གསུམ་གྱི་གྲངས་ངེས་རྒྱས་པར་བཤད།

གཉིས་པ་ལ་གཉིས་ཏེ། ཡང་དག་གཞན་དུ་འདོད་པ་དགག ལྟར་སྣང་ཡང་དག་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། ཚོགས་པས་འབྱུང་རུང་དཔོག་པ་རང་བཞིན་ཡིན། རོ་ལས་གཟུགས་སོགས་དཔོག་པ་འབྲས་རྟགས་ཡིན་པའོ། །དང་པོ་ནི། རྟགས་ཡང་དག་ལ་གསུམ་དུ་གྲངས་ངེས་ན་རྒྱུ་ཚོགས་པས་འབྲས་བུ་སྐྱེ་རུང་དཔོག་པ་རྟགས་གསུམ་གྱི་ནང་དུ་ཇི་ལྟར་འདུ་ཞེ་ན། མྱུ་གུའི་རྒྱུ་ཚོགས་པ་གྲངས་ཚང་བ་རྟགས་སུ་བཀོད་པ་ལས་འབྲས་བུ་མྱུ་གུ་སྐྱེ་བར་རུང་བ་ཉིད་དུ་རྗེས་སུ་དཔོག་པའི་མྱུ་གུའི་རྒྱུ་ཚོགས་གྲངས་ཚང་ཡིན་པ་ཆོས་ཅན། གཞི་འགར་འབྲས་བུ་མྱུ་གུ་འབྱུང་རུང་དུ་སྒྲུབ་པར་བྱེད་པའི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག མྱུ་གུ་འབྱུང་རུང་དེ་ནི་ཁྱོད་ཀྱི་རང་བཞིན་ཡིན་པར་བརྗོད་པའི་ཕྱིར་ཏེ། མྱུ་གུ་འབྱུང་རུང་དེ་ཁྱོད་ཀྱི་རྒྱུ་ལས་རྒྱུ་དོན་གཞན་ལ་ནི་མི་ལྟོས་པར་ཁྱོད་ཀྱི་ཉེར་ལེན་ལས་སྐྱེས་པའི་ཕྱིར། འོ་ན་རྒྱུ་ཚོགས་པས་འབྲས་བུ་འབྱུང་ངེས་ཅིའི་ཕྱིར་དཔོག་པར་མི་བྱེད་ཅེ་ན། མྱུ་གུའི་རྒྱུ་ཚོགས་ཚང་བ་ཙམ་མྱུ་གུའི་རྒྱུད་རྒྱུར་གྱུར་པ་དེ་ཆོས་ཅན། ཁྱོད་ཡིན་པ་དེ་རང་གི་ཆོས་ཅན་ལ་འབྲས་བུ་མྱུ་གུ་འབྱུང་ངེས་བསྒྲུབ་པ་ལ་ཁྱབ་པ་མ་ངེས་པ་ནི་ཉིད་ཡིན་ཏེ་ཁྱོད་ཀྱིས་འབྲས་བུ་མྱུ་གུ་བསྐྱེད་པ་དེ་ཁྱོད་ཀྱི་འབྲས་བུར་གྱུར་པའི་ནུས་པ་རྣམས་ཕྱི་མ་ཕྱི་མ་ཕུལ་དུ་བྱུང་བར་འགྱུར་བ་དང་འབྲེལ་པ་སྟེ་འགྱུར་བ་ལ་ལྟོས་པའི་ཕྱིར། ཁྱབ་པ་ཡོད་དེ། བར་འདིར་གེགས་བྱེད་པ་དག་སྲིད་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་རྒྱུ་འབྲས་སུ་མ་གྱུར་པའི་རོའི་རྟགས་ལས་གཟུགས་སོགས་དཔོག་པའི་གཏན་ཚིགས་དེ་རྟགས་གསུམ་དུ་ཇི་ལྟར་འདུས་ཞེ་ན། བུ་རམ་གྱི་རོ་ད་ལྟར་བ་དེ་ཆོས་ཅན། ཁྱོད་དང་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་པའི་གཟུགས་དང་རེག་བྱ་ལ་སོགས་པ་གཞི་འགར་ཁྱོད་ཀྱི་རྟགས་ལས་རྟོགས་པ་དེ་འབྲས་རྟགས་ལ་བརྟེན་ཏེ། ཁྱོད་གཞི་འགར་རང་གི་རྒྱུ་རོ་སྔ་མ་དེའི་ཆོས་གཟུགས་ད་ལྟར་བ་བསྐྱེད་པའི་ནུས་པ་དངོས་སུ་རྗེས་སུ་དཔག་པ་སྟེ་སྒྲུབ་པའི་སྒོ་ནས་རང་དང་དུས་མཉམ་པའི་གཟུགས་ཤུགས་ལས་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དཔེར་ན་དུ་བ་དྲག་ཕྱུར་བས་རང་གི་རྒྱུ་མེས་བུད་ཤིང་གི་ཚ་བ་སྐྱེད་པའི་ནུས་པ་དངོས་སུ་དཔག་པའི་སྒོ་ནས་རང་དང་ལྷན་ཅིག་འབྱུང་བའི་བུད་ཤིང་གི་འགྱུར་བ་སྟེ་ཚ་བ་ལ་མི་འཁྲུལ་བ་བཞིན་ནོ། །དེས་ན་བུ་རམ་གྱི་རོ་ད་ལྟར་བ་ཆོས་ཅན། གཞི་འགར་འདས་པ་བུ་རམ་གྱི་རོ་སྔ་མས་བུ་རམ་གྱི་གཟུགས་ད་ལྟར་བ་བསྐྱེད་པའི་ནུས་པ་དང་དུས་གཅིག་པ་བུ་རམ་གྱི་གཟུགས་ད་ལྟར་བ་རྣམས་རྟོགས་པ་སྟེ་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་ཏེ། བུ་རམ་གྱི་རོ་སྔ་མའི་ནུས་པ་འཇུག་པ་མེད་པར་ནི། ཁྱོད་མེད་ཅིང་རོ་སྔ་མ་དེ་ཉིད་རོ་ལས་གཞན་གཟུགས་ཀྱི་རྒྱུ་སྟེ་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པ་དེ་ལྟར་ཏེ་དེའི་ཕྱིར་རོ། །དེས་ན་རོའི་རྟགས་ལས་གཟུགས་སོགས་རྟོགས་པའི་བློ་དེ་ནི་ཆོས་ཅན། རང་གི་རྒྱུར་གྱུར་པའི་འབྲས་བུའི་རྟགས་ལས་སྐྱེས་ཏེ། རང་གི་རྒྱུར་གྱུར་པའི་འབྲས་རྟགས་ཀྱི་ཕན་གདགས་བྱ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱུ་མ་ཚོགས་པས་འབྲས་བུ་དཔག་མི་ནུས། འབྲས་སྤྱིས་རྒྱུ་ཡི་ཁྱད་པར་དཔག་མི་ནུས་པའོ། །དང་པོ་ནི། རྒྱུ་ཚོགས་པ་འབྲས་བུ་འབྱུང་རུང་སྒྲུབ་པ་རང་བཞིན་གྱི་རྟགས་ཡང་དག་ཡིན་ན་རྒྱུ་ཁ་ཡར་བས་འབྲས་བུ་སྒྲུབ་པ་ནི་གཏན་ཚིགས་གང་ཞིག་ཡིན་ཅེ་ན། མྱུ་གུའི་རྒྱུ་མ་ཚོགས་པ་ཁ་ཡར་བ་དེ་ཆོས་ཅན། ཁྱོད་ལས་གཞི་གང་གི་སྟེང་དུ་ཡང་འབྲས་བུ་མྱུ་གུ་དེ་ནི་འབྱུང་བར་རྗེས་སུ་དཔོག་པའི་རྟགས་གང་ཡིན་པ་དེ་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ཡིན་ཡང་ལྷག་མ་དང་ལྡན་པ་སྟེ་ཁྱབ་པ་མ་ངེས་པའི་གཏན་ཚིགས་ཡིན་ཏེ། ཁྱོད་འབྲས་བུ་མྱུ་གུ་དེ་བསྐྱེད་པའི་ནུས་པ་མེད་ཅིང་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་པའི་ཕྱིར། དཔེར་ན་རྒྱལ་དཔོག་པས་ཆགས་སོགས་ཀྱི་རྒྱུ་མ་ཚོགས་པ་ལུས་དང་། དབང་པོ་དང་། བློ་ལ་སོགས་རྟགས་སུ་བཀོད་ནས་སྐྱེས་བུ་ལ་འབྲས་བུ་འདོད་ཆགས་ལ་སོགས་པ་ཡོད་པར་རྗེས་སུ་དཔོག་པའི་རྟགས་བཞིན་ནོ། །གཉིས་པ་ནི། རོ་ལས་གཟུགས་དཔོག་པའི་གཏན་ཚིགས་དེ་འབྲས་རྟགས་ཡིན་ན་འབྲས་བུའི་སྤྱིས་རྒྱུའི་ཁྱད་པར་དཔོག་པའི་གཏན་ཚིགས་དེ་རྟགས་གང་ཡིན་ཞེ་ན། རྒྱལ་དཔོག་པ་ལ་སོགས་པས་མི་མཐུན་ཕྱོགས་ལ་མ་མཐོང་བའི་རྒྱུ་མཚན་ཙམ་གྱིས་གཏན་ཚིགས་ཡང་དག་ཏུ་ཤེས་པ་སྟེ་བཟུང་བའི་འབྲས་བུའི་སྤྱི་དུ་ཙམ་མཐོང་བ་སྟེ་རྟགས་སུ་བཀོད་པ་ལས་གཞི་འགར་རྒྱུའི་ཁྱད་པར་རྩྭ་སོགས་མེ་ལ་སོགས་པ་རྗེས་སུ་དཔོག་པའི་རྟགས་དེ་ཆོས་ཅན། ཚད་མ་ལྟར་སྣང་བ་སྟེ་ཁྱབ་པ་མ་ངེས་པ་ཡིན་ཏེ། རྟགས་སུ་གཟུང་བྱ་མི་མཐུན་ཕྱོགས་ལ་མི་ཁེགས་པའི་གཏན་ཚིགས་ཡིན་པའི་ཕྱིར། དཔེར་ན་བརྗོད་འདོད་སྤྱིའི་འབྲས་བུ་ཚིག་ལས་རྒྱུའི་ཁྱད་པར་ཆགས་པ་ཅན་དང་ལ་སོགས་པ་ཞེ་སྡང་ཅན་སྒྲུབ་པ་བཞིན་ནོ། །