cover

ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།

གསུང་འབུམ་པོད། ཁ༽

ཀུན་མཁྱེན་གོ་རོམས་པ་བསོད་ནམས་སེང་གེ

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ངག་དོན་ཀུན་ཏུ་བཟང་པོའི་ཉི་མ།

རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ངག་དོན་ཀུན་ཏུ་བཟང་པོའི་ཉི་མ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་མཁྱེན་བརྩེའི་མཁའ་དབྱིངས་ནས། །བྱིན་རླབས་འོད་ཟེར་ཆ་ཙམ་གྱིས། །བདག་བློའི་པདྨོ་ཁ་འབྱེད་པ། །ལྷ་མཆོག་འཇམ་པའི་དབྱངས་ལ་འདུད། །བློ་གྲོས་རྒྱ་མཚོའི་དབུས་ན་གནས། །རིགས་པའི་ལྟ་ཟེར་བྱེ་བ་བརྒྱ། །ཕས་རྒོལ་མིག་གིས་མི་བཟོད་པ། །རིགས་པའི་དབང་ཕྱུག་གཉིས་ལ་འདུད། །ཀུན་ཏུ་བཟང་པོའི་འོད་ཟེར་གྱི། །སྙིང་པོ་ངག་དོན་ཉི་མ་ནི། །བློ་ལྡན་གཟུར་གནས་དོན་གཉེར་ལ། །བརྩེ་བའི་བསམ་པས་སྦྱིན་པར་བྱ། །འདི་ལ་དོན་གསུམ་སྟེ། སྒྱུར་བྱེད་དམ་པའི་ཀླད་ཀྱི་དོན། །རྩོམ་བྱེད་དམ་པའི་གཞུང་གི་དོན། །བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཚན་གྱི་དོན་དང་། འགྱུར་གྱི་ཕྱག་གོ །དང་པོ་ནི། རྒྱཾ། ས་ལོ་ཙཱ་བས་རྣམ་འགྲེལ་བསྒྱུར་བའི་ཐོག་མར་རྒྱ་སྐད་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྣམ་འགྲེལ་གྱི་གཞུང་ཁུངས་བཙུན་པ་དང་། སཾ་སྐྲྀ་ཏའི་སྐད་ལ་བག་ཆགས་འཇོག་པའི་ཆེད་ཡིན་པའི་ཕྱིར། བོདཾ། དེས་རྣམ་འགྲེལ་བསྒྱུར་བའི་ཐོག་མར་བོད་སྐད་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྣམ་འགྲེལ་གྱི་གླེགས་བམ་བཙལ་སླ་བ་དང་། བརྗོད་བྱ་རགས་པ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། དེས་རྣམ་འགྲེལ་བསྒྱུར་བའི་ཐོག་མར་རྒྱ་སྐད་དང་བོད་སྐད་གཉིས་ཀ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ལོ་པཎ་ལ་བྱས་ཤེས་དྲིན་གཟོ་བསྐྱེད་པ་དང་། སྒྲ་བསྒྱུར་ཕྲ་མོ་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། འཕཾགས། དེས་རྣམ་འགྲེལ་བསྒྱུར་བའི་ཐོག་མར་མཆོད་པར་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། རྣམ་འགྲེལ་གྱི་བསྒྱུར་མཐར་ཕྱིན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཐོག་མར་དགེ་བ་འཇུག་པའི་ཡན་ལག་བཤད། བར་དུ་དགེ་བ་འཇུག་བྱའི་གཞུང་ཉིད་བཤད། ཐ་མར་དགེ་བ་གཞུང་གི་ཆེ་བ་བརྗོད་པའོ། །དང་པོ་ལ་གཉིས་ཏེ། དྭང་བ་བསྐྱེད་ཕྱིར་མཆོད་པར་བརྗོད། །བསྟན་བཅོས་རྩོམ་པའི་དགོས་པ་བསྟན་པའོ། །དང་པོ་ནི། རྟོགཾ དཔལ་ལྡན་ཆོས་ཀྱི་གྲགས་པས་རྣམ་འགྲེལ་རྩོམ་པའི་ཐོག་མར་སྐུ་གསུམ་ཕྲིན་ལས་དང་བཅས་པ་ལ་ཕྱག་འཚལ་བ་ཆོས་ཅན། དགོས་པ་ཡོད་དེ། རྩོམ་པ་པོ་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་བསྟན་པའི་སྒོ་ནས་གཞན་བསྟན་བཅོས་ལ་འཇུག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཞན་དོན་གྱི་དགོས་པ་དང་། རང་དོན་གྱི་དགོས་པ་གཉིས་ལས། དང་པོ་ལ་དངོས་བསྟན་ནི། སྐྱེ།ཾ ཆོས་གྲགས་ཆོས་ཅན། བསྟན་བཅོས་རྣམ་འགྲེལ་ཉན་པ་པོའི་སྐྱེ་བོ་ལ་དངོས་སུ་ཕན་པ་མ་ཡིན་ཞེས་བསམ་པའི་རྒྱུ་མཚན་ཡོད་དེ། ཉན་པ་པོའི་སྐྱེ་བོ་ཕལ་ཆེར་ཤེས་རབ་དང་མི་ལྡན་པ་དང་། དོན་དུ་མི་གཉེར་བ་དང་། བློ་གཟུ་བོར་མི་གནས་པའི་སྐྱོན་གསུམ་དང་ལྡན་པར་དགོངས་པའི་ཕྱིར། ཤུགས་བསྟན་ནི། དེ་ཆོས་ཅན། བསྟན་བཅོས་རྣམ་འགྲེལ་ཉན་པ་པོའི་སྐྱེ་བོ་འགའ་ཞིག་ལ་དངོས་སུ་ཕན་པ་ཡིན་ཞེས་བསམ་པའི་རྒྱུ་མཚན་ཡོད་དེ། ཉན་པ་པོའི་སྐྱེ་བོ་འགའ་ཞིག་ཤེས་ལྡན་དོན་གཉེར་གཟུར་གནས་པའི་ཡོན་ཏན་གསུམ་དང་ལྡན་པ་དེ་ལ་དངོས་སུ་ཕན་པ་དགོངས་པའི་ཕྱིར། གཉིས་པ་ནི། སེཾམས། ཆོས་གྲགས་ཀྱིས་རྣམ་འགྲེལ་རྩོམ་པ་ཆོས་ཅན། རང་དོན་གྱི་དགོས་པ་ཡོད་དེ། རྩོམ་པ་པོ་རང་ཉིད་ཀུན་བཏུས་ཀྱི་བརྗོད་དོན་ལ་ཡུན་རིང་དུ་གོམས་པས་བརྗོད་དོན་བདེ་བླག་ཏུ་རྟོགས་པ་ལྷུར་ལེན་པ་སྐྱེད་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། དོན་དང་དོན་མིན་རྣམ་པར་འབྱེད་ཕྱིར་རང་དོན་ལེའུ་བཤད། དོན་དང་དོན་མིན་རྣམ་པར་འབྱེད་བྱེད་ཚད་མ་གྲུབ་པ་བཤད། སྐབས་སུ་བབ་པའི་ལེའུ་ལྷག་མ་ལུས་པ་གཉིས་པོ་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐོག་མར་འགྲེལ་གྱིས་མཚམས་སྦྱར་བསྟན། །བར་དུ་ལེའུའི་གཞུང་ཉིད་བཤད། །ཐ་མར་མཚན་གྱིས་མཇུག་སྡུད་བསྟན་པའོ། །དང་པོ་ནི། འོ་ན་ཁྱོད་ཀྱིས་བསྟན་བཅོས་འདི་ཀུན་བཏུས་ཀྱི་རྣམ་འགྲེལ་དུ་རྩོམ་ན་དེ་དང་ལེའུའི་གོ་རིམ་མི་མཐུན་པར་རང་དོན་རྗེས་དཔག་དང་པོར་བཤད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རང་འགྲེལ་ལས། དོན་དང་དོན་མིན་པར་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་ཡིན་ལ་ཞེས་པ་སྟེ། བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་ཡིན་པ་ནི་དོན་དང་། དེ་མ་ཡིན་པ་ནི་དོན་མ་ཡིན་པ་ཡིན་པས་ཚད་མ་གྲུབ་པའི་ལེའུར་དེ་རྣམ་པར་འབྱེད་པའི་སྔོན་དུ་རང་དོན་རྗེས་དཔག་འཆད་པ་སྟེ། རྣམ་འགྲེལ་གྱི་ཐུན་མོང་མ་ཡིན་པའི་ལེའུའི་གོ་རིམ་ཡིན་ནོ། །དེ་ལའང་ལོག་པར་རྟོག་པས་དེ་རྣམ་པར་བཞག་པའི་ཕྱིར་བཤད་པ་ཅེས་པ་ནི་རང་འགྲེལ་དང་བཅས་ཞིབ་ཏུ་བཤད་པའི་རྒྱུ་མཚན་བསྟན་ཏོ། །གཉིས་པ་ལ་གཉིས་ཏེ། གཏན་ཚིགས་རྣམ་གཞག་བསྡུས་ཏེ་བསྟན། །དེ་ཉིད་རིམ་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཕྱོཾགས། ཚད་མ་མདོར། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་པའི་ཚུལ་གསུམ་པའི་རྟགས་དེ་གང་ཡིན་ཞེ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་ཏེ། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེཾ། རྟགས་ཆོས་ཅན། ཁྱོད་ལ་རྣམ་པ་གསུམ་དུ་ཡོད་དེ། ཁྱོད་ལ་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་དུ་ཡོད་པའི་ཕྱིར། ཉིདཾ། རྟགས་ལ་རྣམ་པ་གསུམ་དུ་གྲངས་ངེས་ཏེ། ཕྱོགས་ཆོས་གྲུབ་ཅིང་མེད་ན་མི་འབྱུང་གི་འབྲེལ་པ་ངེས་པའི་གཏན་ཚིགས་དེ་ལ་རྣམ་པ་གསུམ་དུ་གྲངས་ངེས་པའི་ཕྱིར། གཏནཾ། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་ཏེ། སྒྲ་རྟག་པར་སྒྲུབ་པའི་འབྲེལ་པ་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ཡང་དག་གསུམ་པོ་རྒྱས་པར་བཤད། །གསུམ་གྱི་གྲངས་ངེས་རྒྱས་པར་བཤད། །མེད་ན་མི་འབྱུང་རྒྱས་པར་བཤད། །གཏན་ཚིགས་ལྟར་སྣང་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། འབྲས་བུ་རྒྱུ་ཡི་གོ་བྱེད་ཡིན། །རང་བཞིན་ངོ་བོའི་གོ་བྱེད་ཡིན། །མ་དམིགས་པ་ལས་མེད་པ་འགྲུབ་པའོ། །དང་པོ་ནི། རྒྱུ།ཾ དུ་བ་ཆོས་ཅན། དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་གང་ཞིག མེའི་འབྲས་བུ་ཡིན་པའི་ཕྱིར། གཉིས་པ་ནི། རངཾ་། དངོས་པོ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡིན་ཏེ། རྟགས་གང་ཞིག མི་རྟག་པ་དེ་ཁྱོད་ཀྱི་རང་བཞིན་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། སྐལ་དོན་ཡོད་ངེས་འགོག་པ་ནུས། །སྣང་རུང་མེད་ངེས་སྒྲུབ་པར་ནུས་པའོ། །དང་པོ་ནི། ཚདཾ། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་ངོར། མདུན་གྱི་གཞི་འདི་ཆོས་ཅན། ཤ་ཟ་ཡོད་ངེས་མིན་ཏེ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར། ཞེས་བཀོད་པའི་ཚེ། ཤ་ཟ་ཚད་མས་མ་དམིགས་པ་དེ་ཆོས་ཅན། དེ་ལྟར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་ལ་ངོ་བོ། དབྱེ་བ། རྩོད་པ་སྤོང་བའོ། །དང་པོ་ནི། གཏནཾ། སྣང་རུང་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། བུམ་པས་དག་པའི་ཤར་གཞིར་སྣང་རུང་བུམ་པ་མེད་ངེས་སུ་བསྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་ནི། འགལཾ། སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་ཆོས་ཅན། རྣམ་པ་བཞི་ཡོད་དེ། རང་བཞིན་འགལ་དམིགས་དང་། འབྲས་བུ་འགལ་དམིགས་ཏེ། འགལ་ཟླ་དམིགས་པའི་གཏན་ཚིགས་གཉིས། རྒྱུ་མ་དམིགས་པ་དང་། རང་བཞིན་མ་དམིགས་པ་སྟེ། འབྲས་ཟླ་མ་དམིགས་པའི་གཏན་ཚིགས་གཉིས་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། འབྲས་བུ་དག་སྒྲུབ་ཅེས་པ་ལས་འཕྲོས་ནས། མེ་འབྲས་རྟགས་སུ་བཀོད་ནས་གྲང་རེག་འགོག་ན། མེ་རྒྱུ་རྟགས་སུ་བཀོད་ནས་ཀྱང་གྲང་རེག་འགོག་ནུས་པར་མཚུངས་སོ་ཞེ་ན། དེཾ་མེའི་དངོས་རྒྱུ་རྟགས་སུ་བཀོད་ན་ཕྱོགས་ཆོས་ངེས་མི་ནུས་ཤིང་། རྒྱུ་ཙམ་རྟགས་སུ་བཀོད་ན་བུད་ཤིང་ཆོས་ཅན། ཁྱོད་བུད་ཤིང་ལྡན་པའི་ཤར་གཞིར། གྲང་རེག་མེད་པར་སྒྲུབ་པའི་འགལ་དམིགས་ཀྱི་གཏན་ཚིགས་ཡང་དག་མིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་པའི་ཕྱིར། འགལ་འབྲས་དམིགས་པ་ལ་ཡང་མཚུངས་སོ་ཞེ་ན། འགལཾ། དུ་བ་ཡིན་ན་འགལ་འབྲས་དམིགས་པའི་རྟགས་སུ་སོང་བའི་དུ་བ་ཡིན་པས་མ་ཁྱབ་སྟེ། འགལ་འབྲས་དམིགས་པའི་རྟགས་སུ་སོང་བའི་དུ་བ་ཡིན་ན། ཡུལ་དུས་གནས་སྐབས་ཀྱི་ཁྱད་པར་གསུམ་ལྡན་ཡིན་དགོས་པའི་ཕྱིར། གཞཾན། དུ་བ་ཆོས་ཡིན་ན། དུ་ལྡན་ལ་ལ་གྲང་རེག་མེད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་པའི་ཕྱིར། དཔེར་ན་ཐལ་བའི་རྟགས་ཀྱིས་གྲང་རེག་འགོག་པ་བཞིན་ནོ། །གཉིས་པ་གསུམ་གྱི་གྲངས་ངེས་རྒྱས་པར་བཤད་པ་ལ་གཉིས་ཏེ། ཡང་དག་གཞན་དུ་འདོད་པ་དགག །ལྟར་སྣང་ཡང་དག་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། ཚོགས་པས་འབྲས་བུ་དཔོག་པ་རང་བཞིན་ཡིན། རོ་ལས་གཟུགས་སོགས་དཔོག་པ་འབྲས་རྟགས་ཡིན་པའོ། །དང་པོ་ནི། རྟགས་ཡང་དག་ལ་གསུམ་དུ་གྲངས་ངེས་ན། མྱུ་གུའི་རྒྱུ་ཚོགས་གྲངས་ཚང་གི་རྟགས་ཀྱིས་མྱུ་གུ་འབྱུང་བར་བསྒྲུབ་པའི་གཏན་ཚིགས་དེ་གསུམ་དུ་ཇི་ལྟར་འདུས་ཞེ་ན། ཾརྒྱུ། མྱུ་གུའི་རྒྱུ་ཚོགས་གྲངས་ཚང་ཆོས་ཅན། མྱུ་གུའི་རྒྱུ་ཚོགས་གྲངས་ཚང་གི་ཤར་གཞིར། མྱུ་གུ་འབྱུང་རུང་དུ་བསྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་གང་ཞིག མྱུ་གུ་འབྱུང་རུང་དེའི་རང་བཞིན་ཡིན་པའི་ཕྱིར་ཏེ། ཁྱེད་རང་རྒྱུ་ལས་ཕྱིས་འབྱུང་བའི་རྒྱུ་དོན་གཞན་ལ་མི་ལྟོས་པར་རང་རྒྱུ་ལས་མྱུ་གུ་འབྱུང་རུང་གི་ངོ་བོར་སྐྱེས་པའི་ཕྱིར། ཚོཾགས། འབྱུང་ངེས་སྒྲུབ་ན་གཏན་ཚིགས་ཡང་དག་མིན་ཏེ། མྱུ་གུའི་རྒྱུ་ཚོགས་གྲངས་ཚང་ཆོས་ཅན། ཁྱོད་ཡིན་ན། མྱུ་གུ་འབྱུང་ངེས་ཡིན་པས་མ་ཁྱབ་སྟེ། ཁྱོད་ཀྱིས་མྱུ་གུ་བསྐྱེད་པ་ལ་ཁྱོད་ཀྱི་ནུས་པ་སྔ་མ་ལས་ཁྱོད་ཀྱི་ནུས་པ་ཕྱི་མ་ཁྱད་པར་དུ་འགྱུར་དགོས་པ་གང་ཞིག ཁྱོད་ཀྱི་ནུས་པ་སྔ་ཕྱིའི་བར་དུ་འགལ་རྐྱེན་གྱིས་གེགས་བྱེད་པ་སྲིད་པའི་ཕྱིར། གཉིས་པ་ནི། རོ་ལས་གཟུགས་སོགས་དཔོག་པའི་གཏན་ཚིགས་དེ་རྟགས་གསུམ་གྱི་ནང་དུ་ཇི་ལྟར་འདུས་ཞེ་ན། ཚོགཾས། བུར་རོ་ད་ལྟར་བ་ཆོས་ཅན། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་བསྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་གང་ཞིག བུར་གཟུགས་ད་ལྟར་བ་དང་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་ཕྱིར། དཔེར་ན་དུ་བ་དྲག་ཕྱུར་བ་དེ། དུ་ལྡན་ལ་ལ་བུད་ཤིང་གི་འགྱུར་བ་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡིན་པ་བཞིན་ནོ། །ཇི་ལྟར་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་གྲུབ་ཅེ་ན། ནུསཾ། བུར་རོ་ད་ལྟ་བ་ཆོས་ཅན། ཁྱོད་བུར་གཟུགས་ད་ལྟ་བ་དང་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་པ་གྲུབ་སྟེ། བུར་རོ་སྔ་མ་དེ་ཁྱོད་ཀྱི་ཉེར་ལེན་དང་། བུར་གཟུགས་ད་ལྟ་བའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། དེཾ། དེས་ན་བུར་རོ་ད་ལྟར་བ་ཆོས་ཅན། ཁྱོད་ཀྱི་རྟགས་ལས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་རྟོགས་པའི་རྗེས་དཔག་དེ་འབྲས་རྟགས་ཡང་དག་ལ་བརྟེན་ཏེ། ཁྱོད་ཀྱི་རྟགས་ལས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་རོ་སྔ་མའི་ནུས་པ་དངོས་སུ་དཔག་སྟོབས་ཀྱིས་བུར་གཟུགས་ད་ལྟ་བ་རྟོགས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱུ་ཚོགས་པས་འབྲས་བུ་དཔག་མི་ནུས། འབྲས་སྤྱིས་རྒྱུའི་ཁྱད་པར་དཔག་མ་ནུས་པའོ། །དང་པོ་ནི། རྒྱུ་ཚོགས་པས་འབྲས་བུ་འབྱུང་རུང་དུ་བསྒྲུབ་པ་རང་བཞིན་གྱི་རྟགས་ཡིན་ན། རྒྱུ་ཁ་ཡར་བས་འབྲས་བུ་བསྒྲུབ་པ་དེ་གཏན་ཚིགས་གང་ཡིན་ཞེ་ན། ཾརྒྱུ། ཆུ་ལུད་ཆོས་ཅན། ཁྱོད་ཆུ་ལུད་དང་ལྡན་པའི་ཤར་གཞིར། མྱུ་གུ་འབྱུང་རུང་དུ་བསྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་མ་ངེས་པའི་ཕྱིར། དཔེར་ན་ལུས་དང་དབང་པོ་སོགས་རྟགས་སུ་བཀོད་པ་ལས་ལུས་ལྡན་གྱི་སྐྱེས་བུ་ལ་ཆགས་སོགས་སྒྲུབ་པར་བྱེད་པ་བཞིན་ནོ། །གཉིས་པ་ནི། རོ་ལས་གཟུགས་སོགས་དཔོག་པའི་གཏན་ཚིགས་དེ་འབྲས་རྟགས་ཡིན་ན། འབྲས་བུ་སྤྱིས་རྒྱུའི་ཁྱད་པར་དཔོག་པའི་གཏན་ཚིགས་དེ་རྟགས་གང་ཡིན་ཞེ་ན། མིཾ། དུ་བ་ཆོས་ཅན། དུ་ལྡན་ལ་ལ་རྩ་སོགས་ཀྱི་མེ་ཡོད་པར་བསྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། གང་ལ་རྟགས་སུ་སོང་བའི་རྒོལ་བས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་ཀྱང་ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་མ་ངེས་པའི་ཕྱིར། དཔེར་ན་ཚིག་སྨྲ་བའི་རྟགས་ལས་ཚིག་སྨྲ་བའི་ལྷ་སྦྱིན་ཆགས་ལྡན་དུ་བསྒྲུབ་པ་བཞིན་ནོ། །གསུམ་པ་མེད་ན་མི་འབྱུང་རྒྱས་པར་བཤད་པ་ལ་བཞི་སྟེ། མ་མཐོང་ཙམ་གྱི་ལྡོག་པ་འཁྲུལ་པར་བསྟན། །མི་འཁྲུལ་བ་ལ་འབྲེལ་པ་ངེས་པར་དགོས། །ངས་པ་དེ་ཡང་ངེས་བྱེད་གཉིས་ལ་ལྟོས། །ངེས་བྱེད་གཉིས་ཀྱི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་འབྲས་བུ་སྤྱིས་རྒྱུའི་ཁྱད་པར་ལ་མི་འཁྲུལ་བར་བསྒྲུབ་ནུས་སྟེ། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་འཁྲུལ་བ་མེད་པའི་ཕྱིར་ཞེ་ན། མིཾ། གང་ལ་རྟགས་སུ་སོང་བའི་རྒོལ་བས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱི་གཏན་ཚིགས་དེ་ཆོས་ཅན། ཁྱོད་ཀྱི་ལྡོག་ཁྱབ་འཁྲུལ་བ་མེད་པར་མ་ངེས་པར་ཐལ། ཁྱོད་ཀྱི་ལྡོག་ཁྱབ་འཁྲུལ་པ་སྲིད་པའི་ཕྱིར། དཔེར་ན་ཚོས་པའི་འབྲས་དང་ཕྲུ་བ་གཅིག་གི་ནང་དུ་ཚུད་པར་མཚུངས་པའི་རྟགས་ལས་དེ་ལྟ་བུའི་འབྲས་ལྷག་མ་ཚོས་པ་བསྒྲུབ་པ་བཞིན་ནོ། །དེས་ན་དེ་ལྟ་བུའི་གཏན་ཚིགས་དེ་ལྷག་ལྡན་ཡིན་ནོ་ཞེས་སྟོན་པ་ནི། གཾང་། ངག་སྨྲ་ཆོས་ཅན། ངག་སྨྲའི་སྐྱེས་བུ་ལྷ་སྦྱིན་ཀུན་མཁྱེན་མིན་པར་བསྒྲུབ་པའི་ལྷག་ལྡན་གྱི་གཏན་ཚིགས་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་ཐེ་ཚོམ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སློབ་དཔོན་རྟགས་ལ་འབྲེལ་པ་ངེས་པ་བཞེད། །འབྲེལ་མེད་ལྡོག་པ་གྲུབ་ན་ཧ་ཅང་ཐལ། །འབྲེལ་པའི་དབང་གིས་ཁྱབ་པར་གྲུབ་པར་བསྟན་པའོ། །དང་པོ་ནི། གཏནཾ། སློབ་དཔོན་ཕྱོགས་གླང་ཆོས་ཅན། རྟགས་ཡང་དག་ལ་རྟགས་ཆོས་རང་བཞིན་འབྲེལ་པར་དགོས་པ་བཞེད་དེ། མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པའི་གཉེན་པོར་ཚུལ་གསུམ་ལས་ངེས་པ་དགོས་པར་གསུངས་པའི་ཕྱིར་ཏེ། གང་ཞིག་གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་སྒྲུབ་པ་ཡིན་ནོ་ཞེས་མདོ་རྩོམ་པ་པོ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། རང་སྡེ་ལུང་དང་འགལ་བས་དགག །ཐུན་མོང་དངོས་སྟོབས་རིགས་པས་དགག །གཞན་སྡེ་ཁས་བླངས་འགལ་བས་དགག་པའོ། །དང་པོ་ལ་དྲུག་སྟེ། ལྡོག་ཁྱབ་སྒྲུབ་བྱེད་དོན་མེད་འགྱུར། །ལྷག་ལྡན་འཁྲུལ་པ་མེད་པར་ཐལ། །སྲོག་ལྡན་གོ་བྱེད་ཡིན་པར་ཐལ། །ཐེ་ཚོམ་ཟ་བ་རྟགས་སུ་ཐལ། །མཉན་བྱས་གཉིས་ཀ་ཁེགས་པར་ཐལ། །རེག་པ་འགོག་པ་རིགས་པར་ཐལ་བའོ། །དང་པོ་ནི། སློབ་དཔོན་དབང་ཕྱུག་སྡེ་ལ་སོགས་པ་ནི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་གྲུབ་ཅིང་དེ་ཉིད་སློབ་དཔོན་ཀྱང་བཞེད་པར་འདོད་དོ། །འཁྲུལཾ། འོ་ན་གང་རིམ་དང་གཅིག་ཆར་གྱིས་དོན་བྱེད་ནུས་པས་སྟོང་ན་བྱས་པས་སྟོང་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། དབང་ཕྱུག་རྟག་པ་ཡང་རིམ་དང་གཅིག་ཆར་གྱིས་དོན་བྱེད་ནུས་པས་སྟོང་ངོ་། །ཞེས་པའི་སྒྲུབ་ངག་ཆོས་ཅན། ཁྱོད་སྨོས་པ་ལ་དགོས་པ་མེད་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་རྟོགས་པ་ལས་གཞན་པའི་ཁྱོད་ཀྱི་དགོས་པ་མེད་པ་གང་ཞིག དེ་ཁྱོད་མ་སྨོས་ཀྱང་རྟོགས་པར་འབྱུང་བའི་ཕྱིར། འདི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ལ་བཤད་པ་ནི། གནད་མ་ཟིན་པ་སྟེ། གཞན་དུ་བཤད་ཟིན་ཏོ། །འདོད་ན་རིག་སྒོར། རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པར་བྱ་བ་གང་ཡིན་པ་འདི་ནི་རིགས་སོ་ཞེས་གསུངས་པ་དང་འགལ་ལོ། །གལ་ཏེ་རྟགས་མི་མཐུན་ཕྱོགས་ལ་མེད་པར་ངེས་པའི་དོན་དུ་སྨོས་དགོས་སོ་ཞེ་ན། མེདཾ། དེ་ཆོས་ཅན། ཁྱོད་ལས་རྟགས་མི་མཐུན་ཕྱོགས་ལ་མེད་ངེས་ཁོ་ན་འགྲུབ་པ་མིན་པར་ཐལ། ཁྱོད་རྟགས་མི་མཐུན་ཕྱོགས་ལ་མེད་པའི་རིགས་པ་མ་བརྗོད་པར། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་བརྗོད་པའི་སྒྲུབ་ངག་ཡིན་པའི་ཕྱིར། ཁྱོད་ལ་ཡང་དེ་ལྟར་འགྱུར་རོ་ཞེ་ན། དེ་ཆོས་ཅན། ཁྱོད་ལས་རྟགས་མི་མཐུན་ཕྱོགས་ལ་མེད་ངེས་སུ་རྟོགས་པར་འགྱུར་ཏེ། ཁྱོད་རྟགས་ཆོས་ཀྱི་རང་བཞིན་འབྲེལ་པ་བརྗོད་པའི་སྒྲུབ་ངག་སྐྱོན་མེད་ཡིན་པའི་ཕྱིར། གཉིས་པ་ནི། གལཾ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་མེད་ངེས་ཀྱི་ལྡོག་པ་གྲུབ་པར་འགྱུར་ན། སྨིན་པའི་ཤིང་ཐོག་དང་གཟུགས་མཚུངས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་འདྲའི་ཤིང་ཐོག་ལྷག་མ་སྨིན་པར་བསྒྲུབ་པའི་ལྡོག་པ་འཁྲུལ་པ་མེད་པར་ཐལ། ཁྱོད་ཀྱི་དེ་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། འདོད་ན། སློབ་དཔོན་གྱིས་གཟུགས་ལ་སོགས་པ་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བ་མཚུངས་པ་ནི་རིགས་པ་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །གསུམ་པ་ནི། ལྡོཾག སྲོག་སོགས་ཆོས་ཅན། གསོན་ལུས་བདག་བཅས་སུ་བསྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། འདོད་ན། སློབ་དཔོན་གྱིས་མདོར་ལྷག་མ་ལྔ་པོ་དག་ནི་གཏན་ཚིགས་སམ་འགལ་ཉིད་དུ་མ་ངེས་ཏེ། རེ་ཞིག་ཐེ་ཚོམ་གྱི་རྒྱུའོ་ཞེས་མཉན་སྲོག་གཉིས་པོ་ལྡོག་པ་འཁྲུལ་པ་མཚུངས་པར་གསུངས་པ་དང་འགལ་ལོ། །བཞི་པ་ནི། མཾ། མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་གཏན་ཚིགས་དེ་ཆོས་ཅན། ཁྱོད་ལ་ལྡོག་ཚུལ་མ་གྲུབ་པ་དེ་ཕྱོགས་ཆོས་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་དང་སྦྱར་ནས་སྟོན་པ་དེ་མི་འཐད་པར་ཐལ། ཁྱོད་ལ་ལྡོག་ཚུལ་གྲུབ་པའི་ཕྱིར། འདོད་ན། སློབ་དཔོན་གྱིས་ཕྱོགས་ཆོས་ནི་རྒོལ་བ་དང་། ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ་། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་། མེད་པ་ལ་སོགས་པ་ལ་ཅི་རིགས་པར་བརྗོད་པར་བྱའོ། །ཞེས་གསུངས་པ་དང་འགལ་ལོ། །ལྔ་པ་ནི། ཁྱདཾ། མཉན་བྱ་ཆོས་ཅན། སྒྲ་ལ་རྟག་མི་རྟག་གཉིས་ཀ་རྣམ་པར་གཅོད་པའི་གཏན་ཚིགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། འདོད་ན། སློབ་དཔོན་གྱིས་མཉན་པར་བྱ་བ་ཉིད་ནི་ཇི་ལྟར་ན་ཡང་། རྣམ་པར་གཅོད་པའི་གཏན་ཚིགས་སུ་འགྱུར། ཞེས་གསུངས་པ་དང་འགལ་ལོ། །གལ་ཏེ་དེས་དེ་ལ་གཉིས་ཀ་འགོག་མི་ནུས་ཏེ། དེ་འགོག་པ་ལ་དངོས་འགལ་གཞི་གཅིག་ལ་མི་འདུ་བར་རྟོགས་པའི་ཚད་མ་གཞན་གྱིས་གནོད་པའི་ཕྱིར་ཞེ་ན། འོ་ན་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་མི་མཐུན་ཕྱོགས་ལ་མེད་ངེས་སུ་མི་གྲུབ་པར་ཐལ། དེ་ལ་ཡང་ཚད་མ་གཞན་གྱིས་གནོད་པ་སྲིད་པའི་ཕྱིར། དྲུག་པ་ནི། མཾ། རེག་བྱ་བཏང་སྙོམས་པ་བྱེ་བྲག་པས་དབང་པོའི་མངོན་སུམ་གྱིས་མ་མཐོང་བ་དེ་ཆོས་ཅན། ཁྱོད་ཀྱིས་མཐོང་བའི་ས་ཆུ་མེ་གསུམ་ལ་རེག་བྱ་བཏང་སྙོམས་པ་མི་ལྡན་པ་སྒྲུབ་པའི་ལྡོག་ཁྱབ་འཁྲུལ་པ་མེད་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། འདོད་ན། རླུང་གི་རབ་བྱེད་ལས། མ་མཐོང་ཙམ་གྱིས་མཐོང་བ་དག་ལ་རེག་པ་འགོག་པར་བྱེད་ན་དེ་ལ་རིགས་པ་མིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ནི། ཡུལཾ། ཨ་མྲ་ཆོས་ཅན། རོ་ནུས་ཁྱད་པར་ཅན་དང་ལྡན་པའི་ཨ་མྲ་དང་གཟུགས་མཚུངས་པའི་ཨ་མྲ་ལྷག་མ་རོ་ནུས་ཁྱད་པར་ཅན་དང་ལྡན་པར་བསྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྒྱུའི་ཁྱད་པར་གྱིས་ཨ་མྲ་ལ་རོ་ནུས་ཁྱད་པར་ཅན་དང་ལྡན་མི་ལྡན་གཉིས་སུ་ཡོད་པའི་ཕྱིར། གསུམ་པ་ནི། བདཾག མི་མཐུན་ཕྱོགས་ལ་མ་དམིགས་པ་དེ་གཏན་ཚིགས་མི་མཐུན་ཕྱོགས་ལ་མེད་ངེས་སུ་སྒྲུབ་པའི་སྒྲུབ་བྱེད་མིན་པར་ཐལ། སྤྱིར་མ་དམིགས་ན་མེད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། གསོན་ལུས་ལ་ཆོས་ཅན། བདག་མེད་པར་ཐལ། བདག་མ་དམིགས་པའི་ཕྱིར། བྱེ་བྲག་པ་ལའོ། །ས་སོགས་ལ་ཆོས་ཅན། ཤེས་པ་མེད་པར་ཐལ། ཤེས་པ་མ་དམིགས་པའི་ཕྱིར། རྒྱང་འཕེན་ལའོ། །རྒྱུ་ལ་ཆོས་ཅན། འབྲས་བུ་མེད་པར་ཐལ། འབྲས་བུ་མ་དམིགས་པའི་ཕྱིར། གྲངས་ཅན་ལའོ། །འདི་ཡན་ཆད་ཀྱིས་མི་མཐུན་ཕྱོགས་ལ་མ་མཐོང་ཞེས་པ་ཐམས་ཅད་ལ་གང་ལ་རྟགས་སུ་སོང་བའི་རྒོལ་བས་ཞེས་སྦྱར་བར་བྱའོ། །གསུམ་པ་ལ་བཞི་སྟེ། འབྲེལ་པ་ཡོད་ན་ལྡོག་པ་འགྲུབ། །འབྲེལ་པ་མེད་ན་ལྡོག་པ་མེད། །འབྲེལ་པ་དཔེ་ལ་སྟོན་པའི་ཚུལ། །ཚུལ་དེས་དགག་རྟགས་ཁྱབ་པས་འགྲུབ་པའོ། །དང་པོ་ནི། དེཾ། མི་རྟག་པ་ཆོས་ཅན། ཁྱོད་ལྡོག་ན་བྱས་པ་ལྡོག་པས་ཁྱབ་སྟེ། བྱས་པ་དེ་ཁྱོད་ལ་བདག་གཅིག་ཏུ་འབྲེལ་བའི་ཕྱིར། མེ་ཆོས་ཅན། ཁྱོད་ལྡོག་ན་དུ་བ་ལྡོག་པས་ཁྱབ་སྟེ། དུ་བ་དེ་ཁྱོད་ལ་དེ་བྱུང་དུ་འབྲེལ་བའི་ཕྱིར། གཉིས་པ་ནི། དེཾ། འབྲེལ་པ་གཉིས་པོ་གྲུབ་པ་དེ་ལྟར་མིན་ན། བྱས་པ་ཆོས་ཅན། མི་རྟག་པ་ལྡོག་ན་ཁྱོད་ལྡོག་པས་མ་ཁྱབ་པར་ཐལ། ཁྱོད་མི་རྟག་པ་དང་འབྲེལ་མེད་གཞན་ཡིན་པའི་ཕྱིར། རྟ་མེད་ན་ཕྱུགས་མེད་པས་མ་ཁྱབ་པ་བཞིན། མེ་དུ་ལའང་སྦྱར་བར་བྱའོ། །དེ།ཾ བྱས་པ་ཆོས་ཅན། ཁྱོད་ཡོད་ན་མི་རྟག་པ་ཡོད་པས་མ་ཁྱབ་པར་ཐལ། ཁྱོད་མི་རྟག་པ་དང་འབྲེལ་མེད་གཞན་ཡིན་པའི་ཕྱིར། ཕྱུགས་ཡོད་ན་རྟ་ཡོད་པས་མ་ཁྱབ་པ་བཞིན། མེ་དུ་ལའང་སྦྱར་བར་བྱའོ། །གསུམ་པ་ལ་གསུམ་སྟེ། ཆོས་མི་མཐུན་དཔེ་མེད་ཀྱང་རིགས་པས་རྟོགས། །རིགས་པ་དཔེ་ལ་མི་ཤེས་པ་ལ་སྟོན། །རིགས་པ་ཤེས་ལ་སྒྲུབ་ངག་སྦྱོར་ཚུལ་གཉིས་སོ། །དང་པོ་ནི། དེཾ། མེད་ན་མི་འབྱུང་གི་འབྲེལ་བ་དེ་ཉིད་དཔེའི་སྟེང་དུ་སྟོན་དགོས་ཏེ། མཐུན་དཔེ་ལ་རྗེས་འགྲོ་དང་། མི་མཐུན་དཔེ་ལ་ལྡོག་པ་སྟོན་དགོས་པའི་ཕྱིར། འོ་ན་ལྡོག་པ་སྟོན་པ་ལ་མི་མཐུན་དཔེ་དངོས་པོར་གྲུབ་པ་ངེས་པར་དགོས་སམ་ཞེ་ན། སྒྲུབ་རྟགས་གཉིས་པོ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་སྟོན་པ་ལ་ཁྱོད་ཀྱི་མི་མཐུན་དཔེ་དངོས་པོར་གྲུབ་པ་ངེས་པར་མི་དགོས་ཏེ། ཁྱོད་ཀྱི་མི་མཐུན་དཔེ་དངོས་པོར་མ་གྲུབ་ཀྱང་ཁྱོད་མི་མཐུན་ཕྱོགས་ལ་མེད་པའི་རིགས་པ་བརྗོད་པ་ལས་ཁྱོད་ཀྱི་ལྡོག་པ་རྟོགས་པར་འགྱུར་བའི་ཕྱིར། གཉིས་པ་ནི། འོ་ན་རིགས་པ་དེ་གང་ལ་སྟོན་ཞེ་ན། དེསཾ། མཐུན་དཔེ་བུམ་པ་ལ་བྱས་མི་རྟག་གི་བདག་གཅིག་གི་འབྲེལ་པ་དེ་ཆོས་ཅན། ཁྱོད་སྟོན་དགོས་པའི་ཡུལ་ཡོད་དེ། ཁྱོད་དེ་ལ་དེ་མི་ཤེས་པའི་རྒོལ་བ་ལ་སྟོན་དགོས་པའི་ཕྱིར། ཚང་བང་དང་མེ་དུའི་དེ་བྱུང་གི་འབྲེལ་པ་ལ་ཡང་སྦྱར་རོ། །གསུམ་པ་ནི། མཁཾས། དེ་ལྟར་བསྟན་པས་མཐུན་དཔེའི་སྟེང་དུ་ཁྱབ་འབྲེལ་ཤེས་པའི་ཚེ་སྤྱི་ཁྱབ་དྲན་པའི་མཁས་པ་དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་རྗེས་དཔག་སྐྱེ་བ་ཁྱབ་པ་བརྗོད་པའི་སྒྲུབ་ངག་ལ་མི་ལྟོས་ཏེ། ཕྱོགས་ཆོས་འབའ་ཞིག་བརྗོད་པས་ཁྱོད་ཀྱི་རྒྱུད་ལ་རྗེས་དཔག་སྐྱེ་བའི་ཕྱིར། གཞི་ལ་སྦྱར་རོ། །འོ་ན་དཔེའི་སྟེང་དུ་ཁྱབ་འབྲེལ་ཤེས་ཀྱང་སྤྱི་ཁྱབ་དྲན་པ་མི་ནུས་པའི་རྒོལ་བ་རྨོངས་པ་ལ་ཇི་ལྟར་བྱ་ཞེ་ན། དེཾ། དེ་ལྟ་བུའི་རྒོལ་བ་རྨོངས་པ་དེ་ཆོས་ཅན། ཁྱོད་ཀྱི་ངོར་སྤྱི་ཁྱབ་བརྗོད་དགོས་ཀྱང་ཁྱབ་པ་གཉིས་ཀ་དངོས་སུ་བརྗོད་མི་དགོས་ཏེ། ཁྱོད་ཀྱི་ངོར་ཁྱབ་པ་གཉིས་པོ་གང་རུང་གཅིག་སྨོས་པས་གཅིག་ཤོས་ལ་དྲན་པ་སྐྱེ་བའི་ཕྱིར། ཤེས་ལྡན་དག་དགའ་སྟོན་མཛོད་ཅིག བཞི་པ་ནི། དེཾ། མེ་མེད་པ་ཆོས་ཅན། མེ་མེད་མཚན་དུས་ཀྱི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་ཕྱིར། ཤིང་མེད་པ་ཆོས་ཅན། ཤིང་མེད་ཀྱི་བྲག་རྫོང་དུ་ཤ་པ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་ཕྱིར། སྣང་རུང་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། བུམ་པས་དག་པའི་ཤར་གཞིར་སྣང་རུང་བུམ་པ་མེད་ངེས་སུ་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། རྟགས་འདྲ། དེཾ། སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་ཆོས་ཅན། ཁྱབ་འབྲེལ་ངེས་བྱེད་ཀྱི་སྒོ་ནས་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པའི་གཏན་ཚིགས་གསུམ་དུ་འདུས་ཀྱང་རྟགས་སུ་འགོད་ཚུལ་གྱི་སྒོ་ནས་དུ་མ་ཡོད་དེ། རྟགས་སུ་འགོད་ཚུལ་གྱི་སྒོ་ནས་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ཡང་དག་དང་། འགལ་ཟླ་དམིགས་པའི་གཏན་ཚིགས་ཡང་དག་བརྒྱད་རྣམས་སུ་ཡོད་པའི་ཕྱིར་རོ། །གསུམ་པ་ངེས་པ་དེ་ཡང་ངེས་བྱེད་གཉིས་ལ་ལྟོས་པ་ནི། རྟགས་ཡང་དག་ལ་མེད་ན་མི་འབྱུང་ངེས་དགོས་ན་དེ་གང་གིས་ངེས་པར་བྱེད་ཅེ་ན། ཾརྒྱུ། སྒྲུབ་རྟགས་གཉིས་ཀྱི་མེད་ན་མི་འབྱུང་གི་འབྲེལ་པ་ཆོས་ཅན། རྟགས་ཆོས་མེད་ལ་མ་མཐོང་ཙམ་དང་། ཆོས་ཡོད་ལ་མ་མཐོང་ཙམ་ལས་ངེས་པར་མིན་ཏེ། རྟགས་ཆོས་གཉིས་པོ་རྒྱུ་འབྲས་སམ་རང་བཞིན་ངེས་བྱེད་ཀྱི་ཚད་མས་ཁྱོད་ངེས་དགོས་པའི་ཕྱིར། སོ་སོར་ཕྱེ་ནས་གཞི་ལ་སྦྱར་རོ། །གཞཾན། འབྲས་རྟགས་ཀྱི་རྟགས་ཆོས་ལ་དེ་བྱུང་གི་འབྲེལ་པ་མ་གྲུབ་ན། དུ་བ་ཆོས་ཅན། ཁྱོད་ཡོད་ན་མེ་ཡོད་པས་མ་ཁྱབ་པར་ཐལ། ཁྱོད་མེ་དང་འབྲེལ་མེད་རྫས་གཞན་ཡིན་པའི་ཕྱིར། དོནཾ། རང་བཞིན་གྱི་རྟགས་ཀྱི་རྟགས་ཆོས་ལ་བདག་གཅིག་གིས་འབྲེལ་པ་མ་གྲུབ་པར་མི་རྟག་པ་དེ་བྱས་པའི་རྒྱུ་ལས་ཕྱིས་འབྱུང་གི་རྒྱུ་དོན་གཞན་གྱི་འབྲས་བུ་ཡིན་ན། བྱས་པ་ཆོས་ཅན། འཇིག་ངེས་མིན་པར་ཐལ། རང་འཇིག་པ་རང་རྒྱུ་ལས་ཕྱིས་འབྱུང་བའི་རྒྱུ་དོན་གཞན་ལ་ལྟོས་དགོས་པའི་ཕྱིར། དཔེར་ན་གོས་ཡིན་ན། ཚོན་ཅན་དུ་མ་ངེས་པ་བཞིན་ནོ། །ཆོསཾ། མི་རྟག་པ་ཆོས་ཅན། བྱས་པ་དང་རྫས་གཞན་ཡིན་པར་ཐལ། བྱས་པའི་རྒྱུ་ལས་ཕྱིས་འབྱུང་བའི་རྒྱུ་དོན་གཞན་གྱི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་དེ་བྱས་པའི་རྒྱུ་ཡིན་ནམ། འབྲས་བུ་ཡིན། དང་པོ་ལྟར་ན་མི་རྟག་པ་ཆོས་ཅན། བྱས་པའི་རྒྱུ་མིན་པར་ཐལ། བྱས་པ་ལས་ཕྱིས་འབྱུང་བའི་ཕྱིར། གཉིས་པ་ལྟར་ན། མི་རྟག་པ་ཆོས་ཅན། བྱས་པའི་རྟགས་ཀྱིས་གཞི་འགར་ཁྱོད་སྒྲུབ་པའི་ཁྱབ་པ་མ་ངེས་པར་ཐལ། ཁྱོད་བྱས་པའི་འབྲས་བུ་ཡིན་པའི་ཕྱིར། བཞི་པ་ངེས་བྱེད་གཉིས་ཀྱི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། དངོས་འབྲེལ་སྒྲུབ་པའི་རྟགས་ལ་སྦྱར། ལྡོག་འབྲེལ་དགག་པའི་རྟགས་ལ་སྦྱར་བའོ། །དང་པོ་ལ་གསུམ་སྟེ། འབྲས་བུ་རྟགས་ལསཾ་རྒྱུ་འབྲས་ངེས་བྱེད་བཤད། །རང་བཞིན་རྟགས་ལསཾ་བདག་གཅིག་ངེས་བྱེད་བཤད། །འབྲེལ་པའི་དབང་གིས་སྒྲུབ་རྟགས་གཉིས་སུ་ངེས་པའོ། །དང་པོ་ལ་གསུམ་སྟེ། རྒྱུ་འབྲས་ངེས་བྱེད་ཚད་མ་བཤད། །འབྲས་བུ་རྒྱུ་ལ་འཁྲུལ་པ་དགག །འཁྲུལ་པ་མེད་ཚུལ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། དུ་བ་མེ་ལ་མི་འཁྲུལ་བར་གང་གིས་རྟོགས་ཞེ་ན། མེཾའི། དུ་བ་མེའི་འབྲས་བུ་ཡིན་ཏེ། མེ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། ཁྱབ་སྟེ། རང་རྒྱུ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་དེ་འབྲས་བུའི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བས་དགག རྣམ་པར་བརྟགས་ནས་དགག་པའོ། །དང་པོ་ནི། དེཾ། བརྡ་སྤྲོད་པ་ན་རེ། དུ་བ་དེ་མེ་མེད་བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་འབྱུང་བས་མེ་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་ལོ་ཞེ་ན། དུ་བ་ཆོས་ཅན། རྒྱུ་མེད་དུ་ཐལ། རང་རྒྱུ་ལས་མ་བྱུང་བའི་ཕྱིར། འདོད་ན། དུ་བ་ཆོས་ཅན། རེས་འགའ་བའི་དངོས་པོ་མིན་པར་ཐལ། རྐྱེན་གཞན་ལ་མི་ལྟོས་པའི་ཕྱིར་ཏེ། རྒྱུ་མེད་ཡིན་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། ལྡོག་ཁྱབ་རྟགས་སུ་འགོད་དོ། །གཉིས་པ་ནི། གལཾ། གལ་ཏེ་བརྒྱ་བྱིན་གྱི་སྤྱི་བོ་དེ་མེ་ཡོད་ཀྱི་རང་བཞིན་ཡིན་ནམ་མིན། ཡིན་ན། དུ་བ་ཆོས་ཅན། མེ་མེད་བརྒྱ་བྱིན་གྱི་སྤྱི་བོ་ལས་བྱུང་བ་མིན་པར་ཐལ། བརྒྱ་བྱིན་གྱི་སྤྱི་བོ་དེ་མེ་ཡོད་ཡིན་པའི་ཕྱིར། མིན་ན། བརྒྱ་བྱིན་གྱི་སྤྱི་བོ་ཆོས་ཅན། ཁྱོད་ལས་དུ་བ་མི་འབྱུང་བར་ཐལ། ཁྱོད་མེ་མེད་ཡིན་པའི་ཕྱིར། ཁྱབ་སྟེ། མེ་དེ་དུ་བ་བསྐྱེད་པའི་སྒོ་ནས་མེ་མེད་ལས་ནུས་པ་བྱེ་བྲག་ཏུ་ལྡན་པའི་ཕྱིར། གཞན་ཡང་དུ་བ་ཆོས་ཅན། རྒྱུ་མེད་དུ་ཐལ། རང་རྒྱུ་མིན་པ་ལས་འབྱུང་བའི་ཕྱིར། གསུམ་པ་ནི། རྗེཾས། དུ་བ་ཆོས་ཅན། བརྒྱ་བྱིན་གྱི་སྤྱི་བོ་ལས་མི་འབྱུང་བར་ཐལ། མེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། ཁྱོད་མེ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་པོ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ངེས་བྱ་བདག་གཅིག་འབྲེལ་པ་སྒྲུབ། །ངེས་གཞི་རྟགས་ཀྱི་དབྱེ་བ་བཤད། །ངེས་བྱེད་ལྟོས་མེད་གཏན་ཚིགས་བཤད་པའོ། །དང་པོ་ལ་གཉིས་ཏེ། རང་བཞིན་མེད་ན་མི་འབྱུང་སྒྲུབ། །ཆོས་རྟགས་ཐ་དད་མེད་པ་སྤོང་བའོ། དང་པོ་ནི། འབྲས་རྟགས་ལ་དེ་བྱུང་གི་འབྲེལ་པ་གྲུབ་ཀྱང་། རང་བཞིན་རྟགས་ལ་འབྲེལ་པ་ཇི་ལྟར་གྲུབ་ཅེ་ན། རངཾ་། དངོས་པོ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཆོས་ལ། བདག་གཅིག་གི་འབྲེལ་པ་གྲུབ་སྟེ། མི་རྟག་པ་དེ་ཁྱོད་ཙམ་དང་རང་ཆས་སུ་འབྲེལ་བའི་ཕྱིར་ཏེ། མི་རྟག་པ་ལྡོག་པའི་སྟོབས་ཀྱིས་ཁྱོད་ལྡོག་པ་གང་ཞིག ཁྱོད་མི་རྟག་པ་དང་རང་བཞིན་གཅིག་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་དངོས་པོ་དེ་སྒྲ་མི་རྟག་པར་བསྒྲུབ་པའི་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པ་ཡིན་པར་འགྱུར་ཏེ། དངོས་པོ་དེ་མི་རྟག་པ་དང་རང་བཞིན་གཅིག་ཡིན་པའི་ཕྱིར་ཞེ་ན། འདིའི་ལན་ལ་གཉིས་ཏེ། དངོས་པོའི་གཞན་སེལ་སྒྲ་རྟོག་སྒོ་ནས་བཤད། །དངོས་མེད་གཞན་སེལ་སྒྲའི་སྒོ་ནས་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡུལ་ཅན་སེལ་བས་འཇུག་པ་བསྒྲུབ། །དངོས་ཡུལ་སེལ་བ་ཉིད་དུ་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། སྒྲ་རྟོག་གཉིས་ཀ་སེལ་བས་འཇུག །ཁྱད་པར་སྒྲའི་འཇུག་ཚུལ་བཤད། །གཉིས་ཀ་སྤྱི་ལ་འཇུག་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། གཅིག་ལ་ཐ་དད་འབྱེད་པའི་སྒྲ་རྟོག་སེལ་བས་འཇུག ཐ་དད་གཅིག་ཏུ་སྡུད་པའི་སྒྲ་རྟོག་སེལ་བས་འཇུག་པའོ། །དང་པོ་ལ་གསུམ་སྟེ། སེལ་བའི་ཡུལ་ལ་རྟགས་དང་རྟགས་ཅན་འཐད། །སྒྲ་རྟོག་སེལ་བས་འཇུག་པའི་སྒྲུབ་བྱེད་བཤད། །ལོག་ལྡོག་བརྟགས་ནས་བརྗོད་པའི་རྩོད་པ་སྤོང་བའོ། །དང་པོ་ནི། རང་བཞིན་གཅིག་ལ་ལྡོག་པ་ཐ་དད་དུ་ཡོད་པའི་རྟགས་དང་རྟགས་ཅན་འཐད་དོ་ཞེས་སྟོན་པ་ནི། གངཾ་། སྒྲ་ཆོས་ཅན། སེལ་ངོར་མ་བྱས་རྟགས་སོགས་ལས་ལྡོག་པའི་ལྡོག་པ་དུ་མ་དང་ལྡན་ཏེ། བྱས་མི་རྟག་གི་ངོ་བོར་གནས་པའི་ཕྱིར། དེཾ། དེས་ན་སྒྲ་ཆོས་ཅན། སེལ་ངོར་བྱས་མི་རྟག་གི་ལྡོག་པ་དུ་མ་དབྱེ་རུང་སྟེ། སྔ་མའི་སྒྲུབ་ཆོས་དེའི་ཕྱིར། དེའིཾ། བྱས་པ་ཆོས་ཅན། ཁྱོད་མི་རྟག་པ་དང་རང་བཞིན་གཅིག་ཡིན་ཀྱང་། སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་སུ་རུང་སྟེ། ཁྱོད་མི་རྟག་པ་དང་ལྡོག་པ་ཐ་དད་པའི་རྒྱུ་མཚན་གྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་ཕྱིར། དེཾ། བྱས་མི་རྟག་གཉིས་པོ་ཆོས་ཅན། ལྡོག་པ་ཐ་དད་ཡིན་ཏེ། དངོས་མིང་ཐ་དད་ཀྱི་གོ་བྱ་སོ་སོར་ཡིན་པའི་ཕྱིར། གཉིས་པ་ལ་ལྔ་སྟེ། རྗེས་སུ་དཔག་པ་སེལ་བས་འཇུག །རྗེས་ཀྱི་ངེས་ཤེས་སེལ་བས་འཇུག །སེལ་བས་འཇུག་ལ་སྒྲ་གཞན་འཐད། །སྒྲུབ་པས་འཇུག་ལ་དེ་མི་འཐད། །སྒྲུབ་པའི་འཇུག་ཀྱང་འཐད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། སེལ་བས་འཇུག་པའི་སྒྲུབ་བྱེད་འགོད། །སྒྲུབ་པས་འཇུག་ན་ཧ་ཅང་ཐལ། །གཉིས་ཀའི་གྲུབ་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། རང་མཚན་མཐོང་བའི་ཕྱིར་མི་འཇུག །སྒྲ་རྟོག་སེལ་བའི་ཆེད་དུ་འཇུག །གཉིས་ཀ་བསྡུས་པའི་ཚིགས་བཅད་བསྟན་པའོ། །དང་པོ་ནི། སྒྲ་རྟོག་སེལ་བས་འཇུག་ན་དེའི་སྒྲུབ་བྱེད་གང་ཞེ་ན། དོཾན། སྒྲ་ཆོས་ཅན། ཉན་ཤེས་མངོན་སུམ་གྱིས་མ་མཐོང་བའི་ཁྱོད་ཀྱི་མི་རྟག་པ་རྗེས་དཔག་ཚད་མས་རྟོགས་པར་བྱར་མེད་པར་ཐལ། ཉན་ཤེས་མངོན་སུམ་དེས་ཁྱོད་ཀྱི་མི་རྟག་པ་མཐོང་བའི་ཕྱིར་ཏེ། ཉན་ཤེས་མངོན་སུམ་དེ་ཁྱོད་ལ་སྒྲུབ་པས་འཇུག་པ་གང་ཞིག ཁྱོད་དང་ཁྱོད་ཀྱི་མི་རྟག་པ་གྲུབ་པ་དེ་རྫས་གཅིག་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་སྤྱིར་མི་རྟག་པར་རྟོགས་པའི་རྗེས་དཔག་འཇུག་གམ་ཅེ་ན། གཟུགཾས། ཉན་ཤེས་མངོན་སུམ་གྱི་རྗེས་སུ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་འཇུག་པ་ཆོས་ཅན། དགོས་པ་ཡོད་དེ། འཁྲུལ་རྒྱུའི་དབང་གིས་སྒྲ་རྟག་པར་སྒྲོ་འདོགས་པའི་ཞེན་ཡུལ་སེལ་བའི་ཆེད་ཡིན་པའི་ཕྱིར། འཁྲུལ་རྒྱུའི་དབང་གིས་འཁྲུལ་པ་སྐྱེ་བའི་དཔེ་ཡོད་དེ། དཀར་སོགས་ཆོས་མཐུན་པའི་ཉ་ཕྱིས་ལ་དངུལ་དུ་འཁྲུལ་པ་ཡོད་པའི་ཕྱིར། གསུམ་པ་ནི། དེཾ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། སེལ་བས་འཇུག་སྟེ། སྒྲ་མི་རྟག་པ་མཐོང་བའི་ཆེད་དུ་མི་འཇུག་ཀྱང་། སྒྲ་མི་རྟག་པ་ངེས་པའི་ཆེད་དུ་འཇུག་པའི་རྟོག་པ་ཡིན་ཕྱིར། གཉིས་པ་ནི། རྗེསཾ། མངོན་སུམ་དུ་མ་ཟད་རྗེས་དཔག་ཀྱང་སྒྲུབ་པས་འཇུག་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲའི་བྱས་སོགས་ཀུན་འཛིན་པར་ཐལ། སྒྲའི་མི་རྟག་པ་སྒྲུབ་པའི་སྒོ་ནས་ངེས་པའི་ཕྱིར། ཆོས་གྲགས་ཆོས་ཅན། ཁྱོད་ལ་དགག་གྲུབ་གཅིག་ཆར་དུ་རྟོགས་པར་ཐལ་བའི་ཉེས་པ་མེད་དེ། ཁྱོད་སྒྲ་རྟོག་སེལ་འཇུག་དུ་ཁས་ལེན་པའི་མཁས་པ་ཡིན་པའི་ཕྱིར། གསུམ་པ་ནི། དེཾ། རྗེས་དཔག་ཆོས་ཅན། ཁྱོད་སེལ་འཇུག་ཡིན་ཏེ། ཁྱོད་སེལ་འཇུག་དང་སྒྲུབ་འཇུག་གང་རུང་གང་ཞིག ཁྱོད་སྒྲུབ་འཇུག་ཡིན་ན། དགག་སྒྲུབ་ཅིག་ཆར་དུ་རྟོགས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ནི། མཐོཾང་། གལ་ཏེ། རྗེས་དཔག་སྒྲོ་འདོགས་སེལ་བས་སེལ་འཇུག་ཏུ་འདོད་ན། སྔོན་པོ་འཛིན་པའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་སྔོན་པོར་ངེས་པའི་ངེས་ཤེས་ཆོས་ཅན། སེལ་འཇུག་མིན་པར་ཐལ། བསལ་བྱ་སྒྲོ་འདོགས་མེད་པའི་ཕྱིར། ཞེ་ན། དེ་ཆོས་ཅན། སེལ་འཇུག་ཡིན་ཏེ། རང་གི་བྱེད་པ་མ་ཉམས་ཀྱི་བར་དུ་སྔོན་པོ་སྔོ་མིན་དུ་འཛིན་པའི་སྒྲོ་འདོགས་མི་སྐྱེ་བར་བྱེད་པའི་ངེས་ཤེས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ངེསཾ། དེ་ཆོས་ཅན། སྔོན་པོ་སྔོ་མིན་དུ་སྒྲོ་འདོགས་པའི་སྒྲོ་འདོགས་ཀྱིས་དབེན་པའི་རྒྱུད་ལ་འཇུག་པ་ཡིན་ཏེ། ཁྱོད་དེ་དང་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། གསུམ་པ་ནི། ཆོསཾ། སྒྲ་བྱས་པའི་ཡུལ་ཅན་གྱི་སྒྲ་རྟོག་དང་མི་རྟག་པའི་ཡུལ་ཅན་གྱི་སྒྲ་རྟོག་ཆོས་ཅན། ཡུལ་ཐ་དད་ཡིན་ཏེ། སྒྲ་མ་བྱས་པར་སྒྲོ་འདོགས་པ་དང་། སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་སོ་སོར་སེལ་བའི་ཡུལ་ཅན་ཡིན་པའི་ཕྱིར། བཞི་པ་ནི། གཞནཾ། དེ་དག་ཡུལ་ཐ་དད་ལས་གཞན་དུ་ཡུལ་གཅིག་ཡིན་ན། སྒྲ་བྱས་པའི་ཡུལ་ཅན་གྱི་སྒྲ་རྟོག་ཆོས་ཅན། ཁྱོད་དང་སྒྲ་མི་རྟག་པའི་ཡུལ་ཅན་གྱི་སྒྲ་རྟོག་རྣམ་གྲངས་པ་ཡིན་པར་ཐལ། ཁྱོད་དང་དེ་ཡུལ་ཐ་མི་དད་པའི་ཡུལ་ཅན་ཐ་དད་པ་ཡིན་པའི་ཕྱིར། ལྔ་པ་ལ་གསུམ་སྟེ། འདོད་པ་བརྗོད། སུན་འབྱིན་བཤད། ཉེས་སྤོང་དགག་པའོ། །དང་པོ་ནི། གངཾ་། བྱེ་བྲག་པ་ཆོས་ཅན། སྒྲ་རྟོག་སྒྲུབ་པས་འཇུག་ཀྱང་རྣམ་གྲངས་པར་མི་འགྱུར་ཏེ། བུམ་པའི་ཁྱད་པར་བྱས་མི་རྟག་སོགས་ནང་ཕན་ཚུན་རྫས་ཐ་དད་དེ་རྣམས་ཁྱད་པར་ཅན་བུམ་པ་ལས་ཀྱང་རྫས་ཐ་དད་ཡིན་པས་རྟོག་བློས་གང་རུང་རེ་རེ་ཁོ་ན་འཛིན་གྱི་གཞན་མི་འཛིན་པའི་ཕྱིར་ཞེ་ན། གཉིས་པ་ནི། ཁྱདཾ། ཁྱད་པར་དང་ཁྱད་པར་ཅན་རྫས་གཞན་ཡིན་ན། ཁྱད་པར་ཅན་གྱི་ཁྱད་པར་རྣམས་ལ་ཕན་འདོགས་དགོས་པས་བུམ་པས་བུམ་པའི་བྱས་སོགས་ལ་ཕན་འདོགས་པའི་ནུས་པ་དེ་ཁྱད་པར་ཅན་བུམ་པ་དང་རྫས་གཅིག་ཡིན་ནམ། རྫས་གཞན་ཡིན། དང་པོ་ལྟར་ན། བུམ་པ་ངེས་པའི་ངེས་ཤེས་ཆོས་ཅན། བུམ་པས་བུམ་པའི་བྱས་སོགས་ལ་ཕན་འདོགས་པའི་ནུས་པ་ངེས་པར་ཐལ། ནུས་པ་དེ་དང་རྫས་གཅིག་པའི་བུམ་པ་ལ་སྒྲུབ་པའི་སྒོ་ནས་འཇུག་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་པའི་བྱས་སོགས་ངེས་པར་ཐལ། འདོད་པའི་ཕྱིར། གལ་ཏེ་བུམ་པ་ངེས་ན། དེ་དང་རྫས་གཅིག་པའི་ནུས་པ་ངེས་ཀྱང་དེ་དང་རྫས་གཞན་པའི་བྱས་སོགས་མི་ངེས་སོ་ཞེ་ན། བུམ་པ་ཆོས་ཅན། ཁྱོད་སྒྲུབ་པའི་ཚུལ་གྱིས་ངེས་ན་ཁྱོད་བྱས་སོགས་ལ་ཕན་འདོགས་བྱེད་དུ་ངེས་དགོས་པར་ཐལ། ཁྱོད་ཀྱིས་རང་གི་བྱས་སོགས་ལ་ཕན་འདོགས་པའི་ནུས་པ་དེ། ཁྱོད་དང་བདག་གཅིག་ཏུ་འབྲེལ་བའི་ཕྱིར། འདོད་ན། བུམ་པ་ངེས་པའི་ཤེས་པ་ཆོས་ཅན། ཁྱོད་ཀྱིས་བུམ་པ་དེ་བྱས་སོགས་ལ་ཕན་འདོགས་བྱེད་དང་། བུམ་པའི་བྱས་སོགས་དེ་བུམ་པའི་ཕན་འདོགས་བྱ་ཡིན་པས་གཉིས་ཀ་ངེས་པར་ཐལ། ཁྱོད་ཀྱིས་བུམ་པ་དེ་རང་གི་བྱས་སོགས་ལ་ཕན་འདོགས་བྱེད་དུ་སྒྲུབ་པའི་ཚུལ་གྱིས་ངེས་པའི་ཕྱིར། ཆོསཾ། གཉིས་པ་ལྟར་རྫས་གཞན་ཡིན་ན། བུམ་པས་བུམ་པའི་བྱས་པ་ལ་ཕན་འདོགས་པའི་ནུས་པ་ཆོས་ཅན། ཁྱོད་བུམ་པ་དང་མ་འབྲེལ་བར་ཐལ། ཁྱོད་བུམ་པ་དང་རྫས་གཞན་གང་ཞིག བུམ་པས་ཁྱོད་ལ་ཕན་མ་བཏགས་པའི་ཕྱིར། མ་གྲུབ་བོ་ཞེ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་ནུས་པ་ཐུག་མེད་དུ་འགྱུར་བར་ཐལ། ཁྱོད་ཀྱིས་རང་གི་བྱས་པ་ལ་ཕན་འདོགས་པའི་ནུས་པ་དེ་ལ་ཡང་ཕན་འདོགས་གཞན་དགོས་པའི་ཕྱིར། གཅིགཾ དེས་ན་ནུས་པ་དང་ནུས་པ་ཅན་རྫས་གཅིག་ཏུ་ཁས་ལེན་དགོས་པས་བུམ་པས་བུམ་པའི་བྱས་པ་ལ་ཕན་འདོགས་ནུས་པའི་ངེས་པའི་ངེས་ཤེས་དེ་ཆོས་ཅན། ཁྱོད་ཀྱིས་བུམ་པ་དེ་རང་གི་མི་རྟག་པ་ལ་ཕན་འདོགས་བྱེད་དུ་བཟུང་བར་ཐལ། ཁྱོད་ཀྱིས་བུམ་པ་དེ་རང་གི་བྱས་པ་ལ་ཕན་འདོགས་བྱེད་དུ་སྒྲུབ་པའི་སྒོ་ནས་བཟུང་བ་གང་ཞིག དེ་གཉིས་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་པའི་བྱས་མི་རྟག་ཐམས་ཅད་བཟུང་བར་ཐལ། བུམ་པས་རང་གི་བྱས་པ་ལ་ཕན་འདོགས་པའི་ནུས་པ་ཐམས་ཅད་བཟུང་བའི་ཕྱིར། གསུམ་པ་ནི། གལཾ། གལ་ཏེ་བུམ་པའི་བྱས་པ་བཟུང་བའི་ཚེ་བུམ་པའི་མི་རྟག་པ་བཟུང་ཡང་། བུམ་པ་མི་རྟག་པ་རྟོགས་པའི་ཚད་མ་གཞན་འཇུག་པས་རྣམ་གྲངས་པར་ཐལ་བར་མི་འགྱུར་ཏེ། བུམ་པ་རྟག་པར་སྒྲོ་འདོགས་པའི་འཁྲུལ་པ་ལྡོཾག་པའི་ཆེད་དུ་བུམ་པ་མི་རྟག་པར་རྟོགས་པའི་ཚད་མ་འཇུག་དགོས་པའི་ཕྱིར་ཞེ་ན། འོ་ན་བུམ་པ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། སེལ་འཇུག་ཏུ་གྲུབ་པར་ཐལ། སྒྲོ་འདོགས་སེལ་བའི་ཆེད་དུ་འཇུག་པའི་བློ་ཡིན་པའི་ཕྱིར། གཞན་ཡང་བུམ་པ་བྱས་པར་ངེས་པའི་ངེས་ཤེས་ཆོས་ཅན། སེལ་འཇུག་ཏུ་ཐལ། རང་གི་བྱེད་པ་མ་ཉམས་ཀྱི་བར་དུ་རང་གི་ངེས་ཚུལ་ལས་གཞན་དུ་སྒྲོ་འདོགས་མི་སྐྱེ་བར་བྱེད་པའི་རྟོག་པ་ཡིན་པའི་ཕྱིར། གཞཾན། བུམ་པ་བྱས་པ་ངེས་པའི་བློ་ཆོས་ཅན། བུམ་པའི་མི་རྟག་པ་དེ་ཁྱོད་ཀྱི་ཡུལ་མིན་པར་ཐལ། ཁྱོད་ངེས་ཤེས་གང་ཞིག དེ་ཁྱོད་ཀྱིས་མ་ངེས་པའི་ཕྱིར། འོ་ན་བུམ་པའི་མི་རྟག་པ་སོགས་བུམ་འཛིན་མངོན་སུམ་གྱི་ཡུལ་མ་ཡིན་པར་འགྱུར་ཏེ། དེས་དེ་མ་ངེས་པའི་ཕྱིར་ཞེ་ན། ཁྱདཾ། བུམ་འཛིན་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་མ་ངེས་ན། ཁྱོད་ཀྱི་ཡུལ་མིན་པས་མ་ཁྱབ་པར་ཐལ། ཁྱོད་ཡུལ་གང་གི་ཡང་ངེས་བྱེད་མ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་བུམ་པའི་བྱས་མི་རྟག་སོགས་ཐ་སྙད་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་ཡོད་པར་སྲིད་དེ། ཁྱོད་ཀྱིས་བུམ་པའི་བྱས་མི་རྟག་སོགས་ལ་ངེས་ཤེས་འདྲེན་པའི་མཐུན་རྐྱེན་ཚང་ཞིང་། འགལ་རྐྱེན་མེད་པའི་ཚེ་ཐ་སྙད་དུ་རྟོགས་ལ་དེ་ལས་བཟློག་པའི་ཚེ་དེ་ཐ་སྙད་དུ་མ་རྟོགས་པའི་ཕྱིར། གསུམ་པ་ལོག་ལྡོག་བརྟགས་ནས་བརྗོད་པའི་རྩོད་པ་སྤོང་བ་ནི། ལོག་པ་དང་ལྡོག་པ་རྫས་ཐ་དད་དམ། ཐ་དད་མེད་པ་ཡིན། དང་པོ་ལྟར་ན། ངེད་འདོད་པའི་སྤྱི་དང་ཁྱད་པར་མེད་པར་འགྱུར་ལ། གཉིས་པ་ལྟར་ན། སྒྲ་བློ་ཐ་དད་དུ་མི་འཇུག་པར་ཐལ་ལོ། །ཞེས་བྱེ་བྲག་པའི་དོགས་པའི་ལན་དུ་འཆད་པ་ལ་གསུམ་སྟེ། ལོག་ལྡོག་དོན་གཞན་མེད་ཀྱང་སྒྲ་གཉིས་འཇུག །དོན་གཞན་མེད་པས་སྤྱི་ལ་སྐྱོན་མི་མཚུངས། །དོན་ལ་ལྟོས་ན་སྔར་གྱི་ཀླན་ཀ་འཇུག་པའོ། །དང་པོ་ལ་གསུམ་སྟེ། སྒྲ་གཉིས་བརྗོད་འདོད་ཙམ་གྱིས་འཇུག །དེ་ལ་ཉེས་པ་མེད་པར་བསྟན། །ཚུལ་དེ་རིགས་གཞན་ཀུན་ལ་སྦྱར་བའོ། །དང་པོ་ནི། དེཾ། བ་གླང་འདི་རྟ་ལས་ལྡོག་པ་ཞེས་དང་། བ་གླང་འདི་རྟ་ལས་ལོག་པ་ཞེས་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་ཆོས་ཅན། བརྗོད་བྱ་རྫས་ཐ་དད་པའི་དབང་གིས་འཇུག་པ་མ་ཡིན་ཏེ། ཆོས་དང་ཆོས་ཅན་རྫས་ཐ་དད་དུ་ཕྱེ་བའི་དབང་གིས་འཇུག་པའི་ཕྱིར། རྟོག་པ་ལ་ཡང་སྦྱར། གཉིས་པ་ལ་གཉིས་ཏེ། དྲུག་པའི་རྣམ་དབྱེ་འཇུག་པ་འཐད། །བརྡ་ཡི་བྱེ་བྲག་དགོས་པ་འཐད་པའོ། །དང་པོ་ནི། ཆོས་དང་ཆོས་ཅན་དོན་ལ་ཐ་དད་མེད་ན་དྲུག་སྒྲ་མེད་པར་འགྱུར་ཞེ་ན། གཉིསཾ། བ་གླང་གི་བ་གླང་བཅས་པའི་དྲུག་སྒྲ་ཆོས་ཅན། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་ཀས་དོན་གཅིག་བརྗོད་ཀྱང་ཁྱོད་ཀྱིས་ཆོས་དང་ཆོས་ཅན་ཐ་དད་དུ་ཡོད་པ་བཞིན་དུ་སྟོན་པར་བྱེད་དེ། བརྗོད་བྱ་གཅིག་ཉིད་བརྡའི་དབང་གིས་ཆོས་དང་ཆོས་ཅན་ཐ་དད་དུ་བྱས་ལ་འཇུག་པའི་སྒྲ་ཡིན་པའི་ཕྱིར། གཉིས་པ་ནི། སྒྲ་གཉིས་ཀས་ལྡོག་པ་གཅིག་གཅིག་བརྗོད་ན། བརྡས་ཆོས་དང་ཆོས་ཅན་ཐ་དད་དུ་ཕྱེ་བ་ལ་དགོས་པ་མེད་པར་འགྱུར་རོ་ཞེ་ན། ཁྱདཾ། དོན་གཅིག་ཉིད་ལ་ཆོས་དང་ཆོས་ཅན་ཐ་དད་དུ་ཕྱེ་བ་ཆོས་ཅན། དགོས་པ་ཡོད་དེ། དོན་གཅིག་ཉིད་ཁྱད་པར་གཞན་སྤངས་པ་དང་མ་སྤངས་པའི་ཚུལ་གྱིས་གོ་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། ཀུནཾ། སྤྱི་དང་སྤྱི་ལྡན་བརྗོད་པ་དང་། ཡོན་ཏན་དང་ཡོན་ཏན་ཅན་བརྗོད་པ་དང་། བྱ་བ་དང་བྱ་བ་ཅན་བརྗོད་པ་ཀུན་ལ། ཆོས་བརྗོད་ཀྱི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་པོ་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་དོན་ཐ་དད་ཡོད་པ་མིན་ཏེ། ཁྱོད་དོན་གཅིག་ཉིད་ཁྱད་པར་གཞན་སྤངས་པ་དང་མ་སྤངས་པ་ཙམ་དུ་བརྗོད་པར་ཟད་པའི་ཕྱིར། དོཾན། དོན་གཅིག་ཉིད་ཁྱད་པར་གཞན་སྤངས་པ་དང་མ་སྤངས་པའི་སྒོ་ནས་ཤེས་པར་འདོད་པ་དེ་ཕན་གྱི་རྐྱེན་གྱི་མཐའ་ཅན་ལ་སོགས་པའི་སྒྲ་དེ་དག་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་དོན་གཞན་མེད་དེ། དོན་གཅིག་ཉིད་ཁྱད་པར་གཞན་སྤངས་པ་དང་མ་སྤངས་པའི་སྒོ་ནས་བརྗོད་པ་ཙམ་དུ་ཟད་པའི་ཕྱིར། གཉིས་པ་ནི། དེཾ། གཞན་སེལ་སྒྲའི་ཡུལ་དུ་འདོད་པའི་མཁས་པ་ཆོས་ཅན། ཁྱོད་ལ་རིགས་དོན་གཞན་དང་ལྡན་པའི་གསལ་བ་བརྗོད་བྱར་འདོད་པའི་བྱེ་བྲག་པའི་ཕྱོགས་ལ་བརྗོད་པའི་སྐྱོན་མི་མཚུངས་ཏེ། ཁྱོད་ལོག་ལྡོག་དོན་ལ་ཐ་དད་མེད་པར་འདོད་པའི་མཁས་པ་ཡིན་པའི་ཕྱིར། བྱེ་བྲག་པ་ཆོས་ཅན། ཁྱོད་ལ་རང་དབང་མེད་ཕྱིར་ཞེས་སོགས་ཀྱི་སྐྱོན་གསུམ་འཇུག་སྟེ། ཁྱོད་སྤྱི་གསལ་རྫས་གཞན་དུ་འདོད་པའི་རྒོལ་བ་ཡིན་པའི་ཕྱིར། གསུམ་གང་ཞེ་ན། སྒྲ་ཆོས་ཅན། གསལ་བ་ལ་རང་དབང་དུ་མི་འཇུག་པར་ཐལ། སྤྱི་དོན་གཞན་བརྗོད་ནས་གསལ་བ་ལ་འཇུག་པའི་ཕྱིར། གསལ་བ་ལ་ཡོད་པའི་ཁྱད་པར་རྣམས་གཞི་མཐུན་དུ་མི་འགྱུར་བར་ཐལ། སྒྲས་གསལ་བ་ལ་ཡོད་པའི་ཁྱད་པར་རྣམས་མ་སྤངས་པའི་ཕྱིར། སྒྲ་གསལ་བ་ལ་འཇུག་པ་ཡང་བཏགས་པ་བ་ཡིན་པར་ཐལ། སྤྱི་དོན་གཞན་བརྗོད་པའི་ཕྱིར། ཞེས་ཕྱོགས་གླང་གིས་གསུངས་པ་རྣམས་སོ། །གསུམ་པ་ལ་གསུམ་སྟེ། གཞན་ལ་སྐྱོན་དེ་འཇུག་པར་བསྟན། །རང་ལ་སྐྱོན་དེ་མེད་པར་བསྟན། །གཞན་ལ་འཇུག་ཚུལ་གསལ་བར་བཤད་པའོ། །དང་པོ་ནི། གངཾ་། བྱེ་བྲག་པ་ཆོས་ཅན། ཁྱོད་ལ་དྲུག་པ་དང་ཚིག་དབྱེ་སོགས་མི་འཐད་པའི་ཀླན་ཀ་འཇུག་རིགས་ཏེ། ཁྱོད་རྗོད་བྱེད་ཀྱི་སྒྲ་ཡུལ་ལ་དངོས་དབང་གིས་འཇུག་པར་འདོད་པའི་རྒོལ་བ་ཡིན་པའི་ཕྱིར། གཉིས་པ་ནི། ཕྱིཾ། ཆོས་གྲགས་ཆོས་ཅན། ཁྱོད་ལ་དྲུག་པ་དང་། ཚིག་དབྱེ་ལ་སོགས་པ་མི་རིགས་པའི་ཀླན་ཀ་མི་འཇུག་སྟེ། ཁྱོད་རྗོད་བྱེད་ཀྱི་སྒྲ་ཡུལ་ལ་དངོས་དབང་གིས་མི་འཇུག་པར་འདོད་པའི་མཁས་པ་ཡིན་པའི་ཕྱིར། གསུམ་པ་ནི། བཙུནཾ། བུད་མེད་གཅིག་ཆོས་ཅན། ཁྱོད་ལ་བཙུན་མོ་རྣམས་ཞེས་པའི་མང་ཚིག་མི་འཇུག་པར་ཐལ། ཁྱོད་མང་པོ་མིན་པའི་ཕྱིར། གྲོང་དྲུག་ཆོས་ཅན། ཁྱོད་ལ་ཁང་བཟང་གི་ཕྲེང་བ་གཅིག་ཅེས་པའི་གཅིག་ཚིག་མི་འཇུག་པར་ཐལ། ཁྱོད་གཅིག་མིན་པའི་ཕྱིར། ནམ་མཁའ་ཆོས་ཅན། ཁྱོད་ལ་ནམ་མཁའི་རང་བཞིན་ཞེས་པའི་དྲུག་སྒྲ་དང་། ནམ་མཁའི་ངོ་བོ་ནི་ནམ་མཁའ་ཉིད་ཅེས་པའི་དེ་ཕན་གྱི་སྒྲ་མི་འཇུག་པར་ཐལ། ཁྱོད་ལ་བརྗོད་བྱ་རྫས་ཐ་དད་མེད་པའི་ཕྱིར། གཉིས་པ་ཐ་དད་གཅིག་ཏུ་སྡུད་པའི་སྒྲ་རྟོག་སེལ་བས་འཇུག་པ་ལ་གསུམ་སྟེ། རྟོག་པས་རིགས་སྤྱི་འཇོག་པར་བསྟན། །འཇོག་བྱེད་རྟོགས་པའི་སྣང་བ་བཤད། །དེ་ལ་ཐ་སྙད་གཞན་ཡང་འཇོག་པའོ། །དང་པོ་ལ་བཞི་སྟེ། ཐ་དད་གཅིག་ཏུ་སྣང་ལ་རིགས་སྤྱི་འདོགས། །བཏག་པ་དེ་ཉིད་དོན་ལ་གྲུབ་པ་དགག །དེས་ན་སྤྱི་འཛིན་རྟོག་པ་འཁྲུལ་པར་བསྟན། །འཁྲུལ་པ་དེ་ཡི་བརྒྱུད་པའི་རྒྱུ་ཉིད་བཤད་པའོ། །དང་པོ་ནི། ཐཾ། ཤིང་གི་སྤྱི་འཛིན་རྟོག་པ་ཆོས་ཅན། ཁྱོད་ལ་ཤིང་གསལ་རྣམས་ཤིང་གི་ངོ་བོར་ཐ་དད་དུ་སྣང་བ་ལ་སྒྲིབ་བྱེད་ཡོད་དེ། དེ་ལ་རང་གི་ངོ་བོ་གཟུང་རྣམ་དེས་སྒྲིབ་པར་བྱེད་པའི་ཕྱིར། སྒྲིབཾ། དེ་ཆོས་ཅན། ཁྱོད་ལ་ཤིང་གསལ་རྣམས་ཤིང་གི་ངོ་བོར་གཅིག་ཏུ་སྣང་སྟེ། སྒྲིབ་བྱེད་གཟུང་རྣམ་གྱི་དབང་གིས་ཁྱོད་ལ་དེ་ལྟར་དུ་སྣང་བའི་ཕྱིར། དེཾ། ཤིང་གསལ་རྣམས་ཆོས་ཅན། ཁྱོད་ལ་སེལ་ངོར་ཤིང་གི་སྤྱི་ཡོད་དེ། ཁྱོད་ལ་སེལ་ངོར་ཤིང་གི་ངོ་བོ་གཅིག་ཏུ་སྣང་བའི་ཕྱིར། གཉིས་པ་ནི། དེཾ། ཤིང་སྤྱི་ཆོས་ཅན། དོན་དམ་པར་མེད་དེ། ཤིང་འཛིན་རྟོག་པས་སྒྲོ་བཏགས་པ་ཡིན་པའི་ཕྱིར། གལ་ཏེ་དོན་དམ་པར་ཡོད་ན། ཤིང་སྤྱི་དེ་ཤིང་གསལ་རྣམས་དང་རྫས་གཅིག་ཡིན་ནམ། རྫས་གཞན་ཡིན། དང་པོ་ལྟར་ན། གསལཾ། ཤིང་གསལ་རྣམས་ཆོས་ཅན། ཁྱོད་དང་རྫས་གཅིག་པའི་ཤིང་སྤྱི་མེད་དེ། ཁྱོད་རྫས་ཐ་དད་ཡིན་པའི་ཕྱིར། གཉིས་པ་ལྟར་ན། རྫསཾ། དེ་ཆོས་ཅན། ཁྱོད་ལས་རྫས་གཞན་པའི་ཤིང་སྤྱི་མེད་དེ། དེ་ཚད་མས་མ་དམིགས་པའི་ཕྱིར། གལ་ཏེ་ཤིང་འཛིན་རྟོག་པའི་རྣམ་པ་དེ་ཤིང་སྤྱི་མིན་ནམ་ཞེ་ན། ཤིང་འཛིན་རྟོག་པའི་རྣམ་པ་ཆོས་ཅན། ཤིང་དུ་འཁྲུལ་པ་ལ་མ་ལྟོས་པར་ཤིང་སྤྱི་མིན་ཏེ། ཤིང་འཛིན་རྟོག་པའི་རྫས་ཡིན་པའི་ཕྱིར། གསུམ་པ་ནི། དེསཾ། ཤིང་གི་སྤྱི་འཛིན་རྟོག་པ་ཆོས་ཅན། འཁྲུལ་ཤེས་ཡིན་ཏེ། ཤིང་གསལ་རྫས་ཐ་དད་པ་རྣམས་ཤིང་གི་ངོ་བོ་གཅིག་ཏུ་འཛིན་པའི་བློ་ཡིན་པའི་ཕྱིར། བཞི་པ་ལ་གཉིས་ཏེ། བརྒྱུད་པའི་རྒྱུ་ངོས་གཟུང་། རྒྱུར་མི་འཐད་པ་སྤོང་བའོ། །དང་པོ་ནི། སྤྱི་འཛིན་གྱི་རྒྱུ་གང་ཞེ་ན། མིཾ། ཤིང་གསལ་རྣམས་ཆོས་ཅན། ཤིང་གི་སྤྱི་འཛིན་རྟོག་པ་དོན་མཐུན་གྱི་རྒྱུ་ཡིན་ཏེ། དེའི་བརྒྱུད་པའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མཐུན་དཔེ་གཉིས་ཀྱི་ཐ་དད་རྒྱུ་རུ་གྲུབ། གནོད་བྱེད་གཉིས་ཀྱི་རྒྱུ་གཞན་སྤྱི་དངོས་བཀག་པའོ། །དང་པོ་ནི། གཅིཾག ཤིང་གསལ་རྣམས་སྤྱི་དངོས་པོ་བ་མེད་པའི་རྫས་ཐ་དད་པ་ཡིན་ན་ཇི་ལྟར་ན་ཤིང་གི་སྤྱི་འཛིན་གཅིག་ཏུ་བསྐྱེད་ཅེ་ན། ཤིང་གསལ་རྣམས་ཆོས་ཅན། སྤྱི་དངོས་པོ་བ་མེད་པའི་རྫས་ཐ་དད་ཡིན་ཀྱང་། ཤིང་གི་སྤྱི་འཛིན་རྟོག་པ་དོན་མཐུན་བསྐྱེད་དེ། དེ་སྐྱེད་བྱེད་དུ་རང་བཞིན་གྱིས་ངེས་པའི་ཕྱིར། དཔེར་ན་ཤིང་སྤྱི་དངོས་པོ་བ་མེད་པའི་རྫས་ཐ་དད་ཀྱང་། དབང་སོགས་རྐྱེན་གསུམ་པོ་དེས་རང་འབྲས་དབང་ཤེས་གཅིག་སྐྱེད་པ་དང་། སྨན་སླེ་ཏྲེས་དང་། པར་པ་ཏ་ལ་སོགས་པ་ལྷན་ཅིག་པའམ་སོ་སོར་སྦྱར་བས་རིམས་ནད་ཞི་བར་བྱེད་ཀྱི། གཞན་ག་གོན་ལ་སོགས་པས་མིན་པ་བཞིན་ནོ། །གཉིས་པ་ནི། ཁྱདཾ། སླེ་ཏྲེས་ལ་སོགས་པ་རྣམས་ལ་སྨན་སྤྱི་དངོས་པོ་བ་གཅིག་ཡོད་པས་རིམས་ནད་ཞི་བར་བྱེད་པས་དཔེ་མ་གྲུབ་བོ་ཞེ་ན། སྨན་སྤྱི་ཆོས་ཅན། རིམས་ནད་ཞི་བར་བྱེད་པ་མིན་པར་ཐལ། སྨན་གསལ་རྣམས་ལ་ཁྱད་པར་མེད་པར་སྲིད་པའི་ཕྱིར། མ་ཁྱབ་ན། སྨན་གསལ་རྣམས་ལ་ཞིང་ས་བཟང་ངན་སོགས་ཀྱིས་རོ་དང་ནུས་པའི་ཁྱད་པར་མེད་པར་ཐལ། དེའི་ཕྱིར། སྨན་སྤྱི་ཆོས་ཅན། རིམས་ནད་ཞི་བར་བྱེད་པ་མིན་པར་ཐལ། རང་འབྲས་ལ་ཕན་འདོགས་པ་མེད་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྟོག་པས་གསལ་བ་རྣམས་མཚུངས་པར་འཛིན་པ་ལ་སྤྱིར་འཇོག་ན། རྟོག་པ་ལ་སྣང་བའི་གསལ་བ་རྣམས་ནི། དོན་བྱེད་མི་ནུས་པས་འཇུག་ཡུལ་མི་ཐོབ་པར་འགྱུར་རོ་ཞེ་ན། རྟོག་པ་ཁྱད་པར་གསུམ་ལྡན་གྱི་དབང་དུ་བྱས་པས་འཇུག་ཡུལ་ཐོབ་བོ་ཞེས་སྟོན་པ་ནི། རངཾ་། ཤིང་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ཤིང་གི་སྤྱི་འཛིན་རྟོག་པ་ཆོས་ཅན། ཁྱད་པར་གསུམ་དང་ལྡན་པ་ཡིན་ཏེ། ངོ་བོའི་ཁྱད་པར་རང་གི་རྣམ་པ་ཤིང་དུ་སྣང་བ་དང་། འབྲས་བུའི་ཁྱད་པར་ཤིང་གསལ་རང་མཚན་པ་ཐོབ་པར་བྱེད་པ་དང་། རྒྱུའི་ཁྱད་པར་ཤིང་གསལ་རང་མཚན་པ་ལས་བརྒྱུད་ནས་སྐྱེས་པའི་ཕྱིར། ཁྱད་པར་གསུམ་ལྡན་གྱི་ཤིང་འཛིན་རྟོག་པ་ཆོས་ཅན། ཁྱོད་ལ་ཡུལ་སྣང་ཚུལ་ཡང་ཁྱད་པར་གསུམ་ལྡན་ཡིན་ཏེ། འབྲས་བུའི་ཁྱད་པར་ཤིང་གསལ་རང་མཚན་ཐོབ་པར་བྱེད་པ་དེ་ཁྱོད་ལ་རང་གི་རྣམ་པ་ཕྱི་རོལ་གྱི་ཤིང་དུ་སྣང་བ་དང་། ཤིང་གི་ངོ་བོ་གཅིག་ཏུ་སྣང་བ་དང་། ཤིང་མིན་པ་ལས་ལྡོག་པར་སྣང་བའི་ཕྱིར། ཤིང་འཛིན་རྟོག་པའི་རྣམ་པ་ཆོས་ཅན། ཤིང་མིན་ཏེ། ཤིང་གི་དོན་བྱེད་མི་ནུས་པའི་ཕྱིར། གསུམ་པ་ལ་བདུན་ཏེ། སྤྱི་དང་གཞི་མཐུན་ཐ་སྙད་འཇོག །སྤྱི་བཞིན་ཆོས་དང་ཆོས་ཅན་འཇོག །བཞག་པ་དེ་ཉིད་དོན་ལ་མེད། །མེད་ཀྱང་བཞག་པའི་དགོས་པ་བསྟན། །དོན་ལ་མེད་པའི་སྒྲུབ་བྱེད་འགོད། །དེ་ལ་ལུང་དང་འགལ་བ་སྤོང་། །སྒྲ་རྟོག་འཇུག་ཚུལ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཐ་སྙད་འཁྲུལ་པའི་སྤྱི་དང་གཞི་མཐུན་འཇོག །འཁྲུལ་པ་ཡིན་ཡང་རང་མཚན་ཐོབ་པའི་རྒྱུ། །འཁྲུལ་པ་འདྲ་ཡང་གཞན་ལ་ཐོབ་པར་མིན་པའོ། །དང་པོ་ནི། ཤེསཾ། ཤིང་འཛིན་རྟོག་པ་ཆོས་ཅན། ཁྱོད་ཀྱི་དངོས་ཡུལ་ལ་ཤིང་སྤྱིའི་ཐ་སྙད་འཇོག་སྟེ། ཁྱོད་ཀྱི་དངོས་ཡུལ་དེ་ཤིང་མིན་པ་ལས་ལོག་པའི་ལྡོག་པ་ཆིག་རྐྱང་དུ་སྣང་བའི་སྒྲོ་འདོགས་ཡིན་པའི་ཕྱིར། ཤ་པ་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་དངོས་ཡུལ་ལ་ཤིང་གི་གཞི་མཐུན་གྱི་ཐ་སྙད་འཇོག་སྟེ། ཁྱོད་ཀྱི་དངོས་ཡུལ་དེ་ཤིང་མིན་དང་། ཤིང་གསལ་གཞན་ལས་ཀྱང་ལྡོག་པའི་ལྡོག་པ་གཉིས་ཚོགས་སུ་སྣང་བའི་སྒྲོ་འདོགས་ཡིན་པའི་ཕྱིར། སྤྱི་དང་གཞི་མཐུན་གྱི་ཐ་སྙད་ཆོས་ཅན། འཁྲུལ་པ་ས་ལ་བཞག་པ་ཡིན་ཏེ། སྣང་བརྟགས་གཅིག་ཏུ་འཁྲུལ་ནས་བཞག་པའི་ཐ་སྙད་ཡིན་པའི་ཕྱིར། གཉིས་པ་ནི། དངོཾས། ཤིང་གསལ་རྣམས་ཀྱི་སྤྱི་དང་གཞི་མཐུན་གྱི་ཐ་སྙད་ཆོས་ཅན། དངོས་སུ་གཞན་སེལ་གྱི་ཡུལ་ཅན་དང་། བརྒྱུད་ནས་རང་མཚན་ཐོབ་པའི་རྟེན་ཡིན་ཏེ། ཤིང་གསལ་རང་མཚན་ལ་བརྒྱུད་ནས་འབྲེལ་བའི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར། དཔེར་ན། འབྲས་རང་གི་རྟགས་ལ་བརྟེན་པའི་རྗེས་སུ་དཔག་པ་ཇི་སྐད་བཤད་པ་བཞིན་ནོ། །གསུམ་པ་ནི། འཁྲུལཾ། སྒྲ་རྟག་པའི་ཐ་སྙད་ཆོས་ཅན། ཁྱོད་ལས་འཇུག་ཡུལ་རང་མཚན་ཐོབ་པ་མིན་ཏེ། ཁྱོད་འཇུག་ཡུལ་རང་མཚན་དང་མ་འབྲེལ་བའི་ཐ་སྙད་དོན་མི་མཐུན་པ་ཡིན་པའི་ཕྱིར། དཔེར་ན་མར་མེའི་འོད་ལས་ནོར་བུ་འཛིན་པའི་བློ་བཞིན་ནོ། །གཉིས་པ་ནི། དེཾ། རྟོག་པས་གསལ་བ་རང་མཚན་མཚུངས་པར་བཟུང་བ་ལ་སྤྱིར་འཇོག་ན། ཆོས་དང་ཆོས་ཅན་གྱི་ཐ་སྙད་མེད་པར་འགྱུར་རོ་ཞེ་ན། རྟོག་པ་ལ་སྣང་བའི་ཤ་པ་ཆོས་ཅན། ལྡོག་ཆོས་སྣ་ཚོགས་ཅན་ཡིན་ཏེ། སེལ་ངོར་ཤིང་དང་ཤ་པས་འབྲས་བུ་རིགས་གཅིག་བྱེད་པར་སྣང་བ་དང་། དེ་མི་བྱེད་པ་ལས་ལྡོག་པར་སྣང་བའི་ཕྱིར། ཤ་པས་སེལ་ངོར་འབྲས་བུ་དུ་མ་བྱེད་པར་བསྟན་པ་དེ་ཆོས་ཅན། དགོས་པ་ཡོད་དེ། ཤ་པས་འབྲས་བུ་དུ་མ་བྱེད་པ་དེ་ཤ་པའི་དངོས་པོར་བསྟན་པའི་ཆེད་ཡིན་པའི་ཕྱིར། རྟོག་ངོར་སྣང་བའི་ཤ་པ་ཆོས་ཅན། ཁྱོད་སེལ་ངོར་འབྲས་བུ་དུ་མ་བསྐྱེད་པ་སྣང་བ་ལ། ལྡོག་ཆོས་སྣ་ཚོགས་པར་བཞག་པའི་དཔེ་ཡོད་དེ། སེལ་ངོར་ཤིང་གསལ་རྣམས་འབྲས་བུ་རིགས་གཅིག་བྱེད་པ་དང་། དེ་མི་བྱེད་པ་ལས་ལོག་པར་སྣང་བ་ལ་ཤིང་སྤྱི་གཅིག་ཏུ་འཇོག་པ་དེ་དེའི་དཔེ་ཡིན་པའི་ཕྱིར། གསུམ་པ་ནི། སྒྲ།ཾ ཤ་པའི་སྟེང་གི་ལྡོག་ཆོས་སྣ་ཚོགས་པ་དང་། ཤིང་གི་གཞི་མཐུན་ཆོས་ཅན། དོན་དམ་པར་མེད་དེ། དོན་དམ་པར་མེད་ཀྱང་རྟོག་ངོར་སྣང་བ་ལ་བརྟེན་ནས་རྣམ་བཞག་བྱས་པ་ཙམ་ཡིན་པའི་ཕྱིར། བཞི་པ་ནི། ཆོསཾ། དོན་ལ་མེད་ན་རྣམ་བཞག་བྱས་པའི་དགོས་པ་གང་ཞེ་ན། རང་མཚན་གཅིག་ཉིད་ལྡོག་ཆོས་སྣ་ཚོགས་སུ་ཕྱེ་བ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་བཞག་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། རང་མཚན་གཅིག་ལ་དུ་མ་མ་རྟོགས་པ་རྟོགས་པའི་ཆེད་ཡིན་པའི་ཕྱིར། ཐཾ། རང་མཚན་དུ་མ་ལ་སེལ་ངོར་སྤྱི་དང་གཞི་མཐུན་གྱི་རྣམ་བཞག་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། རང་མཚན་དུ་མ་ལ་དགག་སྒྲུབ་གཅིག་ཆར་དུ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ལྔ་པ་ནི། དམཾ། ཤིང་གསལ་དུ་མ་ཆོས་ཅན། ཁྱོད་ལ་ངོ་བོ་གཅིག་ཏུ་སྣང་བའི་བློ་དེ་འཁྲུལ་ཤེས་ཡིན་ཏེ། ཁྱོད་རྫས་དུ་མ་ཡིན་པའི་ཕྱིར། ཤ་པའི་བྱས་པ་མི་རྟག་པ་ཆོས་ཅན། ཁྱོད་ལ་ངོ་བོ་ཐ་དད་དུ་སྣང་བའི་བློ་དེ་འཁྲུལ་ཤེས་ཡིན་ཏེ། ཁྱོད་རྫས་གཅིག་ཡིན་པའི་ཕྱིར། དེཾ། སྤྱི་དང་གཞི་མཐུན་དང་ཆོས་དང་ཆོས་ཅན་གྱི་རྣམ་བཞག་ཆོས་ཅན། བདེན་པར་མེད་དེ། རྟོག་པས་སྒྲོ་བཏགས་པ་ཡིན་པའི་ཕྱིར། དྲུག་པ་ནི། འོ་ན། སློབ་དཔོན་ཕྱོགས་གླང་གིས་རྗེས་སུ་དཔག་པས་ནི་གཞན་སེལ་བས་ཁྱད་པར་དུ་བྱས་པའི་ཁྱད་པར་འཛིན་ཏོ། །ཞེས་རྟོག་པས་སྤྱི་དང་འདྲེས་པའི་རང་མཚན་འཛིན་པར་གསུངས་པ་དང་འགལ་ལོ་ཞེ་ན། བཾསྒྲུབ། བསྒྲུབ་བྱ་སྒྲུབ་བྱེད་འཛིན་པའི་རྟོག་པ་ཆོས་ཅན། སྤྱིས་ཁྱད་པར་དུ་བྱས་པའི་རང་མཚན་དངོས་སུ་མི་འཛིན་ཏེ། རང་མཚན་དངོས་སུ་འཛིན་པ་ཉམས་པའི་ཕྱིར་རོ། །སྔར་གྱི་ཕྱོགས་གླང་གི་ལུང་དེ་ཆོས་ཅན། རྗེས་དཔག་གི་སྤྱི་དང་འདྲེས་པའི་རང་མཚན་དངོས་སུ་བཟུང་བ་ཁྱོད་ཀྱི་ཞེན་དོན་མིན་ཏེ། རྟོག་ངོར་སྣང་བའི་གཞན་སེལ་གྱིས་ཁྱད་པར་དུ་བྱས་པའི་རང་མཚན་དུ་སྣང་བ་རྗེས་དཔག་གི་གཟུང་བྱར་བསྟན་པའི་ཕྱིར། རང་མཚན་ཆོས་ཅན། སྤྱི་དང་གཞི་མཐུན་སོགས་ཀྱི་རྣམ་པ་དངོས་སུ་བཟུང་བྱ་མིན་ཏེ། སྤྱི་དང་གཞི་མཐུན་སོགས་སུ་མ་གྲུབ་པའི་ཕྱིར། བདུན་པ་ནི། དེའིཾ། སྒྲ་རྟོག་ཆོས་ཅན། རང་མཚན་གྱི་གནས་ཚུལ་ཇི་ལྟ་བ་བཞིན་དུ་དངོས་ཡུལ་དུ་བྱེད་པ་མིན་ཏེ། སྤྱི་ལ་དངོས་སུ་འཇུག་པའི་ཕྱིར། གཉིས་པ་ཁྱད་པར་སྒྲའི་འཇུག་ཚུལ་བཤད་པ་ལ་བཞི་སྟེ། གཞན་སྡེའི་འདོད་པའི་བརྡ་ཡུལ་དགག །རང་སྡེའི་འདོད་པའི་བརྡ་ཡུལ་སྒྲུབ། །དེ་ལ་གཞན་སྡེའི་རྩོད་པ་སྤོང་། །དགག་སྒྲུབ་གཉིས་ཀྱི་དོན་བསྡུས་བསྟན་པའོ། །དང་པོ་ལ་གསུམ་སྟེ། རང་མཚན་བརྡ་ཡུལ་ཡིན་པ་དགག །སྤྱི་དངོས་བརྡ་ཡུལ་ཡིན་པ་དགག །སྤྱི་ལྡན་བརྡ་ཡུལ་ཡིན་པ་དགག་པའོ། །དང་པོ་ནི། བརྡ་སྤྲོད་པ་རྣམས་ན་རེ། རང་མཚན་སྒྲའི་དངོས་ཀྱི་བརྗོད་བྱ་མིན་པར་མི་འཐད་དེ། བུམ་པ་འོན་ཅིག་ཅེས་བརྗོད་པ་ན་ཆུ་སྐྱོར་བའི་དོན་བྱེད་ནུས་པ་ལེན་པ་ལ་འཇུག་པའི་ཕྱིར་ཞེ་ན། སྒྲཾ། རང་མཚན་ཆོས་ཅན། ཁྱོད་ལ་བརྡ་དངོས་སུ་སྦྱོར་མི་ནུས་པར་ཐལ། ཁྱོད་བརྡ་དུས་སུ་ཡོད་པ་དེ་ཐ་སྙད་ཀྱི་དུས་སུ་རྗེས་འགྲོ་མི་བྱེད་པའི་ཕྱིར། ཁྱབ་སྟེ། བརྡ་དུས་སུ་བརྡ་དངོས་སུ་སྦྱར་བ་ནི་ཐ་སྙད་ཀྱི་དུས་སུ་དོན་གོ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། བྱེ་བྲག་པ་སོགས་ན་རེ། སྤྱི་དངོས་པོ་བ་ལ་བརྡ་དངོས་སུ་སྦྱར་ཞིང་དེ་ཐ་སྙད་ཀྱི་དུས་སུ་ཡོད་པས་ཇི་སྐད་བཤད་པའི་ཉེས་པ་མེད་དོ་ཞེ་ན། ཅིཾ། བ་གླང་གི་རིགས་དངོས་པོ་བ་ཆོས་ཅན། བ་གླང་ཞེས་པའི་བརྡའི་ཡུལ་དུ་གྱུར་པའི་དངོས་པོ་མིན་པར་ཐལ། བ་གླང་གི་དོན་བྱེད་མི་ནུས་པའི་ཕྱིར། ཁྱབ་སྟེ། བ་ལང་དོན་གཉེར་གྱི་སྐྱེས་བུས་བ་གླང་གི་དོན་བྱེད་ནུས་པ་ལ་འཇུག་པའི་ཆེད་དུ་བ་ལང་ཞེས་པའི་བརྡ་སྦྱར་བ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། དེཾ། བ་ལང་གི་རིགས་དངོས་པོ་བ་དང་ལྡན་པའི་བ་གསལ་རྣམས་ལ་བརྡ་དངོས་སུ་སྦྱོར་རོ་ཞེ་ན། གཉིས་པ་ལ་གསུམ་སྟེ། རིགས་ལྡན་གསལ་རྐྱང་རྣམས་དང་མཚུངས། །སྤྱི་གཞན་བརྟགས་པ་དགོས་པ་མེད། །སྤྱི་གཞན་མེད་ཀྱང་ངོ་ཤེས་འཐད་པའོ། །དང་པོ་ནི། དེཾ། གསལ་རྐྱང་ལ་ཅིའི་ཕྱིར་བརྡ་དངོས་སུ་མི་སྦྱོར་ཞེས་དྲིས་པས་དེ་ལ་བརྡ་དངོས་སུ་སྦྱོར་མི་ནུས་ཏེ། མཐའ་ཡས་པའི་ཕྱིར་ཞེ་ན། རིགས་ལྡན་གྱི་གསལ་བ་ཆོས་ཅན། ཁྱོད་ལ་བརྡ་དངོས་སུ་སྦྱོར་མི་ནུས་པར་ཐལ། ཁྱོད་ཀྱང་མཐའ་ཡས་པའི་ཕྱིར། གཉིས་པ་ནི། དེཾ། གསལ་བ་རིགས་མཐུན་རྣམས་རྟོག་པ་ལ་འབྲས་བུ་རིགས་གཅིག་མི་བྱེད་པ་ལས་ལྡོག་པར་མཚུངས་པ་སྣང་བ་ལ་བརྡ་ཅིས་མ་བྱས་ཞེས་དྲིས་པས་རིགས་ལྡན་གྱི་གསལ་བ་བརྗོད་པ་ལ་ཕྱོགས་གླང་གིས་དེ་ལྡན་རང་དབང་མེད་པའི་ཕྱིར། ཞེས་སོགས་ཀྱི་ཉེས་པ་བཀོད་པ་མཚུངས་སོ་ཞེ་ན། གསལ་བ་དུ་མ་ཆོས་ཅན། རིགས་དངོས་པོ་དང་ལྡན་པའི་ཁྱོད་བརྗོད་བྱར་འདོད་པ་ལ་བཀོད་པའི་ཉེས་པ་དེ་གཞན་སེལ་གྱི་སྤྱི་དང་ལྡན་པའི་ཁྱོད་བརྗོད་བྱར་འདོད་པ་ལ་མི་མཚུངས་པར་ཐལ། ཁྱོད་བརྗོད་པ་ལ་གཞན་སེལ་གྱི་སྤྱི་དངོས་སུ་བརྗོད་དགོས་ཤིང་། སྤྱི་དངོས་པོ་བ་གཞན་བརྗོད་མི་དགོས་པའི་ཕྱིར། དེ་གཉིས་སྒྲུབ་པ་ནི། ཤིང་ཞེས་པའི་སྒྲ་དེས་ཤིང་མིན་མི་གཅོད་དམ་གཅོད། དང་པོ་ལྟར་ན། ཤིང་ཞེས་པའི་སྒྲ་ཆོས་ཅན། ཤིང་དོན་གཉེར་གྱི་སྐྱེས་བུས་ཤིང་མིན་སྤངས་ནས་ཤིང་ལ་འཇུག་པའི་ཆེད་དུ་བརྗོད་པར་དགོས་པ་མེད་པར་ཐལ། ཁྱོད་ཀྱིས་ཤིང་མིན་རྣམ་པར་མི་གཅོད་པའི་ཕྱིར། ཕྱི་མ་ལྟར་ན། ཤིང་ཞེས་པའི་སྒྲ་ཆོས་ཅན། ཤིང་སྤྱི་དོན་གཞན་པ་ཁྱོད་ཀྱི་བརྗོད་བྱར་མི་དགོས་པར་ཐལ། ཁྱོད་ཀྱིས་ཤིང་མིན་རྣམ་པར་བཅད་ནས་ཤིང་བརྗོད་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། ངོ་ཤེས་སྐྱེ་བའི་རྒྱུ་ཉིད་བཤད། །ངོ་ཤེས་སྐྱེ་བའི་རྒྱུ་གཞན་དགག །ངོ་ཤེས་རྒྱུ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། སྤྱི་གཅིག་མེད་ན། གསལ་བ་དུ་མ་ལ་ངོ་ཤེས་ཀྱི་བློ་སྐྱེ་བ་མི་འགྱུར་རོ་སྙམ་ན། གསལཾ། བུམ་གསལ་རྣམས་ཆོས་ཅན། སྤྱི་དངོས་པོ་བ་མེད་ཀྱང་ངོ་ཤེས་ཀྱི་བློ་སྐྱེ་བའི་རྒྱུ་མཚན་ཡོད་དེ། ཆུ་སྐྱོར་བའི་དོན་བྱེད་ནུས་པར་མཚུངས་པའི་རྒྱུ་མཚན་གྱིས་གཞན་སེལ་གྱི་བློ་སྔ་ཕྱི་གཅིག་ཏུ་ངོ་ཤེས་སྐྱེད་པར་བྱེད་པའི་ཕྱིར། གཉིས་པ་ལ་བཞི་སྟེ། སྤྱི་རྐྱང་ངོ་ཤེས་བློ་ཡི་རྒྱུར་མི་འཐད། །སྤྱི་ཡིས་གྲོགས་བྱས་གསལ་བ་རྒྱུར་མི་འཐད། །སྤྱི་ལ་ལྟོས་པའི་དུ་མ་རྒྱུར་མི་འཐད། །གང་རུང་ལ་ལྟོས་སྤྱི་ཡང་རྒྱུར་མི་འཐད་པའོ། །དང་པོ་ནི། །གཞཾན། ངོ་ཤེས་ཀྱི་བློ་ཆོས་ཅན། སྤྱི་འབའ་ཞིག་གཟུང་དོན་དུ་བྱས་པ་ལས་བྱུང་བ་མིན་པར་ཐལ། དེ་ཡིན་ན་ཧ་ཅང་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཅི་ལྟར་ཞེ་ན། དེ་ཆོས་ཅན། གསལ་བ་མི་ཤེས་པར་ཐལ། སྤྱི་ཁོ་ན་འཛིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྤྱི་གསལ་གྱི་འབྲེལ་པ་མ་བཟུང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། གསལ་བ་ལ་སྤྱི་ཡོད་ཅེས་པའི་ཐ་སྙད་འདོགས་པ་མིན་པར་ཐལ། འདོད་པའི་ཕྱིར། གཉིས་པ་ནི། གལཾ། སྤྱི་དངོས་པོ་བ་གཅིག་གིས་གྲོགས་བྱེད་པའི་གསལ་བ་རྣམས་སྤྱི་འཛིན་གྱི་ཤེས་པའི་རྒྱུ་ཡིན་ནོ་ཞེ་ན། དངོཾས། སྤྱི་དངོས་མེད་ཆོས་ཅན། ཁྱོད་ཀྱིས་གསལ་བ་རྣམས་ཐ་དད་པར་བྱས་པའི་ཆ་དེ་སེལ་བར་བྱས་པར་ཐལ། ཁྱོད་ཀྱིས་དེ་མ་བྱས་ན། གསལ་བ་རྣམས་སྤྱི་འཛིན་གྱི་བློའི་རྒྱུ་མིན་དགོས་པ་གང་ཞིག གསལ་བ་རྣམས་སྤྱི་འཛིན་གྱི་བློའི་རྒྱུ་ཡིན་པའི་ཕྱིར། གསུམ་པ་ནི། གལཾ། གསལ་བ་དུ་མ་ཡང་སྤྱི་དངོས་པོ་བ་གཅིག་ལ་ལྟོས་ནས་སྤྱི་འཛིན་གྱི་བློ་བསྐྱེད་པ་ཡིན་ནོ་ཞེ་ན། དེཾ། སྤྱི་འཛིན་གྱི་བློ་ཆོས་ཅན། གསལ་བ་སོ་སོ་དེ་ཁྱོད་ཀྱི་རྒྱུ་མིན་པར་ཐལ། གསལ་བ་སོ་སོ་བ་མེད་ཀྱང་། སྤྱི་དངོས་པོ་བ་གཅིག་གིས་ཁྱོད་བསྐྱེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། གསལ་བ་སོ་སོ་བ་གཟུང་དོན་དུ་བྱས་ནས་མ་བཟུང་བར་ཐལ། འདོད་པའི་ཕྱིར། གལ་ཏེ་སྔོ་སོགས་རེ་རེ་བ་ལས་མིག་ཤེས་སྐྱེ་ཡང་སྔོ་སེར་ཚོགས་པ་ལས་མིག་ཤེས་བསྐྱེད་པའི་ནུས་པ་མེད་པར་མི་འགྱུར་བ་བཞིན་དུ་སྤྱི་གཅིག་ལ་སྤྱི་འཛིན་བསྐྱེད་པའི་ནུས་པ་ཡོད་པས་གསལ་བ་ལ་སྤྱི་འཛིན་བསྐྱེད་པའི་ནུས་པ་མེད་པར་མི་འགྱུར་རོ་ཞེ་ན། ནུས་མཚུངས་ཏེ་སྔོ་སོགས་ཆོས་ཅན། ཁྱོད་ཚོགས་པ་ལས་རང་འཛིན་མིག་ཤེས་བསྐྱེད་པའི་ནུས་པ་གྲུབ་སྟེ། ཁྱོད་རེ་རེ་བ་ལ་རང་འཛིན་མིག་ཤེས་བསྐྱེད་པའི་ནུས་པ་གྲུབ་པའི་ཕྱིར། གསལ་བ་ཆོས་ཅན། ཁྱོད་ཚོགས་པ་དང་རེ་རེ་བ་གཉིས་ཀ་ལ་སྤྱི་འཛིན་གྱི་བློ་བསྐྱེད་པའི་ནུས་པ་མེད་པར་ཐལ། ཁྱོད་ལས་དོན་གཞན་དུ་གྱུར་པའི་སྤྱི་ཁོ་ནས་སྤྱི་འཛིན་གྱི་བློ་བསྐྱེད་པའི་ཕྱིར། བཞི་པ་ནི། གལཾ། གསལ་བ་གང་རུང་ལ་ལྟོས་ནས་སྤྱི་དེས་སྤྱི་འཛིན་གྱི་བློ་བསྐྱེད་པ་ཡིན་གྱི། གསལ་བ་ལ་ལྟོས་མེད་དུ་མ་ཡིན་ནོ་ཞེ་ན། དེཾ། གསལ་བ་རྣམས་ཆོས་ཅན། སྤྱི་འཛིན་གྱི་བློ་ལ་ཕན་འདོགས་པར་ཐལ། སྤྱི་དངོས་པོ་བས་སྤྱི་འཛིན་གྱི་བློ་བསྐྱེད་པའི་གྲོགས་ཡིན་པའི་ཕྱིར། སྤྱི་དེ་ཆོས་ཅན། གསལ་བ་རྣམས་ཀྱི་འབྲས་བུ་ཡིན་པར་ཐལ། གསལ་བ་རྣམས་ཀྱི་ཕན་གདགས་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། ཕན་འདོགས་བྱེད་ཡིན་ན་སྐྱེད་བྱེད་ཡིན་དགོས་པའི་ཕྱིར། གསུམ་པ་ནི། གལཾ། སྤྱི་བློ་ཆོས་ཅན། གསལ་བ་ཐ་དད་པ་རྣམས་ལས་སྐྱེ་བ་མི་འདོད་དེ། གསལ་བ་རྣམས་གཅིག་ཁོ་ནར་སྣང་བའི་ཕྱིར་ཞེ་ན། བློཾ། དེ་ཆོས་ཅན། ཁྱོད་ལ་གསལ་བ་རྣམས་ཐ་དད་དུ་སྣང་སྟེ། ཁྱོད་ཀྱིས་གསལ་བ་རྣམས་མཚུངས་པར་བཟུང་བའི་ཕྱིར། གལ་ཏེ་གསལ་བ་རྣམས་ཆོས་ཅན། སྤྱི་འཛིན་གྱི་བློས་ཐ་དད་དུ་གཟུང་བར་བྱ་བ་མིན་པར་གཅིག་ཏུ་ཡང་བཟུང་བར་ཐལ། སྤྱི་འཛིན་གྱི་བློས་མཚུངས་པར་ཡང་བཟུང་བའི་ཕྱིར་ཞེ་ན། གསལ་བ་རྣམས་མཚུངས་པར་བཟུང་བའི་བློ་དེ་ཆོས་ཅན། གསལ་བ་རྣམས་ལ་སྤྱི་དངོས་པོ་བ་གཅིག་ཡོད་པའི་རྒྱུ་མཚན་གྱིས་མཚུངས་པར་བཟུང་བ་མིན་པར་ཐལ། གསལ་བ་རྣམས་འབྲས་བུ་རིགས་གཅིག་ཏུ་བྱེད་པའི་རྒྱུ་མཚན་གྱིས་མཚུངས་པར་གཟུང་བ་ཡིན་པའི་ཕྱིར། གལ་ཏེ་གསལ་བ་དེ་དག་གི་འབྲས་བུ་དབང་བློ་རྣམས་ཀྱང་རིགས་ཐ་དད་ཡིན་ཞེ་ན། བུམ་པའི་གསལ་བ་འཛིན་པའི་དབང་བློ་རྣམས་ཆོས་ཅན། དབང་བློ་རིགས་གཅིག་ཡིན་ཏེ། དབང་བློ་རིགས་གཅིག་ཏུ་འཛིན་པའི་རྟོག་པ་དོན་མཐུན་གྱི་རྒྱུ་ཡིན་པའི་ཕྱིར། བུམ་པའི་གསལ་བ་རྣམས་ཀྱང་ཆོས་ཅན། བུམ་པར་རིགས་གཅིག་པ་ཡིན་ཏེ། བུམ་པར་རིགས་གཅིག་ཏུ་འཛིན་པའི་རྟོག་པ་དོན་མཐུན་གྱི་རྒྱུ་ཡིན་པའི་ཕྱིར། འབྲས་བུ་རིགས་གཅིག་ཏུ་བྱེད་པ་དེ་ཉིད། སྤྱི་དངོས་པོ་བ་ཡིན་ནོ་སྙམ་ན། བུམ་གསལ་རྣམས་ཆོས་ཅན། ཁྱོད་ཀྱི་བུམ་པ་རིགས་གཅིག་པ་དེ་གཞན་སེལ་གྱི་སྤྱི་ཡིན་གྱི་སྤྱི་དངོས་པོ་བ་མིན་ཏེ། ཁྱོད་ལ་བུམ་པ་རིགས་གཅིག་པའི་གཞན་སེལ་གྱི་སྤྱི་ཡོད་པའི་ཕྱིར་དང་། སྤྱི་དངོས་པོ་བ་མེད་པའི་ཕྱིར། གཉིས་པ་རང་སྡེའི་འདོད་པའི་བརྡའི་ཡུལ་བསྒྲུབ་པ་ནི། བརྡཾ། ཤིང་ཞེས་པའི་བརྡ་ཆོས་ཅན། ཤིང་གི་གཞན་སེལ་ལ་དངོས་སུ་འཇུག་སྟེ། ཤིང་འཛིན་རྟོག་པའི་གཟུང་རྣམ་ལ་ཕྱི་རོལ་ཤིང་དུ་སྒྲོ་བཏགས་པ་དེ་ལ་དངོས་སུ་འཇུག་པའི་ཕྱིར། འོ་ན་ཤིང་ཞེས་པའི་བརྡ་ལས་ཤིང་གསལ་རང་མཚན་མི་ཐོབ་པར་འགྱུར་རོ་ཞེ་ན། ཤིང་ཞེས་པའི་བརྡ་ཆོས་ཅན། ཤིང་གསལ་རང་མཚན་དངོས་སུ་མ་བརྗོད་ཀྱང་ཤིང་གསལ་རང་མཚན་ཐོབ་པར་བྱེད་དེ། ཁྱད་པར་གསུམ་ལྡན་གྱི་ཤིང་འཛིན་རྟོག་པ་བསྐྱེད་པའི་སྒོ་ནས་ཤིང་མིན་སྤངས་ནས་ཤིང་ལ་འཇུག་པར་བྱེད་པའི་ཕྱིར་དང་། ཤིང་གསལ་རང་མཚན་པ་ལ་བརྒྱུད་ནས་བརྟེན་པའི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར། ཤིང་འཛིན་རྟོག་པ་དོན་མཐུན་ཆོས་ཅན། ཁྱད་པར་གསུམ་ལྡན་ཡིན་ཏེ། རང་ལ་སྣང་བའི་རྣམ་པ་ཕྱི་རོལ་ཤིང་དུ་སྣང་བ་དང་། རང་རྒྱུ་ཤིང་གསལ་རང་མཚན་པ་ལས་བརྒྱུད་ནས་སྐྱེས་པ་དང་། རང་ལ་སྣང་བའི་རྣམ་པ་ཤིང་དུ་མེད་པ་ཅན་ཡིན་པའི་ཕྱིར་རོ། །དེས་ན་ཤིང་ཞེས་པའི་སྒྲ་ཆོས་ཅན། ཤིང་གི་གཞན་སེལ་བའི་ཡུལ་ཅན་ཡིན་ཏེ། ཤིང་གསལ་རང་མཚན་པ་ལ་བརྒྱུད་ནས་བརྟེན་པའི་རྟོག་པའི་རྣམ་པ་ལ་ཤིང་གི་སྒྲོ་བཏགས་པ་དངོས་སུ་བརྗོད་པའི་ཕྱིར། གསུམ་པ་དེ་ལ་གཞན་སྡེའི་རྩོད་པ་སྤོང་བ་ལ་བཞི་སྟེ། རྟོག་པ་ཕན་ཚུན་བརྟེན་པར་ཐལ་བ་སྤོང་། །བཅད་བྱ་མེད་ལ་སེལ་འཇུག་མེད་པ་སྤོང་། །ལྡོག་པ་དངོས་པོ་ཡོད་མེད་བརྟག་པ་སྤོང་། །གཞི་མཐུན་མི་སྲིད་འགྱུར་བའི་རྩོད་པ་སྤོང་བའོ། །དང་པོ་ལ་བཞི་སྟེ། གཞན་གྱིས་སྨྲས་པའི་ཐལ་བ་བརྗོད། །དེ་ཉིད་མགོ་མཚུངས་རིགས་པས་དགག །དངོས་པོའི་ལན་གྱིས་ངེས་པ་བསྐྱེད། །སྒྲ་ཀུན་ངེས་གཟུང་ཅན་དུ་གྲུབ་པའོ། །དང་པོ་ནི། ཤིངཾ་། དཔྱོད་པ་པ་ན་རེ། ཤིང་ཆོས་ཅན། ཁྱོད་དང་ཁྱོད་མིན་གཉིས་པོ་རྟོག་པ་ཕན་ཚུན་བརྟེན་པར་ཐལ། ཁྱོད་འཛིན་པའི་རྟོག་པ་དེས་ཁྱོད་མིན་བཅད་པའི་སྒོ་ནས་ཁྱོད་འཛིན་དགོས། ཁྱོད་མིན་འཛིན་པའི་རྟོག་པ་དེས་ཁྱོད་བཅད་པའི་སྒོ་ནས་ཁྱོད་མིན་འཛིན་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དང་ཁྱོད་མིན་གཉིས་ཀ་འཛིན་པ་མེད་པར་ཐལ། ཁྱོད་དང་ཁྱོད་མིན་གཉིས་ཀ་གང་རུང་གཅིག་འཛིན་པའི་བློ་སྔོན་དུ་མ་སོང་ན། གཅིག་ཤོས་མི་འཛིན་པས་ཁྱབ་པའི་ཕྱིར། དེས་ན་གཞན་སེལ་གྱི་སྒོ་ནས་བརྡར་བཏགས་པ་མི་སྲིད་དོ་ཞེ་ན། གཉིས་པ་ནི། དེཾ། ཁྱོད་རང་གི་ལུགས་ལ་ཤིང་ཞེས་པའི་སྒྲས་ཤིང་མིན་རྣམ་པར་གཅོད་དམ་མི་གཅོད། དང་པོ་ལྟར་ན་ཤིང་བརྡ་སྦྱོར་བའི་སྐྱེས་བུ་ཆོས་ཅན། ཤིང་བརྡའི་སྔ་རོལ་དུ་ཤིང་མིན་མི་ཤེས་པར་ཐལ། ཤིང་བརྡའི་སྔ་རོལ་དུ་ཤིང་གི་དོན་འཛིན་པ་མེད་པའི་ཕྱིར། འདོད་ན། ཤིང་བརྡའི་སྔ་རོལ་དུ་ཤིང་མིན་གཅོད་མི་ཤེས་པར་ཐལ་ལོ། །གཉིས་པ་ལྟར་ན། ཤིང་དོན་གཉེར་གྱི་སྐྱེས་བུ་ཆོས་ཅན། ཤིང་ཞེས་པའི་སྒྲ་ལས་ཤིང་ཁོ་ན་ལ་འཇུག་པར་མི་འགྱུར་བར་ཐལ། ཤིང་ཞེས་པའི་སྒྲས་ཤིང་མིན་རྣམ་པར་མ་བཅད་པའི་ཕྱིར། དཔེར་ན་ཤིང་ཞེས་པའི་སྒྲས་ཤ་པ་མིན་པ་མ་བཅད་པའི་ཤ་པ་ཁོ་ན་ལ་འཇུག་པར་མི་འགྱུར་བ་བཞིན་ནོ། །གལཾ། གལ་ཏེ་ཁོ་ན་རེ། ཤིང་ཞེས་པའི་སྒྲས་ཤིང་མིན་བཀག་ནས་ཤིང་མི་སྒྲུབ་པར་ཤིང་སྤྱི་དངོས་པོ་བ་དང་ལྡན་པའི་རྒྱུ་མཚན་གྱིས་ཤིང་གསལ་གཅིག་བསྟན་ནས་འདི་ཤིང་ཡིན་ཞེས་བརྡ་བྱེད་ལ་ཐ་སྙད་ཀྱི་དུས་སུ་ཡང་ཤིང་སྤྱི་དངོས་པོ་བ་དང་ལྡན་པའི་དོན་རྣམས་ཤིང་དུ་རྟོགས་པར་འགྱུར་བའི་ཕྱིར་ན། སྔར་གྱི་ཉེས་པ་གཉིས་པོ་མེད་དོ་སྙམ་ན། ཤིང་སྤྱི་དངོས་པོ་བ་དང་ལྡན་པའི་མདུན་གྱི་ཤིང་གསལ་རང་མཚན་དེ་ཆོས་ཅན། ཁྱོད་ལ་ཤིང་བརྡ་དངོས་སུ་སྦྱོར་བ་མི་འཐད་པར་ཐལ། ཁྱོད་ལ་བརྡ་མི་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་བརྡ་སྦྱར་ན་ཤིང་མིན་ལ་འཇུག་སྲིད་པར་ཐལ་བ་དང་། གཞན་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་བརྡ་སྦྱར་ན་རྟོགས་པར་ཕན་ཚུན་བརྟེན་པར་ཐལ་བའི་ཉེས་པ་སོ་ན་གནས་པའི་ཕྱིར། གསུམ་པ་ནི། གཅིཾག ཤིང་གསལ་གྱི་དངོས་པོ་རྣམས་ལ་བརྟེན་ནས་ཤིང་གི་སྤྱི་གཅིག་ཏུ་འཛིན་པའི་རྟོག་བློ་ཆོས་ཅན། ཁྱོད་རྒྱུད་ལ་ལྡན་པའི་གང་ཟག་དེས་ཤིང་བརྡའི་སྔ་རོལ་དུ་ཤིང་དང་ཤིང་མིན་གཉིས་པོ་སོ་སོར་འབྱེད་ནུས་ཏེ། ཁྱོད་རང་ལ་སྣང་བའི་ཤིང་གི་རྣམ་པ་ཤིང་དང་དབྱེར་མེད་དུ་ཞེན་པའི་རྟོག་པ་ཡིན་པའི་ཕྱིར། ཐཾ། དེ་ཆོས་ཅན། རང་ལ་སྣང་བའི་ཤིང་གི་རྣམ་པ་ཕྱི་རོལ་ཤིང་དང་དབྱེར་མེད་དུ་ཞེན་པ་ལ་ཤིང་བརྡ་སྦྱོར་བའི་རྒྱུ་མཚན་ཡོད་དེ། དེ་ལྟར་སྦྱར་བས་དེ་གཉིས་གཅིག་ཏུ་འཁྲུལ་ནས་ཕྱི་རོལ་ཤིང་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །བཞི་པ་ནི། བློཾ། བུམ་པ་ཞེས་པའི་སྒྲ་ཆོས་ཅན། བུམ་མིན་སྤངས་ནས་བུམ་པ་ལ་འཇུག་པའི་ཆེད་དུ་སྦྱོར་བར་བྱེད་དེ། བུམ་པ་དང་བུམ་མིན་གཉིས་ཀྱི་ནང་ནས་བུམ་པ་ཁོ་ན་ལ་སྦྱོར་བའི་ཕྱིར་རོ། །གཉིས་པ་གཅད་བྱ་མེད་ལ་སེལ་འཇུག་མེད་པ་སྤང་བ་ནི། གལ་ཏེ་ཤིང་ལ་སོགས་པའི་སྒྲ་སེལ་བས་འཇུག་ནའང་། ཤེས་བྱ་ལ་སོགས་པའི་སྒྲ་སེལ་བས་མི་འཇུག་པར་ཐལ། གསལ་བྱ་ཤེས་བྱ་མིན་པར་མེད་པའི་ཕྱིར་ཞེ་ན། གཞནཾ། ཤེས་བྱ་སོགས་ཀྱི་སྒྲ་ཆོས་ཅན། ཉན་པ་པོའི་ཐེ་ཚོམ་གྱི་ཡུལ་རྣམ་པར་གཅོད་པར་བྱེད་དེ། དོན་རྗོད་བྱེད་དུ་བརྡ་སྦྱོར་བ་གང་ཞིག ཉན་པ་པོའི་བློའི་ཐེ་ཚོམ་གྱི་ཡུལ་མི་གཅོད་ན་བརྡ་སྦྱོར་བ་དགོས་པ་མེད་པའི་ཕྱིར། གསུམ་པ་ལྡོག་པ་དངོས་པོ་ཡོད་མེད་བརྟག་པ་སྤོང་བ་ལ་ལྔ་སྟེ། ལྡོག་པ་བརྗོད་བྱར་འགྱུར་བའི་ཚུལ། །དེ་ལ་ལུང་གི་སྒྲུབ་བྱེད་འགོད། །ལུང་གི་དོན་ལ་རྩོད་པ་སྤང་། །དེས་ན་ལྡོག་པ་དངོས་པོར་མེད། །སྒྲ་རྟོག་སྤྱི་ལ་དོན་མེད་སྤང་བའོ། །དང་པོ་ནི། ཁྱོད་འདོད་པའི་ལྡོག་པ་དེ་དངོས་པོར་གྲུབ་ན་སྤྱི་དངོས་པོ་བ་ལ་བརྗོད་པའི་སྐྱོན་མཚུངས་ལ། དངོས་པོར་མེད་ན་དེ་བརྗོད་པ་ལ་དགོས་ནུས་མེད་པར་འགྱུར་རོ་ཞེ་ན། གངཾ་། ཤིང་འཛིན་རྟོག་པའི་རྣམ་པ་ཤིང་མིན་པ་ལས་ལོག་པར་སྣང་བ་ལ་ཤིང་ཞེས་པའི་བརྡ་སྦྱར་བ་ཆོས་ཅན། དགོས་པ་ཡོད་དེ། དོན་གཉེར་གྱི་སྐྱེས་བུས་ཤིང་མིན་པ་ལ་འཇུག་པར་བཟློག་ནས་ཤིང་ལ་འཇུག་པའི་ཆེད་ཡོད་པའི་ཕྱིར། གཉིས་པ་ནི། དེཾ། ཕྱོགས་གླང་ཆོས་ཅན། ཤིང་གི་གཞན་སེལ་ལ་ཤིང་ཞེས་པའི་བརྡ་དངོས་སུ་སྦྱོར་བ་ཁྱོད་ཀྱི་དགོངས་པ་ཡིན་ཏེ། ཁྱོད་གཞན་ལས་ལྡོག་པ་ཡིས་དངོས་པོ་དེའི་ཆ་འགའ་ཞིག་རྟོགས་པར་འགྱུར་ཞེས་དང་། སྒྲས་ནི་དོན་གཞན་ལས་ལྡོག་པས་ཁྱད་པར་དུ་བྱས་པའི་དངོས་པོ་དག་བརྗོད་དོ། །ཞེས་དང་། སྒྲས་ནི་དོན་གཞན་སེལ་བར་བྱེད་ཅིང་། རང་གི་དོན་དག་བརྗོད་པར་བྱེད་དོ། །ཞེས་པའི་མདོ་རྩོམ་པ་པོ་ཡིན་པའི་ཕྱིར། གསུམ་པ་ནི། འདིཾ། ཤིང་འཛིན་རྟོག་པའི་རྣམ་པ་ཆོས་ཅན། ཤིང་གི་དངོས་པོ་མེད་དེ། ཤེས་པའི་རྫས་ཡིན་པའི་ཕྱིར། སྒྲ།ཾ ཤིང་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་ཤིང་འཛིན་རྟོག་པའི་རྣམ་པ་ཤིང་ཞེས་པ་དངོས་སུ་བརྗོད་པས་ཤིང་རྟོགས་པར་འགྱུར་ཏེ། ཁྱོད་ཀྱི་དངོས་ཀྱི་བརྗོད་བྱ་དེ་ཤིང་དུ་ཞེན་པའི་ཕྱིར་རོ། །ཤིང་འཛིན་རྟོག་པའི་རྣམ་པ་ཆོས་ཅན། ཁྱོད་ལས་ཤིང་སྤྱི་དངོས་པོ་བས་ཁྱད་པར་བྱས་པའི་ཤིང་གསལ་རྟོགས་པ་མེད་དེ། ཤིང་སྤྱི་དངོས་པོ་བ་མེད་པའི་ཕྱིར། གལ་ཏེ་ཤིང་ཞེས་པའི་སྒྲ་དེ་ལ་ཤིང་མིན་སེལ་བ་དང་། ཤིང་བསྒྲུབ་པའི་བྱ་བ་དོན་གཞན་པ་གཉིས་ཡོད་པར་འགྱུར་ཏེ། ཤིང་ཞེས་པའི་སྒྲ་དེས་ཤིང་མིན་སེལ་བའི་སྒོ་ནས་ཤིང་སྒྲུབ་པའི་ཕྱིར་ཞེ་ན། སྒྲཾ། ཤིང་ཞེས་པའི་སྒྲ་ཆོས་ཅན། ཤིང་སྒྲུབ་པ་དང་། ཤིང་མིན་སེལ་བའི་བྱ་བ་དོན་གཞན་གཉིས་བྱེད་པ་མིན་ཏེ། ཤིང་དང་ཤིང་མིན་གཉིས་དངོས་འགལ་ཡིན་པས་ཤིང་མིན་སེལ་བ་ཉིད་ཤིང་སྒྲུབ་པ་ཡིན་པའི་ཕྱིར། བཞི་པ་ནི། འདིཾ། ཤིང་གི་ལྡོག་པ་ཆོས་ཅན། དངོས་པོར་མེད་དེ། ཤིང་འཛིན་རྟོག་པའི་རྣམ་པ་ཤིང་དུ་སྒྲོ་བཏགས་པའི་བཏགས་ཡོད་ཡིན་པའི་ཕྱིར། གཞན་དུ་དངོས་པོར་ཡོད་ན་དེ་ཉིད་ཤ་པའི་དངོས་པོ་ཡིན་ནམ་ཤ་པ་ལས་གཞན་པའི་དངོས་པོ་ཡིན། དང་པོ་ལྟར་ན། པ་ལ་ཤ་ཤིང་མིན་པར་ཐལ། ཤིང་གི་ལྡོག་པ་དེ་ཤ་པའི་དངོས་པོ་ཡིན་པའི་ཕྱིར། ཕྱི་མ་ལྟར་ན་ཤ་པ་དེ་ཤིང་མིན་པར་ཐལ། ཤིང་གི་ལྡོག་པ་དེ་ཤ་པ་ལས་གཞན་པའི་དངོས་པོ་ཡིན་པའི་ཕྱིར། ལྔ་པ་ནི། གལ་ཏེ་རྟོག་པའི་གཟུགས་བརྙན་སྒྲས་བརྗོད་ན་སྒྲའི་རྗེས་སུ་ཤིང་མི་རྟག་པ་སྒྲུབ་པའི་སྒྲ་དང་། གཏན་ཚིགས་དགོས་པ་མེད་པར་འགྱུར་ཏེ། ཤིང་ཞེས་པའི་སྒྲ་དེས་ཤིང་འཛིན་རྟོག་པའི་གཟུགས་བརྙན་དངོས་སུ་བརྗོད་པ་གང་ཞིག དེ་རང་མཚན་ཡིན་པའི་ཕྱིར་ཞེ་ན། འདྲེཾས། ཤིང་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་རང་མཚན་དངོས་སུ་བརྗོད་པའི་རྒྱུ་མཚན་གྱིས་སྒྲ་རྟོག་ཕྱི་མ་དོན་མེད་དུ་འགྱུར་བའི་སྐྱོན་མེད་དེ། ཁྱོད་ཀྱིས་རང་མཚན་དངོས་སུ་མ་བརྗོད་པའི་ཕྱིར། ཁྱབ་སྟེ། སྒྲ་རྟོག་ཕྱི་མ་དོན་མེད་དུ་འགྱུར་ན། སྒྲ་སྔ་མས་རང་མཚན་དངོས་སུ་བརྗོད་དགོས་པའི་ཕྱིར། དེས་ན་ཤིང་ཞེས་པའི་སྒྲ་དང་ཤིང་མི་རྟག་པ་ཞེས་པའི་སྒྲ་ཆོས་ཅན། ཤིང་གཅིག་གི་ཁྱད་ཆོས་དུ་མ་རྟོགས་པའི་འབྲས་བུ་ཅན་ཡིན་ཏེ། ཤིང་གི་གཞན་སེལ་གྱི་ཆ་དུ་མ་བརྗོད་པའི་སྒྲ་ཡིན་པའི་ཕྱིར། བཞི་པ་གཞི་མཐུན་མི་སྲིད་པར་འགྱུར་བའི་ཉེས་པ་སྤོང་བ་ནི། རྗོད་བྱེད་ཀྱི་སྒྲ་གཞན་སེལ་ལ་འཇུག་ན། ཨུཏྤལ་སྔོན་པོ་ལྟ་བུའི་གཞི་མཐུན་མི་སྲིད་པར་འགྱུར་རོ་ཞེ་ན། རྣམཾ། ཨུཏྤལ་ཆོས་ཅན། སེལ་ངོར་ཁྱོད་སྔོན་པོ་དང་གཞི་མཐུན་འཐད་དེ། སེལ་ངོར་ཁྱོད་མིན་རྣམ་པར་བཅད་པ་དང་། སྔོ་མིན་རྣམ་པར་བཅད་པ་གཉིས་རྟེན་མེ་ཏོག་གཅིག་ལ་འདུས་པ་སྲིད་པའི་ཕྱིར། བཞི་པ་དགག་སྒྲུབ་གཉིས་ཀྱི་དོན་བསྡུ་བསྟན་པ་ནི། སྒྲ།ཾ བུམ་པ་ཆོས་ཅན། ཁྱོད་ཀྱི་གཞན་སེལ་སྒྲས་དངོས་སུ་བརྗོད་པ་ལས་ཁྱོད་ཐོབ་པར་འགྱུར་ཏེ། ཁྱོད་ཀྱི་གཞན་སེལ་དེ་ཁྱོད་ལ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་སྤྱི་དངོས་པོ་བ་བརྗོད་པ་ལས་ཁྱོད་ཐོབ་པར་མི་འགྱུར་ཏེ། ཁྱོད་ཀྱི་སྤྱི་དངོས་པོ་བ་ཁྱོད་ལ་སྣང་རུང་མ་དམིགས་པའི་ཕྱིར། གསུམ་པ་གཉིས་ཀ་སྤྱི་ལ་འཇུག་པར་བསྟན་པ་ནི། དེཾ། གཞན་སེལ་གྱི་ཡུལ་ཅན་གྱི་སྒྲ་རྟོག་གཉིས་ཆོས་ཅན། སྤྱི་དངོས་མེད་ཀྱི་ཡུལ་ཅན་ཡིན་ཏེ། སྤྱིའི་ཡུལ་ཅན་གང་ཞིག སྤྱི་དངོས་པོ་བ་ལ་འཇུག་མི་སྲིད་པའི་ཕྱིར། གཉིས་པ་དངོས་ཡུལ་སེལ་བ་ཉིད་དུ་བསྒྲུབ་པ་ལ་བཞི་སྟེ། སྤྱི་དངོས་རྣམ་པར་བརྟགས་ནས་དགག །སེལ་བའི་སྤྱི་ལ་མཚུངས་པར་སྤང་། །སྤྱི་དངོས་མེད་ཀྱང་སྒྲ་གཉིས་འཐད། །སྤྱི་དངོས་སྨྲ་བའི་རྩོད་པ་སྤང་བའོ། །དང་པོ་ནི། སྤྱི་དངོས་པོ་བ་ཡོད་ཅིང་དེ་རྗོད་བྱེད་ཀྱི་སྒྲས་དངོས་ཀྱི་བརྗོད་བྱ་ཡིན་ནོ་ཞེ་ན། འོ་ན་སྤྱི་གསལ་རྫས་གཅིག་དང་རྫས་གཞན་གང་ཡིན། དང་པོ་ལྟར་ན། དངོཾས། སྤྱི་གསལ་གཉིས་པོ་ཆོས་ཅན། རྣམ་པ་ཐ་དད་དུ་བློ་ལ་མི་སྣང་བར་ཐལ། རྫས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ནི་སྒྲ་རྟོག་སྒྲུབ་པས་འཇུག་པར་ཁས་བླངས་པས་སོ། །དཀར་ཟལ་ཆོས་ཅན། ནག་སྒུར་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་ཡིན་པར་ཐལ། བ་ལང་གི་སྤྱི་དང་རྫས་གཅིག་དང་དཀར་ཟལ་གཉིས་ཀ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དེཾ། ཨུཏྤལ་ཆོས་ཅན། ཁྱོད་དང་སྔོན་པོའི་གཞི་མཐུན་མེད་པར་ཐལ། ཁྱོད་སྔོན་པོ་དང་རྫས་གཞན་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལྟར་དཔྱད་པའི་ཉེས་པ་དེ་ཁྱོད་ལ་ཡང་མཚུངས་སོ་ཞེ་ན། ལྡོགཾ བ་ལང་གི་གསལ་བ་ཆོས་ཅན། ཁྱོད་ལ་བ་ལང་གི་སྤྱི་མེད་པ་དང་། གཞི་མཐུན་མི་སྲིད་པར་ཐལ་བའི་སྐྱོན་མེད་དེ། ཁྱོད་ལ་བ་ལང་མིན་པ་ལས་ལྡོག་པའི་གཞན་སེལ་གྱི་སྤྱི་ཡོད་པའི་ཕྱིར། གསུམ་པ་ལ་བཞི་སྟེ། འབྲས་བུ་གཅིག་པས་སྒྲ་གཅིག་འཇུག །སྤྱི་དངོས་དབང་གིས་འཇུག་པར་དགག །འབྲས་བུ་གཅིག་ཚུལ་གཏན་ལ་དབབ། །སྒྲ་གཅིག་འཇུག་ཚུལ་དཔེ་ཡིས་བསྟན་པའོ། །དང་པོ་ནི། སྤྱི་དངོས་པོ་བ་མེད་ཅིང་སེལ་བའི་སྤྱི་སྒྲོ་བཏགས་ཡིན་ན། གསལ་བ་དུ་མ་ལ་སྒྲ་གཅིག་ཏུ་འཇུག་པ་མི་སྲིད་པར་འགྱུར་རོ་ཞེ་ན། དེཾ། བ་ལང་གི་གསལ་བ་དུ་མ་ལ་བ་ལང་ཞེས་པའི་བརྡ་གཅིག་སྦྱར་བ་ཆོས་ཅན། དགོས་པ་ཡོད་དེ། བ་ལང་གི་འབྲས་བུ་རིགས་གཅིག་པ་དེ་ཡོངས་སུ་བསྟན་པའི་ཆེད་ཡིན་པའི་ཕྱིར། དེ་ཆོས་ཅན། སྤྱི་དངོས་པོ་བའི་རྒྱུ་མཚན་ཅན་མ་ཡིན་ཏེ། བ་ལང་མིན་པ་ལས་ལྡོག་པའི་གཞན་སེལ་བའི་རྒྱུ་མཚན་ཡིན་པའི་ཕྱིར། བ་ལང་གི་གསལ་བ་རྣམས་ཆོས་ཅན། བ་ལང་གི་རིགས་སྒྲ་ཐ་དད་དུ་མ་བྱས་པའི་རྒྱུ་མཚན་ཡོད་དེ། བ་ལང་གི་རིགས་སྒྲ་ཐ་དད་པ་དཀའ་བ་དང་མི་ནུས་པ་དང་། འབྲས་བུ་མེད་པའི་ཕྱིར་རོ། །གཉིས་པ་ནི། དངོཾས། བ་ལང་ཞེས་པའི་སྒྲ་ཆོས་ཅན། བ་སྤྱི་དངོས་པོ་བ་གཅིག་ལ་འཇུག་པར་མིན་ཏེ། བ་ལང་གི་གསལ་བ་རྣམས་ཕན་ཚུན་མ་འདྲེས་པར་གནས་པས་བ་སྤྱི་དངོས་པོ་བ་གཅིག་མེད་པའི་ཕྱིར་རོ། །གསུམ་པ་ནི། དེཾ། བ་ལང་ཁྲ་བོ་དང་སེར་སྐྱ་གཉིས་ཀ་ཆོས་ཅན། སེལ་ངོར་འབྲས་བུ་གཅིག་པར་བརྗོད་དུ་རུང་སྟེ། བ་གླང་གི་འབྲས་བུ་མི་བྱེད་པ་ལས་ལོག་པའི་གསལ་བ་ཐ་དད་ཡིན་པའི་ཕྱིར། དེ་ཆོས་ཅན། བ་ལང་གི་རིགས་སྒྲ་ཐ་དད་མི་རིགས་ཏེ། བ་ལང་གི་འབྲས་བུ་མི་བྱེད་པ་ལས་ལོག་པར་མཚུངས་པའི་ཕྱིར། དེས་ན་བ་གསལ་རྣམས་འབྲས་བུ་རིགས་གཅིག་ཅེས་པའི་ཐ་སྙད་དེ་ཆོས་ཅན། བ་སྤྱི་དངོས་པོ་བའི་དབང་གིས་འཇུག་པ་མིན་ཏེ། བ་ལང་གི་གཞན་སེལ་བའི་དབང་གིས་འཇུག་པའི་ཕྱིར། བཞི་པ་ནི། དཔེཾར། སྤྱི་དངོས་པོ་བ་མེད་པའི་རྫས་དུ་མ་ལ་སྒྲ་གཅིག་འཇུག་པའི་དཔེ་ཡོད་དེ། གཟུགས་འཛིན་མིག་གི་རྣམ་པར་ཤེས་པའི་རྐྱེན་གསུམ་ལ་གཟུགས་འཛིན་མིག་གི་རྣམ་པར་ཤེས་པའི་རྒྱུ་ཞེས་སྒྲ་གཅིག་འཇུག་པར་ཡོད་པའི་ཕྱིར། དེའི་རྐྱེན་གསུམ་ལ་དེའི་རྒྱུ་ཞེས་པའི་སྒྲ་གཅིག་སྦྱར་བ་ཆོས་ཅན། དགོས་པ་ཡོད་དེ། དེའི་རྐྱེན་གསུམ་གཅིག་ཆར་དུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། བཞི་པ་ལ་གཉིས་ཏེ། སྤྱི་དངོས་དབང་གིས་སྒྲ་གཅིག་འཇུག་པར་དགག །སྤྱི་དངོས་དབང་གིས་འབྲས་བུ་གཅིག་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། གལཾ། གལ་ཏེ་བ་གསལ་དུ་མ་ལ་བ་སྤྱི་དངོས་པོ་བ་གཅིག་ཡོད་པའི་རྒྱུ་མཚན་གྱིས་བ་ལང་ཞེས་པའི་སྒྲ་གཅིག་འཇུག་པ་ཡིན་ནོ་ཞེ་ན། གཉིས་པ་ལ་གསུམ་སྟེ། གཅིག་གནས་པ་ཡི་རྟགས་མ་གྲུབ། །མཉན་པ་འཇུག་པའི་ཁྱབ་པ་མེད། །ཐ་དད་མཚུངས་ཀྱང་ཁྱད་པར་ཡོད་པའོ། །དང་པོ་ལ་གཉིས་ཏེ། གནས་པའི་དོན་ལ་བརྟགས་ནས་དགག །གནས་པ་ཉིད་ལ་གནོད་བྱེད་བརྟན་པའོ། །དང་པོ་ལ་གཉིས་ཏེ། མཐའ་གཉིས་བརྟགས་ནས་ལྷན་ཅིག་དགག །བརྟགས་དོན་མཐའ་གཉིས་སོ་སོར་དགག་པའོ། །དང་པོ་ནི། གནསཾ། བ་གསལ་ཆོས་ཅན། ཁྱོད་ལ་བ་སྤྱི་དངོས་པོ་བ་གནས་པ་མིན་པར་ཐལ། ཁྱོད་ལ་བ་སྤྱི་དངོས་པོ་བ་བརྟེན་པའི་ཚུལ་དང་གསལ་བའི་ཚུལ་གྱིས་གནས་པར་དཔྱད་ན་མི་རིགས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། བརྟེན་པའི་ཚུལ་གྱིས་གནས་པ་དགག །གསལ་བའི་ཚུལ་གྱིས་གནས་པ་དགག་པའོ། །དང་པོ་ནི། རྟགཾ བ་གསལ་ཆོས་ཅན། ཁྱོད་ལ་སྤྱིའི་དོན་གཞན་བརྟེན་པ་མིན་པར་ཐལ། བ་སྤྱི་ལ་ཕན་འདོགས་བྱེད་པ་མེད་པའི་ཕྱིར། མ་ཁྱབ་སྟེ། འཁར་གཞོང་ལ་རྒྱ་ཤུགས་བརྟེན་པ་བཞིན་ནོ་ཞེ་ན། འཁར་གཞོང་ཆོས་ཅན། དོན་གཞན་རྒྱ་ཤུགས་ལ་ཕན་མི་འདོགས་བཞིན་དུ་དེའི་རྟེན་མིན་པར་ཐལ། རྒྱ་ཤུགས་ཕྱི་མ་ཐུར་དུ་མི་ལྷུང་བར་བྱེད་པའི་སྒོ་ནས་དེའི་རྟེན་ཡིན་པའི་ཕྱིར། སྤྱི་གསལ་ལའང་མཚུངས་སོ་སྙམ་ན། སྤྱི་ཆོས་ཅན། གསལ་བས་རང་ཐུར་དུ་མི་ལྟུང་བར་བསྐྱེད་པ་མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། གལ་ཏེ་གསལ་བ་སྤྱི་སྔར་མེད་གསར་དུ་བསྐྱེད་པར་བྱེད་པ་མིན་གྱི་གྲུབ་ཟིན་གནས་པའི་རྟེན་ཡིན་ནོ་ཞེ་ན། དེཾ། སྤྱི་ཆོས་ཅན། གསལ་བས་ཁྱོད་གནས་པར་བྱེད་པ་མིན་པར་ཐལ། གསལ་བ་མེད་ཀྱང་ཁྱོད་གནས་པའི་ཕྱིར། ཡང་དེར་ཐལ། གསལ་བ་དེས་ཁྱོད་ཀྱི་གནས་པ་རྫས་གཅིག་དང་རྫས་ཐ་དད་གང་རུང་མི་བྱེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གསལ་བྱ་གསལ་བྱེད་དཔེ་མ་གྲུབ། །གྲུབ་ཀྱང་རིགས་དང་ལྡན་པ་མ་གྲུབ་པའོ། །དང་པོ་ནི། གལ་ཏེ་གསལ་བ་ལ་སྤྱི་གསལ་བྱ་ཡིན་པའི་ཚུལ་གྱིས་གནས་པ་ཡིན་ནོ་ཞེ་ན། བདཾག སྤྱིར་དོན་གཞན་གསལ་བྱ་གསལ་བྱེད་ཀྱི་དཔེ་ཡོད་དེ། རང་འཛིན་རྣམ་ཤེས་བསྐྱེད་པ་སྒྲོན་འོད་ལ་ལྟོས་པའི་བུམ་གཟུགས་དེ་གསལ་བྱ་ཡིན་ཞིང་བུམ་གཟུགས་རང་འཛིན་རྣམ་ཤེས་སྐྱེ་རུང་དུ་བྱེད་པའི་སྒྲོན་འོད་དེ་གསལ་བྱེད་ཡིན་པའི་ཕྱིར་ཏེ། བུམ་གཟུགས་ཀྱིས་རང་འཛིན་རྣམ་ཤེས་བསྐྱེད་པ་སྒྲོན་འོད་ལ་མི་ལྟོས་པའི་ཚེ་བུམ་གཟུགས་དང་སྒྲོན་འོད་གཉིས་གསལ་བྱ་གསལ་བྱེད་མིན་པའི་ཕྱིར། དེ་སྤྱི་གསལ་ལ་མ་གྲུབ་པ་ནི། འགྱུརཾ། བ་ལང་གི་སྤྱི་ཆོས་ཅན། བ་གསལ་གྱི་དོན་གཞན་གསལ་བྱ་མིན་པར་ཐལ། བ་གསལ་གྱིས་ཕན་གདགས་སྟོབས་ཀྱིས་རང་འཛིན་མིག་ཤེས་སྐྱེ་རུང་དུ་མ་བྱས་པའི་ཕྱིར། གལ་ཏེ་བ་གསལ་དེས་དབང་པོ་བ་སྤྱི་འཛིན་ནུས་པར་འདུ་བྱེད་པས་བ་སྤྱིའི་གསལ་བྱེད་དུ་འཇོག་པ་ཡིན་ནོ་ཞེ་ན། མིཾག བ་གསལ་ཆོས་ཅན། མིག་སྨན་གྱིས་མིག་ལ་ཕན་འདོགས་པ་བཞིན་དུ་ཁྱོད་ཀྱིས་སྤྱི་འཛིན་གྱི་དབང་པོ་ལ་ཕན་འདོགས་པ་མིན་པར་ཐལ། སྤྱི་འཛིན་གྱི་དབང་པོ་དེ་ཁྱོད་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། གཉིས་པ་ནི། རིགཾས། རིགས་ཀྱི་གསལ་བྱེད་ཡིན་པ་ཙམ་གྱིས་རིགས་དང་ལྡན་པས་ཁྱབ་ན། སྒྲོན་འོད་ཆོས་ཅན། བ་སྤྱི་དང་ལྡན་པར་ཐལ། བ་སྤྱིའི་གསལ་བྱེད་ཡིན་པའི་ཕྱིར། རྟགས་ཁས། གཉིས་པ་གནས་པ་ཉིད་ལ་གནོད་བྱེད་བསྟན་པ་ལ་གསུམ་སྟེ། གཞན་ལ་སྤྱི་བློ་མེད་པར་ཐལ། །ཐལ་བའི་གཏན་ཚིགས་གཞན་ལ་གྲུབ། །མ་གྲུབ་པ་ཡི་གཞན་ལན་དགག་པའོ། །དང་པོ་ནི། གངཾ་། སྤྱི་གསལ་རྫས་གཅིག་པ་དང་རྫས་གཞན་པ་གཉིས་ཀ་ལྟར་ན་ཡང་སྔོན་མེད་གསར་དུ་འབྱུང་བའི་བ་གསལ་ཆོས་ཅན། ཁྱོད་ལ་བ་ལང་སྤྱི་འཛིན་གྱི་བློ་མི་འཇུག་པར་ཐལ། ཁྱོད་ལ་བ་སྤྱི་དངོས་པོ་བ་མེད་པའི་ཕྱིར་ཏེ། བ་གསལ་སྔ་མ་ལ་ཡོད་པའི་བ་སྤྱི་དེ། ཁྱོད་ལ་མེད་པའི་ཕྱིར། གཉིས་པ་ནི། གཞཾན། གཏན་ཚིགས་མ་གྲུབ་བོ་ཞེ་ན། གྲངས་ཅན་པ་ལྟར་ན། བ་སྤྱི་ཆོས་ཅན། བ་གསལ་ཕྱི་མ་ལ་རྗེས་སུ་མི་འགྲོ་བར་ཐལ། བ་གསལ་སྔ་མ་དང་རྫས་གཅིག་ཡིན་པའི་ཕྱིར། བྱེ་བྲག་པ་ལྟར་ན་ཡང་བ་སྤྱི་ཆོས་ཅན། ཁྱོད་བ་གསལ་ཕྱི་མ་ལ་མེད་པར་ཐལ། ཁྱོད་བ་གསལ་སྔ་མ་ལ་ཡོད་པ་དེ་བ་གསལ་ཕྱི་མ་ལ་མི་འགྲོ། བ་གསལ་ཕྱི་མ་སྐྱེ་བའི་ཡུལ་དེར་དང་པོ་ནས་ཡོད་པ་ཡང་མ་ཡིན། བ་གསལ་སྔ་ཕྱི་གཉིས་ཀ་ལ་ཡོད་པའི་ཆ་གཉིས་དང་ལྡན་པ་ཡང་མིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། གསལ་བའི་བར་ན་སྤྱི་མེད་དགག །གསལ་བའི་བར་ན་སྤྱི་ཡོད་དགག་པའོ། །དང་པོ་ནི། པེ་ཐ་ན་རེ། བརྟེན་མིན་ཕྱིར་ཞེས་པ་གཏན་ཚིགས་མ་གྲུབ་སྟེ། གསལ་བ་སྔ་མའི་སྤྱི་དེ་གསལ་བ་ཕྱི་མའི་རྗེས་སུ་འགྲོ་བའི་ཕྱིར་ཞེ་ན། གཞཾན། བ་གསལ་ཕྱི་མ་ཆོས་ཅན། ཁྱོད་ལ་བ་སྤྱི་མེད་པར་ཐལ། ཁྱོད་ལ་བ་སྤྱི་ཡོད་ན། བ་གསལ་སྔ་མའི་བ་སྤྱི་དེ་རང་གི་གནས་ལས་གཞན་དུ་གཡོ་དགོས་པ་གང་ཞིག དེ་མིན་པའི་ཕྱིར། གལ་ཏེ་སྤྱི་དེ་བ་གསལ་སྔ་མ་ལས་མི་གཡོ་ཡང་ཕྱི་མ་ལ་ཁྱབ་པ་ཡིན་ནོ་ཞེ་ན། གངཾ་། བ་གསལ་ཕྱི་མ་གནས་པའི་ཡུལ་ན། བ་སྤྱི་མེད་ཅིང་བ་གསལ་ཕྱི་མ་ལ་བ་སྤྱིས་ཁྱབ་པར་དམ་བཅས་པའི་དམ་བཅའ་དེ་ཆོས་ཅན། ཁྱོད་དམ་བཅའ་ཡང་དག་མིན་ཏེ། ཁྱོད་ལ་རིགས་པ་ཡང་དག་གིས་གནོད་པའི་ཕྱིར་རོ། །གཉིས་པ་ནི། གལཾ། པེ་ལུག་ན་རེ། གསལ་བ་ཡོད་མེད་ཀྱི་ཡུལ་ཀུན་ཏུ་སྤྱི་ཡོད་པས་བ་གསལ་ཕྱི་མ་ལ་བ་སྤྱི་བརྟེན་པ་མིན་པའི་ཕྱིར། ཞེས་པའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། བ་སྤྱི་ཆོས་ཅན། བ་གསལ་ཡོད་མེད་ཀྱི་ཕྱོགས་ཀུན་ཏུ་ཚད་མས་མཐོང་བར་ཐལ། བ་གསལ་ཡོད་པའི་ཕྱོགས་གཅིག་ཏུ་ཚད་མས་མཐོང་བ་གང་ཞིག བ་གསལ་ཡོད་མེད་ཀྱི་ཕྱོགས་ཀུན་ཏུ་ཡོད་པའི་རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་སྐྱོན་མེད་དེ། སྤྱི་མཐོང་བ་དེ་གསལ་བས་གསལ་བར་བྱས་པ་ལ་ལྟོས་པའི་ཕྱིར་ཞེ་ན། དེཾ། སྤྱི་ཆོས་ཅན། ཁྱོད་མཐོང་བ་གསལ་བ་ལ་ལྟོས་པ་མིན་པར་ཐལ། དེ་ཡིན་ན། སྤྱི་གསལ་གྱི་རྟོགས་ཚུལ་གོ་ལོག་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་མཉན་པ་འཇུག་པའི་ཁྱབ་པ་མེད་པ་ལ་གཉིས་ཏེ། ཁྱབ་པ་མེད་པའི་སྒྲུབ་བྱེད་འགོད། །གཞན་གྱིས་སྨྲས་པའི་ཉེས་སྤོང་དགག་པའོ། །དང་པོ་ནི། ཐཾ། སྒྲ་བློ་གཅིག་འཇུག་ན་སྤྱི་དངོས་པོ་བ་གཅིག་ཡོད་པས་མ་ཁྱབ་སྟེ། འབྲས་འཚོད་པའི་སྐྱེས་བུ་དུ་མ་ལ་འཚོད་པ་པོ་ཞེས་པའི་སྒྲ་གཅིག་འཇུག་པ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འཚེད་ལས་མཉན་པའི་རྒྱུར་མི་འཐད། །འཚེད་སྤྱི་གཉན་པའི་རྒྱུར་མི་འཐད་པའོ། །དང་པོ་ནི། འབྲས་འཚོད་པའི་ལས་རྣམས་འབྲས་འཚོད་པ་པོ་ཞེས་པའི་སྒྲ་གཅིག་གི་རྒྱུ་ཡིན་པས་སྔར་གྱི་ཁྱབ་པ་མ་ངེས་སོ་ཞེ་ན། ཐཾ། སྐྱེས་བུ་དུ་མའི་ལས་རྣམས་ཆོས་ཅན། སྒྲ་གཅིག་གི་རྒྱུ་མིན་པར་ཐལ། རྫས་ཐ་དད་དུ་མ་ཡིན་པའི་ཕྱིར། ལས་ཀྱི་རིགས་དེ་གཅིག་ཡིན་པས་དེ་སྒྲ་གཅིག་གི་རྒྱུ་ཡིན་ནོ་ཞེ་ན། ལས་ཀྱི་རིགས་དེ་ཆོས་ཅན། འཚོད་པ་པོ་ཞེས་པའི་སྒྲ་གཅིག་གི་རྒྱུ་མིན་པར་ཐལ། འཚོད་པ་པོ་དང་མ་འབྲེལ་བར་ལས་དང་འབྲེལ་བའི་ཕྱིར་དང་། ལས་ཞེས་པའི་སྒྲ་འཇུག་པའི་རྒྱུ་ཡིན་པའི་ཕྱིར། འཚོད་ལས་བཤོལ་བའི་སྐྱེས་བུ་དེ་ཆོས་ཅན། འཚོད་པོ་ཞེས་པའི་སྒྲ་མི་འཇུག་པར་ཐལ། འཚོད་པའི་ལས་འགགས་ནས་མེད་པའི་ཕྱིར། གལ་ཏེ་ལས་ཀྱི་རིགས་ལས་ལ་འབྲེལ། ལས་རྫས་ལ་འབྲེལ་བས། ལས་ཀྱི་རིགས་རྒྱུད་ནས་རྫས་ལ་འབྲེལ་བའི་ཕྱིར་ན། རྫས་སྐྱེས་བུ་ལ་འཚོད་པ་པོ་ཞེས་པའི་སྒྲ་གཅིག་གི་རྒྱུ་ཡིན་ནོ་ཞེ་ན། འབྲེལཾ། ལས་ཀྱི་སྤྱི་དེ་ཆོས་ཅན། འཚོད་ལས་བཤོལ་བའི་དུས་ན། འཚོད་པ་པོ་ཞེས་པའི་སྒྲ་གཅིག་གི་རྒྱུ་མིན་པར་ཐལ། འཚོད་ལས་བཤོལ་བའི་དུས་ན་འཚོད་པ་པོ་ལ་བརྒྱུད་ནས་ཀྱང་འབྲེལ་བ་མེད་པའི་ཕྱིར། ཁྱབ་སྟེ། འབྲེལ་པ་གྲུབ་པ་མིན་པ་ནི་སྒྲའི་རྒྱུ་མིན་པའི་ཕྱིར་ཏེ། གལ་ཏེ་ཡིན་ན་རྟ་ཡང་བ་གླང་གི་སྒྲ་བློ་འཇུག་པའི་རྒྱུར་ཧ་ཅང་ཐལ་བའི་ཕྱིར་རོ། །ལས་འདས་མ་འོངས་པ་ཆོས་ཅན། ཁྱོད་ལ་ལས་ཞེས་པའི་སྒྲ་མི་འཇུག་པ་ཐལ། ཁྱོད་ལ་ལས་ཀྱི་རིགས་མེད་པའི་ཕྱིར། ལས་ཀྱི་ནུས་པ་ཆོས་ཅན། འབྲས་འཚོད་པའི་སྐྱེས་བུ་དུ་མ་ལ་འཚོད་པ་པོ་ཞེས་པའི་སྒྲ་གཅིག་གི་རྒྱུ་མིན་པར་ཐལ། རྫས་སྐྱེས་བུ་ལ་རྗེས་འགྲོ་མེད་པའི་ཕྱིར། གཉིས་པ་ནི། གལཾ། འཚོད་པ་ཉིད་ཀྱི་སྤྱི་དེ་འཚོད་པ་པོ་དུ་མ་ལ་འཚོད་པ་པོ་ཞེས་པའི་སྒྲ་གཅིག་གི་རྒྱུ་ཡིན་ནོ་ཞེ་ན། འཚོད་པ་པོའི་སྐྱེས་བུ་ཆོས་ཅན། དང་པོ་འཚོད་ལས་མ་བྱས་པའི་དུས་ན། འཚོད་པ་པོའི་སྒྲ་འཇུག་པར་ཐལ། དང་པོ་འཚོད་ལས་མ་བྱས་པའི་དུས་ནས་འཚོད་པ་ཉིད་ཀྱི་སྤྱི་དེ་ཡོད་པའི་ཕྱིར། གལ་ཏེ་དང་པོ་ནས་ཡོད་ཀྱང་མི་གསལ་བས་སྒྲ་བློ་མི་འཇུག་གོ་ཞེ་ན། འཚོད་པ་པོའི་སྐྱེས་བུ་ཆོས་ཅན། དང་པོ་ནས་འཚེད་སྤྱི་གསལ་བར་ཐལ། དང་པོ་ནས་འཚེད་སྤྱི་སྣང་རུང་དུ་ཡོད་པའི་ཕྱིར། དཔེར་ན་རྫས་ཉིད་དང་ཡོད་པ་ལ་སོགས་པ་བཞིན་ནོ། །སྔ་མའི་གཏན་ཚིགས་མ་གྲུབ་ན། འཚོད་པ་པོ་ཆོས་ཅན། ཕྱིས་ཀྱང་འཚོད་པ་པོ་ཉིད་ཀྱི་སྤྱི་ཡོད་པར་མི་འགྱུར་བར་ཐལ། སྔར་འཚོད་པ་པོ་ཉིད་ཀྱི་སྤྱི་མེད་པ་གང་ཞིག སྔ་ཕྱི་ཁྱད་པར་མེད་པའི་རྟག་པ་ཡིན་པའི་ཕྱིར། བྱཾ། གལ་ཏེ་འཚེད་པའི་བྱ་བས་ཕན་འདོགས་པ་ལ་ལྟོས་ནས་སྤྱི་གསལ་བར་བྱེད་དོ་ཞེ་ན། འཚོད་པའི་སྐྱེས་བུ་ཆོས་ཅན། འཚོད་པའི་བྱ་བས་ཕན་འདོགས་པ་ལ་ལྟོས་ནས་སྤྱི་གསལ་བར་བྱེད་པ་མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྐད་ཅིག་མ་ཉིད་དུ་ཐལ། རྐྱེན་གྱིས་ཕན་གདགས་བྱ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལས་ལ་ལྟོས་ནས་སྤྱི་རྟག་པ་གསལ་བར་བྱེད་པའི་བྱ་བ་མེད་པར་ཐལ། སྐད་ཅིག་མ་ཡིན་པའི་ཕྱིར། གསུམ་པ་ཐ་དད་མཚུངས་ཀྱང་ཁྱད་པར་ཡོད་པ་ནི། ཐཾ། འབྲས་འཚོད་པ་པོའི་སྐྱེས་བུ་དུ་མ་དང་བུམ་སྣམ་སོགས་ཆོས་ཅན། འཚོད་པ་པོ་ཞེས་པའི་སྒྲ་འཇུག་མི་འཇུག་གི་ཁྱད་པར་ཡོད་དེ། འབྲས་འཚོད་པ་པོའི་གཞན་སེལ་བའི་སྤྱི་ཡོད་མེད་ཀྱི་ཁྱད་པར་ཡོད་པའི་ཕྱིར། གཉིས་པ་སྤྱི་དངོས་དབང་གིས་འབྲས་བུ་གཅིག་པ་དགག་པ་ལ་གཉིས་ཏེ། སེར་སྐྱ་པའི་འདོད་པ་བརྗོད། །དེ་ཉིད་འགོག་བྱེད་རྒྱས་པར་བཤད་པའོ། །དང་པོ་ནི། གལཾ། སེར་སྐྱ་པ་ན་རེ། གཞན་སེལ་ལས་མ་གཏོགས་པར་སྤྱི་མེད་ན། ས་བོན་ཆོས་ཅན། ཁྱོད་ཀྱི་འབྲས་བུ་མྱུ་གུ་དེ་ཆུ་ལུད་ཀྱི་འབྲས་བུ་མིན་པར་ཐལ། ཁྱོད་ཆུ་ལུད་དང་རྫས་ཐ་དད་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། གྲངས་ཅན་ལུགས་ཉིད་རིགས་པས་དགག །དེ་ཡིས་འཛེམ་མེད་པ་ཡང་ཁེགས་པའོ། །དང་པོ་ལ་གསུམ་སྟེ། རང་བཞིན་གཅིག་པ་འཇུག་ཡུལ་མིན། །འཇུག་ཡུལ་རང་མཚན་ཁོ་ན་བསྟན། །འཇུག་ཚུལ་སྤྱི་གཉིས་ཡོད་མེད་བཤད་པའོ། །དང་པོ་ལ་གསུམ་སྟེ། རང་བཞིན་གཅིག་གིས་བསྐྱེད་པར་དགག །དངོས་རྣམས་རང་བཞིན་གཅིག་པ་དགག །རང་བཞིན་རྣམ་འགྱུར་གཅིག་པ་དགག་པའོ། །དང་པོ་ནི། གལཾ། གལ་ཏེ་སྤྱི་གཙོ་བོས་འབྲས་བུ་དུ་མ་བསྐྱེད་ན། མྱུ་གུ་ཆོས་ཅན། ཁྱོད་བསྐྱེད་པ་ལ་ཆུ་ལུད་དོན་མེད་པར་ཐལ། ཁྱོད་ཀྱི་རྒྱུར་གྱུར་པའི་ས་བོན་དེ་ལ་སྤྱི་གཙོ་བོ་ཡོད་པའི་ཕྱིར། ཐཾ། ས་བོན་ཆོས་ཅན། མྱུ་གུ་རྟག་ཏུ་བསྐྱེད་པར་ཐལ། སྤྱི་གཙོ་བོ་དེ་རྟག་ཏུ་ཡོད་པའི་ཕྱིར། མྱུ་གུའི་ལྷན་ཅིག་བྱེད་རྐྱེན་ཆོས་ཅན། མྱུ་གུ་བསྐྱེད་པ་ལ་ངེས་པར་དགོས་པར་མིན་པར་ཐལ། ས་བོན་གྱི་རང་བཞིན་ཏུ་གྱུར་པའི་གཙོ་བོ་དང་ལྷན་ཅིག་ཏུ་གནས་པའི་ངེས་པ་མེད་པའི་ཕྱིར། གཅིགཾ མྱུ་གུ་ཆོས་ཅན། ཁྱོད་རང་རྒྱུའི་བྱེ་བྲག་རྣམས་ལས་འབྱུང་སྟེ། དེ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། སྤྱི་གཙོ་བོ་ཆོས་ཅན། ཁྱོད་ལས་འབྲས་བུ་མི་འབྱུང་སྟེ། ཁྱོད་གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་ཕྱིར། རྟགས་ཁས། ཁྱབ་སྟེ། དོན་བྱེད་ནུས་པ་ཡིན་ན་གསལ་བ་དུ་མ་ལ་རྗེས་སུ་མི་འགྲོ་བས་ཁྱབ་པའི་ཕྱིར། དེསཾ། སྤྱི་དངོས་པོ་བ་མེད་པའི་རྫས་ཐ་དད་དུ་མཚུངས་ན་རྒྱུ་ཡིན་མིན་གྱི་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། ནས་ཀྱི་ས་བོན་ཆོས་ཅན། ཁྱོད་སཱ་ལུའི་ས་བོན་དང་སྤྱི་དངོས་པོ་བ་མེད་པའི་རྫས་ཐ་དད་ཡིན་ཀྱང་ཁྱོད་ནས་ཀྱི་མྱུ་གུའི་ཡིན། སཱ་ལུའི་ས་བོན་དེ་ནས་ཀྱི་མྱུ་གུའི་རྒྱུ་མིན་པའི་ཁྱད་པར་འཐད་དེ། དེ་རྟེན་འབྲེལ་གྱི་རང་བཞིན་ཡིན་པའི་ཕྱིར། གཉིས་པ་དངོས་རྣམས་རང་བཞིན་གཅིག་པ་དགག་པ་ལ་ལྔ་སྟེ། ཐལ་བ་འགོད་ཅིང་ཉེས་སྤོང་དགག །སེལ་བའི་སྤྱི་ལ་མཚུངས་པ་སྤོང་། །རང་བཞིན་སྐྱེད་བྱེད་མིན་པ་སྤང་། །དུ་མས་བསྐྱེད་ལ་གནོད་བྱེད་མེད། །གཅིག་གིས་བསྐྱེད་ལ་གནོད་བྱེད་ཡོད་པའོ། །དང་པོ་ནི། ཐཾ། སྔར་ཕྱིར་འབྱུང་བའི་དངོས་པོ་རྣམས་ཆོས་ཅན། ཅིག་ཅར་སྐྱེ་འཇིག་བྱེད་པར་ཐལ། རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་སྤྱི་གཙོ་བོ་ལས་གནས་སྐབས་ཐ་དད་དུ་ཡོད་པས་སྐྱོན་འདི་མི་འགྱུར་རོ་ཞེ་ན། སྤྱི་གཙོ་བོ་ཆོས་ཅན། གསལ་བ་རྣམས་དང་རང་བཞིན་གཅིག་པ་མིན་པར་ཐལ། གསལ་བ་འཇིག་པའི་ཚེ་ཁྱོད་མི་འཇིག་པར་གནས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དང་གསལ་བ་རྣམས་སྤྱི་དང་བྱེ་བྲག་མིན་པར་ཐལ། ཁྱོད་དང་གསལ་བ་རྣམས་རྫས་ཐ་དད་ཡིན་པའི་ཕྱིར། གཉིས་པ་ནི། ལྡོགཾ ཉེས་པ་དེ་ཁྱོད་ལ་ཡང་མཚུངས་སོ་ཞེ་ན། ཆོས་གྲགས་ཆོས་ཅན། གསལ་བ་ལ་གནས་པའི་སྤྱི་འཇིག་མི་འཇིག་བརྟགས་པའི་ཉེས་པས་ཁྱོད་སུན་དབྱུང་དུ་མེད་དེ། ཁྱོད་ལྡོག་པའི་སྤྱི་དངོས་མེད་དང་། སྤྱི་བློ་ལ་སྣང་བའི་རྣམ་པ་འཁྲུལ་ཤེས་ཡིན་གྱི། སྤྱི་མཚན་ཉིད་པ་མིན་པར་ཁས་ལེན་པའི་མཁས་པ་ཡིན་པའི་ཕྱིར། གསུམ་པ་ནི། དེཾ། ཆུ་ལུད་སོགས་ཆོས་ཅན། མྱུ་གུ་མི་བསྐྱེད་པར་ཐལ། མྱུ་གུའི་རྒྱུར་གྱུར་པའི་ས་བོན་ལས་གཞན་ཡིན་པའི་ཕྱིར་ཞེ་ན། ཐཾ། དེ་ལ་ཁྱབ་པ་མེད་པར་ཐལ། རང་བཞིན་ཐ་དད་པའི་ཁྱད་པར་རྣམས་རང་འབྲས་སྐྱེད་བྱེད་ཡིན་པ་དང་། གཙོ་བོས་རང་འབྲས་མི་བསྐྱེད་པར་གོང་དུ་བཤད་ཟིན་པའི་ཕྱིར། སྣངཾ་། མྱུ་གུའི་རྒྱུར་གྱུར་པའི་ས་བོན་དང་ཆུ་ལུད་སོགས་ཆོས་ཅན། རྫས་ཐ་དད་ཡིན་ཏེ། བློ་མ་འཁྲུལ་བ་ལ་རྫས་ཐ་དད་དུ་སྣང་བའི་ཕྱིར། མྱུ་གུ་བསྐྱེད་པའི་དོན་བྱེད་ནུས་པ་ཆོས་ཅན། སྤྱི་གཙོ་བོ་དེ་ཁྱོད་མིན་པར་ཐལ། ཁྱོད་ཡིན་ན་དོན་དང་། ལོག་པ་དང་། རྒྱུ་དང་། འབྲས་བུ་དང་། རང་མཚན་དང་། སྐྱེས་བུའི་འཇུག་ཡུལ་ཡིན་པས་ཁྱབ་པའི་ཕྱིར། བཞི་པ་ནི། ཇིཾ། ནས་ཀྱི་ས་བོན་ཆོས་ཅན། ཁྱོད་སཱ་ལུའི་ས་བོན་དང་རྫས་ཐ་དད་ཡིན་ཀྱང་སཱ་ལུའི་མྱུ་གུ་མི་བསྐྱེད་དེ། ནས་ཀྱི་མྱུ་གུ་བསྐྱེད་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་ཁྱེད་རང་ལྟར་ན་ཡང་དེ་གཉིས་ཀྱི་སྤྱི་གཙོ་བོའི་ངང་དུ་རང་བཞིན་གཅིག་ཀྱང་ནས་ཀྱི་ས་བོན་དེས་སཱ་ལུའི་མྱུ་གུ་མི་བསྐྱེད་པ་བཞིན་ནོ། །ལྔ་པ་ནི། ཐཾ། ནས་ཀྱི་ས་བོན་ཆོས་ཅན། སཱ་ལུའི་མྱུ་གུ་བསྐྱེད་པར་ཐལ། སཱ་ལུའི་ས་བོན་དང་རང་བཞིན་གཅིག་ཡིན་པའི་ཕྱིར། འདོད་ན། དེ་མི་བསྐྱེད་པར་ཐལ། ནས་ཀྱི་ས་བོན་དང་གཅིག་ཡིན་པའི་ཕྱིར། གལ་ཏེ་སྐྱོན་མེད་དེ། སཱ་ལུའི་ས་བོན་ལས་གནས་སྐབས་ཐ་དད་དུ་ཡོད་པའི་ཕྱིར་ཞེ་ན། ཆུ་ལུད་ཆོས་ཅན། སཱ་ལུའི་མྱུ་གུ་མི་སྐྱེད་པར་ཐལ། སཱ་ལུའི་ས་བོན་ལས་གནས་སྐབས་ཐ་དད་དུ་ཡོད་པའི་ཕྱིར། གལ་ཏེ་སཱ་ལུའི་མྱུ་གུ་དང་ནས་ཀྱི་མྱུ་གུ་རིམ་བཞིན་བསྐྱེད་དོ་ཞེ་ན། སྤྱི་གཙོ་བོ་ཆོས་ཅན། རང་འབྲས་མི་བསྐྱེད་པར་ཐལ། རང་འབྲས་མི་སྐྱེད་པར་གོང་དུ་བཤད་ཟིན་པའི་ཕྱིར། གསུམ་པ་རང་བཞིན་རྣམ་འགྱུར་གཅིག་པ་དགག་པ་ནི། དེཾ། སྤྱི་གཙོ་བོ་ཆོས་ཅན། རྫས་ཐ་དད་དུ་འགྱུར་བར་ཐལ། གསལ་བ་དུ་མ་དང་རྫས་གཅིག་ཡིན་པའི་ཕྱིར། གསལ་བ་རྣམས་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། སྤྱི་གཙོ་བོ་དང་རྫས་གཅིག་ཡིན་པའི་ཕྱིར། སྤྱི་གསལ་གྱི་རྣམ་པ་ཆོས་ཅན། ཕན་ཚུན་ཐ་དད་ཡིན་པར་ཐལ། ཐུན་མོང་དང་ཐུན་མོང་མིན་པ་ཡིན་པའི་ཕྱིར། དེཾ། གལ་ཏེ་སྤྱི་དང་ཁྱད་པར་གཉིས་པོ་རིམ་པ་ལྟར་ནུས་པ་དང་གསལ་བའི་བདག་ཉིད་ཡིན་པས་ཐ་དད་དུ་འགྱུར་རོ་ཞེ་ན། སྤྱི་དང་གསལ་བ་ཆོས་ཅན། རྫས་ཐ་དད་དུ་ཐལ། ནུས་པ་དང་རྣམ་འགྱུར་གྱི་སྒོ་ནས་རྫས་ཐ་དད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྤྱི་དང་ཁྱད་པར་མིན་པར་ཐལ། འདོད་པའི་ཕྱིར། གཉིས་པ་འཇུག་ཡུལ་རང་མཚན་ཁོ་ནར་བསྟན་པ་ནི། གངཾ་། བ་ལང་ཆོས་ཅན། ཁྱོད་ཀྱི་དོན་བྱེད་ནུས་པ་དེ་ཁྱོད་ཀྱི་སྤྱི་གསལ་གཉིས་ཀྱི་ནང་ནས་གསལ་བ་ཁོ་ན་ལ་ཡོད་དེ། ཁྱོད་དོན་གཉེར་གྱི་སྐྱེས་བུ་དེ་ཁྱོད་སྤྱི་གསལ་གཉིས་ཀྱི་ནང་ནས་ཁྱོད་ཀྱི་གསལ་བ་ཁོ་ན་ལ་འཇུག་པའི་ཕྱིར། གསུམ་པ་འཇུག་ཚུལ་སྤྱི་གཉིས་ཡོད་མེད་བཤད་པ་ནི། ལྡོགཾ བ་གསལ་ཆོས་ཅན། ཁྱོད་ལ་བ་ལང་གི་གཞན་སེལ་བའི་སྤྱི་ཡོད་དེ། ཁྱོད་བ་ལང་མིན་པ་ལས་ལོག་པའི་ཕྱིར་རོ། །དེ་ཆོས་ཅན། ཁྱོད་ལ་སྤྱི་དངོས་པོ་བ་མེད་དེ། ཁྱོད་ལ་སྤྱི་དངོས་པོ་བ་ཡོད་ན། དཀར་ཟལ་དོན་གཉེར་གྱི་སྐྱེས་བུ་ནག་སྒུར་ལ་འཇུག་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་དེ་ཡིས་འཛེམ་མེད་པ་ཡང་ཁེགས་པ་ལ་གཉིས་ཏེ། རིགས་པ་སྔ་མས་ཁེགས་པ་བསྟན། འགོག་བྱེད་རིགས་པ་གཞན་ཡང་བསྟན་པའོ། །དང་པོ་ལ་གཉིས་ཏེ། རང་བདག་ཐ་དད་རིགས་པས་ཁེགས། །འཇུག་པ་འཆོལ་བའི་རིགས་པས་ཁེགས་པའོ། །དང་པོ་ནི། དཾེ། གྲངས་ཅན་པ་དངོས་པོ་ཐམས་ཅད་རང་བཞིན་གཅིག་པ་འདོད་པ་དགག་པའི་རིགས་པ་དེ་ཆོས་ཅན། གཅེར་བུ་པས་ཞོ་རྔ་གཉིས་པོ་རང་བཞིན་གཅིག་ཏུ་འདོད་པའི་ལོག་རྟོག་ཀྱང་བསལ་བ་ཡིན་ཏེ། ཞོ་རྔ་གཉིས་པོ་རང་བཞིན་ཐ་དད་པར་སྟོན་པའི་ཕྱིར། གཉིས་པ་ནི། ཐམསཾ། ཞོ་རྔ་རེ་རེའང་གཉིས་ཀའི་རང་བཞིན་ཡིན་ན་ཞོ་དོན་གཉེར་གྱི་སྐྱེས་བུ་ཆོས་ཅན། རྔ་མོ་འཐུང་བ་ལ་རྒྱུག་རིགས་པར་ཐལ། ཞོ་འཐུང་བ་ལ་རྒྱུག་རིགས་པ་གང་ཞིག དེ་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར། འོཾན། གལ་ཏེ་སྐྱོན་མེད་དེ། ཁ་དོག་དཀར་བ་དང་། འོ་མའི་རྣམ་འགྱུར་སོགས་ཁྱད་པར་གང་གིས་ཞོ་འཐུང་བ་ལ་རྒྱུག་རིགས་པའི་ཕྱིར་རོ་ཞེ་ན། ཞོ་ཆོས་ཅན། ཁྱོད་ཞོ་རྔ་གཉིས་ཀ་མིན་པར་རྔ་མོ་ལས་གཞན་ཡིན་པར་ཐལ། ཁ་དོག་དཀར་བ་དང་འོ་མའི་རྣམ་འགྱུར་དེ་ཁྱོད་ཀྱི་ཁྱད་ཆོས་ཡིན། རྔ་མོའི་ཁྱད་ཆོས་མིན་པའི་ཕྱིར། གཉིས་པ་ནི། ཐམཾས། ཞོ་རྔ་གཉིས་པོ་ཆོས་ཅན། སྒྲ་རྟོག་ཐ་དད་དུ་འཇུག་པར་མི་འགྱུར་བར་ཐལ། རང་བཞིན་གཅིག་ཡིན་པའི་ཕྱིར། ཁྱབ་པ་ནི། སྒྲ་རྟོག་ཡུལ་དངོས་དབང་གིས་འཇུག་པར་འདོད་པ་ཁས་བླངས་པས་སོ། །འདོད་ན། དེ་ཆོས་ཅན། གནས་སྐབས་ཐ་དད་ཡིན་པར་མི་སྲིད་པར་ཐལ། གནས་སྐབས་ཐ་དད་ཡིན་པར་ངེས་པའི་བློ་མེད་པའི་ཕྱིར། གཉིས་པ་དངོས་མེད་གཞན་སེལ་སྒྲའི་སྒོ་ནས་བཤད་པ་ནི། དངོཾས། དངོས་མེད་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲས་ཁྱོད་ཀྱི་དངོས་པོ་བརྗོད་པ་མིན་ཏེ། ཁྱོད་དངོས་པོར་མེད་པའི་ཕྱིར། དེས་ན་དངོས་མེད་ཅེས་པའི་སྒྲ་ཆོས་ཅན། སེལ་འཇུག་ཏུ་གྲུབ་སྟེ། སེལ་འཇུག་དང་སྒྲུབ་འཇུག་གང་རུང་གང་ཞིག སྒྲུབ་འཇུག་མིན་པའི་ཕྱིར། གཉིས་པ་ངེས་གཞི་རྟགས་ཀྱི་དབྱེ་བ་བཤད་པ་ལ་གཉིས་ཏེ། ཁྱད་པར་དག་ལྟོས་གཉིས་སུ་དབྱེ། །དག་པ་བ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འོ་ན་སྔར་བཤད་པའི་བདག་གཅིག་གི་འབྲེལ་པ་ངེས་པའི་གཞི་རང་བཞིན་གྱི་གཏན་ཚིགས་དེ་ཇི་ལྟ་བུ་ཞེ་ན། རཾང་། རང་བཞིན་གྱི་གཏན་ཚིགས་ཡང་དག་ཆོས་ཅན། ཁྱོད་ལ་གཉིས་སུ་ཡོད་དེ། ཁྱོད་ལ་ཁྱད་པར་བ་ལ་ལྟོས་པའི་རང་བཞིན་གྱི་གཏན་ཚིགས་དང་། ཁྱད་པར་བ་ལ་མ་ལྟོས་པའི་རང་བཞིན་གྱི་གཏན་ཚིགས་གཉིས་སུ་ཡོད་པའི་ཕྱིར། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལ་ལྟོས་པའི་རང་བཞིན་གྱི་གཏན་ཚིགས་ཡང་དག་ཡིན་ཏེ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་གང་ཞིག ཁྱོད་ཞེས་བརྗོད་པའི་སྒྲ་ལས་ཁྱོད་གོ་བ་ཁྱོད་ཀྱི་ཁྱད་པར་བྱེད་ཆོས་གོ་བ་ལ་ལྟོས་པའི་ཕྱིར། དངོས་པོ་ཆོས་ཅན་དུ་བཟུང་ནས་སྔ་མ་དེ་ལས་ལྡོག་པ་དགོད། གཉིས་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལཾ། དངོས་པོ་དེ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་རུང་ན། དེ་གཙོ་བོ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་རུང་བར་མཚུངས་ཤིང་། གལ་ཏེ་ཡོད་ཙམ་གཙོ་བོའི་སྟེང་དུ་སྒྲུབ་པ་ལ་ཤེས་འདོད་མེད་ཅིང་། ཡོད་པ་ཁྱད་པར་བ་དཔེ་ལ་རྗེས་འགྲོ་མེད་པས་བསྒྲུབ་བྱའི་ཆོས་སུ་མི་རུང་ན་གཏན་ཚིགས་ལའང་མཚུངས་སོ་ཞེ་ན། གཉིས་པ་ལ་བཞི་སྟེ། བསྒྲུབ་བྱར་གཟུང་ན་བསྒྲུབ་བྱའི་མཚན་ཉིད་མེད། །རྟགས་སུ་གཟུང་ན་གཏན་ཚིགས་མཚན་ཉིད་ཚང་། །བསྒྲུབ་བྱར་གཟུང་ན་སྒྲུབ་བྱེད་ཡང་དག་མེད། །རྟགས་སུ་གཟུང་ན་བསྒྲུབ་བྱའི་གོ་བྱེད་ཡིན་པའོ། །དང་པོ་ནི། ཡོད་པ་བསྒྲུབ་བྱའི་ཆོས་ཡིན་ན་ཡོད་ཙམ་ཡིན་ནམ། རྟགས་རྫས་ཡོད་ཡིན། དང་པོ་ལྟར་ན། ཡོདཾ། གཙོ་བོའི་སྒྲ་དོན་ཡོད་ཙམ་ཆོས་ཅན། ཁྱོད་གཞན་དོན་བསྒྲུབ་བྱ་ཡང་དག་མིན་ཏེ། ཁྱོད་སྔར་རྒོལ་ལ་ཞེ་འདོད་མེད་ཅིང་། ཕྱིར་རྒོལ་གྱིས་གྲུབ་ཟིན་པའི་ཕྱིར། གཉིས་པ་ལྟར་ན། ཁྱདཾ། གཙོ་བོའི་སྒྲ་དོན་རྟགས་རྫས་སུ་ཡོད་པ་ཆོས་ཅན། ཁྱོད་གཞན་དོན་བསྒྲུབ་བྱ་ཡང་དག་མིན་ཏེ། ཁྱོད་སྒྲུབ་པའི་གཏན་ཚིགས་དེ་ཆོས་མཐུན་གྱི་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། གཉིས་པ་ནི། ཆོས་ལ་གཉིས་སུ་ཕྱེ་ན་གཏན་ཚིགས་ལ་ཡང་མཚུངས་སོ་ཞེ་ན། དེཾའི། དངོས་པོ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། གསུམ་པ་ནི། མཾ། གཙོ་བོའི་སྒྲ་དོན་རྟགས་དངོས་སུ་ཡོད་པ་ཆོས་ཅན། ཁྱོད་གཞན་དོན་བསྒྲུབ་བྱ་ཡང་དག་མིན་པར་ཐལ། ཁྱོད་སྒྲུབ་པའི་གཏན་ཚིགས་ཡིན་ན་འགལ་མ་ངེས་མ་གྲུབ་པའི་གཏན་ཚིགས་གསུམ་པོ་གང་རུང་ཡིན་དགོས་པའི་ཕྱིར། བཞི་པ་ནི། ཡོད་པ་གཏན་ཚིགས་སུ་བྱས་པ་ལ་ཡང་མཚུངས་སོ་ཞེ་ན། རཾང་། དངོས་པོ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་རུང་སྟེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྐོར་གྱི་ཚུལ་གསུམ་ངེས་པ་སྲིད་པའི་ཕྱིར། དཔེར་ན་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་བཞིན་ནོ། །གསུམ་པ་ངེས་བྱེད་ལྟོས་མེད་ཀྱི་གཏན་ཚིགས་བཤད་པ་ལ་གཉིས་ཏེ། མཐུན་དཔེའི་སྟེང་དུ་རིགས་པ་སྟོན། །རིགས་པ་དེ་ཉིད་གཞན་ལ་སྦྱར་བའོ། །དང་པོ་ལ་གསུམ་སྟེ། གཏན་ཚིགས་དགོད། ཕྱོགས་ཆོས་བསྒྲུབ། གྲུབ་དོན་བསྡུ་བའོ། །དང་པོ་ནི། སྔར་བཤད་པའི་རང་བཞིན་གཏན་ཚིགས་གཉིས་ལ་བདག་གཅིག་གི་འབྲེལ་པ་ཇི་ལྟར་ངེས་པར་བྱ་ཞེ་ན། རྒྱུ། བུམ་པ་ཆོས་ཅན། གྲུབ་ཙམ་ནས་འཇིག་པའི་ངོ་བོར་ངེས་ཏེ། རང་རྒྱུ་ལས་ཕྱིས་འབྱུང་བའི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་རང་རྒྱུ་ལས་འཇིག་པར་སྐྱེས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བས་བསྒྲུབ། རང་རྒྱུད་རྟགས་ཀྱིས་བསྒྲུབ་པའོ། །དང་པོ་ནི། གཏན་ཚིགས་མ་གྲུབ་བོ་ཞེ་ན། དངོཾས། བུམ་པ་ཆོས་ཅན། འཇིག་པ་མིན་པར་ཐལ། རང་གི་འཇིག་པ་རང་རྒྱུ་ལས་ཐོ་བ་སོགས་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར། གལ་ཏེ་འཇིག་རྒྱུ་མང་པོ་ཡོད་པས་སྐྱོན་མེད་དོ་ཞེ་ན། བུམ་པ་ཆོས་ཅན། ཁྱོད་དང་མི་འཇིག་པའི་གཞི་མཐུན་སྲིད་པར་ཐལ། ཁྱོད་འཇིག་རྒྱུ་ཐོ་བ་སོགས་དང་མ་ཕྲད་པ་སྲིད་པའི་ཕྱིར། དེཾས། འཇིག་རྒྱུ་ཐོ་བ་སོགས་ཆོས་ཅན། ཁྱོད་བུམ་པ་འཇིག་ངེས་སུ་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་བུམ་པ་འཇིག་ངེས་སུ་སྒྲུབ་པའི་ཁྱབ་པ་འཁྲུལ་པའི་ཕྱིར། གཉིས་པ་ནི། དེཾ། བུམ་པ་ཆོས་ཅན། རང་ཉིད་འཇིག་པ་རང་རྒྱུ་ལས་ཕྱིས་འབྱུང་བའི་རྒྱུ་གཞན་ལ་ལྟོས་པ་མེད་དེ། ཕྱིས་འབྱུང་གི་རྒྱུ་དེས་རང་གི་འཇིག་པ་སྐྱེད་པའི་ནུས་པ་མེད་པའི་ཕྱིར། གསུམ་པ་ནི། འདིཾ། མཐོང་བའི་བུམ་སོགས་ཆོས་ཅན། འཇིག་པའི་ངོ་བོར་ངེས་ཏེ། རྒྱུ་མེད་ཀྱི་གཏན་ཚིགས་དགོད། གཉིས་པ་ནི། གང་ཾ། མཐོང་བའི་བུམ་སོགས་ལས་གཞན་པའི་བྱས་ཡོད་ཆོས་ཅན། གྲུབ་ཙམ་ནས་འཇིག་ངེས་ཡིན་ཏེ། གཏན་ཚིགས་འདྲ། གསུམ་པ་འབྲེལ་བའི་དབང་གིས་སྒྲུབ་རྟགས་གཉིས་སུ་ངེས་པ་ནི། དེཾས། སྒྲུབ་རྟགས་ཡང་དག་ཆོས་ཅན། ཁྱོད་ལ་འབྲས་རང་གི་གཏན་ཚིགས་གཉིས་སུ་གྲངས་ངེས་ཏེ། ཁྱོད་ལ་དངོས་འབྲས་དེ་བྱུང་གི་འབྲེལ་པ་དང་བདག་གཅིག་གི་འབྲེལ་པ་གྲུབ་པའི་གཏན་ཚིགས་གཉིས་སུ་ངེས་པའི་ཕྱིར། གཉིས་པ་ལྡོག་འབྲེལ་དགག་པའི་རྟགས་སུ་སྦྱར་བ་ལ་གསུམ་སྟེ། མ་དམིགས་དང་པོས་དགག་བྱ་འགོག་པའི་ཚུལ། །མ་དམིགས་གཉིས་པས་དགག་བྱ་འགོག་པའི་ཚུལ། །མ་དམིགས་གཉིས་སུ་ཕྱེ་ལ་རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ཏེ། ཡོད་ངེས་འགོག་པའི་ཚད་མ་ཡིན། །མེད་ངེས་སྒྲུབ་ལ་ཚད་མ་མིན་པའོ། །དང་པོ་ནི། སྒྲུབ་རྟགས་གཉིས་ལ་རྒྱུ་འབྲས་དང་བདག་གཅིག་གི་འབྲེལ་པ་གྲུབ་ནའང་། དགག་རྟགས་ཀྱི་རྟགས་ཆོས་ལ་འབྲེལ་པ་ཇི་ལྟར་གྲུབ་ཅེ་ན། ཐོག་མར་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ལ་ལྡོག་འབྲེལ་དེ་བྱུང་འབྲེལ་པ་གྲུབ་པ་ནི། འཾཇུག སྐལ་དོན་ཤ་ཟ་ཆོས་ཅན། ཁྱོད་ཚད་མས་མ་དམིགས་པའི་རྟགས་ཀྱིས་མདུན་གྱི་གཞི་འདིར་ཁྱོད་ཡོད་ངེས་འགོག་པའི་གཏན་ཚིགས་དེ་མཐར་རྒྱུ་དམིགས་པའི་གཏན་ཚིགས་སུ་འགྱུར་ཏེ། དེ་སྐོར་གྱི་རྟགས་ཡང་དག་གང་ཞིག ཁྱོད་དམིགས་བྱེད་ཀྱི་ཚད་མ་མེད་ན་ཁྱོད་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་པས་ཁྱབ་པའི་ཕྱིར་ཏེ། ཁྱོད་ཀྱི་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འཇུག་ན་ཁྱོད་དམིགས་བྱེད་ཀྱི་ཚད་མ་སྔོན་དུ་སོང་བས་ཁྱབ་པའི་ཕྱིར། གཉིས་པ་ནི། བསྟནཾ། སྐལ་དོན་ཤ་ཟ་ཆོས་ཅན། ཁྱོད་ཚད་མས་མ་དམིགས་པའི་གཏན་ཚིགས་ཀྱིས་ཁྱོད་སྐལ་དོན་དུ་སོང་བའི་གང་ཟག་གི་ངོར་མདུན་གྱི་གཞི་འདིར་ཁྱོད་མེད་ངེས་སུ་སྒྲུབ་མི་ནུས་པར་ཐལ། མདུན་གྱི་གཞི་འདིར་ཁྱོད་ཡོད་ན་ཁྱོད་སྐལ་དོན་དུ་སོང་བའི་གང་ཟག་གི་ཚད་མ་གསུམ་པོ་གང་རུང་གིས་དམིགས་པས་མ་ཁྱབ་པའི་ཕྱིར། ཡོདཾ། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ཚད་མ་ཆོས་ཅན། ཁྱོད་ཤ་ཟ་ཡོད་མེད་གང་རུང་ལ་ཀུན་ཏུ་ཐ་སྙད་པའི་ཚད་མ་མིན་པར་ཐལ། ཁྱོད་དེ་ལ་ངེས་ཤེས་འདྲེན་ནུས་མིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཁྱད་པར་ཡོད་ན་མེད་ངེས་འགྲུབ། །མེད་ངེས་བསྒྲུབ་པའི་རྣམ་པ་བཤད་པའོ། །དང་པོ་ནི། འོ་ན་མེད་ངེས་སྒྲུབ་ནུས་ཀྱི་གཏན་ཚིགས་མེད་དམ་སྙམ་ན། རྟགཾས། སྣང་རུང་གི་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། བུམ་པ་ཚད་མས་མ་དམིགས་པའི་ཤར་གཞིར་སྣང་རུང་གི་བུམ་པ་མེད་ངེས་སུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། ཆོས་དེ་ཚད་མས་མ་དམིགས་ན་ཆོས་དེ་མེད་ངེས་མི་འགྲུབ་ཅེས་པའི་རིགས་པ་ཆོས་ཅན། སྣང་རུང་མ་དམིགས་པའི་གཏན་ཚིགས་བཤད་པ་དེ་ཁྱོད་དང་མི་འགལ་ཏེ། ཁྱོད་དགག་ཆོས་ཡོད་ཀྱང་སྣང་དུ་མི་རུང་བ་ལ་དགོངས་ནས་བཤད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འབྲེལ་ཟླ་བཀག་པས་མེད་ངེས་འགྲུབ། །འགལ་ཟླར་དམིགས་པས་མེད་ངེས་འགྲུབ་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་དང་ཁྱབ་བྱེད་བཀག་པས་འགྲུབ། །སྣང་རུང་རང་བཞིན་བཀག་པས་འགྲུབ་པའོ། །དང་པོ་ནི། མི་སྣང་བ་མ་དམིགས་པའི་རྟགས་ཆོས་ལ་དེ་བྱུང་འབྲེལ་པའི་ལྡོག་པ་གྲུབ་ན། མ་དམིགས་པའི་གཏན་ཚིགས་གཞན་རྣམས་ལ་འབྲེལ་པ་ཇི་ལྟར་གྲུབ་སྙམ་ན། རྒྱུ།ཾ མེ་མེད་པ་ཆོས་ཅན། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་ན་དུ་བ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། དོཾན། ཤིང་མེད་པ་ཆོས་ཅན། ཤིང་མེད་ཀྱི་བྲག་རྫོང་ན་ཤ་པ་མེད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། གལཾ། རྒྱུ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཡང་དག་ཆོས་ཅན། ཁྱོད་ཀྱི་དགག་བྱའི་ཆོས་དེ་ཡིན་ན་སྣང་རུང་ཡིན་དགོས་ཏེ། སྣང་དུ་མི་རུང་ཡིན་ན་ཁྱོད་ཀྱི་དགག་བྱའི་ཆོས་མིན་དགོས་པའི་ཕྱིར། གཉིས་པ་ནི། སྣངཾ་། བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་བུམ་པ་ཚད་མས་མ་དམིགས་པའི་ཤར་གཞིར་སྣང་རུང་གི་བུམ་པ་མེད་ངེས་སུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་ནི། འགཾལ། ཚ་རེག་གིས་ཁྱབ་པ་ཚད་མས་ངེས་པ་དེ་ཆོས་ཅན། དེ་འདྲའི་ཤར་གཞིར་གྲང་རེག་མེད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། གསུམ་པ་ལ་ལྔ་སྟེ། དོན་གསུམ་བཟུང་ནས་འགལ་མེད་སྒྲུབ། །སྒྲ་དོན་རང་མཚན་ཡིན་པ་དགག །སྒྲ་དོན་བཀག་ན་སྐྱོན་དུ་འགྱུར། །དཔྱད་ཡུལ་རང་མཚན་ཁོ་ནར་བསྟན། །ལུང་དང་འགལ་བའི་དོགས་པ་སྤང་བའོ། །དང་པོ་ནི། མ་དམིགས་པའི་རྟགས་ཀྱིས་ཡོད་ངེས་འགོག་པའམ་མེད་ངེས་སྒྲུབ་པ་ཡིན་ན། ཕྱོགས་གླང་གིས་གཙོ་བོ་ནི་ཡོད་པ་མིན་ཏེ། མ་དམིགས་པའི་ཕྱིར། ཞེས་པ་འདི་མ་དམིགས་པའི་རྟགས་མིན་པར་འགྱུར་ཏེ། ཡོད་ངེས་འགོག་པའམ་མེད་ངེས་སྒྲུབ་པར་མི་ནུས་པའི་ཕྱིར་ཞེ་ན། ཐོགཾ སྒྲ་དོན་ཆོས་ཅན། རྣམ་པ་གསུམ་ཡོད་དེ། དངོས་པོ་ལ་བརྟེན་པའི་སྒྲ་དོན། དངོས་མེད་ལ་བརྟེན་པའི་སྒྲ་དོན། གཉིས་ཀ་ལ་བརྟེན་པའི་སྒྲ་དོན་རྣམས་སུ་ཡོད་པའི་ཕྱིར། དེཾ། དེ་ལྟར་གསུམ་ལས་དངོས་མེད་གཙོ་བོའི་སྒྲ་དོན་ཆོས་ཅན། གཙོ་བོ་དངོས་པོ་བའི་ཉེར་ལེན་དུ་ཚད་མས་མ་དམིགས་པ་དེ་ཁྱོད་གཙོ་བོ་དངོས་པོ་བའི་ཉེར་ལེན་ཅན་དུ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། གཙོ་བོ་ཆོས་ཅན། ཁྱོད་ཀྱི་སྒྲ་དོན་མེད་པར་མིན་ཏེ། ཁྱོད་ཅེས་བརྗོད་པའི་སྒྲ་འཇུག་པ་ཡོད་པའི་ཕྱིར། གཉིས་པ་ནི། དོཾན། གཙོ་བོའི་སྒྲ་དོན་ཡོད་ན། གཙོ་བོ་རང་མཚན་མེད་པར་འགལ་ཏེ། སྒྲ་ཐམས་ཅད་རང་མཚན་ཁོ་ན་ལ་འཇུག་པའི་ཕྱིར་ཞེ་ན། མཐོངཾ་། བུམ་པ་ཆོས་ཅན། ཁྱོད་ལ་རྟག་ཅེས་པ་དང་། མི་རྟག་ཅེས་པའི་སྒྲ་དོན་མི་འཇུག་པར་ཐལ། ཁྱོད་རྟག་མི་རྟག་གཉིས་ཀ་མིན་པའི་ཕྱིར། བུམ་པ་འདས་མ་འོངས་ཆོས་ཅན། ཁྱོད་ལ་བུམ་པ་ཞེས་པའི་སྒྲ་མི་འཇུག་པར་ཐལ། ཁྱོད་བུམ་པ་རང་མཚན་མིན་པའི་ཕྱིར། རྫུན་ཚིག་མི་སྲིད་པར་ཐལ། སྒྲ་ཡིན་ན་རང་མཚན་ཁོ་ན་ལ་འཇུག་པས་ཁྱབ་པའི་ཕྱིར། དེས་ན་རྗོད་བྱེད་ཀྱི་སྒྲ་ཆོས་ཅན། སྒྲ་དོན་ལ་དངོས་སུ་འཇུག་སྟེ། རྗོད་བྱེད་གང་ཞིག རང་མཚན་ལ་དངོས་སུ་མི་འཇུག་པའི་ཕྱིར། གསུམ་པ་ནི། སློབ་དཔོན་གྱིས་གསུངས་པའི་གཏན་ཚིགས་དེས་གཙོ་བོའི་སྒྲ་དོན་ཉིད་འགོག་པ་ཡིན་ནོ་ཞེ་ན། སྒྲ།ཾ གཙོ་བོའི་སྒྲ་དོན་དང་མེད་པའི་ཚོགས་དོན་ཆོས་ཅན། ཁྱོད་གཞན་དོན་བསྒྲུབ་བྱ་ཡང་དག་མིན་པར་ཐལ། ཁྱོད་ལ་ཕྱིར་རྒོལ་གྱིས་གྲུབ་བསལ་གང་རུང་ཞུགས་པའི་ཕྱིར། བཞི་པ་ནི། གཙོ་བོའི་སྒྲ་དོན་དེ་ཉིད་དོན་གཉེར་སྐྱེས་བུའི་འཇུག་ཡུལ་ཡིན་ནོ་ཞེ་ན། སྒྲ།ཾ གཙོ་བོ་ཆོས་ཅན། ཁྱོད་ཀྱི་སྒྲ་དོན་དེ་ཁྱོད་དོན་གཉེར་གྱི་སྐྱེས་བུའི་འཇུག་ཡུལ་མིན་པར་ཐལ། ཁྱོད་རང་མཚན་གྱི་འབྲས་བུ་ཡིན་ན་ཁྱོད་རང་མཚན་ལས་འབྱུང་དགོས་པའི་ཕྱིར། དོཾན། ཆོས་ཅན་དང་ཆོས་འདྲ། ཁྱོད་ཀྱི་སྒྲ་དོན་དེ་དོན་བྱེད་མི་ནུས་པའི་ཕྱིར། དཔེར་ན་མ་ནིང་གིས་འདོད་ལྡན་གྱི་འདོད་པ་སྤྱོད་པའི་དོན་བྱེད་མི་ནུས་པ་བཞིན་ནོ། །ལྔ་པ་སྒྲ་དོན་ཆོས་ཅན་དུ་བྱེད་ན། མདོ་ལས་གང་ཡང་མ་བརྟགས་པའི་ཆོས་མི་དམིགས་པ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། རྟོགཾ ཕྱོགས་གླང་ཆོས་ཅན། ཁྱོད་ཀྱིས་གང་ཡང་མ་བརྟགས་པའི་ཆོས་མ་དམིགས་པ་ཞེས་གསུངས་པ་དེ་གཙོ་བོའི་སྒྲ་དོན་གཙོ་བོ་དངོས་པོའི་ཉེར་ལེན་ཅན་དུ་མ་དམིགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། ཁྱོད་ཀྱིས་གཙོ་བོའི་སྒྲ་དོན་སྒྲོ་འདོགས་ཡིན་པ་ལ་དགོངས་ནས་དེ་ལྟར་གསུངས་པའི་ཕྱིར། བཞི་པ་གཏན་ཚིགས་ལྟར་སྣང་རྒྱས་པར་བཤད་པ་ལ་ལྔ་སྟེ། སྒྲ་ཙམ་དོན་ལ་མ་ངེས་ལྟར་སྣང་ཡིན། །ཁྱད་པར་ཅན་ཚིག་མ་གྲུབ་ལྟར་སྣང་ཡིན། །རིག་སྒྲ་བདེན་དོན་སྒྲུབ་པའང་ལྟར་སྣང་ཡིན། །དེས་ན་ལུང་ཙམ་བརྗོད་བྱའི་དོན་ལ་འཁྲུལ། །ནང་འགལ་བསྟན་ཏེ་སྨྲ་བ་པོ་ལ་སྨྲད་པའོ། །དང་པོ་ལ་གཉིས་ཏེ། འབྲེལ་བ་མེད་པས་སྒྲུབ་བྱེད་མིན། དེ་ལ་ལུང་འགལ་བ་སྤང་བའོ། །དང་པོ་ནི། སྒྲ།ཾ བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་བུམ་པ་ཞེས་པའི་སྒྲ་དང་ལྡན་པའི་ཤར་གཞིར་བུམ་པ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། ཁྱོད་བུམ་པ་དང་མ་འབྲེལ་བའི་ཕྱིར། དེ་ཆོས་ཅན། སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འགལ་བར་དོགས་པའི་ལུང་ཚིག་དྲང་། ལུང་དོན་བཤད་ནས་འགལ་མེད་བསྒྲུབ་པའོ། །དང་པོ་ནི། ཡིདཾ། སྒྲ་ལས་དོན་དཔོག་མི་ནུས་ན། མདོར་ཡིད་ཆེས་ཞེས་སོགས་ཚིག་རྐང་གཉིས་གསུངས་པ་དང་འགལ་ལོ་ཞེ་ན། གཉིས་པ་ལ་གསུམ་སྟེ། ཡིད་ཆེས་ཚིག་གི་མཚན་གཞི་བཤད། །མི་སླུ་བ་ཡི་དོན་ལྡོག་བཤད། །སྤྱི་ལས་རྗེས་སུ་དཔག་ཚུལ་བཤད་པའོ། །དང་པོ་ནི། འབྲེལཾ། ཡིད་ཆེས་པའི་ཚིག་ཆོས་ཅན། ཁྱོད་ལུང་ཙམ་གྱི་དབང་དུ་བྱས་ནས་གསུངས་པ་མིན་ཏེ། ཁྱོད་འབྲེལ་སོགས་ཆོས་གསུམ་ཚང་བའི་ངག་གི་དབང་དུ་བྱས་ནས་གསུངས་པའི་ཕྱིར། གཉིས་པ་ནི། མཐོངཾ་། ཡིད་ཆེས་ཚིག་ནི་མི་སླུ་བའི་ཞེས་པའི་སྐབས་ཀྱི་མི་བསླུ་བ་དེ་ཆོས་ཅན། ཆོས་འདྲ། ཁྱོད་གཞལ་བྱའི་གནས་དང་པོ་གཉིས་སྟོན་པ་ལ་ཚད་མ་དང་པོ་གཉིས་ཀྱིས་མི་གནོད་པའི་ལུང་གི་དབང་དུ་བྱས་ནས་གསུངས་པའི་ཕྱིར། གསུམ་པ་ནི། ཡིདཾ། བཀའ་བརྒྱད་སྟོང་པ་ཆོས་ཅན། གཞལ་བྱའི་གནས་དང་པོ་གཉིས་སྟོན་པ་ལ་ཚད་མ་དང་པོ་གཉིས་ཀྱི་རྟགས་ཀྱིས་ཁྱོད་ཤིན་ལྐོག་ལ་མི་སླུ་བར་རྟོགས་པའི་བློ་དེ་རྗེས་དཔག་ཡིན་ཏེ། དེ་ལྟ་བུའི་བློ་ཡོད་པ་གང་ཞིག ཤིན་ལྐོག་ལ་ཚུར་མཐོང་གི་དངོས་སྟོབས་ཚད་མ་འཇལ་བྱེད་དུ་མི་འཇུག་པའི་ཕྱིར། བླངཾ་། བཀའ་བརྒྱད་སྟོང་པ་ཆོས་ཅན། ཤིན་ལྐོག་ལ་མི་སླུ་བ་ཡིན་ཏེ། གཞལ་བྱའི་གནས་གསུམ་བརྗོད་བྱར་སྟོན་པ་གང་ཞིག ལྐོག་གྱུར་གྱི་གཙོ་བོ་བདེན་བཞི་ལ་མི་སླུ་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། སྐྱེསཾ། དཔྱོད་པ་བ་ན་རེ། ཐོག་མར་གང་ཟག་དེ་སྐྱེས་བུ་ཚད་མར་ཤེས་པར་བྱས་ནས་དེའི་ལུང་དེ་བརྗོད་དོན་ལ་མི་སླུ་བར་ཁས་ལེན་པ་ཡིན་ནོ་ཞེ་ན། གཉིས་པ་ལ་གཉིས་ཏེ། གཞན་ལ་སྐྱེས་བུ་ཕུལ་བྱུང་མེད། །རང་ལ་སྐྱེས་བུ་ཕུལ་བྱུང་སྒྲུབ་པའོ། །དང་པོ་ནི། གལཾ། དཔྱོད་པ་བ་ཆོས་ཅན། ལུང་རང་གི་བསྟན་དོན་ལ་མི་སླུ་བར་མ་ངེས་པར་ཐོག་མར་སྐྱེས་བུ་ཕ་རོལ་པོ་སྐྱེས་བུ་ཚད་མར་ཤེས་པའི་ཐབས་མེད་པར་ཐལ། དེ་མ་ངེས་པ་སྐྱེས་བུ་ཕ་རོལ་པོ་སྐྱོན་དང་ལྡན་མི་ལྡན་གང་རུང་དུ་ངེས་པར་མི་ནུས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཉེས་པ་སྤངས་པ་སྲིད་པར་བསྟན། །སྤངས་པ་སླར་མི་ལྡོག་པར་བསྟན། །ཉེས་པའི་སྒྱུ་ལ་རྩོད་པ་སྤོང་པའོ། །དང་པོ་ནི། འགྲིབཾ། ཆགས་སོགས་ཆོས་ཅན། གཉེན་པོ་དང་བཅས་པ་ཡིན་ཏེ། བདག་མེད་རྟོགས་པའི་ཤེས་རབ་འཕེལ་འགྲིབ་ལས་ཁྱོད་འགྲིབ་པ་དང་འཕེལ་བར་འགྱུར་བའི་ཕྱིར། དེས་ན་བདག་མེད་རྟོགས་པ་གོམས་པའི་གང་ཟག་ཆོས་ཅན། ཉེས་པ་ཟད་པར་འགྱུར་ཏེ། སེམས་རྒྱུད་བདག་མེད་རྟོགས་པའི་བདག་ཉིད་དུ་གྱུར་པའི་ཕྱིར། གཉིས་པ་ནི། ཉེས་པ་ལན་གཅིག་ཟད་ཀྱང་སླར་ལྡོག་པས་ཉེས་པ་གཏན་ཟད་པ་མི་སྲིད་དོ་ཞེ་ན། འཚེཾ། ཁྱད་པར་གསུམ་ལྡན་གྱི་བདག་མེད་རྟོགས་པའི་སེམས་ཆོས་ཅན། རང་གི་མི་མཐུན་ཕྱོགས་ཀྱིས་ཁྱོད་ཟློག་མི་ནུས་ཏེ། རང་གི་མི་མཐུན་ཕྱོགས་ཀྱིས་ཁྱོད་བཟློག་པའི་ཕྱིར་ཆེད་དུ་འབད་པ་མི་བྱེད་ཅིང་འབད་དུ་ཟིན་ཀྱང་ཁྱོད་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ཕྱིར་རོ། །གསུམ་པ་ནི། ཉེས་པའི་རྒྱུ་བདག་འཛིན་ཡིན་ན་གཏི་མུག་ཉེས་པའི་རྒྱུར་གསུངས་པ་དང་འགལ་ལོ་ཞེ་ན། ཉེསཾ། ཉེས་པ་ཆགས་སོགས་ཆོས་ཅན། ཁྱོད་ཀྱི་རྩ་བ་བདག་འཛིན་ཡིན་པ་དང་གཏི་མུག་ཡིན་པ་མི་འགལ་ཏེ། ཁྱོད་ཀྱི་རྩ་བར་གྱུར་པའི་འཇིག་ལྟ་དེ་མ་རིག་པ་ཡིན་པའི་ཕྱིར། གཏི་མུག་ཆོས་ཅན། ཁྱོད་ཉེས་པ་ཆགས་སོགས་ཀྱི་རྒྱུར་གསུངས་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལས་འདོད་ཆགས་འབྱུང་། དེ་ལས་ཞེ་སྡང་སོགས་འབྱུང་བའི་ཕྱིར། འཇིག་ལྟ་ཆོས་ཅན། ཁྱོད་ཉེས་པ་ཆགས་སོགས་ཀྱི་རྒྱུར་གསུངས་པའི་རྒྱུ་མཚན་ཡོད་དེ། ཁྱོད་སྤངས་པའི་སྒོ་ནས་ཉེས་པ་ཆགས་སོགས་སྤང་དགོས་པའི་ཕྱིར། གསུམ་པ་རིག་སྒྲ་བདེན་དོན་སྒྲུབ་པའང་ལྟར་སྣང་ཡིན་པ་ལ་གཉིས་ཏེ། སྐྱེས་བུས་མ་བྱས་རྟགས་ཀྱིས་སྒྲུབ་པ་དགག །ཕྱོགས་གཅིག་མི་སླུའི་རྟགས་ཀྱིས་སྒྲུབ་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། ཚིཾག དཔྱོད་པ་བ་ན་རེ། རིག་བྱེད་ཆོས་ཅན། བདེན་པའི་དོན་ཅན་ཡིན་ཏེ། བརྗོད་དོན་སྟོན་པ་གང་ཞིག སྐྱེས་བུས་མ་བྱས་པའི་ཕྱིར། ཁྱབ་སྟེ། བརྗོད་དོན་ལོག་པར་སྟོན་པའི་རྒྱུ་ནི་སྐྱེས་བུ་ལ་བརྟེན་པའི་ཕྱིར་རོ་ཞེ་ན། གཉིས་པ་ལ་གསུམ་སྟེ། རྩ་བའི་རྟགས་ཀྱི་ཁྱབ་སྒྲུབ་དགག །རྩ་བའི་གཏན་ཚིགས་བརྟགས་ནས་དགག །རྩ་བའི་རྟགས་ཀྱི་སྒྲུབ་བྱ་དགག་པའོ། །དང་པོ་ལ་གཉིས་ཏེ། མགོ་མཚུངས་རིགས་པས་དགག །ཁས་བླངས་འགལ་བས་དགག་པའོ། །དང་པོ་ནི། ཚིགཾ རིག་བྱེད་ཆོས་ཅན། ལག་པའི་དོན་ཅན་ཡིན་པར་ཐལ། གཏན་ཚིགས་སྔ་མ་དེའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། བརྗོད་དོན་བདེན་པར་སྟོན་པའི་རྒྱུ་ནི་སྐྱེས་བུ་ལ་རག་ལས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། དོཾན། རིག་བྱེད་ཆོས་ཅན། ཁྱོད་ཀྱིས་བརྗོད་དོན་ལོག་པར་སྟོན་པ་སྲིད་པར་ཐལ། ཁྱོད་ལས་དོན་རྟོགས་པའི་རྒྱུ་བརྡ་ནི་སྐྱེས་བུ་ལ་བརྟེན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཉེས་སྤོང་བརྗོད། དེ་དགག་པའོ། །དང་པོ་ནི། འབྲེལཾ། གཏན་ཚིགས་མ་གྲུབ་སྟེ། རིག་བྱེད་སྒྲ་དོན་གྱི་འབྲེལ་པ་སྐྱེས་བུས་མ་བྱས་པ་ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བས་དགག རྣམ་པར་བརྟགས་ནས་དགག་པའོ། །དང་པོ་ནི། བརྡཾ། རིག་བྱེད་ཆོས་ཅན། བརྡ་འབྲེལ་མི་ཤེས་པས་ཀྱང་ཁྱོད་ལས་བརྗོད་དོན་རྟོགས་པར་ཐལ། ཁྱོད་དང་བརྗོད་དོན་གྱི་འབྲེལ་པ་རང་བཞིན་གྱིས་གྲུབ་པའི་ཕྱིར། གལ་ཏེ་བརྡ་ལས་རང་བཞིན་གྱིས་འབྲེལ་པ་གསལ་པར་བྱེད་པས་སྐྱོན་མེད་དོ་ཞེ་ན། དེ་ཆོས་ཅན། ཁྱོད་དང་བརྗོད་དོན་གྱི་འབྲེལ་པ་བརྟགས་པ་དོན་མེད་པར་ཐལ། ཁྱོད་ལས་དོན་གོ་བར་བརྡ་ལ་ལྟོས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། བརྗོད་དོན་ལ་བརྟགས་ནས་དགག །འབྲེལ་པ་ལ་བརྟགས་ནས་དགག །རྗོད་བྱེད་ལ་བརྟགས་ནས་དགག་པའོ། །དང་པོ་ནི། རིག་བྱེད་དེ་དོན་གཅིག་ཁོ་ནའམ་དུ་མ་གང་དང་རང་བཞིན་གྱིས་འབྲེལ། དང་པོ་ལྟར་ན། ཚིགཾ རིག་བྱེད་ཀྱི་ཚིག་རྣམས་ཆོས་ཅན། ཁྱོད་ལས་དོན་དུ་མ་རྟོགས་པར་མི་འགྱུར་བར་ཐལ། ཁྱོད་དོན་གཅིག་ཁོ་ནའི་རྗོད་བྱེད་དུ་ངེས་པའི་ཕྱིར། གཉིས་པ་ལྟར་ན། དོཾན། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན། །ཞེས་པའི་རིག་བྱེད་ཀྱི་ཚིག་ཆོས་ཅན། ཁྱི་ཤ་ཟ་བ་ལ་འཇུག་པར་ཐལ། དོན་དུ་མ་དང་ངོ་བོ་ཉིད་ཀྱིས་འབྲེལ་པའི་ཕྱིར། འདོད་ན། རིག་བྱེད་ཆོས་ཅན། ཁྱོད་བདེན་པའི་དོན་ཅན་དུ་བསྒྲུབ་པའི་ཆེད་དུ་སྐྱེས་བུས་མ་བྱས་པའི་གཏན་ཚིགས་བརྟགས་པ་དོན་མེད་པར་ཐལ། ཁྱོད་ཀྱིས་བརྗོད་དོན་ལོག་པར་སྟོན་སྲིད་པའི་ཕྱིར། ཐཾ། རིག་བྱེད་ཀྱི་སྒྲ་དང་། བརྗོད་དོན་བུམ་པ་ལྟ་བུ་ཆོས་ཅན། ཁྱོད་ལ་འབྲེལ་བ་མ་གྲུབ་པར་ཐལ། ཁྱོད་ལ་བདག་གཅིག་དང་དེ་བྱུང་གི་འབྲེལ་པ་གང་ཡང་མེད་པའི་ཕྱིར། སྐྱེསཾ། རིག་བྱེད་ཆོས་ཅན། ཁྱོད་ལས་བརྗོད་དོན་གོ་བ་མེད་པར་ཐལ། ཁྱོད་སྐྱེས་བུས་མ་བྱས་པའི་ཕྱིར། མ་སྒྲུབ་ན། དཔྱོད་པ་བ་ཆོས་ཅན། ཁས་བླངས་ནང་འགལ་སྨྲས་པ་ཡིན་ཏེ། རིག་བྱེད་བདེན་པའི་དོན་ཅན་དུ་བསྒྲུབ་པའི་ཆེད་དུ་སྐྱེས་བུས་མ་བྱས་པ་དང་། བརྗོད་དོན་མི་སྟོན་པའི་སྐྱོན་སྤོང་བའི་ཆེད་དུ་སྐྱེས་བུས་བྱས་པ་སྨྲས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྟག་དང་མི་རྟག་བརྟགས་ནས་དགག །གཅིག་དང་ཐ་དད་བརྟགས་ནས་དགག་པའོ། །དང་པོ་ནི། འབྲེལཾ། སྒྲ་དོན་གྱི་འབྲེལ་པ་དེ་མི་རྟག་པ་ཡིན་ནམ་རྟག་པ་ཡིན། དང་པོ་ལྟར་ན། ངོ་བོ་ཉིད་ཀྱིས་གྲུབ་པ་དང་འགལ། གཉིས་པ་ལྟར་ན་བུམ་སོགས་ཆོས་ཅན། ཁྱོད་དང་རྗོད་བྱེད་སྒྲའི་འབྲེལ་པ་རྟག་རྫས་མིན་པར་ཐལ། ཁྱོད་མི་རྟག་པ་ཡིན་པའི་ཕྱིར། དེས་ན་སྒྲ་དང་དོན་གྱི་འབྲེལ་པ་ཆོས་ཅན། རྟོག་བློས་སྒྲོ་བཏགས་པ་ཡིན་ཏེ། ཐ་སྙད་དུ་ཡོད་ཅིང་རྫས་སུ་མེད་པའི་ཕྱིར། དོཾན། རིག་བྱེད་ཀྱི་སྒྲ་དང་། དོན་གསར་བྱུང་རྣམས་ཀྱི་འབྲེལ་པ་གསར་དུ་སྐྱེས་པ་ཡིན་ན། རིག་སྒྲ་ཆོས་ཅན། དོན་གསར་བྱུང་དང་སྔར་མ་འབྲེལ་པ་ལས་འབྲེལ་པ་གསར་དུ་སྐྱེས་པ་མི་འཐད་པར་ཐལ། རྟག་པ་ཡིན་པའི་ཕྱིར། རྣམཾ། ཆོས་གྲགས་ཆོས་ཅན། ཁྱོད་ལ་འབྲེལ་པ་རྟགས་རྫས་ལ་བཀོད་པའི་སྐྱོན་མི་འཇུག་སྟེ། ཁྱོད་འབྲེལ་པ་སྒྲོ་འདོགས་སུ་ཁས་ལེན་པའི་མཁས་པ་ཡིན་པའི་ཕྱིར། གལཾ། གལ་ཏེ་རྟེན་བརྗོད་བྱ་འཇིག་ན་ཡང་བརྟེན་པ་སྒྲ་དོན་གྱི་འབྲེལ་པ་མི་འཇིག་སྟེ། རྟེན་གསལ་བ་འཇིག་ན་ཡང་བརྟེན་པ་རིགས་མི་འཇིག་པ་དང་འདྲའོ་ཞེ་ན། གསལ་བ་དང་བརྗོད་བྱ་ཆོས་ཅན། ཁྱོད་རིགས་དང་འབྲེལ་བའི་དོན་གཞན་གྱི་རྟེན་མིན་པར་ཐལ། རིགས་དང་འབྲེལ་བ་རྟག་པ་ཡིན་པའི་ཕྱིར། གལ་ཏེ་སྔར་མེད་གསར་དུ་སྐྱེད་པའི་རྟེན་མིན་ཀྱང་གྲུབ་ཟིན་གསལ་བར་བྱེད་པའི་རྟེན་ཡིན་ནོ་ཞེ་ན། ཤེསཾ། བུམ་གཟུགས་ཆོས་ཅན། སྒྲོན་འོད་དེ་ཁྱོད་གྲུབ་ཟིན་གསལ་བྱེད་དུ་འགྱུར་བ་སྲིད་དེ། སྒྲོན་འོད་ལ་ལྟོས་ནས་ཁྱོད་རང་འཛིན་མིག་ཤེས་སྐྱེད་རུང་དུ་འགྱུར་བ་སྲིད་པའི་ཕྱིར། དེ་ཉིད་རིགས་སོགས་ལ་མ་གྲུབ་པ་ནི། འགྱུརཾ། རིགས་དང་འབྲེལ་པ་ཆོས་ཅན། གསལ་བ་དང་བརྗོད་དོན་དེ་ཁྱོད་ཀྱི་གྲུབ་ཟིན་གསལ་བྱེད་མིན་པར་ཐལ། དེས་ཁྱོད་ལ་ཕན་མི་འདོགས་པའི་ཕྱིར་ཏེ། ཁྱོད་རྟག་པ་ཡིན་པའི་ཕྱིར། གཉིས་པ་ནི། རིག་བྱེད་ཀྱི་སྒྲ་དང་བརྗོད་དོན་བུམ་པའི་འབྲེལ་པ་དངོས་པོ་ཡིན་ན་དེ་སྒྲ་དོན་གཉིས་དང་རྫས་ཐ་དད་ཡིན་ནམ་མིན། དང་པོ་ལྟར་ན། འབྲེལཾ། སྒྲ་དོན་གྱི་འབྲེལ་པ་ཆོས་ཅན། ཁྱོད་སྒྲ་དོན་གཉིས་དང་རྫས་ཐ་དད་དུ་བློ་མ་འཁྲུལ་བ་ལ་སྣང་བར་ཐལ། ཁྱོད་དེ་དང་རྫས་ཐ་དད་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དེཾ། དེ་ཆོས་ཅན། དེ་དང་རྫས་གཅིག་ཡིན་པར་ཐལ། རྫས་སུ་གྲུབ། དེ་དང་རྫས་གཞན་མིན་པའི་ཕྱིར། དངོཾས། དེས་ན་རིག་བྱེད་ཀྱི་སྒྲ་དང་བརྗོད་དོན་བུམ་པ་ཆོས་ཅན། ཁྱོད་ཀྱི་འབྲེལ་པ་སྒྲོ་བཏགས་ཡིན་ཏེ། ཁྱོད་ཀྱི་འབྲེལ་པ་ཡོད་པ་གང་ཞིག ཁྱོད་རྫས་ཐ་དད་ཡིན་པའི་ཕྱིར། ཡོདཾ། སྒྲ་དོན་གྱི་འབྲེལ་པ་ཆོས་ཅན། སྒྲ་དོན་ལ་རག་ལས་པ་མིན་པར་ཐལ། རང་བྱུང་དུ་ཡོད་པའི་ཕྱིར། དེ་ཆོས་ཅན། སྒྲ་དོན་གྱི་འབྲེལ་བ་མིན་པར་ཐལ། རྫས་སུ་གྲུབ་པའི་ཕྱིར། གསུམ་པ་ནི། སྒྲ་དོན་གྱི་འབྲེལ་བ་དོན་ལ་ཡོད་ན། ཡི་གེ་དང་དོན་ལ་ཡོད་དམ། ཚིག་སོགས་དང་དོན་ལ་ཡོད། དང་པོ་ལྟར་ན། ཡིགཾ ཡི་གེ་ཆོས་ཅན། ཁྱོད་དང་བརྗོད་དོན་གྱི་འབྲེལ་བ་མེད་པར་ཐལ། ཁྱོད་ཀྱིས་བརྗོད་དོན་མི་སྟོན་པའི་ཕྱིར། གཉིས་པ་ལྟར་ན། ཚིགཾ ངག་ཚིག་ཆོས་ཅན། ཁྱོད་དང་བརྗོད་དོན་ལ་དངོས་པོའི་འབྲེལ་པ་མེད་པར་ཐལ། ཁྱོད་སྒྲོ་བཏགས་ཡིན་པའི་ཕྱིར། གཉིས་པ་རྩ་བའི་གཏན་ཚིགས་བརྟགས་ནས་དགག་པ་ལ་གསུམ་སྟེ། ཕྱོགས་ཆོས་སྒྲུབ་བྱེད་བཅས་པ་དགག །ཁྱབ་པ་སྒྲུབ་བྱེད་བཅས་པ་དགག །ཕྱོགས་ཆོས་ཉིད་ཀྱི་ཁྱད་པར་དགག་པའོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་ལ་བརྟགས་ནས་དགག །མཚན་གཞི་ལ་བརྟགས་ནས་དགག་པའོ། །དང་པོ་ལ་གཉིས་ཏེ། བྱེད་པོ་མི་དྲན་གཏན་ཚིགས་དགག །འདོན་པ་ཐོགས་མེད་གཏན་ཚིགས་དགག་པའོ། །དང་པོ་ནི། བྱེདཾ། རྒྱལ་དཔོག་པ་ན་རེ། རིག་བྱེད་ཆོས་ཅན། སྐྱེས་བུས་མ་བྱས་ཏེ། བྱེད་པ་པོ་མི་དྲན་པའི་ཕྱིར། ཞེས་ཟེར་རོ། །དེ་ཆོས་ཅན། དེ་ལྟར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་མ་གྲུབ་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གཏན་ཚིགས་བརྗོད། དེ་དགག་པའོ། །དང་པོ་ནི། ཇིཾ། རིག་བྱེད་ཆོས་ཅན། སྐྱེས་བུས་མ་བྱས་ཏེ། འདོན་པ་སྔ་མ་སྔོན་དུ་སོང་བའི་ཕྱིར་ཏེ། འདོན་པ་ཡིན་པའི་ཕྱིར། ད་ལྟར་གྱི་རིག་བྱེད་ཀྱི་འདོན་པ་བཞིན་ཞེ་ན། གཉིས་པ་ལ་གསུམ་སྟེ། བརྟགས་ན་བྱེད་པོ་ཐོག་མེད་དུ་མི་འགྲུབ། །ཐོག་མེད་གྲུབ་ཀྱང་མ་བྱས་པ་མི་གྲུབ། །མ་བྱས་གྲུབ་ཀྱང་བདེན་དོན་ཅན་མི་འགྲུབ་པའོ། །དང་པོ་ནི། སྤེལཾ། སྙན་ངག་གི་བསྟན་བཅོས་གཞོན་ནུ་འབྱུང་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རིཾག རིག་བྱེད་སྔ་མ་གཞན་ཡང་ཆོས་ཅན། སྐྱེས་བུ་ལས་བྱུང་བར་འགྱུར་ཏེ། བརྗོད་དོན་སྟོན་པའི་ངག་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་བུའི་རིགས་དེ་རྒྱུའི་རིགས་ལ་མི་འཁྲུལ་བའི་ཕྱིར་རོ། །དེཾ། རིག་བྱེད་ཆོས་ཅན། ཁྱོད་སྐྱེས་བུས་མ་བྱས་པའི་གཏན་ཚིགས་བསྟན་མི་ནུས་པར་ཐལ། ཁྱོད་འཇིག་རྟེན་པའི་ངག་ཚིག་དང་ངག་ཚིག་གཅིག་ཏུ་མཚུངས་པའི་ཕྱིར། དེ་ཆོས་ཅན། ཁྱོད་སྐྱེས་བུས་མ་བྱས་པ་སྒྲུབ་པའི་གཏན་ཚིགས་བྱེད་པ་པོ་ཐོག་མེད་ཡིན་སོགས་ཁྱབ་པ་འཁྲུལ་པ་ཡིན་ཏེ། དེ་ལྟར་དུ་བསྒྲུབས་ཟིན་པའི་ཕྱིར། གཉིས་པ་ནི། རྣམཾ། བྱེད་པ་པོ་ཐོག་མེད་ཡིན་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་རིག་བྱེད་སྐྱེས་བུས་མ་བྱས་པའི་བསྒྲུབ་པའི་ཁྱབ་པ་མ་ངེས་ཏེ། བྱིས་པ་རྡུལ་ལ་རྩེ་བ་སོགས་ཀྱང་ཁྱོད་ཡིན་པའི་ཕྱིར། ཀླཾ། མ་བག་མར་ལེན་པ་ཀླ་ཀློའི་ཐ་སྙད་དང་། སྐྱེ་བ་སྔ་ཕྱི་མེད་པར་སྨྲ་བའི་ཚིག་རྣམས་ཀྱང་ཆོས་ཅན། སྐྱེས་བུས་མ་བྱས་པར་ཐལ། བྱེད་པ་པོ་ཐོག་མེད་ཡིན་པའི་ཕྱིར། གསུམ་པ་ནི། ཡངཾ་། འདོན་པ་སྐྱེས་བུས་མ་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་རིག་བྱེད་བདེན་པའི་དོན་ཅན་དུ་མི་འགྲུབ་པར་ཐལ། སྔར་གྱི་ཐ་སྙད་གཉིས་པོ་དེ་ཁྱོད་ཡིན་པའི་ཕྱིར། རིག་བྱེད་ཆོས་ཅན། ཁྱོད་ཀྱི་བརྗོད་དོན་ངེས་པར་སྟོན་པ་ལ་ཐེ་ཚོམ་ཟ་བར་ཐལ། ཁྱོད་འཆད་པ་པོ་དག་གིས་བརྗོད་དོན་དུ་མ་ལ་སྦྱར་ནས་འཆད་པའི་ཕྱིར། གཉིས་པ་མཚན་གཞི་ལ་བརྟགས་ནས་དགག་པ་ལ་གསུམ་སྟེ། ཡི་གེ་སྐྱེས་བུས་མ་བྱས་དགག །ངག་རྣམས་སྐྱེས་བུས་མ་བྱས་དགག །སྒྲ་དང་ནུས་པ་རྟག་པ་དགག་པའོ། །དང་པོ་ནི། ཡིགཾ རིག་བྱེད་ཀྱི་ཡི་གེ་ཆོས་ཅན། ཁྱོད་སྐྱེས་བུས་མ་བྱས་པ་སྒྲུབ་མི་ནུས་པར་ཐལ། ཁྱོད་འཇིག་རྟེན་གྱི་ཡི་གེ་དང་ཁྱད་པར་མེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཡི་གེ་ལས་གཞན་ངག་མི་འཐད། ཡི་གེའི་རིམ་པ་ངག་མིན་པའོ། །དང་པོ་ལ་གཉིས་ཏེ། སྣང་རུང་མ་དམིགས་རྟགས་ཀྱིས་དགག །རྣམ་པར་བརྟགས་པའི་རིགས་པས་དགག་པའོ། །དང་པོ་ནི། ངཾག རིག་བྱེད་ཀྱི་ངག་ཆོས་ཅན། ཡི་གེ་ལས་དོན་གཞན་དུ་མེད་དེ། ཡི་གེ་ལས་དོན་གཞན་དུ་ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཆ་ཤས་ཡོད་མེད་བརྟགས་ནས་དགག །རྟག་དང་མི་རྟག་བརྟགས་ནས་དགག །ཁྱབ་དང་མ་ཁྱབ་བརྟགས་ནས་དགག་པའོ། །དང་པོ་ནི། ཡི་གེ་ལས་གཞན་པའི་ངག་ཡོད་ན། ངག་དེ་ཆ་ཤས་ཅན་ནམ་ཆ་མེད་གཅིག་ཡིན། དང་པོ་ལྟར་ན། ཡནཾ། ཆ་ཤས་རེ་རེས་བརྗོད་དོན་རྫོགས་པར་སྟོན་ནུས་སམ་མི་ནུས། མི་ནུས་ན། དེཾ། ངག་གི་ཆ་ཤས་རྣམས་ཆོས་ཅན། བརྗོད་དོན་སྟོན་པར་སྒྲོ་འདོགས་པ་ཡིན་པར་ཐལ། རེ་རེས་བརྗོད་དོན་སྟོན་མི་ནུས་ཀྱང་། ཚོགས་ནས་བརྗོད་དོན་སྟོན་ནུས་པའི་ཕྱིར། བྲམ་ཟེའི་ཁྱེའུ་ལ་སེངྒེ་ཞེས་བཏགས་པ་བཞིན་ནོ། །ནུས་ན། དེཾ། རིག་བྱེད་ཀྱི་ངག་ཆོས་ཅན། ཁྱོད་ཀྱི་བརྗོད་དོན་སྟོན་པ་ལ་ཁྱོད་ཀྱི་ཆ་ཤས་དུ་མ་བརྟགས་པ་དོན་མེད་པར་ཐལ། ཁྱོད་ཀྱི་ཆ་ཤས་རེ་རེས་ཁྱོད་ཀྱི་བརྗོད་དོན་རྫོགས་པར་སྟོན་ནུས་པའི་ཕྱིར། ཡཾན། དེ་ཆོས་ཅན། ཁྱོད་ཀྱི་ཆ་ཤས་གཅིག་གི་དོན་རྟོགས་པས། ཁྱོད་ཀྱིས་བརྗོད་དོན་རྫོགས་པར་རྟོགས་པས་ཐལ། སྔ་མའི་གཏན་ཚིགས་དེའི་ཕྱིར། ཐམཾས། འདོད་པ་ཡིན་ཏེ། ཆ་ཤས་ཐམས་ཅད་ཅིག་ཅར་ཐོས་པ་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ཁྱོད་ཐོས་པ་ལས་སྔ་ཕྱིའི་ཁྱད་པར་མི་འབྱུང་བར་ཐལ། ཁྱོད་ཀྱི་ཆ་ཤས་ཐམས་ཅད་ཅིག་ཅར་ཐོས་པའི་ཕྱིར། གཉིས་པ་ལྟར་ཆ་མེད་གཅིག་ཡིན་ན། གཅིཾག རིག་བྱེད་ཀྱི་ངག་ཆོས་ཅན། ཁྱོད་ཀྱི་ཆ་ཤས་རིམ་གྱིས་ཐོས་པ་མི་སྲིད་པར་ཐལ། ཁྱོད་ཆ་མེད་གཅིག་ཡིན་པའི་ཕྱིར། གཉིས་པ་ནི། མིཾ། ཡི་གེ་ལས་གཞན་པའི་ངག་དེ་མི་རྟག་གམ་རྟག དང་པོ་ལྟར་ན། དེ་ཆོས་ཅན། རྩོལ་བྱུང་ཡིན་པ་ཐལ། མི་རྟག་པ་གང་ཞིག རྩོལ་བ་ལས་གཞན་པའི་ཁྱོད་ཀྱི་རྒྱུ་མེད་པའི་ཕྱིར། འདོད་ན། ཁས་བླངས་འགལ་ལོ། །གཉིས་པ་ལྟར་ན། རྟགཾ དེ་ཆོས་ཅན། རྟག་ཏུ་ཐོས་པར་ཐལ། ཐོས་རུང་གི་རྟག་པ་ཡིན་པའི་ཕྱིར། གལཾ། སྐྱོན་མེད་དེ། ལྷན་ཅིག་བྱེད་རྐྱེན་མ་ཚང་བ་སྲིད་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ལྷན་ཅིག་བྱེད་རྐྱེན་ལ་ལྟོས་པ་མི་འཐད་པར་ཐལ། རྟག་པ་ཡིན་པའི་ཕྱིར། གསུམ་པ་ནི། གལཾ། རིག་བྱེད་ཀྱི་ངག་ཆ་མོད་དེ། ཡུལ་ཐམས་ཅད་ལ་མ་ཁྱབ་བམ་ཁྱབ། དང་པོ་ལྟར་ན། དེ་ཆོས་ཅན། ཡུལ་གཅིག་ལས་གཞན་དུ་དམིགས་པར་མི་འགྱུར་བར་ཐལ། ཡུལ་གཅིག་ཁོ་ནར་ཡོད་པའི་ཕྱིར། གལཾ། གཉིས་པ་ལྟར་ན། རིག་བྱེད་ཀྱི་སྒྲ་ཐམས་ཅད་ཆོས་ཅན། གང་ཟག་ཐམས་ཅད་ཀྱིས་གཅིག་ཅར་ཐོས་པར་ཐལ། ཡུལ་ཐམས་ཅད་ལ་ཁྱབ་པའི་ཐོས་རུང་ཡིན་པའི་ཕྱིར། འདུསཾ། གལ་ཏེ་སྒྲ་ཐོས་རུང་དུ་རྐྱེན་གྱིས་འདུས་བྱས་པ་ཁོ་ན་དབང་པོ་རྐྱེན་གྱིས་འདུས་བྱས་པ་ཁོ་ནས་ཐོས་པ་ཡིན་ནོ་ཞེ་ན། སྒྲ་ཆོས་ཅན། རྐྱེན་གྱིས་འདུ་བྱེད་པར་མི་འགྱུར་བར་ཐལ། རྟག་པ་ཡིན་པའི་ཕྱིར། དབངཾ་། རྐྱེན་གྱིས་འདུས་བྱས་པའི་དབང་པོ་ཆོས་ཅན། སྒྲ་ཐམས་ཅད་ཐོས་པར་ཐལ། ཁྱོད་ཀྱིས་ཐོས་པའི་སྒྲ་དེ་སྒྲ་ཐམས་ཅད་དང་གཅིག་ཡིན་པའི་ཕྱིར། གལཾ། གལ་ཏེ་རྐྱེན་གྱི་ཁྱད་པར་ལས་སྒྲ་གཅིག་ཁོ་ནའི་ཡུལ་ཅན་དུ་ངེས་པས་སྐྱོན་མེད་དོ་ཞེ་ན། སྒྲ།ཾ ཉན་ཤེས་ཆོས་ཅན། སྒྲའི་ཚོགས་པ་དུ་མའི་ཅ་ཅོ་མི་ཐོས་པར་ཐལ། སྒྲ་གཅིག་ཁོ་ནའི་ཡུལ་ཅན་དུ་ངེས་པའི་ཕྱིར། དེཾ། དེའི་ཚེ་སྒྲ་ཙམ་ཡན་གར་བ་ཐོས་པ་ཡིན་གྱི། རྗོད་བྱེད་ཐོས་པ་མིན་ནོ་ཞེ་ན། སྒྲའི་ཚོགས་པ་ལས་གཞན་པའི་སྒྲ་ཙམ་ཡན་གར་བ་ཆོས་ཅན། མེད་དེ། སྣང་རུང་མ་དམིགས་པའི་ཕྱིར། སྒྲ།ཾ སྐྱེས་བུ་གཅིག་ཁོ་ན་རིག་བྱེད་འདོན་པ་ན་ཉན་ཤེས་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་མི་ཐོས་པར་ཐལ། སྒྲ་ཙམ་ཡན་གར་ཁོ་ན་ཐོས་པའི་ཕྱིར། ཡངཾ་། ཉན་ཤེས་ཆོས་ཅན། སྒྲ་ཙམ་ཡན་གར་བ་དུ་མ་མི་ཐོས་པར་ཐལ། སྒྲ་ཙམ་ཡན་གར་བ་རེ་རེ་ཁོ་ན་ཐོས་པའི་ནུས་པ་ངེས་པའི་ཕྱིར། ཉེསཾ། སྒྲ་ཙམ་གྱིས་གསལ་བར་བྱེད་པའི་ངག་ཚིག་ཆོས་ཅན། ཁྱོད་རྗོད་བྱེད་མིན་པར་ཐལ། སྒྲ་ཙམ་རྗོད་བྱེད་ཡིན་པ་ལ་བཀོད་པའི་ཉེས་པ་དེ་ཁྱོད་རྗོད་བྱེད་ཡིན་པ་ལའང་མཚུངས་པའི་ཕྱིར། གཉིས་པ་ཡི་གེའི་རིམ་པ་ངག་མིན་པ་ལ་བཞི་སྟེ། བཀོད་པའི་རིམ་པ་མ་བྱས་ངག་མ་ཡིན། །གསལ་བའི་རིམ་པའང་མ་བྱས་ངག་མ་ཡིན། །ཡི་གེ་ལས་གཞན་རིམ་པ་སྔ་མས་ཁེགས། །དེས་ན་གོ་རིམ་སྐྱེས་བུས་བྱས་པར་གྲུབ་པའོ། །དང་པོ་ནི། གལཾ། ཡི་གེ་ལས་ཐ་དད་པའི་ངག་མེད་པས་ཡི་གེའི་རིམ་པ་ཉིད་སྐྱེས་བུས་མ་བྱས་པའི་ངག་ཡིན་ནོ་ཞེ་ན། ཡི་གེའི་རིམ་པ་ཆོས་ཅན། སྐྱེས་བུས་མ་བྱས་པའི་ངག་མིན་པར་ཐལ། ཡི་གེ་རྣམས་ལས་དོན་གཞན་དུ་མེད་པའི་ཕྱིར། ཡི་གེ་ཆོས་ཅན། ཁྱོད་ཀྱི་གོ་རིམ་སྐྱེས་བུས་མ་བྱས་པར་མཐའ་གཅིག་ཏུ་རྣམ་པར་གཞག་པ་མེད་པར་ཐལ། ཁྱོད་ཀྱི་གོ་རིམ་སྐྱེས་བུས་འདོད་པས་གཞན་དང་གཞན་དུ་སྒྱུར་དུ་རུང་བའི་ཕྱིར། ཁྱབཾ། དེ་ཆོས་ཅན། ཁྱོད་ལ་ཡུལ་དང་དུས་ཀྱི་གོ་རིམ་མེད་པར་ཐལ། ཁྱོད་ཡུལ་ཐམས་ཅད་ལ་ཁྱབ་པའི་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་མི་རྟག་པ་དང་ཁྱབ་བྱེད་མིན་པ་མི་འཐད་པ་ཐལ། དེ་སྔར་རིགས་པ་ཡང་དག་གིས་གསལ་ཟིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། རྟག་པ་ཡིན་ན་གསལ་བར་འགལ། །ངོ་བོ་བསྐྱེད་པ་གསལ་བྱེད་མིན། །སྒྲིབ་བྱེད་བྲལ་ཙམ་གསལ་བ་མིན། །ཉན་བློ་སྐྱེས་པ་གསལ་བ་མིན་པའོ། །དང་པོ་ནི། གསལཾ། ཡི་གེ་ཆོས་ཅན། ཁྱོད་གྲུབ་ཟིན་རྐྱེན་གྱིས་གསལ་བའི་རིམ་པ་དེ་སྐྱེས་བུས་མ་བྱས་པའི་ངག་མིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། གཉིས་པ་ནི། བྱེདཾ། རིག་བྱེད་ཀྱི་ཡི་གེ་ཆོས་ཅན། བྱེད་པ་པོ་ལྕེ་རྐན་དེ་ཁྱོད་གྲུབ་ཟིན་གསལ་བྱེད་ཀྱི་རྒྱུ་མིན་པ་ཐལ། དེ་ལས་ཁྱོད་ཀྱི་ངོ་བོ་གསར་དུ་སྐྱེས་པའི་ཕྱིར། ཁྱབ་སྟེ། ངོ་བོ་གསར་དུ་སྐྱེད་བྱེད་ཀྱང་གྲུབ་ཟིན་གསལ་བྱེད་ཡིན་ན་དེ་གཉིས་ཁྱད་པར་མེད་པར་ཐལ་བའི་ཕྱིར་རོ། །བྱེདཾ། རིག་བྱེད་ཀྱི་ཡི་གེ་ཆོས་ཅན། ཁྱོད་ཀྱི་ངོ་བོ་བྱེད་པ་ལྕེ་རྐན་གྱི་འབྲས་བུ་ཡིན་ཏེ། བྱེད་པ་ལྕེ་རྐན་ཚོགས་པ་ལས་ཁྱོད་ཀྱི་ངོ་བོ་སྐྱེ་བའི་ཕྱིར། གསུམ་པ་ནི། གལཾ། བྱེད་པ་ལྕེ་རྐན་གྱི་རིག་སྒྲའི་སྒྲུབ་བྱེད་དང་བྲལ་བར་བྱས་པ་ཙམ་ལ་གསལ་བར་འཇོག་གོ་ཞེ་ན། སྒྲིབ་བྱེད་དང་བྲལ་ཙམ་ཆོས་ཅན། ཁྱོད་བྱེད་པ་ལྕེ་རྐན་གྱི་འབྲས་བུ་མིན་པར་ཐལ། ཁྱོད་དངོས་པོར་མེད་པའི་ཕྱིར། སྒྲ།ཾ རྫ་བུམ་ཆོས་ཅན། འཇིམ་པ་དང་རྫ་མཁན་གྱི་གསལ་བྱ་ཡིན་པར་ཐལ། སྒྲ་དེ་བྱེད་པ་ལྕེ་རྐན་གྱི་གསལ་བྱ་ཡིན་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། འཇིམ་སོགས་ཆོས་ཅན། རྫ་བུམ་གྱི་ངོ་བོ་བསྐྱེད་པ་ལ་དོན་མེད་པར་ཐལ། ཁྱོད་དེའི་གྲུབ་ཟིན་གསལ་བྱེད་ཡིན་པའི་ཕྱིར། བྱེད་པ་ལྕེ་རྐན་སོགས་སྒྲ་རྟག་པའི་གསལ་བྱེད་དུ་འདོད་ན། ངོཾ་། སྒྲ་རྟག་པ་ཡིན་པ་ཅིས་འགྲུབ། སྔ་ཕྱི་གཅིག་ཏུ་ངོ་ཤེས་པ་སོགས་འགོད་ན། དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་པར་ཐལ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་མེད་པའི་ཕྱིར། སྒྲ་རྟག་པར་སྒྲུབ་པའི་མཐུན་དཔེ་ཡང་དག་མེད་པར་བསྟན་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། སྒྲ་རྟག་པ་སྒྲུབ་པའི་གཏན་ཚིགས་ངན་པ་གཞན་ཡང་སུན་དབྱུང་བའི་ཆེད་ཡིན་པའི་ཕྱིར། བཞི་པ་ནི། བློ།ཾ ཡི་གེ་གསལ་བ་ནི་ཡི་གེ་གསལ་བར་ཐོས་པའི་ཉན་བློ་ཡིན་ལ། དེའི་གོ་རིམ་སྐྱེས་བུས་མ་བྱས་པའི་ངག་ཡིན་ནོ་ཞེ་ན། ཉན་བློ་སྐྱེས་བུ་ལ་མི་བརྟེན་པར་དམ་བཅས་པའི་དམ་བཅའ་ཆོས་ཅན། ཁྱོད་དམ་བཅའ་ཡང་དག་མིན་ཏེ། ཁྱོད་ལ་དཔྱོད་པ་པས་ཁས་བླངས་སོགས་བཞིས་གནོད་པའི་ཕྱིར། གསུམ་པ་ཡི་གེ་ལས་གཞན་རིམ་པ་སྔ་མས་ཁེགས་པ་ནི། ཡིགཾ ཡི་གེ་ལས་དོན་གཞན་པའི་ཡི་གེའི་གོ་རིམ་ཆོས་ཅན། མེད་དེ། སྣང་རུང་མ་དམིགས་པའི་ཕྱིར། བཞི་པ་དེས་ན་གོ་རིམ་སྐྱེས་བུས་བྱས་པར་སྒྲུབ་པ་ནི། དེཾ། ཡི་གེའི་གོ་རིམ་ཆོས་ཅན། སྐྱེས་བུ་ལ་ལྟོས་ཏེ། སྐྱེས་བུས་རྟོག་པས་སྒྲོ་བཏགས་པའི་ཕྱིར། གསུམ་པ་སྒྲ་དང་ནུས་པ་རྟག་པ་དགག་པ་ལ་གསུམ་སྟེ། ཡོད་པས་སྒྲ་ལ་མི་རྟག་བསྒྲུབ། །དེས་ན་སྔར་བཤད་རིགས་པས་བསྒྲུབ། །དེ་ཡིས་ནུས་པ་རྟག་པ་ཁེགས་པའོ། །དང་པོ་ལ་གཉིས་ཏེ། ཁྱབ་སྒྲུབ་བཅས་པའི་རྩ་རྟགས་དགོད། །ཁྱབ་སྒྲུབ་བཅས་ལ་རྩོད་པ་སྤང་བའོ། །དང་པོ་ནི། འཇིཾག སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་པོ་ཡིན་ན་རང་རྒྱུ་ལས་འཇིག་པའི་ངོ་བོར་སྐྱེས་པས་ཁྱབ་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཁྱབ་སྒྲུབ་རྟགས་ལ་མ་གྲུབ་སྤང་། །རྩ་བའི་རྟགས་ལ་མ་ངེས་སྤོང་བའོ། །དང་པོ་ལ་གཉིས་ཏེ། ཞིག་པ་རྒྱུ་ལས་བྱུང་བ་དགག །དེ་ལ་ཧ་ཅང་ཐལ་བ་སྤོང་བའོ། །དང་པོ་ནི། མེཾ། གལ་ཏེ་མ་གྲུབ་སྟེ། ཤིང་ཞིག་པ་དེ་ཤིང་གི་འཇིག་པ་ཡིན་ལ། དེ་ཕྱིས་ཀྱི་མེ་ལས་བྱུང་བའི་ཕྱིར་ཞེ་ན། འོ་ན་མེ་ལས་ཤིང་གི་ཞིག་པ་ཤིང་ལས་དོན་གཞན་བསྐྱེད་དམ། རྫས་གཅིག་བསྐྱེད། དང་པོ་ལྟར་ན། ཤིང་ཆོས་ཅན། ཁྱོད་མེས་བསྲེགས་ཟིན་པའི་འོག་ཏུ་ཁྱོད་མཐོང་བར་ཐལ། དེའི་འོག་ཏུ་ཁྱོད་ཞིག་པ་མེད་པའི་ཕྱིར། དེཾ། སྐྱོན་མེད་དེ། ཞིག་པ་དོན་གཞན་དེ་ཉིད་ཤིང་གི་འཇིག་པ་ཡིན་པའི་ཕྱིར་ཞེ་ན། ཞིག་པ་དོན་གཞན་ཆོས་ཅན། ཤིང་གི་འཇིག་པ་མིན་པར་ཐལ། ཤིང་ལས་དོན་གཞན་ཡིན་པའི་ཕྱིར། བླ།ཾ ཤིང་མེས་བསྲེགས་ཟིན་པའི་འོག་ཏུ་ཞིག་པ་དོན་གཞན་དེས་ཤིང་གཟུང་བས་མི་སྣང་བ་ཡིན་ནོ་ཞེ་ན། ཞིག་པ་དོན་གཞན་ཆོས་ཅན། ཤིང་མེས་བསྲེགས་ཟིན་པའི་འོག་ཏུ་ཁྱོད་ཀྱིས་གཟུང་བའི་རྒྱུ་མཚན་གྱིས་ཤིང་མི་སྣང་བ་མིན་པར་ཐལ། དེ་ཡིན་ན་ཁྱོད་ཤིང་གི་སྒྲིབ་བྱེད་ཡིན་དགོས་པ་གང་ཞིག ཁྱོད་ཤིང་གི་སྒྲིབ་བྱེད་མིན་པའི་ཕྱིར། སྐྱེ།ཾ ཤིང་གི་ཞིག་པ་ཆོས་ཅན། འཇིག་པར་ཐལ། སྐྱེ་བའི་ཕྱིར། འདོད་ན། ཤིང་མེས་བསྲེགས་ཟིན་པའི་འོག་ཏུ་ཆོས་ཅན། ཤིང་མཐོང་བར་ཐལ། ཤིང་གི་ཞིག་པ་ཞིག་པའི་ཕྱིར། གལ་ཏེ་སྐྱོན་མེད་དེ། ནག་པ་གསོད་བྱེད་དེ་བསད་པ་ན་ནག་པ་སླར་མི་འབྱུང་བ་བཞིན་ནོ་ཞེ་ན། ནག་པ་གསོད་བྱེད་ཆོས་ཅན། ཁྱོད་བསད་ན་ནག་པ་སླར་མི་འབྱུང་བ་དང་། ཤིང་གི་ཞིག་པ་ཞིག་ན་ཤིང་སླར་མི་འབྱུང་བ་གཉིས་མི་མཚུངས་པར་ཐལ། ཁྱོད་ནག་པ་བསད་པ་མིན་པའི་ཕྱིར། འཇིཾག གཉིས་པ་ལྟར་རྫས་གཅིག་བསྐྱེད་ན། ཤིང་ཆོས་ཅན། འཇིག་ངེས་སུ་ཐལ། ཁྱོད་ཀྱི་འཇིག་པ་ཁྱོད་དང་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། ཤིང་གི་འཇིག་པ་ཆོས་ཅན། ཕྱིས་མེ་དེ་ཁྱོད་ཀྱི་རྒྱུ་མིན་པར་ཐལ། ཁྱོད་ཕྱིས་ཀྱི་མེའི་སྔ་རོལ་དུ་ཡོད་པའི་ཕྱིར། འདིཾ། གལ་ཏེ་རྫས་གཅིག་དང་རྫས་གཞན་གང་ཡང་མིན་པའི་འཇིག་པ་བསྐྱེད་དོ་ཞེ་ན། ཤིང་ཆོས་ཅན། ཁྱོད་ཀྱི་འཇིག་པ་རྫས་སུ་མ་གྲུབ་པར་ཐལ། ཁྱོད་ཀྱི་འཇིག་པ་ཁྱོད་དང་རྫས་གཅིག་དང་རྫས་གཞན་གང་རུང་དུ་མིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ཞིག་དངོས་ལྷན་གཅིག་འགྱུར་བ་སྤང་། །དངོས་པོ་འཇིག་པ་མེད་པ་སྤང་། །བརྟགས་པའི་ཉེས་པ་མཚུངས་པ་སྤང་། །ཚུལ་དེས་རིགས་ཅན་གཞན་ཡང་ཁེགས་པའོ། །དང་པོ་ནི། འཇིཾག ཤིང་གི་ཞིག་པ་ཆོས་ཅན། རྟག་རྫས་སུ་ཐལ། རྒྱུ་མེད་པར་དངོས་པོར་ཡོད་པའི་ཕྱིར། འདོད་ན། ཞིག་དངོས་ལྷན་ཅིག་ཏུ་འགྱུར་རོ་ཞེ་ན། དེ་ཆོས་ཅན། རྟག་རྫས་མིན་པར་ཐལ། དངོས་པོར་མེད་པའི་ཕྱིར། གཉིས་པ་ནི། མེདཾ། ཤིང་གི་ཞིག་པ་དངོས་པོར་མེད་ན་ཤིང་མི་འཇིག་པར་འགྱུར་རོ་ཞེ་ན། ཤིང་ཆོས་ཅན། ཁྱོད་ཀྱི་ཞིག་པ་དངོས་པོར་མེད་ན་ཁྱོད་མི་འཇིག་པར་ཐལ་བའི་ཉེས་པ་མེད་དེ། ཁྱོད་ཞིག་པ་དོན་གཞན་གྱིས་འཇིག་པར་བྱེད་པ་མིན་པའི་ཕྱིར་རོ། །དངོཾས། ཤིང་གི་ཞིག་པ་རྒྱུ་མེད་དུ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཤིང་གི་དངོས་པོར་གྱུར་པའི་འཇིག་པ་དེ་ཤིང་གི་རྒྱུ་ལས་གཞན་པའི་རྒྱུར་མེད་པ་དང་། ཤིང་གི་ཞིག་པ་དེ་རྒྱུ་གཏན་མེད་དུ་ཤེས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། མེདཾ། ཤིང་གི་ཞིག་པ་ཤིང་དང་རྫས་གཅིག་དང་རྫས་གཞན་བརྟགས་པའི་ཉེས་པ་དེ་ཁྱོད་རང་ལ་ཡང་མཚུངས་སོ་ཞེ་ན། ཆོས་གྲགས་ཆོས་ཅན། ཤིང་གི་འཇིག་པ་ཤིང་དང་རྫས་གཅིག་དང་རྫས་གཞན་བརྟགས་པའི་ཉེས་པས་སུན་དབྱུང་དུ་མེད་པར་ཐལ། ཤིང་གི་ཞིག་པ་དངོས་མེད་དུ་འདོད་པ་གང་ཞིག ཉེས་པ་དེ་ཤིང་གི་ཞིག་པ་དངོས་པོར་འདོད་པ་ཁོ་ན་ལ་འཇུག་པའི་ཕྱིར། མེདཾ། ཤིང་ཞིག་ནས་མེད་པ་ཡིན་ཞེས་གསུངས་པ་ཆོས་ཅན། ཞིག་པ་དངོས་པོ་བ་ལ་དགོངས་ནས་གསུངས་པ་མིན་ཏེ། ཤིང་གི་དངོས་པོ་མེད་པ་ཙམ་ལ་དགོངས་ནས་གསུངས་པའི་ཕྱིར། གལཾ། ཤིང་གི་ཞིག་པ་ཆོས་ཅན། རྒྱུ་ལ་མི་ལྟོས་པར་ཐལ། རྒྱུའི་ནུས་པ་མི་འཇུག་པའི་ཕྱིར། བཞི་པ་ནི། དེཾས། ཤིང་གི་ཞིག་པ་དངོས་མེད་དུ་བསྟན་པའི་རིགས་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། ཞིག་པ་རྒྱུ་མེད་ལ་ཧ་ཅང་ཐལ་བའི་སྐྱོན་གསུམ་བསལ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཇིཾ། དངོས་པོ་ཡིན་ན་མི་རྟག་པ་ཡིན་པས་མ་ཁྱབ་སྟེ། དངོས་པོ་ལ་རྟག་མི་རྟག་གཉིས་ཡོད་པའི་ཕྱིར། དཔེར་ན་སྐྱེ་ལྡན་ལ་ཐོགས་བཅས་ཐོགས་མེད་གཉིས་ཡོད་པ་བཞིན་ནོ་ཞེ་ན། རྒྱུ།ཾ དངོས་པོ་ཆོས་ཅན། ཁྱོད་ལ་རྟག་པའི་དངོས་པོ་མེད་དེ། ཁྱོད་ལ་རྟག་པའི་དངོས་པོ་བསྐྱེད་པའི་རྒྱུ་མེད་པའི་ཕྱིར། ཁྱབ་སྟེ། འབྲས་བུ་རྒྱུ་ལ་ལྟོས་པའི་ཕྱིར། གཉིས་པ་ནི། དེཾ། དངོས་པོ་ལ་མི་རྟག་པས་ཁྱབ་པར་བསྟན་པའི་རིག་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། སྒྲ་དོན་གྱི་འབྲེལ་བ་རྟག་རྫས་ཡིན་པ་ཁེགས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། སྒྲཾ། སྒྲའི་ནུས་པ་རྟག་རྫས་མིན་པར་ཐལ། ནུས་པ་ཅན་གྱི་སྒྲ་རྟག་རྫས་མིན་པའི་ཕྱིར། གཉིས་པ་ཁྱབ་པ་སྒྲུབ་བྱེད་བཅས་པ་དགག་པ་ལ་གསུམ་སྟེ། མ་བྱས་གཏན་ཚིགས་འཁྲུལ་པ་བསྟན། གཏན་ཚིགས་འགལ་བའི་སྐྱོན་ཡང་བསྟན། མི་འཁྲུལ་བ་ཡི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། སྐྱེསཾ། སྐྱེས་བུས་མ་བྱས་པ་ཆོས་ཅན། ཁྱོད་རིག་སྒྲ་ཡང་དག་དོན་ཤེས་ཁོ་ནའི་རྒྱུར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་པར་ཐལ། མེ་དང་ཟླ་བའི་འོད་ཟེར་དེ་ཁྱོད་ཀྱང་ཡིན། ལོག་ཤེས་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་ཡིན་པའི་ཕྱིར། གཉིས་པ་ནི། དེཾ། རིག་བྱེད་ཆོས་ཅན། ཡང་དག་དོན་ཤེས་ཀྱི་རྒྱུར་མི་རུང་བར་ཐལ། རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པ་ཡིན་ན་རང་འབྲས་བསྐྱེད་པའི་ནུས་པ་མེད་པས་ཁྱབ་པའི་ཕྱིར། འོ་ན་ནམ་མཁའ་འཛིན་རྟོག་ནམ་མཁའ་རྟག་པ་ལས་སྐྱེ་བ་མིན་ནམ་ཞེ་ན། རྣམཾ། ནམ་མཁའ་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་རང་རྒྱུ་ནམ་མཁའ་རྟག་པའི་གཟུང་དོན་ཅན་མིན་པར་ཐལ། ཁྱོད་རང་རྒྱུ་རྣམ་རྟོག་ངན་པའི་བག་ཆགས་ལས་བྱུང་བའི་ཕྱིར། གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། གལཾ། གལ་ཏེ་སྐྱེས་བུས་མ་བྱས་པ་དེ་རིག་བྱེད་བདེན་པའི་དོན་ཅན་དུ་སྒྲུབ་པའི་རྗེས་འགྲོ་མེད་ཀྱང་ལྡོག་པ་རྐྱང་པ་ཅན་གྱི་རྟགས་ཡིན་ཏེ། སྐྱེས་བུས་མ་བྱས་པ་དེ་མི་མཐུན་ཕྱོགས་ལོག་པའི་དོན་ཅན་ལས་ལྡོག་པའི་ཕྱིར་ཏེ། སྐྱེས་བུས་མ་བྱས་པ་ལས་ལོག་པའི་དོན་ཅན་གྱིས་ཁྱབ་པ་གང་ཞིག ཁྱབ་བྱེད་གཅིག་གིས་ཁྱབ་བྱ་འགལ་བ་གཉིས་ལ་ཁྱབ་པ་མི་སྲིད་པའི་ཕྱིར་ཞེ་ན། གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་མེད་པས་ལྡོག་པ་མེད། །ཚུལ་གསུམ་ངེས་པ་རྟགས་ལ་དགོས། །ལྡོག་པ་ཡོད་ན་རྗེས་འགྲོ་གྲུབ་པའོ། །དང་པོ་ནི། མེདཾ། སྐྱེས་བུས་མ་བྱས་པ་ཆོས་ཅན། ཁྱོད་རིག་བྱེད་བདེན་པའི་དོན་ཅན་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལས་ལྡོག་པ་མ་ངེས་པར་ཐལ། དེའི་སྒྲུབ་བྱེད་ཡང་དག་མེད་པའི་ཕྱིར། ཁྱབ་བྱེད་གཅིག་གིས་ཁྱབ་བྱ་འགལ་བ་གཉིས་ལ་ཁྱབ་པ་མེད་པ་ཡང་མི་འཐད་པར་ཐལ། རྩོལ་བྱུང་དང་རྩོལ་མ་བྱུང་གི་དངོས་པོ་གཉིས་ལ་མི་རྟག་པས་ཁྱབ་པར་མཐོང་བའི་ཕྱིར། སྐྱེས་བུས་མ་བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་དེ་ལ་མེད་ངེས་སུ་མི་གྲུབ་པར་ཐལ། དེ་ལྟར་གོང་དུ་བཤད་ཟིན་པའི་ཕྱིར། སྐྱེས་བུས་མ་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་རིག་བྱེད་བདེན་པའི་དོན་ཅན་དུ་སྒྲུབ་པའི་ལྡོག་ཁྱབ་མ་ངེས་པར་ཐལ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པར་མ་ངེས་པའི་ཕྱིར། གཉིས་པ་ནི། གལཾ། སྐྱེས་བུས་མ་བྱས་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མིན་པར་ཐལ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ལྡོག་ཚུལ་མ་ངེས་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་ཡང་དག་ཡིན་ན་ཚུལ་གསུམ་ཚད་མས་དྲངས་པའི་ངེས་ཤེས་ཀྱིས་ངེས་དགོས་པའི་ཕྱིར། གསུམ་པ་ནི། གངཾ་། སྐྱེས་བུས་མ་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་རིག་བྱེད་བདེན་པའི་དོན་ཅན་དུ་སྒྲུབ་པའི་རྗེས་འགྲོ་གྲུབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་ལྡོག་པར་ངེས་པའི་ཕྱིར། གསུམ་པ་ཕྱོགས་ཉིད་ཀྱི་ཁྱད་པར་དགག་པ་ལ་བཞི་སྟེ། ཞི་སོགས་འབྲས་བུ་སྟེར་བ་བརྡ་ལ་ལྟོས། ཡི་གེའི་ནུས་པ་ཁོ་ནས་སྟེར་བ་དགག དེ་ཡི་གནས་སྐབས་ཆ་ལ་རྩོད་པ་སྤང་། དེས་ན་ཁྱད་པར་ཅན་གྱི་སྔགས་བྱེད་གྲུབ་པའོ། །དང་པོ་ནི། འགའཾ། རིག་བྱེད་ཀྱི་སྔགས་ཆོས་ཅན། ཁྱོད་སྐྱེས་བུས་མ་བྱས་པ་མིན་ཏེ། ཁྱོད་རང་འབྲས་སྒྲུབ་བྱེད་གང་ཞིག དེ་ཡིན་ན་ཁྱོད་སྐྱེས་བུ་ཁྱད་པར་ཅན་གྱིས་བརྡ་བྱས་པ་ཡིན་དགོས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། གོ་རིམ་ལོག་པས་སྟེར་བར་ཐལ། འབྲས་བུ་རྟག་ཏུ་སྟེར་བར་ཐལ། ཀུན་ལ་འབྲས་བུ་སྟེར་བར་ཐལ་བའོ། །དང་པོ་ནི། ཅིཾ། མ་གྲུབ་སྟེ། བརྡ་ལ་མ་ལྟོས་པ་རིག་བྱེད་ཀྱི་སྔགས་རྟག་དངོས་ཀྱི་ནུས་པ་ཁོ་ན་ལས་འབྲས་བུ་བསྒྲུབ་པའི་ཕྱིར་ཞེ་ན། རིག་བྱེད་ཀྱི་སྔགས་རྟག་པ་ཆོས་ཅན། ཁྱོད་ཀྱི་གོ་རིམ་ལོག་པར་བཟླས་པ་ལའང་ཁྱོད་ཀྱིས་འབྲས་བུ་འགྲུབ་པར་ཐལ། ཁྱོད་ཀྱི་གོ་རིམ་ལོག་མ་ལོག་གི་སྔགས་སྒྲ་རྟག་དངོས་སུ་མཚུངས་པའི་ཕྱིར། རྟགས་ཁྱབ་ཁས། གལ་ཏེ་གོ་རིམ་ལོག་པས་མི་གྲུབ་སྟེ། རིག་བྱེད་ཀྱི་ཡི་གེ་ལས་དོན་གཞན་དུ་གྱུར་པའི་ཡི་གེ་བཀོད་པའི་སྔགས་འབྲས་གྲུབ་པའི་ཕྱིར་ཞེ་ན། རིག་བྱེད་ཀྱི་ཡི་གེ་ཆོས་ཅན། ཁྱོད་ལས་དོན་གཞན་དུ་གྱུར་པའི་ཁྱོད་ཀྱི་བཀོད་པའི་གོ་རིམ་མེད་པར་ཐལ། དེ་སྔར་རིགས་པ་ཡང་དག་གིས་བསལ་ཟིན་པའི་ཕྱིར། གཉིས་པ་ནི། དེཾ། རིག་བྱེད་ཀྱི་སྔགས་ཆོས་ཅན། འདོད་དོན་རྟག་ཏུ་འགྲུབ་པར་ཐལ། འདོད་དོན་སྒྲུབ་བྱེད་ཀྱི་རྟག་པ་ཡིན་པའི་ཕྱིར། རྐྱེན་ལ་ལྟོས་ནས་རིམ་གྱིས་འགྲུབ་པས་སྐྱོན་མེད་དོ་ཞེ་ན། དེ་ཆོས་ཅན། ཁྱོད་རྟག་དངོས་ལ་སྔགས་འབྲས་སྒྲུབ་པའི་ནུས་པ་མེད་པར་ཐལ། ཁྱོད་རྐྱེན་ལ་ལྟོས་ནས་སྔགས་འབྲས་སྒྲུབ་བྱེད་ཡིན་པའི་ཕྱིར། གསུམ་པ་ལ་བཞི་སྟེ། གནོད་བྱེད་ཐལ་བ་དངོས་སུ་བརྗོད། བྱེད་པོའི་ཁྱད་པར་ཡོད་པ་དགག བྱེད་པོ་འདོད་ན་ཁས་བླངས་འགལ། རང་ལ་མཚུངས་པའི་ཉེས་པ་སྤོང་བའོ། །དང་པོ་ནི། གལཾ། རིག་བྱེད་ཀྱི་སྔགས་རྟག་པ་ཆོས་ཅན། བྲམ་ཟེ་དང་གདོལ་པ་ཀུན་གྱི་འདོད་དོན་སྒྲུབ་བྱེད་དུ་ཐལ། ཁྱོད་རྟག་དངོས་ཀྱི་ནུས་པ་ཁོ་ན་ལས་འདོད་དོན་འགྲུབ་པའི་ཕྱིར། གཉིས་པ་ནི། ལེགསཾ། དེ་གཉིས་རིགས་བཟང་ངན་གྱི་ཁྱད་པར་ངོ་བོ་ཉིད་ཀྱིས་གྲུབ་པས་སྔགས་འབྲས་འགྲུབ་མི་འགྲུབ་ཀྱི་ཁྱད་པར་ཡོད་དོ་ཞེ་ན། སྔགས་ཆོས་ཅན། བྱེད་པ་པོ་བཟང་ངན་གྱི་ཁྱད་པར་ལས་འབྲས་བུ་འགྲུབ་མི་འགྲུབ་ཀྱི་ཁྱད་པར་མི་རུང་བར་ཐལ། རྐྱེན་གྱིས་འདུས་བྱས་པ་མིན་པའི་ཕྱིར། ཁྱབ་སྟེ། རྐྱེན་བཟང་ངན་ལས་བྱུང་བའི་འབྲས་བུ་ཁྱད་པར་དེ་ཡིན་ན་འདུས་བྱས་ཡིན་དགོས་པའི་ཕྱིར། བྲམ་ཟེ་དང་གདོལ་པའི་རིགས་བཟང་ངན་གྱི་ཁྱད་པར་དེ་ཆོས་ཅན། ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པར་ཐལ། འཇིག་རྟེན་གྱི་བརྡས་བཞག་པ་ཙམ་ཡིན་པའི་ཕྱིར། གསུམ་པ་ནི། ཁྱདཾ། སྔགས་ཆོས་ཅན། བྲམ་ཟེ་ཁྱོད་ཀྱི་བྱེད་པ་པོ་མི་རུང་བར་ཐལ། ཁྱོད་རྐྱེན་གྱིས་ཁྱད་པར་དུ་བྱ་བར་མི་རུང་བའི་ཕྱིར། གལཾ། གལ་ཏེ་བྲམ་ཟེ་སྔགས་ལ་ཁྱད་པར་གསར་དུ་མི་བྱེད་ཀྱང་སྔགས་མངོན་གསལ་དུ་སྦྱོར་བ་བྱེད་པ་པོ་ཡིན་ནོ་ཞེ་ན། སྔགས་ཆོས་ཅན། ཁྱོད་རྐྱེན་གྱིས་གསལ་བྱ་མིན་པར་ཐལ། ཁྱོད་རྟག་པ་གང་ཞིག རྟག་པ་དང་རྐྱེན་གྱིས་གསལ་བའི་གཞི་མཐུན་བཀག་ཟིན་པའི་ཕྱིར། གངཾ་། སྔགས་སྒྲ་གསལ་བར་ཐོས་པའི་ཉན་བློ་སྐྱེས་པ་དེས་སྔགས་འབྲས་འགྲུབ་བོ་ཞེ་ན། སྔགས་མི་ཟློས་པར་ཉན་པ་པོ་དེ་ཆོས་ཅན། སྔགས་འབྲས་འགྲུབ་པར་ཐལ། སྔགས་སྒྲ་གསལ་བར་ཐོས་པའི་ཉན་བློ་གསལ་བར་སྐྱེས་པའི་ཕྱིར། མངོཾན། སྔགས་ཤུབ་བུས་བཟླས་པ་དང་ཡིད་ཀྱིས་བཟླས་པ་ཆོས་ཅན། སྔགས་འབྲས་མི་གྲུབ་པར་ཐལ། སྔགས་སྒྲ་མངོན་པར་མི་གསལ་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མངོན་གསལ་གྱི་སྒྲ་ཡིན་ན་ཉན་ཤེས་ཀྱི་ཡུལ་ཡིན་དགོས་པའི་ཕྱིར། རྒྱུདཾ། ཤུབ་བུ་དང་ཡིད་ཀྱིས་བཟླས་དུས་ཀྱི་རྟོག་བློ་དེ་སྔགས་སྒྲ་མངོན་གསལ་བ་ཡིན་ཏེ། དེ་སྔགས་སྒྲ་ལས་བརྒྱུད་ནས་སྐྱེས་པའི་ཕྱིར་ཞེ་ན། དེ་ཆོས་ཅན། སྔགས་སྒྲ་རང་མཚན་གྱི་གཟུང་དོན་ཅན་མིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། བཞི་པ་ནི། རཾང་། སྔགས་ཤུབ་བུ་དང་ཡིད་ཀྱིས་བཟླས་པས་སྔགས་འབྲས་མི་འགྲུབ་པར་ཁྱེད་རང་ལ་ཡང་མཚུངས་སོ་ཞེ་ན། སྔགས་ཤུབ་བུ་དང་ཡིད་ཀྱིས་བཟླས་པ་ཆོས་ཅན། སྔགས་འབྲས་འགྲུབ་པ་མི་འགལ་ཏེ། སྔགས་སྒྲ་རང་མཚན་དང་དོན་སྤྱི་གཅིག་ཏུ་ཞེན་པ་སྔགས་བརྡ་བྱེད་པའི་རྗེས་སུ་ཞུགས་ནས་སྔགས་བཟླས་པ་ཡིན་པའི་ཕྱིར། ཁྱོད་ལ་འགལ་ཏེ་སྔགས་བརྡ་རང་མཚན་ཁོ་ན་ལས་སྔགས་འབྲས་གྲུབ་པ་ཡིན་པའི་ཕྱིར་ཏེ། སྔགས་ཡིད་བཟླས་ལ་སྔགས་སྒྲ་རང་མཚན་མེད་པའི་ཕྱིར། གསུམ་པ་དེའི་གནས་སྐབས་ཆ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལཾ། གལ་ཏེ་ཡི་གེ་ལས་དོན་གཞན་པའི་ཡི་གེའི་གོ་རིམ་མེད་ན་ནི་ར་ས་དང་། ས་ར་ཞེས་པའི་ཚིག་ཆོས་ཅན། ཁྱོད་ལས་འབྲས་བུ་རོ་མཚོ་ཐ་དད་དུ་གོ་བ་མེད་པར་ཐལ། ཁྱོད་ཀྱི་གོ་རིམ་ལ་ཁྱད་པར་མེད་པ་གང་ཞིག ཡི་གེ་ལ་ཡང་ཁྱད་པར་མེད་པའི་ཕྱིར་ཞེ་ན། གཉིས་པ་ལ་གསུམ་སྟེ། ཡི་གེའི་རྒྱུ་འབྲས་གོ་རིམ་སྐྱེས་བུས་བྱས། དེས་ན་གོ་རིམ་གཞན་ལ་འབྲས་ཁྱད་ཡོད། ཡི་གེའི་གོ་རིམ་སྐྱེས་བུས་བྱས་པར་བསྒྲུབ་པའོ། །དང་པོ་ནི། དེཾ། ར་ས་དང་ས་ར་ཆོས་ཅན། ཁྱོད་ལ་གོ་རིམ་ཐ་དད་མེད་པའི་རྒྱུ་མཚན་གྱིས་འབྲས་བུའི་ཁྱད་པར་མེད་པ་མིན་པར་ཐལ། ཁྱོད་ལ་སྐྱེས་བུས་བྱས་པའི་གོ་རིམ་ཐ་དད་དུ་ཡོད་པའི་ཕྱིར། འདི་བསྒྲུབ་པ་ལ་གསུམ་ལས། ཀུན་སློང་གི་གོ་རིམ་ཐ་དད་དུ་ཡོད་པ་ནི། ཡིགཾ ར་ས་ཆོས་ཅན། ཁྱོད་དང་ས་ར་གཉིས་ལ་ཀུན་སློང་གི་གོ་རིམ་ཐ་དད་དུ་ཡོད་དེ། ཁྱོད་ལ་ར་ཀུན་སློང་གི་ཤེས་པ་ལས་ཡི་གེ་ར་དང་། ས་ཀུན་སློང་གི་ཤེས་པ་གཉིས་ཅིག་ཅར་དུ་སྐྱེ་བ་གང་ཞིག ས་ར་ལ་དེ་ལས་བཟློག་པའི་ཕྱིར། འབྲས་བུ་ཉན་ཤེས་ཀྱི་གོ་རིམ་ཐ་དད་དུ་ཡོད་པ་ནི། དེཾ། ར་ས་ཆོས་ཅན། ཁྱོད་དང་ར་ས་གཉིས་ལ་འབྲས་བུ་ཉན་ཤེས་ཀྱི་གོ་རིམ་ཐ་དད་དུ་ཡོད་དེ། ཁྱོད་ལ་ར་ཐོས་པའི་ཉན་ཤེས་ཀྱི་རྗེས་སུ་ས་ཐོས་པའི་ཉན་ཤེས་སྐྱེ། ས་ར་ལ་དེ་ལས་བཟློག་པའི་ཕྱིར། དྲན་ཤེས་ཀྱི་གོ་རིམ་ཐ་དད་དུ་ཡོད་པ་ནི། ཤེསཾ། སྔ་མའི་ཉན་ཤེས་ཀྱི་ཚབ་ཏུ་དྲན་ཤེས་སྦྱར་ཏེ་འགོད་དོ། །དེཾ། ར་ས་དང་ས་ར་ཆོས་ཅན། ཁྱོད་ཀྱི་རྒྱུ་འབྲས་ཀྱི་གོ་རིམ་སྐྱེས་བུས་བྱས་ཏེ། ཁྱོད་ལ་རྒྱུ་ཀུན་སློང་དང་འབྲས་བུ་ཉན་ཤེས་དང་དྲན་ཤེས་གཉིས་ཀ་ཐ་དད་དུ་ཡོད་པའི་ཕྱིར། གཉིས་པ་ནི། དེཾ། ར་ས་ཞེས་པའི་ཡི་གེའི་ངོ་བོ་དང་། ས་ར་ཞེས་པའི་ཡི་གེའི་ངོ་བོ་ཆོས་ཅན། རང་བཞིན་གཅིག་མིན་ཏེ། ཀུན་སློང་གི་གོ་རིམ་ཐ་དད་དུ་ཡོད་པའི་རྒྱུ་མཚན་གྱིས་འབྲས་བུ་རོ་མཚོ་ཐ་དད་དུ་གོ་བར་བྱེད་པའི་ཕྱིར། གསུམ་པ་ནི། ཡིཾག ཡི་གེའི་གོ་རིམ་ཆོས་ཅན། སྐྱེས་བུས་བྱས་པ་ཡིན་ཏེ། སྐྱེས་བུའི་འདོད་པའི་བརྡ་སྦྱར་བའི་ཕྱིར། སྐྱེ།ཾ ཡི་གེའི་རིམ་པ་ཀུན་ཆོས་ཅན། སྐྱེས་བུས་བྱས་པ་ཡིན་ཏེ། ཡི་གེའི་རིམ་པ་ཡིན་པའི་ཕྱིར། དཔེར་ན་སྤྱིར་མེ་དང་བུད་ཤིང་རྒྱུ་འབྲས་སུ་གྲུབ་པའི་རྒྱུ་མཚན་གྱིས་རིའི་མེ་ཡང་རང་རྒྱུ་བུད་ཤིང་གི་འབྲས་བུར་གྲུབ་པ་བཞིན་ནོ། །བཞི་པ་ལ་གསུམ་སྟེ། ཤེས་མཐུས་སྐྱེས་བུ་ཁྱད་པར་ཅན་སྒྲུབ་ནུས། ཁྱད་པར་ཅན་མེད་སྒྲུབ་བྱེད་བསལ་བར་ནུས། ཁྱད་པར་ཅན་མེད་གྲུབ་ན་ཁས་བླངས་འགལ་བའོ། །དང་པོ་ནི། ཤེསཾ། སྔགས་ཁྱད་པར་ཅན་སྦྱོར་བའི་སྐྱེས་བུ་ཆོས་ཅན། ཁྱོད་གང་ཟག་ཕལ་པ་ལས་ཁྱད་པར་དུ་འཕགས་པར་གྲུབ་སྟེ། ཁྱོད་ཤེས་མཐུ་ཁྱད་པར་ཅན་དང་ལྡན་པ་གང་ཞིག གང་ཟག་ཕལ་པ་ལ་ཤེས་མཐུ་ཁྱད་པར་ཅན་དེ་མེད་པའི་ཕྱིར། མ་གྲུབ་སྟེ། ནམ་མཁའ་ལྡིང་གི་རྒྱུད་ཤེས་པའི་ཕལ་པས་དུག་ཞི་བ་ལ་སོགས་པའི་སྔགས་སྦྱར་བ་མཐོང་བའི་ཕྱིར་ཞེ་ན། གངཾ་། ནམ་མཁའ་ལྡིང་གི་རྒྱུད་ཤེས་པའི་ཕལ་པས་དུག་ཞི་བ་སོགས་ཀྱི་སྔགས་སྦྱར་པ་དེ་ཆོས་ཅན། ཁྱོད་ནམ་མཁའ་ལྡིང་གི་རྒྱུད་རྩོམ་པ་པོ་ལ་མ་ལྟོས་པར་སྔགས་སྦྱོར་བ་མིན་ཏེ། ཁྱོད་དེས་བཤད་པའི་རིགས་པའི་རྗེས་སུ་ཞུགས་ནས་སྔགས་སྦྱོར་བ་ཡིན་པའི་ཕྱིར། འབྲསཾ། སྔགས་ཆོས་ཅན། ཁྱོད་ཀྱི་འབྲས་བུ་འདོད་པས་ཁྱོད་སྤྱིར་བྱས་པ་དང་། བྱེ་བྲག་ཏུ་སྐྱེས་བུས་བྱས་པ་འདོད་རིགས་ཏེ། ཁྱོད་སྐྱེས་བུས་མ་བྱས་པ་ལས་ཁྱོད་ཀྱི་འབྲས་བུ་མི་འབྱུང་བའི་ཕྱིར། གཉིས་པ་ནི། སྐྱེསཾ། ཤེས་མཐུ་ཁྱད་པར་ཅན་དང་ལྡན་པའི་སྔགས་སྦྱོར་བ་པོ་ཡོད་པར་བསྟན་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། དཔྱོད་པ་བས་བཀོད་པའི་སྐྱེས་བུ་ཁྱད་པར་ཅན་མེད་པའི་སྒྲུབ་བྱེད་ཡང་བསལ་ནུས་པའི་ཕྱིར། ཅི་ལྟར་བསལ་ཞེ་ན། བློཾ། བློ་དང་ལྡན་པ་སོགས་ཆོས་ཅན། ཁྱོད་ཀུན་མཁྱེན་དུ་འདོད་པའི་སྐྱེས་བུ་ཕ་རོལ་པོ་སྐྱེས་བུ་ཁྱད་པར་ཅན་མིན་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་མ་ངེས་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། དོན་ངེས་སྐྱེས་བུས་བརྟག་པ་བརྫུན་པར་ཐལ། ཆགས་སོགས་ལྡན་ལ་དོན་ངེས་རྟོགས་ཁྱད་མེད། བྱེད་ཚིག་ཚད་མ་ཡོད་ན་ཁས་བླངས་འགལ་བའོ། །དང་པོ་ནི། སྒྲ།ཾ རིག་སྒྲ་བདེན་པའི་དོན་ངེས་ཡིན་པ་དེ་ཆོས་ཅན། ཁྱོད་སྐྱེས་བུས་བརྟག་པར་ཐལ། དེ་ཡིན་པའམ་རིག་སྒྲ་རང་ཉིད་ཀྱིས་སྨྲས་པ་གང་རུང་གང་ཞིག ཕྱི་མ་མིན་པའི་ཕྱིར། འདོད་ན། སྐྱེས་བུ་ཆོས་ཅན། རིག་སྒྲ་བདེན་པའི་དོན་ངེས་མི་ཤེས་པར་ཐལ། ཆགས་སོགས་དང་ལྡན་པའི་ཕྱིར། གཉིས་པ་ནི། དེཾ། རྒྱལ་དཔོག་པ་ཆོས་ཅན། ཁྱོད་ཁོ་ནས་རིག་བྱེད་བདེན་པའི་དོན་ངེས་ཡིན་པར་རིག་པ་དེ་མིན་པར་ཐལ། ཁྱོད་ཀྱིས་དེ་རིག་ན་དེ་རིག་པའི་སྐྱེས་བུ་གཞན་ཡང་ཡོད་པར་མཚུངས་པའི་ཕྱིར། གསུམ་པ་ནི། གལཾ། སྐྱེས་བུ་གང་གིས་ཚིག་ཤིན་ལྐོག་ལ་མི་བསླུ་བར་དངོས་སྟོབས་ཚད་མས་གྲུབ་པའི་སྐྱེས་བུ་དེས་རིགས་བྱེད་བདེན་པའི་དོན་ངེས་ཡིན་པར་རིག་གོ་ཞེ་ན། དངོས་སྟོབས་ཚད་མ་ཆོས་ཅན། ཁྱོད་ཀྱིས་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་བར་མི་གྲུབ་པར་ཐལ། ཁྱོད་ཤིན་ཏུ་ལྐོག་གྱུར་ལ་འཇལ་བྱེད་དུ་མི་འཇུག་པའི་ཕྱིར། གངཾ་། ལུང་ཚད་མ་ཆོས་ཅན། ཁྱོད་སྐྱེས་བུས་མ་བྱས་སྒྲུབ་པ་དོན་མེད་པར་ཐལ། ཁྱོད་ཡིན་ན་ཚིག་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་བས་སྐྱེས་བུས་བྱས་པས་ཁྱབ་པའི་ཕྱིར། གལཾ། ཤིན་ཏུ་ལྐོག་གྱུར་གྱི་དོན་རང་གིས་རྟོགས་པའི་སྐྱེས་བུ་ཁྱད་པར་ཅན་འགའ་ཞིག་ཡོད་པར་ཐལ། ཤིན་ཏུ་ལྐོག་གྱུར་ལུང་ལ་མ་ལྟོས་པར་དངོས་སྟོབས་ཚད་མས་གྲུབ་པའི་སྐྱེས་བུ་ཡོད་པའི་ཕྱིར། གསུམ་པ་རྩ་བའི་རྟགས་ཀྱི་བསྒྲུབ་བྱ་དགག་པ་ལ་བཞི་སྟེ། རིག་བྱེད་དོན་ངེས་རྟོགས་པ་མེད་པར་བསྟན། །དེས་ན་དོན་ངེས་སྒྲུབ་བྱེད་ཚད་མ་མེད། །སྒྲུབ་བྱེད་ཡོད་པར་འདོད་པའི་གཞན་ལན་དགག །ངོ་བོ་ཉིད་ཀྱིས་དོན་ངེས་ཡིན་པ་དགག་པའོ། །དང་པོ་ནི། བདཾག རྒྱལ་དཔོག་པ་ཆོས་ཅན། རིག་བྱེད་བདེན་པའི་དོན་ངེས་ཡིན་པར་མི་རྟོགས་པར་ཐལ། རིག་བྱེད་བདེན་པའི་དོན་ངེས་ཡིན་པར་རང་ཉིད་ཀྱིས་ཀྱང་མི་རྟོགས། གང་ཟག་གཞན་ལས་ཀྱང་མི་རྟོགས། རིག་བྱེད་ཉིད་ལས་ཀྱང་མི་རྟོགས་པའི་ཕྱིར། གཉིས་པ་ནི། དེཾ། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་པའི་རིག་བྱེད་ཆོས་ཅན། ཁྱོད་ཀྱི་བརྗོད་དོན་ཡིན་མིན་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་ཐལ། ཁྱོད་ཀྱི་དོན་རྟོགས་པ་མེད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། འཇིག་རྟེན་གྲགས་པས་གྲུབ་པ་དགག རིག་བྱེད་ཉིད་ཀྱིས་སྨྲས་པ་དགག་པའོ། །དང་པོ་ལ་བཞི་སྟེ། གྲགས་པས་ལྐོག་གྱུར་སྒྲུབ་མི་ནུས། །གྲགས་པ་ཉིད་དང་འགལ་བར་བསྟན། །གྲགས་པས་གྲུབ་ན་རང་ཚིག་འགལ། །གྲགས་པ་ཐེ་ཚོམ་རྒྱུ་རུ་བསྟན་པའོ། །དང་པོ་ནི། འཇིགཾ རིག་བྱེད་བདེན་པའི་དོན་ངེས་ཡིན་པར་འཇིག་རྟེན་གྱི་གྲགས་པས་གྲུབ་བོ་ཞེ་ན། འཇིག་རྟེན་པ་ཆོས་ཅན། ཁྱོད་ཀྱི་ཚིག་ལས་རིག་བྱེད་བདེན་པའི་དོན་ངེས་འབྱེད་མི་ནུས་པར་ཐལ། ཁྱོད་ཀྱིས་རིག་བྱེད་ཀྱི་དོན་མཐོང་བ་མེད་པའི་ཕྱིར། གཉིས་པ་ནི། གྲགསཾ། རིག་བྱེད་ཆོས་ཅན། འཇིག་རྟེན་གྱི་གྲགས་པས་ཁྱོད་བདེན་པའི་དོན་ངེས་ཡིན་པར་མི་འགྲུབ་པར་ཐལ། ཁྱོད་ལས་འཇིག་རྟེན་གྲགས་པ་དང་འགལ་བའི་ཐ་སྙད་འབྱུང་བའི་ཕྱིར། གསུམ་པ་ནི། གྲགཾས། དཔྱོད་པ་བ་ཆོས་ཅན། འཇིག་རྟེན་གྱི་གྲགས་པ་ལ་སྡང་འདོད་གཉིས་ཀ་བྱེད་པར་ཐལ། འཇིག་རྟེན་གྱི་གྲགས་པ་ཚད་མར་མི་འདོད་པ་དང་། དེ་ལས་རིག་བྱེད་ཀྱི་དོན་རྟོགས་པ་འདོད་པའི་ཕྱིར། གལཾ། རིག་བྱེད་བདེན་པའི་དོན་ངེས་ཡིན་པར་འཇིག་རྟེན་ན་གྲགས་པ་ལས་བཟློག་སྟེ། ཁས་ལེན་པ་ལ་རྒྱུ་ཅི་ཡོད་ཅེ་ན། འཇིག་རྟེན་གྱི་གྲགས་པ་ཆོས་ཅན། ཁྱོད་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་ལས་རིག་བྱེད་བདེན་པའི་དོན་ངེས་སུ་འཛིན་པ་དེ་མི་འཐད་པར་ཐལ། ཁྱོད་ཚད་མ་མིན་པའི་ཕྱིར། བཞི་པ་ནི། གྲགཾས། འཇིག་རྟེན་གྱི་གྲགས་པ་ཆོས་ཅན། ཁྱོད་ལས་རིག་བྱེད་བདེན་པའི་དོན་ངེས་ཡིན་པ་ལ་ངེས་པ་བསྐྱེད་མི་ནུས་པར་ཐལ། ཁྱོད་ལས་རིག་བྱེད་དོན་སྣ་ཚོགས་ལ་འཇུག་པར་མཐོང་བའི་ཕྱིར། ངེསཾ། བརྗོད་དོན་སྣ་ཚོགས་ལ་འཇུག་པའི་རིག་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་བདེན་པའི་དོན་ངེས་ཡིན་པའི་ཤེས་བྱེད་མ་མཐོང་བས་ཁྱོད་བདེན་པའི་དོན་ངེས་ཡིན་པར་ངེས་པར་མི་འགྲུབ་པར་ཐལ། ཁྱོད་འདོད་དོན་ལས་གཞན་ལ་འཇུག་པ་སྲིད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རིག་བྱེད་ཟོལ་གྱིས་སྐྱེས་བུས་བྱས་པར་གྲུབ། །སྐྱེས་བུས་བྱས་པ་མིན་ན་དོན་ངེས་འགལ་བའོ། །དང་པོ་ནི། འགཾའ། རིག་བྱེད་རང་ཉིད་ཀྱིས་རྒྱལ་དཔོག་པ་ལ་དོན་ངེས་སྟོན་ཅིང་དེས་གཞན་ལ་སྟོན་ཏོ་ཞེ་ན། རྒྱལ་དཔོག་པ་ཆོས་ཅན། རང་ཉིད་ཀྱིས་རིག་བྱེད་བདེན་པའི་དོན་ངེས་སྨྲས་པར་ཐལ། རིག་བྱེད་ཟོལ་གྱིས་རིག་བྱེད་བདེན་པའི་དོན་ངེས་སྨྲས་པའི་ཕྱིར། དཔེར་ན་གཡོན་ཅན་འགའ་ཞིག་སྡོང་དུམ་གྱི་ཟོལ་གྱིས་ལམ་སྨྲ་བ་བཞིན་ནོ། །གཉིས་པ་ནི། ཐམཾས། རིག་བྱེད་ཀྱི་སྒྲ་ཆོས་ཅན། དོན་གཅིག་ཁོ་ན་ལ་འཇུག་པར་མིན་པར་ཐལ། དོན་ཐམས་ཅད་ལ་འཇུག་རུང་ཡིན་པའི་ཕྱིར། དེ་ཆོས་ཅན། བརྗོད་དོན་དང་རང་བཞིན་གྱིས་འབྲེལ་པ་ཚད་མས་མི་ཤེས་པར་ཐལ། བརྗོད་དོན་དང་རང་བཞིན་གྱིས་འབྲེལ་པ་ཚད་མའི་ཡུལ་མིན་པའི་ཕྱིར། བརྗོཾད། དེ་ཆོས་ཅན། དོན་གཅིག་ཁོ་ནའི་རྗོད་བྱེད་མིན་པར་ཐལ། སྐྱེས་བུས་མ་བྱས་པའི་ཕྱིར། ཁྱབ་སྟེ། བརྗོད་བྱ་རྗོད་བྱེད་དུ་འཇོག་པའི་རྒྱུ་མཚན་བརྡ་དེ་སྐྱེས་བུ་ལ་བརྟེན་པའི་ཕྱིར། བཞི་པ་ནི། རངཾ་། དེ་ཆོས་ཅན། བརྗོད་དོན་གཞན་ལ་བརྗོད་འདོད་ཀྱི་དབང་གིས་ཀྱང་འཇུག་ཏུ་མི་རུང་བར་ཐལ། བརྗོད་དོན་གཅིག་ཁོ་ནའི་རྗོད་བྱེད་དུ་རང་བཞིན་གྱིས་ངེས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་དོན་གོ་བ་ལ་བརྡ་དོན་མེད་པར་ཐལ། གཏན་ཚིགས་སྔ་མ་དེའི་ཕྱིར། གལ་ཏེ་བརྡ་ལས་རང་བཞིན་གྱིས་འབྲེལ་བ་གསལ་བར་བྱེད་དོ་ཞེ་ན། བརྡཾ། བརྡ་ཆོས་ཅན། ཁྱོད་ལ་སྒྲ་དོན་རང་བཞིན་གྱིས་འབྲེལ་པ་གསལ་བར་བྱེད་པ་མིན་པར་ཐལ། ཁྱོད་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། གང་ཾ། བརྡ་ཆོས་ཅན། སྒྲ་རང་བཞིན་གྱིས་འཇུག་ཏུ་རུང་བའི་འདོད་དོན་ཁོ་ན་གསལ་བར་བྱེད་པ་མིན་པར་ཐལ། རང་བཞིན་གྱིས་འཇུག་ཏུ་རུང་བའི་དོན་ལ་སྦྱར་བ་མ་ངེས་པའི་ཕྱིར། གཉིས་པ་ཕྱོགས་གཅིག་མི་སླུ་བའི་རྟགས་ཀྱིས་སྒྲུབ་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། གངཾ་། རིག་བྱེད་ཀྱི་སྒྲ་གཞན་ཡང་ཆོས་ཅན། བདེན་པའི་དོན་ཅན་ཡིན་ཏེ། རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་མེ་གྲང་བ་ལས་ཟློག་བྱེད་ཡིན་ཞེས་པའི་རིག་བྱེད་ཀྱི་ངག་བཞིན་ནོ་ཞེ་ན། གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་ལྷག་ལྡན་ཉིད་དུ་བརྟན། བསྒྲུབ་བྱ་ཉིད་ལ་གནོད་པ་བསྟན། ཧ་ཅང་ཐལ་བའི་སྒོ་ནས་དགག་པའོ། །དང་པོ་ནི། རོཾ། རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པ་ཆོས་ཅན། ཁྱོད་མེ་གྲང་བ་ཟློག་བྱེད་ཡིན་ཅེས་པ་ལས་གཞན་པའི་རིག་བྱེད་ཀྱི་ངག་བདེན་པའི་དོན་ཅན་དུ་བསྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་མ་ཞེས་པའི་ཕྱིར། དཔེར་ན་གཟུགས་མཚུངས་པའི་རྟགས་ཀྱིས་དེ་འདྲའི་ཤིང་ཐོག་ལྷག་མ་རོ་འདྲ་བ་སྒྲུབ་པ་དང་། སྣོད་གཅིག་ཏུ་ཚུད་པར་མཚུངས་པའི་རྟགས་ཀྱིས་དེ་འདྲའི་འབྲས་ལྷག་མ་ཚོས་པར་སྒྲུབ་པ་བཞིན་ནོ། །གཉིས་པ་ནི། སྐྱེསཾ། རིག་བྱེད་ཆོས་ཅན། ཚད་མ་གསུམ་དང་འགལ་བའི་དོན་བརྗོད་དེ། སྐྱེས་བུ་རྟག་པ་ལས་བྱེད་པ་པོ་ཡིན་པ་སོགས་དངོས་སྟོབས་རྗེས་དཔག་གི་བསལ་བ་དང་། རང་བློ་རང་ལ་ལྐོག་གྱུར་ཡིན་པ་སོགས་མངོན་སུམ་གྱི་བསལ་བ་དང་། ཁྲུས་ཀྱིས་སྡིག་པ་འདག་པ་སོགས་ཡིད་ཆོས་རྗེས་དཔག་གི་བསལ་བ་རྣམས་བརྗོད་བྱར་བྱེད་པའི་ཕྱིར། འགཾལ། དེས་ན། དཔྱོད་པ་བ་ཆོས་ཅན། མཁས་པའི་བཞད་གད་ཀྱི་གནས་ཡིན་ཏེ། ཚད་མ་གསུམ་དང་འགལ་བ་མ་བསལ་ཞིང་འབྲེལ་སོགས་ཆོས་གསུམ་མ་ཚང་བའི་རིག་བྱེད་བདེན་པའི་དོན་ཅན་དུ་སྨྲས་པའི་ཕྱིར། གསུམ་པ་ནི། གལཾ། སྐྱེས་བུ་ཆོས་ཅན། ཁྱོད་ཀྱིས་སྨྲས་པའི་ཚིག་ཡིན་ན་བདེན་པའི་དོན་ཅན་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱིས་སྨྲས་པའི་ཚིག་ཀྱང་བདེན་པའི་དོན་ཅན་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར། བཞི་པ་དེས་ན་ལུང་ཙམ་བརྗོད་བྱའི་དོན་ལ་འཁྲུལ་པ་ལ་གཉིས་ཏེ། ལུང་ཙམ་དོན་དང་འབྲེལ་པ་མེད། །དེས་ན་བརྗོད་དོན་ངེས་མི་ནུས་པའོ། །དང་པོ་ནི། བརྗོཾད། རྗོད་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་རང་གི་བརྗོད་དོན་དང་འབྲེལ་པ་མེད་པར་ཐལ། ཁྱོད་རང་གི་བརྗོད་དོན་དང་བདག་གཅིག་དེ་བྱུང་གང་རུང་དུ་མ་འབྲེལ་བའི་ཕྱིར། བརྗོདཾ། གལ་ཏེ་དེ་བྱུང་དུ་མ་འབྲེལ་བ་མ་གྲུབ་སྟེ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་རང་གི་བརྗོད་བྱའི་དོན་ལས་བརྒྱུད་ནས་སྐྱེས་པའི་ཕྱིར་ཞེ་ན། བུམ་པ་ཆོས་ཅན། ཁྱོད་ལ་རྟག་ཅེས་པ་དང་། མི་རྟག་ཅེས་པའི་སྒྲ་གཉིས་འཇུག་ཏུ་མི་རུང་བར་ཐལ། ཁྱོད་རྟག་མི་རྟག་གཉིས་ཀའི་གཞི་མཐུན་དུ་མེད་པའི་ཕྱིར། གཉིས་པ་ནི། དེཾ། ལུང་ཙམ་ཆོས་ཅན། ཁྱོད་ཀྱི་རྟགས་ལས་གཞི་འགར་རང་གི་བརྗོད་དོན་སྒྲུབ་མི་ནུས་པར་ཐལ། ཁྱོད་རང་གི་བརྗོད་དོན་དང་མེད་ན་མི་འབྱུང་བའི་འབྲེལ་པ་མ་གྲུབ་པའི་ཕྱིར། དེཾ། དེ་ཆོས་ཅན། ཁྱོད་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་ལོག་པས་སྐལ་དོན་མེད་ངེས་སུ་མི་འགྲུབ་པར་ཐལ། ཁྱོད་ཚད་མ་མིན་པའི་ཕྱིར། དེཾ། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་ཆོས་ཅན། ཁྱོད་ཀྱི་ཚད་མས་མ་དམིགས་པའི་གཞི་འགར་ཤ་ཟ་མེད་ངེས་སུ་མི་འགྲུབ་པར་ཐལ། ཤ་ཟ་ཡོད་ན་ཁྱོད་ཀྱི་ཚད་མས་དམིགས་པས་མ་ཁྱབ་པའི་ཕྱིར། ལྔ་པ་ནང་འགལ་བསྟན་སྟེ་སྨྲ་བ་པོ་ལ་སྨད་པ་ནི། རིཾག ནང་འགལ་སྣ་ཚོགས་སྟོན་པའི་རིག་བྱེད་ཚད་མར་སྨྲས་པ་དང་། སྐྱེས་བུ་རྟག་པ་ལས་བྱེད་པ་པོར་སྨྲས་པ་དང་། ཁྲུས་ཀྱིས་སྡིག་པ་འདག་པར་སྨྲས་པ་དང་། ཡོན་ཏན་མེད་ཀྱང་རིགས་བཟང་པོ་ཡིན་ནོ་ཞེས་དྲེགས་པ་དང་། སེམས་ཀྱི་སྡིག་པ་གཞོམ་པའི་ཆེད་དུ་ལུས་མེ་ལྔ་བསྟེན་པ་སོགས་ཀྱིས་གདུང་བ་རྩོམ་པ་དེ་ཆོས་ཅན། ཁྱོད་བླུན་པོ་རིགས་པ་ཅན་པ་ཤེས་རབ་འཆལ་བ་དང་ལྡན་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་གང་ཞིག ཁྱོད་རང་རྒྱུ་ཤེས་རབ་འཆལ་བའི་འབྲས་བུ་ཡིན་པའི་ཕྱིར། གསུམ་པ་ནི་ཚད་མ་སོགས་སོ། །ལེའུ་དང་པོའི་རྣམ་པར་བཤད་པའོ།། །།གཉིས་པ་དོན་དང་དོན་མིན་རྣམ་པར་འབྱེད་བྱེད་ཚད་མ་གྲུབ་པ་བཤད་པ་ལ་གསུམ་སྟེ། ཐོག་མར་འབྲེལ་གྱི་མཚམས་སྦྱར་བསྟན། བར་དུ་ལེའུའི་གཞུང་ཉིད་བཤད། ཐ་མར་མཚན་གྱི་མཇུག་སྡུད་བསྟན་པའོ། །དང་པོ་ནི། མདོའི་མཆོད་བརྗོད་ཀྱི་ཚིག་རྐང་དང་པོ་གཉིས་བཤད་པའི་སྒོ་ནས་དོན་དང་དོན་མིན་པ་རྣམ་པར་འབྱེད་བྱེད་བཤད་པ་ལ་དེའི་རྒྱུའི་གཙོ་བོ་རང་དོན་རྗེས་དཔག་ཐོག་མར་བཤད་ཟིན་ནས། ད་ནི་དོན་དང་དོན་མིན་པ་རྣམ་པར་འབྱེད་བྱེད་དངོས་འཆད་དོ། །གཉིས་པ་ལ་གསུམ་སྟེ། བསྒྲུབ་བྱ་ཚད་མར་གྱུར་པ་བཤད། །དེ་ཡི་སྒྲུབ་བྱེད་ཕུན་ཚོགས་བཤད། །ཚད་མས་བསྟོད་པའི་དགོས་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། བཅོམ་ལྡན་སྐྱེས་བུ་ཚད་མར་བསྟན། །གྱུར་པ་སྨོས་པའི་དགོས་པ་བཤད་པའོ། །དང་པོ་ལ་གསུམ་སྟེ། མདོ་ལས་བྱུང་བའི་མཚན་ཉིད་བཤད། །རང་གཞུང་གཞན་དང་འགལ་བ་སྤང་། །དེ་ཉིད་སྐབས་ཀྱི་དོན་ལ་སྦྱར་བའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དོན་དང་བཅས་པ་བཤད། །མཚན་ཉིད་དེ་ཡི་སྐྱོན་གསུམ་སྤང་། །མཚན་གཞིའི་སྟེང་དུ་ངེས་བྱེད་བཤད་པའོ། །དང་པོ་ནི། ཚདཾ། མི་སླུ་བའི་ཤེས་པ་ཆོས་ཅན། ཚད་མའི་མཚན་ཉིད་ཡིན་ཏེ། ཚད་མའི་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པའི་ཕྱིར། མི་སླུ་བའི་དོན་གང་ཞེ་ན། ཐོག་མར་ཀུན་ཏུ་ཐ་སྙད་པའི་ཚད་མ་ལ་མཚོན་ན། མེ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་མི་སླུ་བ་ཁྱད་པར་གསུམ་ལྡན་ཡིན་ཏེ། ཁྱོད་རང་ཡུལ་དོན་བྱེད་ནུས་པ་ལ་དེར་གཞལ་བའི་ཚད་མ་ཡིན་པའི་ཕྱིར། གཉིས་པ་ནི། སྔར་གྱི་མཚན་ཉིད་དེ་ལ་མ་ཁྱབ་པའི་སྐྱོན་ཡོད་དེ། དེས་སྒྲ་བྱུང་གི་ཚད་མ་ལ་མ་ཁྱབ་པའི་ཕྱིར་ཞེ་ན། སྒྲ།ཾ སྒྲ་བྱུང་གི་ཚད་མ་ལ་གཉིས་ལས། བུམ་པ་ཞེས་པའི་ཚིག་གི་རྟགས་ལས། དེ་སྨྲ་བའི་ལྷས་བྱིན་ཀུན་སློང་གི་བསམ་ལྡན་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ལ་མི་སླུ་བས་མ་ཁྱབ་པའི་སྐྱོན་མེད་དེ། ཁྱོད་བུམ་པ་ཞེས་པའི་ཚིག་སྨྲ་བའི་ལྷས་བྱིན་གྱི་རྒྱུད་ཀྱི་ཀུན་སློང་གི་བསམ་པ་ལ་མི་སླུ་བའི་ཕྱིར། དོཾན། བུམ་པ་ཞེས་པའི་ཚིག་གི་རྟགས་ལས་དེ་དང་ལྡན་པའི་ཤེར་གཞིར་བརྗོད་དོན་བུམ་པ་ཡོད་པར་རྟོགས་པའི་བློ་ཆོས་ཅན། ཁྱོད་ལ་མི་སླུ་བས་མ་ཁྱབ་པས་ཚད་མའི་མཚན་ཉིད་ལ་མི་སླུ་བས་མ་ཁྱབ་པའི་སྐྱོན་ཡོད་པ་མིན་ཏེ། ཁྱོད་ཚད་མ་མིན་པའི་ཕྱིར། རྗེས་ཀྱི་ངེས་ཤེས་ལ་ཁྱབ་ཆེས་པའི་སྐྱོན་ཡོད་དོ་ཞེ་ན། གཟུངཾ་། སྔོ་འཛིན་དབང་མངོན་གྱི་རྗེས་སུ་སྐྱེས་པའི་སྔོན་པོ་ངེས་པའི་ངེས་ཤེས་ཆོས་ཅན། ཁྱོད་མི་སླུ་བའི་ཤེས་པ་མིན་ཏེ། ཁྱོད་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་བསྣན་པ་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། དབང་པོ་གཟུགས་ཅན་པ་ལ་མི་སྲིད་པའི་སྐྱོན་ཡོད་དེ། མཚན་ཉིད་ཀྱི་ཟུར་ཤེས་པ་དེ་དབང་པོ་གཟུགས་ཅན་པ་ལ་མི་སྲིད་པའི་ཕྱིར་ཞེ་ན། བློཾ། དབང་པོ་གཟུགས་ཅན་པ་ཆོས་ཅན། ཁྱོད་ལ་ཤེས་པ་མི་སྲིད་པས་ཚད་མའི་མཚན་ཉིད་ལ་མི་སྲིད་པས་སྐྱོན་ཡོད་པ་མིན་ཏེ། ཁྱོད་ཚད་མ་མིན་དགོས་པའི་ཕྱིར་ཏེ། ཁྱོད་བློ་མིན་པའི་ཕྱིར། ཁྱབ་སྟེ། ཆོད་པའི་ཚད་མའི་འབྲས་བུ་སྒྲུབ་པ་ལ་ཡང་བློ་གཙོ་བོ་ཡིན་པའི་ཕྱིར་དང་། མ་ཆོད་པའི་ཚད་མའི་འབྲས་བུ་སྒྲུབ་པ་ལ་ཡང་བློ་གཙོ་བོ་ཡིན་པའི་ཕྱིར། གསུམ་པ་ནི། ཚད་མའི་མཚན་ཉིད་ཀྱི་ཟུར་གཉིས་པོ་མཚན་གཞིའི་སྟེང་དུ་ཇི་ལྟར་ངེས་སྙམ་ན། རཾང་། ཀུན་ཏུ་ཐ་སྙད་པའི་ཚད་མ་ཆོས་ཅན། ཁྱོད་ཤེས་པ་ཡིན་པའི་དོན་ངེས་བྱེད་ཡོད་དེ། ཁྱོད་མྱོང་རང་རིག་མངོན་སུམ་དེས་ཁྱོད་ཤེས་པ་ཡིན་པའི་དོན་ལ་ངེས་པར་རང་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཕྱིར། ཐཾ། དེ་ཆོས་ཅན། ཁྱོད་མི་སླུ་བ་ཡིན་པར་ངེས་བྱེད་ཡོད་དེ། རང་སྟོབས་གཞན་སྟོབས་གང་རུང་གིས་དྲངས་པའི་ཁྱོད་ཀྱི་རྗེས་ཀྱི་ངེས་ཤེས་དེས་ཁྱོད་མི་སླུ་བ་ཡིན་པར་ངེས་པའི་ཕྱིར། བསྟནཾ། ཚད་མའི་མཚན་ཉིད་འཆད་པའི་བསྟན་བཅོས་ཆོས་ཅན། དགོས་པ་ཡོད་དེ། ཚད་མའི་མཚན་ཉིད་ཡིན་མིན་ལ་རྨོངས་པ་བཟློག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་སློབ་དཔོན་ཕྱོགས་གླང་གིས་གཞུང་གི་ཆ་འགའ་ཞིག་ལས་མ་ཤེས་དོན་གསལ་ཚད་མའི་མཚན་ཉིད་དུ་གསུངས་པ་དང་འགལ་ལོ་ཞེ་ན། མཾ། མ་ཤེས་དོན་གྱི་གསལ་བྱེད་ཆོས་ཅན། མི་སླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་པ་དང་། ཁྱོད་ཚད་མའི་མཚན་ཉིད་ཡིན་པ་མི་འགལ་ཏེ། ཁྱོད་དང་དེ་གཉིས་མཚོན་བྱ་གཅིག་གིས་མཚོན་པར་བྱེད་པའི་མཚན་ཉིད་རང་ལྡོག་ཐ་དད་ཡིན་པའི་ཕྱིར། རཾང་། འོ་ན་མིག་ཤེས་སྔོ་འཛིན་མངོན་སུམ་གྱི་རྗེས་སུ་སྔོན་པོ་ངེས་པའི་ངེས་ཤེས་དེ་མ་ཤེས་དོན་གྱི་གསལ་བྱེད་ཡིན་པར་ཐལ། དེས་སྔོན་པོའི་སྤྱི་སྔར་མ་ཤེས་པ་གསར་དུ་ཤེས་པ་ཡིན་པའི་ཕྱིར་ཞེ་ན། རཾང་། ཕྱོགས་གླང་ཆོས་ཅན། སྔོན་པོའི་སྤྱི་གསར་དུ་ཤེས་པ་ལ་དགོངས་ནས་མ་ཤེས་དོན་གྱི་གསལ་བྱེད་གསུངས་པ་མིན་པར་ཐལ། ཀུན་ཏུ་ཐ་སྙད་པའི་ཚད་མ་ཡིན་ན་རང་མཚན་ཡོད་མེད་གང་རུང་དུ་གསར་དུ་ཤེས་པ་ལ་དགོངས་ནས་དེ་ལྟར་བཤད་པའི་ཕྱིར། གསུམ་པ་ནི། དེཾ། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། སྐྱེས་བུ་ཚད་མ་ཡིན་ཏེ། སྐྱེས་བུ་གང་ཞིག གདུལ་བྱའི་དོན་ལ་མི་སླུ་བ་ཡིན་པའི་ཕྱིར། གཉིས་པ་གསུམ་སྟེ། རང་བྱུང་དགག་ཕྱིར་གྱུར་པ་སྨོས། །ཚད་མ་ཐབས་ལ་ལྟོས་པར་གྲུབ། །རང་བྱུང་དགག་པ་རྒྱས་པར་བཤད་པའོ། །དང་པོ་ནི། མཾ། མདོའི་མཆོད་བརྗོད་དུ་གྱུར་པ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རང་བྱུང་གི་ཚད་མ་བཟློག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དེཾ། བཅོམ་ལྡན་འདས་ཆོས་ཅན། སྒྲུབ་བྱེད་ལ་ལྟོས་ནས་སྐྱེས་བུ་ཚད་མར་གྱུར་པ་ཡིན་ཏེ། སྐྱེས་བུ་ཚད་མ་གང་ཞིག རང་བྱུང་གི་ཚད་མ་བཀག་ཟིན་པའི་ཕྱིར། གསུམ་པ་ལ་བཞི་སྟེ། རྟག་པ་རང་བྱུང་ཚད་མ་དགག །མི་རྟག་རང་བྱུང་ཚད་མ་དགག །རང་བྱུང་ཡོད་པའི་སྒྲུབ་བྱེད་དགག །རང་བྱུང་ཉིད་ཀྱི་བྱེད་ལས་དགག་པའོ། །དང་པོ་ནི། རང་བྱུང་གི་ཚད་མ་དགག་པའི་དོན་དུ་གྱུར་པ་སྨོས་པ་མི་རིགས་ཏེ། དབང་ཕྱུག་དེ་རྟག་པ་རང་བྱུང་གི་ཚད་མ་ཡིན་པའི་ཕྱིར་ཞེ་ན། ཚདཾ། ཚད་མ་ཆོས་ཅན། ཁྱོད་རྟག་པ་མེད་པར་ཐལ། ཁྱོད་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། ཡུལ་དེ་མི་རྟག་པ་ཡིན་ན་ཡུལ་ཅན་དེ་མི་རྟག་པ་ཡིན་དགོས་པའི་ཕྱིར། གལ་ཏེ་ཚད་མ་མི་རྟག་ཀྱང་ཚད་མ་ཅན་གྱི་སྐྱེས་བུ་མི་རྟག་པ་མིན་པ་དེ་ལས་ཚད་མ་སྐྱེའོ་ཞེ་ན། རིམཾ། ཚད་མ་ཆོས་ཅན། སྐྱེས་བུ་རྟག་པ་ལས་སྐྱེ་བ་མི་འཐད་པར་ཐལ། རིམ་བཞིན་སྐྱེ་བའི་ཕྱིར། རྐྱེན་ལ་ལྟོས་པས་ཚད་མ་རིམ་བཞིན་བསྐྱེད་པའི་སྐྱོན་མེད་དོ་ཞེ་ན། སྐྱེས་བུ་ཆོས་ཅན། རྐྱེན་ལ་ལྟོས་ནས་ཚད་མ་རིམ་བཞིན་བསྐྱེད་པ་མི་རུང་བར་ཐལ། རྐྱེན་གྱིས་ཕན་གདགས་བྱ་མིན་པའི་ཕྱིར། གཉིས་པ་ནི། དབང་ཕྱུག་མི་རྟག་པ་རང་བྱུང་གི་ཚད་མ་ཡིན་ནོ་ཞེ་ན། མིཾ། དབང་ཕྱུག་མི་རྟག་པ་ཆོས་ཅན། ཁྱོད་སྐྱེས་བུ་ཚད་མ་མིན་པར་ཐལ། ཁྱོད་སྐྱེས་བུ་ཚད་མ་ཡིན་པའི་སྒྲུབ་བྱེད་ཚད་མ་མེད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། སྡོདཾ། གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། འཇིག་རྟེན་གྱི་གནས་ལུས་ཆོས་ཅན། སྐྱེས་བུ་ཁྱད་པར་ཅན་གྱི་བློ་སྔོན་དུ་སོང་བ་ཡིན་ཏེ། སྡོད་ཅིང་འཇུག་པའི་ཕྱིར་དང་། དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་དང་། དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། བསྒྲུབ་བྱའི་དོན་ལ་བརྟགས་ནས་དགག སྒྲུབ་པར་བྱེད་ལ་བརྟགས་ནས་དགག་པའོ། །དང་པོ་ནི། འདོདཾ། སྡོད་འཇུག་སོགས་ཆོས་ཅན། ཁྱོད་དེ་ལྟར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། ཁྱོད་ཀྱིས་འཇིག་རྟེན་གྱི་གནས་ལུས་སྐྱེས་བུའི་བློ་སྔོན་དུ་སོང་བ་ཙམ་སྒྲུབ་ན། ཕྱི་རྒོལ་ལ་གྲུབ་ཟིན། དབང་ཕྱུག་གི་བྱས་པར་གྲུབ་ན། མཐུན་དཔེ་ཡང་དག་མ་གྲུབ་པའི་ཕྱིར། གཉིས་པ་ལ་བཞི་སྟེ། སྒྲུབ་བྱེད་སྤྱི་ཙམ་འཁྲུལ་པར་བསྟན། །བྱེ་བྲག་དབྱིབས་ལྡན་བརྟགས་ནས་དགག །ཚུལ་དེས་རིགས་ཅན་གཞན་ཡང་ཁེགས། །དེ་ཡིས་གྲུབ་པའི་འཕྲོས་དོན་བཤད་པའོ། །དང་པོ་ནི། ཡངཾ་། སྡོད་འཇུག་སོགས་ཆོས་ཅན། ཁྱོད་ཀྱིས་འཇིག་རྟེན་གྱི་གནས་ལུས་དབང་ཕྱུག་གིས་བྱས་པར་སྒྲུབ་པའི་ཁྱབ་པ་མ་ངེས་ཏེ། དབང་ཕྱུག་དེ་ཁྱོད་མིན་པའི་ཕྱིར། རྟགས་ཁས། གཉིས་པ་ལ་གཉིས་ཏེ། དབྱིབས་ཀྱི་དོན་ལ་བརྟགས་ནས་དགག །དབྱིབས་ཀྱི་མིང་ལ་བརྟགས་ནས་དགག་པའོ། །དང་པོ་ནི། བྱིནཾ། རང་བྱེད་པ་པོའི་སྐྱེས་བུ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་དབྱིབས་དེ་ཆོས་ཅན། ཁྱོད་འཇིག་རྟེན་གྱི་གནས་ལུས་སོགས་སྐྱེས་བུས་བྱས་པར་སྒྲུབ་པའི་གཏན་ཚིགས་མིན་ཏེ། ཁྱོད་ཀྱི་རྟགས་ལས་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། ཐཾ། སྐྱེས་བུས་བྱས་པའི་དབྱིབས་དང་དབྱིབས་ཙམ་དུ་མཚུངས་པ་དེ་ཆོས་ཅན། ཁྱོད་དེ་ལྟར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་མ་ངེས་པའི་ཕྱིར། སྐྱ་བོའི་རྫས་ལས་མེ་སྒྲུབ་པ་བཞིན་ནོ། །མ་གྲུབ་ན། དེཾ། གྲོག་མཁར་ཆོས་ཅན། རྫ་མཁན་གྱིས་བྱས་པར་ཐལ། རྫ་བུམ་དང་འཇིམ་པའི་རྣམ་འགྱུར་དུ་མཚུངས་པའི་ཕྱིར། དབྱིབས་ཙམ་རྟགས་སུ་བཀོད་པ་ལ་ཁྱད་པར་བརྟགས་ནས་སྐྱོན་བརྗོད་པ་འདི་འབྲས་མཚུངས་ཀྱི་ལྟག་ཆོད་དུ་འགྱུར་རོ་ཞེ་ན། སྒྲུབཾ། དབྱིབས་ལྡན་ཆོས་ཅན། ཁྱོད་ཀྱི་ཁྱད་པར་བརྟགས་ནས་འཇིག་རྟེན་གྱི་གནས་ལུས་སྐྱེས་བུས་བྱས་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་མི་རུང་བར་བསྟན་པའི་རིགས་པ་དེ་འབྲས་མཚུངས་ཀྱི་ལྟག་ཆོད་མིན་ཏེ། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་སུ་མི་རུང་བའི་ཕྱིར། བྱས་པ་ཆོས་ཅན། ཁྱོད་ཀྱི་ཁྱད་པར་བརྟགས་ནས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་མི་རུང་བར་སྒྲུབ་པའི་རིགས་པ་དེ་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། གཉིས་པ་ནི། དབྱིབས་ལྡན་གྱི་དོན་དབྱིབས་ཞེས་སྒྲ་འཇུག་པ་ལ་བྱེད་དོ་ཞེ་ན། རིཾགས། དབྱིབས་ཞེས་སྒྲ་འཇུག་པ་དེ་ཆོས་ཅན། ཁྱོད་འཇིག་རྟེན་གྱི་གནས་ལུས་སྐྱེས་བུས་བྱས་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། སྐྱེས་བུས་མ་བྱས་པའི་རི་བོ་དེ་ཁྱོད་ཡིན་པའི་ཕྱིར། དཔེར་ན་གོ་ཞེས་པའི་སྒྲ་འཇུག་པའི་རྟགས་ལས་ངག་སོགས་དོན་དགུ་པོ་རྭ་ཅན་དུ་སྒྲུབ་པ་བཞིན་ནོ་ཞེས་བརྗོད། སྐྱེས་བུ་ཆོས་ཅན། ཁྱོད་ཀྱི་དོན་ཐམས་ཅད་འབད་མེད་དུ་གྲུབ་པར་ཐལ། ཁྱོད་ཀྱི་དོན་ཞེས་པའི་སྒྲ་ཡོད་ན། ཁྱོད་ཀྱི་དོན་ཡོད་པས་ཁྱབ་པའི་ཕྱིར། གསུམ་པ་ནི། འདིསཾ། དབྱིབས་ཀྱི་མིང་དོན་སོ་སོར་བརྟགས་ནས་སྣོད་བཅུད་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡིན་པ་འགོག་པའི་རིགས་པ་དེ་ཆོས་ཅན། སེར་སྐྱ་པས་སྐྱེ་འཇིག་ཅན་དེ་བློ་བདེ་སེམས་མེད་དུ་སྒྲུབ་པ་དང་། གཅེར་བུ་པས་ཤུན་པ་ཤུན་ནས་འཆི་བ་དེ་ཤིང་སེམས་ལྡན་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འདོད་པ་ཡང་བཀག་པ་ཡིན་ཏེ། རྟགས་ཀྱི་དོན་རྩོད་གཞི་ལ་མ་གྲུབ་པ་གཏན་ཚིགས་ཡང་དག་ཏུ་མི་རུང་བར་བསྟན་པའི་ཕྱིར། བཞི་པ་ལ་གཉིས་ཏེ། རྟགས་ཀྱི་ངོ་བོར་གཙོ་བོར་གྲུབ། མིང་ལས་དོན་ཉིད་གཙོ་བོར་གྲུབ་པའོ། །དང་པོ་ནི། དངཾོས། རྟགས་སུ་དགོད་བྱའི་ངོ་བོ་རྩོད་གཞི་ལ་གྲུབ་ན། ཁྱད་པར་མ་གྲུབ་ཀྱང་ཕྱོགས་ཆོས་གྲུབ་པ་ལ་མི་གནོད་དེ། ནམ་མཁའི་ཡོན་ཏན་གྱི་བྱས་པ་སྒྲ་ལ་མ་གྲུབ་ཀྱང་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་པའི་ཕྱིར། གཉིས་པ་ནི། སྒྲ།ཾ རྟགས་ཀྱི་མིང་རྩོད་གཞི་ལ་མ་གྲུབ་ཀྱང་། དོན་རྩོད་གཞི་ལ་རྒོལ་ཕྱིར་རྒོལ་གཉིས་ཀྱི་ངོར་གྲུབ་ན། ཕྱོགས་ཆོས་གྲུབ་པར་འགྱུར་ཏེ། སངས་རྒྱས་པས་བྱེ་བྲག་པའི་ངོར། འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པ་ལ་ལུས་ཅན་བཀོད་པའི་ཚེ། དེ་དེ་སྒྲུབ་ཀྱི་རྟགས་སུ་འགྱུར་བའི་ཕྱིར། དེཾ། རྟགས་སུ་དགོད་བྱའི་དོན་སྒྲུབ་ཆོས་ལ་འཁྲུལ་པ་སོགས་ཡིན་ན་གཏན་ཚིགས་ཡང་དག་ཏུ་མི་འགྱུར་ཏེ། རྟགས་ཀྱི་དོན་ལས་བསྒྲུབ་བྱའི་དོན་སྒྲུབ་དགོས་པའི་ཕྱིར་རོ། །འགྲོཾ། དཔེར་ན་དཀར་ཟལ་རྭ་ཅན་དུ་སྒྲུབ་པ་ལ་འགྲོ་བ་རྟགས་སུ་བཀོད་པ་དང་། ས་སྲུང་གླང་ཆེན་དུ་སྒྲུབ་པ་ལ་ལག་ལྡན་བཀོད་པའི་ཚེ། འགྲོ་བ་དང་ལག་ལྡན་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མིན་ཏེ། ཁྱོད་ཡིན་ན་རྭ་ཅན་དང་གླང་ཆེན་ཡིན་པས་མ་ཁྱབ་པའི་ཕྱིར། སོ་སོར་ཕྲལ་ལ་དགོད། བཞི་པ་རང་བྱུང་ཉིད་ཀྱི་བྱེད་ལས་དགག་པ་ལ་བཞི་སྟེ། གཅིག་ལ་རྒྱུ་དང་རྒྱུ་མིན་འགལ། །ལྡོག་པ་མེད་ཀྱང་རྒྱུར་མི་འཐད། །རྗེ་འགྲོ་མེད་པས་རྒྱུར་མི་འཐད། །སྔ་མའི་གཏན་ཚིགས་མ་ངེས་སྤང་བའོ། །དང་པོ་ནི། ཇིཾ། དབང་ཕྱུག་ཆོས་ཅན། མྱུ་གུ་མི་སྐྱེད་པའི་ཚེ་ན་ཡང་མྱུ་གུའི་རྒྱུ་ཡིན་པར་ཐལ། མྱུ་གུའི་རྒྱུར་གྱུར་པའི་རྟག་པ་ཡིན་པའི་ཕྱིར། གངཾ་། དེ་ཆོས་ཅན། མྱུ་གུ་བསྐྱེད་པའི་ཚེ་ན་ཡང་མྱུ་གུའི་རྒྱུ་མིན་པར་ཐལ། མྱུ་གུ་བསྐྱེད་པའི་ཚེ་ནའང་མྱུ་གུ་མི་སྐྱེད་པའི་རང་བཞིན་ལས་ཁྱད་པར་མེད་པའི་ཕྱིར། མཚོཾན། ཁྱབ་སྟེ། གཞན་དུ་ན་སྡོང་དུམ་ཡང་ནག་པའི་རྨ་སྐྱེ་བ་དང་། འདྲུབ་པའི་རྒྱུར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། འོ་ན་དེ་གཉིས་ཀྱི་རྒྱུ་གང་ཞེ་ན། ནག་པ་ཆོས་ཅན། ཁྱོད་ཀྱི་རྨ་སྐྱེ་བ་དང་འདྲུབ་པའི་རྒྱུ་ཡོད་དེ། རང་རྒྱུ་མཚོན་སོགས་ལས་ཁྱོད་ཀྱི་རྨ་སྐྱེ་བ་འབྱུང་། རང་རྒྱུ་སྨན་སོགས་ལས་ཁྱོད་ཀྱི་རྨ་འདྲུབ་པ་འབྱུང་བའི་ཕྱིར། གཉིས་པ་ནི། རྟགཾ དབང་ཕྱུག་ཆོས་ཅན། ཁྱོད་ལ་མྱུ་གུ་བསྐྱེད་པའི་ནུས་པ་མེད་པ་ཐལ། ཁྱོད་ལྡོག་པའི་སྟོབས་ཀྱིས་མྱུ་གུ་ལྡོག་པ་མེད་པའི་ཕྱིར། གསུམ་པ་ནི། གངཾ་། མྱུ་གུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཐུག་མེད་དུ་འགྱུར་བར་ཐལ། ཁྱོད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མིན་པའི་ཕྱིར་ཏེ། དབང་ཕྱུག་དེ་ཡང་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར། བཞི་པ་ལ་གཉིས་ཏེ། ཕྱིའི་དཔེ་ཡིས་མ་ངེས་སྤོང་། །ནང་གི་དཔེ་ཡིས་མ་ངེས་སྤོང་བའོ། །དང་པོ་ནི། གཏན་ཚིགས་སྔ་མ་མ་ངེས་ཏེ། མྱུ་གུ་བསྐྱེད་པའི་ས་སོགས་དེ་མྱུ་གུ་མི་སྐྱེད་པའི་ས་སོགས་ལས་རང་བཞིན་ཁྱད་པར་མེད་ཀྱང་མྱུ་གུའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། མྱུ།ཾ མྱུ་གུ་བསྐྱེད་པའི་ས་སོགས་ཆོས་ཅན། ཁྱོད་མྱུ་གུའི་རྒྱུར་གྱུར་པ་ལ་མྱུ་གུ་མི་བསྐྱེད་པའི་ས་སོགས་ལས་ཁྱད་པར་དུ་འགྱུར་བ་དགོས་ཏེ། ཁྱོད་རྐྱེན་གྱིས་ལེགས་པར་བྱས་པའི་ཁྱད་པར་ལས་མྱུ་གུ་བཟང་བའི་ཁྱད་པར་མཐོང་བའི་ཕྱིར་རོ། །གཉིས་པ་ནི། གལཾ། ཡང་སྔ་མའི་གཏན་ཚིགས་མ་ངེས་ཏེ། དབང་ཤེས་རྐྱེན་གསུམ་ཚོགས་པ་དེ་དབང་ཤེས་ཀྱི་རྐྱེན་གསུམ་མ་ཚོགས་པའི་རང་བཞིན་ལས་ཁྱད་པར་མེད་ཀྱང་དབང་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེ་ན། མིནཾ། དབང་ཤེས་ཀྱི་རྐྱེན་གསུམ་ཆོས་ཅན། ཁྱོད་ཚོགས་པ་དེ་ཁྱོད་མ་ཚོགས་པ་ལས་རང་བཞིན་ཁྱད་པར་མེད་པའི་རྒྱུ་མཚན་གྱིས་མྱུ་གུའི་རྒྱུར་གྱུར་པའི་དབང་ཕྱུག་མྱུ་གུ་མི་སྐྱེད་པ་ལས་ཁྱད་པར་མེད་ཀྱང་མྱུ་གུའི་རྒྱུར་སྒྲུབ་མི་ནུས་པར་ཐལ། ཁྱོད་ཚོགས་པ་དེ་ཡང་ཁྱོད་མ་ཚོགས་པ་ལས་ཁྱད་པར་ཡོད་པའི་ཕྱིར་རོ། །སོཾ། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཚོགས་པ་དེ་ཁྱོད་མ་ཚོགས་པ་ལས་ཁྱད་པར་མེད་ན་ཁྱོད་ཚོགས་པ་ལས་དབང་ཤེས་བསྐྱེད་པའི་ནུས་པ་མེད་པར་ཐལ་བའི་ཕྱིར་རོ། །དེཾ། མྱུ་གུ་དང་དབང་ཤེས་སོགས་ཆོས་ཅན། ཁྱོད་ཀྱི་རྒྱུ་རྐྱེན་ཚོགས་པ་དེ་ཁྱོད་ཀྱི་རྒྱུ་ཡིན་ཏེ། ཁྱོད་ཀྱི་རྒྱུ་རྐྱེན་ཚོགས་མ་ཚོགས་ལས་ཁྱོད་བསྐྱེད་མི་བསྐྱེད་ཀྱི་ཁྱད་པར་ཡོད་པའི་ཕྱིར། དེ་ཆོས་ཅན། དབང་ཕྱུག་སོགས་ཁྱོད་ཀྱི་རྒྱུ་མིན་ཏེ། དབང་ཕྱུག་སོགས་ཡོད་མེད་ལ་ཁྱོད་སྐྱེ་མི་སྐྱེ་བའི་ཁྱད་པར་མེད་པའི་ཕྱིར། གཉིས་པ་དེའི་སྒྲུབ་བྱེད་ཕུན་ཚོགས་བཤད་པ་ལ་གཉིས་ཏེ། སྒྲུབ་བྱེད་མེད་པའི་ལོག་རྟོག་བརྗོད། ལོག་རྟོག་བཀག་ནས་སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། ཚདཾ། དཔྱོད་པ་བ་སོགས་ན་རེ། བཅོམ་ལྡན་འདས་ལ་ཚད་མ་ཞེས་དང་། གྱུར་པ་ཞེས་གཉིས་ཀ་ཡང་མི་འཐད་དེ། སྐྱེས་བུ་ཚད་མ་ཡིན་ན་ལྐོག་གྱུར་གྱི་དོན་མ་ལུས་པ་ཤེས་དགོས་པ་ལས། དེ་མེད་པའི་ཕྱིར་དང་། དེ་སྒྲུབ་བྱེད་ཀྱི་ཐབས་ཀྱང་མེད་པའི་ཕྱིར་དང་། ཐབས་ལ་ནན་ཏན་བྱེད་པའང་མེད་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ལ་གསུམ་སྟེ། ཚད་མ་མེད་པ་བཀག་ནས་ཚད་མ་བསྒྲུབ། སྒྲུབ་བྱེད་མེད་པ་བཀག་ནས་སྒྲུབ་བྱེད་བསྟན། ནན་ཏན་མ་བྱས་བཀག་ནས་བྱས་པར་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། དགོས་པའི་དོན་ཀུན་ཤེས་ལྡན་འཚོལ་བར་འཐད། དེ་ལ་དོན་ཤེས་ཡོད་མེད་དཔྱོད་པར་རིགས། དོན་ཤེས་ཚད་མར་གྱུར་པའི་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། མིཾ། རྣམ་གྲོལ་དོན་གཉེར་གྱི་དཔྱོད་ལྡན་ཆོས་ཅན། རང་ཉིད་འདོད་པའི་དོན་ཤེས་པ་དང་ལྡན་པའི་ཤེས་ལྡན་འཚོལ་བའི་རྒྱུ་མཚན་ཡོད་དེ། ཤེས་ལྡན་དེས་བསྟན་པའི་རང་གི་འདོད་པའི་དོན་ལ་ནན་ཏན་བྱ་དགོས་པའི་ཕྱིར། གཉིས་པ་ནི། དེཾ། དེ་ཆོས་ཅན། བཤེས་གཉེན་དེ་ལ་འདོད་པའི་དོན་དེ་ཤེས་པ་ཡོད་མེད་དཔྱོད་རིགས་ཀྱི། མི་འདོད་པའི་དོན་ཤེས་པ་ཡོད་མེད་དཔྱོད་མི་རིགས་ཏེ། རང་གི་འདོད་དོན་སྒྲུབ་པའི་ཆེད་དུ་ཤེས་ལྡན་འཚོལ་བ་ཡིན་པའི་ཕྱིར། གསུམ་པ་ནི། བླངཾ་། དེ་ཆོས་ཅན། བདེན་བཞིའི་གནས་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་པའི་སྐྱེས་བུ་དེ་ཁྱོད་ཀྱིས་བསྟེན་བྱ་སྐྱེས་བུ་ཚད་མ་ཡིན་གྱི། ཐག་རིང་པོའི་དོན་མཐོང་བ་ཙམ་དེ་མིན་ཏེ། སྔ་མ་དེས་ཁྱོད་ཀྱི་འདོད་དོན་འགྲུབ་པའི་ཕྱིར་དང་། ཕྱི་མ་དེ་ཡིན་ན་བྱ་རྒོད་ཀྱང་བསྟེན་དགོས་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ་ལྔ་སྟེ། སྒྲུབ་བྱེད་ཐུགས་རྗེ་རིགས་པས་བསྒྲུབ། །དེ་ལས་སྦྱོར་བ་འབྱུང་བའི་ཚུལ། །དེ་ལས་བདེར་གཤེགས་འབྱུང་བའི་ཚུལ། །དེ་ལས་སྐྱོབ་པ་འབྱུང་བའི་ཚུལ། །དེས་ན་སྒྲུབ་བྱེད་ཡོད་པར་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། སྒྲུབ་བྱེད་ཀྱི་ངོ་བོ། དེའི་རྒྱུ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྒྲུབཾ། བསྒྲུབ་བྱ་སྐྱེས་བུ་ཚད་མ་ཆོས་ཅན། ཁྱོད་ཀྱི་སྒྲུབ་བྱེད་ཡོད་དེ། སེམས་ཅན་ཐམས་ཅད་ལ་སྙོམས་པར་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་ཐུགས་རྗེ་དེ་ཁྱོད་ཀྱི་སྒྲུབ་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། གོམཾས། ཐུགས་རྗེ་དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། སྐྱེ་བ་དུ་མར་སྙིང་རྗེའི་དམིགས་རྣམ་གོམས་པ་ལས་ཁྱོད་སྐྱེ་བའི་ཕྱིར། གསུམ་པ་ལ་གཉིས་ཏེ། གོམས་པ་མི་སྲིད་འགྱུར་བའི་རྩོད་པ་སྤང་། སྲིད་ཀྱང་རང་བཞིན་ལས་འདས་མིན་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། རྩོད་པ་དགོད། སུན་འབྱིན་བཤད་པའོ། །དང་པོ་ནི། བློཾ། ཆད་ལྟ་བ་ན་རེ། སྙིང་རྗེ་ཆོས་ཅན། ཁྱོད་སྐྱེ་བ་དུ་མར་གོམས་པ་ལས་ཐུགས་རྗེ་འགྲུབ་པ་མེད་དེ། རྟོག་བཅས་ཀྱི་བློ་ལུས་ལ་དངོས་སུ་བརྟེན་པས་ལུས་ཞིག་པ་ན་བློ་རྒྱུན་ཆད་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། མཾ། སྙིང་རྗེ་ཆོས་ཅན། ཡིད་བློ་ལུས་ལ་དངོས་སུ་བརྟེན་པའི་རྒྱུ་མཚན་གྱིས་གོམས་པ་ལས་གྲུབ་པ་མེད་པ་མིན་ཏེ། དེ་ལ་བརྟེན་པ་རིགས་པས་བཀག་པའི་ཕྱིར། ཅི་ལྟར་ན། སྐྱེ།ཾ སྐྱེས་མ་ཐག་པའི་དབུགས་འབྱུང་རྔུབ་སོགས་ཆོས་ཅན། རིགས་འདྲ་སྔ་མ་སྔོན་དུ་མ་སོང་བར་ལུས་འབའ་ཞིག་ལས་སྐྱེ་བ་མ་ཡིན་ཏེ། དེ་ལྟར་སྐྱེ་ན་རྡོ་བ་སོགས་ལ་ཡང་སེམས་ཡོད་པར་ཧ་ཅང་ཐལ་བའི་ཕྱིར་དང་། ཚེ་འདིའི་རིག་པ་སྔ་མ་ཕྱི་མར་མཚམས་སྦྱོར་བའི་རྒྱུ་མཚན་གྱིས་ཁྱོད་ཀྱང་རིགས་འདྲ་སྔ་མ་སྔོན་དུ་སོང་བར་གྲུབ་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བའི་རིགས་པ་རྒྱས་པར་བཤད། མཚམས་སྦྱོར་འགལ་བ་མེད་པར་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། འབྱུང་བའི་ལུས་ལས་སྐྱེ་ན་ཧ་ཅང་ཐལ། །དབང་བཅས་ལུས་ལས་སྐྱེ་ན་ཧ་ཅང་ཐལ། །རྟག་པའི་ལུས་ལས་སྐྱེ་ན་ཧ་ཅང་ཐལ་བའོ། །དང་པོ་ནི། གལ་ཏེ་ཧ་ཅང་ཐལ་བའི་སྐྱོན་མེད་དེ། འབྱུང་བ་འགའ་ཞིག་སེམས་སོགས་ཀྱི་ས་བོན་ཡིན་ཞིང་འགའ་ཞིག་མ་ཡིན་པའི་ཕྱིར་ཞེ་ན། གངཾ་། འབྱུང་བ་ཆོས་ཅན། ཁྱོད་ཐམས་ཅད་སེམས་སོགས་ཀྱི་ས་བོན་ཡིན་པར་ཐལ། ཁྱོད་ཐམས་ཅད་ལ་རྐྱེན་གཞན་ཚོགས་ན་དྲོད་གཤེར་སྐྱེས་ལ་སོགས་པའི་སྐྱེ་བོ་སྐྱེ་བར་འགྱུར་བའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། སྐྱེས་མ་ཐག་པའི་དབང་སོགས་རིགས་འདྲ་སྔ་མ་སྔོན་དུ་མ་སོང་བར་འབྱུང་ན་འབྱུང་བ་ཐམས་ཅད་ལས་དབང་སོགས་སྐྱེ་དགོས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ལྡོག་ན་རྒྱུ་འབྲས་ཉིད་དུ་གྲུབ། །དེ་ལ་ལུང་དང་འགལ་བ་སྤང་། །རིམ་གྱིས་གྲུབ་ན་ཁས་བླངས་འགལ་བའོ། །དང་པོ་ནི། དབཾང་། ལུས་ཡིད་བློའི་དངོས་རྟེན་དུ་འདོད་ན། དབང་པོ་དང་བཅས་པའི་ལུས་ཡིད་བློའི་དངོས་རྟེན་དུ་འདོད་དགོས་པས་དེ་ལྟར་ན། ཡིད་བློ་ཆོས་ཅན། ཁྱོད་མིག་སོགས་དབང་པོ་ལ་དངོས་སུ་བརྟེན་པ་མིན་ཏེ། དེ་ལ་གནོད་པ་ཁྱོད་ལ་གནོད་པས་མ་ཁྱབ་པའི་ཕྱིར། དེ་ཆོས་ཅན། མིག་སོགས་དབང་པོ་ཁྱོད་ལ་བརྟེན་པ་ཡིན་ཏེ། ཁྱོད་གཞན་དུ་གྱུར་ན་དབང་པོ་གཞན་དུ་འགྱུར་བར་མཐོང་བའི་ཕྱིར་དང་། ཁྱོད་ལ་བརྟེན་པའི་ལས་ལས་དབང་པོ་ཕྱི་མ་འབྱུང་བའི་ཕྱིར། དེཾ། བདག་འཛིན་ཅན་འཆི་ཁ་ཐ་མའི་ཡིད་བློ་ཆོས་ཅན། ཁྱོད་ལས་ཕྱི་མའི་དབང་སོགས་འབྱུང་སྟེ། ཁྱོད་ལས་དེ་འབྱུང་བའི་རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི་ཕྱིར། གཉིས་པ་ནི། འོ་ན་ལུས་དང་སེམས་དག་ཕན་ཚུན་རྗེས་སུ་བྱེད་པ་ཅན་ཡིན་ནོ་ཞེས་གསུངས་པའི་ལུང་དང་འགལ་ལོ་ཞེ་ན། དེཾ། དེ་ལྟ་བུའི་ལུང་ཆོས་ཅན། ཡིད་བློ་ལུས་ལ་དངོས་སུ་བརྟེན་པ་དེ་ཁྱོད་ཀྱི་ཞེན་དོན་མིན་པར་ཐལ། ཁྱོད་ལ་ཡིད་བློ་བརྒྱུད་ནས་བརྟེན་པ་ལ་དགོངས་ནས་གསུངས་པའི་ཕྱིར། གསུམ་པ་ནི། གལཾ། དབང་པོ་ཆོས་ཅན། ཁྱོད་ཡིད་བློའི་དངོས་རྟེན་ཡིན་ཏེ། ཁྱོད་མེད་པར་ཡིད་བློ་མེད་པའི་ཕྱིར་ཞེ་ན། ཡིད་བློ་ཆོས་ཅན། ཁྱོད་དབང་པོའི་དངོས་རྟེན་དུ་ཐལ། ཁྱོད་མེད་པར་དབང་པོ་མེད་པའི་ཕྱིར། འདོད་ན། དབང་པོ་དང་ཡིད་བློ་ཆོས་ཅན། ཤི་བའི་འོག་ཏུ་ཕན་ཚུན་འབྲས་བུ་ཡིན་པར་ཐལ། ཤི་ཁ་ཐ་མའི་ཚེ་ཕན་ཚུན་རྒྱུ་འབྲས་ཡིན་པའི་ཕྱིར། གསུམ་པ་ནི། རིཾམ། ལུས་ཆོས་ཅན། ཁྱོད་ལས་ཡིད་བློ་རིམ་ཅན་དུ་སྐྱེ་བ་མིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། གལ་ཏེ་རྐྱེན་ལ་ལྟོས་ནས་ཡིད་བློ་རིམ་ཅན་དུ་བསྐྱེད་དོ་ཞེ་ན། ལུས་ཆོས་ཅན། རྐྱེན་ལ་ལྟོས་པ་མིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། ལུསཾ། གལ་ཏེ་བློ་རིམ་ཅན་ལ་ལྟོས་ནས་ལུས་ལས་ཡིད་བློ་རིམ་གྱིས་སྐྱེའོ་ཞེ་ན། དེའིཾ། ལུས་ཆོས་ཅན། ཁྱོད་ཀྱི་ལུས་སེམས་སྐད་ཅིག་སྔ་མ་རེ་རེས་ཕྱི་མ་རེ་རེ་བསྐྱེད་པར་ཐལ། ཁྱོད་ཀྱི་ལུས་སེམས་གཉིས་ཀ་སྔ་ཕྱིའི་རིམ་པ་ཅན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། འཆི་ཁ་ཐ་མའི་ཚེ་ན་ཡང་ཁྱོད་ཀྱི་ལུས་སེམས་སྔ་མ་ཕྱི་མའི་རྒྱུ་ཡིན་པར་ཐལ། འདོད་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། གཉིས་པ་མཚམས་སྦྱོར་འགལ་བ་མེད་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། འཆི་སེམས་ཡིན་པའི་རྟགས་མ་ངེས། །དེ་ཡི་མཐུན་དཔེ་ཆོས་ཀྱིས་སྟོང་། །མི་སྟོང་པ་ཡི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། ཐཾ། རྒྱང་འཕེན་པ་ན་རེ། ཐ་མལ་པ་འཆི་ཁ་ཐ་མའི་སེམས་ཆོས་ཅན། རིག་པ་ཕྱི་མར་མཚམས་མི་སྦྱོར་ཏེ། འཆི་སེམས་ཡིན་པའི་ཕྱིར། དགྲ་བཅོམ་པའི་འཆི་སེམས་བཞིན་ནོ་ཞེ་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མིན་ཏེ། ཁྱོད་རིག་པ་ཕྱི་མ་དང་མཚམས་སྦྱོར་བ་འགལ་བ་མ་གྲུབ་པའི་ཕྱིར། གཉིས་པ་ནི། དགྲ།ཾ དགྲ་བཅོམ་པའི་འཆི་སེམས་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་མིན་ཏེ། ཁྱོད་རིག་པ་ཕྱི་མར་མཚམས་མི་སྦྱོར་བའི་སྒྲུབ་བྱེད་ཚད་མ་མེད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། སངས་རྒྱས་པ་ཡི་ལུང་གིས་གྲུབ་པ་དགག །རྒྱང་འཕེན་རང་གི་རིགས་པས་གྲུབ་པ་དགག་པའོ། །དང་པོ་ནི། དགྲ།ཾ དགྲ་བཅོམ་པའི་འཆི་སེམས་རིག་པ་ཕྱི་མར་མཚམས་མི་སྦྱོར་བར་སངས་རྒྱས་པའི་ལུང་གིས་གྲུབ་པ་དཔེར་བརྗོད་དོ་ཞེ་ན། ཁྱོདཾ། རྒྱང་འཕེན་པ་ཆོས་ཅན། སངས་རྒྱས་པའི་ལུང་ལ་བརྟེན་ནས་དགྲ་བཅོམ་པའི་འཆི་སེམས་རིག་པ་ཕྱི་མར་མཚམས་མི་སྦྱོར་བར་འདོད་མི་རིགས་པར་ཐལ། དེ་ལུང་ཚད་མ་མིན་པར་འདོད་པའི་ཕྱིར། གཉིས་པ་ལ་བཞི་སྟེ། འདོད་པ་བརྗོད་དེ་འདྲི་བར་དགོད། །འགོག་བྱེད་རིགས་པ་རྒྱས་པར་བཤད། །དེ་ལ་འཁྲུལ་པའི་རྩོད་པ་སྤང་། །བཀག་པས་གྲུབ་པའི་མཇུག་སྡུད་བསྟན་པའོ། །དང་པོ་ནི། གལཾ། དགྲ་བཅོམ་པའི་འཆི་སེམས་ཆོས་ཅན། རིག་པ་ཕྱི་མར་མཚམས་མི་སྦྱོར་ཏེ། རིག་པ་ཕྱི་མར་མཚམས་སྦྱོར་བའི་རྒྱུ་ལུས་དང་བྲལ་བའི་ཕྱིར་ཞེ་ན། དེ་ཉིད་དོན་གྱི་སྒྲུབ་བྱེད་ཅིས་མ་བརྗོད། དེ་བརྗོད་དོ་ཞེ་ན། གཉིས་པ་ལ་དྲུག་སྟེ། ལུས་ཉིད་ཡིད་བློའི་དངོས་རྒྱུ་ཡིན་པ་དགག །ལུས་སེམས་ཉེར་ལེན་ཅན་གྱི་རྒྱུ་འབྲས་དགག །སྐྱེད་བྱེད་མིན་པའི་རྟེན་དང་བརྟེན་པ་དགག །རིགས་པ་གཞན་གྱིས་ལུས་སེམས་རྒྱུ་འབྲས་དགག །ཡིད་བློ་ལུས་ཀྱི་རང་བཞིན་ཡིན་པ་དགག །ལུས་ལ་བརྟེན་ནས་ཡིད་བློ་བསྐྱེད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་རྒྱུ་ཡིན་པ་བརྟགས་ནས་དགག །རྒྱུ་ཙམ་ཡིན་ཡང་ལྡོག་བྱེད་མིན། །དངོས་རྒྱུ་ཡིན་ན་ཧ་ཅང་ཐལ་བའོ། །དང་པོ་ནི། དེཾ། ཡིད་བློ་ལུས་ལས་དངོས་སུ་སྐྱེ་ན། དབང་པོ་དང་བཅས་པའི་ལུས་ལས་དངོས་སུ་སྐྱེའམ། དབང་པོ་མེད་པའི་ལུས་ལས་དངོས་སུ་སྐྱེ། དང་པོ་ལྟར་ན། ཡིད་བློ་ཆོས་ཅན། དབང་ཤེས་ཀྱི་ཡུལ་གསལ་བར་སྣང་བར་ཐལ། དབང་པོ་དང་བཅས་པའི་ལུས་ལས་དངོས་སུ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། ཤེསཾ། མིག་སོགས་དབང་པོ་ཀུན་ཆོས་ཅན། ཁྱོད་ལས་ཡིད་བློ་གཅིག་སྐྱེ་བ་མེད་པར་ཐལ། ཁྱོད་ཀྱིས་རང་གི་བདག་འབྲས་སུ་རྒྱུར་པའི་ཤེས་པ་ཐ་དད་དུ་བསྐྱེད་པའི་ཕྱིར། གཉིས་པ་ལྟར་ན། སེམཾས། དབང་པོ་མེད་པའི་ལུས་ཆོས་ཅན། ཁྱོད་ལས་རང་གི་བདག་འབྲས་སུ་གྱུར་པའི་ཡིད་བློ་མི་སྐྱེ་བར་ཐལ། ཁྱོད་བེམ་པོ་ཡིན་པའི་ཕྱིར། རྒྱུ།ཾ ལུས་ཅན་གྱི་ཡིད་བློ་དང་ལུས་གཉིས་ཆོས་ཅན། དངོས་ཀྱི་རྟེན་དང་བརྟེན་པ་ཡིན་པའི་རྒྱུ་མཚན་གྱིས་ལྷན་ཅིག་གནས་པ་མ་ཡིན་ཏེ། དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་པ་གྲུབ་པའི་རྒྱུ་མཚན་གྱིས་ལྷན་ཅིག་གནས་པ་ཡིན་པའི་ཕྱིར། གང་ཟག་གཅིག་གི་རྒྱུད་ཀྱི་དབང་པོ་ལྔ་དང་ཚོགས་པ་གཅིག་པའི་རོ་གཟུགས་བཞིན། གཉིས་པ་ནི། རྟགཾ ཡིད་བློ་ཆོས་ཅན། ཁྱོད་ཀྱི་ངོ་བོ་སྐྱེད་བྱེད་ཀྱི་རྒྱུ་དེ་ལྡོག་ན་ཁྱོད་ལྡོག་པས་ཁྱབ་སྟེ། དེ་ལ་དགོངས་ནས་འདི་ཡོད་ན་ཞེས་པའི་ཚིག་དང་། འདི་སྐྱེས་པའི་ཕྱིར་ཞེས་པའི་ལྔ་པའི་ཚིགས་གསུངས་པའི་ཕྱིར། འགའཾ། ཡིད་བློ་ཆོས་ཅན། ལུས་ཀྱིས་ཁྱོད་ཀྱི་ཁྱད་པར་ལ་ཕན་འདོགས་པའི་རྒྱུ་མཚན་གྱིས་ལུས་ལྡོག་པས་ཁྱོད་ལྡོག་པ་མི་འཐད་པར་ཐལ། དེ་འཐད་ན། མེ་ལྡོག་པས་རྫ་བུམ་ལྡོག་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། ཧ་ཅང་ཐལ་བའི་རིགས་པ་དགོད། །མཐུན་རྐྱེན་མེད་པའི་གཞན་ལན་དགག །འགལ་རྐྱེན་ཡོད་པའི་གཞན་ལན་དགག་པའོ། །དང་པོ་ནི། ལུསཾ། དེ་རྒྱུ་ཞེས་པའི་དོན་ལུས་སེམས་ཀྱི་དངོས་རྒྱུར་འདོད་ན། ཤི་ལུས་ཆོས་ཅན། སེམས་གནས་པར་ཐལ། ལུས་གནས་པའི་ཕྱིར། གཉིས་པ་ནི། ཤི་ལུས་ལ་སེམས་ཀྱི་མཐུན་རྐྱེན་དབུགས་མེད་པས་སེམས་མེད་དོ་ཞེ་ན། རེཾ། དབུགས་འབྱུང་རྔུབ་ཆོས་ཅན། ཁྱོད་རང་རྒྱུ་སེམས་ལས་འབྱུང་སྟེ། ཁྱོད་རང་རྒྱུ་སེམས་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། སེམས་ཆོས་ཅན། ཁྱོད་དབུགས་འབྱུང་རྔུབ་ཀྱི་ཉེར་ལེན་ལས་བྱུང་བ་མིན་ཏེ། དེ་ཡིན་ན་དབུགས་འབྱུང་རྔུབ་འཕེལ་འགྲིབ་ཀྱི་རྗེས་སུ་ཁྱོད་འཕེལ་འགྲིབ་བྱེད་པར་ཐལ་བའི་ཕྱིར། ཉེས་པ་དེ་ཁྱོད་ལའང་མཚུངས་སོ་ཞེ་ན། སེམཾས། སློབ་དཔོན་ཆོས་གྲགས་ཆོས་ཅན། ཤི་ལུས་ལ་སེམས་གནས་པར་ཐལ་བའི་སྐྱོན་ཁྱོད་ལ་མེད་དེ། ཁྱོད་སེམས་ཕྱི་མ་གནས་པའི་རྒྱུར་སེམས་སྔ་མ་དང་ལས་གཉིས་ཀ་དགོས་པར་ཁས་བླངས་པའི་མཁས་པ་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། འདོད་པ་བརྗོད་དེ་གནོད་བྱེད་བསྟན། །དཔེ་ལ་བརྟེན་པའི་ཉེས་སྤོང་དགག །རིགས་པའི་རྣམ་གྲངས་བསྡུས་ཏེ་བསྟན་པའོ། །དང་པོ་ནི། གལཾ། འགལ་རྐྱེན་ནད་ཀྱིས་གནོད་པ་བྱས་པའི་ལུས་ལ་སེམས་གནས་པར་ཐལ་བའི་སྐྱོན་མེད་དོ་ཞེ་ན། དུག་གི་ཤི་བའི་ཤི་ལུས་ཆོས་ཅན། སེམས་གནས་པར་ཐལ། སེམས་གནས་པའི་མཐུན་རྐྱེན་ལུས་ཚང་ཞིང་འགལ་རྐྱེན་དུག་དང་བྲལ་བའི་ཕྱིར། གཉིས་པ་ནི། གལཾ། ཤི་ལུས་ལ་སེམས་གནས་པའི་འགལ་རྐྱེན་དུག་ལྡོག་ཀྱང་སེམས་སླར་ལྡོག་པ་མི་སྲིད་དེ། མེ་ལྡོག་ཀྱང་ཤིང་གི་འགྱུར་བ་སླར་ཤིང་དུ་མི་ལྡོག་པ་བཞིན་ནོ་ཞེ་ན། ལུས་ཀྱི་འགྱུར་བ་ཆོས་ཅན། ཁྱོད་ཤིང་ཚིག་པ་དང་འདྲ་བར་གསོར་མི་རུང་བ་མིན་པར་ཐལ། ཁྱོད་གསོ་བའི་ཐབས་ཡོད་པའི་ཕྱིར། ཁྱབ་སྟེ། འགྱུར་བ་སྐྱེད་བྱེད་ཀྱི་རྒྱུ་ལ་ལྡོག་མི་རུང་གི་འགྱུར་བ་བསྐྱེད་པ་དང་། ལྡོག་རུང་གི་འགྱུར་བ་སྐྱེད་བྱེད་གཉིས་ཡོད་པ་ལས། དང་པོ་ནི། སླར་ལྡོག་ཏུ་མི་རུང་ལ། ཕྱི་མ་ནི་སླར་ལྡོག་ཏུ་རུང་བའི་ཕྱིར། དཔེར་ན་མེས་ཤིང་ལ་བྱས་པའི་འགྱུར་བ་དང་། གསེར་ལ་བྱས་པའི་འགྱུར་བ་བཞིན་ནོ། །ཅུངཾ་། འོ་ན་སྨན་གྱི་བསྟན་བཅོས་ལས་གསོར་མི་རུང་བའི་ནད་པ་བཤད་པ་དང་འགལ་ལོ་ཞེ་ན། དེ་ལྟར་བཤད་པ་ཆོས་ཅན། ནད་པ་ནད་ཀྱི་ཉེས་པ་འབའ་ཞིག་གིས་ཤི་བ་ལ་དགོངས་ནས་གསུངས་པ་མིན་ཏེ། ནད་འཆོས་པའི་མཐུན་རྐྱེན་རྙེད་པར་དཀའ་བའམ་ནད་པའི་ཚེ་ཟད་པ་ལ་དགོངས་ནས་གསུངས་པའི་ཕྱིར། གསུམ་པ་ནི། ཤིཾ། ཤི་ལུས་ལ་དུག་དང་ནད་སོགས་དང་བྲལ་ལམ། དུག་འདུས་པའི་རྨ་ཁའི་ཤ་བཅད་པའི་ཤི་ལུས་ཆོས་ཅན། སེམས་གནས་པར་ཐལ། སེམས་གནས་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་དང་བྲལ་བའི་ཕྱིར། གཉིས་པ་ལ་བཞི་སྟེ། ཉེར་ལེན་ཡིན་ན་ལྡོག་པ་གྲུབ། །ལྡོག་པ་མེད་ན་ཉེར་ལེན་མིན། །དེ་གཉིས་སྐབས་ཀྱི་དོན་ལ་སྦྱར། །ལྷན་ཅིག་གནས་དང་འགལ་བ་སྤང་བའོ། །དང་པོ་ནི། ཉེརཾ། ཉེར་ལེན་གྱི་རྒྱུ་དེ་འགྱུར་བ་མེད་ན་ཉེར་ལེན་ཅན་འགྱུར་བ་མེད་དེ། འཇིམ་པར་འགྱུར་བ་མེད་པར་རྫ་བུམ་འགྱུར་བ་མེད་པའི་ཕྱིར། གཉིས་པ་ནི། དངོཾས། རྒྱུ་དེ་འགྱུར་བ་མེད་པར་འབྲས་བུ་དེ་འགྱུར་བའི་རྒྱུ་དེ་ཡིན་ན་འབྲས་བུ་དེའི་ཉེར་ལེན་མ་ཡིན་དགོས་ཏེ། བ་གླང་འགྱུར་བ་མེད་པར་བ་མེན་འགྱུར་བ་ཡོད་པའི་རྒྱུ་མཚན་གྱིས་བ་གླང་དེ་བ་མེན་གྱི་ཉེར་ལེན་མིན་པའི་ཕྱིར། གསུམ་པ་ནི། སེམཾས། སེམས་ཆོས་ཅན། ལུས་དེ་ཁྱོད་ཀྱི་ཉེར་ལེན་མིན་ཏེ། ལུས་འགྱུར་བ་མེད་པར་ཡང་ཁྱོད་འགྱུར་བ་ཡོད་པའི་ཕྱིར། བཞི་པ་ནི། ལུས་སེམས་ཉེར་ལེན་དང་ཉེར་ལེན་ཅན་གྱི་རྒྱུ་འབྲས་མ་ཡིན་ན་ལྷན་ཅིག་གནས་པ་འགལ་ལོ་ཞེ་ན། དཾེ། ལུས་ཅན་གྱི་ལུས་སེམས་ཆོས་ཅན། ཉེར་ལེན་དང་ཉེར་ལེན་ཅན་ཡིན་པའི་རྒྱུ་མཚན་གྱིས་ལྷན་ཅིག་གནས་པ་མིན་ཏེ། དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་པ་གྲུབ་པའི་རྒྱུ་མཚན་གྱིས་ལྷན་ཅིག་གནས་པ་ཡིན་པའི་ཕྱིར། དཔེར་ན་ཟངས་མའི་ཞུ་བ་དང་ཚ་བ་བཞིན། གསུམ་པ་ལ་གཉིས་ཏེ། ཐལ་བ་དགོད། གཞན་ལན་དགག་པའོ། །དང་པོ་ནི། ཡོདཾ། ལུས་ཆོས་ཅན། ཡིད་བློའི་དངོས་རྟེན་མིན་པར་ཐལ། རང་དུས་ན་ཡོད་པའི་ཡིད་བློའི་དངོས་རྟེན་ཡང་མིན། རང་དུས་ན་མེད་པའི་ཡིད་བློའི་དངོས་རྟེན་ཡང་མ་ཡིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། གྲུབ་ཟིན་གནས་པའི་ཚུལ་གྱིས་བརྟེན་པ་དགག །གྲུབ་ཟིན་གནས་པར་བྱེད་པའི་མཐུན་དཔེ་དགག །ཚུལ་དེས་གྲུབ་ཟིན་གནས་པ་གཞན་ཡང་ཁེགས། །གནས་རྒྱུས་གནས་པ་འགོག་བྱེད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། རྣམ་པར་བརྟགས་ནས་དགག ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། ཡོདཾ། གཏན་ཚིགས་དང་པོ་མ་གྲུབ་བོ་ཞེ་ན། འདིཾ། ལུས་ཆོས་ཅན། སེམས་ཀྱི་གནས་པའི་རྒྱུ་མིན་ཏེ། སེམས་ཀྱི་གནས་པ་སེམས་དང་རྫས་གཅིག་པ་ཡང་མི་འཐད་ཅིང་། དེ་དང་རྫས་ཐ་དད་ཡང་མི་འཐད་པའི་ཕྱིར། དང་པོ་མ་གྲུབ་ན། སེམས་ཆོས་ཅན། ཁྱོད་ཀྱི་གནས་པ་དེ་ལུས་ཀྱིས་བསྐྱེད་པ་མ་ཡིན་པར་ཐལ། ཁྱོད་སེམས་དང་རྫས་གཅིག་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། ལུས་ཆོས་ཅན། ཁྱོད་ཀྱིས་སེམས་གནས་པར་མ་བྱས་པར་ཐལ། ཁྱོད་སེམས་ལས་རྫས་གཞན་པའི་སེམས་ཀྱི་གནས་པའི་རྒྱུ་ཙམ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། འཇིཾག སེམས་ཆོས་ཅན། མི་འཇིག་པར་ཐལ། མི་འཇིག་པར་གནས་པའི་རྒྱུ་ལུས་རྟག་ཏུ་གནས་པ་ཡོད་པའི་ཕྱིར། གཉིས་པ་ནི། གལཾ། ལུས་ཀྱིས་སེམས་མི་འཇིག་པར་བྱེད་ཀྱང་སེམས་དེ་འཇིག་རྒྱུས་འཇིག་པས་སྐྱོན་མེད་དོ་ཞེ་ན། ཕྱིས་ཀྱི་འཇིག་རྒྱུ་ཆོས་ཅན། སེམས་ཀྱི་འཇིག་པའི་རྒྱུ་མིན་པར་ཐལ། སེམས་ཀྱི་འཇིག་པ་སེམས་དང་རྫས་གཅིག་དང་རྫས་གཞན་གང་རུང་མིན་པའི་ཕྱིར། ལུས་ཆོས་ཅན། སེམས་མི་འཇིག་པར་གནས་པའི་རྒྱུ་མིན་པར་ཐལ། འཇིག་རྒྱུ་དང་མ་ཕྲད་ན་ཁྱོད་མེད་ཀྱང་སེམས་མི་འཇིག་པ་གནས། འཇིག་རྒྱུ་དང་ཕྲད་ན་ཁྱོད་ཡོད་ཀྱང་སེམས་མི་གནས་པའི་ཕྱིར། གལཾ། འཇིག་རྒྱུ་དང་ཕྲད་ཀྱི་བར་དུ་སེམས་མི་འཇིག་པར་གནས་པར་བྱེད་པས་སྐྱོན་མེད་དོ་ཞེ་ན། སེམས་ཆོས་ཅན། ལུས་དེས་ཁྱོད་འཇིག་རྒྱུ་དང་ཕྲད་ཀྱི་བར་དུ་གནས་པར་བྱེད་མི་ནུས་པར་ཐལ། ཁྱོད་རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར། གཉིས་པ་ནི། གལཾ། ལུས་དེ་སེམས་གྲུབ་ཟིན་གནས་པའི་རྟེན་བྱེད་པའི་དཔེ་ཡོད་དེ། ཆུ་གྲུབ་ཟིན་གནས་པའི་རྟེན་བུམ་པ་དང་། ཡོན་ཏན་དང་། སྤྱི་ལ་སོགས་པའི་གྲུབ་ཟིན་གནས་པའི་རྟེན་རྫས་ཡིན་པ་བཞིན་ནོ་ཞེ་ན། འདིཾ། བུམ་སོགས་ཆོས་ཅན། ཁྱོད་ཆུ་སོགས་མི་འཇིག་པར་གནས་པའི་རྟེན་མིན་པར་ཐལ། དེ་ལ་ཡང་སྔར་གྱི་ཉེས་པ་མཚུངས་པའི་ཕྱིར། འོ་ན་དེ་དག་ལ་རྟེན་དང་བརྟེན་པའི་ཐ་སྙད་མཐོང་བ་ཅི་ལྟར་ཞེ་ན། དངོསཾ། བུམ་སོགས་ཆོས་ཅན། ཆུ་སོགས་མི་འཇིག་པར་གནས་པར་བྱེད་པའི་སྒོ་ནས་རྟེན་མིན་ཏེ། ཆུ་སོགས་སྐད་ཅིག་སྔ་ཕྱི་གོ་ས་མཚུངས་པར་བསྐྱེད་པའི་སྒོ་ནས་རྟེན་དུ་འཇོག་པའི་ཕྱིར། འབོཾ། ཆུ་ཆོས་ཅན། ཁྱོད་ལ་རྟེན་དོན་གཞན་དགོས་ཏེ། ཁྱོད་ཐུར་དུ་འབོ་བའི་གེགས་བྱེད་པའི་རྫས་དགོས་པའི་ཕྱིར། ཡོན་ཏན་དང་སྤྱི་ལ་སོགས་པ་ཆོས་ཅན། ཁྱོད་ལ་རྟེན་དོན་གཞན་མི་དགོས་ཏེ། ཁྱོད་རྟག་པ་ཡིན་པའི་ཕྱིར། གསུམ་པ་ནི། འདིཾས། གྲུབ་ཟིན་གནས་པའི་རྟེན་དང་བརྟེན་པ་འགོག་པའི་རིགས་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། འཕྲོད་འདུའི་འབྲེལ་བ་དང་། རིགས་སོགས་མི་འཇིག་པར་གནས་པའི་རྟེན་ཡང་བསལ་བའི་ཕྱིར་རོ། །བཞི་པ་ནི། གལཾ། དངོས་པོ་ཐམས་ཅད་ཆོས་ཅན། ཁྱོད་མི་འཇིག་པར་གནས་པའི་རྒྱུ་དོན་མེད་པར་ཐལ། ཁྱོད་འཇིག་རྒྱུ་དོན་གཞན་གྱིས་འཇིག་ན་མི་འཇིག་པར་གནས་པའི་རྒྱུ་ལ་དགོས་པ་མེད་ཅིང་། འཇིག་རྒྱུ་དོན་གཞན་མེད་པར་འཇིག་ན། མི་འཇིག་པར་གནས་པའི་རྒྱུ་ལ་ནུས་པ་མེད་པའི་ཕྱིར། རྟེནཾ། དངོས་པོ་ཐམས་ཅད་ཆོས་ཅན། ཁྱོད་འཇིག་པ་མི་སྲིད་པར་ཐལ། ཁྱོད་ཡིན་ན། མི་འཇིག་པར་གནས་པའི་རྟེན་དང་བཅས་པས་ཁྱབ་པའི་ཕྱིར། གལཾ། སེམས་ལ་སོགས་པའི་དངོས་པོ་ཐམས་ཅད་ཆོས་ཅན། ཁྱོད་མི་འཇིག་པར་གནས་པའི་རྒྱུ་མེད་པར་ཐལ། ཁྱོད་རང་ཉིད་གནས་པའི་ངང་ཚུལ་ཡིན་པ་དང་། མིན་པ་གང་ཡང་མི་འཇིག་པར་གནས་པའི་རྒྱུ་མི་འཐད་པའི་ཕྱིར། བཞི་པ་ལ་བཞི་ཏེ། རྒྱུ་གཞན་འགོག་པའི་གཏན་ཚིགས་དགོད། །མི་མཐུན་ཕྱོགས་ལ་ལྡོག་ཁྱབ་བསྒྲུབ། །གཏན་ཚིགས་མ་གྲུབ་སྨྲ་བ་དགག །རང་རྒྱུ་སྒྲུབ་བྱེད་བསྡུས་ཏེ་བསྟན་པའོ། །དང་པོ་ནི། ལུསཾ། ཤེས་རབ་དང་སྙིང་རྗེ་སོགས་ཆོས་ཅན། ལུས་ཀྱི་ཉེར་ལེན་ལས་བྱུང་བ་མིན་ཏེ། ལུས་འཕེལ་འགྲིབ་ཀྱི་རྗེས་སུ་འཕེལ་འགྲིབ་མི་བྱེད་པར། བློ་སྔ་མ་འཕེལ་འགྲིབ་ཀྱི་རྗེས་སུ་འཕེལ་འགྲིབ་བྱེད་པའི་ཕྱིར། གཉིས་པ་ནི། འདིཾ། ཁྱབ་སྟེ། སྔར་གྱི་གཏན་ཚིགས་དེ་མར་མེའི་འོད་ལ་ཡོད་པ་མིན་པའི་ཕྱིར། གསུམ་པ་ནི། རྩ་བའི་གཏན་ཚིགས་མ་གྲུབ་སྟེ། ལུས་དར་རྒུད་ལས་ཤེས་རབ་གསལ་མི་གསལ་དུ་སྐྱེ་བའི་ཕྱིར་ཞེ་ན། དེཾ། ལུས་དར་རྒུད་ལས་བྱུང་བའི་ཤེས་རབ་ཀྱི་ཁྱད་པར་དེ་ཆོས་ཅན། ཁྱོད་ལུས་ལས་དངོས་སུ་སྐྱེས་པ་མིན་ཏེ། ཁྱོད་ལུས་ལས་བརྒྱུད་ནས་སྐྱེས་པ་ཡིན་པའི་ཕྱིར། ཡང་རྩ་བའི་གཏན་ཚིགས་མ་གྲུབ་སྟེ། ལུས་དར་རྒུད་ལས་ཆགས་སྡང་སྐྱེ་བའི་ཕྱིར་ཞེ་ན། འགའཾ། ལུས་དར་རྒུད་ལས་བྱུང་བའི་ཆགས་སྡང་ཆོས་ཅན། ཁྱོད་ལུས་ལས་དངོས་སུ་སྐྱེས་པ་མིན་ཏེ། ཁྱོད་ལུས་དར་རྒུད་ལས་བྱུང་བའི་ཚོར་བ་བདེ་སྡུག་ལས་སྐྱེས་པ་ཡིན་པའི་ཕྱིར། འདིཾས། ཡིད་བློ་ཆགས་སོགས་ལུས་ལས་དངོས་སུ་མི་སྐྱེ་བར་བསྟན་པའི་རིགས་པ་དེ་ཆོས་ཅན། འདུས་པའི་རིམས་ནད་སོགས་ཀྱིས་དྲན་པ་ཉམས་པའི་ཤེས་པ་དེ་ཡང་ལུས་ལས་དངོས་སུ་མི་སྐྱེ་བར་བཤད་པ་ཡིན་ཏེ། དེ་ཡང་ལུས་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལས་བྱུང་བར་བཤད་པའི་ཕྱིར། དཔེཾ། དྲན་པ་ཉམས་པ་སོགས་ཀྱི་རྒྱུ་ཡིན་ན། དེའི་ཉེར་ལེན་ཡིན་པས་མ་ཁྱབ་སྟེ། སྟག་ཅེས་པའི་སྒྲ་ཐོས་པ་དང་། གཞན་བསད་པའི་ཁྲག་མཐོང་བ་ལས་དྲན་པ་ཉམས་པ་དང་རྨོངས་པ་སོགས་སྐྱེ་བ་ཡོད་པའི་ཕྱིར། བཞི་པ་ནི། དེཾ། ཤེས་རབ་དང་སྙིང་རྗེ་སོགས་ཆོས་ཅན། རང་གི་ཉེར་ལེན་སེམས་སྔ་མ་ལས་འབྱུང་བ་ཡིན་ཏེ། དེ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། ལྔ་པ་ལ་གསུམ་སྟེ། ལུས་སེམས་གཅིག་པ་ཧ་ཅང་ཐལ་བས་དགག །ལོག་སྲེད་སྔོན་སོང་རང་རྒྱུད་རྟགས་ཀྱིས་བསྒྲུབ། །མ་མཐོང་ཙམ་གྱིས་སྔ་ཕྱི་མེད་པ་དགག་པའོ། །དང་པོ་ནི། ཇིཾ། ལུས་ཆོས་ཅན། ཁྱོད་ལ་ཡང་ཐོས་སོགས་ཀྱི་ཡོན་ཏན་གསལ་བར་འགྱུར་བར་ཐལ། དེ་སེམས་ལ་གསལ་བ་གང་ཞིག ཁྱོད་སེམས་དང་རྫས་གཅིག་ཡིན་པའི་ཕྱིར། གཉིས་པ་ནི། བདཾག ཐ་མལ་པ་ཆོས་ཅན། ལོག་སྲེད་ཀྱི་བློ་སྔོན་དུ་སོང་བ་ཡིན་ཏེ། གཞན་གྱིས་དབང་མེད་དུ་དཀྲི་བ་མིན་པར་དམན་པའི་གནས་སུ་སྐྱེ་བ་བླངས་པའི་ཕྱིར། སྡུགཾ ཁྱབ་སྟེ། ལོག་སྲེད་གཉིས་པོ་དེ་ཡང་སྲིད་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་ཏེ། ཡང་སྲིད་ཀྱི་སྐྱེ་བ་དེ་དེ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། གསུམ་པ་ནི། གལཾ། སྐྱེ་བ་སྔ་ཕྱི་མེད་དེ། སྐྱེ་བ་སྔ་ཕྱིའི་བར་གྱི་ལུས་མ་མཐོང་བའི་ཕྱིར་ཞེ་ན། རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱིས་མ་མཐོང་བ་ཙམ་གྱིས་སྐྱེ་སྲིད་སྔ་ཕྱིའི་བར་གྱི་ལུས་མེད་པར་མི་འགྲུབ་པར་ཐལ། ཁྱོད་དབང་པོ་མི་གསལ་བའི་རྒྱུ་མཚན་གྱིས་སྐྱེ་སྲིད་སྔ་ཕྱིའི་བར་གྱི་ལུས་མི་མཐོང་བའི་ཕྱིར་ཏེ། མིག་མི་གསལ་བར་དུ་བ་ཆུང་ངུ་ཡོད་ཀྱང་མི་མཐོང་བ་བཞིན། གལ་ཏེ་སྐྱེ་བ་ལེན་པའི་སེམས་ཅན་དེ་ཆོས་ཅན། སྐྱེ་གནས་སུ་ཐོགས་མེད་དུ་མི་འཇུག་པར་ཐལ། ལུས་ཅན་ཡིན་པའི་ཕྱིར་ཞེ་ན། ལུསཾ། བར་དོའི་ལུས་སེམས་ཆོས་ཅན། ཁྱོད་སྐྱེ་གནས་སུ་ཐོགས་མེད་དུ་འཇུག་སྟེ། ཁྱོད་གཉིས་ཤིན་ཏུ་དྭངས་པའི་ལུས་ཡིན་པའི་རྒྱུ་མཚན་གྱིས་སྐྱེ་གནས་སུ་ཐོགས་མེད་དུ་འཇུག་པ་ཡིན་པའི་ཕྱིར། དཔེར་ན་རྫ་གསར་པ་ལ་ཆུ་དང་། འདུལ་སྦྱོང་བྱས་པའི་གསེར་ལ་དངུལ་ཆུ་བཞིན་ནོ། །གལ་ཏེ་མངལ་དུ་འཇུག་པ་མ་མཐོང་བའི་ཕྱིར་མེད་ཅེ་ན། མཾ། དབང་པོ་མི་གསལ་ཞེས་པའི་སྦྱོར་བ་ལ་བསྒྲེས་ལ་དགོད། དྲུག་པ་ལ་གཉིས་ཏེ། ཡན་ལག་ཅན་གྱི་རྫས་གཅིག་རྒྱུར་མི་འཐད། ཡན་ལག་དུ་མའི་ལུས་རྒྱུར་མི་འཐད་པའོ། །དང་པོ་ལ་གསུམ་སྟེ། ཡན་ལག་ཅན་གྱི་རྫས་གཅིག་དགག །དེ་ལ་ཧ་ཅང་ཐལ་བ་སྤང་། །གཞན་གྱི་ཕྱོགས་ལ་སུན་འབྱིན་བཤད་པའོ། །དང་པོ་ནི། ལགཾ ལུས་སེམས་ཀྱི་ཉེར་ལེན་ཡིན་ན་རགས་པ་རྫས་གཅིག་པའི་ལུས་ཡིན་ནམ། རྡུལ་ཕྲན་དུ་མའི་ལུས་གང་ཡིན། དང་པོ་ལྟར་ན་སྐྱེ་བུའི་ལུས་ཆོས་ཅན། ཁྱོད་ཡན་ལག་ཅན་གྱི་རྫས་གཅིག་མ་ཡིན་ཏེ། ཁྱོད་གཡོ་མི་གཡོ་དང་། སྒྲིབ་མ་སྒྲིབ་དང་། ཚོན་གྱིས་བསྒྱུར་མ་བསྒྱུར་གྱི་ཆ་དུ་མ་དང་བཅས་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བ་བརྗོད། དེ་ཡི་སུན་འབྱིན་བཤད་པའོ། །དང་པོ་ནི། དུ།ཾ བྱེ་བྲག་པ་ན་རེ། ལུས་དང་བུམ་སོགས་ཡན་ལག་ཅན་རྫས་གཅིག་མེད་པར་རྡུལ་ཕྲན་དུ་མ་ཡིན་ན། ལུས་བུམ་ཆོས་ཅན། དབང་ཤེས་ཀྱིས་རྟོགས་པ་དང་སྒྲིབ་ཐོགས་ནུས་པ་མིན་པར་ཐལ། དབང་ཤེས་ཀྱི་ཡུལ་ལས་འདས་ཤིང་སྒྲིབ་ཐོགས་མི་ནུས་པའི་སྔར་གྱི་རྡུལ་ཕྲན་དང་ཁྱད་མེད་གཅིག་ཡིན་པའི་ཕྱིར་དང་། སྔར་གྱི་རྡུལ་ཕྲན་ཉིད་ཡིན་པའི་ཕྱིར། རགས་པ་མ་བརྩམས་པའི་དུས་ཀྱི་རྡུལ་ཕྲན་ཉིད་བཞིན་ནོ་ཞེ་ན། གཉིས་པ་ལ་གཉིས་ཏེ། ཁྱད་མེད་ཕྲ་རབ་རྟགས་མ་གྲུབ། །གྲུབ་ན་གཞན་གྱི་ཕྱོགས་ལ་མཚུངས་པའོ། །དང་པོ་ནི། ཁྱདཾ། སྐྱེས་བུའི་ལུས་ཆོས་ཅན། སྔར་གྱི་རྡུལ་ཕྲན་དང་ཁྱད་པར་མེད་པ་མིན་ཏེ། སྔར་གྱི་རྡུལ་ཕྲན་དེ་རྡུལ་ཕྲན་གཞན་དང་ཕྲད་པ་ལས་རྡུལ་ཕྲན་ཁྱད་པར་ཅན་དུ་སྐྱེས་པ་ཡིན་པའི་ཕྱིར། རྡུལ་ཕྲན་ཁྱད་པར་ཅན་དེ་ཆོས་ཅན། ཁྱོད་རྡུལ་ཕྲན་ཡིན་ཡང་རྡུལ་ཕྲན་གྱི་ཐ་སྙད་བྱེད་པ་མིན་ཏེ། ཁྱོད་རང་འབྲས་དབང་ཤེས་ཀྱི་གཟུང་ཡུལ་ཡིན་ཀྱང་དབང་ཤེས་ལ་རགས་པའི་རྣམ་པ་སྣང་བའི་ཕྱིར། ཁྱད་མེད་ཕྱིར་དང་ཕྲ་རབ་ཕྱིར། །ཞེས་པའི་གཏན་ཚིགས་མ་གྲུབ་པར་བསྟན་པའི་རིགས་པ་དེ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། གཉིས་པོ་རྒྱུ་མཚན་དུ་བྱས་ནས་ལུས་སོགས་ལ་སྒྲིབ་ཐོགས་མེད་པར་ཐལ་བའི་སྐྱོན་བསལ་བའི་ཕྱིར། གཉིས་པ་ནི། དངུལཾ། དངུལ་ཆུ་དང་གསེར་འདྲེས་པའམ་རྡོ་ཚོན་གྱི་གོང་བུ་དེ་ཆོས་ཅན། རང་འབྲས་དབང་ཤེས་ལ་མི་སྣང་བར་ཐལ། ཡན་ལག་ཅན་གྱི་རྫས་གཅིག་མེད་པར་རྡུལ་དུ་མ་ཡིན་པའི་ཕྱིར། དབང་ཤེས་ཀྱི་རྐྱེན་གསུམ་ཆོས་ཅན། རང་འབྲས་དབང་ཤེས་དངོས་སུ་མི་སྐྱེད་པར་ཐལ། མ་ཚོགས་པའི་རྐྱེན་གསུམ་སོ་སོ་བ་དང་ཁྱད་པར་མེད་པའི་ཕྱིར། གཉིས་ཆར་གྱི་རྟགས་ཁས། ལྡནཾ། གལ་ཏེ་རྐྱེན་གསུམ་ཚང་བས་ལྡན་པ་བསྐྱེད། དེས་དབང་ཤེས་བསྐྱེད་དོ་ཞེ་ན། རྐྱེན་གསུམ་ཚོགས་པ་ཆོས་ཅན། ལྡན་པ་དངོས་སུ་བསྐྱེད་མི་ནུས་པར་ཐལ། མ་ཚོགས་པའི་རྐྱེན་སོ་སོ་བ་དང་ཁྱད་པར་མེད་པའི་ཕྱིར། གལཾ། གལ་ཏེ་གསེར་དང་དངུལ་ཆུ་འདྲེས་པ་ལ་ཡན་ལག་ཅན་གྱི་རྫས་གཅིག་མེད་ཀྱང་རྡུལ་རིགས་མི་མཐུན་པ་ཕྲད་པའི་ལྡན་པ་ཡོད་པས་དེ་དབང་ཤེས་ལ་དངོས་སུ་སྣང་བ་ཡིན་ནོ་ཞེ་ན། དབང་ཤེས་ཆོས་ཅན། གསེར་དང་དངུལ་ཆུ་འདྲེས་པའི་ལྡན་པ་མི་རྟོགས་པར་ཐལ། ལྡན་པའི་རྟེན་གསེར་དང་དངུལ་ཆུ་འདྲེས་པ་དེ་མ་རྟོགས་པའི་ཕྱིར། རོཾ། བུར་ཆང་སྦྱར་བའི་བཏུང་བ་ཆོས་ཅན། ཁྱོད་ལ་རོ་གཟུགས་སོགས་ཀྱི་ལྡན་པ་མེད་པར་ཐལ། ཁྱོད་ཡོན་ཏན་ཡིན་པའི་ཕྱིར། གལ་ཏེ་དེ་ལ་རོ་གཟུགས་དངོས་མེད་ཀྱང་དེ་དང་རོ་གཟུགས་དངོས་གཉིས་བཏུང་བའི་རྡུལ་ལ་འཕྲོད་པ་འདུ་བའི་ཕྱིར་རོ། །གཟུགས་ཡོད་ཅེས་ཉེ་བར་བཏགས་པ་ཡིན་ནོ་ཞེ་ན། བུར་ཆང་སྦྱར་བའི་བཏུང་བའི་རོ་གཟུགས་ཆོས་ཅན། ཁྱོད་བློ་མ་འཁྲུལ་བ་ལ་རོ་གཟུགས་དངོས་ལས་རྣམ་པ་ཐ་དད་དུ་སྣང་བར་ཐལ། ཁྱོད་རོ་གཟུགས་བཏགས་པ་བ་ཡིན་པའི་ཕྱིར། བྱ་རྒྱ་ཚར་དུ་དངར་བའི་ཕྲེང་བ་ཆོས་ཅན། ཁྱོད་ལ་རིང་པོ་ཞེས་པའི་ཐ་སྙད་བཏགས་ནས་ཀྱང་མི་འཇུག་པར་ཐལ། ཁྱོད་ལ་རིང་པོ་དོན་གཞན་མེད་ཅིང་། རིང་པོ་དང་དོན་གཅིག་ལ་འདུས་པ་ཡང་མེད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། གྲངས་སོགས་རྫས་ལས་ཐ་དད་ཡོད་པ་དགག ཐ་དད་མེད་པའི་ཕྱོགས་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། ཐ་དད་མེད་པའི་སྒྲུབ་བྱེད་དགོད། ཐ་དད་ཡོད་པའི་སྒྲུབ་བྱེད་དགག དེ་ལ་གཞན་གྱིས་ཉེས་སྤོང་དགག་པའོ། །དང་པོ་ནི། དེཾ། བུམ་པའི་གྲངས་དང་ལྡན་པ་སོགས་ཆོས་ཅན། རྫས་བུམ་པ་དང་དེ་བརྗོད་པའི་མིང་ལས་དོན་གཞན་དུ་མེད་དེ། དེ་ལས་དོན་གཞན་དུ་ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་ནི། བུམ་པའི་གྲངས་སོགས་ཆོས་ཅན། བུམ་པ་ལས་རྫས་ཐ་དད་དུ་ཡོད་དེ། བུམ་པ་ལས་སྒྲ་རྟོག་ཐ་དད་དུ་འཇུག་པའི་ཕྱིར་ཞེ་ན། སྒྲ།ཾ བུམ་པ་དང་བུམ་པའི་གྲངས་སོགས་ཀྱི་ཡུལ་ཅན་གྱི་སྒྲ་རྟོག་ཆོས་ཅན། བུམ་པ་དང་བུམ་པའི་གྲངས་སོགས་རྫས་གཞན་པའི་དབང་གིས་འཇུག་པ་མིན་ཏེ། དེ་གཉིས་ལྡོག་པ་གཞན་ཡིན་པའི་དབང་གིས་འཇུག་པའི་ཕྱིར་ཏེ། དཔེར་ན་ཡོན་ཏན་སོགས་དང་འདས་མ་འོངས་གཉིས་ལས། གྲངས་སོགས་དོན་གཞན་དུ་མེད་ཀྱང་། དེ་དང་གྲངས་སོགས་ཀྱི་སྒྲ་རྟོག་ཐ་དད་དུ་འཇུག་པ་བཞིན་ནོ། །གསུམ་པ་ནི། གལཾ། ཡོན་ཏན་ལ་གྲངས་སོགས་ཀྱི་སྒྲ་བཏགས་མིང་དུ་འཇུག་པས་སྐྱོན་མེད་དོ་ཞེ་ན། དངོས་པོ་ཐམས་ཅད་ཆོས་ཅན། གྲངས་ཀྱི་སྒྲ་བཏགས་མིང་དུ་འཇུག་པར་ཐལ། ཡོན་ཏན་ལ་གྲངས་ཀྱི་སྒྲ་བཏགས་མིང་དུ་འཇུག་པ་གང་ཞིག རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར། གལཾ། དངོས་པོ་ཀུན་ལ་གྲངས་ཀྱི་སྒྲ་བཏགས་མིང་དུ་འཇུག་པ་མིན་ཏེ། གྲངས་དོན་གཞན་ཁྱད་པར་བྱེད་ཆོས་སུ་ཡོད་པ་ལ་གྲངས་ཀྱི་སྒྲ་དངོས་མིང་དུ་འཇུག དེ་མེད་པ་ལ་བཏགས་མིང་དུ་འཇུག་པའི་ཕྱིར་ཞེ་ན། གྲངས་ཀྱི་སྒྲ་ཆོས་ཅན། གྲངས་དོན་གཞན་ཁྱད་པར་བྱེད་ཆོས་སུ་ཡོད་མེད་ཀྱི་ཁྱད་པར་གྱིས་དངོས་མིང་དང་བཏགས་མིང་དུ་འཇུག་པའི་ཁྱད་པར་མི་འཐད་པར་ཐལ། ཁྱོད་ལས་གྲངས་འཁྲུལ་མེད་དུ་གོ་བའི་ཡུལ་དེ་ལ་ཁྱོད་དངོས་མིང་དུ་འཇུག་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྒྲ་གཞན་དོན་མེད་འགྱུར་བ་སྤོང་། །དྲུག་སྒྲ་མི་སྲིད་འགྱུར་བ་སྤོང་བའོ། །དང་པོ་ནི། ཐཾ། བུམ་པ་དང་བུམ་པའི་གྲངས་སོགས་ཀྱི་སྒྲ་རྣམས་ཆོས་ཅན། རྣམ་གྲངས་པར་ཐལ། བརྗོད་བྱ་དོན་གཞན་མེད་པ་ལ་འཇུག་པའི་མིང་དུ་མ་ཡིན་པའི་ཕྱིར་ཞེ་ན། ཡོན་ཏན་དཀར་པོ་སོགས་དང་། དེའི་གྲངས་སོགས་བརྗོད་པའི་སྒྲ་ཆོས་ཅན། དེར་ཐལ། དེའི་ཕྱིར། གལཾ། ཡོན་ཏན་དཀར་པོ་སོགས་ལའང་གྲངས་སོགས་དོན་གཞན་དུ་ཡོད་པས་གཏན་ཚིགས་མ་གྲུབ་བོ་ཞེ་ན། ཡོན་ཏན་ཆོས་ཅན། ཁྱོད་རྫས་དང་ཁྱད་མེད་དུ་འགྱུར་བར་ཐལ། ཡོན་ཏན་གཞན་གྱི་རྟེན་བྱེད་པ་ཞེས་པའི་རྫས་ཀྱི་མཚན་ཉིད་དེ་ཁྱོད་ཀྱི་རང་ལྡོག་ལ་བརྟེན་པའི་ཕྱིར། དོཾན། བུམ་པ་དང་བུམ་པའི་གྲངས་སོགས་ཀྱི་སྒྲ་ཆོས་ཅན། བརྗོད་བྱ་དོན་གཞན་མེད་ཀྱང་རྣམ་གྲངས་པ་མིན་ཏེ། བརྗོད་བྱ་ལྡོག་པ་ཐ་དད་ལ་འཇུག་པའི་ཕྱིར། དཔེར་ན་སྤྱི་ལས་མིན་རྫས་ལས་མིན་ཞེས་པའི་སྒྲ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། ཆོས་དང་ཆོས་ཅན་བརྗོད་པའི་འཇུག་ཚུལ་བཤད། རིགས་དང་ཚོགས་པ་བརྗོད་པའི་འཇུག་ཚུལ་བཤད་པའོ། །དང་པོ་ནི། བུམ་པའི་གྲངས་སོགས་ཆོས་ཅན། དྲུག་པའི་སྒྲས་བུམ་པ་ལས་ཐ་དད་དུ་བརྗོད་པ་མི་རིགས་པར་ཐལ། བུམ་པ་ལས་དོན་ལ་ཐ་དད་དུ་མེད་པའི་ཕྱིར་ཞེ་ན། དངོཾས། བུམ་པའི་གྲངས་སོགས་ཆོས་ཅན། ཁྱོད་བརྗོད་པའི་ཆོས་བརྗོད་ཀྱི་སྒྲས་ཁྱོད་བུམ་པ་ལས་ཐ་དད་དུ་བསྟན་པ་བརྗོད་བྱ་རྫས་གཞན་པའི་དབང་གིས་འཇུག་པ་མིན་ཏེ། དེ་བུམ་པ་ལ་ཁྱད་པར་གཞན་སྤང་བའི་ཆེད་དུ་འཇུག་པ་ཡིན་པའི་ཕྱིར། དེཾ། ཆོས་གཞན་སྤངས་ནས་བུམ་པའི་གྲངས་ཙམ་ཤེས་པར་འདོད་པའི་ཉན་པ་པོ་ལ་བུམ་པའི་གྲངས་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བུམ་པའི་གྲངས་དེ་བུམ་པ་ལས་ཐ་དད་པར་བརྗོད་ཀྱང་། དེ་ཙམ་གྱིས་དེ་གཉིས་དོན་གཞན་དུ་མི་འགྲུབ་སྟེ། ཁྱོད་དེ་གཉིས་ལྡོག་པ་གཞན་ཡིན་པ་རྒྱུ་མཚན་དུ་བྱས་ནས་དེ་གཉིས་ཐ་དད་དུ་བརྗོད་པ་ཡིན་པའི་ཕྱིར། དཔེར་ན་སོར་མོའི་ལྡན་པ་ཞེས་བརྗོད་པས་སོར་མོ་དང་ལྡན་པ་དོན་གཞན་དུ་མི་འགྲུབ་པ་བཞིན། དོཾན། བུམ་པ་གཅིག་ཅེས་པའི་སྒྲ་ཆོས་ཅན། ཁྱོད་དང་བུམ་པའི་གྲངས་ཞེས་པའི་སྒྲ་གཉིས་ཀས་དོན་གཅིག་བརྗོད་ཀྱང་། ཁྱོད་ཆོས་ཅན་བརྗོད་པའི་སྒྲར་གྲགས་པ་ཡིན་ཏེ། ཁྱོད་ཀྱིས་བུམ་པའི་ཁྱད་ཆོས་ཐམས་ཅད་བརྗོད་བྱར་འཕངས་པ་ལས་ཆོས་ཅན་བརྗོད་པའི་སྒྲར་བརྡ་བྱས་པའི་ཕྱིར། དཔེར་ན་སོར་མོ་ལྡན་པར་འགྱུར་ཞེས་པ་བཞིན་ནོ། །གཉིས་པ་ནི། འོ་ན་ཚོགས་པ་བརྗོད་པ་དང་རིགས་བརྗོད་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། གཟུགསཾ། བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་བུམ་པའི་རྡུལ་རྫས་བརྒྱད་ལ་ལྟོས་ནས་ཚོགས་བརྗོད་ཀྱི་སྒྲ་ཡིན་ཏེ། བུམ་པའི་རྡུལ་རྫས་བརྒྱད་ཀྱི་སོ་སོའི་ནུས་པ་བརྗོད་བྱར་སྤངས་ནས་ཐུན་མོང་གི་ནུས་པ་བརྗོད་བྱར་བྱེད་པའི་སྒྲ་ཡིན་པའི་ཕྱིར། དེསཾ། བུམ་པ་ཆོས་ཅན། ཁྱོད་དང་ཁྱོད་ཀྱི་གཟུགས་ལ་གཞི་མཐུན་གྱི་སྒྲ་དོན་མཐུན་མི་རུང་སྟེ། ཁྱོད་ཅེས་པའི་སྒྲས་ཁྱོད་ཀྱི་གཟུགས་བརྗོད་བྱར་སྤང་བའི་ཕྱིར། དེསཾ། རིགས་དང་ཚོགས་པ་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཀྱི་ཁྱད་པར་གྲུབ་པ་ཡིན་ཏེ། རིགས་ཅན་བརྗོད་བྱར་མི་སྤོང་བ་དང་། ཚོགས་པ་ཅན་བརྗོད་བྱར་མི་སྤོང་བ་དེ་ཁྱོད་ཀྱི་ཁྱད་པར་ཡིན་པའི་ཕྱིར། གལ་ཏེ་བུམ་པ་དང་བུམ་པའི་གཟུགས་སོགས་དོན་ལ་ཐ་དད་མེད་ན་བུམ་པའི་གཟུགས་ཞེས་པའི་སྒྲས་ཐ་དད་དུ་བརྗོད་པ་དགོས་པ་མེད་པར་འགྱུར་རོ་ཞེ་ན། དེཾ། བུམ་པའི་གཟུགས་ཞེས་བྱ་བའི་སྒྲ་ཆོས་ཅན། དགོས་པ་ཡོད་དེ། བུམ་པའི་གཟུགས་ཀྱི་རང་འཛིན་མིག་ཤེས་བསྐྱེད་པའི་ནུས་པ་བྱེ་བྲག་ཏུ་སྟོན་པའི་ཆེད་ཡིན་པའི་ཕྱིར། ཙནྡན་གྱི་དྲི་ཞེས་པའི་སྒྲ་ལ་ཡང་སྦྱར་རོ། །གཉིས་པ་ཡན་ལག་དུ་མ་ཉིད་ཀྱང་རྒྱུར་མི་འཐད་པ་ལ་གཉིས་ཏེ། ཡན་ལག་ཚོགས་པ་རྒྱུར་མི་འཐད། ཡན་ལག་རེ་རེ་རྒྱུར་མི་འཐད་པའོ། །དང་པོ་ནི། ལུས་ཀྱི་ཡན་ལག་དུ་མ་ཡིད་བློའི་དངོས་རྒྱུ་ཡིན་ནོ་ཞེ་ན། ཡན་ལག་ཐམས་ཅད་ཚོགས་པའམ། རེ་རེ་བ་ཡིན། དང་པོ་ལྟར་ན། མཾ། ཡིད་བློ་ཆོས་ཅན། ལུས་ཀྱི་ཡན་ལག་གང་རུང་གཅིག་དང་བྲལ་ན་ཁྱོད་མི་བསྐྱེད་པར་ཐལ། ལུས་ཀྱི་ཡན་ལག་ཀུན་ཚོགས་པ་དེ་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། གནོད་བྱེད་ཐལ་བ་བརྗོད། དེ་ཡི་ཉེས་སྤོང་དགག