དཔལ་ལྡན་བླ་མ་རིན་ཆེན་འབྱུང་ལྡན་ལ་གསོལ་བ་འདེབས་པ་བསོད་ནམས་རབ་རྒྱས།

བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །ཕུན་ཚོགས་དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར། །རྨད་བྱུང་བྱིན་རླབས་ཆུ་བོ་འབྱུང་བའི་གཞི། །བསམ་ཡས་ཕྲིན་ལས་རླབས་ཕྲེང་དང་ལྡན་པ། །ཡོན་ཏན་རྒྱ་མཚོ་རྗེ་བཙུན་བླ་མ་རྒྱལ། །ཆོས་ཉིད་མི་འགྱུར་བཻ་ཌཱུར་ས་གཞིའི་དབུས། །དངོས་གྲུབ་སྣ་ཚོགས་སྩོལ་བའི་རིན་ཆེན་ཁྲི། །འཁོར་བའི་སྐྱོན་གྱིས་མ་གོས་འདབ་སྟོང་རྩེར། །ཤེས་རབ་ཐབས་ཀྱི་རང་བཞིན་ཉི་ཟླའི་སྟེང་། །ཡོན་ཏན་ངོ་བོ་རིན་ཆེན་འབྱུང་ལྡན་དང་། །དབྱེར་མེད་རྗེ་བཙུན་བླ་མ་དམ་པ་ནི། །གསེར་བཟང་འབར་བའི་མདོག་ཅན་བརྗིད་པའི་སྐུ། །གདུལ་བྱའི་དཔལ་འབྱོར་རྒྱས་མཛད་ལ་ཕྱག་འཚལ། །ཟུང་འཇུག་སྟོང་དང་གསལ་བ་རྣམ་དག་པའི། །ཞལ་གཅིག་ཕྱག་གཉིས་གཡས་པ་མཆོག་སྦྱིན་གྱིས། །འགྲོ་བའི་རེ་འདོད་སྐོང་ཞིང་ཕྱག་གཡོན་ནི། །མཉམ་བཞག་ཏིང་འཛིན་རྒྱས་མཛད་ལ་ཕྱག་འཚལ། །ཐབས་ཤེས་ཟུང་འཇུག་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །དངོས་གྲུབ་མཆོག་སྩོལ་མཚན་དཔེ་བཟང་པོ་དང་། །གནས་སྐབས་དགོས་འདོད་སྩོལ་བའི་རིན་ཆེན་གྱི། །རྒྱན་བཟང་དུ་མས་སྒེག་ལ་བདག་ཕྱག་འཚལ། །འོད་ཟེར་བྱེ་བའི་འཕྲོ་འདུས་བརྒྱན་པའི་སྐུ། །ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པའི་གསུང་། །དཔག་ཡས་མཁྱེན་བརྩེ་ཟུང་དུ་འཇུག་པའི་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་བདག་ཕྱག་འཚལ། །རྣམ་གྲོལ་ལམ་སྟོན་བརྒྱུད་པའི་བླ་མ་དང་། །རྣམ་དག་ཆོས་དབྱིངས་ཀུན་ཁྱབ་ཡི་དམ་ལྷ། །རྣམ་མང་འགྲོ་བའི་སྐྱབས་གནས་མཆོག་གསུམ་ལ། །རྣམ་དཀར་དད་པའི་ཡིད་ཀྱིས་བདག་ཕྱག་འཚལ། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད་པར་བགྱི། །སྒོ་གསུམ་བསགས་པའི་ཉེས་ཀུན་སོ་སོར་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་། །ཟབ་ཡངས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་ཏུ་མྱ་ངན་མི་འདའ་བཞུགས་པར་གསོལ། །བདག་དང་གཞན་གྱིས་དགེ་བ་ཅི་བསགས་པ། །མཁའ་མཉམ་འགྲོ་བས་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞིང་ཁམས་རྣམ་དག་