ཕར་ཕྱིན་བརྒྱུད་འདེབས།

ན་མོ་ཨཱརྻ་མཻ་ཏྲི་ནཱ་ཐཱ་ཡ། འགྲོ་བའི་བླ་མ་སྟོན་པ་རྫོགས་སངས་རྒྱས། །འགྲོ་ཀུན་བྱམས་པས་རྗེས་བཟུང་མི་ཕམ་མགོན། །འགྲོ་ལ་བརྩེ་བས་རྗེས་ཆགས་ཐོགས་མེད་ཞབས། །འགྲོ་བའི་འདྲེན་པ་གསུམ་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པ་ཀུན་མཁྱེན་དབྱིག་གི་གཉེན། །རྒྱལ་བའི་གདུང་འཛིན་འཕགས་པ་རྣམ་གྲོལ་སྡེ། །རྒྱལ་སྲས་ཐུ་བོ་བཙུན་པ་རྣམ་གྲོལ་སྡེ། །རྒྱལ་བའི་རྒྱལ་ཚབ་གསུམ་ལ་གསོལ་བ་འདེབས། །དགེ་འདུན་འདུས་པའི་རྒྱན་གྱུར་མཆོག་གི་སྡེ། །དགེ་ལེགས་བྱམས་པའི་ཐུགས་མངའ་དུལ་བའི་སྡེ། །དགེ་བའི་གཏེར་མཛོད་མཁན་པོ་རྣམ་སྣང་མཛད། །དགེ་བའི་འབྱུང་གནས་གསུམ་ལ་གསོལ་བ་འདེབས། །ཡུམ་དོན་དགོངས་པ་གསལ་མཛད་སེང་གེ་བཟང་། །ཡུམ་དོན་རྟོགས་པས་རྣམ་གྲོལ་ཡེ་ཤེས་ཞབས། །ཡུམ་དོན་ཐུགས་ཆུད་ཡོན་ཏན་གཤེས་གཉེན་ཏེ། །ཡུམ་དོན་མཐར་ཕྱིན་གསུམ་ལ་གསོལ་བ་འདེབས། །མཁས་པའི་གཙུག་རྒྱན་རིན་ཆེན་བཟང་པོ་དང་། །མཁས་ཤིང་གྲུབ་པ་བརྙེས་པ་ཟླ་བ་བཟང་། །མཁས་མང་འདུས་པའི་གཙོ་བོ་བསྟན་སྐྱོང་ཞབས། །མཁས་གྲུབ་དམ་པ་གསུམ་ལ་གསོལ་བ་འདེབས། །རབ་འབྱམས་ཤེས་བྱ་ཀུན་མཁྱེན་ལོ་ཙྪ་བ། །རབ་མཆོག་ཤེར་ཕྱིན་རྒྱས་མཛད་ཤེས་རབ་འབར། །རབ་གསལ་ཐུགས་མངའ་བྱང་ཆུབ་ཡེ་ཤེས་ཞབས། །རབ་དཀར་བློ་ལྡན་གསུམ་ལ་གསོལ་བ་འདེབས། །མཐའ་གཉིས་རྣམ་གྲོལ་གཞོན་ནུ་ཚུལ་ཁྲིམས་དང་། །མཐའ་བྲལ་སྟོང་ཉིད་དོན་རྟོགས་ཤེས་རབ་འབུམ། །མཐའ་ཡས་བྱང་ཆུབ་སེམས་ལྡན་བྱང་ཆུབ་འབུམ། །མཐའ་དག་ཡོངས་འཛིན་གསུམ་ལ་གསོལ་བ་འདེབས། །ཀུན་རྟོག་རྣམ་སྤངས་འཇམ་པའི་རྡོ་རྗེ་དང་། །ཀུན་ཏུ་གསལ་བའི་མཁྱེན་ལྡན་དར་ཚུལ་ཞབས། །ཀུན་ལ་ཕན་དགོངས་བརྩོན་འགྲུས་རྡོ་རྗེ་སྟེ། །ཀུན་གྱི་རེ་སྐོང་གསུམ་ལ་གསོལ་བ་འདེབས། །སྲིད་ཞིའི་དགྲ་ལས་རྣམ་རྒྱལ་རིན་པོ་ཆེ། །སྲིད་པའི་ཉེས་སྤོང་གྲུབ་པ་སེང་གེ་དང་། །སྲིད་གསུམ་མཁས་པ་ཚད་མའི་སྐྱེས་བུའི་ཞབས། །སྲིད་པའི་འདྲེན་པ་གསུམ་ལ་གསོལ་བ་འདེབས། །མཁྱེན་ལྡན་སྡོམ་བརྩོན་བུ་སྟོན་རིན་ཆེན་གྲུབ། །མཁྱེན་པའི་སྤྱན་གསལ་རིན་ཆེན་རྣམ་རྒྱལ་ཞབས། །མཁྱེན་བཟང་བསྟན་པའི་མངའ་བདག་སངས་རྒྱས་དཔལ། །མཁྱེན་རབ་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །ཐུབ་དབང་གཉིས་པ་རོང་སྟོན་ཆོས་ཀྱི་རྗེ། །ཐུབ་པའི་བསྟན་པ་གསལ་མཛད་སངས་རྒྱས་འཕེལ། །ཐུབ་མཆོག་དགེས་པའི་བཤེས་གཉེན་རྣམ་གཉིས་ལ། །ཐུབ་པ་བཞིན་དུ་དད་པས་གསོལ་བ་འདེབས། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་ན། །རབ་མཛེས་མཆོད་པའི་ཡོ་བྱད་ཅི་མཆིས་རྣམས། །རབ་མཆོག་ཞིང་གྱུར་བླ་མའི་ཚོགས་རྣམས་ལ། །རབ་དཀར་དད་པའི་སེམས་ཀྱིས་རྒྱས་པར་འབུལ། །མ་དག་ཉེས་པའི་ཚོགས་རྣམས་སོ་སོར་བཤགས། །མ་ལུས་དགེ་བ་ཀུན་ལ་རྗེ་ཡི་རང་། །མ་རིག་བསལ་ཕྱིར་ཆོས་འཁོར་བསྐོར་བ་དང་། །མ་རྣམས་དོན་དུ་བརྟན་པར་བཞུགས་སུ་གསོལ། །དེ་ཉིད་དོན་གཟིགས་བླ་མའི་ཚོགས་རྣམས་ལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །དེ་བཞིན་གཤེགས་པའི་ཡུམ་མཆོག་ཤེར་ཕྱིན་ལ། །དེ་དོན་རྟོགས་ཕྱིར་ཐོས་བསམ་བྱེད་པར་ཤོག །རྣམ་དག་ཐོས་དང་བསམ་པས་རྒྱུད་སྦྱངས་ནས། །རྣམ་མངའ་འགྲོ་ལ་ཕན་བདེ་བསྒྲུབ་པའི་ཕྱིར། །རྣམ་དཀར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །རྣམ་གྲོལ་ཐེག་ཆེན་ལམ་དུ་འཇུག་པར་ཤོག །རྣམ་པ་ཀུན་ཏུ་འབྲས་བུ་ཐོབ་ཕྱིར་དུ། །ལམ་གསུམ་ཤེས་པའི་ཚུལ་ལ་ལེགས་སྦྱངས་ཏེ། །གཞི་ཀུན་ཤེས་པ་གཉིས་སུ་རབ་ཕྱེ་ནས། །ལམ་དང་ལམ་མིན་སྒྲོ་འདོགས་ཆོད་པར་ཤོག །མཁྱེན་གསུམ་བསྡུས་ནས་བསྒོམས་པའི་རྣལ་འབྱོར་གྱིས། །རྟོགས་པ་རབ་ཀྱི་མཐར་ཕྱིན་ཐོབ་ནས་ཀྱང་། །སླར་ཡང་དེ་དག་གོ་རིམ་ཇི་བཞིན་དང་། །ཅིག་ཆར་བསྒོམས་པའི་ཉམས་ལེན་མཐར་ཕྱིན་ཤོག །ཟག་མེད་ཡོན་ཏན་ཀུན་ལྡན་རང་བཞིན་སྐུ། །ཡིད་འོང་མཚན་དཔེ་རབ་མཛེས་ལོངས་སྤྱོད་རྫོགས། །སྣ་ཚོགས་གདུལ་བྱའི་རེ་སྐོང་སྤྲུལ་པའི་སྐུ། །མངོན་དུ་གྱུར་ནས་ཕྲིན་ལས་དབང་བསྐུར་ཤོག །ཟུང་འཇུག་ཆོས་སྐུ་མ་ཐོབ་དེ་སྲིད་དུ། །དགའ་ལྡན་ཆོས་ཀྱིས་མཐོ་བའི་ཁང་བཟངས་དེར། །མི་ཕམ་ཆོས་ཀྱི་བླ་མའི་ཞབས་དྲུང་དུ། །ཐེག་ཆེན་ཆོས་ཀྱི་དགའ་སྟོན་མྱོང་བར་ཤོག །ཚེ་འདིར་ཚེ་རིང་ནད་མེད་ཚུལ་ཁྲིམས་དག །ཐོས་མང་ཐོས་པའི་དོན་སེམས་སྒོམ་བྱེད་ཅིང་། །ཡོངས་འཛིན་ཡོངས་ཀྱི་ལེགས་བཤད་བདུད་རྩི་ཡིས། །བློ་ལྡན་བློ་ཡི་རེ་བ་སྐོང་བར་ཤོག །བརྩེ་ཆེན་བླ་མ་རྣམས་ཀྱི་ཐུགས་རྗེ་དང་། །རིན་ཆེན་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །ཡུམ་ཆེན་ཕ་རོལ་ཕྱིན་པའི་བདེན་པ་ཡིས། །རྒྱ་ཆེན་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་བསྟོད་ཚིག་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་འདི་ནི་ཕྱོགས་མེད་རྒྱལ་ཁམས་ཀྱི་བྱ་བྲལ་བ་བསོད་ནམས་སེང་གེས་ཆུ་ཕོ་རྟའི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ་འབྲས་ཡུལ་རྫོང་དཀར་གྱི་སྐྱེད་མོས་ཚལ་དུ་སྦྱར་བའོ།། །།དགེའོ།། །།