ཡང་དག་གསུམ་པོ་རྒྱས་པར་བཤད།

དང་པོ་ལ་གསུམ་སྟེ། འབྲས་བུ་རྒྱུ་ཡི་གོ་བྱེད་ཡིན། །རང་བཞིན་ངོ་བོའི་གོ་བྱེད་ཡིན། །མ་དམིགས་པ་ལས་དགག་པ་བསྒྲུབ་པའོ། །དང་པོ་ནི། རྒྱུ་མེའི་ཆོས་གསལ་འབར་བ་ལ་སོགས་པ་ཐམས་ཅད་ཀྱང་དུ་བའི་གོ་བྱར་འགྱུར་རོ་ཞེ་ན། རྒྱུ་མེའི་རང་བཞིན་ཏེ་ཆོས་སྤྱིར་གྱུར་པ་ཇི་སྙེད་ཅིག་མེད་ན་མི་འབྱུང་བའི་འབྲས་བུ་དུ་བ་ལ་སོགས་ནི་ཆོས་ཅན། གཞི་འགའ་ཞིག་ཏུ་རྒྱུ་མེ་ཡོད་པར་བསྒྲུབ་པ་ལ་གཏན་ཚིགས་སུ་རུང་སྲིད་དེ། དེ་ལྟར་བསྒྲུབས་ན་ཚུལ་གསུམ་ཚང་སྲིད་པའི་ཕྱིར་རོ། །རང་གི་ལྡོག་བྱེད་མིན་པའི་ཆོས་ཁྱད་པར་བ་གསལ་འབར་བ་ལྟ་བུའི་གོ་བྱེད་མ་ཡིན་ཏེ། དེ་ལ་འཁྲུལ་བའི་ཕྱིར་རོ། །གཉིས་པ་ནི་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་གྱུར་པའི་བྱས་པ་ལྟ་བུ་ཡང་ཆོས་ཅན། སྒྲའི་སྟེང་དུ་རང་གི་རང་བཞིན་ཡོད་ཙམ་དང་རང་ཆས་སུ་འབྲེལ་བ་ཅན་གྱི་ཆོས་མི་རྟག་པ་ལྟ་བུ་བསྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། གསུམ་པ་ལ་གཉིས་ཏེ། སྐལ་དོན་ཡོད་ངེས་འགོག་པར་ནུས། སྣང་རུང་མེད་ངེས་སྒྲུབ་པར་ནུས་པའོ། །དང་པོ་ནི། སྐལ་དོན་ཤ་ཟའི་བུམ་པ་ལྟ་བུ་ལ་བསྟན་བཅོས་ལ་སོགས་པའི་ཚད་མ་རྣམས་ནི་མི་འཇུག་པ་དེ་ཆོས་ཅན། གཞི་འགའ་ཞིག་ཏུ་མེད་པ་སྟེ། སྐལ་དོན་དེ་ལ་ཡོད་ངེས་ཀྱི་ཐ་སྙད་མི་འཇུག་པར་གོ་བར་བྱེད་པའི་འབྲས་བུ་ཅན་ཡིན་ཏེ། གཞི་འགར་སྐལ་དོན་ཡོད་ངེས་མ་ཡིན་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། ཚད་མ་རྣམས་ཞེས་མང་ཚིག་བྱས་པ་ནི། བསྟན་བཅོས་སྐབས་དང་འབྲེལ་མེད་དང་། །ཞེས་པའི་སྐབས་ཀྱི་ཚད་མ་གསུམ་ཆར་བསྡུ་བའོ། གཉིས་པ་ལ་གསུམ་སྟེ། ངོ་བོ། དབྱེ་བ། རྩོད་སྤོང་ངོ་། །དང་པོ་ནི། མ་དམིགས་པའི་རྟགས་ཐམས་ཅད་ཡོད་ངེས་འགོག་ཙམ་གྱི་འབྲས་བུ་ཅན་ཡིན་ནམ་ཞེ་ན། གཏན་ཚིགས་ཀྱི་བྱེ་བྲག་སྣང་རུང་མ་དམིགས་པ་ལ་ལྟོས་ནས་ཏེ་སྣང་རུང་བུམ་པ་མ་དམིགས་པ་ཆོས་ཅན། གཞི་འགར་སྣང་རུང་གི་དགག་བྱའི་ཆོས་འགའ་ཞིག་མེད་པར་ངེས་པའི་ཤེས་པ་དང་བརྗོད་པ་དོན་མཐུན་གྱི་འབྲས་བུ་ཅན་ཡིན་ཏེ། གཞི་འགར་སྣང་རུང་བུམ་པ་མེད་ངེས་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། གཉིས་པ་ནི། མེད་པའི་དོན་དང་ཐ་སྙད་ཅན་གྱི་མི་དམིགས་པའི་གཏན་ཚིགས་ཆོས་ཅན། རྣམ་པ་བཞི་ཡོད་དེ། འགལ་བའི་རང་བཞིན་གྲུབ་པ་དང་། འབྲས་བུ་འགལ་བ་དག་གྲུབ་པ་དང་། རྒྱུ་ལྟར་རུང་བའི་བདག་ཉིད་དག་ནི་མ་གྲུབ་པ་དང་། ངོ་བོ་ལྟར་རུང་བའི་བདག་ཉིད་དག་ནི་མ་གྲུབ་པ་རྣམས་སུ་ཡོད་པའི་ཕྱིར་རོ། །དེ་ལ་དང་པོ་ནི་མེས་གྲང་རེག་འགོག་པ་ལྟ་བུ་དང་། གཉིས་པ་ནི་དུ་བས་གྲང་རེག་