རང་ལ་མཚུངས་པ་སྤང་བའོ། །དང་པོ་ནི། ཕྱོགས་གཉིས་པ་ལྟར་ན། རེཾ། ལུས་ཅན་གཅིག་ལས་ཆོས་ཅན། ཡིད་བློ་རྫས་རྒྱུན་དུ་མ་ཅིག་ཅར་འབྱུང་བར་ཐལ། ལུས་ཀྱི་ཡན་ལག་དུ་མ་ཅིག་ཅར་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དབུགས་གཅིག་ཡིད་བློའི་རྒྱུར་མི་འཐད། དུ་མ་ཡིད་བློའི་རྒྱུར་མི་འཐད་པའོ། །དང་པོ་ནི། དབུགས་འབྱུང་རྔུབ་གཅིག་ཁོ་ན་ཡིན་པས་ཡིད་བློ་རེ་རེ་ཁོ་ན་སྐྱེ་བར་ངེས་པ་ཡིན་ནོ་ཞེ་ན། དུཾ། དབུགས་འབྱུང་རྔུབ་ཆོས་ཅན། ཁྱོད་གཅིག་ཁོ་ན་ཡིན་པའི་རྒྱུ་མཚན་གྱིས་ཡིད་བློ་རེ་རེ་ཁོ་ན་སྐྱེ་བ་ངེས་པར་མིན་པར་ཐལ། ཁྱོད་དུ་མ་ཡིན་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། དབུགས་དང་ལུས་རྟག་པ་གཅིག་ཉིད་ཀྱིས་ཡིད་བློ་རིམ་གྱིས་བསྐྱེད་པའི་ཕྱིར་ཞེ་ན། གཅིགཾ ལུས་ཅན་གཅིག་ལ་ཆོས་ཅན། ཡིད་བློ་རྫས་རྒྱུན་དུ་མ་ཅིག་ཅར་འབྱུང་བར་ཐལ། དབུགས་དང་ལུས་རྟག་པ་དུ་མ་ཅིག་ཅར་ཡོད་པའི་ཕྱིར་རོ། །གལཾ། གལ་ཏེ་ཡིད་བློ་ཅིག་ཅར་བསྐྱེད་པ་མ་ཡིན་གྱི། རིམ་གྱིས་བསྐྱེད་པ་ཡིན་ནོ་ཞེ་ན། དབུགས་དང་ལུས་རྟག་པ་ཆོས་ཅན། ཡིད་བློ་རིམ་གྱིས་ཀྱང་མི་སྐྱེད་པར་ཐལ། སྔར་ཡིད་བློ་མི་སྐྱེད་པ་དང་ཁྱད་པར་མེད་པའི་ཕྱིར། དབུགསཾ། དབུགས་འབྱུང་རྔུབ་དེ་ཆོས་ཅན། ཁྱོད་གཅིག་ཡིན་པའི་རྒྱུ་མཚན་གྱིས་ཡིད་བློ་གཅིག་ཁོ་ནར་ངེས་པ་མིན་པར་ཐལ། ཁྱོད་གཅིག་གི་ཡུན་ཚད་ལ་ཡིད་བློ་དུ་མ་སྐྱེ་བའི་ཕྱིར། དུཾ། གལ་ཏེ་མ་གྲུབ་སྟེ་དོན་དུ་མ་ཡིད་བློ་ཆ་མེད་གཅིག་གིས་ཤེས་པའི་ཕྱིར་ཞེ་ན། ཡིད་བློ་ཆོས་ཅན། དོན་སྔ་ཕྱི་ཅིག་ཅར་དུ་ཤེས་པར་ཐལ། དོན་སྔ་ཕྱི་ཤེས་པ་གང་ཞིག ཁྱོད་ཆ་མེད་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། ཡིད་བློ་ཆོས་ཅན། དོན་སྔ་ཕྱི་རིམ་གྱིས་མི་འཛིན་པར་ཐལ། དོན་སྔ་ཕྱི་མི་འཛིན་པ་དང་ཁྱད་པར་མེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དུ་མ་རིམ་གྱིས་འབྱུང་བས་བསྐྱེད་པ་དགག དུ་མ་ཅིག་ཅར་འབྱུང་བས་བསྐྱེད་པ་དགག་པའོ། །དང་པོ་ནི། རངཾ་། གལ་ཏེ་ལུས་རྟག་པ་ལས་རིམ་གྱིས་འབྱུང་བའི་དབུགས་རིམ་ཅན་དེས། ཡིད་བློ་སྐད་ཅིག་རིམ་ཅན་དུ་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། གོཾ དབུགས་རིམ་ཅན་ཆོས་ཅན། རིམ་ཅན་དུ་མི་སྐྱེད་པར་ཐལ། རིམ་ཅན་དུ་བསྐྱེད་པའི་རྒྱུ་མེད་པའི་ཕྱིར། རཾང་། གལ་ཏེ་རང་གི་རིགས་འདྲ་སྔ་མ་ལས་རིམ་ཅན་དུ་སྐྱེའོ་ཞེ་ན། ལུས་ཅན་ཆོས་ཅན། དབུགས་སྐད་ཅིག་དང་པོ་མི་འབྱུང་བར་ཐལ། དབུགས་སྐད་ཅིག་དང་པོ་བསྐྱེད་པའི་རིགས་འདྲ་སྔ་མ་མེད་པའི་ཕྱིར། དབུགསཾ། དབུགས་ཆོས་ཅན། ཁྱོད་དུ་མར་ཐལ། ཁྱོད་འབྱུང་ས་དུ་མ་ནས་འབྱུང་བ་ཡིན་པའི་ཕྱིར། འདོད་ན། ལུས་ཅན་གཅིག་ལ་ཆོས་ཅན། ཡིད་རྫས་རྒྱུན་དུ་མ་ཅིག་ཅར་སྐྱེ་བར་ཐལ། དབུགས་དུ་མ་ཅིག་ཅར་སྐྱེ་བའི་ཕྱིར། གཉིས་པ་ནི། གལཾ། གལ་ཏེ་དབུགས་དུ་མ་དུས་གཅིག་ཏུ་ཚོགས་པ་དེ་ཡིད་བློ་གཅིག་གི་རྒྱུ་ཡིན་པས་ཡིད་བློ་དུ་མ་ཅིག་ཅར་མི་སྐྱེའོ་ཞེ་ན། ཡིད་བློ་ཆོས་ཅན། དབུགས་ཀྱི་ཆ་ཤས་གཅིག་མ་ཚང་ན་ཡང་ཁྱོད་མི་སྐྱེ་བར་ཐལ། དབུགས་ཀྱི་ཆ་ཤས་མ་ལུས་པ་ཚོགས་པ་དེ་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། ཅིཾ། དབུགས་ཀྱི་ཡན་ལག་ཅི་ལྟར་ཡོད་པ་བཞིན་ཡིད་བློའི་རྒྱུ་ཡིན་པས་སྐྱོན་མེད་དོ་ཞེ་ན། ལུས་ཅན་ཆོས་ཅན། དབུགས་རྒྱུ་བ་དྲག་ཞན་ལས་ཡིད་བློ་དྲག་ཞན་དུ་འགྱུར་བར་ཐལ། དབུགས་རྒྱུ་བ་དྲག་ཞན་ཅི་ལྟར་ཡོད་པ་བཞིན་ཡིད་བློའི་དངོས་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་དེ་འཕེལ་འགྲིབ་ཀྱི་རྗེས་སུ་འཕེལ་འགྲིབ་མི་བྱེད་ན། ཆོས་དེའི་ཉེར་ལེན་ལས་བྱུང་བ་མ་ཡིན་དགོས་པའི་ཕྱིར། གསུམ་པ་རང་ལ་མཚུངས་པ་སྤོང་བ་ནི། རྟོག་པ་དུ་མ་ཅིག་ཅར་དུ་སྐྱེ་བར་ཐལ་བའི་ཉེས་པ་དེ་ཁྱོད་ལ་ཡང་མཚུངས་སོ་ཞེ་ན། རྣམཾ། རྟོག་པ་ཆོས་ཅན། ཁྱོད་དུ་མ་ཅིག་ཅར་སྐྱེ་བ་མིན་ཏེ། ཁྱོད་སྔ་མ་རེ་རེས་ཕྱི་མ་རེ་རེ་བསྐྱེད་པའི་ནུས་པ་ངེས་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། རྟོག་པ་སྒྲ་ལ་ལྷག་པར་ཆགས་པའི་ཚེ། གཟུགས་འཛིན་མིག་ཤེས་སྐྱེ་བའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པས་གཟུགས་འཛིན་མིག་ཤེས་མི་སྐྱེ་བའི་ཕྱིར། གལཾ། གལ་ཏེ་དང་པོར་ལུས་ལས་ཡིན་བློ་དུ་མ་ཅིག་ཅར་སྐྱེས་ནས་ཕྱིས་ཡིད་བློ་སྔ་མ་རེ་རེས་ཕྱི་མ་རེ་རེ་ཁོ་ན་བསྐྱེད་པ་ཡིན་ནོ་ཞེ་ན། ལུས་ཆོས་ཅན། ཕྱིས་ཡིད་བློ་དུ་མ་ཅིག་ཅར་བསྐྱེད་པའི་ནུས་པ་ལྡོག་པ་དེ་མི་འཐད་པར་ཐལ། སྔར་ཡིད་བློ་དུ་མ་ཅིག་ཅར་བསྐྱེད་ནུས་པ་གང་ཞིག ཁྱོད་རྟག་པ་ཡིན་པའི་ཕྱིར། གསུམ་པ་དེ་ལ་འཁྲུལ་པའི་རྩོད་པ་སྤོང་བ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལཾ། ལུས་ཅན་ཤི་བའི་ས་ན་ཆོས་ཅན། སེམས་འབའ་ཞིག་ཡན་གར་དུ་གནས་པར་ཐལ། སེམས་གནས་པ་གང་ཞིག རྟེན་ལུས་མེད་པའི་ཕྱིར་ཞེ་ན། གཉིས་པ་ལ་གསུམ་སྟེ། སྐྱེ་མཆེད་ཕྱི་མའི་རྒྱུ་གཉིས་བཤད། མཚམས་སྦྱོར་མེད་པའི་སྒྲུབ་བྱེད་དགག མཚམས་སྦྱོར་འཐད་པའི་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། གལཾ། བདག་འཛིན་ཅན་གྱི་སྐྱེས་བུ་ཆོས་ཅན། ཤི་བའི་འོག་ཏུ་སེམས་འབའ་ཞིག་ཡན་གར་དུ་གནས་པའི་སྐྱོན་མེད་དེ། འཆི་ཁ་ཐ་མའི་སེམས་དེ་ཕྱི་མའི་ལུས་ཀྱི་ལྷན་ཅིག་བྱེད་རྐྱེན་དུ་འགྱུར་བའི་ཕྱིར། འོ་ན་ཚེ་ཕྱི་མའི་ལུས་ཀྱི་ཉེར་ལེན་གང་ཞེ་ན། ཚེཾ། ཕྱི་མའི་ལུས་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་ཡོད་དེ། རང་གི་ཉེར་ལེན་འཆི་ཁ་ཐ་མའི་དབང་པོའི་སྐྱེ་མཆེད་ལས་བྱུང་བའི་ཕྱིར། གཉིས་པ་ནི། དེཾ། འཆི་ཁའི་ལུས་སེམས་ཆོས་ཅན། ལུས་སེམས་ཕྱི་མའི་རྒྱུ་རྐྱེན་མིན་ཏེ། ལུས་སེམས་ཕྱི་མའི་རྒྱུ་རྐྱེན་དུ་མ་དམིགས་པའི་ཕྱིར་ཞེ་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མིན་ཏེ། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མ་ཡིན་པ་བཤད་ཟིན་པའི་ཕྱིར། གལ་ཏེ་མ་དམིགས་པས་མི་ཁེགས་ཀྱང་དབང་པོ་ཡིན་པ་དང་། སེམས་ཡིན་པ་སོགས་ཀྱི་རྟགས་ཀྱིས་ཁེགས་སོ་ཞེ་ན། དབང་པོ་ཡིན་པ་སོགས་ཆོས་ཅན། ཁྱོད་འཆི་ཁའི་དབང་པོ་དབང་པོ་ཕྱི་མའི་ཉེར་ལེན་མིན་པར་སྒྲུབ་པའི་རྟགས་ཡང་དག་མིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་མ་ངེས་པའི་ཕྱིར། གསུམ་པ་ནི། དབཾང་། འཆི་ཁའི་དབང་པོ་ཆོས་ཅན། རྐྱེན་གཞན་ཚང་ཞིང་གེགས་མེད་ན་དབང་པོ་ཕྱི་མ་བསྐྱེད་དེ། རྐྱེན་གཞན་ཚང་ཞིང་གེགས་མེད་ན་དབང་པོ་ཕྱི་མ་བསྐྱེད་པའི་ནུས་པ་ངེས་པའི་ཕྱིར། ཚེ་འདིའི་དབང་པོ་སྔ་མས་ཕྱི་མ་བསྐྱེད་པ་བཞིན། གལཾ། ཚེ་འདིའི་དབང་པོ་དེ་དབང་པོ་སྔ་མ་ལས་མི་སྐྱེད་པར་ལུས་རྟག་པ་ལས་སྐྱེ་བ་ཡིན་ནོ་ཞེ་ན། ལུས་ཅན་གཅིག་ལ་ཆོས་ཅན། དབང་པོའི་རིགས་འདྲ་དུ་མ་ཅིག་ཅར་སྐྱེ་བར་ཐལ། དེའི་དངོས་རྒྱུ་ལུས་རྟག་པ་ཡོད་པའི་ཕྱིར། སེམཾས། གལ་ཏེ་ཚེ་འདིའི་དབང་པོ་སེམས་ལས་སྐྱེ་བ་ཡིན་ནོ་ཞེ་ན། ཚེ་ཕྱི་མའི་དབང་པོ་ཡང་ཆོས་ཅན། སེམས་ལས་སྐྱེ་བར་ཐལ། ཚེ་འདིའི་དབང་པོ་སེམས་ལས་སྐྱེ་བ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། བཞི་པ་བཀག་པས་གྲུབ་པའི་མཇུག་སྡུད་བསྟན་པ་ནི། དེསཾ། ཐ་མལ་པ་དང་དགྲ་བཅོམ་པ་འཆི་ཁ་མའི་སེམས་ཆོས་ཅན། ཉེར་ལེན་རྒྱུ་ལུས་དབུགས་དང་བྲལ་བ་དེ་ཁྱོད་རིག་པ་ཕྱི་མ་མཚམས་མི་སྦྱོར་བ་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། དེ་དེ་ལྟར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་སྲིད་ཀྱང་རང་བཞིན་ལས་འདས་པ་མིན་པ་སྤོང་བ་ལ་གསུམ་སྟེ། དཔེ་ལ་བརྟེན་པའི་རྩོད་པ་དགོད། གཞན་གྱིས་བཀོད་པའི་དཔེ་དོན་དགག རང་ཕྱོགས་འཐད་པའི་དཔེ་དོན་བཤད་པའོ། །དང་པོ་ནི། གོམཾས། སྙིང་རྗེ་གོམས་པ་ལས་ཁྱད་པར་ཅུང་ཟད་འཕེལ་ཡང་མཐའ་མེད་དུ་འཕེལ་བ་མིན་ཏེ། མཆོངས་པ་དང་ཆུ་ཡི་དྲོད་མཐའ་མེད་དུ་འཕེལ་བ་མ་ཡིན་པ་བཞིན་ནོ་ཞེ་ན། གཉིས་པ་ལ་བཞི་སྟེ། དཔེ་ལ་མཐའ་མེད་འཕེལ་བའི་ཁྱད་པར་མེད། དོན་ལ་མཐའ་མེད་འཕེལ་བའི་ཁྱད་པར་ཡོད། དཔེ་ལ་དོན་དང་མཚུངས་པའི་རྩོད་པ་སྤང་། དོན་ལ་ཧ་ཅང་ཐལ་བའི་རྩོད་པ་སྤང་བའོ། །དང་པོ་ནི། བྱསཾ། མཆོངས་པ་ཆོས་ཅན། ཁྱོད་གོམས་པ་ལས་མཐའ་མེད་དུ་འཕེལ་བ་མིན་ཏེ། ཁྱོད་ཀྱི་རྒྱུ་དེ་ལ་ཁྱོད་མཐའ་མེད་དུ་འཕེལ་བ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་ཏེ། ཁྱོད་གོམས་ཟིན་ལུས་ཀྱི་འབད་རྩོལ་བསྐྱར་མ་ལ་ལྟོས་པའི་ཕྱིར། ཆུ་དྲོད་ཆོས་ཅན། ཁྱོད་མཐའ་མེད་དུ་འཕེལ་བ་མིན་ཏེ། ཁྱོད་ཀྱི་རྒྱུ་དེ་ལ་ཁྱོད་མཐའ་མེད་དུ་འཕེལ་བ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་ཏེ། ཁྱོད་ཀྱི་རྟེན་ཆུ་དེ་རྒྱུན་མི་བརྟེན་པ་ཡིན་པའི་ཕྱིར། གཉིས་པ་ནི། གངཾ་། བརྩེ་སོགས་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་གོམས་པར་བྱས་ན་མཐའ་མེད་དུ་འཕེལ་ཏེ། ལུས་ཀྱི་འབད་རྩོལ་ལ་མི་ལྟོས་པར་སེམས་རྒྱུད་ལ་གོམས་པའི་ཡོན་ཏན་ཡིན་པའི་ཕྱིར། དཔེར་ན་མེས་ཤིང་རང་གི་ངང་གིས་སྲེག་པ་དང་། གསེར་ལ་དངུལ་ཆུ་རང་གི་ངང་གིས་འཇུག་པ་བཞིན་ནོ། །དེསཾ། བརྩེ་སོགས་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་གོམས་པར་བྱས་ན་མཐའ་མེད་དུ་འཕེལ་ཏེ། རང་གི་རིགས་མཐུན་སྔ་མ་ལས་འཕེལ་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ཁྱབ་སྟེ། སེམས་ཀྱི་ཡོན་ཏན་ཡིན་ན་རྟེན་བརྟན་པས་ཁྱབ་པའི་ཕྱིར། གསུམ་པ་ནི། བརྩེ་སོགས་རིགས་འདྲ་སྔ་མ་ལས་འཕེལ་བ་ལྟར་མཆོངས་པ་ཡང་རིགས་འདྲ་སྔ་མ་ལས་འཕེལ་བར་མཚུངས་སོ་ཞེ་ན། དེཾ། མཆོངས་པ་ཆོས་ཅན། ཁྱོད་རིགས་འདྲ་སྔ་མ་ལས་འཕེལ་བ་མིན་ཏེ། ཁྱོད་ཀྱི་རྒྱུ་ལུས་ཀྱི་སྟོབས་དང་འབད་རྩོལ་ཚད་ངེས་པས་ཁྱོད་ཀྱང་ཚད་ངེས་པའི་ཕྱིར། འོ་ན་དང་པོ་ནས་ཕྱིས་བྱང་བའི་དུས་བཞིན་དུ་མཆོངས་པར་འགྱུར་རོ་ཞེ་ན། དེཾ། མཆོངས་པ་གོམས་པའི་སྐྱེས་བུ་ཆོས་ཅན། དང་པོ་ནས་ཕྱིས་བྱང་བའི་དུས་བཞིན་དུ་མཆོངས་པ་མིན་ཏེ། དང་པོར་ཁྱོད་ཀྱི་ལུས་འགལ་རྐྱེན་གྱིས་མཆོངས་པ་དང་མི་མཐུན་པར་བྱས་པའི་ཕྱིར་དང་། ཕྱིས་མི་མཐུན་པ་བསལ་ནས་ཡང་རང་གི་ལུས་ཀྱི་སྟོབས་ཉིད་དུ་མཆོངས་པའི་ཕྱིར། བཞི་པ་ནི། བརྩེ་སོགས་རིགས་འདྲ་སྔ་མ་ལས་འཕེལ་ན་ཐ་མལ་པ་རྣམས་ལ་བརྩེ་སོགས་འཕེལ་བར་འགྱུར་རོ་ཞེ་ན། བརྩེཾ། ཐ་མལ་པ་ཆོས་ཅན། ཁྱོད་ལས་བརྩེ་སོགས་མཐའ་མེད་དུ་མི་འཕེལ་ཏེ། ཁྱོད་ཀྱི་སེམས་རྒྱུད་ལ་འགལ་རྐྱེན་ཞེ་སྡང་གིས་གནོད་པ་བྱས་པའི་ཕྱིར། འགལ་རྐྱེན་ཞེ་སྡང་མེད་ན་མཐའ་མེད་དུ་འཕེལ་བར་འགྱུར་རམ་ཞེ་ན། འདིཾ། བརྩེ་སོགས་ཆོས་ཅན། འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བའི་སྒོ་ནས་གོམས་ན་མཐའ་མེད་དུ་འཕེལ་ཏེ། དེ་ལྟར་གོམས་ན་ཁྱོད་སྔ་མ་དེས་ཁྱོད་ཕྱི་མ་གསལ་བའི་རྒྱུ་ཡིན་པའི་ཕྱིར། གསུམ་པ་ནི། གོམསཾ། བརྩེ་སོགས་གོམས་པ་ལས་སེམས་རྒྱུད་བརྩེ་སོགས་ཀྱི་བདག་ཉིད་དུ་འགྱུར་བ་ཆོས་ཅན། ཁྱོད་ཀྱི་མཐུན་དཔེ་ཡང་དག་ཡོད་དེ། ཆགས་བྲལ་སོགས་གོམས་པ་ལས་སེམས་རྒྱུད་ཆགས་བྲལ་སོགས་ཀྱི་བདག་ཉིད་དུ་འགྱུར་བ་དེ་ཁྱོད་ཀྱི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། གཉིས་པ་དེ་ལས་སྟོན་པ་འབྱུང་བའི་ཚུལ་ལ་བཞི་སྟེ། བརྩེ་བས་སྟོན་པ་དྲངས་པའི་ཚུལ། སྟོན་པའི་དམིགས་རྣམ་སྦྱོང་བའི་ཚུལ། དམིགས་རྣམ་གོམས་པར་སྟོན་པར་བསྟན། དེས་ན་བསམ་སྦྱོར་རྒྱུ་རུ་གྲུབ་པའོ། །དང་པོ་ནི། བརྩེཾ། སེམས་རྒྱུད་སྙིང་རྗེའི་རང་བཞིན་དུ་གྱུར་པའི་བརྩེ་ལྡན་དེ་ཆོས་ཅན། བདེན་བཞི་དངོས་སུ་རྟོགས་པའི་ཐབས་ལ་སྦྱོར་བར་མཛད་པའི་རྒྱུ་མཚན་ཡོད་དེ། གཞན་གྱི་སྡུག་བསྔལ་བསལ་བའི་ཕྱིར་དུ་བདེན་བཞི་བསྟན་དགོས་པའི་ཕྱིར། ཁྱབ་སྟེ། བདེན་བཞི་རང་ལ་ལྐོག་ཏུ་གྱུར་ན། བདེན་བཞི་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་མི་ནུས་པས་ཁྱབ་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྤང་བྱའི་རྒྱུ་དང་རང་བཞིན་དཔྱད། དེ་རྒྱུ་གཞོམ་ཕྱིར་གཉེན་པོ་དཔྱད། དཔྱད་པས་གྲུབ་པའི་སྤང་གཉེན་བཤད་པའོ། །དང་པོ་ནི། ལུངཾ་། བརྩེ་ལྡན་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་ཡོད་པ་དང་། མི་རྟག་པ་ཡིན་པར་དཔྱད་པའི་རྒྱུ་མཚན་ཡོད་དེ། སྡུག་བསྔལ་སྤང་བར་འདོད་པའི་ཕྱིར། ཁྱབ་སྟེ། སྡུག་བསྔལ་གྱི་རྒྱུ་མེད་པ་དང་། རྟག་པ་ཡིན་ན་སྡུག་བསྔལ་སྤོང་མི་ནུས་པས་ཁྱབ་པའི་ཕྱིར། གཉིས་པ་ནི། དེཾ། བརྩེ་ལྡན་ཆོས་ཅན། སྡུག་བསྔལ་གྱི་རྒྱུའི་གཉེན་པོ་དཔྱད་པའི་རྒྱུ་མཚན་ཡོད་དེ། སྡུག་བསྔལ་གྱི་རྒྱུ་གཞོམ་པར་འདོད་པའི་ཕྱིར། རྒྱུ། དེ་ཆོས་ཅན། སྡུག་བསྔལ་གྱི་རྒྱུའི་གཉེན་པོ་ཤེས་པར་འགྱུར་ཏེ། སྡུག་བསྔལ་གྱི་རྒྱུ་ཤེས་པའི་ཕྱིར། གསུམ་པ་ནི། བདཾག བདག་འཛིན་ལས་བྱུང་བའི་སྲེད་པ་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། སྡུག་བསྔལ་རང་དབང་དུ་བསྐྱེད་པའི་ཕྱིར། བདག་མེད་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་ཆོས་ཅན། སྡུག་བསྔལ་གྱི་རྒྱུའི་གཉེན་པོ་ཡིན་ཏེ། བདག་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་གཉེན་པོ་ཡིན་པའི་ཕྱིར། གསུམ་པ་ནི། རྣམཾས། བདག་མེད་རྟོགས་པའི་ལམ་བསྐལ་པ་གྲངས་མེད་གསུམ་དུ་གོམས་པར་བྱེད་པའི་བློ་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་གོམས་པར་བྱེད་ན་བདེན་བཞིའི་གནས་ཚུལ་ལ་གསལ་བ་རབ་ཀྱི་མཐར་ཕྱིན་པ་འབྱུང་སྟེ། རྟེན་བརྟན། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར། བདེན་བཞིའི་གནས་ཚུལ་གོམས་པ་ཡིན་པའི་ཕྱིར། དེསཾ། སྟོན་པ་སངས་རྒྱས་ཆོས་ཅན། ཉོན་མོངས་པའི་བག་ཆགས་མ་ལུས་པ་སྤངས་པ་ཡིན་ཏེ། བདེན་བཞིའི་གནས་ཚུལ་ལ་ཐུགས་གསལ་བ་རབ་ཀྱི་མཐར་ཕྱིན་པ་ཡིན་པའི་ཕྱིར། ཐུབཾ། དེ་ཆོས་ཅན། བསེ་རུ་སོགས་ལས་ཁྱད་པར་དུ་འཕགས་ཏེ། ཉོན་མོངས་པའི་བག་ཆགས་མ་ལུས་པ་སྤངས་པའི་ཕྱིར། བཞི་པ་ནི། དེཾ། བདག་མེད་གོམས་པའི་བློ་ཆོས་ཅན། སྟོན་པ་ཞེས་བརྗོད་དུ་རུང་སྟེ། འབྲས་དུས་ཀྱི་སྟོན་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། གྲུབཾ། ཐེག་ཆེན་གྱི་བསམ་སྦྱོར་ཕུན་སུམ་ཚོགས་པ་གཉིས་པོ་ཆོས་ཅན། མདོའི་མཆོད་བརྗོད་དུ་སྐྱེས་བུ་ཚད་མའི་རྒྱུར་བཤད་དེ། མདོའི་མཆོད་བརྗོད་དུ་སྤངས་རྟོགས་ལས་དང་པོར་འབྱུང་བའི་ཕྱིར། གསུམ་པ་དེ་ལས་བདེ་གཤེགས་འབྱུང་བའི་ཚུལ་ལ་གཉིས་ཏེ། སྤངས་པ་ཕུན་ཚོགས་བདེ་བར་གཤེགས་སུ་བསྟན། སྤངས་པ་ཕུན་ཚོགས་མེད་པའི་རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུ།ཾ སངས་རྒྱས་པའི་སྤངས་པ་ཆོས་ཅན། བདེར་གཤེགས་ཡིན་ཏེ། ཡོན་ཏན་གསུམ་ལྡན་གྱི་སྤངས་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ལེགས་པར་སྤངས་པ། སླར་མི་ལྡོག་པར་སྤངས་པ། མ་ལུས་པར་སྤངས་པའོ། །དང་པོ་ནི། སྡུགཾ དེ་ཆོས་ཅན། ལེགས་པར་སྤངས་པ་ཡིན་ཏེ། སྡུག་བསྔལ་གྱི་རྟེན་མི་བྱེད་པའི་སྒོ་ནས་ཕྱི་རོལ་པའི་སྤངས་པ་ལས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། གཉིས་པ་ནི། སྐྱེ།ཾ དེ་ཆོས་ཅན། སླར་མི་ལྡོག་པར་སྤངས་པ་ཡིན་ཏེ། བདག་ལྟའི་ས་བོན་སྤངས་པས་ཉན་རང་སློབ་པའི་སྤངས་པ་ལས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། གསུམ་པ་ནི། ཉོནཾ། དེ་ཆོས་ཅན། མ་ལུས་པར་སྤངས་པ་ཡིན་ཏེ། ཉོན་མོངས་ཀྱི་བག་ཆགས་སྤངས་པས་ཉན་རང་དགྲ་བཅོམ་གྱི་སྤངས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། ཁཾ། དཔྱོད་པ་བ་སོགས་ན་རེ། སྟོན་པ་གོའུ་ཏ་མ་ཆོས་ཅན། སྐྱོན་ཟད་པ་མིན་ཏེ། ངག་སྨྲ་བའི་ཕྱིར་དང་། སྐྱེས་བུ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། གཉིས་པ་ལ་གཉིས་ཏེ། སྒྲུབ་བྱེད་ལྷག་ལྡན་ཉིད་དུ་བསྟན། སྒྲུབ་བྱེད་ཉིད་ལ་བརྟགས་ནས་དགག་པའོ། །དང་པོ་ནི། འདིཾ། ངག་སྨྲ་སོགས་ཆོས་ཅན། ཁྱོད་ཀྱིས་སྟོན་པ་སྐྱོན་ཟད་པ་མིན་པར་སྒྲུབ་པའི་ཁྱབ་པ་འཁྲུལ་ཏེ། ཁྱོད་ཀྱིས་དེ་གྲུབ་ཀྱི་མི་མཐུན་ཕྱོགས་ལ་ལྡོག་པར་མ་ངེས་པའི་ཕྱིར། གཉིས་པ་ནི། རྟགཾ སྟོན་པ་སྐྱོན་ཟད་པ་མིན་པའི་རྒྱུ་མཚན་སྐྱོན་རྟག་པ་ཡིན་ནམ། སྤོང་བྱེད་ཀྱི་གཉེན་པོ་མེད་པ་ཡིན་ནམ། ཡོད་ཀྱང་མི་ཤེས་པ་ཡིན། དང་པོ་ལྟར་ན། རྒྱུཾ། སྐྱོན་ཆོས་ཅན། ཁྱོད་རྟག་པ་མིན་ཏེ། ཁྱོད་སྐྱེད་བྱེད་ཀྱི་རྒྱུ་ཡོད་པའི་ཕྱིར། གཉིས་པ་ལྟར་ན། རྒྱུ།ཾ དེ་ཆོས་ཅན། ཁྱོད་སྤོང་བྱེད་ཀྱི་ཐབས་མེད་པ་མིན་ཏེ། ཁྱོད་ཀྱི་རྒྱུའི་གཉེན་པོ་གོམས་པས་ཁྱོད་ཟད་པར་འགྱུར་བའི་ཕྱིར། གསུམ་པ་ལྟར་ན། རྒྱུ།ཾ དེ་ཆོས་ཅན། ཁྱོད་ཀྱི་གཉེན་པོ་ཤེས་པར་འགྱུར་ཏེ། ཁྱོད་ཀྱི་རྒྱུ་བདག་ཏུ་འཛིན་པ་ཤེས་པའི་ཕྱིར། བཞི་པ་དེ་ལས་སྐྱོབ་པ་འབྱུང་བའི་ཚུལ་ནི། སྐྱོབཾ། སྟོན་པ་ཆོས་ཅན། སྐྱོབ་པ་ཡིན་ཏེ། རང་ཉིད་ཀྱིས་གཟིགས་པའི་ཡོན་ཏན་གཞན་ལ་བསྟན་པས་གཞན་སྡུག་བསྔལ་རྒྱུར་བཅས་ལས་སྐྱོབ་ནུས་པའི་ཕྱིར། ཁྱབ་སྟེ། རྫུན་གསུངས་པ་དང་སྙིང་བརྩེ་དང་མི་ལྡན་པའི་སྒོ་ནས་ཕྱིན་ཅི་ལོག་གསུངས་པ་མི་སྲིད་པའི་ཕྱིར། ལྔ་པ་དེས་ན་སྒྲུབ་བྱེད་ཡོད་པར་བསྒྲུབ་པ་ནི། དེཾ། བཅོམ་ལྡན་འདས་ཆོས་ཅན། ཁྱོད་ཀྱི་སྒྲུབ་བྱེད་ཡོད་པར་གྲུབ་སྟེ། ཁྱོད་ཀྱི་སྒྲུབ་བྱེད་ཐུགས་རྗེ་ལས་སྟོན་པ་སོགས་འབྱུང་བར་བསྒྲུབས་ཟིན་པའི་ཕྱིར། གསུམ་པ་ནན་ཏན་མ་བྱས་བཀག་ནས་བྱས་པར་སྒྲུབ་པ་ལ་ལྔ་སྟེ། སྐྱོབ་པ་དངོས་སྟོབས་རིགས་པས་བསྒྲུབ། དེ་ལས་བདེར་གཤེགས་གྲུབ་པའི་ཚུལ། དེ་ལས་སྟོན་པ་གྲུབ་པའི་ཚུལ། དེ་ལས་བརྩེ་བ་གྲུབ་པའི་ཚུལ། དེས་ན་ནན་ཏན་བྱེད་པར་གྲུབ་པའོ། །དང་པོ་ལ་གཉིས་ཏེ། བདེན་བཞི་སྟོན་པ་སྐྱོབ་པར་བསྟན། བསྟན་བྱ་བདེན་བཞི་རིགས་པས་བསྒྲུབ་པའོ། །དང་པོ་ནི། ཡཾང་། སྟོན་པ་ཆོས་ཅན། སྐྱོབ་པ་ཡིན་ཏེ། གདུལ་བྱ་ལ་བདེན་བཞི་ཕྱིན་ཅི་མ་ལོག་པར་བསྟན་པས་སྡུག་བསྔལ་རྒྱུར་བཅས་ལས་སྐྱོབ་པར་མཛད་པའི་ཕྱིར། གཉིས་པ་ལ་བཞི་སྟེ། མཚན་གཞི་མཚན་ཉིད་སྒྲུབ་སྟེ་སྡུག་བདེན་བཤད། སྡུག་བསྔལ་རྒྱུར་བཅས་སྒྲུབ་སྟེ་ཀུན་འབྱུང་བཤད། སྡུག་བསྔལ་འགག་པ་སྒྲུབ་སྟེ་འགོག་བདེན་བཤད། བདག་ལྟའི་གཉེན་པོ་སྒྲུབ་སྟེ་ལམ་བདེན་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་གཞི་འཁོར་བ་ཅན་དུ་བསྒྲུབ། མཚན་ཉིད་མི་རྟག་ལ་སོགས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། སྡུག་བསྔལ་འཁོར་བ་ཅན་དུ་བསྟན། འཁོར་བ་མེད་པའི་རྩོད་པ་སྤོང་བའོ། །དང་པོ་ནི། སྡུགཾ བདེན་བཞི་ཕྱིན་ཅི་མ་ལོག་པར་སྟོན་པའི་སྒྲུབ་བྱེད་གསུང་རབ་ལས་ཇི་ལྟར་བསྟན་པ་ལྟར་རིགས་པས་སྒྲུབ་ཚུལ་སྟོན་ཏེ། སྐྱེ་བ་དུ་མར་ཡང་ནས་ཡང་དུ་འཁོར་བའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། སྡུག་བསྔལ་བདེན་པ་ཡིན་ཏེ། སྡུག་བསྔལ་རྣམ་པ་གསུམ་པོ་གང་རུང་གིས་སྡུག་བསྔལ་བའི་ཟག་བཅས་ཡིན་པའི་ཕྱིར། གཉིས་པ་ལ་རྩོད་པ་དགོད་པ་ནི། འཁོར་བ་ཅན་ཞེས་པ་མི་འཐད་དེ། སྐྱེ་བ་སྔ་མ་མེད་པའི་ཕྱིར་ཞེ་ན། ལན་ལ་གཉིས་ཏེ། འཁོར་བ་ཡོད་པར་རིགས་པས་བསྒྲུབ། འཁོར་བ་མེད་ན་ཧ་ཅང་ཐལ་བའོ། །དང་པོ་ལ་གཉིས་ཏེ། གོམས་ལས་གསལ་བའི་རྟགས་ཀྱིས་བསྒྲུབ། ཉེར་ལེན་རིགས་མཐུན་རྟགས་ཀྱིས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། གོམཾས། སྐྱེས་མ་ཐག་པའི་ཐ་མལ་པ་ཆོས་ཅན། ཆགས་སོགས་གོམས་པ་སྔོན་དུ་སོང་སྟེ། རང་རྒྱུད་ལ་ཆགས་སོགས་གསལ་བར་དམིགས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཆགས་སོགས་རྒྱུ་མེད་སྐྱེ་བ་དགག རིགས་མི་མཐུན་ལས་སྐྱེ་བ་དགག དེས་ན་རིགས་མཐུན་རྒྱུ་རུ་གྲུབ་པའོ། །དང་པོ་ནི། འདོདཾ། སྐྱེས་མ་ཐག་པའི་ཆགས་སོགས་ཆོས་ཅན། རྒྱུ་མེད་མིན་ཏེ། རེས་འགའ་སྐྱེ་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། ནད་ཀྱི་རྒྱུ་ལས་སྐྱེ་བ་དགག འབྱུང་བའི་རྒྱུ་ལས་སྐྱེ་བ་དགག་པའོ། །དང་པོ་ལ་བཞི་སྟེ། ལྡོག་པ་མེད་པས་འབྲས་བུ་མིན། རྗེས་འགྲོ་མེད་པས་འབྲས་བུ་མིན། འབྲས་བུ་ཡིན་ན་ཧ་ཅང་ཐལ། རང་ལ་མཚུངས་པའི་རྩོད་པ་སྤང་བའོ། །དང་པོ་ནི། འཁྲུཾལ། གཏི་མུག་དང་ཞེ་སྡང་དང་འདོད་ཆགས་གསུམ་པོ་ཆོས་ཅན། རིམ་པ་ལྟར་རླུང་མཁྲིས་བད་ཀན་གསུམ་གྱི་འབྲས་བུ་མིན་ཏེ། རིམ་པ་ལྟར་དེ་གསུམ་ལ་ལྡོག་པ་འཁྲུལ་པའི་ཕྱིར། གལཾ། གལ་ཏེ་བད་ཀན་ཤས་ཆེ་བའི་གང་ཟག་ལ་མཁྲིས་པ་འདྲེས་པའི་ཕྱིར། ཞེ་སྡང་འབྱུང་བས་སྐྱོན་མེད་དོ་ཞེ་ན། གང་ཟག་དེ་ཆོས་ཅན། ཁྱོད་ལ་མཁྲིས་པའི་འབྲས་བུ་ཤ་སེར་བ་སོགས་དེ་ཡི་ཆོས་མཐོང་བར་ཐལ། ཁྱོད་ལ་དངོས་རྒྱུ་མཁྲིས་པ་ཡོད་པའི་ཕྱིར། དུག་གསུམ་ཆོས་ཅན། ཁྱོད་ནད་གསུམ་རེ་རེ་ལས་སྐྱེས་པ་མིན་པར་ཐལ། དེ་ཡིན་ན་བད་ཀན་མཚུངས་པའི་གང་ཟག་ཐམས་ཅད་འདོད་ཆགས་མཚུངས་པའི་སྐྱོན་ཡོད་པར་ཐལ་བའི་ཕྱིར། གཟུགཾས། གལ་ཏེ་ལུས་ཅན་གྱི་འབྱུང་བ་མཚུངས་ཀྱང་འབྱུང་འགྱུར་གྱི་གཟུགས་བཟང་ངན་སོགས་ཐ་དད་པ་བཞིན་དུ་སྔ་མ་ལ་ཡང་སྐྱོན་མེད་དོ་ཞེ་ན། དེརཾ། ལུས་ཅན་གྱི་གཟུགས་བཟང་ངན་སོགས་ཁྱད་པར་ཆོས་ཅན། ཁྱོད་འབྱུང་བ་ཁོ་ན་ལས་སྐྱེ་བ་མིན་པར་ཐལ། ཁྱོད་རང་གི་བདག་རྐྱེན་ཚེ་སྔ་མའི་ལས་ལས་སྐྱེས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། གཏན་ཚིགས་དགོད། ཚུལ་གསུམ་བསྒྲུབ། ཉེས་སྤོང་དགག་པའོ། །དང་པོ་ནི། སྐྱོནཾ། དུག་གསུམ་པོ་ཆོས་ཅན། ནད་གསུམ་གྱི་ཉེར་ལེན་ལས་སྐྱེས་པ་མིན་ཏེ། ནད་གསུམ་འཕེལ་འགྲིབ་ཀྱི་རྗེས་སུ་ཁྱོད་འཕེལ་འགྲིབ་མི་བྱེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྟགས་མ་གྲུབ་སྟེ། མཁྲིས་པ་འཕེལ་བ་ན་ལུས་གདུངས་པས་ཞེ་སྡང་འཕེལ་བར་མཐོང་བའི་ཕྱིར་ཞེ་ན། མཾ། ཞེ་སྡང་ཆོས་ཅན། མཁྲིས་པ་འཕེལ་བ་ན་ཁྱོད་འཕེལ་བ་ཙམ་གྱིས་ཁྱོད་མཁྲིས་པའི་ཉེར་ལེན་ལས་སྐྱེས་པར་མ་གྲུབ་པར་ཐལ། དེ་འགྲུབ་ན་ཁྱོད་ནད་གསུམ་ཀའི་ཉེར་ལེན་ལས་སྐྱེས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེཾ། འདོད་ན། དེ་ཆོས་ཅན། ཁྱོད་ནད་གསུམ་གྱི་ཉེར་ལེན་ལས་སྐྱེས་པ་མིན་པར་ཐལ། ནད་གསུམ་མཚུངས་པ་ཐམས་ཅད་ཁྱོད་མཚུངས་པ་མིན་པའི་ཕྱིར། རྒྱུཾ། རྩ་བའི་རྟགས་ལ་ཁྱབ་པ་ཡོད་དེ། ཉེར་ལེན་གྱི་རྒྱུ་འཕེལ་ན་དེའི་འབྲས་བུ་འགྲིབ་པ་མི་རུང་བའི་ཕྱིར། མཁྲིས་པ་འཕེལ་ན་ཚ་བ་འགྲིབ་པ་མི་རུང་བ་བཞིན་ནོ། །ཆཾགས། གལ་ཏེ་ནད་གསུམ་ཆ་མཉམ་པ་ལས་ཆགས་པ་དང་མི་མཉམ་པ་ལས་ཞེ་སྡང་སྐྱེ་བའི་ཕྱིར་ན་རྩ་བའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། ནད་གསུམ་ཆ་མཉམ་མི་མཉམ་ལས་སྐྱེས་པའི་ཆགས་སོགས་ཆོས་ཅན། ཁྱོད་ནད་གསུམ་ལས་དངོས་སུ་སྐྱེས་པ་མིན་ཏེ། ཁྱོད་ནད་གསུམ་ཆ་མཉམ་མི་མཉམ་གྱི་འབྲས་བུར་གྱུར་པའི་ཚོར་བ་ལས་དངོས་སུ་སྐྱེས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཉེས་སྤོང་བརྗོད་དེ་རྒྱུ་གཉིས་དྲི། སྨྲས་པའི་རྒྱུ་གཉིས་སོ་སོར་དགག་པའོ། །དང་པོ་ནི། ཆཾ། གལ་ཏེ་ནད་གསུམ་ཆ་མི་མཉམ་པ་ལས་སྐྱེས་པའི་སྡུག་བསྔལ་གྱིས་གེགས་བྱས་པའི་ཚེ། བད་ཀན་གྱིས་འདོད་ཆགས་མི་བསྐྱེད་དོ་ཞེ་ན། ནད་གསུམ་ཆ་མཉམ་པའི་ཚེ་རྒྱུ་ཅིས་བསྐྱེད། གཉིས་པ་ལ་གཉིས་ཏེ། ཁུ་བ་ཆགས་པའི་རྒྱུར་མི་འཐད། གཟུགས་སོགས་ཆགས་པའི་རྒྱུར་མི་འཐད་པའོ། །དང་པོ་ནི། ཆཾ། ནད་གསུམ་ཆ་མཉམ་པ་ལས་ཁུ་བ་འཕེལ་ལ། དེ་ལས་འདོད་ཆགས་སྐྱེ་བ་ཡིན་ནོ་ཞེ་ན། ཆཾ། ཆགས་པ་ཆོས་ཅན། ཁྱོད་ནད་གསུམ་ཆ་མཉམ་པ་དང་དེ་ལས་བྱུང་བའི་ཁུ་བའི་དངོས་འབྲས་མིན་པར་ཐལ། ཁྱོད་དེ་གཉིས་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་པའི་ཕྱིར། བུདཾ། ཆགས་ལྡན་ཆོས་ཅན། བུད་མེད་གཟུགས་མཛེས་པ་གཅིག་ལ་ཆགས་པ་དྲག་པོ་སྐྱེ་བ་མི་འཐད་པར་ཐལ། དེ་ལ་ཁུ་བ་ངེས་པར་འཕེལ་བ་མེད་པའི་ཕྱིར། གཉིས་པ་ནི། གལཾ། བུད་མེད་ཀྱི་གཟུགས་མཛེས་པ་སོགས་ཀྱང་ཁུ་བས་ཆགས་པ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་དུ་དགོས་པས་སྐྱོན་མེད་དོ་ཞེ་ན། བུད་མེད་ཀྱི་གཟུགས་མཛེས་པ་སོགས་ཆོས་ཅན། ཁྱོད་ཆགས་པའི་དངོས་རྒྱུ་མིན་པར་ཐལ། ཁྱོད་ཉེ་བར་ཡོད་པའི་གང་ཟག་ཀུན་ཆགས་པ་སྐྱེ་བར་མ་ངེས་པའི་ཕྱིར། དེསཾ། ཆགས་པ་ཆོས་ཅན། གཟུགས་མཛེས་ཕན་བྱེད་དུ་ཡོད་མེད་ཀྱི་འགྲོ་ལྡོག་བྱེད་པར་ཐལ། དེའི་དངོས་འབྲས་ཡིན་པའི་ཕྱིར། གལཾ། གཟུགས་མཛེས་སོགས་ལ་ཡོན་ཏན་དུ་འཛིན་པ་ཡང་ཆགས་པ་བསྐྱེད་པ་ཡན་ལག་ཡིན་ནོ་ཞེ་ན། ཐམཾས། བུད་མེད་ཀྱི་གཟུགས་མཛེས་ཉེ་བར་ཡོད་པའི་གང་ཟག་ཐམས་ཅད་ཆོས་ཅན། གཟུགས་མཛེས་པ་ལ་ཡོན་ཏན་དུ་འཛིན་པར་ཐལ། དེའི་དངོས་རྒྱུ་ཚང་བའི་ཕྱིར། གསུམ་པ་འབྲས་བུ་ཡིན་ན་ཧ་ཅང་ཐལ་བ་ནི། གནཾས། བད་ཀན་ཤས་ཆེ་བའི་གནས་སྐབས་ན་ཆོས་ཅན། ཞེ་སྡང་ཅན་མིན་པར་ཐལ། ཆགས་པ་མངོན་གྱུར་དུ་ཡོད་པའི་གནས་སྐབས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བད་ཀན་ཅན་ལ་ཞེ་སྡང་སྐྱེ་བར་མཐོང་བའི་ཕྱིར། བཞི་པ་རང་ལ་མཚུངས་པའི་རྩོད་པ་སྤང་བ་ནི། ཉེས་པ་དེ་ཁྱོད་རང་ལ་ཡང་མཚུངས་སོ་ཞེ་ན། གཾང་། སངས་རྒྱས་པ་ཆོས་ཅན། ཆགས་སོགས་ནད་གསུམ་གྱི་ཉེར་ལེན་ལས་སྐྱེ་བ་ལ་བཀོད་པའི་ཉེས་པ་ཁྱོད་ལ་མེད་དེ། ཁྱོད་ཆགས་སོགས་རིགས་མཐུན་སྔ་མའི་བག་ཆགས་ལས་སྐྱེ་བར་ཁས་བླངས་པའི་མཁས་པ་ཡིན་པའི་ཕྱིར། གཉིས་པ་འབྱུང་བའི་རྒྱུ་ལས་སྐྱེ་བ་དགག་པ་ལ་གཉིས་ཏེ། སྔར་མེད་གསར་དུ་སྐྱེ་བ་དགག གྲུབ་ཟིན་གནས་པར་བྱེད་པ་དགག་པའོ། །དང་པོ་ནི། འདིསཾ། ཆགས་སོགས་རླུང་སོགས་ཀྱི་འབྲས་བུ་ཡིན་པར་དགག་པའི་རིགས་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། དུག་གསུམ་པོ་འབྱུང་བའི་ཉེར་ལེན་ལས་སྐྱེ་བའང་ཁེགས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། རིགས་པ་སྔ་མས་ཁེགས། ཁས་བླངས་འགལ་བ་སྤོང་། ཧ་ཅང་ཐལ་བ་དགག་པའོ། །དང་པོ་ནི། རྟེནཾ། ཆགས་སོགས་ཆོས་ཅན། ཁྱོད་གྲུབ་ཟིན་འབྱུང་བ་ལ་བརྟེན་པ་ཡང་མིན་ཏེ། ཁྱོད་དེ་ཡིན་པ། ཡོད་མེད་རྟགས་ལ་རྟེན་མེད་ཕྱིར། །ཞེས་པའི་རིགས་པས་ཁེགས་པའི་ཕྱིར། གཉིས་པ་ནི། འབྱུང་གྱུར་གྲུབ་ཟིན་འབྱུང་བ་ལ་བརྟེན་པར་བཤད་པ་དང་འགལ་ལོ་ཞེ་ན། དཀརཾ། འབྱུང་གྱུར་ཆོས་ཅན། གྲུབ་ཟིན་གནས་པའི་ཚུལ་གྱིས་འབྱུང་བ་ལ་བརྟེན་པ་མིན་ཏེ། གྲུབ་ཟིན་གནས་པའི་རྟེན་མི་སྲིད་པའི་ཕྱིར། འོ་ན་འབྱུང་གྱུར་འབྱུང་བ་ལ་བརྟེན་པའི་དོན་གང་ཞེ་ན། དེཾ། དེ་ཆོས་ཅན། ཁྱོད་འབྱུང་བ་ལ་བརྟེན་པའི་དོན་གྲུབ་ཟིན་གནས་པའི་ཚུལ་གྱིས་བརྟེན་པ་མིན་ཏེ། ཁྱོད་རང་རྒྱུ་འབྱུང་བ་སྔ་མ་ལས་སྐྱེས་པའམ་རང་དང་དུས་མཉམ་པའི་འབྱུང་བ་དང་དབྱེར་མེད་དུ་སྐྱེས་པ་དེ། ཁྱོད་འབྱུང་བ་ལ་གནས་པའི་དོན་ཡིན་པའི་ཕྱིར། གལཾ། ཆང་མ་ལོག་ཀྱང་མྱོས་པའི་ནུས་པ་ལྡོག་པ་བཞིན། དུས་མཉམ་པའི་འབྱུང་བ་དང་འབྱུང་གྱུར་ཡང་དབྱེར་ཡོད་ཡིན་ནོ་ཞེ་ན། དངོཾས། ཆང་གིས་མྱོས་པའི་ནུས་པ་ཆོས་ཅན། ཆང་ལས་དོན་གཞན་པའི་ཚུལ་གྱིས་བརྟེན་པ་མིན་ཏེ། ཆང་དང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། གལཾ། ཆང་དང་ཆང་གི་མྱོས་པའི་ནུས་པ་གྲུབ་བདེ་རྫས་གཅིག་ཡིན་པ་དེ་འབྱུང་སེམས་ལ་ཡང་མཚུངས་སོ་ཞེ་ན། མིཾང་། འབྱུང་སེམས་ཆོས་ཅན། གྲུབ་བདེ་རྫས་གཅིག་མིན་པར་ཐལ། བློ་མ་འཁྲུལ་བས་རྫས་ཐ་དད་དུ་རྟོགས་པའི་ཕྱིར། གསུམ་པ་ནི། ཇིཾ། ཡིད་བློ་རྟོག་པ་ཆོས་ཅན། ལུས་གནས་སྐབས་གཞན་དུ་མ་གྱུར་གྱི་བར་དུ་ཁྱོད་ཀྱི་རྣམ་པ་གཞན་དུ་མི་འགྱུར་བར་ཐལ། ཁྱོད་ལུས་དང་རྫས་གཅིག་ཡིན་པའི་ཕྱིར། ལུས་དང་དེ་ལ་བརྟེན་པའི་གཟུགས་སོགས་བཞིན། གལ་ཏེ་གཟུང་དོན་གྱི་དབང་གིས་རྣམ་པ་གཞན་དུ་འགྱུར་རོ་ཞེ་ན། དེ་ཆོས་ཅན། གཟུང་དོན་ཅན་མིན་པར་ཐལ། འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། གསུམ་པ་དེས་ན་རིགས་མཐུན་རྒྱུ་རུ་གྲུབ་པ་ནི། གཾང་། ཆགས་སོགས་ཆོས་ཅན། ཁྱོད་རང་གི་རིགས་མཐུན་སྔ་མ་ལས་སྐྱེ་བ་ཡིན་ཏེ། ཁྱོད་ཉེར་ལེན་ལུས་ལས་སྐྱེ་བ་མི་འཐད་པའི་ཕྱིར་དང་། རིགས་མཐུན་སྔ་མའི་བག་ཆགས་རྐྱེན་གྱིས་སད་པ་ལས་བྱུང་བའི་ཕྱིར། གཉིས་པ་ཉེར་ལེན་རིགས་མཐུན་རྟགས་ཀྱིས་སྒྲུབ་པ་ལ་གཉིས་ཏེ། རྣམ་ཤེས་ཡིན་པས་ཉེར་ལེན་རིགས་མཐུན་གྲུབ། གྲུབ་ཟིན་སྒྲུབ་པའི་གྲངས་ཅན་རྩོད་པ་སྤོང་བའོ། །དང་པོ་ནི། རྣམ།ཾ སྐྱེས་མ་ཐག་པའི་རྣམ་ཤེས་ཆོས་ཅན། རྣམ་ཤེས་སྔ་མ་སྔོན་དུ་སོང་སྟེ། རྣམ་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། རྩྭ།ཾ རྩྭ་ལ་སོགས་པའི་དངོས་པོ་ཐམས་ཅད་རྣམ་ཤེས་ནུས་པའི་ངོ་བོར་ལྡན་པའི་ཕྱིར་ན་ཐལ་བ་དེ་འདོད་པ་ཡིན་ནོ་ཞེ་ན། རྩྭ།ཾ རྩྭ་དང་འབྱུང་བ་སོགས་ཀྱི་རྩེ་ན་གླང་ཆེན་བརྒྱའི་རྣམ་ཤེས་ནུས་པའི་ངོ་བོར་ཡོད་པར་དམ་བཅས་པའི་དམ་བཅའ་ཆོས་ཅན། ཁྱོད་དམ་བཅའ་ཡང་དག་མིན་ཏེ། ཁྱོད་ལ་རིགས་པ་ཡང་དག་གིས་གནོད་པའི་ཕྱིར། ཅི་ལྟར་གནོད་ན། རྒྱུ།ཾ རྩྭ་དང་འབྱུང་བ་སོགས་ཀྱི་རྩེ་ན་ཆོས་ཅན། གླང་ཆེན་བརྒྱའི་རྣམ་ཤེས་མེད་དེ། དེ་སྣང་རུང་མ་དམིགས་པའི་ཕྱིར། གསུམ་པ་འཁོར་བ་མེད་ན་ཧ་ཅང་ཐལ་བ་ལ་གཉིས་ཏེ། ཆགས་སོགས་བཅས་པར་འབྱུང་བའི་ངེས་པ་མེད་པར་ཐལ། ཆགས་སོགས་རེས་འགའ་སྐྱེ་བའི་ངེས་པ་མེད་པར་ཐལ་བའོ། །དང་པོ་ལ་གཉིས་ཏེ། ཧ་ཅང་ཐལ་བ་དགོད། ཁྱབ་པ་མ་ངེས་སྤོང་བའོ། །དང་པོ་ནི། སྔཾ། ཐ་མལ་པ་ཆོས་ཅན། སྐྱེས་མ་ཐག་ནས་ཆགས་སོགས་དང་ལྡན་པའི་ངེས་པ་མེད་པར་ཐལ། ཆགས་སོགས་སྔ་མ་སྔོན་དུ་མ་སོང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྒྱུ་ཡི་སྒོ་ནས་མ་ངེས་སྤོང་། དཔེ་ཡི་སྒོ་ནས་མ་ངེས་སྤོང་བའོ། །དང་པོ་ནི། འབྱུངཾ་། གལ་ཏེ་ལུས་ཅན་ཀུན་ཆོས་ཅན། ཆགས་སོགས་དང་ལྡན་པར་ངེས་ཏེ། ཆགས་སོགས་ཀྱི་དངོས་རྒྱུ་འབྱུང་བ་ཡོད་པའི་ཕྱིར་ཞེ་ན། ཐམཾས། དེ་ཆོས་ཅན། འདོད་ཆགས་ཆེ་ཆུང་མཚུངས་པར་ཐལ། འདོད་ཆགས་ཀྱི་དངོས་རྒྱུ་འབྱུང་བ་མཚུངས་པའི་ཕྱིར། གལཾ། གལ་ཏེ་རྟགས་མ་གྲུབ་སྟེ། འབྱུང་བ་ཆེ་ཆུང་གི་ཁྱད་པར་ལས་ཆགས་སོགས་དུ་མ་འབྱུང་བའི་ཕྱིར་ཞེ་ན། འབྱུངཾ་། འབྱུང་བ་ཆོས་ཅན། ཁྱོད་ལས་འབྱུང་བའི་སྲོག་ཆགས་དེ་ལ་སྲོག་ཆགས་ཙམ་དང་། ཆེས་སྲོག་ཆགས་དང་། ཆེས་ཤིན་ཏུ་སྲོག་ཆགས་ཀྱི་ཁྱད་པར་ཡོད་པར་ཐལ། ཁྱོད་ལས་འབྱུང་བའི་སྲོག་ཆགས་ཡོད་པ་གང་ཞིག ཁྱོད་ཆེ་ཆུང་གི་ཁྱད་པར་ལས་ཆགས་སོགས་ཆེ་ཆུང་གི་ཁྱད་པར་ཡོད་པའི་ཕྱིར། དེ་མེད་ཀྱང་ཐ་མལ་པ་ཆོས་ཅན། ཁྱོད་སྔར་ཆགས་སོགས་དང་བཅས་པ་ལས་ཕྱིས་ཆགས་སོགས་མེད་པར་འགྱུར་བ་སྲིད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་འབྱུང་བ་འཕེལ་འགྲིབ་ཀྱི་ཁྱད་པར་ལས། ཆགས་སོགས་འཕེལ་འགྲིབ་ཀྱི་ཁྱད་པར་བྱེད་པའི་ཕྱིར། གལཾ། གལ་ཏེ་ཐ་མལ་པ་ཆོས་ཅན། ཆགས་སོགས་གཏན་མེད་དུ་འགྱུར་བ་མིན་ཏེ། ཆགས་སོགས་ཀྱི་དངོས་རྒྱུ་འབྱུང་བ་མི་ལྡོག་པའི་ཕྱིར་ཞེ་ན། བདཾག ཐ་མལ་པ་ཆོས་ཅན། འདོད་ཆགས་ཆེ་ཆུང་མཚུངས་པར་ཐལ། རྒྱུ་འབྱུང་བ་མཚུངས་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། སངས་རྒྱས་པའི་ལུགས་ལ་བ་ལང་སྤྱི་འཛིན་གྱི་ཤེས་པ་ལ་བ་ལང་ཆེ་ཆུང་དུ་འཛིན་པའི་ཁྱད་པར་མེད་པ་དང་། རྒྱང་འཕེན་གྱི་ལུགས་ལའང་ས་སོགས་ལས་སྐྱེས་པའི་སྲོག་ཆགས་ལ་སྲོག་ཆགས་ཙམ་ལ་སོགས་པའི་ཁྱད་པར་མེད་པའི་ཕྱིར། དྲོདཾ། གལ་ཏེ་མེ་ལ་དྲོད་ཆེ་ཆུང་གི་ཁྱད་པར་ཡོད་ན་ཡང་དྲོད་གཏན་མེད་ཀྱི་མེ་མི་སྲིད་པ་བཞིན་འབྱུང་བ་དང་ཆགས་སོགས་ལ་མཚུངས་སོ་ཞེ་ན། མིཾན། དྲོད་ཆོས་ཅན། ཁྱོད་གཏན་མེད་ཀྱི་མེ་མི་སྲིད་པ་དང་། ཆགས་སོགས་གཏན་མེད་ཀྱི་འབྱུང་བ་མི་སྲིད་པ་དེ་དཔེ་དོན་དུ་མི་མཚུངས་པར་ཐལ། ཁྱོད་མེ་ལས་དོན་གཞན་མིན་པའི་ཕྱིར། གངཾ་། ཆགས་སོགས་ཆོས་ཅན། འབྱུང་བ་ལ་རྒྱུན་ཆད་པ་སྲིད་དེ། ཁྱོད་འབྱུང་བ་ལས་དོན་གཞན་པའི་ཡོན་ཏན་ཡིན་པ་གང་ཞིག འབྱུང་བ་འཕེལ་འགྲིབ་ཀྱི་རྗེས་སུ་ཁྱོད་འཕེལ་འགྲིབ་ཀྱི་ཁྱད་པར་བྱེད་པའི་ཕྱིར། དཔེར་ན་འབྱུང་བ་ལས་དོན་གཞན་པའི་དཀར་སོགས་འབྱུང་བ་ལ་རྒྱུན་ཆད་པ་སྲིད་པ་བཞིན་ནོ། །གཉིས་པ་ནི། གཾཟུགས། གཟུགས་སོགས་འབྱུང་བ་ལས་གསར་དུ་བྱུང་ཡང་། འབྱུང་བ་ལ་ངེས་པ་ཡོད་པ་དེ་བཞིན་དུ་ཆགས་སོགས་ཀྱང་ཡིན་པས་སྔ་ན་མེད་པ་ཞེས་པའི་སྐབས་ཀྱི་ཐལ་བ་མ་ངེས་སོ་ཞེ་ན། ཆགས་སོགས་ཆོས་ཅན། གཟུགས་སོགས་དང་འབྱུང་བ་ལ་ཡོད་པར་མཚུངས་པ་དེ་མིན་པར་ཐལ། གཟུགས་སོགས་འབྱུང་བ་དང་འབྲལ་མི་རུང་ཡིན་པ་གང་ཞིག ཁྱོད་འབྱུང་བ་དང་འབྲལ་རུང་ཡིན་པའི་ཕྱིར། གལཾ། གལ་ཏེ་དེ་གཉིས་མཚུངས་སོ་ཞེ་ན། གཟུགས་སོགས་ཆོས་ཅན། ཁྱོད་འབྱུང་བ་དང་འབྲལ་མི་ཤེས་པ་དེ་ཆགས་སོགས་ལ་མཚུངས་པ་མིན་པར་ཐལ། དེ་མཚུངས་ན། ཆགས་སོགས་དེ་འབྱུང་བ་དང་ལྷན་ཅིག་སྐྱེ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། རྣམཾ། ཆགས་སོགས་ཆོས་ཅན། གཟུང་དོན་གྱི་དབང་གིས་རེས་འགའ་སྐྱེ་བར་ངེས་པ་མིན་པར་ཐལ། སྒྲོ་བཏགས་དངོས་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། གཉིས་པ་ཆགས་སོགས་རེས་འགའ་སྐྱེ་བའི་ངེས་པ་མེད་པར་ཐལ་བ་ནི། སྐལཾ། ཆགས་སོགས་ཆོས་ཅན། རེས་འགའ་སྐྱེ་བའི་ངེས་པ་མེད་པར་ཐལ། རིགས་འདྲའི་རྒྱུ་དང་བྲལ་བའི་ཕྱིར། གལ་ཏེ་འབྱུང་བ་དངོས་རྒྱུར་འདོད་ན། ཆགས་སོགས་ཆོས་ཅན། སྐྱེས་བུ་ཀུན་ལ་དུས་ཀུན་གྱི་ཚེ་སྐྱེ་བ་ཡིན་པར་ཐལ། དེའི་ཚེ་འབྱུང་བ་ཡོད་པའི་ཕྱིར། གཉིས་པ་མཚན་ཉིད་མི་རྟག་ལ་སོགས་བསྒྲུབ་པ་ལ་བཞི་སྟེ། མི་རྟག སྡུག་བསྔལ། བདག་མེད། སྟོང་པ་བསྒྲུབ་པའོ། །དང་པོ་ནི། དེཾ། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་པ་ཡིན་ཏེ། རེས་འགའ་སྐྱེ་བའི་དངོས་པོ་ཡིན་པའི་ཕྱིར། གཉིས་པ་ནི། ཉེསཾ། དེ་ཆོས་ཅན། སྡུག་བསྔལ་ཡིན་ཏེ། ཉེས་པ་བདག་འཛིན་སོགས་ཀྱི་རྟེན་ཡིན་པའི་ཕྱིར་དང་། སྲེད་པའི་རྐྱེན་ལས་བྱུང་བ་ཡིན་པའི་ཕྱིར། གསུམ་པ་ནི། བདགཾ དེ་ཆོས་ཅན། བདག་མིན་ཏེ། བདག་དང་མཚན་ཉིད་མི་མཐུན་པའི་ཕྱིར། བཞི་པ་ནི། བྱིནཾ། དེ་ཆོས་ཅན། བདག་གིས་བྱིན་གྱིས་བརླབ་བྱ་མིན་ཏེ། བདག་དེ་ཁྱོད་ཀྱི་རྒྱུ་མིན་པའི་ཕྱིར་ཏེ། བདག་རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པ་ཡིན་ན་རང་འབྲས་སྐྱེད་བྱེད་མིན་དགོས་པའི་ཕྱིར། དེཾ། བདག་ཆོས་ཅན། ཁྱོད་ལས་འབྲས་བུ་དུ་མ་རིམ་གྱིས་སྐྱེ་བ་མིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། རྒྱུ།ཾ རྟག་པ་ཆོས་ཅན། ཁྱོད་སྡུག་བསྔལ་སོགས་ཀྱི་རྒྱུ་མིན་པར་ཐལ། སྡུག་བསྔལ་སོགས་ཀྱི་རྒྱུ་གཞན་ཚོགས་ན་ཡང་ཁྱོད་ལྡོག་པའི་སྟོབས་ཀྱིས་སྡུག་བསྔལ་སོགས་ལྡོག་པ་མེད་པའི་ཕྱིར། གཉིས་པ་སྡུག་བསྔལ་རྒྱུར་བཅས་སྒྲུབ་སྟེ་ཀུན་བདེན་བཤད་པ་ལ་གསུམ་སྟེ། སྡུག་བསྔལ་རྒྱུ་དང་བཅས་པ་བསྒྲུབ། རྒྱུ་ཉིད་གཞན་དུ་རྟོག་པ་དགག རྒྱུ་ཡི་གཙོ་བོ་སྲེད་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རེས་འགའ་སྐྱེ་བས་རྒྱུར་བཅས་སྒྲུབ། རྒྱུ་མེད་སྒྲུབ་པའི་གཏན་ཚིགས་དགག་པའོ། །དང་པོ་ནི། རེཾས། སྡུག་བསྔལ་ཆོས་ཅན། རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་སྐྱེ་བའི་དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། ལྡོག་ཁྱབ་རྟགས། གཉིས་པ་ནི། ཇིཾ། རྒྱང་འཕེན་པ་ན་རེ། ཚེར་མའི་རྣོ་བ་སོགས་རྒྱུ་མེད་ཡིན་པ་བཞིན་དུ་སྡུག་བསྔལ་གྱི་བདེན་པ་ཡང་རྒྱུ་མེད་ཡིན་ནོ་ཞེ་ན། གངཾ་། ཚེར་མའི་རྣོ་བ་སོགས་དང་སྡུག་བསྔལ་གྱི་བདེན་པ་ཆོས་ཅན། རྒྱུ་དང་བཅས་པ་ཡིན་ཏེ། དོན་གཞན་སྔ་མ་ཕན་བྱེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། འོ་ན་མིག་ཤེས་ཀྱི་དམིགས་རྐྱེན་གྱི་རྒྱུར་གྱུར་པའི་རེག་བྱ་ཆོས་ཅན། མིག་ཤེས་ཀྱི་རྒྱུ་ཡིན་པར་ཐལ། མིག་ཤེས་ཕྱི་མའི་རྗེས་སུ་འགྲོ་ལྡོག་བྱ་ས་ཡིན་པའི་ཕྱིར་ཞེ་ན། རེཾག དེ་ཆོས་ཅན། དེའི་བརྒྱུད་རྒྱུ་ཡིན་ཏེ། དེའི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཀྱི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ནི། རྟགཾ སྡུག་བསྔལ་ཆོས་ཅན། དབང་ཕྱུག་སོགས་རྟག་པ་ལས་སྐྱེ་བ་མིན་ཏེ། སྤྱིར་རྟག་པ་རྒྱུ་ཡིན་པ་བཀག་ཟིན་པའི་ཕྱིར་དང་། རྟག་པས་འབྲས་བུ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། སྲེད་པ་རྐྱེན་གྱི་གཙོ་བོར་བསྟན། དེ་ལ་ལུང་གི་སྒྲུབ་བྱེད་དགོད། སྲེད་པ་ཁོ་ན་བཤད་པའི་རྒྱུའོ། །དང་པོ་ནི། དེཾ། སྲིད་པའི་སྲེད་པ་ཆོས་ཅན། རང་འབྲས་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་ཡིན་ཏེ། རང་འབྲས་སྡུག་བསྔལ་རང་དབང་དུ་སྐྱེད་བྱེད་ཡིན་པའི་ཕྱིར། དེཾ། དེ་ལྟར་ན་མདོ་ལས། སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཀུན་འབྱུང་ལ་འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། འཇིག་པའི་སྲེད་པ་དང་གསུམ་བཤད་པ་དང་འགལ་ལོ་ཞེ་ན། སྲིད་པའི་སྲེད་པ་ཆོས་ཅན། ཁྱོད་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཀུན་འབྱུང་ལ་དེ་ལྟར་བཤད་པ་མི་འགལ་བར་ཐལ། འདོད་སྲེད་དང་འཇིག་སྲེད་གཉིས་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། བདཾག ཐ་མལ་པ་ཆོས་ཅན། སྲེད་པ་གསུམ་པོ་དེ་ཁྱོད་ཡང་སྲིད་དུ་སྐྱེ་བའི་རྟེན་ཡིན་ཏེ། སྡུག་བསྔལ་ལ་བདེ་བར་འཛིན་པའི་ལོག་ཤེས་ལས་བྱུང་བའི་སྲེད་པ་གསུམ་གྱི་དབང་གིས་ཁྱོད་ཡུལ་གྱི་བླང་དོར་ལ་འཇུག་པར་འགྱུར་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། དངོས་དང་། རྩོད་པ་སྤོང་བའོ། །དང་པོ་ནི། ཆགཾས། སྲིད་པའི་སྲེད་པ་ཆོས་ཅན། ཁྱོད་ཡང་སྲིད་སྐྱེ་བའི་རྒྱུ་ཡིན་ཏེ། དེ་ཡིན་པར་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པའི་ཕྱིར། གཉིས་པ་ནི། ལུསཾ། འོ་ན་ལུས་ལས་ཀྱང་འདོད་ཆགས་འབྱུང་བར་ཐལ། ལུས་མེད་པ་ལ་ཆགས་པ་མ་མཐོང་བའི་ཕྱིར་ཞེ་ན། རྒྱུཾ། ལུས་སྔ་མ་ཆོས་ཅན། རང་འབྲས་འདོད་ཆགས་ཕྱི་མའི་རྒྱུ་ཡིན་ཏེ། དེའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། འོ་ན་སྔར་རྒྱུ་ཡིན་པ་བཀག་པ་དང་འགལ་ལོ་ཞེ་ན། ལུས་ཆོས་ཅན། ཁྱོད་འདོད་ཆགས་ཕྱི་མའི་རྒྱུ་ཙམ་ཡིན་པ་བཀག་པ་མིན་ཏེ། ཁྱོད་འདོད་ཆགས་ཕྱི་མའི་ཉེར་ལེན་ཡིན་པ་སྔར་བཀག་ཟིན་པའི་ཕྱིར། རིཾགས། གལ་ཏེ་རིག་པ་སྔ་མ་ལ་བརྟེན་པའི་ལུས་སྔ་མ་ཆགས་པ་ཕྱི་མའི་རྒྱུར་འདོད་ན། རྒྱང་འཕེན་པ་ཆོས་ཅན། སྐྱེ་བ་ཕྱི་མ་ཡོད་པར་འདོད་རིགས་པར་ཐལ། ལུས་དང་ཆགས་པ་སྔ་མ་དེ་གཉིས་ཕྱི་མའི་རྒྱུར་སྨྲས་པའི་ཕྱིར། གལཾ། ཆགས་པ་ཆོས་ཅན། ལུས་ཀྱི་རྒྱུ་མིན་ཏེ། ལུས་སྐྱེ་བ་དང་ལྷན་ཅིག་འབྱུང་བའི་ཕྱིར་ཞེ་ན། ལུས་ཀྱང་ཆོས་ཅན། ཆགས་པའི་རྒྱུ་མིན་པར་ཐལ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཕྱིར། འདོད་ན། སྐལཾ། ཚེ་འདིའི་ཆགས་པ་སྐད་ཅིག་དང་པོ་ཆོས་ཅན། རིགས་འདྲ་སྔ་མ་སྔོན་དུ་སོང་བ་གྲུབ་སྟེ། རང་ཉིད་སྐལ་མཉམ་གྱི་རྒྱུ་ལས་སྐྱེས་པའི་ཕྱིར། གསུམ་པ་ནི། སྲེད་པ་ཁོ་ན་ཡང་སྲིད་དུ་སྐྱེ་བའི་རྒྱུ་ཡིན་ན། མི་ཤེས་ལས་དང་སྲིད་ལས་འབྱུང་རིག་མཛོད། །ཅེས་རྒྱུ་གསུམ་པ་ཅན་དུ་བཤད་པ་དང་འགལ་ལོ་ཞེ་ན། མིཾ། མ་རིག་པ་ཆོས་ཅན། སྤྱིར་ཡང་སྲིད་ཀྱི་རྒྱུ་ཡིན་ཡང་སྐབས་འདིར་ཡང་སྲིད་ཀྱི་རྒྱུར་མ་བརྗོད་པའི་རྒྱུ་མཚན་ཡོད་དེ། ཡང་སྲིད་ཀྱི་ཕུང་པོ་བསྐྱེད་ངེས་མིན་པའི་ཕྱིར། སྲེད་པ་ཆོས་ཅན། ཁྱོད་ཁོ་ན་སྐབས་འདིར་ཡང་སྲིད་ཀྱི་རྒྱུར་བཤད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཡང་སྲིད་ཀྱི་ཕུང་པོ་སྐྱེད་ངེས་ཡིན་པའི་ཕྱིར། ལས་ཀྱང་ཆོས་ཅན། སྐབས་འདིར་ཡང་སྲིད་ཀྱི་རྒྱུར་མ་བཤད་དེ། ཁྱོད་ཡོད་ན་ཡང་སྲིད་འབྱུང་བས་མ་ཁྱབ་པའི་ཕྱིར། གསུམ་པ་སྡུག་བསྔལ་འགག་པ་སྒྲུབ་སྟེ་འགོག་བདེན་བཤད་པ་ལ་བཞི་སྟེ། སྡུག་བསྔལ་ལས་གྲོལ་ཐར་པ་བསྒྲུབ། གྲོལ་བ་པོ་ལ་རྩོད་པ་སྤོང་། གྲོལ་བའི་ཚུལ་ལ་རྩོད་པ་སྤོང་། བཅིང་ཐར་བདག་གིས་བྱེད་པ་དགག་པའོ། །དང་པོ་ནི། དེཾ། རྒྱུའི་གཙོ་བོ་སྲེད་པ་ཆོས་ཅན། གཏན་དུ་བ་མིན་ཏེ། རྒྱུ་མ་རིག་པ་དང་བཅས་པའི་ཕྱིར། ཁྱབ་སྟེ། མ་རིག་པའི་གཉེན་པོ་ཡོད་པའི་ཕྱིར། གཉིས་པ་ནི། འཁོཾར། སེམས་ཅན་རྫས་ཡོད་ཆོས་ཅན། འཁོར་བ་ལས་ཐར་པ་མེད་པར་ཐལ། འཁོར་བའི་ཆོས་ཅན་ཡིན་པའི་ཕྱིར་ཞེ་ན། མཾ། ཐལ་བ་དེ་ཆོས་ཅན། སངས་རྒྱས་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མིན་པར་ཐལ། སངས་རྒྱས་པས་ཁྱོད་ལ་འདོད་པ་དང་། རྟགས་མ་གྲུབ་པའི་ལན་དོན་མཐུན་ཐེབས་པའི་ཕྱིར། འོ་ན་འཁོར་བ་དང་ཐར་པ་གང་ལ་འཇོག་ཅེ་ན། ཇིཾ། བདག་ཆོས་ཅན། དོན་དམ་པར་ཁྱོད་མེད་ན་ཡང་ཐ་སྙད་དུ་འཁོར་བ་སྤངས་ནས་ཐར་པ་ཐོབ་པའི་ཆེད་དུ་འབད་པ་བྱེད་པར་འཐད་དེ། དོན་དམ་པར་ཕུང་པོ་སྡུག་བསྔལ་གྱིས་གདུང་པ་ལ་ཁྱོད་སྡུག་བསྔལ་གྱིས་གདུངས་པར་སྒྲོ་བཏགས་པ་གང་ཞིག ལོག་པར་སྒྲོ་བཏགས་པ་དེ་གཞོམ་པའི་ཆེད་དུ་ཁྱོད་ཀྱིས་ཐ་སྙད་དུ་ཐར་ལམ་ལ་བརྩོན་དགོས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། འདོད་ཆགས་བྲལ་བར་གནས་པ་མེད་པ་སྤང་། འཕགས་ལམ་དང་པོར་ཡང་སྲིད་མེད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། ཆགས་བྲལ་གནས་པའི་རྒྱུ་གཉིས་བཤད། རྒྱུ་ཡི་དོན་ལ་རྩོད་པ་སྤོང་། གནས་པའི་དོན་ལ་རྩོད་པ་སྤོང་བའོ། །དང་པོ་ནི། འདོཾད། ཆགས་བྲལ་གྱི་གང་ཟག་ཆོས་ཅན། ཁྱོད་རེ་ཞིག་འཁོར་བར་གནས་པའི་རྒྱུ་ཡོད་དེ། ཁྱོད་བརྩེ་བ་དང་ལས་གང་རུང་གིས་རེ་ཞིག་འཁོར་བར་གནས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་ཀྱི་དབང་གིས་འཁོར་བར་གནས་པ་ཡོད་དེ། ཁྱོད་སྔ་མའི་ལས་ཀྱིས་ཚེ་འདིའི་ཕུང་པོ་འཕངས་ཟིན་ཅིང་རེ་ཞིག་ཕུང་པོ་མི་ལྡོག་པར་འདོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ལས་ཀྱི་དོན་ལ་རྩོད་པ་སྤོང་། བརྩེ་བའི་དོན་ལ་རྩོད་པ་སྤོང་པའོ། །དང་པོ་ནི། ཆགས་བྲལ་ལས་ཀྱིས་འཁོར་བར་གནས་ན་ཡང་སྲིད་གཞན་དུ་མཚམས་སྦྱོར་བར་འགྱུར་རོ་ཞེ་ན། སྲིདཾ། ཆགས་བྲལ་ལས་ཀྱིས་གནས་པ་དེ་ཆོས་ཅན། འཁོར་བ་ལས་མ་གྲོལ་བ་མིན་ཏེ། ཡང་སྲིད་འགྲུབ་བྱེད་ཀྱི་སྲེད་པ་ཟད་པར་སྤངས་པའི་ཕྱིར། གཉིས་པ་ནི། ཆགས་བྲལ་ལ་སྙིང་རྗེ་ཡོད་ན་སེམས་ཅན་དུ་ལྟ་བ་ཡོད་པར་འགྱུར་རོ་ཞེ་ན། སྡུགཾ ཆགས་བྲལ་གྱི་རྒྱུད་ཀྱི་བརྩེ་བ་ཆོས་ཅན། བདག་ལྟ་མིན་ཏེ། འགལ་རྐྱེན་ཞེ་སྡང་མེད་ཅིང་། མཐུན་རྐྱེན་སྙིང་རྗེ་སྔ་མའི་རྗེས་སུ་འཇུག་པའི་སེམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། ཆགས་བྲལ་ལ་སྙིང་རྗེ་ཡོད་ན་ཆགས་པ་ཅན་དུ་འགྱུར་རོ་ཞེ་ན། དེཾ། ཆགས་བྲལ་གྱི་རྒྱུད་ཀྱི་སྙིང་རྗེ་ཆོས་ཅན། ཁྱོད་ཆགས་པ་མིན་ཏེ། ཁྱོད་ཆགས་པ་དང་རྒྱུ་འགལ་བའི་ཕྱིར། ཆགས་བྲལ་ལ་སྙིང་རྗེ་ཡོད་ན་དེའི་ཡུལ་ལ་གནོད་པ་བྱས་པའི་ཚེ་ཁོང་ཁྲོ་སྐྱེ་བར་འགྱུར་རོ་ཞེ་ན། དེཾ། ཆགས་བྲལ་གྱི་གང་ཟག་ཆོས་ཅན། ཁོང་ཁྲོ་སྐྱེ་བ་མིན་ཏེ། རྒྱུ་བདག་འཛིན་མ་ལུས་པ་སྤངས་པའི་ཕྱིར། དེཾས། ཆགས་བྲལ་ཆོས་ཅན། དུག་གསུམ་གྱི་ཉེས་པ་མེད་པ་ཡིན་ཏེ། དུག་གསུམ་གྱི་ཉེས་པ་མེད་པར་བསྒྲུབས་ཟིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ལས་ཀྱིས་གནས་ལ་རྩོད་པ་སྤོང་། བརྩེ་བས་གནས་ལ་རྩོད་པ་སྤོང་བའོ། །དང་པོ་ནི། ཆགས་བྲལ་ལ་ལས་ཀྱིས་འཕངས་པའི་ལུས་ཡོད་ན་འཁོར་བ་ལས་མ་གྲོལ་བར་འགྱུར་རོ་ཞེ་ན། གྲོལཾ། ཆགས་བྲལ་ཆོས་ཅན། འཁོར་བ་པ་མིན་ཏེ། ཡང་སྲིད་གཞན་དུ་མཚམས་སྦྱོར་བའི་རྒྱུ་ཟད་པར་སྤངས་པའི་ཕྱིར་དང་། ལས་ཀྱི་ནུས་པ་མ་ཟད་ན་ཡང་འཁོར་བའི་ཉེས་པ་མེད་པའི་ཕྱིར། གཉིས་པ་ནི། ཆགས་བྲལ་སྙིང་རྗེས་གནས་ན་སེམས་ཅན་གྱི་དོན་དུ་ཡུན་རིང་པོར་གནས་པར་འགྱུར་རོ་ཞེ་ན། སྙིངཾ་། ཉན་རང་དགྲ་བཅོམ་པ་ཆོས་ཅན། གཞན་དོན་ལ་ཡུན་རིང་དུ་གནས་པའི་ནུས་པ་མེད་དེ། སྙིང་རྗེ་དམན་པ་ཉིད་ཀྱི་ཕྱིར། གངཾ་། ཐེག་ཆེན་འཕགས་པ་ཆོས་ཅན། གཞན་དོན་ལ་ཡུན་རིང་དུ་བཞུགས་པ་ཡིན་ཏེ། དེའི་རྒྱུ་བརྩེ་བ་ཆེན་པོ་མངའ་བ་ཡིན་པའི་ཕྱིར། གཉིས་པ་ནི། གལཾ། འཇིག་ལྟ་ཡང་སྲིད་ཀྱི་རྒྱུ་ཡིན་ན་ཉན་ཐོས་མཐོང་ལམ་པ་ཆོས་ཅན། ཡང་སྲིད་དུ་སྐྱེ་བ་མེད་པར་ཐལ། འཇིག་ལྟ་སྤངས་པའི་ཕྱིར་ཞེ་ན། ལྷནཾ། དེ་ཆོས་ཅན། འཇིག་ལྟ་སྤངས་པ་མིན་ཏེ། འཇིག་ལྟ་ལྷན་སྐྱེས་མ་སྤངས་པའི་ཕྱིར། གལ་ཏེ་སྤངས་ན་དེ་ཆོས་ཅན། ཡང་སྲིད་དུ་མི་སྐྱེ་བར་ཐལ། འཇིགས་ལྟ་ལྷན་སྐྱེས་སྤངས་པའི་ཕྱིར། བདེཾ། དེ་ཆོས་ཅན། འཇིག་ལྟ་ལྷན་སྐྱེས་མ་སྤངས་པར་ཐལ། བདག་བདེ་བ་དང་འཕྲད་པ་དང་སྡུག་བསྔལ་དང་བྲལ་བར་འདོད་པའི་གང་ཟག་ཡིན་པའི་ཕྱིར། ངཾ་། ཁྱབ་སྟེ། ངར་འཛིན་མེད་ན། བདག་བདེ་བ་དང་འཕྲད་པ་དང་སྡུག་བསྔལ་དང་བྲལ་བར་འདོད་པའི་བློ་མེད་དགོས་པའི་ཕྱིར། བཞི་པ་བཅིང་ཐར་བདག་གིས་བྱེད་པ་དགག་པ་ལ་གཉིས་ཏེ། རྟག་པའི་བདག་གིས་བྱེད་པ་དགག བརྗོད་དུ་མེད་པས་བྱེད་པ་དགག་པའོ། །དང་པོ་ནི། ཕྱི་རོལ་པ་ན་རེ། བདག་རྟག་པ་འཁོར་བར་བཅིང་བ་དང་། འཁོར་བ་ལས་ཐར་པ་ཡིན་ནོ་ཞེ་ན། སྡུགཾ བདག་རྟག་པ་ཆོས་ཅན། འཁོར་བ་འཆིང་བ་མིན་པར་ཐལ། སྡུག་བསྔལ་སྐྱེ་བའི་རྒྱུ་མ་ཡིན་པའི་ཕྱིར། དེ་ཆོས་ཅན། འཁོར་བ་ལས་ཐར་པ་མིན་པར་ཐལ། སྡུག་བསྔལ་ལྡོག་པའི་རྒྱུ་མིན་པའི་ཕྱིར། མིཾ། བདག་ཆོས་ཅན། འཆིང་འགྲོལ་གྱི་རྒྱུ་མིན་པར་ཐལ། མི་རྟག་པ་མིན་པའི་ཕྱིར། གཉིས་པ་ནི། གནས་མ་བུ་པ་ན་རེ། བདག་རྟག་པ་ལ་བཅིང་ཐར་མི་འཐད་ཀྱང་། རྟག་མི་རྟག་གང་རུང་དུའང་བརྗོད་དུ་མེད་པ་ལ་བཅིང་ཐར་འཐད་དོ་ཞེ་ན། བརྗོཾད། བདག་ཆོས་ཅན། བཅིང་ཐར་མི་འཐད་པར་ཐལ། རྟག་མི་རྟག་གང་རུང་དུ་བརྗོད་དུ་མེད་པའི་ཕྱིར། གངཾ་། བདག་ཆོས་ཅན། རྟག་པ་ཡིན་པར་ཐལ། མི་རྟག་པ་མིན་པའི་ཕྱིར། ཁྱབ་སྟེ། འཇིག་མེད་ཡིན་ན་རྟག་པ་ཡིན་དགོས་པའི་ཕྱིར། བཞི་པ་བདག་ལྟའི་གཉེན་པོ་སྒྲུབ་སྟེ་ལམ་བདེན་བཤད་པ་ལ་གཉིས་ཏེ། བདག་མེད་རྟོག་པ་གཉེན་པོར་བསྟན། གཉེན་པོ་ཡིན་པའི་སྒྲུབ་བྱེད་འགོད་པའོ། །དང་པོ་ལ་གསུམ་སྟེ། བདག་མེད་གོམས་པས་གནས་འགྱུར་ཐོབ་པར་བསྟན། གནས་འགྱུར་ཐོབ་ཀྱང་སྤང་བྱས་འཇོམས་པ་དགག གནས་འགྱུར་ཐོབ་པ་མེད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། བཤདཾ། བདག་མེད་རྟོགས་ནས་གོམས་པའི་བློ་ཆོས་ཅན། འཁོར་བའི་གཉེན་པོར་གྱུར་པའི་ཐར་ལམ་ཡིན་ཏེ། གོམས་པ་ལས་གནས་འགྱུར་ཐོབ་པའི་བློ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྤང་བྱས་འཇོམས་པའི་ནུས་པ་མེད་པར་བསྟན། ནུས་པ་མེད་པའི་སྒྲུབ་བྱེད་རྒྱས་པར་བཤད། སྒྲུབ་བྱེད་འཛིན་སྟངས་འགལ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། གལཾ། ཉེས་པ་དང་བཅས་པའི་སེམས་ཉེས་མེད་དུ་ལྷན་ཅིག་ཏུ་གནས་འགྱུར་བ་སྲིད་ཀྱང་ཉེས་པ་སླར་ཡང་འབྱུང་སྟེ། ཉེས་པ་དང་བཅས་པའི་སེམས་ལ་ཉེས་མེད་ཀྱི་ལམ་འབྱུང་བ་བཞིན་ནོ་ཞེ་ན། གནས་གྱུར་པའི་སེམས་ཆོས་ཅན། ཉེས་པ་སླར་འབྱུང་བ་མིན་ཏེ། ཉེས་པ་སླར་འབྱུང་བའི་ནུས་པ་མེད་པའི་ཕྱིར། གཉིས་པ་ལ་བཞི་སྟེ། སྤང་གཉེན་འཛིན་སྟངས་འགལ་ཞིང་གཉེན་པོ་དོན་ལ་ཞུགས། རང་བཞིན་གློ་བུར་ཁྱད་པར་ཡོད་པས་སྔར་ནུས་མེད། ནུས་ཡོད་ན་ཡང་གཉེན་པོ་འབད་མེད་བསྐྱེད་པ་ནུས། ཁྱད་པར་གསུམ་ལྡན་གཉེན་པོ་འབད་ཀྱང་ལྡོག་མི་ནུས་པའོ། །དང་པོ་ནི། རྣམཾ། གནས་གྱུར་པའི་སེམས་ཆོས་ཅན། ཁྱོད་ལ་བདག་འཛིན་སོགས་ཀྱི་ཉེས་པ་སླར་འབྱུང་བའི་ནུས་པ་མེད་དེ། ཁྱོད་ཡུལ་གྱི་གནས་ཚུལ་འཛིན་པའི་སྒོ་ནས་བདག་འཛིན་སྤངས་པའི་བློ་ཡིན་ཞིང་། བདག་འཛིན་དེ་ཡུལ་གྱི་གནས་ཚུལ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཡིན་པའི་ཕྱིར། ལྡོགཾ བདག་འཛིན་ཆོས་ཅན། གནས་གྱུར་ཐོབ་པའི་སེམས་ལ་ཁྱོད་འབྱུང་མི་ནུས་ཏེ། ཁྱོད་བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྤང་བྱ་ཡིན་པའི་ཕྱིར། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཛིན་པའི་བློ་བཞིན་ནོ། །གཉིས་པ་ནི། སེམསཾ། ཉེས་པ་ཆགས་སོགས་ཆོས་ཅན། གནས་འགྱུར་ཐོབ་པའི་སེམས་ལ་རང་བཞིན་གྱིས་གནོད་པའི་ནུས་པ་མེད་དེ། སྔར་གནས་མ་གྱུར་པའི་དུས་སུ་ཡང་སེམས་ལ་རང་བཞིན་གྱིས་གནོད་པའི་ནུས་པ་མེད་པའི་ཕྱིར། གསུམ་པ་ནི། ནུསཾ། ཉན་ཐོས་མཐོང་ལམ་པའི་སེམས་རྒྱུད་ཆོས་ཅན། ཉེས་པ་ཅུང་ཟད་སྐྱེ་ཡང་ཡུན་རིང་དུ་གནས་པའི་ནུས་པ་མེད་དེ། གཉེན་པོ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་རང་དབང་དུ་བསྐྱེད་ནུས་པའི་ཕྱིར། དཔེར་ན་ས་རློན་པ་ལ་མེ་བཞིན་ནོ། །བཞི་པ་ནི། འཚེཾ། ཁྱད་པར་གསུམ་ལྡན་གྱི་གནས་གྱུར་པའི་སེམས་ཆོས་ཅན། ཉེས་པ་ཆགས་སོགས་ཀྱིས་འབད་དུ་ཟིན་ཀྱང་ལྡོག་མི་ནུས་ཏེ། གཉེན་པོ་བདག་མེད་རྟོགས་པའི་ཕྱོགས་འབའ་ཞིག་འཛིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། འཛིན་སྟངས་ཐ་དད་ཙམ་གྱིས་གཉེན་པོ་མིན། ཕྱོགས་རེའི་མགོ་གནོན་ཙམ་གྱིས་གཉེན་པོ་མིན། དེས་ན་མཐའ་དག་དཔྱིས་འབྱིན་གཉེན་པོར་བསྟན་པའོ། །དང་པོ་ནི། འཛིན་སྟངས་འགལ་བ་ཙམ་གྱིས་གཉེན་པོར་གྱུར་ན་ཆགས་སྡང་གཉིས་ཀྱང་ཕན་ཚུན་གཉེན་པོར་འགྱུར་རོ་ཞེ་ན། བདཾག འདོད་ཆགས་དང་ཁོང་ཁྲོ་ཆོས་ཅན། ཕན་ཚུན་གཉེན་པོར་འགྱུར་བ་མིན་ཏེ། རང་རྒྱུ་བདག་འཛིན་དུ་གཅིག་པའི་ཕྱིར་དང་། ཕན་ཚུན་རྒྱུ་འབྲས་སུ་འགྱུར་བའི་ཕྱིར། གཉིས་པ་ནི། ཞེ་སྡང་གི་གཉེན་པོ་བྱམས་པ་སོགས་ཀྱང་གསུངས་པ་མིན་ནམ། ཅིའི་ཕྱིར་བདག་མེད་རྟོགས་པ་ཁོ་ན་གཉེན་པོར་འཆད་ཅེ་ན། བྱམཾས། སེམས་ཅན་ལ་དམིགས་པའི་བྱམས་སོགས་ཆོས་ཅན། ཉེས་པ་ཆགས་སོགས་དྲུང་ནས་འབྱིན་པའི་གཉེན་པོ་མིན་ཏེ། ཉོན་མོངས་པ་ཅན་གྱི་མ་རིག་པ་དང་འཛིན་སྟངས་མི་འགལ་བའི་ཕྱིར། ཁྱབ་སྟེ། ཉེས་པ་ཆགས་སོགས་ནི་མ་རིག་པའི་རྩ་བ་ཅན་ཡིན་པའི་ཕྱིར། མ་རིག་པ་ནི་རིག་པ་བཀག་ཙམ་ཡིན་པས་འདི་ལྟར་མི་འཐད་དོ་ཞེ་ན། རིཾག མ་རིག་པ་ཆོས་ཅན། རིག་པ་ཡེ་ཤེས་དང་དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་ལོག་པར་ཞུགས་པ་ཡིན་གྱི། རིག་པ་བཀག་ཙམ་མིན་ཏེ། རིག་པ་ཡེ་ཤེས་ཀྱི་སྤང་བྱ་ཡིན་པའི་ཕྱིར་དང་། སེམས་བྱུང་ཡིན་པས་དམིགས་རྣམ་འཛིན་པའི་ཕྱིར། འོ་ན་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཞེས་བཤད་པ་དང་འགལ་ཏེ། རང་ཉིད་རང་དང་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར་ཞེ་ན། འགལཾ། མ་རིག་པ་ཆོས་ཅན། ཁྱོད་ལྟ་བ་དང་མཚུངས་ལྡན་ཡིན་པས་དེ་ཁྱོད་ལྟ་བ་དང་འགལ་བའི་སྒྲུབ་བྱེད་མིན་པར་ཐལ། ཁྱོད་ལྟ་བ་དང་ཕྱོགས་གཅིག་པ་དང་ཕྱོགས་གཅིག་པ་ཅན་ཡིན་པའི་ཕྱིར། གསུམ་པ་ནི། སྟོངཾ་། ཉེར་ལེན་གྱི་ཕུང་པོ་བདག་གིས་སྟོང་པ་ཉིད་དུ་ལྟ་བའི་ལམ་དེ་ཆོས་ཅན། ཉེས་པ་ཆགས་སོགས་དྲུང་ནས་འབྱིན་པའི་གཉེན་པོ་ཡིན་ཏེ། བདག་ལྟ་དང་འཛིན་སྟངས་དངོས་སུ་འགལ་ཞིང་། ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ལམ་ཡིན་པའི་ཕྱིར། གསུམ་པ་ནི། ཟདཾ། ཉེས་པ་རྣམས་ཆོས་ཅན། གཉེན་པོ་གོམས་ཀྱང་ཟད་པ་མ་ཡིན་པར་ཐལ། སེམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། གཟུགས་ཅན་ལ་གཟུགས་མི་ཟད་པ་བཞིན་ནོ་ཞེ་ན། མིཾན། དེ་ཆོས་ཅན། ཁྱོད་སེམས་ཀྱི་ཆོས་ཉིད་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་ཟད་མི་སྲིད་པ་དེ་མིན་པར་ཐལ། ཁྱོད་ད་ལྟ་གཉེན་པོ་སྐྱེས་པའི་ཚེ་མངོན་གྱུར་ལྡོག་པ་མཐོང་བའི་ཕྱིར། གལ་ཏེ་གསེར་གྱི་ཞུ་བ་སླར་ཡང་སྲ་བ་བཞིན་དུ། གཉེན་པོ་དང་བྲལ་བའི་ཚེ་སླར་ཡང་ལྡོག་གོ་ཞེ་ན། ཉེསཾ། གནས་འགྱུར་ཐོབ་པའི་སེམས་རྒྱུད་ཆོས་ཅན། གཉེན་པོ་དང་བྲལ་ནས་ཉེས་པ་སླར་ལྡོག་པ་མིན་ཏེ། གཉེན་པོ་བདག་མེད་རྟོགས་པའི་བློ་དང་བྲལ་བ་མེད་པའི་ཕྱིར་དང་། གཉེན་པོ་དང་བྲལ་ན་སྤང་བྱ་སླར་ལྡོག་པས་མ་ཁྱབ་པའི་ཕྱིར། གཉིས་པ་གཉེན་པོ་ཡིན་པའི་སྒྲུབ་བྱེད་འགོད་པ་ལ་གསུམ་སྟེ། བདག་མེད་རྟོགས་པ་བདག་ལྟའི་གཉེན་པོར་བསྟན། བདག་མེད་རྟོགས་པ་སྲེད་པའི་གཉེན་པོར་བསྟན། དེ་ལས་ལོགས་སུ་ལས་ལུས་གཉེན་པོར་མེད་པའོ། །དང་པོ་ལ་བཞི་སྟེ། བདག་ལྟ་འཁོར་བའི་རྩ་བར་བསྟན། བདག་ལྟ་ཉེས་པའི་རྩ་བར་བསྟན། རྩ་བ་ཡིན་པའི་སྒྲུབ་བྱེད་དགོད། དེས་ན་རྩ་བ་དབྱུང་བར་གདམས་པའོ། །དང་པོ་ནི། གངཾ་། བདག་ལྟ་ཆོས་ཅན། ཁྱོད་འཁོར་བའི་རྩ་བ་ཡིན་ཏེ། ཁྱོད་ལས་བདག་དང་བདག་གིར་ཆགས་པ་འབྱུང་། དེ་ལས་ཟག་བཅས་ཀྱི་ལས་ལ་སོགས་པ་འབྱུང་བའི་ཕྱིར། གཉིས་པ་ནི། བདཾག དེ་ཆོས་ཅན། ཁྱོད་ཉེས་པའི་རྩ་བ་ཡིན་ཏེ། ཁྱོད་ལས་བདག་དང་གཞན་དུ་འཛིན་པ་འབྱུང་། དེ་ལ་ཆགས་སྡང་སོགས་འབྱུང་བའི་ཕྱིར། གསུམ་པ་ལ་གསུམ་སྟེ། བདག་ལྟས་ཆགས་པ་གཉིས་ཀ་བསྐྱེད། གཉིས་པོ་སྤོང་བའི་ཐབས་གཞན་མེད། ཆགས་བྲལ་མེད་ན་འཁོར་བར་འཁོར་བའོ། །དང་པོ་ནི། ངེསཾ། བདག་གི་བ་ལ་ཆགས་བྲལ་དུ་འདོད་པའི་བདག་འཛིན་ཅན་དེ་ཆོས་ཅན། བདག་གི་བ་ལ་ཆགས་པ་དང་མ་བྲལ་བར་ཐལ། བདག་ལ་ཆགས་པ་དང་ལྡན་པའི་ཕྱིར། ཉེསཾ། དེ་ཆོས་ཅན། དེར་ཐལ། བདག་ཉེས་མེད་ཀྱི་ཡོན་ཏན་ཅན་དུ་འཛིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། བདག་ལ་ཆགས་པ་སྤོང་བའི་ཐབས་གཞན་མེད། བདག་གིར་ཆགས་པ་སྤོང་བའི་ཐབས་གཞན་མེད་པའོ། །དང་པོ་ལ་གསུམ་སྟེ། སྐྱོན་བཅས་ཤེས་པས་ཞེན་ཡུལ་སྤོང་མི་ནུས། སྐྱོན་བཅས་ཤེས་པས་དངོས་རྒྱུ་ལྡོག་མི་ནུས། སྐྱོན་བཅས་ཉིད་ལ་ཁས་བླངས་འགལ་བ་བསྟན་པའོ། །དང་པོ་ནི། གལཾ། བདག་ཉེས་མེད་ཡིན་ཀྱང་བདག་ལ་ཆགས་པ་སྐྱོན་བཅས་སུ་ཤེས་པས་བདག་ལ་ཆགས་པ་སྤོང་བར་འགྱུར་རོ་ཞེ་ན། འདིཾ། བདག་ལ་ཆགས་པ་སྐྱོན་ཅན་དུ་མཐོང་བའི་སྐྱེས་བུ་ཆོས་ཅན། བདག་ལ་ཆགས་པ་སྤོང་མི་ནུས་པར་ཐལ། བདག་ལ་ཆགས་པའི་ཞེན་ཡུལ་སུན་ཕྱུང་མི་ནུས་པའི་ཕྱིར། ཁྱབ་སྟེ། ཞེན་ཡུལ་སྤོང་པའི་སྒོ་ནས་ཞེན་བྱེད་ཀྱི་བློ་སྤོང་དགོས་པའི་ཕྱིར། གཉིས་པ་ནི། ཆགསཾ། བདག་ལ་ཆགས་པས་སྐྱོན་ཅན་དུ་མཐོང་བའི་བདག་འཛིན་ཅན་ཆོས་ཅན། བདག་ལ་ཆགས་པ་སྤོང་མི་ནུས་པར་ཐལ། བདག་ཉེས་མེད་ཀྱི་ཡོན་ཏན་ཅན་དུ་མཐོང་བའི་ཕྱིར། གསུམ་པ་ནི། ཆགཾས། བདག་ལ་ཆགས་པ་སྐྱོན་ཅན་ཡིན་ཏེ། སྡུག་བསྔལ་གྱི་རྟེན་བྱེད་པའི་ཕྱིར་ཞེ་ན། དེཾ། བདག་ལ་ཆགས་པ་ཆོས་ཅན། སྡུག་བསྔལ་གྱི་རྟེན་བྱེད་ན་ཡང་ཆགས་པ་དང་བྲལ་བར་བྱ་བ་མིན་པར་ཐལ། བདག་སྐྱོན་མེད་ཀྱི་བདག་གི་བར་མཐོང་བའི་ཕྱིར། དཔེར་ན་བདག་སྡུག་བསྔལ་གྱི་རྟེན་བྱེད་ཀྱང་ཆགས་པ་དང་བྲལ་བར་བྱ་བ་མིན་པ་བཞིན་ནོ། །གལཾ། བདག་སྐྱོན་མེད་ཡིན་ཏེ། བདག་ཁོ་ན་སྡུག་བསྔལ་གྱི་རྒྱུ་མིན་པའི་ཕྱིར་ཞེ་ན། དེཾ། བདག་ལ་ཆགས་པ་ཆོས་ཅན། ཁྱོད་སྐྱོན་མེད་ཡིན་པར་ཐལ། ཁྱོད་ཁོ་ན་སྡུག་བསྔལ་གྱི་རྒྱུ་མིན་པའི་ཕྱིར། འདོད་ན། བདག་དང་བདག་ལ་ཆགས་པ་གཉིས་ཀ་ཆོས་ཅན། ཆགས་པ་དང་བྲལ་བར་བྱ་བ་མིན་པར་ཐལ། སྐྱོན་མེད་ཡིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། དབང་སོགས་སྡུག་བསྔལ་བསྒོམས་པས་སྤོང་མི་ནུས། དབང་བདག་ཐ་དད་ཤེས་པས་སྤོང་མི་ནུས། སྡུག་བསྔལ་ལས་ཡིད་འབྱུང་བས་སྤོང་མི་ནུས། སྡུག་བསྔལ་བསྒོམ་བྱར་གསུངས་དང་འགལ་བ་སྤོང་བའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། སུམ་འབྱིན་བཤད་པའོ། །དང་པོ་ནི། གལཾ། སྦྲུལ་གྱིས་གཟུང་བའི་ཡན་ལག་སྡུག་བསྔལ་གྱི་རྒྱུར་བསྒོམས་པས་སྤོང་བ་བཞིན་དུ་བདག་ལ་ཆགས་པ་དང་། བདག་གི་བ་སྡུག་བསྔལ་གྱི་རྒྱུར་བསྒོམས་པས་སྤོང་ངོ་ཞེ་ན། གཉིས་པ་ལ་གཉིས་ཏེ། དཔེ་དགག དོན་དགག་པའོ། །དང་པོ་ནི། བདགཾ སྦྲུལ་གྱིས་གཟུང་བའི་ཡན་ལག་ཆོས་ཅན། ཁྱོད་སྡུག་བསྔལ་དུ་བསྒོམས་པ་ཙམ་གྱིས་འདོར་བ་མིན་ཏེ། ཁྱོད་ལ་བདག་གི་བའི་བློ་མ་བཅོམ་ན་ཁྱོད་མི་འདོར་བ་མཐོང་བའི་ཕྱིར། གཉིས་པ་ལ་བདུན་ཏེ། བདག་གིར་འཛིན་པ་ཡོད་ན་འདོར་མི་སྲིད། བདག་གིར་འདོར་ན་བདག་གི་མཚན་ཉིད་མེད། བདག་འཛིན་ཡོད་ན་བདག་གིར་ཆགས་པ་འབྱུང་། སྡུག་བསྔལ་བསྒོམས་པས་བརྩམས་པ་དོན་མེད་འགྱུར། བདག་སྐྱོན་མེད་ན་ཆགས་དང་བྲལ་ཡུལ་མེད། སྐྱོན་ཅན་ཤེས་པས་ཐ་ཆགས་པ་སྤོང་མི་ནུས། རྒྱུ་ལ་གནོད་པ་མེད་པས་སྤོང་མི་ནུས་པའོ། །དང་པོ་ལ་གཉིས་ཏེ། བདག་གིར་འཛིན་པ་ཡོད་ན་ཆགས་བྲལ་མེད། བདག་གིར་འཛིན་པ་བཅོམ་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། དབཾང་། དབང་སོགས་སྡུག་བསྔལ་དུ་བསྒོམ་པའི་བདག་འཛིན་ཅན་ཆོས་ཅན། དབང་སོགས་ལ་ཆགས་པ་དང་བྲལ་བ་མིན་པར་ཐལ། དབང་སོགས་ལ་རང་གི་བའི་བློ་མ་དོར་བའི་ཕྱིར་ཏེ། དབང་སོགས་ལོངས་སྤྱོད་ཀྱི་རྟེན་དུ་གཟུང་བའི་ཕྱིར། ལུསཾ། ཁྱབ་སྟེ། ལུས་ལས་གོག་པའི་སྐྲ་སོགས་ལ་རང་གི་བའི་བློ་དོར་ཞིང་གཞན་ལ་ཞེན་པ་སྐྱེ་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྡུག་བསྔལ་བསྒོམས་པས་བཅོམ་པ་དགག སྡུག་བསྔལ་བསྐྱེད་པས་བཅོམ་པ་དགག་པའོ། །དང་པོ་ནི། བདག་ལ་ཆགས་པ་སོགས་སྡུག་བསྔལ་དུ་བསྒོམས་པས་རང་གི་བའི་བློ་སྤོང་ངོ་ཞེ་ན། དེཾ། བདག་ལ་ཆགས་པ་སོགས་ཆོས་ཅན། ཁྱོད་སྡུག་བསྔལ་དུ་མཐོང་ཡང་རང་གི་བའི་བློ་དོར་བར་མི་འགྱུར་བར་ཐལ། ཁྱོད་སྡུག་བསྔལ་དུ་མཐོང་ཡང་ཁྱོད་དང་བདག་གི་འདུ་སོགས་ཀྱི་འབྲེལ་བ་གནས་པའི་ཕྱིར། འཾདུ། དེ་ཆོས་ཅན། ཁྱོད་བདག་གི་འདུ་སོགས་ཀྱི་འབྲེལ་པ་དེ་ཁྱོད་ལ་རང་གི་བའི་བློ་སྐྱེ་བའི་རྒྱུ་མིན་པར་ཐལ། འདུ་སོགས་ཀྱི་འབྲེལ་པ་མེད་ན་ཡང་ཕན་འདོགས་བྱེད་དུ་གཟུང་བ་ལས་རང་གི་བའི་བློ་སྐྱེ་བའི་ཕྱིར། གཉིས་པ་ནི། སྡུགཾ གྲོལ་བ་ཐོབ་པའི་སྐྱེས་བུ་ཆོས་ཅན། དབང་སོགས་ལ་རང་གི་བའི་བློ་སྐྱེ་བར་མི་འགྱུར་ཏེ། དབང་སོགས་མཐའ་གཅིག་ཏུ་སྡུག་བསྔལ་སྐྱེད་བྱེད་དུ་མཐོང་བའི་ཕྱིར། དུག་སྦྲུལ་གྱིས་བཟུང་བའི་སོར་མོ་བཞིན་ནོ་ཞེ་ན། གཅིགཾ དབང་སོགས་ཆོས་ཅན། ཁྱོད་སྡུག་བསྔལ་སྐྱེད་བྱེད་དུ་མཐོང་བས་ཁྱོད་ལ་རང་གི་བའི་བློ་འདོར་བ་མིན་པར་ཐལ། ཁྱོད་མཐའ་གཅིག་ཏུ་སྡུག་བསྔལ་སྐྱེད་བྱེད་དུ་མཐོང་བ་མིན་ཞིང་། ཕལ་ཆེར་སྡུག་བསྔལ་སྐྱེད་བྱེད་དུ་མཐོང་ན་རང་གི་བའི་བློ་འདོར་བས་མ་ཁྱབ་པའི་ཕྱིར། ཁྱདཾ། གཏན་ཚིགས་ཕྱི་མ་གྲུབ་སྟེ། བླང་དོར་གྱི་བསམ་པ་དང་ལྡན་པའི་གང་ཟག་གིས་ཕལ་ཆེར་སྡུག་བསྔལ་སྐྱེད་བྱེད་ལ་ཆགས་པ་དང་བྲལ་ཡང་བླང་དོར་གྱི་བསམ་པ་མེད་པའི་གང་ཟག་གིས་ཕལ་ཆེར་སྡུག་བསྔལ་སྐྱེད་བྱེད་ལ་ཆགས་པ་སྐྱེ་བར་མཐོང་བའི་ཕྱིར། གཉིས་པ་ནི། བདཾག འཁོར་བའི་གནས་སྐབས་ཀྱི་བདག་དེ་ཆོས་ཅན། འཇིག་པར་ཐལ། སྔར་བདག་གི་བ་དང་བཅས་པ་ལས་ཕྱིས་བདག་གི་བ་དང་བྲལ་བར་འགྱུར་བའི་ཕྱིར། འདོད་ན། བདག་མི་འཇིག་པར་འདོད་པ་དང་འགལ་བར་འགྱུར་རོ། །མྱོངཾ་། ཐར་པའི་གནས་སྐབས་ཀྱི་བདག་དེ་ཆོས་ཅན། བྱེ་བྲག་པ་ཅི་ལྟར་ཞེན་པ་ལྟར་གྱི་བདག་ཏུ་མེད་པར་ཐལ། མྱོང་སོགས་ཀྱི་རྟེན་བྱེད་ལྡོག་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། སྒྲུབ་བྱེད་དངོས། ཉེས་སྤོང་དགག་པའོ། །དང་པོ་ནི། རྣམཾ། བདག་གི་བ་ལ་ཆགས་བྲལ་དུ་འདོད་པའི་བདག་འཛིན་ཅན་དེ་ཆོས་ཅན། བདག་གི་བ་ལ་ཆགས་པ་འབྱུང་སྟེ། བདག་འཛིན་དང་ལྡན་པའི་ཕྱིར། བརྩོནཾ། བདག་གི་བ་ལ་ཆགས་པ་དང་བྲལ་བའི་ཆེད་དུ་བདག་གི་བ་སྡུག་བསྔལ་དུ་བསྒོམ་པའི་གང་ཟག་ཆོས་ཅན། བདག་ལ་ཆགས་པ་དེས་བདག་གི་བ་ལ་ཆགས་པ་དང་བྲལ་བའི་གེགས་བྱེད་པ་ཉིད་ཡིན་ཏེ། བདག་ལ་ཆགས་པ་དེས་རྐྱེན་ཇི་ལྟ་བ་བཞིན་དུ་བདག་གི་བ་ལ་ཆགས་པ་འཇུག་པར་བྱེད་པའི་ཕྱིར། གཉིས་པ་ནི། གལཾ། གལ་ཏེ་ཐར་པའི་ཚེ་བདག་ལ་ཡང་ཆགས་པ་དང་བྲལ་བས་སྐྱོན་མེད་དོ་ཞེ་ན། ཆགས་བྲལ་ཆོས་ཅན། བདག་གི་བ་ལ་ཆགས་པ་དང་བྲལ་ཡང་བདག་གི་བ་འདོར་བ་མིན་པར་ཐལ། བདག་ལ་ཆགས་པ་དང་བྲལ་ཡང་བདག་མི་འདོར་བ་དང་རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། ཐར་པ་དོན་གཉེར་ཆོས་ཅན། བདག་གི་བ་འདོར་བའི་ཆེད་དུ་བདག་གི་བ་སྡུག་བསྔལ་དུ་བསྒོམ་པ་དོན་མེད་པར་ཐལ། བདག་གི་བ་ལ་ཆགས་པ་དང་བྲལ་པས་བདག་གི་བ་མི་འདོར་བའི་ཕྱིར། བཞི་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། དེཾ། དེ་ཆོས་ཅན། དེར་ཐལ། བདག་གི་བ་སྡུག་བསྔལ་དུ་བསྒོམས་པས་བདག་གི་བ་སྡུག་བསྔལ་དུ་ཤེས་པར་བྱེད་པ་ཙམ་ཡིན་པ་གང་ཞིག བདག་གི་བ་སྡུག་བསྔལ་དུ་ཤེས་པ་ཙམ་གྱིས་བདག་གི་བ་ལ་ཆགས་པ་དང་བྲལ་མི་ནུས་པའི་ཕྱིར། གཉིས་པ་ནི། གལཾ། བདག་གི་བ་སྡུག་བསྔལ་དུ་མཐོང་ན་ཆགས་པ་དང་བྲལ་ཏེ། བདག་གི་བའི་ཉེས་པ་མཐོང་བའི་ཕྱིར་ཞེ་ན། བདག་འཛིན་ཅན་ཆོས་ཅན། བདག་གི་བའི་ཉེས་པ་མཐོང་བ་ཙམ་གྱིས་བདག་གི་བ་ལ་ཆགས་པ་དང་བྲལ་བ་མིན་པར་ཐལ། བདག་གི་བ་གཞན་འགའ་ཞིག་ལ་ཆགས་པ་སྐྱེ་བའི་ཕྱིར། ཁྱབ་སྟེ། ཡུལ་གཅིག་ལ་ཆགས་པ་དེ་རྐྱེན་དང་འཕྲད་པའི་ཚེ་གཞན་ལ་ཡང་ཆགས་པའི་རྒྱུར་འགྱུར་བའི་ཕྱིར་ཏེ། དཔེར་ན་འདོད་ལྡན་འགའ་ཞིག་བུད་མེད་གཞན་གྱི་ཉེས་པ་མཐོང་བའི་ཚེ་སྔར་བློ་ལྡོག་པའི་བུད་མེད་ལ་ཡང་ཆགས་པ་སྐྱེ་བ་བཞིན་ནོ། །ལྔ་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། སྐྱོནཾ། ཐར་པ་དོན་གཉེར་ཆོས་ཅན། ཆགས་པ་དང་བྲལ་བའི་ཡུལ་མེད་པར་ཐལ། བདག་དང་། བདག་ལ་ཆགས་པ་དང་། བདག་གི་བ་གསུམ་ཀ་སྐྱོན་མེད་ཡིན་པའི་ཕྱིར། རྟགས་ཁས། གཉིས་པ་ནི། དེརཾ། བདག་ལ་ཆགས་པ་སྐྱོན་མེད་ཡིན་པའི་རྟགས་མ་གྲུབ་ཏེ། སྡུག་བསྔལ་གྱི་རྟེན་བྱེད་པའི་ཕྱིར་ཞེ་ན། བདག་ཆོས་ཅན། སྐྱོན་བཅས་སུ་ཐལ། སྡུག་བསྔལ་གྱི་རྟེན་བྱེད་པའི་ཕྱིར། འདོད་ན། ཐར་པ་དོན་གཉེར་ཆོས་ཅན། སྐྱོན་ཅན་ཡིན་པའི་རྒྱུ་མཚན་གྱིས་བདག་གི་བ་ལ་ཆགས་པ་དང་བྲལ་བར་བྱེད་པ་མིན་པར་ཐལ། བདག་སྐྱོན་བཅས་ཡིན་ཀྱང་བདག་ལ་ཆགས་པ་དང་བྲལ་བར་བྱེད་པ་མིན་པའི་ཕྱིར། དྲུག་པ་ནི། ཡོཾན། བདག་གི་བ་ལ་ཆགས་པ་ཆོས་ཅན། བདག་གི་བ་ཡི་ཡོན་ཏན་མཐོང་བ་ཁོ་ནས་བྱས་པ་མིན་པར་ཐལ། བདག་གི་བ་ཡི་ཡོན་ཏན་མཐོང་བ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བདག་གི་བའི་ཉེས་པ་མཐོང་བས་འཇིག་པ་མིན་པར་ཐལ། བདག་གི་བའི་ཡོན་ཏན་མཐོང་བ་ལས་བྱུང་བ་མིན་པའི་ཕྱིར། དེཾ། གལ་ཏེ་བདག་གིར་ཆགས་པའི་རྒྱུ་ནི་བདག་གི་བའི་བློ་ཡིན་ལ། དེ་ཡོན་ཏན་མཐོང་བ་ལས་བྱུང་བས་སྡུག་བསྔལ་དུ་བསྒོམས་པས་དེ་སྤོང་ངོ་ཞེ་ན། བདག་གི་བའི་བློ་སྐྱེ་བའི་རྒྱུའང་ཆོས་ཅན། བདག་གི་བའི་ཡོན་ཏན་མཐོང་བས་བྱས་པ་མིན་པར་ཐལ། བདག་གི་ཡོན་ཏན་མཐོང་བ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། འདོད་ན། སྔར་བཞིན་ནོ། །བདུན་པ་ནི། གཞཾན། བདག་གི་བ་སྡུག་བསྔལ་དུ་བསྒོམ་པའི་སྒྲུབ་པ་ཆོས་ཅན། བདག་གི་བ་ལ་ཆགས་པ་ལ་མི་གནོད་པར་ཐལ། བདག་ལ་ཆགས་པ་ལ་མི་གནོད་པའི་ཕྱིར། ཁྱབ་སྟེ། བདག་ལ་ཆགས་པ་ཡོད་ན་བདག་གིར་ཆགས་པ་འབྱུང་བའི་ཕྱིར། གཉིས་པ་དབང་བདག་ཐ་དད་ཤེས་པས་སྤོང་མི་ནུས་པ་ནི། གྲངས་ཅན་པ་ན་རེ། ཡོན་ཏན་མཐོང་བ་ལ་ཆགས་པ་སྐྱེ་བ་མིན་གྱི། ཆགས་ཡུལ་དང་སྐྱེས་བུ་གཅིག་ཏུ་འཁྲུལ་པ་ལས་ཡུལ་དེ་ལ་ཆགས་པ་སྐྱེ། ཐ་དད་དུ་ཤེས་ན་ཆགས་བྲལ་དུ་འགྱུར་རོ་ཞེ་ན། མཆོཾག སྐྱེ་བོ་ཐ་མལ་པ་ཆོས་ཅན། བདག་གི་བ་ལ་ཆགས་པ་དང་བྲལ་བར་ཐལ། བདག་གི་བ་དང་སྐྱེས་བུ་ཐ་དད་དུ་ཤེས་པའི་ཕྱིར་ཏེ། བདག་གཞན་དུ་འགྱུར་བར་མི་འདོད་ཀྱང་བདག་གི་བ་མཆོག་གཞན་དོན་དུ་གཉེར་བའི་ཕྱིར་དང་། བདག་རྟག་པར་གཟུང་ཡང་བདག་གི་བ་མི་རྟག་པར་གཟུང་བའི་ཕྱིར། དེཾ། དབང་སོགས་ལ་ཆགས་པ་ཆོས་ཅན། ཡུལ་དང་སྐྱེས་བུ་གཅིག་ཏུ་མཐོང་བ་ལས་བྱུང་བ་མིན་པར་ཐལ། དེ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། དེ་ཆོས་ཅན། རང་རྒྱུ་བདག་ལ་ཆགས་པ་ལས་བྱུང་སྟེ། དེ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། གསུམ་པ་སྡུག་བསྔལ་ལས་ཡིད་འབྱུང་བས་སྤོང་མི་ནུས་པ་ལ་གཉིས་ཏེ། ཡིད་འབྱུང་ཆགས་བྲལ་མིན་པ་བསྟན། ཆགས་བྲལ་མེད་པར་ཐལ་བ་སྤོང་བའོ། །དང་པོ་ནི། བྱེ་བྲག་པ་ན་རེ། དབང་སོགས་སྡུག་བསྔལ་དུ་མཐོང་བས་དེ་ལ་ཡིད་འབྱུང་སྐྱེ་ཞིང་དེས་ཡུལ་དེ་ལ་ཆགས་པ་དང་བྲལ་བར་འགྱུར་རོ་ཞེ་ན། གངཾ་། ཚོར་བ་སྡུག་བསྔལ་དྲག་པོས་ད་ལྟར་ཡིད་འབྱུང་བའི་བློ་དེ་ཆོས་ཅན། ཆགས་བྲལ་མིན་ཏེ། སྡུག་བསྔལ་དོར་ནས་བདེ་བ་ལ་ཆགས་པའི་བློ་ཡིན་པའི་ཕྱིར། དེ་ཆོས་ཅན། ཆགས་བྲལ་མིན་ཏེ། རང་རྒྱུ་ཞེ་སྡང་ལོག་ན་ཆགས་པར་འགྱུར་བའི་ཕྱིར། གཉིས་པ་ནི། བླངཾ་། འོ་ན་ཆགས་བྲལ་མི་སྲིད་པར་འགྱུར་རོ་ཞེ་ན། ཡུལ་འདོད་མི་འདོད་ཀུན་ལ་མགོ་སྙོམས་ཅན་གྱི་གང་ཟག་དེ་ཆོས་ཅན། ཆགས་བྲལ་ཞེས་བརྗོད་དེ། ཡུལ་འདོད་མི་འདོད་ལ་བླང་དོར་དུ་འཛིན་པ་སྤང་བའི་གང་ཟག་ཡིན་པའི་ཕྱིར། དཔེར་ན་ཕྱོགས་གཅིག་ནས་ཙནྡན་གྱིས་བྱུག་པ་དང་། ཕྱོགས་གཅིག་ནས་སྟེ་འུས་བཅད་པ་གཉིས་མགོ་སྙོམས་པར་གནས་པ་ལྟ་བུའོ། །བཞི་པ་སྡུག་བསྔལ་བསྒོམ་བྱར་གསུངས་པ་དང་འགལ་བ་སྤོང་བ་ནི། འོ་ན་མདོ་ལས་སྡུག་བསྔལ་བསྒོམ་བྱར་གསུངས་པ་དང་འགལ་ལོ་ཞེ་ན། འཾདུ། བཅོམ་ལྡན་འདས་ཆོས་ཅན། སྡུག་བསྔལ་གྱི་སྡུག་བསྔལ་ལ་དགོངས་ནས་སྡུག་བསྔལ་བསྒོམ་བྱར་གསུངས་པ་མིན་ཏེ། སྲེད་པའི་རྐྱེན་ལས་སྐྱེས་པའི་འདུ་བྱེད་ཀྱི་སྡུག་བསྔལ་ལ་དགོངས་ནས་སྡུག་བསྔལ་བསྒོམ་བྱར་གསུངས་པ་ཡིན་པའི་ཕྱིར། དེཾ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསྒོམ་པ་ཆོས་ཅན། ཁྱོད་ཁོ་ནས་གྲོལ་བ་མིན་ཏེ། ཁྱོད་བདག་མེད་རྟོགས་པའི་ལྟ་བའི་རྟེན་ཙམ་ཡིན་པ་གང་ཞིག བདག་མེད་རྟོགས་པའི་ལྟ་བས་གྲོལ་བར་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཆོས་ཅན། མི་རྟག་སོགས་བསྒོམ་པ་བདག་མེད་རྟོགས་པའི་ལྟ་བའི་རྟེན་ཡིན་པ་ཁྱོད་ཀྱི་དགོངས་པ་ཡིན་ཏེ། ཁྱོད་འདུ་བྱེད་མི་རྟག་པར་ཤེས་པ་ལས་ཟག་བཅས་སྡུག་བསྔལ་དུ་ཤེས་པ་འབྱུང་ཞེས་སོགས་ཀྱི་མདོ་གསུང་བ་པོ་ཡིན་པའི་ཕྱིར། གསུམ་པ་ཆགས་བྲལ་མེད་ན་འཁོར་བར་འཁོར་བ་ནི། ཆགཾས། བདག་གི་བ་སྡུག་བསྔལ་དུ་ཤེས་པའི་བདག་འཛིན་ཅན་ཆོས་ཅན། འཁོར་བ་པ་ཡིན་ཏེ། ལས་ཉོན་ལས་མ་གྲོལ་བའི་གང་ཟག་ཡིན་པའི་ཕྱིར། གལ་ཏེ་ཐར་པའི་གནས་སྐབས་སུ་བདག་གི་བ་ལའང་ཆགས་པ་དང་བྲལ་བ་ཡིན་ནོ་ཞེ་ན། བདཾག ཐར་པ་ཐོབ་པའི་ཚེ་ཆོས་ཅན། བདག་གི་བའི་ཟ་བ་པོ་མེད་པར་ཐལ། བདག་གི་བ་ལ་ཆགས་པ་དང་བྲལ་བའི་ཕྱིར། འདོད་ན། དེ་ཆོས་ཅན། བདག་མེད་པར་ཐལ། འདོད་པ་དེའི་ཕྱིར། གསུམ་པ་དེས་ན་རྩ་བ་དབྱུང་བར་གདམས་པ་ནི། དེཾ། རྣམ་གྲོལ་དོན་གཉེར་ཆོས་ཅན། འཇིག་ལྟ་སུན་དབྱུང་བར་རིགས་ཏེ། འཁོར་བ་སྤོང་འདོད་ཅན་ཡིན་པ་གང་ཞིག འཇིག་ལྟ་སུན་མ་ཕྱུང་ན་འཁོར་བ་སྤོང་མི་ནུས་པའི་ཕྱིར། གཉིས་པ་བདག་མེད་བསྒོམས་པས་སྲེད་པ་སྤོང་བར་ནུས་པ་ལ་གསུམ་སྟེ། ཆོ་ག་གཉེན་པོ་ཡིན་པའི་སྒྲུབ་བྱེད་དགག ཆོ་ག་གཉེན་པོ་མིན་པའི་སྒྲུབ་བྱེད་དགོད། དེས་ན་ཡང་དག་ལྟ་བ་གཉེན་པོར་བསྟན་པའོ། །དང་པོ་ལ་གསུམ་སྟེ། ལུང་གི་སྒྲུབ་བྱེད་དགག དཔེའི་སྒྲུབ་བྱེད་དགག རིགས་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། གལ་ཏེ་འཇིག་ལྟ་སུན་མ་ཕྱུང་ཡང་དབང་ཕྱུག་གི་དབང་བསྐུར་ཐོབ་ན་གྲོལ་ཏེ། དེ་ལྟར་དུ་དབང་ཕྱུག་གི་ལུང་ལས་བཤད་པའི་ཕྱིར་ཞེ་ན། ལུངཾ་། དབང་ཕྱུག་གི་དབང་བསྐུར་ཆོས་ཅན། ཁྱོད་ལུང་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་ལས་བཤད་པའི་དབང་ཕྱུག་གི་དབང་གིས་གྲོལ་བར་བསྒྲུབ་ནུས་པ་མིན་པར་ཐལ། ཁྱོད་ལུང་ཚད་མ་མིན་པའི་ཕྱིར། གཉིས་པ་ནི། དབང་ཕྱུག་གི་ལུང་ལས་བཤད་པའི་སྔགས་ཀྱིས་བཏབ་ན་འཁོར་བ་ལས་གྲོལ་ཏེ། དེས་བཏབ་པའི་ས་བོན་གྱིས་མྱུ་གུ་མི་སྐྱེད་པའི་ཕྱིར་ཞེ་ན། དབང་ཕྱུག་གི་ལུང་ལས་བཤད་པའི་སྔགས་ཆོས་ཅན། ཁྱོད་ཀྱིས་བཏབ་པའི་ས་བོན་གྱིས་མྱུ་གུ་མི་སྐྱེད་པས་ཁྱོད་ཀྱིས་བཏབ་པའི་སྐྱེས་བུ་ཡང་སྲིད་མི་སྐྱེད་པར་བསྒྲུབ་མི་ནུས་པར་ཐལ། དེ་ལྟར་ནུས་ན་ལུས་ལ་ཏིལ་མར་བསྐུས་པ་སོགས་ལས་ཀྱང་ཡང་སྲིད་མི་སྐྱེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གསུམ་པ་ནི། མེ་ལྔ་བསྟེན་པས་ཡང་སྲིད་ལས་གྲོལ་ཏེ། ལུས་སྔར་ལྕི་བ་ཕྱིས་ཡང་བར་འགྱུར་བའི་ཕྱིར་ཞེ་ན། སྔརཾ། མེ་ལྔ་བསྟེན་པའི་སྐྱེས་བུ་ཆོས་ཅན། སྡིག་པ་བཅོམ་པའི་རྒྱུ་མཚན་གྱིས་ལུས་སྔར་ལྕི་བ་ཕྱིས་ཡང་བ་མིན་པར་ཐལ། ལུས་ཀྱི་ལྕིད་ཆུང་བའི་རྒྱུ་མཚན་གྱིས་ལུས་སྔར་ལྕི་བ་ཕྱིས་ཡང་བ་ཡིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ཆོ་གས་སྐྱེ་རྒྱུ་ཉམས་པ་མེད། ཉམས་པར་འདོད་པའི་སྒྲུབ་བྱེད་དགག ཉམས་པ་མེད་པའི་སྒྲུབ་བྱེད་དགོད། བདག་ཀྱང་སྐྱེ་རྒྱུར་དགོས་པ་དགག་པའོ། །དང་པོ་ནི། ལོགཾ ལོག་སྲེད་དང་མཚུངས་ལྡན་གྱི་སེམས་པ་ཆོས་ཅན། ཁྱོད་སྤངས་ན་ཡང་སྲིད་སྐྱེ་བར་མི་འགྱུར་ཏེ། ཁྱོད་ཡང་སྲིད་ཀྱི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། དེ་ཡིན་ཏེ། ཁྱོད་ཡང་སྲིད་རང་དབང་དུ་སྐྱེད་བྱེད་ཡིན་པའི་ཕྱིར། གལ་ཏེ་སྔོན་གྱི་ལས་ཀྱང་རྒྱུར་དགོས་པ་མིན་ནམ་ཞེ་ན། སེམཾས། དེ་ཆོས་ཅན། ཡང་སྲིད་ཀྱི་རྒྱུར་འགྱུར་བའི་ལས་ཁྱོད་ལས་གཞན་དུ་མེད་དེ། ཁྱོད་ཡང་སྲིད་ཀྱི་རྒྱུར་གྱུར་པའི་ལས་ཀྱི་གཙོ་བོ་ཡིན་པའི་ཕྱིར། དེས་ན་དབང་ཕྱུག་གི་དབང་བསྐུར་ཐོབ་པའི་བདག་འཛིན་ཅན་དེ་ཆོས་ཅན། ཡང་སྲིད་སྐྱེ་བར་འགྱུར་ཏེ། ལོག་སྲེད་ཀྱི་སེམས་པ་མ་ཉམས་པར་ཡོད་པའི་གང་ཟག་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྐྱེ་རྒྱུ་གཞན་དུ་རྟོག་པ་དགག སྐྱེ་རྒྱུ་དེ་ཉིད་ཉམས་པ་དགག་པའོ། །དང་པོ་ནི། འགྲོཾ། དེ་ཆོས་ཅན། ཡང་སྲིད་དུ་འགྲོ་བ་མེད་དེ། མ་མཐོང་བའི་ལས་ཞིག་པའི་ཕྱིར། ཁྱབ་སྟེ། ཡུལ་གཞན་དུ་འགྲོ་བ་དང་གཟུགས་སྒྲ་སོགས་རྟོགས་པའི་རྟེན་ནི་དབང་སོགས་ཡིན་ལ། དེ་ནི་མ་མཐོང་བའི་ལས་ལས་གྱུར་པའི་ཕྱིར། དེས་ན་བདག་གི་ཡོན་ཏན་འདུ་བྱེད་ཡང་སྲིད་ཀྱི་རྒྱུའི་གཙོ་བོ་ཡིན་གྱི་ལོག་སྲེད་ཀྱི་སེམས་པ་མིན་ནོ་ཞེ་ན། ཡོདཾ། བྱེད་པ་དབང་སོགས་ཆོས་ཅན། ལོག་སྲེད་ཀྱི་སེམས་པ་ཁྱོད་ཀྱི་རྒྱུ་ཡིན་གྱི། བདག་གི་ཡོན་ཏན་འདུ་བྱེད་ཁྱོད་ཀྱི་རྒྱུ་མ་ཡིན་ཏེ། སྔ་མས་ཁྱོད་བསྐྱེད་པར་ནུས་ལ། ཕྱི་མས་ཁྱོད་བསྐྱེད་པར་མི་ནུས་པའི་ཕྱིར། དེཾ། སྐྱེ་རྒྱུ་ཉམས་པ་མེད་ཅེས་པའི་སྦྱོར་བ་དགོད། གཉིས་པ་ནི། གལཾ། དབང་ཕྱུག་གི་དབང་བསྐུར་བ་དེས་ལོག་སྲེད་ཀྱི་སེམས་པ་ནུས་མེད་དུ་བྱས་པས་ཡང་སྲིད་མི་སྐྱེའོ་ཞེ་ན། དབང་ཕྱུག་གི་དབང་བསྐུར་ཐོབ་པའི་སྐྱེས་བུ་ཆོས་ཅན། དབང་བསྐུར་བྱས་མ་ཐག་ཏུ་སེམས་པའི་དབང་གིས་ལུས་འཛིན་པ་སོགས་མེད་པར་ཐལ། དབང་བསྐུར་དེས་སེམས་པ་ནུས་མེད་དུ་བྱས་པའི་ཕྱིར། ཅིཾ། དབང་ཕྱུག་གི་དབང་བསྐུར་བའི་སྐྱེས་བུ་ཤི་བའི་ཚེ་སྐྱེ་བ་གཞན་དུ་འཕེན་པར་མི་འགྱུར་ཏེ། བློ་ཕྱི་མ་འཕེན་པའི་ནུས་མེད་དུ་བྱས་པའི་ཕྱིར་ཞེ་ན། འཆི་ཁ་ཐ་མའི་ལོག་སྲེད་ཀྱི་བློ་ཆོས་ཅན། རིགས་པ་ཕྱི་མར་མཚམས་སྦྱོར་ཏེ། རིག་པ་ཕྱི་མར་མཚམས་སྦྱོར་ནུས་པའི་རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི་ཕྱིར། གལ་ཏེ་དབང་གིས་ལོག་སྲེད་ཕྱི་མ་བསྐྱེད་པའི་ནུས་མེད་དུ་བྱས་སོ་ཞེ་ན། དབང་ཕྱུག་གི་དབང་བསྐུར་ཆོས་ཅན། གསོན་པ་ཉིད་ནའང་ལོག་སྲེད་སྔ་མ་ཕྱི་མ་མཚམས་སྦྱོར་བའི་ནུས་མེད་དུ་བྱས་པར་ཐལ། འཆི་བའི་ཚེ་དེ་ལྟར་བྱས་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། གསུམ་པ་ནི། གཉེཾན། ལོག་སྲེད་ཀྱི་རྒྱུན་ཆོས་ཅན། དབང་ཕྱུག་གི་དབང་བསྐུར་བས་ཁྱོད་ལྡོག་པ་མེད་པར་ཐལ། ཁྱོད་རང་རྒྱུ་བདག་འཛིན་ལས་བྱུང་བ་གང་ཞིག དབང་ཕྱུག་གི་དབང་བསྐུར་དེས་དེ་ལ་གནོད་པ་མེད་པའི་ཕྱིར། བཞི་པ་ལ་གཉིས་ཏེ། རྟག་པའི་བདག་ལ་གནོད་བྱེད་བསྟན། དེ་ལ་ཧ་ཅང་ཐལ་བ་སྤང་པའོ། །དང་པོ་ནི། གལ་ཏེ་བདག་རྟག་པའང་འཁོར་བའི་རྒྱུར་དགོས་པས། ལོག་སྲེད་དང་སེམས་པ་ཁོ་ན་འཁོར་བའི་རྒྱུར་མི་འཐད་དོ་ཞེ་ན། རྟགཾ བདག་རྟག་པ་ཆོས་ཅན། འབྲས་བུ་རིམ་གྱིས་བསྐྱེད་པར་མི་བྱེད་པར་ཐལ། རྐྱེན་ལ་ལྟོས་པ་མེད་པའི་ཕྱིར། དེ་ཆོས་ཅན། རང་འབྲས་མི་བསྐྱེད་པར་ཐལ། རང་འབྲས་བྱེད་པ་དང་མི་བྱེད་པ་ཁྱད་པར་མེད་པའི་རྟག་པ་ཡིན་པའི་ཕྱིར། རྒྱུ།ཾ ལས་བྱེད་པ་པོ་དང་འབྲས་བུ་ཟ་བ་པོ་གཅིག་པར་ཐལ། བདག་རྟག་པ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། དེ་གཉིས་ཐ་དད་ཡིན་ན་ལས་བྱེད་པ་པོའི་བདག་ཆོས་ཅན། རྣམ་སྨིན་ཟ་བ་པོའི་བདག་མིན་པར་ཐལ། དེ་ལས་དོན་གཞན་ཡིན་པའི་ཕྱིར། བདག་ཆོས་ཅན། ཁྱོད་ལ་འབྲས་བུ་བསྐྱེད་པའི་ནུས་པ་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་གཞན་གྱིས་མྱོང་བ་གཞན་གྱིས་དྲན་པ་སོགས་ཡོད་པར་ཐལ། མྱོང་བ་པོ་དང་དྲན་པ་པོ་སོགས་གཅིག་ཡིན་པ་མེད་པའི་ཕྱིར་ཞེ་ན། གང་ཟག་གི་དབང་དུ་བྱས་ནས་དེ་ལྟར་ཐལ་བ་འཕེན་ནམ། ཆོས་ཀྱི་དབང་དུ་བྱས་ནས་ཐལ་བ་འཕེན། དང་པོ་ལྟར་ན། གཞཾན། གང་ཟག་གཞན་གྱིས་མྱོང་བ་གཞན་གྱིས་དྲན་པ་སོགས་སུ་འགྱུར་བར་ཐལ། མྱོང་བ་པོའི་གང་ཟག་དང་དྲན་པ་པོའི་གང་ཟག་གཅིག་ཡིན་པ་མེད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཆོས་གྲགས་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མིན་ཏེ། ཆོས་གྲགས་ཀྱིས་ཁྱོད་ལ་འདོད་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། ཕྱི་མ་ལྟར་ན་གང་ཟག་གི་ཚབ་ཏུ་ཆོས་སྦྱོར་ནས་འདོད་ལན་དོན་མཐུན་དུ་ཐེབས་པ་དང་སྦྱར་རོ། །གསུམ་པ་དེས་ན་ཡང་དག་ལྟ་བ་གཉེན་པོར་བསྟན་པ་ལ་གཉིས་ཏེ། སྲེད་པ་འཇོམས་པའི་གཉེན་པོར་བསྟན། སྲེད་པ་མེད་ན་ཡང་སྲིད་མེད་པའོ། །དང་པོ་ནི། བདེཾན། མི་རྟག་ལ་སོགས་བཅུ་དྲུག་བསྒོམ་པའི་ལྟ་བ་ཆོས་ཅན། སྲེད་པ་རྗེས་འབྲང་དང་བཅས་པ་སྤོང་བར་བྱེད་དེ། དམིགས་ཡུལ་བདེན་པ་བཞི་ལ་རྣམ་པ་རྟག་སོགས་བཅུ་དྲུག་དང་འགལ་བའི་དོན་བསྒོམ་པའི་ཡང་དག་པའི་ལྟ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་སོགས་བཅུ་དྲུག་ཏུ་འཛིན་པའི་དབང་གིས་སྲེད་པ་སྐྱེ་བའི་ཕྱིར། གཉིས་པ་ནི། ལསཾ། བདག་འཛིན་ལས་བྱུང་བའི་སྲེད་པ་སྤང་བའི་སྐྱེས་བུ་ཆོས་ཅན། ལས་ལུས་གནས་ན་ཡང་ཡང་སྲིད་དུ་སྐྱེ་བ་མིན་ཏེ། ཡང་སྲིད་ཀྱི་རྒྱུ་གསུམ་གྱི་ནང་ནས་གཙོ་བོ་ཉོན་མོངས་པ་སྤངས་པའི་ཕྱིར། ས་བོན་མེད་ན་མྱུ་གུ་མི་སྐྱེ་བ་བཞིན་ནོ། །གསུམ་པ་དེ་ལས་ལོགས་སུ་ལུས་གཉེན་པོ་མེད་པ་ལ་བཞི་སྟེ། ལས་ལུས་སྤོང་ལ་དགོས་ནུས་མེད། ལས་འཛད་གཉེན་པོ་ཡོད་པ་དགག ལས་འཛད་འདོད་དང་འགལ་བ་སྤང་། ལས་ཉོན་རྒྱུ་འབྲས་མཚུངས་པ་སྤང་བའོ། །དང་པོ་ནི། ཡང་སྲིད་དེ་རྒྱུ་གསུམ་པ་ཅན་ཡིན་ན་ལས་ལུས་སྤོང་བའི་གཉེན་པོ་ཡང་ཐར་ལམ་དུ་འགྱུར་རོ་ཞེ་ན། ལསཾ། ལས་ལུས་ཆོས་ཅན། ཁྱོད་ཁོ་ན་སྤང་བྱ་མིན་ཏེ། ཁྱོད་ཁོ་ན་སྤོང་བའི་གཉེན་པོ་མེད་པའི་ཕྱིར་དང་། སྲེད་པ་ཡོད་ན་ཁྱོད་སླར་འབྱུང་བའི་ཕྱིར། འོ་ན་ལས་དང་སྲེད་པ་གཉིས་ཀ་ཟད་པའི་དོན་དུ་འབད་རིགས་སོ་ཞེ་ན། གཉིསཾ། ཐར་པ་དོན་གཉེར་ཆོས་ཅན། སྲེད་པ་ལས་ལོགས་སུ་ལས་ཟད་པའི་ཆེད་དུ་འབད་པ་དོན་མེད་དེ། སྲེད་པ་སྤངས་པས་ལས་མི་འབྱུང་བའི་ཕྱིར། གཉིས་པ་ནི། དཀའ་ཐུབ་ཀྱིས་སྔོན་གྱི་ལས་ཀྱི་ནུས་པ་ཟད་པར་བྱེད་པ་མིན་ནམ་ཞེ་ན། འབྲསཾ། ཟག་བཅས་ཀྱི་ལས་རྣམས་ཆོས་ཅན། ནུས་པ་རིགས་མི་འདྲ་བ་དུ་མ་ཡོད་དེ། འབྲས་བུ་རིགས་མི་འདྲ་བ་དུ་མ་སྣ་ཚོགས་འབྱུང་བའི་ཕྱིར། དེས་ན་དཀའ་ཐུབ་ཀྱི་སྡུག་བསྔལ་ཆོས་ཅན། ཁྱོད་ཀྱིས་ལས་ཀྱི་ནུས་པ་ཐམས་ཅད་ཟད་པར་ནུས་པ་མིན་པར་ཐལ། ཁྱོད་ཀྱིས་རིགས་མཐུན་པའི་ལས་ཀྱི་ནུས་པ་ཆུང་བ་ཙམ་ནུས་ཀྱི་རིགས་མི་མཐུན་པའི་ལས་ཀྱི་ནུས་པ་ཆུང་བ་ཙམ་ཡང་མི་ནུས་པའི་ཕྱིར། ཙཾམ། གལ་ཏེ་དཀའ་ཐུབ་ཀྱིས་ལས་ཀྱི་ནུས་པ་ཐམས་ཅད་གཅིག་ཏུ་འདྲེས་པར་བྱས་ནས་དེ་དཀའ་ཐུབ་གཅིག་གིས་ཟད་པར་བྱེད་དོ་ཞེ་ན། དཀའ་ཐུབ་དེ་སྡུག་བསྔལ་ལས་གཞན་ཡིན་ནམ་སྡུག་བསྔལ་ཉིད་ཡིན། དང་པོ་ལྟར་ན། དཀའ་ཐུབ་ཆོས་ཅན། ཁྱོད་ཀྱི་ཆ་ཤས་ཙམ་གྱིས་ལས་ཀྱི་ནུས་པ་ཐམས་ཅད་ཟད་ནུས་པར་ཐལ། ཁྱོད་ཀྱིས་ལས་ཀྱི་ནུས་པ་གཅིག་ཏུ་འདྲེས་པ་དེ་ཟད་ནུས་པ་གང་ཞིག ཁྱོད་སྡུག་བསྔལ་ལས་གཞན་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། ལས་ཀྱི་ནུས་པ་འདྲེས་པ་དང་དེ་ཟད་པར་བྱེད་མི་ནུས་པར་ཐལ། ལས་ཉོན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། ཁྱོད་ཀྱང་ལས་ཀྱི་གཉེན་པོ་བདག་མེད་མཐོང་བའི་ལམ་འདོད་པ་མིན་ནམ་ཞེ་ན། སྐྱེསཾ། བདག་མེད་མཐོང་བའི་ལམ་ཆོས་ཅན། སྲེད་པ་མ་སྤངས་པ་ལས་སྤོང་བ་མིན་ཏེ། སྲེད་པ་སྐྱེ་འགྱུར་འགོག་པའི་སྒོ་ནས་ལས་སྤོང་བའི་ཕྱིར། བཞི་པ་ནི། ཉོན་མོངས་པ་ལས་ལས་འབྱུང་བ་བཞིན་དུ་ལས་ལས་ཀྱང་ཉོན་མོངས་འབྱུང་བས་ལས་མ་སྤངས་ན་ཉོན་མོངས་སྤངས་ཀྱང་མི་གྲོལ་བར་མཚུངས་སོ་ཞེ་ན། ལཾས། ཉོན་མོངས་སྤངས་པའི་ལས་ཆོས་ཅན། ཁྱོད་ལས་ཉོན་མོངས་འབྱུང་བ་མིན་ཏེ། ཁྱོད་ལས་ཉོན་མོངས་འབྱུང་བ་མེད་པའི་ཕྱིར། ཁྱབ་སྟེ། ཉོན་མོངས་དང་མི་ལྡན་ན་ལས་ཉོན་གྱི་རྒྱུ་མ་ཡིན་དགོས་པའི་ཕྱིར། ལོཾག བདག་ལྟ་སྤངས་པའི་སྐྱེས་བུ་ཆོས་ཅན། ཚོར་བ་བདེ་སྡུག་ལས་འདོད་ཆགས་དང་ཞེ་སྡང་སྐྱེ་བར་མི་འགྱུར་ཏེ། བདག་འཛིན་སྤངས་པའི་ཕྱིར། གཉིས་པ་དེ་ལས་བདེ་གཤེགས་གྲུབ་པའི་ཚུལ་ནི། སྐྱོབཾ། སྐྱོབ་པ་ཆོས་ཅན། ཁྱོད་རྟགས་སུ་བཀོད་པ་ལས་སྟོན་པ་སངས་རྒྱས་མཁྱེན་པ་ཁྱད་པར་གསུམ་དང་ལྡན་པར་གྲུབ་སྟེ། ཁྱོད་རང་རྒྱུ་མཁྱེན་པ་ཁྱད་པར་གསུམ་ལྡན་གྱི་འབྲས་བུ་ཡིན་པའི་ཕྱིར། སུ་ག་ཏ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་སྔར་སྤངས་པའི་དོན་དུ་བཤད་པ་དང་། འདིར་རྟོགས་པའི་དོན་དུ་བཤད་པ་གཉིས་མི་འགལ་ཏེ། ཁྱོད་སྤངས་རྟོགས་གཉིས་ཀ་ལ་འཇུག་པའི་ཕྱིར། དེཾ། སྟོན་པ་ཆོས་ཅན། ཁྱོད་ཕྱི་རོལ་པ་སོགས་ལས་ཁྱད་པར་དུ་འཕགས་པ་གྲུབ་སྟེ། ཁྱོད་མཁྱེན་པ་ཁྱད་པར་གསུམ་ལྡན་མངའ་བ་ཡིན་པའི་ཕྱིར། གསུམ་པ་དེ་ལས་སྟོན་པ་གྲུབ་པའི་ཚུལ་ནི། གཞཾན། སྟོན་པ་ཆོས་ཅན། རྒྱུ་དུས་ཀྱི་སྟོན་པ་སྔོན་དུ་སོང་བ་ཡིན་ཏེ། མཁྱེན་པ་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་མངའ་བའི་ཕྱིར། བཞི་པ་དེ་ལས་བརྩེ་བ་གྲུབ་པ་ནི། དེཾ། སྟོན་པ་ཆོས་ཅན། བརྩེ་བ་སྙིང་རྗེ་ཆེན་པོ་སྔོན་དུ་སོང་བར་གྲུབ་པ་ཡིན་ཏེ། རྒྱུ་དུས་ཀྱི་སྟོན་པ་སྔོན་དུ་སོང་བའི་ཕྱིར་དང་། རང་དོན་ཕུན་ཚོགས་བརྙེས་ཀྱང་གཞན་དོན་མི་འདོར་བ་ཡིན་པའི་ཕྱིར། ལྔ་པ་དེས་ན་ནན་ཏན་བྱས་པར་གྲུབ་པ་ནི། བརྩེཾ། སྟོན་པ་ཆོས་ཅན། སྐྱེས་བུ་ཚད་མའི་ཐབས་ལ་ནན་ཏན་བྱས་པས་སྐྱེས་བུ་ཚད་མ་ཉིད་དུ་གྲུབ་པ་ཡིན་ཏེ། གདུལ་བྱ་ལ་ལེགས་པར་གསུངས་པ་དང་། བདེན་པར་གསུངས་པར་མཛད་ཅིང་དེ་ལ་བརྩོན་པ་དང་ལྡན་པའི་ཕྱིར། གསུམ་པ་ཚད་མས་བསྟོད་པའི་དགོས་པ་བཤད་པ་ལ་གཉིས་ཏེ། ཚད་མ་གྲུབ་པ་དགོས་པར་བསྟན། རྗེས་དཔག་ཚད་མ་གྲུབ་པའི་ཚུལ་ལོ། །དང་པོ་ནི། དེཾ། བཅོམ་ལྡན་འདས་ལ་ཚད་མའི་སྒོ་ནས་བསྟོད་པ་ཆོས་ཅན། དགོས་པ་ཡོད་དེ། བཅོམ་ལྡན་འདས་ཀྱིས་བསྟན་པ་ཉིད་ལས་ཚད་མ་མངོན་རྗེས་གཉིས་པོ་གྲུབ་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་མངོན་སུམ་གྲུབ་མོད་ཀྱི་རྗེས་དཔག་ཇི་ལྟར་གྲུབ་ཅེ་ན། རྗེསཾ། སྟོན་པ་ཆོས་ཅན། རྗེས་དཔག་ཚད་མར་བཞེད་དེ། རྗེས་དཔག་ཚད་མ་ཡིན་པ་མ་བཀག་ཅིང་ཚད་མ་མ་ཡིན་པ་ཚད་མ་ཡིན་པ་བཀག་པའི་ཕྱིར་རོ། །ཅུངཾ་། དེར་མ་ཟད་སྟོན་པའི་བསྟན་པ་ཉིད་ལ་ཅུང་ཟད་སྐྱེ་བའི་ཆོས་ཅན་གང་ཡིན་པ་དེ་ནི་འགགས་པའི་ཆོས་ཅན་ནོ་ཞེས་སོགས་ཀྱི་སྦྱོར་ངག་ཆོས་ཅན། རྗེས་སུ་དཔག་པ་དོན་གྱིས་གསལ་བར་བཤད་དེ། ཚུལ་གསུམ་ཚང་བའི་གཏན་ཚིགས་དངོས་སུ་བསྟན་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཚུལ་གསུམ་ཚང་བའི་གཏན་ཚིགས་དེ་རྗེས་དཔག་གི་རྟེན་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཚད་མ་སོགས་སོ། །ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།གསུམ་པ་སྐབས་སུ་བབས་པའི་ལེའུ་ལྷག་མ་ལུས་པ་གཉིས་པོ་བཤད་པ་ལ་གཉིས་ཏེ། མངོན་སུམ་ཚད་མ་བཤད། གཞན་དོན་རྗེས་དཔག་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐོག་མར་འབྲེལ་གྱིས་མཚམས་སྦྱར་བསྟན། བར་དུ་ལེའུའི་གཞུང་ཉིད་བཤད། ཐ་མར་མཚན་གྱིས་མཇུག་སྡུད་བསྟན་པའོ། །དང་པོ་ནི། ལྷས་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་འཆད་པའི་རྒྱུ་རང་དོན་རྗེས་དཔག་དང་། མདོའི་མཆོད་བརྗོད་ཀྱི་འགྲེལ་པ་ཚད་མ་གྲུབ་པ་བཤད་ཟིན་ནས། ད་ནི་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་འཆད་ཅེས་པའི་བཞེད་པ་རང་ལུགས་ནི་སྔར་བཤད་ཟིན་ནོ། །གཉིས་པ་ལ་གཉིས་ཏེ། ཚད་མ་གཉིས་ཀྱི་སྤྱི་ཡི་རྣམ་གཞག་བསྟན། སྐབས་ཀྱི་བརྗོད་བྱ་མངོན་སུམ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། ཚད་མ་གཉིས་སུ་ངེས་པ་བསྒྲུབ། གྲངས་གཞན་འདོད་པའི་ལོག་རྟོག་དགག་པའོ། །དང་པོ་ལ་གསུམ་སྟེ། གཉིས་སུ་ངེས་པའི་སྒྲུབ་བྱེད་དགོད། སྒྲུབ་བྱེད་དེ་ཡི་ཚུལ་གསུམ་བསྒྲུབ། ཚུལ་དེས་གྲངས་གཞན་སེལ་བར་བསྟན་པའོ། །དང་པོ་ནི། མདོར། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་པའི་དོན་འཆད་དེ། གཞལ་བྱ་ཚད་མ་ཆོས་ཅན། འཇུག་ཚུལ་གྱི་སྒོ་ནས་མངོན་རྗེས་གཉིས་སུ་ངེས་ཏེ། འཇུག་ཚུལ་གྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཕྱོགས་ཆོས་བསྒྲུབ། ཁྱབ་པ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། གཞལ་བྱ་གཉིས་སུ་ངེས་པའི་སྒྲུབ་བྱེད་དགོད། བསྒྲུབ་བྱ་གཞལ་བྱ་གཉིས་ཀྱི་རང་བཞིན་བཤད་པའོ། །དང་པོ་ནི། གལ་ཏེ་གཞལ་བྱ་གཉིས་སུ་ངེས་པ་མ་གྲུབ་སྟེ། ཨུཏྤལ་སྔོན་པོ་སོགས་དང་སྤྱི་གཉིས་ཀ་ཡང་ཡིན་པ་ཡོད་པའི་ཕྱིར་ཞེ་ན། དོཾན། གཞལ་བྱ་ཆོས་ཅན། རང་སྤྱི་གཉིས་ཀ་ཡིན་པའི་ཕུང་གསུམ་མེད་དེ། དོན་བྱེད་ནུས་པ་དང་མི་ནུས་པ་གཉིས་ཀ་ཡིན་པའི་ཕུང་གསུམ་མེད་པའི་ཕྱིར། གལ་ཏེ་དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་སོགས་རང་སྤྱི་གཉིས་ཀ་མིན་པའི་གཞལ་བྱ་ཡིན་ནོ་ཞེ་ན། སྐྲ།ཾ དེ་ཆོས་ཅན། དབང་ཤེས་ཀྱི་གཞལ་བྱ་མིན་ཏེ། དབང་ཤེས་ཀྱི་གཞལ་བྱར་རྗེས་ཀྱི་ངེས་ཤེས་ཀྱིས་ངེས་པ་མེད་པའི་ཕྱིར། འདྲཾ། དེས་ན་ཚད་མའི་འཇུག་ཚུལ་གྱི་གཞལ་བྱ་ཆོས་ཅན། རང་སྤྱི་གཉིས་སུ་གྲངས་ངེས་ཏེ། ཐུན་མོང་བ་དང་ཐུན་མོང་མིན་པ་གཉིས་སུ་ངེས་པའི་ཕྱིར་དང་། རྗོད་བྱེད་སྒྲའི་དངོས་ཡུལ་ཡིན་པ་དང་མིན་པ་གཉིས་སུ་ངེས་པའི་ཕྱིར་དང་། རྟོག་པའི་སྣང་ཡུལ་དང་རྟོག་མེད་ཤེས་པའི་སྣང་ཡུལ་གཉིས་སུ་ངེས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། འཇུག་ཚུལ་སྒོ་ནས་རང་སྤྱི་གཉིས་སུ་བསྟན། འཇུག་ཡུལ་གཞལ་བྱ་རང་མཚན་གཅིག་ཏུ་བསྡུ། དེ་ལ་གཉིས་སུ་གསུངས་དང་འགལ་བ་སྤོང་བའོ། །དང་པོ་ལ་གསུམ་སྟེ། སྔར་བཤད་ཕྱོགས་གཉིས་མཚན་གཞིར་བསྟན། མཚན་ཉིད་དངོས་པོར་ཡོད་མེད་དཔྱད། སྤྱི་མཚན་ཉིད་ཀྱི་དབྱེ་བ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མཚན་གཞི་དངོས། རྩོད་པ་སྤོང་བའོ། །དང་པོ་ནི། འོ་ན་གཞལ་བྱ་གཉིས་ཀྱི་མཚན་གཞི་གང་ཞེ་ན། དོནཾ། རང་མཚན་ཆོས་ཅན། ཁྱོད་ཀྱི་མཚན་གཞི་ཡོད་དེ། དོན་དམ་པར་དོན་བྱེད་ནུས་པ་དང་། ཐུན་མོང་མིན་པའི་དངོས་པོ་སོགས་ཁྱོད་ཀྱི་མཚན་གཞི་ཡིན་པའི་ཕྱིར། སྤྱི་མཚན་ཆོས་ཅན། ཁྱོད་ཀྱི་མཚན་གཞི་ཡོད་དེ། དོན་དམ་པར་དོན་བྱེད་མི་ནུས་པ་དང་ཐུན་མོང་བ་སོགས་ཁྱོད་ཀྱི་མཚན་གཞི་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། མཚན་གཞི་དང་པོར་རྩོད་པ་སྤང་། མཚན་གཞི་གཉིས་ཀའི་རྩོད་པ་སྤང་། མཚན་གཞི་ཕྱི་མའི་རྩོད་པ་སྤང་བའོ། །དང་པོ་ནི། གལཾ། ངོ་བོ་ཉིད་མེད་པར་སྨྲ་བ་ན་རེ། དོན་དམ་པར་དོན་བྱེད་ནུས་པ་དེ་རང་མཚན་གྱི་མཚན་ཉིད་དུ་མི་འཐད་དེ། དེ་མེད་པའི་ཕྱིར་ཞེ་ན། དེ་ཡོད་པར་ཐལ། ས་བོན་གྱིས་མྱུ་གུ་བསྐྱེད་པའི་ནུས་པ་ཚད་མས་མཐོང་བའི་ཕྱིར། གལ་ཏེ་ས་བོན་གྱིས་མྱུ་གུ་བསྐྱེད་པ་དེ། ཀུན་རྫོབ་པར་འདོད་ན། མདོ་སྡེ་པ་ཆོས་ཅན། ངོ་བོ་ཉིད་མེད་པར་སྨྲ་བ་དང་། དོན་དམ་གྱི་མིང་ལ་མི་རྩོད་དེ། མྱུ་གུ་བསྐྱེད་པའི་དོན་བྱེད་ནུས་པ་ལ་དེས་ཀུན་རྫོབ་པའི་མིང་བཏགས་ཀྱང་རང་ལུགས་ལ་དོན་དམ་པར་གྲུབ་པའི་ཕྱིར། གཉིས་པ་ལ། གལཾ། གལ་ཏེ་དེ་གཉིས་རང་སྤྱི་གཉིས་ཀྱི་མཚན་ཉིད་སོ་སོར་མི་འཐད་དེ། རང་སྤྱི་གཉིས་ཀ་ལ་དོན་དམ་པར་དོན་བྱེད་ནུས་པ་དེ་ཡོད་པའི་ཕྱིར་ཞེ་ན། སྤྱི་མཚན་ཆོས་ཅན། རང་འཛིན་གྱི་བློ་བསྐྱེད་པའི་དོན་བྱེད་ནུས་པ་མིན་པར་ཐལ། རྐྱེན་གསུམ་གྱིས་རང་འབྲས་དབང་ཤེས་བསྐྱེད་པ་ལྟར་རང་འཛིན་གྱི་བློ་དེ་ཁྱོད་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། དེཾས། སྤྱི་འཛིན་གྱི་བློ་སྤྱི་ལས་མི་སྐྱེ་བར་བཤད་པའི་རིགས་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། བྱེ་བྲག་པས་རྫས་བུམ་པ་སོགས་ཚིག་གི་དོན་དྲུག་འཛིན་པའི་རྟོག་བློ་རྫས་བུམ་པ་སོགས་ལས་སྐྱེ་བར་འདོད་པའི་ལོག་རྟོག་དེའང་ཁེགས་པའི་ཕྱིར། ཚིག་གི་དོན་དྲུག་འཛིན་པའི་རྟོག་བློ་ཆོས་ཅན། རྒྱུ་མིན་ཏེ། རང་རྒྱུ་བརྡ་དྲན་དང་རྩོལ་བ་སོགས་ལས་སྐྱེ་བའི་ཕྱིར། གསུམ་པ་ནི། དོན་དམ་པར་དོན་བྱེད་མི་ནུས་པ་སྤྱི་མཚན་ཡིན་ན་དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་སོགས་ཀྱང་སྤྱི་མཚན་དུ་འགྱུར་རོ་ཞེ་ན། སྐྲ།ཾ དེ་ཆོས་ཅན། སྤྱི་མཚན་མིན་ཏེ། རང་དངོས་སུ་སྣང་བའི་ཤེས་པ་དེས་གཞལ་བྱར་ཞེན་པ་མེད་པའི་ཕྱིར། འོ་ན་དངོས་མེད་ཀྱང་གཞལ་བྱར་མིན་པར་འགྱུར་རོ་སྙམ་ན། ཤེསཾ། དངོས་མེད་ཆོས་ཅན། གཞན་སེལ་གྱི་བློ་ངོར་གཞལ་བྱ་ཡིན་ཏེ། གཞན་སེལ་གྱི་བློས་དགག་བྱ་དངོས་པོ་བཀག་པའི་སྒོ་ནས་ཤེས་བྱ་འཛིན་པའི་ཕྱིར། འོ་ན་སྐྲ་ཤད་ཀྱང་རྟོག་པས་ཤེས་བྱར་ཞེན་པ་ཡོད་པས་གཞལ་བྱར་འགྱུར་རོ་ཞེ་ན། དེཾ། སྐྲ་ཤད་འཛིན་པའི་རྟོག་པའི་སྣང་ཡུལ་ཆོས་ཅན། སྤྱི་མཚན་ཡིན་པ་བཀག་པ་མེད་དེ། རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། གསལཾ། དབང་ཤེས་འཁྲུལ་པ་ལ་སྐྲ་ཤད་གསལ་བར་སྣང་བའི་རྣམ་པ་ཆོས་ཅན། རང་མཚན་ཡིན་ཏེ། ཤེས་པའི་རྫས་ཡིན་པའི་ཕྱིར། སྐྲ།ཾ སྐྲ་ཤད་དཔྱད་པའི་རྟོག་བློ་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་རང་མཚན་མིན་ཏེ། ཁྱོད་སྤྱི་སྣང་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། སྐྲ།ཾ སྐྲ་ཤད་གསལ་སྣང་གི་དབང་ཤེས་ཆོས་ཅན། ཁྱོད་ཀྱི་གཟུང་ཡུལ་རང་སྤྱི་གང་རུང་མིན་ཏེ། ཁྱོད་གཟུང་ཡུལ་མེད་པའི་བློ་ཡིན་པའི་ཕྱིར། གལཾ། གལ་ཏེ་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བའི་རྣམ་པ་ཆོས་ཅན། རང་མཚན་ཡིན་པར་ཐལ། ཤེས་པའི་རྫས་ཡིན་པའི་ཕྱིར་ཞེ་ན། དེ་ལྟ་བུའི་ཐལ་འགྱུར་ཆོས་ཅན། མདོ་སྡེ་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མིན་པར་ཐལ། དེས་ཁྱོད་ལ་འདོད་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། འོ་ན་ཇི་ལྟར་སྤྱིར་འཇོག་ཅེ་ན། དོཾན། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བའི་རྣམ་པ་ཆོས་ཅན། ཁྱོད་སེལ་ངོར་བུམ་པར་སྒྲོ་འདོགས་པའི་ཆ་དེ་སྤྱི་ཡིན་ཏེ། ཁྱོད་སེལ་ངོར་བུམ་གསལ་ལ་རྗེས་སུ་འགྲོ་བ་དང་། བུམ་པ་མིན་པ་ལས་ལོག་པར་སྣང་བའི་ཕྱིར། གཉིས་པ་མཚན་ཉིད་དངོས་པོར་ཡོད་མེད་དཔྱད་པ་ལ་གཉིས་ཏེ། སྤྱི་མཚན་དངོས་པོར་མེད་པ་བསྒྲུབ། དངོས་པོ་རང་མཚན་ཉིད་དུ་བསྒྲུབ་པའོ། །དང་པོ་ལ་བརྒྱད་དེ། སྒྲ་ཡི་དངོས་ཀྱི་བརྗོད་བྱ་ཡིན་པས་བསྒྲུབ། དེ་ཉིད་གཞན་ཉིད་བརྗོད་དུ་མེད་པས་བསྒྲུབ། ཞིག་པ་འཛིན་དང་སྣང་ཚུལ་མཚུངས་པས་བསྒྲུབ། ལྡོག་པ་མཚུངས་པའི་སྤྱི་ཉིད་ཡིན་པས་བསྒྲུབ། འབྲས་བུ་ཡིན་མིན་རྣམ་པར་བརྟགས་ནས་བསྒྲུབ། བརྡ་དྲན་ཤེས་པའི་སྣང་ཡུལ་ཡིན་པས་བསྒྲུབ། རང་དབང་འཛིན་པའི་ཤེས་པ་མེད་པས་བསྒྲུབ། དོན་བྱེད་ནུས་པས་སྟོང་པའི་རྟགས་ཀྱིས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་འགོད་དེ་ཁྱབ་པ་བསྒྲུབ། ཁྱབ་སྒྲུབ་ཉིད་ལ་རྩོད་པ་སྤོང་བའོ། །དང་པོ་ནི། བརྗོདཾ། བུམ་སོགས་ཀྱི་སྤྱི་ཆོས་ཅན། དངོས་པོ་མིན་ཏེ། སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། རང་མཚན་སྣང་ནས་འཛིན་པའི་ཤེས་པ་བསྐྱེད་པ་ལ་དབང་སོགས་དོན་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། མིང་སོགས་བརྗོད་པའི་དབང་སོགས་དོན་ཡོད་སྤོང་། སྤྱི་དངོས་བརྗོད་པའི་དབང་སོགས་དོན་ཡོད་སྤོང་། མངོན་སུམ་ཤེས་ཕྱིར་དབང་སོགས་དོན་ཡོད་སྤོང་བའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་དེ་དྲི་བ་དགོད། དྲིས་པའི་མཐའ་གསུམ་སོ་སོར་དགག་པའོ། །དང་པོ་ནི། མིངཾ་། བྱེ་བྲག་ཏུ་སྨྲ་བ་ན་རེ། སྒྲས་རང་མཚན་དངོས་སུ་བརྗོད་ཀྱང་དབང་སོགས་དོན་མེད་དུ་མི་འགྱུར་ཏེ། བུམ་པ་ཞེས་པའི་སྒྲས་བུམ་པའི་མིང་མཚན་ལྡན་མིན་འདུ་བྱེད་རང་མཚན་པ་དངོས་སུ་བརྗོད་ཅིང་དབང་ཤེས་ཀྱིས་བུམ་པ་རང་མཚན་པ་དངོས་སུ་རྟོགས་པའི་ཕྱིར་ཞེ་ན། འོ་ན་བུམ་པ་ཞེས་པའི་སྒྲས་འཆད་ཉན་བྱེད་པའི་བློ་དང་འབྲེལ་བའི་མིང་སོགས་དང་། དོན་བུམ་པ་དང་འབྲེལ་བའི་མིང་སོགས་དང་། བློ་དོན་གང་དང་ཡང་འབྲེལ་བ་མེད་པའི་མིང་སོགས་གང་བརྗོད། གཉིས་པ་ལ་གསུམ་སྟེ། བློ་དང་འབྲེལ་པ་བརྗོད་པ་དགག ཚུལ་དེས་འབྲེལ་མེད་བརྗོད་པ་ཁེགས། དོན་དང་འབྲེལ་བ་བརྗོད་པ་དགག་པའོ། །དང་པོ་ནི། དོཾན། དང་པོ་ལྟར་ཡིན་ནོ་ཞེ་ན། དོན་གཉེར་སྐྱེས་བུ་ཆོས་ཅན། བུམ་པ་ཞེས་པའི་སྒྲ་ལས་བུམ་པ་རང་མཚན་ལ་འཇུག་པར་མི་བྱེད་པར་ཐལ། བུམ་པ་ཞེས་པའི་སྒྲས་བུམ་པ་མ་བརྗོད་པའི་ཕྱིར། གལཾ། སྐྱོན་མེད་དེ། བུམ་པའི་མིང་སོགས་དང་བུམ་པ་རང་མཚན་གཉིས་འདྲ་བ་ལས་གཅིག་ཏུ་འཁྲུལ་ནས་བུམ་པ་ལ་འཇུག་པར་འགྱུར་རོ་ཞེ་ན། དོན་གཉེར་སྐྱེས་བུ་ཆོས་ཅན། དུས་ཀུན་ཏུ་བུམ་པའི་མིང་སོགས་ལ་བུམ་པར་འཁྲུལ་པ་མིན་པར་རེས་འགའ་བུམ་པ་ལ་བུམ་པའི་མིང་སོགས་སུ་འཁྲུལ་པ་སྲིད་པར་ཐལ། དེ་གཉིས་འདྲ་བའི་སྒོ་ནས་འཁྲུལ་བ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཡུལ་ཀུན་ཏུ་དེ་གཉིས་གཅིག་ཏུ་འཁྲུལ་པ་མིན་པར་ཡུལ་འགའ་ཞིག་ཏུ་དེ་གཉིས་སོ་སོར་ཤེས་པ་སྲིད་པར་ཐལ། གཏན་ཚིགས་སྔ་མ་དེའི་ཕྱིར། ཤེསཾ༢། ཉེས་པ་དེ་ཁྱོད་རང་ལ་ཡང་མཚུངས་སོ་ཞེ་ན། མདོ་སྡེ་པ་ཆོས་ཅན། བུམ་པ་ཞེས་པའི་སྒྲ་ལས་དོན་གཉེར་སྐྱེས་བུས་བུམ་པར་འཇུག་པར་མི་འགྱུར་བའི་ཉེས་པ་དེ་ཁྱོད་ལ་མེད་དེ། ཁྱོད་བུམ་པ་ཞེས་པའི་སྒྲ་ལས་བུམ་པའི་རྣམ་པ་ཅན་གྱི་རྟོག་བློ་སྐྱེ་བ་ཁས་བླངས་པའི་མཁས་པ་ཡིན་པའི་ཕྱིར། གཞན༣་ཡང་བྱེ་བྲག་ཏུ་སྨྲ་བ་ཆོས་ཅན། ཁྱོད་ལ་སྔ་མའི་གཏན་ཚིགས་དེ་མེད་དེ། ཁྱོད་ཀྱི་ལུགས་ལ་ཕྱི་རོལ་དོན་གྱི་རྣམ་པ་ཡང་ཡིན། བློ་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། ༤གལ་ཏེ་དེ་ཡོད་ན་ཡང་བུམ་འཛིན་རྟོག་པ་ལ་ཤར་བའི་བུམ་པའི་རྣམ་པ་ཆོས་ཅན། ཁྱོད་བུམ་འཛིན་རྟོག་པའི་གཟུང་དོན་མིན་པར་ཐལ། ཁྱོད་ཡོད་པ་བསྒྲུབ་པའི་སྒྲུབ་བྱེད་ཚད་མ་མེད་པའི་ཕྱིར། ༥ཤེསཾ། མ་གྲུབ་སྟེ། ཤེས་པ་ཡིན་ན་གཟུང་དོན་ཅན་གྱི་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར་ཞེ་ན། འཐདཾ། དེ་ཁྱབ་པ་མིན་པར་ཐལ། སྔོན་པོ་རྨིས་པའི་རྨི་ལམ་གྱི་ཤེས་པ་དེ་ལ་གཟུང་དོན་མེད་པའི་ཕྱིར། གལ་ཏེ་འདུ་བྱེད་གཟུང་དོན་དུ་བྱས་པ་ལས་སྐྱེའོ་ཞེ་ན། དེ་ཆོས་ཅན། འདུ་བྱེད་གཟུང་དོན་དུ་བྱས་པ་ལས་སྐྱེ་བ་མིན་པར་ཐལ། སྔོན་པོའི་ཁ་དོག་དང་དབྱིབས་ལ་སོགས་པར་སྣང་བའི་ཕྱིར། གལ་ཏེ་སྔོན་པོ་རང་མཚན་པ་གཟུང་དོན་དུ་བྱས་པ་ལས་སྐྱེའོ་ཞེ་ན། རྨི་ལམ་གྱི་ཤེས་པ་ལ་རང་དུས་སུ་སྔོན་པོར་སྣང་བའི་རྣམ་པ་ཆོས་ཅན། སྔོན་པོ་མིན་ཏེ། ཐོགས་མེད་ཡིན་པའི་ཕྱིར། རུངཾ་། དེས་ན་དེ་ཆོས་ཅན། ཤེས་པ་ཡིན་ཏེ། རང་ཡུལ་ན་གནས་པའི་གང་ཟག་གཞན་གྱིས་མི་ཤེས་པ་རྨི་བ་པོ་རང་ཉིད་ཁོ་ནས་ཤེས་པའི་རྣམ་པ་ཡིན་པའི་ཕྱིར། དེཾས། རྨི་ལམ་ལ་སྣང་བའི་སྔོན་པོའི་རྣམ་པར་ཤེས་པ་བསྟན་པའི་རིག་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། རྟོག་པ་ལ་སྣང་བའི་མིང་མཚན་གྱི་རྣམ་པ་དེ་ཡང་ཤེས་པར་བསྟན་པའི་ཕྱིར། མིགཾ གཞན་ཡང་མིག་བློ་མ་འཁྲུལ་བ་གཟུང་དོན་དང་ལྡན་པར་འདོད་པ་དེ་རྒྱུ་མཚན་གང་གིས་འདོད་པ་ཡིན། གཟུང་དོན་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཞེ་ན། བུམ་འཛིན་རྟོག་པ་ཆོས་ཅན། ཁྱོད་ཀྱི་གཟུང་དོན་མེད་པར་ཐལ། ཁྱོད་རང་གི་གཟུང་དོན་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། གཉིས་པ་ནི། འབྲེལཾ། གལ་ཏེ་བརྟག་པ་གསུམ་པ་ལྟར་ཡིན་ནོ་ཞེ་ན། དོན་གཉེར་སྐྱེས་བུ་ཆོས་ཅན། བུམ་པ་ཞེས་པའི་སྒྲ་ལས་བུམ་པ་ལ་འཇུག་པར་མི་འགྱུར་བར་ཐལ། བུམ་པ་ཞེས་པའི་སྒྲས་བུམ་པ་མ་བརྗོད་པའི་ཕྱིར། གསུམ་པ་ནི། གལཾ། བརྟག་པ་གཉིས་པ་ལྟར་ཡིན་ནོ་ཞེ་ན། བུམ་པ་འདས་མ་འོངས་ཆོས་ཅན། ཁྱོད་ཀྱི་མིང་སོགས་སྒྲའི་བརྗོད་བྱ་མིན་པར་ཐལ། ཁྱོད་ཀྱི་མིང་སོགས་དངོས་པོ་མེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། སྒྲཾ། བྱེ་བྲག་པ་ན་རེ། སྒྲས་དངོས་པོ་དངོས་སུ་བརྗོད་ཀྱང་དབང་སོགས་དོན་མེད་དུ་ཐལ་བའི་སྐྱོན་མེད་དེ། སྒྲས་སྤྱི་ཡན་གར་བའི་དངོས་པོ་དངོས་སུ་བརྗོད་ཅིང་དབང་ཤེས་ཀྱིས་རང་མཚན་སྣང་ནས་རྟོགས་པའི་ཕྱིར་ཞེ་ན། གཉིས་པ་ནི། དེཾ། བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བུམ་སྤྱི་ཡན་གར་བ་བརྗོད་པའི་རྒྱུ་མཚན་གྱིས་དབང་སོགས་དོན་མེད་དུ་ཐལ་བའི་སྐྱོན་སྤོང་ནུས་པ་མིན་པར་ཐལ། ཁྱོད་ཀྱིས་དེ་བརྗོད་པ་མེད་པའི་ཕྱིར། གལ༢་ཏེ་བརྗོད་ན་ཡང་། བུམ་སྤྱི་ཆོས་ཅན། བུམ་གསལ་ལ་མཚུངས་པ་རྗེས་སུ་འགྲོ་བ་དང་། རང་འཛིན་པའི་བློ་སྐྱེ་བ་བུམ་གསལ་ལ་ལྟོས་པ་མིན་པར་ཐལ། བུམ་གསལ་ལ་ལྟོས་མེད་ཀྱི་ཡན་གར་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་གསལ་ཡོད་མེད་ཀྱི་དུས་རྟག་ཏུ་དམིགས་པར་འགྱུར་བར་ཐལ། བུམ་གསལ་ལ་ལྟོས་མེད་གང་ཞིག དམིགས་རུང་གི་རྟག་པ་ཡིན་པའི་ཕྱིར། གལཾ༣། གལ་ཏེ་བུམ་གསལ་ལ་ལྟོས་ནས་རང་འཛིན་གྱི་བློ་ལ་གསལ་བ་ཡིན་ནོ་ཞེ་ན། བུམ་སྤྱི་ཆོས་ཅན། རང་འཛིན་གྱི་ཤེས་པ་རྟག་ཏུ་བསྐྱེད་པར་ཐལ། རང་འཛིན་གྱི་ཤེས་པ་བསྐྱེད་པའི་ནུས་པ་རྟག་དངོས་ཡིན་པའི་ཕྱིར། གལ་ཏེ་བུམ་གསལ་མེད་པའི་ཚེ་རང་འཛིན་གྱི་ཤེས་པ་བསྐྱེད་པའི་ནུས་པ་མེད་དོ་ཞེ་ན། དེ་ཆོས་ཅན། དུས་རྟག་ཏུ་རང་འཛིན་གྱི་ཤེས་པ་བསྐྱེད་པའི་ནུས་པ་མེད་པར་ཐལ། བུམ་གསལ་མེད་པའི་ཚེ་རང་འཛིན་གྱི་ཤེས་པ་བསྐྱེད་མི་ནུས་པ་གང་ཞིག རྟག་པ་ཡིན་པའི་ཕྱིར། དེཾ། བུམ་སྤྱི་ཆོས་ཅན། ཁྱོད་ཀྱི་རང་འཛིན་ཤེས་པ་བསྐྱེད་པའི་ནུས་པ་དང་མི་ནུས་པ་དེ་གཉིས་རྐྱེན་གྱིས་བཅོམཾ་པ་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། སྤྱི།ཾ སྔོན་འཛིན་རྟོག་པ་ཆོས་ཅན། ཁྱོད་ལ་སྣང་བའི་སྔོན་པོའི་རྣམ་པ་དེ་རྒྱུ་མེད་དུ་ཐལ། ཁྱོད་ལ་སྣང་བའི་སྔོན་པོའི་རྣམ་པ་དེའི་རྒྱུ་ཡོད་ན་སྔོན་པོ་དེ་ཡིན་པའམ་སྔོན་པོའི་སྤྱི་དེ་དེ་ཡིན་པ་གང་རུང་གང་ཞིག དེ་གཉིས་ཀ་མིན་པའི་ཕྱིར། གསུམ་པ་ནི། གལཾ། སྒྲས་དངོས་པོ་དངོས་སུ་བརྗོད་ཀྱང་། དབང་སོགས་དོན་མེད་དུ་ཐལ་བའི་སྐྱོན་མེད་དེ། སྒྲ་ལ་བརྟེན་པའི་རྟོག་པ་དེས་དངོས་པོ་མངོན་སུམ་དུ་མི་ཤེས་པས་དངོས་པོ་མངོན་སུམ་དུ་ཤེས་པ་ལ་དབང་སོགས་དོན་ཡོད་པའི་ཕྱིར་ཞེ་ན། གཟུགས་ཆོས་ཅན། ཁྱོད་སྒྲ་ལ་བརྟེན་པའི་རྟོག་པས་མངོན་སུམ་དུ་མ་རྟོགས། དབང་ཤེས་ཀྱིས་མངོན་སུམ་དུ་རྟོགས་པའི་ཁྱད་པར་དེ་མི་འཐད་པར་ཐལ། ཁྱོད་གཉིས་ཀའི་གཟུང་དོན་གཅིག་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་རིགས་པ་དངོས་ཉིད་བཤད། དེས་ན་དངོས་མེད་བརྗོད་བྱར་གྲུབ། བརྗོད་བྱ་དངོས་པོ་ཡིན་པ་དགག་པའོ། །དང་པོ་ལ་གསུམ་སྟེ། ཕྱོགས་ཆོས་བསྒྲུབ། གཏན་ཚིགས་དགོད། རྩོད་པ་སྤོང་བའོ། །དང་པོ་ནི། སྤྱི་རྫས་སུ་གྲུབ་ན་གསལ་བ་དང་རྫས་གཅིག་ཡིན་ནམ་རྫས་གཞན་ཡིན། གྲངས་ཅན་པ་ན་རེ། རྫས་གཅིག་ཡིན་ནོ་ཞེ་ན། རིགཾས། བུམ་སྤྱི་ཆོས་ཅན། གསེར་བུམ་གྱི་སྤྱི་མིན་པར་ཐལ། གསེར་བུམ་ལ་རྗེས་སུ་མི་འགྲོ་བའི་ཕྱིར་ཏེ། དངུལ་བུམ་དང་རྫས་གཅིག་ཡིན་པའི་ཕྱིར། གལཾ། བྱེ་བྲག་པ་ན་རེ། རྫས་ཐ་དད་ཡིན་ནོ་ཞེ་ན། བུམ་སྤྱི་ཆོས་ཅན། བུམ་གསལ་གྱི་འབྲས་བུ་ཡིན་པར་ཐལ། བུམ་གསལ་དང་རྫས་གཞན་གང་ཞིག དེ་ལ་ལྟོས་པའི་ཕྱིར། འབྲས་བུ་མིན་ན་ནི་བུམ་སྤྱི་ཆོས་ཅན། བུམ་གསལ་ལ་དོན་དམ་པར་མ་འབྲེལ་བར་ཐལ། བུམ་གསལ་རྫས་གཞན་གང་ཞིག བུམ་གསལ་གྱི་འབྲས་བུ་མིན་པའི་ཕྱིར། ཁྱབ་སྟེ། མེ་འབྲས་དུ་བ་དེ་ཡང་དོན་དམ་པར་མེ་ལ་མ་འབྲེལ་ན་བུཾམ་གསལ་གྱི་འབྲས་བུ་མིན་པའི་ཆོས་གཞན་བུམ་གསལ་ལ་དོན་དམ་པར་མ་འབྲེལ་དགོས་པའི་ཕྱིར་རོ། །གཉིས་པ་ནི། དེཾ། བུམ་སྤྱི་ཆོས་ཅན། རང་བཞིན་མེད་པར་གྲུབ་སྟེ། རང་གི་གསལ་བ་ལས་དེ་ཉིད་དང་གཞན་ཉིད་གང་དུ་ཡང་མ་གྲུབ་པའི་ཕྱིར། གསུམ་པ་ནི། མེཾད། བུམ་པའི་སྤྱི་དེ་རི་བོང་རྭའི་རིགས་སུ་འགྱུར་རོ་ཞེ་ན། དེ་ཆོས་ཅན། རི་བོང་རྭའི་རིགས་མིན་ཏེ། རི་བོང་རྭ་ལ་ལྟོས་པ་མེད་པ་ཕྱིར། གཉིས་པ་ལ་བཞི་སྟེ། བརྗོད་བྱ་རྟོག་པས་བརྟག་པར་བསྟན། རྟོག་པ་འཁྲུལ་པ་ཡིན་པར་བསྟན། འཁྲུལ་པས་བརྟག་པ་དངོས་པོར་མེད། དངོས་པོ་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། དེཾ། བུམ་སྤྱི་སྒྲས་དངོས་སུ་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། བུམ་པ་རང་མཚན་ལ་འཇུག་པའི་ཆེད་ཡོད་པའི་ཕྱིར། གཉིས་པ་ནི། དེ་བུམ་འཛིན་རྟོག་པ་ཆོས་ཅན། འཁྲུལ་ཤེས་ཡིན་ཏེ། སྣང་བརྟག་གཅིག་ཏུ་འཛིན་པའི་འཁྲུལ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་འཁྲུལ་པའི་རྒྱུ་ཡོད་དེ། ཁྱོད་ཐོག་མ་མེད་པའི་སྣང་བརྟག་གཅིག་ཏུ་ཞེན་པའི་བག་ཆགས་ཀྱི་དབང་གིས་འཁྲུལ་པ་བསྐྱེད་པའི་ཕྱིར། གསུམ་པ་ནི། དོཾན། ཁྱད་པར་གསུམ་ལྡན་གྱི་བུམ་སྤྱི་ཆོས་ཅན། བདེན་པར་མེད་དེ་སྣང་བརྟག་གཅིག་ཏུ་འཁྲུལ་པའི་སྒྲོ་བཏགས་ཡིན་པའི་ཕྱིར། བུམ་སྤྱི་ཆོས་ཅན། རྫས་སུ་གྲུབ་པའི་ངོ་བོ་ཅན་མིན་ཏེ། རྟོག་པའི་རྣམ་པ་ལས་ཕྱི་རོལ་དོན་དུ་སྒྲོ་བཏགས་པའི་བཏགས་ཡོད་ཡིན་པའི་ཕྱིར་དང་། ཁྱོད་དངོས་སུ་སྣང་བའི་བློ་དེ་འཁྲུལ་ཤེས་ཡིན་པའི་ཕྱིར། དེས་ན་བུམ་སྤྱི་ཆོས་ཅན། བུམ་གསལ་དང་རྫས་གཅིག་དང་རྫས་གཞན་དུ་བརྗོད་པར་བྱ་བ་མིན་ཏེ། དངོས་པོ་མེད་པའི་ཕྱིར། བཞི་པ་ནི། གལཾ། ཁོ་ན་རེ། བུམ་སྤྱི་ཆོས་ཅན། རྫས་གཅིག་དང་རྫས་གཞན་གང་རུང་དུ་བརྗོད་པར་བྱ་བ་ཡིན་ཏེ། སྣམ་བུའི་སྤྱི་ལས་རྫས་གཞན་ཡིན་པའི་ཕྱིར་ཞེ་ན། བུམ་སྤྱི་ཆོས་ཅན། ཁྱོད་སྣམ་བུའི་སྤྱི་ལས་རྫས་གཞན་ཡིན་པའི་རྒྱུ་མཚན་གྱིས་རྫས་གཅིག་དང་རྫས་གཞན་གང་རུང་དུ་མ་གྲུབ་པར་ཐལ། ཁྱོད་རང་གི་གསལ་བ་དང་རྫས་གཅིག་དང་རྫས་གཞན་གང་རུང་དུ་མ་གྲུབ་པའི་ཕྱིར་དང་། སྣམ་བུའི་སྤྱི་ལས་རྫས་གཞན་ཉིད་ཀྱང་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད་དེ་ཐལ་བ་དགོད། ཉེས་སྤོང་དངོས་བཏགས་ཁྱད་པར་དགག་པའོ། །དང་པོ་ནི། འདཾས། འདས་མ་འོངས་ཀྱི་བུམ་པ་ལ་ཡང་བུམ་སྤྱི་དངོས་པོ་བ་ཡོད་པའི་རྒྱུ་མཚན་གྱིས་བུམ་པ་ཞེས་པའི་སྒྲ་འཇུག་པ་ཡིན་ནོ་ཞེ་ན། བུམ་སྤྱི་ཆོས་ཅན། འདས་མ་འོངས་ཀྱི་བུམ་པའི་ཆོས་མིན་པར་ཐལ། ད་ལྟར་དངོས་པོ་ཡོད་པའི་ཕྱིར། འདོད་ན་ཁས་བླངས་དང་འགལ་ལོ། །གཉིས་པ་ནི། གལཾ། འདས་མ་འོངས་ཀྱི་བུམ་པ་ལ་ཡང་བུམ་པ་ཞེས་པའི་སྒྲ་བཏགས་ནས་འཇུག་སྟེ། དངོས་མིང་དུ་འཇུག་པའི་རྒྱུ་ལ་སྤྱི་དངོས་པོ་བ་དགོས་པའི་ཕྱིར་ཞེ་ན། འདས་མ་འོངས་ཀྱི་བུམ་པ་ཆོས་ཅན། བུམ་པ་ཞེས་པའི་སྒྲ་ཁྱོད་ལ་བཏགས་མིང་དུ་འཇུག སྣམ་སོགས་ལ་བཏགས་མིང་དུ་མི་འཇུག་པའི་ཁྱད་པར་མི་འཐད་པར་ཐལ། བུམ་པ་ཞེས་པའི་སྒྲ་བཏགས་མིང་དུ་འཇུག་པའི་རྒྱུ་མཚན་དེ། ཁྱོད་དང་སྣམ་སོགས་ལ་ཡོད་མེད་ཁྱད་པར་མེད་པའི་ཕྱིར། བློཾ། སྤྱི་དངོས་པོ་བ་ཡོད་མེད་ཀྱི་མིང་དེ་དངོས་མིང་དང་བཏགས་མིང་དུ་འཇུག་པའི་ཁྱད་པར་མི་འཐད་པར་ཐལ། དོན་དེ་འཁྲུལ་མེད་གོ་ནུས་ཀྱི་མིང་དེ་དོན་དེ་ལ་དངོས་མིང་དང་། དོན་དེ་དང་ཆོས་མཚུངས་རྒྱུ་མཚན་དུ་བྱས་ནས་དོན་གཞན་ལ་བཏགས་པའི་མིང་དེ་དོན་གཞན་ལ་བཏགས་མིང་ཡིན་པའི་ཕྱིར། དོཾན། སྔ་མ་དེར་ཐལ། དོན་དེ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བས་མིང་དེ་དོན་དེ་ལ་དངོས་མིང་དང་། དེ་དང་ཆོས་མཚུངས་རྒྱུ་མཚན་དུ་བྱས་ནས་དོན་གཞན་ལ་བརྡ་སྦྱར་བའི་མིང་དེ་བཏགས་མིང་ཡིན་པའི་ཕྱིར། ཇིཾ། བཏགས་མིང་འཇུག་པའི་ཡུལ་ཡིན་ན་དངོས་པོར་མེད་པས་མ་ཁྱབ་པར་ཐལ། བུ་གླེན་པའི་དངོས་པོ་ལ་བུད་མེད་ཅེས་པའི་མིང་དང་། ཡུལ་མི་རྒན་པོ་ལ་གཙོ་བོ་ཞེས་པའི་མིང་བཏགས་མིང་དུ་འཇུག་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། གཏན་ཚིགས་འགོད་དེ་ཁྱབ་པ་བསྒྲུབ། ཉེས་སྤོང་སྔར་བཤད་རིགས་པས་ཁེགས་པའོ། །དང་པོ་ནི། ཞིགཾ བུམ་པ་ད་ལྟར་བ་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་དངོས་པོ་མེད་དེ། ཁྱོད་བུམ་པ་འདས་པ་འཛིན་པའི་རྟོག་པ་དང་རང་གསལ་མི་གསལ་བའི་རྣམ་པ་ཅན་དུ་མཚུངས་པའི་ཕྱིར། ཁྱབ་སྟེ། གཟུང་དོན་ཅན་གྱི་ཤེས་པ་ཡིན་ན་རང་གསལ་མི་གསལ་བའི་རྣམ་པ་ཅན་མིན་དགོས་པའི་ཕྱིར། གཉིས་པ་ནི། སྤྱི།ཾ གལ་ཏེ་བུམ་པ་འདས་པ་དང་ད་ལྟར་བ་འཛིན་པའི་རྟོག་བློ་ཆོས་ཅན། སྣང་ཡུལ་དངོས་པོར་མེད་པའི་རྒྱུ་མཚན་གྱིས་ཡུལ་སྣང་ཚུལ་མཚུངས་པ་མིན་ཏེ། སྤྱི་ཡན་གར་བ་འཛིན་པའི་རྒྱུ་མཚན་གྱིས་ཡུལ་སྣང་ཚུལ་མཚུངས་པའི་ཕྱིར་ཞེ་ན། དེ་ཆོས་ཅན། གཏན་ཚིགས་དེ་མིན་པར་ཐལ། སྤྱི་ཡན་གར་བ་འཛིན་པ་དེ་མཚུངས་མིན་དང་། གསལ་བ་མིན་ཞེས་པའི་སྐབས་སུ་བཀག་ཟིན་པའི་ཕྱིར། བཞི་པ་ལ་གསུམ་སྟེ། སྤྱི་གསལ་དེ་ཉིད་གཞན་ཉིད་དགག ལྡོག་པའི་སྤྱི་ལ་མཚུངས་པ་སྤང་། བཀག་པས་གྲུབ་པའི་གཏན་ཚིགས་འགོད་པའོ། །དང་པོ་ནི། ཕནཾ། གྲངས་ཅན་པ་ན་རེ། སྤྱི་གསལ་རྫས་གཅིག་ཡིན་ནོ་ཞེ་ན། གསལ་བའི་དངོས་པོ་རྣམས་ཆོས་ཅན། རང་བཞིན་གཅིག་མིན་པར་ཐལ། ཕན་ཚུན་ངོ་བོ་མི་འདྲ་བའི་ཁྱད་པར་ཅན་ཡིན་པའི་ཕྱིར། གལ་ཏེ་སྐྱོན་མེད་དེ། གསལ་བ་རྣམས་ལ་རང་བཞིན་གཅིག་དང་གནས་སྐབས་ཐ་དད་པའི་ངོ་བོ་གཉིས་ཡོད་པའི་ཕྱིར་ཞེ་ན། རང་བཞིན་དང་གནས་སྐབས་ཆོས་ཅན། རྫས་གཅིག་མིན་པར་ཐལ། ཁྱད་པར་ཅན་དང་ཁྱད་མེད་ཀྱི་ངོ་བོ་གཉིས་ཡིན་པའི་ཕྱིར། གལཾ། བྱེ་བྲག་པ་ན་རེ། སྤྱི་གསལ་བ་ལས་རྫས་གཞན་ཡིན་ནོ་ཞེ་ན། བ་སྤྱི་ཆོས་ཅན། བ་གསལ་ལ་འབྲེལ་པ་མེད་པར་ཐལ། དེ་ལས་རྫས་གཞན་གང་ཞིག དེའི་འབྲས་བུ་མིན་པའི་ཕྱིར། གཉིས་པ་ནི། ལྡོཾག ཆོས་གྲགས་ཆོས་ཅན། སྤྱི་གསལ་རྫས་གཅིག་དང་རྫས་གཞན་དཔྱད་པའི་ཉེས་པས་ཁྱོད་སུན་དབྱུང་དུ་མེད་དེ། ཁྱོད་སྤྱི་དངོས་མེད་དུ་ཁས་ལེན་པའི་མཁས་པ་ཡིན་པའི་ཕྱིར། གསུམ་པ་ནི། དེཾ། བ་སྤྱི་ཆོས་ཅན། དངོས་པོ་མེད་དེ། རང་གི་གསལ་བ་རྫས་སུ་གྲུབ་པ་གང་ཞིག དེ་དང་རྫས་གཅིག་དང་རྫས་གཞན་གང་རུང་མིན་པའི་ཕྱིར། ལྔ་པ་ལ་གཉིས་ཏེ། འབྲས་བུ་ཡིན་ན་ཐལ་བ་གསུམ་གྱིས་གནོད། འབྲས་བུ་མིན་ན་ཐལ་བ་གཉིས་ཀྱིས་གནོད་པའོ། །དང་པོ་ནི། སྤྱི་དེ་དངོས་པོ་ཡིན་ན་འབྲས་བུ་ཡིན་ནམ་མིན། དང་པོ་ལྟར་ན། དེཾ། སྤྱི་ཆོས་ཅན། དུ་མ་དང་འཇིག་པར་འགྱུར་བ་ཐལ། གསལ་བ་དུ་མ་ལ་ཁྱབ་པའི་འབྲས་བུ་ཡིན་པའི་ཕྱིར། སྤྱི་ཆོས་ཅན། རྟག་པ་མིན་པར་ཐལ། འབྲས་བུའི་དངོས་པོ་ཡིན་པའི་ཕྱིར། གཉིས་པ་ནི། རིགཾས། ཕྱོགས་གཉིས་པ་ལྟར་ན། བ་ལང་གི་སྤྱི་དེ་ཆོས་ཅན། བ་གསལ་དང་མ་འབྲེལ་བར་ཐལ། དེ་ལ་རྫས་གཞན་གང་ཞིག