་ཕྱི་མ་སོགས་ལ་འབྲས་བུ་འབྱུང་བའོ། །གསུམ་པ་ནི་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །བཞི་པ་ནི་དགྲ་བཅོམ་པའི་རྒྱུད་ཀྱི་ལས་ལྟ་བུ་ལ་བྱེད། ཡང་ན་བསོད་ནམས་ཀྱི་ལས། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་དང་གསུམ། དང་པོ་ནི། འདོད་ཁམས་ཀྱི་དགེ་བའི་ལས་ལ་བྱེད། གཉིས་པ་ནི་མི་དགེ་བའི་ལས་ལ་བྱེད། གསུམ་པ་ནི། ཁམས་གོང་མ་གཉིས་ཀྱི་དགེ་བའི་ལས་ལ་བྱེད། ཡང་ན་གཅིག་ཏུ་དཀར་བའི་ལས། གཅིག་ཏུ་གནག་པའི་ལས། འདྲེས་མའི་ལས། རྣམ་སྨིན་ཟད་བྱེད་ཀྱི་ལས་དང་བཞི། དང་པོ་ནི། ཁམས་གོང་མའི་དགེ་ལས་ལ་བྱེད། གཉིས་པ་ནི་འདོད་པའི་མི་དགེ་བ་ལ་བྱེད། གསུམ་པ་ནི་འདོད་པའི་དགེ་ལས་ལ་བྱེད། བཞི་པ་ནི་ཟག་མེད་ཀྱི་ལས་ལ་བྱེད་དེ། དེས་རྣམ་སྨིན་ཡིད་དུ་འོང་མི་འོང་སྤེལ་མ་སོགས་འབྱིན་ཅིང་ཟག་མེད་ཀྱི་ལས་ཀྱིས་ལས་སྔ་མ་དེ་དག་ཟད་པར་བྱེད་པའི་ཕྱིར། ཡང་ན་བསམ་པ་དཀར་ལ་སྦྱོར་བ་གནག་པ་སོགས་བཞིར་ཡོད། དང་པོ་ནི་དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་གཡོ་ཅན་བསད་པ་ལྟ་བུ། གཉིས་པ་ནི་སྲོག་གཅོད་ཀྱི་ཕྱིར་སྦྱིན་བ་གཏོང་བ་ལྟ་བུ། གསུམ་པ་ནི་བསམ་པ་དག་པས་སྦྱིན་པ་གཏོང་བ་ལྟ་བུ། བཞི་པ་ནི་ཤ་ཟ་ཕྱིར་སྲོག་གཅོད་པ་ལྟ་བུའོ། །ཡང་ན་བདེ་སྡུག་བཏང་སྙོམས་མྱོང་འགྱུར་གྱི་ལས་གསུམ་དུ་ཡོད། །དང་པོ་ནི། འདོད་པ་ནས་བསམ་གཏན་གསུམ་པའི་བར་གྱི་དགེ་ལས་ལ་བྱེད། གཉིས་པ་ནི་འདོད་པའི་དགེ་ལས་ལ་བྱེད། གསུམ་པ་ནི་བསམ་གཏན་བཞི་བ་ཡན་ཆད་ཀྱི་དགེ་ལས་ལ་བྱེད། ཡང་ན་འཕེན་རྫོགས་གཉིས་ལ་མུ་བཞིར་ཡོད། དང་པོ་གཉིས་ཀ་དགེ་བ་ནི་བདེ་འགྲོའི་རྟེན་ཅན་གྱི་བདེ་བ་ལྟ་བུ། གཉིས་པ་ནི་ངན་འགྲོའི་རྟེན་ཅན་གྱི་སྡུག་བསྔལ་ལ་བྱེད། གསུམ་པ་འཕེན་བྱེད་དགེ་ལ་རྫོགས་བྱེད་སྡིག་པ་ནི་བདེ་འགྲོའི་རྟེན་ཅན་གྱི་སྡུག་བསྔལ་ལ་བྱེད། བཞི་པ་ནི་ངན་འགྲོའི་རྟེན་ཅན་གྱི་བདེ་བ་ལྟ་བུ་ལ་བྱེད། ཡང་ན་དགེ་བའི་ལས། མི་དགེ་བའི་ལས། ལུང་མ་བསྟན་པའི་ལས་དང་གསུམ་ལས། དང་པོ་ལ། ཟག་བཅས་དང་ཟག་མེད་ཀྱི་དགེ་ལས་གཉིས་ལས། དང་པོ་ནི་སྲོག་གཅོད་སྤོང་པ་ལ་སོགས་པ་དགེ་བའི་ལས་ལམ་བཅུ་ལ་བྱེད། གཉིས་པ་ནི་ཐར་པ་མྱ་ངན་ལས་འདས་པ་ལྟ་བུ་ལ་བྱེད། གཉིས་པ་མི་དགེ་བའི་ལས་ནི་མི་དགེ་བའི་ལས་ལམ་བཅུ་ལ་བྱེད། གསུམ་པ་ལ། བསྒྲིབས་ལུང་མ་བསྟན་དང༌། མ་བསྒྲིབས་ལུང་མ་བསྟན་གཉིས་ལས། དང་པོ་ནི་ཁམས་གོང་གི་ཉོན་མོངས་ཅན་གྱི་ལས་ལྟ་བུ་ལ་བྱེད། གཉིས་པ་ནི། བཟོ་བྱེད་པའི་ལས་ལྟ་བུ་ལ་བྱེད། བསྒྲིབས་མ་བསྒྲིབས་ཀྱི་ཁྱད་པར་ལུང་མ་བསྟན་གཞིར་བྱས་ལ་ཉོན་མོངས་ཅན་ཡིན་མིན་ལ་བྱེད། མ་བསྒྲིབས་ལུང་མ་བསྟན་ལ་དབྱེ་ན། རྣམ་སྨིན་སྐྱེས། སྤྱོད་ལམ་པ། བཟོ་གནས། སྤྲུལ་སེམས་དང་བཞིར་ཡོད། ཡང་ལས་ལ་དབྱེ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ནི་སྣོད་ཀྱི་འཇིག་རྟེན་འགྲུབ་བྱེད་ཀྱི་ལས་ལྟ་བུ་ལ་བྱེད། གཉིས་པ་ནི་བཅུད་ཀྱི་སེམས་ཅན་འགྲུབ་བྱེད་ཀྱི་ལས་ལྟ་བུ་ལ་བྱེད། འདི་དག་གི་དོན་རྒྱས་པ་དང་གཞུང་གི་ཚིག་གསལ་བ་རྣམས་མངོན་པ་མཛོད་ཀྱི་ལས་བསྟན་པ་དང་མདོ་སྡེ་ལས་བརྒྱ་པ་དང་རིན་ཆེན་ཕྲེང་བ་སོགས་ནས་རྒྱས་པར་འབྱུང་བ་ལྟར་ཉམས་སུ་ལེན་པར་བྱ་དགོས། དེས་ན་དགེ་སྡིག་གི་བླང་དོར་མ་འཆོལ་བར་བྱ་ཞིང་སྒོ་གསུམ་ལུང་མ་བསྟན་དུའང་མ་ལུས་པར་དགེ་སྦྱོར་ལ་ནན་ཏན་བྱ་ཞིང་དུས་རྟག་ཏུ་རང་གི་སྒོ་གསུམ་ལ་བརྟག་དཔྱད་བྱ། དགེ་བར་གྱུར་པ་རྣམས་ལ་དགའ་བ་སྒོམ་ཆུད་མི་འཛའ་བར་བྱེད། སྡིག་པར་གྱུར་བ་རྣམས་ལ་སྟོབས་བཞིའི་སྒོ་ནས་བཤགས་བསྡམ་ཚུལ་བཞིན་བྱ། མེ་སྟག་ཆུང་ངུས་ནགས་ཚལ་སྲེག་ནུས་པ་ལྟར་དགེ་བས་སྡིག་པའི་ཕུང་པོ་འཇོམས་པར་ནུས་པ་ལ་སྤྲོ་བས་འཇུག་པར་བྱ་དགོས་ཏེ། ཚོམས་ལས། བསོད་ནམས་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲོན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་གསུངས་པས་སོ། །དེ་ལྟར་སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྤང༌། དགེ་བ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ནན་ཏན་དུ་བྱ་ན་སངས་རྒྱས་ཀྱི་བསྟན་པའི་དོན་ཀྱང་འགྲུབ་སྟེ། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་འབྱུང་ངོ༌། །མདོར་བསྡུས་ནས་བསྒོམ་བྱ་ནི། ཤི་ནས་གར་སྐྱེ་རང་དབང་འདུས་པ་ཞིག་ཡིན་ན་དང་དེ་ཀས་ཆོག་སྟེ་གར་སྐྱེ་རང་གིས་བྱས་པའི་ལས་ལ་རག་ལས་པས་ལས་རྒྱུ་འབྲས་ཀྱི་བླང་དོར་ཚུལ་བཞིན་མི་འཚལ་བར་ཉམས་སུ་ལེན་སྙམ་པ་བྱས་ཏེ་རང་རྒྱུད་ལ་གཞུག་འགྲེལ་བྱེད་ཅིང་སྡིག་པ་སྤང་དགེ་བ་བསྒྲུབ་པར་བརྩོན་པ་བསྐྱེད་དོ། །ཐུན་དམིགས་ལྔ་པའོ།། ༈ །།བཞི་པ་འཁོར་བའི་ཉེས་དམིགས་བསྒོམ་པ་ནི། དེ་ནས་འཁོར་བའི་ཉེས་དམིགས་བསྒོམ་དགོས་ཏེ། ཐོག་མེད་ནས་ང་མེད་པར་ང་བདག་མེད་པར་བདག་ཏུ་ཞེན་པའི་མ་རིག་པའི་རྒྱུ་ལ་བརྟེན་ནས་འཁོར་བའི་འཁྲུལ་བ་འབྱུང་ཞིང་སྡུག་བསྔལ་གསུམ་གྱིས་བར་མ་ཆད་དུ་མནར་རོ། །དེའང་འདུ་བྱེད་ཀྱི་སྡུག་བསྔལ་ཚོར་བར་བཏང་སྙོམས་དང༌། འགྱུར་བའི་སྡུག་བསྔལ་ནི་ཚོར་བ་བདེ་བ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་ནི་སྡུག་བསྔལ་གྱི་ཚོར་བ་མངོན་གྱུར་བ་རྣམས་སོ། །དཔེ་ནི་རིམ་བཞིན་མེ་མདོག་བསྙལ་བ་ལྟ་བུ་དང༌། དེའི་སྟེང་དུ་རྩྭ་བཀབ་པའི་ཁར་སྐྱེ་བོ་གཉིད་ལོག་པ་ལྟ་བུ་དང༌། དེ་རླུང་གིས་བུས་པས་འབར་ཏེ་སྐྱེས་བུ་ཉམ་ཉེས་པ་ལྟ་བུའོ། །དེ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་ནི་སྲིད་རྩེ་ནས་མནར་མེད་ཀྱི་བར་ལ་ཁྱབ་ཅིང༌། གཟུགས་དང་འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱང་ལས་ཀྱི་འཕེན་ཤུགས་ཟད་ནས་ལྟུང་བའི་རྒྱུར་འགྱུར་བ་ཉེར་ལེན་གྱི་ཕུང་པོ་འདི་བླངས་ཙམ་ནས་སྡུག་བསྔལ་དང་ལྡན་པ་ཡིན་ལ། དེ་སོ་སྐྱེས་མི་ཤེས་ཤིང་འཕགས་པ་རྣམས་ཀྱིས་ཚུལ་བཞིན་གཟིགས་ཏེ། དཔེར་ན་སྤུ་ཉག་གཅིག་ལག་མཐིལ་དུ་བཞག་ཀྱང་མ་བདེ་བ་མེད་ལ། དེ་ཉིད་མིག་ཏུ་སོང་ན་མི་བདེ་བ་བཞིན་ནོ། །དེ་ཡང་མཛོད་འགྲེལ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་བ་ན། །མི་བདེ་བ་དང་སྡུག་བསྔལ་སྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་གསུངས་པ་ལྟར་རོ། །འགྱུར་བའི་སྡུག་བསྔལ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འདོད་ཡོན་གྱི་རོ་ལ་ཆགས་སྲེད་ཀྱིས་སྤྱོད་པ་སྟེ། འདི་དག་ནི་བདུད་ཀྱི་མདའ་དང་ཕོ་ཉ་མོ་དང་སྤུ་གྲིའི་སོར་ཆགས་ཀྱི་སྦྲང་རྩི་དང་ཚྭ་ཆུ་དང་གཡེན་པ་འཕྲུག་པ་ལྟར་ལོངས་སྤྱོད་པའི་མཐར་སྡུག་བསྔལ་མི་བཟོད་པ་འབྱུང་ཞིང་དེའང་འཁོར་བའི་བདེ་བ་ཐམས་ཅད་མཐར་ཐུག་འགྱུར་ནས་སྡུག་བསྔལ་དུ་འགྲོ་བས་སྡུག་བསྔལ་ལས་མ་འདས། འཇིག་རྟེན་ན་ཆེ་བར་གྲགས་པ་འཁོར་ལོས་སྒྱུར་རྒྱལ་དང་བརྒྱ་བྱིན་དང་ཚངས་པ་སོགས་ཀྱི་གོ་འཕང་ཐོབ་ཀྱང་མཐར་ཐུག་སྡུག་བསྔལ་དུ་འགྱུར་ཏེ། བཤེས་སྤྲིང་ལས། འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་དག་དང་ཡང་བྲན་ཉིད་དུ་འགྱུར། །བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ཀྱང༌། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྷུང༌། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་བ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་སོ། །དེ་ལ་སྡུག་བསྔལ་དུ་མ་མཐོང་བདེ་བར་ཞེན་པ་ལ་བརྟེན་ནས་འཇིག་རྟེན་གྱི་ཆོས་བརྒྱད་ལ་ཆགས་སྡང་བློས་མི་ཐོངས་ཤིང་དམ་པའི་ཆོས་ཀྱི་སྐལ་བ་དང་བྲལ་བར་གྱུར་ཏོ། །དེས་ན་ཟས་གོས་ཀྱི་རྐྱེན་དང་གཏམ་མི་སྙན་པ་ཚིག་གཅིག་ཙམ་མི་ཐེག་པ་འདི་ལྟ་བུ་མ་ཡིན་པར་འཁོར་བའི་བཤའ་ཐག་ཅི་ཆོད་གལ་ཆེའོ། །སྡུག་བསྔལ་གྱི་སྡུག་བསྔལ་ནི་འགྲོ་བ་རིགས་དྲུག་སོ་སོའི་སྟེང་དུ་མང་ཞིང༌། སྡིག་ཤས་ཆེ་བ་དམྱལ་བར་སྐྱེས་ནས་སྡུག་བསྔལ་མྱོང་ཚུལ་ནི་གླིང་འདིའི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུར་གཞལ་བ་ན་ལྕགས་བསྲེགས་རབ་ཏུ་འབར་བའི་ས་གཞིར་སྡིག་པས་བསྒྲུབས་པའི་ཤའུ་མར་གསར་ལྟ་བུ་དཔག་ཚད་མང་པོ་ཡོད་པའི་སྟེང་དུ་སྡུག་བསྔལ་ཐོག་ཏུ་བབ་ཅིང་དེའང་ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པ་སྟེ་ཚ་དམྱལ་བརྒྱད། ཉེ་འཁོར་བ། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིའི་ཚལ། རལ་གྲིའི་ལོ་མའི་ནགས། ཤལ་མ་ལིའི་སྡོང་པོ། །ཐལ་ཚན་གྱི་ཆུ་བོ་རབ་མེད་ཕྱོགས་བཞིར་རེ་རེ་རྣམས་གནས་ཏེ། མཛོད་ལས། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་དང༌། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། །ཞེས་སོ། །གྲང་དམྱལ་བརྒྱད་ནི་གླིང་འདིའི་འོག་རྒྱ་མཚོ་ཆེན་པོའི་འགྲམ་ན་མུན་ནག་གི་སྨག་རུམ་རླུང་བུ་ཡུག་འཚུབས་པའི་འཁྱགས་སྦུབས་ན། ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན། ཨ་ཆུ་ཟེར་བ། ཀྱི་ཧུད་ཟེར་བ། སོ་ཐམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་སྟེ་བརྒྱད་དོ། །ཉི་ཚེ་བ་རྣམས་གནས་ལ་ངེས་པ་མེད་ཅིང་སྡུག་བསྔལ་ཡང་སྣ་ཚོགས་མྱོང་བས་དམྱལ་བ་དེ་རྣམས་ན་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་པར་སྡུག་བསྔལ་འབའ་ཞིག་ལ་སྤྱོད་ཅིང་གནས་ལ། སྡུག་བསྔལ་ནི་མིའི་ཡུལ་འདིར་སྐྱེས་བུའི་ལུས་ལ་མཚོན་སུམ་བརྒྱ་དལ་མེད་དུ་བསྣུན་པ་དེས་ནི་དམྱལ་བའི་སྡུག་བསྔལ་གྱི་ཟུར་ཙམ་དུའང་མི་ཕྱིན་ནོ། །ཚ་དམྱལ་བ་རྣམས་གྱི་ཚེ་ཚད་ནི་མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་པའི་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ། ཡང་སོས་པས་རྒྱལ་ཆེན་རིགས་བཞི་པའི་ཚེ་ཚད་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ། གཞན་འཕྲུལ་དབང་བྱེད་པས་མི་ལོ་སྟོང་དྲུག་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ། དམྱལ་བ་ཚ་བས་གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ། རབ་ཏུ་ཚ་བས་བར་བསྐལ་ཕྱེད། མནར་མེད་པས་བར་བསྐལ་གཅིག་གི་བར་དུ་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་བ་ཡིན། གྲང་དམྱལ་ཆུ་བུར་ཅན་གྱིས་ཏིལ་ཁལ་བརྒྱད་ཅུ་འགྲོ་བའི་བང་བ་ཏིལ་གྱིས་བྱུར་བུར་བཀང་སྟེ་ལོ་བརྒྱ་བརྒྱ་ན་ཏི་རེ་ཕྱིར་ཕྱུང་བས་ཏིལ་དེ་ཟད་པ་ན་ཚེ་ཚད་རྫོགས་པ་ཡིན་ཅིང༌། གཞན་རྣམས་ནི་དེ་ལས་ཉི་ཤུ་འགྱུར་ཡིན་ནོ། །འདི་རྣམས་མངོན་པ་ནས་གསལ་བར་དོན་བསྡུས་ཏེ་བཤད་པ་ནི། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་བའོ། །ཞེས་དང༌། ཏིལ་རྫིང་ནང་ནས་ལོ་བརྒྱ་བཞིན། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་གསུངས་སོ། །ཡི་དྭགས་ཀྱི་གནས་ནི་འདི་འོག་དཔག་ཚད་ལྔ་བརྒྱ་འཇལ་བ་ན་གཤིན་རྗེའི་འཇིག་རྟེན་ཡོངས་ལ་འཕྲོས་པ་ནི་མི་ཡུལ་དང་ནམ་མཁས་ཁྱབ་པར་ཡོད། སྡུག་བསྔལ་གྱི་ཁྱད་པར་ནི་ཕྱི་ཡི་སྒྲིབ་པ་ཅན་མཐོང་ཚད་མཚོན་ཆར་མཐོང་རྣག་ཁྲག་ཏུ་མཐོང་བས་བཟར་མེད། ནང་གི་སྒྲིབ་པ་ཅན་ཟས་སྐོམ་མགྲིན་པར་མི་ཐར་བ་སོགས། ཟས་སྐོམ་གྱི་སྒྲིབ་པ་ཅན་ནི་གང་ཟོས་མེར་འབར་བ་ལ་སོགས་སྡུག་བསྔལ་དཔག་ཏུ་མེད་ཚེ་ཚད་མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་སྟེ། ཡི་དྭགས་རྣམས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་གསུངས་སོ། །དུད་འགྲོའི་གནས་ལ་ངེས་པ་མེད་ཅིང་ཆེ་བ་རི་རབ་ཙམ་ཆུང་བ་སྐྲ་རྩེ་ཙམ་འབྱུང་ཞིང་སྡུག་བསྔལ་གཅིག་གིས་གཅིག་ཟ་བ་བཀོལ་གསོད་གཅོད་རྨོ་འགེལ་དབྱུ་གུས་བསྣུན་པ་སོགས་དང་ཀླུ་རྣམས་ལ་བྱེ་ཚན་གྱི་ཆར་བབ་ནས་ཤ་རུས་འབྲལ་བར་བྱེད། ཚེ་ཚད་སྐད་ཅིག་མ་དང་ཀླུ་འགའ་ཞིག་བསྐལ་པར་ཡང་གནས་པས་མ་ངེས་ཏེ། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཞེས་གསུངས་སོ། །ཐུན་དམིགས་དྲུག་པའོ།། ༈ །།བདེ་འགྲོ་ཡང་རང་ཅག་མིའི་སྟེང་དུ་སྡུག་བསྔལ་འབྱུང་བའང་སྐྱེ་རྒ་ན་འཆི་བཞི། །སྡུག་པ་དང་བྲལ་བ། མི་སྡུག་པ་དང་ཕྲད་པ། དགྲ་སྡང་བ་དང་ཕྲད་པ། གཉེན་བྱམས་པ་དང་བྲལ་བ། ཡོད་པ་སྲུང་དཀའ་ཞིང་མེད་པ་བཙལ་ཀྱང་མི་རྙེད་པ་སོགས་སྔར་ཡང་མྱོང་ཞིང་ད་དུང་ཡང་རྒྱུན་མི་འཆད་དུ་མྱོང༌། ལྷ་མ་ཡིན་ནི་འཐབ་རྩོད་ཀྱིས་གསོད་གཅོད་འབིགས་པ་སོགས་ཀྱིས་སྡུག་བསྔལ། འདོད་ལྷ་རྣམས་ཀྱང༌། རེ་ཞིག་འདོད་ཡོན་ལ་ཆགས་ཤིང་མྱོས་ནས་མཚོར་བར་ཚེ་ཚད་ཟད་དེ། མེ་ཏོག་གི་རྒྱན་རྙིང་སྟན་ལ་མི་དགའ་ལྷའི་བུ་དང་བུ་མོས་སྤངས། ལུས་ལ་དྲི་ངན་བྲོ་གནས་འོག་མར་ལྟུང་བར་ཤེས་པས་འཇིགས་ཤིང་ཉམ་ང་བག་ཚ། སྐྱུག་བྲོ་སྟེ་ཅི་བྱ་གཏོལ་དང་བྲལ་བ་སོགས་ཀྱི་འཆི་ལྟས་ལྔ་རྣམས་འབྱུང་བས་སེམས་ཀྱི་སྡུག་བསྔལ་དམྱལ་བའི་སྡུག་བསྔལ་འབུམ་འགྱུར་ལས་ཀྱང་ཆེ། བསམ་གཏན་བཞི་གཟུགས་མེད་སྐྱེ་མཆེད་མུ་བཞི་རྣམས་ཀྱང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མ་སྤངས་པས་ཉོན་སྒྲིབ་བག་ཉལ་དང་བཅས་ཐར་པ་འདོད་པའི་བསམ་པ་མེད་པར་ཏིང་ངེ་འཛིན་གྱིས་མྱོས་ཏེ། རེ་ཞིག་སྡུག་བསྔལ་མེད་ཀྱང་སྐྱེ་འཆི་ལ་རང་དབང་མ་ཐོབ་པས་སྔར་གྱི་དགེ་འབྲས་རྣམས་རྫོགས་པ་དང་གནས་དེ་བཏང་སྟེ་ངན་སོང་སོགས་སུ་སྐྱེ་བས་སླར་ཡང་སྡུག་བསྔལ་མྱོང་ངོ༌། །དེས་ན་ཇི་སྐད་དུ། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུངས་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང༌། ཡབ་སྲས་མཇལ་བའི་མདོར། འཁོར་བའི་ཉེས་དམིགས་མཐོང་བ་ན། །སྐྱོ་བའི་སེམས་ནི་རབ་ཏུ་བསྐྱེད། ཁམས་གསུམ་བཙོན་རར་འཇིགས་པས་ན། །བཙོན་པའི་སེམས་ཀྱིས་སྤོད་པར་བྱེད། །ཅེས་དང༌། ཀླུ་སྒྲུབ་ཀྱིས། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང༌། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །ཅེས་གསུངས་སོ། །དེ་ནས་འཁོར་བའི་ཉེས་དམིགས་ཁྱིམ་གྱི་སྡུག་བསྔལ་འདུ་འཛི་རྣམ་གཡེང་ཚེ་འདིའི་བྱ་བ་ལ་དགོས་མེད་ཀྱི་བློ་བསྐྱེད་དེ་དེ་དང་དེ་འདྲ་བ་ལ་ཐར་འདོད་ཀྱི་བློས་ནགས་མཐའ་མེས་ཚིག་པའི་རི་དྭགས་བཞིན་བྲེད་ཤ་དང་བཅས་རིངས་པར་འབྲོས། མཚོ་འཁྱགས་པའི་བྱ་བཞིན་གདུང་བ་བཅད་དེ་འབྲོས། དེད་དཔོན་སྲིན་མོའི་གླིང་ནས་ཐར་བ་ལྟར་ཞེན་ཆགས་བཅད་དེ་ཡང་བས་འབྲོས། ཆུ་བོ་སྒྲོལ་བར་རྐྱལ་བའི་གཅེས་སྤྲས་བཞིན་སྡོམ་གསུམ་ལ་ཉེས་པས་མ་གོས་པར་འཁོར་བའི་ཕ་རོལ་དུ་འབྲོས། ལམ་དུ་ཆས་པའི་ཚོང་པའི་གྲབས་ཤོམས་བཞིན་ཚོགས་གཉིས་དང་དགེ་བའི་ནོར་ཚགས་སུ་ཚུད་པས་སྤྲོ་བ་དང་བཅས་འཁོར་བ་ལས་འབྲོས་དགོས། །དེ་ལྟར་མ་བྱས་ན་རི་དྭགས་མེས་ཚིག་ཆུ་བྱ་འཁྱགས་པར་འབྱར་དེད་དཔོན་སྲིན་མོས་ཟོས་རྐྱལ་མཁན་ཆུར་ཤི་ཚོང་བ་སྟོང་པར་ལོག་པ་ལྟར་འཁོར་བའི་མེས་ཚིག་ཁྱིམ་གྱི་འཁྱགས་སྦུབས་སུ་ཚུད་ཚེ་འདིའི་སྲིན་པོས་ཟོས་ངན་སོང་གི་ཆུར་ལྷུང་དལ་འབྱོར་སྟོང་པར་ལོག་པ་ཡིན་པས། འཇིག་རྟེན་གྱི་བྱ་བ་བློས་བཏང་འདོད་ཡོན་ལ་ཆགས་པ་སྤངས་ཆོས་བརྒྱད་རྒྱང་དུ་བསྲིངས་འཆི་བ་སྙིང་ལ་གཟེར་འབོར་བ་སྡུག་བསྔལ་དུ་མཐོང་སྲིད་པ་ཞི་བ་ཉན་རང་གི་གོ་འཕང་ཡང་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་འགྱུར་བས་མ་རྒན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་ཅི་ནས་ཀྱང་བསྒྲུབ་པར་བྱ་སྙམ་པའི་བསམ་པ་རྣམ་པར་དག་པ་བསྐྱེད། བྱང་ཆུབ་ཀྱི་སེམས་དང་ལྡན་ན་བླ་མེད་ཀྱི་བྱང་ཆུབ་ཀྱང་རིང་པོར་མ་ཐོགས་པར་མངོན་དུ་བྱེད་ནུས་སོ་སྙམ་དུ་ཕན་ཡོན་ཡོངས་སུ་དྲན་པའི་སྒོ་ནས་ནམ་ཡང་ཡོངས་སུ་མི་ཉམས་པར་བསྲུང་ཞིང་བརྩོན་པ་དང་ལྡན་པར་བྱའོ། ༈ །དེ་ནི་ཅུང་ཟད་རྒྱས་པར་བྱས་པ་ཡིན་ལ། མདོར་བསྡུས་ནས་བསྒོམ་བྱ་ནི། འཁོར་བ་འདི་ན་སྲིད་རྩེ་ནས་མནར་མེད་ཡན་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས་འཁོར་བའི་གནས་གྲོགས་ལོངས་སྤྱོད་སྙན་གྲགས་ཐམས་ཅད་གསོད་སར་ཁྲིད་པའི་གཤེད་མའི་དགའ་སྟོན་ལྟར་མཐོང་ནས་འཁོར་བ་འདི་མེ་འོབས་སམ་བཙོན་དོང་ལྟ་བུར་བལྟས་ཏེ་དགོས་མེད་ཀྱི་བློ་བསྐྱེད་ལ་འཁོར་བའི་གཤའ་ཐག་ཅི་ཆོད་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདག་གིས་ཅི་ནས་ཀྱང་བསྒྲུབ་སྙམ་པའི་འདུན་པ་དྲག་པོ་བྱ་དགོས་སོ། །འདི་རྣམས་ནི་ཐུན་མོང་གི་སྔོན་འགྲོ་བཞི་སྦྱོར་ཞེས་བྱའོ། །ཐུན་དམིགས་བདུན་པའོ། །རྒྱས་པར་ཐུན་བཞི་བསྡོམས་ན་བཞི་པའོ།། ༈ །།

ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་སྦྱོར།

གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་སྦྱོར་ནི། རྒྱུད་སྣོད་དུ་རུང་བའམ་ཅི་བྱས་ཐར་པའི་ལམ་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ། བྱིན་རླབས་མྱུར་ཏུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ནི། འོ་ན་འཇིག་རྟེན་གྱི་དྲག་རྩལ་ཅན་ཚངས་པ་ཁྱབ་འཇུག་སོགས་སམ་ཕ་མ་གཉེན་ཉེ་བར་བཅས་པ་རྣམས་སྐྱབས་ཡུལ་ཡིན་ནམ་ཞེ་ན་སྐྱབས་ཐུབ་པ་ནི་རང་འཇིགས་པ་ལས་ཐར་ཞིང་སྡུག་བསྔལ་དང་བྲལ་བ་ཞིག་དགོས་པ་ལས་དེ་དག་དེ་ལྟར་མ་ཡིན་པས་སྐྱབས་མིན་ནོ། །དེས་ན་གནས་སྐབས་ཀྱི་སྐྱབས་དཀོན་མཆོག་གསུམ་ཡིན་ཞིང་མཐར་ཐུག་ནི་སངས་རྒྱས་ཉག་གཅིག་གཏན་གྱི་སྐྱབས་སུ་འགྱུར་ཞིང་དེ་ལ་གསུམ་ག་ཚང་སྟེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་དང༌། བློ་གྲོས་རྒྱ་མཚོའི་མདོ་ལས། སངས་རྒྱས་འདྲ་བའི་སྟོན་པ་མེད། །དམ་ཆོས་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་མཆོག་མེད། །ཅེས་དང༌། མདོ་སྡེ་མྱང་འདས་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་བ། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་ཡང༌། ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་གཏན་གྱི་སྐྱབས་ཐུབ་པ་སངས་རྒྱས་ལས་མེད། སངས་རྒྱས་སྒྲུབ་པའི་ལམ་ཆོས་ལས་མེད། ཆོས་བྱེད་པའི་གྲོགས་དགེ་འདུན་ལས་མེད་པས་དཀོན་མཆོག་གསུམ་ལ་མ་བརྟེན་པར་བྱང་ཆུབ་སྒྲུབ་པའི་ཐབས་མེད་ཅིང་ནང་པ་སངས་རྒྱས་པའི་ཁོངས་སུ་མི་གཏོགས་དམ་པའི་ཆོས་སྒྲུབ་པ་ལ་གེགས་དང་བར་ཆད་འབྱུང་བ་སོགས་ཀྱི་སྐྱོན་ཡོན་དུ་མ་དང་བཅས་པས་ན་སྐྱབས་སུ་འགྲོ་བ་གལ་ཆེའོ། །ཕན་ཡོན་དང་བྱེད་ལས་ནི། སངས་རྒྱས་སར་ཚུད། སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད། སྔར་བྱས་ཀྱི་སྡིག་པ་ཟད། མི་དང་མི་མ་ཡིན་གྱི་གནོད་པ་ལས་སྐྱོབ། བསམ་པའི་དངོས་པོ་ཐམས་ཅད་འགྲུབ་ཅིང་བསོད་ནམས་ཆེན་པོ་འཐོབ། ངན་སོང་དུ་མི་ལྟུང་ཞིང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །འཚེ་བ་སོགས་ལས་ཀྱང་སྐྱོབ་སྟེ། མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང༌། །ངན་སོང་དང་ནི་ཐབས་མིན་དང༌། །འཇིགས་ཚོགས་ཐེག་པ་དམན་པ་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པར་འདོད། །ཅེས་གསུངས་སོ། །དེས་ན་སྤྱིའི་བསླབ་བྱ་དང་བྱེ་བྲག་གི་བསླབ་བྱ་དང་ཆ་མཐུན་གྱི་བསླབ་བྱ་རྣམས་ལ་སློབ་ཅིང་སྤང་བྱ་རྣམས་སྤངས་ཏེ་བླང་དོར་མ་འཆོལ་བར་བྱ་དགོས་སོ། །དེ་ལྟར་ཕན་ཡོན་དང་ཉེས་དམིགས་དུ་མ་རིག་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས་ཤིང་དེ་ལའང་སྐྱབས་ཡུལ་གསལ་བཏབ་སྟེ་སྐྱབས་སུ་འགྲོ་བར་བྱ་བ་ནི། །མདུན་དུ་དཔག་བསམ་ཤིང་གི་སྡོང་པོ་རྩ་བ་གཅིག་པ་རྩེ་མོ་དང་ཡལ་ག་ལོ་འདབ་ནམ་མཁའི་དབྱིངས་ཁྱབ་པ་ཡལ་ག་ལྔ་ཕྱོགས་བཞི་འབུར་དུ་དོད་པ། དེའི་དབུས་ཀྱི་ཟེའུ་འབྲུའི་སྟེང་དུ་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བ་རམ་ལས་ཉི་མའི་དཀྱིལ་འཁོར་གདན་གྱི་སྟེང་དུ་རང་གི་ཚེ་ཕྱི་མ་ཕན་གྱི་རེ་ལྟོས་ཞུ་ས་ཚེ་འདི་ལ་དབང་དང་གདམས་ངག་ཐོབ་པའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་བླ་མ་དེ་ཀའི་རྣམ་པ་ཅན་ནམ་ཡང་ན་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཨིནྡྲ་རྙིལ་སྦྱངས་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རྡོ་རྗེ་དང་དྲིལ་བུ་ཐུགས་?ར་བསྣོལ་ནས་འཛིན་པ་མཚན་དཔེས་སྤྲས་པའི་སྐུ་བཀྲག་མདངས་དང་ཞལ་འཛུམ་བག་དང་ལྡན་ཞིང་ཐུགས་དགྱེས་པ་དང་བཅས་པ་གཟི་བརྗིད་འབར་བ་ཞིག་ཏུ་སྒོམ། དེའི་དབུ་གཙུག་ནས་ཡར་ལ་བཀའ་བརྒྱུད་ཀྱི་བླ་མ་རྣམས་མཐོ་བརྩེགས་དང་སྒྲུབ་རྒྱུད་ཀྱི་བླ་མ་རྣམས་སྤྲིན་ལྟར་གཏིབས་པ་དཔའ་བོ་མཁའ་འགྲོ་ཐམས་ཅད་ན་བུན་ལྟར་བར་མཚམས་མེད་བར་བཞུགས་པ་གདན་མཚམས་སུ་ཆོས་སྐྱོང་སྲུང་མ་རྣམས་བདག་ཉིད་ཀྱི་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་སེལ་ཕྱིར་ཞལ་ཕྱིར་ཕྱོགས་ཤིང་ཁྲོ་གཏུམ་དང་ལྡན་པར་བསྒོམ། དེའི་མདུན་གྱི་འདབ་མར་གདན་ཁྲི་སྔར་བཞིན་ལ་པདྨ་ཉི་རོའི་གདན་སྟེང་དུ་ཡི་དམ་རྡོ་རྗེ་རྣལ་འབྱོར་མའམ། ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མཱ་ཧཱ་མཱ་ཡཱ། སྙིང་པོ་དགྱེས་པའི་རྡོ་རྗེ། གཉིས་མེད་དུས་ཀྱི་འཁོར་ལོ་ལ་སོགས་གང་མོས་བསྐྱེད་ཅིང་དེ་ལ་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱིས་བསྐོར་ནས་བཞུགས་པར་བསྒོམ། གཡས་ཀྱི་འདབ་མའི་སྟེང་དུ་གདན་ཁྲི་རྣམས་རོ་གདན་མ་གཏོགས་ཐམས་ཅད་ལ་རིགས་འགྲེ་བའི་སྟེང་དུ། བཅོམ་ལྡན་འདས་ཐུབ་པ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་བསྒོམ། རྒྱབ་ཏུ་ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་རྣམས་པོ་ཏིའམ་གླེགས་བམ་གྱི་ཚུལ་དུ་རྫ་རི་ཉིལ་བ་ལྟར་གསེར་གདོང་ཁྲ་ཆེམ་མེ་རང་ལ་བསྟན་ཏེ་བཞུགས་པར་བསྒོམ། གཡོན་གྱི་ཡལ་གའི་སྟེང་དུ་འཕགས་པའི་དགེ་འདུན་ཉེ་བའི་སྲས་བརྒྱད་སོགས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་མཆོག་ཟུང་ཀུན་དགའ་བོ་འོད་སྲུང་སོགས་ཉན་ཐོས་ཀྱི་དགེ་འདུན་རྣམས་ན་བཟའ་ངུར་སྨྲིག་དབུ་ཟླུམ་ཞབས་རྗེན་གྱི་ཚུལ་དུ་བཞུགས་པར་བསམ། དེའི་བར་མཚམས་སུ་ཡང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ན་བུན་དང་བུ་ཡུག་འཚུབས་པ་ལྟར་བཞུགས་པར་བསྒོམ། ཤིང་གི་མཐའ་སྐོར་དུ་ནེའུ་གསིང་ཡོད་པའི་སྟེང་དུ་བདག་ལ་སྡང་བར་བྱེད་པའི་དགྲ་གནོད་པར་བྱེད་པའི་བགེགས་སུ་གྱུར་པ་རྣམས་དང་རང་གི་གཉེན་དུ་གྱུར་པ་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྲོམ་ཚོགས་སུ་ཐེམ་འགགས་ནེམ་འགགས་སུ་གནས་པ་རྣམས་ཀྱིས་ཀྱང་རང་དང་སྤྱོད་ལམ་སྒོ་བསྟུན་ཏེ་སྐྱབས་འགྲོའི་སྒྲ་འུ་དི་རི་རི་འདོན་པར་བསམ་ལ། ངག་ཏུ་བདག་གི་དྲིན་ཅན་ཕ་མས་གཙོ་བྱས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་དོན་ཡིད་ལ་དྲན་ཞིང་ཚིག་རྒྱུན་མར་འདོན་བསྒོམ་བྱ་ཞིང་སྐྱབས་ཡུལ་རྣམས་ལ་ཤེས་པ་གཏད་ལ་སེམས་མ་ཡེངས་པར་རྩེ་གཅིག་ཏུ་མཉམ་པར་བཞག་གོ །དེ་ནས་སེམས་བསྐྱེད་པ་ནི། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཞེས་སོགས་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ། མཐར་སྐྱབས་ཡུལ་གདན་ཁྲི་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་སྐྱབས་ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་སྙམ་པའི་ངང་ནས་སེམས་མ་བཅོས་པར་རང་ལུགས་སུ་གློད། གསལ་སིང་ངེ་བ་ལ་ངོས་གཟུང་མེད་པར་གར་ཡང་མི་འཕྲོ་བའི་ངང་ལ་མཉམ་པར་བཞག་གོ༌།གལ་ཏེ་རྣམ་རྟོག་འཕྲོ་ན། དགེ་བ་འདི་ཡིས་མྱུར་བདག །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བའི་རྩ་བ་བསྔོ་བས་རྒྱས་བཏབ་ལ་སྤྱོད་ལམ་ལ་འཇུག་པར་བྱའོ། །ཆོས་ཐུན་དང་དམིགས་པ་བརྒྱད་པའོ། ༈ །དེའང་སྤྱིར་སེམས་བསྐྱེད་ལ་ཐེག་དམན་སེམས་བསྐྱེད་དང་ཐེག་ཆེན་སེམས་བསྐྱེད་གཉིས་སུ་ཡོད་པ་ལས། དང་པོ་ནི་རང་ཉིད་ཞི་བདེ་འདོད་པའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པ་ལམ་ཆོད་ཆུང་སྟེ། ཉན་ཐོས་དང་ནི་རང་རྒྱལ་དག །བྱང་ཆུབ་ཐོབ་པའི་གཏན་གྱི་གེགས། །ཞེས་དང༌། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང༌། ཞེས་གསུངས་པས། ཉན་རང་གི་བྱང་ཆུབ་ཙམ་མ་གཏོགས་མཐར་ཐུག་གི་བྱང་ཆུབ་ཐོབ་མི་ནུས་པས། འདིར་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་འབད་དགོས་ཤིང་ཐེག་ཆེན་གྱི་སེམས་བསྐྱེད་དེ་ལ་ཡང༌། ངོ་བོའི་སྒོ་ནས་དབྱེ་བ། མཚན་ཉིད། རྒྱུ་རྐྱེན། དབྱེ་བ། ས་མཚམས་སོགས་དུ་མ་ཡོད་པ་ལས། དང་པོ་ནི་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་ལ་བྱེད་དེ། དགོངས་པ་ངེས་འགྲེལ་ལས། བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །ཞེས་གསུངས་སོ། །མཚན་ཉིད་ནི་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་མཁྱེན་པ་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །རྒྱུ་རྐྱེན་ནི་མང་དུ་གསུངས་ཀྱང་མདོར་བསྡུ་ན། རྒྱལ་བ་སྲས་བཅས་ལ་དད་པ། སེམས་ཅན་ལ་སྙིང་བརྩེ་བ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་ཡིན་ཏེ། དེ་ཡི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། ཞེས་དང༌། དཀོན་མཆོག་ཏ་ལའི་མདོར། རྒྱལ་དང་རྒྱལ་པའི་ཆོས་ལ་དད་གྱུར་ཅིང༌། རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་དང༌། མདོ་སྡུད་པར། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང༌། །ཞེས་གསུངས་སོ། །དབྱེ་བ་ལ། ས་ལྟ་བུའི་སེམས་བསྐྱེད་ནས་སྤྲིན་ལྟ་བུའི་སེམས་བསྐྱེད་ཀྱི་བར་ཉེར་གཉིས་སུ་ཡོད་དེ། རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེད། ཞེས་པ་ནས། རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པའི་བར་དུ་གསུངས་པ་ལྟར་རོ། །ཡང་ན་མོས་པས་སྤྱོད་པ། ལྷག་བསམ་རྣམ་དག་དང༌། རྣམ་པར་སྨིན་པ་དང༌། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞིར་ཡོད་དེ། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་བའོ། །ཞེས་གསུངས་སོ། །དེ་དག་གིས་མཚམས་ནི། ས་སོགས་ཀྱི་སེམས་བསྐྱེད་རྣམས་ལས་དང་པོ་གསུམ་ནི་ལས་དང་པོ་པའི་སས་བསྡུས། དེའི་འོག་ཏུ་གཅིག་ནི་སྦྱོར་ལམ་གྱིས་བསྡུས། དེ་ནས་བཅུ་ནི་ས་བཅུས་བསྡུས། དེ་འོག་ལྔ་ནི་ས་བཅུའི་ཁྱད་པར་གྱི་ལམ་གྱིས་བསྡུས། ཕྱི་མ་གསུམ་སངས་རྒྱས་ཀྱི་སས་བསྡུས་སོ། །ཕྱི་མའི་མོས་ལྡན་སོགས་བཞི་ནི་ལས་དང་པོ་པ་དང་མ་དག་ས་བདུན་དང་དག་པ་ས་གསུམ་དང་སངས་རྒྱས་ཀྱི་སས་བསྡུས་སོ། །ཡང་སེམས་བསྐྱེད་དེ་ལ། རྒྱལ་པོ་ལྟ་བུ། རྫི་བོ་ལྟ་བུ། མཉེན་པ་ལྟ་བུ་དང་གསུམ་མོ། །ཡང་སྨོན་འཇུག་གཉིས་སུ་ཡོད་དེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །དེ་གཉིས་ཀྱི་ཁྱད་པར་རྫོགས་བྱང་དུ་འགྲོ་འདོད་པ་དང་འགྲོ་བཞིན་པ་ལྟ་བུ་ཡིན་ཏེ། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་སོ། །ཡང་ན་སྨོན་པ་ནི་འབྲས་བུ་ལ་དམིགས་ནས་དམ་འཅའ། འཇུག་པ་ནི་རྒྱུ་ལ་དམིགས་ནས་དམ་འཅའ་བའོ། །དམིགས་ཡུལ་ནི། བྱང་ཆུབ་དང་སེམས་ཅན་གྱི་དོན་ལ་དམིགས་པའོ། །དང་པོ་ནི། ཐེག་ཆེན་གྱི་ཡེ་ཤེས་འཚོལ་བར་དམིགས་པ་སྟེ། མདོ་སྡེ་རྒྱན་ལས། དེ་བཞིན་དེ་ཡི་ཡེ་ཤེས་འཚོལ་བར་དམིགས་པའོ། །ཞེས་གསུངས་སོ། །སེམས་ཅན་ལ་དམིགས་པ་ནི་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ལ་དམིགས་པ་སྟེ་དེ་རྣམས་ཀྱི་སྡུག་བསྔལ་སེལ་ཕྱིར་སེམས་བསྐྱེད་པ་སྟེ། བཟང་སྤྱོད་ལས། ནམ་མཁའི་མཐས་གཏུགས་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཀུན་རྫོབ་སེམས་བསྐྱེད་ནི་རགས་པ་བརྡ་ལས་བྱུང་ཞིང་སྐྱེ་ལ། དོན་དམ་སེམས་བསྐྱེད་ནི་དོན་དམ་ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་སོ། །དོན་དམ་སེམས་བསྐྱེད་སྐྱེ་བའི་རྒྱུ་ནི། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོགས་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་ལུང་དང་མཐུན་པའི་སྒྲུབ་པ་དང་རྟོགས་པའི་ཁྱད་པར་དག་གིས་བསྐྱེད་པའོ། །དོན་དམ་སེམས་བསྐྱེད་ཀྱི་ངོ་བོ་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གསལ་ལ་མི་གཡོ་བ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེའོ། དེའང་དགོངས་པ་ངེས་འགྲེལ་ལས། དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ་སྤྲོས་པའི་མཐའ་དང་བྲལ་བ་ཤིན་ཏུ་གསལ་བ་དོན་དམ་པའི་ཡུལ་ཅན་དྲི་མ་མེད་པ་མི་གཡོ་བ་རླུང་མེད་པའི་མར་མེའི་རྒྱུན་ལྟར་ཤིན་ཏུ་གསལ་བའོ། །ཞེས་གསུངས་སོ། །ས་མཚམས་ནི་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དེ། མདོ་སྡེ་རྒྱན་གྱི་འགྲེལ་པར། དོན་དམ་པའི་སེམས་བསྐྱེད་པ་དེ་ཡང་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་ཡིན་པས་ཞེས་སོ། །དེའང་ཀུན་རྫོབ་སེམས་བསྐྱེད་བླང་ཡུལ་ནི། ལམ་སྒྲོན་ལས། ཡང་དག་མཚན་ཉིད་ལྡན་པ་ཡི། །བླ་མ་བཟང་ལ་སྡོམ་པ་བླང༌། །སྡོམ་པའི་ཆོ་ག་ལ་མཁས་དང༌། བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། ཞེས་པ་ལྟར་མཚན་ཉིད་དང་ལྡན་པའི་བླ་མ་ལས་བླང་ཞིང་དེ་ལྟར་མ་ཐུབ་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་སེམས་བསྐྱེད་གང་ལེན་པའི་ཚིག་རྣམས་སྙིང་ཐག་པ་ནས་ལན་གསུམ་བརྗོད་པས་སྨོན་འཇུག་གི་སྡོམ་པའང་འཐོབ་སྟེ། བྱང་ས་ལས། གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་པར་གྱུར་ན་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་བདག་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། ཞེས་གསུངས་སོ། །དེའང་མེད་ན་མདུན་དུ་དམིགས་ནས་བླངས་ཀྱང་སྐྱེ་སྟེ། བསླབ་བཏུས་ལས། ཡང་དེ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་བསྒོམས་ནས། སྡོམ་པ་བདག་ཉིད་ཀྱི་སྟོབས་དང་སྦྱར་ནས་བླངས་ཏེ། ཞེས་གསུངས་སོ། །བླང་བའི་ཆོ་ག་ནི་མང་ཡང་འདིར་འཕགས་པ་འཇམ་དཔལ་ནས་སློབ་དཔོན་ཀླུ་སྒྲུབ་ལ་བརྒྱུད་པ་སློབ་དཔོན་ཞི་བ་ལྷའི་ལུགས་ལྟར་ན་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི་སྨོན་འཇུག་གི་སེམས་བསྐྱེད་ཀྱི་རྒྱུའི་གཙོ་བོ་ནི་བསོད་ནམས་ཀྱི་ཚོགས་ལ་བརྟེན་དགོས་ཤིང་དེའང་ཡུལ་དཀོན་མཆོག་གསུམ་གྱི་མཐུས་འབྱུང་བས། དཀོན་མཆོག་གསུམ་དང་སངས་རྒྱས་བྱང་སེམས་ཀྱི་དྲུང་དུ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་བཤམས་ཤིང་ཡན་ལག་བདུན་པ་སྔོན་དུ་འགྲོ་དགོས་པས་རྒྱས་བསྡུས་སྐབས་དང་སྦྱར་ཞིང་བསྡུ་ན། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་རྗེས་ཟློས་བྱ། དངོས་གཞི་ནི། སྐྱབས་གསུམ་སྔོན་དུ་འགྲོ་བའི་སེམས་བསྐྱེད་ཀྱི་སྡོམ་པ་ལེན་དགོས་པས། །མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཕྱག་གཉིས་ས་གནོན་མཉམ་བཞག་གི་ཕྱག་རྒྱ་ཅན་ཆོས་གོས་རྣམ་གསུམ་དང་ལྡན་ཞིང་མཚན་དཔེས་སྤྲས་པ་ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཉེ་བའི་སྲས་བརྒྱད་སོགས་བྱང་སེམས་ཀྱི་དགེ་འདུན་དང་ཉན་རང་གི་དགེ་འདུན་སོགས་ནམ་མཁའི་ཁམས་གང་བ་བཞུགས་པར་མོས་ལ་སངས་རྒྱས་ལ་སྟོན་པ་ཆོས་ལ་ལམ་དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་བཟུང་ནས་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མ་ཤ་སྟག་ཡིན་པས་དེའི་ཆེད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་སྙམ་པའི་སྒོ་ནས་རྗེས་ཟློས་མཛོད། ཅེས་བརྡ་སྦྱར། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། ཞེས་པ་ནས། རིམ་པ་བཞིན་དུ་བསླབ་པར་བགྱི། ཞེས་པའི་བར་ཚར་གསུམ་གྱིས་སྨོན་འཇུག་བསྡོམས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །རྗེས་ཀྱི་ཆོ་ག་ལ་བདག་དགའ་བ་སྒོམ་པ་འདིའི་རྗེས་ཟློས་མཛོད། །དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་དང༌། གཞན་དགའ་བ་སྒོམ་པ་འདིའི་རྗེས་ཟློས་གྱིས། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། ཞེས་ཚར་རེ་བརྗོད། བསླབ་བྱ་ལ་སྐྱབས་འགྲོའི་དང༌། སེམས་བསྐྱེད་ཀྱི་བསླབ་བྱ་གཉིས་ལས། དང་པོ་ནི། མྱ་ངན་ལས་འདས་མདོར། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །ཕྱག་ནི་བྱ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་བ། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ནི་སྐྱབས་སོང་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་རྒྱས་པར་ཕྱེ་ན་མང་དུ་ཡོད་ཅིང༌། མདོར་བསྡུ་ན། ཐེག་ཆེན་ཀྱི་བླ་མ་ལ་གུས་པ། ནག་པོའི་ཆོས་བཞི་སྤང་བ། དཀར་པོའི་ཆོས་བཞི་བསྟེན་པ། སེམས་ཅན་བློས་མི་སྤོང་བ། སྨོན་པའི་བསླབ་བྱ་བསྡུས་པ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པ། དོན་མེད་པའི་སྡིག་པ་མི་བྱེད་དེ། ཅི་ནུས་ཀྱི་དགེ་བ་སྒྲུབ་པ་ནི་འཇུག་པའི་བསླབ་བྱའོ། །རྒྱས་པར་ན་ཐར་རྒྱན་ལས་གསུངས་པ་ལྟར་སྨོན་པའི་བསླབ་བྱ་སྡོམས་སུ་མཛད་པ་ནི། སེམས་ཅན་བློས་མི་བཏང་བ་དང༌། །སེམས་དེའི་ཕན་ཡོན་དྲན་བྱ་དང༌། །ཚོགས་གཉིས་བསགས་པར་བྱ་བ་དང༌། །ཡང་ཡང་བྱང་སེམས་སྦྱང་བ་དང༌། །དཀར་ནག་ཆོས་བརྒྱད་བླང་དོར་ཏེ། །ལྔ་པོས་སྨོན་པའི་བསླབ་བྱ་བསྡུས། །ཞེས་གསུངས་པ་ལྟར་རོ། །འཇུག་པའི་བསླབ་བྱ་ནི་གཙོ་བོར་བསླབ་པ་གསུམ་ཡིན་ཅིང་དེ་ཡང་ཕར་ཕྱིན་དྲུག་ཏུ་འདུས་པས་དེའི་དབང་དུ་བྱས་ནས་སྡོམས་སུ་མཛད་པ་ནི། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང༌། །བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ། །དེ་ལྟར་རྣམ་པ་དྲུག་པོ་ཡིས། འཇུག་པའི་སེམས་བསྐྱེད་བསླབ་བྱ་བསྡུས། །ཞེས་གསུངས་པས། སྤང་བླང་འཇུག་ལྡོག་མ་ནོར་བར་དམ་པའི་ཆོས་ལ་སྤྱོད་པར་བྱོས་ཤིག །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནི། དཔལ་བྱིན་གྱིས་ཞུས་པའི་མདོར། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ཆེས་ལྷག་འགྱུར། །ཞེས་དང༌། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ནས་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེར་གཤེགས་རྣམས་གྱི་སྲས་ཞེས་བརྗོད་བྱ་སྟེ། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང༌། སེམས་དེ་ཡང་དག་བླངས་གྱུར་པ། །དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང༌། །ཞེས་གསུངས་སོ། །བྱང་སེམས་བཏང་ན་ཉེས་དམིགས་ནི། ངན་འགྲོར་འགྲོ་བ་དང༌། གཞན་དོན་ཉམས་པ་དང༌། ས་ཐོབ་པའི་གེགས་བྱེད་ཅིང་ཡུན་རིང་འགོར་བའོ། །དེ་སྐད་དུ། །གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། བདག་གི་འགྲོ་བ་ཇི་ལྟར་འགྱུར། །ཞེས་སོགས་མཐའ་ཡས་པར་གསུངས་པས་ཕན་ཡོན་དང་ཉེས་དམིགས་ཚུལ་བཞིན་དུ་ཤེས་ཏེ་བླང་དོར་མ་འཆོལ་བར་ནན་ཏན་སྙིང་པོར་བྱས་ན་རིང་པོར་མི་ཐོགས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་དེ་ལྟར་ཡིད་ལ་བྱོས་ཤིག །ཅེས་བརྗོད། བསྔོ་བ་སྨོན་ལམ་བྱའོ། །ཆོས་ཐུན་དགུ་བའོ།། ༈ །།གཉིས་པ་སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། སྤྱིར་དགེ་སྡིག་ཐམས་ཅད་ཡིད་ཀྱི་ཀུན་སློང་ལ་རག་ལས་ཏེ། རིན་ཆེན་ཕྲེང་བར། ཆོས་རྣམས་ཡིད་ནི་སྔོན་འགྲོ་བས། །ཡིད་ནི་གཙོ་བོ་ཞེས་གྲགས་པས། །ཞེས་དང༌། མཛོད་ལས། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་སོ། །དེས་ན་ཡིད་ཀྱི་ཆགས་སྡང་ལ་སོགས་པ་ཉོན་མོངས་ཅན་གྱིས་ཀུན་ནས་བསླངས་ཏེ་མི་དགེ་བ་བཅུའམ་མཚམས་མེད་པ་ལྔའམ་དེ་དང་ཉེ་བ་ལྔའམ་སྡོམ་པ་དང་དམ་ཚིགས་ཉམས་པ་ལ་སོགས་པ་རང་གིས་བྱས་སམ་གཞན་བྱེད་དུ་བཅུག་གམ་བྱེད་པ་ལ་རྗེས་སུ་ཡི་རང་བ་རྣམས་དང༌། དེར་མ་ཟད་ཆགས་སྡང་དང་ཉོན་མོངས་ཀྱིས་ཀུན་ནས་བསླངས་ཏེ་ཐོས་བསམ་བགྱིས་པ་རྣམས་ཀྱང་སྡིག་པ་དང་མི་དགེ་བ་ཡིན་ནོ། །སྒྲིབ་པ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སུ་ཡོད་ཅིང་དང་པོས་ཐར་པ་ལ་སྒྲིབ། གཉིས་པས་ཀུན་མཁྱེན་ལ་སྒྲིབ་ཅིང༌། དང་པོ་ནི། ཕྲ་རྒྱས་མངོན་པ་འོག་མ་ལྟར་དགུ་བཅུ་རྩ་བརྒྱད། གོང་མ་ལྟར་བརྒྱ་དང་ཉེར་བརྒྱད་པོ་རྣམས་ཡིན། བསྡུ་ན་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་ཐེ་ཚོམ་ལྟ་བ་སྟེ་རྩ་ཉོན་དྲུག་ཁྲོ་སོགས་ཉེ་ཉོན་ཉི་ཤུ་རྣམས་ལ་བྱེད། བསྡུ་ན་ཆགས་སྡང་རྨོངས་གསུམ་དུ་འདུས། ཤེས་སྒྲིབ་ནི་གཟུང་རྟོག་འཛིན་རྟོག་གཉིས་ལ་བྱེད། དེའང་ཤེས་བྱར་སྲིད་ཚད་ལ་མཚན་མར་བཟུང་བར་འདུ་ཞིང༌། བསྡུ་ན་གཞི་ལམ་འབྲས་གསུམ་ལ་མཚན་འཛིན་དུ་འདུས། དེ་དག་གི་འབྲས་བུ་སྡུག་བསྔལ་འབྱུང་སྟེ། སྤྱོད་འཇུག་ལས། མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས་སོ། །དེས་ན་སྡིག་པ་ཐམས་ཅད་བཤགས་ན་འདག་ཅིང་བཤགས་ཚུལ་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས་དང༌། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། ཉེས་པ་ལས་ལྡོག་པའི་སྟོབས་དང༌། རྟེན་གྱི་སྟོབས་ཏེ་སྟོབས་བཞིའི་སྒོ་ནས་བཤགས་པར་བྱའོ། །དང་པོ་ལའང་དོན་མེད་པ་དང༌། འཇིགས་པ་དང༌། མྱུར་དུ་འབྲལ་དགོས་པར་བརྟགས་ལ་འགྱོད་པ་བསྐྱེད་པར་བྱའོ། །དང་པོ་ནི། བདག་གིས་སྡིག་པ་བགྱིས་པ་ཐམས་ཅད་དགྲ་འདུལ་གཉེན་སྐྱོང་རྒྱུ་དངོས་སོགས་ཚེ་འདི་པའི་དོན་དུ་བྱས་པ་ཁོ་ན་རེད་པས་ཤི་ཚེ་དེ་དག་གང་ཡང་རྗེས་སུ་མི་འདྲང༌། ལས་ཁོ་ན་གྲིབ་མ་བཞིན་དུ་རྗེས་སུ་འབྲང་ལ། དེ་དག་བསྒྲུབས་ཀྱང་དཀའ་ལས་ཆེ་ཞིང་ངལ་བ་འབྲས་བུ་མེད་པ་ཡིན་སྙམ་དུ་བསམ་དགོས་ཏེ། དཔལ་བྱིན་གྱིས་ཞུས་པའི་མདོར། ཕ་མ་སྤུན་དང་བུ་དང་ཆུང་མ་དང༌། །བྲན་དང་ནོར་དང་རྩ་ལག་ཚོགས་རྣམས་ཀྱང༌། །ཤི་བའི་རྗེས་ཕྱིར་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་དེ་དག་འགྲོ། །ཞེས་དང༌། སྤྱོད་འཇུག་ལས། །ཐམས་ཅད་བོར་ཏེ་ཆ་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །ཞེས་གསུངས་སོ། །གཉིས་པ་ནི། སྡིག་པའི་འབྲས་བུ་འཆི་ཁ་གནད་གཅོད་དང་ཤི་འོག་གཤིན་རྗེའི་ཕོ་ཉ་དང་ཤི་ནས་དམྱལ་བ་སོགས་ངན་སོང་གསུམ་དུ་སྐྱེ་བས་འཇིགས་པ་ཆེན་པོར་བཅས་པའོ། །གསུམ་པ་ནི། དེ་ལ་འཇིགས་ཏེ་སྡིག་པ་འཕྲལ་དུ་སྦྱང་དགོས་ཏེ། སྡིག་པ་མ་བྱང་བར་གློ་བུར་དུ་ཤི་ཚེ་ཐར་མེད་ཀྱི་དོང་དུ་ཚུད་ཉེན་ཆེ་བའི་ཕྱིར། སྤྱོད་འཇུག་ལས་ཀྱང༌། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཞེས་དང༌། ཡིད་བརྟན་མི་རུང་འཆི་བདག་འདིས། །བྱས་དང་མ་བྱས་མི་སྡོད་པར། །ན་དང་མི་ན་ཀུན་གྱིས་ཀྱང༌། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་གསུངས་སོ། །དེས་ན་རྒྱུ་མཚན་གསུམ་གྱིས་འགྱོད་པ་བསྐྱེད་ལ་ཡུལ་ཁྱད་པར་ཅན་གྱི་མདུན་དུ་བཤགས་པར་བགྱིའོ། །འདི་ནི་དཔེར་ན་ཁ་དྲག་གི་བུ་ལོན་མ་འཁོར་བར་ཞུ་བ་བྱས་པ་དང་འདྲའོ། །སྟོབས་གཉིས་པ་ནི། སྡིག་པའི་གཉེན་པོར་དགེ་བ་སྤྱོད་པའོ། །དེ་ཡང་སྡིག་པ་མང་པོ་དགེ་བ་གཅིག་ཙམ་གྱིས་ཀྱང་འཇོམས་ཏེ། མྱང་འདས་མདོར། དགེ་བ་གཅིག་བྱས་པས་ཀྱང་སྡིག་པ་མང་པོ་འཇོམས་ཏེ། ཞེས་དང༌། གསེར་འོད་ལས། གང་གིས་བསྐལ་བ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་གསུངས་སོ། །འདི་ནི་མི་གཙང་བས་གོས་པ་ཁྲུས་བྱས་ཏེ་དྲི་བཟང་གིས་བྱུགས་པ་དང་འདྲའོ། །སྟོབས་གསུམ་པ་ནི། རྣམ་སྨིན་གྱིས་འཇིགས་ནས་ཕྱིན་ཆད་སྡིག་པའི་འཕྲོ་གཅོད་ཅིང་སྡོམ་པ་ཡིན་ཏེ། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོང་མི་བགྱིད། །ཅེས་གསུངས་སོ། །འདི་ནི་ཆུ་འོད་ཁ་བསྒྱུར་བ་དང་འདྲའོ། །སྟོབས་བཞི་པ་ནི། དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཏེ། ཕག་མོའི་རྟོགས་བརྗོད་ལས། གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་འདི་སྤངས་ནས་སུ། །དེ་དག་ལྷ་ཡི་ལུས་ཐོབ་བོ། །ཞེས་གསུངས་ཤིང༌། སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་ཟད་བགྱིས་ན་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེ་ལས་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་སོ། །འདི་ནི་ཁས་ཉེན་པོས་དབང་པོ་ཆེ་ལ་འཇུས་པའམ་དུག་ལ་སྔགས་བཏབ་པ་དང་འདྲའོ། །དེས་ན་སྔོན་མི་དགུ་བརྒྱ་དང་གོ་དགུ་བསད་པ་སོར་ཕྲེང་ཅན་དང༌། མ་བསད་པ་བདེ་བྱེད་དང༌། བུད་མེད་ལ་ཆགས་པ་གཅུང་དགའ་བོ་དང༌། ཕ་བསད་པ་མཐོང་ལྡན་སོགས་ཀྱང་སྟོབས་བཞི་པོ་རེ་རེས་སྡིག་པ་དག་ནས་དགྲ་བཅོམ་དང་རྒྱུན་ཞུགས་སོགས་ཐོབ་པ་ཡིན་ཏེ། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང༌། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །ཆོས་ཐུན་བཅུ་པ། དམིགས་པ་དགུ་པའོ།། ༈ །།དེ་ནས་སྟོབས་བཞིའི་ནང་ནས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱི་མཆོག་ཏུ་གྱུར་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བརྟེན་པ་འདི་ཉིད་ཡིན་པས། དེའང་ཐོག་མར་རང་ཐ་མལ་བར་གནས་པའི་སྤྱི་བོར་པཾ་ལས་པདྨ་དཀར་པོ་དང་ཨ་ལས་ཟླ་བའི་གདན་དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་ཅིང༌། གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་སྙེམས་པའི་ཚུལ་གྱིས་དཀུར་བརྟེན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷའི་དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ཅན། དབུ་སྐྲ་རལ་པའི་ཅོད་པན་སྤྱི་བོར་བཅིངས་པའི་རྩེ་མོར་རིགས་བདག་བླ་མ་མི་བསྐྱོད་པས་དབུ་བརྒྱན་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་སྐ་རགས་དོ་ཤལ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་བ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ། །དེའི་མཐར་ཨོཾ་བཛྲ་ས་ཏྭ་ཧཱུྃ་ཞེས་དང༌། དེའི་མཐར་ཨོཾ་བཛྲ་ས་ཏྭ་ས་མ་ཡ་ཞེས་པ་ནས། ས་ཏྭ་ཨཱཿ ཞེས་པ་རྣམས་ཁ་དོག་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟ་བུས་གཡས་སྐོར་དུ་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་སྤྱི་བོའི་རྡོ་རྗེ་སེམས་དཔའ་ལ་ཐིམ་པས་དེ་ཉིད་སྐྱབས་གནས་ཐམས་ཅད་འདུས་པའི་སྐུར་བལྟས་ཏེ། ངག་ཏུ་བླ་མ་རྡོ་རྗེ་སེམས་དཔས་རང་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀའི་ས་བོན་སྔགས་ཕྲེང་ཟླ་བ་དང་བཅས་པ་རྣམས་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ངང་ཁྲ་ལ་ལ་བབས་པས་སྐུ་ལུས་ཐམས་ཅད་དཀར་ལྟེམ་གྱིས་གང་ཞིང་ལྷག་མ་རྣམས་ཞབས་གཡས་པའི་ཐེ་བོང་ནས་ཆང་རྫའི་ཐེམ་བུ་རྟོལ་བ་ལྟར་ངང་རྒྱང་རྒྱང་བབས་ཏེ་རང་གི་ཚངས་བུག་ནས་ཞུགས། རང་གི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་དམ་ཚིག་ཉམས་ཆགས་མི་མཐུན་ཕྱོགས་དང་སྙིགས་མ་ཐམས་ཅད་རྣག་ཁྲག་གམ་དུད་ཁུའམ་སོལ་ཁུའི་རྣམ་པར་ཆུ་སྣས་སྦུར་མ་ཁྱེར་བ་ལྟར་དེད་ཅིང་འོག་སྒོ་གཉིས་དང་དབང་པོའི་སྒོ་བ་སྤུའི་བུ་ག་སོར་མོའི་རྩེ་མོ་རྣམས་ནས་ནག་ནུ་རུ་རུ་ཐོན་ཏེ་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་ཞིང་ལུས་ཐམས་ཅད་དཀར་སངས་ཀྱིས་དག་པའི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དཀར་ལྟེམས་གྱིས་གང་པའི་ལྷག་མ་ཡར་ཕྱུར་རྡོ་རྗེ་སེམས་དཔའི་ཞབས་ལ་རེག་པར་བསམས་ལ་ཡིག་བརྒྱ་དང་ཡི་གེ་དྲུག་པ་ཅི་ནུས་བཟླ། །མཐར་ཐལ་མོ་སྙིང་གར་སྦྱར་ཏེ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་དེ་ཉིད་ཐུགས་དགྱེས་ཤིང་ཞལ་འཛུམ་པ་དང་ལྡན་པའི་ངང་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་ཡོད་དོ་ཞེས་དབུགས་དབྱུང་བའི་གསུང་འབྱོན་པ་དང་ལྷན་ཅིག་ཏུ་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མི་ཕྱེད་པར་གྱུར་སྙམ་པའི་ངང་ནས་མི་དམིགས་པར་བཞག །རྣམ་རྟོག་འཕྲོ་ན་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་དགེ་རྩ་བྱང་ཆུབ་ཏུ་བསྔོས་ལ་སྤྱོད་ལམ་ལ་འཇུག་གོ །དེ་ལྟར་བསྒོམས་པས་སྡིག་སྒྲིབ་དག་པའི་རྟགས་ལ། ལུས་ཡང་ཞིང་གཉིད་ཆུང༌། ཁམས་བདེ་ཞིང་སྙིང་དགའ་ཡལ་བ་འབྱུང༌། རྨི་ལམ་དུ་ཁྲུས་བྱས་པ། གཅེར་བུར་ཐོན་པ། ལུས་ལ་རྣག་ཁྲག་འཛག་པ། འཁྲུ་བ། སྐྱུག་པ། གོས་དཀར་པོ་གྱོན་པ་སོགས་རྨིའོ། །གཞན་ཡང་ཟས་ངན་སྐྱུག་པ། ཞོ་དང་འོ་མ་འཐུང་བ། ཉི་ཟླ་མཐོང་བ། ནམ་མཁའ་ལ་འགྲོ་བ། མེ་འབར་བ། མ་ཧེ་དང་མི་ནག་པོ་ཐུབ་པ། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ། འོ་མ་འབྱུང་བའི་ཤིང་དང་གླང་པོ་ཆེ་དང་ཁྱུ་མཆོག་དང༌། རི་དང་སེང་གེའི་ཁྲི་དང་ཁང་བཟང་རྣམས་ཀྱི་སྟེང་དུ་འཛེག་པ། ཆོས་ཉན་པ་སོགས་རྨིས་ན་སྡིག་སྒྲིབ་དག་པའི་རྟགས་སོ། རྟགས་བྱུང་ནས་ཀྱང་རྒྱང་བསྐྱུར་བྱས་ན་མི་འོང་བས་འཕྲོ་མཐུད་ནས་རྟག་ཏུ་བསྒོམ་ཞིང་འབད་དགོས་སོ། །ཆོས་ཐུན་བཅུ་གཅིག་པ། དམིགས་པ་བཅུ་པའོ།། ༈ །།གསུམ་པ་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ལ། སྤྱིར་ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཏེ་དགེ་བ་བསྒྲུབས་ན་ཚོགས་གཉིས་ཀྱི་རྒྱུར་འགྱུར་ཞིང་དེའི་ནང་ནས་ཀྱང་ཕར་ཕྱིན་དྲུག་ལ་སློབ་པ་ནི་ཚོགས་གཉིས་རྫོགས་ཐབས་མཆོག་ཏུ་གྱུར་པ་ཡིན་ལ། དེའང་དབུ་མ་འཇུག་པ་ལྟར་ན། ཕར་ཕྱིན་དང་པོ་གསུམ་བསོད་ནམས་ཀྱི་ཚོགས་དང་ཕྱི་མ་གསུམ་ཡེ་ཤེས་ཀྱི་ཚོགས་ཡིན་ཏེ། སྦྱིན་སོགས་ཆོས་གསུམ་འདི་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། །ཅེས་གསུངས་སོ། །ཡང་བྱམས་ཆོས་སོགས་ལྟར་ན། དང་པོ་གཉིས་བསོད་ནམས་ཀྱི་ཚོགས་དང༌། ཤེས་རབ་ཀྱི་ཕར་ཕྱིན་ཡེ་ཤེས་ཀྱི་ཚོགས་དང༌། བཟོད་བརྩོན་བསམ་གཏན་གསུམ་ཚོགས་གཉིས་ཀའི་ཆར་གཏོགས་པ་ཡིན་ཏེ། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་འཆར་ཏོ། །ཞེས་གསུངས་སོ། །ཡང་ན་སྦྱིན་པའི་ཕར་ཕྱིན་བསོད་ནམས་དང༌། ཕྱི་མ་ལྔ་ཆར་ཡེ་ཤེས་ཀྱི་ཚོགས་ཡིན་ཏེ། ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། ཞེས་གསུངས་སོ། ཁྱད་པར་འདི་སྐབས་བླ་མ་མཉེས་པར་བྱས་ན་ཚོགས་རྫོགས་ཕུལ་ཆེ་ཞིང་དེའི་རྒྱུ་མཚན་ཡང་སངས་རྒྱས་མཉེས་པར་བྱས་ནས་ཚོགས་ཆེ་བས་བླ་མ་ལས་ལྷག་པའི་སངས་རྒྱས་མེད་པའི་ཕྱིར་བླ་མ་ལ་མཆོད་པ་སོགས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཉེས་པ་བསྒྲུབ་པས་བྱ་དགོས་ཏེ། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་དང༌། རིམ་ལྔ་ལས། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་དང༌། དཔལ་འབྱུང་གི་རྣམ་ཐར་ལས། བྱང་ཆུབ་སེམས་དཔའི་བསོད་ནམས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྲུང་བའོ། །ཞེས་དང༌། བརྒྱད་སྟོང་བ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་ཉིད་ལ་བསྙེན་པར་བྱ་བསྟེན་པར་བྱ་བསྙེན་བཀུར་བར་བྱའོ། །ཞེས་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས་སོ། །ཡང་ཀུ་ས་ལེའི་ཚོགས་གསོག་བྱ་ན། ཕཊ་ཅེས་པས་རང་གི་སྙིང་དཀར་ནག་གི་མཚམས་ནས་རང་སེམས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་ག་ལས་གྲི་གུག་ནམ་མཁར་འཕྱར་ཞིང་གཡོན་ཐུགས་ཀར་ཐོད་པ་བདུད་རྩིས་གང་བ་བསྣམས་པ་རུས་པའི་རྒྱན་སྐྱ་ཁྲོལ་ལེ་བ་ཞིག་མདུན་གྱི་ནམ་མཁར་རྒྱངས་ཀྱིས་མྱོན་མདུན་དུ་མི་མགོའི་སྐྱེད་པོང་རབ་ཙམ་གསུམ་བཙུགས། རང་གི་ཐོད་པ་གྲི་གུག་གིས་ལངས་བོག་དེའི་བཞག །ཐོད་པ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བར་ཨཱཿས་མཚན་པ་ཨཱཿརང་ལ་བསྟན་པ་ཡངས་ཞིང་རྒྱ་ཆེ་བར་བསམ། དེ་ནས་རྡོ་རྗེ་རྣལ་འབྱོར་མས་སྟོད་ཀྱི་ཆ་ཡི་ཕྲག་པ་གཡས་པ་ཁྲག་ཐོད་པའི་ནང་དུ་བཅུག་གྲི་གུག་གིས་དཀྲུགས། ཨོཾ་བཛྲ་ཨ་མྲི་ཏ་ཀུཎྟ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་རང་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཨཱརྒྷཾ་སོགས། དེ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གསོལ་བས་མཉེས་པར་གྱུར་ཏེ་མཐར་འཇའ་ཡལ་བ་ལྟར་མི་དམིགས་པར་བསམ། ཡང་རོ་སྟོད་གཡོན་པ་བཅད་ཐོད་པར་བཅུག་ཨ་མྲྀ་ཏ་སོགས་དང༌། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་རྣམས་དང་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་དམ་བཅས་པའི་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྲིན་གཏིབས་པ་བཞིན་སྤྱན་དྲངས་ལྗགས་རྡོ་རྗེའི་སྦུ་གུས་གསོལ་བས་མཉེས་ཏེ་ཟག་མེད་ཀྱི་བདེ་བས་ཐུགས་རྒྱུད་གང་བར་བསམས་ལ་མི་དམིགས་པར་བསྒོམ། ཡང་རོ་སྨད་གཡས་པ་ཐོད་པར་བཅུག་ཨ་མྲྀ་ཏ་སོགས་དང༌། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ། །སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །དྲིན་ཅན་ཕ་མས་ཐོག་དྲངས་འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། ཁྱེད་རྣམས་གང་ལ་གང་འདོད་ཀྱི་ཟས་གོས་ཀྱིས་ཚིམ་ནས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བར་གྱུར་ཅིག །ཡང་རོ་སྨད་གཡོན་པ་ཐོད་པར་བཅུག་གོང་བཞིན་ཨ་མྲྀ་ཏ་དང་སམྦྷ་ར་དང༌། དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་དེ། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འདི་ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མས་གཙོ་བྱས་ཡི་དྭགས་གངྒཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བྱེ་མ་སྙེད་ཀྱི་ཚོགས་བཀྲེས་སྐོམ་དང་དབུལ་ཕོངས་ཀྱིས་གདུངས་བ་མཐའ་དག་ལ་སྦྱིན་ནོ། །གང་ལ་གང་འདོད་ཀྱི་ཟས་གོས་ཀྱིས་ཚིམ་ནས་ཟག་མེད་ཀྱི་བདེ་བས་རྒྱུད་གང་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསམས་ལ་མི་དམིགས་པར་བཞག །དེ་རྗེས། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ཕ་མའི་དྲིན་ལེན་འཁོར་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ། སོགས་དང་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་བོ། །དེ་ནི་ཀུ་ས་ལའི་ཚོགས་གསོག་གོ །ཆོས་ཐུན་བཅུ་གཉིས་པ། དམིགས་པ་བཅུ་གཅིག་པའོ། ༈ །དེ་ནས་ཚོགས་གསོག་གི་རིམ་པ་མང་ཡང་མཎྜལ་ལ་བརྟེན་ནས་ཚོགས་གསོག་པ་འདི་ཁྲིད་རིམ་ཐམས་ཅད་ཀྱི་སྔོན་འགྲོར་འབྱུང་ཞིང་མཆོག་ཏུ་གྱུར་བ་ཡིན་པས་དེའི་སྒོ་ནས་ཚོགས་གསོག་པ་ནི། མཎྜལ་དེ་ལ་སྒྲུབ་པའི་དང༌། མཆོད་པའི་མཎྜལ་གཉིས་ལས། དང་པོ་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་གཉིས་ཡོད་ན་ཆེ་ཞིང་བཟང་བ་ལ་སྒྲུབ་པའི་མཎྜལ་གྱི་དམིགས་རྟེན་བྱ་ཞིང༌། ཅུང་ཟད་དམན་པ་ལ་མཆོད་པའི་མཎྜལ་གྱི་དམིགས་རྟེན་བྱ། གཅིག་ལས་མེད་ན་དེ་ཉིད་སྒྲུབ་པའི་མཎྜལ་དང༌། མཆོད་པའི་མཎྜལ་གྱི་དམིགས་རྟེན་ཤིང་དང་རྡོ་ལ་སོགས་པ་ལ་བྱེད། དེ་ཡང་མ་འབྱོར་ན་དམིགས་པ་ཁོ་ནས་བྱའོ། །དེའང་ལག་ལེན་ཐུབ་ཕྱིན་གང་ཆེ་བ་བསོད་ནམས་ཆེ་ཞིང༌། རིན་པོ་ཆེ་ལས་གྲུབ་ན་སོར་བཞི་ཡན་དུ་ལོངས་པ། ས་རྡོ་ཤིང་ལ་སོགས་པ་ཡིན་ན་མཐོ་གང་ཡན་ཆད་དོ། །དེ་ལས་ཆུང་བ་མི་བསྟེན། དབྱིབས་ཀུན་ནས་ཟླུམ་པོ་སྟེང་འཇམ་ཞིང་མཉམ་པ་དབུས་ཅུང་ཟད་མཐོ་བ་འབུར་དུ་དོད་པའི་རྣམས་པ་ཅན། སྤྱིལ་མོ་དང་ཚོམ་བུ་མི་ཆགས་པ་མ་ཡིན་པ་སྟེང་ཕྱོགས་ཀྱི་དྲུག་ཆ་དང་མཉམ་པའི་རི་ཟླུམ་པོས་འོག་ཏུ་འཁོར་བ་མཛེས་ཤིང་ཡིད་དུ་འོང་བ། གས་གྲུམ་དང་ཆག་པ་དང་བཙས་ཁྱེར་སོགས་མ་ཡིན་པར་འབྱོར་ན་དྲི་བཟང་གིས་བྱུགས་ཤིང་རི་མོ་མེད་པར་བྱའོ། །དེའང་སྐྱོན་དེ་དག་དབུས་ལ་ཡོད་ན་བླ་མ། མདུན་རང༌། གཡས་ཕ་མ་དང་ཉེ་འབྲེལ། གཡོན་མཆེད་གྲོགས། རྒྱབ་འཁོར་དང་ལོངས་སྤྱོད་ལ་གནོད། ཚོམ་བུའང་རབ་རིན་པོ་ཆེ། འབྲིང་དུང་དང་འགྲོན་བུ། ཐ་མའང་ནས་དང་འབྲས་སོགས་འབྲུ་བཟང་པོ་ལ་བྱའོ། །དམ་ཚིག་ཏུ་མཎྜལ་སྟོང་བར་མི་བཞག །ལེགས་པར་རང་གཞན་སྣོད་བཅུད་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་མི་གཙང་བའི་དངོས་པོ་ཐམས་ཅད་སངས་ཀྱིས་དག་པར་དམིགས་ལ་མཎྜལ་ལག་ཏུ་ཐོག་ཏེ་གཡས་སྙིམ་པ་མེ་ཏོག་དང་བཅས་པས་ཀྲི་ཡ་བའི་ལུགས་ལ་ཕྱག་གཡས་པས་གཡས་སྐོར་དུ་ཕྱི་ཞིང་མཎྜལ་བསྲུང་བ་བཞག་ནས་ཚོམ་བུ་བཀོད་པ་ཡིན། ནང་པའི་ལུགས་ཀྱི་གཡོན་སྐོར་དུ་ཕྱི་ཞིང་མཎྜལ་གྱི་བསྲུང་བ་བཞག་ནས་ཚོམ་བུ་བཀོད་པ་ཡིན་པས་ཕྱི་ལུགས་གཉིས་གང་འཐད་བརྟགས་ལ་ལན་གསུམ་སོགས་ཕྱི། དེ་ནས་ཚོམ་བུ་དབུས་དང་མཐའ་གང་རུང་དུ་ཉེ་དྲགས་པ་མ་ཡིན་པ་ཡོ་བ་དང་འཐུང་བ་དང་ཆེ་ཆུང་མི་སྙོམས་པའི་སྐྱོན་སོགས་དང་བྲལ་བར་བཀོད་དེ། སྒྲུབ་པའི་མཎྜལ་དངོས་དེ་ཉིད་བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་དེ་ཉིད་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དེའི་ནང་གི་དབུས་སོགས་སུ་ཚོམ་བུ་ལྔ་བཀོད་དེ་སྐྱབས་ཡུལ་གྱི་སྐབས་ལྟར་དབུས་སུ་གྱད་དང་སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་དང་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་སོགས་བཀའ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར་བ། ཕྱོགས་བཞིར་མདུན་དུ་ཡི་དམ་སོགས་སྐྱབས་འགྲོའི་སྐབས་ལྟར་བསྐྱེད། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས་ཏེ་གཉིས་སུ་མེད་པར་བསྟིམ་ནས་མདུན་གྱི་ནམ་མཁར་བཞུགས་སུ་གསོལ་ལ་སྒྲུབ་པའི་མཎྜལ་དེ་ཉིད་མཆོད་བཤམས་ཀྱི་དབུས་སམ་མཆོད་བཤམས་མེད་ན་སྟེགས་མཛེས་ཤིང་གཙང་བ་མཆོད་པའི་རྟེན་གྱི་བཞུགས་གནས་སུ་འོས་པ་མཐོ་ལ་ཡངས་པའི་སར་བཤམ་མོ། །གཉིས་པ་མཆོད་པའི་མཎྜལ་ནི། དེའི་མདུན་དུ་ཅུང་ཟད་དམའ་བའི་སྟན་ལ་རང་ཉིད་འདུག་སྟེ་ལག་པ་གཡོན་མཎྜལ་དང་གཡས་སུ་ཚོམ་བུ་ཐོགས་ལ་ཡིག་བརྒྱ་ཚར་གཅིག་འདོན་པ་དང་སྤྲགས་ནས་གོང་བཞིན་མཎྜལ་གྱི་རྡུལ་གཙང་ཞིང་དག་པར་ཕྱི་བ་དང་སྦྲགས་གཟུང་འཛིན་གྱིས་བསྡུས་པའི་རང་གཞན་གྱི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ། ཚིག་འདོན་པ་དང་དོན་གསལ་འདེབས་པ་དང་ཚོམ་བུ་བཀོད་པ་རྣམས་ཕྱོགས་མཐུན་བྱ་སྟེ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་རྡོ་རྗེའི་རང་བཞིན་གྱི་ས་གཞི། ཞེས་པ་ནས། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་བར་དང༌། ས་གཞི་སྤོས་བྱུགས་མ་དང༌། མཉེས་བྱེད་མཎྜལ་བཟང་པོ་དང༌། སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ། །ཕྱི་ནང་གསང་གསུམ་དེ་བཞིན་ཉིད་ཀྱིས་མཆོད། །བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ནས། །བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད། སྤྲོ་ན་ཕྱོགས་བཅུ་དུས་གསུམ་མ་དང༌། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་འབུལ་བར་བགྱིའོ། །ཞེས་སོགས་དང༌། ཐམས་ཅད་མཁྱེན་གཟིགས་ལྷ་རྣམས་དགོངས་སུ་གསོལ། ཞེས་སོགས་དང་གཞན་ཡང་སྤྱི་བཤགས་དང་ཡན་ལག་བདུན་པ་དང་མཆོད་བསྟོད་སོགས་གང་ཤེས་ཀྱི་སྒོ་ནས་བསག་སྦྱང་གི་ཐབས་ལ་འབད། མཐར་སྒྲུབ་པའི་མཎྜལ་གྱི་ལྷ་ཚོགས་རྣམས་བདག་ཉིད་ལ་གཉིས་སུ་མེད་པར་བསྟིམ་སྟེ་དགེ་རྩ་བྱང་ཆུབ་ཏུ་བསྔོའོ། །ཚོགས་རྫོགས་པའི་རྟགས་སུ་ཟས་ཆེར་མ་ཟོས་ཀྱང་མི་ལྟོགས། ཤེས་རབ་ཕྱེ་བས་སྔར་མ་གོ་བའི་ཆོས་མང་དུ་ཤེས། སྔར་བརྗེད་པའི་ཆོས་མང་དུ་དྲན་ཞིང་ཉམས་དགའ་ལ་བློ་བཀོལ་དུ་བཏུབ་པ་འབྱུང༌། རྨི་ལམ་དུའང་བུད་མེད་མང་པོས་ཟས་སྐོམ་སྟེར་བ་དང༌། ཉི་ཟླ་ཤར་བ། གྱེན་ལ་འགྲོ་བ། མེ་ཏོག་གི་ཐང་ལ་འཕྲོ་ཞིང་མེ་ཏོག་འཐུ་བ། གོས་གསར་གྱོན་པ། རྒྱན་བཏགས་པ། ཆུ་བརྒལ་བས་ཕ་རོལ་དུ་སྒྲོལ་བ། ཆུ་ལ་གྲུའམ་ཟམ་པ་བཙུགས་པ། མཎྜལ་དང་མེ་ལོང་གྱི་ཞིང་ལྟ་བ་དུང་འབུད་པ་རྔ་བོ་ཆེ་བརྡུང་བ་རོལ་མོ་དཀྲོལ་བ་ལྷ་ཁང་ལྟ་བ་སོགས་རྨིའོ། །དེའང་ཐེངས་རེ་ཙམ་རྨི་བ་ལ་གཏད་པ་མེད་པས་རྟགས་འདི་རྣམས་ཡང་ཡང་དངོས་ཉམས་རྨི་ལམ་དུ་བྱུང་ན་ཅུང་ཟད་ཚོགས་རྫོགས་པའི་རྟགས་ཡང་དག་པ་ཡིན་ནོ། །ཆོས་ཐུན་བཅུ་གསུམ་པ། དམིགས་པ་བཅུ་གཉིས་པའོ།། ༈ །།བཞི་པ་བྱིན་རླབས་མྱུར་ཏུ་འཇུག་པ་བླ་མའི་རྣལ་འབྱོར་ནི། དེའང་ཉམས་རྟོགས་ཐམས་ཅད་ཀྱི་རྩ་བ་ནི་བླ་མའི་རྣལ་འབྱོར་ཡིན་ཅིང་དེ་ལ་སྣོད་ལྡན་གྱི་སློབ་མ་ཞིག་གིས་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ལ་རྩེ་གཅིག་ཏུ་ཁ་ཞེ་མེད་པར་གསོལ་བ་བཏབ་ཅིང་བཟློག་མེད་ཀྱི་མོས་གུས་ཕུལ་ན་ཚེ་གཅིག་ལུས་གཅིག་ལ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པ་བསླུ་བ་མེད་པ་ཡིན། ལྷག་པར་འོ་སྐོལ་གྱི་བརྒྱུད་པ་འདི་བྱིན་རླབས་ཀྱི་བརྒྱུད་པ་ཡིན་པས་བླ་མའི་བྱིན་རླབས་མ་ཞུགས་ན་ཉམས་རྟོགས་འཆར་མི་སྲིད་ལ་བྱིན་རླབས་ཞུགས་ཚེ་དབང་དོན་གྱི་རྟོགས་པ་ཐམས་ཅད་སྐད་ཅིག་ཏུ་རྒྱུད་ལ་སྐྱེའོ། །དེ་ལྟར་སྐྱེ་བ་ལའང་དཔོན་སློབ་གཉིས་ལས་ཀྱི་འབྲེལ་བ་ཡོད་ཅིང་མཚན་ཉིད་དང་ལྡན་པ་ཞིག་དགོས། དེ་ལའང་འདུལ་བ་ལྟར་ན་རབ་བྱུང་དང་བསྙེན་རྫོགས་ཀྱི་མཁན་པོ་གཉིས། སློབ་དཔོན་ལ་ལས་ཀྱི་དང་གནས་སྦྱིན་པའི་དང་ཀློག་པའི་དང་གསང་སྟེ་སྟོན་པའི་དང་དགེ་ཚུལ་གྱི་སློབ་དཔོན་དང་ལྔར་ཡོད་དེ། མདོ་རྩ་བ་ལས། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་དགེ་སློང་འགའ་ཞིག་མཁན་པོ་ཉིད་དུ་གནས་པ་ལའོ། །ཞེས་དང་དེ་ནི་སློབ་དཔོན་ཡིན་ནོ་གསང་སྟེ་སྟོན་པ་དང་ལས་བྱེད་པ་དང་གནས་སྦྱིན་པ་དང་ཀློག་པ་ཡང་ངོ༌། །ཞེས་གསུངས། མཁན་པོ་དེ་དག་ཀྱང་ཆོས་བཞི་དང་ལྡན་དགོས། ཆོས་བཞི་ནི་བཙུན། བརྟན། མཁས་ཕན་འདོགས་ཀྱི་ཡན་ལག་དང་ལྡན་དགོས་ཤིང་ཕན་འདོགས་ཀྱི་ཡན་ལག་ནི། སྙིང་རྗེ་བཟོད་ལྡན་ནང་འཁོར་དག་པ་དང༌། །ཕན་འདོགས་གཉིས་བརྩོན་མཚན་དང་ལྟ་བ་མཐུན། །སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་གནས། །ཐ་མལ་ལུས་དང་ས་ནི་རང་བཞིན་གནས། །ཞེས་གསུངས། གཞན་ཡང༌། ནད་པ་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་གཉིས་བརྩོན་པ། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་གསུངས་སོ། །སློབ་དཔོན་ལའང་དགེ་ཚུལ་གྱི་སློབ་དཔོན་ནི་དགེ་སློང་ཆོས་དྲུག་དང་ལྡན་ཞིང་དགེ་ཚུལ་གྱི་སྡོམ་པ་འབོགས་པ་ལ་མཁས་པ་དང་བདུན་ལྡན་ནོ། །དྲུག་ནི་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་དག་དང་ལྡན་པ་མཚན་དང་ལྟ་བ་མཐུན་པ་ཐ་སྙད་གསུམ་དང་ལྡན་ཞིང་ལུས་ཐ་མལ་བར་གནས་པ་བསམ་པ་རང་བཞིན་དུ་གནས་པའོ། །གསང་སྟོན་ནི། ཆོས་དྲུག་པོའི་སྟེང་དུ་བར་ཆད་དྲི་བ་ལ་མཁས་པའོ། །ལས་བྱེད་པ་ནི་ལས་ཀྱི་ཁ་སྐོང་གི་ཆོས་དང་ལྡན་ཞིང་ལས་ཀྱི་ཆོ་ག་ཚིག་ཕྱེད་ཀྱང་མ་འཁྲུགས་པར་བློ་ནས་ཐོན་པའོ། །གནས་ཀྱི་སློབ་དཔོན་ནི་མཁན་པོའི་སྐབས་སུ་བཤད་པའི་མཚན་ཉིད་བཞི་དང་ལྡན་པའི་ཁར་ཆོས་འདུལ་བའི་སྤང་བླང་གི་ལུང་འབོགས་པ་ལ་སློབ་དཔོན་གྱི་སློབ་མའི་རྒྱུད་དག་པར་སྒྲུབ་ནུས་པའོ། །ཀློག་པའི་སློབ་དཔོན་ནི། རབ་བྱུང་ལ་རང་རང་གི་སྡོམ་པ་རྣམ་དག་དང་ལྡན་ཞིང་ས་རང་བཞིན་དུ་གནས་པ་མཚན་དང་ལྟ་བ་མཐུན་པ་རང་གིས་བསླབ་བྱའི་ཆོས་དེ་ལེགས་པར་ཤེས་ཏེ་སྡེ་སྣོད་གསུམ་ལ་འཆད་རྩོད་རྩོམ་པའི་བློ་གྲོས་ཀྱིས་སློབ་མའི་རྒྱུད་ལ་བསླབ་པ་གསུམ་གྱི་ནོར་ལྡན་དུ་སྒྲུབ་ནུས་པའོ། །ཐེག་ཆེན་པ་ལྟར་ན་ཕར་ཕྱིན་ཐེག་པའི་ལུགས་ཀྱི་བླ་མ་དང་གསང་སྔགས་ལུགས་ཀྱི་བླ་མ་སོགས་དུ་མ་ཡོད་པ་ལས། དང་པོ་ནི། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་བའོ། །ཞེས་པ་ལྟར་དང༌། རྒྱན་ལས། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བྱས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་པ་སྤངས་ལ་བརྟེན། །ཞེས་གསུངས། ཡང་ན་ཁྱད་ཆོས་བཞི་དང་ཡན་ལག་དགུ་ལྡན་པ་དགོས་ཏེ། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང༌། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་དང༌། སེམས་དཔའ་མཆོག་གི་ཡོན་ཏན་ནི། །འཇམ་ཞིང་རྒྱགས་བྲལ་མི་སྐྱོ་བ། །གསལ་ཞིང་སྣ་ཚོགས་རིག་པ་དང༌། །གོ་ཞིང་ཟང་ཟིང་མེད་ཀུན་འགྲོ། །ཞེས་གསུངས། སློབ་དཔོན་ཟླ་བས། བླ་མས་སློབ་མའི་བསམ་ཤེས་ནས། །རྗེས་སུ་མཐུན་པར་སྦྱོར་བྱེད་པ། །མཁས་པས་སློབ་མ་བསྡུ་བྱ་ཡི། །བླུན་པོས་སློབ་མ་ནམ་ཡང་མིན། །ཞེས་གསུངས། གསང་སྔགས་ལྟར་ན། རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་དང༌། དུས་འཁོར་ལས། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེ་ཐེག་ལ་ལྷག་པར་གནས། དེ་ཉིད་བསྒོམས་ཤིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ལ་ཞུགས། སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཅིང་དེ་ཉིད་ལ་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་པའོ། །ཞེས་གསུངས་པ་ལྟར་རོ། །དེའང༌། སྙིགས་མའི་དུས་སུ་སློབ་དཔོན་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་ཉེས་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ཤས་ཆེར་ཡང་ནི་ལེགས་དཔྱད་ནས། །དེ་ལ་བུ་རྣམས་ཀྱིས་ནི་བསྟེན་པར་འགྱུར་བའོ། །ཞེས་དོན་དམ་བསྙེན་པར་གསུངས། མངོན་རྟོགས་རྒྱན་ལས། །སེམས་མི་འགོང་པ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་གསུངས་སོ། །དེས་ན་མཚན་ཉིད་དེ་དག་ཐམས་ཅད་དང་ལྡན་པ་མ་བྱུང་ཡང་ཕྱོགས་རེ་ཙམ་དང་ལྡན་པ་དགོས་ཤིང་ལྷག་པར་རང་འདོད་ཀྱི་འཁྲིད་གཏན་མ་ཞུགས་ཤིང་རབ་སྡོམ་གསུམ་གྱི་ཡོན་ཏན་ཡར་ལྡན་དུ་ལྡན་ཞིང་ཐ་མའང་ཕམ་པས་མ་གོས་པ་རང་ལ་ལྟོས་བཅས་ཀྱི་སློབ་མ་རྣམས་དམ་པའི་ཆོས་ལ་སྦྱོར་བ་མ་གཏོགས་རང་གི་དགྲ་འདུལ་གཉེན་སྐྱོང་གི་བྲན་དུ་མི་བཀོལ་བ་དགོས། གཡོ་ཟོལ་གྱིས་རྙེད་པས་རྙེད་པ་བསྡུ་བ་དང་ཐོབ་ཀྱིས་འཇལ་བ་དང་གཡོ་སྒྱུས་གཞན་མགོ་བསྐོར་ནས་རང་གཞན་ཐམས་ཅད་སྡིག་པ་སྦྱོར་བའི་བླ་མ་ནི་བསྟེན་དུ་མི་རུང་ངོ༌། །སློབ་མའི་མཚན་ཉིད་ནི་མང་དུ་གསུངས་ཀྱང་བསྡུ་ན་བླ་མ་ལ་དུས་གསུམ་གྱི་སངས་རྒྱས་དངོས་སུ་ཐག་ཆོད་ཅིང་བཟློག་ཏུ་མེད་པའི་དད་པ་དང་མོས་གུས་ཕུལ་དུ་བྱུང་ཞིང་ཚེ་འདི་དོན་གཉེར་སྤུ་ཙམ་ཡང་མེད་པར་འགྲོ་དྲུག་ཕ་མར་ཤེས་ཏེ་དེ་ལ་མི་བཟོད་པའི་སྙིང་རྗེས་རྒྱུད་བརླན་པ་དང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་ཚེ་ཕྱི་མ་དོན་དུ་གཉེར་བ་ཞིག་དགོས་ཀྱི། དེ་ལྟ་མ་ཡིན་པའི་ལྟོ་རྒྱབ་ཀྱི་ཕྱིར་རམ་ཚེ་འདིའི་ཁེ་གྲགས་དང་མི་ཚེ་འབྱིད་ཐབས་ཙམ་དུ་བླ་མ་ལ་བརྟེན་བ་ནི་བླ་མའི་འཁོར་གཡོག་བཟའ་པ་ཙམ་ཡིན་གྱི་དཔོན་སློབ་མཚན་ཉིད་པ་མ་ཡིན་ཏེ། མགོན་པོ་ཡེ་ཤེས་ཀྱིས། བླ་མའི་བཟའ་བ་བྱེད་པ་དང༌། བླ་མའི་སློབ་མ་བྱེད་པ་གཉིས། །འཁོར་དུ་ཚོགས་པ་འདྲ་ལགས་ཀྱང༌། །ཞེ་འདོད་སྒྲུབ་ལ་ཁྱད་པར་ཡོད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་བླ་མ་མཚན་ཉིད་དང་ལྡན་པ་ལ་སློབ་མ་སྣོད་ལྡན་གྱིས་བརྟེན་པ་ལ་དད་པ་དང་མོས་གུས་རྣམ་པར་དག་པས་མཚམས་སྦྱར་ནས་བསྟེན་དགོས་ཏེ། །འཇིག་རྟེན་གསུམ་མགོན་གྱི་རྡོ་རྗེའི་གསུང་ལས། རྟོགས་པ་བསྐྱེད་པའི་ཐབས་མོས་གུས་ཁོ་ནར་ངེས་ཞེས་བྱ་བ་འདི་བཞུགས། །ཞེས་དང༌། བླ་མ་སྐུ་བཞིའི་གངས་རི་ལ། ཞེས་སོགས་དང༌། དྭགས་པོ་རིན་པོ་ཆེས། །ཕྱག་རྒྱ་ཆེན་པོ་རྟོགས་པ་ཡི། །ཐབས་ལ་མོས་གུས་ལས་གཞན་མེད། །ཅེས་དང༌། རྒྱུད་བླ་མར། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་དང༌། མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་ནས་ནི། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །ཅེས་དང༌། ལོ་རས་ཀྱིས། དང་པོར་བཅོས་མའི་མོས་གུས་བྱ། །བར་དུ་བཅོས་མིན་མོ་གུས་སྐྱེ། །ཐ་མར་བླ་མ་རང་ལ་ཐིམ། །ཞེས་དང༌། དུས་འཁོར་ལས། བསྐལ་བ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོག་གསུམ་ལ་མཆོད་པ་དང༌། །སྲོག་ཆགས་བྱེ་བའི་ཚེ་བསྐྱབས་ཀྱང༌། ཚེ་འདིར་སངས་རྒྱས་མི་ཐོབ་སྟེ། །ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དད་པའི་ཡིད་ཀྱིས་མཉེས་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ངེས་པར་འཐོབ། །ཅེས་དང༌། བསླབ་བཏུས་སུ། །དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་དང༌། མདོ་ལས། དད་པས་བདུད་ཀྱི་ལས་ལས་འདའ་བྱེད་ཅིང༌། །ཐར་པའི་ལམ་མཆོག་སྟེར་བར་བྱེད་པ་ཡིན། །ས་བོན་མ་རུལ་ཡོན་ཏན་རྣམས་ཀྱི་རྒྱུ། །དད་པས་བྱང་ཆུབ་ཤིང་ནི་རྣམ་པར་བསྐྱེད། །ཅེས་དང༌། བ་ཚྭ་ཅན་གྱི་ཆུ་ཀླུང་གི་མདོར། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་སུ་འོང༌། །ང་ཡིན་སྙམ་དུ་སེམས་བྱོས་ལ། །དེ་ཚེ་དེ་ལ་གུས་པ་སྐྱེད། །ཅེས་སོགས་དད་པ་དང་མོས་གུས་བྱས་ན་རྟོགས་པ་མྱུར་ཏུ་སྐྱེ་བར་མདོ་རྒྱུད་མན་ངག་དུ་མ་ནས་གསུངས་སོ། །དེ་ལྟར་དད་མོས་ཀྱིས་མཚམས་སྦྱར་ཏེ་བླ་མའི་རྣལ་འབྱོར་བསྒོམས་ན་ཕན་ཡོན་དཔག་ཏུ་མེད་དེ། བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། མདོ་སྡུད་པར། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །ཞེས་དང༌། སྐྱབས་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་དང༌། དམ་ཚིག་བཀོད་པར། །མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་འབུམ་དུ་བསྒོམས་པ་བས། །བླ་མ་སྐད་ཅིག་དྲན་པ་འབུམ་ཆར་མིན། །བསྙེན་སྒྲུབ་བཟླས་པ་ས་ཡ་ལས། བླ་མའི་གསོལ་འདེབས་ལན་གཅིག་དགའ། །ཞེས་དང༌། དོན་དམ་བསྙེན་པར། སློབ་མ་དམ་པ་རྣམས་ལ་ལམ་དག་ནི། །བླ་མ་དམ་པའི་ཞལ་ལས་འབྱུང་བར་འགྱུར། །ཞེས་དང༌། རིམ་སྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལམ་རྙེད་ན། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཞེས་དང༌། ནཱ་རོ་པས། །ཡོན་ཏན་ཀུན་གྱི་གཏེར་མཛོད་བླ་མ་ཡིན། །ཆོས་རྣམས་ཀུན་གྱི་རྩ་བ་བླ་མ་ཡིན། །ཞེས་དང༌། ཨ་ཏི་བཀོད་པར། །དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། ཡན་ལག་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཀྱང༌། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང༌། རྒོད་ཚད་པས། །བླ་མའི་རྣལ་འབྱོར་བསྒོམས་པ་ན། །སྐྱོན་དག་ཡོན་ཏན་རྫོགས་པར་འགྱུར། །ཞེས་དང༌། བསྐྱེད་རིམ་སྒོམ་པ་མང་ལགས་ཀྱང༌། །བླ་མ་སྒོམ་པའི་གོང་ན་མེད། །བཟླས་བརྗོད་བྱེད་པ་མང་ལགས་ཏེ། །གསོལ་བ་འདེབས་པའི་གོང་ན་མེད། །རྫོགས་རིམ་སྒོམ་པ་མང་ལགས་ཏེ། །བློས་ཁེལ་ལིངས་སྒྱུར་གོང་ན་མེད། །ཅེས་དང༌། གཡག་སྡེ་པཎ་ཆེན་གྱི་མགུར་ལས། བསྐྱེད་རིམ་དུ་རང་ལུས་ལྷ་སྐུ་བཟང༌། །དབུ་རྒྱན་དུ་རྒྱལ་བ་རིགས་ལྔ་བཟང༌། །རྫོགས་རིམ་དུ་གཡག་སྡེ་པཎ་ཆེན་བཟང༌། །སྤྱི་གཙུག་ཏུ་རང་བྱུང་རྡོ་རྗེ་བཟང༌། །ཞེས་དང༌། རྗེ་ས་སྐྱ་པས་ཀྱང༌། མཆོག་གི་དངོས་གྲུབ་དེ་རྩ་བའི་བླ་མ་མ་གཏོགས་གཞན་གང་ལ་གསོལ་བ་བཏབ་ཀྱང་མི་འཐོབ། ཐུན་མོང་གི་དངོས་གྲུབ་དེ་བླ་མ་གཞན་ལ་གསོལ་བ་བཏབ་ཀྱང་འཐོབ། །ཅེས་དང༌། དཔལ་འབྱུང་གི་རྣམ་ཐར་ལས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ངན་སོང་དུ་མི་ལྟུང་ངོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྲུང་པའི་བྱང་ཆུབ་སེམས་དཔའ་ནི་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྐྱངས་པའི་བྱང་ཆུབ་སེམས་དཔའ་ནི་ཐེག་པ་ཆེན་པོའི་ཆོས་ལས་མི་ལྡོག་གོ །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོ་སྐྱེ་བོའི་ས་ལས་ཡོངས་སུ་འདའོ། །ཞེས་སོགས་མཐའ་ཡས་པར་གསུངས་པས་བླ་མའི་རྣལ་འབྱོར་བསྒོམས་ན་ཕན་ཡོན་དཔག་ཏུ་མེད་ལ། དེ་ཡང༌། བླ་མ་སངས་རྒྱས་ཀུན་བདག་ཉིད། །ཅེས་དང༌། བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། ཞེས་དང༌། བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་སོགས་དང༌། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པ་ཡང་མི་བལྟའོ། །ཞེས་དང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། ཅེས་སོགས་དང༌། བླ་ན་མེད་པའི་གོང་རོལ་ན། །ཞེས་སོགས་གསུངས་པས། རྩ་བའི་བླ་མ་དེ་དཀོན་མཆོག་ཀུན་འདུས། སྐྱབས་གནས་ཀུན་འདུས། སངས་རྒྱས་རྡོ་རྗེ་འཆང་དངོས་སུ་བལྟས་ཏེ་གསོལ་བ་བཏབ་ན་བྱིན་རླབས་འཇུག་ཐག་ཉེ་བས་དེ་ལ་རྣལ་འབྱོར་དུ་བྱ་ཞིང་བསྟེན་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྐད་ཅིག་ཏུ་འབྱུང་བར་ངེས་ཤིང༌། བསྟེན་ཚུལ་ཡང༌། རྙེད་དང་བཀུར་སྟི་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བླ་མ་བསྟེན་པར་བྱ། །ཞེས་པ་ལྟར་བསྟེན་ཅིང་ལྷག་ཏུ་བླ་མ་དེས་མཛད་པ་བཟང་ངན་ཅི་སྟོན་ཡང་ལོག་ལྟ་མི་སྐྱེ་བར་དང་བ་ལྷག་ཏུ་འཕེལ་ཏེ་རྗེ་བཙུན་བླ་མ་འདི་ལྟ་བུའི་འགྲོ་བའི་ཁམས་དང་མོས་པ་དང་མཛད་པ་འདི་འདྲ་བའི་སྒོ་ནས་གདུལ་བྱ་འདྲེན་པའི་ཐབས་བསམ་ལས་འདས་སྙམ་དུ་ཅི་མཛད་ལེགས་མཐོང་བྱ། །བཀའ་སྩལ་ཅི་གནང་ཐམས་ཅད་དང་ཐ་ན་ཀུ་རེའམ་བཞད་གད་ཀྱི་ཚུལ་དུ་ཞལ་ཏ་བྱོན་པ་མདོར་ན་མེ་ལ་ཆུ་དང་ཞྭ་ལ་ལྷམ་ཡིན་གསུང་པ་སོགས་ལའང་དེ་ཀ་བསླུ་མེད་ཡིན་སྙམ་དུ་ཅི་གསུང་ཚད་མར་འཛིན། བླ་མའི་ཐུགས་ཀྱི་བཞེད་པ་ཇི་ལྟར་འདུག་ཀྱང་དེ་རང་གི་ལུས་ངག་ཡིད་གསུམ་གྱིས་སྒྲུབ་ཐུབ་པ་འདུག་ན་སྲོག་དང་བསྡོས་ནས་སྒྲུབ། །དངོས་སུ་སྒྲུབ་པར་མི་ནུས་ན་སྒྲུབ་ནུས་པའི་སྨོན་ལམ་ཁ་ཞེ་མེད་པར་བཏབ། མཐར་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེ་བའི་མོས་གུས་རྣལ་མ་རྒྱུད་ལ་བསྐྱེད་དགོས། བླ་མས་ཐུགས་ལ་བཏགས་ནས་གནང་བའི་གདམས་པ་ཁར་ཟགས་སུ་མ་སོང་ཞིང་བརྩོན་འགྲུས་བསྐྱེད་ནས་ཉམས་སུ་ལེན་ཞིང་མི་རྟག་པས་ཡིད་ཕྲོགས་ཏེ་སྐྱོ་ཤས་དང་དགོས་མེད་དང་ངེས་འབྱུང་དག་སྣང་མོས་གུས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གནས་ལུགས་ཀྱི་དོན་གཏན་ལ་འབེབས་པ་སོགས་ལ་ནན་ཏན་སྙིང་པོར་བྱེད་པ་ཞིག་དགོས་ཀྱི་དེ་ལྟ་མ་ཡིན་པའི་རང་གི་འདོད་དང་མཐུན་ན་བླ་མ་རིན་པོ་ཆེ་ཟེར་ནས་གང་མཛད་ཅི་གསུང་ལེགས་པ་སྐད། ཡིད་དང་ཅུང་ཟད་མི་མཐུན་ན་ནི་བླ་མས་ཆོས་ཕྱོགས་ལ་སྦྱོར་བའི་བཀའ་གནང་བ་ལ་སྙད་སྙོད་མང་པོ་ཞིག་བྱས་ཏེ་ཆེན་ལོག་ལྟ་བྱས་ནས་འཁོན་གྱེས་སུ་འགྲོ། འབྲིང་དུའང་ར་ད་རི་དའི་ངོས་ནས་དང་དུ་མི་ལེན་ཐ་མའང་དགོངས་གྲོལ་ཞུ་བ་སྐད་བྱས་ནས་ཚེ་འདི་བའི་དོན་ཁོ་ནར་འབྱམས་དབེན་པ་བསྟེན་པ་སྐད་བྱས་ཀྱང་བློ་ཆོས་སུ་མ་སོང་ཆོས་བརྒྱད་མ་སྤངས་པས་གཞན་ལས་འདོད་ཁ་ཆེ་བ་རེ་ཡོང་གིན་འདུག་པ་དེ་ནི་སྐྱོན་དུ་མ་དང་བཅས་པས་ཆོས་སྟོན་པའི་སྣོད་དང་སློབ་མའི་གྲངས་སུ་མི་འདྲེན་ནོ། །བླ་མའང་གོང་དུ་བཤད་པའི་མཚན་ཉིད་གང་རུང་དང་ལྡན་ཞིང་རང་ལ་ལྟོས་བཅས་སྡིག་པར་མི་སྦྱོར་བར་ཆོས་རྣལ་མ་བྱེད་དུ་འཇུག་ཅིང་ཐར་པའི་ས་བོན་འདེབས་པ་རྫུན་དང་ཟོག་མ་འདྲེས་པ་ཞིག་དགོས་ཀྱི་དེ་ལྟ་མ་ཡིན་པའི་མཁས་བཙུན་བཟང་རློམ་གྱི་ང་རྒྱལ་དང་ཁེངས་པས་གཞན་མཐའ་དག་ལ་བརྙས་བཅོས་དང་གཏི་ཐུག་གི་མཐོང་བྱེད་པ་དང་མཐོ་དམན་ཕྲན་ཚེགས་ལ་དགའ་མགུ་སྐྱེན་ཅིང་སངས་རྒྱས་ཀྱི་བསྟན་པར་མི་ཕན་པའི་བླ་མ་ནི་བཏང་སྙོམས་སུ་བྱ་སྟེ། ས་སྐྱ་པཎྜི་ཏས། སངས་རྒྱས་བསྟན་བཞིན་མི་བྱེད་པའི། །བླ་མ་ཡིན་ཡང་བཏང་སྙོམས་བཞག །ཅེས་གསུངས་སོ། །འོན་ཀྱང་བཀའ་བརྒྱུད་རིན་པོ་ཆེའི་ལུགས་ལ་བླ་མ་སོ་སོ་སྐྱེ་བོ་འཆིང་བ་དང་ལྡན་པ་ཞིག་ཡིན་ཀྱང་སངས་རྒྱས་དངོས་ཀྱི་མོས་གུས་ཕུལ་ན་སློབ་བུ་དད་ལྡན་དེ་རྗེས་སུ་གཟུང་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བླ་མ་དེ་ལ་ཞུགས་ཏེ་སངས་རྒྱས་ཀྱི་མཛད་པ་སྟོན་ནུས་པར་གསུངས། ཡང་སྔར་གྱི་བཀའ་བརྒྱུད་གོང་མའི་བླ་མ་གང་དང་གང་ལ་གནས་ཤིང་དད་ན་དེ་ཉིད་རང་གི་རྩ་བའི་བླ་མར་འགྱུར་ཞིང་བྱིན་རླབས་འཇུག་ནུས་པར་ངེས་པས་ཚིག་རྒྱུད་མི་དགོས་དོན་རྒྱུད་འདི་ཁོ་བོ་རང་ལ་དེད་ཆོག་ཅེས་རྗེ་སྒམ་པོ་པ་དང་དུས་གསུམ་མཁྱེན་པ་ཀརྨ་པཀྴི་ཞང་གཡུ་དྲག་པ་རྗེ་རྒོད་ཚང་པ་སོགས་ཀྱིས་གསུངས་པས་དེས་ན་རང་གང་ལ་དད་པའི་བླ་མ་དེ་རྩ་བའི་བླ་མར་བཟུང་སྟེ་གསོལ་བ་བཏབ་ན་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྤྲིན་མེད་ཀྱི་ནམ་མཁའ་དྭངས་པ་ལྟ་བུ་རྒྱུད་ལ་མྱུར་བར་བྱིན་རླབས་ཀྱི་ཤུགས་ཀྱིས་སྐྱེ་བར་ངེས་སོ། །དེས་ན་བླ་མའི་རྣལ་འབྱོར་བསྒོམས་པའི་ཕན་ཡོན་དང་མ་བསྒོམས་པའི་ཉེས་དམིགས་སོགས་ཤེས་པར་བྱས་ནས་བླ་མའི་རྣལ་འབྱོར་བསྒོམ་པར་བྱའོ། །ཆོས་ཐུན་བཅུ་བཞི་པ། དམིགས་པ་བཅུ་གསུམ་པའོ།། ༈ །།དེའང་མ་རྒན་སེམས་ཅན་ཐམས་ཅད་གྱི་དོན་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། །དེའི་ཆེད་དུ་བླ་མའི་རྣལ་འབྱོར་བསྒོམ་ཞིང་ཉམས་སུ་བླངས་སྙམ་དུ་སེམས་བསྐྱེད་ནས། ཨོཾ་སྭ་བྷཱ་ཝ་སོགས་གྱིས་བསངས་སྦྱངས། སྟོང་པའི་ངང་ལས་ནམ་མཁའ་ལ་སྤྲིན་ཆགས་པ་བཞིན་དུ་ཡི་དམ་རང་གང་མོས་དེའི་གཞལ་ཡས་ཁང་གདན་སྐུ་ཡོངས་རྫོགས་ལ་སོགས་པ་བསྐྱེད་པའམ། ཡང་ན་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པའམ། དེའང་མ་གསལ་ན་རང་ཐ་མལ་པར་གནས་པའི་སྤྱི་བོའི་གཙུག་གམ་མདུན་གྱི་ནམ་མཁར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་དང་པདྨ་ཟླ་བ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་བློས་ཁེལ་ཞིང་གདམས་པ་ཞུས་པའི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྣམ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོ་བསངས་ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ་སྐུ་བཀྲགས་མདངས་འོད་གཟི་བརྗིད་དང་ལྡན་པ། ཞལ་འཛུམ་ཞིང་ཐུགས་དགྱེས་པ་དང་བཅས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་སྣང་ལ་རང་བཞིན་མེད་པ་ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས་ཤིང་སྐུས་ཞིང་ཁམས་ཁྱབ་པ་དེའི་སྤྱི་བོར་བཀའ་བརྒྱུད་ཀྱི་བླ་མ་ཐོ་ལྟར་རྡོ་རྗེ་འཆང་ལ་ཐུག་གི་བར་དུ་བརྩེགས་ཤིང་སྒྲུབ་བརྒྱུད་ཀྱི་བླ་མ་སྤྲིན་ལྟར་འདུ་བ། དེ་ལ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་པོ་མཁའ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པར་བསམ་ལ་ཡན་ལག་བདུན་པ་བརྒྱས་བསྡུས་ཅི་རིགས་སམ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །དངོས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་བ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་བཤགས་པར་བྱ། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང༌། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་འཁོར་ལོ་བསྐོར་བར་བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང༌། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་རྩོལ་ལོངས་སྐུར་རྟོགས་པར་བྱིན་གྱིས་རློབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །ཞེས་པའི་བར་རྗེ་དུས་གསུམ་མཁྱེན་པས་དྭགས་པོ་རིན་པོ་ཆེར་ཕུལ་བ་འདི་དང༌། མཎྜལ་ལ་སོགས་པ་གང་འོས་འབུལ་ཞིང་མོས་གུས་ཚད་མེད་པ་དང་ལྡན་པས། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་པ་རང་སར་དག་པར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་འཁོར་གྱི་བླ་མ་ཐམས་ཅད་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ་པས་རྩ་བའི་བླ་མ་དེ་ཉིད་བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ཀྱི་བདག་ཉིད་དུ་མོས་པས་བླ་མ་དམ་པ་བདག་ལ་དབང་བཞི་རྫོགས་པར་བསྐུར་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་བླ་མ་དམ་པའི་དབྲལ་བའི་གནས་ནས་འོད་ཟེར་དཀར་པོའི་རྣམ་པ་ཅན་གྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱོན། །རང་གི་དཔྲལ་བར་ཐིམ་ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས། བླ་མའི་མགྲིན་པའི་གནས་ནས་འོད་ཟེར་དམར་པོའི་རྣམ་པ་ཅན་གྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱོན། རང་གི་མགྲིན་པར་ཐིམ་ངག་གི་སྒྲིབ་པ་དག །ལམ་རྩ་རླུང་ཐིག་ལེ་རྫོགས་པའི་རིམ་པ་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་ཐུགས་ཀའི་གནས་ནས་འོད་ཟེར་སྔོན་པོའི་རྣམ་པ་ཅན་གྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱོན། རང་གི་སྙིང་གར་ཐིམ་ཡིད་ཀྱི་སྒྲིབ་པ་དག །ལམ་དགའ་བཞིའི་བདེ་བ་སྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས། །བླ་མའི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཇའ་ཚོན་ལྟ་བུ་འཕྲོས། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ། སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་དག །ལམ་ཕྱག་རྒྱ་ཆེན་པོ་རིག་སྟོང་དབྱེར་མེད་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སྙམ་པ་འདོན་སྒོམ་དང་སྦྲགས་ལ་ཅི་གནས་སུ་མཉམ་པར་བཞག །སླར་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཞེས་སོགས་གསོལ་བ་བཏབ་པས་རྩ་བའི་བླ་མ་དེ་ཉིད་འོད་དུ་ཞུ་ནས་རང་ལ་ཐིམ་པས་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མི་བྱེད་པ་གྱུར་སྙམ་པའི་ངང་ནས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག །འཕྲོ་ན་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་སྟེ། རྗེས་ཐོབ་ཀྱི་སྤྱོད་ལམ་ལ་འཇུག་གོ༌།དེ་ལྟར་བླ་མའི་རྣལ་འབྱོར་བསྒོམས་པས་སྐྱོན་སྒྲིབ་གཉིས་མ་ལུས་པར་བྱང་ཞིང་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་དེ་ཉིད་སྟན་ཐོག་གཅིག་ཏུ་མངོན་དུ་བྱེད་པར་འགྱུར་བས་དེ་ལྟ་བུ་ལ་དགའ་སྤྲོ་དང་བཅས་ཏེ་བརྩོན་པ་བསྐྱེད་པར་བྱའོ། །དེས་ན་ཕྱི་ཡི་རྟགས་སུ་བླ་མ་ལ་མོས་གུས་དང་གདུང་ཤུགས་ཚད་མེད་པ་འབྱུང༌། བླ་མ་རྩ་ན་ཡོད་ཀྱང་མིང་ནས་འདོན་ཞིང་མི་ཟུག་པ་ལྟ་བུ་དང་དྲུང་དུ་ཕྱིན་དུས་འབྲལ་མི་ཕོད་པ་བློ་སྣ་བླ་མས་ཕྲོགས་ནས་བསམ་རྒྱུ་བླ་མ་ལས་མེད་པ་དེས་བསྐུལ་ནས་གསོལ་འདེབས་ལ་ཆོག་ཤེས་མེད་པར་ཉིན་མཚན་ཁོར་ཡུག་ཏུ་འགྲོ་བ་འབྱུང༌། ནང་རྟགས་སུ་རྗེ་དྲན་ཙམ་ལ་ཉམས་འབར། ཕྱིའི་སྣང་བ་བན་བུན་ལང་ལོང་དུ་འགྲོ། ནང་གི་ཤེས་པ་གསལ་སྟོང་རྗེན་པར་འགྲོ། །བར་གྱི་རྟོག་པ་རྒྱུན་ཆད་ནས་སྔོན་འགྲོ་རང་ལ་ངོ་སྤྲད་པས་ཆོག་པ་ཡིན་ནོ། །གསང་བའི་རྟགས་རྨི་ལམ་དུ་བླ་མ་དང་མཇལ་བ་དང༌། དབང་བསྐུར་པ་དང༌། ཆོས་བཤད་པ་དང༌། འོད་ཟེར་སྤྲོ་བསྡུ་བྱས་པ་ལ་སོགས་པ་རྨིའོ། །དེ་ལྟར་བྱུང་ན་ཅིས་ཀྱང་སྒོམ་སྐྱེ་ཞིང་སྔོན་འགྲོ་འདི་ལ་སྒོམ་གྱི་སྣ་གཅིག་མ་ཟིན་ན་ཉམས་རྟོགས་མི་སྐྱེ་བས་ཡུན་སྲིང་བ་གལ་ཆེ། སྦྱངས་པ་ཅན་ལ་སྔོན་འགྲོ་རང་ལ་ངོ་སྤྲོད་པས་ཞི་གནས་སྐྱེས་པ་ཡོད། འདིའི་སྐབས་སུ་བླ་མས་ཉམས་བལྟ་བར་བྱ། དེ་ནི་སྔོན་འགྲོ་མིང་བཏགས་ཀྱང་དངོས་གཞི་རང་ཡིན་པས་སྒོམ་སྐྱེ་མི་སྐྱེ་འདི་ལ་རག་ལས་སོ། །འདི་གནད་དུ་མ་སོང་ན་དངོས་གཞི་ལ་ཧབ་རྒྱུགས་བྱས་ཞན་འདྲ་བས་སྔོན་འགྲོ་འདི་རྣམས་ལ་བརྟན་པ་ཐོབ་ཅིང་ངེས་ཤེས་འདྲོངས་པ་དང་རྟགས་མ་ཐོན་གྱི་བར་ཡུན་བསྲིང་ཞིང་དེ་ནས་རིམ་པར་དངོས་གཞི་ལ་འཇུག་པར་བྱའོ། །ཆོས་ཐུན་བཅོ་ལྔ་པ། དམིགས་པ་བཅུ་བཞི་པའོ།། ༈ །།

ཁྱད་པར་གྱི་སྔོན་འགྲོ་བཞི།

གསུམ་པ་ཁྱད་པར་གྱི་སྔོན་འགྲོ་བཞི་ནི། རྒྱུའི་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་པའི་རྐྱེན་དང་བཞི་ལས། དང་པོ་ནི། རྒྱུའི་དུས་ན་དངོས་འཛིན་དང་བྲལ་ཞིང་གང་ལའང་ཞེན་ཆགས་མེད་པ་ཞེན་ལོག་བྱ་བཏང་ཞིག་དགོས་པས་སྔོན་དུ་ཐུན་མོང་གི་སྔོན་འགྲོ་བསྟན་པའི་མཐུས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་དཀའ་བར་ཤེས་ཤིང༌། མི་རྟག་པ་བསྒོམས་པས་ཚེ་འདི་ཉིད་མི་རྟག་པ་རྩ་རྩེའི་ཟིལ་པ་ལྟ་བུར་གང་གིས་ཀྱང་མི་སྟོངས་པར་མྱུར་ཏུ་འཇིག་པས་ནམ་འཆི་ཆ་མ་མཆིས། འཆི་བའི་ནངས་པར་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་སྙམ་པའི་ཚེ་འདིའི་དཔལ་འབྱོར་ལོངས་སྤྱོད་དགྲ་འདུལ་གཉེན་སྐྱོང་ལ་དགོས་པ་མེད་སྐད་ཅིག་ཀྱང་ཡེངས་མེད་དུ་ཚེ་ཕྱི་མའི་དོན་ཁོ་ན་སྒྲུབ་སྙམ་པས་རྒྱུད་དུལ་བར་གྱུར་ཅིང་འཁོར་པའི་ཆོས་རྣམས་ཀྱི་མཚན་ཉིད་ཡང་དག་པར་རིག་སྟེ་སྐྱོ་ཞིང་ཡིད་འབྱུང་སྟེ་ཐར་པ་ཐོབ་པར་འདོད་པའི་བསམ་པས་ཚེ་འདི་ལ་ཞེན་ཆགས་སྤུ་རྩེ་ཙམ་ཡང་མེད་པར་འཇིག་རྟེན་གྱི་བྱ་བ་ཕལ་བ་རྣམས་ལྟ་ཅི་སྨོས། ཆོས་དང་མཐུན་པའི་ཐོས་བསམ་གཞིག་ འགྲེལ་ཁ་སྟོན་བཟླས་བརྗོད་སོགས་ཐམས་ཅད་སྤངས་ཏེ་ཤིན་ཏུ་དབེན་པའི་གནས་སུ་ཕྱི་ནང་གི་རྣམ་གཡེང་ཐམས་ཅད་རྒྱུན་བཅད་དེ་བྱ་བ་ཡོངས་སུ་བཏང་བའི་ཚུལ་གྱིས་གནས་པར་བྱའོ། །དེའི་དགོས་པའང་ཕྱག་རྒྱ་ཆེན་པོ་ནི་སེམས་ལ་གནད་དུ་བསྣུན་པ་ཡིན་པས་སེམས་འདུ་འཛི་དང་རྣམ་གཡེང་གི་རྗེས་སུ་འབྲངས་ན་ཏིང་ངེ་འཛིན་མི་སྐྱེ་བས་དབེན་པའི་གནས་སུ་ཉམས་སུ་བླང་བར་བྱའོ། །ཆོས་ཐུན་བཅུ་དྲུག་པ། དམིགས་པ་བཅོ་ལྔ་པའོ། ༈ །གཉིས་པ་ནི། ཕྱག་རྒྱ་ཆེན་པོ་རྟོགས་པར་བྱེད་པའི་ལམ་བླ་མ་ཁོ་ན་ལ་རག་ལས་པས། ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་པ་ཞིག་དགོས་ཤིང༌། དེ་ལའང་གང་ཟག་བརྒྱུད་པའི་བླ་མ། བདེ་གཤེགས་བཀའི་བླ་མ། སྣང་བ་རྡོའི་བླ་མ། དོན་དམ་ཆོས་ཉིད་ཀྱི་བླ་མ་ཞེས་པ་རྣམས་ལས། དང་པོ་ནི། རྡོ་རྗེ་འཆང་ནས་རང་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་མན་ངག་སྒོམ་སྲོལ་མ་ཉམས་ཤིང༌། སློབ་མའི་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་བསྐྲུན་ནུས་པ། རང་གིས་ལྟ་བ་ཇི་ལྟར་རྟོགས་པ་བཞིན་གཞན་ལ་ཤེས་རབ་ཀྱི་གོ་འབྱེད་ནུས་པ། རྣམ་རྟོག་སྐུ་དྲིན་ཅན་དུ་ཤེས་ཏེ་གང་བྱུང་ཤེས་རབ་ཀྱི་གྲོགས་སུ་བསྒྱུར་ཏེ་གསོས་འདེབས་པ། མི་མཐུན་པའི་རྐྱེན་འགལ་ཕྱོགས་དག་ཀྱང་མཐུན་རྐྱེན་ཡོན་ཏན་དུ་བསྒྱུར་ནུས་པ། འཁྲུལ་པ་ཐམས་ཅད་རྣམ་རྟོག་ངོ་མ་ཤེས་པས་འཁྲུལ་བ། ཡང་རྣམ་རྟོག་སེམས་སུ་ཤེས་པས་རྟོག་པ་ལམ་དུ་བྱེད་པ་ནི་འགལ་བ་ཡིན་ལ། རྣམ་རྟོག་དེ་ལྟར་དུ་ཤེས་པས་ཆོས་ཐམས་ཅད་ནམ་མཁའ་ལ་མདུང་བསྐོར་བ་ལྟར་ཐོགས་རྡུགས་མེད་པར་ཤེས་པ་ཤེས་རབ་ཀྱི་གོ་འབྱེད་ནུས་པ་སྟེ་དེ་དག་དང་ལྡན་པའི་དགེ་བའི་བཤེས་གཉེན་འཚོལ་ཞིང་བསྟེན་ཏེ་དད་མོས་རྩེ་གཅིག་པ་བྱའོ། །དེ་ནི་ནཱ་རོ་བས། བླ་མའི་མཚན་ཉིད་རྒྱུད་པར་ལྡན། །ཞེས་པ་དང་མཐུན་པ་ཡིན་ནོ། །གཉིས་པ་ནི། །བླ་མའི་ངོ་སྤྲོད་ཐོབ་པར་གྱུར་པས་ནང་དུ་རང་གི་སེམས་ལ་ངེས་ཤེས་སྐྱེས་ཏེ་རྒྱལ་བའི་བཀའ་ལ་གུས་པ་དང་ལྡན་པས་ལེགས་པར་བརྟག་གཞིག་དཔྱད་པས་གདམས་ངག་སྒོམ་པ་འདི་དང་མཐུན་ནམ་མི་མཐུན་བརྟགས་པས་ཐེག་པ་ཆེ་ཆུང་གི་གདམས་ངག་གང་དང་ཡང་མི་འགལ་བའི་ཉམས་མྱོང་སྐྱེ་བར་འགྱུར་བས་གསུང་རབ་གདམས་པར་འཆར་བས་བླ་མ་ཞེས་བྱའོ། །འདི་ལྟ་བུའི་གནད་དང་མི་ལྡན་པར་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་ཕྱོགས་རེའི་ཚིག་དང་ཡི་གེ་ཙམ་ལ་མངོན་པར་ཞེན་ཏེ་ཡིན་མིན་བདེན་རྫུན་གྱི་ཁ་ཚོད་གཅོད་པ་ནི་རྣམ་པར་མ་དག་པས་སྤང་བར་བྱའོ། །འདི་ནི་བདེ་གཤེགས་བཀའི་བླ་མ་བསྟེན་ཐབས་ཡང་དག་པའོ། །གསུམ་པ་ནི། དད་པ་འགྱུར་བ་མེད་པའི་ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པའི་གཞི་ཆོས་ཀྱི་དབྱིངས་སོགས་དཔེས་སྟོན་པར་བྱེད་པས་ས་ནི་དགེ་བའི་བཤེས་གཉེན། བརྩོན་འགྲུས་རྒྱུན་ཆད་མེད་པའམ་སྙིང་རྗེའི་ཆུས་རྒྱུད་བརླན་པ་སོགས་སྟོན་པས་ཆུ་ནི་དགེ་བའི་བཤེས་གཉེན། ཤེས་རབ་ཀྱི་མེས་ཉོན་མོངས་ཀྱི་བུད་ཤིང་སྲེག་ཅིང་ཡེ་ཤེས་ཀྱི་མེ་ལྕེས་མ་རིག་པའི་མུན་པ་སེལ་བ་སོགས་སྟོན་ཕྱིར་མེ་ནི་དགེ་བའི་བཤེས་གཉེན། ཉམས་རྟོགས་ཀྱི་རླུང་གིས་ཤུགས་ཀྱིས་སྒྲིབ་པའི་དངོས་པོ་གཏོར་བ་སོགས་སྟོན་པས་རླུང་ནི་དགེ་བའི་བཤེས་གཉེན། མཐའ་ཐམས་ཅད་དང་བྲལ་ཞིང་ཀུན་ལ་ཁྱབ་པ་སོགས་སྟོན་ཕྱིར་ནམ་མཁའ་ནི་དགེ་བའི་བཤེས་གཉེན་ཏེ་དེ་ལྟར་འབྱུང་བ་དང་འབྱུང་འགྱུར་སོགས་ཕྱི་ནང་གི་དངོས་པོ་ཐམས་ཅད་བླ་མར་མ་གྱུར་བ་མེད། དེའི་ཕྱིར་སྣང་བ་ལ་གཞིག་འགྲེལ་བྱས་སམ་མ་བྱས་ཀྱང་རུང་འདི་ནི་འདི་ལྟ་བུ་ནས་ངེས་ཤིང་མཐོང་བར་འགྱུར་བས་འདི་ནི་སྣང་བ་བརྡའི་བླ་མ་བསྟེན་ཐབས་སོ། །བཞི་པ་ནི། བླ་མ་དམ་པས་རང་གི་སེམས་ཕྱིན་ཅི་མ་ལོག་པར་ངོ་སྤྲོད་པ་དེ་མངོན་སུམ་མཐོང་རྟོགས་གཏན་ལ་ཕེབས་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པ་དེའང་བླ་མའོ། །འདི་དག་གི་ནང་ནས་གཙོ་བོར་གང་ཟག་བརྒྱུད་པའི་བླ་མ་གལ་ཆེ་སྟེ་དེས་གནས་ལུགས་ཀྱི་དོན་ངོ་སྤྲད་པ་ལས་ཕྱི་མ་རྣམས་རིམ་གྱིས་རྟོགས་པའི་ཕྱིར། དེ་ཉིད་བསྒོམས་པས་ཉམས་རྟོགས་འབྱུང་བའི་ཕྱིར་སྒྲུབ་རྐྱེན་གཉིས་པ་ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་པ་བདག་པོའི་རྐྱེན་ནོ། །འདི་ཉིད་ཉམས་སུ་ལེན་ཚུལ་བླ་མའི་རྣལ་འབྱོར་གྱི་སྐབས་སུ་བསྟན་པ་ལྟར་དང༌། འདིར་ཡང་སྒོམ་པར་སྤྲོ་ན་བླ་མ་མཐོ་བརྩེགས་སུ་བསྒོམ་པར་བྱ་སྟེ། རང་ཡི་དམ་གང་རུང་དུ་གསལ་བཏབ་དེའི་སྤྱི་བོར་རྩ་བའི་བླ་མ་དེའི་སྤྱི་བོར་ཡང་བླ་མ་ནས་རྡོ་རྗེ་འཆང་ལ་ཐུག་གི་བར་དུ་བསྒོམས་ཏེ། ཡན་ལག་བདུན་པ་དང༌། མ་ནམ་མ་བཞི་སྐོར་དང༌། གསོལ་འདེབས་དལ་དྲག་ལ་ཡུན་རིང་བ་སྣང་བ་འགྱུར་ངེས་བྱའོ། །བླ་མ་ལས་དབང་བཞི་ལེན་པར་འདོད་ན། །རྗེ་བཙུན་བླ་མ་ཁྱེད་རྣམས་ཀྱིས། །བདག་ལ་དབང་བཞི་བསྐུར་དུ་གསོལ། །སྒྲིབ་བཞི་དག་ཅིང་དགའ་བཞི་རྫོགས། །སྐུ་བཞི་མངོན་དུ་གྱུར་ནས་ཀྱང༌། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཞེས་དད་འདུན་དྲག་པོས་གསོལ་བ་བཏབ་པས། ཡས་ཀྱི་བླ་མ་རྣམས་རིམ་གྱིས་གཅིག་ལ་གཅིག་ཐིམ་རྩ་བའི་བླ་མར་ཐིམ་པས་བླ་མ་ཀུན་འདུས་ཀྱི་སྐུར་བལྟས་ཏེ་དེ་ལ་དབང་བཞི་བླང་བ་ནི། རྩ་བའི་བླ་མ་དེའི་དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་རྣམས་ལས་འོད་ཟེར་དཀར་དམར་སྔོ་སེར་རྣམས་བྱུང་རང་གི་གནས་བཞིར་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཉལ་དང་བཅས་པ་དག །དགའ་བ་མཆོག་དགའ་ཁྱད་དགའ་ལྷན་ཅིག་སྐྱེས་དགའ་སྟེ་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་དབང་བཞི་ཐོབ། སྤྲུལ་སྐུ་སྐུ་རྡོ་རྗེ་ལོངས་སྐུ་གསུང་རྡོ་རྗེ་ཆོས་སྐུ་ཐུགས་རྡོ་རྗེ་བདེ་བ་ཆེན་པོའི་སྐུ་རྣམས་མངོན་དུ་བྱས་པར་བསམ། མཐར་བླ་མ་འོད་དུ་ཞུ་བ་རང་ལ་ཐིམ་པས་གཉིས་སུ་མི་ཕྱེད་པར་བསམ་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །མཐར་དགེ་རྩ་བསྔོའོ། །དེ་ལྟར་བླ་མའི་རྣལ་འབྱོར་ལ་ཉམས་ལེན་མཐིལ་ཕྱིན་བྱའོ། །ཆོས་ཐུན་བཅུ་བདུན་པ། དམིགས་པ་བཅུ་དྲུག་པའོ།། ༈ །།གསུམ་པ་དམིགས་རྐྱེན་ནི། མུ་སྟེགས་པ་དང་རང་སྡེ་ཉན་ཐོས་སྡེ་པ་སེམས་ཙམ་པ་དབུུ་མ་བ་བྱ་སྤྱོད་རྣལ་འབྱོར་བླ་མེད་སོ་སོའི་གྲུབ་མཐའ་སྣ་ཚོགས་པ་རྣམས་ཀྱི་རྟོག་པས་བཏགས་པ་ཙམ་མ་ཡིན་པར་འདི་ནི་ཡིན་ནོ་མིན་ནོ་ཞེས་རང་རང་སོ་སོའི་ཕྱོགས་ཞེན་འདོད་པ་ལ་ཨ་འཐས་པའི་བདེན་པར་ཞེན་པའི་དབང་གིས་གནས་ལུགས་ཀྱི་དོན་མཐོང་བ་ལ་སྒྲིབ་བྱེད་དུ་གྱུར་བ་ལས། འདིར་ནི་དེ་ཐམས་ཅད་དང་མི་འགལ་ཞིང་དེ་དག་ལས་ཁྱད་པར་དུ་འཕགས་པ་ཀུན་ཁྱབ་ཕྱག་རྒྱ་ཆེན་པོའི་ངོ་བོ་གདོད་མའི་གནས་ལུགས་ཀུན་རྫོགས་ཀུན་ལས་འདས་པ་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གནས་པའི་རང་བབ་ཆོས་ཀྱི་དབྱིངས་དེ་ཉིད་ཉམས་སུ་བླང་བྱ་ཡིན་པས་དེ་ལ་ངེས་ཤེས་བསྐྱེད་པར་བྱའོ། །དེའང་སེམས་ཀྱི་ངོ་བོ་སྐུ་གསུམ་དུ་རྟོགས་ཤིང་དེ་ལྟར་རྟོགས་པའི་བློ་དེའང་ངོས་གཟུང་དང་བྲལ་བ་བློའི་ཡུལ་ལས་འདས་པར་ངེས་ཤིང་རྟོགས་པ་ཐམས་ཅད་སེམས་ཉིད་ཡིན་ཞིང་དེའང་མི་སྤང་བར་སྐུ་བཞིར་འཁྱེར་བར་བྱེད་ཅིང་བྱེད་པ་པོ་ཡང་མ་གྲུབ་པར་སྒྱུ་མ་ལྟ་བུར་འཁྱེར་བ་སྟེ་མདོར་ན་ཉམས་སུ་བླང་བྱ་མ་འཁྲུལ་བར་བྱ་བ་ནི་དམིགས་རྐྱེན་ནོ། །ཆོས་ཐུན་བཅོ་བརྒྱད་པ། དམིགས་པ་བཅུ་བདུན་པའོ།། ༈ །།བཞི་པ་དེ་མ་ཐག་པའི་རྐྱེན་ནི། དངོས་གཞི་སྒོམ་པའི་དུས་སུ་བདག་གིས་འདི་བསྒོམ་མོ་བསྒོམ་པར་བྱའོ་བྱེད་དོ་བྱས་སོ་ཞེས་རྣམ་པར་མི་རྟོག་ཅིང༌། གལ་ཏེ་བདག་ལ་སྒོམ་སྐྱེས་ན་ལེགས་མ་སྐྱེས་ན་མི་ལེགས་སྙམ་པ་སོགས་ཀྱི་རེ་དོགས་གང་ཡང་མི་བྱ་བར་མ་བཅོས་པའི་ཐ་མལ་པའི་ཤེས་པ་འདི་ཀ་བསྐྱངས་ཏེ་བཟང་རྟོག་ངན་རྟོག་གང་གིས་ཀྱང་མ་གོས་པར་བྱའོ། །འདི་ནི་རེ་དོགས་དང་བྲལ་བ་དེ་མ་ཐག་རྐྱེན་ཞེས་བྱའོ། །འདི་དག་སྔོན་འགྲོར་དགོས་པའང་དཔེར་ན་མིག་གི་རྣམ་ཤེས་སྐྱེ་བའི་ཚེའང་རྒྱུའི་རྐྱེན་མིག་གི་རྣམ་ཤེས་བདག་རྐྱེན་མིག་དབང་དམིགས་རྐྱེན་ཆོས་ཀྱི་བྱེ་བྲག་ལས་གཟུགས་བསྟན་ཡོད་རྣམས་དེ་མ་ཐག་རྐྱེན་ཡིད་ཀྱི་དབང་པོ་འགགས་མ་ཐག་པ་སྟེ་བཞི་པོ་འཛོམ་པ་ལས་མིག་གིས་གཟུགས་མཐོང་བ་ལྟར་རོ། །མདོར་བསྡུ་ན་ཚེ་འདི་དང་འཇིག་རྟེན་གྱི་ཆོས་གང་ལའང་ཞེན་པ་ལོག་ཅིང་མ་ཆགས་པ་དང་ངེས་འབྱུང་གི་བསམ་པ་རྣམ་དག་དང་ལྡན་པ་རྒྱུའི་རྐྱེན། སྔར་བཤད་པའི་བླ་མ་བཞི་དང་བླ་མ་དམ་པས་ཟིན་པ་ནི་བདག་རྐྱེན་དང༌། འདི་ལྟ་བུ་བསྒོམ་པ་བྱ་སྙམ་པའི་བསྒོམ་བྱ་མ་འཁྲུལ་བར་བློ་ཡུལ་དུ་འགོད་ཙམ་པ་དམིགས་རྐྱེན། བསྒོམ་བྱ་སྒོམ་བྱེད་རེ་དོགས་སོགས་ཀྱི་མཚན་མས་དབེན་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོའི་དོན་ལ་སེམས་རང་བབས་སུ་བཞག་པ་དེ་མ་ཐག་རྐྱེན་ཏེ། བཞི་པོ་འདི་དག་འཛོམ་པའི་སྐད་ཅིག་དེར་སྒོམ་དང་དངོས་གཞིའི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་འགྱུར་བས་ཉམས་ལེན་དེ་ལྟར་དུ་བྱའོ། །འདི་ནི་ཁྱད་པར་གྱི་སྔོན་འགྲོ་སྟེ་སྒྲུབ་རྐྱེན་རྣམ་པ་བཞི་ཞེས་བྱའོ། ཆོས་ཐུན་བཅུ་དགུ་པ། དམིགས་པ་བཅོ་བརྒྱད་པའོ།། ༈ །།

དངོས་གཞི་ལ་འཇུག་པ་བྱེད་པ་ལས། ཞི་གནས།

གཉིས་པ་དངོས་གཞི་ལ་འཇུག་པར་བྱེད་པ་ལ། ཞི་གནས་དང༌། ལྷག་མཐོང་གཉིས། དང་པོ་ལའང༌། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལུས་གནད་དང་སེམས་གནད་དོ། །དང་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅའ་བའོ། །ཆོས་བདུན་ནི། རྐང་པ་སྐྱིལ་ཀྲུང༌། ལག་པ་མཉམ་གཞག་བྱས་ལ་ལྟེ་འོག་སོར་བཞིའི་མཚམས་སུ་བཞག་སྟེ་གྲུ་མོ་མ་གུག་པར་བསྲང༌། དཔུང་པ་རྒོད་གཤོག་ལྟར་བརྒྱང༌། མགྲིན་པ་ལྕགས་ཀྱུ་ལྟར་ཨོག་མས་ཨོལ་མདུད་ནོན་པ་དགུག །སྒལ་ཚིགས་མདའ་ལྟར་བསྲང༌། མིག་སྣ་རྩེའི་སོར་བཞིའི་ཐད་ཀྱི་ནམ་མཁར་རྫི་མ་མི་གཡོ་བ་ཅིང་ཡ་ཡོ་ཁྱར་ཁྱོར་མེད་པར་གཏད། མཆུ་ཅུང་ཟད་སྦྱར་བ་སོ་ལ་བར་བག་ཙམ། ལྕེ་ཡ་རྐན་ལ་སྦྱར་ལ་བདེ་བའི་སྟན་ལ་འཁོད་པར་བྱ་སྟེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས། སྒྲུབ་པོ་བདེ་བའི་སྟན་འདུག་སྟེ། །མིག་ནི་སྣ་རྩེར་གཏད་བྱས་ནས། །སྣ་མཐོང་ལྟ་བའི་ཚད་དུ་ཞོག །ཕྲག་དཔུང་མཉམ་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །དབུགས་ཀྱི་དབྱུང་རྔུབ་གློད་ནས་ནི། །ཅུང་ཟད་རྩོལ་བ་བྲལ་བ་ཡི། །རྡོ་རྗེ་སྐྱིལ་ཀྲུང་ལེགས་གནས་ཤིང༌། །དེ་ལྟར་ཕྱག་རྒྱ་དང་ལྡན་པས། །ཞེས་གསུངས་པ་ལྟར་དང༌། སྐྱོན་གསུམ་དང་བྲལ་བར་བྱ་སྟེ། འབྱུང་བཞི་ལུས་ཀྱི་འདུག་ཚུལ་ནི། །བདེ་དང་ཡངས་དང་ལྷོད་དང་གསུམ། །ཞེས་པར་ལྟར་རོ། །དེ་ལྟར་བཅས་པའི་དགོས་པ་ནི། ཀྱཻ་རྡོ་རྗེ་ལས། །ལུས་ལ་ཡེ་ཤེས་ཆེན་པོ་གནས། རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པ་དང༌། རྗེ་དུས་གསུམ་མཁྱེན་པས་ཀྱང༌། ཕ་རི་ལྟ་ན་ཚུ་རི་ནས་སྟོན། །སྟོང་པ་འདོད་ན་སྣང་བ་གཏན་ལ་ཕོབ། །སེམས་གནས་པར་འདོད་ན་ལུས་འཁྲུལ་འཁོར་གྱིས་ཆུན། ཞེས་སོགས་མཐའ་ཡས་པར་གསུངས་པས་རྟེན་ལུས་འཁྲུལ་འཁོར་གྱིས་བཅིངས་ཙ་ན་བརྟེན་པ་སེམས་ལ་རྣམ་རྟོག་མི་འགྱུ་དགུ་འགྱུ་རང་འགགས་སུ་འགྲོ་སྟེ། དཔེར་ན་རྟེན་ཁྱིམ་གྱི་སྒོ་ལ་ལྕགས་བཅུག་ན་བརྟེན་པ་མི་ལ་འགྲོ་ས་མི་ཡོང་བ་བཞིན་ནོ། །དེ་ལྟར་སེམས་མི་རྟོག་པ་ལ་ཐིམ་སོང་ཙ་ན་ལྷན་སྐྱེས་ཀྱི་ཡེ་ཤེས་ལྷག་མཐོང་ཡང་རྟོགས་པར་འགྱུར་ལ། དེ་མཐོང་བར་བྱེད་པ་ལ་སེམས་གནས་དགོས། སེམས་གནས་པར་བྱེད་པ་ལ་ལུས་འཁྲུལ་འཁོར་གྱིས་གཅུན་དགོས། མཚན་ཉིད་ཐེག་པ་བས་ལྷན་སྐྱེས་ཀྱི་ཡེ་ཤེས་རྒྱུད་ཐོག་གཅིག་ཏུ་གཏན་ལ་མི་ཕེབས་པས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་མི་ཐོབ་པར་དུས་རིང་པོར་འགོར་ཏེ། སམྦུ་ཊི་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་དག་གི་ཆོ་གས་ནི། །ལུས་ཀྱི་དེ་ཉིད་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་དང༌། འདུལ་བ་ལུང་ལས་ཀྱང༌། ཕྱི་རོལ་པའི་དྲང་སྲོང་ལྔ་བརྒྱ་ལ་རང་སངས་རྒྱས་མཐོང་བའི་སྤྲེའུ་ཞིག་གིས་ལུས་གནད་བསྟན་པས་མངོན་པར་ཤེས་པ་ལྔ་ཐོབ་ཅིང་རང་བྱང་ཆུབ་ཀྱང་ཐོབ་པའི་གཏམ་རྒྱུད་གསུངས་པ་དང༌། མན་ངག་དུ་མ་ལས་ཀྱང༌། །ལུས་དྲང་བས་རྩ་དྲང༌། རྩ་དྲང་བས་རླུང་དྲང༌། རྩ་རླུང་གནད་དུ་ཆུན་པས་སེམས་ཟིན་པ་ཡིན། ལུས་ཀྱོག་པོ་ཞིག་བྱས་ནས་བསྒོམས་ན་ཅི་ཙུག་བྱས་ཀྱང་སེམས་ཟིན་པ་མི་འོང༌། རྣམ་རྟོག་གི་རྟ་རླུང་ཡིན། །རླུང་ཚུལ་བཞིན་དུ་རྒྱུ་ཞིང་ཟིན་པས་སེམས་ཟིན་པ་ཡིན། སྤྱིར་སེམས་ཀྱིས་རླུང་ཟིན་པ་དང༌། རླུང་གིས་སེམས་ཟིན་པ་གཉིས་བྲམ་ཟེ་ཆེན་པོ་དང་ནཱ་རོ་པའི་བཞེད་པ་ཡིན་པ་ལས། དང་པོ་ནི་སེམས་མ་བཅོས་པར་བཞག་པས་རྟོག་པ་གྱ་གྱུ་ཐམས་ཅད་རང་སར་ཞི་འགྲོ་བ་དེ་སེམས་ཀྱིས་རླུང་ཟིན་པ་ཡིན། གཉིས་པ་ནི་བླ་མ་སྤྱི་བོར་བསྒོམས་ནས་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་ནས་རང་ལ་བསྟིམ་སྟེ། སྣ་བུག་ནས་རླུང་རོ་ངན་པ་ཐམས་ཅད་སངས་ཀྱིས་བུས་རླུང་གིས་ནད་གདོན་དང་རྣམ་རྟོག་ཐམས་ཅད་ཕྱིར་སོང་བར་བསྒོམས་ཏེ་སྟེང་རླུང་ཚུར་བཟུང་འོག་རླུང་རང་སང་བཞག །དམིགས་པ་མདུན་དུ་གཏད་དེ་རང་ལུགས་སུ་བཞག་པས་སེམས་མི་ཟིན་ཀ་མེད་དེ། དེ་ནི་རླུང་གིས་སེམས་ཟིན་པའོ། །འདི་ནི་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་ཞེས་པའི་དོན་ཡང་ཡིན་ནོ། །རྒྱས་པར་ཆོས་ཐུན་ཉི་ཤུ་པ། དམིགས་པ་བཅུ་དགུ་པ། བསྡུ་ན་འདི་མི་དགོས།། ༈ །།གཞན་ཡང་ལུས་གནད་ཚུལ་བཞིན་དུ་བཅས་པའི་དགོས་པ་ནི། རྐང་པ་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་དབུ་མར་ཚུད་ཅིང་ཉོན་མོངས་པ་ཕྲག་དོག་ཞི་བ་དང་བར་གཅོད་ཀྱིས་མི་ཚུགས་པའོ། །ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་སོར་བཞིར་བཅས་པས་ཆུ་བླུད་དབུ་མར་ཚུད་དེ་ཉོན་མོངས་པ་ཞེ་སྡང་ཞི་བ་ཡིན། སྒལ་ཚིགས་མདའ་ལྟར་བསྲང་ཞིང་དཔུང་པ་རྒོད་གཤོག་ལྟར་གདེང་པས་ས་རླུང་དབུ་མར་ཚུད་དེ་གཏི་མུག་ཞི། མགྲིན་པ་བྲང་ལ་གུག་ཙམ་བྱས་པས་མེ་རླུང་དབུ་མར་ཚུད་དེ་འདོད་ཆགས་ཞི། མིག་མི་བཙུམ་པར་སྣ་རྩེ་ནས་སོར་བཞིའི་ཐད་དུ་ལྟ་བ་དང་ལྕེ་ཡ་རྐན་ལ་སྦྱར་བས་རླུང་གི་རླུང་དབུ་མར་ཚུད་དེ་ང་རྒྱལ་ཞི་ཤེས་པ་གསལ་བར་བྱེད། དེའང་སེམས་གནད་རླུང༌། རླུང་གནད་རྩ། རྩ་གནད་མིག་ལ་ཡོད་པས་ལྟ་སྟངས་མ་འཆུགས་པ་གལ་ཆེ། དེ་ལྟར་ལུས་བསམ་གཏན་གྱི་ཆོས་ལྔའམ་བདུན་བཅས་པས། དུག་ལྔ་རང་ཞིར་འགྲོ་ཞིང་རླུང་སེམས་རང་བཞིན་གྱིས་དྷཱུ་ཏཱིར་ཚུད་ནས་རྟོག་པ་ཐམས་ཅད་རང་འགགས་ལ་འབོལ་ཤིག་གེ་དངས་སིང་ངེར་འགྲོ་ཞིང་རྟོགས་པ་མྱུར་དུ་འཆར་བས་ལུས་གནད་གལ་ཆེ། །ལུས་སྙེས་པ་དང་ཁྱག་ཁྱོག་སོགས་གནད་དུ་མ་སོང་ན་རྟོག་པ་འཕྲོས་ནས་སེམས་མི་ཟིན་ཞིང༌། འཁྲུལ་འཁོར་གཡས་སུ་ཡོ་ན་དང་པོ་གསལ་ཉམས་སྐྱེ། དེ་ནས་ཞེ་སྡང་རང་རྒྱུད་པ་འབྱུང་ཞིང་གདོན་རྒྱལ་པོ་སོགས་གནོད་པའི་ཉེན་ཡོད། །གཡོན་དུ་ཡོ་ན་དང་པོར་བདེ་ཉམས་དང་དེ་ནས་འདོད་ཆགས་དྲག་པོ་འབྱུང་ཞིང་གདོན་གླུ་དང་མོ་རིགས་སོགས་གནོད། མདུན་དུ་གུག་ན་དང་པོར་མི་རྟོག་པ་རྩོལ་མེད་དུ་སྐྱེ་དེ་རྗེས་སུ་གཏི་མུག་ཏུ་འགྱུར་ཞིང་གདོན་ས་བདག་ལ་སོགས་པ་གནོད། ཁྱད་པར་དུའང་མི་གཉིས་ལ་སོགས་པ་གྲོས་བྱས་པ་མཐོང་ན་འདི་གཉིས་ང་ལ་ཁ་ཟེར་བ་འདུག་སྙམ་པ་དང་མི་དགའ་བ་ལ་སོགས་བསྲོག་འཛིན་གྱི་རླུང་ལོག་པའི་ཉེས་པ་དུ་མ་འབྱུང༌། ལུས་གནད་རྒྱབ་ཏུ་དགྱེ་ན་དང་པོར་སྟོང་ཉམས་རྩོལ་མེད་དུ་སྐྱེ། དེ་ནས་ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་འབྱུང་གོང་གི་གདོན་རྣམས་ཀྱི་རྟོག་པའང་འཆར་ཁྱད་པར་སེམས་མི་གནས་ཤིང་རྟོག་པ་འཕྲོ། ལུས་སྔོ་སྐམས་སུ་འགྲོ་བ་དང་ཁམས་འཛག་པ་ལ་སོགས་པའི་ཉེས་པ་འབྱུང་ངོ༌། །དེས་ན་ཉེས་པ་གང་ཡང་མི་འབྱུང་ཞིང་ཡོན་ཏན་ཐམས་ཅད་རྫོགས་པའི་གནད་ལུས་གནད་ཡིན་པས་འཁྲུལ་འཁོར་མ་ཆུགས་པ་གལ་ཆེའོ། །བསམ་གཏན་གྱི་ཆོས་ལྔ་ནི། བླ་མ་ཞང་གིས། ལུས་ཀྱི་གནད་ལ་ལྔ་སྟེ། །མདའ་ལྟར་བསྲང་བ་དང༌། ལྕགས་ཀྱུ་ལྟར་དགུག་པ་དང༌། རེའི་མིག་ལྟར་བསྣོལ་བ་དང༌། ལྕགས་སྒྲོག་ལྟར་བསྡམ་བ་དང༌། ལྀ་ལྀ་ལྟར་བསྒྲིམ་པའོ། །མདའ་ལྟར་བསྲང་བ་ནི། སྒལ་ཚིགས་མདའ་ལྟར་བསྲང་བ་སྟེ་དཔེར་ན་མདའ་བསྲང་བ་དེ་ཐད་ཀར་བསྲངས་པས་མི་སྲོངས་ཏེ་ཀྱོག་ཕྱོགས་སུ་དྲག་པོར་སྲོང་བ་བཞིན་དུ་གསུས་ཆུང་བའི་གཉེར་མ་གསུམ་པོ་དྲང་བ་ཙམ་དུ་སྐེད་པའི་ཚུགས་དགྱེ་ལོག་གིས་གཏོང་བ་སྟེ་དེའི་དགོས་པ་ནི་རྩ་གསུམ་རང་གནས་སུ་གནས་ལ་ཨ་བ་དྷཱུ་ཏཱི་དྲང་ཐད་ཀྱིས་སོང་བས་རྩ་མདུད་གྲོལ་ཏེ་རླུང་དྷཱུ་ཏཱིར་ཚུད་སླའོ། །ལྕགས་ཀྱུ་ལྟར་དགུག་པ་ནི་མགྲིན་པ་ཡིད་ཙམ་རང་བབས་སུ་དགུག་པ་སྟེ། དེའི་དགོས་པ་ནི་རྩ་གཡས་གཡོན་གཉིས་ཉ་མོ་ཁ་གདངས་པ་ལྟ་བུ་ནས་རླུང་དང་རྣམ་རྟོག་འཕྲོ་བ་དེ་བཀག་པས་མི་རྟོག་པ་སྐྱེ་བའོ། །རེའི་མིག་ལྟར་བསྣོལ་བ་ནི་རྐང་པའི་ལོང་བུ་བསྣོལ་བ་སྟེ། དེའི་དགོས་པ་ནི་རྡོ་རྗེ་སྐྱིལ་ཀྲུང་གི་དོད་པོ་ཡིན་པས་བར་ཆད་ཀྱིས་མི་ཚུགས་པའོ། །ལྕགས་སྒྲོག་ལྟར་བསྡམ་པ་ནི་རྡོ་རྗེའི་མདུད་པའམ་སྒོམ་ཐག་ལ་སོགས་པས་པུས་མོ་ནས་ཚུར་དམ་པར་འཁྱུད་པ་ཡིན་ཏེ་དེའི་དགོས་པ་ནི་ལུས་ཀྱི་གནད་མི་འཆུགས་པར་བྱེད་པའོ། །ལྀ་རྀ་ལྟར་བསྒྲིམ་པ་ནི་འཕོངས་སུ་གོས་ཀྱི་འབོག་བཅུག་ནས་འོག་སྒོ་དྲག་ཏུ་སྡོམ་པ་ཡིན་ཏེ། དེའི་དགོས་པ་ནི་རྩ་རླུང་གཉིས་ནང་ཕྲད་ནས་བདེ་དྲོད་མྱུར་ཏུ་སྐྱེ་བར་བྱེད་པའོ། །དེ་ལྟ་བུའི་ལུས་ཀྱི་གནད་ལྔ་པོ་འདི་ལ་རྗེ་བཙུན་མར་བ་ལྷོ་བྲག་པའི་ཞལ་ནས། བོད་ཀྱི་གདམས་ངག་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་པ་བས་ངའི་ལུས་གནད་ལྔ་པོ་འདི་གདམས་ངག་ཆེ་བ་ཡིན། དེ་ཅི་སྟེ་ཞེ་ན། །ངའི་ལུས་གནད་ལྔ་པོ་འདི་བཅས་པའི་གནད་ཀྱིས་རླུང་དྷཱུ་ཏཱིར་རང་ཚུད་ལ་འགྲོ་བ་ཡིན། དེའི་གནད་ཀྱིས་ལྟེ་བ་ནས་གཏུམ་མོ་རང་འབར་ལ་འགྲོ་བ་ཡིན། དེའི་གནད་ཀྱིས་སྤྱི་བོ་ནས་བྱང་སེམས་ཀྱི་ཐིག་ལེ་རང་བབས་སུ་འབབས་པ་ཡིན། དེས་བདེ་བ་ངང་གིས་སྐྱེ་བ་ཡིན། དེས་རྣམ་རྟོག་ཆེད་དུ་དགག་མི་དགོས་པར་མི་རྟོག་པ་དབང་མེད་དུ་འཆར་བ་ཡིན། དེས་རྟོགས་པའི་ཡེ་ཤེས་ཤུགས་ལ་འཆར་བ་ཡིན། ཞེས་གསུངས། དེས་ན་དང་པོར་ལུས་ཀྱི་གཞག་ཐབས་གལ་ཆེ་ཞིང་འདི་ཉིད་ལ་ཡུན་རིང་དུ་གོམས་པས་ནང་གི་འབྱུང་བ་ཆ་སྙོམས་པར་འགྱུར་ཏེ་ཚེ་རིང་བ་དང་ནད་སྔར་ཡོད་པ་སོས་ཤིང་ཕྱིས་མི་འབྱུང་བ་དང་རྩ་རླུང་དངས་མ་སྟོབས་སུ་གྱུར་པས་སྟེང་གི་ལྕིད་ཀྱིས་འོག་ཏུ་མི་གནོད་པ་དང༌། རྩ་རླུང་ཐིག་གསུམ་ཚོགས་པ་གཅིག་པས་ལོ་ཟླའི་བར་དུ་གནས་ཀྱང་མི་བདེ་བ་མེད་པ་དང༌། དྭངས་མའི་དྭངས་མ་ཤིན་ཏུ་སྨིན་པས་རིག་པ་རང་གསལ་རྟོགས་པ་རྩོལ་མེད་དུ་སྐྱེ་བར་འགྱུར་རོ། །ཆོས་ཐུན་ཉེར་གཅིག་པའོ།། ༈ །།གཉིས་པ་སེམས་གནད་ནི། འདས་པའི་རྗེས་མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་སེམས་གསལ་ལ་མི་རྟོག་པའི་ངང་ལ་མཉམ་པར་བཞག་པའོ། །དེའང་འདས་པ་ནི་འགགས་ཤིང་ཞིག་པ་དང་སོང་ཟིན་པས་བསམ་བྱར་མེད་ལ། མ་འོངས་པ་ནི་མ་ཕྱིན་མ་གྲུབ་ཡུལ་ན་མེད་པས་བརྟག་གཞིག་བྱས་ཀྱང་དགོས་པ་མེད་ཅིང༌། ད་ལྟར་བ་དེ་ཡང་བརྟགས་ཤིང་དཔྱད་ན་སྐད་ཅིག་མ་སྔ་ཕྱི་དུ་མ་སིལ་བུ་བརྟག་མི་བཟོད་པ་བདེན་དངོས་སུ་མ་གྲུབ་པའི་ཕྱིར་བློའི་ཡུལ་ལས་འདས་པ་བསམ་བརྗོད་དང་བྲལ་བ་ཡིན་པས་ཡིན་མིན་ཡོད་མེད་བཟང་ངན་ལ་སོགས་པའི་མཚན་འཛིན་གྱི་དྲི་མ་ཅུང་ཟད་ཀྱང་མ་ཞུགས་པར་ཡིན་ལུགས་ཀྱི་ངང་ལ་གཞག་ཏུ་མེད་པའི་ཚུལ་གྱིས་གསལ་སྟོང་འཛིན་མེད་ཀྱི་ངང་དུ་གཞག་པར་བྱའོ། །དེའང་ཕྱག་རྒྱ་ཆེན་པོའི་ངོ་བོའི་གནས་ལུགས་ཀྱི་དོན་ལ་དུས་གསུམ་གྱི་སྤྲོས་པ་བཅད་མ་བཅད་ལ་མ་ལྟོས་མོད་ཀྱི། འོན་ཀྱང་ལས་དང་པོ་པ་སྒོམ་ལ་འཇུག་པའི་ཚེ་དུས་གསུམ་གྱི་རྟོག་པའི་བློ་རྒྱུན་མ་བཅད་ན་ཏིང་ངེ་འཛིན་རྒྱུད་ལ་མི་སྐྱེ་བས་ཉམས་ལེན་གྱི་ཁྲིད་ལག་ཏུ་བླང་བའི་ཚེ་དེ་ལྟ་བུའི་ཚུལ་གྱིས་ཁྲིད་པ་གལ་ཆེའོ། །ཆོས་ཐུན་ཉེར་གཉིས་པ། དམིགས་པ་ཉི་ཤུ་པའོ།། ༈ །།དེས་ན་སེམས་གནས་པར་བྱེད་པ་ལ་གནས་གནས་པོ་ཞིག་འདོད་ནས་བསྒྲིམས་དྲགས་ན་འཕྲོ་རྐྱེན་དུ་འགྱུར་བས་ཐོག་མར་མཉམ་པར་གཞག་གོ་སྙམ་པའི་འཕེན་པ་ཙམ་གཏོང་བ་མ་གཏོགས་དངོས་གྱི་ཚེ་སྒོམ་འདོད་ཀྱི་རྟོག་པ་དང་བྲལ་བའི་སྔོན་འགྲོ་སྒོམ་པ་ཡིན་སྙམ་པ་ཙམ་གྱི་རྟོག་པའང་མི་བྱེད་པར་ཧད་དེ་ཕྱད་དེ་འཛིན་མེད་ལྷུག་པའི་ངང་དུ་འཇོག །དེ་ཉིད་གོམས་སུ་བཅུག་སྟེ་སྤྱོད་ལམ་རྣམ་བཞིའི་དུས་སུའང་གསལ་སྟོང་འཛིན་མེད་ཀྱི་ངང་དེ་ལས་མ་ཡེངས་པར་བྱ་ཞིང༌། ཐོག་མར་ཟན་ཁམ་གཅིག་གམ་ཇ་ཧུབ་རེ་ཙམ་དང་མ་ཎི་ཚར་རེ་འདྲེན་རིང་ཙམ་མམ་ལངས་ནས་གོམ་པ་དོ་གསུམ་ཙམ་གྱི་རིང་ལ་མ་ཡེངས་བར་སྐྱོང་གང་ཐུབ་བྱ། དེ་གོམས་ནས་རྐྱེན་བཟང་ངན་མི་ཚོགས་ཆེ་ཆུང་གང་གི་དུས་སུའང་མ་ཡེངས་པའི་གསལ་སྟོང་འཛིན་མེད་ཀྱི་ངང་དུ་གནས་པ་ལ་བསླབ། དེ་རྣམས་ཀྱི་དོན་ཀྱང་རྗེ་སྒམ་པོ་པས། འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མི་བསུ། །ད་ལྟར་གྱི་ཤེས་པ་རང་གི་རྣལ་མར་བཙན་གྱི་ཞོག །དེ་ལ་འདས་པའི་རྗེས་མི་བཅད་ཟེར་ཙ་ན་འོ་སྐོལ་གྱི་བློ་རྣམ་རྟོག་སྔ་མའི་ཕྱིར་མི་འབྲང་བ་ཡིན། མ་འོངས་པའི་མདུན་མི་བསུ་ཟེར་ཙ་ན་འོ་སྐོལ་གྱི་བློས་རྣམ་རྟོག་ཕྱི་མའི་མདུན་མི་བསུ་པ་ཡིན། ད་ལྟར་གྱི་ཤེས་པ་རྣལ་མར་བཙན་གྱིས་ཞོག་ཟེར་ཙ་ན་ད་ལྟར་གང་དུའང་མི་དམིགས་པ་ལ་ཟེར་བ་ཡིན། སེམས་མ་བཅོས་ན་གསལ། ཆུ་མ་རྙོག་ན་དྭངས་བྱ་བ་ཡིན་པས་མ་བཅོས་པའི་ངང་ལ་རང་གར་བཙན་གྱིས་ཞོག །དེ་ལྟར་བཞག་པས་གསལ་ལ་རྟོག་པ་མེད་པ་སིང་ངེ་ཡེ་རེ་བ་སེ་གོལ་གཏོགས་པ་ཙམ་མམ་བ་འཇོ་བའི་ཡུན་ཙམ་ལ་སོགས་པ་ཡོང༌། དེ་ཡུན་རིང་བ་ལ་ཡོན་ཏན་དུ་མི་ལྟ། ཐུང་བ་ལ་སྐྱོན་དུ་མི་ལྟ་བར་བསྒོམ། དེའི་རྗེས་ལ་རྣམ་རྟོག་གཅིག་ཡོང་དེ་ལ་གློད་ནས་འཇོག །འཇུར་བུས་བཅིངས་པའི་སེམས་ཉིད་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །བྱ་བ་ཡིན་པས་གློད་པ་ཡིན། དེ་ལྟར་གློད་ཅིང་བསྒོམས་པས་གསལ་ལ་རྟོག་པ་མེད་པ་དེ་ཡུན་ཇེ་རིང་ཇེ་རིང་ཅི་ཞིག་ཙ་ན་རང་གི་ངོ་བོའི་ནང་དུ་འཕྲལ་གྱིས་འགྲོ་བ་འོང༌། དེ་ལྟར་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་བྱ་བ་དེ་ལ་ཟེར་བ་ཡིན། ཞེས་དང༌། ཌོམྦྷི་ཧེ་རུ་ཀའི་དགོངས་པ་དྭགས་པོ་རིན་པོ་ཆེས་གསུངས་པ་ནི། ཆུ་མ་རྙོག་ན་དྭངས་བ་བཞིན་དུ་ཚུལ་མ་བཅོས་པར་བཞག་གོ །ཉི་མ་སྤྲིན་གྱིས་མ་བསྒྲིབས་པ་བཞིན་དུ་ཚོགས་དྲུག་མི་དགག་པར་རང་ལུགས་སུ་གཞག་གོ །དུས་དང་སྤྱོད་ལམ་ཐམས་ཅད་དུ་མ་ཡེངས་པར་གཞག་གོ །ཞེས་དང༌། རྗེ་རྒོད་ཚང་པས། མེད་པའི་ངང་ལ་ལྷོད་དེ་ཞོག །ཡལ་ལེ་ཕྱད་དེ་འཛིན་མེད་ཞོག །ཅེས་པ་ནི་སེམས་ནི་བཙལ་བས་མི་རྙེད། བལྟས་པས་མི་མཐོང༌། བརྟགས་ན་མ་གྲུབ། བཟུང་ན་མི་ཟིན། བཏང་ན་མི་འགྲོ། བཞག་ན་མི་སྡོད། བསྲེས་ན་མི་འདྲེ། ཕྱེ་བས་མི་ཕྱེད། ཕྲལ་བས་མི་ཕྲོལ། བལྟས་པས་མི་ཤེས། བཤད་པས་མི་རྟོགས། དཔེ་གང་གིས་ཀྱང་མི་མཚོན། ཐོག་ཏུ་གང་གིས་ཀྱང་མི་ཕེབས། མིང་གང་ལྟར་བཏགས་ཀྱང་འགལ་བ་མེད་དོ། །དེ་ཉམས་སུ་ཇི་ལྟར་ལེན་ན། ཆེད་དུ་མི་སྤྲོ། ཆེད་དུ་མི་བསྡུ། བཏང་སྙོམས་སུ་མི་གཞག །རྟོག་པ་རང་རྒྱུད་དུ་མི་གཏོང༌། བྱུང་ཚོར་གྱི་རྗེས་སུ་མི་འབྲང༌། རིག་དཔྱོད་ཀྱི་བསླད་མི་གཞུག །ཕྱི་ཡུལ་མེད་སྟོང་པ་ལ་དངོས་པོར་མི་འཛིན། ནང་བདག་མེད་སྟོང་པ་ལ་ཕྱལ་བར་མི་ལྟ། འགྱུ་བ་རྩ་བྲལ་སྐྱོན་དུ་མི་གཟུང༌། སྣང་འཛིན་དང་སྟོང་འཛིན་གྱི་ཕྱོགས་སུ་མི་བཏང་ངོ༌། །འདས་པའི་རྗེས་མི་བསྙག །མ་འོངས་པའི་སྔུན་མི་བསུ། ད་ལྟར་བ་ལ་དངོས་པོར་མི་འཛིན་པར་ཤེས་པ་བཟོ་མེད་དུ་ཕྱལ་ལེ། རྩོལ་མེད་དུ་ཤིག་གེ། །གཏད་མེད་དུ་ཁྲེས་སེ། འཛིན་མེད་དུ་བུན་ནེ། སྐྱེ་མེད་དུ་སིང་ངེ༌། །འགག་མེད་དུ་ཐལ་ལེ། སྒྲིབ་མེད་རུ་གསལ་ལེ། ཕྱི་རུ་ཡུལ་གཅིག་མ་ལུས། ནང་དུ་སེམས་གཅིག་མ་ལུས་པར་མཉམ་ཁད་དེ་བཞག །དེ་སྐད་དུ་ས་ར་ཧས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། གློད་ན་གྲོལ་པར་ཐེ་ཚོམ་མེད། ཅེས་པ་དང༌། མ་བཅོས་ཤེས་པ་སོ་མར་ཞོག །བཅོས་པའི་སེམས་ཀྱིས་འཕགས་ལམ་ཐོབ་མི་འགྱུར། །ཞེས་གསུངས་པས་ཤེས་པ་མ་བཅོས་རང་ལུགས་སུ་བཞག་པས་རྟོག་པ་རགས་པ་འགག །གསལ་སྟོང་གི་ཉམས་སྐྱེ། བླ་མའི་དྲིན་དྲན། རང་སྐྱིད་དུ་ཚོར། འཁོར་བ་ལ་བློ་ལྡོག །དེ་ལ་ཞི་གནས་ཞེས་ཟེར་ཏེ། ཞི་ནི་ཉོན་མོངས་ཞི། གནས་ནི་དེའི་དོན་ལ་གནས། ཏིང་ངེ་འཛིན་ཀྱང་དེ་ཡིན་ཏེ། ཏིང་ངེ་ནི་མི་གཡོ་བ། འཛིན་ནི་མི་བཏང་བའོ། །ཞེས་དང༌། སྐྱེ་མེད་ཞང་གིས། དུས་གསུམ་གྱི་སྤྲོས་པ་གཅོད་པར་བྱེད་པ་བྱ་བ་ཡིན་ཏེ། འདས་པ་ཡིད་ལ་མི་བྱེད། མ་འོངས་པ་ཡིད་ལ་མི་བྱེད། ད་ལྟར་དུའང་ཡིད་ལ་མི་བྱ་སྟེ། རིག་པ་བཅས་བཅོས་མེད་པར་རང་ལུགས་སུ་ལྷོད་ཀྱི་གློད་ལ་བཞག་གོ །གློད་མ་ཤེས་ན་ཤེས་པ་རྣལ་དུ་མི་ཕེབས་ཤིང་ཡེ་ཤེས་མི་འཆར་ཏེ། དཔེར་ན་ལྕགས་སུ་བཅུག་པའི་མི་ལ་འབྲོས་པའི་བསམ་པ་འབའ་ཞིག་དང་ལྡན་ལ། མ་བཅུག་ན་འཕྲོས་པའི་བསམ་པ་མེད་པ་བཞིན་དུ་ཤེས་པ་འདི་ཡང་བཟུང་བ་བཙུག་བྱས་ན་འཕྲོ་བ་ཡིན། །མ་བཟུང་ན་འཕྲོ་མི་སྲིད་པས་ཤེས་པ་གློད་ལ་བཞག་གོ །གློད་པའི་ངང་སྐད་ཅིག་མ་དེ་ཉིད་ཤེས་པ་གསལ་ལ་མ་འགགས་པ་ཧྲིག་གེ་བ། ཕྱད་དེ་བ། ཡལ་ལེ་བ། སྟོང་སང་ངེ་བ་མི་འཆར་མི་སྲིད་དོ། །ཞེས་དང༌། མདོར་ན་རྣམ་རྟོག་སྔ་མ་ལ་མི་བསམ། ཕྱི་མ་ལ་མི་བསམ། ད་ལྟ་རང་ཉིད་རྣམ་རྟོག་ཅི་འདྲ་ཞིག་འགྱུ་ཡིན་འདུག་སྙམ་དུ་ད་ལྟར་གྱི་རྟོག་པ་སྐད་ཅིག་མ་འདི་ཉིད་ལ་ཅེར་གྱིས་བལྟས་པས་རྟོག་པའི་རྒྱུ་འགྲུལ་རྦད་ཀྱི་ཆད་ནས་མ་ཡེངས་བར་དུ་རྟོག་པ་མི་འོང་ན་མ་ཡེངས་པ་དང་རྟོག་པ་ཡེང་གྱི་ཡོང་སྟེ། བྱུང་བའི་རྟོག་པ་དེ་ཉིད་འདོད་ཐོག་ཏུ་བྱས་ལ་ཅེར་གྱིས་བལྟས་པས་རྟོག་པ་རང་སར་གྲོལ་ནས་མི་རྟོག་པར་ཆམ་ཆམ་འགྲོ། དེ་ལྟར་རྟོག་པ་གང་བྱུང་བྱུང་ལ་འདོད་ཐོག་ཏུ་བྱ་ཞིང་ཅེར་ཅེར་བལྟའོ། །ཐུན་ཡུན་མི་རིང་ཙམ་དུ་གསལ་བདོ་བ་ལ་འཕྲོ་བཅད་ཀྱིན་ཡུན་ཐུང་ལ་གྲངས་མང་དུ་བྱའོ། །ཞེས་དང༌། སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་ལ་སོགས་པ་བཅས་ཏེ་ཕྱག་རྒྱ་ཆེན་པོ་མི་སྒོམ། དེ་བཞིན་དུ་སྐྱེ་མེད་དང་སྤྲོས་བྲལ་དང་བློ་འདས་དང་མཚན་མེད་དང་དམིགས་མེད་དང་དམིགས་པ་དང་མཚན་མ་ལ་སོགས་པ་ཆེད་དུ་བྱས་པ་གང་ཡང་མི་སྒོམ། འོན་ཇི་ལྟར་བྱ་ཞེ་ན། ལུས་མི་སྒུལ། མིག་མི་འཛུམ་པར་རྣམ་པར་རྟོག་པ་འདས་པའི་རྗེས་མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་རྟོག་པ་སྐད་ཅིག་མ་འདི་ཉིད་ངོས་བཙིར་གྱིས་འཛིན་པ་གནད་ཡིན་ཏེ། ད་ལྟར་གྱི་རང་གི་རྟོག་པ་ལ་ཅེར་གྱིས་བལྟས་པའི་སྐད་ཅིག་མ་དེ་ཉིད་ལ་རྒྱུ་འབྲས་དུས་མཚུངས་མཚན་མ་རང་སར་གྲོལ་བ་ཆོས་ཉིད་ཡིན། དེ་ལྟར་ཡང་དང་ཡང་དུ་རྟོག་པ་བྱུང་ཚད་ལ་བལྟས་པས་དུས་ཚོད་ཅིག་ན་རྟོག་པ་ངོས་ཚིར་གྱིས་ཟིན་ཏེ་སྐད་ཅིག་དེ་ཉིད་ལ་གྲོལ་བར་འགྱུར་རོ། །རྟོག་པ་ངོས་ཚིར་གྱིས་ཟིན་པའི་སྐད་ཅིག་མ་དེ་ཉིད་ལ་ཕྱག་རྒྱ་ཆེན་པོ་རྟོགས་ཞེས་བྱ། ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཞེས་བྱ། སྒོམ་བྱུང་ཞེས་བྱ་སྟེ་རྟོག་པ་ངོས་ཟིན་པའི་སྐད་ཅིག་དེ་ཉིད་ལ་འཁོར་བ་ཐོགས་མེད་ནས་བསགས་པའི་སྡིག་པ་མ་ལུས་པ་ཕམ་ཞིང་དག་པར་བྱེད་དོ། །ཞེས་དང༌། བླུན་པོས་བ་ལང་སྐྱོང་བ་བཞིན། །རྣལ་འབྱོར་ཤེས་པ་གང་དགར་བཏང༌། །ཞེན་མེད་ཁྱི་རོ་ལྟ་བུར་བཞག །འདོད་མེད་མཛེ་ཕོ་ལྟ་བུར་བཞག །བྲམ་ཟེ་སྐུད་པ་འཁལ་བ་བཞིན། །རྣལ་འབྱོར་ཤེས་པ་གློད་ལ་ཞོག ། འཛིན་མེད་མི་རོ་ལྟ་བུར་ཞོག །དྲན་མེད་སྨྱོན་པ་ལྟ་བུར་ཞོག །འགག་མེད་ནམ་མཁའ་ལྟ་བུར་ཞོག །གསལ་བ་ཤེལ་སྒོང་ལྟ་བུར་ཞོག །མ་བཅོས་བུ་ཆུང་ལྟ་བུར་ཞོག །ལྟུག་པའི་ཚུར་དུ་བསྡད་པར་བྱ། །སེམས་ཀྱི་གཞག་ཐབས་བསྟན་པའོ། །དེ་ལྟར་བཞག་པའི་དུས་སུ་སེམས་གནས་པ་ནི་རིག་པ་ཙམ་གྱིས་ལུས་པའམ་ཤེས་པ་ལ་གང་ཡང་མི་རྒྱུ་བས་བཙན་ནེ་གནས་པའོ། །དེ་ལྟར་བྱུང་ཙ་ན་སེམས་ཟིན་པར་ངོ་ཤེས་པའོ། །སྔར་རྣམ་རྟོག་འབའ་ཞིག་ཏུ་སོང་འདུག་སྙམ་པའང་འབྱུང༌། དེ་ལྟར་སེམས་གནས་པ་དེ་དང་པོ་ཡུན་ཟུང་ལ་གྲངས་མང་བར་སྒོམ། དེ་ནས་ཡུན་ཇེ་རིང་ཇེ་རིང་བསྲིང་ཞིང་བསྒོམ། ཕྱིས་གོམས་ནས་གར་བསྡད་བསྡད་དུ་འོང༌། སྤྱོད་ལམ་རྣམ་བཞི་ཁྱད་མེད་པའང་ཡོང༌། སེམས་གནས་པའི་རྟགས་ལ་ཉམས་སྐྱེས་པའི་དུས་སུ་དེ་ལ་ཤེས་པ་གཏད་པའི་མོད་ལ་ཞི་བའང་འབྱུང༌། རང་ལ་རང་མགུ་བའང་ཡོང༌། སྐྱིད་དུ་ཚོར་བ་དང༌། ཤེས་པ་ཤིན་ཏུ་བདེ་བ་དང༌། བྱ་བ་བྱེད་སྙིང་མི་འདོད་པ་དང༌། སྒོམ་སྙིང་ཡང་ཡང་འདོད་པ་དང༌། མི་འདོད་པ་དང༌། ཤེས་པ་ཤིན་ཏུ་དྭངས་པ་དང༌། དགའ་བ་ཡང་དང་ཡང་དུ་འབྱུང་བ་དང༌། དབེན་པར་སྡོད་སྙིང་འདོད་པ་དང༌། གདམས་ངག་ལ་ངེས་ཤེས་སྐྱེ་བ་དང༌། བླ་མ་ལ་གུས་པ་ཡང་ཡང་འབྱུང་བ་དང༌། འཁོར་བ་ལ་སྐྱོ་བ་སྐྱེ་བ་དང༌། སྒོམ་དགོས་པར་འདུག་ཅིས་ཀྱང་མི་ཕན་འཆི་བར་འདུག་སྙམ་པ་འོང༌། ཆོས་འདི་འདྲ་བ་དང་ཕྲད་པ་བསོད་ནམས་བསགས་སྐྱིད་པར་འདུག་སྙམ་པའང་འབྱུང༌། དེ་ལ་སོགས་པ་ཟད་པ་མེད་པ་འབྱུང་ངོ༌། །དེ་ལ་ཞི་གནས་ཀྱི་མགོ་ནོན་ཞེས་ཀྱང་བྱ། སེམས་ཟིན་ཞེས་ཀྱང་བྱ། སེམས་གནས་པའམ་ཡུལ་དུ་མེ་རྒྱུ་བ་ཞེས་ཀྱང་བྱ། ཞེས་དང༌། གྲུབ་ཐོབ་ཨོ་རྒྱན་པས། ཕྱག་རྒྱ་ཆེན་པོའི་དོན་ཉམས་སུ་ལེན་པ་གློ་བུར་གྱི་དྲི་མ་སྦྱོང་བའི་དངོས་གཞི་ཡིན་པས་ལམ་མཐར་ཕྱིན་པའི་དུས་སུ་གློ་བུར་གྱི་དྲི་མ་ཞེས་པ་ཡུལ་འབུད་པ་ཡིན་གསུངས། དེ་ལྟ་བུའི་ཕྱག་ཆེན་གྱི་གདམས་པ་ཐུགས་ལ་འདོགས་པར་ཞུ་ཞུས་པས། དེ་ལ་གདམས་པ་ལོགས་ན་ཡོད་པ་མིན། ཏེ་ལོ་པའི་ཆོས་དྲུག་ལ་ཉམས་ལེན་གནད་དུ་བསྣུན་དགོས་པ་ཡིན་གསུངས། དེ་ཉམས་སུ་ལེན་པ་ལ་ཞལ་གདམས་ཞིག་ཐུགས་ལ་འདོགས་དགོས་ཞུས་པས། དེ་ལ་ཞལ་གདམས་བཤད་པ། མི་མནོ། མི་བསམ། མི་སེམས། མི་སྒོམ། མི་དཔྱད་སེམས་རང་བཞིན་དུ་བཞག་ཅེས་པ་ལ། མི་མནོ་ཞེས་པ་ནི་སྔར་འདས་པའི་སྟེང་དུ་སྟེ་འདས་པའི་རྗེས་བཅད་ན་རྣམ་རྟོག་གཟུང་འཛིན་གྱི་རྒྱུ་ཡིན། སྔར་འདས་པ་ལ་ཉམས་ལེན་རག་ལས་པ་མེད་པས་སྔར་འདས་ཀྱི་རྗེས་མི་གཅོད་ཅེས་པའི་དོན་ཡིན་ཞིང༌། མི་བསམ་ཞེས་པ་ནི་ད་ལྟར་བའི་སྟེང་དུ་སྟེ་ད་ལྟར་བའི་སྟེང་དུ་བཟོ་བཅོས་བྱས་ན་ཉམས་སུ་བླང་བྱའི་གཞི་འཆུགས་ཤིང་མཉམ་བཞག་རྐྱེན་དབང་དུ་འཆོར་ལ་ཕྱི་མི་ནང་དུ་ཤོར་བ་དང་འདྲ་བས་བཅོས་བསླད་ཀྱི་ཁ་སེ་མ་འདོགས་ཞེས་པའི་དོན་ཡིན། མི་སེམས་ཞེས་པ་ནི་མ་འོངས་པའི་སྔུན་མི་བསུ་བ་སྟེ་མ་འོངས་པའི་སྔུན་བསུ་བ་དང་ཤངས་ལེན་བྱས་ན་ཉམས་སུ་ལེན་རྒྱུ་ལ་བྱ་ཤོར་ནས་དངོས་གཞི་ངོས་གཟུང་དུས་མི་ཟིན་པས་དགྲ་བོ་ལ་བྱ་མ་ཤོར་བ་བྱ་དགོས་ཞེས་པའི་དོན་ཡིན། མི་སྒོམ་ཞེས་པ་ནི་སྟོང་པ་ཉིད་དུ་སྟེ་སྣོད་བཅུད་ཀྱི་འཇིག་རྟེན་འདི་བུམ་པ་ཆུས་སྟོང་པ་ལྟ་བུ་ཉི་ཚེ་བའི་སྟོང་པར་བསྒོམས་ན་གནས་ལུགས་གྱི་དོན་མི་རྟོགས་པས་སྣང་བ་འདི་རང་སོར་གཞག་ཅེས་པའི་དོན་ཡིན། མི་དཔྱད་ཅེས་པ་ནི་དམིགས་པའི་ཡུལ་དུ་སྟེ་དམིགས་ཡུལ་དུ་དཔྱད་ན་ཇི་ལྟར་བཟང་ཞིང་ཕུན་སུམ་ཚོགས་ཀྱང་མཚན་མའམ་བློའམ་ཡིད་ཀྱི་ཆོས་ལས་མི་འདའ་བས་ཞེ་འདོད་ཀྱི་ཡུལ་དུ་མི་དཔྱད་ཅེས་པའི་དོན་ཡིན། སེམས་རང་སོར་བཞག་ཅེས་པ་ནི་གཤིས་ཀྱི་ཡིན་ལུགས་ཀྱི་སྟེང་དུ་སྟེ་ལེགས་འདོད་ལ་སོགས་པའི་བཟོ་བཅོས་བྱས་ན་ཇི་ལྟར་བྱས་ཀྱང་ཆུད་གསོན་པས་ཁོ་རང་གི་གཤིས་གསལ་ལེ་བ། ཧྲིག་གེ་བ། རྗེན་ནེ་བ། དྭངས་སིང་ངེ་བ། གསལ་ཡེར་རེ་བ། ཨ་ཕྱད་དེ་བ། མིང་འདོགས་ཐམས་ཅད་དང་བྲལ་བ། མིང་འདོགས་ཐམས་ཅད་དང་མི་འགལ་བ། བརྗོད་པའི་ཡུལ་ལས་འདས་པའི་ཆོས་ཉིད། འབོ་ལྟོས་སེ་བ་འདི་ཁོ་རང་རང་རིག་རང་གསལ་བའི་ངང་དུ་ཅི་བདེར་ཞོག་ལ་གང་གི་སྒོ་ནས་ཀྱང་མ་གཙིར་ཞེས་པའི་དོན་ཡིན། དེ་ལྟར་ཆོས་དྲུག་པོ་དེའི་ཁོངས་སུ་ཕྱག་རྒྱ་ཆེན་པོའི་སྐྱོང་ཚུལ་ཐམས་ཅད་འདུ་བ་ཡིན་ནོ། །དེ་ལྟ་བུའི་གནད་ཀྱིས་ཟིན་ན་གློ་བུར་གྱི་དྲི་མ་ལ་བསྡད་པའི་ཡུལ་མི་ཡོང༌། ཞེས་དང༌། སེམས་གནས་འཚོལ་བའི་ཐབས་ལ་ཐོག་མར་བླ་མའི་མོས་གུས་ཁོ་ན་གཙོ་བོ་ཡིན། དེ་ནས་ལུས་གནད་དང་ལྟ་སྟངས་ལེགས་པར་ཆུན་པ་ཞིག་གལ་ཆེ། དེའི་སྟེང་ནས་སེམས་ཀྱི་འཇོག་ཐབས་ལ་འདི་བཞིན་བྱེད་པ་ཡིན་ས་ར་ཧས། འདི་སྐད་དུ། ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་ལྡོག་རྔ་མོ་ལྟ་བུར་བདག་གིས་རྟོགས། །ཞེས་པས་སེམས་ཉིད་གང་ཡང་མ་ཤོར་བར་གཟུང་དགོས་སྙམ་ན་བསམ་པའི་གཟུགས་དེ་རང་འཕྲོ་བའི་རྐྱེན་དུ་འགྱུར་བ་སྟེ། དཔེར་ན་གནས་གཞི་ཞིག་ཏུ་མི་ཞིག་འོངས་པ་དེ་ལ་དཔོན་པོའི་གསུང་གིས་ཁྱོད་གཞན་དུ་མ་གཏོང་གསུང་གིན་འདུག་པས་དེ་རིང་འདིར་སྡོད་ཅིག་བྱས་ན་སྔར་སྡོད་པ་ལ་སྤྲོ་ནས་འོངས་པ་ཡིན་ཀྱང་རྐྱེན་དེས་བསྐུལ་ནས་བྱ་དཀའ་འདི་དང་འདི་བཀོད་པ་ལས་འོས་མེད་པས་བཟུང་བ་དྲག་གམ་སྙམ་དུ་འབྲོས་པའི་ཆས་བྱེད་དུ་འོང་བ་དང་འདྲ། དེ་ལའང་དཔོན་པོའི་གསུང་དེ་མེད་ན་སྡོད་དུ་བྱུང་ཚད་ཀྱིས་ཟོ་བདེར་སྡོད་པ་ཞིག་འོང་བ་ཡིན། །དེ་བས་ན་སེམས་ལ་ལས་མི་འཆོལ་བར་ལྷོད་ཀྱིས་གློད་ནས་མ་ཡེངས་ཙམ་གྱི་ངང་ལ་ཅི་ཡང་མི་སྒོམ་ཞིང་བཟོ་བཅོས་གང་ཡང་མེད་པར་ལྷོད་དེ་ཤིག་གེ་འདོས་སེ་བཞག །རེ་དོགས་དང་རྩིས་གདབ་མེད་པའི་ངང་དུ་གུ་ཡངས་པར་བྱས། དེའི་ངང་ལ་འདས་པའི་རྗེས་མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་བ་ལ་བཟོ་བཅོས་རེ་དོགས་མེད་པར་འཇོག་ཅིང༌། ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་ལེགས་པར་བཅད་ནས་སེམས་སྣང་ཕྱིར་མ་ཤོར་བར་བྱས། ཐ་ན་སྒོམ་སྐྱེས་ན་དགའ་སྟེ་མ་སྐྱེས་ན་ཐུའོ་སྙམ་པ་བྱུང་ནའང་དེ་རང་རྟོག་པ་འཕྲོ་བའི་རྒྱུ་ཡིན་པས་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ངང་ནས་སེམས་རང་ཡན་དུ་ཧད་དེ་ཤིག་གེ་བཞག་པས་ད་གཟོད་སེམས་དེ་རང་བཞིན་དུ་གནས་པ་སྟེ། ས་ར་ཧའི་ཞལ་ནས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པས་དུས་གསུམ་གྱི་སྤྲོས་པ་བཅད་ནས་མ་བཅོས་པར་འཇོག་པ་འདི་སེམས་གནས་འཚོལ་བའི་མཆོག་ཡིན། དེ་ལྟ་མ་ཡིན་པར་གཞན་པས་ལྷག་པའི་ཞེ་འདོད་ཀྱིས་ཀུན་ནས་བསླངས། བསྒོམ་བྱ་སྒོམ་བྱེད་ཀྱི་སྤྲོ་བསྡུས་ནང་ནས་དཀྲུགས། ལུས་གནད་དང་ལྟ་སྟངས་སྲོལ་དུ་མ་ཆུད། མོས་གུས་ཀྱི་གདུང་ཤུགས་ཀྱིས་རྒྱུད་མ་འཁུལ་བ་ཞིག་བྱས་ནས་སྤོམ་མེ་ཡོ་རེ་བསྡད་ཀྱང་སེམས་ཁོ་སྡོད་དུ་མི་འདོད། སྤྱིར་རང་སེམས་ཀྱི་མཚན་ཉིད་ནི་བཟུང་ན་མི་ཟིན། བཏད་ན་འགྲོ་ས་མེད་པ་ཞིག་ཏུ་གདའ། རེ་དོགས་ཀྱི་མཚན་མ་ཐམས་ཅད་ཀྱི་གནས་ལུགས་དེ་ལ་ཐུག་པས་སེམས་རང་ཐོག་ཏུ་གློད་མ་ཤེས་ན་སྒོམ་མི་ཡོང༌། ཞེས་དང༌། ཏཻ་ལོ་པས། ལུས་ཀྱི་བྱ་བ་ཡོངས་ཐོངས་རྣལ་མ་དལ་པར་སྡོད། །ངག་གི་སྨྲ་བརྗོད་མེད་པ་གྲགས་སྟོང་བྲག་ཆ་འདྲ། །ཡིད་ལ་ཅི་ཡང་མི་བསམ་ལ་ཟླའི་ཆོས་ལ་ལྟོས། །ལུས་ལ་སྙིང་པོ་མེད་པ་སྨྱུག་མའི་སྡོང་པོ་འདྲ། །སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེའི་ངང་ལ་བཏང་བཞག་མེད་པར་གློད་ལ་ཞོག །ཅེས་དང༌། ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ། །རང་བྱུང་རང་ཞི་ཆུ་ཡི་པ་ཏྲ་འདྲ། །མི་གནས་མི་དམིགས་དོན་ལས་མི་འདའ་ན། །དམ་ཚིག་མི་འདའ་མུན་པའི་སྒྲོན་མེ་ཡིན། །ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། །དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། །དོན་འདིར་མཉམ་བཞག་སྡིག་སྒྲིབ་ཐམས་ཅད་སྲེག །བསྟན་པའི་སྒྲོན་མེ་ཞེས་སུ་བཤད་པ་ཡིན། ཞེས་དང༌། འཁོར་ཡུལ་ཆགས་སྡང་འབྲེལ་པ་ཀུན་ཆོད་ལ། གཅིག་བུར་ནགས་ཀྱི་འདབས་སམ་རི་ཁྲོད་དགོན་པར་སྒོམས། །བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་ཐོབ། ཅེས་དང༌། སེམས་ཉིད་ངལ་བསོ་ལས། །དང་པོར་ལྷོད་ཀྱི་གློད་ལ་ཞོག །བསམ་གཏན་དྲི་མ་བསལ་བའི་ཕྱིར། །བར་དུ་ཧྲཱིག་གེ་ཡེར་རེ་ལྟོས། །མཉམ་རྗེས་འདྲེས་པར་བྱ་བའི་ཕྱིར། །ཐ་མ་ཕྱམ་བཙར་བཏང་བར་བྱ། །སྔར་བྱས་མི་དཔྱད་སྔུན་མི་བསུ། །ལྟར་འཛིན་མེད་པར་ནམ་མཁར་བཞག །དུས་གསུམ་རྟོག་པའི་འགྲོ་འོང་བཅད། །དེ་ལྟར་རྟོག་མེད་ཏིང་འཛིན་གནས། །ཞེས་དང༌། ཕྱག་ཆེན་གའུ་མ་ལས། སྤྱི་བོའི་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་པའི་རྗེས་སུ་ལུས་ཉྭ་བཞི་རྩ་བཞི་གློད་ནས་རྩོལ་མེད་ཀྱི་ངང་ལ་བཞག་པ་ནི་ལུས་རང་བབས་སོ། །མཆུ་འབྱེད་འཛུམ་གྱི་རྩོལ་བ་མེད་ཅིང་ངག་སྨྲ་བརྗོད་དང་བྲལ་བ་ནི་ངག་རང་བབས་སོ། །མིག་ལྟ་སྟངས་ཀྱི་སྒོམ་འདོད་ཀྱི་རྟོག་པ་དང་བྲལ་ཏེ་སྔོན་འགྲོ་སྒོམ་པ་ཡིན་སྙམ་པའི་རྟོག་པ་ཙམ་ཡང་མི་བྱེད་པར་ཧད་དེ་ཕྱད་དེ་ལུས་པ་ནི་སེམས་རང་བབས་སོ། །དེ་ལྟའི་ངང་ལ་ལྷ་འདོད་ཆགས་སྐྱེས་པ་བཞིན་དུ་ཧད་དེ་ལུས་པ་དེ་སྔོན་འགྲོ་དང་པོའི་ཚད་ཡིན་ཏེ་ཐ་མལ་གྱི་ཤེས་པ་ཞེས་ཀྱང་བྱ། དང་པོའི་སེམས་ཞེས་ཀྱང་བྱ་སྟེ་ཆད་པ་ངལ་གསོ་བ་ལ་སོགས་པའི་དུས་སུ་སེམས་ཅན་ཀུན་ལ་འཆར་ཏེ་ངོས་མ་ཟིན་པས་འཁོར་བར་འཁྱམས་པ་ཡིན་ཏེ། ད་ནི་དུས་ཐམས་ཅད་དུ་ངོས་ཟིན་པར་བྱ་སྟེ་ཟན་ལ་སོགས་པ་ཟ་བའམ་ཕྲེང་བ་ལྟ་བུ་ལག་ཏུ་ཅི་བྱུང་ཡང་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཧད་དེ་ལུས་བདེ་ལ་བཞག་གོ །དེ་བཞིན་དུ་གཡས་གཡོན་ནམ་མཁའ་ལ་སོགས་གང་ལ་བལྟས་ཀྱང་དང་པོ་མིག་སྦྲིད་ཆིལ་བ་ལྟ་བུ་གསལ་སྟོང་འཛིན་མེད་ལ་ཆམ་ཡོང་བ་དང་ངའི་སྔོན་འགྲོ་རང་ཤར་ནས་འདུག་སྙམ་དུ་ངོས་བཟུང་ལ་ཧད་དེ་བཞག་གོ །དེར་མ་ཟད་ཧད་དེ་ཕྱད་དེ་བ་དེ་ཉིད་ཀྱི་ངང་ནས་ཆམ་ཆམ་འགྲོ་བ་དང་རྩ་ཆུ་འཚག་པའི་ཚེ་མ་སྲིང་བརྒྱས་མཐའ་བསྐོར་ཡང་ཉམ་ང་བག་ཚ་དང་བྲལ་བར་བྱས་ཏེ། ཉལ་བ། ལངས་པ། འདུག་པ་སྤྱོད་ལམ་རྣམ་པ་བཞི་གང་གིས་དུས་སུའང་གསལ་སྟོང་འཛིན་མེད་ཀྱི་ངང་ལ་མ་ཡེངས་པར་བྱ་སྟེ། སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པ་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་སོ། །མདོར་ན་གཏམ་སྨྲ་བ། མདོ་འདོན་པ། སྔགས་བཟླ་བ། ཆོས་ཉན་བཤད་ལ་སོགས་པ་ཐམས་ཅད་ཀྱི་དུས་སུའང་གསལ་སྟོང་འཛིན་མེད་ཀྱི་ངང་ཧད་དེ་དེ་ལས་མ་ཡེངས་བར་བྱའོ། །ཞེས་གསུངས་པ་ལྟར་བཀའ་བརྒྱུད་ཀྱི་རྗེ་བཙུན་གོང་མ་རྣམས་གྱི་གསུང་དྲི་མ་མེད་པ་རྣམས་ལ་ནན་ཏན་སྙིང་པོར་བྱས་ཏེ། ཉམས་སུ་ལེན་པ་གལ་ཆེའོ། །ཆོས་ཐུན་ཉེར་གསུམ་པའོ།། ༈ །།གཉིས་པ་བྱེ་བྲག་ལ། སེམས་མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་པའོ། །དང་པོ་ལ་དམིགས་པ་དང་བཅས་ཏེ་སེམས་འཛིན་པ། དམིགས་པ་མེད་པར་སེམས་འཛིན་པ། རླུང་ལ་སེམས་འཛིན་པའོ། །དང་པོ་ལ། ཕྱིར་འཛིན་པ་དང་ནང་དུ་འཛིན་པའོ། །དང་པོ་ལ། མ་དག་པ་ལ་སེམས་འཛིན་པ་དང༌། དག་པ་ལ་སེམས་འཛིན་པའོ། །དང་པོ་ལ། རགས་པ་ལ་འཛིན་ན་ལྟ་སྟངས་ལུས་གནད་ལེགས་པར་བཅོས་ཏེ་མདུན་དུ་བལྟས་པའི་མིག་ཡུལ་དུ་ཀ་བ་རྩིག་པ་རི་ལ་སོགས་པ་ལམ་གྱིས་གང་ཤར་བ་གསལ་བ་ཞིག་ལ་ཤེས་པ་དང་ལྟ་སྟངས་རྩེ་གཅིག་ཏུ་གཏད། དེ་ལས་གཞན་དུ་མ་ཡེངས་པར་མཉམ་པར་གཞག་པར་བྱའོ། །ཕྲ་བ་ལ་འཛིན་ན་མདུན་དུ་ཤིང་བུ་ཕྲ་བ་སོར་བཞི་བ་ཞིག་དང་རྡེའུ་ཆུང་ངུ་གཉིས་གང་རུང་ལ་སེམས་འཛིན། དེའང་དམིགས་རྟེན་ལ་ཧ་ཅང་བསྒྲིམས་ཆེས་ན་རྟོག་པའི་འཕྲོ་རྐྱེན་དུ་འགྱུར་བའི་ཕྱིར་རང་བབས་སུ་བཞག་ཅིང་ཡུལ་གཞན་ལ་འཕྲོར་མི་འཇུག་པར་དམིགས་པའི་རྟེན་དེ་ཉིད་ལ་ལྷོད་གློད་ལ་མ་ཡེངས་པར་རྩེ་གཅིག་ཏུ་བཞག །དེའི་ཕྲ་སྦོམ་རིང་ཐུང་ཁ་དོག་སོགས་བསམ་མནོ་མི་གཏོང་པར་རང་སར་གློད་ལ་མ་ཡེངས་བར་དྲན་ཐག་མ་ཆད་ཙམ་བྱ། དེའང་དམིགས་རྟེན་དེ་མི་ཡེངས་པའི་དྲན་གསོའམ་བརྗེད་ཐོ་ཙམ་ཡིན་པས་དམིགས་རྟེན་དེའི་སྟེང་དུ་མ་ཡེངས་ཙམ་གྱི་ལྟ་སྟངས་གཏད་ནས་ལྷོད་དེ་འཇོག་པ་ཡིན་གྱི་དམིགས་རྟེན་དེ་ག་སྒོམ་པ་ནི་མིན་ལ། དེ་ཐུན་ཚད་ལ་ཕེབས་པ་དང་དམིགས་རྟེན་འགུལ་བའམ་འགྱུ་བའམ་མི་མཐོང་བའང་མིག་སྦྲིད་པ་ལྟ་བུ་བྱུང་ན་འཕྲོ་རྦད་ཀྱིས་བཅད་ནས་དམིགས་རྟེན་དེ་ལ་མི་ལྟ་བར་སྨིན་མཚམས་ཀྱི་ཐད་ཀྱི་བར་སྣང་ལ་བལྟ་ཞིང་སེམས་རང་ལུགས་སུ་གློད་ལ་བཞག །འདི་སྒོམ་གྱི་གཏད་སོ་གང་ཡང་མི་བྱ་བར་མ་ཡེངས་ཙམ་བྱ་ཞིང་བྱིང་རྨུགས་ཀྱིས་མ་གོས་པར་རིག་པ་དངས་སིང་ངེ་བ་ལ་ཅེན་ནེ་བཞག་གོ།འདི་ནི་ཏེ་ལོ་པའི་ཞལ་ནས། སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་ཐོབ། །ཅེས་གསུངས་པའི་དོན་ཡིན་ནོ། །ཆོས་ཐུན་ཉེར་བཞི་པ་དམིགས་པ་ཉེར་གཅིག་པའོ།། ༈ །།དེའང་སེམས་གནས་པར་བྱེད་པ་ལ་སེམས་གནས་གནས་པོ། །གསལ་གསལ་པོ། བདེ་བདེ་བོ་འོང་བར་རེ་བ་དང་རྣམ་རྟོག་འཕྲོས་ཀྱིས་དོགས་པའི་བསྒྲིམས་དྲགས་ན་སེམས་མི་གནས་པའི་རྐྱེན་བྱེད་པས་རེ་དོགས་གང་ཡང་མི་བྱེད་པར་འབོལ་ཤིག་གེར་འཇོག་པ་གལ་ཆེ་སྟེ། སྐྱེ་མེད་ཞང་གིས། ཕྱག་རྒྱ་ཆེན་པོ་སྒོམ་པ་ནི་བཅོས་མ་དང་དམིགས་གཏད་དང་ཞེ་འདོད་དང་རྩོལ་བས་རྟོགས་པར་མི་འགྱུར་ཏེ། འདོད་དང་རྩོལ་བ་ཡོད་ན་འཚང་མི་རྒྱ། །ཞེས་དང༌། སེམས་མ་བཅོས་ན་གསལ། ཆུ་མ་རྙོག་ན་དྭངས། ཞེས་དང༌། འཇུར་བུས་བཅིངས་པའི་སེམས་ཉིད་ནི། །གྲོད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པས་ལུས་དང་སེམས་ཀྱི་རྩོལ་བ་ཐམས་ཅད་དོར་ལ་ཆེད་དུ་བྱ་བ་མེད་པར་བཞག་སྟེ། མ་བཅོས་པར་བཞག །རང་གར་བཞག །གློད་ལ་བཞག །ལྷུག་པར་བཞག །སྤྲོ་བསྡུ་མེད་པར་བཞག །དམིགས་པ་མེད་པར་བཞག །གཟའ་གཏད་མེད་པར་བཞག །རང་བབས་སུ་བཞག །ཅི་བདེར་བཞག །ཞེ་འདོད་མེད་པར་བཞག །རྩོལ་སྒྲུབ་མེད་པའི་ཉམས་ཅིར་ཡང་མི་རྟོག་པར་འཆར། ཞེས་དང༌། སེམས་ཕྱག་རྒྱ་ཆེན་པོ་སྒོམ་པ་ནི་གང་དུའང་དམིགས་གཏད་མེད། ཞེ་འདོད་མེད་པར་སེམས་རང་གར་ལྷོད་ཀྱིས་གློད་ལ་ཙེན་གྱིས་ཞོག །དེ་ལྟར་གློད་ཤེས་ན་གསལ་ལ་རྟོག་པ་མེད་པ་ནམ་མཁའ་རྣམ་པར་དག་པའི་དབྱིངས་ལྟ་བུར་འཆར། དེ་ཡུན་རིང་བ་ལ་ཡོན་ཏན་དུ་མི་ལྟ་ཡུན་ཐུང་བ་ལ་སྐྱོན་དུ་མི་ལྟ་བར་སྐད་ཅིག་ཙམ་དུ་འཁྱེར་ཞིང་བསྒོམས་པས་དུ་ཅི་ཞིག་ཙ་ན་རྟོག་པའི་རང་བཞིན་ཤེས་ཏེ་རྣམ་རྟོག་འོད་གསལ་དུ་ཤར་ནས་རྒྱུན་ཆད་མེད་པར་བྲིལ་གྱིས་འཆར་བར་ཐེ་ཚོམ་མེད་དོ། །སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ལ་ལྷན་གྱིས་སླེབ་པ་ཡིན་ནོ། །ཞེས་དང༌། རྗེ་རྒོད་ཚང་པས། ཕྱག་རྒྱ་ཆེན་པོའི་དོན་ཧྲིལ་གྱིས་དྲིལ་ན་འདི་ལས་མེད་དོ། །དང་པོ་བླ་མ་ལ་གསོལ་བ་གདབ། དེ་ནས་བླ་མ་རང་ལ་བསྟིམ་ནས་བླ་མའི་ཐུགས་དང་རང་གི་སེམས་ཆུ་ལ་ཆུ་བཞག་པ་ལྟར་བསྲེས་ལ་དེའི་ངང་ལ་སེམས་སོ་མར་བཞག་གོ །སྒོམ་ཡོང་ལ་རེ་བ་དང་མ་བྱུང་གི་དོགས་པ་མི་བྱ། སེམས་གང་ལྟར་འདུག་པ་དེ་ཀ་ལྟར་བཞག་གོ །སྟོང་པར་མི་སྒོམ་དངོས་པོར་མི་འཛིན་པར་བཞག་གོ །དམིགས་མེད་དུ་བདེ་བདེ་པོ་གསལ་གསལ་པོ་ཞིག་འདོད་པའི་ཞེ་འདོད་མེད་པར་བཞག་གོ །དམིགས་པ་མེད་པར་ཆམ་མེ་བཞག །སེམས་ནང་དུ་མ་བསྡུ་བར་རྒྱ་བཀྱེད་ལ་ཞོག་སེམས་ལ་ལས་མི་འཆོལ། །ལར་གང་ལའང་འཛིན་པ་མེད་པར་ཕྱོད་དེར་ཞོག །ཅེས་དང༌། དྭགས་པོ་རིན་པོ་ཆེས། རང་གི་ཤེས་པ་ལ་བལྟས་པའི་དུས་ན། ཞི་བར་གནས་པ་བདེ་བའི་ཏིང་ངེ་འཛིན་བྱུང་པ་ལ་ཡོན་ཏན་དུ་མི་ལྟ། དེ་མ་བྱུང་བ་ལ་སྐྱོན་དུ་མི་བལྟ་བར་ཤེས་པ་མ་ཡེངས་པར་འཇོག་པ་ཡིན། མ་ཡེངས་པའི་དུས་སུ་རྣམ་རྟོག་ཡེ་མི་ཡོང༌། དེ་བྱུང་བའི་དུས་སུ་དེ་ལ་བལྟས་པས་རྣམ་རྟོག་དེ་དང་པོ་མ་སྐྱེས། བར་དུ་མི་གནས། ཐ་མར་མི་འགག་སྟེ། དངོས་པོའམ། ངོ་བོ་ཉིད་དམ། ངོས་བཟུང་མཐའ་དག་དང་བྲལ་བར་འདུག་བྱ་བ་ཡིན། ཞེས་དང༌། རྗེ་བཙུན་ཏེ་ལོ་པས། མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །བཅིངས་པ་གློད་ན་གྲོལ་བར་ཐེ་ཚོམ་མེད། ཅེས་དང༌། རང་སེམས་རྩ་བ་ཆོད་ལ་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དངས་སུ་ཆུག །སྣང་བ་དགག་སྒྲུབ་མི་བྱ་རང་སར་ཞོག །སྤོང་ལེན་མེད་ན་སྣང་སྲིད་ཕྱག་རྒྱར་གྲོལ། །ཀུན་གཞི་སྐྱེ་བ་མེད་པས་བག་ཆགས་སྒྲིབ་གཡོགས་བྲལ། །སྙེམས་བྱེད་རྩིས་གདབ་མི་བྱ་སྐྱེ་མེད་སྙིང་པོར་ཞོག །སྣང་བ་རང་སྣང་བློ་ཡི་ཆོས་རྣམས་ཟད་དུ་ཆུག །ཅེས་དང༌། རྒོད་ཚང་པས། ཡང་ཅིག་རྣམ་རྟོག་སྐྱེས་པ་ན། །ང་ཡིས་བཙིར་གྱིས་ཟུངས་མཛོད་ལ། ཁོ་རང་ཐོག་ཏུ་གློད་ལ་ཞོག །རང་སར་གྲོལ་པར་ཐེ་ཚོམ་མེད། །ཅེས་དང༌། གྲུབ་ཐོབ་ཨཽ་ཌྱན་པས། མ་བཅོས་སོ་མར་བཞག་པ་ནི། བྲམ་ཟེ་སྐུད་པ་འཁལ་བ་བཞིན་དུ་ལྷོད་དེ་བཞག །སོག་མའི་ཕོན་ཐག་ཆད་པ་བཞིན་དུ་ཤིག་གེ་བཞག །བལ་གྱི་སྟེང་དུ་བརྫིས་པ་བཞིན་དུ་འབོལ་ལེ་བཞག །དེ་ལྟར་མ་ཡིན་པར་སྲིན་བུ་ཁ་ཆུས་འཐུམས་པ་བཞིན་དུ་རང་གིས་རང་བཅིངས། བྲག་རྐེད་ཀྱི་ཤིང་ཐུན་བཞིན་དུ་ལུས་སེམས་ཐམས་ཅད་བསྡམས་ཀྱང་སེམས་ཁོ་སྡོད་དུ་མི་འདོད། བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ངང་ནས་སེམས་ཁོ་སུན་ཐུག་ཏུ་མ་བཅུག་བར་མ་ཡེངས་ཙམ་གྱི་རྒྱང་སོ་བཙུགས་ནས་གང་འགྲོ་སར་འཆལ་ཏེ་རྒྱ་ཡན་དུ་བཏང་བས་རྡེའུ་བཟུང་ནས་རྔ་མོ་བཏང་བ་བཞིན་དུ་རང་མལ་དུ་འཁོར་ནས་འོང་བ་ཡིན། དེས་ན་སེམས་འཛིན་པའི་གནད་ལ་མ་ཡེངས་པའི་ངང་དུ་མི་སྒོམ་པར་གློད་ཤེས་པ་ཞིག་ཁོ་ན་ཟབ་པ་ཡིན། ཞེས་གསུངས་པ་ལྟར་འདི་དག་ནི་དམིགས་པའི་སྐབས་ཐམས་ཅད་དུ་ཉམས་ལེན་བྱ་ཞིང༌། རྣམ་པར་རྟོག་པ་གང་སྐྱེས་ཀྱང་དེ་ཀའི་རང་ངོ་ལ་བལྟས་ཏེ་མ་བཅོས་པར་འཇོག་པ་མ་གཏོགས་སྤང་བླང་རེ་དོགས་ཀྱིས་མ་བཅིངས་པར་ལྷོད་གློད་ནས་འཇོག་པ་གལ་ཆེ། ཆོས་ཐུན་ཉེར་ལྔ་པ། དམིགས་པ་ཉེར་གཉིས་པའོ། ༈ །ཡང་མར་མེ་སོར་གཉིས་པ་ཞིག་ལ་སེམས་འཛིན་པ་ནི། རྗེ་དྭགས་པོ་རིན་པོ་ཆེས། རང་གི་གཞོགས་གང་རུང་ཞིག་ཏུ་མར་མེ་རླུང་གིས་མི་བསྐྱོད་པ་ཞིག་བཞག་ལ་དེའི་གཟུགས་བརྙན་མེ་ལོང་གཡའ་དག་པ་ཞིག་ལ་གསལ་དུ་བཅུག་སྟེ་གཟུགས་གསལ་ལ་མི་གཡོ་བ་དེ་ལ་ཤེས་པ་གཏད། ཅེས་གསུངས་པ་ལྟར་ཉམས་སུ་བླང་ངོ༌། །ཡང་ན་ནམ་མཁའ་སྟོང་པ་ལག་མཐིལ་ཙམ་ཕུབ་ཙམ་ཁང་པའི་ནང་ཙམ་ལུང་པའི་ནང་ཙམ་མིག་གིས་འཁྱུད་ཚད་ཙམ་སྟོང་གསུམ་ཁེངས་པ་ཙམ་གྱི་ནམ་མཁའ་ལ་སེམས་འཛིན། ཡང་རྣམ་ཤེས་འདུ་བའི་གནས་ཡིན་པས་སྨིན་མཚམས་ཀྱི་རུས་པ་གྲུ་གསུམ་གྱི་ནང་དུ་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་ལ་སེམས་འཛིན་པའོ། །དམིགས་རྟེན་དེ་རྣམས་ལ་ཆེ་ཆུང་སྦོམ་ཕྲ་ཁ་དོག་སོགས་ཀྱི་རྟོག་དཔྱོད་མི་བྱ་བར་རང་བབས་སུ་གཞག་གོ །མར་མེ་ནམ་མཁའ་ཐིག་ལེ་གསུམ་དམིགས་པ་ཕྱོགས་གཅིག་ཏུ་བསྟན་ཀྱང་རུང་གང་གསལ་བ་དེ་ལ་སེམས་ཟིན་པ་དེ་ལ་ནན་ཏན་དུ་བྱ་དགོས་སོ། །ཆོས་ཐུན་ཉེར་དྲུག་པ། དམིགས་པ་ཉེར་གསུམ་པའོ།། ༈ །།གཉིས་པ་ནི་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ནས་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་གསུངས་པས་དེ་བཞིན་གཤེགས་པའི་སྐུ་ལ་སེམས་བཟུང་ན་ཡོན་ཏན་དཔག་ཏུ་མེད་པ་འཕེལ་བའི་ཕྱིར་དེ་ཉིད་ལ་སེམས་འཛིན་པ་ནི། མདུན་དུ་སེང་གེའི་ཁྲི་དང་པད་ཟླ་ཉི་མའི་གདན་གྱི་སྟེང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་ས་གནོན་དང་མཉམ་གཞག་གི་ཕྱག་རྒྱ་ཅན་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ཐུན་མཚམས་སྤྲིན་ལྟར་དམར་པའི་ཆོས་གོས་རྣམ་གསུམ་མཛེས་ཤིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་འོད་དང་འོད་ཟེར་དུ་མ་འཕྲོ་བ་རྣམ་པའི་མཆོག་དང་ལྡན་ཞིང་རང་ཉིད་ལ་དགྱེས་པ་ཆེན་པོས་ཆོས་སྟོན་བཞིན་པ་གསལ་བར་བསྒོམས་ཏེ། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་པའི་ངེས་པས་སྟོན་པ་དེ་ཉིད་རང་གི་མདུན་ན་བཞུགས་སྙམ་པའི་ངེས་ཤེས་བསྐྱེད་དེ་བདག་གིས་རྒྱལ་བའི་སྐུ་ལྟ་ཞིང་ཡིད་ལ་བྱེད་པ་ནི་སྐལ་བ་དང་ལྡན་སྙམ་དུ་དད་གུས་དྲག་པོ་བསྐྱེད། དེ་རྣམ་པར་རྟོག་པ་གཞན་དུ་མ་ཡེངས་པར་དེ་ཉིད་ཁོ་ན་ལ་རྩེ་གཅིག་ཏུ་གཏད་དེ་སེམས་གཟུང་བར་བྱའོ། །བྱིང་རྨུགས་འཐིབས་གསུམ་བྱུང་ན་དབུའི་གཙུག་ཏོར་རམ་མཛོད་སྤུའམ་ཞལ་གྱི་དཀྱིལ་འཁོར་ལ་སེམས་འཛིན། འཕྲོ་རྒོད་བྱུང་ན་སྐུའི་ལྟེ་བ་དང་ཞབས་ཀྱི་མཐིལ་ལམ་གདན་མཚམས་གང་རུང་དུ་སེམས་འཛིན། བྱིང་རྒོད་མེད་པའི་ཚེ་སྐུ་རིལ་པོའམ་ཐུགས་ཀའི་དཔལ་བེའུ་ལ་གཏད། དེ་ལ་མི་གནས་ན་མཚན་བཟང་རྣམས་ལ་ཡས་ནས་མར་དང་མས་ནས་ཡར་རིམ་པས་ཡིད་ཀྱིས་བསྔོ་བགྲང་བྱ་ཞིང་དེ་ལ་གཏད། ཆོས་ཐུན་ཉེར་བདུན་པ། དམིགས་པ་ཉེར་བཞི་པའོ།། ༈ །།གཉིས་པ་ནང་དུ་སེམས་འཛིན་པ་ནི། རང་གི་སྙིང་གར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཡི་དམ་གང་རུང་མངོན་བྱང་ལྔའམ་ཆོ་ག་གསུམ་མམ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པའམ་བླ་མ་ལ་མོས་ན་བླ་མ་སྒོམ་པ་དང༌། གལ་ཏེ་ཞལ་ཕྱག་སོགས་ལ་སེམས་མ་གནས་ན་དེའི་ངོ་བོ་འོད་ཀྱི་གོང་བུ་ཤིན་ཏུ་དཀར་ཞིང་དྭངས་ལ་འོད་གསལ་བ་ཞིག་ལ་སེམས་འཛིན། འདི་དག་ནི་སེམས་ཀྱི་གླང་པོ་དམིགས་པའི་ཀ་བ་ལ་དྲན་ཤེས་ཀྱི་ཐག་པས་བཏགས་ཞེས་པའི་དོན་ནོ། །དེ་སྐད་དུ་མདོ་སྡེ་རྒྱན་ལས། །དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ཉིད་རབ་ཏུ་སྐྱེ། །ཞེས་གསུངས་སོ། །ཆོས་ཐུན་ཉེར་བརྒྱད་པ། དམིགས་པ་ཉེར་ལྔ་པའོ།། ༈ །།གཉིས་པ་དམིགས་པ་མེད་པ་ལ་སེམས་འཛིན་པ་ནི། ཕྱི་ནང་གི་དངོས་པོ་ཐམས་ཅད་སྟོང་ཆེན་ཅིག་ཅར་པ་ལ་སེམས་འཛིན་བའམ་རིམ་གྱིས་འབྱུང་བ་རྣམས་གཅིག་ལ་གཅིག་ཐིམ་ཞིང་སྟོང་ཆེན་འོད་གསལ་བ་དམིགས་མེད་ཀྱི་ངང་ལ་མཉམ་པར་བཞག་གོ །འདིའི་སྐབས་སུ་མཐོང་སྣང་དང་སྒྲ་སྙན་པོ་ལ་སོགས་པའི་རྟགས་སྣང་ཁྱད་པར་ཅན་ཡོང་སྲིད་ཀྱང༌། ཞེན་པ་གཏིང་ནས་མ་ལོག་ན། །སྒོམ་ཉམས་བཟང་ཡང་ཉུང་མའི་གཡོས། ཞེས་བྱ་བ་ཡིན་པས་དེ་ལ་མ་ཞེན་པར་སྒྱུ་མ་ལྟར་རྒྱས་གདབ་པ་གལ་ཆེའོ། །ཆོས་ཐུན་ཉེར་དགུ་པ། དམིགས་པ་ཉེར་དྲུག་པའོ།། ༈ །།གསུམ་པ་རླུང་ལ་སེམས་འཛིན་པ་ནི། རླུང་བུམ་པ་ཅན་བཟུང་སྟེ་དེ་ཉིད་ལ་གཏད་པའམ་བུམ་པ་ཅན་མི་ཆུན་ན་རླུང་འབྱུང་འཇུག་གནས་གསུམ་གཅིག་ཏུ་བརྩིས་པའི་ཉེར་གཅིག་ནས་བརྒྱད་ཅུ་གྱ་དགུའམ་བརྒྱ་ལ་སོགས་པའི་བར་བརྩེགས་ནས་གྲངས་སུ་བཟུང་ཞིང་སྣ་བུག་གི་སྒོ་ཁོ་ན་ལས་གཞན་དུ་མ་ཡེངས་པར་སེམས་རྩེ་གཅིག་ཏུ་གཞག་པར་བྱའོ། །ཆོས་ཐུན་སུམ་ཅུ་པ། དམིགས་པ་ཉེར་བདུན་པའོ།། ༈ །།ཡང་རྟོག་པ་མང་པོ་རྒྱུན་ཆགས་སུ་བྱུང་ན་དེ་ལ་སྐྱོན་དུ་མི་ལྟ་བར་རྟོག་པ་ཁོ་རང་ཇི་ཙམ་འགྱུ་ནུས་པ་འགྱུས་ཤིག་སྙམ་དུ་དགའ་བ་བསྒོམས་ལ་འགྱུས་ཚད་དྲན་པས་རྒྱ་ཡན་དུ་མ་ཤོར་བར་ངོས་བཟུང་སྟེ་གཞི་མེད་དུ་བཞག་པས་རྟོག་པ་རང་སེམས་འཛིན་གྱི་རྟེན་དུ་སོང་ནས་གཞི་མེད་དུ་གྲོལ་ཏེ་གནས་པ་སྐྱེའོ། །འདི་དག་གི་སྐབས་སུ་སྐད་ཅིག་ཀྱང་མ་ཡེངས་པར་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུའམ། རལ་སྐོར་མཁན་གཡུལ་དུ་འཇུག་པ་ལྟ་བུ། སེམས་ཉིད་གཡོ་འགུལ་མེད་ཅིང་ཅི་དགར་གཏོང་བ་གཟིངས་ཐོག་ནས་འཕུར་བའི་བྱ་ལྟ་བུའམ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་རྩོལ་སྒྲུབ་དང་བྲལ་བ་ཁྱུང་རྣམ་འཕང་གཅོད་པའམ་མཁས་པ་གླང་པོ་ཆེ་སྐྱོང་བ་ལྟ་བུ་སྟེ་འདི་རྣམས་ཞི་གནས་ཀྱི་སྐབས་ཐམས་ཅད་ལ་བྱའོ། །འདི་དག་གི་སྐབས་སུའང་བདག་གིས་སེམས་གཟུང་བར་བྱའོ་ཞེས་འཕན་པའི་འདུ་ཤེས་དང་དངོས་ཀྱི་ཚེ་དྲན་པའི་སོ་པ་བཀོད་དེ་ཅི་ཁོ་བོའི་སེམས་གནས་སམ་མི་གནས། བྱིང་ངམ་རྒོད་སྙམ་དུ་རང་གི་རྒྱུད་ལ་ཞིབ་ཏུ་བརྟགས་པས་སེམས་རྣལ་དུ་གནས་པར་མཐོང་ན་དེ་ཉིད་ལས་མི་སྒུལ་བར་བཞག །གལ་ཏེ་མི་གནས་པར་བྱིང་རྒོད་གང་རུང་གི་སྐྱོན་འདུག་ཚེ་སྐྱོན་སོ་སོར་བསལ་བའི་ཐབས་ལ་འབད་པར་བྱའོ། །ཐབས་ནི་ཞལ་ལས་ཤེས་སོ། །སྒོམ་པ་དེ་ཡང་ཐོག་མར་དབུགས་ཐེངས་རེ་ལ་ཐུན་རེ་ཙམ་དེ་ནས་རིམ་པས་ཐུན་རིང་དུ་གཏོང་པ་མ་གཏོགས་ཐོག་མ་ཉིད་ནས་རྒྱུན་བསྲིངས་ན་དམིགས་པ་རྣམས་འདྲེས་ཤིང་ཉོགས་ཏེ་སྐྱིད་ལུག་པར་འགྱུར་བའི་སྐྱོན་ཡོད་པས་ལས་དང་པོ་པ་རྣམས་ཐུན་ཐུང་ལ་གྲངས་མང་བ་གསལ་དངས་ངར་དང་བཅས་པའི་ངང་ནས་ངལ་གསོ་ཞིང་ཡང་ཡང་མུ་མཐུད་དེ་སྒོམ་དང་འཁོན་གྱེས་སུ་མ་སོང་བར་འཕྲོས་གཤིན་པོས་སེམས་བྲོད་ཁ་སྐྱེ་བའི་ཐབས་ལ་འབད་པ་གལ་ཆེའོ། །ཆོས་ཐུན་སོ་གཅིག་པ། དམིགས་པ་ཉེར་བརྒྱད་པའོ།། ༈ །།དེ་ལྟར་མ་ཟིན་པ་ཟིན་པར་བྱེད་པའི་མན་ངག་བསྒོམས་པ་ལ་བརྟེན་ནས་གནས་པ་གསུམ་རིམ་གྱིས་འཆར་ཏེ། དང་པོར་དམིགས་པ་ལ་སེམས་དམ་དུ་མ་གནས་པ་འདི་པ་ཞིག་ཡོད་དེ་སྣ་ཟིན་ཙམ་ཡིན། དེ་ནས་རིག་པ་བག་ཙམ་དངས་ཙ་ན་རྟོག་པ་སྔར་བས་མང་དུ་སོང་བ་འདྲ་ཞིག་བྱུང་ན་དེ་མང་དུ་སོང་བ་མིན། སྔར་ཕན་ཆད་མ་བསྒོམས་པས་རྣམ་རྟོག་བྱུང་ཡང་མ་ཚོར། ད་སེམས་མཉམ་པར་བཞག་སྟེ་རིག་པ་དངས་པས་ཚོར་བ་ཡིན། དེ་ལ་རྟོག་པའི་སྣམ་བསྐྱིལ་རྗེས་སུ་མ་འབྲངས་པར་བཞག་པས་རྟོག་པ་འོག་འགྱུ་ལ་མི་འཆོར་བར་སྐྱེས་ཚད་ངོས་ཟིན། ཐུན་བསྟུང་མ་དགོས་པར་རིག་པ་སྦུན་སི་ལི་ལིར་འགྲོ་བ་འདྲ་ཞིག་འདུག་ཀྱང་སྒོམ་གྱི་རྒྱུན་དེ་མ་ཆད་པར་བྱུང་ན་གནས་པ་དང་པོ་རི་གཟར་གྱི་ཁ་ནས་ཆུ་འབབ་པ་འདྲ་ཟེར་བ་ཡིན། རི་གཟར་གྱི་ཆུ་རྦ་ཀློང་དང་བཅས་འབབ་པ་དེའི་གསེབ་ཏུ་རང་རེ་ཚུད་ནས་ཁྱེར་བ་འདྲ་ཞིག་བྱུང་ན་མིན། དེ་ལ་གལ་མེད་དུ་ལྟ་བ་འདྲ་ཞིག་འདུག་ན་ཡིན། དེ་ལ་ལྟ་ལུགས་གོང་ལྟར་བྱས་པས་རྣམ་རྟོག་དེ་ཕྲ་ཉལ་གྱི་སོང་ནས་མི་རྟོག་པའི་ངང་ལ་འགྲོ། སྐབས་སྐབས་སུ་རྟོག་པ་རེ་ཏོལ་ཏོལ་གྱི་འབྱུང་ཡང་རྒྱུན་མི་འབྲེལ་བར་རྡོ་ཚན་ལ་ཁ་བ་བབ་པ་ལྟར་ཡལ་འགྲོ། རྟོག་པ་ཙམ་འགྱུས་སྤུ་རིས་དང་གྲངས་སུ་ཐེབས་པ་ཡོད་ཞིང་རང་གི་སྒོམ་རྒྱུན་དེ་ན་རེ་རེ་འགྲོ་བ་འདྲ་ཞིག་བྱུང་ན་གནས་པ་བར་པ་ཆུ་ཀླུང་དལ་གྱིས་འབབ་པ་ལྟ་བུ་ཟེར། དེའང་རང་ཐག་རིང་པོ་ཞིག་ཏུ་འདུག་ནས་དེའི་འབབ་ལུགས་ལེགས་པོ་མི་མཐོང་བ་འདྲ་ན་མིན། རྩར་འདུག་ནས་མཐོང་བ་འདྲ་ན་ཡིན། དེ་ལ་གོང་བཞིན་བསྐྱངས་པས་ཕྲ་རགས་ཀྱི་རྣམ་རྟོག་རྒྱུན་ཆད་དེ་མི་རྟོག་པའི་ངང་ལ་མེ་རེ་གནས། ལུས་བདེ་བའམ་ཡོད་དུ་མེ་ཚོར། རླུང་འགྲོ་འོང་འགགས་པའམ་མི་ཚོར། སེམས་བདེ་གསལ་མི་རྟོག་པ་ལ་ཆམ་ཆམ་འགྲོ། །རྗེས་ཐོབ་ཏུའང་ལེགས་པར་མ་དཔྱད་ན་ཡུལ་གྱི་སྤུ་རིས་མི་ཟིན། རྣམ་གཡེང་ལ་བློ་མི་འཇུག་བརྗེད་ངས་ཆེར་སོང་བ་འདྲ་བ། མ་བསྒོམས་ཀྱང་སྒོམ་དུ་ཆམ་ཆམ་འགྲོ་བ། དྭངས་ཆ་ཡོད་པ་སྤྲིན་མེད་པའི་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ཉམས་ལ་ཁ་གཏིང་མེད་པ་གསལ་མེ་རེ་བ་བྱུང་ན་གནས་པ་ཐ་མ་མི་གཡོ་བ་རྒྱ་མཚོ་ལྟ་བུ་བྱ་བ་ཡིན། དེའང་མུན་ནང་གི་རྒྱ་མཚོ་འདྲ་ན་མིན། ཉིན་བར་གྱི་རྒྱ་མཚོ་འདྲ་ན་ཡིན། འདི་བསམ་གཏན་གྱི་དངོས་གཞི་ཡིན་པས་ཡུན་བསྲིངས་ན་མངོན་ཤེས་སོགས་འཆར་ཞིང་བདེན་པ་མཐོང་བའི་རྟེན་བྱེད་དོ། །གནས་པ་གསུམ་པོ་དེ་གང་སྐྱེས་འདུག་ཙ་ན་ངོ་སྤྲད་པས་རང་ངོ་ཤེས། ཕྲོད་ཁ་རྙེད། སྒྲོ་འདོགས་ཆོད། མ་སྐྱེས་པར་ངོ་སྤྲད་ན་དེ་འདོད་ནས་ཉམས་ལེན་འཆུགས། གནས་པ་དང་པོ་དེས་ཆུང་གྲུལ་མི་ཐུབ། ཁྲིད་ཐེངས་གཅིག་ལ་ཐ་མའང་གནས་པ་བར་པ་ཙམ་མ་སྐྱེས་པའི་ཐབས་མེད། དེ་གཉིས་སྐྱེས་ནས་མཐའ་མ་གསུམ་པ་མ་སྐྱེས་ན་ཟིན་པ་བརྟན་བྱེད་ཀྱི་མན་ངག་སྒོམ་དགོས་པས། ཉམས་འདི་དག་ཀྱང་ཐོག་མར་སྐྱེ་ཚུལ་ཇི་ལྟར་བྱུང་དྲིས་ནས་ལན་དང་ལྟག་བསྟུན་སྐྱོན་སེལ་བ་དང་བོགས་འདོན་ལུགས་མ་སྟོན་པ་མ་གཏོགས་ཐོག་མ་ནས་འདི་ལྟར་ཡོང་བྱས་ཚེ་མ་སྐྱེས་ཀྱང་སྐྱེས་བྱ་བའི་རྫུན་དང་གོ་བའི་འོལ་ཚོད་བྱེད་ཉན་ཡོད་པས་རིམ་གྱིས་གོ་ཉམས་དང་བསྡུར་གྱིན་ཆོས་ཐུན་འདི་སྟོན། གནས་པ་གསུམ་པོའི་རྟགས་དང་འཆར་ལུགས་རྣམས་མ་བྱུང་བར་གོང་གི་དམིགས་པ་རྣམས་ལ་ནན་ཏན་བྱེད་འཇུག་པ་མ་གཏོགས་ཆོས་ཐུན་འདི་མི་སྟོན། འདིས་གེགས་སེལ་བོགས་འདོན་དྲི་བ་འོག་ནས་འབྱུང་བ་ཐམས་ཅད་ལ་རིགས་འགྲེའོ། །ཆོས་ཐུན་སོ་གཉིས་པའོ།། ༈ །།གཉིས་པ་ཟིན་པ་བརྟན་པར་བྱེད་པ་ལ། སེམས་བཅིང་བ་དང་སེམས་གནས་པར་བྱེད་པའི་ཐབས་དགུའོ། །དང་པོ་ལ་སྟེང་དུ་བཅིང་བ། འོག་ཏུ་བཅིང་བ། སྤེལ་མའི་རྣལ་འབྱོར་རོ། །དང་པོ་ནི། རང་གི་སྙིང་གར་པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བར་ཐིག་ལེ་དཀར་པོ་དངུལ་ཆུ་ལྟ་བུ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་སྲན་མ་ཙམ་ཞིག་བསམས་ལ་རླུང་ཚུར་བཟུང་ལ་ཕྱིར་གཏོང་བ་དང་མཉམ་དུ་ཐིག་ལེ་དེ་ཚངས་བུག་ནས་སོང་སྟེ་ནམ་མཁའི་དབྱིངས་མཐོན་བོར་གནས་པར་བསམས་ལ་ལུས་གནད་དང་ལྟ་སྟངས་སྟེང་དུ་གཅུན། སེམས་གཟེངས་བསྟོད། རིག་པ་ཧུར་བཏོན་ཡུན་རིང་དུ་བསྒོམ་པར་བྱའོ། །འདི་ལ་ནི་ཚངས་པ་ཆེན་པོའི་གཙུག་རྒྱན་གྱི་ཏིང་ངེ་འཛིན་ཞེས་བྱ་བ་འོག་མིན་དུ་སེམས་འཛིན་པའི་ཏིང་ངེ་འཛིན་གྱི་སྦྱོར་བ་ཕུལ་དུ་བྱུང་བའོ། །ཆོས་ཐུན་སོ་གསུམ་པ། དམིགས་པ་ཉེར་དགུ་པའོ།། ༈ །།གཉིས་པ་ནི། སྙིང་གར་པདྨ་ནག་པོ་འདབ་མ་བཞི་པ་ཁ་འོག་ཏུ་ཕྱོགས་པའི་ལྟེ་བར་ཐིག་ལེ་ནག་པོ་སྲན་འབྲུ་ཙམ་མམ་ཅི་རིགས་པ་བཀོད་དེ་བ་ཐག་བཞིན་དུ་འཁྲིལ་ནས་གསང་བ་ནས་ཕྱིར་ཐོན་ཏེ་རིམ་གྱིས་དལ་བུས་ལོག་གི་ཕྱོགས་དཔག་ཚད་མང་པོའི་མཐར་ལྗིད་ལྕི་བའི་རྣམ་པས་གནས་པ་ལ་སེམས་རྩེ་གཅིག་ཏུ་བཞག །སྲིན་ཞལ་བསྡམ། ལུས་གནད་ལྟ་སྟངས་ཆ་ཆ་ནས་ཐུར་དུ་དབབ། འདི་ལ་ནི་ས་འོག་གི་སྤྱོད་པའི་ཏིང་ངེ་འཛིན་ཞེས་བྱ། གསུམ་པ་ནི་རང་གི་ཚོད་དང་བསྟུན་པའི་སེམས་མཐོ་ན་སྨད་པ་དང༌། དམའ་ན་བསྟོད་པའི་དམིགས་པ་འདི་གཉིས་སྤེལ་མར་བསྒོམས་པས་རྩེ་གཅིག་པའི་ཏིང་ངེ་འཛིན་སྐྱེ་ཞིང་སྐྱོན་རྣམས་སེལ་ལོ།ཆོས་ཐུན་སོ་བཞི་པ། དམིགས་པ་སུམ་བཅུ་པའོ། ༈ །གཉིས་པ་སེམས་གནས་པའི་ཐབས་དགུ་གང་ཞེ་ན། དེའང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རིན་པོ་ཆེ་ནས་གསུངས་པའི་སེམས་གནས་པའི་ཐབས་དགུ་ནི། འཇོག །ཀུན་ཏུ་འཇོག །ངེས་པར་འཇོག །ཉེ་བར་འཇོག །དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། མཉམ་པར་འཇོག །ཅེས་པ་རྣམས་ལས་དང་པོ་ནི། དམིགས་པ་གང་རུང་ཞིག་ལ་སེམས་རྩེ་གཅིག་ཏུ་གཏད་དེ་འཇོག་པའོ། །གཉིས་པ་ནི། དེ་ཉིད་རྒྱུན་མཐུད་དེ་ཡུན་རིང་དུ་གནས་པར་བྱེད་པའོ། །གསུམ་པ་ནི། གལ་ཏེ་རྣམ་པར་རྟོག་པ་འཕྲོ་ན་མོད་ལ་དྲན་པས་བཟུང་སྟེ་མཉམ་པར་འཇོག་པའོ། །བཞི་པ་ནི། མཉམ་པར་བཞག་པའི་སེམས་དེའང་སྔར་གྱི་གནས་པ་དེ་ཉིད་ཀྱི་སྟེང་དུ་བསྲེས་ཏེ་མཉམ་པར་འཇོག་པའོ། །ལྔ་པ་ནི། སེམས་གནས་པ་དེའི་ཡོན་ཏན་གྱི་ཆ་རྣམས་གསལ་བར་དྲན་པས་དགའ་སྤྲོ་བསྐྱེད་དེ་དེའི་ངང་ལ་གནས་པར་བྱའོ། །དྲུག་པ་ནི། གང་དང་གང་ལ་འཕྲོ་བའི་རྐྱེན་དེ་དང་དེའོ་ཞེས་ངེས་ཤིང་དེ་ལ་ཞེན་པ་བཟློག་སྟེ་གནས་པར་བྱ་བའོ། བདུན་པ་ནི། བརྣབ་སེམས་ལ་སོགས་པ་རྣམ་པར་གཡེང་བའི་རྒྱུ་དང་ཡིད་མི་བདེ་བའི་ཚོར་བ་ལ་སོགས་པ་རྣམ་པར་གཡེང་པའི་འབྲས་བུ་གང་ཅིའང་རུང་བ་དེ་ཐམས་ཅད་ཀྱི་རང་རང་གི་ངོ་བོ་ངོས་བཟུང་སྟེ་རང་གྲོལ་དུ་བྱ་བའོ། །བརྒྱད་པ་ནི། དེ་ལྟར་བསྒོམས་པའི་མཐུས་རང་ཤུགས་ཀྱིས་དམིགས་པ་ལ་སེམས་འཇུག་ཅིང་འབད་རྩོལ་དྲག་པོ་ལ་མི་ལྟོས་པར་གནས་པའོ། །དགུ་པ་ནི། མཐར་མཉམ་པར་བཞག་པ་དང་མ་བཞག་པའི་རྣམ་པར་གཡེང་བ་མེད་པའོ། །དེ་དག་ནི་སེམས་གནས་པའི་ཐབས་དགུའོ། །ཆོས་ཐུན་སོ་ལྔ་པ། དམིགས་པ་སོ་གཅིག་པའོ།། ༈ །།སེམས་འཛིན་གྱི་སྐབས་ཐམས་ཅད་དུ་དྲན་པའི་སོ་པ་བཀོད་དེ་བྱིང་རྨུགས་ལ་སོགས་པའི་སྐྱོན་འདུག་གམ་མི་འདུག་ལྟ་ཞིང་མི་འདུག་ན་དེ་ཀར་འཇོག་པ་དང༌། འདུག་ཚེ་སྐྱོན་སེལ་དགོས་ཤིང་སྐྱོན་དེའང་སྤྱིར་སེམས་མི་གནས་པ་སྒོམ་མི་སྐྱེ་ཚད་མི་རྟག་འཆི་བ་མ་དྲན། ཆོས་བརྒྱད་མགོ་མ་སྙོམས། མོས་གུས་རྣལ་མ་མ་སྐྱེས། སྙོམས་ལས་དང་ལེ་ལོར་ལས་ཏེ་བདག་འཛིན་མ་སྤངས་པས་ལེན་པ་ཡིན། དེའི་གཉེན་པོར་སྐྱོ་ཤས་བསྐྱེད། ཚེ་འདིའི་འཁྲི་བ་བཙན་ཐབས་སུ་བཅད། འཁོར་བ་ལ་ཞེན་པ་བཟློག་སྟེ་ཆོས་བརྒྱད་མགོ་སྙོམས། བླ་མ་རྗེ་ལ་སྙིང་ཁུང་རུས་པའི་གཏིང་ནས་གསོལ་འདེབས་དང་མོས་གུས་བྱ། སྒོམ་སྲན་བསྐྱེད་བདག་ལས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་སྒོམ་པ་གལ་ཆེ་ཞིང༌། བྱེ་བྲག་ཏུ་སྒོམ་སྐྱོན་སེལ་ཐབས་ནི། སྒོམ་སྐྱོན་བྱིང་རྨུགས་རྒོད་དང་གསུམ། །བྱིང་ན་འདུག་ས་བསེང་བར་བྱ། ཆུ་ལྕག་བཏབ་དང་བྱབ་པར་བསྒོམ། །རྨུགས་ན་གློ་ཁར་སེར་བུ་བརྡེག །ཅེས་གསུངས་པས། ཤེས་པ་བྱིང་ན་ས་མཐོ་ས་དང་སྣང་གཡེལ་ཆེ་སར་བསྡད་ཕོ་བ་དགྱི་ལོག་བྱ། སྒལ་ཚིགས་བསྲངས་ལ་རིག་པ་དར་དང་ལྡན་པས་མིག་ཕ་རིའི་རི་རྩེ་ལ་གཏད་དེ་དངོས་སུའང་ཆུ་ལྕག་འདེབས་ཤིང་དམིགས་པས་ཀྱང་དེ་ལྟར་བཏབ་པར་བསྒོམ། ལྷག་པར་བླ་མ་མདུན་གྱི་ནམ་མཁར་བསྒོམས་ནས་རིག་པ་དར་དང་ལྡན་པས་གསོལ་བ་དྲག་འདེབས་བྱ། ས་བསིལ་སར་སྡོད་ཅིང་གིས་སྲབ་པར་བྱ། ཐུན་བསྟུང་གིན་བསྒོམ། སྐྱོ་ཤས་དང་ངེས་འབྱུང་བསྐྱེད། བཟའ་བཏུང་མ་མང་བ་བྱ། མེ་དང་ཉི་མ་ལ་མི་སྡོད། འཁྲུལ་འཁོར་དྲག་པོའང་བྱ་ཞིང༌། སྐབས་སུ་འཆག་ཅིང་ངལ་གསོས་ལ་དྲན་འཛིན་མ་དོར་ཙམ་བྱ། གོང་དུ་བསྟེན་པའི་ཚངས་པའི་གཙུག་རྒྱན་གྱི་ཏིང་ངེ་འཛིན་ཡང་བྱ། དེ་ལྟར་བྱས་ན་བྱིང་རྨུགས་སེལ་ཞིང་སེམས་རྣལ་དུ་ཕེབས་པར་འགྱུར་རོ། །རྒོད་ན་ཤེས་པ་གློད་ལ་ཁ་ཟས་བཅུད་ཅན་ཟ། བསྐུ་མཉེ་བྱེད། གོས་དྲོ་བར་བྱ་ཞིང་སེམས་དམིགས་རྟེན་གང་རུང་ལ་གནས་གང་ཐུབ་ཏུ་འཇོག །སྐབས་སུ་ངལ་གསོ། །གལ་ཏེ་མ་ཐུབ་པར་འཕྲོ་ན། ཆོས་མ་ཡིན་པའི་ཕྱོགས་སུ་འཕྲོའམ། ཆོས་ཕྱོགས་སུ་འཕྲོ་གཞིག །དང་པོ་ལྟར་ན་དགྲ་ཕྱོགས་སམ་གཉེན་ཕྱོགས་སམ་ནོར་ཟང་ཟིང་གི་ཕྱོགས་སུ་འཕྲོ་ཞེས་བརྟགས་ནས་དེ་དག་གང་དུ་འཕྲོ་ཡང་སྙིང་པོ་མེད་དེ། ནང་དུ་རང་རྒྱུད་མ་ཐུལ་ན་ཕྱི་རོལ་ཏུ་དགྲ་བཏུལ་ཡང་ཟད་པ་མེད་པའི་ཕྱིར་དང༌། རང་གི་ཉམས་རྟོགས་མི་སྐྱོང་ན་ཕྱི་རོལ་ཏུ་གཉེན་བསྐྱངས་ཀྱང་དོན་མེད་པའི་ཕྱིར་དང༌། ནོར་རྫས་ནི་ནམ་མཁའི་འཇའ་ཚོན་བཞིན་སྐད་ཅིག་གིས་མི་རྟག་པའི་ཕྱིར་དེ་དག་ལ་བསམས་ཀྱང་དོན་མེད་ལ། ཁོ་བོ་ཅག་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ནི་ལུས་ཀྱི་ཆ་ལུགས་བསྒྱུར་ཙམ་ཁོ་ན་མ་ཡིན་པས་སེམས་རྣམ་གཡེང་དང་ཆོས་མིན་གྱི་བྱ་བ་གང་ལའང་མི་འཇུག་པ་ཞིག་དགོས་སྙམ་དུ་བསམ་ཞིང་དྲན་པ་བསྐྱེད་པར་བྱའོ། །གཉིས་པ་ལྟར་ན། ཐོས་བསམ་གྱི་ཕྱོགས་སུ་སེམས་པའམ་མཁས་བཙུན་བཟང་བ་སོགས་དེ་དང་དེ་ལྟ་བུ་བྱས་སོ་བྱེད་དོ་ཞེས་སེམས་པར་གྱུར་ན་དེའང་སྙིང་པོ་མེད་དེ། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་འགྲུབ་མི་འགྱུར། །ཞེས་དང༌། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང༌། །འདུལ་བ་མདོ་སྡེ་མངོན་པ་ལ་སོགས་པ། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །རྟོག་པས་བསྲུང་སྡོམ་དམ་ཚིག་དོན་ལས་ཉམས། །ཞེས་ཏཻ་ལོ་པས་བཤད་པ་ལྟར་རོ། །འཆི་བ་མི་རྟག་པ་མ་དྲན་ཅིང་འཁོར་བ་ལ་བློ་མ་ལོག་པར་ཆོས་བརྒྱད་ཀྱིས་བཅིངས་ན། མཁས་བཙུན་བཟང་པོའི་ཁྱུར་མི་ཚུད་པས་དེ་ཕྱོགས་ལ་འཕྲོ་བ་འབད་དེ་སྤངས་ལ་བླ་མའི་མན་ངག་ལས་ཇི་ལྟར་འབྱུང་བ་བཞིན་སེམས་རང་མལ་དུ་གཞག་པར་བྱའོ་སྙམ་དུ་བསམ། དེས་ན་རྣམ་པར་རྟོག་པ་འཕྲོས་པ་རྣམས་སྙིང་པོ་མེད་པར་ཐག་བཅད་དེ་ཏིང་ངེ་འཛིན་ཁོ་ན་ལ་རྩེ་གཅིག་ཏུ་བྱ་ཞིང༌། གོང་གིས་འོག་སྤྱོད་པའི་ཏིང་ངེ་འཛིན་གྱི་དམིགས་པ་དེའང་བྱ། བྱིང་བ་ནི་གཉིད་མི་བྲོ་ཡང་རིག་པའི་དྭངས་ཆ་མེད་པའམ་རྨུགས་པ་ནི་གཉིད་རྨུགས་སུ་འཐིབས་འགྲོ་བ་ཡིན་པས་དེའི་ངང་ནས་རྣམ་རྟོག་འགྱུས་པའང་མི་ཚོར། ཉམས་བཟང་ངན་ཀྱང་ཤན་མི་བྱེད་དོ། །དེའི་གཉེན་པོར་གོང་གི་དམིགས་པ་སྤྱོད་ལམ་རྣམས་དང་རང་གི་མལ་སའི་ལོགས་སུ་བུག་པ་བྱས་ལ། དེ་ནས་ཚུར་རླུང་འབྱུང་བ་ལུས་ལ་བོག་བར་བྱས། བྱིང་རྨུགས་ཀྱི་རྒྱུའམ་སྐྱེ་བ་སྔ་མ་ཕན་ཆད་དུ་བླ་མ་དཀོན་མཆོག་ལ་སྐུར་བ་བཏབ་པ་ཡིན་པས་རྟེན་ཁྱད་པར་ཅན་གྱི་སྤྱན་སྔར་བཤགས་ཤིང༌། ཡིག་བརྒྱ་དང་རྡོར་སེམས་ཀྱི་སྒོམ་བཟླས་སྡིག་བཤགས་སོགས་ལ་ནན་ཏན་བྱ་ཞིང༌། མཆོད་རྟེན་ལ་སྐུ་ཕྱིས་དང་ཕྱག་དང་མཆོད་པ་ལ་སོགས་པ་བྱས་པས་སེལ་ལོ། །ཡང་ན་བྱིང་རྒོད་ཀྱི་གཉེན་པོ་ལོགས་སུ་མི་བཙལ་བར་དེ་ཉིད་ཀྱི་ངོ་བོ་ལ་བལྟས་པས་དེ་རང་སེམས་སུ་ཤེས་སམ་སེམས་སྤྲོས་བྲལ་སྟོང་ཉིད་དུ་རྟོགས་པས་བྱིང་རྒོད་ཀྱི་ཤེས་པ་དེ་ཉིད་མ་སྤངས་པའི་ཡེ་ཤེས་སུ་འཆར་བ་ཡིན་ནོ། །དེས་སེམས་མི་ཟིན་ཀ་མེད་ཡིན། དེར་བདེ་གསལ་མི་རྟོག་པའི་ཉམས་གསུམ་འབྱུང་ཞིང་ང་ལ་སྒོམ་བྱུང་ང་རྟོགས་ལྡན་ཡིན་སྙམ་པ་འོང་ཡང༌། རྗེ་ལ་གསོལ་བ་མ་ཐེབས་ཤིང༌། །ཞེན་པ་གཏིང་ནས་མ་ལོག་ན། །སྒོམ་ཉམས་བཟང་ཡང་ཉུང་མའི་གཡོས། །ཞེས་བྱ་བ་ཡིན་པས་སྒོམ་སྐྱོང་བར་བྱེད་པ་ལ་མོས་གུས་ཀྱི་གསོལ་འདེབས་དང་ཚེ་འདིའི་ཞེན་པ་བཟློག་སྟེ་རི་ཁྲོད་འགྲིམ་པ་གལ་ཆེ་ཞིང༌། མོས་གུས་མ་སྐྱེས་པའི་སྒོམ་དེ་མགོ་མེད་ཡིན། ཞེན་པ་མ་ལོག་པའི་སྒོམ་དེ་རྐང་མེད་ཡིན། མགོ་རྐང་མེད་པའི་ལུས་དེས་ཅི་ཡང་མ་བཏུབ་པས་སོ། །དེ་ལྟར་བདེ་གསལ་མི་རྟོག་པའི་ཉམས་ཤར་བའི་མཐུ་ལས་འདོད་ཡོན་ལ་ཞེན་པ་ལོག །ཟས་ཀྱང་ཟ་མི་དགོས། དབུགས་འགྱུ་བའང་མི་ཚོར། སངས་རྒྱས་ཀྱི་དགོངས་པའང་འདི་ཀ་ཡིན་སྙམ་པའི་དགའ་ཚོར་ཆེན་པོ་སྐྱེ། བླ་མ་ལ་སངས་རྒྱས་སུ་འདུག་སྙམ་པའི་ངེས་ཤེས་ཆེན་པོ་ཡོང༌། ཟག་བཅས་ཀྱི་མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱང་འཆར་བས་དེ་ལ་མ་ཞེན་པར་བྱའོ། །རྩེ་གཅིག་གི་ཉམས་འདི་ལོ་རེ་བསྐྱངས་ན་ཕྱིས་རྟོགས་པ་ཐོབ་ནས་བརྟན་པོ་ཞིག་ཡོང་བ་ཡིན། ཞི་གནས་བརྟན་པའི་ཚད་རབ་རླུང་དང་ལུས་འགྲོ་འོང་དང་ཡོད་པ་མི་ཚོར། འབྲིང་བརྟགས་ན་ཚོར། ཐ་མ་རླུང་འགྲོ་འོང་དང་ལུས་ཀྱི་ལྕིད་ཀྱིས་མི་གནོད་པའོ། །ཆོས་ཐུན་སོ་དྲུག་པའོ།། ༈ །།གསུམ་པ་བརྟན་པ་བོགས་དབྱུང་བ་ནི། དང་པོར་རང་གི་མིག་ཡུལ་དུ་སྣང་བའི་གཟུགས་བཟང་ངན་གང་གསལ་བ་ཞིག་ལ་ཤེས་པ་རྩེ་གཅིག་ཏུ་གཏད། དེ་གསལ་ནས་གཟུགས་མཐོང་ཚད་ལ་གཏད། དེ་བརྟན་པ་ན་རྣ་བའི་ཡུལ་དུ་སྣང་བའི་སྒྲ་དང་སྣའི་ཡུལ་དུ་སྣང་བའི་དྲི་དང་ལྕེའི་ཡུལ་དུ་སྣང་བའི་རོ་དང་ལུས་ཀྱི་ཡུལ་དུ་སྣང་བའི་རེག་བྱ་དང་ཡིད་ཀྱི་ཡུལ་དུ་སྣང་བའི་ཆོས་གང་སྐྱེས་པ་ལ་དམིགས་རྟེན་བྱས་ནས་རྩེ་གཅིག་ཏུ་བཞག །བྱེ་བྲག་ཏུ་སྤང་བྱའི་རྟོག་པ་ཆགས་སྡང་དུག་ལྔ་སོགས་དང༌། བླང་བྱའི་རྟོག་པ་སྦྱིན་སོགས་དགེ་བ། ལུང་མ་བསྟན་གྱི་རྟོག་པ་སོགས་ཡིད་ཡུལ་དུ་རྣམ་རྟོག་གང་ཤར་བ་ཞིག་ལ་རྩེ་གཅིག་ཏུ་གཏད་དེ་བཞག་གོ་ཁ་ཅིག་སྤང་བྱའི་རྟོག་པ་དེ་ནན་གྱིས་བཀག་དགོས་ཟེར་ཡང༌། དེ་ལྟར་བྱས་ན་རྟོག་པ་མང་བས་ཏིང་ངེ་འཛིན་སྐྱེ་དཀའ་བ་ཡིན། དེའི་ཕྱིར་རྟོག་པ་གང་སྐྱེས་ཀྱང་རྟོག་པ་ལ་སྐྱོན་དུ་མི་ལྟ་བར་དེ་རང་གི་ཐོག་ཏུ་ལྷོད་ཀྱི་གློད་བཙན་གྱི་བཞག །དྲན་ཐག་མ་ཆད་པར་རྟོག་པ་འགྱུས་ཚད་འགྱུ་རུ་བཅུག །རྒྱ་ཡན་དུ་གཅིག་ཀྱང་མ་ཤོར་བར་གཅིག་སྐྱེས་གཉིས་སྐྱེས་ངོས་བཟུང༌། ཡང་ཅུང་ཟད་ངལ་བསོ། །ཡང་དེ་ལྟར་བསྒོམས་པས་རྟོག་པ་རང་སེམས་འཛིན་གྱི་རྟེན་དུ་སོང་ནས་རྟོག་པ་རྒྱུན་ཆད་དེ་གནས་པ་མི་རེ་བ་ཡོང༌། དེ་མ་བྱུང་བར་ད་རུང་རྟོག་པ་མང་དུ་སོང་ན་སྐྱོན་དུ་མི་ལྟ་བར་མ་ཡེངས་པར་བསྐྱངས་པས། སྔར་ལྟ་སྟངས་ཀྱི་ཡུལ་ལ་ལྟ་བ་དང་ད་ལྟ་རྟོག་པ་ལ་ལྟ་བ་ཁྱད་མེད་པས་དེ་ཉིད་སེམས་འཛིན་གྱི་མཆོག་ཏུ་གྱུར་པའོ། །མདོ་སྡེ་རྒྱན་ལས། གང་ཕྱིར་ཆགས་སོགས་དེ་ཉིད་ལ། །ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར། །དེ་ལས་རྣམ་གྲོལ་འགྱུར་དེ་བཞིན། །དེ་ཡི་དེ་དག་ལས་ངེས་འབྱུང༌། །ཞེས་དང༌། ཧེ་བཛྲ་ལས། ནགས་བུས་འཇིག་རྟེན་འཆིང་འགྱུར་ལ། །འདོད་ཆགས་ཉིད་ཀྱི་རྣམ་གྲོལ་འགྱུར། །ཞེས་དང༌། རྒྱལ་བ་ཡང་དགོན་པས། བློ་རྣམ་རྟོག་ལ་སྡང་བྱར་མི་འཛིན་ཞིང༌། །མི་རྟོག་པ་ཆེད་དུ་མི་སྒྲུབ་པར། །དྲན་པའི་རྒྱང་སོ་ཞིག་ཚུགས་ལ་ཞོག་དང༌། །སྒོམ་ཞི་གནས་གྱི་ཐོག་ཏུ་འཁྱོལ་བ་ཞིག་ཡོང་གི །ཞེས་གསུངས་པའི་དོན་ནོ། །དེ་ཡང་ཐུན་བསྟུང་གིན་མཐུད་པ་གལ་ཆེ་ཞིང་སྒྲིམ་གློད་གཉིས་ཀྱང་སྤེལ་མར་བྱ་སྟེ། བསྒྲིམ་པ་ནི་དམིགས་པ་གང་རིག་གཅིག་ལ་གྲིམ་ཀྱིས་བསྒྲིམས་སྐད་ཅིག་ཀྱང་ཡེངས་སུ་མི་འཇུག་ཁ་མིག་དང་རྣ་མཆོག་ཚུན་ཀྱང་ཀྲོང་གི་ཡོང་ལུས་ཀྱང་ཉྭ་བཞི་གྲིམས་ཀྱིས་འགྲོ། །ལེགས་པར་འཇུར་བཏབ་སྟེ་སྒོམ་པ་ནི་དཔེར་ན་ཁྲོམ་གསེབ་ནས་རྐུན་བུ་ངོས་འཛིན་པའམ་རྒྱང་མིག་གིས་རྟ་བ་གྲངས་སུ་འདེབས་པ་ལྟ་བུ་ཟམ་པ་མདའ་གཅིག་མའི་སྟེང་དུ་འགྲོ་བ་དང་མར་ཁུས་གཞོང་པ་གང་བ་འཚོ་བ་ལྟ་བུར་བསྒྲིམ་པའོ། །གློད་པ་ནི་སྒོམ་གྱི་རྩོལ་བརྒྱངས་ཀྱིས་བསྐྱུར་བ་འདྲ་ཞིག་བྱ། །དོན་ལ་བསྐྱུར་བ་ནི་མིན་བཟོ་མེད་བདག་མེད་དུ་ཕྱལ་གྱིས་བཏང་ལ་མ་ཡེངས་ཙམ་དྲན་པ་ཡུད་དེ་བྱ། ཐུན་ཡང་ཅུང་བསྲིངས་ལ་ལུས་སེམས་ཁོང་གློད་དེ་དཔེར་ན་ལས་ཟིན་ནས་བློ་བདེ་བའམ་ན་མེད་ལ་སོང་ནས་བློས་བསྐྱུར་བའམ་སོགས་ཕོན་ཐག་པ་ཆད་པ་དང་བུ་ཆུང་ལྟོས་འགྲངས་པ་དང་ཉི་ཟླ་སྤྲིན་དང་བྲལ་བ་དང་མར་མེ་རླུང་དང་བྲལ་བ་ལྟ་བུར་གློད་པའོ། །དེ་གཉིས་ཀྱི་བྱིང་རྒོད་ཀྱི་སྐྱོན་ཡང་སོ་སོར་སེལ་ལོ། །ཆོས་ཐུན་སོ་བདུན་པ། དམིགས་པ་སོ་གཉིས་པའོ། །འདིའི་ཀ་ནས་ན་པའི་བར་གྱི་དོན་ཚན་འདི་རྣམས་ངེས་པར་གོ་རིམ་བཞིན་དུ་སྒྲ་ཇི་བཞིན་པར་སྟོན་དགོས་པ་ནི་མ་ཡིན་གྱི་ཉམས་དང་རྟོག་པ་གོ་བ་སོགས་དེ་དང་དེ་འདྲ་བ་བྱུང་བའི་རིགས་ཅན་ལ་གེགས་སེལ་དང་བོགས་འདོན་ལུགས་དེ་དང་དེ་འདྲ་བ་སྟོན་དགོས་ལ། དེའང་གོང་དུ་བསྟན་པ་ལྟར་དྲི་བ་བྱས་ནས་ཁོའི་རྒྱུད་ཚོད་ལ་རྟགས་འཆར་ཚུལ་ལ་དཔགས་ཏེ་གང་འགབ་སོ་སོར་སྟོན་པར་བྱེད། གལ་ཏེ་ཉམས་ལེན་གཞུང་མ་མི་བྱེད་པའི་ཐོབ་ལོ་ཙམ་གྱི་རིགས་ལས་བཤད་ཀྱང་ཆོག །ནན་གྱིས་འཆད་དགོས་པ་བྱུང་ན་གོ་མི་གོ་ཙམ་དུ་ལུང་གི་ཚུལ་དུ་ཕྱོགས་གཅིག་སྟོན་པ་མ་གཏོགས་ཞིབ་ཆར་བྱས་ཏེ་འཆར་ཚུལ་འདི་བཞིན་ཡོང་ཞེས་ཐོག་མ་ནས་བཤད་པར་བྱས་ཚེ་ཆོས་རྒྱུས་ཅན་དྲེད་པོར་ཤོར་ནས་རྟིང་སོར་གཞན་གྱིས་ཁྲིད་འདེབས་པ་ལའང་གནོད་པས་དབང་པོ་དང་དུས་ཚོད་ཤེས་པས་སྟོན་ནོ།། ༈ །།ཀ ཡང་ཁ་ཅིག་སྒོམ་དུས་སུ་ཉམས་བཟང་བཟང་པོ་ཞིག་འདོད་པས་བློས་བྱས་ཀྱི་གསལ་སྟོང་ཁྱད་འཕགས་ཤིག་བཟོས་ཀྱིན་སྒོམ་པ་དེ་སྒོམ་འཇའ་ཚོན་མ་ཟེར། ངོ་སྤྲོད་སྔ་ས་ན་འདི་ཡོང་བས་སྒོམ་གྱི་གོ་མི་ཆོད། སྟོན་པའམ་ཆོས་རྒྱུས་ཅན་དུ་འདོད་པ་ཞིག་ཡིན་ན་ཁོའི་བཤད་ཚོད་སྙན་སྙན་ཚོ་དང་མ་མཐུན་ན་ཁོ་མ་མགུ་ནས་བཅོས་སྒོམ་བྱེད་པ་དེ་གེགས་ཆེ་དེ་འདྲས་ཅི་ཡང་མི་བཏུབ་སྐས་གཤམ་ནས་མ་འཛེགས་པར་སྐས་མགོར་མི་སླེབ་པ་བཞིན་ནོ། དེའི་གེགས་སེལ་དུ་ཞེ་འདོད་སྐྱུངས། ཆེད་དུ་མ་སྒོམས། ཡིད་བཟོ་མ་བྱེད། ཐ་མལ་ལྷུཔར་སྐྱོངས། ཁྱོད་ཀྱིས་དེས་ལོད་དུ་འགྲོ་བ་མ་གཏོགས་དྲག་ཏུ་འགྲོ་རི་ཤི་ཞེས་བརྗོད། ཁ ཡང་ངོ་སྤྲོད་སྔས་པ་འགའ་ཞིག་སེམས་འདི་ག་སངས་རྒྱས་ཡིན་མ་བཅོས་པར་ཞོག་བྱས་པས་ཁོ་རང་གི་རྣམ་རྟོག་རྒྱ་ཡན་དེ་ག་སངས་རྒྱས་ཡིན་སྙམ་ནས་རྟོག་པ་ཐོ་ཅོ་ལ་རེ་ལ་ཉམས་མྱོང་ཆང་ལ་རེ་བ་ཞིག་ཡོང་འདུག་པ་སྔ་མ་བས་ཀྱང་ཡོད། དེ་ལ་གོ་ཆ་དང་སྙིང་རུས་བསྐྱེད་ལ་སྐད་ཅིག་ཀྱང་མ་ཡེངས་པར་སྒོམས། ཆོས་སྐད་མ་མཐོ། ལག་ལེན་ལ་རེམ་ཞེས་བརྗོད་པར་བྱའོ། །ག ཡང་སྒོམ་ལེགས་པོ་ཞིག་སྐྱེས་ཀྱང་མ་བསྐྱངས་པར་ལད་ན་སྒོམ་བདག་མེད་པ་ཟེར། དེ་ལ་གཉུག་བསྲིངས་ལ་བརྩོན་འགྲུས་ཇེ་ཆེར་ཐོངས་ལ་སྒོམས་ཞེས་བརྗོད། ང་ ཡང་ལན་རེ་དགའ་རབ་རེ་བྱུང༌། དེ་རྟིང་འགྲིབས་པས་ཡི་མུག་སྟེ་སྔུན་མ་དེའི་ལད་མ་བཟོས་ཀྱིན་སྒོམ་དེ་མ་བྱུང་བས་སྡུག་ཐག་ཆོད་ནས་གོ་ཆ་ཆེས་ན་ཁམས་འདུས་ཡོང༌། ཆུང་ན་སྐྱིད་ཆོས་རེ་ལ་ཁ་ལྷན་གྱིས་འབྱར་ནས་འགྲོ། དེ་ལ་ངན་དུས་དེར་བཟང་པོ་མ་འདོད་ངན་པའི་ཉམས་དེ་རང་ལ་ལྟོས་ཀྱིན་སྐྱོངས་དང་བཟང་པོ་དེ་བས་ངན་པ་དེ་སྐྱོང་སླ་ལ་དྲིལ་ཐུབ་བ་ཞིག་ཡོང་བས་འདི་རྩལ་ཆེ་བ་ཡིན་ཞེས་བརྗོད། ཅ ཡང་མཉམ་པར་བཞག་མ་ཐག་མ་པ་དེ་ཏིང་པ་བཅོས་དགོས་པ་འདྲ་ཞིག་བྱུང་གིན་དེ་བཅོས་པའམ་རྟོག་པ་འོག་འགྱུ་ལ་ཤོར་ན་ཇེ་ལོད་དུ་འགྲོ་བས་དེ་ལ་མ་བདེ་བ་དེ་མ་བཅོས་པར་དེ་ག་ལ་བལྟས་ན་མདུད་པ་བཀྲོལ་པ་བཞིན་ལྷོད་ཀྱི་བདེ་ཆམ་གྱིས་འགྲོ་བ་ཡིན་ཞེས་བརྗོད། ཆ ཡང་རྣམ་རྟོག་འགྱུ་དུས་མ་ཚོར། ཁོ་རང་མ་ཡེངས་པར་ཡོད་སྙམ། དར་གཅིག་ལ་ད་ཅི་ནས་འགའ་ཞིག་འགྱུས་འདུག་པ་མ་ཚོར་མ་ལེགས་སྙམ་ནས་སྔུན་མ་དེའི་ཕྱིར་སྟེགས་བྱས་ནས་བཀུག་གིན་སྒོམ་ལ་འཇིག་པ་སྐད་བྱེད་དོ། །དེ་ལ་འགུགས་མཁན་དེ་ལོག་ནས་མི་འོང༌། འགུགས་མཁན་ཡང་རྟོག་པ། ངོ་ཤེས་ཀྱང་ཉིང་འཁྲུལ་ཡིན་པས་འདི་ལ་སྒོམ་ལྕགས་ཀྱུ་མ་ཞེས་བརྗོད། ཇ ཡང་འགའ་རེ་རྟོག་པ་འགྱུས་པ་ཚོར་ཡང་དེ་ཚོ་སྟོང་པ་ཡིན་སྙམ་ནས་ཕཊ་རེ་རྒྱབ་ཀྱིན་རྟོག་པ་ཆ་ལང་ལ་གཏོང༌། དེ་དེ་བས་ཀྱང་ལོད། དེ་ལ་རབ་རྟོག་པ་དེ་ཚོར་མ་ཐག་ང་ཡེངས་འདུག་སྙམ་པའི་སེམས་དེ་ཀ་ལ་ལྟོས། དེ་མ་བྱུང་ཡང་ཕྱི་སྙིག་གི་འགྱོད་པ་མ་བྱེད་པར་ནམ་དྲན་ལ་ལྷོད་གློད་བཞག་པས་མདུད་པ་གྲོལ་བ་བཞིན་གྲོལ་འགྲོ། ཉ ཡང་འགའ་ཞིག་མ་ཡེངས་ཙམ་ལ་འཕྲོ་གཅོད། ཡང་གློད་པ་ནི་ཆུ་ནང་དུ་ཉ་བསྒུག་པ་ལྟ་བུའི་འཕྲོ་རྒོད་བྱ་བ་རྣམ་རྟོག་རྐུན་བུ་མ་ཚོར་བ་ལ་ཟེར། འདི་གློད་དྲགས་པའི་སྐྱོན་ཡིན་པས་དེ་ལ་རིག་པ་འཇུར་ཐེབས་པ་གལ་ཆེ་ཞེས་བརྗོད། ཏ ཡང་སྒྲིམ་པ་དེ་རྩོལ་བར་སེང་ན་གཤེད་ན་འབྲེལ་བའམ་ལུས་ངག་བསྡམས་པ་འདྲ་བ་ཞིག་བྱུང་ན་དེ་ལ་གློད་ནས་བསྒྱུར་བ་གལ་ཆེ་ཞེས་བརྗོད། ཐ ཡང་འགའ་ཞིག་རྣམ་རྟོག་ལ་ག་ཤེད་ཀྱི་ཡུལ་ལམ་མི་ཞིག་ནམ་དྲན་ཙ་ན་རང་གི་སེམས་དེའི་རྩར་སླེབ་ཡོད་པ་འདྲ་བ་ཡུལ་དེ་ལྟ་སྟངས་ཀྱི་ཡུལ་འདི་ན་ཡོད་སྙམ་པ་འདྲ་བ་ཞིག་ལ་བཟོ་མེད་དུ་བལྟས་ཙ་ན་ཡལ་འགྲོ། དེའི་འཕྲོ་ལ་སྐད་ལྷང་བའམ་ལུས་ཚ་ཙག་པ་ཞིག་བྱུང་ན་སེམས་དེར་འགྲོ། ཡང་རྣམ་རྟོག་དོན་མེད་ཅིག་ཝལ་དྲན་ཡོང༌། ཡང་ལྟ་སྟངས་ཡུལ་དེར་ལྷན་ནེ་བསྡད་པ་སྙམ་བྱེད། དེ་ཐམས་ཅད་ལ་རབ་ཏུ་རིག་པ་གང་སོང་དེར་ཅེར་གྱིས་བལྟས་པས་རང་གྲོལ་དུ་འགྲོ། དེ་མ་བྱུང་ཀྱང་ཐུན་བསྟུང་གིན་ཡང་ཡང་ལྷོད་གློད་ཤིག་བཤིག་གིན་ཞོག །ད ཡང་རྣམ་པར་ཤེས་པ་སྤྲེའུ་འདྲ་བས་སྤྲེའུ་ཞིག་ཁང་སྟོང་དུ་བཅུག་ན་སྐར་ཁུང་ཐམས་ཅད་ནས་ཉུག་ཉུག་བྱེད་ཅིང་མིའི་ལད་མོ་བྱེད་པ་ལྟར་རྣམ་རྟོག་དེའང་མིག་གིས་གཟུགས་གཅིག་མཐོང་ན་དེའི་རྗེས་སུ་རྒྱུག་ཅིང་ལད་མོ་བྱེད། དེ་བཞིན་དུ་སྒྲ་དྲི་རོ་རེག་བྱ་སོགས་ཚོར་ཡང་དེ་དང་དེ་འདྲ་བར་རྒྱུག་ཅིང་ལད་མོ་བྱེད་པར་འདུག །དེ་ལ་ངོས་བཟུང་གིན་རང་ཐོག་ཏུ་བཞག་པ་ན་རྩལ་མྱུར་དུ་རྫོགས་འགྲོ་ཤིང་ཕྲ་ཞིབ་སྤུ་རྩེ་འགུལ་བ་ཤེས་པ་འདྲ་ཞིག་དགོས་པ་ཡིན་ནོ། །དེ་འདྲ་ཚེ་མི་ཤེས་ཟེར་ནས་ལུད་རྒྱང་བ་དེ་རྒྱ་ཡན་དུ་བཏང་གིན་སྐབས་རེར་ལྟ་སྟངས་ཀྱི་ཡུལ་དེར་སྒོམ་རེ་བཟོས་ཀྱིན་སྒོམ་པ་ནི་དྲན་པ་མཆོག་འཛིན་བློས་བྱས་ཀྱི་སྒོམ་ཟེར་བར་གདའ། ད་ལྟའི་སྒོམ་ཆེན་པ་ཕལ་ཆེར་འདི་ལ་བྱེད་དེ་དེ་ལ་ཡིད་བཟོ་དང་བཅོས་སྒོམ་མ་བྱེད་པར་རྩེ་གཅིག་ཏུ་མཉམ་པར་ཞོག་ཅེས་བརྗོད། ན ཆུ་ནང་དུ་ཆུ་ཐིགས་པ་ལྟ་བུའི་འཕྲོ་རྒོད་ཟེར་ནས་རྣམ་རྟོག་བྱུང་ཚད་ཚོར་ནས་རྗེས་མེད་དུ་ཡལ་འགྲོ་བ་དང༌། བྱ་སྒྲོའི་རྩེ་མོ་རླུང་གིས་སྤུར་བ་ལྟ་བུའི་གཡོ་བུན་ལ་དྲན་པས་འཕྲལ་དུ་ཤེས་པ་བྱུང་ན་དེས་ནི་མི་སྟོངས་གདའ་འདི་དག་ནི་ཞི་གནས་ཀྱི་གེགས་སེལ་བོགས་འདོན་དུའང་འགྱུར་རོ། །དགོས་བྱུང་ན་ཆོས་ཐུན་སོ་བརྒྱད་པའོ།། ༈ །།གེགས་སེལ་བོགས་འདོན་མཆོག་ཏུ་གྱུར་པ་ནི་མོས་གུས་ལ་རག་ལས་ཏེ། མོས་གུས་རབ་ལ་སྒོམ་རབ། མོས་གུས་འབྲིང་ལ་སྒོམ་འབྲིང༌། མོས་གུས་ཐ་མ་ལ་སྒོམ་ཐ་མ། མོས་གུས་གཏན་ནས་མེད་ན་སྒོམ་ཡང་མི་སྐྱེ་བས་འདིར་སྒོམ་བཟང་ངན་མོས་གུས་ཆེ་ཆུང་ལ་རག་ལས་པས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་འདེབས་དང་མོས་གུས་ཁོ་ན་ལ་རྩེ་གཅིག་ཏུ་སྒྲིལ་བ་གལ་ཆེ། དེས་ན་ལས་དང་པོ་པ་རྣམས་སྒོམ་ལ་འཇུག་པ་ལ་ཐུན་བསྟུང་བ་རང་གལ་ཆེ་སྟེ། ཐོག་མར་རླུང་འགྲོ་འོང་རེ་ལའང་ཐུན་རེ་ཙམ། དེ་རྟིང་ཇེ་རིང་ལ་བཏང་སྟེ་བཟང་གྱེས་གལ་ཆེ་བ་ནི་ཁ་ནང་མཚམས་གྲོལ་ཁ་དེར་ཉམས་བཟང༌། ཕྱིས་ཞུགས་མ་ཐག་དེར་ཡང་ཉམས་བཟང༌། ངན་ནའང་དེ་ཀ་ལྟར། ཐུན་ལའང་དེ་དང་འདྲ། ལར་མཚམས་མགོ་དང་ཐུན་མགོར་ལེ་ལོར་ཤོར་ན་ཇེ་ལོད་ཇེ་དཀར་འགྲོ་རྟིང་ལ་འཆོས་པའང་དཀའ་མོ་ཡོང༌། མགོ་དེར་ཉམས་ལེན་བསྟུངས་པ་རེ་བྱུང་ན་མཚམས་དང་ཐུན་མ་ཐོན་པར་སྒོམ་སླ་ཞིང་འཕྲོས་གཤིན་པ་ཡོང༌། དམིགས་པ་གཏོད་པ་དེའང་གང་ལ་གཏད་པའི་དམིགས་པ་དེ་ཉིད་གསལ་ཞིང་རྩེ་གཅིག་ཏུ་གནས་ན་དེ་ཉིད་ལ་ཡུན་ཅི་རིང་དུ་གཏད་ཅིང༌། གལ་ཏེ་མ་གསལ་ན་དམིགས་ཡུལ་གང་ཡིན་དེ་ཁྲ་ལམ་གྱིས་གསལ་བཏབ་ལ་འདི་ལྟ་བུ་ཞིག་སྒོམ་སྙམ་པ་ཡིད་ལ་བྱས་ཏེ་མ་བཅོས་པར་གློད་ལ་འཇོག །དེའང་སེམས་འཛིན་གྱི་མན་ངག་གི་མཐུས་སེམས་ཉེ་བར་གནས་པ་ལ་ཞི་གནས་ཞེས་བརྗོད་ཀྱི་འཕྲོ་བའི་རྐྱེན་དང་མ་ཕྲད་པས་གྱི་ནར་ལས་པ་ཙམ་ནི་ཏིང་ངེ་འཛིན་གྱི་གྲངས་སུ་མི་ཚུད་དེ་དེ་ནི་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་ལའང་འབྱུང་བའི་ཕྱིར་རྣམ་པར་མ་དག་པའོ། །གང་རྣལ་འབྱོར་གྱི་མཐུས་སེམས་སྐད་ཅིག་ཙམ་མམ་ཞག་དང་ཟླ་བ་ལོ་བསྐལ་པའི་མཐར་རྩེ་གཅིག་པའི་སེམས་ཐོབ་ན་ཞི་གནས་ཀྱི་ཏིང་ངེ་འཛིན་ཆུང་འབྲིང་ཆེན་པོའི་བར་གྱི་དབྱེ་བ་སྣ་ཚོགས་པར་བརྗོད་དུ་རུང་བ་ཡིན་ནོ། །ཞི་གནས་ཞེས་པ་སེམས་ཉོན་མོངས་པའམ་རྣམ་རྟོག་གི་མཚན་མ་ཞི་ཞིང་དགེ་བའི་ངོ་བོར་རྩེ་གཅིག་ཏུ་གནས་པས་དེ་སྐད་ཅེས་བྱ་ཞིང༌། ཞི་གནས་ཀྱི་རྒྱུ་ནི་ཚུལ་ཁྲིམས་ལ་བརྟེན་པ་ཡིན་ཞིང༌། ངོ་བོ་ནི་ཉོན་མོངས་པའི་རྟོག་པས་དབེན་པ་ཡིན། རྐྱེན་ནི་སེམས་གནས་ཁྱད་པར་ཅན་ལས་སྐྱེ་སྟེ། ཕན་ཡོན་ནི་ཉོན་མོངས་པ་དང་སྡུག་བསྔལ་རགས་པ་རྣམས་མགོ་གནོན་པའོ། །ཆོས་ཐུན་སོ་དགུ་པའོ།། ༈ །།

དངོས་གཞི་ལ་འཇུག་པ་བྱེད་པ་ལས། ལྷག་མཐོང་།

གཉིས་པ་ལྷག་མཐོང་ལ། གནས་ལུགས་སེམས་ཀྱི་ངོ་བོ་ལ་བལྟ་བ། གཞི་རྩ་གཅད་པ། རིག་སྟོང་དུ་གཏན་ལ་ཕབ་ནས་ངོ་སྤྲོད་པའོ། །དང་པོ་ནི། སྔོན་འགྲོ་རགས་པ་མདོར་བསྡུས་པ་བྱས་ལ། ཞི་གནས་ཀྱི་དམིགས་པ་རྣམས་ཀྱང་མ་བརྗེད་ཙམ་བྱ། ཐོག་མར་སེམས་རང་ལུགས་སུ་ལྷོད་ཀྱི་གློད་ནས་འཇོག་ལུགས་ནི་གསལ་དངས་མདངས་དང་ལྡན་པ་ཉི་མ་སྤྲིན་དང་བྲལ་བ་ལྟ་བུར་བཞག །བྱུང་ཚོར་སེམས་སུ་ཤེས་པ་ཆུ་དང་རླབས་ལྟ་བུར་བཞག་གསལ་ཆ་ཡོད་ལ་འཛིན་པ་མེད་པ་བུ་ཆུང་གིས་ལྷ་ཁང་མཐོང་བ་ལྟ་བུར་བཞག །དེའི་ངང་ནས་རང་གི་སེམས་གནས་པ་དེའི་ངོ་བོ་ཅི་ལྟ་བུའི་ཚུལ་གྱིས་གནས། ཁ་དོག་ཅི་ལྟ་བུ། གཟུགས་དབྱིབས་རྣམ་པ་ཅི་ལྟ་བུ། དངོས་པོར་འདུག་གམ་དངོས་མེད་དུ་འདུག །དང་པོ་གང་ནས་བྱུང༌། །ད་ལྟ་གར་གནས། ཐ་མ་གར་འགག །རང་གི་ལུས་ལ་འདུག་གམ་མིང་དང་ནང་དང་ཕྱི་རོལ་གྱི་དངོས་པོ་དང་འགྲོ་བ་རིགས་དྲུག་སུ་འདྲའི་རྣམ་པར་གནས་གཞིག་ཅིང་དཔྱོད་ལ་ཁ་དོག་དབྱིབས་ངོ་བོ་འདི་ལྟ་བུ་ཞེས་རྙེད་ན་ལེགས་ཀྱི། གལ་ཏེ་མ་རྙེད་ན་སྒྱིད་ལུག་པར་མི་བྱ་ཞིང་ཡང་ཡང་འབད་པ་ཆེན་པོས་བལྟ་བར་བྱའོ། །ཆོས་ཐུན་བཞི་བཅུ་པ། དམིགས་པ་སོ་གསུམ་པའོ།། ༈ །།དེ་ལ་གནས་པའི་ངང་ནས་སེམས་ཀྱི་ངོ་བོ་དེ་ཅི་ལྟ་བུ་ཞིག་འདུག་དྲིས་ལ། གནས་པ་ཙམ་ལས་སེམས་ཀྱི་ངོ་བོ་འདི་འདྲ་ཡིན་ཤེས་རྒྱུ་མི་འདུག་ཟེར་ན། འོ་ན་ཤེས་པ་དེ་ལུང་མ་བསྟན་གྱི་ཤེས་པ་ཚོམ་མུན་ནེ་བ་ཞིག་འདུག་གམ། གསལ་ཧྲིག་གེ་བ་ལ་རྗེན་ནེ་བ་ཞིག་འདུག་དྲིས་པས། རྟིང་མ་ལྟར་འདུག་ཟེར་ན་སེམས་ངོ་མཐོང་བ་ཡིན། སྔ་མ་ལྟར་འདུག་ཟེར་ན་སླར་སྐྱོང་འཇུག །ཡང་ལས་ཀྱི་གནས་པའི་དུས་དང་ད་ཁྱད་པར་ཅི་འདུག་དྲིས་པས་སྔར་གྱི་སེམས་གནས་པ་དེ་ཤེས་པ་འབོལ་ལེ་ཤིག་གི་སྣང་བ་བཀྲག་མེད་དུ་བུན་ལོང་གི་སོང་ཞིང་དེ་ལ་ལྷོད་ཆགས་པ་སྔར་གྱི་རྩོལ་བ་ལྟ་བུ་དང་བྲལ་བ་ཡུལ་གྱི་སྤུ་རིས་ཆེར་མི་ཕྱེད་ཅིང་རིག་པའི་ངོ་བོ་མི་མཐོང་བར་གནས་པ་འཐུག་པོ་ཤེས་པ་དོང་དུ་བཅུག་པ་ལྟ་བུའམ། སྦྲང་མ་གར་སྦྱིན་ལ་འབྱར་བ་ལྟ་བུ་རིག་པ་མི་གསལ་བའི་ངང་དུ་གནས་པ་ཞིག་འདུག་ལ། ད་ལན་སེམས་གནས་པ་དེ་གསལ་དངས་སིང་ངེ་བ་ངོས་བཟུང་དང་བྲལ་བ་ཞིག་འདུག་ཟེར་ན། སེམས་ངོ་ཕྱོགས་ཙམ་མཐོང་བ་ཡིན། དེ་སྔར་དང་ཁྱད་མི་འདུག་ཟེར་ན། དེས་ཉོན་མོངས་པའི་མགོ་གནོན་ནུས་པ་ཙམ་ཡིན་གྱི་བྱང་ཆུབ་སྒྲུབ་པ་ལ་དེའི་སྟེང་དུ་ལྷག་མཐོང་གི་ཡེ་ཤེས་རྒྱུད་ལ་སྐྱེ་དགོས་པས་ད་དུང་ནན་ཏན་སྐྱེད་ལ་སྐྱེས་ཀྱི་བར་དུ་ཉམས་སུ་ལོངས་ཤིག་ཅེས་བསྒོ། ཡང་གནས་པ་བཙལ་བསམ་རྙེད་ན་སེམས་དེ་འཕྲོར་བཅུག་སྟེ། སེམས་ཟེར་བའི་མི་དྲན་དགུ་དྲན་མི་འགྱུ་དགུ་འགྱུ་འཕྲོ་བ་འདི་ཉིད་ཁ་དོག་ཇི་ལྟ་བུའི་ཚུལ་གྱིས་འཕྲོ། དབྱིབས་ཅི་ལྟ་བུ། ངོ་བོ་ཅི་བུའི་ཚུལ་གྱིས་འཕྲོ། མིག་ཡུལ་གྱི་གཟུགས་ལ་འདུག་གམ་དབང་པོ་ལྔའི་ཡུལ་སྐྲ་དྲི་རོ་རེག་བྱ་རྣམས་ལ་འདུག །འོན་ཏེ་རང་གི་མགོ་ནས་རྐང་མཐིལ་ཡན་གྱི་དབང་པོ་དང་དོན་སྙིང་དང་ཡན་ལག་དང་ལུས་མདངས་སྐྲ་དང་པགས་པའི་མཐར་སོན་པའི་བར་རམ། ཕྱི་རོལ་གྱི་འབྱུང་བ་ལྔ་འགྲོ་བ་རིགས་དྲུག་སོགས་གང་འདྲའི་ཚུལ་དུ་འཕྲོ། སེམས་དེའི་ངོ་བོ་ཡོད་པའམ་མེད་པའམ་གཉིས་ཀའམ་གཉིས་ཀ་མ་ཡིན་པ་གང་འདྲའི་ཚུལ་དུ་འཕྲོ་ཞིང་གནས་ཞེས་ཞིབ་ཏུ་དཔྱོད་དོ། །ཆོས་ཐུན་ཞེ་གཅིག་པ། དམིག་པ་སོ་བཞི་པའོ།། ༈ །།གཉིས་པ་གཞི་རྩ་བཅད་པ་ནི། དེ་ལྟར་བཙལ་བའི་ཚེ་མ་རྙེད་ན་སླར་ཡང་སྔར་བཞིན་སེམས་དེ་ཀ་ནན་གྱིས་ལེགས་པར་བཙལ། དེ་ལྟར་བཙལ་བའི་ཚེ་མ་རྙེད་ན་འཚོལ་མཁན་དེ་ཀའང་ཇི་ལྟར་འདུག །སྔར་རང་ལུགས་སུ་གློད་པའི་སེམས་དེ་དང་ད་བརྟག་དཔྱད་བྱས་པའི་སེམས་དེ་ལ་ཁྱད་པར་ཇི་ཙམ་འདུག །སེམས་དེའི་བྱུང་གནས་འགྲོ་གསུམ་ཇི་ལྟར་འདུག་ལེགས་པར་བརྟག་ནས་བཙལ་པར་བྱའོ། །ཡང་སེམས་འགྱུར་བཅུག་ལ་གཅིག་སྐྱེས་གཉིས་སྐྱེས་ངོས་བཟུང་གནས་མཁན་དང་འགྱུ་མཁན་གཅིག་མི་གཅིག་འདྲི། དེ་གཉིས་གཅིག་ཟེར་ན་གཅིག་པར་ངོ་སྤྲད། དཔེ་བཟའ་མི་གཉིས་ལ་བུ་གཅིག་ཡོད་པ་དེ་མའི་རྩར་ཡོད་ན་ཕའི་རྩར་མི་ཡོད་ཕའི་རྩར་ཡོད་ན་མའི་རྩར་མི་ཡོད་འཕྲིན་ཕར་སྐྱེལ་ཚུར་སྐྱེལ་བྱེད་པ་བཞིན་སེམས་དེའང་གནས་ཙ་ན་མི་འགྱུ་འགྱུ་ཙ་ན་མི་གནས། གནས་འགྱུ་བྱེད་མཁན་སེམས་གཅིག་པུ་དེ་རང་ཡིན་པས་གནས་འགྱུ་གཅིག་པར་ངོ་སྤྲད། འགའ་ཞིག་སེམས་ངོ་མཐོང་ཡང་བརྗོད་མི་ཤེས་ཆོས་སྐད་མི་ཐོན་པ་ཡོང་བས་ཉམས་མྱོང་གི་མཚམས་ཕྱེད་པར་བརྟགས་ཤིང་དྲི་དགོས། འགའ་ཞིག་ལ་རྒྱུད་ལ་མ་སྐྱེས་ཀྱང་ཆོས་སྐད་མ་འཛོལ་བར་སྨྲ་ཤེས་པ་ཡོང་བས་དེ་ལ་ཆོས་སྐད་བཀར་ཞིང་ལེགས་པར་གཅུན་པས་གོ་བའི་ཆོས་སྐད་དེས་ཚོ་མི་ཐུབ་པར་ཟུར་དུ་རྒྱངས་ཀྱིས་ཐོན་ནས་ཡོང༌། དེ་རྣམས་ལ་རང་གི་ཉམས་མྱོང་གིས་ཚོད་ཟིན་པར་བྱས་ནས་ཐབས་ལ་མཁས་པས་ལེགས་པར་ཁྲིད་དགོས། ཆོས་ཐུན་ཞེ་གཉིས་པ། དམིགས་པ་སོ་ལྔ་པའོ།། ༈ །།གཞན་ཡང་ཡིད་ལ་བྱེད་པ་བཅུ་གཅིག་གི་སྒོ་ནས་གཞི་རྩ་བཅད་དགོས་ཤིང༌། བཅུ་གཅིག་ནི། ཡོང་སུ་འཚོལ་བའི་རབ་ཏུ་བྱེད་པ། །སོ་སོར་བརྟག་པ། ཞིབ་མོར་དཔྱོད་པ། ཞི་གནས། ལྷག་མཐོང༌། ཟུང་འབྲེལ། གསལ་བ། མི་རྟོག་པ། བཏང་སྙོམས། རྒྱུན་མི་འཆད་པ། ཡེངས་པ་མེད་པའི་རབ་བྱེད་དོ། །དང་པོ་ནི། སེམས་ཡོད་མེད་རང་གི་ངོ་བོ་ཅི་ལྟ་བུ་ཞེས་རང་གི་སེམས་རྒྱུད་ལ་འབྲེང་ཆགས་སུ་བཙལ་བའོ། གཉིས་པ་ནི། བྱེ་བྲག་ཏུ་ཁ་དོག་དང་དབྱིབས་སོགས་དང་བྱུང་གནས་འགྲོ་གསུམ་གཞི་རྟེན་སོགས་རྩད་བཅད་པའོ། །གསུམ་པ་ནི། འཚོལ་པོ་དང་འཚོལ་མཁན་ལ་སོགས་པ་རིམ་པས་མཐར་ཐུག་པར་བཙལ་བའོ། །བཞི་པ་ནི། དེ་ལྟར་ཚོལ་བརྟག་དཔྱད་པས་དང་པོར་རང་སེམས་རང་བཞིན་མེད་པར་གཏན་ལ་ཕེབས་ཤིང་དེ་བཞིན་ཆོས་ཐམས་ཅད་མིང་ཙམ་དུ་གཏན་ལ་ཕེབས་པས་ཟབ་མོའི་དོན་ལ་སེམས་ཉེ་བར་གནས་པའོ། །ལྔ་པ་ནི། གནས་པ་དེ་ཉིད་ཀྱི་ངོ་བོའང་སྔ་མ་ལྟར་བཙལ་བས་རང་གི་ངོ་བོ་ཡོངས་སུ་རྟོགས་པའོ། །དྲུག་པ་ནི། དེ་དག་ཐ་དད་པ་མ་ཡིན་ཞིང་དབྱེར་མི་ཕྱེད་པའོ། །བདུན་པ་ནི། གལ་ཏེ་བྱིང་ཞིང་རྨུགས་པར་གྱུར་ན་རྒོད་པའི་རྒྱུ་ཡིད་ལ་བྱ་ཞིང་སེམས་གཟེངས་བསྟོད་པའོ། །བརྒྱད་པ་ནི། འཕྲོ་རྒོད་དུ་གྱུར་ན་ཞི་བར་འགྱུར་བའི་ཐབས་ལ་འབད་པར་བྱའོ། །དགུ་པ་ནི། བྱིང་རྒོད་དང་བྲལ་བའི་ཚེ་ཆོལ་བརྟག་དཔྱད་པའི་རང་གི་ངོ་བོ་ལ་གནས་པར་བྱའོ། །བཅུ་པ་ནི། དེ་ལྟའི་རྣལ་འབྱོར་དང་ནམ་ཡང་མི་འབྲལ་བར་བྱའོ། །བཅུ་གཅིག་པ་ནི། དེ་ཉིད་ལ་སེམས་ཉེ་བར་བསྒྲིམས་ཏེ་རྣམ་གཡེང་གིས་གླགས་མི་རྙེད་པར་བྱ་བའོ། །དེའང་གོ་བ་དང་དོན་སྤྱི་ཙམ་ལ་ཞེན་པས་ནི་དོན་མི་འགྲུབ་པས་ཚུལ་བཞིན་དུ་རྒྱུད་ལ་སྐྱེ་དགོས་ཤིང༌། ཉམས་ལེན་དངོས་དང་ཐུན་མཚམས་ཐམས་ཅད་དུའང་རང་གི་སེམས་ལ་བརྟག་གཞིག་བྱེད་པ་དང་མ་བྲལ་བར་སེམས་ཀྱི་གནས་ཚུལ་འགྲོ་ཚུལ་འདུག་ཚུལ་ཇི་ལྟ་བུ་ཞེས་ཁ་ནང་དུ་ཕྱོགས་ཏེ་ཡེངས་པ་མེད་པར་བསྒྲིམ་པར་བྱའོ། །ཆོས་ཐུན་ཞེ་གསུམ་པ། དམིགས་པ་སོ་དྲུག་པའོ།། ༈ །།གསུམ་པ་རིག་སྟོང་དུ་གཏན་ལ་ཕབ་ནས་ངོ་སྤྲད་པ་ནི། གང་ཟག་གི་བློའི་རིམ་པས་འཆར་ཚུལ་མི་འདྲ་སྟེ། ཅིག་ཅར་བ་ནི་བླ་མ་ལ་མོས་གུས་དང་སྔོན་བསགས་ཆེ་སྒྲིབ་པ་ཆུང་བས་བླ་མ་ལ་གསོལ་བ་བཏབ་ཙམ་མམ་ཆོས་ཐོས་ཙམ་མམ་བརྡ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་བྱས་ཏེ་སྒོམ་སྟབས་བཅོམ་ནས་ཅི་ཡིན་ཆ་མེད་པར་རྣལ་འབྱོར་གོང་མ་གསུམ་གང་རུང་གི་རྟོགས་པ་འོག་མའི་ཉམས་ཡར་ལྡན་ཚང་བ་དང་བཅས་དུས་གཅིག་ལ་ཤར་ཡོང༌། ཐོད་རྒལ་བ་ནི་སྔོན་སྦྱངས་དང་འཕྲལ་གྱི་བློ་མཐོ་དམན་ཆེ་བ་ཞི་གནས་མ་སྐྱེས་ཀྱང་ལྷག་མཐོང་གི་ཉམས་རྟོགས་སྐྱེ། རེས་འགའ་ཞི་གནས་འཆར། རེས་འགའ་གཉིས་ཀ་མི་ཡོང༌། རིམ་གྱིས་པ་སྦྱངས་སྟོབས་ཞན། ཉམས་ལེན་རྣལ་མ་སྲོལ་མདེ་ནུད་ནུད་སྔོན་ལ་ཞི་གནས་དེ་ནས་ལྷག་མཐོང་དེ་ནས་ཟུང་འཇུག་གི་ཉམས་རྟོགས་རིམ་གྱིས་འཆར། འདི་ཀ་མང་ཡང་མང་རྒྱ་ཡང་བརྟན་པས་ངོ་སྤྲོད་ཀྱང་འདི་ཀའི་ལུགས་སུ་བགྱིའོ།། ༈ །།ངོ་སྤྲོད་ཀྱི་དུས་སུ་རྟེན་བྱིན་རླབས་ཅན་དགྲམ། མཆོད་པ་དང་གཏོར་མ་ཚོགས་ཀྱི་ཡོ་བྱད་བཟང་པོ་བཤམ། དཔོན་སློབ་ཐམས་ཅད་ཀྱིས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ། དམ་སེལ་དང་སྡིག་ཅན་གྲིབ་ཅན་གྱི་མི་རིགས་རྩར་མི་བཏང༌། རྣམ་གཡེང་དང་བར་ཆད་མེད་པར་བྱས་ལ་སློབ་མ་ལ་གོང་ལྟར་ལུས་གནད་དང་སྔོན་འགྲོ་སོགས་སྒོམ་བཅུག་པའི་རྗེས་ལ་སེམས་རང་ལུགས་སུ་གློད་ལ་ཞོག །གློད་པའི་སེམས་ཀྱི་ངོ་བོ་ལ་རྗེན་ལྷང་གིས་ལྟོས། མ་ཡེངས་ཙམ་གྱི་དྲན་པ་རྒྱུན་ཆགས་སུ་བསྟེན། རྣམ་རྟོག་ཅི་ཤར་ཡང་ཆེད་དུ་སྤང་བླང་བཅས་བཅོས་གང་ཡང་མི་བྱེད་པར་རང་ངོ་ལ་ལྟོས། །འདི་ནི་ས་ར་ཧས། ཆུ་དང་མར་མེ་རང་གསལ་གཅིག་པུར་ཞོག །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ། །ཞེས་གསུངས་པའི་དོན་ཡིན་ལ། མདོར་ན་ཐ་མལ་གྱི་ཤེས་པ་ཟེར་བའམ་ད་ལྟར་བའི་ཤེས་པ་ངོས་གཟུང་དང་བྲལ་བའི་གསལ་སྟོང་རྗེན་ལྷང་ངེ་བ་འདི་ག་ངོ་སྤྲོད་པ་ཡིན། གཞན་ནས་བཙལ་ཏེ་སྒོམ་པའང་མ་ཡིན། མི་ཤེས་པ་ཞིག་སྒོམ་དུ་འཇུག་པའང་མ་ཡིན་ལས་ད་ལྟའི་རིག་པ་སྐད་ཅིག་མ་འདི་རེས་སྒྲིམ་རེས་གློད་དུས་རྒྱུན་དུ་མ་ཡེངས་ཙམ་གྱི་དྲན་པ་རྒྱུན་ཆགས་སུ་བསྟེན། མཉམ་གཞག་ཏུ་གློད། རྗེས་ཐོབ་ཏུ་བསྒྲིམས་ལ་གང་ཤར་འཛེན་མེད་རང་གྲོལ་དུ་ཉམས་སུ་བླངས་ན་ལྷག་མཐོང་གི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། རྒྱལ་བ་ཡང་དགོན་པས། སེམས་ངོས་བཟུང་དང་བྲལ་བ་སྟོང་པའི་དབྱིངས། །གསལ་སྟོང་གི་ཤེས་པ་བློ་བྲལ་དེ། །རང་སར་ཞོག་ལས་རང་ལ་ལྟོས་དང༌། །སྒོམ་ལྷག་མཐོང་གི་རང་ཞལ་མཐོང་བ་ཞིག་འོང་གི །ཞེས་གསུངས་པས་དེ་ལྟར་ཉམས་ལེན་གྱིས་ཤིག་ཅེས་བརྗོད་ལ་དེ་བཞིན་ཉམས་སུ་ལེན་འཇུག་གོ༌།ཆོས་ཐུན་ཞེ་བཞི་པ། དམིགས་པ་སོ་བདུན་པའོ།། ༈ །།འདིའི་སྐབས་སུ་སེམས་དེ་ཅི་འདྲ་ཞིག་འདུག་ཅེས་འདྲི། འདི་ལ་མི་དགོས་པའི་སྟོང་སྐད་འདོན་དུ་འོང་བས་གཅུན་གྱིན་ཡང་དྲི། ཁོས་ཞུས་པ་དེ་ཁ་འཆལ་དང་དགའ་ཚད་ཡིན་དོགས་ཉམས་སྐྱེས་ཀྱང་བསྐྱིལ་ཡོང་པས་སྣ་ཕྲིད་དེ་གང་ཟབ་ཀྱི་ངོས་ནས་དྲི། འགའ་ཞིག་དོན་ལ་ཤར་ཡང་ཁར་འདོན་མ་ཤེས་པ་ཡོད་པས་སློབ་ཀྱིན་ཡང་དྲི། དེའི་སྐབས་སུ་བཅོས་མ་དང་གོ་ཡུལ་ཡིན་ན་ཚིག་དེ་ཟུང་མི་ཐུབ་པས་འགྱུར་གྱིན་ཡོང༌། དངོས་ཡིན་ན་ཡིན་མིན་གང་ཡིན་ཀྱང་ང་ལ་འདི་འདྲ་བྱུང་ཟེར་ཡོང༌། ལེགས་པར་དྲིས་གང་སྐྱེས་རིམ་ནས་བདར་ཤ་བཅད་དེ་ངོ་སྤྲོད་པ་མ་གཏོགས་ཨེ་སྐྱེས་ཆ་མེད་པར་ངོ་སྤྲོད་ཐམས་ཅད་བཏབ་ན་དྲེད་པོ་ཆོས་རྒྱུས་ཅན་ཞིག་ཡོང༌། ཕྱིས་གཞན་གྱི་སྒོམ་འདེབས་པ་ཚུན་ལའང་གནོད་དོ། །འདི་ན་གནས་ལུགས་ཀྱི་མཚང་ཡོད་པས་རིག་པ་གཞུངས་ནས་ཉམས་ཤིག་ཁྱེར་ཤོག་ཅེས་བསྒོས་ལ་བཏང་ངོ༌། །ཆོས་ཐུན་ཞེ་ལྔ་པའོ།། ༈ །།ཡང་རྟོག་མེད་དུ་བལྟས་པའི་དུས་དེར་གནས་པ་དེ་ཀ་མིན་པ་ཅི་ཡང་མི་འདུག་ཟེར་ན། ལྷག་མཐོང་མ་ཤར་བས་ད་དུང་ཞག་འགའ་བསྲིང་ཞིང་བལྟར་འཇུག ༈ །ཡང་ཅི་ཡང་ངོས་བཟུང་མེད་པའི་སྟོང་པ་ཅང་མེད་དུ་འདུག་ཟེར་ན། ཕྱོགས་གཅིག་ཙམ་མཐོང་ཡང་མཐའ་དག་མ་མཐོང་བས་ད་དུང་མ་ཡེངས་པའི་སྒོ་ནས་ཐག་ཆོད་ལ་སྟོང་རྐྱང་ཞིག་འདུག་གམ་སྟོང་ལུགས་ཅི་འདྲ་ཞིག་འདུག་བལྟར་འཇུག །ངོས་བཟུང་མེད་པའི་ཤེས་པ་གསལ་ཧྲིག་གེ་རྗེན་ནེ་བ་ལ་མ་མཐོང་བའི་མཐོང་རྒྱུ་འདི་འདྲ་སྙམ་རྒྱུ་ཡང་མེད། །འདི་ཡིན་སྨྲ་ཡང་མི་ཤེས་པ་ལ་ཐག་ཆོད་པ་ཞིག་འདུག་ཟེར་བ་དང༌། སེམས་འདི་གནས་པ་སྟོང་པའི་ངང་དུ་གནས་ལ་ངོས་གཟུང་མེད་པའི་གསལ་ལེ་སིང་ངེ་བ་རང་གིས་མྱོང་རྒྱུ་ཡོད་པ་ལ་ཁ་ལ་འདོན་མ་ཐུབ་པ་ཞིག་གདའ་ཟེར་ན། གཅུར་གྱིན་དྲིས་པས་གོ་ཡུལ་ཡིན་ན་གྲུལ་མི་ཐུབ། མྱོང་བ་ཡིན་ན་མི་འགྱུར་ལེགས་པར་གཏན་ལ་ཕེབས་ཏེ་གནས་པ་ལ་ལྷག་མཐོང་ཤར་བ་ཡིན་ནོ།། ༈ །།ཡང་གར་སྐྱེ་གར་འགགས་སེམས་ངོས་བཟུང་ནས་ཚོལ་དུ་བཅུག་པའི་དུས་དེར་ཅལ་ཅོལ་བཤད་བྱུང་ན་མ་ཤེས་པའི་རྟགས་ཡིན།། ༈ །།སྐྱེ་རྒྱུ་འགག་རྒྱུ་གང་ཡང་མི་འདུག་ཟེར་ན་དེ་ཀའི་དུས་སུ་དེ་སྐད་སྙམ་པ་རེ་བྱུང་ངམ་དྲི། དེ་བྱུང་ཟེར་ན། དེ་སྐད་སྙམ་པ་དེ་ག་རང་ལ་བལྟར་འཇུག །འདི་འདྲ་ཞིག་འདུག་སྙམ་རྒྱུའམ་མེད་པ་ལ་སྐྱེ་འགག་མེད་པར་ཤེས་རྒྱུ་ཞིག་ཀྱང་འདུག་ཟེར་ན། རྟོག་མེད་ལ་ལྷག་མཐོང་ཤར་བ་ཡིན་པས་དེ་རིག་སྟོང་ཟུང་འཇུག་ཆོས་སྐུར་ངོ་སྤྲད། ༈ །རྟོག་པ་ལ་བལྟར་འཇུག་པའི་དུས་དེར་སྐྱེ་འགག་མེད་ཅིང་སྟོང་ཉིད་དུ་འདུག་ཟེར་སྙན་སྙན་པོ་ལབ་ན་རྫུན་ཡིན། རྟོག་པ་དེ་ལ་བལྟས་པས་རྗེས་མེད་དུ་ཤིག་ཤིག་འགྲོ་ཡིན་འདུག་ཟེར་ན་ཅུང་ཟད་ཤར་བ་ཡིན། ༈ །རྟོག་པ་ཤར་ཚད་ངོས་གཟུང་མེད་པར་འཆར་གྱིན་འདུག་ཟེར་ན། དེ་དུས་ངོས་གཟུང་མི་འདུག་སྙམ་པ་ཡོང་མི་ཡོང་དྲི། ཡོང་ཟེར་ན་གོ་ཡུལ་ཡིན། འདི་སྙམ་པ་མེད་བཞིན་དུ་གལ་མེད་འཛིན་མེད་དུ་ངོས་བཟུང་མེད་པར་ཤར་གྲོལ་དུས་མཉམ་དུ་འགྲོ་ཡིན་འདུག་ཟེར་ན། རྟོག་པ་ལ་ལྷག་མཐོང་ཤར་བ་ཡིན། དེ་གསལ་སྟོང་ཟུང་འཇུག་ཆོས་སྐུར་ངོ་སྤྲད། ༈ །ཡང་དབང་པོ་སྒོ་ལྔའི་ཡུལ་གཟུགས་སོགས་བལྟར་བཅུག་པའི་དུས་སུ་ཡུལ་དེ་ཕ་གིར་ལམ་མེར་འདུག་ཟེར་ན། དེར་ལམ་མེར་འདུག་སྙམ་རྒྱུའི་སྐད་དེ་བ་ཞིག་འདུག་གམ་མི་འདུག་དྲི། འདུག་ཟེར་ན་དེ་སྐད་སྙམ་པ་དེ་བལྟར་གཞུག །དེ་སྙམ་པ་མེད་པ་ལ་ཡུལ་དེ་ཡང་མ་འགགས་པ་ཐལ་ལེ་བ། དེར་ལྟ་བྱེད་ཀྱི་སེམས་དེའང་འཛིན་མེད་གལ་མེད་དུ་ཤིག་གེ་བ། དེ་གཉིས་ཐ་དད་དུའང་མེད་པ་འདྲ་བ་ཞིག་ལ་དེ་སྐད་སྙམ་པའང་མེད་པ་ཞིག་འདུག་ཟེར་ན། སྣང་བ་ལ་ལྷག་མཐོང་ཤར་བ་ཡིན། དེ་སྣང་སྟོང་ཟུང་འཇུག་ཆོས་སྐུར་ངོ་སྤྲད། ༈ །འདི་དག་ནི་ཞི་གནས་ཀྱི་སྟེང་དུ་ལྷག་མཐོང་གི་ཡེ་ཤེས་འཚོལ་བའི་ཐབས་ཏེ་སྒོམ་གྱི་ངོ་བོ་ལ་བལྟ་བ་བྱ་བ་སྟེ། རང་རིག་པ་བྱ་བའང༌། བལྟས་པས་སེམས་ངོ་མཐོང་བ་དེ་རང་རིག་པ་ཡིན་ཅིང༌། རང་རིག་བའི་ཡེ་ཤེས་བདེ་བ་ཆེན་པོ་དེ་ཉིད་ཕྱག་རྒྱ་ཆེན་པོ་ཡིན་ལ། དེའང་སྒོམ་གྱི་ངོ་བོ་ལ་མ་བལྟས་ན་སེམས་ངོ་མི་མཐོང༌། དེ་མ་མཐོང་ན་རང་རིག་ཡེ་ཤེས་ངོ་མི་ཤེས། དེ་མ་ཤེས་ན་ལྷག་མཐོང་གི་ཡེ་ཤེས་བདེ་བ་ཆེན་པོ་རྟོགས་པར་མི་ནུས་པས་སེམས་ལ་ལྟ་བ་གལ་ཆེའོ། ༈ །དེའང་ཁོ་རང་ལ་མཐོང་ལུགས་ཇི་ལྟར་བྱུང་བ་དེ་གོ་ཡུལ་ཙམ་མ་ཡིན་པར་རྒྱུད་ཐོག་ཏུ་ཁེལ་ངེས་ཀྱིས་ནས་ཁྱེར་ཤོག་བྱས་ལ་བསྒོམ་དུ་གཞུག ༈ །དེ་ལ་དྲིས་པས་སེམས་བདེ་གསལ་བའམ། དྭངས་གསལ་ལེ་བའམ། ཐལ་ལེ་བ་གཏིང་ཕ་གི་ནས་ཡིད་ཆེས་རྒྱུ་ཞིག་ཡོད་པ་ལ་ངག་ཏུ་བརྗོད་མི་ཤེས་པ་ཞིག་འདུག །དེ་ལ་བལྟས་པས་ངོས་གཟུང་ཅི་ཡང་མེད་པ་ཞིག་འདུག་ཟེར་ན་ངོ་འཕྲོད་པ་ཡིན། དེ་ལ་རྩེ་གཅིག་ཏུ་མི་ཡོང་བ་འདུག་ཟེར་ན་གོ་ཡུལ་ཡིན་པས་གོ་ཡུལ་མ་ཡིན་པའི་ཉམས་མྱོང་རྒྱུད་ཐོག་ཏུ་འཕྲོད་པ་ཞིག་དགོས་པས་གཞན་གྱི་གཞིག་འགྲེལ་མང་པོ་མ་བྱེད་པར་ངས་བསྟན་པ་བཞིན་སྒོམ་ལ་ཤོག་བྱས་ཏེ་ཉམས་རྟོགས་གོང་བཞིན་མ་སྐྱེས་ཀྱི་བར་སྒོམ་དུ་གཞུག་ཅིང་སྐྱེས་ནས་ངོ་སྤྲོད་པར་བྱའོ། །ངོ་སྤྲོད་པ་འདིའི་སྦྲུལ་ཤད་ཡོང་པ་འདི་རྣམས་ཐམས་ཅད་སྟོན་དགོས་པའི་ངེས་པ་ནི་མེད་ཀྱི་འཆར་ཚུལ་དང་བསྟུན་ནས་ངོ་བོ་ནི་གོང་གི་དོན་ཚན་གང་དང་མཐུན་ཀྱང་དེ་ལྟར་ངོ་སྤྲོད་ཅིང་ངོ་འཕྲོད་པའི་རྟགས་ཡིན། ཆོས་ཐུན་ཞེ་དྲུག་པའོ།། ༈ །།

འགྱུ་ཐོག་ནས་ངོ་སྤྲོད་པ།

ཡང་ངོ་སྤྲོད་གདབ་ཚུལ་ལ། འགྱུ་ཐོག་ནས་ངོ་སྤྲོད་པ་དང༌། སྣང་ཐོག་ནས་ངོ་སྤྲོད་པ་གཉིས་ལས། དང་པོ། འགྱུ་ཐོག་ནས་ངོ་སྤྲོད་པ་ནི། སྔོན་འགྲོ་ལུས་གནད་ཞི་ལྷག་གི་དམིགས་པ་སྔ་མ་རྣམས་མ་བརྗེད་ཙམ་མ་མཐུང་ཙམ་བསྒོམས་ནའང་ལེགས། ཐོག་མར་ཤེས་པ་རང་ལུགས་སུ་གློད་ནས་བཞག །དེའི་ངང་ནས་རང་གི་ངོ་བོ་ལ་ཅིར་གྱི་བལྟ། དེ་ནས་འགྱུར་བཅུག་སྟེ་ལྷ་སའི་ཇོ་བོའམ་མཚུར་ཕུའི་ལྷ་ཆེན་ལྟ་བུའི་རྣམ་པ་གསལ་ལམ་གྱི་ཤར་ཤར་གྱི་བར་དུ་བསྒོམ། སླར་ཡང་འགྱུ་མཁན་གྱི་སེམས་དེ་དང་གནས་པའི་སེམས་དེ་ལ་ཁྱད་པར་ཅི་འདུག་བལྟ། འགྱུ་སེམས་དེ་དང་དེ་ལ་ལྟ་བའི་སེམས་དེ་ལ་ཁྱད་པར་ཅི་འདུག་བལྟ། དེ་ལྟར་བལྟས་པས་འགྱུར་བ་རང་གྲོལ་དུ་འགྲོ་ཞིང༌། ཡང་སེམས་ཡུལ་དུ་ཤར་བའི་ལྷ་ཆེན་དེ་དང་དེ་ཤར་བའི་སེམས་དེ་གཉིས་ཨེ་གཅིག་བལྟ། གཅིག་ན་སེམས་ལྷ་ཆེན་དུ་སོང་བ་ཡིན་ནམ། ལྷ་ཆེན་སེམས་སུ་སོང་བ་ཡིན་བརྟག །མི་གཅིག་ན་ལྷ་ཆེན་དུ་མཐོང་བ་དེ་ལྷ་ཆེན་དངོས་རེད་དམ་གཞན་ཞིག་ལྷ་ཆེན་དུ་མཐོང་བ་གང་ཡིན་བརྟག །དེ་བཞིན་དུ་མིག་གིས་གཟུགས་མཐོང་ཚད་དང་དེ་མཐོང་བའི་མིག་གི་རྣམ་ཤེས་གཅིག་མི་གཅིག་སོགས་སྔར་བཞིན་བལྟ། དེ་ལྟར་རྣ་བས་སྒྲ་དང་སྣས་དྲི་དང་ལྕེས་རོ་དང་ལུས་ཀྱིས་རེག་བྱ་ཚོར་བ་རྣམས་ལའང་གོང་བཞིན་བརྟགས་ཏེ་བལྟའོ། །དེ་ལྟར་བལྟས་པས་གཅིག་པ་དང་ཐ་དད་པ་སོགས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་ཤིང་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་ཏེ་འགྱུ་བ་རང་གྲོལ་དུ་སོང་ན་ངོ་འཕྲོད་པ་ཡིན་པས་དེའི་ངང་དུ་མཉམ་པར་བཞག་གོ །ཆོས་ཐུན་ཞེ་བདུན་པ། དམིགས་པ་སོ་བརྒྱད་པའོ།། ༈ །།ཡང་རང་གི་ཡིད་ལ་དགའ་བ་ཞིག་གསལ་བཏབ། དགའ་བ་ཚད་མེད་པ་མ་བྱུང་གི་བར་དུ་བསམས། །ཡང་མི་དགའ་བ་ཞིག་གསལ་བཏབ་ནས་སྙིང་མི་དགའ་བ་ལྷུང་མ་བྱུང་གི་བར་དུ་བསམས་ལ་དེ་གཉིས་ཀྱི་ངོ་བོ་ལ་ཁྱད་པར་ཅི་འདུག །དགའ་བར་འགྱུར་བའི་སེམས་དེ་དང་མི་དགའ་བར་འགྱུས་པའི་སེམས་དང་ཐོག་མའི་གནས་པའི་སེམས་ལ་ཁྱད་པར་ཅི་འདུག་བལྟ། ཡང་སེམས་སྤྲོ་གང་ཐུབ་ཅིག་དུས་གཅིག་ལ་ཕྱོགས་བཞི་མཚམས་བརྒྱད་དུ་སྤྲོས་ནས་དེ་དང་སྔར་གྱི་གནས་པའི་སེམས་ལ་ཁྱད་པར་ཅི་འདུག་བལྟ། དེ་ལྟར་བལྟས་པས། རྟོག་གཉིས་གཅིག་ཅར་འཇུག་པ་མེད་ཅེས་བྱ་བ་ཡིན་པས་དུས་གཅིག་ཏུ་དུ་མ་སྤྲོར་མེད་ལ། ཐམས་ཅད་སེམས་ཉིད་གཅིག་པུ་འདིའི་གནས་འགྱུའི་རོལ་པར་རྟོགས་ཏེ་འགྱུ་བ་རང་དངས་རང་ངོ་ཤེས་པའི་དུ་མ་རོ་གཅིག་པ་ཆུ་ལ་ཆུ་བཞག་པ་བཞིན་དུ་རྟོགས་པར་འགྱུར་རོ། །ཆོས་ཐུན་ཞེ་བརྒྱད་པ། དམིགས་པ་སོ་དགུ་པའོ།། ༈ །།ཡང་རྣམ་པར་རྟོག་པ་གང་ཤར་བ་དེ་གའི་ངོ་བོ་ལ་ཅེར་གྱིས་བལྟས་པས་རྣམ་རྟོག་དེ་ག་ངོས་གཟུང་མེད་པར་གསལ་སྟོང་དུ་ཤར་ཙ་ན་རྟོག་པ་ངན་པ་ཞིག་ལོགས་སུ་སྤང་མི་དགོས་གཉེན་པོ་ཞིག་ལོགས་ནས་བཙལ་མི་དགོས་ཏེ། གང་དང་གང་གིས་འཆིང་བ་རྣམས། དེ་ཉིད་ཤེས་ནས་གྲོལ་འགྱུར་ཏེ། ཁྱད་པར་ལམ་དེ་རྟོགས་པ་ན། །ཚེ་འདིར་སངས་རྒྱས་གནས་སུ་འགྲོ། །ཞེས་གསུངས་ལ། ཆགས་ཡུལ་ཡིད་དུ་འོང་བ་ཞིག་བསམས་ནས་ཆགས་པས་བློ་རང་དབང་མི་འདུས་ཙམ་དུ་བྱ། ཡང་ཡིད་དུ་མི་འོང་བ་ཞིག་ལ་ཞེ་སྡང་བསྐྱེད་ནས་དེ་ལ་བལྟ། ཡང་གཉིད་བྲོ་བའི་དུས་གཉིད་འཆོག་པའི་སེམས་ཀྱི་ངོ་བོ་ལ་བལྟ། དེ་བཞིན་དུ་ང་རྒྱལ་ཕྲག་དོག་སེར་སྣ་གསུམ་གྱི་ངོ་བོ་ལའང་བལྟ་ཞིང་མ་ཡེངས་པའི་དྲན་པ་དང་བཅས་བཞིན་པར་གཅིག་ཚུགས་སུ་བལྟའོ། །ཡིད་ལ་སྔ་མའི་རྟོག་པ་རྒྱུན་མི་མཐུད། རྟོག་པ་གཞན་གྱིས་བར་མཆོད་པར་བྱ། ལྟ་ཡུལ་ཐུང་ན་ངོ་མི་འཕྲོད་པས་ཐུན་བཅུ་བཅུ་ཙམ་རེ་ཐུན་དུ་བཅད་ལ་རིག་པ་ངར་བསྐྱེད་དེ་བལྟའོ། ཁྱད་པར་དུ་འདོད་ཆགས་སོགས་ཉོན་མོངས་པ་གང་སྐྱེད་ཀྱང་དེའི་རྗེས་སུ་མི་འབྲང་ངོ་བོ་ལ་ཅེར་གྱིས་བལྟ། དེ་ལ་མ་ཡེངས་པར་བཞག་པས་དུག་ལྔ་གཞི་མེད་རྩ་བྲལ་དུ་ཤར་ཙ་ན་འདོད་ཆགས་སོགས་མ་སྤངས་པར་དག་པས་རང་གྲོལ་ཞེས་ཀྱང་བྱ་ལ་དེ་ག་ལ་སོར་རྟོག་ཡེ་ཤེས་སོགས་ཡེ་ཤེས་ལྔ་དང་འོད་དཔག་མེད་སོགས་རྒྱལ་བ་རིགས་ལྔ་ཟེར་བ་ཡིན་ནོ། །དེ་བཞིན་དུ་རྣམ་རྟོག་གང་ཤར་ལ་ཅེར་ཅེར་བལྟ་ཞིང་བཞག་པས་རང་བཞིན་མེད་པར་རང་གྲོལ་དུ་འགྲོ་བས་དུག་ལྔ་ལམ་ཁྱེར་གྱི་མན་ངག་ཅེས་ཀྱང་ཟེར་ཏེ། དུག་ལ་སྔགས་ཀྱིས་ཐེབས་པ་བཞིན། །དུག་ལྔ་ལམ་ཁྱེར་གྱི་གདམས་ངག་ཡོད། །ཅེས་གསུངས་པ་ལྟར་རོ། །ཆོས་ཐུན་ཞེ་དགུ་པ། དམིགས་པ་བཞི་བཅུ་པའོ།། ༈ །།མདོར་ན་སེམས་ཉིད་གཉུག་མའི་རྩལ་སྣང་ལས་དགེ་མི་དགེ་ལུང་མ་བསྟན་སོགས་སྣ་ཚོགས་སུ་འཆར་ཡང་དགག་སྒྲུབ་མེད་པར་རོ་སྙོམས་ཤིང་དེའི་གཉེན་པོ་ལོགས་སུ་མི་བཙལ་བར་གང་ཤར་དེའི་ངོ་བོ་ལ་ཅེར་ཅེར་བལྟ་ཞིང་སྤྱོད་ལམ་རྣམ་བཞིར་མ་ཡེངས་པར་བསྐྱངས་པས་དེ་རྣམས་ངོས་གཟུང་དང་རང་བཞིན་མེད་པར་གཞི་མེད་རྩ་བྲལ་དུ་རྗེན་རྗེན་འཆར་བས་རང་རིག་པའི་ཡེ་ཤེས་མངོན་དུ་བྱས་ནས་གཉིས་འཛིན་གྱི་འཁྲུལ་པ་རང་གྲོལ་དུ་འགྲོ་སྟེ། སྤྱན་རས་གཟིགས་ཀྱིས། གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་སོར་བཞག་ན། །དེ་ལྟར་སྟོང་པ་ཉིད་དག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །ཞེས་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མས། རང་རིག་ཡེ་ཤེས་འདི་རྙེད་ནས། །བསྐལ་བའི་མུན་པར་སྒྲོན་མེ་སྤར། །ལས་ཀྱི་འཁྲུལ་བ་གཏན་ནས་བཅོམ། །སྐྱེས་བུ་གཉིད་སད་ཇི་བཞིན་ནོ། །ཞེས་དང༌། མཉམ་མེད་དྭགས་པོ་རིན་པོ་ཆེས། །རྣམ་རྟོག་ཆོས་སྐུ་ལེགས་པར་གདའ། །གཉེན་པོས་བཅོས་སུ་མེད་པར་གདའ། །རིག་པ་གསལ་བའི་ངང་དུ་གདའ། །ཞེས་དང༌། རྗེ་བཙུན་བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ་ཞེས་དང༌། རྒྱལ་བ་རྒོད་ཚང་པས། དེས་ན་རྟོག་པ་སྐྱེས་དུས་སུ། །དེ་ཉིད་སྐྱོན་དུ་མི་ལྟ་བར། །སྟོང་པར་ཤེས་པས་སོ་ལ་ཞོག །རྟོག་པ་ཆོས་སྐུ་ཤར་བ་ཡིན། །ཞེས་སོགས་མཐའ་ཡས་པ་གསུངས་པས་དེ་ལྟར་ཤེས་པར་བྱས་ནས་བསྐྱངས་ཏེ་ངོ་སྤྲད་པས་ཉམས་ལེན་བདེ་མོ་ཞིག་ཡོང་པར་གདའ། །སྔར་མི་རྟོག་པའི་སྟེང་དུ་སྒོམ་མ་ཤེས་པ་ཡིན། ད་རྟོག་པའི་སྟེང་དུ་སྒོམ་ཤེས་པ་ཡིན་པས་དེ་སྔ་ཕན་མིག་གིས་མིག་མ་མཐོང་བ་བཞིན་རྟོག་པ་ཁོ་རང་གིས་ཁོ་རང་བསྒྲིབས་ནས་འཆར་སྒོའི་གདངས་མ་མཐོང་ལ། འདིར་རྟོག་པ་དྭངས་པས་ངོ་བོ་མཐོང་བ་ཡིན་པས་སྒོམ་གྱི་མཐིལ་རྟོག་པ་ལ་བྱེད་པ་ཡིན་ཞིང་གང་ཤར་གྱི་རྟོག་པ་དེ་ངོས་ཟིན་པར་གྱིས་ལ་ཁོ་རང་གི་ངོ་བོ་གསལ་སྟོང་རྗེན་པར་གནས་པ་དེའི་སྟེང་དུ་རེ་དོགས་དང་བྲལ་བར་མ་བཅོས་པར་བཞག་པས་རྟོག་པ་རང་སར་གྲོལ་ནས་རྟོག་པའི་ངོ་བོ་ལ་གསལ་སྟོང་སྤྲོས་བྲལ་དེ་ཉིད་རྟོགས་པར་འགྱུར་ཏེ། རྗེ་སྒམ་པོ་པའི་ཞལ་ནས། རྟོག་པ་དེ་དགོས་པར་བལྟ། སྐུ་དྲིན་ཆེ་བར་བལྟ། སྙིང་དུ་སྡུག་པར་བལྟ། མེད་དུ་མི་རུང་བར་བ་སྟེ། དེ་ལྟར་དུ་སྣང་ཡང་དོན་ཅན་དུ་བལྟས་པ་ཡིན་པས་གཤིས་ཀྱི་གནས་ལུགས་ཡིན། རྣམ་རྟོག་མེད་ན་ཆོས་ཉིད་མེད་པས་རྟོག་པ་དགོས་པར་བལྟ། སྔར་རྟོག་པའི་རང་བཞིན་མ་ཤེས་པས་འཁོར་བར་འཁྱམས་པ་ལས་ད་རྟོག་པ་ཆོས་སྐུར་གསལ་འདེབས་པ་འདུག་པས་སྐུ་དྲིན་ཆེ་བར་བལྟ། ད་རྟོག་པ་སྐྱེས་ཀྱང་དེའི་སྟེང་དུ་རྩོལ་མེད་དུ་འཇོག་ཤེས་པ་ན་ཁོ་རང་ཆོས་སྐུར་འདུག་པས་སྙིང་དུ་སྡུག་པར་བལྟ། རྟོག་པ་སྙིང་དུ་སྡུག་པའི་མྱོང་བ་སྐྱེས་ན་ཁམས་འདུས་ཀུན་འབྱུང་བའི་དོན་མེད། ཁམས་འདུས་ཚད་རྟོག་པ་ལ་སྐྱོན་དུ་བལྟས་པས་འདུས་པ་ཡིན་གསུངས་པ་དང༌། ཡང་སྒམ་པོ་ནས་དྭགས་པོ་སྟོད་དུ་བྱོན་ཙ་ན་གྲྭ་པ་ཐམས་ཅད་ཚོགས་པའི་དུས་སུ་འདི་སྐད་གསུངས་ཏེ། སྒོམ་ཆེན་པ་ནི་རྣམ་རྟོག་མེད་པ་ཞིག་འདོད། རྣམ་རྟོག་ཁོ་ནི་དགག་ཏུ་མི་བཏུབ་བར་འོང༌། སྒོམ་ཆེན་པ་འོ་བརྒྱལ་ཏེ་འགྲོ། འོ་ན་ཤིང་ཇི་ལྟར་མང་བ་ལྟར་མེ་ཆེ་བ་ཡིན། རྣམ་རྟོག་ཇི་ལྟར་མང་བ་ལྟར་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པ་ཡིན་པས་དུག་ལྔ་དང་རྣམ་རྟོག་དེ་ཀ་ལྟར་སྐྱེར་བཅུག་པས་ཆོག །དགག་སྒྲུབ་མེད་པར་མ་བཅོས་པ་འདི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་འདི་རང་ཡིན་ནོ། །རང་ཅག་གིས་སངས་རྒྱས་ངོ་མ་ཤེས་པའང་འདི་ཀ་རང་ཡིན། སངས་རྒྱས་ལའང་འདི་ཀ་ལས་མེད། །ཅེས་གསུངས་ལ། ཕག་མོ་གྲུ་པས། རྣམ་པར་རྟོག་པ་རིག་པ་སྟེ། །རིག་པ་རྣམ་ཐར་སྒོ་གསུམ་དུ། །སྐྱེས་བུ་དམ་པས་ཤེས་བྱ་སྟེ། །དགའ་བ་ཆེན་པོའི་འདུ་ཤེས་ཀྱིས། །སྒོས་ཀྱང་སྐུ་དྲིན་ཆེ་བར་བསམ། །རྣམ་པར་རྟོག་པ་སེམས་ཉིད་ལ། །སྤང་བར་འདོད་ན་མང་དུ་འགྲོ། །སྐྱེ་བ་མེད་པས་སྤང་མི་དགོས། །ཞེས་དང༌། རྣམ་པར་རྟོག་པ་བྱུང་དུས་སུ། །རང་གི་བླ་མར་ཝལ་གྱིས་ཤེས། །རྟོག་པ་སྐུ་དྲིན་ཅན་དུ་གོ། །ཆོས་ཀྱི་སྐུ་དང་རྣམ་རྟོག་གཉིས། །ཐ་དད་ཅུང་ཟད་མེད་པར་ནི། །ངེས་ཤེས་བརྟན་པོ་སྐྱེས་པ་དེ། །བདག་གི་མ་འཁྲུལ་བླ་མ་ཡིན། །རྣམ་རྟོག་སེམས་སུ་ཤེས་གྱུར་ཏེ། །སེམས་ཉིད་སྐྱེ་བ་མེད་པར་ཤེས། །རྣམ་པར་རྟོག་པ་སྤང་དུ་མེད། །མི་རྟོག་ཡེ་ཤེས་སྒྲུབ་ཏུ་མེད། །རྟོག་པ་སྣ་ཚོགས་སྣང་བ་འདི། །ཆུ་ལ་ལན་ཚྭ་བཏབ་པ་བཞིན། །རྟོག་པ་སྟོང་པ་གཉིས་མེད་པར། །སྟོན་པར་བྱེད་པའི་བླ་མ་དེ། །ཤེས་རབ་སྒོ་འབྱེད་བླ་མ་ཡིན། །ཞེས་སོགས་མཐའ་ཡས་པར་གསུངས་པ་དང༌། གྲུབ་ཐོབ་ཨཽ་རྒྱན་པས། །མི་རྟོག་པ་ཆེད་དུ་བཙལ་མི་དགོས། །རྣམ་རྟོག་ལ་སྐྱོན་དུ་ལྟ་མི་དགོས། །ཉམས་ལེན་གྱི་མུ་གེ་མི་ཡོང་བར་སྐྱ་རྒྱལ་གྱི་མགོ་ནས་ཟིན་པ་ཡིན་པས་སེམས་གནས་གནས་པོ་གསལ་གསལ་པོ་བདེ་བདེ་པོ་ཞིག་མ་འཚོལ་བར་གང་ཤར་ལ་སྤངས་བླང་མེད་པར་ཉམས་སུ་ལོངས་ཤིག །ཅེས་གསུངས་པས་རྟོག་པ་གང་ཤར་ཡང་དགག་སྒྲུབ་མེད་པར་དྲན་པ་མ་ཡེངས་པའི་ངང་ནས་བཟོ་བཅོས་མི་བྱེད་པ་དེ་ཀའི་ངོ་བོ་ལ་བལྟས་ཏེ་ཧད་དེ་བྱད་དེ་འཛིན་མེད་ལྷུག་པའི་ངང་ནས་རང་བབས་སུ་འཇོག་པ་གལ་ཆེ། དེས་ན་ཆུ་ནང་གི་ཟླ་བ་ཆུ་ལས་མ་འདས་པ་བཞིན་དུ་དྲན་རྟོག་ཐམས་ཅད་ཀྱང་སེམས་ཁོ་ན་ཡིན་ཅིང༌། སེམས་ཀྱང་གཟུགས་བརྙན་དང་འདྲ་བར་གསལ་སྟོང་དུ་འདུག་ཅིང་དེ་ལ་ཅེར་བལྟས་པས་རྟོག་པ་སྐྱེས་པ་ལ་མ་འགགས་པ་གཞི་མེད་རྩ་བྲལ་དུ་ལྷང་ངེར་འདུག་པ་དེ་ཆོས་སྐུར་ངོ་སྤྲོད་པ་ཡིན་ཏེ། དཔེར་ན་ཆུ་ལས་རླབས་གཞན་མ་ཡིན་པ་དེ་བཞིན་དུ་གཉུག་མ་གསལ་སྟོང་གི་ངང་ནས་རྣམ་རྟོག་སྣ་ཚོགས་སུ་ཤར་ཡང་དོན་གཉིས་སུ་མེད་དེ། བརྟག་གཉིས་ལས། འདི་ནི་འཁོར་བ་ཞེས་བྱ་སྟེ། །འདི་ནི་མྱ་ངན་འདས་པའོ། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར་དྲན་རྟོག་སེམས་སུ་ངོ་འཕྲོད་ཅིང་གཞི་མེད་རྩ་བྲལ་དུ་མ་སོང་གི་བར་འབད་པར་བྱའོ། །ཆོས་ཐུན་ལྔ་བཅུ་པའོ།། ༈ །།དེའང་སེམས་འདི་འགྲོའམ་སྡོད་དམ་ལས་བྱེད་དམ་ཅི་འདྲ་འདུག་ལྟོས་ལ་འདུག་ཚུལ་ཁྱེར་ཤོག་བྱས་ཞག་འགའ་བརྟག་འཇུག །དེ་ནས་དྲིས་པས་སེམས་དེ་གང་ཡང་མི་བྱེད་པར་སྡོད་འདུག་ཟེར་ན། ཁ་སང་འདི་ནས་ཕྱིན་ནས་ད་ལྟའི་བར་ལ་ཁྱོད་ལ་ཟས་ཟ་བ་གོས་གྱོན་པ་ཉལ་བ་འགྲོ་བ་སོགས་ཀྱི་རྟོག་པ་གང་ཡང་མ་སྐྱེས་སམ། ད་ལྟ་འདིར་འགྲོ་དགོས་བསམ་པ་དང་ངེད་ལ་བླ་མ་ཡིན་སྙམ་པ་ཙམ་གྱི་རྟོག་པའང་མེད་པར་གནས་འདུག་གམ་བྱས་པས། དེ་ལྟར་མི་འདུག་ཟེར་ན། འོ་ན་ད་ཅི་ནས་སྡོད་ཀྱིན་འདུག་ཟེར་བ་དང་འགལ་མོད་ད་རུང་རེམ་ལ་ལྟོས་ཤིག་བྱ། ༈ །ཡང་སྒོམ་ཆེན་རྙིང་པ་ལྟ་བུས་སེམས་མ་བཅོས་གཉུག་མའི་ངང་ལ་སྡོད་གདའ་ཟེར་བའམ། སྤྲོས་བྲལ་དུ་འདུག་ཟེར་བའི་སྟོང་སྐད་འདོན་གྱིན་འདུག་ན་ཁ་སང་ནས་གྲུབ་མཐས་མ་བསྒྱུར་གཉེན་པོས་མ་བཅོས་པའི་ཐ་མལ་གྱི་ཤེས་པ་ཁྱེར་ཤོག་བྱས་པ་མ་གཏོགས་ཁྱེད་ལ་སྒོམ་སྐད་ཞུས་པ་མ་ལགས། ད་དུང་གཞིག་འགྲེལ་མཛོད་ལ་བྱོན་བྱ། ༈ །ཡང་དགེ་བཤེས་ལྟ་བུས་དོན་རྒྱུད་ལ་མ་སྐྱེས་པར་མདོ་རྒྱུད་སོགས་ཀྱི་ལུང་འདྲེན་མང་པོ་བྱས་ནས་དེ་དང་སྒོ་བསྟུན་ཏེ་ལབ་བྱུང་ན་ཁ་སང་ནས་གཞུང་སྐམ་གྱི་ཚིག་རིས་རེ་ཁྱེར་བ་ལ་དགོས་པ་མེད་ཅིང་འདིར་གྲུབ་མཐས་མ་བསྒྱུར་བའི་སེམས་ལ་ལྟོས་བྱོན་བྱས་པ་ལགས་པས་ལུང་གིས་མི་ཕན་ད་དུང་གཞིག་འགྲེལ་མཛོད་བྱ། ཡང་བསྐྱར་གྱིན་དྲིས་པས་གཉེན་པོས་མ་བཅོས་གྲུབ་མཐས་མ་བསྒྱུར་བའི་ཐ་མལ་གྱི་སེམས་རང་ག་མ་འདི་ལ་སྡོད་རྒྱུ་སྐད་ཅིག་ཀྱང་མི་འདུག །རྣམ་རྟོག་མི་འཕྲོ་དགུ་འཕྲོ་མི་བྱེད་དགུ་བྱེད་བྱེད་ཀྱིན་གདའ་ཟེར་ན། ད་བྱར་ཅུང་ཟད་ཅིག་བྱས་འདུག་སེམས་ཁོ་རང་ལ་སྡོད་རྒྱུ་མི་འདུག་པ་དེ་ཀ་ཡིན། ༈ །ད་དུང་ཆགས་སྡང་དང་དགའ་སྡུག་དང་དགྲ་གཉེན་གྱི་དབྱེ་བ་དང་སྣོད་བཅུད་སོགས་སྣང་བ་དུ་མ་འཆར་བ་འདི་རྣམས་བྱེད་མཁན་ལོགས་ན་འདུག་གམ་སེམས་ཀྱིས་བྱས་པ་ཡིན་ནམ་སེམས་རང་ཡིན་ཞིབ་ཏུ་ལྟོས་ལ་ཤོག་ཅིག་བྱས་ལ་བརྟག་ཏུ་གཞུག་གོ །ཡང་དྲིས་པས་སྣོད་བཅུད་འདི་རྣམས་ཕྱྭ་དང་དབང་ཕྱུག་དང་འཇིག་རྟེན་གྱི་མེས་པོ་རྣམས་ཀྱིས་བྱས་པ་ཡིན་པར་འདུག་ཟེར་ན། ཕྱ་སོགས་དེ་དག་ནི་གནས་གང་ན་ཡོད་དུས་ནམ་ནས་བཟོས་རྒྱུ་གང་ནས་བཙལ་བཟོ་ལུགས་ཇི་ལྟར་བྱས་དྲིས་པས་དེ་ལྟ་བུ་མི་ཤེས་ཟེར་ན། འོ་ན་ཕྱྭ་སོགས་ཀྱིས་བྱས་ཟེར་བ་ཅི་ཡིན། ཆོས་ཀྱི་ནང་དུ་རྫུན་མི་ཤོད། ངེས་ངེས་བྱས་ནས་ལབ་དགོས་པ་ཡིན། མུ་སྟེགས་པ་དང་འཇིག་རྟེན་གྱི་གཏམ་རྒྱུད་རྫུན་མ་ཐོས་འདུག་པ་དེ་ལ་ཏིག་ཏིག་མེད་ད་དུང་བརྟག་གཞིག་ཐོངས་བྱ། ༈ །ཡང་དྲིས་པས་བྱེད་མཁན་ཐམས་ཅད་སེམས་སུ་འདུག །སེམས་བསྡད་ཙ་ན་གང་ཡང་མི་འདུག་སེམས་འཕྲོ་ཙ་ན་ཐམས་ཅད་བྱེད་འདུག་ཟེར་ན། སེམས་བྱེད་པ་པོ་དེ་དང་དེའི་བྱ་བ་བྱས་པ་གཉིས་གཅིག་ཏུ་འདུག་གམ་ཐ་དད་དུ་འདུག་བྱས་པས། ཐ་དད་དུ་འདུག་ཟེར་ན། ཀ་བ་སྙམ་པའི་དུས་སུ་ཀ་བ་སྙམ་པ་དེ་ནི་སེམས་ཡིན་ལ་དེ་དང་དུས་མཉམ་དུ་དེ་མ་གཏོགས་པའི་ཀ་བ་ཞིག་ལོགས་སུ་འདུག་གམ་དྲིས་པས། གཉིས་མི་འདུག་ཟེར་ན་ངོ་འཕྲོད་པ་ཡིན་པས་དེ་ལྟར་ཐབས་ལ་མཁས་པས་འཁྲུལ་སེམས་ངོ་ཤེས་པར་བྱ། ༈ །དེ་དག་ངོ་སྤྲད་པ་ནི་ཁྱེད་རང་སེམས་འདི་མི་བྱེད་དགུ་བྱེད་བྱེད་ཀྱིན་འདུག་ཟེར་བ་དེ་དུས་རྣམ་རྟོག་ངོས་ཟིན་པ་ཡིན། ༈ །འཁྲུལ་སེམས་དེ་སྐད་ཅིག་གིས་སྐྱེ་འགག་བྱེད་པ་ཡིན་པས་འཁྲུལ་སེམས་དེའི་བག་ཆགས་ཀྱི་དབང་གིས་རིག་དྲུག་གི་འཁྲུལ་སྣང་ཁ་དོག་དང་དབྱིབས་དང་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སྣ་ཚོགས་སུ་སྣང་ཞིང་སྐྱེ་འགག་བྱེད་པ་དེ་ཁྱེད་རང་ལ་རྟོགས་སུ་བཅུག་ནས་ངོ་སྤྲད་པ་ཡིན་པས་ཆོས་ཐམས་ཅད་སྐད་ཅིག་གིས་སྐྱེ་འགག་བྱེད་ཅེས་པ་སེམས་ལས་མ་གཏོགས་པའི་ཆོས་ནོམ་དལ་འཁྲུལ་སེམས་མི་རྟག་ན་འཁྲུལ་སྣང་མི་རྟག་པ་ལས་འོས་ཅི་ཡོད་པས་དེ་ལྟར་ཤེས་པར་གྱིས། ༈ །ཡང་ཁྱེད་རང་བྱེད་མཁན་ཐམས་ཅད་སེམས་སུ་འདུག་གཞན་སུས་ཀྱང་བྱས་པར་མི་འདུག་སེམས་བསྡད་ཙ་ན་གང་ཡང་མི་འདུག་སེམས་འཕྲོ་ཙ་ན་ཐམས་ཅད་བྱེད་ཀྱིན་འདུག་ཟེར་བ་དེ་ཀ་ཡིན། དེ་ལའང་བྱེད་པ་པོ་སེམས་དང་བྱ་བ་གཉིས་ཡོད་པ་མ་ཡིན་ཏེ་ཁྱེད་རང་གིས་ཀ་བ་སྙམ་པ་དེ་ནི་སེམས་ཡིན་དེ་མ་གཏོགས་པའི་ཀ་བ་ཞིག་མི་འདུག་ཟེར་བ་བཞིན་དུ་ཅིར་སྣང་ཐམས་ཅད་སེམས་ཡིན་ཏེ། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་རྣམས། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་དང༌། བྲམ་ཟེ་ཆེན་པོ་ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡིན། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས། རང་ལ་མ་དག་པ་དང་དག་པའི་སྣང་བ་ཅི་ཤར་ཡང་རང་གི་སེམས་ཁོ་ན་ལས་ཕྱི་རོལ་དུ་གྱུར་པ་ཅུང་ཟད་ཙམ་ཡང་མེད་པར་བློ་ཐག་གཅད་པར་བྱོས་ཤིག །ཆོས་ཐུན་ང་གཅིག་པའོ།། ༈ །།

སྣང་ཐོག་ནས་ངོ་སྤྲོད་པ།

གཉིས་པ་སྣང་ཐོག་ནས་ངོ་སྤྲོད་པ་ལ། སྣང་བ་སེམས། སེམས་སྟོང་པ། སྟོང་པ་ལྷུན་གྲུབ། ལྷུན་གྲུབ་རང་གྲོལ་དུ་ངོ་སྤྲོད་པ་རྣམས་ལས། དང་པོ་ནི། ཡང་སྔོན་འགྲོ་སོགས་སྔར་བཞིན་མ་བརྗེད་ཙམ་བྱས་ལ། མིག་སྔར་གང་གསལ་བའི་གཟུགས་གཅིག་ལ་མིག་དང་སེམས་གཏད་དེ་མ་ཡེངས་པར་བལྟས་པས་དང་པོར་གཟུགས་དེ་ཉིད་ཀྱི་རྣམ་པ་འཆར། དེ་ནས་ལྟ་མི་འདོད། དེ་ནས་མིག་སྤྲིད་ཆིལ་བ་འབྱུང་བས་དེའི་དུས་སུ་མིག་ངོར་སྣང་བའི་གཟུགས་དེ་རང་གི་སེམས་ལས་ལོགས་སུ་ཨེ་འདུག་བལྟ། བལྟས་པས་མིག་རྟེན་དེ་ལྟ་ཡུལ་ལགས་མོད། ལྟ་མཁན་སེམས་དེ་ནང་ན་ཡོད་པ་དེར་འདུག་ཟེར་ན་སེམས་དེ་ཕྱི་ནང་བར་གསུམ་གང་ན་འདུག་གང་ཕན་གཟུགས་ཡིན་གང་ཚུན་སེམས་ཡིན། ད་དུང་དམིགས་རྟེན་ལ་སེམས་མ་ཟིན་པར་འདུག་པས་སེམས་ལ་གཟུགས་དེ་སྣང་ལུགས་དང་ཁ་དོག་དབྱིབས་ཇི་ལྟར་འདུག་ལྟར་འཇུག །གལ་ཏེ་སྣང་བ་སེམས་སུ་འདུག་ཟེར་ན། ད་དུང་བློ་ཐག་ཆོད་མ་ཆོད་བརྟག་པའི་ཕྱིར་དྲི་བར་བྱ་སྟེ། གཟུགས་དེ་སེམས་སུ་སོང་བ་ཡིན་ནམ་སེམས་དེ་གཟུགས་སུ་སོང་བ་ཡིན་བརྟག་འཇུག །གཞན་ཡང་འབྱུང་བ་བཞི་སོགས་ལ་མཚོན་ན་འབྱུང་བཞིས་ཚུར་ལ་ང་ནི་འབྱུང་བཞིའོ། །སྙམ་དུ་རྟོག་གམ་ཟེར་བ་འདུག །འོན་ཏེ་སེམས་ཀྱིས་འབྱུང་བཞི་ཞེས་བརྟགས་ནས་འབྱུང་བཞིའོ་སྙམ་དུ་སེམས་པར་འདུག་སོགས་ལེགས་པར་བརྟག་གོ། །དེ་བཞིན་དུ་སྒྲ་དྲི་རོ་རེག་བྱ་རྣམས་ལ་རིམ་བཞིན་སེམས་གཏད་ནས་གོང་ལྟར་བརྟག་དཔྱད་ལེགས་པར་བྱེད་བཅུག་སྟེ་དྲིའོ། །བལྟས་པས་དམིགས་རྟེན་དེ་ཀ་མ་གཏོགས་ལྟ་མཁན་གྱི་སེམས་མདོག་དབྱིབས་སོགས་གང་ཡང་མི་གདའ་ཟེར་ན་དེ་ཀ་སྣང་སེམས་གཉིས་སུ་མེད་པའི་དོན་ཡིན་ཅིང་རྩེ་གཅིག་གི་དམིགས་པ་ལ་བརྟེན་ནས་ཉམས་མྱོང་གཏན་ལ་ཕབ་པ་ཡིན་པས་བླ་མ་དམ་པའི་མན་ངག་དང་བྱིན་རླབས་ལས་རྟོགས་པ་ཡིན་པས་ཤིན་ཏུ་སྐལ་བ་བཟང་བར་རིག་པར་བྱ་ཞིང་སེམས་འདི་ག་དམིགས་རྟེན་ལ་སོགས་འཁྲུལ་པའི་སྣང་བར་ཤར་བ་མ་གཏོགས་གཞན་ཡོད་པ་མ་ཡིན་ཏེ། ལངྐར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་རབ་ཏུ་བྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། ཞེས་དང༌། ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང༌། བིར་ཝ་པས། ཆོས་རྣམས་སེམས་ཉིད་སྣང་བ་གཟུགས་བརྙན་ཡིན་ཕྱིར་རོ། །ཞེས་དང༌། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང༌། །དེ་ལྟར་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོགས་མཐའ་ཡས་པ་ལུང་ཚད་ལྡན་རྣམས་ལས་གསུངས་པ་ལྟར་ཉམས་ལེན་དུ་བྱོས་ཤིག །ཆོས་ཐུན་ང་གཉིས་པ། དམིགས་པ་ཞེ་གཅིག་པའོ།། ༈ །།ཡང་སེམས་ནང་དུ་བཀུག་སྟེ་ལུས་སེམས་ཐ་དད་དུ་འདུག་གམ་གཅིག་ཏུ་འདུག་དྲི། ཐ་དད་ཟེར་ན་ལུས་སེམས་ཁང་པ་དང་མི་བཞིན་དུ་འདུག་གམ་ལུས་དང་གོས་བཞིན་དུ་འདུག །དེ་གཉིས་གང་ལྟར་ནའང་མགོ་ནས་རྐང་མཐིལ་ཡན་གང་དུའང་ཚེར་མ་ལྟ་བུ་ཟུག་ཚེ་ཚ་བ་ཚོར་བ་འདི་ལུས་སེམས་གང་གིས་ཚོར་བ་ཡིན། ལུས་ཀྱི་ཚོར་ན་རོས་ཀྱང་ཚོར་རིགས་པ་ལས་མི་ཚོར་བར་འདུག །སེམས་ཀྱིས་ཚོར་ན་ལུས་སེམས་ཐ་དད་ཅིང་ལུས་ལ་ཟུག་རྔུ་བྱུང་བ་འདི་སེམས་ཀྱིས་ཚོར་བས་ཕྱི་རོལ་གྱི་ཤིང་བཅད་པ་དང་ས་བརྐོས་ནའང་སེམས་ལ་ན་ཚ་འབྱུང་རིགས་ལ། དེར་མ་ཟད་སྣང་བ་སེམས་སུ་འདུག་ཟེར་བྱུང་བ་ཐག་རིང་པོའི་སྣང་བ་རྣམས་སེམས་སུ་འདུག་ན་ཉེ་བ་ལུས་སེམས་སུ་མེད་པ་གར་སྲིད་པས་ལུས་སྣང་གཉིས་སེམས་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་ལས་འོས་མེད་པའི་ཕྱིར་ད་དུང་ལེགས་པར་བརྟག་གཞིག་གྱིས་ཤིག་ཅེས་བསྒོ། གལ་ཏེ་ལུས་སེམས་གཅིག་ན་ལུས་སྐྱེ་ཤི་བྱེད་དུས་སེམས་ཀྱང་སྐྱེ་ཤི་ཅན་དུ་འགྱུར་ལ། ལུས་འགྱུར་ཚེ་སེམས་ཀྱང་འགྱུར་བ་དང་སེམས་འགྱུར་ཚེ་ལུས་ཀྱང་འགྱུར་ཞིང་ལུས་མེས་ཚིག་ན་སེམས་ཀྱང་མེས་ཚིག་པར་འགྱུར་པ་སོགས་ཀྱི་སྐྱོན་ཡོད་པ་མ་ཡིན་ནམ། དེས་ན་བརྩོན་འགྲུས་བསྐྱེད་ནས་བསྒོམས་ཏེ་བརྟག་གཞིག་ལེགས་པར་བྱས་ནས་གོ་ཡུལ་ཙམ་མིན་པར་མྱོང་བ་རྒྱུད་ཐོག་ཏུ་ཁེལ་ངེས་གྱིས་ལ་སྒྲོ་འདོགས་ལེགས་པར་བཅད་དེ་ལན་ཁྱེར་ཤོག་ཅེས་བསྒོའོ༌།ཡང་དྲིས་པས་ལུས་ལ་ཚེར་མ་ཟུག་པས་ཚ་བ་དང་ལུས་སྐྱེ་ཤི་ཅན་དུ་སྣང་བ་སོགས་སྣང་སེམས་དབྱེར་མེད་དུ་མ་རྟོགས་ཤིང་གཟུང་འཛིན་གྱི་མདུད་པ་མ་གྲོལ་བའི་དབང་གིས་དེ་ལྟར་སྣང་བ་ལགས་མོད་ཀྱི་དོན་དུ་རང་གི་སེམས་སྣང་མ་གཏོགས་བདེན་པར་གྲུབ་པ་གང་ཡང་མེད་ཅིང༌། ཤི་བའི་སྐབས་ཀྱི་ཕུང་པོ་དེའང་དེ་མཐོང་མཁན་གྱི་གང་ཟག་རྣམས་ཀྱི་སེམས་སྣང་ཡིན་གྱི་དེ་ལས་ལོགས་སུ་གྲུབ་པ་མི་འདུག་ཟེར་ན། ད་ངོ་འཕྲོད་འདུག་པས་གཟུང་འཛིན་ཐམས་ཅད་རང་སེམས་སུ་ཐག་བཅད་ཅིང༌། དགེ་མི་དགེ་ལུང་མ་བསྟན་སོགས་ཀྱི་འཁྲུལ་རྟོག་ཐམས་ཅད་ངོ་ཤེས་པར་བྱས་ཏེ་གཞི་མེད་རྩ་བྲལ་དུ་འཇོག་པར་བྱོས་ཤིག །ཆོས་ཐུན་ང་གསུམ་པ། དམིགས་པ་ཞེ་གཉིས་པའོ།། ༈ །།དེ་ལྟར་བསྒོམས་པས་ཡུལ་དང་ལུས་སེམས་ཐམས་ཅད་སེམས་གཅིག་པུ་འདི་ཀའི་རང་སྣང་ལ་ཤར་བ་མ་གཏོགས་གཅིག་ཐ་དད་སོགས་བློའི་སྤྱོད་ཡུལ་ལས་འདས་ཤིང་སྨྲ་བསམ་བརྗོད་མེད་སྤྲོས་པའི་མཐའ་དང་བློས་བྱས་ཐམས་ཅད་དང་བྲལ་བར་མངོན་སུམ་དུ་རྟོགས་ཤིང་བསྒོམ་བྱ་སྒོམ་བྱེད་ཀྱི་མཚན་མ་ཐམས་ཅད་རང་སར་གྲོལ་བ་ན་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རང་ཞལ་མངོན་སུམ་དུ་མཐོང་བའམ་མངོན་པར་སངས་རྒྱས་པ་ཞེས་བྱ་བ་ཡིན་གྱི་དེ་ལྟར་མ་ཡིན་པར་གཅིག་ཐ་དད་དང་ཡོད་མེད་དང་དངོས་པོ་དངོས་མེད་དང་སེམས་བེམ་ཤེས་དང་ཡིན་མིན་དང་སྟོང་མི་སྟོང་ཡུལ་ཡུལ་ཅན་རྟག་མི་རྟག་གཟུང་འཛིན་སྐྱེ་འགག་འགྲོ་འོང་སོ?ས་ངག་ཏུ་ཇི་ལྟར་བརྗོད་ཀྱང་དོན་དུ་སེམས་ཉིད་ཁོ་ནའི་རང་སྣང་མ་གཏོགས་གང་ཡང་མ་གྲུབ་པ་ལ་གྲུབ་པར་བཟུང་ན་གནས་ལུགས་ཀྱི་དོན་ལས་ཕྱིན་ཅི་ལོག་ཏུ་གྱུར་བ་ཡིན་ཞིང༌། གཅིག་ཐ་དད་གཉིས་ཀྱང་ལྟོས་བཞག་ཡིན་པས་ཐ་དད་མ་གྲུབ་པས་གཅིག་ཏུའང་འཇོག་མི་རུང་ལ་འོན་ཀྱང་སྣང་རིག་སྟོང་གསུམ་དབྱེར་མེད་རོ་གཅིག་པ་ཙམ་ལ་བསམས་ནས་ངག་ཏུ་གཅིག་པར་བརྗོད་ཀྱང་འགལ་བ་མེད་དེ་དཔེར་ན་མེ་དང་ཚ་བའམ་ཆུ་ནང་གི་ཟླ་གཟུགས་ཆུ་ལས་དབྱེར་མེད་པ་བཞིན་ནོ། །དེས་ན་ལས་དང་པོ་པ་དང་རྟོག་གེ་པ་ལྟ་བུ་ཁྲིད་ན་གཅིག་དུ་མ་བརྟག་པ་སོགས་སྣང་བ་སེམས་སུ་ཐག་ཆོད་མ་ཆོད་བརྟག་པའི་ཕྱིར་དྲི་བ་སོགས་བྱ་དགོས་ལ། རང་ཉམས་ལེན་སྐྱོང་བའི་ཚེ་དེ་འདྲའི་སྤྲོས་པ་མང་པོའི་བརྟག་གཞིག་མི་བྱེད་པར་སྣང་བ་གང་ཤར་ཞིག་གི་སྟེང་དུ་བཟོ་བཅོས་མེད་པ་མ་བཅོས་པར་ལྷོད་ཀྱིས་བཞག་པས་སྣང་བ་སེམས་སུ་རྟོགས་ཤིང་ཉམས་རྟོགས་ཕུལ་དུ་བྱུང་བ་སྐྱེ་བར་འགྱུར་གྱི། གཞན་དུ་ན་གཅིག་དུ་གྲལ་གྱི་རིགས་པས་གཏན་ལ་ཕབ་སྟེ་བློ་བྱས་ཀྱི་སྟོང་ཉིད་སྒོམ་པ་ནི་འདིར་མི་འཐད་ཅིང་སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བའི་སྐྱོན་དུའང་འགྱུར་བས་འདིའི་སྐབས་སུ་བློས་བྱས་ཀྱི་སྒོམ་གང་ཡང་མི་བྱེད་ཅིང་ཞེ་འདོད་དང་རེ་དོགས་བྲལ་བའི་ངང་ནས་ལྷོད་ཀྱིས་གློད་ལ་གང་ཤར་འཛིན་མེད་མ་བཅོས་པའི་ངང་ནས་སྐྱོང་བ་འདི་ཀ་གལ་ཆེ། དེ་སྐད་དུའང༌། གྲུབ་ཐོབ་ཨཽ་རྒྱན་པས། སེམས་དང་སྣང་བ་གཉིས་པོ་མེ་དང་ཚ་བ་བཞིན་དུ་གནས་པ་ཡིན་མོད་ཅེས་དང༌། སྣང་བ་འདི་ཐམས་ཅད་སེམས་ཀྱི་རང་མདངས་སམ་སེམས་ཀྱི་འོད་ཡིན་མོད། ཅེས་དང༌། དྭགས་པོ་རིན་པོ་ཆེས། སྣང་སེམས་གཅིག་ཡིན། སེམས་ལས་མ་གཏོགས་པའི་སྣང་བ་ལོགས་ན་མེད། སྣང་བ་འདི་ཐམས་ཅད་སེམས་ཀྱི་འོད་དམ་སེམས་ཀྱི་ཆོས་ཉིད་ཡིན་པས་སེམས་རྟོགས་པའི་དུས་སུ་སྣང་བ་སྒྲོག་རང་བརྡལ་དུ་འགྲོ། སེམས་ཉིད་དང་ཆོས་ཉིད་གཅིག་ཡིན་ཏེ། སེམས་ཉིད་ཀྱི་འོད་ཆོས་ཉིད་ཡིན་པས་སེམས་ཉིད་རྟོགས་པས་ཆོས་ཉིད་སྒྲོག་རང་བརྡལ་དུ་འགྲོ་སྟེ་དཔེར་ན་ཉི་མ་སོང་ནས་འོད་ཕྱིར་ཆད་པ་མི་སྲིད་དེ་ཉི་མའི་ཕྱིར་འོད་འགྲོ་སྟེ་འགྲོ་ལྡོག་ངེས་པ་ཡིན། དེ་བཞིན་དུ་སེམས་ཉིད་གཅིག་པུ་རྟོགས་པས་ཆོས་ཉིད་རང་ཤུགས་ལ་རྟོགས་ནས་འོང༌། སེམས་དག་པས་སྣང་བ་རང་ཤུགས་ལ་དག །དེས་ན་སྣང་བ་དང་སེམས་ཉིད་ལ་སོགས་པ་རང་སོར་བཞག་ལ་སེམས་ཀྱི་ངོ་བོ་བསྒོམས་པས་ཆོག །སྒོམ་པའི་དུས་སུ་ཆོས་དང་ཆོས་ཉིད་བློས་བཞག་ནས་སེམས་ངོ་བོའི་ཐོག་ཏུ་ཡེར་གྱིས་རྒན་མོ་མཛུབ་ཚུགས་སུ་བསྒོམ། ཡང་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་སེམས་ཉིད་དུ་གཏན་ལ་ཝལ་བ་ཞིག་ཕབ་ནས་དེ་ནས་ངོ་བོའི་ཐོག་ཏུ་བསྒོམ་ཏེ་དེ་གཉིས་འདྲ། ཆོས་ཉིད་གཞིའི་ཐོག་ཏུ་བསྒོམ་ནས་ངོ་བོ་མ་རྙེད་པར་བསྒོམས་ཀྱང་འཚང་མི་རྒྱ། རླུང་སེམས་གཉིས་གཅིག་ཡིན། རླུང་གིས་གཡོས་པས་སེམས་ཀྱི་རྣམ་རྟོག་སྣ་ཚོགས་སུ་འཆར་བ་ཡིན་ཏེ། དེ་ཉིད་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་གནས་ཏེ་སེམས་རྟོགས་པའི་དུས་སུ་རང་སར་དག་ནས་འགྲོ། གཉིས་མེད་རིག་སྟོང་ལྷན་ཅིག་སྐྱེས་པ་ཡིན། ཞེས་དང༌། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་གཉིས་ཙནྡན་དང་ཙནྡན་གྱི་དྲི་ལྟ་བུར་དབྱེར་མེད་དུ་གསུངས་པ་དང༌། འགྲོ་མགོན་ཞང་གིས། འདི་ལྟར་སྣང་བ་འདིའང་སེམས་ལས་ལོགས་ན་མེད་ཅེས་བྱ་བ་ནི་སྣང་བ་ཐམས་ཅད་སེམས་སུ་མཚོན་པར་བྱེད་པའི་ཐ་སྙད་ཙམ་སྟེ། སེམས་ཉིད་རྐྱེན་གྱི་དབང་གིས་ཆུ་ལ་ཆུ་བུར་བྱུང་བ་ལྟ་བུར་དཀར་དམར་ལ་སོགས་པ་སྣ་ཚོགས་སུ་སྣང་ཞིང་ཤར་བས་སྣང་བ་རྐྱེན་ཤར་ཡིན། དྲན་པ་དང་རྟོག་པ་མཐའ་དག་ནི་དཔེར་ན་ནམ་མཁའི་སྤྲིན་ལ་སོགས་པ་བཞིན་བྱུང་ས་དང་གནས་ས་དང་ཐིམ་ས་དང་བྲལ་བས་རྩ་བྲལ་ཡིན། བདེ་སྡུག་དང་བཏང་སྙོམས་ཀྱི་ཉམས་སུ་མྱོང་བ་ཐམས་ཅད་ནི་དཔེར་ན་རྨི་ལམ་ན་བདེ་སྡུག་ཉམས་སུ་མྱོང་བ་བཞིན་ཏེ་དེ་གཞི་མ་གྲུབ་པ་ཡིན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་དཔེར་ན་གངྒཱ་དང་པཀྵུ་ལ་སོགས་པའི་ཆུ་བོ་ཐམས་ཅད་ཕྱིའི་རྒྱ་མཚོར་རོ་གཅིག་ཏུ་གྱུར་བ་བཞིན་ཐ་མི་དད་པར་གྱུར་བའི་ཕྱིར་ན་འཁོར་འདས་རོ་གཅིག་གོ །ཞེས་དང༌། རྣམ་རྟོག་ཐམས་ཅད་ལ་ཁ་དོག་དང་དབྱིབས་ལ་སོགས་པ་མ་གྲུབ་པས་ན་ཆོས་ཉིད་དུ་ལྷུན་གྱིས་གྲུབ་པ་ལ་སྣང་བ་མཐའ་དག་གདོད་མ་ཉིད་ནས་ཡང་དག་པར་གཅིག་དང་དུ་མ་དང་བྲལ་བས་ན་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་ཟིན་པས་འབྲས་བུ་གང་ལའང་རེ་བ་མ་བྱེད་ཅིག་ཅེས་བྱའོ། །ཞེས་དང༌། རྗེ་རྒོད་ཚང་པས། སྣང་བ་འདི་ཐམས་ཅད་རང་གི་སེམས་ཡིན། སྣང་ཡང་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་བ་ལྟ་བུ་ཡིན་པས་འཛིན་པ་མེད་པར་ཕྱད་དེ་ཞོག །སྣང་བ་དགག་མི་དགོས། འཛིན་མེད་ལ་གནས་ཀྱིན་འདུག་ན་དེ་ཀ་ཕྱག་རྒྱ་ཆེན་པོ་ཡིན། དེ་ཀ་མ་ཡེངས་པར་སྐྱོངས་ཤིག །དེས་ཆོག །ཅེས་དང༌། སྤྱིར་སྣང་བ་སྣ་ཚོགས་སུ་འཆར་བ་ནི་རང་གི་སེམས་ཡིན། སྣང་བ་དང་སྟོང་པ་གཉིས་སུ་མེད་པར་ཡེ་ནས་གནས་པ་ཡིན་པས་ཤེས་པ་ནང་དུ་གཟུང་མི་དགོས། དེའང་མིག་གི་ཡུལ་དུ་གཟུགས་སྣང་བའི་དུས་སུ་གཟུགས་སུ་སྣང་བ་དེ་ཀ་རང་གི་སེམས་ཡིན། གཟུགས་སྣང་སྟོང་གཉིས་སུ་མེད་པ་ཡིན། གཟུགས་ཐོག་རང་དུ་འཛིན་མེད་དུ་ལྷན་གྱིས་བཞག་པས་གཟུང་འཛིན་རང་སར་གྲོལ་འགྲོའོ། །དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཡིད་ལ་འགྱུ་ནའང་འགྱུ་བའི་ཐོག་རང་དུ་བཞག་པས་རང་གྲོལ་དུ་འགྲོ་བ་ཡིན། དེས་ན་ཤེས་པའི་ཐོག་ཏུ་མ་བསྒོམས་པར་ཕྱི་ཚོགས་དྲུག་ཡུལ་གྱི་ཐོག་ཏུ་འཛིན་མེད་དུ་བསྒོམས་པས་ཚོགས་དྲུག་སྒོམ་དུ་ཤར་ནས་བོགས་ཐོན་ནས་འོང་བ་ཡིན། ང་མཚམས་བྱས་པ་ཡིན་སྙམ་པའི་རྟོག་པས་མ་བཅིངས་པ་ཞིག་ཀྱང་དགོས་པ་ཡིན། རང་ཕར་མི་བལྟ་གཞན་གྱིས་བལྟས་ཀྱང་རྟོག་པར་མ་བཟུང་བས་ཆོག་པ་ཡིན། ལར་ཡང་ཤེས་པ་ལ་གང་གནོད་པའི་སྟོང་དུ་སྒོམ་པ་ཡིན་ནོ། །ན་ན་དེ་ཐོག་ཏུ་བསྒོམ། ལྟོག་ན་དེ་ཐོག་ཏུ་བསྒོམ། གྲང་ན་གྲང་ཐོག །མི་དགའ་ན་མི་དགའ་བའི་ཐོག་ཏུ་བསྒོམས་པས་རྐྱེན་ཐམས་ཅད་སྒོམ་དུ་འཆར་འོང་བ་ཡིན། དེ་ཅི་སྟེ་ན་རྐྱེན་སྣང་ཁོ་རང་རང་སེམས་ཡིན་པའི་ཕྱིར་རོ། །སེམས་ལས་ལོགས་ན་ཆོས་སྐུ་མེད་པའི་ཕྱིར་རོ། །དེ་ལྟར་བསྒོམ་པས་བོགས་མི་ཡོང་བའི་ཐབས་མེད་པ་ཡིན་གྱི། སེམས་ཉིད་ངོ་བོ་ཉིད་ཀྱིས་སྟོང་པ་ལ་ཆེད་དུ་སྒོམ་རྒྱུ་མེད་མི་སྒོམ་པའི་ངང་ལ་མ་ཡེངས་པ་ཞིག་ནི་མེད་ཐབས་མེད་པ་ལགས་སོ། །ཞེས་དང༌། གྲུབ་ཐོབ་ཨཽ་རྒྱན་པས། སྣང་བ་དང་རིག་པའི་སྟེང་ནས་སྣང་བ་ཞེས་པ་སྨྲ་བསམ་ཤེས་བརྗོད་ཀྱི་ཡུལ་ལས་འདས་པའི་ཀུན་གཞི་སྒོ་ལྔའི་སྟེང་དུ་ཤར་བ་ལ་ཟེར་ཏེ། དེ་ཡང་མིག་གི་ཡུལ་དུ་གཟུགས། རྣ་བའི་ཡུལ་དུ་སྒྲ། སྣའི་ཡུལ་དུ་དྲི། ལྕེའི་ཡུལ་དུ་རོ། ལུས་ཀྱི་ཡུལ་དུ་རེག་བྱ་སྟེ་དེ་རྣམས་རྟོག་མེད་ལུང་མ་བསྟན་དུ་གནས། སྒོ་ལྔའི་རྗེས་སུ་འཇུག་པའི་ཡིད་ཀྱིས་ཁ་བསྒྱུར་ཏེ་མཐོ་དམན་བསམ་གྱིས་མི་ཁྱབ་པ་ཞིག་སྣང་བ་དེ་ལ་སྣང་བ་ཟེར་བ་ཡིན། དེ་ལ་འཛིན་པ་ཞུགས་པས་འཁོར་བར་འཁྱམས་པ་ཡིན་ལ། འཛིན་པ་འཇུག་པའི་རྒྱུ་ཡང་ཐོག་མེད་དུས་ནས་གོམས་པའི་བློ་འཁྲུལ་བའི་བག་ཆགས་མཐུ་བརྟས་པས་འདི་ལྟར་སྣ་ཚོགས་སུ་སྣང་བ་ཡིན་ཞིང༌། དངོས་པོས་བདེན་པར་གྲུབ་པ་ཏིལ་གྱི་འབྲུ་ཙམ་ཡང་མེད་དེ། དཔེར་ན་རྨི་ལམ་ན་བག་ཆགས་ཀྱི་སྣང་བ་བདེ་སྡུག་གི་མྱོང་ཚོར་སྣ་ཚོགས་ཞིག་སྣང་ཡང་དངོས་པོ་བདེན་པར་གྲུབ་པ་མེད་དེ། གཉིད་སད་པའི་ཚེ་ན་མི་བདེན་པར་རྟོགས་པའམ། སྒྱུ་མའི་རྟ་གླང་པོ་ལ་སོགས་པ་དཔག་ཏུ་མེད་པ་ཞིག་སྣང་ཡང་དེ་བདེན་པར་གྲུབ་ནས་སྣང་བ་མིན་སྒྱུ་མའི་རྫས་དང་སྔགས་ཀྱི་མཐུ་ལས་གྲུབ་པའི་རྫུན་སྣང་ཤར་བ་སྟེ། །དེ་བཞིན་དུ་བློ་འཁྲུལ་པའི་བག་ཆགས་སྣང་བས་བདེན་པའམ་རྟག་པ་ལྟར་སྣང་བ་སྟེ་སྣང་མཁན་ཡང་རང་གི་སེམས་ལས་ལོགས་ན་མེད་པ་ཞིག་ཡིན། རིག་པ་ཞེས་པའང་སྒོ་ལའི་རྣམ་པར་ཤེས་པས་ཡུལ་ཅན་དུ་འཛིན་པའི་མཁན་པོ་དེ་ཀ་ཡིན་ལ། སྣང་བ་ལས་ལོགས་པའི་རིག་པ་ཞེས་པ་ཞིག་སྐད་ཅིག་ཀྱང་གྲུབ་པ་མེད་པ་སྟེ། དེ་ལྟར་ན་སྣང་བའང་རིག་པ་རིག་པའང་སྣང་བ་སྟེ། མདོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་སོ། །ཞེས་དང༌། སྣང་བ་ཇི་ལྟར་ཤར་བའི་ཐོག་ཏུ་ཅི་ཡང་མི་སྒོམ་ཞིང་བཟོ་བཅོས་མེད་པར་མ་ཡེངས་ཙམ་དུ་གློད་ནས་བཞག་པས་སྣང་བའི་སྟེང་དུ་ཟུང་འཇུག་གི་གོ་རྟོགས་སྐྱེས་ཏེ་བདེ་ཆམ་གྱིས་འགྲོ། དེར་སྣང་བ་དགག་མི་དགོས། སྟོང་པ་སྒྲུབ་མི་།།།།།།།།།དགོས་ཤིང༌། སྣང་བ་དུ་མར་སྣང་ཡང་སེམས་གཅིག་གི་ངོ་བོར་རོ་གཅིག་པས་དུ་མ་རོ་གཅིག་སྟེ། སྣང་བ་ཕྱི་རུ་མ་ལུས། །རིག་པ་ནང་དུ་མ་ལུས་པས་ཟུང་འཇུག་མངོན་དུ་གྱུར། དེ་ཉིད་བསྐྱངས་པ་ལས་རོ་གཅིག་དུ་མར་ཤར་བ་ཞེས་རྟེན་འབྲེལ་ཉི་མའི་གུང་ལ་ཟ་འོག་བཀྲམ་པ་བཞིན་འཆར་བ་ཡིན། ཞེས་དང༌། རྗེ་མི་བསྐྱོད་ཞབས་ཀྱི་ཕྱག་ཆེན་སྒྲོས་འབུམ་ལས། རྣམ་རྟོག་ཆོས་ཀྱི་སྐུ་དང་སྣང་བ་རང་གི་སེམས་ཞེས་པའི་ཆོས་ཚུལ་ལ་བཀའ་བརྒྱུད་འདི་པ་ཐུགས་ཀྱི་རྩིས་པོ་ཆེར་བཟུང་ནས་དམ་ཆོས་བླ་ན་མེད་པར་མཛད་པས་སྐལ་ལྡན་གྱི་སྐྱེས་བུ་དག་ཆོས་ཚུལ་འདི་ལ་རབ་རྟོགས་པ་འབྲིང་ཉམས་ཐ་མའང་གོ་བའི་ཤེས་རབ་ཙམ་གྱིས་ཀྱང་ཉམས་སུ་ཅི་ལོངས་ལ་འབད་པར་གྱིས་ཤིག །ཅེས་དང༌། སྐྱོབས་པ་འབྲི་གུང་པས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་སེམས་གདོད་མ་ནས་སྐྱེ་བ་མེད་པས་ནམ་མཁའི་དཀྱིལ་ལྟ་བུ་ཡིན། ཞེས་དང༌། ཕག་གྲུས། ལུས་སེམས་གཉིས་པ་དགག་སྒྲུབ་མེད་བྱ་བ་ཡིན་ཏེ། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་དབྱེར་མེད་དུ་རྫོགས་པ་ཞིག་འོང་བ་ཡིན། ཅི་སྣང་རང་གི་ངོ་བོར་ཤར་ཞེས་པ་ནི་སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཀྱི་ངོ་བོར་འཆར་ལ་དོན་དེ་ལས་མ་འདས་པ་ཞིག་ལ་ཟེར་བ་ཡིན་ནོ། །ཞེས་དང༌། ལྟ་བ་མདོར་བསྡུས་ལས། རང་རིག་སྤྲོས་བྲལ་དེ་ཉིད་ནི། སྣང་ཞིང་སྟོང་ལ་སྟོང་ཞིང་སྣང༌། །དེ་ཕྱིར་སྣང་སྟོང་དབྱེར་མེད་དེ། །དཔེར་ན་ཆུ་ཡི་ཟླ་བ་བཞིན། །དེ་ལྟར་གཉིས་མེད་གཏན་ལ་དབབ། །ཅེས་དང༌། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ལུས་དང་སེམས་ནི་དབྱེར་མེད་དེ། །རྟེན་དང་བརྟེན་པ་འབྱུང་ལྡོག་གིས། །ཀུན་གྱི་གནད་དུ་ཤེས་པར་བྱ། །ཞེས་གསུངས་ལ། དེ་བཞིན་དུ་ཡོད་མེད་སོགས་ཀྱི་ལྟོས་ཆོས་ཐམས་ཅད་ལ་ཤེས་པར་བྱའོ། །ཆོས་ཐུན་ང་བཞི་པའོ།། ༈ །།གཉིས་པ་སེམས་སྟོང་པར་ངོ་སྤྲོད་པ་ནི་སེམས་ཉིད་དེའང་རང་བཞིན་གྱིས་འོད་གསལ་བ་ཞེས་ཐ་སྙད་ཅི་ལྟར་བཏགས་ཀྱང་གཟུགས་ཁ་དོག་དབྱིབས་ལུས་ཀྱི་ཕྱི་ནང་རྣམ་པ་སོགས་འདི་འདྲར་གྲུབ་ཅེས་སྨྲ་བ་སེམ་གྱི་ཡུལ་ལས་འདས་པ་སྟེ། དཔེར་ན་ནམ་མཁའ་ལྟ་བུའོ། །སྔར་སེམས་འཚོལ་གྱི་མན་ངག་གི་སྐབས་སུ་བཙལ་བཅུག་པ་ཡིན་པས་སེམས་དེ་ཕྱི་ནང་བར་གསུམ་དང་ཁ་དོག་དང་དབྱིབས་རང་གི་ངོ་བོ་སྐྱེ་འགག་གནས་གསུམ་སོགས་ཇི་ལྟར་མཐོང་ཞེས་དྲིས་པས། གང་དུའང་མ་མཐོང་བའི་མཐོང་རྒྱུ་ཞིག་འདུག་ཅེས་ཟེར་བ་བཞིན་ཅུང་ཟད་ཙམ་ཡང་མཚོན་དུ་མེད་ཅིང་གྲུབ་པ་མེད་པ་དང་ཕྱི་ནང་ཕྱོགས་བཅུ་གར་བཙལ་ཡང་མ་རྙེད་པ་དེ་སེམས་ཀྱི་རང་བཞིན་མ་གྲུབ་པའི་ཕྱིར་སྟོང་པ་ཉིད་ཡིན་པའི་དབང་གིས་ཡིན་ལ། རང་བཞིན་གྲུབ་ནས་མ་རྙེད་པ་ནི་མིན། དེས་ན་སེམས་ངོ་བོ་གང་དུའང་མ་གྲུབ་པར་མཐོང་བ་དེ་ནི་མཐོང་བའི་མཆོག་ཡིན་ནོ། །འོ་ན་དང་པོ་ཉིད་ནས་སེམས་འདི་བལྟར་མེད་མཐོང་མེད་དུ་སྟོན་རིགས་པ་ལས་ཁ་དོག་སོགས་བཙལ་ནས་ཅི་ཞིག་བྱ་སྙམ་ན། དེ་ནི་རང་བཞིན་མེད་པའི་སེམས་ལ་མེད་པ་ཉིད་དུ་མ་རྟོགས་པས་སེམས་ཅན་རྣམས་ཀྱིས་ཐོག་མ་མེད་པའི་དུས་ནས་ངའོ་བདག་གོ་ཞེས་བདེན་པར་བཟུང་ཞིང་དེ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་སྐྱེས་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་པ་ཡིན་པས་དེ་ལས་བཟློག་པའི་དོན་དུ་འཚོལ་བརྟག་དཔྱད་པས་འཁོར་རྩའི་གཙོ་བོ་རང་གི་སེམས་དེ་རྩ་བ་བཅད་དེ་སྟོང་པ་བདག་མེད་དུ་གཏན་ལ་ཕབ་པས་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པ་མཐོང་བར་ངེས་ཤིང་སེམས་རང་བཞིན་མེད་པར་ངེས་པས་འཁོར་བའི་བདག་འཛིན་གྱི་འཁྲུལ་པ་བདེན་མེད་དུ་རྟོགས་ཤིང༌། དེའི་ཤུགས་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ངེས་ཤིང་དེ་ལ་བརྟེན་ནས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་ཞེན་པ་བཟློག་འཁོར་བའི་རྒྱུ་དངོས་འཛིན་གྱི་རྩ་བ་ཆོད་པ་ཡིན་པས་སེམས་འཚོལ་བ་ནི་རིགས་ལ། བཙལ་བས་གང་དུའང་རྙེད་པར་མ་གྱུར་པའི་སྟོང་པ་ཆེན་པོ་དེ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་རྣམ་པར་བཀག་པའི་སྟོང་ཉིད་དང་ཡིན་སྙམ་ཅན་གྱི་སྟོང་ཉིད་དང་ཉི་ཚེ་བའི་སྟོང་ཉིད་དང་ཆོས་ཉིད་དོན་དམ་པའི་དབྱིངས་སུ་རྟོག་པས་བརྟགས་ནས་བཞག་པ་ཙམ་མིན་པའི་ཡང་དག་པའི་དོན་གྱི་ངོ་བོ་གདོད་མའི་དབྱིངས་སྟོང་ཆེན་ཉིད་དུ་ཤེས་པར་བྱའོ། སྔོན་ཆད་སྟོང་བ་ལ་སྟོང་པ་བདག་མེད་ལ་བདག་མེད་དུ་མ་མཐོང་བས་འཁོར་བར་འཁྱམས་པ་ལས་འདིར་དཔལ་ལྡན་བླ་མའི་མན་ངག་གི་མཐུས་རང་གི་གདོད་མའི་གཤིས་སྟོང་ཉིད་གྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་མངོན་སུམ་དུ་མཐོང་དུ་མེད་པའི་ཚུལ་གྱིས་མཐོང་བ་ཡིན་པས་དེ་ཉིད་ཀྱི་ངང་ལ་མ་བཅོས་པར་ཞོག །ཆོས་ཐུན་ང་ལྔ་པ། དམིགས་པ་ཞེ་གསུམ་པའོ།། ༈ །།གསུམ་པ་སྟོང་པ་ལྷུན་གྲུབ་ཏུ་ངོ་སྤྲོད་པ་ནི། སེམས་དེ་ཡང་ནམ་མཁའ་ལྟར་ཀུན་ཏུ་སྟོང་པའི་ཆོས་ཉིད་ལས་མ་གཡོས་བཞིན་དུ་སྣ་ཚོགས་སུ་སྣང་བའི་རྩམ་གདངས་འགག་མེད་དུ་འཆར་ཞིང་རྣམ་པ་སྣ་ཚོགས་ཇི་ལྟར་ཤར་ཡང་ཤར་བ་ཉིད་ཀྱི་ཚེའང་སྟོང་པ་ཆེན་པོ་ཡིན་ཅིང༌། དེས་ན་སྣང་སྟོང་རིག་སྟོང་གསལ་སྟོང་བདེ་སྟོང་དབྱེར་མེད་ཅེས་བྱ་བའོ། །འོ་ན་སྣང་སྟོང་དབྱེར་མེད་ཡིན་ན་མི་རུང་ཞིང་དེ་གཉིས་ཐ་དད་དགོས་ཏེ་དེ་ལྟ་མ་ཡིན་པར་མེད་ན་སྣང་མི་རུང་ཞིང་ཡོད་ན་མེད་པར་མི་རུང་བའི་ཕྱིར་ཞེ་ན། ཤེས་བྱར་སྲིད་ཚད་ཀྱི་ཆོས་ལ་སྣང་བ་ལས་གཞན་པའི་སྟོང་པ་དང་སྟོང་པ་ལས་གཞན་པའི་སྣང་བ་མེད་དེ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་འདིའང་སྣང་བ་ཉིད་ཀྱི་ཚེ་ཅིར་ཡང་མ་གྲུབ་པའི་སྟོང་པ་ཆེན་པོ་ཡིན། སྟོང་པ་ཉིད་དེ་ལས་མ་གཡོས་བཞིན་དུ་རྩལ་འགག་མེད་སྣ་ཚོགས་སུ་འཆར་ལ་ལྷུན་གྱིས་གྲུབ་པའི་སྣང་སྟོང་དབྱེར་མེད་འདི་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་བྱ་ཞིང་སྟེང་ཕྱོགས་ཁོ་ན་གཙོ་བོར་བཟུང་དུ་མི་རུང་བས་ལྷུན་གྲུབ་ཟུང་འཇུག་གི་གནས་ལུགས་རྟོགས་པར་བྱ་དགོས་སོ། །དེའང་དག་པ་རྣམས་ལ་ལྷུན་གྲུབ་ཅེས་བྱའི་མ་དག་པའི་སྣང་བ་རྣམས་ལ་ལྷུན་གྲུབ་ཏུ་བརྗོད་མི་རུང་ངོ་ཞེ་ན་བཟང་ངན་དང་མཆོག་དམན་དུ་འཛིན་པའི་བློར་སོང་བས་རྣམ་པར་མ་དག་པའོ། །དེས་ན་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་གཅིག་པའི་དོན་གྱི་ངོ་བོ་འཁོར་འདས་ཀྱིས་བསྡུས་བའི་ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ན་ལས་མ་གཡོས་བཞིན་རྩལ་མདངས་འགག་མེད་དུ་འཆར་བར་ལྷུན་གྱིས་གྲུབ་པར་བསྟན་པ་བཞིན་ཉམས་སུ་ལེན་པར་བྱ་ཞིང་རྒྱུ་མཚན་དེའི་ཕྱིར་ལྷུན་གྱིས་གྲུབ་པ་གང་ཡིན་པ་ཐམས་ཅད་རྣམ་པར་དག་པ་མཐར་ཐུག་པ་སྟེ་རྣམ་གྲོལ་ཆེན་པོ་ཞེས་བྱའོ། །ཆོས་ཐུན་ང་དྲུག་པ། དམིགས་པ་ཞེ་བཞི་པའོ།། ༈ །།བཞི་པ་ལྷུན་གྲུབ་རང་གྲོལ་དུ་ངོ་སྤྲོད་པ་ནི། དེ་ཡང་སྣང་རིག་སྟོང་གསུམ་གདོད་ནས་གསལ་སྟོང་ཟུང་འཇུག་ཏུ་ལྷུན་གྱིས་གྲུབ་པའི་གནས་ལུགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རོ་མཉམ་པ་དངོས་པོ་གཤིས་ཀྱི་གནས་ཚུལ་འདི་ལ་སྐྱོན་གྱི་ཆ་སེལ་རྒྱུ་དང་ཡོན་ཏན་གྱི་ཆ་སྒྲུབ་རྒྱུ་གང་ཡང་མེད་པར་གདོད་མའི་བྱང་ཆུབ་ཆེན་པོ་ཕྲི་བསྣན་དང་སྤང་བླང་སོགས་ཅུང་ཟད་ཀྱང་མེད་པར་དོན་དམ་པའི་དབྱིངས་ཕྱིན་ཅི་མ་ལོག་པའི་གནས་ལུགས་མངོན་སུམ་དུ་རྟོགས་པར་བྱ་དགོས་སོ། །དེ་ལྟར་སྤང་བླང་བསལ་བཞག་མེད་པའི་དོན་གྱིས་རང་གྲོལ་ཞེས་བྱ་ཞིང་གཉེན་པོ་གཞན་ལ་མ་ལྟོས་པར་རང་གྲོལ་ཆེན་པོ་སྟེ་རེ་དོགས་ཀྱི་མཚན་མ་རང་སར་གྲོལ་བས་དོན་གྱི་སྙིང་པོ་མངོན་དུ་བྱོས་ཤིག །དེ་སྐད་དུའང༌། གང་གིས་འཆིང་བར་བྱེད་པའི་རྒྱུ། །དེ་ནི་གྲོལ་བར་བྱེད་པའི་ལམ། །འདི་ན་འཆིང་བ་གང་ཡང་མེད། །འཆིང་བ་གང་ཡིན་དེ་གྲོལ་ལོ། །ཞེས་འབྱུང་བ་ལྟར་བླ་ན་མེད་པའི་སངས་རྒྱས་རང་གི་སེམས་ལ་རྙེད་པར་བྱ་བའི་ཐབས་མན་ངག་གི་ངོ་སྤྲོད་རྣམ་པར་དག་པ་ཡིན་པས་ཕྱིན་ཅི་མ་ལོག་པར་ངོ་འཕྲོད་པས་ལྷག་མཐོང་གི་ཤེས་རབ་རྣམ་པར་དག་པ་ཐོབ་པར་འགྱུར་རོ་འདིར་ལྷག་མཐོང་གི་ངོ་བོ་རྟོགས་པ་ནི་དོན་དམ་པ་ཕྱིན་ཅི་མ་ལོག་པའི་གནས་ལུགས་མཐོང་རྟོགས་མངོན་དུ་བྱས་པ་ལ་བྱའི་ཆོས་ཐམས་ཅད་སེམས་སུ་རྟོགས་པའི་གོ་བ་ཙམ་དང་སྟོང་པར་མཐོང་བ་ཙམ་མམ་ཟུང་འཇུག་གི་གནས་ལུགས་ཅུང་ཟད་མཐོང་བ་ཙམ་གྱིས་ཡང་དག་པའི་གནས་ལུགས་མཐོང་བའི་གོ་མི་ཆོད་ལ། དེས་ན་འདི་དག་སྐལ་ལྡན་གྱི་སྐྱེས་བུ་ལ་བརྡ་ཐབས་མཚོན་པའི་རྣམ་པར་དབྱེ་བ་དག་སྐབས་སུ་བབ་པར་རིག་སྟེ་བརྗོད་པ་ཡིན་གྱི་གཞན་དུ་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་འདི་ལྟ་བུའོ་ཞེས་མཚོན་པའི་དཔེ་དང་བྲལ་བ་གང་ཡང་མ་ཡིན་པ་གང་དུའང་རུང་བ་མཐའ་ཐམས་ཅད་དང་བྲལ་བ་མཉམ་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་སྟེ་ནམ་མཁའ་ལྟ་བུར་རིག་པར་བྱའོ། །ཆོས་ཐུན་ང་བདུན་པ། དམིགས་པ་ཞེ་ལྔ་པའོ།། ༈ །།འདི་དག་སྟོན་བྱེད་གྱི་ལུང་ནི་མདོ་རྒྱུད་མན་ངག་བླ་མ་དམ་པའི་གསུང་ལས་རིམ་པར་གསལ་བར་འབྱུང་སྟེ། དེ་སྐད་དུའང༌། ཏཻ་ལོ་པས། དཔེར་ན། ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས། །དཀར་ནག་དག་གིས་མ་གོས་འགྱུར་བ་མེད། །དེ་བཞིན་རང་སེམས་སྙིང་པོ་ཁ་དོག་དབྱིབས་ལས་འདས། དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །ཞེས་དང༌། དཔེར་ན། ནམ་མཁའ་སྟོང་པར་ཐ་སྙད་རབ་བཏགས་ཀྱང༌། །ནམ་མཁའ་ལ་ནི་འདི་འདྲར་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང༌། །བརྗོད་པས་འདི་འདྲར་གྲུབ་ཅེས་ཐ་སྙད་གདགས་གཞི་མེད། །སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །ཅེས་དང༌། སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་ཐོབ། ཅེས་གསུངས་པ་དང༌། ས་ར་ཧས། འཁོར་འདས་ཀུན་གྱི་རྩ་བར་གྱུར་པ་སེམས། །རྟོགས་ནས་སྒོམ་དུ་མེད་ཀྱི་ལྷུག་པར་ཞོག །རང་ལ་བཞག་ནས་གཞན་ལ་འཚོལ་བ་ཨ་རེ་འཁྲུལ། །འདི་ཡིན་འདི་མིན་མེད་དོ་ཐམས་ཅད་གཉུག་མའི་ངང༌། །ཞེས་དང༌། ཞི་བ་འཚོས། མཉམ་ཉིད་དབྱིངས་ལས་མི་གཡོ་ཆོ་འཕྲུལ་སྣ་ཚོགས་སྟོན། །ཆུ་བྲན་སྣ་ཚོགས་རྒྱ་མཚོར་གཅིག་གོ་བ་ཚྭའི་རོ། །དུ་མ་རོ་གཅིག་འདི་ལ་ཐ་དད་ཡོད་མ་ཡིན། །ཐམས་ཅད་ཐམས་ཅད་གཉུག་མའི་རོ་ཡིས་ཁྱབ་པས་བདེ། །ཞེས་དང༌། ཉི་མའི་རྩལ་གྱིས། །སྣ་ཚོགས་སེམས་ཀྱི་ཆོ་འཕྲུལ་ཏེ། །སེམས་ནི་འདི་ཞེས་མཚོན་དུ་མེད། །དེ་ཕྱིར་འཁོར་འདས་རྩ་བ་བྲལ། །དེ་ཉིད་ཆོས་སྐུར་ཤེས་པར་གྱིས། །ཞེས་དང༌། ཌོམ་བྷི་བས། སྲིད་ཞི་མཉམ་ཉིད་སྤྲོས་དང་བྲལ། །རྩོལ་སྒྲུབ་བྱེད་པ་ཤ་ཐང་ཆད། །ལུས་སེམས་གཉིས་མེད་ཟང་ཐལ་ལ། །ཐ་དད་འཛིན་པ་ཉོན་རེ་མོངས། །བདག་གཞན་གཉིས་མེད་ཆོས་སྐུ་ལ། །བཟང་ངན་འཛིན་པ་སྙིང་རེ་རྗེ། །ཞེས་དང༌། །ཉི་མ་སྦས་པས། །ལུས་ལ་བལྟས་པས་སྐྱེ་བ་མེད། །སེམས་ལ་བལྟས་པས་སྤྲོས་དང་བྲལ། །གཉིས་མེད་དོན་འདི་བློ་ལས་འདས། །ངས་ནི་ཅིའང་མ་ཤེས་སོ། །ཞེས་དང༌། མཻ་ཏྲི་པས། ཆོས་རྣམས་རང་རང་ངོ་བོས་སྟོང༌། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་བྱར་མེད་པ། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །ཞེས་དང༌། རྗེ་རྒོད་ཚང་པས། རང་གི་སེམས་ལ་ཅེར་གྱིས་ལྟོས། །བལྟས་པས་མི་མཐོང་དངོས་པོ་མེད། །ཅེས་དང༌། གླིང་རྗེ་རས་པས། སེམས་ཇི་བཞིན་བཞག་པ་མ་ལགས་པ། །གཉེན་པོས་བཅོས་རྒྱུ་མི་གདའ་བས། །ཡིན་མིན་གྱི་ཐེ་ཚོམ་སྟོར་ནས་ཐལ། །ཞེས་དང༌། གཙང་པ་རྒྱ་རས་ཀྱིས། སེམས་ཇི་བཞིན་བཞག་པ་ཆོས་ཀྱི་སྐུ། །བློས་བྱས་ཀྱི་རྟོག་པ་རང་སར་གྲོལ། །དོན་བསམ་དུ་མེད་པ་ཞིག་ཉམས་སུ་ལོངས། །ཞེས་དང༌། ཨཽ་རྒྱན་པས། །སེམས་མིན་སྣང་བ་ལོགས་ན་མེད། །བག་ཆགས་འཁྲུལ་བའི་འཆར་སྒོ་རྣམས། །བདེན་པའི་དངོས་པོར་མ་གྲུབ་ཅིང༌། །ཐམས་ཅད་ཆོས་སྐུ་མཉམ་པའི་ངང༌། །ངོ་བོ་རང་སར་སྟོང་པ་ཡིན། །སྐྱེ་མེད་ནམ་མཁའ་ལྟ་བུའོ། །ཞེས་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་ལ། །བདེན་པར་བལྟ་ན་རང་སྣང་འཁྲུལ། །སྣང་སྲིད་སེམས་ཀྱི་རོལ་བ་ལ། །ཡུལ་དུ་ཞེན་ན་རང་སྣང་འཁྲུལ། །ཐམས་ཅད་སྒྱུ་མའི་ཆོ་འཕྲུལ་ལ། །དངོས་པོར་ཞེན་ན་རང་སྣང་འཁྲུལ། །ཞེས་དང༌། བོད་གངས་ཅན་གྱི་སྤྲང་པོ་ཨཽ་རྒྱན་པས། །ཡེ་ཤེས་གཉུག་མའི་དོན་ལ་སྦྱངས། །དཔལ་ལྡན་བླ་མས་བྱིན་བརླབས་པས། །བག་ཆགས་འཁྲུལ་བ་རང་སར་བསྐྱལ། །འཁོར་འདས་གཉིས་སུ་མེད་པར་སྦྱངས། །ཐམས་ཅད་ཆོས་སྐུའི་རོལ་བར་ཤར། །གཉིས་སུ་འཛིན་པ་ཟད་སར་བསྐྱལ། །སྡུག་བསྔལ་མ་མཆིས་སྐྱིད་པར་གདའ། །ཞེས་དང༌། སྐྱེ་མེད་ཞང་གིས། རྟོག་པ་ངོས་བཙིར་གྱིས་ཟིན་པའི་སྐད་ཅིག་དེ་ཉིད་ལ་ཕྱག་རྒྱ་ཆེན་པོ་རྟོགས་པ་ཞེས་བྱ། །ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཞེས་བྱ། སྒོམ་བྱུང་ཞེས་བྱ། །རྟོགས་པ་ངོས་ཟིན་པའི་སྐད་ཅིག་དེ་ཉིད་ལ་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་པ་མ་ལུས་པ་ཕམ་ཞིང་དག་པར་བྱེད་དོ། །རྣམ་རྟོག་ངོས་ཟིན་པ་བྱ་བ་ནི། རྣམ་པར་རྟོག་པ་སྐྱེ་བ་མེད་པ། །འགག་བ་མེད་པ། གནས་པ་མེད་པ། དངོས་པོ་མེད་པ། ངོས་གཟུང་མེད་པ། ནམ་མཁའ་ལྟ་བུར་ངེས་པའི་ཤེས་པ་ལྷངས་ཀྱིས་སྐྱེས་པའོ། །ཉམས་མྱོང་དང་རྟོགས་པ་དུས་གཅིག་ཏུ་ཤར་བ་ཞེས་བྱའོ། །ཉམས་རྟོགས་གཅིག་ཏུ་འདྲེས་པ་ཞེས་བྱའོ། །ཞི་གནས་དང་ལྷག་མཐོང་དབྱེར་མེད་པ་ཞེས་བྱའོ། །ཆོས་ཉིད་མངོན་དུ་བྱས་པ་ཞེས་བྱའོ། །མཚན་མ་རང་སར་གྲོལ་བ་ཞེས་བྱའོ། །འདི་ཐོས་པ་ཆེ་བས་རྟོགས་པ་མ་ཡིན། ཤེས་རབ་ཆེ་བས་རྟོགས་པ་མ་ཡིན། རྟོག་དཔྱོད་རིགས་པས་རྟོགས་པ་མ་ཡིན། མན་ངག་མཁས་པས་རྟོགས་པ་མ་ཡིན། སྒོ་དྲག་པོ་དང་རྩོལ་སྒྲུབ་ཀྱིས་རྟོགས་པ་མ་ཡིན། བརྡ་སྤྲོད་དང་ཐབས་མཁས་པས་རྟོགས་པ་མ་ཡིན། །དེ་ལ་སོགས་པའི་ཙབ་ཙུབ་གང་གིས་ཀྱང་རྟོགས་པ་མ་ཡིན་ཏེ། རྒྱུད་ལས་ཀྱང༌། གང་དུ་ཡང་ནི་མི་རྙེད་དེ། །ཞེས་གསུངས། འོ་ན་དེ་ཐམས་ཅད་ཀྱིས་མི་རྟོགས་ན་ཅི་ཙུག་བྱ་ཞེ་ན། བླ་མ་རྟོགས་ལྡན་གྱི་བྱིན་རླབས་ཀྱིས་སོ་སོར་རང་གིས་རིག་ཅིང་ནང་ནས་འཆར་བར་འགྱུར་བའི་ཕྱིར་བྱིན་རླབས་ཁོ་ན་ལ་རག་ལས་པ་ཡིན་ནོ། །རྒྱུད་ལས། རང་གིས་རིག་པའི་ཡེ་ཤེས་འདི། །ངག་གི་སྤྱོད་ཡུལ་ལས་འདས་ཕྱིར། །འདི་ནི་བྱིན་རླབས་རིམ་པ་སྟེ། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་དང༌། དྭགས་པོ་རིན་པོ་ཆེས། །རང་སེམས་ལ་ལྟ་བ་གོམས་སུ་གྱིས། །རང་གི་སེམས་ལ་ལྟ་བ་གོམས་ཙ་ན། །ཡུལ་སེམས་གཉིས་སུ་མ་ལྷུང་ན། །གཉིས་མེད་ཡེ་ཤེས་ཉམས་སུ་མྱོང༌། །ཐབས་ཀྱི་ཁྱད་པར་བསྟན་པ་ཡིན། །ཐོབ་པའི་དུས་ཉིད་བསྟན་པ་ཡིན། །ཞེས་དང༌། གཉིས་འཛིན་མ་བྲལ་སྒོམ་པ་དེ། །ཉམས་སུ་མྱོང་ཡང་དོན་མ་མཐོང༌། །རྟོགས་པ་མེད་པའི་ལྟ་བ་དེ། །མཐའ་བྲལ་ཟེར་ཡང་བློས་བྱས་ཡིན། །ཞེས་དང༌། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་བཞིན་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་དང༌། སྡོམ་འབྱུང་ལས། སེམས་བྱུང་སེམས་སུ་བསྟན་གྱུར་ན། །འགྲོ་ལ་རང་བཞིན་ཚུལ་དེ་བཞིན། །མཁའ་མཚུངས་ནམ་མཁར་ཡང་དག་གནས། །ཤེལ་ལམ་ནོར་བུ་གསལ་བ་བཞིན། །ཐོག་མ་ཐ་མ་མེད་པའི་གཟུགས། །སྤྲོས་བྲལ་དབང་པོའི་སྤྱོད་ཡུལ་མིན། །འགྱུར་བ་མེད་ཅིང་སྣང་བ་མེད། །ཐམས་ཅད་སྟོང་པ་ཉོན་མོངས་མེད། །ཅེས་དང༌། རྩ་བ་ཤེས་རབ་ལས། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང༌། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །ཞེས་སོགས་དང༌། ཡོད་དང་མེད་ཅེས་བྱ་བ་མཐའ་ཡིན་ཏེ། །སྟོང་དང་མི་སྟོང་འདི་ཡང་མཐའ་ཡིན་ནོ། །དེ་ལྟར་མཐའ་གཉིས་རྣམ་པར་སྤངས་བྱས་ནས། །མཁས་པས་དབུས་ལའང་གནས་པར་མི་བྱའོ། །ཞེས་དང༌། ཇི་ལྟར་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། །དེ་བཞིན་སེམས་ཀྱིས་སེམས་ལ་བལྟ་བྱས་ན། །རྣམ་རྟོགས་ཚོགས་འགགས་བླ་མེད་བྱང་ཆུབ་འཐོབ། །ཅེས་དང༌། འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་ནས་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཡིན། །ཞེས་པ་ལ་སོགས་པ་མདོ་རྒྱུད་མན་ངག་ཐམས་ཅད་ནས་གསུང་པ་བཞིན་ནོ། །ཆོས་ཐུན་ང་བརྒྱད་པའོ།། ༈ །།

བོགས་འདོན་པའི་ཚུལ།

