ཁ་སྐོང་།

ན་མོ་གུ་ར་ཝེ། གང་ལ་ཡོན་ཏན་མཆོག་མངའ་ཞིང་། །ཉེས་པ་བག་ཆགས་བཅས་སྤངས་ནས། །གཅིག་ཏུ་གཞན་དོན་ལ་གཞོལ་བ། །མཚུངས་མེད་རྗེ་བཙུན་དེ་ལ་འདུད། །གང་དེའི་རྣམ་ཐར་མདོ་ཙམ་ཞིག །ངོ་མཚར་རྒྱ་མཚོར་སྔར་བསྟན་ཟིན། །དེ་ཡི་ཁ་སྐོང་ཐུན་མོང་དུ། །གྲགས་པ་འདིར་ནི་བརྗོད་པར་བྱ། །ཐུགས་རྗེས་གཞན་དོན་ལྷུར་བླངས་ནས། །སྐུ་ཚེའི་འདུ་བྱེད་བྱིན་བརླབས་ཏེ། །གྱ་གཉིས་བར་དུ་གདུལ་བྱ་ཡི། །འདྲེན་པ་མཛད་པ་དེ་ལ་འདུད། །ཞིང་འདིའི་གདུལ་བྱ་སྨིན་མཛད་ནས། །འཇིག་རྟེན་ཁམས་ནི་རྣམ་མང་དུ། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །གྲངས་མེད་འགྲོ་བའི་དོན་མཛད་ཕྱིར། །གཞི་དུས་འབྱུང་བཞིའི་ཐིམ་རིམ་རྣམས། །ལམ་གྱིས་ཉམས་སུ་བསྒྱུར་མཛད་ནས། །རྣམ་ཤེས་འོད་གསལ་ཐིམ་པའི་ཚེ། །མཆོག་གི་དངོས་གྲུབ་བརྙེས་ལ་འདུད། །དེ་ཚེ་འགྱུར་མེད་བདེ་སྟོང་གི །ཡེ་ཤེས་བརྙེས་པའི་ཕྱི་རྟགས་སུ། །བཅུ་དྲུག་ལོ་ལོན་བྱིས་པ་ཡི། །རྣམ་པ་ཇི་བཞིན་གཞོན་ཤ་ཅན། །ཞལ་གྱི་དཀྱིལ་འཁོར་གཉེར་མ་མེད། །དཀར་དམར་མདངས་གསལ་འོད་འཕྲོ་ཞིང་། །སྤྱན་ནི་དཀར་གནག་འབྱེས་པ་སོགས། །མཚན་མཆོག་མངོན་དུ་གྱུར་ལ་འདུད། །རླུང་སེམས་དབུ་མར་ཚུད་པའི་བརྡར། །ཉིན་ཞག་བཅུ་བདུན་འདས་ཀྱི་བར། །འཕགས་ཡུལ་གྲུབ་པའི་དབང་ཕྱུག་གི །བཞུགས་སྟངས་ཇི་བཞིན་དྲང་པོར་བསྲང་། །ཕྱག་གཡས་རྡོ་རྗེའི་ཁུ་ཚུར་དང་། །གཡོན་པ་སྡིགས་མཛུབ་བསྣོལ་བ་ཡིས། །གྲིམ་ཤར་བཅས་པས་སྐུ་ལ་འཁྱུད། །གཟི་བརྗིད་མདངས་ལྡན་དེ་ལ་འདུད། །བྱམས་དང་སྙིང་རྗེའི་རྒྱུ་མཐུན་གྱིས། །བྱ་དང་རི་དྭགས་ཚོགས་རྣམས་ཀྱང་། །གནས་གཞན་སྤངས་ནས་དེ་ཉིད་དུ། །བཀོད་པ་བཞིན་དུ་འཁོད་གྱུར་ཅིང་། །མཁའ་ལ་འཇའ་འོད་གུར་ཆེན་ཕུབ། །ཁོར་ཡུག་དྲོད་ཀྱི་རྣམ་པ་དང་། །ཚུལ་ཁྲིམས་དག་པའི་དྲི་བཟང་གིས། །ཀུན་ཏུ་ཁྱབ་པ་དེ་ལ་འདུད། །ཀྱེ་མ་འཇིག་རྟེན་ཀུན་གྱི་མིག །འགྲོ་མགོན་ཉི་མ་འདས་གྱུར་ནས། །སྙིགས་དུས་གདུལ་བྱའི་དད་པ་དང་། །བློ་གྲོས་པད་མོ་སུ་ཡིས་འབྱེད། །ཁྱོད་འདྲའི་མགོན་དང་བྲལ་བའི་ཚེ། །བདག་སྙིང་ཚལ་བརྒྱར་མ་གས་པ། །ལྕགས་སམ་རྡོ་ཡི་ཁམས་ཉིད་ལས། །བྱས་པ་ཉིད་དམ་ཡང་ན་ཅི། །འོན་ཀྱང་རང་སེམས་དག་པ་འདི། །བླ་མ་མཆོག་དང་ཡི་དམ་དུ། །སྣང་བའི་ཕྱིར་ན་མགོན་ཁྱོད་དང་། །འབྲལ་བ་མེད་པར་བདག་གིས་རྟོགས། །དཔེ་བྲལ་ཁྱོད་ཀྱི་ཡོན་ཏན་ནི། །མ་ལུས་མཚོན་པའི་དཔེ་ཟླ་ཞིག །སྐྱོན་བྲལ་མིག་གིས་རྙེད་དཀའ་ན། །བདག་བློས་བཙལ་ཡང་ཇི་ལྟར་རྙེད། །འོན་ཀྱང་སྲིད་ན་གྲགས་པ་ཡི། །དཔེ་ཡི་ཡོན་ཏན་ཐམས་ཅད་ཀྱིས། །ཁྱོད་ཀྱི་ཡོན་ཏན་ཕྱོགས་རེ་ཡི། །ཆ་ཙམ་མཚོན་པ་འདི་ལྟར་མཐོང་། །གང་གི་རྣམ་ཐར་མངོན་བསམ་ན། །རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི། །རྣམ་ཐར་བཟང་པོ་མ་ལུས་པ། །གཅིག་ཏུ་བསྡུས་ནས་སྤུངས་པ་བཞིན། །གང་གི་བརྩོན་པ་རྣམ་གཉིས་ཀྱིས། །བླ་མེད་བྱང་ཆུབ་བསྒྲུབ་པ་ནི། །མར་མེའི་རྩེ་མོ་རབ་བཅིངས་དང་། །ཆུ་བོའི་རྒྱུན་ནི་རབ་འབབ་བཞིན། །གང་གི་མཁྱེན་རབ་དྲི་མེད་ཀྱིས། །ཤེས་བྱའི་གནས་ལུགས་གསལ་བ་ནི། །སྤྲིན་མེད་ནམ་མཁར་ཉི་མ་ཡི། །དཀྱིལ་འཁོར་ཤར་བ་ཇི་བཞིན་ནོ། །གང་གི་བྱམས་དང་སྙིང་རྗེ་ཡིས། །འགྲོ་ཀུན་བདག་གིར་མཛད་པ་ནི། །སྲེད་ལྡན་སྐྱེས་བུ་རང་ཉིད་ཀྱི། །བུ་ལ་བྱམས་པ་ཇི་བཞིན་ནོ། །གང་གི་རྣམ་དཀར་ཕྲིན་ལས་ཀྱིས། །ཐུབ་བསྟན་ཀུན་ཏུ་ཁྱབ་པ་ནི། །རྒྱ་མཚོའི་གོས་ཅན་རྩྭ་ལྗང་གི །མྱུ་གུས་བྲེས་པ་ཇི་བཞིན་ནོ། །རྗེ་བཙུན་དབང་གི་རྒྱལ་པོ་གང་། །དད་པའི་རྒྱལ་མཚན་རྩེར་མཆོད་ན། །དགོས་འདོད་མ་ལུས་སྩོལ་བ་ནི། །ཡིད་བཞིན་ནོར་བུ་ཇི་བཞིན་ནོ། །དེ་སླད་བདག་སོགས་གདུལ་བྱ་རྣམས། །རྩེ་གཅིག་གུས་པས་གསོལ་འདེབས་ཀྱིས། །དམིགས་མེད་ཐུགས་རྗེའི་སྤྱན་རས་ཀྱིས། །རྣམ་པ་ཀུན་ཏུ་གཟིགས