མཐའ་དཔྱད་པ།

གཉིས་པ་ལ་མཐའ་དཔྱད་པ་དང་། རང་གི་ལུགས་གཉིས་ལས། དང་པོ་ནི་ཁ་ཅིག ཡང་དག་རྒྱས་བཤད། ལྟར་སྣང་རྒྱས་བཤད། འབྲེལ་པ་རྒྱས་བཤད་གསུམ་དུ་བྱས་ནས་རྒྱུ་མ་ཚོགས་པས་འབྲས་བུ་ནི་ཞེས་སོགས་ཚིགས་བཅད་བཞི་པོ་ལྟར་སྣང་རྒྱས་བཤད་དུ་སྦྱོར་བ་ནི་མི་འཐད་དེ། མདོར་བསྟན་གྱི་གོ་རིམ་དང་མི་མཐུན་པའི་ཕྱིར་རོ། །གལ་ཏེ་གཞུང་ཉུང་བས་འབྲེལ་པ་རྒྱས་བཤད་ཀྱི་གོང་དུ་སྨོས་སོ་སྙམ་ན། དེ་ལྟར་ན་ཡང་དག་རྒྱས་བཤད་ཀྱི་གོང་དུ་སྨོས་རིགས་པར་འགྱུར་ཏེ། དེ་ལས་གཞུང་ཉུང་བའི་ཕྱིར་རོ། །ཁ་ཅིག གྲངས་ངེས་ཀྱི་འཕྲོས་དོན་ལ་ཡར་སྦྱར་བ་དང་། གཞན་དག་འབྲེལ་པ་རྒྱས་བཤད་ལ་མར་སྦྱར་ནས་གཏན་ཚིགས་ལྟར་སྣང་རྒྱས་བཤད་མེད་པར་འདོད་པ་ཡང་མི་འཐད་དེ། མདོར་བསྟན་གྱི་ཚིག་རྐང་དང་པོ་གསུམ་ལ་རྒྱས་བཤད་ཡོད་ཅིང་ཚིག་རྐང་བཞི་པ་ལ་རྒྱས་བཤད་མེད་པའི་སྒྲུབ་བྱེད་མི་རྙེད་ཅིང་། མདོར་བསྟན་རྒྱས་བཤད་མ་འགྲིག་པའི་བསྟན་བཅོས་མཁས་པའི་རྩོམ་དུ་མི་འགྱུར་བའི་ཕྱིར་དང་། རྣམ་ངེས་ལས། ཚིགས་བཅད་ཕྱི་མ་གཉིས་ཁོ་ན་འབྲེལ་པ་སྒྲུབ་བྱེད་ལ་སྦྱར་བ་དང་ཡང་འགལ་བའི་ཕྱིར་རོ། །ཁ་ཅིག ཚིགས་བཅད་དང་པོ་གྲངས་ངེས་ཀྱི་འཕྲོས་ལ་ཡར་སྦྱར། ཕྱི་མ་གསུམ་འབྲེལ་པ་རྒྱས་བཤད་ལ་མར་སྦྱར་བ་ཡང་རྣམ་ངེས་ལས་གཞན་དོན་ལེའུར་གྲངས་ངེས་ཀྱི་འཕྲོས་ལ་ཚིགས་བཅད་དང་པོ་ལས་མེད་པས་འཁྲུལ་གཞི་བྱས་པ་ཡིན་ཀྱང་། དེ་ལྟར་ན་རྣམ་ངེས་ལས་འབྲེལ་པ་སྒྲུབ་བྱེད་ལ་ཚིགས་བཅད་ཕྱི་མ་གཉིས་ལས་མེད་པས་ཚིགས་བཅད་གཉིས་པ་ཡར་སྦྱར་དགོས་པར་ཡང་མཚུངས་སོ། །