གསེར་གྱི་ས་གཞི་འདིར། །དབུས་ཀྱི་རི་རྒྱལ་རིན་ཆེན་གཞི་ལས་གྲུབ། །གླིང་བཞི་གླིང་ཕྲན་རིན་ཆེན་རི་བོ་དང་། །དཔག་བསམ་ཤིང་དང་བ་མཆོག་མ་རྨོས་ལོ། །རྒྱལ་སྲིད་སྣ་བདུན་གཏེར་གྱི་བུམ་པ་ཆེ། །སྒེག་སོགས་ལྷ་མོས་མཆོད་རྫས་དུ་མ་འཛིན། །ཉི་མ་ཟླ་བ་གདུགས་དང་རྒྱལ་མཚན་དང་། །བླ་རེ་བ་དན་རྣར་སྙན་རོལ་མོའི་ཚོགས། །རིན་ཆེན་རྒྱན་དང་ཁང་བརྩེགས་གོས་བཟང་དང་། །སྣ་ཚོགས་འབྲུ་བཟང་བཟའ་བཏུང་སྦྱར་ལེགས་སོགས། །ལྷ་མིའི་ཡོ་བྱད་ཕུན་ཚོགས་ཀྱིས་བཀང་སྟེ། །ནམ་མཁའི་དབྱིངས་ཀུན་ཁྱབ་ཅིང་འཁོར་བའི་མཐའ། །རྣམ་པར་གནས་པ་དེ་སྲིད་རྒྱུན་མི་ཆད། །གཞན་ཡང་བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་ཅི་མཆིས་རྣམས། །ཡོན་གནས་དམ་པ་རྗེ་བཙུན་ཆོས་ཀྱི་རྗེ། །བརྒྱུད་པར་བཅས་དང་ཡི་དམ་ལྷ་ཡི་ཚོགས། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །དམིགས་མེད་ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང་། །བདག་དང་འགྲོ་ལ་བྱིན་གྱིས་བརླབ་ཏུ་གསོལ། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །སྐྱབས་མཆོག་མཚུངས་མེད་ཁྱོད་ལ་གསོལ་འདེབས་ཀྱིས། །ཚད་མེད་མཁྱེན་བརྩེའི་ཐུགས་ཀྱིས་དགོངས་སུ་གསོལ། །སྲིད་པའི་རྒྱ་མཚོ་ཆེ་ལས་རབ་བསྒྲལ་ནས། །མྱང་འདས་ཐར་པའི་སྐམ་སར་འཇོག་ཏུ་གསོལ། །བག་ཆགས་མཐུག་པོའི་ཚང་ཚིང་བསྲེགས་ནས་ཀྱང་། །ཡང་དག་ཡེ་ཤེས་སྣང་བ་བསྐྱེད་དུ་གསོལ། །རྣམ་རྟོག་རླུང་དམར་འཚུབས་མས་དཀྲུགས་པ་ཡི། །ཉོན་མོངས་རྦ་རླབས་ཞི་བར་མཛད་དུ་གསོལ། །ཤུགས་དྲག་ལས་ཀྱི་ཆུ་བོས་སྡུག་བསྔལ་གྱི། །ཆུ་སྲིན་ཁ་རུ་ཁྲིད་ལས་བཟློག་ཏུ་གསོལ། །བྱམས་དང་སྙིང་རྗེའི་རྩ་བ་རབ་བརྟན་པའི། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་བསྐྱེད་དུ་གསོལ། །ལུས་ངག་ཡིད་ལ་སྨིན་བྱེད་དབང་བཞི་ཡིས། །རྣམ་གྲོལ་སྐུ་བཞིའི་ས་བོན་གདབ་ཏུ་གསོལ། །དེ་ཚེ་ཐོབ་པའི་དམ་ཚིག་སྡོམ་པ་ལ། །ཉེས་ལྟུང་དྲི་མའི་ཚོགས་རྣམས་བཟློག་ཏུ་གསོལ། །དབང་གིས་མཚོན་པའི་ཡང་དག་ལྟ་བ་ཡིས། །བདེན་གཉིས་ཟུང་འཇུག་རྟོགས་པར་མཛད་དུ་གསོལ། །རིམ་གཉིས་རྣལ་འབྱོར་རྒྱུན་ཆད་མེད་པ་ཡིས། །ཚོགས་གཉིས་ཟུང་འཇུག་རྫོགས་པར་མཛད་དུ་གསོལ། །སྤྱོད་པས་བོགས་དབྱུང་ཉེ་རྒྱུས་མཚམས་སྦྱར