དེའི་འབྲས་བུ་མིན་པའི་ཕྱིར། དེ་ཆོས་ཅན། དངོས་མེད་ཡིན་པར་ཐལ། འབྲས་བུ་མིན་པའི་ཕྱིར། དྲུག་པ་ལ་གཉིས་ཏེ། ཁྱབ་པ་བསྟན་ཏེ་གཏན་ཚིགས་དགོད། གཏན་ཚིགས་མ་གྲུབ་སྨྲ་བ་དགག་པའོ། །དང་པོ་ནི། དངོསཾ། བ་སྤྱི་འཛིན་པའི་རྟོག་བློ་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་དངོས་པོར་མེད་དེ། ཁྱོད་རང་ཡུལ་འཛིན་པ་བརྡ་དྲན་ལ་ལྟོས་པའི་ཞེན་བློ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། བརྡ་དྲན་མེད་ཀྱང་དཀར་ཟལ་ནག་སྒུར་གྱི་དངོས་པོ་གཉིས་མཐོང་བའི་ཚེ་བ་ལང་དུ་ངོ་ཤེས་པ་ཡོད་པའི་ཕྱིར་ཞེ་ན། དངོཾས། དཀར་ཟལ་ནག་སྒུར་གྱི་དངོས་པོ་གཉིས་མཐོང་པའི་ཚེ། བ་ལང་དུ་ངོ་ཤེས་པའི་བློ་དེ་ཆོས་ཅན། བ་སྤྱི་དངོས་པོ་བ་ལས་སྐྱེས་པ་མིན་ཏེ། རང་རྒྱུ་བ་གསལ་ལས་བརྒྱུད་ནས་སྐྱེས་པའི་ཕྱིར། དཔེར་ན་དབང་ཤེས་ཀྱི་རྐྱེན་གསུམ་ལ་སྤྱི་དངོས་པོ་བ་མེད་ཀྱང་རང་འབྲས་དབང་ཤེས་བསྐྱེད་པ་བཞིན། འོ་ན་དེ་གཉིས་ལ་བ་ལང་གི་རིགས་ཇི་ལྟར་ཡོད་ཅེ་ན། གངཾ་། དཀར་ཟལ་ནག་སྒུར་གཉིས་ཆོས་ཅན། ཁྱོད་ལ་བ་ལང་གི་གཞན་སེལ་བའི་སྤྱི་ཡོད་དེ། ཁྱོད་བ་ལང་མིན་པ་ལས་ལོག་པའི་ཕྱིར། བདུན་པ་ལ་གཉིས་ཏེ། གཏན་ཚིགས་དགོད། རྩོད་པ་སྤོང་བའོ། །དང་པོ་ནི། རྣམཾ། སྤྱི་ཆོས་ཅན། དངོས་པོ་མིན་ཏེ། རང་གི་གསལ་བ་ལ་ལྟོས་མེད་དུ་རང་འཛིན་པའི་བློ་ལ་མི་སྣང་བའི་ཕྱིར། གཉིས་པ་ནི། འོ་ན་དབང་པོ་གཟུགས་ཅན་པ་ཡང་ཕྱི་རོལ་གྱི་ཡུལ་ལ་ལྟོས་མེད་ཀྱི་དངོས་པོ་མིན་པར་འགྱུར་ཏེ། དེ་ལ་ལྟོས་མེད་དུ་བློ་ལ་མི་སྣང་བའི་ཕྱིར་ཞེ་ན། གཟུགཾས། དབང་པོ་གཟུགས་ཅན་པ་ཆོས་ཅན། ཕྱི་རོལ་གྱི་ཡུལ་ལ་ལྟོས་མེད་དུ་བློ་ལ་སྣང་བ་སྲིད་དེ། དེ་ལྟར་དུ་རྣལ་འབྱོར་མངོན་སུམ་ལ་སྣང་བའི་ཕྱིར། སྤྱི་ཆོས་ཅན། གསལ་བ་ལ་ལྟོས་མེད་དུ་བློ་ལ་མི་སྣང་སྟེ། གསལ་བ་ལ་ལྟོས་མེད་དུ་སྣང་རུང་མ་དམིགས་པའི་ཕྱིར། གལ་ཏེ་གསལ་བ་མཐོང་བའི་ཚེ་བློ་ལ་སྣང་ངོ་སྙམ་ན་བ་གསལ་མཐོང་བའི་ཚེ་ན་བློ་དེ་ཆོས་ཅན། བ་སྤྱི་དངོས་པོ་བ་མི་སྣང་སྟེ། བ་ལང་ཞེས་བརྗོད་པའི་སྒྲ་དང་། བ་གསལ་ལས་གཞན་པའི་དངོས་པོ་མི་སྣང་བའི་ཕྱིར། བརྒྱད་པ་ནི། དེཾ། སྤྱི་ཆོས་ཅན། དངོས་པོར་མེད་དེ། རང་མཚན་ཤེས་པ་བསྐྱེད་པའི་དོན་བྱེད་ནུས་པ་མིན་པའི་ཕྱིར། ཁྱབ་སྟེ། དོན་བྱེད་མི་ནུས་པ་དེ་དངོས་མེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དངོས་པོ་རང་མཚན་ཉིད་དུ་བསྒྲུབ་པ་ནི། ཇིཾ། དངོས་པོ་ཆོས་ཅན། ཁྱོད་ཡིན་ན་རང་མཚན་ཡིན་པས་ཁྱབ་སྟེ། ཁྱོད་ཡིན་ན་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་མིན་པ་ནས་དོན་བྱེད་ནུས་པའི་བར་བརྒྱད་ཀྱིས་ཁྱབ་པའི་ཕྱིར་རོ། །གསུམ་པ་སྤྱི་མཚན་ཉིད་ཀྱི་དབྱེ་བ་བསྟན་པ་ལ་གཉིས་ཏེ། དངོས་དང་། རྩོད་པ་སྤོང་བའོ། །དང་པོ་ནི། དངོསཾ། སྤྱི་མཚན་ཆོས་ཅན། རྣམ་པ་གསུམ་སྟེ། དངོས་པོ་ལ་བརྟེན་པ། དངོས་མེད་ལ་བརྟེན་པ། གཉིས་ཀ་ལ་བརྟེན་པའི་སྤྱི་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལཾ། དངོས་པོ་ལ་བརྟེན་པའི་སྤྱི་འཛིན་རྟོག་པ་ཆོས་ཅན། རང་མཚན་སྣང་ནས་ཤེས་པར་ཐལ། རང་མཚན་ལ་འབྲེལ་བའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ནི། མིནཾ། དེ་ཆོས་ཅན། དེ་མིན་པར་ཐལ། དེ་ཡིན་པ་སྔར་བཀག་ཟིན་པའི་ཕྱིར་དང་། འདས་མ་འོངས་འཛིན་པའི་རྟོག་པ་ལ་རང་མཚན་དང་འབྲེལ་པའང་མ་གྲུབ་པའི་ཕྱིར་རོ། །གལཾ། འོ་ན་དངོས་པོ་ལ་བརྟེན་པའི་སྤྱི་དེ་དངོས་པོའི་ཆོས་མིན་པར་འགྱུར་རོ་ཞེ་ན། དངོས་པོའི་སྤྱི་དེ་ཆོས་ཅན། དངོས་པོའི་ཆོས་མིན་པའི་སྐྱོན་མེད་དེ། དངོས་པོ་འཛིན་པའི་མངོན་སུམ་གྱིས་དྲངས་པའི་རྟོག་པ་དེ་ཁྱོད་དངོས་པོའི་ཆོས་སུ་གཟུང་བའི་ཕྱིར་རོ། །གཉིས་པ་འཇུག་ཡུལ་གཞལ་བྱ་རང་མཚན་གཅིག་ཏུ་བསྡུ་བ་ནི། འོ་ན་གཞལ་བྱ་ལ་ངོ་བོའི་སྒོ་ནས་རང་སྤྱི་གཉིས་སུ་ངེས་སམ་ཞེ་ན། རངཾ་། ཀུན་ཏུ་ཐ་སྙད་པའི་ཚད་མ་ཆོས་ཅན། ཁྱོད་ཀྱི་འཇུག་པའི་ཡུལ་དུ་གྱུར་པའི་གཞལ་བྱ་རང་མཚན་གཅིག་ཏུ་ངེས་ཏེ། ཁྱོད་ཀྱིས་རང་སྟོབས་ཀྱིས་དྲངས་པའི་ངེས་ཤེས་དེས་རང་མཚན་ཡོད་མེད་ཁོ་ན་དཔྱོད་པར་བྱེད་པའི་ཕྱིར། གསུམ་པ་དེ་ལ་གཉིས་སུ་གསུངས་པ་དང་འགལ་བ་སྤང་བ་ལ་གསུམ་སྟེ། རྟོགས་ཚུལ་སྒོ་ནས་གཉིས་སུ་གཞག རྟོག་ཚུལ་གཉིས་པ་འཁྲུལ་པར་བསྟན། དེ་ལ་ཚད་མ་མིན་པ་སྤོང་བའོ། །དང་པོ་ནི། ཕྱོགས་གླང་གིས་མཚན་ཉིད་གཉིས་གཞལ་བྱ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེཾ། ཕྱོགས་གླང་ཆོས་ཅན། གཞལ་བྱ་ལ་ངོ་བོའི་སྒོ་ནས་རང་སྤྱི་གཉིས་སུ་བཞེད་པ་མིན་ཏེ། གཞལ་བྱ་ལ་རྟོགས་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་སུ་བཞེད་པའི་ཕྱིར། གཉིས་པ་ནི། ཇིཾ། རྗེས་དཔག་ཆོས་ཅན། འཁྲུལ་ཤེས་ཡིན་ཏེ། རང་གི་རྣམ་པ་ལ་ཕྱི་རོལ་དོན་དུ་ཞེན་པའི་བློ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། སུན་འབྱིན་བརྗོད་པའོ། །དང་པོ་ནི། གལཾ། རྗེས་དཔག་ཆོས་ཅན། རང་མཚན་འཐོབ་བྱེད་མིན་པར་ཐལ། རང་མཚན་དངོས་སུ་མི་སྣང་བའི་ཕྱིར། ཡང་དེ་ཆོས་ཅན། ཚད་མ་མིན་པར་ཐལ། འཁྲུལ་པ་ཡིན་པའི་ཕྱིར་ཏེ། གཉིས་ཀས་རང་རྒྱུད་འཕེན་ནོ་ཞེ་ན། གཉིས་པ་ནི། བསམཾ། རྗེས་དཔག་ཆོས་ཅན། འཁྲུལ་ཤེས་ཡིན་ཡང་ཚད་མ་ཡིན་ཏེ། འཁྲུལ་ཤེས་ཡིན་ཡང་འཇུག་ཡུལ་ལ་མི་སླུ་བའི་ཤེས་པ་ཡིན་པའི་ཕྱིར། རྣམཾ། རང་མཚན་དངོས་སུ་མི་སྣང་ན་རང་མཚན་འཐོབ་བྱེད་མིན་པས་མ་ཁྱབ་པར་ཐལ། ནོར་བུའི་འོད་ལ་ནོར་བུར་ཞེན་པ་ལས་ཀྱང་ནོར་བུ་ཐོབ་པ་ཡོད་པའི་ཕྱིར། རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་རང་མཚན་སྣང་ནས་རྟོགས་པ་མིན་པར་ཐལ། དེ་བརྗོད་བྱ་ཉིད་ཕྱིར་ཞེས་པའི་སྐབས་སུ་བཀག་ཟིན་པའི་ཕྱིར། ནོརཾ། རྗེས་དཔག་དང་དེར་སྣང་གི་རྟོག་པ་དག་ཆོས་ཅན། འཁྲུལ་ཤེས་སུ་མཚུངས་ཀྱང་ཚད་མ་ཡིན་མིན་གྱི་ཁྱད་པར་ཡོད་དེ། འཁྲུལ་ཤེས་སུ་མཚུངས་ཀྱང་འཇུག་ཡུལ་ལ་སླུ་མི་སླུའི་ཁྱད་པར་ཡོད་པའི་ཕྱིར། དཔེར་ན་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་རྟོག་པ་དང་། སྒྲོན་མེའི་འོད་ལ་ནོར་བུར་འཛིན་པའི་རྟོག་པ་གཉིས། ལོག་ཤེས་སུ་མཚུངས་ཀྱང་བརྒྱུད་ནས་ནོར་བུ་ཐོབ་པའི་དོན་བྱེད་མི་བྱེད་ཀྱི་ཁྱད་པར་ཡོད་པ་བཞིན་ནོ། །གཉིས་པ་ཁྱབ་པ་སྒྲུབ་པ་ལ་གསུམ་སྟེ། རང་གི་ངོ་བོས་རྟོགས་པ་མངོན་སུམ་ཡིན། གཞན་གྱི་ངོ་བོས་རྟོགས་པ་རྗེས་དཔག་ཡིན། དེས་ན་གཞལ་བྱས་ཚད་མའི་གྲངས་ངེས་བསྒྲུབ་པའོ། །དང་པོ་ནི། གངཾ་། སྔོན་འཛིན་དབང་པོའི་མངོན་སུམ་ཆོས་ཅན། སྔོན་པོ་རང་གི་ངོ་བོའི་སྒོ་ནས་རྟོགས་པ་ཡིན་ཏེ། རང་གི་གཟུང་དོན་སྔོན་པོ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་བློ་ཡིན་པའི་ཕྱིར། གཉིས་པ་ནི། དེཾ། ལྐོག་གྱུར་གྱི་རང་མཚན་ཆོས་ཅན། ཁྱོད་རྗེས་དཔག་གིས་གཞན་གྱི་ངོ་བོའི་སྒོ་ནས་རྟོགས་ཏེ། ཁྱོད་རྟགས་ལས་རྟོགས་དགོས་པའི་ཕྱིར། འོ་ན་གཏན་ཚིགས་ཐམས་ཅད་ལས་ལྐོག་གྱུར་གྱི་རང་མཚན་རྟོགས་སམ་ཞེ་ན། གལཾ། ལྐོག་གྱུར་གྱི་རང་མཚན་ཆོས་ཅན། རྟགས་སུ་བཀོད་ཙམ་ལས་ཁྱོད་རྟོགས་པར་མི་ནུས་པར་ཐལ། ཁྱོད་རྟོགས་པར་བྱེད་པའི་གཏན་ཚིགས་དེ་ཡིན་ན་ཚུལ་གསུམ་ཚང་དགོས་པའི་ཕྱིར། ཚུལ་གསུམ་ཚང་བའི་ཚེ་ན་ཡང་། དུ་བ་ཆོས་ཅན། ཁྱོད་ཀྱི་རྟགས་ལས་དུ་ལྡན་གྱི་ལ་ལ་མེ་ཙམ་རྟོགས་ཀྱི་མེའི་ཁྱད་པར་གསལ་འབར་བ་སོགས་རྟོགས་མི་ནུས་ཏེ། ཁྱོད་ཀྱི་རྟགས་སྔ་མ་བསྒྲུབ་པ་ལ་ཚུལ་གསུམ་ཚང་། ཕྱི་མ་བསྒྲུབ་པ་ལ་ཚུལ་གསུམ་མ་ཚང་བའི་ཕྱིར། འབྲེལཾ། ལྐོག་གྱུར་གྱི་རང་མཚན་ཆོས་ཅན། ཁྱོད་སྒྲུབ་བྱེད་ཀྱི་ཚད་མ་རྗེས་དཔག་ཏུ་ངེས་ཏེ། ཁྱོད་ཚུལ་གསུམ་མ་ཚང་བའི་རྟགས་ལས་རྟོགས་དགོས་པའི་ཕྱིར། གསུམ་པ་ནི། མངོཾན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ན། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པས་ཁྱབ་སྟེ། རང་མཚན་ཉིད་ཀྱི་རྟོགས་ཚུལ་གྱི་སྒོ་ནས་མངོན་ལྐོག་གཉིས་སུ་གཞག་པའི་ཕྱིར། གསུམ་པ་ཚུལ་དེས་གྲངས་གཞན་སེལ་བར་བསྟན་པ་ནི། གཞལཾ། ཚད་མ་ལ་མངོན་རྗེས་གཉིས་ལས་གྲངས་གཞན་སེལ་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་ལས་གྲངས་གཞན་སེལ་བའི་ཕྱིར། གཉིས་པ་གྲངས་གཞན་འདོད་པའི་ལོག་རྟོག་དགག་པ་ལ་གཉིས་ཏེ། ཉུང་བའི་ཕྱོགས་ཀྱི་ལོག་རྟོག་དགག མང་བའི་ཕྱོགས་ཀྱི་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས་ཏེ། གཅིག་ཏུ་བརྗོད་པར་འདོད་པའི་ལོག་རྟོག་བརྗོད། དེ་ཉིད་རྣམ་པར་བརྟགས་ནས་དགག་པའོ། །དང་པོ་ནི། མེདཾ། རྒྱང་འཕེན་པ་ན་རེ། སྤྱི་མཚན་ཆོས་ཅན། གཞལ་བྱ་མིན་ཏེ། མེད་པའི་ཕྱིར། དེས་ན་གཞལ་བྱ་རང་མཚན་གཅིག་པུར་ངེས་པའི་ཕྱིར། ཚད་མ་ཡང་མངོན་སུམ་གཅིག་ཏུ་ངེས་སོ་ཞེ་ན། གཉིས་པ་ལ་བཞི་སྟེ། རྗེས་དཔག་ཚད་མ་མིན་པའི་སྒྲུབ་བྱེད་དགག རྗེས་དཔག་ཚད་མ་ཡིན་པའི་སྒྲུབ་བྱེད་དགོད། རྗེས་དཔག་ཚད་མ་མིན་ན་ཧ་ཅང་ཐལ། དེས་ན་ཚད་མ་གཉིས་སུ་གྲུབ་པར་བསྟན་པའོ། །དང་པོ་ནི། ཁོཾ། སྔར་གྱི་ཐལ་བ་དེ་ཆོས་ཅན། ཁྱོད་ཆོས་གྲགས་ལ་གནོད་བྱེད་མིན་པར་ཐལ། ཁྱོད་ལ་ཆོས་གྲགས་ཀྱིས་དོན་གྱི་དབང་དུ་བྱས་ན་འདོད་ལན་དང་། སེལ་ངོའི་དབང་དུ་བྱེད་ན་མ་ངེས་པའི་ལན་ཐེབས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དགག་པའི་རྗེས་དཔག་ཁས་བླངས་ཉིད་ཀྱིས་འགྲུབ། སྒྲུབ་པའི་རྗེས་དཔག་དངོས་སྟོབས་རིགས་པས་བསྒྲུབ་པའོ། །དང་པོ་ནི། དེཾ། རྗེས་དཔག་ཚད་མར་གྲུབ་སྟེ། མེད་དགག་ངེས་པའི་ཚད་མར་གྲུབ་པའི་ཕྱིར། གལ་ཏེ་དེ་མངོན་སུམ་གྱིས་ངེས་པ་ཡིན་ནོ་ཞེ་ན། མེདཾ། དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་མེད་དགག་ངེས་པའི་ཚད་མ་མིན་པར་ཐལ། ཁྱོད་རང་གི་གཟུང་དོན་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན་དེ་ཆོས་ཅན། ཁྱོད་དང་ཡུལ་གྱི་བར་དུ་བར་ཆོད་སོགས་ཡོད་ན་ཡང་ཁྱོད་སྐྱེ་བ་ཡིན་པར་ཐལ། ཁྱོད་གཟུང་དོན་ལ་མ་ལྟོས་པའི་ཤེས་པ་ཡིན་པའི་ཕྱིར། གལཾ། གལ་ཏེ་དགག་བྱའི་ཆོས་འཛིན་པའི་མངོན་སུམ་ལྡོག་པས་དེ་མེད་པར་ངེས་པ་ཡིན་གྱི་རྗེས་དཔག་གིས་མེད་པར་ངེས་པ་མིན་ནོ་ཞེ་ན། མངོན་སུམ་ལྡོག་པ་ཆོས་ཅན། ཁྱོད་སྤྱི་མཚན་ངེས་པ་མིན་པར་ཐལ། ཁྱོད་ཀྱི་སྤྱི་མཚན་མེད་པར་ངེས་ན་རང་ཚིག་འགལ་བ་དང་། ཁས་བླངས་འགལ་བའི་སྐྱོན་གཉིས་ཡོད་པའི་ཕྱིར། གཉིས་པ་ནི། གཞནཾ། གཞན་ཡང་རྗེས་དཔག་ཚད་མར་གྲུབ་སྟེ། ཚུར་མཐོང་གི་རྒྱུད་ལ་གཞན་སེམས་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་རོ། །སྨྲ།ཾ ངག་སྨྲ་བརྗོད་ཆོས་ཅན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་སློང་གི་སེམས་ལྡན་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་སྐོར་གྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། གལ་ཏེ་ཚུལ་གསུམ་ཚང་བའི་རྟགས་ལས་བསྒྲུབ་བྱ་རྟོགས་པའི་བློ་དེ་ཚད་མ་མིན་ནོ་ཞེ་ན། སླུ།ཾ དེ་ཆོས་ཅན། ཚད་མ་ཡིན་ཏེ། མི་སླུ་བའི་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་ཚུལ་གསུམ་ཚང་ཡང་གཏན་ཚིགས་ཡང་དག་ཏུ་མི་འགྱུར་ཏེ། ཚུལ་གསུམ་ཚང་བའི་གཏན་ཚིགས་འགའ་ཞིག་འཁྲུལ་པར་མཐོང་བའི་ཕྱིར་ཞེ་ན། རྟགཾས། ཚུལ་གསུམ་ཚང་བའི་གཏན་ཚིགས་ཆོས་ཅན། བསྒྲུབ་བྱ་ལ་འཁྲུལ་པའི་གཏན་ཚིགས་དེ་ཁྱོད་མིན་ཏེ། བསྒྲུབ་བྱ་ལ་འཁྲུལ་པའི་གཏན་ཚིགས་ཁྱོད་དུ་འཛིན་པའི་བློ་དེ་ལོག་ཤེས་ཡིན་པའི་ཕྱིར། གངཾ་། དུ་བ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་རྟགས་ཆོས་ལ་དེ་བྱུང་གི་འབྲེལ་པ་སྒྲུབ་སྟེ། ཁྱོད་ཀྱི་ངོ་བོ་མེ་ལས་སྐྱེས་པའི་ཕྱིར། བྱས་པ་དང་མི་རྟག་པ་ལས་བདག་གཅིག་གི་འབྲེལ་བ་སྦྱར། རངཾ་། ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་ན་རང་གི་བསྒྲུབ་བྱ་ལ་མི་འཁྲུལ་བས་ཁྱབ་སྟེ། བདག་གཅིག་དང་དེ་བྱུང་འབྲེལ་གང་རུང་དུ་འབྲེལ་ན་རང་གི་འབྲེལ་ཡུལ་ལ་མི་འཁྲུལ་པས་ཁྱབ་པའི་ཕྱིར། ལྟརཾ། རྒྱུ་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་རྟགས་ཆོས་ལ་འབྲེལ་པ་གྲུབ་སྟེ། འབྲེལ་རང་གི་རྟགས་ཡང་དག་གི་རྟགས་ཆོས་ལ་འབྲེལ་པ་གྲུབ་པའི་ཕྱིར། གསུམ་པ་ནི། སྤྱི།ཾ རྗེས་དཔག་ཚད་མ་ཡིན་ན་ཚུར་མཐོང་ཆོས་ཅན། རང་ལ་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་མེད་པར་ཐལ། རང་ལ་ལྐོག་ཏུ་གྱུར་པའི་དོན་མངོན་གསུམ་གྱིས་མ་མཐོང་བའི་ཕྱིར། དཔེར་ན་འཇིག་རྟེན་ཕ་རོལ་གྱི་དངོས་པོ་བཞིན། གལ་ཏེ་མ་གྲུབ་སྟེ། ད་ལྟ་ལྐོག་ཏུ་གྱུར་པའི་དོན་དུས་གཞན་གྱི་ཚེ་དབང་པོའི་མངོན་སུམ་གྱིས་མཐོང་བའི་ཕྱིར་ཞེ་ན། ཚུར་མཐོང་ཆོས་ཅན། དུས་གཞན་གྱི་ཚེ་ཡང་ལྐོག་གྱུར་ཐམས་ཅད་དབང་པོའི་མངོན་སུམ་གྱིས་མཐོང་བ་མིན་པར་ཐལ། དུས་གཞན་གྱི་ཚེ་ཡང་དབང་པོ་གཟུགས་ཅན་པ་དང་། རྒྱུས་འབྲས་བུ་བསྐྱེད་པའི་ནུས་པ་མངོན་སུམ་གྱིས་མ་མཐོང་བའི་ཕྱིར། དེ་ཉིད་ཀྱིས་ཕྱིར་དེ་དག་མེད་དོ་ཞེ་ན། དབང་ཤེས་དང་འབྲས་བུ་སྐྱེ་བ་རྒྱུ་མེད་དུ་ཐལ། དབང་པོ་གཟུགས་ཅན་པ་དང་རྒྱུས་འབྲས་བུ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། བཞི་པ་ནི། རྣམཾ། ཚད་མ་མངོན་རྗེས་གཉིས་སུ་གྲུབ་སྟེ། རྣམ་རྟོག་དང་བྲལ་བའི་སྒོ་ནས་རང་མཚན་རྟོགས་པའི་ཚད་མ་དང་། རྣམ་རྟོག་གིས་སྤྱི་འཛིན་པའི་སྒོ་ནས་རང་མཚན་རྟོགས་པའི་ཚད་མ་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་མང་བའི་ཕྱོགས་ཀྱི་ལོག་རྟོག་དགག་པ་ལ་གཉིས་ཏེ། ལོག་རྟོག་གཉིས་པོ་ལྷན་ཅིག་བརྗོད། འགོག་བྱེད་རིགས་པ་སོ་སོར་བཤད་པའོ། །དང་པོ་ནི། གཞལཾ། རིགས་པ་ཅན་པ་ན་རེ། ཚད་མ་ཆོས་ཅན། ཁྱོད་ཀྱིས་ཁ་དོག་མི་རྟག་པ་མི་རྟག་པར་མ་རྟོགས་པར་ཐལ། ཁྱོད་ཀྱིས་གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར། ཁྱབ་སྟེ། ཁ་དོག་མི་རྟག་པ་དེ་རང་སྤྱི་འདྲེས་པ་ཡིན་པའི་ཕྱིར། དེས་ན་ཁ་དོག་མི་རྟག་པ་རྟོགས་པའི་བློ་ཆོས་ཅན། མངོན་རྗེས་གཉིས་ལས་ཚད་མ་གཞན་དུ་འགྱུར་ཏེ། སྤྱི་མཚན་འཛིན་པའི་ཚད་མ་གང་ཞིག རྟགས་ལ་མི་ལྟོས་པའི་ཕྱིར། ཁྱདཾ། དཔྱོད་པ་བ་ན་རེ། ཁྱད་པར་མཐོང་བ་ངོ་ཤེས་ཀྱི་བློ་དེ་ཆོས་ཅན། མངོན་རྗེས་གཉིས་ལས་ཚད་མ་གཞན་ཡིན་ཏེ། རྟགས་ལ་ལྟོས་པའི་མངོན་རྗེས་གཞན་ཡིན། རྟགས་དེ་རང་གི་འཇུག་ཡུལ་ལ་འབྲེལ་པ་མེད་པས་རྗེས་དཔག་ཀྱང་མིན་པའི་ཕྱིར། གཞཾལ། དེས་ན་ཚད་མ་ལ་གཅིག་དང་གསུམ་ལ་སོགས་པའི་གྲངས་ངེས་སེལ་བར་མི་འགྱུར་ཏེ། གཞལ་བྱ་རང་སྤྱི་གཉིས་ལས་མང་བ་ཡོད་པའི་ཕྱིར་དང་། གཞལ་བྱ་གཅིག་ལ་ཡང་ཚད་མ་མངོན་རྗེས་གཉིས་ཀ་འཇུག་པ་ཡོད་པའི་ཕྱིར། དཔེར་ན་ཁྱད་པར་མཐོང་བ་ངོ་ཤེས་ཀྱི་བློ་བཞིན། གཏན་ཚིགས་སྔ་མ་གྲུབ་སྟེ། རང་སྤྱི་འདྲེས་པའི་གཞལ་བྱ་ཡོད་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། འདྲེས་པ་འཛིན་པ་གཞན་དུ་འགྱུར་བ་སྤང་། ཁྱད་པར་མཐོང་བ་གཞན་དུ་འགྱུར་སྤང་བའོ། །དང་པོ་ལ་བཞི་སྟེ། རྟགས་ལས་རྟོགས་པ་སྤྱི་འཛིན་རྗེས་དཔག་ཡིན། རྗེས་ཀྱིས་ངེས་པར་རྟོགས་པ་ཚད་མ་མིན། ཞིག་འཇིག་གཅིག་པའི་ལུགས་ལའང་རྗེས་དཔག་ཡིན། ཞར་ལ་གཞན་སྡེའི་མི་རྟག་འདོད་ཚུལ་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་དོན་མདོར་བསྟན། ཞར་བྱུང་རྒྱས་པར་བཤད། དཀྱུས་མའི་མཇུག་བསྡུ་བའོ། །དང་པོ་ནི། སྐྱོནཾ། ཁ་དོག་མི་རྟག་པ་ངེས་པའི་ཚད་མ་ཆོས་ཅན། ཁ་དོག་རང་མཚན་ལ་མི་རྟག་པའི་སྤྱི་སྦྱར་ནས་དངོས་ཡུལ་དུ་བྱེད་པའི་རྒྱུ་མཚན་གྱིས་རང་སྤྱིའི་འདྲེས་པ་འཛིན་པའི་ཚད་མ་མིན་པར་ཐལ། ཁྱོད་ཁ་དོག་གི་སྤྱི་ལ་མི་རྟག་པའི་སྤྱི་སྦྱར་བ་དངོས་ཡུལ་བྱེད་པའི་བློ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྤྱི་ལ་སྦྱར་ཡང་དངོས་པོའི་ཆོས་སུ་གྲུབ། གཞན་ལ་སྦྱར་ཡང་འབྲེལ་པས་བསླུ་བ་མེད། འབྲེལ་པས་བསླུ་བ་མེད་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། འོ་ན་མི་རྟག་པ་དེ་དངོས་མེད་ཀྱི་ཆོས་སུ་འགྱུར་རོ་ཞེ་ན། དངོཾས། མི་རྟག་པ་ཆོས་ཅན། ཁྱོད་དངོས་མེད་ཀྱི་ཆོས་མིན་ཏེ། སེལ་ངོར་ཁ་དོག་དེ་ཁྱོད་དུ་གྲུབ་པའི་དོན་ལ་ཁ་དོག་རང་མཚན་པ་དེ་ཁྱོད་དུ་སྒྲུབ་པར་བྱེད་པའི་ཕྱིར། གཉིས་པ་ནི། གཞནཾ། སེལ་ངོར་ཁ་དོག་མི་རྟག་པ་གྲུབ་པས་དོན་ལ་ཁ་དོག་མི་རྟག་པ་གྲུབ་པ་མིན་པའི་ཕྱིར་ཏེ། དེ་གཉིས་གཞན་ཡིན་པའི་ཕྱིར་ཞེ་ན། ཁ་དོག་མི་རྟག་པ་ངེས་པའི་ཚད་མ་ཆོས་ཅན། ཁྱོད་ཀྱིས་སེལ་ངོར་ཁ་དོག་མི་རྟག་པ་དངོས་སུ་གྲུབ་པས་ཁ་དོག་མི་རྟག་པ་མི་འགྲུབ་པ་མིན་ཏེ། ཁྱོད་ཀྱི་དངོས་ཡུལ་དུ་གྱུར་པའི་ཁ་དོག་མི་རྟག་པའི་སྤྱི་དེ་ཁ་དོག་མི་རྟག་པ་རང་མཚན་ལ་བརྒྱུད་ནས་འབྲེལ་བ་གྲུབ་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། སྒྲུབ་པའི་རྗེས་དཔག་འབྲེལ་པས་བསླུ་བ་མེད། དགག་པའི་རྗེས་དཔག་འབྲེལ་པས་བསླུ་བ་མེད་པའོ། །དང་པོ་ནི། དངོསཾ། བྱས་པའི་རྟགས་ལས་ཁ་དོག་མི་རྟག་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ཁ་དོག་མི་རྟག་པ་རང་མཚན་ལ་བརྒྱུད་ནས་འབྲེལ་ཏེ། ཁྱོད་བྱས་པའི་རྟགས་ཀྱིས་ཁ་དོག་མི་རྟག་པ་སྒྲུབ་པའི་རྟག་པ་སྒྲུབ་པའི་རྟགས་འཛིན་སེམས་ལས་སྐྱེས། དེ་ཁ་དོག་གི་བྱས་པ་ལས་སྐྱེས། དེ་དང་ཁ་དོག་གི་མི་རྟག་པ་རང་མཚན་གཅིག་ཡིན་པའི་ཕྱིར། དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ལའི་མེ་ལ་བརྒྱུད་ནས་འབྲེལ་ཏེ། ཁྱོད་དེ་ལྟར་སྒྲུབ་པའི་རྟགས་འཛིན་སེམས་ལས་སྐྱེས། དེ་ལའི་དུ་བ་དང་དེ་མེ་ལས་སྐྱེས་པའི་ཕྱིར། དེཾ། དེ་ལྟར་སྒྲུབ་པའི་རྟགས་འཛིན་སེམས་གཉིས་པོ་ཆོས་ཅན། རང་མཚན་དངོས་སུ་མི་སྣང་ཡང་རང་མཚན་ལ་མི་སླུ་བའི་མིང་གིས་གདགས་སུ་རུང་སྟེ། རང་འདྲེན་བྱེད་ཀྱི་ཚད་མའི་ཡུལ་དུ་གྱུར་པའི་རང་མཚན་ལ་བརྒྱུད་ནས་འབྲེལ་བའི་གཅད་ཤེས་དེ་ཡིན་པའི་ཕྱིར། དེ་སྐོར་གྱི་རྟགས་ཅན་རྗེས་དཔག་གཉིས་པོ་ཆོས་ཅན། རང་མཚན་དངོས་སུ་མི་སྣང་ཡང་རང་མཚན་ལ་མི་སླུ་བ་ཡིན་ཏེ། རང་ཡུལ་རང་མཚན་ལ་བརྒྱུད་ནས་འབྲེལ་བའི་རྟོག་པ་ཚད་མ་ཡིན་པའི་ཕྱིར། དེཾ། འོ་ན་མ་འཁྲུལ་བར་འགྱུར་རོ་ཞེ་ན། དེ་སྐོར་གྱི་རྟགས་ཅན་རྗེས་དཔག་གཉིས་པོ་ཆོས་ཅན། འཁྲུལ་ཤེས་ཡིན་ཏེ། རང་ལ་སྣང་བའི་རྣམ་པ་ལ་ཕྱི་རོལ་དུ་ཞེན་པའི་བློ་ཡིན་པའི་ཕྱིར། དེཾ། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་བྱས་རྟགས་ལས་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་གི་བརྒྱུད་པའི་རྒྱུ་ཡིན་ཏེ། ཁྱོད་སྒྲའི་བྱས་པ་དང་རྫས་གཅིག་གང་ཞིག དེ་དེ་སྐོར་གྱི་རྟགས་འཛིན་སེམས་ཀྱི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་དེ་སྐོར་གྱི་རྟགས་ཅན་རྗེས་དཔག་གི་རྒྱུ་ཡིན་པའི་ཕྱིར། དུ་ལྡན་ལའི་མེ་ཆོས་ཅན། ཁྱོད་དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་གི་བརྒྱུད་རྒྱུ་ཡིན་ཏེ། ཁྱོད་དུ་ལྡན་ལའི་སྟེང་གི་དུ་བའི་རྒྱུ་ཡིན་པ་གང་ཞིག དེ་དེ་སྒྲུབ་ཀྱི་རྟགས་འཛིན་སེམས་ཀྱི་རྒྱུ་ཡིན། དེ་དེ་སྐོར་གྱི་རྟགས་ཅན་རྗེས་དཔག་གི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དགག་བྱ་འགོག་པའི་དོན་ལ་ཐ་དད་མེད། སྦྱོར་བ་འགོད་ཚུལ་སྒོ་ནས་སོ་སོར་ཕྱེ་བའོ། །དང་པོ་ལ་གཉིས་ཏེ། དགག་པ་ཐམས་ཅད་མ་དམིགས་པ་ལས་གྲུབ། དེས་ན་འགལ་ཟླ་དམིགས་པས་མ་དམིགས་འཕེན་པའོ། །དང་པོ་ནི། འོ་ན་དགག་རྟགས་ལ་འབྲེལ་བ་ཇི་ལྟར་གྲུབ་ཅེ་ན། དགཾག སྣང་རུང་མ་དམིགས་པའི་དགག་རྟགས་ཡིན་ན་དགག་བྱ་ཚད་མས་མ་དམིགས་པའི་དགག་བྱ་མེད་ངེས་སུ་འགྲུབ་པ་དགོས་ཏེ། ཚད་མས་དམིགས་པ་ཡོད་ངེས་ཀྱི་མཚན་ཉིད་ཡིན་ན། དགག་ཆོས་ཚད་མས་མ་དམིགས་པ་དེ་དགག་ཆོས་མེད་ངེས་ཀྱི་མཚན་ཉིད་ཡིན་དགོས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། འགལ་དམིགས་གཉིས་ཀྱིས་མི་དམིགས་འཕེན། མི་འཕེན་ན་ནི་ཧ་ཅང་ཐལ། མ་དམིགས་གཞན་ཡང་དེ་ལྟར་བསྒྲུབ་པའོ། །དང་པོ་ནི། འོ་ན་འགལ་ཟླ་དམིགས་པ་རྟགས་སུ་བཀོད་པ་ཡང་ཡོད་པ་མིན་ནམ་ཞེ་ན། དགཾག མེ་ཚད་མའི་སྟོབས་ཀྱིས་ངེས་པཾ་འཾཛིན་པའི་གཞིར་གྲང་རེག་དང་གྲང་འབྲས་སྤུ་ལོང་བྱེད་འགོག་པ་ལ་མེ་ཚད་མའི་སྟོབས་ཀྱིས་ངེས་པ་བཀོད་པ་ཆོས་ཅན། གྲང་རེག་དང་གྲང་འབྲས་སྤུ་ལོང་བྱེད་ཚད་མས་མ་དམིགས་པ་རྟགས་སུ་འཕེན་ཏེ། གཞི་དེར་དགག་ཆོས་གཉིས་པོ་འགོག་པའི་འགལ་དམིགས་གཏན་ཚིགས་ཡིན་པའི་ཕྱིར། སོ་སོར་སྦྱོར། གཉིས་པ་ནི། གཞཾན། དེ་ལས་གཞན་དུ་མི་འཕེན་ན་མེ་རྟགས་སུ་བཀོད་ནས་གཞི་འགར་གྲང་རེག་འགོག་ནུས་པའི་རྒྱུ་མཚན་ཅི་ཡིན། དེ་གཉིས་འགལ་བའི་ཕྱིར་ཞེ་ན། འགལ་བ་ཅིས་འགྲུབ། ལྷན་ཅིག་མི་གནས་འགལ་བ་ཡིན་པའི་ཕྱིར་ཞེ་ན། དེ་ཡང་གང་ལས་འདོད། གྲང་རེག་གི་རྒྱུན་མ་གཏུགས་པར་བྱུང་བ་ན་མེ་ཉེ་བའི་སྟོབས་ཀྱིས་གྲང་རེག་སྣང་རུང་མཐོང་བ་མེད་པའི་ཕྱིར་ཞེ་ན། མེས་གྲང་རེག་འགོག་པའི་སྐབས་འདིར་ཆོས་ཅན། མེ་ཉེ་བར་ཡོད་པའི་སྟོབས་ཀྱིས་གྲང་རེག་སྣང་རུང་མཐོང་བ་མེད་པ་དེ་མེས་གྲང་རེག་འགོག་པའི་སྒྲུབ་བྱེད་ཚད་མ་མིན་པར་ཐལ། མེ་ཚད་མས་མ་དམིགས་པ་དེ་མེ་མེད་པའི་སྒྲུབ་བྱེད་མིན་པའི་ཕྱིར། གསུམ་པ་ནི། འོ་ན་མ་དམིགས་པ་རྟགས་སུ་བཀོད་ན་ཡང་རྟགས་གཞན་ཞིག་འཕེན་པར་འགྱུར་རོ་ཞེ་ན། དེཾ། བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། བུམ་པས་དག་པའི་ཤར་གཞིར་བུམ་པ་མེད་ངེས་སུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པ་གང་ཞིག ཁྱོད་ལས་གཞན་པའི་དེ་སྐོར་གྱི་རྟགས་ཡང་དག་མེད་པའི་ཕྱིར། གངཾ་། དགག་ཆོས་ཚད་མས་མ་དམིགས་པའི་གཞི་འགར་དགག་ཆོས་མེད་ངེས་སུ་བསྒྲུབ་མི་ནུས་པར་ཁས་བླངས་པའི་རྒོལ་བ་ཆོས་ཅན། དགག་རྟགས་ཡང་དག་བརྗོད་མི་ནུས་པར་ཐལ། ཆོས་དེ་སྣང་རུང་ཚད་མས་མ་དམིགས་པའི་ཆོས་དེ་མེད་ངེས་སུ་བསྒྲུབ་མི་ནུས་པར་ཁས་བླངས་པའི་ཕྱིར། དེསཾ། རང་བཞིན་འགལ་དམིགས་དང་རྒྱུ་འགལ་དམིགས་ཀྱི་གཏན་ཚིགས་ཀྱིས་དགག་ཆོས་ཚད་མས་མ་དམིགས་པ་རྟགས་སུ་འཕེན་པ་ཆོས་ཅན། དགོས་པ་ཡོད་དེ། འགལ་འབྲས་དམིགས་པ་རྟགས་སུ་བཀོད་པས་ཀྱང་དགག་ཆོས་ཚད་མས་མ་དམིགས་པ་རྟགས་སུ་འཕེན་པར་བསྟན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། དམིགས་དང་མ་དམིགས་སྦྱོར་བའི་སྒོ་ནས་དབྱེ། དམིགས་པ་ཉིད་ཀྱང་སྦྱོར་བའི་སྒོ་ནས་དབྱེ། མ་དམིགས་ཉིད་ཀྱང་སྦྱོར་བའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། སྦྱོར་བའི་སྒོ་ནས་འབྱེད་ཚུལ་བཤད། གཉིས་ལས་གཞན་གྱི་གོ་བྱེད་དགག་པའོ། །དང་པོ་ནི། ཀུནཾ། སྣང་རུང་མ་དམིགས་པའི་གཏན་ཚིགས་ཆོས་ཅན། སྦྱོར་བ་འགོད་ཚུལ་ཐ་དད་དུ་ཡོད་ཀྱང་དགག་བྱ་འགོག་ཚུལ་ཐ་དད་དུ་མེད་དེ། སྦྱོར་བ་འགོད་ཚུལ་ལ་འགལ་ཟླ་དམིགས་པ་རྟགས་སུ་སྦྱོར་བ་དང་། འབྲེལ་ཟླ་མ་དམིགས་པ་རྟགས་སུ་སྦྱོར་བ་གཉིས་ཡོད་ཀྱང་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་འགོག་པ་མཚུངས་པའི་ཕྱིར། གཉིས་པ་ནི། འགལ་ཟླ་དམིགས་པ་དང་འབྲེལ་ཟླ་མ་དམིགས་པ་ལས་གཞན་པའི་དགག་རྟགས་ཡོད་པས་དགག་བྱ་འགོག་ཚུལ་གཞན་ཡང་ཡོད་དོ་ཞེ་ན། འགལཾ། དེ་གཉིས་ལས་གཞན་པའི་དགག་རྟགས་ཡོད་པ་ཁས་བླངས་པའི་རྒོལ་བ་ཆོས་ཅན། རིགས་པའི་ལམ་ལས་འདས་པ་ཡིན་ཏེ། གཏན་ཚིགས་འཁྲུལ་པས་དགག་བྱ་འགོག་ནུས་པར་ཁས་བླངས་པའི་ཕྱིར། སྒྲ།ཾ དཔེར་ན་འགལ་བ་གྲུབ་པ་མེད་པ་ནི། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ཀུན་མཁྱེན་མིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་དང་། འབྲེལ་ཟླ་བཀག་པ་མེད་པ་ནི། འཇིག་རྟེན་ཕ་རོལ་ཆོས་ཅན། མེད་དེ། ཐ་མལ་གྱི་དབང་པོའི་མངོན་སུམ་གྱིས་མ་མཐོང་བའི་ཕྱིར་ཞེས་པ་བཞིན་ནོ། །དེ་བསྒྲུབ་པ་ནི། སྔ་མ་དེ་དེ་ལྟར་སྒྲུབ་པའི་འགལ་དམིགས་ཀྱི་གཏན་ཚིགས་ཡང་དག་མིན་པར་ཐལ། ངག་སྨྲ་དེ་ཀུན་མཁྱེན་དང་མི་འགལ་བའི་ཕྱིར་ཏེ། ངག་སྨྲ་དང་ཀུན་མཁྱེན་གྱི་གཞི་མཐུན་ཡོད་པའི་ཕྱིར། དེཾ། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ཀུན་མཁྱེན་མིན་ཏེ། ཀུན་མཁྱེན་དུ་དབང་པོའི་མངོན་སུམ་གྱིས་མ་དམིགས་པའི་ཕྱིར་ཞེ་ན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ཁྱོད་ཀུན་མཁྱེན་ཡིན་པ་འགོག་པ་ལ་འགལ་དམིགས་ཀྱི་གཏན་ཚིགས་དོན་མེད་པར་ཐལ། ཁྱོད་དེ་ཡིན་པ་སྣང་རུང་མ་དམིགས་པའི་རྟགས་ཀྱིས་ཁེགས་པའི་ཕྱིར། ཀུན་མཁྱེན་དུ་དབང་པོའི་མངོན་སུམ་གྱིས་མ་དམིགས་པ་ཆོས་ཅན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མིན་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་པར་ཐལ། ཁྱོད་དེ་སྐོར་གྱི་རྟགས་ཡང་དག་མིན་པར་ལེའུ་གཉིས་པར་བཤད་ཟིན་པའི་ཕྱིར། དེཾ། དེས་ཐ་མལ་བའི་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ཤིན་ཏུ་ལྐོག་གྱུར་ཡོད་མེད་གང་རུང་དུ་ངེས་པའི་ངེས་ཤེས་འདྲེན་བྱེད་ཀྱི་ཚད་མ་མིན་པར་ཐལ། ཤིན་ཏུ་ལྐོག་གྱུར་ཡོད་ཀྱང་ཁྱོད་ལ་སྣང་དུ་མི་རུང་བའི་ཕྱིར། གཉིས་པ་ནི། འགལཾ། འགལ་ཟླ་དམིགས་པའི་གཏན་ཚིགས་ཡང་དག་ཆོས་ཅན། སྦྱོར་བའི་སྒོ་ནས་ཁྱོད་ལ་གཉིས་ཡོད་དེ། རང་ལས་རྫས་ཐ་དད་པའི་དགག་ཆོས་འགོག་པའི་གཏན་ཚིགས་དང་། རང་ལས་རྫས་ཐ་དད་མེད་པའི་དགག་ཆོས་འགོག་པའི་གཏན་ཚིགས་གཉིས་ཡོད་པའི་ཕྱིར་ཏེ། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཁ་བ་མེད་པ་བསྒྲུབ་པ་ལ་མེ་ཚད་མའི་སྟོབས་ཀྱིས་ངེས་པ་རྟགས་སུ་བཀོད་པ་དང་། མྱུ་གུ་བདག་ལས་མི་སྐྱེ་བར་སྒྲུབ་པ་ལ་ཡོད་པ་རྟགས་སུ་བཀོད་པ་གཉིས་ཡོད་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། རྒྱུ་དང་ཁྱབ་བྱེད་མ་དམིགས་སྦྱོར་བའི་ཚུལ། སྣང་རུང་རང་བཞིན་མ་དམིགས་སྦྱོར་བའི་ཚུལ། མ་དམིགས་གསུམ་དུ་བསྡུ་ཞིང་ཁྱད་ཆོས་བསྟན་པའོ། །དང་པོ་ནི། འབྲེལ་ཟླ་མ་དམིགས་པ་ལ་སྦྱོར་བའི་སྒོ་ནས་ཇི་ལྟར་དབྱེ་ཞེ་ན། ཇིཾ། མེ་མེད་པའི་རྟགས་ཀྱིས་མེ་མེད་མཚན་དུས་ཀྱི་རྒྱ་མཚོ་དུ་བ་མེད་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་སྟེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པའི་ལྡོག་ཁྱབ་གྲུབ་པའི་ཕྱིར། ཁྱབ་བྱེད་མ་དམིགས་པ་ལའང་འགྲེ། དེཾས། འབྲེལ་ཡུལ་ལྡོག་པ་འབྲེལ་ཆོས་ལྡོག་པའི་གོ་བྱེད་དུ་བསྟན་པའི་རིགས་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། སྒྲ་མི་རྟག་པ་སྒྲུབ་པའི་ཕྱོགས་དང་མཐུན་ཕྱོགས་གང་རུང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་ཡང་བསལ་བའི་ཕྱིར། དེཾ། མེ་མེད་པ་ཆོས་ཅན། ཁྱོད་མེ་མེད་མཚན་དུས་ཀྱི་རྒྱ་མཚོ་དུ་བ་མེད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བ་ལ་མེ་དུའི་དེ་བྱུང་གི་འབྲེལ་པ་ངེས་དགོས་ཏེ། དེ་ངེས་པའི་ཚེ་ཁྱོད་ཀྱི་ཚུལ་གསུམ་ཚང་བ་ཡིན་པའི་ཕྱིར། གཉིས་པ་ནི། མེདཾ། བུམ་པས་དག་པའི་ཤར་གཞིར་སྣང་རུང་བུམ་པ་མེད་ངེས་སུ་སྒྲུབ་པ་ལ་བུམ་པ་ཚད་མས་མ་དམིགས་པ་རྟགས་སུ་བཀོད་པ་དེ་ཆོས་ཅན། ཁྱོད་རྒོལ་བ་ཐ་སྙད་ལ་ཤིན་ཏུ་རྨོངས་པའི་ཆེད་དུ་ཡིན་ཏེ། ཁྱོད་གཞི་གཞན་གྱི་སྟེང་དུ་ཚད་མས་མ་དམིགས་པ་ལ་སྣང་རུང་མེད་ངེས་ཀྱི་ཐ་སྙད་གྲུབ་ཀྱང་བུམ་པའི་སྟེང་དུ་དེ་ལྟར་མ་གྲུབ་པའི་ངོར་བཀོད་པ་ཡིན་པའི་ཕྱིར། གསུམ་པ་ནི། མིཾ། སྣང་རུང་མ་དམིགས་པའི་གཏན་ཚིགས་ཆོས་ཅན། ཁྱོད་ལ་དགག་བྱ་འགོག་ཚུལ་གྱི་སྒོ་ནས་གསུམ་དུ་ངེས་ཏེ། ཁྱོད་ལ་དགག་བྱ་འགོག་ཚུལ་གྱི་སྒོ་ནས་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་དང་གསུམ་དུ་ངེས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་དགག་བྱའི་ཆོས་དེ་ཡིན་ན་སྣང་རུང་ཡིན་དགོས་ཏེ། སྣང་མི་རུང་གི་དགག་བྱའི་ཆོས་ཁྱོད་ཀྱིས་འགོག་པར་མི་ནུས་པའི་ཕྱིར། གསུམ་པ་ནི། རྗེསཾ། ཁ་དོག་མི་རྟག་པའི་སྤྱི་དངོས་ཡུལ་དུ་བྱས་པས་དེ་རང་མཚན་ལ་མི་སླུ་བའི་ཚད་མ་དེ་ཆོས་ཅན། ཁྱོད་ཁ་དོག་མི་རྟག་པ་རྟོགས་པའི་རྗེས་དཔག་ཡིན་ཏེ། དེ་ཡིན་པའམ་ཁ་དོག་མི་རྟག་པར་ངེས་པའི་བཅད་ཤེས་དེ་གང་རུང་གང་ཞིག ཕྱི་མ་མིན་པའི་ཕྱིར། གཉིས་པ་རྗེས་ཀྱི་ངེས་པའི་རྟོག་པ་ཚད་མ་མིན་པ་ལ་གསུམ་སྟེ། མཐོང་ཟིན་འཛིན་པའི་ཚད་མ་མིན། སྔ་མས་མཐོང་བའི་སྒྲུབ་བྱེད་དགོད། རྗེས་དཔག་དོན་མེད་འགྱུར་བ་སྤང་བའོ། །དང་པོ་ནི། གཞནཾ། ཁ་དོག་འཛིན་པའི་མངོན་སུམ་གྱིས་དྲངས་པའི་ཁ་དོག་མི་རྟག་པ་ངེས་པའི་བཅད་ཤེས་ཆོས་ཅན། ཚད་མ་མིན་ཏེ། རང་རྒྱུ་ཚད་མ་སྔ་མས་རྟོགས་ཟིན་གྱི་དོན་ལ་བསྣན་ནས་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། གཉིས་པ་ནི། མངོན་སུམ་དེས་མི་རྟག་པ་དེ་གཟུང་བ་མ་གྲུབ་ཅེ་ན། དངོཾས། ཁ་དོག་གི་མི་རྟག་པ་ཆོས་ཅན། ཁྱོད་ཁ་དོག་འཛིན་པའི་དབང་པོའི་མངོན་སུམ་གྱིས་གྲུབ་སྟེ། ཁྱོད་ཁ་དོག་དང་རྫས་གཅིག་ཡིན་པའི་ཕྱིར། འོ་ན་ཁ་དོག་གི་མི་རྟག་པ་ཞེས་པའི་དྲུག་སྒྲ་མི་འཇུག་པར་འགྱུར་རོ་ཞེ་ན། ཁ་དོག་དང་ཁ་དོག་གི་མི་རྟག་པ་ཆོས་ཅན། ཁྱོད་རྫས་ཐ་དད་ཡིན་པའི་རྒྱུ་མཚན་གྱིས་དྲུག་སྒྲ་འཇུག་པ་མིན་ཏེ། ཁྱོད་ལྡོག་པ་ཐ་དད་ཡིན་པའི་རྒྱུ་མཚན་གྱིས་དྲུག་སྒྲ་འཇུག་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་ལྔ་སྟེ། མཐོང་ཡང་མ་ངེས་རྗེས་དཔག་འཇུག མཐོང་ཡང་མ་ངེས་འཁྲུལ་རྒྱུ་བཤད། མཐོང་ཡང་མ་ངེས་དཔེ་དང་བཅས། འཁྲུལ་པ་ལྡོག་ཕྱིར་རྗེས་དཔག་དགོས། འཁྲུལ་པ་མེད་ན་རྟགས་མི་དགོས་པའོ། །དང་པོ་ནི། སྤྱི།ཾ སྒྲ་ཆོས་ཅན། དབང་པོའི་མངོན་སུམ་གྱིས་ཁྱོད་གྲུབ་ན་ཁྱོད་ཀྱི་མི་རྟག་པ་དེ་ཡང་གྲུབ་སྟེ། ཁྱོད་དང་ཁྱོད་ཀྱི་མི་རྟག་པ་རྫས་གཅིག་ཡིན་པའི་ཕྱིར། འོ་ན་རྗེས་དཔག་ཇི་ལྟར་འཇུག་ཅེ་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། དགོས་པ་ཡོད་དེ། སྒྲ་མི་རྟག་པ་མ་ངེས་པ་ངེས་པའི་ཆེད་དུ་འཇུག་པ་ཡིན་པའི་ཕྱིར། གཉིས་པ་ནི། མངོན་སུམ་གྱིས་མི་རྟག་པ་མཐོང་ཡང་རྗེས་ཀྱི་རྟོག་པས་མ་ངེས་པའི་རྒྱུ་གང་ཞེ་ན། འདྲཾ། སྒྲ་ཆོས་ཅན། ཁྱོད་མི་རྟག་པ་མངོན་སུམ་གྱིས་མཐོང་ཡང་རྗེས་ཀྱི་རྟོག་པས་ཁྱོད་རྟག་པར་འཁྲུལ་པའི་འཁྲུལ་རྒྱུ་ཡོད་དེ། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་འདྲ་བ་གཞན་བྱུང་ཡོད་པའི་རྒྱུ་མཚན་གྱིས་ཁྱོད་རྟག་པར་འཁྲུལ་པ་ཡིན་པའི་ཕྱིར། འདིར་འདྲ་བ་གཞན་བྱུང་རྟག་པར་འཁྲུལ་པའི་འཁྲུལ་རྒྱུ་ཡིན་ཏེ། མར་མེའི་སྐད་ཅིག་ཐ་མ་ལ་འདྲ་བ་གཞན་འབྱུང་མེད་པའི་རྒྱུ་མཚན་གྱིས་རྟག་པར་འཁྲུལ་པའི་འཁྲུལ་པ་མི་སྐྱེ་བའི་ཕྱིར། གསུམ་པ་ནི། ནུཾས། མངོན་སུམ་གྱིས་མཐོང་ཡང་རྗེས་ཀྱི་རྟོག་པས་མ་ངེས་པའི་དཔེ་ཡོད་དེ། ས་བོན་མཐོང་བའི་དབང་མངོན་དེས་ས་བོན་གྱིས་མྱུ་གུ་བསྐྱེད་པའི་ནུས་པ་མཐོང་ཡང་ནུས་པ་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པའི་ཕྱིར། བཞི་པ་ནི། དེཾ། ཁ་དོག་མི་རྟག་པ་མངོན་སུམ་གྱིས་མཐོང་བའི་རྗེས་སུ་ཁ་དོག་མི་རྟག་པ་སྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་པ་ཆོས་ཅན། དགོས་པ་ཡོད་དེ། མངོན་སུམ་གྱིས་མཐོང་ཡང་མ་ངེས་པ་ངེས་པའི་ཆེད་དུ་འཇུག་པའི་ཕྱིར། ལྔ་པ་ནི། བློཾ། ཁ་དོག་རྟག་འཛིན་གྱི་འཁྲུལ་རྒྱུ་དང་བྲལ་བའི་གང་ཟག་ཆོས་ཅན། ཁྱོད་ཀྱི་ངོར་ཁ་དོག་མི་རྟག་པ་སྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་མི་དགོས་ཏེ། ཁྱོད་ཀྱི་རྒྱུད་ཀྱི་ཁ་དོག་འཛིན་པའི་མངོན་སུམ་དེས་ཁ་དོག་གི་མི་རྟག་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། དངོས་པོ་དང་དེའི་མི་རྟག་པ་དོན་ལ་ཐ་དད་མིན་ན་ཇི་ལྟར་སྒྲ་བློ་ཐ་དད་དུ་འཇུག་ཅེ་ན། ཐཾམས། ཁ་དོག་དང་ཁ་དོག་གི་མི་རྟག་པ་ཆོས་ཅན། དོན་ལ་ཐ་དད་དུ་མེད་ཀྱང་སྒྲ་རྟོག་ཐ་དད་དུ་འཇུག་སྟེ། དོན་ལ་ཐ་དད་མེད་ཀྱང་ལྡོག་པ་ཐ་དད་ཡིན་པའི་ཕྱིར། འཁྲུཾལ། ཁ་དོག་ཆོས་ཅན། ཁྱོད་རྟག་འཛིན་གྱི་འཁྲུལ་རྒྱུ་མེད་ན། ཁྱོད་འཛིན་མངོན་སུམ་གྱི་རྗེས་སུ་ཁྱོད་མི་རྟག་པ་སྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་མི་དགོས་ཏེ། དེ་མེད་ན་ཁྱོད་འཛིན་མངོན་སུམ་དེས་ཁྱོད་ཀྱི་མི་རྟག་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། གསུམ་པ་ཞིག་འཇིག་གཅིག་པའི་ལུགས་ལའང་རྗེས་དཔག་ཡིན་པ་ནི། ཡཾང་། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཡང་། ཁ་དོག་མི་རྟག་པ་ངེས་པའི་ཚད་མ་དེ་ཆོས་ཅན། མངོན་རྗེས་གཉིས་ལས་གཞན་པའི་ཚད་མ་མིན་ཏེ། ཁ་དོག་མི་རྟག་པར་རྟོགས་པའི་རྗེས་དཔག་ཡིན་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་ཁ་དོག་མི་རྟག་པ་ངེས་པའི་ཚད་མ་དེ་རྗེས་དཔག་ཡིན་ཏེ། ཁྱོད་སྔར་གྱི་ཁ་དོག་མ་དམིགས་པ་ཁ་དོག་མི་རྟག་པའི་དོན་དུ་འདོད་པའི་རྒོལ་བ་ཡིན་པའི་ཕྱིར། བཞི་པ་ཞར་ལ་གཞན་སྡེའི་མི་རྟག་འདོད་ཚུལ་དགག་པ་ལ་གཉིས་ཏེ། ཕྱོགས་སྔ་རྗོད་དེ་དེ་དོན་འདྲི། དྲིས་པའི་མཐའ་གཉིས་བརྟགས་ནས་དགག་པའོ། །དང་པོ་ནི། གཾང་། རིགས་པ་ཅན་པ་ན་རེ། མི་རྟག་པའི་དོན། མདོ་སྡེ་པ་ལྟར་དངོས་པོ་ཡོད་པ་ཙམ་ཡང་མིན་ཞིང་། བྱེ་བྲག་སྨྲ་བ་ལྟར་དངོས་པོ་ཞིག་པ་ཙམ་ཡང་མིན་ཏེ། མཐའ་གཉིས་ཀྱིས་བར་དུ་ཆོད་པའི་ཡོད་པའམ་དེ་དང་འཕྲོད་འདུའི་འབྲེལ་པ་མི་རྟག་པའི་དོན་ཡིན་ནོ་ཞེ་ན། འོ་ན་མཐའ་གཉིས་པོ་གང་ཡིན་ཞེས་འདྲིའོ། །གཉིས་པ་ལ་གཉིས་ཏེ། སྔ་ཕྱིར་མེད་པ་མཐའ་གཉིས་ཡིན་པ་དགག རྒྱུ་དང་འབྲས་བུ་མཐའ་གཉིས་ཡིན་པ་དགག་པའོ། །དང་པོ་ནི། གཾལ། དངོས་པོ་སྔ་མ་སྐྱེས་ནས་མེད་པ་དང་། ཕྱིས་ཞིག་ནས་མེད་པ་གཉིས་པོ་མཐའ་གཉིས་ཡིན་ནོ་ཞེ་ན། དེ་ཉིད་མི་རྟག་པ་ཅིས་མིན། དངོས་པོའི་མི་རྟག་པ་ཅེས་པའི་དྲུག་སྒྲ་སོགས་སྦྱར་དུ་མི་རུང་བའི་ཕྱིར་ཏེ། དངོས་མེད་ཡིན་པས་དངོས་པོ་དང་འབྲེལ་བ་མེད་པའི་ཕྱིར་ཞེ་ན། མཐའ་གཉིས་ཆོས་ཅན། ཡོད་པའི་མཐའ་ཞེས་པའི་དྲུག་སྒྲ་མི་རུང་བར་ཐལ། དངོས་པོ་མེད་པའི་ཕྱིར། ཡོཾད། ཡོད་པ་ཁྱད་པར་བ་དང་འཕྲོད་འདུའི་འབྲེལ་པ་ཆོས་ཅན། མཐའ་གཉིས་ཀྱིས་ཁྱད་པར་དུ་བྱས་པར་འགྱུར་བ་མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། གཉིས་པ་ནི། གཾལ། རྒྱུ་དང་འབྲས་བུ་མཐའ་གཉིས་ཡིན་ཞིང་བར་གྱི་དངོས་པོ་དེ་ཡོད་པ་ཁྱད་པར་བ་ཡིན་ནོ་ཞེ་ན། ཡོད་པ་ཁྱད་པར་བ་ཆོས་ཅན། རྒྱུ་འབྲས་ཀྱིས་ཁྱད་པར་དུ་བྱས་པ་མིན་པར་ཐལ། རྒྱུ་འབྲས་ཀྱི་འབྲེལ་པ་མ་གྲུབ་པའི་ཕྱིར། རྟགས་ཁས་བླངས་ཏེ། དངོས་པོ་སྔར་མེད་པ་གང་ཞིག དེ་མེད་ན་རྒྱུ་འབྲས་མ་གྲུབ་དགོས་པའི་ཕྱིར། ཡོཾད། འཕྲོད་འདུའི་རྒྱུ་ནི་རྒྱུ་ཡིན་ལ། དེས་སྦྲེལ་བའི་འབྲེལ་པ་གཉིས་པོ་འབྲས་བུ་ཡིན་ཞིང་། རྒྱུཾ་འབྲས་དེ་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་ཡོད་པ་དེ་ཉིད་མི་རྟག་པ་ཡིན་ནོ་ཞེ་ན། ཡོད་པ་ཉིད་དང་། རང་རྒྱུ་གཉིས་དང་འབྲས་བུ་འབྲེལ་པའི་ཆ་དེ་ཆོས་ཅན། འབྲས་བུ་མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། གངཾ་། གལ་ཏེ་འབྲས་བུ་སྔར་མེད་པ་རྒྱུས་བྱེད་པས་སྐྱོན་མེད་དོ་ཞེ་ན། དངོས་པོ་ཆོས་ཅན། ཁྱོད་ལ་སྔར་མེད་ཁྱད་ཆོས་སུ་ལྡན་པ་མིན་པར་ཐལ། ཁྱོད་སྔར་མེད་དང་འབྲེལ་པ་མེད་པའི་ཕྱིར། དེས་ན་དངོས་པོ་ཐམས་ཅད་ཆོས་ཅན། རྟག་པར་ཐལ། སྔར་མེད་གསར་དུ་སྐྱེས་པ་མིན་པའི་ཕྱིར། འོ་ན་དངོས་པོ་དང་སྔ་ན་མེད་པ་ཐ་དད་དུ་འབྱེད་པའི་སྒྲ་རྟོག་མི་འཇུག་པར་འགྱུར་རོ་ཞེ་ན། དེཾས། དངོས་པོ་དང་སྔ་ན་མེད་པ་ཐ་དད་དུ་ཞེན་པའི་རྟོག་བློ་ཆོས་ཅན། དངོས་པོ་དང་སྔ་ན་མེད་པ་དོན་ལ་ཐ་དད་དུ་ཡོད་པའི་རྒྱུ་མཚན་གྱིས་འཇུག་པ་མིན་ཏེ། དེ་གཉིས་ལྡོག་པ་ཐ་དད་པའི་རྒྱུ་མཚན་གྱིས་འཇུག་པའི་ཕྱིར། དེ་གཉིས་ཐ་དད་དུ་བརྗོད་པའི་སྒྲ་ཡང་ཆོས་ཅན། ཆོས་རྟགས་འགྲེ། གཉིས་པ་ཁྱད་པར་མཐོང་བ་གཞན་དུ་འགྱུར་བ་སྤང་བ་ལ་ལྔ་སྟེ། བློ་དེ་ཚད་མ་མིན་པར་བསྟན། ཁྱད་པར་ཡུལ་ཅན་ཉིད་ཀྱང་མིན། ཚད་མ་ཡིན་པའི་སྒྲུབ་བྱེད་དགག དྲན་པ་གཅད་ཤེས་ཉིད་དུ་བསྟན། དྲན་པ་མིན་པའི་སྒྲུབ་བྱེད་འཁྲུལ་བའོ། །དང་པོ་ནི། སྐདཾ། མདོར། ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཐུག་པར་མི་འགྱུར་དྲན་སོགས་བཞིན། །ཞེས་པའི་དོན་འགྲེལ་ཏེ། སྔར་ཁང་ནང་དུ་མེ་མངོན་སུམ་གྱིས་མཐོང་ནས། ཕྱིས་ཁང་རྒྱབ་ཏུ་དུ་བའི་རྟགས་ལས་སྔར་གྱི་མེ་དེ་ཉིད་འདིའོ་ཞེས་ཁྱད་པར་ངོ་ཤེས་ཀྱི་བློ་དེ་ཆོས་ཅན། ཚད་མ་མིན་ཏེ། མེའི་སྐད་ཅིག་སྔ་ཕྱི་གཅིག་ཏུ་ཞེན་པའི་བློ་ཡིན་པའི་ཕྱིར། གཉིས་པ་ནི། མཐོཾང་། བློ་དེ་ཆོས་ཅན། སྔར་མེ་རང་མཚན་དངོས་ཡུལ་དུ་བྱེད་པ་མིན་པར་ཐལ། སྔར་མེ་དང་ཕྱིས་མེ་མཚུངས་པའི་སྤྱི་དངོས་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། གཾལ། མ་གྲུབ་སྟེ། སྔར་མེ་དེ་ངོ་ཤེས་ཀྱི་བློས་ཕྱིས་མེ་ཕྱི་མ་འཇལ་བའི་དཔེ་ཡིན་པའི་ཕྱིར་ཞེ་ན། དཔེཾ། སྔར་མེ་ཆོས་ཅན། ཁྱོད་འཇལ་བ་ལ་ངོ་ཤེས་ཀྱི་བློ་དོན་མེད་པར་ཐལ། ཁྱོད་ངོ་ཤེས་ཀྱི་བློའི་སྔར་ཚད་མ་གཞན་གྱིས་གྲུབ་ཟིན་བྱེད་པ་མ་ཉམས་པའི་ཕྱིར། གཾལ། སྐྱོན་མེད་དེ། ངོ་ཤེས་ཀྱི་བློའི་དུས་ན་བརྗེད་ཟིན་པའི་ཕྱིར་ཞེ་ན། སྔར་མེ་ཆོས་ཅན། ཁྱོད་ངོ་ཤེས་ཀྱི་བློའི་ངོར་དཔེ་ཡང་དག་མིན་པར་ཐལ། ཁྱོད་དེའི་དུས་ན་བརྗེད་ཟིན་པའི་ཕྱིར། གསུམ་པ་ནི། གཾལ། ངོ་ཤེས་ཀྱི་བློ་དེའི་མེ་ཕྱི་མ་ལ་སྔར་མེའི་དངོས་པོའི་ཆོས་སྔར་མ་རྟོགས་པ་འགའ་ཞིག་ཚད་མས་གྲུབ་པས་ཚད་མ་མ་ཡིན་པའི་སྐྱོན་མེད་དོ་ཞེ་ན། འོ་ན་མེ་སྔ་ཕྱི་ཐ་དད་ཡིན་ནམ་གཅིག་ཡིན། དང་པོ་ལྟར་ན་ངོ་ཤེས་ཀྱི་བློ་དེ་ཆོས་ཅན། ལོག་ཤེས་སུ་ཐལ། སྔར་མེ་ལས་དངོས་པོ་གཞན་ལ་སྔར་མེའི་དངོས་པོར་སྒྲོ་འདོགས་པའི་བློ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་དེ་ཆོས་ཅན། ཕྱིས་ཀྱི་མེ་ལ་ཚད་མ་མིན་པར་ཐལ། དེ་རང་གི་སྔར་ཚད་མ་གཞན་གྱིས་ཐ་སྙད་དུ་གྲུབ་པའི་ཕྱིར། རྟགས་ཁས་བླངས་ཏེ། སྔར་མེ་དང་ཕྱིས་མེ་གཅིག་ཡིན་པའི་ཕྱིར། བཞི་པ་ནི། གཞནཾ། ངོ་ཤེས་ཀྱི་བློ་དེ་ཆོས་ཅན། དྲན་ཤེས་ཡིན་ཏེ། སྔར་མེ་དང་ཕྱིས་མེ་གཅིག་ཏུ་མཚམས་སྦྱོར་བའི་ཞེན་བློ་ཡིན་པའི་ཕྱིར། ལྔ་པ་ནི། གཾལ། ངོ་ཤེས་ཀྱི་བློ་དེ་ཆོས་ཅན། དྲན་པ་མིན་ཏེ། རྟགས་ལ་ལྟོས་པའི་ཕྱིར་ཞེ་ན། རྟགས་ལ་ལྟོས་པ་དེ་ཆོས་ཅན། ཁྱོད་དེ་སྐོར་གྱི་རྟགས་ཡང་དག་མིན་ཏེ། ཁྱོད་ཀྱི་རྟགས་ཀྱི་དེ་སྐོར་གྱི་ཁྱབ་པ་འཁྲུལ་པའི་ཕྱིར། གཉིས་པ་སྐབས་ཀྱི་བརྗོད་བྱ་མངོན་སུམ་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་བོ་སྒྲུབ་བྱེད་མངོན་སུམ་ཡང་དག་བཤད། མ་འཁྲུལ་རྟོགས་ཕྱིར་མངོན་སུམ་ལྟར་སྣང་བཤད། གཞལ་བྱ་རྟོགས་པའི་སྒྲུབ་བྱེད་ཚད་འབྲས་བཤད་པའོ། །དང་པོ་ལ་བཞི་སྟེ། རྟོག་བྲལ་རྩོད་སྤོང་བཅས་ཏེ་དབང་པོའི་མངོན་སུམ་བཤད། རྐྱེན་གསུམ་རྩོད་སྤོང་བཅས་ཏེ་ཡིད་ཀྱི་མངོན་སུམ་བཤད། མྱང་བྱ་ཤེས་པ་སྒྲུབ་སྟེ་རང་རིག་མངོན་སུམ་བཤད། ཡང་དག་གསལ་སྣང་སྒྲུབ་སྟེ་རྣལ་འབྱོར་མངོན་སུམ་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་རྟོག་བྲལ་རིགས་པས་བསྒྲུབ། མཚན་མཚོན་གཉིས་ལ་རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ཏེ། བྲལ་བྱ་རྟོག་པ་བརྟགས་ཏེ་བསྒྲུབ། སྒྲུབ་བྱེད་ཤུགས་བསྟན་སྦྱར་ཏེ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། མིང་སྦྱོར་རྟོག་དང་བྲལ་བར་བསྒྲུབ། རིགས་སོགས་སྦྱོར་བའི་རྟོག་བྲལ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། རིགས་པས་འཐད་པའི་སྒྲུབ་བྱེད་དགོད། སྒྲུབ་བྱེད་ལྟར་སྣང་བཀོད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། འཁྲུལ་རྒྱུ་མེད་ན་མངོན་སུམ་ཉིད་ཀྱིས་འགྲུབ། འཁྲུལ་རྒྱུ་ཡོད་ན་རྟགས་ལ་བརྟེན་ནས་བསྒྲུབ། འཁྲུལ་རྒྱུ་བསྟན་ནས་དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། མངོཾན། དབང་མངོན་ཆོས་ཅན། རྟོག་པར་འཁྲུལ་རྒྱུ་མེད་ན་ཁྱོད་རྟོག་པ་དང་བྲལ་བར་རང་རིག་མངོན་སུམ་གྱིས་སྟོབས་ཀྱིས་འགྲུབ་སྟེ། རྟོག་པར་འཁྲུལ་རྒྱུ་མེད་ན་ཁྱོད་རྟོག་པ་དང་བྲལ་བ་ལ་ཁྱོད་མྱོང་རང་རིག་མངོན་སུམ་གྱིས་ངེས་པར་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། ཁྱབ་སྟེ། མིང་སྦྱོར་རྟོག་པ་ཡིན་ན་རང་ཉིད་རྟོག་པ་ཡིན་པ་ལ་རང་མྱོང་རང་རིག་མངོན་སུམ་གྱིས་ངེས་པ་རང་སྟོབས་ཀྱིས་འདྲེན་པས་ཁྱབ་པའི་ཕྱིར། དེ་ཉིད་བཤད་པ་ནི། ཐཾམས། རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་མིག་ཤེས་མ་འཁྲུལ་པ་དེ་ཆོས་ཅན། དབང་པོའི་མངོན་སུམ་ཡིན་ཏེ། རང་གི་ཐུན་མོང་མིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་དངོས་སུ་སྐྱེས་པའི་ཤེས་པ་མ་འཁྲུལ་བ་ཡིན་པའི་ཕྱིར། སླརཾ། དེ་ལྟ་བུའི་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་རྟོག་པ་མིན་ཏེ། ཁྱོད་མྱོང་རང་རིག་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དེས་ཁྱོད་རྟོག་པ་ཡིན་པར་ངེས་པ་མེད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཕྱོགས་ཆོས་བསྒྲུབ། གཏན་ཚིགས་དགོད། ཁྱབ་པ་བསྒྲུབ་པའོ། །དང་པོ་ནི། གཅིཾག དབང་མངོན་གྱི་ཡུལ་དུ་གྱུར་པའི་རང་མཚན་ཆོས་ཅན། ཁྱོད་དང་རྫས་གཅིག་པའི་སྤྱི་མེད་དེ། ཁྱོད་བརྡ་དུས་སུ་ཡོད་པ་ཐ་སྙད་ཀྱི་དུས་སུ་རྗེས་སུ་མི་འགྲོ་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་རྫས་གཞན་པའི་སྤྱི་མེད་དེ། ཁྱོད་ལས་རྫས་གཞན་པའི་སྤྱི་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་ནི། དེཾ། དབང་པོའི་མངོན་སུམ་ཆོས་ཅན། སྤྱི་དངོས་ཡུལ་དུ་བྱེད་པའི་རྟོག་པ་མིན་ཏེ། རང་མཚན་གཟུང་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། གསུམ་པ་ནི། ཁྱདཾ། རང་མཚན་ཆོས་ཅན། ཁྱོད་ལ་སྒྲ་དངོས་སུ་འཇུག་པ་མེད་དེ། ཁྱོད་ལ་བརྡ་དངོས་སུ་འཇུག་པ་མེད་པའི་ཕྱིར། ཁྱབ་སྟེ། སྒྲའི་དངོས་ཡུལ་ཡིན་ན་བརྡའི་དངོས་ཡུལ་ཡིན་དགོས་པའི་ཕྱིར། དེཾ། གཞན་ཡང་མིང་སྦྱོར་རྟོག་པའི་དངོས་ཡུལ་ཡིན་ན་དབང་ཤེས་ཀྱི་དངོས་ཡུལ་མ་ཡིན་པར་ཐལ། མིང་སྦྱོར་རྟོག་པ་ལ་རང་ཡུལ་གསལ་བར་སྣང་བ་མེད་པའི་ཕྱིར། གལ་ཏེ་མ་ཁྱབ་སྟེ། དབང་ཤེས་ལ་གཟུགས་གསལ་བར་སྣང་བའི་ཚེ་འདི་གཟུགས་སོ་ཞེས་བརྡ་སྦྱོར་བ་ཡོད་པའི་ཕྱིར་ཞེ་ན། མིཾག མིག་ཤེས་ལ་གཟུགས་སྣང་བཞིན་པ་ན་འདི་གཟུགས་སོ་ཞེས་བརྡ་སྦྱར་བའི་རྟོག་པའི་དངོས་ཡུལ་ཆོས་ཅན། ཁྱོད་དབང་ཤེས་ཀྱི་གཟུང་ཡུལ་མིན་པར་ཐལ། ཁྱོད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། དབཾང་། དབང་ཤེས་ཀྱི་གཟུང་ཡུལ་ཆོས་ཅན། ཁྱོད་དང་མིང་སྦྱོར་རྟོག་པའི་དངོས་ཡུལ་གྱི་གཞི་མཐུན་མེད་པར་ཐལ། དེ་ཡོད་ན་གཟུགས་ཞེས་པའི་སྒྲ་ལས་ལོང་བའི་རྒྱུད་ལ་གཟུགས་གསལ་བར་སྣང་བའི་དབང་ཤེས་སྐྱེ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །འབྲེཾལ། མིང་སྦྱོར་རྟོག་པའི་དངོས་ཡུལ་ཆོས་ཅན། ཁྱོད་དབང་ཤེས་ཀྱི་རྟོག་པའི་ཡུལ་མིན་པར་ཐལ། དེ་ཡིན་ན་གཟུགས་ཀྱི་བརྡ་མ་བྱས་པར་ཡང་གཟུགས་མཐོང་བ་ཙམ་གྱིས་གཟུགས་ཀྱི་བརྡ་ཤེས་པར་ཐལ་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། འཁྲུལ་རྒྱུ་བསྟན། རྩོད་པ་སྤོང་བའོ། །དང་པོ་ནི། རྟོགཾ རིགས་པ་ཅན་པ་ཆོས་ཅན། ཁྱོད་དབང་ཤེས་རྟོག་པར་འཁྲུལ་པའི་རྒྱུ་མཚན་ཡོད་དེ། གཟུགས་འཛིན་པའི་དབང་ཤེས་དང་། གཟུགས་འཛིན་པའི་རྟོག་པ་གཉིས་ཡུལ་གཟུགས་གཅིག་ལ་ཅིག་ཅར་འཇུག་པའམ་རིམ་གྱིས་འཇུག་ཀྱང་འཇུག་པ་མྱུར་བའི་རྒྱུ་མཚན་གྱིས་ཁྱོད་དེར་འཁྲུལ་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། གལཾ། གཟུགས་འཛིན་མིག་ཤེས་ཆོས་ཅན། རང་ཡུལ་གཟུགས་བར་མ་ཆད་དུ་མི་སྣང་བར་ཐལ། རང་ཡུལ་གཟུགས་འཛིན་པ་སྐད་ཅིག་སྔ་ཕྱིའི་བར་དུ་གཟུགས་འཛིན་རྟོག་པས་ཆོད་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། མཐོང་བ་རྒྱུན་ཆད་གཞན་ལ་མཚུངས། མི་མཚུངས་པ་ཡི་གཞན་ལན་དགག་པའོ། །དང་པོ་ནི། གཞཾན། རྟོག་པ་འདས་པའི་སྒྲ་ལ་འཇུག་དུས་ཀྱི་གཟུགས་འཛིན་མིག་ཤེས་ཆོས་ཅན། སྔ་མ་དེར་ཐལ། རང་ཡུལ་གཟུགས་འཛིན་སྐད་ཅིག་སྔ་ཕྱིའི་བར་དུ་འདས་པའི་སྒྲ་འཛིན་པའི་རྟོག་པས་ཆོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གཞན་ལན་བརྗོད། དཔེ་དོན་དགག་པའོ། །དང་པོ་ནི། གཾལ། དེ་ཆོས་ཅན། རང་ཡུལ་འཛིན་པ་བར་ཆད་དང་བཅས་པ་ཡིན་ཀྱང་བར་མ་ཆད་པར་སྣང་བ་ཡིན་ཏེ། རང་ཡུལ་འཛིན་པ་འཇུག་པ་མགྱོགས་པའི་ཕྱིར། དཔེར་ན་མགལ་མེ་མྱུར་དུ་བསྐོར་བའི་རྐྱེན་ལས་འཁོར་ལོའི་རྣམ་པར་སྣང་བ་བཞིན་ནོ་ཞེ་ན། གཉིས་པ་ལ་གཉིས་ཏེ། དོན་དགག དཔེ་དགག་པའོ། །དང་པོ་ལ་བཞི་སྟེ། འཇུག་པ་མྱུར་བ་གཞན་ལ་མཚུངས། དབང་བློ་ཅིག་ཅར་འཇུག་པར་ཐལ། ཡིད་བློ་ཅིག་ཆར་འཇུག་པར་ཐལ། གཉིས་ཀ་ལ་ཡོད་རྩོད་པ་སྤོང་བའོ། །དང་པོ་ནི། དེཾ། རྟོག་རྟོག་མེད་སྤེལ་ནས་སྐྱེ་བ་ལྟར་ན་ཡང་དབང་པོའི་མངོན་སུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཉིས་པ་ནི། ཡིཾ། ས་ར་ཐོས་པའི་ཉན་ཤེས་ཆོས་ཅན། རང་ཡུལ་ཡི་གེ་ཅིག་ཆར་དུ་ཐོས་པར་ཐལ། རང་ཡུལ་གྱི་ཡི་གེ་ལ་འཇུག་པ་མྱུར་བའི་ཕྱིར། གལ་ཏེ་དེ་དག་འཇུག་པ་མྱུར་ཡང་བར་མ་ཆད་དུ་མི་ཐོས་སོ་ཞེ་ན། འདིཾར། རྐྱེན་གསུམ་ཚན་པ་དྲུག་ཅིག་ཆར་དུ་ཉེ་བའི་ཚེ་གཟུགས་འཛིན་སྐད་ཅིག་སྔ་ཕྱིའི་བར་དུ་འཇུག་ཤེས་གཞན་ལྔས་བར་ཆོད་ཀྱང་བར་མ་ཆད་དུ་སྣང་། ས་ར་ཐོས་པའི་ཉན་ཤེས་ཀྱི་བར་དུ་ས་ར་འཛིན་པའི་རྟོག་པས་ཆོད་པའི་རྒྱུ་མཚན་གྱིས་བར་ཆད་དང་བཅས་པར་སྣང་བར་དམ་བཅས་པའི་དམ་བཅའ་དེ་ཆོས་ཅན། ཁྱོད་དམ་བཅའ་ཡང་དག་མིན་ཏེ། ཁྱོད་ཁས་བླངས་ནང་འགལ་དམ་བཅས་པའི་དམ་བཅའ་ཡིན་པའི་ཕྱིར། དེཾ། གཟུགས་འཛིན་རྟོག་པ་དང་རྟོག་མེད་ཀྱི་བློ་གཉིས་ཆོས་ཅན། ཁྱོད་རིམ་གྱིས་སྐྱེ་བའི་རྒྱུ་མཚན་གྱིས་དབང་ཤེས་ལ་གཟུགས་སྣང་བ་བར་ཆད་དང་བཅས་པར་སྣང་བ་མིན་པར་ཐལ། ཁྱོད་ཅིག་ཅར་སྐྱེ་བའི་ཕྱིར། ཡི་གེ་ས་ར་ཐོས་པའི་ཉན་ཤེས་དང་། འཇུག་ཤེས་དྲུག་ཡུལ་ལ་འཇུག་པའི་གནས་སྐབས་ཀྱི་གཟུགས་འཛིན་མིག་ཤེས་ཆོས་ཅན། བར་དང་བཅས་མ་བཅས་ཀྱི་ཁྱད་པར་མེད་པར་ཐལ། རང་ཡུལ་བར་མ་ཆད་དུ་སྣང་བ་མཚུངས་པའི་ཕྱིར། གསུམ་པ་ནི། ཡིཾད། ཡིད་རྟོག་འགའ་ཞིག་ཡུལ་ལ་འཇུག་དུས་ཀྱི་རྟོག་པ་ཆོས་ཅན། རང་ཡུལ་རིམ་ཅན་དུ་མི་འཛིན་པར་ཐལ། རང་ཡུལ་འཛིན་པ་འཇུག་པ་མྱུར་བའི་ཕྱིར། བཞི་པ་ནི། བློ་དུ་མ་ཅིག་ཆར་སྐྱེ་ན་ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པའི་ཚེ། སྒྲ་འཛིན་ཉན་ཤེས་མི་སྐྱེ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ལཾ། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པའི་ཚེ་ན་ཆོས་ཅན། སྒྲ་འཛིན་ཉན་ཤེས་མི་སྐྱེ་བར་ཐལ། སྒྲ་འཛིན་ཉན་ཤེས་ཀྱི་དེ་མ་ཐག་རྐྱེན་ཉམས་པའི་ཕྱིར། དེ་ལྟ་བུའི་རྩོད་པ་དེ་ཆོས་ཅན། ཁྱོད་སངས་རྒྱས་པ་ཁོ་ནས་སྤང་བར་བྱ་བ་མིན་པར་ཐལ། ཁྱོད་སངས་རྒྱས་པ་དང་རིགས་པ་ཅན་པ་གཉིས་ཀས་སྤོང་དགོས་པའི་ཕྱིར། གཉིས་པ་ནི། མགཾལ། མགལ་མེ་མྱུར་དུ་བསྐོར་བའི་རྐྱེན་ལས་འཁོར་ལོའི་རྣམ་པར་སྣང་བའི་དབང་ཤེས་ཆོས་ཅན། མགལ་མེ་རང་མཚན་སྣང་ཡང་འཇུག་པ་མྱུར་བས་མཚམས་སྦྱོར་བ་མིན་པར་ཐལ། མགལ་མེ་མྱུར་དུ་བསྐོར་བའི་རྐྱེན་གྱིས་གནོད་པ་བྱས་པའི་དབང་པོ་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་སྒྲུབ་བྱེད་ལྟར་སྣང་བཀོད་པ་དགག་པ་ལ་གཉིས་ཏེ། སྒྲུབ་བྱེད་ལྟར་སྣང་བརྗོད། དཔེ་དོན་སོ་སོར་དགག་པའོ། །དང་པོ་ནི། ལཾ། སྲིད་པའི་བདག་པོ་ལ་སོགས་པའི་མདོའི་འགྲེལ་བྱེད་ལ་ལ་ན་རེ། བརྡ་མི་རྒན་པོའི་དབང་ཤེས་ཆོས་ཅན། རྟོག་མེད་ཡིན་ཏེ། དབང་པོ་ལས་སྐྱེས་པ་དང་། ཡིད་ལས་མ་བྱུང་བ་དང་། མྱོང་བའི་རྣམ་པས་འཇུག་པའི་ཕྱིར། དཔེར་ན་བྱིས་པའི་དབང་བློ་བཞིན། དེ་རྟོག་མེད་ཡིན་པའི་རྒྱུ་མཚན་ནི། བྱིས་པའི་རྒྱུད་ཀྱི་བློ་གང་ཡིན་པ་དེ་བརྡ་འཛིན་པའི་ནུས་པ་ཉམས་པའི་ཕྱིར་ཞེས་སྨྲའོ། །གཉིས་པ་ལ་གཉིས་ཏེ། དཔེ་དགག དོན་དགག་པའོ། །དང་པོ་ནི། དེཾ། བྱིས་པའི་རྒྱུད་ཀྱི་བློ་ཆོས་ཅན། ཁྱོད་དཔྱོད་པ་ཡིན་པ་མི་སྲིད་པར་ཐལ། ཁྱོད་བརྡ་འཛིན་པ་མི་སྲིད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཕྱིས་ཀྱང་བརྡ་འཛིན་པ་མི་སྲིད་པར་ཐལ། དཔྱོད་པ་དང་བྲལ་བའི་ཕྱིར། གཾལ། བྱིས་པ་ལ་བརྡ་ལ་མ་བྱང་བའི་དཔྱོད་པ་ཡོད་པས་དེས་ཕྱིས་བརྡ་འཛིན་པ་ཡིན་ནོ་ཞེ་ན། བྱིས་པའི་དབང་ཤེས་ཆོས་ཅན། ཕྱིས་བརྡ་འཛིན་པར་འགྱུར་བར་ཐལ། བྱིས་པའི་དཔྱོད་པ་ད་ལྟ་རྟོག་མེད་ཡིན་ཀྱང་ཕྱིས་བརྡ་འཛིན་པར་འགྱུར་བ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། གཉིས་པ་ནི། འདིཾ། དབང་པོ་ལས་སྐྱེས་པ་སོགས་ཆོས་ཅན། ཁྱོད་རྒན་པོའི་དབང་བློ་རྟོག་བྲལ་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྐོར་གྱི་ཁྱབ་པ་མ་ངེས་པའི་ཕྱིར། རྒན་པོའི་དབང་བློ་ཆོས་ཅན། ཁྱོད་རྟོག་བྲལ་དུ་སྒྲུབ་པ་ལ་བརྡ་འཛིན་པ་ཉམས་པ་འགོད་རིགས་པར་ཐལ། བྱིས་པའི་བློ་རྟོག་བྲལ་དུ་སྒྲུབ་པ་ལ་དེ་འགོད་རིགས་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། དབང་པོ་ལས་སྐྱེས་པ་གཏན་ཚིགས་ལྟར་སྣང་དུ་བསྟན་པ་ཆོས་ཅན། མྱོང་བའི་རྣམ་པས་འཇུག་པ་སོགས་ཀྱང་གཏན་ཚིགས་ལྟར་སྣང་དུ་བསྟན་པ་ཡིན་ཏེ། རིགས་པ་མཚུངས་པའི་ཕྱིར། གཉིས་པ་རིགས་སོགས་སྦྱོར་བའི་རྟོག་བྲལ་བསྒྲུབ་པ་ལ་གཉིས་ཏེ། ཐ་དད་རྟོག་པ་མེད་པས་བསྒྲུབ། སྔ་ཕྱི་བསྲེ་བ་མེད་པས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཁྱབ་པ་བསྟན་ཏེ་གཏན་ཚིགས་དགོད། གཏན་ཚིགས་དེ་ཡི་ཕྱོགས་ཆོས་བསྒྲུབ་པའོ། །དང་པོ་ནི། རིགས་པ་ཅན་པས་བ་ལང་འཛིན་པའི་དབང་ཤེས་དེ་རྫས་བ་ལང་ལ་བ་ལང་གི་རིགས་དང་། ཡོན་ཏན་དང་། བྱ་བ་གསུམ་སྦྱར་ནས་འཛིན་པའི་རྟོག་པ་གསུམ་ཡིན་པར་འདོད་དོ། །དེ་དགག་པ་ནི། ཁྱདཾ། བ་ལང་འཛིན་པའི་དབང་ཤེས་ཆོས་ཅན། རྫས་བ་ལང་ལ་བ་ལང་གི་རིགས་སོགས་སྦྱོར་བའི་རྟོག་པ་མིན་ཏེ། བ་ལང་གི་རིགས་སོགས་སོ་སོར་མ་བཟུང་བའི་ཕྱིར། ཁྱབ་སྟེ། ཆོས་བཞི་བསྡོམས་ནས་འཛིན་པ་ལ་ཆོས་བཞི་སོ་སོར་འཛིན་པའི་བློ་སྔོན་དུ་འགྲོ་དགོས་པའི་ཕྱིར། སྐྱེས་བུ་དབྱུག་པ་ཅན་དུ་འཛིན་པ་ལ་སྐྱེས་བུ་དང་དབྱུག་པ་སོ་སོར་འཛིན་པའི་བློ་སྔོན་དུ་འགྲོ་དགོས་པ་བཞིན། གཉིས་པ་ལ་གསུམ་སྟེ། རིགས་གཞན་དབང་ཤེས་ཀྱིས་མི་འཛིན། འབྲེལ་པ་དབང་ཤེས་ཀྱིས་མི་འཛིན། རིགས་སོགས་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། གལ་ཏེ་མ་གྲུབ་སྟེ། དབང་ཤེས་ཀྱིས་མཐོང་བའི་དཀར་ཟལ་ལ་བ་སྤྱི་དངོས་པོ་བ་ཡོད་པའི་ཕྱིར་ཞེ་ན། རྗེསཾ། བ་སྤྱི་འཛིན་པའི་རྣམ་ཤེས་ཆོས་ཅན། ཁྱོད་ལ་སྣང་བ་དེ་བ་སྤྱི་དངོས་པོ་བ་མིན་པར་ཐལ། ཁྱོད་ལ་བ་ལང་ཞེས་པའི་སྒྲའི་རྣམ་པ་དང་། ཁ་དོག་དང་། དབྱིབས་ཀྱི་རྣམ་པར་སྣང་བའི་ཕྱིར། ཁྱབ་སྟེ། བ་སྤྱི་དེ་དེ་དག་གིས་སྟོང་པར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་རྣམ་པ་དེ་ཉིད་བ་སྤྱི་ཡིན་ནོ་ཞེ་ན། མིག་ཤེས་ཆོས་ཅན། རྟོག་པ་ལ་དངོས་སུ་སྣང་བ་དེ་ཁྱོད་ཀྱི་ཡུལ་མིན་ཏེ། ཁྱོད་དང་རྟོག་པ་གཉིས་རང་ཡུལ་གསལ་བར་སྣང་བ་དང་མི་གསལ་བར་སྣང་བའི་ཁྱད་པར་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། འཕྲོད་འདུ་དབང་པོའི་ཡུལ་ལས་འདས། འཕྲོད་འདུ་ཡོད་པའི་སྒྲུབ་བྱེད་དགག འཕྲོད་འདུ་མེད་ཀྱང་དངོས་མིང་འཐད་པའོ། །དང་པོ་ནི། དབཾང་། དབང་ཤེས་ཆོས་ཅན། རིགས་དང་རིགས་ལྡན་གྱི་འཕྲོད་འདུའི་འབྲེལ་པ་མ་བཟུང་སྟེ། སྤྱིར་འཕྲོད་འདུའི་འབྲེལ་པ་མ་བཟུང་བའི་ཕྱིར། གཉིས་པ་ནི། གལ་ཏེ་མ་གྲུབ་སྟེ། འཕྲོད་འདུ་དབང་པོ་ལས་འདས་པར་གཟེགས་ཟན་གཅིག་པོས་འདོད་ཀྱི། གཞན་གྱིས་མི་འདོད་དེ། དབང་ཤེས་ཀྱིས་མཐོང་བའི་སྣལ་མ་ལ་འདི་སྣམ་བུའོ་ཞེས་དང་། རྭ་ལ་བ་ལང་ངོ་ཞེས་པའི་སྒྲ་བློ་འཇིག་རྟེན་ན་གྲགས་པའི་ཕྱིར་ཞེ་ན། སྣལཾ། སྣལ་མ་འདི་ལ་སྣམ་བུའོ་ཞེས་པའི་སྒྲ་ཆོས་ཅན། འཇིག་རྟེན་ན་གྲགས་པའི་ཐ་སྙད་དོན་མཐུན་མིན་པར་ཐལ། རིགས་པ་ཅན་པ་རང་གིས་རང་དགར་བྱས་པའི་ཕྱིར། རྭ་ལ་བ་ལང་ཞེས་པའི་ཐ་སྙད་དེ་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་མིན་པར་ཐལ། འཇིག་རྟེན་ན་བ་ལང་ལ་རྭ་ཞེས་གྲགས་པའི་ཕྱིར། བ་ལང་ལ་རྭ་ཞེས་པའི་ཐ་སྙད་ཆོས་ཅན། འཕྲོད་འདུའི་འབྲེལ་པའི་རྒྱུ་མཚན་མིན་པར་ཐལ། བ་ལང་གི་ཡན་ལག་ལྷག་མ་དང་རྭ་སོ་སོར་རྣམ་པར་མ་བཅད་པ་ཙམ་ལ་དངོས་སུ་འཇུག་པའི་ཕྱིར། སྣལཾ། སྔར་གྱི་སྣལ་མ་དེ་རྣམས་ཀྱི་སྣམ་བུ་འདིའོ་ཞེས་པའི་ཐ་སྙད་ཆོས་ཅན། སྣལ་མ་དང་སྣམ་བུའི་འཕྲོད་འདུའི་འབྲེལ་པའི་དབང་གིས་འཇུག་པའི་ཐ་སྙད་མིན་པར་ཐལ། འབྲས་བུ་སྣམ་བུ་ལ་རྒྱུ་སྣལ་མར་སྒྲོ་བཏགས་པས་ཐ་སྙད་ཡིན་པའི་ཕྱིར། འགཾལ། སྣམ་བུའི་དཀྱིལ་ནས་སྣལ་མ་གཅིག་བཀར་ཏེ། སྔར་གྱི་སྣལ་མ་འདིའོ་ཞེས་པའི་ཐ་སྙད་ཆོས་ཅན། སྔ་མ་དེར་ཐལ། འབྲས་དུས་ཀྱི་སྣལ་མ་ལ་རྒྱུ་དུས་ཀྱི་སྣལ་མར་སྒྲོ་བཏགས་པའི་ཐ་སྙད་ཡིན་པའི་ཕྱིར། ཕཾན། བ་ལང་ལ་རྭའོ་ཞེས་པའི་སྒྲ་བློ་ཆོས་ཅན། འཕྲོད་འདུའི་འབྲེལ་པའི་རྒྱུ་མཚན་མིན་པ་ཐལ། བ་ལང་གི་ཡན་ལག་རྣམས་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་པ་གྲུབ་པའི་རྒྱུ་མཚན་གྱིས་ལིང་པོ་གཅིག་ཏུ་གནས་པ་ལ་འཇུག་པའི་ཕྱིར། གསུམ་པ་ནི། འཁྲུལཾ། བ་ལང་ཞེས་པའི་དངོས་མིང་ཆོས་ཅན། སྔ་མ་དེར་ཐལ། བ་ལང་འཁྲུལ་མེད་དུ་གོ་བའི་མིང་གི་དངོས་ཡུལ་དེ་ཁྱོད་ཀྱི་དངོས་ཡུལ་ཡིན་པའི་ཕྱིར། གསུམ་པ་ལ་བཞི་སྟེ། རིགས་གཞན་ཡོད་པའི་སྒྲུབ་བྱེད་མེད། ཡོད་པར་འདོད་པའི་སྒྲུབ་བྱེད་དགག