གསུམ་པ་རྗེས་ཀྱི་དོན་ལ་རང་གི་ངོ་བོ་བླ་མས་ངོ་སྤྲད་པ་དེ་ཉམས་སུ་མྱོང་ནས་རྩལ་སྦྱང་ཞིང་བོགས་འདོན་པའི་ཚུལ། གེགས་བསལ་བ། ལམ་བགྲོད་ཚུལ། འབྲས་བུ་མངོན་དུ་བྱེད་ཚུལ་དང་བཞི་ལས། །དང་པོ་ལ་བོགས་འདོན་ཚུལ་དུ་མ་ཡོད་པ་ལས། ལོག་རྟོག་ལྔ་བསལ་ཏེ་བོགས་འདོན་ན། ཡུལ་ལ་ལོག་རྟོག་བསལ་ཚུལ་ནི། དོན་དུ་དུག་གསུམ་སོགས་མི་དགེ་བ་རྣམས་སྤང་བྱ་དང༌། སྦྱིན་སོགས་དགེ་བ་རྣམས་བླང་བྱའམ་འཐོབ་བྱར་ཞེན་ན་མི་རུང་སྟེ། འདིའི་ལུགས་ལ་དུག་ལྔ་ལམ་དུ་འཁྱེར་དགོས་ཤིང༌། དེར་མ་ཟད་ཕྱག་རྒྱ་ཆེན་པོའི་གནས་ལུགས་ཀྱི་དོན་ལ་འདི་དང་འདི་ནི་སྤང་བྱ་དང་འདི་དང་འདི་ནི་བླང་བྱ་ཞེས་བདེན་དངོས་སུ་གྲུབ་པ་གཏན་ནས་མེད་པས་ཟབ་མོའི་དོན་ལ་ནན་ཏན་དུ་བྱས་ཏེ་ཉམས་སུ་ལེན་པ་དག་གིས་ཆོས་གང་ལའང་སྤང་བླང་དུ་ཞེན་པ་དང་བསྒྲུབ་བྱར་ཨ་འཐས་ཀྱི་བློ་སྤང་བར་བྱ་དགོས། དེ་སྐད་དུའང༌། ལྷ་ལ་མཆོད་པ་ཁྲི་ཕྲག་ཕུལ་བྱས་ཀྱང༌། །དེ་ཡིས་བདག་ཉིད་འཆིང་འགྱུར་ཅི་ཞིག་བྱ། ཞེས་སོགས་མཐའ་ཡས་པར་འབྱུང་བ་ལྟར་ཞེན་པས་རྗེས་སུ་ཆགས་པར་བྱར་མི་རུང་ངོ༌། འོན་ཀྱང་ཆགས་ཞེན་མེད་པའི་སྒོ་ནས་ལས་རྒྱུ་འབྲས་ཁྱད་དུ་མི་གསོད་པར་ནི་བྱ་དགོས་ལ། མདོར་ན་འཁོར་འདས་དགེ་སྡིག་སྤང་བླང་ལ་སོགས་པ་གཉིས་བསྡུས་ཀྱི་ཆོས་ཇི་སྙེད་པ་ཐམས་ཅད་གཉིས་མེད་ཀྱི་ཡེ་ཤེས་སུ་རོ་མཉམ་པར་བྱས་པས་ཡུལ་ལ་ལོག་པར་རྟོག་པ་སེལ་བར་འགྱུར་རོ། །ཆོས་ཐུན་ང་དགུ་པའོ།། ༈ །།དུས་ལ་ལོག་རྟོག་བསལ་ཏེ་བོགས་འདོན་ན། རང་དུས་འདི་ཙམ་ན་མངོན་པར་བྱང་ཆུབ་པར་བྱའོ་སྙམ་པ་དང་གྲངས་མེད་སོགས་ཀྱིས་བགྲོད་པར་འདོད་ན་མི་རུང་སྟེ། ཕྱག་རྒྱ་ཆེན་པོ་ལ་གནད་དུ་བསྣུན་པའི་གང་ཟག་ནི་དུས་གསུམ་མཉམ་པ་ཉིད་དུ་རྟོགས་དགོས་པ་ལས། འདས་མ་འོངས་ད་ལྟར་བ་སོགས་དུས་གསུམ་གྱི་དབྱེ་བ་ནི་བྱིས་པ་རྨོངས་པ་རྣམས་ཀྱིས་བཏགས་པ་ཙམ་དུ་ཟད་པས་འདས་པ་འདས་པར་མ་གྲུབ་སྟེ་དེའི་སྔ་མའི་ད་ལྟར་བའང་མ་འོངས་པར་གྱུར་བའི་ཕྱིར་དེ་བཞིན་དུ་ད་ལྟར་བ་དང་མ་འོངས་པའང་དེ་དང་མཚུངས་སོ། །དེར་མ་ཟད་ཆོས་འདི་པའི་ལུགས་ལ་ད་ལྟ་སྟན་ཐོག་འདི་ཉིད་དུ་རྟོགས་པར་འགྱུར་བས་སོ། །དེས་ན་དུས་གསུམ་ཐ་དད་དུ་མ་གྲུབ་པར་མཉམ་ཉིད་དུ་རྟོགས་པར་བྱ་དགོས། དེ་ལྟ་བུ་མངོན་དུ་བྱས་པའི་རྣལ་འབྱོར་པས་བསྐལ་པ་ཆེན་པོ་འདི་སྐད་ཅིག་ཏུ་བྱིན་གྱིས་རློབ་ཅིང་སྐད་ཅིག་མའང་བསྐལ་པ་ཆེན་པོར་བྱིན་གྱིས་རློབ་ནུས་པ་མཉམ་པ་ཉིད་ཀྱི་དབང་གིས་ཡིན་གྱི། ཐ་དད་པ་ཡིན་ན་དེ་ལྟར་མི་རིགས་པའི་ཕྱིར། དེས་ན། དུས་གསུམ་དུས་མེད་རྟོགས་པ་པོ། ཞེས་གསུངས་པ་ལྟར་གནས་ལུགས་ཀྱི་ངེས་པ་འདི་ལྟ་བུ་རིག་པས་བདག་འདི་ཙམ་ན་འཚང་རྒྱའོ་སྙམ་པའི་དུས་ལ་བདེན་ཞེན་རང་རྒྱུད་པར་འཛིན་པའི་ལོག་རྟོག་དང་བྲལ་བར་འགྱུར་རོ། །ཆོས་ཐུན་དྲུག་ཅུ་པའོ།། ༈ །།ངོ་བོ་ལ་ལོག་རྟོག་སེལ་བ་ནི། གཞན་གྱི་ལུགས་ལ་ད་ལྟའི་སེམས་ངན་པ་འདི་སྤངས་ནས་ཕྱིས་ཡེ་ཤེས་བཟང་པོ་ཞིག་ཐོབ་པར་འདོད་པ་ཡིན་ལ་ཆོས་འདི་བའི་ལུགས་ལ་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས་ལོགས་སུ་སྤང་དུ་མེད་པ་དང༌། སེམས་ལས་གཞན་པའི་ཡེ་ཤེས་ཡོད་པར་འདོད་ནའང་མི་རུང་སྟེ། རང་གི་སེམས་གདོད་ནས་ཡེ་ཤེས་ལྔའི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་གསང་སྔགས་ཟབ་མོའི་ངེས་ཤེས་ཕྱིན་ཅི་མ་ལོག་པ་ཡིན་པས་སོ། །དེ་སྐད་དུ། ཞང་རིན་པོ་ཆེས། མེ་ནི་བུད་ཤིང་ཡོད་ན་འབར། །པདྨ་འདམ་གྱི་གསེབ་ན་སྐྱེ། །ལོ་ཏོག་ཆུ་ལུད་འཛོམ་ན་རྒྱས། །ཉོན་མོངས་སྤངས་པའི་གོང་རོལ་ན། །ཡེ་ཤེས་བྱ་བའི་མིང་ཡང་མེད། །ཅེས་གསུངས་སོ། །དེའང་སེམས་ཀྱི་ངོ་བོ་གསལ་རིག་སྟོང་པ་རྩལ་འགག་མེད་དུ་འཆར་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་དེའི་ངོ་བོ་སྟོང་པར་རོ་མཉམ་པ་མཉམ་ཉིད་ཡེ་ཤེས་དང༌། རང་བཞིན་མེད་བཞིན་སྣ་ཚོགས་སུ་སོ་སོར་སྣང་བ་སོར་རྟོག་ཡེ་ཤེས་དང༌། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གདོད་མའི་དབྱིངས་དབྱེར་མེད་བརྗོད་པ་ཀུན་ལས་འདས་པའི་དེ་ཁོ་ན་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། སེམས་དེ་རྟོགས་ན་ཆོས་ཐམས་ཅད་ཀྱི་གནད་ཚུལ་རྟོགས་པས་དགོས་དོན་འབྲས་བུ་ཐམས་ཅད་འགྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པས་རང་གི་སེམས་རྒྱལ་བའི་ཡེ་ཤེས་མཐའ་དག་གི་ངོ་བོའམ་བདག་ཉིད་དུ་གནས་པ་ཤེས་པར་བྱ་དགོས་སོ། །འདི་ནི་མ་དག་པའི་ཞེན་པ་དྲུངས་འབྱིན་པའི་ཐབས་ཏེ། འདིས་ནི་ངོ་བོ་ལ་ལོག་པར་རྟོག་པ་མཐའ་དག་སེལ་བར་འགྱུར་རོ། །ཆོས་ཐུན་རེ་གཅིག་པའོ།། ༈ །།རང་བཞིན་ལ་ལོག་རྟོག་བསལ་བ་ནི། སེམས་ཅན་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་མ་ནས་སངས་རྒྱས་དེ་བཞིན་གཤེགས་པ་དང་གཤེགས་མ་དང་ལྷ་དང་ལྷ་མོའི་རང་བཞིན་དུ་གནས་པར་མདོ་རྒྱུད་ཐམས་ཅད་ནས་གསུངས་པ་བཞིན་སངས་རྒྱས་ཉིད་དུ་གྲུབ་ཀྱི་དེ་ལས་གཞན་དུ་སེམས་ལས་གཞན་པའི་སངས་རྒྱས་ཁྱད་པར་དུ་འཕགས་པ་ཐོབ་བྱར་འདོད་པ་དང༌། ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་མ་དག་པ་སེམས་ཅན་གྱི་རྒྱུད་ལ་གནས་པ་མི་སྲིད་ཅིང་གསང་སྔགས་སོགས་ཀྱི་རྡོ་རྗེའི་ཚིག་གཞན་དུ་བསྒྱུར་ནས་དག་སྦྱོར་ཙམ་དུ་ཟད་དོ་ཞེས་སེམས་པ་ནི་གནས་ལུགས་ཀྱི་དོན་ལས་ཕྱིན་ཅི་ལོག་ཏུ་འགྱུར་བས་མི་རུང་སྟེ། །བདེ་གཤེགས་ཀྱི་བཀའ་ལ་ལོག་པར་རྟོག་པ་དང༌། བདེ་བ་སྦྱིན་པའི་བདུད་རྩི་དམ་པའམ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ལ་དུག་ལྟ་བུའམ་གཡང་ས་ལྟ་བུར་མཐོང་ནས་སྐྲག་ཅིང་ཡ་ང་བར་བྱེད་པ་ནི་ཆེས་མི་རིགས་པའི་ཕྱིར་དཔེར་ན་དབུལ་བོས་རང་གི་ཁྱིམ་གྱི་གཏེར་རམ་གྱད་ཀྱི་ནོར་བུ་རང་ལ་ཡོད་བཞིན་མི་ཤེས་པར་གཞན་དུ་འཚོལ་བ་ལྟར་རོ། །དེས་ན་སངས་རྒྱས་ཀྱི་བྲལ་དང་རྣམ་པར་སྨིན་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་སོགས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རང་གི་རྡོ་རྗེའི་ལུས་དང་སེམས་ལ་ལྷུན་གྱིས་གྲུབ་པར་གནས་པ་ངེས་པའི་གསང་ཕྱིན་ཅི་མ་ལོག་པ་ཡིན་པས་སེམས་ལས་གཞན་དུ་སངས་རྒྱས་བཙལ་བར་མི་བྱའོ། །དེ་སྐད་དུའང༌། རིན་ཆེན་སེམས་ལས་ཕྱིར་གྱུར་བའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང༌། སམྦུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ཅེས་དང༌། འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་ནས་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཡིན། །ཞེས་དང༌། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་ནས་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་སོགས་མཐའ་ཡས་པར་གསུངས་པ་ལྟར་རོ། །འདིར་རྟོགས་མ་རྟོགས་ཅུང་ཟད་ཙམ་མ་གཏོགས་སངས་རྒྱས་དང་སེམས་ཅན་ཁྱད་པར་བཟང་ངན་གཏན་མེད་པས་སོ། །ཆོས་ཐུན་རེ་གཉིས་པའོ།། ༈ །།ཤེས་རབ་ལ་ལོག་རྟོག་སེལ་བ་ནི། མཐར་ཐུག་གི་དམ་པའི་དོན་སེམས་ཉིད་དེ་སོ་སོ་རང་རིག་པའི་ཡེ་ཤེས་ཉམས་ལེན་ཆིག་དྲིལ་དུ་བྱས་ཏེ་བསྒོམས་པའི་སྟོབས་སམ་བླ་མ་དམ་པའི་བྱིན་རླབས་དང་གདམས་ངག་སྦྱངས་སྟོབས་དང་བརྩོན་འགྲུས་དང་དད་གུས་ཅན་སྐལ་བ་དང་ལྡན་པ་ལྷག་པའི་བསམ་པ་དང་ལྡན་པའི་སྟོབས་ཀྱིས་རྟོགས་པར་འགྱུར་གྱི་གཞན་དུ་ཐོས་བསམ་ཙམ་དང་བརྟག་དཔྱད་དང་ཤེས་རབ་ཆེ་ཞིང་བློ་རྣོ་བ་བཤད་པ་ཚ་ཞིང་སྟོན་པ་བཟང་བ་རྟོག་གེ་བ་སོགས་ཀྱིས་རྟོགས་པར་མི་ནུས་ཏེ། སྡོང་པོ་བཀོད་པ་ལས། ཡང་དག་སངས་རྒྱས་བསྟན་པ་ནི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་དག །སྐོམ་ནས་ཤི་བར་གྱུར་བ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་པ་ནས། ཇི་ལྟར་ལམ་གྱི་བཞི་མདོར་ཡང༌། །ཕུན་སུམ་ཚོགས་པ་ཀུན་བརྗོད་ཅིང༌། །བདག་གིས་ཐོབ་པར་མི་འགྱུར་བ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་པའི་བར་དུ་གསུངས་པ་དང༌། ཞང་རིན་པོ་ཆེས། རྟོགས་པའི་ཡེ་ཤེས་འཆར་བ་དེ། །ཨ་རེ་འདོད་ཀྱིས་འཆར་བ་མིན། །བརྟག་དཔྱད་མཁས་པས་འོང་བ་མིན། །ཐོས་པ་ཆེ་བས་ཤེས་པ་མིན། །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། །ཞེས་དང༌། རྟོགས་པའི་ཡེ་ཤེས་ཤུགས་འབྱུང་དེ། །ཨ་རེ་འདོད་དང་གློད་པ་དང༌། །བརྟག་དཔྱད་མཁས་དང་མི་མཁས་དང༌། །ཐོས་པ་ཆེ་དང་ཐོས་ཆུང་དང༌། །ཤེས་རབ་ཅན་དང་རྨོངས་པ་དང༌། །ཉམས་མྱོང་བཟང་དང་ངན་པ་དང༌། རྩོལ་བ་དྲག་དང་གཞན་ལ་སོགས། །གང་གིས་ཀྱང་ནི་མི་འཆར་ཏེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །བླ་མའི་དུས་ཐབས་བསྟེན་ཞེས་པ། །རྟོགས་ལྡན་བླ་མ་མཉེས་པ་ཡི། །བྱིན་རླབས་སྟོབས་ཀྱིས་འཆར་བ་ཡིན། །བདག་གི་བསོད་ནམས་ཞེས་པ་ནི། །སྦྱངས་པའི་འཕྲོ་ཙན་རྣམས་ལ་འཆར། །དེ་ཕྱིར་རྟོགས་པའི་ཡེ་ཤེས་དེ། །བྱིན་རླབས་ལམ་ལ་གནས་པའི་ཕྱིར། །དད་པ་ཅན་གྱི་སྤྱོད་ཡུལ་ཡིན། །གུས་པ་ཅན་ལ་འཆར་བ་ཡིན། །སྤྱངས་པ་ཅན་གྱི་རྟོགས་པ་ཡིན། །ཀུན་གྱི་གྲོགས་ནི་བརྩོན་འགྲུས་ཡིན། །སྐལ་ལྡན་དབང་པོ་རབ་ཀྱིས་མཐོང༌། །ཚིག་མཁན་རྣམས་ཀྱི་བློར་མི་ཤོང༌། །དེ་འདྲའི་གང་ཟག་སྐལ་ལྡན་ལ། །གཉིས་མེད་རྟོགས་པ་འཆར་བ་དེ། །བླ་མ་དམ་པའི་བྱིན་རླབས་ཀྱིས། །རྟོགས་པའི་དཀྱིལ་ནས་ཆོས་སྐུ་མཆེད། །སེམས་ཉིད་དཀྱིལ་ནས་གཉིས་མེད་ཤར། །ཉོན་མོངས་དཀྱིལ་ནས་ཡེ་ཤེས་ཤར། ཉམས་མྱོང་དཀྱིལ་ནས་རྟོགས་པ་ཤར། །ཞེས་སོགས་མདོ་རྒྱུད་དང་བཀའ་བརྒྱུད་ཀྱི་གསུང་རྣམས་ལས་འབྱུང་བའི་ཕྱིར་རོ། །རྗེས་ཀྱི་དོན་ནས་བཟུང་ཐུན་མོང་དུ་བྱ་ན། ལོག་རྟོག་བསལ་བ་ལྔ་པོ་སོ་སོ་ལ་ཐུན་རེ་བྱས་པས་ཆོས་ཐུན་རེ་གསུམ་པའོ། །བསྡུ་ན་ལྔ་པོ་ཕྱོགས་གཅིག་ཏུ་བསྟན་ནས་འདིར་ཐུན་གཅིག་བྱས་ཀྱང་ཡོང༌།། ༈ །།གཉིས་པ་མཁས་པ་གསུམ་ལ་སློབ་པ་ལ་གསུམ་ལས། དང་པོ་ནི། ལུས་གནད་སོགས་གོང་དུ་བསྟན་པ་ལྟར་སྐྱོན་དང་བྲལ་བར་བཅས་ཏེ། སེམས་ཀྱི་བཞག་ཐབས་ཀྱང་འཕྲོ་ན་འཕྲོ་ཐོག་གནས་ན་གནས་ཐོག་ཏུ་ངོ་བོ་ལ་བལྟས་ཏེ་གོང་གི་གཞག་ཐབས་དང་མཐུན་པར་ཞལ་གདམས་ལས་གསུངས་པ་ལྟར། བྲམ་ཟེ་སྐུད་པ་འཁལ་བ་བཞིན། །རྣལ་འབྱོར་ཤེས་པ་གློད་ལ་ཞོག །མར་མེ་རླུང་གིས་མ་བསྐྱོད་བཞིན། །གསལ་ལ་མི་རྟོག་མ་ཡེངས་ཞོག །གཟིངས་ལས་འཕུལ་བའི་བྱ་རོག་བཞིན། །ཡུལ་ལ་འཕྲོས་པའི་སེམས་མི་གཟུང༌། །ནགས་ལ་མཆེད་པའི་མེ་ལྕེ་བཞིན། །ཅིར་སྣང་ཕྱག་རྒྱ་ཆེན་པོར་ཞོག །རྒྱ་མཚོར་སྣང་བའི་གཟའ་སྐར་བཞིན། །སྣང་སྲིད་ཕྱག་རྒྱ་ཆེན་པོར་ཞོག །མཁས་པས་གླང་པོ་སྐྱོང་བ་བཞིན། །རྣལ་འབྱོར་ཤེས་པ་གང་བདེར་ཐོངས། །འབབ་ཆུ་རྒྱུན་དུ་འབབས་པ་བཞིན། །སེམས་ཉིད་རྟག་ཏུ་ཆོས་སྐུར་ཞོག །ཞིང་ལ་ཆུ་ལུད་བསྟེན་པ་ལྟར། །རྣལ་འབྱོར་པ་ཡིས་འདོད་ཡོན་བསྟེན། །ཞེས་པའི་ཚུལ་གྱིས་མ་བཅོས་སོ་མ་ལྷུག་པ་རང་བབས་ཀྱི་ངང་ནས་མི་དམིགས་པའི་བློ་མ་ཡེངས་པར་བྱས་ཏེ་བཞག་གོ །དེ་ནི་དང་པོ་སྒོམ་གྱི་མགོ་རྩོམ་པ་ལ་མཁས་པ་ཞེས་བྱའོ། །བར་དུ་སྒོམ་གྱི་འཕྲོ་གཅོད་པ་ལ་མཁས་པ་ནི། དེ་དག་གང་ལ་འཇོག་ཀྱང་རྒྱུན་རིང་བ་གཙོ་བོར་མི་བྱེད་པར་ཏིང་ངེ་འཛིན་དང་ལུས་གནད་གཅིག་ཏུ་འབྱམས་པ་བོར་ཏེ་བསྒྱུར་ཞིང་གསལ་ལ་ཡུན་ཐུང་གྲངས་མང་བསྒོམ་དང་འཁོན་གྱིས་སུ་མ་སོང་བར་བྲོད་པ་སྐྱེ་ཞིང་གསལ་དྭངས་ངར་དང་བཅས་པའི་སྒོམ་འཕྲོས་གཤིན་པ་བྱའོ། །མཐར་ཉམས་བསྐྱང་བ་ལ་མཁས་པ་ནི། བདེ་གསལ་མི་རྟོག་པའི་ཉམས་གང་ཤར་ཡང་ཆགས་པ་དང་ཞེན་པར་མི་བྱ་ཞིང་བཟང་རྟོག་ངན་རྟོག་ལུང་མ་བསྟན་གྱི་རྟོག་པའི་སེལ་གཏན་མ་ཞུགས་པར་རྟོགས་པའི་ཤུགས་ཀྱི་ཉམས་སྐྱེ་བར་བྱེད་པ་ནི་ཉམས་རྟོགས་པས་ཐོབ་པ་ཞེས་བྱ་བས་ཉམས་ལ་ཞེན་པ་དང་བྲལ་བར་བྱ་དགོས་ཤིང༌། དེ་ལས་བཟློག་པ་ནི་ཉམས་ཕྱིར་རྟོགས་པ་ཤོར་བ་ཞེས་བྱ་བས་ཉམས་ལ་མ་ཞེན་པར་སྐྱོང་མཁས་པར་བྱའོ། །ཉམས་དང་རྟོགས་པའི་ཁྱད་པར། ཉམས་ནི་བློའི་ཆ་ལས་མ་འདས་པས་མི་བརྟན་ཏེ། དཔེར་ན་སྤྲིན་གསེབ་ཀྱི་ཉི་མ་དང་འདྲ་བར་བདེ་གསལ་མི་རྟོག་པ་གསུམ་རེས་གསུམ་ག་མཐོ་རེས་གང་རུང་རེ་མཐོ་རེས་གང་ཡང་མི་འབྱུང་བ་ཡིན་ལ། དེ་ལ་མ་ཞེན་པར་བསྐྱངས་པས་བློའི་དྲི་མ་དངས་ནས་རྟོགས་པ་གདོད་ནས་འཆར་བ་ཡིན། དེར་མ་ཟད་ཡུལ་ཡུལ་ཅན་གཉིས་སུ་མྱོང་ན་ཉམས། ཡུལ་མེད་དུ་ཤར་ན་རྟོག་པ། སེམས་ཀྱིས་མྱོང་ན་ཉམས། སེམས་ཁོ་རང་དེའི་ངོ་བོར་ཤར་ན་རྟོགས་པ། །དོན་གྱི་རྣམ་པར་མྱོང་ན་ཉམས། རང་མཚན་མངོན་སུམ་དུ་ཤེས་ཏེ་དོན་གྱི་ཁྱད་པར་རྟོགས་པ་རྟོགས་པ། སྒོམ་མཁན་རང་གི་སེམས་དང༌། སྒོམ་བདེ་གསལ་མི་རྟོག་སྟོང་པ་རྣམས་ལ་སྒོམ་རྒྱུའམ་མྱོང་རྒྱུ་ཞིག་འདུག་ན་ཉམས། སྒོམ་མཁན་དང་སྒོམ་གཉིས་སུ་མེད་པ་ཡིད་བཟོ་དང་གོ་བ་ཙམ་མིན་པར་མངོན་སུམ་དུ་ཤེས་ན་རྟོགས་པ་ཡིན་པར་འདུག །འདིར་ཐུན་གཅིག་བྱས་ཀྱང་ཆོག །མ་བྱས་ཀྱང་འཐུས།། ༈ །།ཉམས་དེ་ལའང་བདེ་གསལ་མི་རྟོག་པ་གསུམ་འབྱུང་ཞིང་བདེ་བ་ལ་ལུས་ཀྱི། བདེ་བ་དང་པོར་ཉོན་མོངས་དང་འདྲེས་པ་དང༌། །དེ་ནས་ཉོན་མོངས་མེད་པའི་བདེ་བས་ལུས་ཐམས་ཅད་ལ་ཁྱབ་པ། མཐར་ཚ་གྲང་ལ་སོགས་པས་རེག་ཀྱང་བདེ་ཕྲིལ་བ་འབྱུང་ངོ༌། །སེམས་ཀྱི་བདེ་བ་ཡིད་དགའ་བ་མགུ་བ་ཡིད་ལ་ཟུག་རྔུ་ཐམས་ཅད་དང་བྲལ་བ་ཤེས་པ་དགའ་སེང་ངེ་ཡེ་རེ་བ་ཤིན་ཏུ་གསལ་བ་དང་གང་ཡིན་ངོས་མི་ཟིན་པའི་དགའ་སིང་ངེ་བ་འབྱུང༌། ད་ནི་ཉོན་མོངས་གཏན་ནས་མེད་པས་འཕགས་པ་ཡིན་སྙམ་པ་དང༌། དོན་མེད་དུ་གད་མོ་ཤོར་བ་དང༌། བླ་མ་བཀའ་དྲིན་ཅན་ང་ལས་སྐྱེད་པ་མེད་བྱ་བ་ཐམས་ཅད་བོར་དགོས་པ་ཅི་ཡང་མེད་བྱ་རྒྱུ་ཆོས་ཁོ་ན་ཡིན་སྙམ་པའི་བློ་རྒོད་མང་དུ་ལྡང་ཞིང་བྲོ་འཁྲབ་འདོད་པ་དོན་མེད་དུ་སྐད་འདོན་སྙིང་འདོད་པ་སོགས་དང༌། སྐབས་སུ་སྒོམ་པ་དང་བྱ་བ་བྱེད་ཀྱང་མི་འདོད་བདག་ལ་སྒོམ་ཡེ་མི་ཡོང་བ་འདུག་སྙམ་པ་དང་སྟོར་བ་དང་སྟོར་བ་ཕྱད་ཕྱོད་དུ་ཤོར་བ་དང་ཉོན་མོངས་ཀྱང་ཆེར་སོང་བ་འདྲ་སྙམ་པ་ཤེས་པ་བྱིང་རྒོད་ཁོ་ན་ཤས་ཆེ་བ་ཅི་ཡང་མི་དྲན་དུ་སྙིང་འདོད་ད་སྒོམ་མི་འོང་བ་འདྲ་སྙམ་པའང་འབྱུང་ངོ༌། །གསལ་བའི་ཉམས་ལ་སྒོ་ལྔའི་གསལ་ཆ་སེམས་ཟིན་པའི་རྟགས་སུ་མིག་གི་ཡུལ་དུ་དུ་བ་དང་མེ་ཁྱེར་སྨིག་སྒྱུ་མར་མེ་ཟླ་བ་ཉི་མ་མེའི་འོད་ལྟ་བུ་དང༌། ཐིག་ལེ་དང་འོད་ཀྱི་གོང་བུ་དང་འཇའ་ཚོན་སོགས་དང་གཞན་ཡང་མིག་བཙུམས་ཀྱང་གསལ་པོར་མཐོང་བ་དང་འགྲོ་བ་དང་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ཤིན་ཏུ་མ་མཐོང་ཞིང་མྱོང་བ་འབྱུང་ངོ༌། །ཡིད་ཀྱི་གསལ་ཆ་སྤང་གཉེན་གྱི་རྟོག་པ་ཐམས་ཅད་སྐྱེ་ཞིང་རིག་པ་སི་ལི་ལི་འཕྲོ་བ་ཡང་རྟེན་འབྲེལ་དང་མཐུན་པར་ཤེས་ཤིང༌། དངས་པ་གསལ་བ་གཉིད་རྨུགས་མེད་པ་ཆོས་ཐམས་ཅད་ཤེས་པར་འདུག་སྙམ་པ་སོགས་དུ་མ་འབྱུང་ངོ༌། །མི་རྟོག་པ་ནི། དང་པོར་སེམས་གང་ལ་གཏད་པ་ཟིན་ཅིང༌། དེ་ནས་རྣམ་རྟོགས་རགས་པ་ནུབ་ཅིང་བཞག་སར་སྡོད་པ། མཐར་རྟོག་པའི་འདུ་བྱེད་ཐམས་ཅད་ཞི་བ་སྙམ་བྱེད་པ་འབྱུང༌། །དེ་དག་ལ་རོ་མྱོང་ཞིང་ཆགས་ཞེན་དང་ང་རྒྱལ་སྐྱེས་ན་ཉམས་ཕྱིར་རྟོག་པ་ཤོར་བ་ཞེས་བྱ་བས་དེ་ལ་ཆགས་ཞེན་སྤང་དགོས་ཏེ། །དབྱར་གྱི་ས་ལ་ཅི་ཡང་སྐྱེ། རྣལ་འབྱོར་ཉམས་ལ་ཅི་ཡང་འབྱུང༌། །ཞེས་པ་ལྟར་ཉམས་ལ་འཆར་ཚུལ་མ་ངེས་ཤིང་དེ་ལ་ཞེན་པར་བྱ་མི་རིགས་པའི་ཕྱིར་ཏེ། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །ཞེས་གསུངས་པའི་ཕྱིར། དེས་ན་དེ་དག་ལ་ཆགས་ཞེན་རློམ་སེམས་མཆོག་འཛིན་སོགས་སྤང་བར་བྱ་དགོས་སོ། །དེའི་ངང་ནས་སེམས་ཉིད་སྐྱེ་བ་མེད་པ་ཆོས་སྐུ་གནས་པ་མེད་པ་ལོངས་སྐུ་སྐྱེ་འགག་དང་བྲལ་བཞིན་སྣ་ཚོགས་སུ་སྣང་བ་སྤྲུལ་སྐུ་དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་སྐུ་སྟེ་སེམས་སྐད་ཅིག་མ་འདི་སྐུ་བཞིའི་བདག་ཉིད་དུ་ངོ་ཤེས་པར་བྱའོ། །ཡང་སེམས་ཀྱི་རྩལ་སྣང་འགག་མེད་འདི་སྤྲུལ་སྐུ། རིག་ཅིང་གསལ་བ་ལོངས་སྐུ། སྟོང་པ་ངོ་བོ་ཉིད་སྐུ་དབྱེར་མེད་པ་ཆོས་སྐུ་ཞེས་ཀྱང་བྱའོ། །མདོར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་སྐུ་ལྔའམ་ཡང་ན་ཆོས་ཀྱི་སྐུའི་ནང་དུ་ལོངས་སྤྲུལ་ངོ་བོ་ཉིད་སྐུ་སོགས་ཀྱང་ཚང་བར་འདུས་ཏེ། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་ཕུན་ཚོགས་བསམ་ཡས་ཕྱིར། །རིག་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་འདོད། ཅེས་གསུངས་པའི་ཕྱིར་ན་དག་པ་གཉིས་ལྡན་གྱི་ཆོས་སྐུ་ཞེས་པ་དེའི་རང་བཞིན་དུ་ཐག་བཅད་པར་བྱའོ། །གཞན་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་གང་དུའང་མ་གྲུབ་པ་ཡོད་མེད་སོགས་ཀྱི་མཐའ་ཐམས་ཅད་དང་བྲལ་བར་གཏན་ལ་ཕེབས་ཤིང་ཡར་སངས་རྒྱས་ཐོབ་པ་དང་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་རེ་བ་སོགས་དང༌། མར་འཁོར་བར་འཁྱམས་ཤིང་ཉམས་རྟོགས་རྒྱུད་ལ་མ་སྐྱེས་དོགས་པ་སོགས་མདོར་ན་རེ་དོགས་ཐམས་ཅད་སྤང་བར་བྱ་དགོས་སོ། །ཆོས་ཐུན་རེ་བཞི་པའོ། །བསྡོམས་ན་ལོག་རྟོག་ལྔ་བསལ་བ་ལ་གཅིག་མཁས་པ་གསུམ་ལ་གཅིག་སྟེ་ཐུན་གཉིས་བྱས་ཀྱང་ཆོག་གོ། ༈ །།ཤོར་ས་དང་གོལ་ས་བཅད་དེ་བོགས་འདོན་པ་ནི། ཤོར་ས་ལ་སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་དང༌། རྒྱས་འདེབས་སུ་ཤོར་བ་དང༌། གཉེན་པོར་ཤོར་བ་དང༌། ལམ་དུ་ཤོར་བ་དང་བཞི་ལས། དང་པོ་ནི། གཅིག་དུ་བྲལ་གྱི་རིགས་པ་སོགས་དང་ལུང་རིགས་མང་པོ་ལ་ཐོས་བསམ་དུ་མ་བྱས་ཏེ་ཐ་སྙད་ཀྱི་སྒོ་ནས་དོན་དམ་པ་བྱ་བའམ་ཕྱག་རྒྱ་ཆེན་པོ་ཞེས་པའམ་དངོས་པོའི་གནས་ལུགས་ཞེས་བྱ་བ་དེ་འདི་ཡིན་ཞེས་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་ཉིད་དུ་སེམས་ཤིང་སྒོམ་སྟེ་བླ་མས་གདམས་ངག་བསྟན་ནས་བསྒོམ་བཅུག་པའི་དུས་སུའང་ང་རང་གིས་སྔར་རྟོགས་པ་དེ་ལས་ཁྱད་མི་འདུག་ཟེར་དགེ་མེད་སྡིག་མེད་ར་རོག་ཕད་རོག་པའི་ནག་པོ་ཁ་འབྱམས་སུ་སོང་སྟེ་ཐམས་ཅད་ཆོས་སྐུའམ་སྟོང་ཉིད་ལས་མ་གཏོགས་པའི་ཆོས་མེད་པས་སྒོམ་རྒྱུ་ཅི་ཡོད་ཅེས་བློས་བྱས་ནས་འཇོག་པར་བྱེད་ཅིང་སྔར་གྱི་ལུང་རིག་གི་སྟེང་དུ་ཤེས་པ་མར་ལ?སོང་ཞིང་སྒོམ་ཉམས་མི་སྐྱེ་བ་ནི་སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་ཞེས་བྱའོ། །རྒྱུ་མཚན་གང་གིས་ཤེས་བྱའི་གཤིས་སུ་ཤོར་ཞེ་ན། །གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་གྱི་བརྗོད་དོན་གྱི་གཙོ་བོ་ཤེས་བྱའི་གཤིས་ཀྱི་སྟོང་པ་ཉིད་ཡིན་པ་གདོད་ནས་གནས་མོད་ཀྱང་ཡིན་སྙམ་པས་འཛིན་པ་ནི་བློས་བྱས་ཀྱི་དྲི་མ་དང་བཅས་པས་ཡང་དག་པའི་ལམ་དུ་མི་འགྱུར་བས་དེར་མ་ཤོར་བར་བྱ་དགོས་སོ། །དེས་ན་ཡེ་ཤོར་གྱི་ཤེས་བྱ་གཤིས་ལ་མེད་པའམ་མ་གྲུབ་པ་ལ་སྟོང་ཉིད་དུ་བྱེད་པ་དང་འཕྲལ་ཤོར་གོ་ཡུལ་གྱི་ཨའུ་ཁོག་སྟོང་སྐམ་པོ་དེ་གཉིས་འགག་མེད་ཀུན་རྫོབ་ཀྱི་རྟེན་འབྲེལ་གོ་བ་དང་ཉམས་ལེན་རྡོ་རུས་གཏུགས་པས་སེལ་ལོ། །ཆོས་ཐུན་རེ་ལྔ་པའོ།། ༈ །།གཉིས་པ་ནི། ལུས་ངག་གི་སྒོ་ནས་འདུས་བྱས་ཀྱི་དགེ་བ་ཅི་རིགས་བསྒྲུབས་ཏེ་ད་ནི་བདག་གིས་འདུས་མ་བྱས་པ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་བསྒོམས་པས་འཁོར་གསུམ་ཡོངས་དག་གི་དབྱིངས་ལ་འཇུག་པར་བྱའོ་སྙམ་པ་དང་དཀར་པོའི་ཆོས་ཐམས་ཅད་ལ་དངོས་འཛིན་གྱི་མཚན་མར་ཞེན་པའི་གཉེན་པོར་ལུང་རིགས་ལ་སོགས་པས་གཞལ། གཞིག་འགྲེལ་བྱས་པས་མ་གྲུབ་པར་གཏན་ལ་ཕེབས་པའམ། དངོས་པོ་སྟོང་པ་མ་ཡིན་པ་ལ་ཏཱ་དང་ཝའི་སྔགས་སོགས་ཀྱིས་མ་གྲུབ་པར་བྱས་ནས་སྟོང་པར་སྒོམ་པར་ཉི་ཚེ་བའི་སྟོང་ཉིད་སྒོམ་པའམ་འཁོར་གསུམ་ཡོངས་དག་གི་ཤེས་རབ་ཀྱིས་ཟིན་ཏེ་རང་བཞིན་མ་གྲུབ་པར་བྱས་ཀྱང་རུང་སྟེ། །དང་པོར་དངོས་པོ་མཚན་མ་ཅན་དུ་དམིགས་པ་རྗེས་ལ་རང་བཞིན་མ་གྲུབ་པ་སྟོང་པར་རྒྱས་བཏབ་པ། སྣང་བ་ལ་སྟོང་པས་རྒྱས་བཏབ་ནས་སྒོམ་པ་བསྐྱེད་རིམ་ལ་སོགས་པ་བསྒོམས། །དེ་ནས་དེ་སྟོང་པས་རྒྱས་བཏབ་སྟེ་སྟོང་པར་སོང་བར་བསམས་ཏེ་སྒོམ་པ་རྣམས་ནི་སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་ཞེས་བྱའོ། །དེས་ན་ནན་གྱིས་སྣང་བ་འདི་སྟོང་པར་མི་གཅོད་པར་སྣང་བ་འདི་མི་འགེགས་པར་སྣང་དུས་ཉིད་ན་སྟོང་པ་དོ་བར་སྣང་བ་ཡིན་པས་སྣང་སྟོང་དབྱེར་མེད་རང་བཞིན་མེད་པར་ཟུང་དུ་འཇུག་པ་ཞེས་བྱ་བར་བཞག་གོ །དེས་ན་སྟོང་ཉིད་རྒྱས་འདེབས་སུ་ཡེ་ཤོར་དགེ་བ་མཚན་བཅས་ལ་སྟོང་ཉིད་དམིགས་མེད་ཀྱི་རྒྱས་འདེབས་པ་དེ་དང་འཕྲལ་ཤོར་དྲེད་པོ་རྒྱས་འདེབས་ཉམས་མྱོང་ཡལ་ནས་ཡིད་སྨོན་བྱེད་པ་དེ་དང་བློ་ཆུང་སྣང་སེམས་ལ་ཆོས་སྐུའི་ལྷན་པ་གླན་པ་དེ་གསུམ་གཉེན་པོའི་རང་ཞལ་ལྟ་བ་དང་ངེས་འབྱུང་ཉམས་ལེན་གསོལ་འདེབས་པ་དང་ཐ་མལ་ཤེས་པའི་རང་ངོ་བསྐྱངས་པས་སེལ་ལོ། །ཆོས་ཐུན་རེ་དྲུག་པའོ།། ༈ །།གསུམ་པ་ནི་དུག་གསུམ་སོགས་ཀྱི་རྣམ་རྟོག་ངན་པ་སྐྱེས་པའི་ཚེ་འདི་ནི་རྣམ་པར་མ་དག་པ་ཐར་བའི་སྲོག་འཕྲོག་པ་སྟེ། འདི་ནི་སྟོང་པ་ཉིད་ཀྱིས་གཞོམ་པར་བྱའོ་ཞེས་དམིགས་ནས་ཉོན་མོངས་པ་རྣམས་སྟོང་ཉིད་དུ་བློས་བཅད་ནས་མ་གྲུབ་བར་སྒོམ་པར་བྱེད་པ་དང༌། ཡང་བླ་མས་གདམས་ངག་བསྟན་ཏེ་རང་གིས་སྟོང་ཉིད་བག་ཙམ་རྟོགས་ནས་དེ་ཉིད་གཉེན་པོར་བྱ་སླ་ཏེ་ཉོན་མོངས་དང་རྣམ་རྟོག་སོགས་སྤངས་ནས་དོན་དམ་པའམ་སངས་རྒྱས་ལྟ་བུ་མཆོག་ཅིག་ཐོབ་པར་བྱའོ་སྙམ་པ་རྟོག་པའི་གཉེན་པོར་མི་རྟོག་པ་སྒོམ་པ་སོགས་ནི་སྟོང་ཉིད་གཉེན་པོར་ཤོར་བ་ཞེས་བྱ་བས་ཉོན་མོངས་དང་རྣམ་རྟོག་སྤངས་ནས་སངས་རྒྱས་གཞན་དུ་མི་བྱ་བར་མཆོག་དམན་དང་གནོད་བྱ་གནོད་བྱེད་སོགས་རིས་སུ་མ་ཆད་པར་ཇི་ལྟར་ཤར་བ་དང་སྣང་བ་དེ་ཉིད་ལ་མ་བཅོས་པར་བཞག་གོ །དེས་ན་སྟོང་ཉིད་གཉེན་པོར་ཡེ་ཤོར་སྟོང་ཉིད་ལོགས་པ་ཞིག་གིས་ཉོན་མོངས་ལོགས་པ་ཞིག་འཇོམས་པར་འདོད་པ་དང༌། འཕྲལ་ཤོར་ལྕགས་ཀྱུས་འགུགས་པ་ལྟར་རྣམ་རྟོག་གི་གཉེན་པོར་སྟོང་ཉིད་བསྒོམས་ཏེ་ཚུར་འགུགས་པ་གཉིས་སྤང་བྱའི་རང་ཞལ་ལྟ་བ་དང་གང་ཤར་རྩོལ་མེད་དུ་བལྟས་པས་སེལ་ལོ། །ཆོས་ཐུན་རེ་བདུན་པའོ།། ༈ །།བཞི་པ་ནི། སྟོང་ཉིད་ཁོ་ནས་ལམ་ཐམས་ཅད་རྟོགས་པར་འདོད་པ་ཐབས་ཀྱི་ཆ་ལ་མི་སེམས་པ་དང༌། སྟོང་ཉིད་ལ་ལམ་དང་འབྲས་བུ་གཉིས་སུ་མེད་པ་ལ་བདག་གིས་ད་ལྟ་སྟོང་ཉིད་བསྒོམས་པ་དེས་ལམ་བྱས་ཏེ་ཕྱི་ནས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་ཐོབ་པར་བྱ་སྙམ་པ། བདག་གིས་སྟོང་ཉིད་བསྒོམས་པ་ལས་འབྲས་བུ་ས་བཅུ་ལམ་ལྔ་རྣལ་འབྱོར་བཞི་ལ་སོགས་པ་ཐོབ་པར་བྱ་སྙམ་པ་སྟོང་ཉིད་ལམ་དུ་ཤོར་བ་ཞེས་བྱ་ཞིང་དེ་སྤང་བར་བྱའོ། །དེས་ན་རང་གི་སེམས་རྟོགས་ན་དེ་ཉིད་ཆོས་སྐུ་ཡིན་ཅིང་ཆོས་ཐམས་ཅད་གདོད་མ་ནས་སྐུ་བཞི་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པས་གསར་དུ་སངས་རྒྱས་མི་འཚོལ་བར་མཉམ་ཉིད་ཆེན་པོའི་ངང་དུ་གནས་པར་བྱ་དགོས་སོ། །སྟོང་ཉིད་ལམ་དུ་ཡེ་ཤོར་སྟོང་ཉིད་བསྒོམས་པ་དང་གཟོད་ཆོས་སྐུ་ཞིག་ཐོབ་པར་འདོད་པ་དང༌། འཕྲལ་ཤོར་གང་ཤར་གྱིས་སྒོམ་གྱི་གོ་མི་ཆོད་པར་བློས་བྱས་ཀྱི་རི་མོ་བྲིས་ཏེ་སྒོམ་པ་གཉིས་འཁོར་འདས་མཉམ་ཉིད་དུ་ཤེས་ཤིང་ཞེ་འདོད་ཀྱི་བཟོ་འཕྲོ་བཅད་པས་སེལ་ལོ། །དེ་ལྟར་གཤིས་དང་རྒྱས་འདེབས་དང་གཉེན་པོ་དང་ལམ་དུ་མ་ཤོར་བར་རང་བྱུང་ལྷུན་གྲུབ་མཉམ་ཉིད་བདེ་བ་ཆེན་པོར་མཉམ་པར་བཞག་པར་བྱའོ། །འོ་ན་ཤོར་ས་བཞིའི་སྟོང་ཉིད་བློས་བྱས་ཀྱི་སྒོམ་པ་འདི་རྣམ་པ་ཀུན་ཏུ་མི་རུང་བ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དང་པོའི་ལས་ཅན་རྣམས་ལ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ཞིང་ཞི་བའོ་ཞེས་བློས་བྱས་ཏེ་བསྒོམ་པར་མ་བྱས་ན་བྱིས་པ་དག་སྟོང་པ་ཉིད་ལ་སྐྲག་ཆེས་ནས་འཇུག་པར་མི་འགྱུར་བས་ལུང་དང་རིག་པ་སོགས་ཀྱི་རིམ་པས་ཐབས་ཀྱིས་བཀྲི་བྱས་ནས་སྒོམ་པའང་འགལ་བ་མེད་དོ། །དེ་བཞིན་ལས་དང་ཉོན་མོངས་པའི་གཉེན་པོ་སྒོམ་པ་དང་དེ་ལམ་དུ་བྱེད་པ་དང་སྤྲོས་བཅས་རྣམས་ཀྱང་སྤྲོས་མེད་དུ་རྒྱས་བཏབ་ནས་བསྒོམ་སྟེ་རིམ་གྱིས་གོམས་སུ་འཇུག་པའང་འཐད་ལ་མཐར་ཐུག་ནི་དོར་བར་བྱའོ། །དེས་ན་ལས་དང་པོ་པ་རྣམས་ཀྱི་བསྒོམ་བྱ་དང༌། དབང་པོ་མཆོག་ཏུ་གྱུར་པ་རྣམས་ཀྱི་བསྒོམ་བྱ་ཐོག་མར་ཚུལ་མི་མཚུངས་ཏེ་སྐྱེས་བུ་དར་ལ་བབ་པའི་ཁ་ཟས་བྱིས་ལ་ཆུང་ངུ་ལ་མི་འོས་པ་བཞིན་ནོ། །མདོར་ན་གང་ཟག་གི་བློའི་རིམ་པ་དང་བསྟུན་ནས་བསྒོམ་པ་གལ་ཆེའོ། །མཐར་ནི་ཤོར་ས་བཞིར་མ་ཤོར་བར་ལྟ་བའི་གནས་ལུགས་ཕྱིན་ཅི་མ་ལོག་པ་མངོན་དུ་བྱས་ན་བོགས་འདོན་གྱི་མཆོག་ཏུ་འགྱུར་རོ། །འདི་དག་ནི་ལྟ་བའི་ཤོར་ས་བཞི་བཅད་ནས་བོགས་འདོན་པ་སྟེ་ལྷག་མཐོང་གི་བོགས་འདོན་ནོ། །རྒྱས་པར་བྱེད་ན་ཤོར་ས་བཞི་པོ་སོ་སོ་ལ་རེ་རེ་བྱས་པས་འདིར་ཆོས་ཐུན་རེ་བརྒྱད་པའོ། །བསྡོམས་ན་འདིར་ཤོར་ས་བཞི་པོ་བསྡོམས་བར་གཅིག་བྱས་ཀྱང་ཆོག་གོ། ༈ །།སྒོམ་པའི་གོལ་ས་བཅད་དེ་བོགས་འདོན་པ་ནི། ཉམས་བདེ་གསལ་མི་རྟོག་པ་གསུམ་ལས་བདེ་བའི་ཉམས་ཤས་ཆེ་བ་ལ་ཟག་བཅས་ཟག་མེད་ཀྱི་བདེ་བ་སོ་སོར་མ་ཕྱེ་བར་སྤྱིར་གྱི་བདེ་བ་དེ་ཉིད་ལ་ཤེས་རབ་ཀྱིས་བརྟགས་ཏེ། །དེ་ཉིད་བསྒོམས་ནས་ཡང་དག་པར་ཞེན་ན་འདོད་པའི་ཁམས་སུ་གོལ་བར་འགྱུར་ཏེ། འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་ཕྱིར། དེར་ཞེན་ནས་གོལ་ཡང་འདོད་ཁམས་གནས་རིགས་ཉི་ཤུ་ལས་ངན་སོང་གི་གནས་བཅུར་ནི་མི་སྐྱེའོ། །དེ་བཞིན་དུ་གསལ་བའི་ཉམས་ལ་གཅིག་ཏུ་ཞེན་ནའང་གཟུགས་ཁམས་གནས་རིགས་བཅུ་བདུན་དུ་གོལ་ལོ། །དེ་ལྟར་དུ་མི་རྟོག་པ་ལ་ཞེན་ཀྱང་གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ་ཞིང༌། དེ་ལའང་ཆོས་རྣམས་ཁ་དོག་དབྱིབས་མཐའ་དབུས་ཐམས་ཅད་དང་བྲལ་བས་ནམ་མཁའ་དང་འདྲ་ཞེས་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཤེས་རབ་ཀྱིས་དཔྱད་ནས་དེ་ལ་ཡང་དག་ཏུ་བཟུང་སྟེ་ཞེན་ཅིང་ཆགས་པར་གྱུར་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་གོལ་ལོ། །ཡང་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་གསུངས་པས་ཆོས་ཐམས་ཅད་རྣམ་པར་ཤེས་པ་ཙམ་མམ་སེམས་ཡིན་སྙམ་དུ་དེ་ཁོ་ན་ལ་ཡང་དག་ཏུ་བདེན་པར་ཞེན་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་སྐྱེའོ། །དེ་བཞིན་དུ་ཅི་ཡང་མ་གྲུབ་སྙམ་དུ་དེ་ལ་ཞེན་ནའང་ཅི་ཡང་མེད་པའི་སྐྱེ་མཆེད་དུ་གོལ་ལོ། །ཡོད་པའང་མིན་མེད་པའང་མིན་སྙམ་དུ་དེ་ཉིད་ལ་ཞེན་ཅིང་མཆོག་ཏུ་བཟུང་ན་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་སྐྱེའོ། །དེས་ན་དེ་དག་ནི་བདེ་གསལ་མི་རྟོག་པའི་ཉམས་གང་ཤས་ཆེ་བའམ་མཉམ་ཡང་རུང་སྟེ་དེ་དག་ལ་རོ་མྱོང་བ་དང་ཆགས་ཞེན་དང་བྲལ་བར་བྱས་ནས་རང་ཞལ་མཐོང་བས་སེལ་ལོ། །ཡང་སྙིང་རྗེ་ཆེན་པོ་སོགས་ཐབས་ལ་མཁས་པ་དང་བྲལ་ཞིང་སྟོང་རྐྱང་ལ་ཞེན་ན་ཐེག་དམན་དུ་གོལ་འགྲོ་ཞིང་དེ་སྤང་དགོས་ཏེ། །དམྱལ་བར་འགྲོ་བ་བྱང་ཆུབ་ལ། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་རྒྱལ་དག །བྱང་ཆུབ་ཐོབ་པའི་གཏན་གྱི་གེགས། །ཞེས་གསུངས་པའི་ཕྱིར། དེས་ན་ཐབས་ལ་མཁས་པས་བརྩེ་བ་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་བསྒོམས་པས་དེ་ཉིད་སེལ་ལོ། །གཞན་ཡང་ཐབས་ཀྱི་བོགས་ཤེས་རབ་ཀྱིས་འདོན་ན་སྦྱིན་སོགས་དཀར་པོའི་ཆོས་རྣམས་ལ་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་མ་ཟིན་ན་ཟག་མེད་དུ་མི་འགྱུར་བས་དེས་ཟིན་པར་བྱ་དགོས་སོ། །དེ་བཞིན་དུ་ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕར་ཕྱིན་དང་ལྡན་ན་ཐབས་ཀྱིས་ཤེས་རབ་ཀྱི་བོགས་འདོན་པ་ཞེས་བྱའོ། །སྟོང་རྐྱང་གིས་ཀྱང་ཐེག་དམན་དུ་གོལ་ཞིང་འགྲོ་དོན་རླབས་ཆེན་མི་འབྱུང་ལ་སྙིང་རྗེ་ཁོ་ནས་ཀྱང་གཞན་ཕན་རྒྱ་ཆེན་པོ་འགྲུབ་པར་མི་འགྱུར་བས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པས་གཅིག་གི་བོགས་གཅིག་གིས་འདོན་པར་བྱ་དགོས་སོ། །ལྷག་མཐོང་མེད་པའི་ཞི་གནས་རྐྱང་པ་འཇིག་རྟེན་པའི་ལམ་འབའ་ཞིག་ཡིན་ལ། ལྷག་མཐོང་སྐྱེས་ན་ཐར་པའི་ལམ་དུ་ཚུད་པས་ལྷག་མཐོང་གི་ཡེ་ཤེས་རྒྱུད་ལ་བསྐྱེད་དེ་ཞི་གནས་ཀྱི་བོགས་ལྷག་མཐོང་གིས་འདོན་པར་བྱའོ། །ཡང་ཞི་གནས་མེད་ན་ལྷག་མཐོང་གི་རྩལ་མི་རྫོགས་མངོན་ཤེས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་མི་འཆར་ལ་ཞི་གནས་ཇི་ཙམ་བཟང་རིམ་གྱིས་ལྷག་མཐོང་ནུས་པ་ཆེ་ཞིང་ཡོན་ཏན་དུ་མ་དང་ལྡན་པས་ལྷག་མཐོང་གི་བོགས་གི་ཞི་གནས་ཀྱིས་ཀྱང་འདོན་པར་བྱ་དགོས་སོ། །རྣལ་འབྱོར་བཞི་པོའི་གེགས་སེལ་བོགས་འདོན་དུ་མ་བྱུང་ཡང་ཡི་གེས་འཇིགས་པས་འདིར་མ་བཀོད་ཀྱང་ཟུར་དུ་གསལ་ཞིང་ཁྲིད་ཡིག་རྙིང་པ་རྣམས་ལས་ཀྱང་འབྱུང་ལ་ཞི་ལྷག་དེ་གཉིས་ཀྱང་རྩེ་གཅིག་ལ་ཉམས་ཀྱི་བོགས་ཉམས་ཀྱིས་འདོན། སྤྲོས་བྲལ་ལ་སྟོང་ཉིད་རྟོགས་པ་དེ་སྣང་བ་རྩལ་སྦྱངས་ནས་རྟོགས་པའི་བོགས་ཉམས་ཀྱིས་འདོན། རོ་གཅིག་ལ་མཉམ་ཉིད་རྟོགས་པ་དེ་སྙིང་རྗེས་རྩལ་སྦྱངས་ནས་རྟོགས་པའི་བོགས་རྟོགས་པས་འདོན། །སྤྱོད་ལམ་ཐམས་ཅད་དུ་རྩལ་སྦྱངས་ཤིང་སྒོ་གསུམ་ཐ་མལ་དུ་མ་ལུས་པར་ཅི་བྱེད་དགེ་བའི་ཡོ་ལང་དུ་བསྒྱུར་ནས་ཐ་མལ་ཡོན་ཏན་དུ་བོགས་འདོན་ནོ། ཉོན་མོངས་དང་སྡུག་བསྔལ་བར་ཆད་སྐྱོན་གྱི་དངོས་པོ་གང་ཤར་ཡང་སྤང་བླང་མེད་པར་རང་ཞལ་བལྟས་ནས་སྐྱོན་ཡོན་ཏན་ནམ་ལྟས་ངན་གཡང་དུ་ལེན་པའི་སྒོ་ནས་བོགས་འདོན་ནོ། །དེ་ལའང་དགེ་སྦྱོར་དམའ་དུས་ཉོན་མོངས་དང་ན་ཚ་དྲག་པོ་དེ་ལ་བལྟས་མ་ཐག་ཏུ་རང་དགེ་སྦྱོར་དུ་ཅུང་མི་འགྲོ། །དེ་ཀའི་ཐོག་ཏུ་སྡུག་བསྲན་བསྐྱེད་གཉུག་བསྲིངས་ནས་བསྡད་པས་རིམ་གྱིས་ལྷོད་ལྷོད་སོང་ནས་སྒོམ་ཉམས་དམའ་བ་ལ་རྗེས་མེད་དུ་སྟོང་སང་འགྲོ། མཐོ་བ་རྣམས་ལ་རང་སྒོ་མ་འགགས་པར་རང་སྟོང་དུ་རྗེན་ལྷང་ལྷང་ཡོད། དེའི་ངང་ནས་གོང་དུ་བསྟན་པ་ལྟར་གྱི་སོ་མ་ལྷུག་པ་རང་གའི་ངང་ནས་མ་བཅོས་པར་འཇོག་པར་བྱའོ། །རྒྱས་པར་གོལ་ས་བཅད་པ་གསུམ་སོགས་བཅུ་བདུན་པོའི་དོན་ཚན་སོ་སོས་བོགས་འདོན་ཞིང་གོལ་ས་བཅད་ལ་སྐྱོན་སེལ་དགོས་པའི་སྐྱོན་སེལ་གོལ་སའི་སྐྱོན་དེ་རྣམས་མ་བྱུང་ན་ཀ་དཔེ་མར་འདི་རྣམས་སྟོན་དགོས་པའི་ངེས་པ་རྟགས་ཅན་ནི་མེད་སྐྱོན་གང་བྱུང་དེ་ངོས་བཟུང་ལ་སྐྱོན་སེལ་གཉེན་པོ་རེ་སྟོན་ཞིང་བོགས་འདོན་རེ་དོགས་དང་གོལ་ས་བཅད་དེ་ཐུན་དུ་བསྡུ་ན་འདིར་ཆོས་ཐུན་རེ་དགུ་པའོ།། ༈ །།འཕྲང་གསུམ་བསྒྲལ་ཏེ་བོགས་འདོན་པ་ལ་སྟོང་པ་དགྲར་ལངས་ནི། སེམས་ཀྱི་ངོ་བོ་བརྟག་དཔྱད་བཙལ་ངོ་བོ་ལ་བལྟས་པས་གང་དུའང་མ་གྲུབ་བར་མཐོང་བས་ཆོས་ཐམས་ཅད་སྟོང་ཉིད་ཁོ་ན་ཡིན་པའི་ཕྱིར་ལུས་ངག་ཡིད་གསུམ་གྱི་དགེ་བས་ཅི་ཞིག་བྱ། དགེ་སྡིག་དང་ལས་རྒྱུ་འབྲས་གང་ཡང་མ་གྲུབ་སྙམ་དུ་སྤང་གཉེན་གང་ཡང་མེད་པར་བཟུང་བ་ནི་ནག་པོ་ཁ་འབྱམས་ཞེས་བྱ་བས་ལྟ་སྤྱོད་ལོག་པར་གྱུར་པ་ཡིན་པས་སྟོང་པ་དགྲར་ལངས་ཀྱི་གོལ་ས་ཞེས་བྱ་བ་ཡིན་ཏེ། རྩ་བ་ཤེས་རབ་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕོངས་པར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིག་སྔགས་ལོག་པར་བསྒྲུབས་པ་བཞིན། །ཞེས་གསུངས་པའི་ཕྱིར། །དེས་ན་བློ་གྲོས་དང་ལྡན་པས་སྟོང་ལྟ་ཧད་པོའི་སྐྱོན་གྱིས་མ་གོས་པར་རང་བཞིན་གང་དུའང་མ་གྲུབ་ཏུ་ཟིན་ཀྱང་རྣམ་པར་སྣང་བའི་རྩལ་མདངས་འགག་མེད་འདི་ལ་རྒྱུ་འབྲས་དགེ་སྡིག་གི་རྟེན་འབྲེལ་ལ་སོགས་པ་ཀུན་རྫོབ་ཏུ་བསླུ་བ་མེད་པའི་མཚང་རིག་སྟེ་རྟོགས་པ་ནམ་མཁའ་དང་མཉམ་ཡང་སྤྱོད་པ་ཕྲ་ཞིབ་ལེགས་ཚོགས་ཀྱི་རྟེན་འབྲེལ་ཟུང་དུ་འཇུག་པ་ལ་སློབ་ཅིང་སྟོང་པ་ཉིད་ལས་མ་གཡོས་བཞིན་ལྟ་སྤྱོད་ཟུང་འབྲེལ་གྱི་ལམ་ལ་སློབ་བོ། །འོ་ན་གོང་དུ་སྤང་བླང་མེད་པར་མ་བསྟན་ནམ་ཞེ་ན། དེ་ནི་སྤང་གཉེན་གྱི་འཛིན་པ་གྲོལ་ཆེད་དུ་ཡིན་ལ། འདི་ནི་ཀུན་རྫོབ་ཏུའམ་ལས་དང་པོ་པས་ཀྱང་སྒྲ་དྲང་ཐད་དུ་བཟུང་ནས་ནག་པོ་ཁ་འབྱམས་སུ་འགྱུར་བ་དགག་པའི་ཆེད་དོ། །ཆོས་ཐུན་བདུན་ཅུ་པའོ།། ༈ །།ཡང་སྙིང་རྗེ་དགྲར་ལངས་ནི། ཏིང་ངེ་འཛིན་གྱི་བདེ་བ་ཅུང་ཟད་ཐོབ་པས་དེ་དང་མི་ལྡན་པའི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེས་ཏེ་ཀྱེ་མ་བདག་གིས་སེམས་ཅན་འདི་རྣམས་གྲོལ་བར་མ་བྱས་ན་བདག་ཉིད་གྲོལ་བ་ཙམ་གྱིས་བླ་མེད་བྱང་ཆུབ་ཏུ་མི་འགྱུར་ཏེ། དེའི་ཕྱིར་སེམས་ཅན་འདི་རྣམས་ལ་ཕན་པ་བསྒྲུབ་བོ་ཞེས་བསམ་ནས་རང་ཉིད་ཀྱི་ཏིང་ངེ་འཛིན་དོར་ནས་རྩོལ་བ་དང་བཅས་པས་འདུས་བྱས་ཀྱི་དགེ་རྩ་སྣ་ཚོགས་ལ་འཇུག་ཅིང་བདག་དང་སེམས་ཅན་ཐམས་ཅད་བདེན་ཞེན་གྱིས་དུབ་པར་བྱེད་པ་ནི་སྙིང་རྗེ་དགྲར་ལངས་ཞེས་བྱ་ཞིང༌། སྙིང་རྗེ་མི་བཟོད་པ་སྐྱེས་ཀྱང་དེ་དང་མ་བྲལ་བའི་ངང་ནས་རང་གི་རྟོགས་པ་དྲི་མ་མེད་པ་སྐྱོང་བ་ལ་ཆིག་དྲིལ་དུ་བྱས་ཏེ་གནས་སྐབས་ཀྱི་འདུ་འཛིའི་རྣམ་གཡེང་རྣམས་བོར་ནས་དབེན་པའི་གནས་སུ་སྒྲུབ་པ་ཉམས་ལེན་ཁོ་ན་ལ་བརྩོན་པར་བྱ་དགོས་སོ། །ཆོས་ཐུན་དོན་གཅིག་པའོ།། ༈ །།རྒྱུ་འབྲས་དགྲར་ལངས་ནི། ལྟ་བ་གཏན་ལ་ཕབ་སྟེ་མན་ངག་ཟབ་མོ་བསྒོམས་པས་གཏན་ལ་མ་ཕེབས་པའམ། །ཐམས་ཅད་རྟོགས་པས་བྱེད་པ་མཐོང་ནས་ད་དུང་ཡང་དག་པའི་དོན་མཐོང་བ་ལ་རིག་པའི་གནས་མཐའ་དག་ལ་མཁས་པར་བྱས་ཏེ་དེ་ནས་གནས་ལུགས་ཀྱི་དོན་གཏན་ལ་འབེབས་པར་བྱེད། དེའི་ཕྱིར་བདག་གིས་ཤེས་བྱ་ཐམས་ཅད་ལ་མཁས་པར་བྱའོ་བསམས་ནས་སྒྲ་ཚད་བཟོ་སོགས་བྱ་བ་ཕྲན་ཚེགས་ལ་འཇུག་ཅིང་ཞི་ལྷག་གི་རྩལ་སྦྱོང་རྣམས་དོར་བར་བྱེད་ན་རྒྱུ་འབྲས་ཀྱི་རྟོག་པ་དགྲར་ལངས་ཀྱི་གོལ་ས་ཞེས་བྱ་ཞིང་དེ་དག་ལེགས་པར་བརྟགས་ཏེ་སྲང་བར་བྱས་ནས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཟབ་མོའི་དོན་ལ་རྩེ་གཅིག་ཏུ་བསྒོམས་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མ་རྨོངས་པའི་ཤེས་རབ་དྲི་མ་མེད་པ་ཤུགས་ཀྱིས་སྐྱེ་ཞིང་གཅིག་ཤེས་ཀུན་གྲོལ་ཞེས་བྱ་བ་ཡིན་ནོ། །དེས་ན་སྟོང་ཉིད་སྙིང་རྗེ་མཉམ་ཉིད་དུ་རྟོགས་པས་རྒྱུ་འབྲས་གང་ལའང་མཆོག་འཛིན་གྱི་ཞེན་པ་ཨ་འཐས་པར་གྱུར་ན་མི་རུང་པས་གང་ལའང་མ་ཞེན་པར་རང་གི་སེམས་མཉམ་ཉིད་འོད་གསལ་བའི་ཐང་འདི་ལ་མ་བཅོས་པར་བག་ཡངས་སུ་རོལ་ཞིང་བརྩོན་འགྲུས་ཆིག་དྲིལ་དུ་བྱའོ། །འདི་དག་ནི་རྩལ་སྦྱང་དང་བོགས་འདོན་གྱི་རིམ་པའོ། །རྒྱས་པར་དགྲར་ལངས་གསུམ་པོ་སེལ་ཆེད་སོ་སོ་ལ་ཐུན་རེ་བྱས་པས་འདིར་ཆོས་ཐུན་དོན་གཉིས་པའོ། །བསྡུ་ན་དགྲར་ལངས་གསུམ་བསྡོམས་པར་གཅིག་བྱའོ།། ༈ །།གཉིས་པ་གེགས་སེལ་ལ། །ནད་དང་གདོན་དང་ཏིང་ངེ་འཛིན་གྱི་གེགས་སེལ་གསུམ་ལས། དང་པོ་ནི། ནད་ཐམས་ཅད་རླུང་མཁྲིས་བད་ཀན་གསུམ་དུ་འདུ་ཞིང་དེའང་ཞི་གནས་ཀྱི་ཏིང་ངེ་འཛིན་གཙོ་བོར་བསྒོམས་པས་རླུང་ནད་སེལ། ལྷག་མཐོང་གི་དོན་ལ་གཙོ་བོར་ནན་ཏན་བྱས་པས། བད་མཁྲིས་ཀྱི་ནད་སེལ་ལོ། །ཡང་ན་བད་ཀན་སའི་ནད་ལྷག་མཐོང་རླུང་དང་རིག་པ་དབྱེར་མེད་པར་རླུང་གི་ཤུགས་ཀྱིས་མེད་པར་བྱེད་ཅིང༌། མཁྲིས་རླུང་གཡོ་བའི་ནད་རྣམས་ཞི་གནས་ཀྱི་རི་བོས་གནོན་ལ། དེར་མ་ཟད་ནད་ཐམས་ཅད་ཚ་གྲང་གཉིས་ལས་གྱུར་པ་ཡིན་པས་ཞི་གནས་བསིལ་བའི་ཆུས་ཚ་བ་མེའི་རང་བཞིན་ཞི་བར་བྱེད་ཅིང་ལྷག་མཐོང་ཉི་མའི་འོད་ཀྱིས་གྲང་བ་ཆུའི་རང་བཞིན་རྣམས་སྐེམ་ཞིང་སྲེག་པར་བྱེད་དོ། །ཡང་ན་ཚ་སོགས་བྱུང་ན་ནད་དེའི་ངོ་བོ་དབྱིབས་བྱུང་གནས་འགྲོ་གསུམ་དབྱིབས་ཁ་དོག་སོགས་ཞིབ་ཏུ་བརྟགས་ཤིང་དཔྱད་པས་རང་བཞིན་མེད་པར་རྟོག་པས་སྒྲོ་བཏགས་པ་ཙམ་ལས་ཅུང་ཟད་ཙམ་ཡང་མ་གྲུབ་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐག་བཅད། དེས་ཀྱང་བག་ཆགས་མཐུ་བརྟས་པའི་དབང་གིས་མ་ཟློག་ན་ནད་འདི་ལྟ་བུས་མནར་བའི་སེམས་ཅན་དཔག་ཏུ་མེད་པ་ཡོད་པས་དེ་རྣམས་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་ཅིང་དེས་འགྲོ་བའི་སྡུག་བསྔལ་གྱི་གོ་ཆོད་དེ་སེམས་ཅན་དེ་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག་སྙམ་དུ་ན་རུ་སོང་ན་དགའ་བ་སྒོམ་པ་སོགས་གཏོང་ལེན་གྱི་དམིགས་པ་ལ་ནན་ཏན་བྱའོ། །ནད་ཀྱང་སྐུ་བཞིར་འཁྱེར་ཏེ་སྣ་ཚོགས་སུ་སྣང་བ་སྤྲུལ་སྐུ། རིག་པ་ལོངས་སྐུ། སྟོང་པ་ངོ་བོ་ཉིད་སྐུ། དེ་གསུམ་རོ་མཉམ་པ་ཆོས་སྐུའམ་ནང་སྐྱེ་བ་མེད་པ་ཆོས་སྐུ། གནས་པ་མེད་པ་ལོངས་སྐུ། འགག་པ་མེད་པ་སྤྲུལ་སྐུ། རང་བཞིན་སྟོང་པ་ངོ་བོ་ཉིད་སྐུ་སྟེ་སྐུ་བཞིར་ཁྱེར་ཏེ་ཉམས་སུ་བླང་ངོ༌། །དེ་ལྟར་རྩད་བཅད་དེ་ནད་དངོས་པོར་མ་གྲུབ་པ་དང༌། ཟློག་སྒོམ་གྱི་གཏོང་ལེན་བྱས་ཏེ་ནད་ཟིལ་གྱིས་གནོན་པ་དང་ནད་སྐུ་བཞི་དང་ཡེ་ཤེས་ཀྱི་རོལ་པར་ཁྱེར་ཏེ་རང་ཞལ་ལྟ་བའི་རྣལ་འབྱོར་ཏེ་རྣམ་པ་གསུམ་གྱིས་ནད་སེལ་ཞིང༌། མདོར་བསྡུ་ན། རྒྱལ་བ་རྒོད་ཚང་བའི་གསུངས་ལས། ལུས་ལ་ན་ཚ་བྱུང་དུས་སུ། སྔོན་ནས་གཞན་ལ་བརྡེག་འཚོག་གི། །རྣམ་པར་སྨིན་པ་དུས་འདིར་སྨིན། །ལས་ངན་འཛད་པར་བྱེད་པ་ལ། །ནད་ལ་སྨན་པ་མི་འགུགས་ཤིང༌། །གདོན་ལ་རིམ་གྲོ་མི་བྱེད་པར། །ནད་ཉིད་ལམ་དུ་འཁྱེར་དགོས་པ། །ཆོས་རྗེ་བླ་མའི་གསུངས་ཡིན་པས། །ནད་ལ་སྐྱོན་དུ་མི་བལྟ་བར། །སྒྲིབ་པ་དག་ཅིང་ཡོན་ཏན་སྐྱེ། །རྟོགས་པའི་བོགས་ནི་འདོན་བར་བྱེད། །ན་ཚ་བྱུང་ན་ཤིན་ཏུ་དགའ། །ཉམས་སུ་འདི་ལྟར་ལོངས་མཛོད་དང༌། ང་ཡི་ན་ཚ་འདི་ལྟ་བུས། །མནར་བའི་སེམས་ཅན་སྙིང་རེ་རྗེ། །སྙམ་པ་ཡང་དང་ཡང་དུ་བསྒོམ། །ང་ཡི་ན་ཚ་འདི་ཉིད་ཀྱིས། །མཁའ་མཉམ་སེམས་ཅན་མ་ལུས་པ། །ནད་དང་སྡུག་བསྔལ་དག་གྱུར་ཅིག །ཅེས་པའི་སྨོན་ལམ་ཡང་ཡང་གདབ། །དེ་རྗེས་ནད་ལ་ཅེང་གྱིས་བལྟ། །དབྱིབས་དང་ཁ་དོག་ལ་སོགས་པའི། །ནད་ལ་དངོས་པོར་གྲུབ་པ་མེད། །སྟོང་པ་ཉིད་དུ་ལྷུན་གྱིས་གྲུབ། །དེ་ལྟར་ཤེས་པས་རང་སར་གྲོལ། །ཡང་ཅིག་ན་བར་གྱུར་པ་ན། །རྗེ་ལ་གསོལ་བ་དུངས་ཀྱིས་གདབ། །ལམ་དུ་སློངས་བར་བྱིན་གྱིས་རློབས། །དགག་སྒྲུབ་མེད་པར་བྱིན་གྱིས་རློབས། །གྲོགས་སུ་འཆར་བར་བྱིན་གྱིས་རློབས། །ཞེས་པའི་གསོལ་བ་དྲག་ཏུ་གདབ། །ཡང་ཅིག་ནད་ལ་ཅེར་གྱིས་བལྟ། །སྔར་མ་གྲུབ་པའི་ནད་དེ་ཉིད། །ཕྱིས་ཀྱང་གྲུབ་པར་ག་ལ་འགྱུར། །མ་གྲུབ་པ་ལ་གློད་ལ་ཞོག །ནད་ཉིད་ཆོས་སྐུར་འཆར་བ་ཡིན། །ཞེས་གསུངས་པ་ལྟར་ཉམས་ལེན་དུ་བྱ་ཞིང༌། དེས་ཀྱང་མ་སེལ་ན་ཀུན་རྫོབ་ཏུ་སྨན་དང་མན་ངག་གི་གེགས་སེལ་གཟིར་ལྔ་རླུང་གིས་འཆོས་པ་སོགས་མན་ངག་ལས་བྱུང་བ་ལྟར་ཡང་བྱའོ། །ཆོས་ཐུན་དོན་གསུམ་པའོ།། ༈ །།གཉིས་པ་གདོན་གྱི་གེགས་སེལ་ནི། ཇི་སྐད་དུ། །རང་གི་སེམས་ནི་གེགས་ཡིན་ཏེ། །རང་གི་སེམས་ནི་བདུད་ཅེས་བྱ། །བགེགས་ཀུན་རྣམ་པར་རྟོགས་ལས་བྱུང༌། །དེ་ཕྱིར་རྣམ་པར་རྟོག་པ་བཅད། །ཅེས་གསུངས་པ་ལྟར་གདོན་དུ་སྣང་བ་དེའང་རང་གི་རྣམ་རྟོག་གམ་སེམས་ཀྱི་ཆོ་འཕྲུལ་ལས་བྱུང་བ་ཡིན་པས་དེ་རང་སེམས་སུ་ཐག་བཅད། སེམས་དེའང་གསལ་སྟོང་འཛིན་མེད་དམ་སྐུ་བཞིར་ཁྱེར་ལ་གདོན་དེ་ཉིད་སྐུ་བཞིར་བསྒོམས་པས་སེལ་ལོ། །འདིར་ཐུན་གཅིག་བྱས་ཀྱང་ཆོག །བསྡུ་ན་ནད་གདོན་གཉིས་ཀྱི་གེགས་སེལ་ཕྱོགས་གཅིག་ཏུ་བསྟན་ནས་འདིར་དོན་བཞི་པ་བྱས་ཀྱང་ཡོད།། ༈ །།གསུམ་པ་ཏིང་ངེ་འཛིན་གྱི་གེགས་སེལ་བ་ནི། སྒོམ་སྐྱོན་མང་པོ་ཡོང་དོན་མེད་ཅིང་སྒོམ་སྐྱོན་ཐམས་ཅད་བྱིང་རྒོད་གཉིས་སུ་འདུ་ཞིང་དེ་ཉིད་སེལ་ན་གོང་དུ་བསྟེན་པ་ལྟར་གྱི་ཏིང་ངེ་འཛིན་དང་སྤྱོད་ལམ་ཁ་ཟས་རླུང་ལུས་གནད་སོགས་ཀྱིས་བྱིང་ན་རྒོད་པར་འགྱུར་བའི་ཐབས་དང་རྒོད་ན་བྱིང་བར་འགྱུར་བའི་ཐབས་ལ་འབད་ཅིང་བྱིང་རྒོད་གཉིས་ཀ་དང་བྲལ་བའི་ཤེས་པ་སོ་ན་གནས་པར་བྱ་བ་ལ་སློབ་བོ། །ཡང་ན་བླ་མའི་རྣལ་འབྱོར་གྱི་སྒོ་ནས་བྱིང་རྒོད་སེལ་ན། བྱིང་ཚེ་སྤྱི་བོར་བླ་མ་འོད་དཔག་མེད་སྐུ་མདོག་དམར་པོ་ལ་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས་ཐམས་ཅད་བསྟིམ་ལ་མོས་གུས་དུངས་དུངས་པ་ངར་དང་བཅས་པས་གསོལ་བ་བཏབ། བླ་མ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་རང་ལ་ཐིམ་པས་བྱིང་བའི་རྒྱུ་བཞི་པོ་དུས་ཀྱི་བྱིང་བ་སྤྱོད་ལམ་གྱིས་བྱིང་བ་གྲིབ་ཀྱིས་བྱིང་བ་རྣམ་སྨིན་གྱིས་བྱིང་བ་ལ་སོགས་པ་ཐམས་ཅད་སངས་ཀྱིས་དག་བླ་མ་འོད་དུ་ཞུ་བ་རང་ལ་ཐིམ་པས་རང་ལུས་འོད་ཀྱི་གོང་བུ་ཞིང་ཁམས་ཐམས་ཅད་སྣང་བར་བྱེད་པའི་རྣམ་པར་བསྒོམ། འོད་དེའང་ནམ་མཁར་དེངས་ནས་རིག་པ་ངར་དང་བཅས་པའི་ངང་དུ་ཡེ་རེ་བཞག་པས་སེལ་ལོ། །རྒོད་པ་ལ་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་སྙིང་པདྨ་འདབ་མ་བཞི་པའི་རྣམ་པ་ཅན་གྱི་དབུས་སུ་བསྒོམས། འདབ་མ་བཞི་ལ་རྣམ་སྣང་ལ་སོགས་པའང་སྐུ་མདོག་དེ་དང་མཚུངས་པ་ལ་རང་རང་གི་རིགས་ཀྱི་དཔའ་བོ་ཌཱ་ཀི་སངས་རྒྱས་བྱང་སེམས་སོགས་ཀྱི་བསྐོར་བར་བསྒོམ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་བླ་མ་ལ་ཟུག་པས་སྦྲའི་ཆོན་ཐག་བརྒྱངས་པ་བཞིན་ཕྱོགས་མཚམས་ཐམས་ཅད་དུ་འོད་ཟེར་ཀྱིས་བརྒྱངས་པར་གསལ་བཏབ་སྟེ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག །སྤྱིར་བྱིང་རྒོད་གཉིས་ཀ་ལུས་གནད་དང་སེམས་གནད་ལ་རག་པས་ལུས་གནད་ལེགས་པར་བཅའ་བ་གལ་ཆེ། །ཡང་ན་བྱིང་རྒོད་གང་བྱུང་དེ་ཀའི་ངོ་བོ་ལ་བལྟས་ཏེ་མ་བཅོས་པར་བཞག་པས་ལེགས་པར་སེལ། ཡང་ལུས་ལ་བདེ་བ་ཤེས་ཆུང་ན་བླ་མ་སྣང་བ་མཐའ་ཡས་སུ་བསྒོམ། གསལ་བ་ཤས་ཆུང་ན་མི་བསྐྱོད་པ། མི་རྟོག་པ་ཤས་ཆུང་ན་རྣམ་སྣང་དུ་བསྒོམས་ལ་གང་འདོད་ཀྱི་གསོལ་བ་བཏབ་པས་གེགས་ཐམས་ཅད་སེལ་ཞིང་ཡོན་ཏན་གོང་འཕེལ་དུ་འབྱུང་ངོ༌། །འཆི་བའི་ཚེའང་འཆི་བ་ཉིད་ལམ་གྱི་གྲོགས་སུ་བྱས་ཏེ་གང་ལའང་ཞེན་ཆགས་དང་རེ་དོགས་འཛིན་པ་མ་ཞུགས་པར་གསལ་སྟོང་དུ་བསྲེས་ན་འཆི་བ་ལམ་གྱི་གྲོགས་སུའང་འགྱུར་རོ། །རྒྱས་པར་ནད་གདོན་ཏིང་ངེ་འཛིན་གྱི་གེགས་སེལ་སོ་སོ་ལ་དམིགས་པ་རེ་བྱས་པས་ཆོས་ཐུན་དོན་ལྔ་པའོ། །བསྡུ་ན་འདིར་གེགས་སེལ་རྣམས་བསྡོམས་ནས་ཐུན་གཅིག་བྱས་ཀྱང་ཆོག། ༈ །།གསུམ་པ་ལམ་བགྲོད་ཚུལ་ནི། སྤྱིར་ཕྱག་རྒྱ་ཆེན་པོ་ལ་ལམ་རིམ་གྱིས་བགྲོད་པའི་རྩོལ་བ་ལ་མ་ལྟོས་ཏེ། ཞང་རིན་པོ་ཆེས། ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། རྨོངས་པས་ས་ལམ་རྩི་བ་འཁྲུལ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་གནས་སྐབས་སུ་གདུལ་བྱ་ལམ་ལ་བཀྲི་ཆེད་དམ་གང་ཟག་གི་བློའི་རིམ་པ་མཐོ་དམན་ལ་ཅིག་ཅར་བ་དང་ཐོད་རྒལ་བ་དང་རིམ་གྱིས་པ་སོགས་དུ་མ་འབྱུང་བ་ལས་འདིར་རིམ་གྱིས་པ་དང་གོ་བསྟུན་ནས་ལམ་བགྲོད་ཚུལ་བསྟན་པ་ལ་འགལ་བ་མེད་པས་དེའི་དབང་དུ་བྱས་ཏེ་རྣལ་འབྱོར་བཞིའི་ཚུལ་གྱིས་ལམ་གོང་ནས་གོང་དུ་བགྲོད་ཚུལ་དང་གོང་འོག་གིས་མཚམས་སོགས་དང་ལམ་མངོན་དུ་བྱེད་ཚུལ་ནི། ཞིབ་ཏུ་ཕྱེ་ན་རྣལ་འབྱོར་བཞི་པོ་རྣམས་གཞི་ལམ་འབྲས་བུ་གསུམ་རེ་རེ་ལའང་སོ་སོར་བཞི་རེ་སྦྱར་དུ་རུང་མོད། འདིར་ལམ་དང་གོ་བསྟུན་ནས་བརྗོད་ན། བཀའ་བརྒྱུད་གོང་མའི་གསུང་ལས། ཉམས་དང་རྟོགས་པ་ནོར་བ་རེ། །དང་པོ་རྩེ་གཅིག་གི་ཉམས་ནི། ཤེས་པ་སིང་ངེ་བ་དེ་ངོ་བོ། །མཐོ་དམན་བྱུང་ན་ད་དུང་ཉམས་ཡིན་མི་བརྟན། མཐོ་དམན་ཆུང་ན་བག་དྲག །སྤྱིར་རྩེ་གཅིག་ཙམ་ཉམས་ཡིན་རྟོགས་པ་མིན། སྤྲོས་བྲལ་ཡང་ནང་ནས་ཨེན་ཅིག་སྐྱེ་མེད་དུ་ཤེས་པ་ལ་བླ་མས་བསྟན་པ་དེ་འདི་ཡིན་པར་བྱུང་ཨང་སྙམ་ནས་རང་སེམས་ངོ་ཤེས་པ་དེ་ཉམས། ཤེས་པ་ཁོ་རང་གིས་ཁོ་རང་རང་བཞིན་མེད་པར་ལྷངས་ཀྱིས་རྟོགས་པ་དེ་རྟོགས་པ་ཡིན། རོ་གཅིག་ནི་རང་གི་ལུས་ཕྱིའི་སྣང་བ་རང་གི་སེམས་གསུམ་རང་བཞིན་མེད་པ་ཡིན་ཨང་སྙམ་པ་ཉམས། ཕྱི་རོལ་གྱི་སྣང་བ་འདི་མེ་ལོང་ནང་གི་གཟུགས་བརྙན་བཞིན་སོ་སོར་སྣང་ཡང་གཅིག་ཏུ་ལྷན་གྱིས་རྟོགས་པ་དེ་རྟོགས་པ་ཡིན། ནན་ལྟར་བསྒོམ་བྱ་སྒོམ་བྱེད་མི་འདུག་སྙམ་པ་ཉམས། ཤེས་པ་ཁོ་རང་གིས་ཁོ་རང་བསྒོམ་བྱ་སྒོམ་བྱེད་དང་བྲལ་བར་ལྷན་གྱིས་རྟོགས་པ་དེ་རྟོགས་པ་ཡིན། ཉམས་དང་རྟོགས་པ་གཉིས་མ་ནོར་བ་གལ་ཆེ་གསུངས། རྩེ་གཅིག་གི་རྣལ་འབྱོར་ནི་སེམས་ཀྱི་ངོ་བོ་གསལ་བར་མཐོང་བའི་རྣལ་འབྱོར་པ་དེའི་སེམས་རྩེ་གཅིག་ཏུ་གནས་པ་རིག་པ་གསལ་སིང་ངེ་ཡེ་རེ་བའི་ཉམས་འཆར་ཞིང་དེ་ལས་བདེ་གསལ་མི་རྟོག་པའི་ཉམས་གསུམ་ཡང་འབྱུང་ལ། དེ་ཡང་མ་གོམས་པ་དང་གོམས་པ་དང་ཤིན་ཏུ་གོམས་པའི་དབང་གིས་ཆུང་ངུ་འབྲིང་ཆེན་པོ་གསུམ་དུ་འགྱུར་ཏེ། ཡུན་ཐུང་བ་དང་རིང་པ་དང་ཇི་ཙམ་འདོད་པའི་བར་དུ་གནས་པ་ལ་དེ་ལྟར་བརྗོད་པས་སོ། །རྩེ་གཅིག་ཆུང་ངུ་ནི་སེམས་བཅས་བཅོས་མེད་པར་བཞག་ཙ་ན་མངོན་འགྱུའི་རྟོག་པ་འགགས་བདེ་གསལ་མི་རྟོགས་པར་སོང་ནས་སེམས་རྩེ་གཅིག་ཏུ་ཟིན་འོང༌། ཏིང་ངེ་འཛིན་ལ་དབང་མ་ཐོབ་པས་རེས་བསྒོམས་ཀྱང་མི་འོང་རེས་མ་བསྒོམས་ཀྱང་འོང་རེས་གསལ་རེས་མི་གསལ། དེའི་དུས་སུ་རྟོགས་པ་མ་ཐོབ་ངེས་ཤེས་ཆེན་པོ་མ་སྐྱེས། །དེས་ཀྱང་དང་བ་འདྲེན་ནུས་ཡེ་ཤེས་ཀྱི་མགོ་ཙམ་དང་ལམ་གྱི་སྣ་ཙམ་ཡིན། རྩེ་གཅིག་གི་ཉམས་འདི་རྣམས་དཔེར་ན་ཚེས་གཅིག་གི་ཟླ་བ་ཟུར་ཙམ་མཐོང་བ་དང་འདྲ་སེམས་མ་བཅོས་པར་བཞག་པས་བདེ་སིང་ངེ་བ་གནས་ཏེ་བཤིགས་མི་འདོད་པ་འབྱུང་བས་དེ་མ་བཤིག་ན་སྒོམ་དོན་ཐུན་མི་སྐྱེ་བས་བཤིག་སྟེ་རྟོགས་པ་མི་འགེགས་པར་རྟོག་པ་གང་སྐྱེས་རང་བཞིན་མེད་པར་རང་ངོ་ཤེས་ཏེ་གཏན་ལ་ཕབ་པར་བྱའོ། །དེའང་རྩེ་གཅིག་ཆུང་ངུའི་དུས་སེམས་གསལ་སྟོང་དང་བདེ་ཉམས་དང་བཅས་པའི་ངེས་བཟུང་ཅན་ཡོད་པ་དེའི་ངང་ནས་རྣམ་རྟོགས་ཤར་ཚེ་རང་དྭངས་སུ་འགྲོ་ཞིང་སྒོམ་ཡིན་སྙམ་པའི་བློས་བྱས་ཀྱི་ངེས་ཤེས་ཀྱང་འོང༌། །རྗེས་སྣང་དུ་ཨ་འཐས་ཀྱི་དྲན་པ་བྱ་བ་འོང་བས་དགའ་སྤྲོ་དང་བཅས་པའི་སྣང་བ་ཕལ་ཆེར་ཨ་འཐས་སུ་འཆར། དྲན་པས་ནམ་ཟིན་ཉམས་དང་བཅས་ཏེ་སྟོང་པ་དང་སེམས་སྣང་ཡིན་སྙམ་པའི་འཛིན་སྟངས་དང་རྨི་ལམ་སྔར་ལས་གསལ་དངས་ཐོན་ཙམ་མ་གཏོགས་ཁྱད་ཆེར་མི་འབྱུང༌། རེས་སྒོམ་མི་ཡོང་བ་འདྲ་སྙམ་པའི་མཉམ་པར་འཇོག་དཀའ་བ་དང་འཕེལ་འགྲིབ་ཆེ་ཞིང་མོས་གུས་དག་སྣང་སྙིང་རྗེ་ཆེར་འགྲོ། ཆོས་ཐུན་དོན་དྲུག་པའོ།། ༈ །།འབྲིང་པོ་ནི་རེས་མ་བསྒོམས་ཀྱང་ཏིང་ངེ་འཛིན་དེར་འགྲོ་ཞིང་བསྒོམས་པའི་ཚེ་བརྟན་པོར་འོང་བ་སྟེ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་དེ་སྦྱངས་པའི་དངས་ཆ་ལ་ཟག་བཅས་ཀྱི་མངོན་ཤེས་རྫུ་འཕྲུལ་ཡོན་ཏན་དུ་མ་སྟོན་ནུས་པ་སྟེ་ཉམས་དེའི་ངང་ནས་རྣམ་རྟོག་སྔར་བས་འཆར་བ་ཉུང་ཞིང་གང་ཤར་དེ་རང་དྭངས་སུ་འགྲོ། རྗེས་སྣང་དུ་གསལ་སྟོང་གི་ཉམས་དང་བཅས་པའི་སྣང་བ་གུ་ཡངས་པ་ནམ་དྲན་སྒོམ་དུ་འཆར། རེས་ཨ་འཐས་སུ་འཆར། རྨི་ལམ་སྔར་བས་གྲངས་ཉུང་དུ་འགྲོ། ཉམས་དེས་རེས་སླེབ་རེས་མི་སླེབ་སྒོམ་ལ་དྲོད་པ་ཆེན་པོ་ཡོང་ངོ༌། །ཆོས་ཐུན་དོན་བདུན་པའོ།། ༈ །།རྩེ་གཅིག་ཆེན་པོ་ནི་མཉམ་རྗེས་དང་སྤྱོད་ལམ་རྣམ་བཞི་ཉིན་མཚན་འཁོར་ཡུག་ཏུ་རྒྱུན་ཆད་མེད་པར་གསལ་སྟོང་གི་ངང་ལ་འཆལ་གྱིས་འགྲོ། གསལ་སྟོང་བདེ་ཉམས་དང་བཅས་པའི་ཉམས་རྒྱུན་ཆད་མེད་པར་འཆར་ཞིང་རྣམ་རྟོག་ཐམས་ཅད་དང་རྗེས་སྣང་དང་རྨི་ལམ་ཐམས་ཅད་ཀྱང་དེའི་ངང་དུ་སོང༌། སེམས་ཉིད་བདེ་སྟོང་རིག་སྟོང་སྣང་སྟོང་གསལ་སྟོང་སོགས་སྟོང་ཉམས་དང་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་མྱོང་བ་མང་པོ་གཙོ་བོར་འཆར། ཟག་བཅས་ཀྱི་ཡོན་ཏན་དུ་མ་དང་འདི་བས་བཟང་བའི་སྒོམ་མེད་པས་སྒོམ་མེད་ཆེན་པོ་ཡིན་ནམ་སྙམ་པ་འབྱུང་ཡང་ཉམས་རྟོགས་དེ་དག་ལ་མ་ཞེན་པར་རྣམ་རྟོག་གསལ་སྟོང་དང་སྣང་བ་སྣང་སྟོང་དུ་རྟོགས་ཏེ། ཐམས་ཅད་སེམས་སེམས་སྐྱེ་མེད་རང་གྲོལ་དུ་ཡིད་ཆེས་པའི་ངེས་ཤེས་ཀྱི་དྲན་པ་རྙེད་ཅིང་མངོན་འགྱུའི་རྟོགས་པ་འགགས་ཤིང་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེ། གསལ་སྟོང་དེའི་ངང་ལ་ཉིན་མཚན་འཁོར་ཡུག་ཏུ་འགྲོ་ཞིང་འཁོར་བ་ལ་ཞེན་པ་ལོག་རྟོག་མེད་ལ་ངོ་བོ་མཐོང་ནས་བསྒོམ་དུ་མེད་པར་སོང་ན་རྩེ་གཅིག་གི་རྩལ་རྫོགས་ཡོན་ཏན་སྐྱེས་ངོ་བོ་མཐོང་བ་ཡིན་པས་དེ་ལྟར་མ་བྱུང་གི་བར་དུ་བརྩོན་པ་བསྐྱེད་ནས་ཉམས་སུ་བླང་ངོ༌། །འདིའི་སྤང་བྱ་ནི་འདོད་ཡོན་ལྔ་ཡིན་པས་ཚེ་འདི་ལ་ཞེན་པ་ལོངས་སྤྱོད་ལ་ཞེན་པ་ཏིང་ངེ་འཛིན་ལ་ཞེན་པ་སོགས་སྤངས་ཏེ་གཙང་སྦྲ་དང་ལྡན་པས་དབེན་པར་གནས་པར་བྱ་དགོས་ལ། །འདིའི་མཉམ་རྗེས་གཉིས་ཀྱི་ཁྱད་པར་ནི་གནས་མ་གནས་ཀྱིས་འབྱེད་དེ་བདེ་གསལ་མི་རྟོག་པར་གནས་པ་དེ་མཉམ་བཞག །དེ་ལ་མི་གནས་ན་རྗེས་ཐོབ་མིན་ནོ། །ཆོས་ཐུན་དོན་བརྒྱད་པའོ།། ༈ །།གཉིས་པ་སྤྲོས་བྲལ་ནི། དེ་ཡང་གནས་ཐོག་ཏུ་བདེ་ན་རྩེ་གཅིག་ཡིན་ལ་རྩེ་གཅིག་གི་ཉམས་དེ་ལ་མ་ཞེན་པར་བསྐྱངས་པས་འདི་ཞིག་ན་སྒོམ་དྲན་འཛིན་གྱི་རྩོལ་བ་ལ་མ་ལྟོས་པར་གནས་འབྱུང་གཉིས་དང་སེམས་ཀྱི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་རྣམ་རྟོག་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་བཞིན་དུ་རྟོགས་པ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་བཅོས་མིན་དུ་གོ །ཉམས་ཐམས་ཅད་ཡུལ་མེད་སྟོང་པར་སོང༌། རིག་པའི་ངོ་བོ་དེ་ཤུན་པ་བཤུས་པའམ་གཏེར་རྙེད་པ་ལྟར་སྤྲོས་པ་དང་བྲལ་བར་རྗེན་ལྷང་གིས་རྟོགས། སེམས་ལ་རང་དབང་ཐོབ་པ་སྙམ་བྱེད་ཅིང་འདི་ཁོ་ན་ཡིན་པར་འདུག་པ་དང་པོ་ནས་ངོ་ཤེས་ཐང་བ་ལ་སྙམ་པ་དང་ཉམས་ལའང་འཕེལ་འགྲིབ་ཆེར་མི་འབྱུང་གལ་ཏེ་བྱུང་ཡང་དགའ་སྡུག་མེད། །ཕྱིའི་སྣང་བ་ལ་སེམས་བཏང་ན་ཐམས་ཅད་སྒྱུ་མ་ལྟ་བུར་འཆར། ཡང་སྟོང་པར་འགྲོ་མ་སོང་ཡང་འགལ་པ་མེད། དེ་ནི་སྣང་ལ་མ་ངེས་པ་སྟེ་སྒྲོ་འདོགས་དང་བྲལ་བར་ངེས་ཤེས་སྐྱེས་པ་དེ་ལྟར་ཡིན་པར་འདུག་སྙམ་པའི་རྟོགས་པ་སྐྱེ་ཞིང་ཞི་ལྷག་ཟུང་དུ་ཆུད་དེ་རྣམ་རྟོག་གི་མཚན་མ་རང་སར་གྲོལ་བས་རྟོག་པ་ཆོས་སྐུར་འཆར། སྣང་བ་ཡང་རང་གི་སེམས་སུ་རྟོགས། སེམས་ཉིད་ཆོས་སྐུར་ཤེས། ལྟ་བ་སྟོང་ཉིད་ཤས་ཆེ་བས་སྣང་བ་འདི་ཡང་སྟོང་པ་མེད་ཅིང་མ་གྲུབ་པ་ཞིག་ཏུ་གཤིས་བྱེད་ཅིང་སྟོང་ཐོག་ཏུ་བདེ། །རྒྱུ་འབྲས་དང་སྟོང་པ་ཤས་ཆེར་རྟོགས་པ་ནི་སྤྲོས་བྲལ་གྱི་རྣལ་འབྱོར་ཞེས་བྱ་ཞིང༌། དེ་ལའང་ཆུང་འབྲིང་ཆེན་པོ་གསུམ་ཡོད་པ་ལས། དང་པོ་ནི། སྣང་སེམས་རིག་པའི་ངོ་བོ་སྐྱེ་འགག་དང་བྲལ་བ་ཙམ་རྟོགས་ཀྱང་སྟོང་ཕྱོགས་ལ་ངེས་ཤེས་ཀྱི་འཛིན་པའི་འཁྲིས་ཤིག་ཞུགས་ཤིང་དེ་དང་མ་བྲལ་བས་ཉམས་རྟོགས་ཀྱི་ཤན་ཆེར་མ་ཕྱེད། རྗེས་ཤེས་སུ་དྲན་པས་མ་ཟིན་པའི་དུས་དགྲ་གཉེན་དུ་འཛིན་པ་མ་འགགས་ཤིང་ཡུལ་ཐོག་ཏུ་འཛིན་པ་མ་ཆོད་པས་ཚོགས་དྲུག་གི་སྣང་བ་གང་ཤར་ལ་ལེགས་པར་འཛིན་པར་ཆགས། མི་ལེགས་པར་འཛིན་པ་སྡང༌། རྨོངས་སེ་འདུག་པ་གཏི་མུག་པ་ཡིན་པས་དགེ་མི་དགེ་གང་རུང་གི་འཛིན་པ་འབྱུང་སྟེ། ཕྱག་ཆེན་གྱི་ཉམས་ལེན་དང་བྲལ་ན་མི་དགེ་བ། མ་བྲལ་ན་དགེ་བ་ཡིན་པའི་ཕྱིར་སྐབས་འདིར་ལུང་མ་བསྟན་ནི་བདེན་པ་མཐོང་བ་ལ་ཆེར་མི་འབྱུང་བར་གསུངས། གཉིད་དང་རྨི་ལམ་ཡང་འཁྲུལ་ཤས་ཆེ་ཙམ་ཡོང༌། དགེ་སྦྱོར་ལ་མཐོ་དམན་ཅུང་ཟད་འབྱུང་ངོ༌། །ཆོས་ཐུན་དོན་དགུ་པའོ།། ༈ །།སྤྲོས་བྲལ་འབྲིང་ནི་སྔར་སེམས་སྐྱེ་འགགས་གནས་གསུམ་དང་བྲལ་བའི་མྱོང་ཚོར་རགས་པ་དང་སྟོང་འཛིན་གྱི་དྲི་མ་རགས་པ་དེ་དག་ནས། དགའ་ཚོར་རམ་ཞེན་པ་དང་བྲལ་ཞིང་ཐ་མལ་གྱི་ཤེས་པ་ཡུལ་མེད་དུ་ལྷང་སོང༌། སྣང་སྟོང་གི་འཛིན་པ་ཉོན་མོངས་པ་དང་རྣམ་རྟོག་ཐམས་ཅད་གཞི་མེད་རྩ་བྲལ་རང་སར་རང་ངོ་ཤེས་ཙམ་གྱིས་ཆོག །ད་དུང་ཕྱི་རོལ་ཡུལ་ལ་ཅུང་ཟད་འཕྲིགས་མ་ཚུད་པས་སྣང་ཐོག་ཏུ་ཅུང་མི་བདེ། སྣང་བ་འདི་གང་ནས་བྱུང་བ་ཡིན་སྟོང་པ་ཡིན་ཡང་སྣང་བ་འདི་འགགས་ཏེ་གཏན་བྲལ་དུ་མ་སོང་སྙམ་པ་སོགས་རེ་དོགས་ཕྲན་བུ་ཡོང༌། རྗེས་ཤེས་དང་རྨི་ལམ་གྱི་ཚེ་འཁྲུལ་མ་འཁྲུལ་སྣ་ཚོགས་འབྱུང༌། དེའི་རྗེས་ཤེས་ངོ་ཤེས་པ་དེ་ལ་ཟེར། མཉམ་གཞག་ངོ་ཤེས་ཀྱི་ངང་ལ་རྩོལ་མེད་དུ་གནས་པ་དེའོ། །ཆོས་ཐུན་བརྒྱད་ཅུ་པའོ།། ༈ །།སྤྲོས་བྲལ་ཆེན་པོ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ལ་སྒྲོ་འདོགས་ཆོད་དེ་སྣང་བ་རང་སེམས་སུ་ཤེས། སེམས་སྣང་ལ་རང་བཞིན་མེད་པ་ཡུལ་དམིགས་གཏད་དང་བྲལ་ཞིང་ནམ་མཁའི་དཀྱིལ་ལྟ་བུར་བདེ་ཆམ་གྱིས་རྟོགས། སྔར་སྣང་ཐོག་ཏུ་མ་བདེ་རིག་ཐོག་ཏུ་བདེ་ཉམས་ལེན་རིག་ཐོག་ཏུ་བྱེད་པ་དེ། འདིར་སྣང་བ་སེམས་སུ་ཤེས་སེམས་སྟོང་པར་ཤེས་སྣང་བས་སྟོང་པའི་གོ་ཆོད་སྟོང་པ་ལ་སྒོམ་གྱི་གཙོ་བོ་བྱེད་སྟོང་ཐོག་ཏུ་སྒྲོ་འདོགས་ཆོད་པས་ཆོས་ཐམས་ཅད་རང་བཞིན་མེད་པའམ་མ་གྲུབ་པ་འདི་ལ་ད་ལྟར་གྱི་སྣང་ཐོག་སོ་མ་ཉམས་པ་འདི་ཅུང་མི་བདེ། སྣང་བ་འདི་གཞི་མེད་འཁྲུལ་སྣང་དུ་འདོད་པ་འབྱུང༌། འདིའི་སྐབས་སུ་ཉིན་པར་སྒོམ་ལ་རྒྱུན་ཆད་མེད་མཚན་མོ་རྨི་ལམ་དུ་འཛིན་པ་དེ་ལ་རྗེས་ཤེས་སུ་འཁྲུལ་པ་དང་རྟོགས་པ་དུ་མ་རེ་འཆར། དེ་འབྱུང་བའང་གཉིད་ཀྱིས་དྲན་འདུན་ཉམས་པས་ལན་པ་ཡིན། ཡུལ་རྐྱེན་དྲག་པོས་དཀྲུགས་པའི་དུས་སུའང་རྗེས་ཤེས་སུ་ཅུང་ཟད་འགྲོ་བའང་འབྱུང་འདི་ཡན་ཆད་ལ་སྒོམ་སྐྱེས་བདག་པོ་མེད་པར་མ་སོང་ན་དུས་ཀུན་ཏུ་འབྲལ་མེད་དུ་ཡོང༌། དྲན་པ་རྒྱུན་ཆད་མེད་པར་མི་ཡོང་བར་བཟུང་དྲན་ལ་ཅུང་ཟད་ལྟོས་པས་དྲན་པ་གལ་ཆེ། སྤྲོས་བྲལ་མཉམ་རྗེས་དྲན་པས་འབྱེད་སྤྲོས་བྲལ་དང་འཁོར་འདས་ཀྱི་བར་ན་དྲན་མ་དྲན་ལས་མེད། གདམས་ངག་གི་གཙོ་བོ་དྲན་པ་ཡིན། གང་ཤར་ལ་འཛིན་པ་མ་ཞུགས་ན་ཞེ་སྡང་ཀར་རེ་བའང་རང་སྟོང་ཡིན། ངོ་མ་ཤེས་ཤིང་འཛིན་པ་ཞུགས་ན་ཉོན་མོངས་དང་རྣམ་རྟོག་མེད་པ་ལྟར་སྣང་ཡང་མ་རིག་པ་ཡིན། དེ་ངོ་ཤེས་དང་མ་བྲལ་ཚེ་ཉོན་མོངས་སུ་སྣང་བ་རྒྱུན་ཆད་མེད་ཀྱང་དགག་སྒྲུབ་ཏུ་བྱར་མེད་དེ་དེའི་རྟགས་སུ་གང་ཤར་ལས་སྟོང་པ་ལོགས་སུ་འཚོལ་བའི་བློ་མི་སྐྱེ། རྟོག་པ་དག་པའི་རྗེས་ཀྱི་ཤེས་པའི་འཆར་སྒོ་དྭངས་སིང་ངེ་བ་དེའི་ངང་དུ་དུས་རྟག་ཏུ་འགྲོ་བ་མི་ཡོང་བས་བཟུང་དྲན་ལ་བལྟོས་རིང་རྟོག་པ་རེ་ལ་དྲན་པ་རེས་ཟིན་པའང་དཀའ། དེས་ན་དྲན་པ་རྒྱུན་ཆད་མེད་པར་བསྟེན། ཉིན་བར་གྱི་རྐྱེན་གྱིས་མི་གནོད་པར་གྱུར་ན་སྤྲོས་བྲལ་ཆེན་པོ་རྟོགས་པ་ཞེས་བྱའོ། །དེའང་སེམས་ཀྱི་ངོ་བོ་སྐྱེ་འགག་དང་བྲལ་བར་རྟོགས་བློ་འདས་སུ་མཐོང༌། འཇིག་རྟེན་བློས་ཐོངས་གཞན་ལ་ཕྲག་མི་དོག་མངོན་ཤེས་སོགས་དུ་མའི་ཡོན་ཏན་འཆར་རྗེས་ཐོབ་སྣང་བ་སྒྱུ་མར་འཆར་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྟོགས་རེ་དོགས་དང་བྲལ་འཛིན་པའི་རྩ་བ་ཆོད། མཐོང་སྤང་བརྒྱད་ཅུ་རྩ་གཉིས་སྤངས་འཁོར་བར་ཕྱིར་མི་ལྡོག་སྨོན་ལམ་དབང་གིས་མ་གཏོགས་སྲིད་པར་ལས་དབང་གིས་མི་སྐྱེ་ན་སྤྲོས་བྲལ་གྱི་ངོ་བོ་མཐོང་ཤིང་རྩལ་རྫོགས་ཡོན་ཏན་སྐྱེས་པ་ཞེས་བྱའོ། །རྩེ་གཅིག་དང་སྤྲོས་བྲལ་གྱི་ཁྱད་པར་རྣམ་རྟོག་ཆོས་སྐུར་རྟོགས་མ་རྟོགས་ཡིན། འདིར་ཡང་ཞེན་པ་གསུམ་བཏང་སྟེ་དབེན་པ་དང་འདག་སྦྱར་དགོན་པ་བསྟེན་པ་དང་སྨྲ་བཅད་བྱའོ། །ཆོས་ཐུན་གྱ་གཅིག་པའོ།། ༈ །།གསུམ་པ་རོ་གཅིག་ནི། སྔར་སྤྲོས་བྲལ་གྱི་སྐབས་ཀྱི་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པའམ་སྟོང་ཐོག་ཏུ་རྦད། གང་ཤར་གྱི་རྣམ་རྟོག་སོ་མའམ་སྣང་ཐོག་ཏུ་ཅུང་མི་བདེ་བ་དེ་དག་ནས་འཁོར་འདས་གཉིས་སུ་འདྲེས་ཞེས་པ་དེ་ཡོང་བ་ཡིན། དེའི་དོན་ཡང་མ་འགགས་པའི་སྣང་བ་སོ་མ་འདི་ལ་སྣང་བར་འཛིན་པའི་དངོས་འཛིན་ཀྱང་མེད། སྟོང་པར་ཞེན་པའི་སྟོང་ཞེན་ཀྱང་མེད། ཕྱི་རོལ་གྱི་སྣང་བ་འདི་རང་གི་བློས་རང་བཞིན་མེད་པར་སྒོམ་པའམ་གཉིས་སུ་སྣང་བའི་ཆོས་གང་ཡང་མ་གྲུབ། བློས་གཞལ་བ་ཙམ་མ་ཡིན་པར་སྣང་མི་སྣང་སྟོང་མི་སྟོང་སྣང་དམིགས་སྟོང་པ་བསྐྱེད་རྫོགས་ཀུན་རྫོབ་དོན་དམ་འཁོར་བ་དང་མྱ་ངན་ལས་འདས་པ་སོགས་མདོར་ན་བདེ་སྡུག་སོགས་གཉིས་བསྡུས་ཀྱི་ཆོས་ཇི་སྙེད་པ་ཐམས་ཅད་ཐ་མི་དད་པར་དབྱེར་མེད་ཟུང་འཇུག་རོ་གཅིག་པར་རྟོགས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤར། གང་ཤར་གྱི་སྣང་བ་སོ་མ་རྟོག་པ་སོ་མ་ལ་དགག་སྒྲུབ་དང་བྲལ། རང་རིག་རང་གསལ་རྩོལ་མེད་ཡང་དག་གི་དྲན་པས་སེམས་དང་དྲན་པ་སྣང་བ་གསུམ་མེ་དང་ཚ་བ་གཞན་དང་རྒྱུ་འབྲས་བརྟེན་འབྲེལ་མངོན་དུ་གྱུར་སྣང་ཐོག་ཏུའང་བདེ་བ་ནི་རོ་གཅིག་གི་རྣལ་འབྱོར་ཞེས་བྱ། དེ་ལའང་ཆུང་འབྲིང་ཆེན་པོ་གསུམ་ལས། དང་པོ་ནི། སྣང་སྟོང་དབྱེར་མེད་དུ་འདྲེས་ཐམས་ཅད་གཉུག་མའི་རང་བཞིན་དུ་རྟོགས་སྟོང་མི་སྟོང་མེད་པར་གང་ཤར་གྱི་ཤེས་པ་སོ་མ་དེ་ཀས་ཆོག །ཆོས་སུ་རྟོགས། སྣང་སྟོང་གང་རུང་རེའི་ཐོག་ཏུ་ཡང་ལམ་གྱི་ཆོས་ཇི་སྙེད་པ་ཚང་བར་རྟོགས་ཀྱང་ལུས་སྣང་སེམས་གསུམ་དབྱེར་མི་ཕྱེད་རེས་སེམས་སུ་ངེས་པ་བཙུག་ཡོང༌། དེར་མྱོང་རྒྱུ་དང་འཛིན་པའི་ངེས་ཤེས་ཅུང་ཟད་ཡོད། རྗེས་ཤེས་སུ་ས་སོགས་སྲ་འཐས་ཅན་དུ་སྣང་བ་དང་ཡུལ་རྐྱེན་དྲག་པོས་དཀྲུགས་པའི་ཚོགས་དྲུག་གི་སྣང་བ་ལ་དགེ་སྦྱོར་དུ་མི་བདེ་བ་དང་གཟུང་འཛིན་གྱི་སྣང་བ་དུ་མ་རེ་ཡོད་པ་དང་ཆོས་བྱེད་པ་ལ་མངོན་ལྐོག་ཅུང་མི་ཐུབ་པ་འདྲ་བའང་འབྱུང༌། རྗེས་སྣང་སྒྱུ་མ་ལྟ་བུ་ཞེས་བྱ་ཞིང་རྨི་ལམ་ན་ཡང་འཁྲུལ་པ་དང་འཛིན་པ་དུ་མ་རེ་འབྱུང༌། རེས་ལུས་སྣང་སེམས་གསུམ་དབྱེར་མེད་པའི་ཉམས་ཀྱང་འབྱུང༌། རྒྱུ་འབྲས་ལ་རྩི་འཇོག་དང་མོས་གུས་སྙིང་རྗེ་ཆུང་བ་འདྲ་ཡང་སྲིད་པས་དེར་མ་སོང་བར་བྱ། ཆོས་ཐུན་རྒྱ་གཉིས་པའོ།། ༈ །།རོ་གཅིག་འབྲིང་ནི་སྔར་གྱི་མྱོང་བ་ངེས་ཤེས་ཀྱི་འཛིན་པའི་ཆ་གཅིག་འདྲེ་བས་དེ་དག་ནས་བེམ་པོ་ཕྱིར་མ་ལུས། རིག་པ་ནང་དུ་མ་ལུས་སྣང་སེམས་ཟུང་འཇུག་གཅིག་ཏུ་ཀྲོང་ངེ་བ་གཟུང་འཛིན་གྱི་རྩ་བ་རྦད་ཀྱིས་ཆོད། འཛིན་པ་དེའང་ཡུལ་ལ་བརྟེན་ནས་སྐྱེ་བ་ལས་འདོར་གཟུང་ཡུལ་ཐམས་ཅད་གཉུག་མ་རང་གསལ་དུ་ཤར་བས་དེ་མེད་ཙ་ན་འཛིན་བྱེད་ཀྱི་ཤེས་པ་དང་བྲལ། འཛིན་པ་ཡུལ་ཐོག་ཏུ་འཆར་བའི་ཤེས་པ་གཅིག་གི་གྲོགས་སུ་ཐམས་ཅད་འཆར། གཟུགས་སོགས་ཡུལ་རྣམས་མི་རྟོག་པར་འཆར་བས་ཟུང་འཛིན་དེ་ཡུལ་ཐོག་ཏུ་འཆར། རོ་གཅིག་ཆུང་ངུ་དང་ཟུང་འཇུག་གི་ངོ་བོ་ལ་ཁྱད་མེད་ཀྱང་མྱོང་བ་བརྟན་དུ་སོང་བ་ཡིན། ལུས་སྣང་སེམས་གསུམ་གཅིག་ཏུ་འདྲེས་པའི་ཉམས་འབྱུང༌། རྗེས་ཤེས་དང་རྨི་ལམ་ཡང་སྔར་བས་འཁྲུལ་པ་ཆུང་ཞིང་ཨ་འཐས་ཀྱི་འཛིན་པ་ཡང་ཆེར་མི་ཡོང༌། འོན་ཀྱང་རྨི་ལམ་མམ་དུས་གཞན་དུ་ཡང་རུང་ཡང་དག་གི་དྲན་པས་ཡེངས་མ་ཡེངས་སུ་འཛིན་པའི་གཉིས་སྣང་སྒྱུ་མ་ལྟ་བུ་བྱ་བ་ཡད་ཡུད་ཡོང་བ་ཡིན། གཟུང་དྲན་དང་ཡང་དག་གི་དྲན་པའི་ཁྱད་པར་ཡེངས་དུས་སུ་ཡེངས་འདུག་སྙམ་པའི་རྗེས་ལ་དགེ་སྦྱོར་རྒྱུད་ཐོག་ཏུ་ཡེར་ཡོང་བ་དེ་གཟུང་དྲན་ཡིན་ཞིང་སྔར་འཛིན་པ་ཞུགས་པའི་རྟགས་ཡིན། རྟོག་འཛིན་དེ་མེད་པར་དྲན་པ་ཙམ་གྱིས་ཉམས་ལེན་གྱི་སྟེང་དུ་ཡེར་ཡོང་བ་དེ་རྟོགས་ཆོས་ཡང་དག་གི་དྲན་པ་བྱ་བ་ཡིན་ཏེ་སྔར་ངེས་ཤེས་ཀྱིས་མ་ཟིན་ཀྱང་འཛིན་པ་མ་ཞུགས་པའི་རྟགས་ཡིན། ཆོས་ཐུན་གྱ་གསུམ་པའོ།། ༈ །།རོ་གཅིག་ཆེན་པོ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་མེད་དུ་མཉམ་པ་ཉིད་ཀྱི་ངང་དུ་རྟོགས། སྣང་སེམས་གཅིག་ཏུ་ངེས་ཤིང་སྔར་གྱི་དེ་ཀ་མྱོང་བ་བརྟན་དུ་སོང་ནས་སྣང་བ་མ་འགགས་པ་འདི་ལ་བདེན་འཛིན་དག་པས་གཉིས་མེད་ཀྱི་རྟོགས་པ་དེ་ཉིན་མཚན་འཁོར་མར་འབྱུང༌། མི་རྟོག་པའི་འཆར་སྒོ་གསལ་ཙམ་གྱི་སྣང་ལ་མ་ངེས་པའི་མྱོང་ཆར་ཅུང་ཟད་རེ་འབྱུང༌། འཛིན་མེད་གྱི་གསལ་སྣང་མི་འགགས། རེས་འཁོར་འདས་ལ་སོགས་པ་སྣང་ཚད་རྟོགས་པ་དེའི་ངོ་བོར་ཤར་ན་གཉིས་འཛིན་གྱི་རྟོག་པ་རྒྱུན་ཆད། ངོས་འཛིན་མེད་པའི་རྗེས་སྣང་སྒྱུ་མ་ལྟ་བུ་ཙམ་ཞིག་ཡོད། དེའང་སྒྱུ་མ་མཁན་པོའི་སྣང་བ་དང་འདྲ་སྟེ་མེད་པར་ཤེས་བཞིན་གཉིས་སྣང་ཕྲ་མོ་མི་འགགས། འཛིན་མེད་ཀྱི་རྨི་ལམ་ཀྱང་འལ་འོལ་ཙམ་འབྱུང་རེས་རྨི་ལམ་མི་འབྱུང་བའང་ཡོད། འདིའི་གཉིས་སྣང་ནི་འཆར་སྒོ་ཕྲ་མོ་རྣམས་ཉམས་ལེན་གྱི་ངང་དུ་དག་པའི་མདངས་སམ་གསལ་སྣང་ངམ་སྟོང་སྣང་དུ་ཡད་ཡུད་འབྱུང་བ་དེ་ལ་རོ་གཅིག་གི་རྗེས་སྟོང་པར་འཆར་བ་ཟེར། །དོན་ལ་སྤང་བྱའི་ལྷག་རོལ་ཡིན་པས་སྒོམ་གྱི་གདེང་ཚོད་ཡོད་རིང་ལ་དེ་ལ་ལྟོས་པའི་གཞན་ཞིག་ཤུགས་ལ་ཡོང་བས་གཉིས་སྣང་ཕྲ་མོ་མ་དག་པ་ཡིན་ཡང་མི་རྟོག་པའི་འཆར་སྒོ་འགའ་ཞིག་སྣང་ལ་མ་ངེས་པའམ་རང་རྩལ་དུ་མ་ཤར་པས་དྲན་པས་ཡེངས་མ་ཡེངས་སུ་ཁྱད་པར་བྱས་པའི་འཆར་སྒོ་རྐྱང་པ་མི་བདེ་བར་གསལ་ཙམ་གྱི་མྱོང་ཚོར་དམ་དུ་མ་འབྱུང་སྟེ་སྤང་བྱའི་ལྷག་མ་ཡིན། དེ་ཡོད་རིང་དེ་ལ་ལྟོས་པའི་ཕྲ་མོ་དེ་མ་ཡིན་པ་གཞན་ཞིག་ཀྱང་ཤུགས་ལ་འབྱུང་བས་རོ་གཅིག་ཆེན་པོའི་སྒྱུ་མ་ཕྲ་མོ་དེ་ལ་ཟེར། དེས་ན་གང་ཤར་གྱི་སྣང་བ་ལ་སྤང་བླང་དགག་སྒྲུབ་མེད་ཅིང་མཉམ་ཉིད་གཉུག་མ་ཡུལ་མེད་གསལ་སྟོང་དུ་རང་ངོ་ཤེས། །འཁོར་འདས་ལ་སོགས་པ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་རོ་གཅིག་ཏུ་རྟོགས་པ་དང༌། འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་རྟེན་འབྲེལ་མཐའ་དག་འཆར། སྣང་ཐོག་ཏུ་བདེ་ན་རོ་གཅིག་གི་ངོ་བོ་མཐོང་ཞིང་རྩལ་རྫོགས་ཡོན་ཏན་སྐྱེས་པ་ཞེས་བྱའོ། །སྤྲོས་བྲལ་དང་རོ་གཅིག་གི་ཁྱད་པར་སྣང་བ་སྒོམ་དུ་ཤར་མ་ཤར་དང་སྟོང་ཉིད་ཀྱི་གཟུང་དྲན་ལ་ལྟོས་མི་ལྟོས་དང་སྣང་བ་རང་སེམས་སུ་ཤེས་པ་དང་སྣང་བ་སྒོམ་དུ་ཤར་བ་སོགས་ཀྱི་ཁྱད་པར་ཡོད། རྩོལ་མེད་ཟེར་ཡང་སྒོམ་མེད་ལ་ལྟོས་པའི་རྩོལ་བ་ཅུང་ཟད་ཡོང༌། སྤྲོས་བྲལ་ནས་གཟུང་འཛིན་སྐྱེ་མེད་ཀྱི་ངང་དུ་ཞི་ཞིང་འདིར་རྗེས་ཀྱི་དུས་སུའང་ཞི་བ་ཡིན། །འདིའི་མཉམ་རྗེས་འཛིན་མི་འཛིན་ངང་གཉིད་ཀྱིས་འབྱེད་དོ། །རོ་གཅིག་གསུམ་གྱི་སྐབས་སུ་ཕལ་ཆེར་དབེན་པ་བསྟེན། སྐབས་སུ་ཚོགས་སུའང་བསྡད་ནས་བོགས་འདོན། སྒོམ་མི་སྒོམ་ཁྱད་མེད་སྙམ་ཡང་ཡང་དག་གི་དྲན་པས་སྒོམ་པ་གལ་ཆེའོ། །ཆོས་ཐུན་གྱ་བཞི་པའོ།། ༈ །།བཞི་པ་སྒོམ་མེད་ཀྱི་རྣལ་འབྱོར་ནི། དེ་ལ་གོམས་ཤིང་འདྲིས་པར་བྱས་པས་རོ་གཅིག་ཆེན་པོ་མན་ཆད་རྗེས་ཤེས་ལ་གཉིས་སྣང་སྒྱུ་མ་ཙམ་དེ་དག །རྟོགས་ཆོས་ཡང་དག་གི་དྲན་པ་མ་ཡེངས་ཙམ་དང་སྟོང་འཛིན་གྱི་དྲི་མ་ཅུང་ཟད་ཡོད་པ་དང་ཡང་དག་གི་དྲན་པའི་རྩོལ་བ་ཟི་བ་ཡོད་པ་དང་གཉིས་སྣང་ཕྲ་མོ་དེ་ཐམས་ཅད་དག་ནས་ལྷུན་གྲུབ་ཀྱི་རང་ས་ཟིན་བསྒོམ་བྱ་སྒོམ་བྱེད་དང་བྲལ་བར་རྟོགས། ཅི་བྱས་ཀྱང་བདེ་བ་མ་བསྒོམས་ཀྱང་རྒྱུན་ཆད་མེད་པར་སྒོམ་དུ་འཆར་མཉམ་པར་བཞག་མ་བཞག་དྲན་པས་ཟིན་མ་ཟིན་ཡེངས་མ་ཡེངས་ལ་མ་ལྟོས་པར་སྒོམ་དུ་འཆར། བློ་གཤིས་ཐོག་ཏུ་དག །བསྒོམས་པའི་འོད་གསལ་དང་ཤི་བའི་འོད་གསལ་མ་བུ་གཉིས་གཅིག་ཏུ་འདྲེས་ནམ་མཁའ་ལ་སྤྲིན་དངས་པའམ་ཆུ་རླབས་དང་བྲལ་བ་བཞིན་འོད་གསལ་གཉིས་གཅིག་ཏུ་འདྲེས་ཆོས་སྐུ་འབའ་ཞིག་ཏུ་གྱུར། སྤང་བླང་དང་བྱ་བྱེད་བྲལ་ཤི་མ་ཤི་མེད་སྙམ་པ་དང་མཉམ་རྗེས་མེད་པའི་ངེས་ཤེས་ལྷངས་ཀྱིས་སྐྱེས། གཞན་སྣང་དུ་མཁའ་འགྲོས་བསྐུར་བ་ལུས་དུ་མར་མཐོང་བ་མོས་གུས་ཅན་གྱི་གང་ཟག་ལ་སངས་རྒྱས་རང་སྣང་ལ་ཤར། ངག་ཅི་བྱས་ཀྱང་ཆོས་སུ་འགྲོ། ལུས་ཅི་བྱས་ཀྱང་སེམས་ཅན་དད། གནས་གར་བསྡད་ཀྱང་བྱིན་རླབས་སྐྱེ། གཅིག་པུར་བསྡད་ཀྱང་སྐྱོ་དུབ་མེད། ལུང་པ་གར་ཕྱིན་པ་དེར་བདེ་ལེགས་འབྱུང༌། རེས་བྱིས་པའི་སྤྱོད་པ་དང་འཇིག་རྟེན་ལ་དགའ་འདུག་སྙམ་པ་གཞན་སྣང་ལ་ཡོང༌། བྱར་སེམས་བརྟན། ལས་འབྲས་མངོན་སུམ་དུ་གྱུར་ཐམས་ཅད་སྐྱེ་མེད་དུ་རྟོགས་གང་ལའང་ཞེན་པ་མེད་གཙང་བཙོག་དང་ངོ་ཚའི་རྣམ་རྟོག་མེད། དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱིས་མཆོད་པ་འབུལ་ཞིང་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བྱེད་སེམས་ཅན་ཐམས་ཅད་ཀྱི་ཡིད་བཞིན་ནོར་བུར་འགྱུར་རོ། །དེ་ལའང་ཆུང་འབྲིང་ཆེན་པོ་གསུམ་ལས། དང་པོ་ནི། དྲན་པས་གཟུང་མ་དགོས་པར་ཅི་བྱས་ཀྱང་སྒོམ་དུ་ཤར་བསྒོམ་བྱ་སྒོམ་བྱེད་དང་བྲལ་མཉམ་པར་བཞག་མ་བཞག་ལ་མ་ལྟོས་པར་སྒོམ་དུ་འཆར། གོང་གི་རོ་གཅིག་ཆེན་པོའི་དུས་ཀྱི་རྗེས་སྣང་སྒྱུ་མ་ལྟ་བུ་དེའང་ཕྲ་མོར་སོང་ནས་ཡང་དག་གི་དྲན་པས་ཀྱང་གཟུང་མི་དགོས་ཁོ་རང་རང་དག་ལ་འགྲོ། རྗེས་སྣང་མི་རྟོག་པ་ངོ་མ་ཤེས་ཞེས་བྱ་བ་ཉོན་མོངས་པ་དང་རྣམ་རྟོག་ཐམས་ཅད་རོ་གཅིག་མན་ཆད་དུ་དག་པའི་མ་རིག་པའི་ལྷག་མ་ཀུན་གཞིའི་རྣམ་ཤེས་རྟོག་བྲལ་ལུང་མ་བསྟན་དུ་གནས་པ་དེ་ཡེ་ཤེས་སུ་མ་གྱུར་ཙམ་གྱི་ནུས་པ་མེད་པའི་སྤང་བྱ་རབས་ཆད་པོ་རྟོག་མེད་རང་ངོ་མ་ཤེས་པ་ཙམ་ཞིག་ཡོད་པ་དེའང་མ་རིག་པའི་ཆ་ནས་སྒྱུ་མ་ལྟ་བུ་དུས་ཐུང་བས་སྐད་ཅིག་མ་རེ་འབྱུང་དེ་རང་གི་ངོ་བོ་མི་རྟོག་པར་ཡོད་པ་གཉེན་པོ་བསྟེན་མི་དགོས། །གཉིད་དུས་སུའང་རེས་འགའ་འཛིན་པའི་དྲི་མ་ཅུང་ཟད་ཙམ་འབྱུང་ཡང་སྲིད་པ་རང་གསལ་དུ་མ་ཤར་བས་ཤེས་བྱ་ལ་སྒྲིབ་བོ། །ཆོས་ཐུན་རྒྱ་ལྔ་པའོ།། ༈ །།སྒོམ་མེད་འབྲིང་པོ་ནི། ལྷུན་གྲུབ་ཀྱི་རང་ས་ཙིར་གྱིས་ཟིན་སྔར་བས་མྱོང་བ་བརྟན་དུ་སོང་འཁོར་འདས་གཉིས་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་དེ་མངོན་དུ་གྱུར། འཛིན་པ་ཐམས་ཅད་དང་བྲལ་གཉུག་མའི་རང་ས་ཟིན་ནས་ཉིན་མཚན་མེད་པར་མཉམ་གཞག་ཡེ་ཤེས་ཀྱི་འཁོར་ལོས་བསྒྱུར་ཏེ་མཉམ་བཞག་གམ་ཡེ་ཤེས་དེའི་ཤུགས་ཀྱིས་འཕངས་པའི་རྗེས་སྣང་མི་རྟོག་ངོ་མ་ཤེས་ཀྱི་ཆ་ཕྲ་ཞིང་སྔར་བས་ཕྲ་བ་ཡུལ་ལ་སྤྱད་ལོང་མེད་པ་སེ་གོལ་གཏོགས་ཙམ་དུ་སྣང་བ་སྒྱུ་མ་ལྟ་བུ་རང་གསལ་དུ་གྲོལ། དུས་ཐམས་ཅད་དུ་ངོ་བོ་མི་རྟོག་པ་རང་གསལ་དུ་མ་ཤར་ཙམ་གྱི་གནས་ངན་ལེན་གྱི་དྲི་མ་རང་རྗེས་ཕྲ་མོ་ཙམ་དང་བཅས་པའི་མཉམ་གཞག་ཐམས་ཅད་ཟག་མེད། རྗེས་སྣང་ཉམས་སུ་ལེན་པའི་འཕགས་ལམ་ཡན་ལག་བརྒྱད་པོ་སོགས་ཟག་བཅས་ཡིན་ནོ། །ཆོས་ཐུན་གྱ་དྲུག་པའོ།། ༈ །།སྒོམ་མེད་ཆེན་པོ་ནི། རྣམ་ཤེས་ཐམས་ཅད་ཡེ་ཤེས་སུ་གནས་གྱུར། ཡེ་ཤེས་ཀྱི་རལ་གྲིས་ཤེས་བྱའི་སྒྲིབ་པ་གནས་ངན་ལེན་གྱི་དྲི་མ་དང་བཅས་པ་རྩད་ནས་བཅད་དེ་ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པ་མའི་འོད་གསལ་དང་མེ་ལོང་ལྟ་བུའི་ཡེ་ཤེས་བུའི་འོད་གསལ་གཉིས་འདྲེས་མི་སློབ་པའི་ཟུང་འཇུག་བླ་ན་མེད་པའི་བྱང་ཆུབ་མངོན་དུ་གྱུར་མཉམ་རྗེས་མེད། གཉུག་མ་མ་བཅོས་པའི་ཐོག་ཏུ་སློབ་པ་རང་དོན་ཆོས་སྐུ་གཉུག་མའི་རང་རྩལ་ཕྱོགས་མེད་དུ་འབྱོངས་པ། གཞན་དོན་གཟུགས་སྐུ་གཉིས་ཀྱིས་འཁོར་མ་སྟོངས་ཀྱི་བར་དུ་འགྲོ་དོན་མཛད་པ་མཐར་ཕྱིན་པའི་ལམ་མངོན་དུ་བྱས་པའོ། །སྒོམ་མེད་ལ་མཉམ་རྗེས་ཆེར་འབྱེད་རྒྱུ་མེད་ཕལ་ཆེར་མཉམ་གཞག་ལས་མ་གཡོས་པའོ། །དེས་ན་དྲན་རྒྱུ་དང་སྒོམ་རྒྱུ་མེད་པར་མྱོང་བ་དག །ངེས་ཤེས་ལ་སོགས་པའི་དྲན་འཛིན་གྱི་རྩོལ་བ་དང་བྲལ་ཆོས་ཉིད་ཟད་སར་འཁྱོལ། སྣང་བ་ལ་བདེན་འཛིན་བྲལ་སྒོམ་མེད་འབྲིང་ནས་ཟག་མེད་ཀྱི་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པ་ན་སྒོམ་མེད་ཀྱི་ངོ་བོ་མཐོང་བ་དང་རྩལ་རྫོགས་ཡོན་ཏན་སྐྱེས་པ་ཞེས་བྱའོ། །རོ་གཅིག་དང་སྒོམ་མེད་གཉིས་རྗེས་ཤེས་སྒྱུ་མ་ལྟ་བུ་དང་ཡང་དག་གི་དྲན་པ་བསྟེན་དགོས་མི་དགོས་ཀྱི་ཁྱད་པར་ཡོད་དོ། །སྤྲོས་བྲལ་ཡན་ཆད་ངོ་བོ་ལ་ནི་འཕར་རྒྱུ་མེད། །ཆོས་ཐུན་གྱ་བདུན་པའོ།། ༈ །།རྣལ་འབྱོར་བཞི་གསུམ་བཅུ་གཉིས་པོ་དེ་ལམ་དང་སྦྱར་ན། །རྩེ་གཅིག་ཆུང་ངུ་ཚོགས་ལམ། འབྲིང་ཉམས་གསལ་སྟོང་འདྲ་བ་དེ་དྲན་པས་ཟིན་ན་རྒྱུན་དུ་ཡོང་མ་ཟིན་ནའང་རེས་ཡོང་བ་དེ་སྦྱོར་ལམ་དྲོད་རྩེ་ཟེར་ཏེ་མཐོང་ལམ་སྤྲོས་བྲལ་གྱི་ཡེ་ཤེས་ཀྱི་མི་སྐྱེ་བའི་སྔ་ལྟས་སུ་གྱུར་པ་དང་སྔར་གསལ་སྣང་མེད་པ་ལ་འདིར་ཆོས་ཉིད་ཀྱི་གསལ་སྣང་ཅུང་ཟད་སྐྱེ་ཞིང་ཉམས་དག་ནས་རྟོགས་པ་འབུར་ལ་ཁད་ཡིན་པས་སོ། །ཆེན་པོ་ཉམས་འཁོར་ཡུག་རྟོག་པ་ཐམས་ཅད་དེའི་ངང་དུ་ཐིམ་ཉིན་མཚན་མེད་པར་གསལ་སྟོང་ནམ་མཁའ་ལྟ་བུར་འཆར་སྒོམ་མེད་དུ་སླེབ་སྙམ་པ་སོགས་འབྱུང་བ་དེ་སྦྱོར་ལམ་བཟོད་པ་དང་ཆོས་མཆོག་ཡིན་ཏེ། ཆོས་ཉིད་ཀྱི་གསལ་སྣང་ལ་བརྟན་པ་ཐོབ་དེ་ཡང་མཆོག་ཏུ་གོམས་པས་འཇིག་རྟེན་པའི་ལམ་དུ་སྐྱེ་བའི་མངོན་པར་རྟོགས་པ་ཐམས་ཅད་མཆོག་ཏུ་གྱུར་མཐོང་ལམ་སྤྲོས་བྲལ་གྱི་རྟོགས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པས་སོ། །འདིས་ཚོགས་ལམ་བཞི་གསུམ་བཅུ་གཉིས། སྦྱོར་ལམ་ངེས་འབྱེད་ཆ་མཐུན་བཞི་ལ་སོགས་པ་རྣམས་འཐོབ་པ་ཡིན་ནོ། །སྤྲོས་བྲལ་ནི། གོང་གི་ཉམས་དེ་བཤིག་གིན་བསྐྱངས་བླ་མ་ལ་གསོལ་བ་དུངས་དུངས་བཏབ་གང་ཤར་གྱི་སྟེང་དུ་འཛིན་མེད་མ་བཅོས་པའི་ངང་དུ་བཞག་པས་རྩེ་གཅིག་གི་ཉམས་དེ་དག་ནས་སྤྲོས་བྲལ་འཆར་ཞིང་དེ་ཤར་མ་ཐག་ཏུ་མཐོང་ལམ་ཐོབ། ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་པ་དེས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་བྱེད་པ་ལ་དགའ་བ་ཁྱད་པར་ཅན་སྐྱེ་བས་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ། དེས་ན་སྤྲོས་བྲལ་ཆུང་ངུ་ཐོབ་མ་ཐག་པ་དེ་ལ་མཐོང་ལམ་ཐོབ་པ་ཞེས་ཟེར་རོ། །དེ་ཡང་ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པས་ཉོན་མོངས་པ་སྒོམ་སྤང་གི་དྲི་མ་བྲལ་བས་སྒོམ་ལམ་ས་གཉིས་པ་དྲི་མ་མེད་པ་ཞེས་པ་ཐོབ་བོ། །སེམས་སྐྱེ་འགགས་དང་བྲལ་བ་ཡེ་ནས་ཡོད་པ་དེ་བླ་མའི་བྱིན་རླབས་ཀྱི་འོད་ཀྱིས་མངོན་དུ་བྱས་པས་ས་གསུམ་པ་འོད་བྱེད་པ་ཞེས་པ་ཐོབ་བོ། །རྩ་བྲལ་གྱི་རྟོགས་པ་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་ཞིང་སེམས་ཅན་གྱི་དོན་གྲུབ་པས་ས་བཞི་པ་འོད་འཕྲོ་བ་ཞེས་པའང་ཐོབ་བོ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རྟོགས་པ་དེས་བག་ཆགས་ཀྱི་དྲི་མ་སྦྱངས་དཀའ་བ་ཞེས་པ་ཐོབ་བོ། །སྤྲོས་བྲལ་ཆེན་པོ་ནར་སོན་པའི་རྟོགས་པས་འཁོར་འདས་གཉིས་ཀ་སྐྱེ་མེད་དུ་མངོན་དུ་གྱུར་པས་ས་དྲུག་པ་མངོན་དུ་གྱུར་པ་ཞེས་པ་ཐོབ་བོ། །དེ་ནས་བདག་གཞན་འཁོར་འདས་ཐམས་ཅད་རོ་གཅིག་ཏུ་འདྲེས་པའི་རོ་གཅིག་ཆུང་ངུ་རྒྱུད་ལ་སྐྱེས་པ་དང་ཟུང་འཇུག་གི་རྟོགས་པ་དེས་སྟོང་ཕྱོགས་ལ་ཞེན་པའི་ཉན་རང་གི་ས་ཐག་བསྲིང་བའམ་དེ་ལས་རིང་དུ་སོང༌། འགྲོ་སའི་ས་བརྒྱད་པ་དང་འབྲེལ་བར་བྱེད་པས་ས་བདུན་པ་རིང་དུ་སོང་བ་ཐོབ་བོ། །འབྲིང་པོ་གཟུང་འཛིན་གྱི་རྩ་བ་ཆོད་པ་རྒྱུད་ལ་སྐྱེས་ན་གཉིས་ཆོས་དེ་ཐམས་ཅད་གཉུགས་མ་རང་གསལ་དུ་ཤར་བ་ཐ་དད་འཛིན་པའི་འདུ་ཤེས་ཀྱིས་མ་གཡོས་པས་ས་བརྒྱད་པ་མི་གཡོ་བ་ཞེས་པ་ཐོབ་པའོ། །རོ་གཅིག་ཆེན་པོ་རྗེས་སྣང་སྒྱུ་མར་འཆར་བ་དེ་རྒྱུད་ལ་སྐྱེས་ན་ཟུང་འཇུག་གི་རྟོགས་པ་དེ་ལ་གོམས་པས་སྒོམ་བྱུང་གི་ཡོན་ཏན་ཕུན་སུམ་ཚོགས་པ་ལས་སོ་སོ་ཡང་དག་པར་རིག་པ་བཞི་ལ་སོགས་པ་ཡོན་ཏན་གྱི་ལེགས་ཚོགས་ཐམས་ཅད་འབྱུང་བས་ས་དགུ་བ་ལེགས་པའི་བློ་གྲོས་ཞེས་པ་ཐོབ་བོ། །དེ་ནས་བསྒོམ་བྱ་སྒོམ་བྱེད་དང་བྲལ་བར་རྟོགས་པའི་སྒོམ་མེད་ཆུང་ངུ་རྒྱུད་ལ་སྐྱེས་པའི་ཚེ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་སྤྲིན་གཏིབས་པ་བཞིན་འབྱུང་བས་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་བ་ཐོག་མར་ཐོབ། སྒོམ་མེད་འབྲིང་པོ་ལྷུན་གྲུབ་ཀྱི་རང་ས་ཙིར་གྱིས་ཟིན་ཤེས་སྒྲིབ་རྩ་བ་ནས་དག་པ་དེ་ལ་ས་བཅུ་པའི་ནང་གི་རྒྱུན་མཐའི་ཁྱད་པར་གྱི་ལམ་ཞེས་པ་འཐོབ། མི་རྟོགས་པའི་ངོ་བོ་སྐད་ཅིག་མར་ངོ་མ་ཤེས་པས་གནས་ངན་ལེན་གྱི་དྲི་མ་དང་སྤང་བྱ་ཐམས་ཅད་སྤངས་རྟོགས་བྱ་མཐའ་དག་རྟོགས་འོད་གསལ་མ་བུ་གཅིག་ཏུ་འདྲེས་པའི་སྒོམ་མེད་ཆེན་པོ་རྒྱུད་ལ་སྐྱེས་ན་མཐར་ཕྱིན་པ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་རྫོགས་པའི་སངས་རྒྱས་ཐོབ་པའོ། །ས་དང་སྤྱི་ཡོམས་སུ་སྦྱར་ན་རྩེ་གཅིག་གསུམ་ཚོགས་སྦྱོར། །སྤྲོས་བྲལ་གསུམ་བྱང་ཆུབ་ཀྱི་ཡན་ལག་བདུན་མཐོང་ལམ་ས་དང་པོ་རབ་ཏུ་དགའ་བ། རོ་གཅིག་སྒོམ་ལམ་འཕགས་ལམ་ཡན་ལག་བརྒྱད་པ་ས་དགུ་པ། སྒོམ་མེད་མཐར་ཕྱིན་ལམ་ས་བཅུ་གཅིག་ཀུན་ཏུ་འོད་དང་ཡང་སྦྱར་ནས་གསུངས། འོ་ན་མཐོང་ལམ་ཐོབ་པ་དང་སྤྲོས་བྲལ་རྟོགས་པ་དུས་མཉམ་ན། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་སྟོན་མི་ནུས་པ་ཅི་ཞེས་རྟོག་གེ་བ་དག་ཟེར་ན། དེ་ནི་སྐྱོན་མེད་དེ་ཡོན་ཏན་རྣམས་གོམས་པ་བརྟས་པ་དང་རིམ་གྱིས་འབྱུང་སྟེ། ཞང་རིན་པོ་ཆེས་ངོ་བོ་མཐོང་མ་ཐག་ཉིད་དུ། །སྡུག་བསྔལ་སྤངས་པར་མ་གྱུར་ཅིང་ཡོན་ཏན་ནུས་པ་མ་སྐྱེས་ཀྱང༌། ཆོས་མིན་ཞེས་སུ་སུ་ཞིག་སྨོད། །ཉི་མ་ཤར་མ་ཐག་ཉིད་དུ། ཆབ་རོམ་ཞུ་བར་ནུས་ཤིང་བཞིན། །ས་རྡོ་དྲོ་བར་མ་གྱུར་ཀྱང༌། །ཉི་མ་མིན་ཞེས་སུ་ཞིག་སྨོད། ས་དང་ལམ་གྱི་རིམ་པ་དང༌། །དྲོད་རྟགས་ཁྱད་པར་སོ་སོ་ཀུན། །རིམ་འཇུག་གདུལ་བྱ་དྲང་དོན་དུ། །ཐུབ་པས་ལྡེམ་པོར་གསུངས་པ་ལ། རྨོངས་རྣམས་ཉི་ཚེ་ཕྱོགས་ཆར་ཞེན། །གདུལ་བྱའི་མཐོ་དམན་བསམ་མི་ཁྱབ། །སངས་རྒྱས་གསུང་རབ་བསམ་མི་ཁྱབ། །རང་གི་ཆོས་དང་མ་མཐུན་ཡང༌། །སྨད་ཅིང་སྤང་བར་མི་བྱ་སྟེ། །ནམ་ཞིག་གོ་བར་སྨོན་ལམ་ཐོབ། །ཅེས་དང༌། རྒོད་ཚང་པས། གཞན་ཡང་སྣང་སྲིད་འདི་ལ་འགལ་ཚུལ་ཞིག་ཡོད་དེ། ཁྱེད་མཚན་ཉིད་པའི་བློ་ཁོག་ཏུ་མི་ཤོང༌། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་རྟོགས་ལྡན་གྱི་རང་སྣང་ཡིན། གང་ཟག་དང་ལས་ཀྱི་མཐུན་སྣང་ཙམ་ལས་མི་མངོན་པར་གདའ་བ་སྤྲུལ་པ་ཡང་དེ་དང་འདྲ་བར་བསམ་གྱིས་མི་ཁྱབ་པ་སྟོན་ནུས་ཞེས་དང༌། ཨཽ་རྒྱན་པས། སྤྲོས་བྲལ་མཐོང་ལམ་ཡིན་ན་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་མི་འདུག་པས་འགལ་བ་ལ་སོགས་པ་དེ་རྣམས་ལ་ངེས་པ་ཆེན་པོ་མི་འོང་སྟེ་མཚན་ཉིད་ནས་ཀྱང་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་གདུལ་བྱ་དག་མ་དག་ཐམས་ཅད་ལ་སྟོན་ནུས་པ་མ་ཡིན་ལ། ཕར་ཕྱིན་དུ་འཇིག་རྟེན་པའི་ལམ་ལ་སྦྱངས་པའི་སྟོབས་ཀྱིས་མཐོང་ལམ་ཀྱི་དུས་སུ་ཡོན་ཏན་གྱི་དྲོད་རྟགས་མང་པོ་འཐོབ་པ་ཡིན་ལ། འདིར་གདམས་པ་ཟབ་མོ་དང་བླ་མའི་མོས་གུས་ཀྱི་ས་ལམ་བཙན་ཆོད་དུ་བགྲོད་པས་མངོན་གྱུར་གྱི་དྲོད་རྟགས་ཚོ་མ་ཐོན་ཡང་ལམ་གྱི་གོ་མ་ཆོད་པ་མ་ཡིན་ལ། གདུལ་བྱ་དག་པ་ལ་དྲོད་རྟགས་སྟོན་ནུས་པའང་མི་ཁེགས་པ་ལགས། དྲོད་རྟགས་ཡོད་མེད་དང་ནུས་པ་ཆེ་ཆུང་གིས་ལམ་ཡིན་མིན་གྱི་ཚོད་འཛིན་པའང་མ་ཡིན་ཏེ། དེ་ལྟ་ན་ཕར་ཕྱིན་པ་ལ། སྔགས་བླ་ན་མེད་པའི་ས་ལམ་གྱི་ཡོན་ཏན་ཆ་ཤས་ཙམ་ཡང་མེད་དེ། མཚན་ཉིད་ཀྱི་ལམ་གྱིས་ས་ལམ་གྱི་གོ་མི་ཆོད་པར་གནས་འགྲོ། རྣལ་འབྱོར་བཞིའི་ལམ་རིམ་དང་ཕར་ཕྱིན་གྱིས་ལམ་གྱི་འགལ་བ་ཡང་དེས་འདུམ་འཚལ། ཞེས་སོགས་མཐའ་ཡས་པར་གསུངས་པ་བཞིན་དུ་ཉམས་སུ་བླང་དགོས་ཀྱི་དེ་ལྟར་མ་ཡིན་པར་ཐེ་ཚོམ་དང་སོམ་ཉི་བརྟག་དཔྱད་རྐྱང་པས་དུས་འདའ་བ་མ་གཏོགས་ཉམས་ལེན་གནད་དུ་མ་བསྣུན་པས་རྟོག་གེ་བ་དང་མཚན་ཉིད་པ་རྣམས་ཐལ་རྩེད་རྩེ་ཡིན་དབུ་ནག་རྡོག་གེ་བཞུགས་འདུག་པ་དེས་ལེན་པར་གདའ། ཕར་ཕྱིན་བཅུ་ལའང་སྦྱར་ཏེ་སྤྲོས་བྲལ་ཆུང་ངུའི་དུས་ཀྱི་ས་རབ་དགའ་ཐོབ་དུས་སྦྱིན་པའི་ཕར་ཕྱིན་ལ་ཉམས་ལེན་དུ་བྱ་ཞིང་སློབ་པར་བྱེད་པ་ནས་སྒོམ་མེད་འབྲིང་པོར་ཡེ་ཤེས་ཀྱི་ཕར་ཕྱིན་ལ་ཉམས་ལེན་བྱ་ཞིང་སློབ་པར་བྱེད་པ་སོགས་ཤེས་པར་བྱའོ། །ཆོས་ཐུན་གྱ་བརྒྱད་པའོ།། ༈ །།རྣལ་འབྱོར་བཞི་གསུམ་བཅུ་གཉིས་དང་ས་ལམ་སྦྱར་ཚུལ་འདི་གཉིས་རྗེ་རྒོད་ཚང་པའི་བཞེད་པའི་གཏིང་མཐིལ་ཕྱིན་རྟོགས་པ་མིན་ཀྱང་འོལ་ཚོད་ལ་འདི་བཞིན་ཡིན་པ་འདྲ་བསམ་པའི་མོས་བློས་ཡར་གཞལ་ཙམ་སྟེ། དེའི་གསུངས་ལ་སློབ་བུ་དམ་པ་འགས་ཟིན་བྲིས་སུ་བགྱིས་པ་ལས། རྩེ་གཅིག་ཆུང་ངུ་འདིའི་ཡོན་ཏན་དང་ཉམས་ལེན་ལ་ཚོགས་ལམ་བཞི་གསུམ་བཅུ་གཉིས་བརྩིས་ཏེ། ཞེས་དང༌། རྩེ་གཅིག་འབྲིང་པོ་མྱོང་བ་བརྟན་དུ་སོང་ནས་ཉམས་གསལ་སྟོང་ནམ་མཁའ་འདྲ་བ་དེ་དྲན་པས་ཟིན་ན་རྒྱུན་དུ་ཡང་ཡོང་རེས་མ་ཟིན་ཡང་ཡོང་འདི་ཀ་ལ་དྲོད་དང་རྩེ་མོ་ཡང་ཟེར་ཏེ། །ཞེས་དང༌། རྩེ་གཅིག་ཆེན་པོ་ཉམས་ཀྱི་ཁོར་ཡུག་ཅེས་པ་རྟོག་པ་ཐམས་ཅད་ཉམས་དེའི་ཐོག་ཏུ་ཐིམ་ནས་ཉིན་མཚན་མེད་པར་གསལ་སྟོང་ནམ་མཁའི་དཀྱིལ་ལྟ་བུ་འཆར་སྒོམ་མེད་ཀྱི་རྣལ་འབྱོར་དུ་སླེབ་སྙམ་པ་འབྱུང་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ། ཟག་བཅས་ཀྱི་མངོན་ཤེས་ལ་སོགས་པ་འཇིག་རྟེན་གྱི་ཡོན་ཏན་ཐམས་ཅད་འཆར་ཚུལ་འདི་ལ་བཟོད་པ་དང་ཆོས་མཆོག་ཅེས་ཀྱང་ཟེར་ཏེ། ཞེས་དང༌། སྤྲོས་བྲལ་དང་པོ་སྐྱེས་མ་ཐག་གི་སྐད་ཅིག་མ་མཐོང་ལམ་དེ་ནས་བཟུང་སྟེ་སྒོམ་མེད་འབྲིང་པོ་མན་ཆད་སྒོམ་ལམ་སྟེ། ཞེས་དང༌། སྤྲོས་བྲལ་དང་པོ་རྟོགས་པ་ལ་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་པ་དེས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་བྱེད་པ་ལ་དགའ་བ་ཁྱད་པར་ཅན་སྐྱེ་བས་ས་དང་པོ་རབ་ཏུ་དགའ་བ་ཟེར། ཞེས་དང༌། ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པས་ཉོན་མོངས་པ་སྒོམ་སྤངས་ཀྱི་དྲི་མ་བྲལ་བས་ས་གཉིས་པ་དྲི་མ་མེད་པ་ཟེར། ཞེས་དང༌། སེམས་སྐྱེ་འགག་ཐམས་ཅད་དང་བྲལ་བར་ཡེ་ནས་ཡོད་པ་དེ་བླ་མའི་བྱིན་རླབས་ཀྱིས་མངོན་དུ་བྱེད་པ་ལ་ས་གསུམ་པ་འོད་བྱེད་པ་ཟེར། ཞེས་དང༌། རྩ་བྲལ་གྱི་རྟོགས་པ་དེ་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་ཞིང་སེམས་ཅན་གྱི་དོན་གྲུབ་པ་ལ་ས་བཞི་པ་འོད་འཕྲོ་བ་ཟེར། ཞེས་དང༌། བགས་ཆགས་ཀྱི་དྲི་མ་སྦྱང་དཀའ་བ་རྣམས་སྦྱངས་བས་ས་ལྔ་པ་སྦྱང་དཀའ་བ་ཟེར། སྤྲོས་བྲལ་ཆེན་པོ་ནར་སོན་པའི་རྟོགས་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་སྐྱེ་མེད་དུ་མངོན་དུ་གྱུར་པས་ས་དྲུག་པ་མངོན་དུ་གྱུར་བ་ཟེར། སྒོམ་ལམ་ལ་ཟག་བཅས་ཟག་མེད་ཀྱི་དབྱེ་བ་སྤྲོས་བྲལ་འབྲིང་པོ་ས་དང་སྦྱར་ན་ས་བདུན་པ་རིང་དུ་སོང་བའི་ས་ཡིན་ཏེ། ཞེས་དང༌། ས་དང་བསྟུན་ན་ས་བརྒྱད་པ་མི་གཡོ་བའི་ས་ཡིན་ཏེ། ཆོས་རྗེའི་ཞལ་ནས། རོ་གཅིག་ས་ནི་བརྒྱད་པ་ཡིན། ཞེས་གསུངས། ཞེས་དང༌། རོ་གཅིག་ཆེན་པོ་སྒྱུ་མ་ཕྲ་མོ་བྱ་བ་དེ་ལ་འདོད་པ་ཡིན་གསུངས་པ་དང་སྦྱར་ན་ས་དགུ་པ་ཡོངས་སུ་རྫོགས་པ་བཅུ་པ་ཐོབ་མ་ཐག་པ་དེ་ཡིན་ཏེ། དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར་གསུངས་ཀྱང་འདི་ནི་དོན་ལས་དགུ་པ་རང་ཡིན་བཅུ་བའི་མཚན་གསོལ་བ་ཙམ་ལས་མེད་གསུངས། ཞེས་དང༌། སྒོམ་མེད་དང་པོ་རྟོགས་པའི་དུས་སུ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་སྤྲིན་ལྟར་གཏིབས་པས་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ། ཞེས་དང༌། སྒོམ་མེད་འབྲིང་པོ་ལྷུན་གྲུབ་ཀྱི་རང་ས་ཙིར་གྱིས་ཟིན་ཏེ་སྔར་བས་མྱོང་བ་བརྟན་དུ་སོང་ཞེས་པ་ནས་རང་གསལ་དུ་ཤར་བའི་གྲོལ་བ་དེ་ལ་ས་བཅུ་རྒྱུན་གྱི་ཐ་མ་ཁྱད་པར་གྱི་ལམ་ཟེར། ཞེས་པའི་བར་གསུངས་པ་དང༌། སྒོམ་མེད་ཆེན་པོ་འོད་གསལ་མ་བུ་འདྲེས་ནས་མཉམ་བཞག་རྗེས་ཐོབ་མེད་ཅིང་གཉུག་མ་མ་བཅོས་ཐོག་ཏུ་སླེབ་པས་རང་དོན་ཆོས་སྐུ་ཐོབ། །གཉུག་མའི་རང་ཙལ་ཕྱོགས་མེད་དུ་འབྱོངས་པས་གཞན་དོན་གཟུགས་སྐུ་གཉིས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་མཛད་པ་འདི་ལ་བཅུ་གཅིག་ཀུན་ཏུ་འོད་ཟེར་ཏེ། ཆོས་རྗེས། སྒོམ་མེད་བཅུ་གཅིག་མཐར་ཕྱིན་ལམ། ཞེས་གསུངས་པས་ལམ་ལྔ་ལས་མཐར་ཕྱིན་པའི་ལམ་སྟེ། ཞེས་གསུངས་པ་བཞིན་དུ་བསྒྲིགས་པ་ཡིན་ལ་འོན་ཀྱང་ཏི་གུ་སྤྲེང་གི་ཕར་ཕྱིན་ཐེག་པའི་ལམ་དང་སྦྱར་ཀྱང་ཆད་ལྷག་མེད་པར་རང་འགྲིག་དཀའ་དེ་མ་འགྲིག་པ་ལ་སྐྱོན་ཡང་མེད་དེ་འདིར་རྟེན་འབྲེལ་འགྲིག་ན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་ལ་ཕར་ཕྱིན་ཐེག་པར་གྲངས་མེད་གསུམ་གྱིས་འཚང་རྒྱ་བ་གཉིས་ལ་ཁྱད་པར་ཡོད་པའི་ཕྱིར། རྒོད་ཚང་པའི་བཞེད་པ་རྣམ་པ་དུ་མ་ཡོད་པ་ལས་གཅིག་ལ། ཚོགས་བསགས་པ་ཚོགས་ལམ་དང་ལས་དང་པོ་བའི་ས་རྩེ་གཅིག་སྦྱོར་ལམ་དང་མོས་སྤྱོད། སྤྲོས་བྲལ་མཐོང་ལམ་དང་ས་དང་པོ་རོ་གཅིག་ས་གཉིས་པ་ནས་བདུན་པའི་བར་སྒོམ་མེད་ཆུང་འབྲིང་ས་ལྷག་མ་གསུམ་སྟེ་དེ་རྣམས་སྒོམ་ལམ་སྒོམ་མེད་ཆེན་པོ་མཐར་ཕྱིན་པ་སངས་རྒྱས་ཀྱི་སར་ཡང་བཞེད། འགའ་ཞིག་རྣལ་འབྱོར་བཅུ་གཉིས་ལ་ཉམས་རྟོགས་སོ་སོར་དབྱེ་བས་ཉེར་བཞིར་ཕྱེ་ནས་ཉམས་ཀྱི་རྣལ་འབྱོར་བཅུ་གཉིས་སྦྱོར་ལམ་རྟོགས་པའི་རྣལ་འབྱོར་བཅུ་གཉིས་ཀྱི་རྩེ་གཅིག་གསུམ་ས་དང་པོ་གསུམ། སྤྲོས་བྲལ་གསུམ་བཞི་པ་ལྔ་པ་དྲུག་པ། རོ་གཅིག་གསུམ་བདུན་པ་བརྒྱད་པ་དགུ་པ། སྒོམ་མེད་གསུམ་བཅུ་པ་ནས་བཅུ་གཉིས་པའི་བར་དུ་སྦྱོར་བའང་ཡོད། ཡང་འགའ་ཞིག་དང་པོར་ལམ་ལ་ཞུགས་པ་ནས་བཟུང་རྩེ་གཅིག་གསུམ་ཚོགས་ལམ་དང་ལས་དང་པོ་པའི་ས། སྤྲོས་བྲལ་གསུམ་སྦྱོར་ལམ་དང་མོས་སྤྱོད་ཀྱི་ས། རོ་གཅིག་གསུམ་དང་སྒོམ་མེད་ཆུང་འབྲིང་མཐོང་སྒོམ་ནས་ས་བཅུ་པའི་བར་སྒོམ་མེད་ཆེན་པོ་མཐར་ཕྱིན་སངས་རྒྱས་ཀྱི་སར་བཞག་ན་ལེགས་ཏེ། སྤྲོས་བྲལ་ཆེན་པོའི་སྐབས་སུ་རོ་མཉམ་ཟུང་འཇུག་གི་རྟོགས་པ་ཅུང་ཟད་མེད་དེ། དེ་མེད་པར་ཆོས་ཉིད་ཀྱི་དོན་ཇི་ལྟ་བར་མི་རྟོགས་པས་སྤྲོས་བྲལ་ས་དང་པོ་དང་མཐོང་ལམ་དུ་བཞག་ན་ཅུང་མི་བདེ། སྔར་དེ་ལྟར་གསུངས་པ་རྣམས་ནི་སྤྲོས་བྲལ་མཐར་ཕྱིན་པ་ཞིག་ལ་དགོངས་དེར་སྟོང་འཛིན་སོགས་ཉམས་མྱོང་གི་ཞེན་འཛིན་ཐམས་ཅད་དག་ནས་ཟུང་འཇུག་རོ་མཉམ་གྱི་རྟོགས་པ་འཆར་བས་དེང་སང་གི་རྣམ་བཞག་འཆད་སྐབས་ཀྱི་སྤྲོས་བྲལ་ཆུང་འབྲིང་མཐོང་ལམ་དུ་བཞག་ན་དེའི་ཉམས་མྱོང་དང་ས་ཚོད་འགྲིག་དཀའ་བར་སེམས་སོ། །ཞེས་ཀྱང་བཞེད་པས་དེ་དག་ལ་སྤྱོད་ལྡན་དག་གིས་དཔྱོད་ཅིང་རང་གི་ཉམས་མྱོང་དང་གོ་བསྟུན་ནས་ཤེས་པར་བྱ་དགོས་སོ། འོན་ཀྱང་རྩེ་གཅིག་ཚོགས་སྦྱོར་སྤྲོས་བྲལ་མཐོང་ལམ་རོ་གཅིག་ནས་སྒོམ་མེད་འབྲིང་པོའི་བར་སྒོམ་ལམ་སྒོམ་མེད་ཆེན་པོ་སངས་རྒྱས་ཀྱི་སར་འཇོག་པ་ཤས་ཆེ་སྟེ། ཞང་རིན་པོ་ཆེས་ཀྱང༌། རྟོགས་པ་ལྷག་གི་ཤར་བ་དེ། །མཐོང་ལམ་རབ་ཏུ་དགའ་བའི་ས། །རོ་སྙོམས་རྟོགས་པ་དེ་ཉིད་ལ། །གོམས་པར་བྱེད་པ་སྒོམ་པའི་ལམ། །སྒོམ་དུ་མེད་ན་མཐར་ཕྱིན་ལམ། །ཞེས་དང༌། རྒོད་ཚང་པའི་རེ་མིག་མ་ལས། ལམ་ལྔ་ས་བཅུའི་གནས་ཚོད་རྩེ་གཅིག་ཚོགས་ལམ་བཞི་གསུམ་བཅུ་གཉིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་སྤྲོས་བྲལ་མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་ས་དང་པོ་རབ་ཏུ་དགའ་བ་ཐོབ། རོ་གཅིག་སྒོམ་ལམ་འཕགས་ལམ་ཡན་ལག་བརྒྱད་པ་ས་དགུ་པ་ཐོབ་པའོ། །སྒོམ་མེད་མཐར་ཕྱིན་ལམ་ས་བཅུ་གཅིག་ཀུན་ཏུ་འོད་གནོན་པའོ། །ཞེས་དང༌། གྲུབ་ཐོབ་གླིང་གིས་ཀྱང༌། དང་པོ་རྩེ་གཅིག་སྦྱོར་བའི་ལམ། ངེས་ཤེས་ཅུང་ཟད་སྐྱེས་པ་དྲོད། དེ་ཉིད་འཕེལ་བས་རྩེ་མོ་སྟེ། །སེམས་མེད་མི་སྐྲག་བཟད་པ་ཡིན། །རྩེ་གཅིག་འཇིག་རྟེན་ཆོས་ཀྱི་མཆོག །སྤྲོས་དང་བྲལ་བ་མཐོང་བའི་ལམ། །དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར། །སྒོམ་མེད་བཅུ་གཅིག་མཐར་ཕྱིན་ལམ། །ཞེས་དང༌། རྒྱ་རས་ཀྱིས། ས་སོགས་ལམ་ལ་དགོས་མེད་ཀྱང༌། །འོན་ཀྱང་བསྟན་ན་འདི་ལྟར་འདོད། །མཎྜལ་འབུལ་བ་ཚོགས་ཀྱི་ལམ། །ཉམས་མྱོང་སྐྱེས་པ་སྦྱོར་བའི་ལམ། །རྟོགས་པ་སྐྱེས་པ་སྒོམ་པའི་ལམ། །རོ་གཅིག་པ་ནི་ས་བརྒྱད་པ། །སྒོམ་མེད་བཅུ་གཅིག་མཐར་ཕྱིན་ལམ། །ཞེས་སོགས་མང་དུ་འབྱུང་བས་སོ། །རྣལ་འབྱོར་བཞི་པོ་འདིའི་ངོ་བོ་དང་མཉམ་བཞག་རྗེས་ཤེས་རྗེས་སྣང་རྗེས་ཐོབ་རྣམས་ཀྱི་རིམ་པ་སྤང་བྱ་དང་རྩལ་རྫོགས་མ་རྫོགས་ངོ་བོ་མཐོང་མ་མཐོང་སོགས་ཀྱི་རྣམ་བཞག་བོགས་འདོན་གེགས་སེལ་རྣལ་འབྱོར་བཞིའི་ཁྱད་པར་ཆེ་འབྲིང་ཆུང་གསུམ་དུ་འཇོག་པ་སྒྲིབ་པ་གཉིས་སྤོང་ཚུལ་ས་དང་ལམ་བགྲོད་ལུགས་སོགས་རྒྱས་པར་ཁྲིད་ཡིག་རྙིང་པ་ཁུངས་བཙུན་རྣམས་ལས་འབྱུང་བས་འདིར་མ་བཀོད་ཀྱང་དེ་དག་ཏུ་བལྟ་ཞིང་བླང་དོར་ཚུལ་བཞིན་དུ་བྱོས་ཤིག །རྣལ་འབྱོར་པ་ཞིག་གི་ཉམས་ཐོག་ཏུ་དྲིལ་ན། སེམས་གསལ་ལ་མི་རྟོག་པ་སིང་ངེ་ཡེ་རེ་བ་དེ་ལས་གཞན་དུ་མི་འཕྲོ་བའམ། ཞི་ལྷག་ཟུང་དུ་འབྲེལ་བའི་རྒྱུན་ལ་རྩེ་གཅིག་ཏུ་གནས་པ་དེ་རྩེ་གཅིག །སེམས་ཀྱིས་སེམས་ཉིད་སྐྱེ་མེད་དུ་གསལ་སིང་གི་ཤར་བ་དེའི་རང་ངོས་ནས་འཁོར་གསུམ་གྱི་སྤྲོས་པ་དང་བྲལ་བ་སྤྲོས་བྲལ། སྣང་བ་སྣ་ཚོགས་སུ་སྣང་ཡང་རང་གི་སེམས་ཉིད་དུ་རོ་གཅིག་ཅིང་བདག་གཞན་འཁོར་འདས་སོགས་གཉིས་ཆོས་ཐམས་ཅད་རོ་གཅིག་ཏུ་གྱུར་པ་རོ་གཅིག །ཡིན་མིན་ཕན་ཚུན་གང་དུ་བལྟས་ཀྱང་རང་གི་སེམས་ཉིད་དེའང་སྒོམ་བྱ་སྒོམ་བྱེད་ལ་སོགས་པ་གང་དུའང་མ་གྲུབ་པར་འོད་གསལ་དུ་ཆམ་ཆམ་འཆར་བ་སྒོམ་མེད་ཀྱི་རྣལ་འབྱོར་ཞེས་བྱའོ། །དེ་ཡང་རང་རྒྱུད་ལ་བརྟགས་ཏེ་ཁོ་བོ་ཅག་གི་ད་ལྟའི་དགེ་སྦྱོར་འདི་རྩེ་གཅིག་གི་སྐབས་སུ་འདུག་གམ་གང་དུ་འདུག་བརྟགས་ཏེ་རྩེ་གཅིག་གིའང་ཆུང་འབྲིང་སོགས་གང་དུ་འདུག་བརྟགས་ཏེ་འོག་མར་འདུག་ན་རིམ་གྱིས་གོང་མ་གོང་མར་ན་འཕར་ཞིང་འཇུག་པའི་ཐབས་ལ་རྩོལ་བས་འབད་པར་བྱའོ། །ཉམས་རྟོགས་གོང་ནས་གོང་དུ་འཕེལ་བའི་ཐབས་ཀྱི་གཙོ་བོ་ཞེན་ལོག་ངེས་འབྱུང་བྱམས་སྙིང་རྗེ་དང་ཁྱད་པར་ཁ་ཞེ་མེད་པར་བླ་མ་ལ་སངས་རྒྱས་སུ་ངེས་པས་དུས་རྟག་ཏུ་གསོལ་བ་བཏབ་པའི་མཐུ་ཁོ་ན་ལས་འབྱུང་བས་དེ་ལྟར་ཤེས་པར་བྱས་ནས་གསོལ་འདེབས་ལ་ནན་ཏན་དུ་བྱ་ཞིང་གཞན་ཡང་ན་འཕར་ཞིང་གེགས་སེལ་ཐབས་དམིགས་པ་དང་སྤྲོས་བཅས་ཀྱི་ཐབས་སོགས་ལའང་ཤུགས་འབྱུང་གིས་འབད་དགོས་སོ། །འདི་དག་ལ་ལམ་བགྲོད་ཚུལ་རྣལ་འབྱོར་བཞི་གསུམ་བཅུ་གཉིས་སྐྱེ་ཚུལ་སོགས་སྙིང་པོར་དྲིལ་ཏེ་ལུང་རྒྱབ་སོགས་ཀྱི་སྤྲོས་པ་བསྐྱངས་ཏེ་བསྟན་པ་ལགས་སོ། །ཞིབ་ཏུ་བཀའ་བརྒྱུད་གོང་མའི་གསུང་དང་ཡིག་ཆ་བཞན་དུ་གསལ་ཞིང་རྟོགས་ལྡན་གྱི་བླ་མའི་ཐུགས་རྒྱུད་ལ་ཇི་ལྟར་མངའ་བ་སྐལ་ལྡན་གྱི་སློབ་བུ་ལ་སྟོན་པར་འགྱུར་བ་རྣམས་ལ་ཚུལ་བཞིན་དུ་སློབ་པར་བྱ་དགོས་སོ། །རྒྱས་པར་རྣལ་འབྱོར་བཞི་པོའི་ཆུང་འབྲིང་ཆེན་པོ་རེ་རེ་ལ་ཐུན་རེ་བྱས་ཀྱང་ཆོག་པས། ཆོས་ཐུན་གྱ་དགུ་པའོ། །བསྡུ་ན་རྣལ་འབྱོར་བཞི་ཕྱོགས་གཅིག་བསྡོམས་ནས་འདིར་ཐུན་གཅིག་བྱས་ཀྱང་ཆོག ༈ །བཞི་པ་འབྲས་བུ་མངོན་དུ་བྱེད་ཚུལ་ནི། དེ་ལྟར་རྣལ་འབྱོར་བཞི་གསུམ་བཅུ་གཉིས་ཚུལ་བཞིན་རྒྱུད་ལ་སྐྱེས་ཏེ་སྒོམ་མེད་མཐར་ཕྱིན་པ་ལས་རྫོགས་པའི་སངས་རྒྱས་ཐོབ་པ་ཡིན་ལ། དེ་ལའང་དབྱིངས་དང་ཡེ་ཤེས་རོ་མཉམ་པ་གཞིའི་དོན་ལ་ཞི་ལྷག་ཟུང་དུ་འཇུག་པ་མཆོག་བསྒྲུབས་པས་འབྲས་བུ་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གཉིས་མངོན་དུ་བྱེད་དེ། ཆོས་སྐུ་ནི་ལྷག་མཐོང་ངོ་བོ་རྟོགས་པའམ་རྣམ་པར་མི་རྟོག་པའི་རང་བཞིན་མཐར་སོན་པའི་འབྲས་བུ་དང་གཟུགས་སྐུ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་མངོན་དུ་བྱས་པ་ལས་སམ། ཇི་སྙེད་མཁྱེན་པའི་ཤེས་རབ་ཀྱི་ཆ་ལས་བྱུང་བ་ཡིན་ལ་དེའང་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་ཆོས་སྐུ་དག་མ་དག་གང་འདུལ་གྱི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པ་གཟུགས་སྐུ་སྟེ་འདི་ལས་སྐུ་གསུམ་དང་བཞི་ལ་སོགས་པ་དབྱེར་རུང་བའོ། །དེས་ན་རང་དོན་ཆོས་སྐུ་ལས་མ་གཡོས་བཞིན་གཞན་དོན་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་ཅིང་དེའང་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་དོན་རྒྱ་ཆེན་ཀུན་ཁྱབ་མཐའ་གྲུ་རྒྱས་པར་འབྱུང་ངོ༌། །དེར་མ་ཟད་བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་ཀྱིས་རང་དོན་མཐར་ཐུག་རྫོགས། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་མཛད་ནས་གང་ཟག་གི་དབང་པོའི་རིམ་པ་དང་བསྟུན་ནས་རིམ་གྱིས་ལམ་ལ་ཁྲིད་དེ་གནས་ལུགས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་འདི་ཉིད་ཚེ་གཅིག་ལུས་གཅིག་སྟན་ཐོག་གཅིག་ཏུ་མངོན་དུ་འགྱུར་བའི་ཐབས་མཆོག་ཏུ་གྱུར་པ་འདི་ཉིད་བསྟན་པས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབད་མེད་དུ་བསྐྲུན་ཏེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་ཏེ་ཕྲིན་ལས་རྒྱ་ཆེན་པོའི་སྒོ་ནས་འགྲོ་བ་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པའི་མཐུ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །སྐུ་དང་འཕྲིན་ལས་ཀྱི་རྣམ་བཞག་ཞིབ་ཏུ་སྔར་གྱི་ཡིག་ཆ་རྣམས་དང་ཟུར་དུ་གསལ་བ་རྣམས་ལས་འབྱུང་བས་འདིར་མ་བཀོད། དེ་དག་གིས་ནི་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྒོ་ནས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་དང་ཉམས་སུ་བླངས་བྱའི་རིམ་པ་རྣམས་ཀྱི་དམིགས་རིམ་ལེགས་པར་གྲུབ་པ་ཡིན་ནོ། །ཆོས་ཐུན་དགུ་བཅུ་པའོ།། ༈ །།འདིར་འཕྲོས་དོན་ཅུང་ཟད་བཤད་ན། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་པའི་དོན་འཆད་པ་ལ། ངོ་བོ་ངོས་གཟུང་བ། དབྱེ་བ། མཚན་གྱི་སྒྲ་བཤད། ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྱད་པར། ཉམས་སུ་བླངས་པའི་ཕན་ཡོན་དང་ལྔ་ལས། དང་པོ་ནི། སྤྱིར་ཕྱག་རྒྱ་ཆེན་པོ་དང་དབུ་མ་ཆེན་པོ་དང་རྫོགས་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་མིང་གི་འདོགས་ཚུལ་ལ་དུ་མ་ཡོད་ཀྱང་ངོ་བོ་ལ་དབྱེར་མེད་ལ་ཕྱག་རྒྱ་ཆེན་པོའི་ངོ་བོ་ནི་བརྗོད་པ་དང་ངོས་གཟུང་ཐམས་ཅད་དང་བྲལ་ལ། དེ་ལྟ་ནའང་མཛུབ་མོས་ཟླ་བ་མཚོན་པ་ལྟར་ཚིག་གི་སྒོ་ནས་བརྗོད་པས་དངོས་དོན་གཏན་ལ་འབེབས་པར་ནུས་ཏེ། ཐབས་ཀུན་རྫོབ་ལ་བརྟེན་ནས་ཤེས་རབ་དོན་དམ་རྟོགས་ནུས་པ་བཞིན་ནོ། །དེ་སྐད་དུའང༌། ཀུན་རྫོབ་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་གསུངས་སོ། །དེས་ན་ཕྱག་རྒྱ་ཆེན་པོ་ནི། སྐྱེ་འགག་གནས་གསུམ་དང་བྲལ་བ་བསམ་གྱིས་མི་ཁྱབ་པ་གཞི་གདོད་མ་ནས་ལྷུན་གྱིས་གྲུབ་པ། དཔྱད་པ་ལས་བྱུང་བ་མ་ཡིན་ཞིང་སྨྲ་བསམ་གྱི་ཡུལ་ལས་འདས་པ་ཡོད་མེད་སྟོང་མི་སྟོང་སོགས་མུ་བཞི་ལས་གྲོལ་ཞིང་མཐའ་ཐམས་ཅད་དང་རེ་དོགས་ཀུན་དང་བྲལ་བ་དུས་ཐམས་ཅད་དུ་འཕོ་འགྱུར་དང་བཟང་ངན་མེད་པ་ཀུན་ཁྱབ་ཀུན་ལས་འདས་པ་ཡོད་མ་མྱོང་མེད་མ་མྱོང་སྣང་སྟོང་རྟག་ཆད་འཁྲུལ་གྲོལ་ཐམས་ཅད་དང་བྲལ་བ་སངས་རྒྱས་ཀྱིས་མ་མཛད། སེམས་ཅན་གྱིས་མ་བཅོས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ། མདོག་མ་བསྒྱུར། །གཟུགས་མ་འདྲེས། སྒོམ་རང་བབས། སྐྱོན་རང་དག །ཡོན་ཏན་ཡོངས་རྫོགས། མཐའ་ཡེ་བྲལ། སྐུ་གསུམ་རང་ཆས། །སྤངས་རྟོགས་ཕུན་ཚོགས། མཁྱེན་པ་གཉིས་ལྡན་དུ་ལམ་མེ། དངོས་པོ་གཤིས་ཇི་ལྟར་གནས་པའི་གནས་ལུགས། འཁོར་འདས་གཉིས་སུ་རྒྱབ་མ་གྱེས་བློ་ཡི་བྱར་མ་བཏུབ། ཐ་སྙད་ཀྱི་གདགས་ས་མ་རྙེད་སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་བ་ཅིར་ཡང་སྣང་ལ་གང་དུའང་མ་གྲུབ་པ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པ་གཉིས་སུ་མེད་པའི་ཡེ་ཤེས་རྒྱུན་ཆད་མེད་ཅིང་ཆོས་ཉིད་ནམ་མཁའ་ལྟ་བུ་གསལ་སྟོང་སྤྲོས་བྲལ་བདེ་སྟོང་དབྱེ་བ་མེད་པར་རྣམ་པ་ཀུན་གྱིས་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡེ་གདོད་མའི་གནས་ལུགས་ཆོས་ཐམས་ཅད་ཀྱི་དབྱིངས་དམ་པར་གྱུར་པ་དེ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ། འདི་དག་སྟོན་བྱེད་ཀྱི་ལུང་ནི་བཀའ་སྡེ་སྣོད་རྒྱུད་སྡེ་བླ་མའི་མན་ངག་རྣམས་ལས་མང་དུ་འབྱུང་ཡང་ཡི་གེས་འཇིགས་པས་མ་བྲིས་སོ། །འོ་ན་དེ་འདྲའི་ཕྱག་རྒྱ་ཆེན་པོ་དེ་ཧ་མི་གོ་བས་ཉམས་སུ་བླང་དུའང་མི་བཏུབ་པས་དེའི་སྙིང་པོ་པོ་ཏི་མཛུག་བུ་འཛུག་ས་མེད་དམ་ཞེ་ན། །དེ་ནི་སྙིང་པོར་དྲིལ་ན་རང་གི་སེམས་མི་དྲན་དགུ་དྲན་རིག་རིག་ཏུར་ཏུར་པོ་གཞན་གྱིས་བློ་ཁ་མ་བསྒྱུར་བ་ཐོག་མའི་སེམས་ཐ་མལ་གྱི་ཤེས་པ་ཞེས་བྱ་བ་འདི་ཁོ་ན་ཡིན་གྱི་དེ་ལས་གཞན་དུ་བཙལ་དུ་མེད་དོ། །དེ་སྐད་དུའང༌། དྭགས་པོ་རིན་པོ་ཆེས། ཐ་མལ་བའི་ཤེས་པ་འདི་ཉིད་གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པ་མ་བཅོས་པ་སངས་རྒྱས་ཀྱི་དགོངས་པ་ཡིན་གྱི་ལོགས་ནས་མི་རྟོག་པ་ལ་སོགས་པའི་ཡོན་ཏན་ཅི་ཡང་སྒོམ་དུ་མེད། །ཅེས་དང༌། ཡང་ན་སླ་བ་ཡིན་ཏེ་གཞན་ནས་བཙལ་མི་དགོས་པར་རང་ལ་ཡོད་དེ་ངའི་སེམས་ངའི་སེམས་ཟེར་བ་འདི་ཡིན། མཚན་ཉིད་སྣ་ཚོགས་ལ་བལྟ་བ་མིན་ངོ་བོ་མ་བཅོས་པ་རང་གསལ་ཙམ་དུ་སིང་ངེ་ཡེ་རེ་བ་འདི་རང་ཡིན། ཞེས་དང༌། ཞང་རིན་པོ་ཆེས། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཟེར་བའི་སྒྲ་བོ་ཆེ་དེ་རང་གི་སེམས་ལ་ཟེར་བ་ཡིན། སེམས་ངོ་མ་ཤེས་ན་ངའི་སེམས་ངའི་སེམས་ཟེར་བའི་མི་དྲན་དགུ་དྲན་པའི་རིག་རིག་པོ་འདི་རང་ཡིན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་འདི་རང་ལས་མ་འདས། བཀའ་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱི་བཅུད་ཀྱང་འདི་རང་ཡིན། ཞེས་དང༌། རྒོད་ཚང་པས། འོ་ན་ཇི་ལྟར་ཡིན་གྱིས་དང་ད་ལྟར་གྱི་ཐ་མལ་གྱི་ཤེས་པ་དངོས་འཛིན་དང་སྟོང་འཛིན་ཡེ་བྲལ་དུ་འདུག་པ་འདི་ལ་ཕྱག་རྒྱ་ཆེན་པོར་མཛུག་གུ་འཛུགས་པ་ཡིན་ཏེ། འདི་ལ་འཆར་སྒོ་དཔག་ཏུ་མེད་པ་ཞིག་ཡོད་ཀྱང་གཉུག་མ་མ་བཅོས་པའི་ཤེས་པ་གཅིག་པུ་འདི་ཀའི་འགྲོས་ལས་མེད། ཅེས་སོགས་དང༌། ཨོ་རྒྱན་པས། དེའང་ད་ལྟར་གྱི་སེམས་ཉིད་འདི་ཀ་ལས་སངས་རྒྱས་པའི་བཟང་པོ་གཞན་ནས་བཙལ་དུ་མེད་དེ། སེམས་ཀྱི་གནས་ལུགས་ཡེ་གདོད་མ་ནས་ཆོས་ཀྱི་སྐུ་རུ་ལྷུན་གྱིས་གྲུབ་པར་བཞུགས་པ་ཡིན། ཞེས་དང༌། སམྦུ་ཊི་ལས། ཕྱི་དང་ནང་གི་བདག་ཉིད་ཅན། །འདི་དག་ཐམས་ཅད་སེམས་ཀྱིས་བཏགས། །སེམས་ལས་མ་གཏོགས་པ་ཉིད་ནི། །གཞན་དུ་ཡོད་པ་མ་ཡིན་ནོ། །ཞེས་དང༌། རྒྱལ་བ་ཡང་དགོན་པས། ཕྱག་རྒྱ་ཆེན་པོ་ཞེས་པ་ལ། འགའ་ཞིག་ཕྱག་སྣང་བ། རྒྱ་སྟོང་པ། ཆེན་པོ་ཟུང་དུ་འཇུག་པ་ལ་ཟེར་ཏེ། དེ་ཆོས་ཀྱི་ཕྱག་རྒྱའི་སྐད་ཡིན། ཕྱག་རྒྱ་ཆེན་པོའི་སྐད་མིན། གསལ་སྟོང་གི་སྐད་ཐམས་ཅད་དམ་ཚིག་གི་ཕྱག་རྒྱའི་སྐད་ཡིན་བདེ་སྟོང་གི་སྐད་ཐམས་ཅད་ལས་ཀྱི་ཕྱག་རྒྱའི་སྐད་ཡིན། ཕྱག་རྒྱ་ཆེན་པོ་ནི་བྲམ་ཟེ་ཆེན་པོ་ས་ར་ཧའི་བཞེད་པའི་རྐྱེན་གསུམ་དང་བྲལ་བ། དགའ་བ་བཞི་ལས་འདས་པ། འོད་གསལ་ལས་ཁྱད་པར་དུ་གྱུར་པ་བྱ་བ་ཞིག་བཞེད་པས་ན། ཕྱག་རྒྱ་ཆེན་པོ་ནི་བདེ་བའི་རྐྱེན་ལ་མི་ལྟོས། གསལ་བའི་རྐྱེན་ལ་མི་ལྟོས། མི་རྟོག་པའི་རྐྱེན་ལ་མི་ལྟོས་པས་རྐྱེན་གསུམ་དང་བྲལ་བའོ། །ཞེས་དང༌། ཕྱག་རྒྱ་ཆེན་པོ་ནི་བླ་མས་བསྟན་དུ་མེད། སློབ་མས་གོ་རུ་མེད་པ། ཉམས་དང་མྱོང་བས་མ་སྦགས་པ་དང༌། ངེས་ཤེས་ཀྱིས་མ་བསླད་པ། ལྟ་སྒོམ་སྤྱོད་པས་མ་ཕྱེ། གཞི་ལམ་འབྲས་གསུམ་དུ་མ་ཆད་པར་འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་འདི་ལ། བསལ་བཞག་གམ། བཅིངས་གྲོལ་ལམ། གཉེན་པོས་བཅོས་གཅིག་ཀྱང་མ་བྱས་པར་རང་སར་ངོ་ཤེས་ཤིང་རང་གྲོལ་བ་ལ་ཕྱག་རྒྱ་ཆེན་པོ་ཟེར་བ་ལགས་སོ། །ཞེས་གསུངས་པ་དང༌། རི་ཁྲོད་དབང་ཕྱུག་གིས། ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། ཅེས་སོགས་མཐའ་ཡས་པར་གསུངས་སོ། །ཆོས་ཐུན་གོ་གཅིག་པའོ།། ༈ །།གཉིས་པ་དབྱེ་བ་ནི། དབྱེ་ཚུལ་བརྗོད་ཀྱིས་མི་ལང་ཡང༌། བསྡུ་ན་གཞི་ཕྱག་རྒྱ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་ཕྱག་རྒྱ་ཆེན་པོ་དང་གསུམ་ལས། དང་པོ་ནི། གོང་དུ་བསྟན་པ་ལྟར་གྱི་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པ་འཕགས་པའི་གང་ཟག་གིས་རྟོགས་ཤིང་མངོན་དུ་བྱ་རྒྱུ་ཁམས་གསུམ་འཁོར་བའི་གཤིས་ཀྱི་བབས་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཞི་ཀུན་ལ་ཁྱབ་པ་འོ་སྐོལ་སེམས་ཅན་འཇག་མིག་གི་སྲིན་བུ་ཡན་ཆད་ནས་སངས་རྒྱས་མར་བཅད་པ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་བཟང་ངན་དང་ཆེ་ཆུང་ལ་སོགས་པ་མེད་པའི་རང་བཞིན་རྣམ་དག་དེ་ཡིན། གནས་ལུགས་ཆོས་སྐུའི་བཞུགས་ཚུལ་དེ་རྟོགས་མ་རྟོགས་གཉིས་ལ་འཁོར་འདས་གཉིས་བྱུང་བ་ལས་རྟོགས་པའི་དུས་ན་ཡང་གཞིའི་དུས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བ་སྣང་སྲིད་འཁོར་འདས་ཀྱི་བྱེད་པ་པོ་འདི་ཀ་ལས་མི་འདའ་བས་ཕྱག་རྒྱ་དེའི་གོང་ན་ཆོས་སྐུ་ཞེས་བཟང་པོ་ཞིག་བཙལ་དུ་མེད་པས་ཆེན་པོ་ཞེས་གདགས་སུ་རུང་བའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དེ་ཉིད་ཡོད་ཅིང་དེའང་སྣང་སྟོང་རིག་སྟོང་བདེ་སྟོང་དབྱེར་མེད་པ་སྐུ་གསུམ་ཡེ་ཤེས་ལྔའི་རང་བཞིན་དུ་ལྷུན་གྱིས་གྲུབ་སྐྱེ་འགག་གནས་གསུམ་ཡོད་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གནས་ཀྱང་རང་གི་ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་རང་ངོ་མ་ཤེས་ཏེ། །དཔེར་ན་མུན་པའི་ནང་དུ་གཟུགས་བསྟན་པ་བཞིན་ནོ། །གནས་ལུགས་དེ་སྨྲ་བསམ་ཤེས་བརྗོད་ལས་འདས་ཤིང་ངོས་གཟུང་བྲལ་བས་མེ་དང་ནམ་མཁའ་ལ་རི་མོ་བྱེད་མ་གཏུབ་པ་བཞིན་ནོ། །ཡུལ་ཡུལ་ཅན་རིག་བྱ་རིག་བྱེད་དང་བྲལ་བས་མ་ཤེས་ཏེ། མིག་གིས་མིག་མ་མཐོང་བ་བཞིན་ནོ། །དེ་སྟོན་མཁན་གྱི་བླ་མ་མེད་པས་མ་ཤེས་ཏེ། རྒྱལ་བུ་དམངས་སུ་འཁྱམས་པ་བཞིན་ནོ། །དབྱིངས་གཅིག་ཏུ་གྲུབ་པས་མ་ཤེས་ཏེ། སྨན་ག་བུར་དུག་ཏུ་སོང་བ་བཞིན་ནོ། །ངོ་བོ་རིག་པར་གནས་པ་དེས་དེ་མ་ཐག་ལོག་པར་རིག་ནས་ཕྱིན་ཅི་ལོག་ཏུ་བཏགས་པས་མ་ཤེས་ཏེ་ཐག་པ་ལ་སྤྲུལ་དུ་འཁྲུལ་བ་བཞིན་ནོ། །དེས་ན་ཀུན་བརྟགས་པའི་མ་རིག་པས་རང་རིག་དེ་ཉིད་ངོ་མ་ཤེས་པས་ང་མེད་པ་ང་བདག་མེད་པར་བདག་སྤྲོས་པ་མེད་པར་སྤྲོས་པ་ཆགས་སྡང་རྨོངས་གསུམ་སོགས་ཀྱིས་ཀུན་ནས་བསླངས་ཏེ་ལས་བསགས་པའི་རྣམ་སྨིན་སོ་སོར་འབྱུང་ཞིང་འཁོར་བར་འཁྱམས་པ་ཡིན། ཡང་ཉེ་དྲགས་པས་ངོ་མ་ཤེས་པའི་སྐྱོན་གྱིས་རང་ལ་ཡོད་གཏན་དུ་འགྲོགས་ཀྱང་ཐག་མ་ཆོད་པ་རང་གི་གདོང་བཞིན་དུ་མ་རིག་པས་འཁོར་བར་འཁྱམས། སླ་དྲགས་པས་ཡིད་མ་ཆེས་ཏེ་བློ་ཆུང་རྣམས་སངས་རྒྱས་ནི་མཚན་དཔེས་བརྒྱན་པའམ་ཆོས་ཀྱི་སྐུ་ཅན་ཡིན་པ་ལ་ཐ་མལ་གྱི་ཤེས་པ་འདི་འདྲ་མིན་དོན་མེད་སྙམ་ནས་ཡིད་མ་ཆེས་པས་མ་ཤེས་ལ། ཟབ་དྲག་པས་མ་ཤེས་ཏེ་རྟོགས་པའི་དྲ་བས་གཡེངས་ཏེ་ཡེངས་མེད་ཀྱི་དྲན་པ་དང་བྲལ་བས་ངོས་མ་ཟིན་པའི་སྐྱོན་གྱིས་མ་ཤེས་སོ། །བཟང་དྲགས་ནས་མ་ཤེས་ཏེ། སེམས་རང་ལུགས་སུ་གློད་དེ་དེའི་ངང་ནས་ངོས་གཟུང་མེད་པའི་ཤེས་པ་རང་རིག་ཡུལ་མེད་དུ་ས་ལེ་བ་འདི་ཀ་ཆོས་ཀྱི་སྐུ་ཡིན་ཀྱང་ཆོས་ཀྱི་སྐུ་དེ་ལྟ་བུ་བློར་མ་ཤོང་ནས་མ་ཤེས་སོ། །དེས་ན་མ་རིག་པ་དེ་དག་སྤོང་བར་བྱེད་དགོས་ཤིང་སྤོང་ཐབས་ལ་བླ་མའི་གདམས་ངག་དང་ལམ་ཕྱག་རྒྱ་ཆེན་པོ་དང་ཉམས་ལེན་གྱི་རིམ་པ་རྣམས་ལ་བརྩོན་པ་བསྐྱེད་པས་སེལ་ལོ། །ཆོས་ཐུན་གོ་གཉིས་པའོ།། ༈ །།གཉིས་པ་ནི། གཞི་དེ་ལྟར་ཆོས་ཀྱི་སྐུ་རུ་ཡེ་གདོད་མ་ནས་ཡོད་པ་དེ་མངོན་དུ་བྱེད་པའི་ཐབས་གོང་དུ་བསྟན་པའི་མན་ངག་གི་རིམ་པ་རྣམས་དང་དེ་ཉམས་སུ་ལེན་པར་བྱེད་པའི་སྐབས་ཀྱི་ཉམ་མྱོང་མངོན་པར་རྟོགས་པ་དང་བཅས་པ་རྣམས་ཡིན་ཅིང༌། དེའང་བླ་མའི་མན་ངག་ལྟར་ཉམས་སུ་བླངས་པས་གློ་བུར་གྱི་དྲི་མ་ཕལ་ཆེར་དག་ནས་རང་ཉིད་ཀྱིས་ཀྱང་སེམས་རང་བཞིན་མེད་པར་རྟོགས་ཤིང་ངོ་ཤེས་ནས་དེ་གོམས་པར་བྱེད་པ་ཡིན་ལ། དེ་རྟོགས་པར་བྱེད་པའི་ཐབས་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་དུ་མ་གསུངས་ཀྱང་བཀའ་རྒྱུད་རིན་པོ་ཆེ་འདིའི་ལུགས་ལ་ཐམས་ཅད་ལམ་ཟབ་མོ་བླ་མའི་མོས་གུས་སུ་འདུས་པར་བཞེད་དེ། རྒོད་ཚང་པས། འདུལ་བའི་སྡེ་སྣོད་ཐམས་ཅད་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་འདུས་ལ། དེ་ཡང་མོས་གུས་སུ་འདུས་ཏེ། བླ་མ་ལ་མོས་གུས་ཀྱིས་གསོལ་བ་འདེབས་པའི་དུས་སུ་ཉོན་མོངས་པ་ཞེ་སྡང་མི་སྐྱེ་བར་གདའ་བས་ཞེ་སྡང་གི་གཉེན་པོར་དེ་སོང༌། དེ་བཞིན་དུ་ཉོན་མོངས་པ་ཀུན་ལ་དེས་འགྲེ། ཞེས་སོགས་དང༌། མདོ་སྡེའི་སྡེ་སྣོད་ཐམས་ཅད་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པར་འདུས་ལ་དེ་ཡང་ཟབ་མོ་མོས་གུས་ཀྱི་ལམ་འདིར་འདུས་ཏེ། ཆོས་ཀྱི་སྐུའི་མོས་གུས་ཀྱིས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་ནས་རང་གི་སེམས་ཀྱི་ངོ་བོ་སྐྱེ་འགག་དང་བྲལ་བར་རྟོགས་པའི་ས་མཱ་དྷི་དེ་ལ་ཉོན་མོངས་དང་རྣམ་རྟོག་གིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ཏིང་ངེ་འཛིན་དེར་ནི་ཏིང་ངེ་འཛིན་བརྒྱ་འདུ་བར་མགོན་པོ་འབྲི་ཁུང་པ་ཀུན་བཞེད་པར་འདུག །ཅེས་དང༌། མངོན་པའི་སྡེ་སྣོད་ཀྱང་ལྷག་པ་ཤེས་རབ་ཀྱི་བསླབ་པར་འདུས། དེ་ཡང་ཟབ་མོ་མོས་གུས་ཀྱི་ལམ་འདིར་འདུས་ཏེ། རྗེའི་བྱིན་རླབས་ཀྱིས་མཐོ་དམན་འབྲིང་གསུམ་བླ་མ་ཆོས་སྐུར་ཤར། ལུས་སྣང་སེམས་གསུམ་ཐམས་ཅད་རང་སེམས་གཉུག་མ་སྤྲོས་བྲལ་དུ་རོ་གཅིག་ཏུ་རྟོགས་པས་ཤེས་བྱ་ཐམས་ཅད་ཀྱི་སྒྲོ་འདོགས་སེམས་ཐོག་ཏུ་ཆོད་ཅིང་དབང་བསྒྱུར་བས་ཏེ། ཞེས་དང༌། རྒྱུད་སྡེ་བཞི་ཡང་མོས་གུས་སུ་འདུས་ཏེ་ཞེས་པ་ནས། ལུས་ལོངས་སྤྱོད་ཐམས་ཅད་ཀྱིས་བླ་མ་མཆོད་པས་ཞབས་ཐོག་ཏུ་སྲོག་གཏོང་ཞིང་ལུས་ལ་ལྕགས་གཟེར་སྟོང་བཏབ་ཀྱང་སྤྲོ་བར་བྱེད་པ་རྗེ་བཙུན་མི་ལ་ལྟ་བུ་ཡིན་ཏེ། འདི་བྱ་བའི་རྒྱུད་ཀྱི་ལག་ལེན་ཡིན། ཞེས་པའི་བར་དུ་གསུངས་པ་དང༌། དེ་ལ་རྒྱུན་དུ་གསོལ་བ་འདེབས་པ་དང་སྙན་པའི་བ་དན་ཕྱོགས་བཅུར་སྒྲོགས་པ་སྤྱོད་པའི་རྒྱུད་ཡིན་ཏེ། གཉིས་པ་ངག་སྤྱོད་གཙོ་བོར་སྟོན། །ཞེས་གསུངས། མོས་གུས་ཀྱི་གདུང་བ་རྒྱུན་ཆད་མེད་པ་དང་དྲན་རྟོགས་ཐམས་ཅད་བླ་མའི་ཐུགས་སུ་སྒོམ་ཞིང་ཤར་བ་རྣལ་འབྱོར་རྒྱུད་དེ། གསུམ་པ་སེམས་ཚོར་གཙོ་བོར་སྟོན། ཞེས་གསུངས། རྗེ་བཙུན་གྱི་བྱིན་རླབས་ཀྱིས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤར་ན་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པ་ཡིན་ཏེ། བཞི་པ་ལྷན་སྐྱེས་འབའ་ཞིག་གོ །ཞེས་གསུངས། ཞེས་སོགས་དང༌། དབང་བཞི་རིམ་གཉིས་རྣམས་ཀྱང་མོས་གུས་ཁོ་ན་ལ་ཚང་བར་གསུངས་པ་བཞིན་ཤེས་པར་བྱའོ། །གཞན་ཡང་སེམས་ཉིད་ཕྱག་རྒྱ་ཆེན་པོ་དང་སྣང་སྲིད་ཕྱག་རྒྱ་ཆེན་པོ་སོགས་སུའང་དབྱེར་ཡོད་པ་ལས། ཡེ་གདོད་མའི་གནས་ལུགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བར་རང་གི་རྒྱུད་ལ་ཡོད་པ་དེ་ལ་སེམས་ཉིད་ཕྱག་རྒྱ་ཆེན་པོ་ཞེས་བྱ་ལ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་རྦ་ཀློང་ཆེན་པོ་གཅིག་ཏུ་ཆམ་གྱིས་རྟོགས་པར་མ་ཤར་བ་དེ་ལ་སྣང་སྲིད་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ཉིད་ཉམས་ས་ལེན་ཚུལ་ནི་གོང་གི་ཁྲིད་རིམ་རྣམས་དང་འཇོག་ཚུལ་ཐམས་ཅད་ཡིན་ནོ། །ཆོས་ཐུན་གོ་གསུམ་པའོ།། ༈ །།དེར་མ་ཟད་ལྟ་བ། སྒོམ་པ། སྤྱོད་པ་གསུམ་གྱི་སྒོ་ནས་ཀྱང་ཉམས་སུ་བླང་རུང་བ་ལས། །ལྟ་སྒོམ་སྤྱོད་འབྲས་ནི། རྗེ་མི་ལས། ལྟ་བ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ལྟོས། །སེམས་ལས་གཞན་དུ་ལྟ་བ་བཙལ་བ་ན། །གྱད་ཀྱིས་ནོར་འཚོལ་འདྲའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །སྒོམ་པ་ཡིན་པར་ངེས་ཀྱི་བྱིང་རྒོད་སྐྱོན་མ་སེལ། །སྒོམ་པ་བྱིང་རྒོད་འཐོར་རྨུགས་སྐྱོན་སེལ་ན། །ཉིན་བར་མར་མེ་འདེགས་པ་འདྲའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །སྤྱོད་པ་ཡིན་པར་ངེས་ཀྱི་བླང་དོར་རེས་མ་བྱེད། །སྤྱོད་པ་བླང་དོར་རེ་དོགས་རེས་བྱེད་ན། །སྦྲང་བུ་རྒྱར་ཆུད་འདྲའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །འབྲས་བུ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ངེས་ཤེས་སྐྱེད། །ཐོབ་མེད་འབྲས་བུ་གཞན་ནས་བཙལ་བ་ན། །སྦལ་བ་གནམ་དུ་མཆོངས་པ་འདྲའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །ཞེས་དང༌། ཡང་ན་དྭགས་པོ་རིན་པོ་ཆེས་གསུངས་པ་ལྟར། །སེམས་གསལ་ལ་འཛིན་མེད་ནམ་མཁའ་འདྲ། །ཕྱོགས་སུ་མ་ལྷུང་ལྟ་བ་ཡིན། །སེམས་རང་རིག་རང་གསལ་མེ་ལོང་འདྲ། །གསལ་འགྲིབ་མེད་པ་སྒོམ་པ་ཡིན། །སེམས་མ་བཅོས་ལྷུག་པ་བུ་ཆུང་འདྲ། །དགག་སྒྲུབ་བྲལ་བ་སྤྱོད་པ་ཡིན། །ཞེས་དང༌། རང་གི་སེམས་ལ་ལྟ་བ་ལྟ་བ་ཡིན། །ཆོས་རྣམས་སེམས་སུ་རྟོགས་ན་རྟོགས་པ་ཡིན། །དེ་ལ་གོམས་པར་བྱེད་ན་སྒོམ་པ་ཡིན། །ངོ་བོ་ཉམས་སུ་མྱོང་ན་ཉམས་མྱོང་ཡིན། །དེ་ལ་རྒྱུན་དུ་གནས་པ་སྤྱོད་པ་ཡིན། །ངོ་བོ་མངོན་དུ་གྱུར་པ་འབྲས་བུ་ཡིན། །དེ་ཉིད་གཞན་ལ་སྟོན་པ་ཕྲིན་ལས་ཡིན། །ལྟ་བ་ལ་བརྟེན་རྟོགས་པ་འཆར། །སྒོམ་པ་ལ་བརྟེན་ཉམས་མྱོང་སྐྱེ། །འབྲས་བུ་ལས་གཞན་དོན་ཕྲིན་ལས་འབྱུང༌། །ཞེས་དང༌། རྒོད་ཚང་པས། འཁོར་འདས་གཉིས་སུ་མེད་པར་རྟོག་པ་དེ་ལྟ་བ་ཡིན། །ཚོགས་དྲུག་གི་སྣང་བ་སྣ་ཚོགས་སུ་ཤར་བ་ལ་བདེན་འཛིན་གྱི་བློ་དང་བྲལ་བ་དེ་སྒོམ་པ་ཡིན། །བདེ་སྡུག་གང་བྱུང་ཀྱང་རོ་སྙོམ་ན་སྤྱོད་པ་ཡིན། མཉམ་གཞག་རྗེས་ཐོབ་མེད་པར་གཟུང་འཛིན་ནམ་མཁའ་ལྟར་དག་པ་འབྲས་བུ་ཡིན། ལྟ་སྒོམ་སྤྱོད་འབྲས་ཧྲིལ་གྱིས་དྲིལ་ན་དེ་བས་མེད་དོ། །ཞེས་དང༌། རྗེ་རིན་པོ་ཆེ་ཞང་གིས། བལྟས་པས་མཐོང་བ་མེད་ན་ལྟ་བ་དེ་ཉིད་ཡིན། །དྲན་མཐོང་དངོས་པོ་མེད་ན་སྒོམ་པ་དེ་ཉིད་ཡིན། །བདེ་སྟོང་གཅིག་ཏུ་འདྲེས་ན་ཉམས་མྱོང་དེ་ཉིད་ཡིན། །སྔ་ཕྱི་གཉིས་དང་བྲལ་ན་སྤྱོད་པ་དེ་ཉིད་ཡིན། །རེ་དོགས་སྤྲོས་པ་ཆོད་ན་འབྲས་བུ་དེ་ཉིད་ཡིན། །བླ་མའི་མན་ངག་ཡིན་གྱི་རྒྱུད་ལ་ཐེབས་པར་ཞུ། །ཞེས་དང༌། ལྟ་བ་ཕྱོགས་རིས་མེད་པར་གྱིས། །སྤྱོད་པ་ཚུལ་འཆོས་མེད་པར་གྱིས། །སྙིང་རྗེ་ཕྱོགས་ཆ་མེད་པར་གྱིས། །སྒོམ་པ་གཡེང་བ་མེད་པར་གྱིས། །ཡོན་ཏན་ཟད་པ་མེད་པར་འབྱུང༌། །ཞེས་དང༌། ལྟ་བ་ཕྱིན་ཅི་མ་ལོག་ཅིང༌། །གདམས་ངག་སྣོད་ཚོད་མ་འཆུགས་དང༌། །སྒོམ་པ་མ་ནོར་ཐང་ལྷོད་མེད། །སྤྱོད་པ་ཞེན་མེད་སྐྱོན་མ་གོས། །དམ་ཚིག་ལྷ་ཡིས་མ་ཁྲེལ་ན། །འབྲས་བུ་དགོས་འདོད་གདོན་མི་ཟ། །དཔེར་ན་སྨན་གྱི་སྡོང་པོ་བཞིན། །ཞེས་དང༌། བལྟ་བྱ་ལྟ་བྱེད་གཉིས་མེད་པས། །ཞེན་མེད་ལྟ་བའི་རྒྱལ་པོ་ཡིན། །བསྒོམ་བྱ་སྒོམ་བྱེད་ཞེན་མེད་པས། །ཞེན་མེད་སྒོམ་པའི་རྒྱལ་པོ་ཡིན། །སྤྱད་བྱ་སྤྱོད་བྱེད་ཞེན་མེད་པས། །ཞེན་མེད་སྤྱོད་པའི་རྒྱལ་པོ་ཡིན། །ཐོབ་བྱ་ཐོབ་བྱེད་ཞེན་མེད་པས། །ཞན་མེད་འབྲས་བུའི་རྒྱལ་པོ་ཡིན། ཞེས་དང༌། རྗེ་རང་བྱུང་རྡོ་རྗེས། རང་གི་རིག་པ་འདི་ལ་རང་གིས་བལྟས་ན་ལྟ་བ་ཟེར་བ་ཡིན། སྤྱོད་རྒྱུ་མེད་པ་ལ་སྤྱོད་པ་ཟེར་བ་ཡིན། དེ་ལྟར་སྤྱོད་པ་ལ་ཟུང་འཇུག་ཟེར་བ་ཡིན། མ་ཡེངས་པར་གནས་པ་དེ་ལ་སྒོམ་པ་ཟེར་བ་ཡིན། ཞེས་དང༌། དོན་ལ། རང་གི་སེམས་ལ་བལྟ་ན་ལྟ་བ་ཡིན། དེ་ལ་མ་ཡེངས་སྒོམ་པ་ཡིན། །དེ་དང་མ་བྲལ་སྤྱོད་པ་ཡིན། །དེ་མངོན་དུ་གྱུར་པ་འབྲས་བུ་ཡིན་བལྟས་པས་བལྟ་རྒྱུ་མེད་དོ་སྣང་བ་སེམས་ཉིད་ཡིན། །བསྒོམས་པས་བསྒོམ་རྒྱུ་མེད་དོ་རིག་པ་རང་གསང་ཡིན། །སྤྱོད་པས་སྤྱོད་རྒྱུ་མེད་དོ་རང་བྱུང་ཤུགས་ལ་སྤྱོད། །འབྲས་བུ་སྒྲུབ་རྒྱུ་མེད་དོ་རང་སེམས་སངས་རྒྱས་ཡིན། །ཞེས་དང༌། ཏཻ་ལོ་པས། གཟུང་འཛིན་ཀུན་ལས་འདས་ན་ལྟ་བའི་རྒྱལ་པོ་ཡིན། །ཡེངས་པ་མེད་ན་སྒོམ་པའི་རྒྱལ་པོ་ཡིན། །བྱ་རྩོལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །རེ་དོགས་མེད་ན་འབྲས་བུའི་རྒྱལ་པོ་ཡིན། །ཞེས་དང༌། འཇིག་རྟེན་གསུམ་མགོན་གྱིས། སེམས་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་མཐོང་བ་ལྟ་བ། དེ་ལ་རྒྱུན་དུ་མ་ཡེངས་བསྒོམ་པ། དེ་ཉིད་ལ་སྤྱོད་པས་སྤྱོད་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་མེད་ན་མི་འབྱུང་ཞིང་རྟེན་འབྲེལ་འབའ་ཞིག་ཡིན། རྟེན་འབྲེལ་ཐམས་ཅད་སྐད་ཅིག་མར་གནས་པ་ཡིན། སྐད་ཅིག་དེའང་རྟེན་འབྲེལ་སྟོང་ཉིད་ཡིན་པས་འབྲས་བུ་ཆོས་ཀྱི་སྐུའོ། །ཞེས་དང༌། བཀའ་བརྒྱུད་གོང་མའི་གསུང་བཞིན། འབའ་རབས་གསལ་བར་མཛད་པ་ལ། །ཅེར་གྱིས་ལྟ་བ་ལྟ་བ་ཡིན། །དེ་ལ་མ་ཡེངས་སྒོམ་པ་ཡིན། །རྒྱུན་དུ་སྤྱོད་པས་སྤྱོད་པ་ཡིན། །ལྟ་བ་གྲུབ་མཐའ་ལས་གྲོལ་བ། །སྒོམ་པ་སེམས་འཛིན་ལས་གྲོལ་བ། །སྤྱོད་པ་བླང་དོར་ལས་གྲོལ་བ། །ཞེས་སོ། །ཞེས་གསུངས་པ་ལྟར་དང༌། རྗེ་ཕག་གྲུས། སྤྱིར་སྒོམ་བྱེད་པའི་རྟེན་གྱི་གང་ཟག་ལྟ་བ་གདེངས་དང་ལྡན་པ་རྒོད་པོ་ནམ་འཕང་སྤྱོད་པ་ལྟ་བུ་ཞིག་དགོས། །སྒོམ་པ་རྒྱུན་ཆད་མེད་པ་འཛངས་མའི་སྲིས་ལྟ་བུ་ཞིག་དགོས། །སྤྱོད་པ་ཤུགས་ལས་བྱུང་བ་གླང་རྒན་ཆུ་གཏོང་བ་ལྟ་བུ་ཞིག་དགོས། དེའང་དཀའ་སླ་སྐྱིད་སྡུག་བྱུང་ན་ལྟ་བ་བརྗེད། །ནད་ཚབས་པོ་ཆེ་བྱུང་ཡང་ལྟ་བ་བརྗེད། རང་ཉིད་འཆི་བའི་ཚེ་ནའང་ལྟ་བ་བརྗེད་པར་བྱས་ནས་ཁམས་བདེ་སོས་དལ། ཉི་གྲིབ་ཚམས་ན་འབོལ་གདན་ཆེན་པོའི་ཁར་བསྡད་ནས་སྐྱེམས་ཀྱིས་བཟི། ཤས་བརྒྱགས་པའི་དུས་སུ་ལག་པ་གནམ་དུ་བསྒྲེང༌། ནམ་ཤི་སངས་རྒྱས་ཡིན། ཐོད་པ་བོར་ཆོག་ཡིན། ཐམས་ཅད་སྟོང་པ་ཡིན་ཟེར་ཡང་ཁ་ལྟ་རྐྱང་པ་ཡིན་པས་དེས་ཀྱང་ཅུང་མི་ཕན་གསུངས། དེས་ན་ལྟ་བ་གདེངས་དང་ལྡན་པ་ཞིག་དགོས་ཏེ། རང་ལ་དཀའ་སླ་ན་ཚ་བྱུང་བའི་དུས་སུ་ལྟ་བའི་གནས་ལུགས་དྲན་ནས་ཟུག་དང་སྡུག་བསྔལ་ཞི་ནུས་པ་ཞིག་དགོས། དེ་ལའང་ལྟ་བའི་གནས་ལུགས་ཡོད་པས་མི་ཆོག་གོ་དགོས། རྟོགས་དགོས། གོ་བ་དང་རྟོགས་པར་བྱེད་པ་ལ་བླ་མ་དམ་པ་ཞིག་དང་མཇལ་ནས་མོས་གུས་རབ་དང་ལྡན་པས་གདམས་ངག་རིན་པོ་ཆེ་ལ་བརྟེན་དགོས་གསུངས། དེ་ལ་རྒོད་ནམ་མཁར་འཕུར་བའི་དུས་སུ་མཇུག་སྒྲོ་ས་གཞི་ལ་གཏད་དགོས། འཕུར་ཟིན་ནས་གར་སྡོད་པའི་སར་ཤེས་པ་འཕེན་པས་འགྲོ་བ་མིན་པ་འདབ་མ་གཡོབ་པ་ལ་སོགས་པ་མི་དགོས་པ་དང་འདྲ་གསུངས། སྒོམ་པ་རྒྱུན་ཆད་མེད་པ་ཞིག་དགོས་ཏེ། བླ་མའི་རྩ་དང་མི་སྡུན་ལ་སོགས་པར་ཙབ་ཙུབ་མང་པོ་བྱེད། མཉམ་གཞག་ཐུན་གྲངས་མང་པོ་བགྲང་ཡང་རྗེས་ཀྱི་དུས་སུ་ཉོན་མོངས་པ་དུག་གསུམ་ཡང་ཅུང་ཞིག་མགོ་མནོན། རྣམ་པར་རྟོག་པ་ཤས་ཆེར་སོང་རྒྱུད་ཀྱང་རྩུབ་ཏུ་སོང་ན་ཐ་མལ་པ་དང་ཁྱད་མེད། དེས་ན་མི་སྒོམ་པ་འདྲ་ཡང་དུས་རྟག་ཏུ་རང་གི་སེམས་ལ་ལྟ་བ་གལ་ཆེ། ཉོན་མོངས་པ་ཆགས་སྡང་གི་དབང་དུ་མ་སོང་བར་བྱ་ཞིང་དཀར་པོའི་ཕྱོགས་ལ་དྲན་པ་ཡེངས་པ་མེད་པར་འབད་དགོས། དེའང་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན་དྲན་པ་དང་ཤེས་བཞིན་ཟེར་ནས་བསླབ་པ་གསུམ་གྱི་རྟེན་ནམ་རྒྱུར་བཤད་དེ། དུས་རྟག་ཏུ་དེར་འགྲོ་ན་སྒོམ་པ་རྒྱུན་ཆད་མེད་པ་ཡིན། དེའང་མཛངས་མའི་སྲིས་ཟད་པ་དང་འདྲ་ནའང་དུས་རྟག་ཏུ་སྤྱོད་རྒྱུ་སྤྲིང་ངེ་བ་ཞིག་ཡོད་པ་དང་འདྲ། སྤྱོད་པ་ཤུགས་ལས་བྱུང་བ་ཞིག་དགོས་ཏེ། དེ་ལ་སྤྱོད་པ་རབ་བླ་མ་ལ་མོས་གུས་ཡིན། དེའང་སྤྱོད་པ་ཟེར་ན་ས་ཕ་གི་ན་མར་ལ་མང་པོ་ཡོད་པ་དེ་ལྟ་བུ་ཅུང་མིན། འགྲོ་ཉལ་འདུག་སྡོད་དང་ཅི་བྱེད་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་བྱེད་པ་གལ་ཆེ། སྤྱོད་པ་ཤུགས་འབྱུང་ཟེར་ནས་ངན་པའི་ཤུགས་འབྱུང་དུ་སོང་ན་མི་ནག་ལྡིངས་བོར་འགྲོ། །དཀོན་མཆོག་གསུམ་མཆོད་པ་ལ་སོགས་པ་དགེ་བའི་ཕྱོགས་ལ་འབད། ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་ཆོས་སུ་ཅི་འགྲོ་བྱ། དགེ་བའི་རྩ་བ་ཅི་བྱས་ཐམས་ཅད་མ་ནམ་མཁའ་དང་མཉམ་པའི་དོན་དུ་བསྔོ། ལྐོག་ཏུ་ཁབ་ཙམ་ཡང་མི་བྱེད། མི་སྔུན་ན་ནི་བརྩོན་འགྲུས་ཟེར་ནས་མཎྜལ་ཕྱི་བ་དང་ཕྱག་འཚལ་བ་ལ་སོགས་པ་ཕག་མཇུག་འདྲ་ནའང་བརྩོན་འགྲུས་ཅུང་མིན་པས་དུས་རྟག་ཏུ་དྲག་ཞན་མེད་པར་འབུང་དགོས། །གླང་རྒན་ཆུ་གཏོང་བ་ལ་དང་པོ་དྲག་ཏུ་མེད། ཕྱིས་མ་ཆད་བར་དུ་ཞེན་རྒྱུ་མེད་པ་དང་འདྲ་བ་ཞིག་དགོས། །ཞེས་སོགས་མཐའ་ཡས་པར་གསུངས་སོ། །བསྡུ་ན་གནས་ལུགས་ཀྱི་དོན་ལ་ལྟ་བས་ལྟ་བ། ཞི་ལྷག་དབྱེར་མེད་རྩེ་གཅིག་གི་དོན་ལ་འཇོག་པས་སྒོམ་པ། སྤྱོད་པ་བཞིའི་སྒོ་ནས་དགེ་སྦྱོར་ལ་བོགས་འདོན་པ་ནི་སྤྱོད་པ་གནས་ལུགས་མཐར་ཐུག་མངོན་དུ་བྱས་ཏེ་རེ་དོགས་དང་གཟུང་འཛིན་ཐམས་ཅད་དང་བྲལ་ཞིང་སྐུ་བཞིའི་གོ་འཕང་ཐོབ་ནས་ཕྲིན་ལས་བཞིས་གདུལ་བྱ་ཐམས་ཅད་སྐྱོང་བར་བྱེད་པ་འབྲས་བུ་ཡིན་ཅིང་དེ་དག་གི་དོན་ལྟ་སྒོམ་གཉིས་ནི་ཁྲིད་ཡོངས་རྫོགས་འདི་ཀའི་ཁོག་ཏུ་རྒྱས་པར་ཡོད་དོ། །སྤྱོད་པ་ལའང་ཀུན་ཏུ་བཟང་པོ། གསང་སྤྱོད། རིག་པ་བརྟུལ་ཞུགས། ཚོགས་སྤྱོད། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་ལྔ་ལས། དང་པོ་ནི། ལྷག་མཐོང་གི་ཉམས་དང་མ་བྲལ་བ་སྤྱོད་ལམ་རྣམ་བཞིར་རྣམ་རྟོག་ཐམས་ཅད་རྡོ་ཚན་ལ་ཁ་བ་བབ་པ་ལྟར་གཉེན་པོ་བསྟེན་མི་དགོས་པར་ཆོས་ཉིད་ཀྱི་ངང་དུ་ལྷན་གྱིས་ཞི་རང་ཡལ་དུ་འགྲོ་བའོ། །དེ་བོགས་འདོན་པར་གསང་སྤྱོད་བྱ་སྟེ་དུར་ཁྲོད་དམ་ཤིང་གཅིག་ལ་སོགས་པའི་གནས་སུ་ཕྱག་རྒྱ་མོ་དང་ལྡན་པར་བྱ་བའོ། །རིག་པ་བརྟུལ་ཞུགས་ནི་ལུས་གཅེར་བུར་བྱས་རྒྱན་དྲུག་གིས་བརྒྱན་ཕྱག་རྒྱ་མོ་དང་ལྷན་ཅིག་གྲོང་དུ་རྒྱུ་བའོ། །ཚོགས་སྤྱོད་ནི་ཁྲོམ་ཆེན་པོའམ་ཚོང་འདུས་སམ་རིགས་ངན་གྱི་ཁྱིམ་སོགས་སུ་ཕྱིན་ཏེ་གླུ་གར་ལ་སོགས་པས་བསྟོད་རྒོད་གཤེ་རྡེག་འཚོག་སོགས་བྱུང་ན་ནགས་ལ་མེ་མཆེད་པ་ལྟར་དགེ་སྦྱོར་དང་ཏིང་ངེ་འཛིན་གྱི་གྲོགས་སུ་འགྲོ་བའོ། །དེ་གྲོགས་སུ་སོང་ན་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བྱ་སྟེ་མ་རིག་པ་སངས། དུག་ཟོས་པས་ཀྱང་བདུད་རྩིར་འགྱུར་བས་ཟས་ལས་རྒྱལ། ཟག་བཅས་ཀྱི་རླུང་འགགས་པས་རླུང་ལས་རྒྱལ། །འཁོར་འདས་ཐམས་ཅད་ལ་ཕྱོགས་རིས་མེད་པས་ཕྱོགས་ལས་རྣམ་པར་རྒྱལ། བླང་དོར་མེད་པས་སྤྱོད་པ་མཐར་ཕྱིན་པ་དེ་ནི་སྤྱོད་པ་ལྔའོ། །དེ་ཐམས་ཅད་ཀྱི་དུས་ནའང་ཡེ་ནས་ཡོད་པའི་ཆོས་ཉིད་སྟོང་པ་དེའི་མདངས་ལས་མི་འདའ་བས་ཕྱག་རྒྱ། དེའི་གོང་ན་སངས་རྒྱས་ཀྱི་ཡེ་ཤེས་ཞེས་པ་བཙལ་དུ་མེད་པས་ཆེན་པོ་ཞེས་བྱའོ། །དེ་དག་ནི་ལམ་ཕྱག་རྒྱ་ཆེན་པོའི་རིམ་པའོ། །ཆོས་ཐུན་གོ་བཞི་པའོ། ༈ །གསུམ་པ་འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། ལམ་གྱི་རིམ་པ་རྣམས་བགྲོད་པས་གཞིའི་ཉེས་པ་ཟད་དེ་མངོན་དུ་གྱུར། ལམ་གྱི་ཉེས་པ་ཟད་དེ་མཐར་ཕྱིན། གཞི་ཐོག་ཏུ་འབྲས་བུ་སླེབ། ཆོས་ཅན་གྱི་དངོས་པོ་ཐམས་ཅད་ལ་མ་འགགས་པར་སྣང་བཞིན་དུ་རང་གི་ངོ་བོས་སྟོང༌། སྟོང་པའི་བཞུགས་ཚུལ་དེ་ཉིད་ལས་ཆོས་ཅན་ཇི་སྙེད་ཅིག་སྣང་བ་ཐམས་ཅད་ཀྱང་དེ་ལས་ལོགས་སུ་མ་གྲུབ་ཅིང་གཉིས་སུ་མེད་པས་གཉིས་འཛིན་དང་རེ་དོགས་ཀྱི་འཁོར་བ་ལས་གྲོལ། རྟོགས་པ་མཐར་ཕྱིན་ཏེ་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་དུ་མ་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤིང་སྐུ་གསུམ་ཡེ་ཤེས་ལྔ་ཡོན་ཏན་འཕྲིན་ལས་དང་བཅས་པའི་བདག་ཉིད་ཅན་སྒོམ་མེད་མཐར་ཐུག་རྟོགས་ཤིང་སྒྲིབ་པ་མཐའ་དག་ལས་གྲོལ་རྟོགས་བྱ་ཐམས་ཅད་རྟོགས་བྲལ་བ་དང་རྣམ་པར་སྨིན་པ་སོགས་ཀྱི་ཡོན་ཏན་མ་ལུས་པ་མངོན་དུ་བྱས་པ་དེ་ལ་འབྲས་བུའི་ཕྱག་རྒྱ་ཆེན་པོ་ཞེས་བྱ། སྤྱིར་ཕྱི་ནང་གི་ཆོས་ཐམས་ཅད་སྣང་རིག་སྟོང་གསུམ་ལས་མ་འདས་པས་སྐུ་གསུམ་གྱི་ངོ་བོ་ཡིན། དེ་དག་གཞི་ལམ་འབྲས་གསུམ་དང་སྦྱར་ན་གཞིའི་སྐུ་གསུམ་ནི་རང་སེམས་ཅིར་མ་གྲུབ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེའི་དབྱིངས་སྟོང་པར་འཆར་བ་ཆོས་སྐུ། དེའང་སྟོང་པ་ཅང་མེད་དམ་བེམ་པོ་ལྟ་བུ་མ་ཡིན་པར་སྟོང་པ་རང་རིག་རང་གསལ་རང་བཞིན་སྣ་ཚོགས་སུ་རིག་པས་ལོངས་སྐུ། སྟོང་ཉིད་དེ་མདངས་མ་འགགས་པར་རང་གཟུགས་ཡུལ་སྣ་ཚོགས་སུ་ཤར་བ་སྤྲུལ་སྐུ་ཡིན། སྐུ་གསུམ་རང་ལ་ཚང་བའི་དཔེ་ཏིལ་ལ་སྣུམ་གྱིས་ཁྱབ་པ་དང་ལྟ་བུ་དང་མ་བཅོས་གཉུག་མ་རྣམས་རིམ་བཞིན་སྦྱར་རོ། །ཡང་རང་བྱུང་པས་གསུངས་པ་ལྟར་ན། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ་མ་འགགས་ཤིང་ཅིར་ཡང་སྣང་བ་སྤྲུལ་སྐུ་ཡིན། སྟོང་པ་དེ་ཆོས་དབྱིངས་ཡེ་ཤེས། གསལ་བ་དེ་མེ་ལོང་ལྟ་བུའི་ཡེ་ཤེས། དེ་གཉིས་མཉམ་པོར་གནས་པ་དེ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་མ་འདྲེས་པར་སོ་སོར་གནས་པ་དེ་སོ་སོར་རྟོག་པའི་ཡེ་ཤེས། དེ་རྣམས་མ་བཅོས་པར་ལྷུན་གྱིས་གྲུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན། གོང་གི་སྟོང་པ་དེ་སྐུ་ཡིན། གསལ་ལེ་བ་དེ་གསུང༌། དེ་གཉིས་སུ་མེད་པར་མཉམ་པོར་གནས་པ་དེ་ཐུགས་ཡིན། ཞེས་གསུངས་སོ། །གཞན་ཡང་གཞི་ལམ་འབྲས་གསུམ་གཙོ་བོར་སྟོན་པ་ལ་དེ་དང་དེའི་ཕྱག་ཆེན་དང༌། རྣལ་འབྱོར་མའི་རྒྱུད་ལས་གཙོ་བོར་སྟོན་པ་བདེ་སྟོང་ཕྱག་ཆེན། ཐབས་རྒྱུད་ལས་གཙོ་བོར་སྟོན་པ་གསལ་སྟོང་ཕྱག་ཆེན། གཉིས་མེད་རྒྱུད་ལས་གཙོ་བོར་སྟོན་པ་རིག་སྟོང་ཕྱག་ཆེན། ཞེས་དང༌། ཡང་རང་བཞིན་གྱི་གནས་ལུགས་ལ་དགོངས་ནས་གནས་ལུགས་ཕྱག་ཆེན། དེ་རྟོགས་བྱེད་བདེ་སྟོང་ཟུང་འཇུག་གིས་རྟོགས་པ་ལ་དགོངས་ནས་བདེ་སྟོང་ཕྱག་ཆན་དང་གཉིས་སུ་དབྱེ་བའམ། ཡང་གནས་ལུགས་དེ་ཉིད་ལ་དགོངས་ཏེ་རང་བཞིན་ལྷན་སྐྱེས། དེ་མཚོན་བྱེད་དཔེའི་སྒོ་ནས་རྟོགས་པར་བྱེད་པའི་དབང་གསུམ་པའི་ལམ་རིམ་ཞུ་བ་དེ་ལྷན་སྐྱེས། དོན་དེ་མངོན་སུམ་དུ་རྟོགས་པ་དབང་བཞི་བའི་ལམ་བདེ་སྟོང་ལྷན་སྐྱེས་ཏེ་ལྷན་སྐྱེས་གསུམ་དུ་དབྱེ་བར་མཛད་པ་ལས་ཕྱི་མ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ། དེར་མ་ཟད་དཔེར་ན་དངུལ་རྡོ་དང་དེ་ལས་ཕྱེ་བའི་དངུལ་དང་དངུལ་དེ་ལས་སྐུ་འདྲ་ལ་སོགས་བཟོས་བ་དང་གཞི་ལམ་འབྲས་གསུམ་གྱི་ཕྱག་རྒྱ་ཆེན་པོ་འདྲའོ། །དམ་ཚིག་ཀྱང་ཞང་རིན་པོ་ཆེས། ཕྱག་རྒྱ་ཆེན་པོའི་དམ་ཚིག་ནི་བཞི་སྟེ། ཉོན་མོངས་པ་སྤང་དུ་མེད་དེ་རང་གི་སེམས་ཡིན་པས་སོ། །གཉེན་པོ་ཡེ་ཤེས་རྒྱུད་ལ་བསྟེན་དུ་མེད་དེ་དེ་དང་གཉིས་སུ་མེད་པས་སོ། །དེ་ཁོ་ན་ཉིད་སྒོམ་དུ་མེད་དེ་དམིགས་སུ་མེད་པས་སོ། །འབྲས་བུ་ལ་རེ་བ་མེད་དེ་རང་གི་སེམས་ཉིད་རྟོགས་པས་སོ། །ཞེས་གསུངས་པ་ལྟར་རོ། །འདི་དག་ནི་དབྱེ་བའོ། །ཆོས་ཐུན་གོ་ལྔ་པའོ། ༈ །གསུམ་པ་མཚན་གྱི་སྒྲ་བཤད་ནི། །ཕྱག་ཆེན་ཐིག་ལེ་ལས། །ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པ་སྟེ། །ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །ཞེས་དང༌། ཡི་གེ་བཞི་པར། ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་ཕྱོགས་རིས་མེད་པ་ཡིན། །ཆེན་པོ་མཐའ་ལས་འདས་པ་སྟེ། །དེས་ན་ཡི་གེ་འབྲུ་བཞིར་གྲགས། །ཞེས་དང༌། སྒོམ་མ་མོ་ཆེན་མོ་ལས། །ཕྱག་ནི་བདེ་སྟོང་དབྱེར་མེད་དེ། །མི་འདའི་ཕྱིར་ན་རྒྱ་ཉིད་ཡིན། །ཞེས་དང༌། དྭགས་པོ་རིན་པོ་ཆེས། དེ་ལ་ཕྱག་ནི་སྣང་སྲིད་འཁོར་འདས་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མི་འདའ་བར་རྟོགས་པ་ནི་ཕྱག་གོ །སྤྱིར་སྣང་སྲིད་ཐམས་ཅད་གཉུག་མའི་དོན་ལས་མི་འདའ་བས་རྒྱའོ། །ཆོས་ཉིད་རང་གྲོལ་དུ་རྟོགས་པས་ཆེན་པོའོ། །ཞེས་དང༌། ཞང་རིན་པོ་ཆེས། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་མི་འདའ་བའི་དོན་གྱིས་ན་ཕྱག་རྒྱ་ཡིན། ཡངས་ཤིང་རྒྱ་ཆེ་བས་ཆེན་པོ་ཞེས་བྱའོ། །དཔེར་ན་འཁོར་ལོས་བསྒྱུར་པའི་བཀའ་རྟགས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ལ་མཐའ་འཁོབ་ཀྱི་རྒྱལ་ཕྲན་ལ་སོགས་པ་གང་གིས་ཀྱང་འདའ་བར་མི་སྲིད་པ་དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་པའི་ངང་ལས་ཀྱང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་གང་གིས་ཀྱང་འདའ་བར་མི་སྲིད་དེ། དེ་དག་གི་རང་བཞིན་ཉིད་ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་པ་དེ་ཡིན་པའི་ཕྱིར་ཡངས་ཤིང་རྒྱ་ཆེ་བས་ན་ཆེན་པོ་ཞེས་བྱ། ཞེས་དང༌། ཨོ་རྒྱན་པས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བྱེད་པ་པོ་འདི་ཀ་ལས་མི་འདའ་བས་ཕྱག་རྒྱ་དེའི་གོང་ན་ཆོས་སྐུ་ཞེས་པའི་བཟང་བ་ཞིག་བཙལ་དུ་མེད་པས་ཆེན་པོ་ཞེས་དང༌། དཔལ་མཁའ་སྤྱོད་པས། ཕྱག་གི་དོན་ནི་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའོ། །འཁོར་བ་རང་སར་གྲོལ་བ་ནི་རྒྱའི་དོན་ནོ། །དེ་ལྟར་ཟུང་དུ་འཇུག་པའི་ཡེ་ཤེས་བླ་ན་མེད་པ་ནི་ཆེན་པོ་སྟེ། །ཞེས་དང༌། རྒྱལ་བ་མི་བསྐྱོད་ཞབས་ཀྱིས། དེ་ཡང་ཕྱག་རྒྱ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ལས་མི་འདའ་བས་ཕྱག་རྒྱ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱ་ལ་རྒྱལ་ཕྲན་དང་བློན་པོ་རྣམས་ཀྱིས་མི་འདའ་བ་བཞིན་ནོ། །ཆེན་པོ་ནི། ལས་ཆོས་དམ་ཚིག་ལས་འདས་པའམ་འདི་ལས་དབང་ཆེ་བ་མེད་པས་ཆེན་པོའོ། །ཞེས་དང༌། བདག་གི་དཔལ་ལྡན་བླ་མའི་གསུང་ལས་ཀྱང༌། །ཕྱག་ནི་ཞེ་སའི་དོན་ཏེ་རྒྱལ་བ་རྣམས་ཀྱི་ཕྱག་གོ༌།རྒྱ་ནི་ཟུང་དུ་འཇུག་ཅིང་དེ་ལས་མི་འདའ་བའི་དོན་ནོ། །ཆེན་པོ་ཞེས་པ་ནི་ཕྱག་རྒྱ་གཞན་ཐམས་ཅད་གནས་སྐབས་པ་ཡིན་པས་འདའ་བ་ཡོད་ཅིང་འདི་ནི་མཐར་ཐུག་ཡིན་པས་སུས་ཀྱང་མདའ་བ་མེད་པས་མཆོག་ཏུ་གྱུར་པའི་དོན་ནོ། །ཞེས་སོགས་མདོ་རྒྱུད་མན་ངག་དུ་མ་ནས་གསུངས་པ་ལྟར་རོ། །ལྷན་ཅིག་སྐྱེས་སྦྱོར་ཞེས་པ། མཁའ་སྤྱོད་པས། ལྷན་ཅིག་སྐྱེས་པ་གང་སྐྱེས་པ། །ལྷན་ཅིག་སྐྱེས་པ་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་པ་ཉིད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་ལྷན་ཅིག་གི་དོན་དང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་རང་བཞིན་མེད། །ཅེས་སྐྱེས་པའི་དོན་དང་སྦྱོར་བ་ནི་རྣལ་འབྱོར་གྱི་དོན་ཏེ། རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཞིང༌། །ཤེས་རབ་གཅིག་པུ་ཉིད་ཀྱིས་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། །ཞེས་སྦྱོར་བའི་དོན་ཏེ་དེ་ལྟར་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་དོན་གྱི་ངོ་བོ་མདོར་བསྡུས་ཏེ་བསྟན་པ་འདི་ཙམ་གྱིས་ཀྱང་དབང་པོ་རབ་སྐལ་པ་མཆོག་དང་ལྡན་པ་གྲོལ་བར་བྱེད་དེ་ཡན་ལག་གི་དོན་མང་པོ་ལ་ལྟོས་པ་མེད་དོ། །ཞེས་དང༌། དྭགས་པོ་རིན་པོ་ཆེས། ལྷན་ཅིག་སྐྱེས་སྦྱོར་ནི་གང་དང་གང་སྐྱེས་སྦྱོར་ཞེ་ན། རིག་པ་དང་སྟོང་པ་ལྷན་ཅིག་ཏུ་སྐྱེས། དེ་རང་ཡང་ཐ་དད་འདུག་པ་ལྟ་བུ་མ་ཡིན་ཏེ། རིག་པ། གསལ་པ། བདེ་བ་སྟོང་པ་ཉིད་དུ་སྦྱོར་བས་ན་ལྷན་ཅིག་སྐྱེས་སྦྱོར་རོ། །ཞེས་དང༌། འབའ་ར་བ་རྒྱལ་མཚན་དཔལ་བཟང་གིས། ངེས་ཚིག་ནི། ཕྱག་ཅེས་པ་སྟོང་པ་ཡིན་ལ། རྒྱ་ཞེས་པ་མི་འདའ་བ་ལ་འཇུག་པས་ན་འདི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་མ་བཅོས་མ་བསྒྱུར་མ་བསླད་སོ་མ་ཉམས་གྲ་མ་ཆག་པར་གང་སྣང་གང་ཤར་ཐམས་ཅད་ཀྱི་རང་གཤིས་སམ་གནས་ལུགས་ཅིར་ཡང་མ་གྲུབ་པའི་སྟོང་པར་འདུག་པས་ན་ཕྱག་སྟེ། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསང༌། །རྫོགས་པའི་སངས་རྒྱས་སྐྱེ་བ་མེད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཅེས་སོ། །གཟུང་འཛིན་གྱི་སྣང་བ་ངན་པ་དང་བཟང་པོ་སྣ་ཚོགས་པ་ཇི་སྙེད་ཅིག་ཤར་ཡང༌། སྟོང་པ་ཉིད་ལས་མི་འདའ་བའི་ཕྱིར་རྒྱ་སྟེ་དཔེར་ན་ནམ་མཁའ་ལ་བྱ་འཕུར་བའམ་ཕྱིའི་རྒྱ་མཚོ་ལ་ཉ་ཇི་ཙམ་ཞིག་འཕྱོ་ཡང་ནམ་མཁའ་དང་ཆུ་ལས་མི་འདའ་བ་བཞིན་ནོ། །དཔལ་གསང་བ་སྤྱོད་པའི་རྒྱུད་ལས། ཆོས་ཀུན་སེམས་ཀྱི་ངོ་བོ་སྟེ། །སེམས་ནི་སྟོང་པའི་ངོ་བོ་ཡིན། །ཐམས་ཅད་སྟོང་པར་རོ་གཅིག་པས། །འདི་ནི་བླང་དོར་མེད་པའི་དབྱིངས། །ཞེས་སོ། །དེས་ན་གང་དང་གང་ཤར་ཡང་སྟོང་པ་ཉིད་ལས་མི་འདའ་བས་ན་སྤང་བྱ་འཁོར་བའི་ཆོས་ཀྱི་རྒྱ་ལས་ཡེ་ནས་གྲོལ་བ་སྟེ་སྤང་བྱ་རང་བཞིན་མེད་པས་འཆིང་བྱེད་ཀྱི་རྒྱ་མེད། ང་བདག་ལ་རང་བཞིན་མེད་པས་འཆིང་བྱའི་བདག་མེད། འཆིང་བྱ་འཆིང་བྱེད་མེད་པས་འཁོར་བའི་ཆོས་ལས་གྲོལ་བའོ། །གང་སྣང་བའི་ཐོག་ན་སྣང་བའི་རང་བཞིན་ཅིར་ཡང་མ་གྲུབ་པས་སྟོང་པ། །སྟོང་པའི་མདངས་གསལ་ལ་མ་འགགས་པར་རྗེན་ནེ་བ་སྣང་བ། གང་ཤར་གྱི་ཐོག་ཏུ་སུས་ཀྱང་བཟོ་མ་བྱས་པར་ཟུང་འཇུག་ཏུ་ཁྲིག་གེ་བའི་གོང་ན་གཞན་མེད་པས་ཆེན་པོ་སྟེ། མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། མེ་ལོང་གི་ནང་དུ་གཟུགས་བརྙན་གྱི་རྣམ་པ་སྣང་ཡང་དེའི་རང་བཞིན་མེད་པས་སྟོང་པ། དེ་ལ་དེའི་རང་བཞིན་མི་འདུག་ཀྱང་དེའི་རྣམ་པ་གསལ་བར་སྣང་བའོ། །དེ་སྐད་དུ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། །ཉོན་ཅིག་ལྷ་མོ་ཕྱག་རྒྱ་ཆེ། །ཕྱག་རྒྱ་ཆེན་པོ་གསང་བ་ཆེ། །བརྗོད་མེད་མི་ཟད་མ་སྐྱེས་པ། །ཐམས་ཅད་གཟུགས་ཅན་གཟུགས་དང་བྲལ། །གཟུགས་མེད་གཟུགས་ཀྱི་བདག་པོ་མཆོག །སྦོམ་ཕྲ་ལ་སོགས་དང་བྲལ་བ། །གཞལ་དུ་མེད་པའི་རང་བཞིན་ནོ། །ཞེས་དང༌། ལྷན་ཅིག་སྐྱེས་སྦྱོར་ནི། གཉིས་ལྷན་ཅིག་ཏུ་ཚོགས་པ་ལྟ་བུ་ལ་ལྷན་ཅིག་སྐྱེས་པར་མི་འདོད་དེ། །དངོས་པོ་ངོ་བོ་གཅིག་ལ་ཆོས་གསུམ་ལྡན་ལྷན་ཅིག་སྐྱེས་པ་ལྟ་བུ་ཞིག་ཡིན་ཏེ། གསེར་གྱི་ངོ་བོ་གཅིག་ལ་ཁ་དོག་སེར་བ། ལྕིད་ཆེ་བ། བཞུ་བཏུལ་བྱས་པས་ངན་དུ་མི་འགྲོ་བ་གསུམ་ཚང་ལ། དེའི་སེར་པོ་ལས་གཞན་པའི་ལྕིད་ཆེ་བ་དང་བཞུ་བཏུལ་བྱས་པས་མི་འགྱུར་བ་ལོགས་ན་མེད་ལ། ལྕིད་ཆེ་བ་ལས་ལོགས་སུ་གཞན་གཉིས་པོ་མེད་དེ། དེ་གསུམ་ག་གསེར་མ་ཡིན་ན་མ་གཏོགས་གསེར་ཡིན་ཕན་ཆད་ལྷན་ཅིག་སྐྱེས་པས་སེར་པོའི་སྟེང་དུ་ཁ་དོག་སེར་བ། ལྕིད་ཆེ་བ། བཞུ་བཏུལ་བྱས་པས་ངན་དུ་མི་འགྲོ་བ་གསུམ་ཚང་ལ། དེ་བཞིན་དུ་གཞན་གཉིས་པོའི་སྟེང་དུ་གསུམ་གསུམ་ཚང་བ་བཞིན་དུ། གཞི་བྱང་ཆུབ་ཀྱི་སེམས་འདི་ལའང་ངོ་བོ་རིག་པ། རང་བཞིན་སྟོང་པ། མཚན་ཉིད་གསལ་བ་གསུམ་ལྷན་ཅིག་སྐྱེས་ལ། དེའི་སྟོང་པ་ལས་གཞན་པའི་ལོགས་སུ་རིག་པ་དང་གསལ་བ་མེད་ལ། གསལ་བ་ལས་གཞན་པའི་ལོགས་སུ་སྟོང་པ་དང་རིག་པ་མེད། །རིག་པ་ལས་གཞན་པའི་ལོགས་སུ་གསལ་བ་དང་སྟོང་བ་མེད། ངོ་བོ་སེམས་གཅིག་པུ་ཡིན་པ་ལ་ལྡོག་ཆོས་ལ་སྟོང་པ་རིག་པ་གསལ་བ་གསུམ་བྱུང་བའོ། །གསུམ་བྱུང་ཡང་དེ་གསུམ་ག་དབྱེར་མེད་པར་ལྷན་ཅིག་སྐྱེས་པ་སྟེ། སྟོང་པ་ཉིད་རིག་པ་དང་གསལ་བར་སྐྱེས། རིག་པ་ཉིད་སྟོང་པ་དང་གསལ་བར་སྐྱེས། གསལ་བ་ཉིད་སྟོང་པ་དང་རིག་པར་སྐྱེས་པས་གསལ་རིག་སྟོང་གསུམ་པོ་རེ་རེའི་སྟེང་ན་གསུམ་ག་ཚང་བར་སྐྱེས་པས་ལྷན་ཅིག་སྐྱེས་པ་ཞེས་བྱའོ། །དེ་སྐད་དུའང་བརྟག་གཉིས་ལས། ལྷན་ཅིག་སྐྱེས་པ་གང་སྐྱེས་པ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པར་གཅིག །ཅེས་སོ། །དེ་རྒྱུད་ལ་སྦྱོར་བ་དེ་ལ་ལྷན་ཅིག་སྐྱེས་སྦྱོར་ཞེས་བྱའོ། །དེ་ལྟ་བུ་ཡ་གི་སངས་རྒྱས་ནས་མ་གི་འཇག་མིག་གི་སྲིན་བུ་ཡན་ཆད་ལ་བཟང་ངན་ནམ་ཆེ་ཆུང་མེད་པར་གནས་སོ། །དེ་རང་ངོ་ནམ་ཤེས་པའི་ཚེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ། །དེ་ངོ་མ་ཤེས་པའི་དུས་ན་ཀུན་གཞིའི་རྣམ་ཤེས་ཞེས་བྱའོ། །དེ་ངོ་ཤེས་པ་དང་མ་ཤེས་པ་གཉིས་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །དེ་གཉིས་གང་སྔ་ན་དུས་ལ་སྔ་ཕྱི་མེད་དོ། །ངོ་བོ་ལ་བཟང་ངན་མེད་དེ། དེ་གཉིས་ཀ་ངོ་བོ་གཅིག་པའི་ཕྱིར་རོ། །ཞེས་དང༌། རྒྱལ་བ་ཡང་དགོན་པས། དེ་ལ་ཕྱག་རྒྱ་ཆེན་པོའི་སྒྲ་དོན་ནི། ཕྱག་རྒྱ་ཆེན་པོ་ལ་སཾ་སྐྲྀ་ཏིའི་སྐད་དུ་མ་ཧཱ་མུ་དྲཱའི་སྒྲ་ལས་དྲངས་པ་མི་འདའ་བའམ་མི་ཕྱེད་པའམ་མི་སྟོང་པ་ལ་འཇུག་སྟེ། དེའང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ས་རངས་ནས་སོ་མ་ཉམས་མདོག་མ་བསྒྱུར་བར་དུས་གསུམ་དུས་མེད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་བས་ཕྱག་རྒྱ། དེ་ལས་ལོགས་པའམ་དེའི་གོང་ན་གཞན་མེད་པས་ན་ཆེན་པོའོ། །དེའང་ཤེས་པ་སྐད་ཅིག་མའི་ཐོག་ཏུ་ཕྱོགས་གཅིག་ཏུ་སྦྱར་ན་རྣམ་པར་རྟོག་པ་ཞིག་ཐོལ་ཏེ་སྐྱེས་པའི་དུས་སུ་རྣམ་རྟོག་དེ་ལ་དགག་སྒྲུབ་གཅིག་ཀྱང་མ་བྱས་པར་རྣམ་རྟོག་ཏ་ལེ་བ་དེ་རང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དངོས་གཞིར་འདུག་ལ། དེ་རྟོགས་རུང་མ་རྟོགས་རུང་དེ་ལས་མི་འདའ་བས་ཕྱག་རྒྱ། རྣམ་རྟོག་དེ་ལས་ལོགས་ན་ཡེ་ཤེས་སམ་སངས་རྒྱས་ཀྱི་དགོངས་པ་ཞེས་བཙལ་དུ་མེད་པས་ཆེན་པོའོ། །ཞེས་དང༌། འདི་དག་ནི་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་གྱི་མཚན་གྱི་སྒྲ་བཤད་ཡིན་ཅིང༌། དེར་མ་ཟད་ཕྱག་རྒྱ་ཆེན་པོ་དང༌། དབུ་མ་ཆེན་པོ་རྫོགས་པ་ཆེན་པོ་སོགས་ཇི་ལྟར་བཏགས་ཀྱང་འགལ་བ་མེད་དེ། ཕག་གྲུས། རྣམ་རྟོག་དང་ནི་ཉོན་མོངས་པ། །ཐམས་ཅད་འདུལ་བས་འདུལ་བ་ཡིན། །རྣམ་པར་རྟོག་པ་ཆོས་སྐུ་རུ། །ངེས་པའི་ཤེས་པ་སྐྱེད་བའི་ས། །སྒྲོ་འདོགས་ནང་ནས་གཅོད་པས་ན། །འདི་ནི་བླ་མའི་གདམས་ངག་ཡིན། །རྟག་ཆད་སྒྲོ་སྐུར་ལ་སོགས་པའི། །མཐའ་དང་བྲལ་བས་དབུ་མ་ཡིན། །སྨྲ་བསམ་བརྗོད་དུ་མེད་པའི་ཕྱིར། །ཕ་རོལ་ཕྱིན་པའི་གདམས་ངག་ཡིན། །འཁོར་དང་མྱ་ངན་འདས་པའི་ཆོས། །སེམས་སུ་རྫོགས་པས་རྫོགས་ཆེན་ཡིན། །བཟང་རྟོག་ངན་རྟོག་ཐམས་ཅད་ཀུན། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ། །སྡུག་བསྔལ་ཞི་བས་ཞི་བྱེད་ཡིན། །ཉོན་མོངས་དང་ནི་རྣམ་རྟོག་ཀུན། །ལམ་དུ་སློངས་པས་གསང་སྔགས་ཡིན། །སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། །དང་པོ་ལྷན་ཅིག་སྐྱེས་པས་ཏེ། །གདམས་པས་གཅིག་ཏུ་སྦྱོར་བའི་ཕྱིར། །ལྷན་ཅིག་སྐྱེས་སྦྱོར་ཞེས་སུ་བཤད། །འདྲེ་དང་བདུད་ལ་སོགས་པ་ཡི། །བར་གཅོད་ལ་ཡང་བསྔགས་སོ་གསུངས། །ཞེས་གསུངས་སོ། །ཆོས་ཐུན་གོ་དྲུག་པའོ། ༈ །བཞི་པ་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྱད་པར་ནི། དྭགས་པོ་རིན་པོ་ཆེས། ཕག་གྲུ་ལ་དྲིས་ལན་གནང་བར། ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་གཉིས་ལ་ཁྱད་པར་བདོག་གམ་མི་བདོག་ཞུས་པས། ཕྱག་རྒྱ་ཆེན་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པ་ཆོས་ཉིད་ནམ་མཁའ་ལྟ་བུ་དུས་ཐམས་ཅད་པའི་ཡེ་ཤེས་གཉིས་མེད་ཅིག་ཡིན། ལྷན་ཅིག་སྐྱེས་སྦྱོར་ནི་རྟོག་པ་གང་སྐྱེས་སྐུ་བཞིར་སྦྱོར་བ་ཡིན་པས་དུས་ཐམས་ཅད་པར་མི་འདོད་དེ་རྒྱུན་ཆད་ཡོད། ཅེས་དང༌། ཞང་རིན་པོ་ཆེས། །དེ་ལྟ་བུ་ཡི་ངོ་བོ་དེ། ཚིག་དང་བརྟག་དཔྱད་ཀྱིས་མི་མཐོང༌། །ཐ་མས་བརྒྱུད་པའི་ལམ་ལ་འབད། །འབྲིང་གི་རྩ་རླུང་ཐབས་ལ་འབད། །རབ་ཀྱིས་ལྷན་ཅིག་སྐྱེས་སྦྱོར་དང༌། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །ཞེས་དང༌། ལྷན་ཅིག་སྐྱེས་སྦྱོར་ཡེ་ཤེས་ཀྱིས། །རྣམ་རྟོག་གཞིགས་ནས་ཆོས་སྐུར་བཀྱེར། །ཕྱག་རྒྱ་ཆེན་པོའི་མན་ངག་ནི། །རྣམ་རྟོག་གློད་ནས་ཆོས་སྐུར་བཀྱེར། །ཞེས་སོགས་མཐའ་ཡས་པར་གསུངས་སོ། །མདོར་ན་ཕྱག་རྒྱ་ཆེན་པོ་ནི་དོན་བཞིའི་སྒོ་ནས་སྟོན་ལ་དེར་བརྗོད་དོན་མཐའ་དག་འདུས་ཤིང༌། དེའང་རྒོད་ཚང་པའི་གསུངས་ལས་བྱུང་བ་ལྟར་བརྗོད་ན། རྒོད་ཚང་པས། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི། ངོ་བོ། །ངེས་ཚིག །དབྱེ་བ། ཁྱད་པར་དང་བཞི། །ངོ་བོ་ནི་དེས་ཐམས་ཅད་ལ་ཁྱབ་པ་ཐམས་ཅད་དེའི་རང་བཞིན་དུ་འདུས་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའོ། །ངེས་ཚིག །ཕྱག་ནི་སྟོང་པ་ཉིད་ཡིན་ཏེ། རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཆེན་པོ་ཟུང་འཇུག་རྟོགས་པ་ཡིན། །ཞེས་སོ། །དབྱེ་བ་ལ་གསུམ་སྟེ། གཞི་ཀུན་ལ་ཁྱབ་པའི་ཕྱག་རྒྱ་ཆེན་པོ། ལམ་ཉམས་སུ་ལེན་པའི་ཕྱག་རྒྱ་ཆེན་པོ། འབྲས་བུ་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཆེན་པོ། ཕྱག་རྒྱ་ཆེན་པོ་མཚན་ཉིད་གསུམ་ལྡན་ནི། །ངོ་བོ་ཅིར་ཡང་མ་གྲུབ་པ། རྣམ་པ་ཅིར་ཡང་མ་འགག་པ། དེ་ཉིད་དབྱེར་མེད་དུ་གནས་པའོ། ཁྱད་པར་ཡང་ལྔ་སྟེ། ལྟ་བ་ལུང་རིགས་ལ་མ་ལྟོས་པར་རྟོགས་པ་ནང་ནས་ཤར་བའི་ཁྱད་པར། སྒོམ་པ་སེམས་འཛིན་ལ་མ་ལྟོས་པར་བྱིང་རྒོད་རང་སར་གྲོལ་བའི་ཁྱད་པར། །དམ་ཚིག་བསྲུང་སྡོམ་ལ་མ་ལྟོས་པར་ཟག་མེད་ཀྱི་སྡོམ་པ་རྒྱུན་མི་འཆད་པའི་ཁྱད་པར། སྤྱོད་ལམ་གཉེན་པོ་ལ་མ་ལྟོས་པར་བླང་དོར་མདུད་པ་རང་སར་གྲོལ་བའི་ཁྱད་པར། འབྲས་བུ་དུས་རྟགས་ལ་མ་ལྟོས་པར་ལྷུན་གྲུབ་རང་ཆས་སུ་གནས་པའི་ཁྱད་པར་རོ། །ཞེས་གསུངས་པ་ལྟར་རོ། །ཆོས་ཐུན་གོ་བདུན་པའོ། ༈ །ལྔ་པ་ཉམས་སུ་བླངས་པས་འབྲས་བུ་ཇི་ལྟར་འབྱུང་བ་ནི། གོང་གི་འབྲས་བུ་མངོན་དུ་བྱེད་ཚུལ་དང་མཐུན་པ་ཞི་གནས་ལྷག་མཐོང་དབྱེར་མེད་ཀྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བ་དང༌། རྩེ་གཅིག་སྤྲོས་བྲལ་རོ་གཅིག་སྒོམ་མེད་ལ་སོགས་པའི་རྟོགས་པ་མངོན་དུ་གྱུར་ཅིང་ས་དང་ལམ་གྱི་རིམ་པ་རྣམས་ཅིག་ཅར་རམ་རིམ་གྱིས་བགྲོད་དེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དམ་པ་མངོན་དུ་བྱེད་པར་འགྱུར་རོ། །འདིར་བཀའ་བརྒྱུད་གོང་མའི་གསུངས་རྣམས་ངེས་ཤེས་འདྲོངས་ཕྱིར་དང་བྱིན་རླབས་ཆེ་བར་བསམས་ཚིག་ཚོགས་ལ་མ་འཛེམས་པར་སྒྲ་དྲང་ཐད་དུ་ལུང་དྲངས་པ་ཡིན་ལ། ཉམས་ལེན་སྐྱོང་བ་པོ་རྣམས་ཀྱིས་ཀྱང་ཚིག་རིས་ཟིན་ན་བྱིན་རླབས་ཆེ་བས་གཟུང་ཆོག་ལ་ཚིག་རིས་གལ་ཏེ་མ་ཟིན་ཀྱང་དེའི་དོན་རྣམས་གསལ་བཏབ་ནས་རྒྱུད་ལ་ཅི་འདྲེར་བསྒོམ་པས་དོན་འགྲུབ་བོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གཅིག་ཤེས་ཀུན་གྲོལ་གྱི་མན་ངག་སྙན་ནས་སྙན་དུ་བརྒྱུད་བརྒྱུད་པ་གཞན་དང་ཚིག་གཞན་གྱིས་བར་མ་ཆོད་པ་རྟོགས་ལྡན་གྱི་བླ་མ་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་བཀའ་བརྒྱུད་གོང་མ་ཐམས་ཅད་ཀྱིས་ཉམས་སུ་བཞེས་ཤིང་ཐུགས་རྒྱུད་ལ་སྐྱེས་པ་དེས་འགྲོ་བ་ཐམས་ཅད་སྨིན་གྲོལ་དུ་འགོད་པར་མཛད་པ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་གདམས་ངག་ཐམས་ཅད་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་གི་སྙིང་པོ་མཆོག་ཏུ་གྱུར་པ་བལྟས་པ་ཙམ་གྱིས་ཤེས་ཤིང་ཉམས་རྟོགས་རྒྱུད་ལ་སྐྱེ་བར་འགྱུར་བ་ངེས་དོན་རྒྱ་མཚོའི་སྙིང་པོ་འཕྲིན་ལས་འོད་འཕྲོ་ཐར་འདོད་དགའ་སྟོན་འདོད་དགུའི་འབྱུང་གནས་རྣམ་གྲོལ་མཆོག་སྦྱིན་ཞེས་བྱ་བ་འདི་ནི་རང་བཟོའི་ལྷད་སྤངས་ཏེ་བླ་མ་གོང་མ་སྒམ་པོ་པ་དང་དུས་མཁྱེན་སོགས་ནས་བཟུང་སྟེ་དཔལ་ལྡན་བླ་མ་ཐམ?་ཅད་མཁྱེན་པ་དཀོན་མཆོག་ཡན་ལག་གི་བར་དུ་བྱོན་པའི་བཀའ་རྒྱུད་ཀྱི་བླ་མ་ཚད་ལྡན་རྣམས་ཀྱི་གསུང་རྒྱུན་རྣམས་ལས་མ་གཡོས་པར་སྒྲ་ཇི་བཞིན་དུ་བསྡུས་ཏེ་ཕན་པའི་སེམས་ཀྱིས་ཆོས་སྦྱིན་དུ་བྱས་པའོ། །འོན་ཀྱང་རང་བཟོ་དང་ལྷག་ཆད་བྱུང་ཚེ་བླ་མ་དང་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། དགེ་བའི་རྩ་བ་གང་ཡོད་དེས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་གེགས་མེད་དུ་སྐྱེ་བར་གྱུར་ཅིག །སྨྲས་པ། བདག་ནི་ཐོས་ཆུང་ཉམས་ལེན་གྱིས་དབེན་ཞིང༌། །ནམ་འཆི་ཆ་མེད་ཙམ་ལའང་འཕྲིག་མ་ཚུད། །ཚེ་འདིའི་གཡེང་བ་འུར་སྒྲོབ་ཀྱིས་ཁྱེར་ནས། ཉམས་མྱོང་ཐམས་ཅད་ཡིད་སྨོན་ཙམ་དུ་བས། །དེ་ཕྱིར་རང་མྱོང་སྟེང་ནས་བརྗོད་དཀའ་ཡང༌། །བཀའ་བརྒྱུད་རིན་ཆེན་འདི་ལ་ནུས་མཆིས་པས། །དེ་ལ་ཡིད་ཆེས་མོས་པ་སྐྱེས་པའི་མཐུས། །ངེས་དོན་སྙིང་པོ་ཅུང་ཟད་བཀོད་པ་ཡིན། །འདི་ན་དེང་སང་སངས་རྒྱས་བསྟན་པ་ཡང༌། །ལྔ་བརྒྱ་ཐ་མར་གྱུར་དུ་ཉེ་བ་ནས། །རབ་བྱུང་ཕལ་ཆེར་ཁྱིམ་པའི་བྱ་བས་གཡེངས། །ཐོས་བསམ་སྒོམ་གསུམ་རྒྱབ་ཏུ་ལིངས་ཀྱིས་བོར། །ཉིན་མཚན་དགེ་ལ་བཀོལ་བ་སྨོས་ཅི་དགོས། །དགྲ་འདུལ་གཉེན་སྐྱོང་ཕར་ཤ་སྟོང་སྒྲོབ་དང༌། །ལྟོ་ཕྱིར་གནམ་རྡིབ་གྲལ་ཕྱིར་བསྙེན་རྫོགས་དང༌། །ཟང་ཟིང་ཕྱིར་དུ་ཚུལ་འཆོས་སློབ་གཉེར་བྱེད། །བདག་བསྟོད་གཞན་སྨོད་ང་རྒྱལ་སེར་སྣས་བཀླུབས། །བརྟགས་ན་རང་རྒྱུད་ཉོན་མོངས་ཀྱིས་གང་ཡང༌། །གྲུབ་ཐོབ་མཁས་བཙུན་འགྲན་ཟླ་མེད་སྙམ་བགྱིད། །རང་ལ་ལྟོས་བཅས་སྡིག་ལ་སྦྱོར་བ་མང༌། །བླ་མའི་གསུང་རྣམས་ལྐོག་ན་མོས་བྱས་ནས། །རང་གིས་རྟོགས་ཤིང་ཤེས་པར་ཁས་འཆེས་ཏེ། གཞན་ལ་འཆད་ཅིང་འདྲེན་པར་བཅོས་པ་ཡི། །རང་མགོ་རང་གིས་གཡོགས་པ་དུ་མ་སྣང༌། །དེ་ཡང་བདག་གིས་འདི་ལྟར་སྦྱར་བ་ནི། །མཁས་རློམ་རྒྱང་བསྲིངས་མ་རྒན་སེམས་ཅན་ཆེད། །རང་བཟོའི་བསླད་སྤངས་བཀའ་བརྒྱུད་གསུང་བཞིན་དུ། །མ་སྦས་དྲང་པོའི་ཚུལ་གྱིས་སྨྲས་པ་ཡིན། །འོན་ཀྱང་ལྷག་ཆད་འགལ་འཁྲུལ་གང་མཆིས་པ། །བླ་མ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །དགེ་བ་གང་མཆིས་མཁའ་ཁྱབ་སེམས་ཅན་རྣམས། །གནས་ལུགས་མཆོག་གི་རང་ཞལ་མཐོང་གྱུར་ཅིག །ཟབ་དོན་སྙིང་པོ་ལེགས་བཤད་བདུད་རྩི་འདི། །ཐར་འདོད་དོན་གཉེར་རེ་བ་བསྐང་ཕྱིར་དུ། །རང་བློར་གང་ཤར་གསལ་བར་བསྟན་པའི་མཐུས། །འགྲོ་ཀུན་འཆི་མེད་རྡོ་རྗེའི་ས་ཐོབ་ཤོག །ངེས་དོན་སྙིང་པོ་ཕྲིན་ལས་འོད་འཕྲོ་འདི། །མཐོང་ཐོས་དྲན་དང་ཉམས་སུ་སུས་བླངས་པ། །ཉམས་རྟོགས་དབྱར་གྱི་ཆུ་བོ་ལྟར་ཕྱུར་ཞིང༌། །འབད་མེད་གྲོལ་ཏེ་ཕྲིན་ལས་ཀུན་འགྲུབ་ཤོག །དེ་ལྟར་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི། །ཉམས་ལེན་ཁྲིད་རིམ་ཟབ་དགུའི་སྙིང་པོ་འདི། །སྐུ་སྐྱེ་ཀརྨ་གྲགས་པ་རྣམ་རྒྱལ་བ། །སོགས་ཀྱིས་གཡར་ནན་ཇི་བཞིན་བཀོད་པའི་དགེས། །ཀུན་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི། །སྣང་བ་ཆེར་རྒྱས་བསྟན་པའི་པད་ཚལ་ཆེ། །ཕྱོགས་བརྒྱར་རབ་བཞད་ལྷར་བཅས་སྐྱེ་དགུ་རྣམས། །ཟུང་འཇུག་བདེ་ཆེན་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ལུང་དང་རྟོགས་པའི་ཡོན་ཏན་དུ་མས་འབྱོར་པ་སྔོན་སྦྱངས་དང་ལྡན་ཞིང་སྐྱེ་བའི་ཕྲེང་བ་ཅན་དཔལ་རི་བོ་ཆེ་བ་པདྨ་རྒྱལ་པོའི་སྤྲུལ་སྐུ་སྐུ་སྐྱེ་ཀརྨ་གྲགས་པ་རྣམ་རྒྱལ་དཔལ་བཟང་པོ་སོགས་མོས་པ་དང་རྣམ་དཔྱོད་ལྡན་པ་འགའ་ཟུང་གིས་བསྐུལ་བར་གཡར་ཁྲལ་དུ་ཕྱོགས་བཅུ་པ་དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་གིས་གདན་ས་ཆེན་པོ་མཚུར་ཕུ་ནས་མགོ་བརྩམས། འབྲི་གུང་བཀྲ་ཤིས་ཚལ་དུ་དམིགས་ཐུན་དང་རྟགས་བསྟུན་རེ་གཟིགས་ཏུ་བྱས་པའོ། །བཀྲ་ཤིས་དཔལ་འབར་སྒྲུབ་རྒྱུད་བསྟན་པ་རབ་རྒྱས་མཁའ་ཁྱབ་འགྲོ་ཀུན་བདེ་དགེའི་དཔལ་ལ་སྤྱོད་པའི་རྒྱན་དུ་ཤོག །ཆོས་ཐུན་གོ་བརྒྱད་པའོ། །དམིགས་པ་བཞི་བཅུ་ཞེ་ལྔ་ཡོད་ཅིང༌། རྗེས་ཀྱི་སྐབས་སུའང་སྐབས་ཐོབ་དང་བསྟུན་པའི་དམིགས་པ་བསྒོམ་ཡང་སྒོམ་རྒྱུ་ནི་ཇི་ལྟར་རིགས་པ་ཡོད། འདིའི་དམིགས་པ་རྣམས་ཉམས་སུ་བླང་བྱ་དང་ཆོས་ཐུན་རྣམས་གོ་བྱར་ཤེས་པར་བྱའོ། །ཆོས་འདིའི་བཀའ་སྲུང་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་ལྕམ་དྲལ་འཁོར་དང་བཅས་པས་མཛོད་ལ། མི་མོས་པ་དང་སྐལ་མེད་དང༌། ཡི་གེ་ཙམ་ལ་བརྟེན་ནས་རྒྱུད་ལ་སྐྱེས་ཁ་བའི་སྒོ་ནས་མི་ཆོས་བླ་མའི་རྫུན་གྱིས་རང་གཞན་གྱི་མགོ་སྐོར་བར་བྱེད་པ་རྣམས་ཀྱིས་མཐོང་བ་དང་སྤེལ་བར་བྱེད་ན་བཀའ་ཆད་དྲག་པོ་ཆོད། ཇི་བཞིན་ཉམས་སུ་ལེན་ཅིང་མོས་པ་རྣམས་བལྟས་པ་ཙམ་གྱིས་ཉམས་རྟོགས་ཐམས་ཅད་གོང་འཕེལ་དུ་གྱུར་ནས། ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་འགྲུབ་པའི་སྡོང་གྲོགས་མཛོད་དངོས་གྲུབ་སྩོལ། ༈ ཁྲིད་གཞན་རྣམས་ན་དམིགས་ཐུན་དང་རྒྱབ་ཆོས་ཙམ་མ་གཏོགས་དྲི་བ་དང་ངོ་སྤྲོད་ཞིབ་པ་རྣམས་ཞལ་ཤེས་མ་དང༌། ཟུར་དུ་བཀོད་པ་ཡིན་ལ། འདིར་དེ་རྣམས་ཐམས་ཅད་ཕྱོགས་གཅིག་ཏུ་གསལ་པོར་བློ་དམན་པས་མཐོང་ཡང་བལྟས་ཆོག་མ་བླ་མ་ལ་ལུང་ཙམ་ཐོབ་ནས་ཞེ་ཐག་པ་ནས་ཉམས་ལེན་བྱེད་རྒྱུ་ཡིན་ན་ཁྲིད་ཡིག་འདི་ཀའི་ཐོག་ནས་ཉམས་ལེན་བཤད་ཚུལ་དང་མཐུན་པར་སྐྱེ་ཚུལ་དང་ལྟག་བསྟུན་ན་འདི་ཀས་དོན་འགྲུབ་ཅིང་ཉམས་རྟོགས་སྐྱེ་ཐག་ཆོད། ཡང་ཁྲིད་ཡིག་གསར་པའི་དབང་གིས་རྒྱུད་ལ་མ་སྐྱེས་པར་འདིའི་ཚིག་རིས་ལ་བརྟེན་རྒྱུད་ལ་སྐྱེ་རྒྱུ་བ་དང་གོ་བ་སྐམ་པོ་ཙམ་སྐྱེས་པས་ཆོག་པར་བཟུང་ན་མི་ཆོས་བླ་མའི་བརྫུན་དུ་འགྱུར་ཞིང༌། རང་གིས་རང་བསླུས་པར་འགྲོ་བས་དེ་བཞིན་སྤང་བར་བྱ། ༈ །ཆོས་འདིའི་བཀའ་སྲུང་ཆོས་སྐྱོང་བེར་ནག་ཅན་གྱིས་མཛོད་ལ་རང་གི་རྒྱུད་པ་མི་འཛིན་པ་དང༌། དམ་མེད་དང་ལོག་ལྟ་ཅན་སོགས་སྣོད་དུ་མ་གྱུར་པ་རྣམས་ཀྱིས་མཐོང་བ་དང་སྤེལ་ན་ཆད་པ་ཆོད། ཆོས་འདི་ལ་སྤྲོ་ཞིང་སྣོད་དང་ལྡན་པ་དང་མོས་གུས་ཕུལ་དུ་ཕྱིན་པ་དང་ཉམས་ལེན་རྩེ་གཅིག་ཏུ་སྐྱོང་བ་རྣམས་ཀྱི་སྲུང་སྐྱོབ་མཛོད། ཆོས་སྒྲུབ་པའི་བར་ཆད་ཞི་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པའི་སྡོང་གྲོག་མཛོད།། །།ཨོཾ་སྭ་སྟི། ཆོས་ཀུན་གདོད་ནས་རྒྱུ་རྐྱེན་ལས་འདས་པས། །རང་བཞིན་རྣམ་པར་དག་པའི་གནས་ལུགས་ལ། །འཁྲུལ་དང་གྲོལ་བའི་མཚན་མ་མ་དམིགས་ཀྱང༌། །དེ་བཞིན་ཉིད་ལས་ཤར་ཙམ་དེ་ཉིད་ལས། །འཛིན་སྟངས་གཏད་ཙམ་ལོག་ལས་འཁྲུལ་པ་སྟེ། །མ་རིག་འཁོར་བ་རིགས་དྲུག་སྤྱོད་ཡུལ་ལོ། །རང་བཞིན་བབས་ལས་ཤར་པ་རང་གྲོལ་ཏེ། །འཛིན་སྟངས་མ་གཏད་རང་བྱུང་ཡེ་ཤེས་སུ། །རང་སར་གྲོལ་བ་གཞི་ཡི་ཕྱག་ཆེན་ཞེས། །གཞི་ལ་ངོ་སྤྲོད་ཕྱག་རྒྱ་ཆེན་པོར་གྲགས། །ཐོག་མའི་སངས་རྒྱས་ཞེས་ཀྱང་དེ་ལ་འདོགས། །ཐ་མལ་ཤེས་པ་སྔ་ཕྱི་ལས་འདས་པའི། །ད་ལྟའི་ཤེས་རིག་སྙེམ་མེད་གོ་ཕྱེ་བ། །བསྒོམ་པས་མ་བསྒྲིབས་འཁྲུལ་པས་མ་བསླད་པ། །གཏད་མེད་རྒྱལ་ན་གསལ་སྟོང་ངང་གམ། །སངས་རྒྱས་ལག་བཅང་འབྲས་བུ་ངོ་ཐོག་སྟེ། གཞི་ལམ་འབྲས་སོགས་ས་ལམ་རྣམ་དབྱེ་རྣམས། །བདག་གཞན་དག་ཆོས་ཐ་སྙད་ཙམ་དུ་ཟད། །གཅིག་ཏུ་འདོམས་དེ་བཀའ་བརྒྱུད་ཁྱད་ཆོས་དངོས། །དུས་གསུམ་རྒྱལ་བའི་དགོངས་གཞི་དེ་ཀ་རང༌། །གྲོལ་ལམ་ཕྱག་རྒྱ་ཆེ་ཞེས་ཡོངས་གྲགས་འདི། །ནང་ལུགས་ཐ་གྲུ་ཀུན་ལ་ཁྱབ་ན་ཡང༌། །གཅིག་ཏུ་གདམས་པ་བཀའ་བརྒྱུད་ཅེས་གྲགས་ཤིང༌། ཁྱད་པར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི༌།དོན་བརྒྱུད་ནོར་བུའི་ཕྲེང་བའི་ཁྱད་ཆོས་འདི། །གཞན་སྣང་རྟོག་གེས་བརྟགས་པའི་སྤྱོད་ཡུལ་ཅི། །བྱིན་རླབས་དོན་བརྒྱུད་སྐལ་ལྡན་སྒྲོན་མེའོ། །སྐལ་མེད་རྟོག་ངོར་འབྱུང་བྱའི་མིག་ཤེས་བཞིན། །རང་རང་བགོ་སྐལ་སྤྱོད་འདི་ཅི་བྱ་བྲལ། །གྲུབ་མཐར་འཇུག་སྒོ་ཇི་ལྟར་བཤད་ཀྱང་རུང༌། །བདེན་གཉིས་འཇོག་མཚམས་ཁོ་ནར་རྣམ་པར་གཡེང༌། །ཀུན་རྫོབ་བདེན་པ་རྟོག་ངོར་བདེན་ཙམ་ལས། །མ་སྐྱེས་ནམ་མཁའི་པདྨོའི་རང་བཞིན་ཏེ། །དོན་དེ་བདེན་པ་རང་བཞིན་གནས་ལུགས་ལས། །ནམ་ཡང་མ་སྐྱེས་མ་འགགས་མཁའ་དབྱིངས་ལྟར། །དེ་བཞིན་ཉིད་ལས་མི་འདའ་ཆོས་ཉིད་རང༌། །མ་རྟོགས་པ་ལ་བདེན་གཉིས་སོ་སོར་སྣང༌། །རྟོགས་ན་དེ་ཁོ་ན་ལས་ཐ་དད་དུ། །གལ་ཏེ་བཞེད་པ་སྲིད་ན་ཕྱིན་ཅི་ལོག །དོན་ལ་རང་བདེན་བསླུ་མེད་གནད་སྲང་ཉིད། །མན་ངག་བྱིན་རླབས་སྟོབས་ཀྱིས་མངོན་སུམ་དུ། །མཐོང་བའི་མཐུ་དང་སངས་རྒྱས་ཁོ་ན་ལས། །གཞན་གྱི་ཡུལ་མིན་རྟོག་བཏགས་ཁོ་ནའོ། །དེ་ལྟའི་མན་ངག་མངོན་ཕྱུངས་ལམ་འདི་རྨད། །ཕྱག་རྫོགས་དབུ་སོགས་ཇི་ལྟར་འདོད་ནའང༌། །གསང་ཆེན་དྲངས་ངེས་མཐར་ཐུགས་ཀུན་གྱི་སྲོག །ཟབ་དོན་རྒྱ་མཚོ་གྲུབ་པའི་ཤུལ་ལམ་འདི། །མ་རྒན་མཁའ་མཉམ་སྲིད་ལས་མྱུར་སྒྲོལ་ནས། །རྟེན་འདིར་རྡོ་རྗེ་འཆང་དངོས་གྲུབ་པ་དང༌། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་བསྟན། །ཕྱོགས་མཐའ་ཀུན་ཏུ་ཁྱབ་ཅིང་གྲུབ་པའི་སྡེའི། །ས་གསུམ་གྲགས་སྙན་དབྱར་རྔས་འགེངས་པའི་ཕྱིར། ཁྱབ་བདག་རང་བྱུང་རིག་པའི་རྡོ་རྗེ་ཡིས། །པར་འདི་གསར་བསྐྲུན་ཀརྨའི་ཆོས་སྒར་བཞུགས། །དགེ་བས་རྒྱལ་བསྟན་དར་རྒྱས་ཡུན་གནས་ཤོག་ཅེས་པའི་པར་བྱང་སྨོན་ཚིགས་འདི་བཞིན་བགྱིས་ཞེས་དཔལ་ཀརྨ་པ་ཆེན་པོའི་བཀའ་བཟང་སྤྱི་བོར་ཕེབས་པར་བརྟེན་གང་གི་གུས་འབངས་ཐ་ཤལ་བ་དགེ་སྦྱོང་གི་ཚུལ་ཅན་ཕྱག་ཆེན་ལ་མོས་པ་ལམ་དུ་བྱེད་པ་པོ་འདུ་གསུམ་པ་ཀརྨ་བསྟན་འཛིན་ནམ། མིང་གཞན་ཆོས་ཀྱི་ཟླ་བའམ། རྒྱལ་སྲས་ཆོས་ཀྱི་བློ་གྲོས་སུ་འབོད་པ་དེས་སྨྲས་པའོ།། །།སརྦ་མངྒ་ལཾ། །