་སུ་གསོལ། །ཚེ་འདིར་དངོས་སུ་མཐོང་བ་ཡི། །སྐལ་བ་མེད་མོད་དེ་ལྟ་ནའང་། །རྨི་ལམ་ཉིད་དུ་ཞལ་བསྟན་ནས། །ཐེ་ཚོམ་དྲྭ་བ་གཅད་དུ་གསོལ། །ཁྱོད་ཀྱི་ཕྲིན་ལས་བསྒྲུབ་པ་ལ། །འགལ་རྐྱེན་བར་དུ་གཅོད་པའི་ཚོགས། །ཕྱི་ནང་ཉེར་འཚེ་མ་ལུས་པ། །ཉེ་བར་ཞི་བར་མཛད་དུ་གསོལ། །མཐུན་རྐྱེན་འཚེ་མེད་གནས་དང་ནི། །སྡིག་མེད་ཟས་དང་ཡོ་བྱད་སོགས། །ཡིད་ལ་འདོད་དགུ་མ་ལུས་པ། །ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཚེ་རབས་ཀུན་ཏུ་མགོན་ཁྱོད་ཀྱིས། །ཚུལ་བཞིན་རྗེས་སུ་བཟུང་ནས་ཀྱང་། །སྨིན་བྱེད་དབང་གི་ཆུ་བོ་ཡིས། །བདག་རྒྱུད་གཏམས་པར་མཛད་དུ་གསོལ། །རིམ་གཉིས་གདམས་པ་ཟབ་མོ་ཡིས། །དབང་ལས་ཐོབ་པའི་བསྐྱེད་རྫོགས་ཀྱི། །སྡོམ་པ་གོང་ནས་གོང་ཉིད་དུ། །འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །འདུས་པ་གསུམ་པོ་མཐར་ཕྱིན་ནས། །མཆོག་གི་དངོས་གྲུབ་ཐོབ་གྱུར་ཏེ། །སླར་ཡང་དཀྱིལ་འཁོར་བཞིའི་རྟེན་འབྲེལ། །རྒྱུན་དུ་འགྲིག་པར་མཛད་དུ་གསོལ། །འབྲས་དུས་དབང་གི་ཆུ་བོ་ཡིས། །འགྲོས་བཞི་གཙུག་ཏོར་མཆོག་ཉིད་དུ། །ཐིམ་ནས་ཆེ་བ་གསུམ་ལྡན་པའི། །མཐར་ཐུག་འབྲས་བུ་སྩལ་དུ་གསོལ། །མདོར་ན་མང་དུ་སྨོས་ཅི་འཚལ། །སྤང་རྟོགས་མཛད་པའི་ཡོན་ཏན་རྣམས། །མཐར་ཕྱིན་རྗེ་བཙུན་ཁྱོད་ཉིད་དང་། །རྣམ་དབྱེར་མེད་པར་བྱིན་གྱིས་རློབས། །ཚུལ་འདི་བསོད་ནམས་སེང་གེ་ཡིས། །བླ་མའི་ཡོན་ཏན་རྗེས་དྲན་ནས། །ས་གླང་སྨལ་པོའི་བཅུ་གཅིག་ལ། །གླེ་ལུང་ཆོས་སྡེར་ལེགས་པར་སྦྱར། །དགེ་བ་འདི་དང་དགེ་བ་གཞན། །མཁའ་མཉམ་འགྲོ་བ་མ་ལུས་པ། །སྐྱོན་མེད་བླ་མ་དམ་པ་ཡིས། །རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །འདི་ལ་ཐེ་ཚོམ་དོགས་མེད་པར། །ངེས་ཤེས་གང་གིས་སྐྱེས་གྱུར་པ། །འདྲེན་མཆོག་བླ་མ་དམ་པ་ཡི། །ཐུགས་ཀྱིས་རྗེས་སུ་འཛིན་པར་ངེས།། །།ཤུ་བྷཾ།། །།