་ནས། །སྐུ་བཞི་མངོན་དུ་འགྱུར་བར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་གནས་སྐབས་ཀུན་དུ་ཡང་། །བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་བཟློག་ཏུ་གསོལ། །མཐུན་པའི་རྐྱེན་གྱུར་བཤེས་གཉེན་གྲོགས་མཆོག་དང་། །མ་ནོར་དམ་ཆོས་རྒྱས་པར་མཛད་དུ་གསོལ། །འཚེ་མེད་གནས་དང་སྡིག་མེད་ཡོ་བྱད་དང་། །ནད་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །རྣམ་དཔྱོད་སྤོབས་པ་གཟུངས་དང་ཏིང་འཛིན་སོགས། །ཡོན་ཏན་དུ་མའི་དངོས་གྲུབ་སྩལ་དུ་གསོལ། །སྙན་པའི་གྲགས་པས་ཆོས་མཐུན་འཁོར་བསྡུས་ནས། །འགྲོ་ཀུན་རྟག་ཏུ་འདུན་པར་མཛད་དུ་གསོལ། །དེ་དག་སྐྱོན་མེད་ཁྲིམས་ལ་ལེགས་སྦྱར་ནས། །ཐོས་བསམ་སྒྲུབ་པ་འཕེལ་བར་མཛད་དུ་གསོལ། །རྟག་ཏུ་འཆད་རྩོད་རྩོམ་པའི་བྱ་བ་ཡིས། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །རྒྱལ་ཁམས་ཀུན་ཏུ་ཉེར་འཚེ་རབ་ཞི་ནས། །དཔལ་འབྱོར་ཕུན་ཚོགས་རྒྱས་པར་མཛད་དུ་གསོལ། །མདོར་ན་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ཡི། །འགལ་རྐྱེན་བར་ཆད་མཐའ་དག་ཉེར་ཞི་ཞིང་། །མཐུན་རྐྱེན་ཇི་ལྟར་བསམས་པའི་དོན་རྣམས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སངས་རྒྱས་ཀུན་གྱི་ཡོན་ཏན་གཅིག་བསྡུས་པའི། །རིན་ཆེན་འབྱུང་ལྡན་ཉིད་དུ་བདག་གྱུར་ནས། །མཁའ་མཉམ་འགྲོ་བའི་རེ་འདོད་སྐོང་བ་ཡིས། །བསོད་ནམས་ཆེན་པོ་རྫོགས་པར་མཛད་དུ་གསོལ། །ཅི་ལྟར་སྣང་བ་འདི་དག་རང་གི་སེམས། །སེམས་ཉིད་གསལ་དང་སྟོང་པ་ཟུང་འཇུག་ཏུ། །ལེགས་པར་རྟོགས་ནས་རྩེ་གཅིག་བསྒོམས་པ་ཡིས། །ཡེ་ཤེས་ཚོགས་ཆེན་རྫོགས་པར་མཛད་དུ་གསོལ། །དཔལ་ལྡན་བླ་མ་རིན་ཆེན་འབྱུང་ལྡན་ལ་གསོལ་བ་འདེབས་པ་བསོད་ནམས་རབ་རྒྱས་ཞེས་བྱ་བ་འདི་ནི་རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་བསོད་ནམས་སེང་གེས་མེ་ཕོ་ཁྱིའི་ལོ་ཐ་སྐར་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་བྱམས་ཆེན་གྱི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་བསོད་ནམས་ལྷ་དབང་དཔལ་འབྱོར་གྱིས་བགྱིས་སོ། །འདིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་དང་དཔལ་འབྱོར་རྒྱས་པར་གྱུར་ཅིག། །།ཤུ་བྷཾ།། །།