འགོག་པ་ལྟ་བུ་དང་། གསུམ་པ་ནི་མེ་མེད་པས་དུ་བ་འགོག་པ་ལྟ་བུ་དང་། བཞི་པ་ནི་སྣང་རུང་བུམ་པ་མ་དམིགས་པས་སྣང་རུང་བུམ་པ་འགོག་པ་ལྟ་བུའོ། །རང་བཞིན་འགལ་དམིགས་དང་། རང་བཞིན་མ་དམིགས་པ་གོ་བྱེད་དུ་བསྟན་པས་རིམ་པ་ལྟར་མེས་བ་མོའི་རེག་པ་འགོག་པ་ལྟ་བུ་ཁྱབ་བྱེད་འགལ་བ་དམིགས་པ་དང་། ཤིང་བཀག་ནས་ཤ་པ་འགོག་པ་ལྟ་བུ་ཁྱབ་བྱེད་མ་དམིགས་པ་དག་ཀྱང་གོ་བྱེད་དུ་ཤེས་པར་བྱའོ། །གསུམ་པ་ནི། མེའི་འབྲས་བུས་གྲང་རེག་འགོག་ནུས་ན་མེ་རྒྱུ་རྟགས་སུ་བཀོད་པས་ཀྱང་གྲང་རེག་འགོག་ནུས་པར་མཚུངས་སོ་ཞེ་ན། མེའི་དངོས་རྒྱུ་རྟགས་སུ་བཀོད་ན་ཕྱོགས་ཆོས་ངེས་མི་ནུས་ཤིང་རྒྱུ་ཙམ་རྟགས་སུ་བཀོད་ན་གྲང་རེག་དེ་དང་འགལ་བ་མེ་ཡི་ནི་རྒྱུ་བུད་ཤིང་དམིགས་པ་རྟགས་སུ་བཀོད་པའི་སྦྱོར་བ་གང་ཡིན་པ་དེ་ཆོས་ཅན། ཁྱབ་པ་འཁྲུལ་པ་ཅན་ཡིན་ཏེ། མེ་རྒྱུ་བུད་ཤིང་གིས་གྲང་རེག་འགོག་པའི་སྦྱོར་བ་གང་ཞིག མེའི་རྒྱུ་མཚན་བུད་ཤིང་དག་ནི་གྲང་རེག་དང་འགལ་བ་ཉིད་མེད་ན་སྟེ་མེད་པའི་ཕྱིར་རོ། །འདིས་རྒྱུ་མཚན་འགལ་ན་གོ་བྱེད་དུ་གྱུར་པ་ཡོད་པར་བསྟན་ཏེ། གདུང་བར་བྱེད་པའི་བྱེ་བྲག་མེ་ཉེ་བས་གྲང་འབྲས་སྤུ་ལོང་བྱེད་འགོག་པ་ལྟ་བུ་རྒྱུ་དང་འགལ་བའི་རང་བཞིན་དམིགས་པ་དང་། དུ་བས་གྲང་འབྲས་སྤུ་ལོང་བྱེད་འགོག་པ་ལྟ་བུ་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་གཉིས་གོ་བྱེད་དུ་བསྟན་ཏོ། །དེ་ལྟར་ན་སྔ་མ་དྲུག་དང་བསྡོམས་པས་འདིར་བརྒྱད་གསུངས་ལ། རྣམ་ངེས་ལས་དེའི་སྟེང་དུ་དུ་བ་མེད་པས་དུ་བའི་དངོས་རྒྱུ་འགོག་པ་ལྟ་བུ་དངོས་འབྲས་མ་དམིགས་པ་དང་། མེས་གྲང་རེག་གི་དངོས་རྒྱུ་འགོག་པ་ལྟ་བུ་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ་གཉིས་ཏེ་བཅུ་གསུངས་སོ། །མེ་རྒྱུ་ཙམ་གྱིས་གྲང་རེག་འགོག་མི་ནུས་ན་མེ་འབྲས་ཙམ་གྱིས་ཀྱང་གྲང་རེག་འགོག་མི་ནུས་པར་མཚུངས་སོ་ཞེ་ན་གྲང་རེག་དང་འགལ་བ་མེའི་འབྲས་བུ་ཆོས་ཅན། ཁྱོད་ཀྱིས་གཞི་འགར་གྲང་རེག་འགོག་པ་ལ་ཡང་རང་གི་རྒྱུར་གྱུར་པའི་མེ་དེ་ཉེ་བར་ཡོད་པའི་ཡུལ་དེ་དང་ནི་དུས་དེ་དང་ལ་སོགས་པ་གནས་སྐབས་མ་ཚུལ་དུ་དཀུ་བའི་དུ་བ་ལྟ་བུ་ལ་ལྟོས་པར་འདོད་དེ། ཁྱོད་ཀྱིས་གཞི་འགར་གྲང་རེག་འགོག་སྲིད་ཅིང་ཡུལ་དུས་སོགས་ཀྱིས་ཁྱད་པར་དུ་བྱས་པ་ལས་གཞན་དུ་ན་གྲང་རེག་འགོག་པ་ལ་འཁྲུལ་པར་འགྱུར་པའི་ཕྱིར་ཏེ། གཞི་འགར་མི་གྲང་བ་སྟེ་གྲང་རེག་མེད་པ་སྒྲུབ་པ་ལ་ནི་འགལ་འབྲས་ཐལ་བ་རྟགས་སུ་བཀོད་པ་བཞིན་ནོ། །ཡང་གིས་འབྲས་རྟགས་སྡུད་པ་ཤཱཀྱའི་འོ། །བྲམ་ཟེས་འགལ་བའི་རྒྱུ་དམིགས་རྟགས་མིན་པར་མ་ཟད་འགལ་འབྲས་ཀྱང་ཙམ་པོ་རྟགས་མིན་པར་ཁྱད་པར་དགོས་སོ་ཞེས་སོ། །