རྟགས་ཀྱི་རྣམ་གཞག་བསྡུས་ཏེ་བསྟན།

གཉིས་པ་ལ་གཉིས་ཏེ། རྟགས་ཀྱི་རྣམ་གཞག་བསྡུས་ཏེ་བསྟན། དེ་ཉིད་རིམ་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། མདོར། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པའི་རྗེས་དཔག་གི་རྟེན་ཚུལ་གསུམ་པའི་རྟགས་དེ་ཇི་ལྟ་བུ། དེ་ལ་གྲངས་དུར་ངེས། གོལ་ས་གང་ཞེ་ན། ཕྱོགས་བཏགས་པ་བ་ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་ཅིང་། ཕྱོགས་བཏགས་པ་བ་དེའི་ཆར་སྒྲོ་བཏགས་པའི་བསྒྲུབ་བྱའི་ཆོས་ཀྱིས་རྟགས་ལ་ཁྱབ་པའི་རྗེས་འགྲོ་དང་། དེས་འཕངས་པའི་ལྡོག་པ་ཚང་བ་ཡི་གཏན་ཚིགས་དེ་ཆོས་ཅན། རྗེས་དཔག་གི་རྟེན་ཡིན་ཏེ། ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། ཚུལ་གསུམ་ཚང་བའི་གཏན་ཚིགས་དེ་ནི་འབྲས་རང་མ་དམིགས་པའི་གཏན་ཚིགས་རྣམ་པ་གསུམ་ཉིད་དུ་གྲངས་ངེས་ཏེ། ཕྱོགས་ཆོས་གྲུབ་ཅིང་བསྒྲུབ་བྱའི་ཆོས་དང་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་པའི་གཏན་ཚིགས་དེ་ལ་གསུམ་ཁོ་ནར་གྲངས་ངེས་པའི་ཕྱིར་རོ། །ཕྱོགས་ཆོས་ཞེས་པའི་ཕྱོགས་ལས་འཕྲོས་ནས་ཆོས་དང་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་འདོགས་པའི་ཆོས་གསུམ་དང་། ཆོས་ལས་འཕྲོས་ནས་རྟགས་སུ་དགོད་བྱ་མཐུན་ཕྱོགས་ལ་རྗེས་སུ་མི་འགྲོ་བར་ཐལ་བའི་རྩོད་པ་སྤོང་བ་གཉིས་འབྱུང་བ་ལས་རྣམ་འགྲེལ་དུ་འདིའི་རང་འགྲེལ་ལས་དང་པོ་དང་། གཞན་དོན་ལེའུར་ཕྱི་མ་འབྱུང་ལ། རྣམ་ངེས་ལས་དེ་ལས་བཟློག་སྟེ་འབྱུང་བ་ནི་གཉིས་ཀ་ཡང་ཕྱོགས་ཆོས་ཀྱི་དོན་ངེས་པ་ལ་མི་དགོས་ཁ་མེད་དུ་ཤེས་པར་བྱ་བའི་དོན་ནོ། །གཏན་ཚིགས་ལྟར་སྣང་ནི་མེད་ན་མི་འབྱུང་ངེས་པ་དེ་ལས་གཞན་ཏེ་མ་གྲུབ་རྟགས་ལ་ཕྱོགས་ཆོས་མ་གྲུབ་པས་མེད་ན་མི་འབྱུང་བ་བརྩི་བའི་གཞི་མེད་ཅིང་འགལ་བ་དང་མ་ངེས་པའི་རྟགས་ལ་མེད་ན་མི་འབྱུང་མ་ངེས་པ་ཉིད་ཀྱིས་སྐྱོན་ཅན་དུ་སོང་བའི་ཕྱིར་རོ། །