སྒྱུར་བྱེད་དམ་པའི་ཀླད་ཀྱི་དོན།

དང་པོ་ལ་གཉིས་ཏེ། མཚན་གྱི་དོན་དང་། འགྱུར་གྱི་ཕྱག་གོ །དང་པོ་ལ་བཞི་ལས། དང་པོ་མཚན་བསྒྱུར་བ་ནི་རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས། སཾ་སྐྲྀ་ཏའི་སྐད་དུ་པྲ་མཱ་ཎ་ནི། བོད་སྐད་དུ་ཚད་མ། བཱ་ར་ཏི་ཀ་ནི་རྣམ་འགྲེལ། ཀཱ་རི་ཀ་ནི་ཚིག་ལེའུར་བྱས་པའོ། །གཉིས་པ་མཚན་བཤད་པ་ནི། ཚད་མ་ནི་བརྗོད་བྱ་ཚད་མ་ཡང་དག་པའི་ཤེས་པ་དང་། རྗོད་བྱེད་ཚད་མ་ཀུན་ལས་བཏུས་པ་གཉིས་ལས། འདིར་དངོས་སུ་ཕྱི་མ་ལ་འཇུག་ཅིང་དོན་གྱིས་སྔ་མ་ལ་ཡང་འཇུག་སྟེ། དངོས་སུ་ཀུན་ལས་བཏུས་བཤད་པས་ཡང་དག་པའི་ཤེས་པ་བདེ་བླག་ཏུ་རྟོགས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་རྒྱས་པར་འགྲེལ་པས་ན་རྣམ་འགྲེལ། རྗེས་སུ་བསྔགས་པའི་སྡེབ་སྦྱོར་དུ་ཡོད་པས་ན་ཚིག་ལེའུར་བྱས་པའོ། །གསུམ་པ་མཚན་འདོགས་པའི་རྒྱུ་མཚན་ནི། ཚད་མ་ནི་བརྗོད་བྱ་དང་། རྣམ་འགྲེལ་ནི་བྱེད་ལས་དང་། ཚིག་ལེའུར་བྱས་པ་ནི་རྗོད་བྱེད་ལས་བཏགས་པའོ། །བཞི་པ་མཚན་བཏགས་པའི་དགོས་པ་ནི། རྒྱ་སྐད་སྨོས་པའི་དགོས་པ་གཉིས། བོད་སྐད་སྨོས་པའི་དགོས་པ་གཉིས། གཉིས་ཀ་སྨོས་པའི་དགོས་པ་གཉིས་རྣམས་ནི་བསྟན་བཅོས་སྤྱི་ལྟར་བཤད་དོ། །གཉིས་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། ལོ་པཎ་བཀའ་བཅད་ལྟར་ན་མངོན་པའི་སྡེ་སྣོད་དུ་གཏོགས་པར་ཤེས་པའི་ཆེད་ཡིན་ཏེ་རྩ་བ་ཤེས་རབ་ལས་དོན་དམ་པའི་ཆོས་མངོན་པ་རྣམ་པར་བཞག་པ་ཞེས་གསུངས་པ་ལྟར། འདིས་ཀྱང་མདོ་སེམས་གཉིས་ཀའི་གནས་ལུགས་ཀྱི་ལྟ་བ་གཏན་ལ་འབེབས་པར་བྱེད་པའི་ཕྱིར་རོ། །འདིས་སྡེ་སྣོད་གསུམ་ཆར་གྱི་སྤྱིའི་དགོངས་པ་འགྲེལ་བ་ལྟར་ན། ལོ་ཙྪ་བས་རང་གི་འདོད་པའི་ལྷ་ལ་ཕྱག་འཚལ་བ་སྟེ་དགོས་པ་ནི་འགྱུར་མཐར་ཕྱིན་པའི་ཆེད་ཡིན་ནོ། །