རིགས་གཞན་མེད་ཀྱང་སྒྲ་བློ་འཐད། དགག་སྒྲུབ་གཉིས་ཀྱི་དོན་བསྡུ་བསྟན་པའོ། །དང་པོ་ནི། དངོཾས། བ་གསལ་ཆོས་ཅན། ཁྱོད་ལ་བ་སྤྱི་དོན་གཞན་རྟོགས་པའི་རྗེས་དཔག་མེད་དེ། ཁྱོད་ལ་བ་སྤྱི་དོན་གཞན་ཡོད་པར་སྒྲུབ་པའི་རྟགས་དང་མཐུན་དཔེ་ཡང་དག་མེད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། མཐུན་དཔེ་བསྒྲུབ་བྱའི་ཆོས་ཀྱིས་སྟོང་། གཏན་ཚིགས་མི་མཐུན་ཕྱོགས་ལ་ཞུགས། ཉེས་སྤོང་དངོས་རྟགས་ཁྱད་པར་དགག་པའོ། །དང་པོ་ནི། དབྱུགཾ སྐྱེས་བུ་དབྱུག་པ་ཅན་ཞེས་པའི་སྒྲ་དེ་ཆོས་ཅན། སྐྱེས་བུ་དང་དབྱུག་པའི་ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་པ་དོན་དམ་པར་ཡོད་པའི་དབང་གིས་འཇུག་པ་མིན་ཏེ། དེ་གཉིས་ཀྱི་འབྲེལ་བ་རྟོག་པས་སྒྲོ་བཏགས་པའི་དབང་གིས་འཇུག་པའི་ཕྱིར། གཉིས་པ་ནི། གལ་ཏེ་གཏན་ཚིགས་མེད་པ་མ་གྲུབ་སྟེ། བ་གསལ་རྣམས་ལ་བ་ལང་ཞེས་པའི་སྒྲ་བློ་འཇུག་པའི་ཕྱིར་ཞེ་ན། དངོཾས། དངོས་པོ་ཞེས་པ་དང་ཁང་བཟང་གི་ཕྲེང་བ་ཞེས་པའི་སྒྲ་ཆོས་ཅན། རིམ་པ་ལྟར་ཚིག་གི་དོན་དྲུག་དང་ཁང་བཟང་ལ་མི་འཇུག་པར་ཐལ། དེ་གཉིས་ལ་ཁྱོད་ཀྱི་བརྗོད་བྱ་དོན་གཞན་མེད་པའི་ཕྱིར། གཾལ། གལ་ཏེ་ཁང་པ་དེ་རྫས་རིགས་མི་མཐུན་འདུས་པའི་ལྡན་པ་ཡིན་ནོ་ཞེ་ན། ཁང་བཟང་གི་ཕྲེང་བ་དེ་ཅི་ཞིག་ཡིན་ཞེས་དྲིས་པས། ཁང་བཟང་གི་རིགས་ཡིན་ནོ་ཞེ་ན། ཁང་བཟང་གཅིག་ཆོས་ཅན། ཁང་བཟང་གི་ཕྲེང་བ་ཞེས་པའི་སྒྲ་དེ་ཁྱོད་ལ་འཇུག་པར་ཐལ། དེ་ཁྱོད་ལ་རིགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། དཔེར་ན་ཤིང་གཅིག་ལ་ཡང་ཤིང་ཞེས་པའི་སྒྲ་འཇུག་པ་བཞིན་ནོ། །ཕྲེཾང་། ཁང་བཟང་གི་ཕྲེང་བ་མང་པོ་ཆོས་ཅན། ཁྱོད་ལ་ཁང་བཟང་གི་ཕྲེང་བ་ཞེས་པའི་སྒྲ་མི་འཇུག་པར་ཐལ། ཁྱོད་རིགས་ཡིན་པ་གང་ཞིག རིགས་ལ་རིགས་གཉིས་པ་མེད་པའི་ཕྱིར། གསུམ་པ་ནི། ཕྲེཾང་། ཁང་བཟང་གི་ཕྲེང་བ་སོགས་ལ་ཆེན་པོ་སོགས་ཀྱི་སྒྲ་བཏགས་མིང་དུ་འཇུག་པ་ཡིན་ཏེ། བརྗོད་བྱ་དོན་གཞན་ཡོད་པ་ལ་མིང་དེ་དངོས་མིང་དང་། བརྗོད་བྱ་དོན་གཞན་མེད་པ་ལ་མིང་དེ་བཏགས་མིང་དུ་འཇུག་པའི་ཕྱིར་ཞེ་ན། ཁང་བཟང་གི་ཕྲེང་བ་ཆེན་པོ་སོགས་ཆོས་ཅན། ཁྱོད་ལ་ཆེན་པོ་ཞེས་པའི་སྒྲ་བཏགས་མིང་དུ་འཇུག་པ་མིན་པར་ཐལ། ཁྱོད་ཆེན་པོ་དངོས་མིང་ཡིན་པའི་ཕྱིར། དངོཾས། བརྗོད་བྱ་དོན་གཞན་ཡོད་པ་ལ་མིང་དེ་དངོས་མིང་དང་། བརྗོད་བྱ་དོན་གཞན་མེད་པ་ལ་མིང་དེ་བཏགས་མིང་དུ་འཇུག་པ་མ་ངེས་པར་ཐལ། ཚིག་གི་དོན་དྲུག་ལ་ཚིག་གི་དོན་ཞེས་པའི་སྒྲ་འཇུག་པའི་རྒྱུ་བརྗོད་བྱ་དོན་གཞན་མེད་པའི་ཕྱིར། ཇིཾ། བརྗོད་བྱ་དོན་གཞན་མེད་ཀྱང་དངོས་མིང་དང་བཏགས་མིང་གི་ཁྱད་པར་འཐད་དེ། དོན་དེ་ལ་འདོད་རྒྱལ་དུ་ཐོག་མར་བརྡར་བཏགས་པའི་མིང་དེ་དོན་དེ་ལ་དངོས་མིང་དང་། དོན་དེ་དང་ཆོས་མཚུངས་པའི་དོན་གཞན་ལ་རྗེས་སྒྲུབ་ཏུ་བརྡར་བཏགས་པའི་མིང་དེ་དོན་གཞན་ལ་བཏགས་མིང་ཡིན་པའི་ཕྱིར་རོ། །གལ་ཏེ་གྲགས་པ་དངོས་མིང་ཡིན་མོད་ཀྱི། གྲགས་པ་དེ་ཡང་བརྗོད་བྱ་དོན་གཞན་ཁྱད་ཆོས་སུ་ཡོད་པའི་དབང་གིས་འཇུག་པ་ཡིན་ནོ་ཞེ་ན། གྲཾགས། གྲགས་པ་ཆོས་ཅན། དངོས་དབང་གིས་འཇུག་པ་མིན་ཏེ། བརྡའི་དབང་གིས་འཇུག་པ་ཡིན་པའི་ཕྱིར། བརྡ་དེ་ཡང་ཆོས་ཅན། དངོས་དབང་གིས་འཇུག་པ་མིན་ཏེ། བརྗོད་འདོད་ཀྱི་དབང་གིས་འཇུག་པའི་ཕྱིར། བརྗོད་བྱ་དོན་གཞན་མེད་ཀྱང་བརྡར་སྦྱར་བ་ཆོས་ཅན། དགོས་པ་ཡོད་དེ། ཐ་སྙད་འཇུག་ལྡོག་གི་དོན་དུ་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། འབྲས་བུ་གཅིག་པས་སྤྱི་འཛིན་འཇུག གཞན་སེལ་སྒྲ་ཡི་ཡུལ་དུ་བསྟན། སྤྱི་དངོས་སྒྲ་ཡི་ཡུལ་མིན་པའོ། །དང་པོ་ནི། གསལ་བ་དུ་མ་ལ་སྤྱི་གཅིག་དོན་ལ་མེད་ན་སྤྱི་འཛིན་ཇི་ལྟར་འཇུག་ཅེ་ན། ཐཾ། བུམ་གསལ་དུ་མ་ཆོས་ཅན། བུམ་པའི་སྤྱི་འཛིན་གྱི་བློ་འཇུག་སྟེ། བུམ་པ་མིན་པ་ལས་ལོག་པར་མཚུངས་པའི་ཕྱིར། ཐཾ། བུམ་གསལ་དུ་མ་ཆོས་ཅན། སེལ་ངོར་བུམ་པ་རིགས་གཅིག་པ་ཡིན་ཏེ། བུམ་པ་རིགས་གཅིག་ཏུ་འཛིན་པའི་ཤེས་པ་དོན་མཐུན་གྱི་རྒྱུ་ཡིན་པའི་ཕྱིར། བུམ་འཛིན་གྱི་ཤེས་པ་དུ་མ་ཆོས་ཅན། ཤེས་པ་རིགས་གཅིག་ཡིན་ཏེ། ཤེས་པ་རིགས་གཅིག་ཏུ་འཛིན་པའི་རྟོག་པ་དོན་མཐུན་གྱི་རྒྱུ་ཡིན་པའི་ཕྱིར། དེཾ། བུམ་གསལ་དུ་མ་ཆོས་ཅན། བུམ་པའི་གཞན་སེལ་བའི་སྤྱི་ཡོད་པ་ཡིན་གྱི་བུམ་སྤྱི་དངོས་པོ་བ་མེད་དེ། སེལ་ངོར་བུམ་པ་རིགས་གཅིག་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐ་སྙད་ཡུལ་ཡང་གཞན་སེལ་ཡིན། བརྡ་ཡི་ཡུལ་ཡང་གཞན་སེལ་ཡིན་པའོ། །དང་པོ་ལ་གཉིས་ཏེ། འཇུག་ཡུལ་དོན་གྱི་གཞན་སེལ་ཡིན། དངོས་ཡུལ་བློ་ཡི་གཞན་སེལ་ཡིན་པའོ། །དང་པོ་ནི། དངོཾས། བུམ་པ་ཞེས་པའི་སྒྲ་ཆོས་ཅན། བུམ་གསལ་རང་མཚན་འཐོབ་པར་བྱེད་དེ། ཁྱོད་ཀྱི་དངོས་ཀྱི་བརྗོད་བྱ་གཞན་སེལ་དེ་བུམ་གསལ་རྣམས་ལ་ཡོད་པའི་ཕྱིར། འོ་ན་བུམ་པ་རང་མཚན་དངོས་སུ་བརྗོད་པར་འགྱུར་རོ་ཞེ་ན། ཕྱི།ཾ དེ་ཆོས་ཅན། བུམ་པ་རང་མཚན་དངོས་སུ་མ་བརྗོད་ཀྱང་བུམ་པ་རང་མཚན་གྱི་མཐར་ཐུག་པ་ཅན་ཡིན་ཏེ། ཁྱོད་ཀྱི་དངོས་ཀྱི་བརྗོད་བྱ་གཞན་སེལ་བུམ་གསལ་རང་མཚན་ལ་བརྒྱུད་ནས་འབྲེལ་པ་ཡིན་པའི་ཕྱིར། དེཾས། དེ་ཆོས་ཅན། བུམ་པའི་གཞན་སེལ་བརྗོད་པ་ཡིན་ཏེ། བུམ་པའི་བློའི་གཞན་སེལ་དངོས་སུ་བརྗོད་པས་དོན་གྱི་གཞན་སེལ་འཐོབ་པར་བྱེད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། བློ་ལ་དོན་དུ་འཁྲུལ་པའི་རྒྱུ། འཁྲུལ་པ་མེད་ན་བརྗོད་བྱ་མིན། འཁྲུལ་ན་བརྗོད་བྱ་རུང་བར་བསྟན་པའོ། །དང་པོ་ནི། ལྡོགཾ བུམ་པ་ཞེས་པའི་སྒྲ་ལས་བུམ་འཛིན་རྟོག་པ་ལ་ཤར་བའི་གཟུགས་བརྙན་དེ་ཆོས་ཅན། ཁྱོད་ཕྱི་རོལ་བུམ་པ་མ་ཡིན་ཏེ། ཁྱོད་ལ་ཕྱི་རོལ་བུམ་པ་འཛིན་པའི་བློ་དེ་འཁྲུལ་པ་ཡིན་པའི་ཕྱིར། འཁྲུལ་པ་དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། ཁྱོད་རང་རྒྱུ་བག་ཆགས་སྔ་མ་ལས་བྱུང་བའི་ཕྱིར། གཉིས་པ་ནི། དེཾ། རང་སྡེ་ཁ་ཅིག རྟོག་པ་ལ་སྣང་བའི་རྣམ་པ་དེ་དོན་དུ་ཞེན་པ་ལ་མི་ལྟོས་པར་སྒྲའི་དངོས་ཀྱི་བརྗོད་བྱ་འདོད་པ་ལྟར་ན་བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ལས་བུམ་པ་མི་རྟོགས་པར་ཐལ། ཁྱོད་ཀྱིས་བུམ་པ་ལས་རྫས་གཞན་པའི་རྟོག་པའི་རྣམ་པར་དངོས་སུ་བརྗོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་པ་རྟོགས་པའི་ཆེད་དུ་ཁྱོད་བརྡ་སྦྱར་བ་ལ་དགོས་པ་མེད་པར་ཐལ། འདོད་པ་དེའི་ཕྱིར། སྒྲསཾ། འོ་ན་བུམ་པ་ཞེས་པའི་སྒྲས་ཅི་ཞིག་བརྗོད་པ་ཡིན་ཞེ་ན། དེ་ཆོས་ཅན། བུམ་པའི་གཞན་སེལ་བརྗོད་པ་ཡིན་ཏེ། བུམ་འཛིན་རྟོག་པའི་རྣམ་པ་ལ་ཕྱི་རོལ་བུམ་པར་སྒྲོ་བཏགས་པ་དེ་བརྗོད་པའི་ཕྱིར། བུམ་འཛིན་རྟོག་པའི་རྣམ་པ་ཆོས་ཅན། ཕྱི་རོལ་བུམ་པར་སྒྲོ་བཏགས་པ་ལ་མ་ལྟོས་པར་ཁྱོད་དངོས་སུ་བརྗོད་པས་བུམ་པ་མི་འཐོབ་པར་ཐལ། ཁྱོད་བུམ་པ་ལ་མེད་པའི་ཕྱིར། རྗེསཾ། བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་རྟོག་པའི་རྣམ་པ་དོན་དུ་མ་ཞེན་པ་དེ་དངོས་སུ་མ་བརྗོད་པར་ཐལ། ཁྱོད་ཀྱིས་བུམ་སྤྱི་དངོས་སུ་བརྗོད་པ་དེ། ཕྱི་རོལ་བུམ་པ་ཐོབ་པའི་འབྲས་བུ་ཅན་ཡིན་པ་གང་ཞིག རྟོག་པའི་རྣམ་པ་དེ་བུམ་གསལ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། གསུམ་པ་ནི། དེཾ། བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བུམ་པར་ཞེན་པ་ལ་ལྟོས་ནས་བུམ་འཛིན་རྟོག་པའི་རྣམ་པ་བརྗོད་པ་ཡིན་ཏེ། ཁྱོད་ལས་བུམ་འཛིན་རྟོག་པའི་རྣམ་པ་བུམ་པར་སྒྲོ་བཏགས་པ་དེ་དངོས་སུ་རྟོག་པའི་སྒོ་ནས་བུམ་པ་རང་མཚན་འཐོབ་པར་འགྱུར་བའི་ཕྱིར། ཤེཾས། བུམ་འཛིན་རྟོག་པའི་རྣམ་པ་ཆོས་ཅན། ཁྱོད་སེལ་ངོར་བུམ་གསལ་རྣམས་ལ་རྗེས་སུ་འགྲོ་བ་ཡིན་ཏེ། བུམ་འཛིན་རྟོག་པ་དེས་ཁྱོད་བུམ་པར་འཁྲུལ་པའི་ཕྱིར། བུམ་པ་ཞེས་པའི་སྒྲ་ཆོས་ཅན། བུམ་པའི་གཞན་སེལ་དངོས་སུ་བརྗོད་དེ། བུམ་འཛིན་རྟོག་པའི་རྣམ་པ་ལ་བུམ་པར་འཁྲུལ་པ་དངོས་སུ་བརྗོད་པའི་ཕྱིར། གཉིས་པ་ནི། དེཾ། བརྡའི་དུས་ན་ཡང་བུམ་པ་ཞེས་པའི་སྒྲ་ཆོས་ཅན། བུམ་པའི་གཞན་སེལ་ལ་དངོས་སུ་སྦྱོར་བ་ཡིན་ཏེ། བུམ་གསལ་རང་མཚན་ཐོབ་པའི་འབྲས་བུ་ཅན་གྱི་རྟོག་པའི་རྣམ་པ་ལ་ཕྱི་རོལ་བུམ་པར་འཁྲུལ་པ་དེ་ལ་དངོས་སུ་སྦྱོར་བའི་ཕྱིར། གསུམ་པ་སྤྱི་དངོས་སྒྲའི་ཡུལ་མ་ཡིན་པ་ནི། གཞནཾ། བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་བུམ་སྤྱི་དངོས་པོ་བ་ལ་འཇུག་པ་མིན་ཏེ། ཁྱོད་ལས་དོན་གོ་བ་དེ་གཞན་སེལ་གྱི་སྒོ་ནས་བརྡ་སྦྱོར་བ་ལ་ལྟོས་པའི་ཕྱིར། བཞི་པ་དགག་སྒྲུབ་གཉིས་ཀྱི་མཇུག་སྡུད་བསྟན་པ་ནི། དེཾ། དབང་ཤེས་ཀྱིས་མཐོང་བའི་གསལ་བ་ཆོས་ཅན། ཁྱོད་ལ་རྫས་གཞན་པའི་རིགས་སོགས་ཡོད་པ་མ་ཡིན་ཏེ། དེ་སྣང་རུང་མ་དམིགས་པའི་ཕྱིར། དེས་ན་བུམ་པ་ཞེས་པའི་སྒྲ་ཆོས་ཅན། དོན་རང་མཚན་དང་སྤྱི་དངོས་པོ་བ་ལ་དངོས་སུ་འཇུག་པ་མིན་ཏེ། གཞན་སེལ་གྱི་སྤྱི་ལ་དངོས་སུ་སྦྱོར་བའི་ཕྱིར། གཉིས་པ་སྔ་ཕྱི་བསྲེ་བ་མེད་པས་བསྒྲུབ་པ་ལ་གསུམ་སྟེ། སྔ་ཕྱི་འཛིན་པ་མེད་པས་བསྲེ་བ་མེད། གཞན་ལ་རྟོག་ཀྱང་མཐོང་བས་བརྡ་མི་འཛིན། མིང་སྦྱོར་རྟོག་པ་ཡིན་ན་ཧ་ཅང་ཐལ་བའོ། །དང་པོ་ནི། བཾརྡ། དབང་ཤེས་ཆོས་ཅན། སྔ་ཕྱི་གཅིག་ཏུ་བསྲེས་ནས་འཛིན་པའི་རྟོག་པ་མིན་ཏེ། སྔ་ཕྱི་གཅིག་ཏུ་འཛིན་པས་སྟོང་པའི་ཕྱིར། གཉིས་པ་ནི། གཞནཾ། རྟོག་པ་འདས་པའི་སྒྲ་ལ་འཇུག་དུས་ཀྱི་ད་ལྟར་གྱི་གཟུགས་མཐོང་བའི་དབང་ཤེས་ཆོས་ཅན། བརྡ་དྲན་གྱིས་བསྐྱེད་པའི་མིང་སྦྱོར་རྟོག་པ་མིན་ཏེ། རང་ཡུལ་གྱི་བརྡ་མི་འཛིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། དབང་ཤེས་འདོད་པས་འཇུག་པར་ཐལ། གཟུགས་འཛིན་མྱོང་བ་མེད་པར་ཐལ། རང་མཚན་སྣང་བ་མེད་པར་ཐལ་བའོ། །དང་པོ་ནི། གཾང་། དབང་ཤེས་མ་འཁྲུལ་བ་ཆོས་ཅན། ཁྱོད་ཀྱི་ཡུལ་ལ་སྒྲ་དངོས་སུ་འགོད་པར་ཐལ། ཁྱོད་རྟོག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ཡུལ་ལ་འདོད་པ་ཙམ་གྱིས་འཇུག་པར་ཐལ། འདོད་པ་དེའི་ཕྱིར། དེས་ན་ཕྱི་རོལ་གྱི་དོན་གཟུང་དོན་བྱས་ནས་མཐོང་བར་མི་འགྱུར་བར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ལ་གསུམ་སྟེ། མྱོང་བྱེད་མེད་པར་ཐལ་བ་དགོད། མྱོང་བྱེད་ཡོད་པའི་གཞན་ལན་དགག རྟོག་མེད་ཡིན་ན་འདོད་པ་གྲུབ་པའོ། །དང་པོ་ནི། གཟུཾགས། གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་གཟུགས་མཐོང་བ་ཁྱོད་མྱོང་བྱེད་ཀྱི་བློ་མེད་པར་ཐལ། ཁྱོད་འདི་གཟུགས་སོ་སྙམ་པའི་རྟོག་པ་གང་ཞིག ཁྱོད་མྱོང་བྱེད་ཀྱི་བློ་དེ་གཟུགས་འཛིན་གྱི་བློའོ་སྙམ་པའི་རྟོག་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྟགས་མ་གྲུབ་སྟེ། འདི་གཟུགས་སོ་ཞེས་མཐོང་བའི་རྟོག་པ་དེ་ཉིད་ཀྱིས་དེ་ཉིད་མྱོང་བའི་ཕྱིར་ཞེ་ན། དེཾ། གང་ཟག་གཅིག་གི་རྒྱུད་ལ་ཆོས་ཅན། འདི་གཟུགས་སོ་སྙམ་པའི་རྟོག་པ་དེ་ཉིད་ཀྱིས་འདི་གཟུགས་འཛིན་གྱི་བློའོ་སྙམ་དུ་འཛིན་པའི་རྟོག་པ་དེ་ཉིད་ཉམས་སུ་མྱོང་བ་མིན་པར་ཐལ། རྟོག་པ་རྫས་ཐ་དད་པ་གཉིས་དུས་མཉམ་དུ་མི་སྐྱེ་བའི་ཕྱིར། རྟོགཾ གང་ཟག་གཅིག་གི་རྒྱུད་ལ་རྟོག་པ་རྫས་ཐ་དད་པ་གཉིས་ཅིག་ཆར་མི་སྐྱེ་བར་བསྟན་པའི་རིགས་པ་དེ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། གཟུགས་འཛིན་པའི་མངོན་སུམ་དེ་རང་དང་དུས་མཚུངས་པའི་རྣམ་ཤེས་རྫས་གཞན་གྱིས་མྱོང་བ་དེ་ཡང་བཀག་པའི་ཕྱིར། གལ་ཏེ་གཟུགས་འཛིན་པའི་མངོན་སུམ་དེའི་ཕྱིས་འབྱུང་བའི་ཤེས་པ་གཞན་གྱིས་མྱོང་བ་ཡིན་ནོ་ཞེ་ན། འདཾས། ཕྱིས་ཀྱི་ཤེས་པ་ཆོས་ཅན། གཟུགས་འཛིན་པའི་མངོན་སུམ་དྲན་པའི་དྲན་ཤེས་ཡིན་པར་ཐལ། དེ་ལ་དམིགས་པའི་རྟོག་པ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། གཟུགས་འཛིན་པའི་མངོན་སུམ་མྱོང་བའི་བློ་སྔོན་དུ་མ་སོང་བའི་ཕྱིར། རཾང་། ལྷ་སྦྱིན་རང་རྒྱུད་ཀྱི་གཟུགས་འཛིན་པའི་བློ་འཇལ་བའི་ཚད་མ་དང་གཞན་རྒྱུད་ཀྱི་གཟུགས་འཛིན་པའི་བློ་འཇལ་བའི་ཚད་མ་ཆོས་ཅན། རང་ཡུལ་འཇལ་ཚུལ་གཅིག་པར་ཐལ། རང་ཡུལ་ལྐོག་གྱུར་གྱི་བློ་འདས་པ་ལ་འཇུག་པ་མཚུངས་པའི་ཕྱིར། དོཾན། ལྷ་སྦྱིན་ཆོས་ཅན། རང་རྒྱུད་ལ་དོན་རིག་འདས་པ་ཡོད་པ་རྗེས་དཔག་གིས་མི་འགྲུབ་པར་ཐལ། རང་རྒྱུད་ལ་དོན་རིག་འདས་པ་ཡོད་པ་བསྒྲུབ་པའི་མཐུན་དཔེ་དང་གཏན་ཚིགས་ཡང་དག་མི་འགྲུབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ཡོད་པར་ཚད་མས་མ་གྲུབ་པར་ཐལ། དེ་ཡོད་པ་མངོན་སུམ་གྱིས་ཀྱང་མ་གྲུབ། རྗེས་དཔག་གིས་ཀྱང་མ་གྲུབ་པའི་ཕྱིར། གཾལ། དོན་རིག་འདས་པའི་རྣམ་པར་ཤར་བའི་བློ་ཕྱི་མས་དོན་རིག་འདས་པ་གྲུབ་སྟེ། མདོ་སྡེ་པའི་ལུགས་ལ་གཟུགས་སོགས་ཀྱི་རྣམ་པར་ཤར་བའི་བློས་གཟུགས་སོགས་གྲུབ་པ་བཞིན་ནོ་ཞེ་ན། སྔཾ། དོན་རིག་རྒྱུད་ལྡན་དུ་སྐྱེས་པའི་རྗེས་དེ་མ་ཐག་པའི་ཤེས་པ་ཆོས་ཅན། དོན་རིག་སྐད་ཅིག་སྔ་མ་རྣམས་ཉམས་སུ་མྱོང་བའི་སྒོ་ནས་འཛིན་པར་མི་འགྱུར་བར་ཐལ། དེ་དང་ཁྱོད་ཀྱི་བར་དུ་ཤེས་པ་གཞན་གྱིས་ཆོད་པའི་ཕྱིར། གསུམ་པ་ནི། ཇིཾ། གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་བློ་དེ་ཆོས་ཅན། རྟོག་མེད་ཡིན་ཏེ། རང་ཡུལ་ལ་བརྡ་བྱེད་མི་ནུས་པའི་ཕྱིར་ཞེ་ན། གཟུགས་འཛིན་དབང་མངོན་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་པ་ནི། སྤྱི།ཾ རང་མཚན་སྣང་ནས་འཇལ་བའི་ཤེས་པ་མེད་པར་ཐལ། རྟོག་མེད་ཀྱི་ཤེས་པ་མེད་པའི་ཕྱིར། ཁྱབ་སྟེ། རྗེས་ཀྱི་སྒྲ་དང་རྟོག་པ་གཉིས་སྤྱི་ལ་དངོས་སུ་འཇུག་པའི་ཕྱིར། གཾལ། གལ་ཏེ་དབང་ཤེས་རྟོག་མེད་འགའ་ཞིག་ཡོད་པས་དེར་ཁྱད་པར་རང་མཚན་སྣང་ནས་རྟོགས་པ་ཡིན་ནོ་ཞེ་ན། རྐྱེན་གསུམ་ཚན་པ་གཅིག་ལས་སྐྱེས་པའི་དབང་ཤེས་ཐམས་ཅད་ཆོས་ཅན། རྟོག་མེད་ཡིན་པར་ཐལ། རྐྱེན་གསུམ་ཚན་པ་གཅིག་ལས་སྐྱེས་པའི་དབང་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་བུ་རིགས་འདྲ་མི་འདྲ་དེ་རྒྱུ་རིགས་འདྲ་མི་འདྲ་ལ་ལྟོས་པའི་ཕྱིར། གཉིས་པ་སྒྲུབ་བྱེད་ཤུགས་བསྟན་སྦྱར་ཏེ་བསྒྲུབ་པ་ལ་གསུམ་སྟེ། སྒྲུབ་བྱེད་དགོད། ཉེས་སྤང་དགག གྲུབ་དོན་བསྡུ་བའོ། །དང་པོ་ནི། ཕྱིཾ། གཟུགས་འཛིན་དབང་པོའི་མངོན་སུ་མ་ཆོས་ཅན། ཁྱོད་དང་མིང་སྦྱོར་རྟོག་པའི་གཞི་མཐུན་མེད་དེ། མིང་སྦྱོར་རྟོག་པ་ཡིན་ན་རང་རྒྱུ་བརྡ་དྲན་ལ་ལྟོས་པས་ཁྱབ། ཁྱོད་ཡིན་ན་རང་རྒྱུ་གཟུང་དོན་ལ་ལྟོས་པས་ཁྱབ་པའི་ཕྱིར། གཉིས་པ་ནི། གཾལ། གལ་ཏེ་མ་གྲུབ་སྟེ། གཟུགས་དེས་རང་གི་བརྡ་དྲན་ལ་ལྟོས་ནས་གཟུགས་འཛིན་དབང་པོའི་མངོན་སུམ་བསྐྱེད་པ་ཡིན་གྱི་གཞན་དུ་མིན་པའི་ཕྱིར་ཞེ་ན། རྟགཾས། གཟུགས་ཆོས་ཅན། ཁྱོད་ཀྱིས་གཟུགས་འཛིན་དབང་མངོན་དངོས་སུ་མི་སྐྱེད་པར་རང་གི་བརྡ་དྲན་དངོས་སུ་སྐྱེད་པར་ཐལ། ཁྱོད་རང་གི་བརྡ་དྲན་ལ་ལྟོས་ནས་གཟུགས་འཛིན་དབང་མངོན་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར། དཔེར་ན་གཏན་ཚིགས་དུ་བ་དེས་རྟགས་ཅན་རྗེས་དཔག་དངོས་སུ་མི་སྐྱེད་པར་ཐོག་མར་རྟགས་འཛིན་སེམས་སྐྱེད་པ་བཞིན་ནོ། །དྲནཾ། གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་རང་རྒྱུ་རྐྱེན་གསུམ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་ཐལ། ཁྱོད་རང་རྒྱུ་གཟུགས་ཀྱི་བརྡ་དྲན་ལས་དངོས་སུ་སྐྱེས་པའི་ཕྱིར། གཾལ། སྐྱོན་མེད་དེ། གཟུགས་དེས་གཟུགས་ཀྱི་བརྡ་དྲན་དང་གཟུགས་འཛིན་དབང་པོའི་མངོན་སུམ་གཉིས་རིམ་གྱིས་བསྐྱེད་པའི་ཕྱིར་ཞེ་ན། ཐཾ། གཟུགས་ཆོས་ཅན། གཟུགས་ཀྱི་བརྡ་དྲན་གྱི་དུས་སུ་གཟུགས་འཛིན་དབང་མངོན་བསྐྱེད་པར་ཐལ། ཁྱོད་གཟུགས་ཀྱི་བརྡ་དྲན་གྱི་དུས་ན་གཟུགས་འཛིན་དབང་པོའི་མངོན་སུམ་གྱི་གཟུང་དོན་དང་ཁྱད་པར་མེད་པའི་རྟག་པ་ཡིན་པའི་ཕྱིར། དབང་ཾ། གལ་ཏེ་མ་གྲུབ་སྟེ། གཟུགས་སྐད་ཅིག་དང་པོ་གཟུགས་ཀྱི་བརྡ་དྲན་གྱི་དངོས་རྒྱུ་དང་། སྐད་ཅིག་གཉིས་པ་གཟུགས་འཛིན་དབང་པོའི་མངོན་སུམ་གྱི་དངོས་རྒྱུ་ཡིན་པའི་ཕྱིར་ཞེ་ན། དེཾ། གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། གཟུགས་དེས་ཁྱོད་བསྐྱེད་པ་ལ་གཟུགས་ཀྱི་བརྡ་དྲན་དོན་མེད་པར་ཐལ། ཁྱོད་ཀྱི་གཟུང་དོན་དང་གཟུགས་ཀྱི་བརྡ་དྲན་གྱི་གཟུང་དོན་གཞན་ཡིན་པའི་ཕྱིར། ཁྱབ་སྟེ། བརྡ་དྲན་བརྡ་ལ་དངོས་སུ་འཇུག དབང་པོའི་མངོན་སུམ་གཟུགས་ལ་དངོས་སུ་འཇུག་ན། དབང་པོའི་མངོན་སུམ་བསྐྱེད་པ་བརྡ་དྲན་དོན་མེད་པས་ཁྱབ་པའི་ཕྱིར། སྤྱི།ཾ དབང་ཤེས་ཀྱིས་སྤྱི་ཙམ་ཡན་གར་འཛིན་པས་བརྡའི་ཡུལ་འཛིན་ནོ་ཞེ་ན། དབང་ཤེས་མ་འཁྲུལ་བ་ཆོས་ཅན། གཟུང་དོན་གྱི་སྐད་ཅིག་གཉིས་པ་དམིགས་རྐྱེན་ཡོད་པ་ལ་མི་ལྟོས་པར་ཐལ། སྤྱི་ཙམ་ཡན་གར་བ་འཛིན་པའི་ཕྱིར། གསུམ་པ་ནི། དེཾ། གཟུགས་འཛིན་དབང་པོའི་མངོན་སུམ་དེ་ཆོས་ཅན། རང་གི་བདག་རྐྱེན་མིག་དང་། དམིགས་རྐྱེན་གཟུགས་ལས་སྐྱེ་བ་ཡིན་ཏེ། དེ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། གཉིས་པ་མཚན་མཚོན་གཉིས་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། མཚོན་བྱའི་མིང་ལ་རྩོད་པ་སྤང་། མཚན་ཉིད་དོན་ལ་རྩོད་པ་སྤོང་བའོ། །དང་པོ་ནི་མདོར། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་པའི་དོན་འགྲེལ་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གཾལ། དབང་པོའི་མངོན་སུམ་དེ་ཡུལ་དབང་གཉིས་ལས་སྐྱེས་པར་མཚུངས་ན། དམིགས་རྐྱེན་གྱི་སྒོ་ནས་ཡུལ་གྱི་མངོན་སུམ་ཞེས་ཐ་སྙད་མི་བྱེད་པར་བདག་རྐྱེན་གྱི་སྒོ་ནས་དབང་པོའི་མངོན་སུམ་ཞེས་པའི་ཐ་སྙད་བྱེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། གཉིས་པ་ནི། གོཾ དབང་པོའི་མངོན་སུམ་ཞེས་པའི་ཐ་སྙད་ཆོས་ཅན། ཡུལ་དབང་གཉིས་ལས་སྐྱེས་པའི་ཤེས་པ་མ་འཁྲུལ་པ་ལ་བརྡ་སྦྱར་བར་བྱ་བ་ཡིན་ཏེ། ཡུལ་དབང་གཉིས་ལས་སྐྱེས་པའི་ཤེས་པ་མ་འཁྲུལ་བ་ཐུན་མོང་མ་ཡིན་པར་གོ་ནུས་ཀྱི་ཐ་སྙད་ཡིན་པའི་ཕྱིར། ཁྱབ་སྟེ། རྟོག་ལྡན་ཡུལ་དེ་ལ་མིང་དེ་བརྡ་སྦྱར་བའི་དགོས་པ་ནི་ཡུལ་དེ་ཐུན་མོང་མིན་པར་གོ་བྱེད་ཡིན་པའི་ཕྱིར། དེཾ། སྔ་མའི་གཏན་ཚིགས་དེ་ཆོས་ཅན། དེ་སྐོར་གྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། དེ་སྐོར་གྱི་སྒྲུབ་རྟགས་ཡང་དག་གང་ཞིག ཡུལ་དབང་གཉིས་ལས་སྐྱེས་པའི་ཤེས་པ་མ་འཁྲུལ་པ་ལ་བརྡ་སྦྱར་བར་བྱ་བ་དང་རང་བཞིན་གཅིག་ཡིན་པའི་ཕྱིར། ཁྱབཾ། ཡུལ་གྱི་མངོན་སུམ་ཞེས་པའི་ཐ་སྙད་ཆོས་ཅན། དེ་ལ་བརྡ་སྦྱར་བར་བྱ་བ་མ་ཡིན་ཏེ། དེ་ཐུན་མོང་མིན་པར་གོ་ནུས་མ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ལུང་གིས་གནོད་པའི་རྩོད་པ་སྤང་། རིགས་པས་གནོད་པའི་རྩོད་པ་སྤོང་བའོ། །དང་པོ་ནི། མདོཾར། དེ་དོན་དུ་མས་བསྐྱེད་པའི་ཕྱིར། །རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན། །ཞེས་གསུངས་པའི་དོན་འགྲེལ་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། བསཾགས། དབང་ཤེས་ཆོས་ཅན། རྟོག་པ་ཡིན་པར་ཐལ། སྤྱི་དངོས་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། ཁྱེད་ཉིད་ཀྱི་གྲུབ་མཐའ་ལས་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པ་ཅན་ནོ་ཞེས་དང་། དབྱིག་གཉེན་གྱིས། འདི་རྣམས་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ལ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི། རྫས་ཀྱི་རང་གི་མཚན་ཉིད་ལ་ནི་མིན་ནོ་ཞེས་གསུངས་པའི་བསགས་པ་དང་སྐྱེ་མཆེད་གཉིས་སྤྱི་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གསུམ་སྟེ། གྲུབ་པའི་མཐའ་དང་འགལ་བ་སྤང་། མཁས་པའི་གཞུང་དང་འགལ་བ་སྤང་། ལུང་གི་དོན་ལ་རྩོད་པ་སྤོང་བའོ། །དང་པོ་ནི། དོཾན། ལུང་སྔ་མ་དེའི་དོན་དབང་པོའི་མངོན་སུམ་རིགས་སྤྱི་སྣང་ཡུལ་དུ་བྱེད་པ་ལ་དགོངས་ནས་བཤད་པ་མིན་ཏེ། དེ་རྡུལ་ཕྲན་ཁྱད་པར་བ་གཟུང་ཡུལ་དུ་བྱེད་པ་ལ་དགོངས་ནས་བཤད་པ་ཡིན་པའི་ཕྱིར། གཉིས་པ་ནི། རྡུལཾ། ལུང་ཕྱི་མ་དེའི་དོན་ཆོས་འདྲ། རྡུལ་ཕྲན་དུ་མ་མ་ཚོགས་པ་ཕྱི་མས་དབང་ཤེས་བསྐྱེད་མི་ནུས་པ་ལ་དགོངས་ནས་བཤད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གཾལ། རྡུལ་ཕྲན་དུ་མ་ཆོས་ཅན། དབང་ཤེས་ཀྱིས་ཅིག་ཅར་དུ་མི་འཛིན་པར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་རྡུལ་ཕྲན་དུ་མ་ཡིན་པའི་ཕྱིར། དེས་ན་རྫས་དུ་མ་ཤེས་པས་འཛིན་ན་རིམ་གྱིས་འཛིན་པས་ཁྱབ་བོ་ཞེ་ན། གཉིས་པ་ལ་ལྔ་སྟེ། ཏིལ་སོགས་ཅིག་ཅར་འཛིན་པ་མེད་པར་ཐལ། ཁྲ་བོ་ཅིག་ཅར་འཛིན་པ་མེད་པར་ཐལ། ནོག་སོགས་ཅིག་ཅར་འཛིན་པ་མེད་པར་ཐལ། སྣ་ཚོགས་གཞན་དུ་ཤེས་པ་མེད་པར་ཐལ། དུ་མ་ཅིག་ཅར་འཛིན་ན་གཞན་ལའང་ཡོད་པའོ། །དང་པོ་ནི། ཏིཾལ། འབྲས་བུ་རིགས་མི་མཐུན་པ་དུ་མ་ཆོས་ཅན། དེར་ཐལ། དེའི་ཕྱིར། གལ་ཏེ་རིམ་གྱིས་མཐོང་ཡང་འཇུག་པ་མྱུར་བས་ཅིག་ཅར་འཛིན་པར་སྣང་བ་ཡིན་ནོ་ཞེ་ན། འདིཾ། འཇུག་པ་མགྱོགས་པའི་རྒྱུ་མཚན་གྱིས་རང་ཡུལ་ཅིག་ཅར་འཛིན་པ་ཆོས་ཅན། ཁྱོད་མི་འཐད་པར་ཐལ། ཁྱོད་ཡི་གེའང་ཅིག་ཅར་ཐོས་པར་འགྱུར་ཞེས་པའི་སྐབས་སུ་བཀག་ཟིན་པའི་ཕྱིར། རིཾམ། ནམ་མཁའ་ནས་རིམ་བཞིན་བབས་པའི་ཏིལ་སོགས་འཛིན་པའི་དབང་ཤེས་ཆོས་ཅན། རང་ཡུལ་ཅིག་ཅར་སྣང་བར་ཐལ། རང་ཡུལ་འཛིན་པའི་འཇུག་པ་མགྱོགས་པའི་ཕྱིར། བློཾ། ཡུལ་འཛིན་པའི་བློ་རྣམས་ཆོས་ཅན། ཁྱོད་ལ་རང་ཡུལ་ཅིག་ཅར་དུ་སྣང་བ་དང་། རིམ་གྱིས་སྣང་བའི་ཁྱད་པར་མི་འཐད་པར་ཐལ། ཁྱོད་རང་ཡུལ་ལ་འཛིན་པའི་འཇུག་པ་མགྱོགས་པའི་ཕྱིར། འདོད་ན་དེ་ཆོས་ཅན། དེཾ། ཡུལ་འཛིན་པའི་བློ་ཡིན་ན། རང་ཡུལ་ཅིག་ཆར་དུ་སྣང་བས་ཁྱབ་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ལ་གཉིས་ཏེ། གནོད་བྱེད་ཐལ་བ་དགོད། གཏན་ཚིགས་མ་གྲུབ་སྤང་བའོ། །དང་པོ་ནི། ཕྱེཾ། ཕྱེ་མ་ལེབ་དང་སྣམ་བུ་སོགས་ཀྱི་ཁྲ་བོ་ཆོས་ཅན། དབང་ཤེས་ལ་ཅིག་ཆར་མི་སྣང་བར་ཐལ། ཡན་ལག་ཅན་གྱི་རྫས་གཅིག་མེད་པའི་རྡུལ་ཕྲན་དུ་མ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྣ་ཚོགས་གཅིག་ཏུ་འདོད་པའི་གྲུབ་མཐའ་སྨད། སྣ་ཚོགས་གཅིག་ཏུ་མེད་པའི་སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། གལཾ། གལ་ཏེ་མ་གྲུབ་སྟེ། ཕྱེ་མ་ལེབ་ཀྱི་ཁྲ་བོའི་ཁ་དོག་སྣ་ཚོགས་པ་དེ་ཡན་ལག་ཅན་གྱི་རྫས་གཅིག་ཡིན་པའི་ཕྱིར་རོ་ཞེ་ན། དེཾ། དེ་ལྟར་དམ་བཅས་པའི་དམ་བཅའ་ཆོས་ཅན། ཁྱོད་དམ་བཅའ་ཡང་དག་མ་ཡིན་ཏེ། ཁྱོད་ལ་རིགས་པ་ཡང་དག་གིས་གནོད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྣ་ཚོགས་ཡིན་པས་གཅིག་ཉིད་མེད། སྣ་ཚོགས་ཡིན་པའི་སྒྲུབ་བྱེད་དགོད། རགས་སྣང་ལ་བརྟེན་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་དགོད། གཞན་ལན་དགག་པའོ། །དང་པོ་ནི། སྣཾ། ཕྱེ་མ་ལེབ་ཀྱི་སྔོ་སེར་སྣ་ཚོགས་པ་ཆོས་ཅན། རྫས་གཅིག་མ་ཡིན་ཏེ། རྫས་སྣ་ཚོགས་ཡིན་པའི་ཕྱིར། དཔེར་ན་ནོར་བུ་དུ་མ་སྤུངས་པའི་གཟུགས་བཞིན། གཉིས་པ་ནི། དཔེ་དེ་རྣམ་པ་དབྱེར་ཡོད་ཀྱི་གཟུགས་ཡིན་པས་དོན་དང་མི་མཚུངས་སོ་ཞེ་ན། སྔོཾ། སྣམ་བུའི་ཁ་དོག་སྣ་ཚོགས་ཆོས་ཅན། ཡན་ལག་ཅན་གྱི་རྫས་གཅིག་མེད་པར་ཐལ། རྣམ་པ་དབྱེར་ཡོད་ཀྱི་སྣ་ཚོགས་ཡིན་པའི་ཕྱིར། གཾལ། སྣམ་བུའི་སྣ་ཚོགས་དེ་ལ་ཡན་ལག་གི་སྔོ་སེར་སྣ་ཚོགས་ལ་རྣམ་པ་དབྱེར་ནུས་པ་ཡིན་གྱི། ཡན་ལག་ཅན་གྱི་སྣ་ཚོགས་ལ་མིན་ནོ་ཞེ་ན། སྣམ་བུའི་ཁྲ་བོ་ཆོས་ཅན། ཡན་ལག་གི་སྣ་ཚོགས་ལས་མ་གཏོགས་པའི་ཡན་ལག་ཅན་གྱི་སྣ་ཚོགས་པ་མེད་དེ། དེ་སྣང་རུང་མ་དམིགས་པའི་ཕྱིར། སྣམ་བུའི་ཁྲ་བོ་ནི་བཅོས་མའི་ཁྲ་བོ་ཡིན་པས་སྣ་ཚོགས་སུ་སྣང་ངོ་ཞེ་ན། དུསཾ། བཅོས་མའི་ཁྲ་བོ་ཆོས་ཅན། ཁྱོད་དབང་ཤེས་ལ་རིམ་ལྡན་དང་། དོན་མང་པོའི་རྣམ་པར་སྣང་བ་དང་། བཅོས་མིན་གྱི་ཁྲ་བོ་དབང་ཤེས་ལ་རིམ་མིན་ཅིག་ཆར་སྣང་བ་དང་། དོན་གཅིག་གི་རྣམ་པར་སྣང་བའི་ཁྱད་པར་མི་འཐད་པར་ཐལ། ཁྱོད་དང་བཅོས་མིན་གྱི་ཁྲ་བོ་གཉིས་དབང་ཤེས་ལ་སྣང་བའི་དོན་གྱི་རྣམ་པ་མཚུངས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། གཏན་ཚིགས་དགོད། གཞན་ལན་དགག གྲུབ་དོན་བསྡུ་བའོ། །དང་པོ་ནི། བློཾ། ཕྱེ་མ་ལེབ་ཀྱི་སྔོ་སེར་རྣམས་ཆོས་ཅན། རྫས་སྣ་ཚོགས་པ་ཡིན་ཏེ། བློ་མ་འཁྲུལ་བ་ལ་རྫས་སྣ་ཚོགས་སུ་སྣང་བའི་ཕྱིར། གཉིས་པ་ནི། གཾལ། བློ་མ་འཁྲུལ་བ་ལ་སྣ་ཚོགས་སུ་སྣང་བ་དེ་སྣ་ཚོགས་ཡིན་པའི་འཇོག་བྱེད་མ་ཡིན་ནོ་ཞེ་ན། ཐཾ། བུམ་སྣམ་སོགས་ཆོས་ཅན། ཁྱོད་སྣ་ཚོགས་སུ་འཇོག་བྱེད་མེད་པར་ཐལ། བློ་མ་འཁྲུལ་བ་ལ་རྫས་སྣ་ཚོགས་སུ་སྣང་བས་ཁྱོད་རྫས་སྣ་ཚོགས་སུ་མི་འགྲུབ་པའི་ཕྱིར། གལ་ཏེ་བློ་ལ་སྣ་ཚོགས་སུ་སྣང་བ་དེ་ཡན་ལག་གི་རྫས་ཡིན་གྱི། ཡན་ལག་ཅན་གྱི་རྫས་མིན་ནོ་ཞེ་ན། རིཾག རི་མོ་སྣ་ཚོགས་ཆོས་ཅན། བློ་ལ་སྣ་ཚོགས་སུ་མི་སྣང་བར་ཐལ། ཡན་ལག་ཅན་གྱི་རྫས་གཅིག་མེད་པའི་ཕྱིར། གལ་ཏེ་རི་མོ་སྣ་ཚོགས་དེ་ལ་རྫས་རིགས་མི་མཐུན་འཕྲོད་པའི་ལྡན་པ་ཡོད་པས་དེ་བློ་ལ་སྣ་ཚོགས་སུ་སྣང་ངོ་ཞེ་ན། གཟུགཾས། ལྡན་པ་ཆོས་ཅན། བློ་མ་འཁྲུལ་བ་ལ་རྫས་སྣ་ཚོགས་སུ་མི་སྣང་བར་ཐལ། གཟུགས་མེད་པའི་ཕྱིར། ནིཾ། ལྡན་པ་ཆོས་ཅན། ཕྱེ་མ་ལེབ་ལ་སོགས་པ་ལ་ཡོད་པའི་ཡན་ལག་ཅན་གྱི་སྣ་ཚོགས་དང་འདྲ་བས་སྣ་ཚོགས་སུ་བཏགས་པ་མིན་པར་ཐལ། ཕྱེ་མ་ལེབ་ལ་སོགས་པ་ལ་ཡོད་པའི་ཡན་ལག་ཅན་གྱི་སྣ་ཚོགས་མི་སྲིད་པའི་ཕྱིར། དེཾ། སྔོན་པོ་ལ་སོགས་ཡན་ལག་རེ་རེ་བ་ཆོས་ཅན། ཁྱོད་ལ་ལྡན་པ་དང་སྣ་ཚོགས་འཕྲོད་པ་འདུ་བ་མིན་པར་ཐལ། ཁྱོད་ལ་སྣ་ཚོགས་འཕྲོད་པ་འདུ་བ་མིན་པའི་ཕྱིར། རིཾམ། དབང་ཤེས་ཆོས་ཅན། ཁྱོད་ཀྱིས་སྔོ་སོགས་རིམ་བཞིན་དུ་བཟུང་ནས་ཕྱིས་ཀྱི་རྟོག་པས་གཅིག་ཏུ་བསྲེ་བ་མིན་པར་ཐལ། བློ་གཅིག་གིས་དོན་དུ་མ་ཅིག་ཆར་མི་འཛིན་པའི་ཕྱིར། གསུམ་པ་ནི། དེཾ། བློ་ཆོས་ཅན། ཁྱོད་ཀྱིས་དོན་དུ་མ་ཅིག་ཅར་འཛིན་ཏེ། ཁྱོད་ཀྱིས་ཁྲ་བོའི་ཁ་དོག་སྣ་ཚོགས་ཅིག་ཅར་འཛིན་པའི་ཕྱིར། སྔོན་པོ་མཐོང་བའི་མངོན་སུམ་ཆོས་ཅན། ཁྱོད་རྟོག་མེད་དུ་གྲུབ་སྟེ། ཁྱོད་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་ཁྱོད་དང་འཛིན་སྟངས་དངོས་སུ་འགལ་བའི་རྟོག་པ་ཡོད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རགས་སྣང་ལ་བརྟེན་རྩོད་པ་དགོད། ཕྱོགས་གཉིས་བརྟགས་ཏེ་ལན་གཉིས་བཤད་པའོ། །དང་པོ་ནི། སྣཾ། བློ་མ་འཁྲུལ་བ་ལ་སྣ་ཚོགས་སུ་སྣང་ན་རྫས་གཅིག་མ་ཡིན་པས་ཁྱབ་ན། ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པ་སྣང་བའི་རྣམ་པ་ཆོས་ཅན། བློ་མ་འཁྲུལ་པ་ལ་རྫས་སྣ་ཚོགས་སུ་མི་སྣང་བར་ཐལ། རྫས་གཅིག་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། རྣམ་པ་བདེན་པ་མེད་པས་རྫས་གཅིག་ཉིད་མི་འགྲུབ། གྲུབ་ཀྱང་རྟགས་ལ་ཁྱད་པར་ཡོད་པས་གནོད་པ་མེད་པའོ། །དང་པོ་ལ་བཞི་སྟེ། རྣམ་པ་བརྫུན་པའི་སྒྲུབ་བྱེད་དགོད། གཟུང་འཛིན་རང་བཞིན་མེད་པ་བསྒྲུབ། ཚུལ་དེས་རིགས་ཅན་གཞན་ཡང་ཁེགས། དེ་ལ་ཧ་ཅང་ཐལ་བ་སྤང་བའོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་དངོས་པོ་སྟོབས་ཞུགས་བསྟན། གཏན་ཚིགས་དེ་ཡི་ཕྱོགས་ཆོས་བསྒྲུབ་པའོ། །དང་པོ་ནི། ཇིཾ། ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བའི་རྣམ་པ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར། གཉིས་པ་ནི། གཅིཾག མདོ་སྡེ་པ་ན་རེ། ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བའི་རྣམ་པ་ཆོས་ཅན། ཁྱོད་དོན་དམ་པར་གྲུབ་པ་ལ་སྐྱོན་མེད་དེ། ཁྱོད་ཁྲ་བོ་རང་ངོས་ནས་གཏད་པའི་རྣམ་པ་ཡིན་པའི་ཕྱིར་ཞེ་ན། བློཾ། དེ་ཆོས་ཅན། ཁྱོད་བདེན་པར་མ་གྲུབ་པར་ཐལ། ཁྱོད་བདེན་པར་གྲུབ་ན་ཁྲ་འཛིན་དབང་ཤེས་དུ་མ་དང་རྣམ་པ་སྣ་ཚོགས་པ་གཅིག་ཏུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཾལ། གལ་ཏེ་རགས་པར་སྣང་བའི་རྣམ་པ་མི་བདེན་པར་འདོད་དོ་ཞེ་ན། རགས་པར་སྣང་བའི་རྣམ་པ་མི་བདེན་པ་དེ་ཆོས་ཅན། ཁྱོད་རྣམ་རྫུན་པས་དགག་པར་བྱ་བ་མིན་པར་ཐལ། ཁྱོད་རྣམ་རྫུན་པས་འདོད་པའི་དོན་ཡིན་པའི་ཕྱིར། དེཾ། ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བའི་རྣམ་པ་ཆོས་ཅན། ཁྱོད་བདེན་པར་མེད་དེ། ཕྱི་རོལ་དོན་དང་ནང་ཤེས་པ་གང་རུང་དུ་མི་བདེན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྫས་སུ་སྣང་བ་འཁྲུལ་པ་ཡིན། དེས་ན་གཉིས་སྟོང་གནས་ལུགས་ཡིན་པའོ། །དང་པོ་ནི། རྣམ་བདེན་པ་ན་རེ། ཕྱི་རོལ་དོན་ལ་ལྟོས་པའི་གཟུགས་འཛིན་རྫས་གཞན་མེད་ཀྱང་ཤེས་པ་གཅིག་ཉིད་གཟུགས་འཛིན་གཉིས་སུ་སྣང་བ་དེ་སྣང་བ་ལྟར་བདེན་ནོ་ཞེ་ན། ཡོཾངས། སྔོར་སྣང་དབང་ཤེས་ཆོས་ཅན། ཁྱོད་ལ་གཟུགས་འཛིན་གཉིས་སུ་སྣང་བ་དེ་སྣང་བ་ལྟར་བདེན་པར་མེད་དེ། ཁྱོད་གཅིག་ཉིད་བག་ཆགས་ཀྱི་དབང་གིས་གཟུགས་འཛིན་གཉིས་སུ་སྣང་བ་ཡིན་པའི་ཕྱིར། ཐཾ། སྔོར་སྣང་དབང་ཤེས་ཆོས་ཅན། ཁྱོད་སྣང་ཡུལ་ལ་འཁྲུལ་ཤེས་ཡིན་ཏེ། ཁྱོད་གཟུགས་འཛིན་རྫས་གཞན་དུ་མེད་ཀྱང་གཟུགས་འཛིན་གཞན་དུ་སྣང་བའི་བློ་ཡིན་པའི་ཕྱིར། གཉིས་པ་ནི། དེཾ། དེ་ཆོས་ཅན། ཁྱོད་ལ་སྣང་བའི་གཟུང་རྣམ་དང་དེ་ལ་ལྟོས་པའི་འཛིན་རྣམ་གཉིས་ཀ་བདེན་པར་མེད་དེ། ཁྱོད་ལ་སྣང་བའི་གཟུང་རྣམ་བདེན་པར་མེད་པའི་ཕྱིར། དེཾ། གཉིས་སྣང་གི་ཤེས་པ་ཆོས་ཅན། ཁྱོད་གཟུགས་འཛིན་གཉིས་ཀྱིས་སྟོང་པ་དེ་ཁྱོད་ཀྱི་གནས་ལུགས་ཡིན་ཏེ། ཁྱོད་གཟུགས་འཛིན་གཉིས་ཀྱིས་སྟོང་པ་དང་གཟུགས་འཛིན་གཉིས་ཀྱི་གཞི་མཐུན་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཕུང་པོ་ལ་བརྟེན་གཟུགས་འཛིན་ཁེགས། མཚན་ཉིད་ལ་བརྟེན་བྱེད་པ་ཁེགས་པའོ། །དང་པོ་ནི། དངོཾས། ཕུང་པོ་ལྔ་ལ་བརྟེན་པའི་གཟུགས་འཛིན་ཐ་དད་དུ་སྣང་བའི་བློ་ཆོས་ཅན། འཁྲུལ་ཤེས་ཡིན་ཏེ། གཟུགས་འཛིན་རྫས་གཞན་དུ་སྣང་བའི་བློ་ཡིན་པའི་ཕྱིར། གཉིས་པ་ནི། གཟུང་ཾ། མཚན་ཉིད་ཀྱིས་མཚོན་པར་བྱ་བའི་ཆ་ཆོས་ཅན། རང་བཞིན་མེད་དེ། གཟུགས་འཛིན་གཉིས་སུ་སྣང་བ་ལས་གཞན་པའི་ཁྱོད་མེད་པའི་ཕྱིར། ཕུཾང་། མཚན་མཚོན་གྱི་བྱ་བྱེད་ཆོས་ཅན། བདེན་པར་མེད་དེ། གཟུགས་འཛིན་རྫས་ཐ་དད་ལ་བརྟེན་ནས་བཏགས་པའི་ཕྱིར། བཞི་པ་ལ་གསུམ་སྟེ། གཉིས་སུ་སྣང་དང་འགལ་བ་སྤང་། ཀུན་གྱིས་དེ་ཉིད་རིག་པ་སྤོང་། ཐུབ་པའི་ལུང་དང་འགལ་བ་སྤོང་བའོ། །དང་པོ་ནི། མཾ། ཚུར་མཐོང་གི་དབང་ཤེས་ཆོས་ཅན། ཁྱོད་ལ་གཟུགས་འཛིན་གཉིས་སུ་སྣང་བས་གཟུགས་འཛིན་རྫས་གཞན་ཡོད་པར་མི་འགྲུབ་སྟེ། ཁྱོད་ལ་མ་རིག་པའི་བག་ཆགས་རྐྱེན་གྱིས་སད་པ་ལས་གཟུགས་འཛིན་གཉིས་སུ་སྣང་བ་ཡིན་པའི་ཕྱིར། གཉིས་པ་ནི། ཕཾ། ཚུར་མཐོང་ཆོས་ཅན། ཁྱོད་ཀྱིས་གཉིས་སྟོང་གི་དེ་བཞིན་ཉིད་མ་མཐོང་བའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱིས་དེ་བཞིན་ཉིད་མངོན་སུམ་དུ་མཐོང་བ་ལ་གཉིས་སྣང་བག་ཆགས་ཀྱིས་གེགས་བྱས་པའི་ཕྱིར། གསུམ་པ་ནི། དེཾ། སྟོན་པས་ཐ་སྙད་དུ་ཕྱི་རོལ་དོན་གྱི་རྣམ་གཞག་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། དོན་སྨྲ་བ་རྣམས་གནས་ལུགས་རྟོགས་པ་ལ་གཞུག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་གྲུབ་ཀྱང་རྟགས་ལ་ཁྱད་པར་ཡོད་པས་གནོད་པ་མེད་པ་ལ་གསུམ་སྟེ། ཤེས་པའི་སྣ་ཚོགས་རྣམ་དབྱེར་མེད། དོན་གྱི་སྣ་ཚོགས་རྣམ་དབྱེར་ཡོད། རྫས་གཅིག་མེད་ཀྱང་ཡུལ་དུ་འཐད་པའོ། །དང་པོ་ནི། ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བའི་རྣམ་པ་ཆོས་ཅན། རྫས་གཅིག་མིན་པར་ཐལ། བློ་ལ་སྣ་ཚོགས་སུ་སྣང་བའི་ཕྱིར་ཞེས་པའི་ལན་མདོ་སྡེ་པས་གྲུབ་མཐའ་ལ་བརྟེན་ནས་འདེབས་པ་ནི། ངེད་ཀྱིས། བློ་རྣམ་སྣ་ཚོགས་ངོ་བོའི་ཕྱིར། །ཞེས་པའི་རྟགས་རྣམ་རྣམ་པར་དབྱེ་ནུས་ཀྱི་སྣ་ཚོགས་སུ་སྣང་བ་ཡིན་པའི་ཕྱིར་རོ་ཞེས་ཁྱད་པར་ཅན་ཡིན་ལ། ཁྲ་འཛིན་དབང་ཤེས་ཀྱི་རྣམ་པ་ནི། རྣམ་པར་དབྱེར་མི་ནུས་པའི་གཏན་ཚིགས་མི་འགྲུབ་བོ་ཞེས་སྟོན་པ་ནི། ཤེཾས། ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བའི་རྣམ་པ་ཆོས་ཅན། ཤེས་པ་ལས་རྫས་གཞན་དུ་གྲུབ་པ་མེད་དེ། ཤེས་པ་ལས་རྣམ་པར་དབྱེར་ནུས་ཀྱི་རྫས་གཞན་དུ་ཚད་མས་མ་དམིགས་པའི་ཕྱིར། གལ་ཏེ་རྗེས་ཀྱི་རྟོག་པས་རྣམ་དབྱེར་བྱེད་པ་ཡོད་དོ་ཞེ་ན། སྔོ་སེར་རྣམ་པར་དབྱེ་བའི་རྗེས་ཀྱི་རྟོག་པ་ཆོས་ཅན། དབང་ཤེས་ལ་སྣང་བའི་སྔོ་སེར་གྱི་རྣམ་པ་ལ་དངོས་སུ་རྣམ་དབྱེར་བྱེད་པ་མ་ཡིན་ཏེ། རང་ལ་སྣང་བའི་རྣམ་པ་ལ་སྔོ་སེར་དུ་ཞེན་ནས་རྣམ་དབྱེར་བྱེད་པ་ཡིན་པའི་ཕྱིར། ཤེཾས། ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བའི་རྣམ་པ་ཆོས་ཅན། སྣ་ཚོགས་སུ་སྣང་ཡང་ཤེས་པ་གཅིག་གི་ངོ་བོར་བདེན་ཏེ། སྣ་ཚོགས་སུ་སྣང་བའི་ཤེས་པ་གཅིག་གི་ངོ་བོ་རང་རིག་མངོན་སུམ་གྱིས་མྱོང་བའི་ཕྱིར། གཉིས་པ་ནི། རཾས། རས་དང་ཕྱེ་མ་ལེབ་ལ་སོགས་པའི་སྔོ་སེར་རྣམས་ཀྱང་རྫས་གཅིག་ཡིན་ནོ་ཞེ་ན། དེཾ། རས་ཁྲ་བོའི་སྔོ་སེར་ཆོས་ཅན། རྣམ་པར་དབྱེར་མེད་པར་ཐལ། རྫས་གཅིག་ཡིན་པའི་ཕྱིར། ཐཾ། རས་ལ་སོགས་པའི་གཟུགས་ཆོས་ཅན། ཡན་ལག་གི་སྣ་ཚོགས་ལས་མ་གཏོགས་ཡན་ལག་ཅན་གྱི་སྣ་ཚོགས་མེད་དེ། དེ་སྣང་རུང་མ་དམིགས་པའི་ཕྱིར། གསུམ་པ་ནི། གཾལ། གལ་ཏེ་ཡན་ལག་ཅན་གྱི་རྫས་གཅིག་མེད་ན་རྡུལ་ཕྲན་ཚོགས་ཀྱང་དབང་ཤེས་ཀྱི་ཡུལ་དུ་མི་རུང་བར་འགྱུར་རོ་ཞེ་ན། སྔོན་པོའི་རྡུལ་ཕྲན་གཞན་དང་ཚོགས་པའི་རྡུལ་ཕྲན་ཁྱད་པར་ཅན་དེ་ཆོས་ཅན། ཡན་ལག་ཅན་གྱི་རྫས་གཅིག་མེད་ཀྱང་རང་འབྲས་དབང་ཤེས་ཀྱི་ཡུལ་དུ་རུང་སྟེ། དེ་མེད་ཀྱང་རང་འབྲས་དབང་ཤེས་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཡིན་པའི་ཕྱིར། དཔེར་ན་དབང་པོ་སོགས་རྐྱེན་གསུམ་པོ་ཡན་ལག་ཅན་གྱི་རྫས་གཅིག་མེད་ཀྱང་དབང་ཤེས་ཀྱི་རྒྱུ་ཡིན་པ་བཞིན། གལ་ཏེ་རྒྱུ་ཡིན་ཡང་དབང་ཤེས་ཀྱི་ཡུལ་དུ་མི་འགྱུར་རོ་ཞེ་ན། རྒྱུ་དེ་ཆོས་ཅན། དེའི་གཟུང་ཡུལ་ཡིན་ཏེ། དེའི་རྐྱེན་གསུམ་གྱི་ནང་ནས་དེ་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཡིན་པའི་ཕྱིར། གསུམ་པ་ནོག་སོགས་ཅིག་ཆར་འཛིན་པ་མེད་པར་ཐལ་བ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། ཇིཾ། དཀར་ཟལ་བ་ལང་དུ་ཤེས་པའི་བློ་ཆོས་ཅན། བ་ལང་རང་གི་ཡན་ལག་དང་བཅས་པ་ཅིག་ཆར་མ་བཟུང་བར་ཐལ། བློ་གཅིག་གིས་ཅིག་ཅར་མི་འཛིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དཀར་ཟལ་བ་ལང་དུ་ངོ་ཤེས་པ་མིན་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ནི། གཾལ། གལ་ཏེ་བ་ལང་དང་དེའི་ཡན་ལག་ཅན་ཆོས་ཅན། བློ་གཅིག་གིས་ཅིག་ཅར་འཛིན་ཏེ། ཁྱད་གཞི་ཁྱད་ཆོས་སུ་གྱུར་པའི་དོན་དུ་མ་ཡིན་པའི་ཕྱིར། དེས་ན་ཁྱད་གཞི་ཁྱད་ཆོས་སུ་མ་གྱུར་པའི་དོན་དུ་མ་བློ་གཅིག་གིས་ཅིག་ཅར་མི་འཛིན་པ་ཡིན་ནོ་ཞེ་ན། གཅིཾག བ་ལང་འཛིན་པའི་བློ་ཆོས་ཅན། བ་ལང་གི་ཡན་ལག་ཅིག་ཅར་མི་འཛིན་པར་ཐལ། ཁྱད་གཞི་ཁྱད་ཆོས་སུ་མ་གྱུར་པའི་དོན་དུ་མ་ཅིག་ཅར་མི་འཛིན་པའི་ཕྱིར། བ་ལང་གི་རྣ་བ་འཛིན་པའི་བློ་ཆོས་ཅན། བ་ལང་གི་རྣ་བ་དེ་སྔོན་པོ་སོགས་ཀྱིས་ཁྱད་པར་དུ་བྱས་ནས་འཛིན་པ་མིན་པར་ཐལ། གཏན་ཚིགས་སྔ་མ་དེའི་ཕྱིར། ཁྱདཾ། ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་པ་ཆོས་ཅན། དོན་དམ་པར་མ་གྲུབ་པར་ཐལ། རྟོག་པས་སྒྲོ་བཏགས་པ་ཡིན་པའི་ཕྱིར། ཡཾན། བ་ལང་ཆོས་ཅན། ཁྱོད་རང་གི་ཡན་ལག་དུ་མས་ཁྱད་པར་དུ་བྱས་ནས་འཛིན་པ་མི་སྲིད་པར་ཐལ། ཁྱོད་ཀྱི་ཡན་ལག་དུ་མ་ཅིག་ཅར་འཛིན་མི་སྲིད་པའི་ཕྱིར། བཞི་པ་སྣ་ཚོགས་གཞན་དུ་ཤེས་པ་མེད་པར་ཐལ་བ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། རངཾ་། བུམ་སྣམ་འཛིན་པའི་བློ་ཆོས་ཅན། བུམ་སྣམ་གཉིས་པོ་གཞན་དུ་མི་ཤེས་པར་ཐལ། བུམ་སྣམ་གཉིས་པོ་གཞན་དུ་འཇོག་པར་བྱེད་པའི་ཁྱད་ཆོས་ཅིག་ཅར་མ་བཟུང་བའི་ཕྱིར། གཉིས་པ་ནི། གལ་ཏེ་སྔར་བུམ་པ་སོགས་ཀྱི་རྫས་འགཾའ་ཞིག་བཟུང་ནས་ཕྱིས་ཁྱད་ཆོས་བཟུང་བས་གཞན་དུ་རྟོགས་པར་འགྱུར་རོ་ཞེ་ན། ཡོཾན། བུམ་སྣམ་སོགས་ཆོས་ཅན། ཁྱོད་ཀྱི་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་པ་འཆོལ་བར་ཐལ། ཁྱོད་ཀྱི་ཡན་ལག་གི་སྔར་ཡན་ལག་ཅན་གཟུང་དགོས་པའི་ཕྱིར། ལྔ་པ་དུ་མ་ཅིག་ཅར་འཛིན་པ་གཞན་ལའང་ཡོད་པ་ནི། སྒྲ།ཾ གྲངས་ཅན་པ་ལྟར་ན། སྒྲ་འཛིན་དབང་ཤེས་ཆོས་ཅན། བདེ་སྡུག་བཏང་སྙོམས་གསུམ་ཅིག་ཅར་གཟུང་བར་ཐལ། དེ་གསུམ་གྱི་བཀོད་པར་གྱུར་པའི་སྒྲ་ཅིག་ཅར་གཟུང་བའི་ཕྱིར། གཉིས་པ་རིགས་པས་གནོད་པའི་རྩོད་པ་སྤང་བ་ལ་གཉིས་ཏེ། ལྡོག་པ་དུ་མ་དབང་པོའི་སྤྱོད་ཡུལ་མིན། དབང་པོའི་སྤྱོད་ཡུལ་སྒྲ་ཡི་བརྗོད་བྱ་མིན་པའོ། །དང་པོ་ནི། མདོར། དུ་མའི་ངོ་བོའི་ཆོས་ཅན་ནི། །དབང་པོ་ལས་རྟོགས་སྲིད་མ་ཡིན། །ཞེས་པའི་དོན་འགྲེལ་པ་ལ་གཉིས་ཏེ། དུ་མའི་ངོ་བོའི་ཆོས་ཅན་བསྒྲུབ། དབང་པོའི་སྤྱོད་ཡུལ་མིན་པ་བསྟན་པའོ། །དང་པོ་ནི། ཆོཾས། སྒྲ་ཆོས་ཅན། སེལ་ངོར་ལྡོག་པ་དུ་མ་དང་ལྡན་ཏེ། མ་བྱས་རྟག་སོགས་ལས་ལོག་པར་དོན་ལ་གནས་པའི་ཕྱིར། གཉིས་པ་ནི། རྟཾགས། སྒྲའི་སྟེང་གི་བྱས་མི་རྟག་སོགས་ཀྱི་ལྡོག་པ་དུ་མ་ཆོས་ཅན། དབང་ཤེས་ལ་སྣ་ཚོགས་སུ་སྣང་བ་མིན་ཏེ། དབང་ཤེས་ཀྱི་ཡུལ་མིན་པའི་ཕྱིར། གཉིས་པ་ནི། མདོར། རང་རང་རིག་བྱ་ཐ་སྙད་ཀྱིས། །བསྟན་མིན་ངོ་བོ་དབང་པོའི་ཡུལ། །ཞེས་སོགས་ཀྱི་དོན་འགྲེལ་པ་ལ་གསུམ་སྟེ། གཏན་ཚིགས་དགོད། ཁྱབ་པ་བསྒྲུབ། ཕྱོགས་ཆོས་བསྒྲུབ་པའོ། །དང་པོ་ནི། གཾལ། དཀར་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ཀྱི་གཟུང་ཡུལ་དེ་སྒྲའི་དངོས་ཀྱི་བརྗོད་བྱ་མིན་ཏེ། ཁྱོད་དང་སྒྲ་ལ་བརྟེན་པའི་རྟོག་པ་གཉིས་རང་ཡུལ་གསལ་མི་གསལ་གྱི་ཁྱད་པར་ཡོད་པའི་ཕྱིར། གཉིས་པ་ནི། གལ་ཏེ་དཀར་འཛིན་མངོན་སུམ་དང་དཀར་འཛིན་རྟོག་པ་གཉིས་གཟུང་དོན་གཅིག་ཡིན་ཡང་བདག་རྐྱེན་ཐ་དད་པས་རང་ཡུལ་གསལ་མི་གསལ་གྱི་ཁྱད་པར་དུ་འགྱུར་རོ་ཞེ་ན། བློཾ། དབང་པོའི་མངོན་སུམ་ལྔ་པོ་ཆོས་ཅན། རང་ཡུལ་གསལ་མི་གསལ་གྱི་ཁྱད་པར་ཡོད་པར་ཐལ། བདག་རྐྱེན་གཞན་ཡིན་པའི་ཕྱིར། སེཾམས། དཀར་པོ་ཉིད་ཀྱི་སྤྱི་དེ་ཆོས་ཅན། ཁྱོད་དཀར་འཛིན་དབང་ཤེས་ལ་གསལ་བ་དང་དཀར་འཛིན་རྟོག་པ་ལ་མི་གསལ་བའི་ཁྱད་པར་མི་འཐད་པར་ཐལ། ཁྱོད་དེ་གཉིས་ཀྱི་གཟུང་ཡུལ་ཡིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་མངོན་སུམ་དང་སྒྲ་རྟོག་ཡུལ་གཅིག་ཉིད་ཡིན་ཏེ། མངོན་སུམ་གྱིས་མཐོང་བ་ཁོ་ན་ལ་སྒྲ་རྟོག་འཇུག་པའི་ཕྱིར་ཞེ་ན། མཐོཾང་། བ་ལང་ཆོས་ཅན། ཁྱོད་མངོན་སུམ་གྱིས་མཐོང་བ་ཁོ་ན་ལ་སྒྲ་རྟོག་འཇུག་པ་མིན་པར་ཐལ། ཁྱོད་མངོན་སུམ་གྱིས་མཐོང་བ་མེད་པ་ཁྱོད་ཅེས་བརྗོད་པའི་སྒྲ་དང་རྣམ་རྟོག་འཇུག་པའི་ཕྱིར། བཾ། མངོན་སུམ་དང་སྒྲ་རྟོག་དངོས་ཡུལ་ཐ་དད་དུ་བསྟན་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། བ་ལང་གི་ཡུལ་ཅན་གྱི་སྒྲ་རྟོག་འཇུག་པའི་རྟགས་ལས་མངོན་སུམ་གྱིས་མཐོང་བའི་བ་ལང་ལ་བ་ལང་གི་རིགས་སོགས་དོན་གཞན་ཡོད་པ་དཔོག་པ་དེ་ཡང་གསལ་བའི་ཕྱིར། མཐོཾང་། བ་གསལ་རྣམས་ཆོས་ཅན། ཁྱོད་ལ་བ་སྤྱི་རྫས་གཞན་པ་མེད་ཀྱང་བ་ལང་དུ་ངོ་ཤེས་པའི་བློ་འཇུག་པའི་རྒྱུ་མཚན་ཡོད་དེ། ཁྱོད་བ་ལང་གི་དོན་བྱེད་མི་ནུས་པ་ལས་ལོག་པའི་རྒྱུ་མཚན་གྱིས་བ་ལང་དུ་ངོ་ཤེས་པའི་བློ་འཇུག་པའི་ཕྱིར།། ༈ །།གཉིས་པ་རྐྱེན་གསུམ་རྩོད་སྤོང་བཅས་ཏེ་ཡིད་ཀྱི་མངོན་སུམ་བཤད་པ་ནི། མདོར། ཡིད་ཀྱང་དོན་དང་ཞེས་པ་རྩ་འགྲེལ་གྱི་དོན་འགྲེལ་པ་ལ་བཞི། མཐའ་གཉིས་བརྟགས་པའི་རྩོད་པ་དགོད། སྔ་མ་འཐད་པའི་གཞན་ལན་དགག ཕྱི་མ་འཐད་པའི་རང་ལན་བརྗོད། དེ་ལ་རྩོད་པ་བརྒྱུད་མ་དགག་པའོ། །དང་པོ་ནི། སྔཾར། མུ་སྟེགས་རྣ་བ་མ་ཕུགས་པ་ན་རེ། ཡིད་ཀྱི་མངོན་སུམ་དེས་སྔར་དབང་པོའི་མངོན་སུམ་གྱིས་གཟུང་ཟིན་གྱི་དོན་འཛིན་ནམ། མ་གཟུང་བའི་དོན་འཛིན། དང་པོ་ལྟར་ན་ཡིད་ཀྱི་མངོན་སུམ་ཆོས་ཅན། ཚད་མ་མིན་པར་ཐལ། ཚད་མས་གཟུང་ཟིན་གྱི་དོན་འཛིན་པའི་ཕྱིར། གཉིས་པ་ལྟར་ན་ལོང་བའི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཡོད་པར་ཐལ། གཟུགས་འཛིན་ཡིད་མངོན་དེས་གཟུགས་འཛིན་དབང་མངོན་གྱིས་མ་གཟུང་བའི་དོན་འཛིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། འདས་ཕྱིར་སྔར་མྱོང་མཐོང་བ་མེད། མཐོང་ན་ཐལ་བ་གསུམ་གྱིས་གནོད་པའོ། །དང་པོ་ནི། སྐདཾ། གཟུགས་འཛིན་ཡིད་མངོན་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་གཟུགས་འཛིན་དབང་མངོན་གྱིས་གཟུང་དོན་མཐོང་བ་མིན་ཏེ། དེ་ཁྱོད་ཀྱི་དངོས་རྒྱུའི་དུས་ན་འདས་པའི་ཕྱིར་ཏེ། དེ་ཁྱོད་ཀྱི་དངོས་རྒྱུའི་སྔ་རོལ་དུ་བྱུང་བའི་སྐད་ཅིག་སྔ་མ་ཡིན་པའི་ཕྱིར། གཉིས་པ་ནི། སྐདཾ། གལ་ཏེ་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དེ་རྟག་པ་ཡིན་པས་གཟུགས་འཛིན་ཡིད་མངོན་གྱིས་གཟུང་བ་ཡིན་ནོ་ཞེ་ན། གཟུགས་འཛིན་ཡིད་མངོན་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ལ་གཟུང་ཟིན་གྱི་དོན་ལ་རྟོག་བྲལ་མ་འཁྲུལ་བ་ཞེས་པའི་ཁྱད་པར་བརྗོད་དགོས་པར་ཐལ། ཁྱོད་ཚད་མ་སྔ་མས་གཟུང་ཟིན་གྱི་དོན་ལ་བསྣན་ནས་འཛིན་པའི་མངོན་སུམ་ཡིན་པའི་ཕྱིར། བྱཾ། གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་དང་། གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོ་གཉིས་ཆོས་ཅན། རང་གི་གཟུང་དོན་གྱི་སྒྲུབ་བྱེད་མིན་པར་ཐལ། རང་གི་གཟུང་དོན་ལ་གསར་རྟོགས་ཀྱི་བྱ་བ་མི་བྱེད་པའི་ཕྱིར། དངོཾས། ཡིད་མངོན་སྐད་ཅིག་སྔ་ཕྱི་ཐམས་ཅད་ཆོས་ཅན། ཅིག་ཅར་སྐྱེ་བར་ཐལ། གཟུང་དོན་རྟག་པའི་དངོས་པོ་ལས་སྐྱེས་པའི་ཕྱིར། རྟག་པ་ཆོས་ཅན། རྐྱེན་ལ་ལྟོས་ནས་ཡིད་མངོན་རིམ་ཅན་དུ་བསྐྱེད་པ་མིན་པར་ཐལ། རྐྱེན་གྱིས་ཁྱད་པར་བྱར་མེད་པའི་ཕྱིར། གསུམ་པ་ནི། དེཾ། གཟུགས་འཛིན་ཡིད་མངོན་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་ལས་གཞན་གྱི་གཟུགས་འཛིན་ཏེ། དེ་འཛིན་པའམ་རང་གི་དེ་མ་ཐག་རྐྱེན་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དེ་ཉིད་འཛིན་པ་གང་རུང་གང་ཞིག ཕྱི་མ་བཀག་ཟིན་པའི་ཕྱིར། ལོང་བ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་མེད་དེ། ཁྱོད་གཟུགས་འཛིན་དབང་མངོན་གྱི་རྒྱུན་འགགས་ནས་སྐད་ཅིག་དུ་མ་ལོན་པའི་གང་ཟག་ཡིན་པའི་ཕྱིར། བཞི་པ་ལ་གསུམ་སྟེ། ཡུལ་གཞན་འཛིན་ན་ངེས་མེད་འཛིན་པ་སྤང་། ཡིད་ཀྱི་གཟུང་དོན་དུས་མཉམ་ཡིན་པ་སྤང་། དུས་ཐ་དད་ན་གཟུགས་འཛིན་མིན་པ་སྤང་བའོ། །དང་པོ་ནི། རཾང་། གཟུགས་འཛིན་ཡིད་ཀྱི་མངོན་སུམ་ཆོས་ཅན། རང་ཡུལ་ངེས་པར་འཛིན་པ་ཡིན་ཏེ། གཟུགས་འཛིན་དབང་མངོན་གྱི་གཟུང་དོན་སྐད་ཅིག་གཉིས་པ་དེ་ཁྱོད་ཀྱི་གཟུང་དོན་ཡིན་པའི་ཕྱིར། གཉིས་པ་ནི། དེཾ། གལ་ཏེ་ཡིད་ཀྱི་མངོན་སུམ་གྱི་གཟུང་དོན་ཆོས་ཅན། དབང་མངོན་སྐད་ཅིག་དང་པོས་ཡིད་ཀྱི་མངོན་སུམ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་མིན་པར་ཐལ། དབང་པོའི་མངོན་སུམ་དང་དུས་མི་མཉམ་པར་ཡིད་ཀྱི་མངོན་སུམ་དང་དུས་མཉམ་པའི་ཕྱིར་ཞེ་ན། མེཾད། ཡིད་ཀྱི་མངོན་སུམ་གྱི་གཟུང་དོན་ཆོས་ཅན། ཁྱོད་ཡིད་ཀྱི་མངོན་སུམ་དང་དུས་མཉམ་མེད་པར་ཐལ། ཁྱོད་ཡིད་ཀྱི་མངོན་སུམ་གྱི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་འབྲས་དུས་མཉམ་ལ་རིགས་པས་གནོད་པའི་ཕྱིར། གསུམ་པ་ནི། དུཾས། ཡིད་ཀྱི་མངོན་སུམ་གྱི་གཟུང་དོན་ཆོས་ཅན། ཡིད་ཀྱི་མངོན་སུམ་གྱིས་མི་འཛིན་པར་ཐལ། ཡིད་ཀྱི་མངོན་སུམ་དང་དུས་མི་མཉམ་པའི་ཕྱིར་ཞེ་ན། མདོ་སྡེ་པ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་དུས་མི་མཉམ་པའི་གཟུགས་འཛིན་ཡོད་དེ། ཁྱོད་ཀྱི་ལུགས་ལ་མངོན་སུམ་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་དེ་མངོན་སུམ་དང་དུས་མི་མཉམ་ཡང་དེའི་གཟུང་དོན་ཡིན་པའི་ཕྱིར། རྒྱུ།ཾ གཟུགས་འཛིན་དབང་མངོན་གྱི་གཟུང་དོན་སྐད་ཅིག་གཉིས་པ་ཆོས་ཅན། གཟུགས་འཛིན་པའི་ཡིད་མངོན་གྱི་རྐྱེན་གསུམ་གྱི་ནང་ནས་ཁྱོད་ཁོ་ན་གཟུགས་འཛིན་ཡིད་མངོན་གྱི་གཟུང་ཡུལ་ཡིན་ཏེ། གཟུགས་འཛིན་ཡིད་མངོན་དེ་རྐྱེན་གསུམ་གྱི་ནང་ནས་ཁྱོད་ཀྱི་རྣམ་ལྡན་དུ་སྐྱེས་པའི་ཕྱིར། གསུམ་པ་མྱང་བྱ་ཤེས་པ་བསྒྲུབ་སྟེ་རང་རིག་མངོན་སུམ་བཤད་པ་ནི། མདོར། ཆགས་ལ་སོགས། རང་རིག་རྟོག་པ་མེད་པ་ཡིན། །ཞེས་པའི་དོན་འགྲེལ་པ་ལ་གཉིས་ཏེ། མྱོང་བྱེད་རྟོག་བྲལ་ཉིད་དུ་བསྒྲུབ། མྱང་བྱ་བེམ་པོ་ཡིན་པ་དགག་པའོ། །དང་པོ་ནི། བདེཾ། ཚོར་བ་བདེ་བ་ཆོས་ཅན། ཁྱོད་མྱོང་བྱེད་དེ་རྟོག་པ་མིན་ཏེ། ཁྱོད་ལ་བརྡ་དངོས་སུ་སྦྱར་མི་ནུས་པའི་ཕྱིར་ཏེ། ཁྱོད་བརྡ་དུས་སུ་ཡོད་པ་ཐ་སྙད་ཀྱི་དུས་སུ་རྗེས་སུ་མི་འགྲོ་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། བདེ་སོགས་ནང་དོན་བེམ་པོ་ཡིན་པ་དགག བདེ་སོགས་ཕྱི་དོན་བེམ་པོ་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། གཞནཾ། ཚོར་བ་བདེ་བ་ཆོས་ཅན། རང་གི་ངོ་བོ་མི་རིག་པར་ཐལ། ཡུལ་གཞན་ཡང་རིག་བྱེད་མིན་པའི་ཕྱིར་ཏེ། བེམ་པོ་ཡིན་པའི་ཕྱིར། དེས་ན་བདེ་བ་དེ་བདག་གི་དོན་ལ་བརྟེན་ནས་རྣམ་ཤེས་རྫས་གཞན་གྱི་མྱང་བྱ་ཡིན་ནོ་ཞེ་ན། གཉིས་པ་ལ་གསུམ་སྟེ། བདེ་སོགས་ཤེས་པ་ཡིན་པར་བསྒྲུབ། རྣམ་ཤེས་གཞན་གྱིས་མྱོང་བ་དགག ཡུལ་གཞན་རིག་བྱེད་ཉིད་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཁྱབ་པ་བསྟན་ཏེ་གཏན་ཚིགས་དགོད། ཕྱོགས་ཆོས་རྐྱེན་གསུམ་མཚུངས་པ་བསྒྲུབ། རྐྱེན་གསུམ་མཚུངས་ལ་རྩོད་པ་སྤང་བའོ། །དང་པོ་ནི། དེཾ། གཟུགས་འཛིན་མིག་གི་རྣམ་པར་ཤེས་པའི་འཁོར་གྱི་ཚོར་བ་བདེ་བ་ཆོས་ཅན། ཤེས་པ་ཡིན་ཏེ། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་དང་རྐྱེན་གསུམ་ཚོགས་པ་གཅིག་ལས་སྐྱེས་པའི་ཕྱིར། ཁྱབ་སྟེ། འབྲས་བུ་རིགས་འདྲ་མི་འདྲ་དེ་ཡིན་ན་རྒྱུ་རིགས་འདྲ་མི་འདྲ་བ་ལ་ལྟོས་དགོས་པའི་ཕྱིར། གཉིས་པ་ནི། དོཾན། གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པའི་འཁོར་གྱི་ཚོར་བ་བདེ་བ་ཆོས་ཅན། གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པ་དེ་དང་རྐྱེན་གསུམ་མཚུངས་པ་གཅིག་ལས་སྐྱེས་ཏེ། ཁྱོད་ཀྱི་རྐྱེན་གསུམ་པོ་དེ་ལས་གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པ་དེ་ཡང་སྐྱེས་པའི་ཕྱིར། གསུམ་པ་ནི། དེཾ། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་དང་དེའི་འཁོར་གྱི་ཚོར་བ་བདེ་བ་ཆོས་ཅན། ཁྱོད་རང་རྒྱུ་རྐྱེན་གསུམ་ལས་སྐྱེས་པ་ཡིན་གྱི། བདག་གི་ཡོན་ཏན་འདུ་བྱེད་ལས་མི་སྐྱེ་སྟེ། ཁྱོད་རང་རྒྱུ་རྐྱེན་གསུམ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། དེཾ། གཟུགས་འཛིན་མིག་གི་རྣམ་པར་ཤེས་པའི་འཁོར་གྱི་ཚོར་བ་བདེ་སྡུག་ཆོས་ཅན། གཟུགས་འཛིན་མིག་གི་རྣམ་པར་ཤེས་པའི་རྐྱེན་གསུམ་ལས་སྐྱེས་པ་མཚུངས་ཀྱང་སིམ་གདུང་གི་ཁྱད་པར་ཡོད་དེ། དེར་མཚུངས་ཀྱང་རྐྱེན་གསུམ་ཉིད་ཀྱི་ནང་སེལ་གྱི་ཁྱད་པར་ལས་སིམ་གདུང་ཉིད་དུ་འགྱུར་བའི་ཕྱིར། དཔེར་ན་རྟོག་པ་མཚུངས་ཀྱང་ཕན་ཚུན་ལྟོས་ནས་གསལ་མི་གསལ་གྱི་ཁྱད་པར་ཡོད་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། བློ་གཉིས་རིམ་གྱིས་འབྱུང་བའི་ཕྱོགས་ལ་གཞན་མྱོང་མེད། བློ་གཉིས་ཅིག་ཅར་འབྱུང་བའི་ཕྱོགས་ལ་གཞན་མྱོང་མེད་པའོ། །དང་པོ་ལ་ལྔ་སྟེ། དུས་མཉམ་གཞན་གྱིས་མྱོང་བ་དགག ཕྱིས་འབྱུང་གཞན་གྱིས་མྱོང་བ་དགག གཅིག་གིས་གཉིས་ཀ་འཛིན་པ་དགག བདེ་སོགས་འབའ་ཞིག་འཛིན་པ་དགག གཟུང་ཡུལ་འབའ་ཞིག་འཛིན་པ་དགག་པའོ། །དང་པོ་ནི། དོཾན། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། གཟུང་དོན་གཟུགས་བོར་ནས་བདེ་བ་གཟུང་དོན་དུ་བྱས་ནས་མི་འཛིན་པར་ཐལ། ཁྱོད་དང་ཁྱོད་ཀྱི་འཁོར་གྱི་བདེ་བ་གཉིས་ཀ་ཁྱོད་ཀྱི་གཟུང་དོན་གཟུགས་ལས་སྐྱེས་པ་མཚུངས་པའི་ཕྱིར། གཉིས་པ་ནི། རིགཾས། ཐོག་མར་དབང་ཤེས་ཀྱིས་གཟུང་དོན་འཛིན། དེའི་རྗེས་སུ་ཡིད་ཤེས་ཀྱིས་བདེ་བ་རིམ་གྱིས་སྤེལ་ནས་འཛིན་ནོ་ཞེ་ན། བདེ་བ་མྱོང་བའི་བློ་ཆོས་ཅན། བདེ་བ་བར་མ་ཆད་དུ་མྱོང་བར་མི་འགྱུར་བར་ཐལ། བདེ་བ་མྱོང་བའི་སྔ་ཕྱིའི་བར་དུ་གཟུགས་སོགས་འཛིན་པས་བར་དུ་ཆོད་པའི་ཕྱིར། གལ་ཏེ་བདེ་བ་མྱོང་བ་འཇུག་པ་མགྱོགས་པའི་ཕྱིར། བར་ཆད་མེད་པར་སྣང་ངོ་ཞེ་ན། གཟུགས་སོགས་འཛིན་པའི་བློ་ཆོས་ཅན། གཟུགས་སོགས་བར་མ་ཆད་དུ་སྣང་བར་ཐལ། གཟུགས་སོགས་འཛིན་པ་འཇུག་པ་མགྱོགས་པའི་ཕྱིར། གསུམ་པ་ནི། དབང་པོའི་རྣམ་པར་ཤེས་པས་ཡུལ་གཟུགས་སོགས་དང་བདེ་བ་གཉིས་ཀ་ཅིག་ཅར་འཛིན་པར་བྱེད་དོ་ཞེ་ན། གཅིཾག གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་ཀྱིས་གཟུགས་དང་བདེ་བ་གཉིས་ཀ་གཟུང་དོན་དུ་བྱས་ནས་འཛིན་པ་མིན་པར་ཐལ། ཁྱོད་ཀྱི་གཟུང་དོན་ཡིན་ན་གཟུགས་ཡིན་པས་ཁྱབ་པའི་ཕྱིར་དང་། ཁྱོད་བསྐྱེད་པ་ལ་རང་དང་དུས་མཉམ་པའི་བདེ་བ་དེ་ནུས་པ་གྲུབ་པ་མེད་པའི་ཕྱིར་ཏེ། རང་དང་དུས་མཉམ་པའི་བདེ་བ་མེད་ཀྱང་རང་གི་གཟུང་དོན་གཟུགས་ལས་སྐྱེས་པའི་ཕྱིར། གཉིསཾ། གལ་ཏེ་གཟུགས་དང་བདེ་བ་གཉིས་ཀས་གཟུང་དོན་སོ་སོར་བྱེད་དོ་ཞེ་ན། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། རེས་འགའ་བདེ་བ་འབའ་ཞིག་འཛིན་པར་ཐལ། བདེ་བ་རྐྱང་པས་ཁྱོད་ཀྱི་གཟུང་དོན་བྱེད་ནུས་པའི་ཕྱིར། དཔེར་ན་སྔོ་སེར་སོ་སོར་རང་འབྲས་དབང་ཤེས་ཀྱི་གཟུང་དོན་ནུས་པས་རེས་འགའ་སྔོན་པོ་རྐྱང་པ་དབང་ཤེས་ཀྱིས་འཛིན་ནུས་པ་བཞིན་ནོ། །འདོད་ན། མིན་པར་ཐལ། ཁྱོད་ཀྱིས་གཟུགས་མ་གཟུང་ན་བདེ་བ་འཛིན་མི་ནུས་པའི་ཕྱིར། དོཾན། གལ་ཏེ་དབང་ཤེས་ཀྱིས་གཟུགས་སོགས་དང་བདེ་བ་ལྷན་ཅིག་ཏུ་འཛིན་ནོ་ཞེ་ན། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། བདེ་བས་ཁྱོད་ཀྱི་གཟུང་དོན་བྱེད་མི་ནུས་པར་ཐལ། བདེ་བས་གཟུང་དོན་བྱེད་པའི་སྒོ་ནས་ཁྱོད་བསྐྱེད་པ་མེད་པའི་ཕྱིར། བཞི་པ་ནི། དོཾན། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་དེས་ཕྱི་རོལ་གྱི་དོན་གཟུང་དོན་དུ་མི་བྱེད་པར་བདེ་བ་འབའ་ཞིག་གཟུང་དོན་དུ་བྱེད་དོ་ཞེ་ན། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། བུད་མེད་སོགས་ཀྱི་གཟུགས་མཛེས་སོགས་མི་འཛིན་པར་ཐལ། བདེ་བ་འབའ་ཞིག་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར། ཁྱབ་སྟེ། བདེ་བ་གཟུང་དོན་དུ་བྱེད་ན་ཕྱི་རོལ་གྱི་དོན་མི་མཐོང་བས་ཁྱབ་པའི་ཕྱིར། ལྔ་པ་ནི། དོཾན། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་དེས་གཟུགས་ཁོ་ན་གཟུང་དོན་དུ་བྱས་ནས་འཛིན་ནོ་ཞེ་ན། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། རང་ལས་རྫས་གཞན་པའི་བདེ་བ་མྱོང་བ་མི་འགྱུར་བར་ཐལ། གཟུགས་ཁོ་ན་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར། གཉིས་པ་ནི། ཡཾུལ། ཡུལ་གཟུགས་དང་བདེ་བ་གཉིས་ཅིག་ཅར་ཡོད་པའི་ཚེ། དེ་གཉིས་ཅིག་ཅར་དུ་མྱོང་བའི་བློ་སྐྱེའོ་ཞེ་ན། སྐྱེས་བུ་གཅིག་གི་རྒྱུད་ལ་ཆོས་ཅན། བདེ་སྡུག་གཉིས་ཅིག་ཅར་དུ་མྱོང་བར་ཐལ། ཡུལ་འདོད་མི་འདོད་གཉིས་ཅིག་ཅར་དུ་ཡོད་པའི་ཕྱིར། གངཾ་། གལ་ཏེ་ཉེར་ལེན་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ལས་མེད་པས་བདེ་སྡུག་གཉིས་ཅིག་ཅར་དུ་མི་འབྱུང་ངོ་ཞེ་ན། གངཾ་། བདེ་སྡུག་གཉིས་ཆོས་ཅན། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཁྱོད་ཀྱི་ཉེར་ལེན་མིན་པར་ཐལ། ཁྱོད་བེམ་པོ་ཡིན་པའི་ཕྱིར། བདགཾ གལ་ཏེ་མིག་གི་རྣམ་པ་ཤེས་པ་དེ་བདེ་སྡུག་གཉིས་ཀྱི་བདག་རྐྱེན་ཡིན་པས་བདག་རྐྱེན་གཅིག་ལས་བདེ་སྡུག་འགལ་བ་གཉིས་མི་འབྱུང་ངོ་ཞེ་ན། དེཾ། བདག་རྐྱེན་གཅིག་གིས་བདག་འབྲས་འགལ་བ་གཉིས་བསྐྱེད་པ་ཡོད་པར་ཐལ། ཉི་མའི་འོད་ཟེར་གཅིག་གིས་འུག་པའི་མིག་གི་རྣམ་པར་ཤེས་པས་གཟུགས་མི་མཐོང་བ་དང་། མིའི་མིག་གི་རྣམ་པར་ཤེས་པས་གཟུགས་མཐོང་བའི་བདག་རྐྱེན་བྱེད་པའི་ཕྱིར། གསུམ་པ་ཡུལ་གཞན་རིག་བྱེད་ཉིད་དུ་བསྟན་པ་ནི། དེཾ། གཟུགས་འཛིན་མིག་གི་རྣམ་པར་ཤེས་པའི་འཁོར་གྱི་ཚོར་བ་བདེ་བ་ཆོས་ཅན། ཡུལ་གཞན་རིག་སྟེ། དོན་གྱི་རང་ངོས་ནས་གཏད་པའི་རྣམ་པར་སྣང་བའི་ཕྱིར། དེཾས། རང་གི་བདག་ཉིད་དུ་གྱུར་པའི་རྣམ་པར་རིག་པའི་བདེ་སོགས་ཆོས་ཅན། ཕྱི་དོན་དངོས་སུ་མྱོང་བ་མ་ཡིན་ཏེ། ཕྱི་དོན་གྱི་རྣམ་པར་མྱོང་བ་ལ། ཕྱི་དོན་མྱོང་བ་བཏགས་པ་ཙམ་ཡིན་པའི་ཕྱིར། དོཾན། དེ་ཆོས་ཅན། དོན་གྱི་རྣམ་པར་མྱོང་བ་ལ་དོན་མྱོང་བ་བཏགས་ནས་བཤད་དེ། དོན་གྱིས་རང་ངོས་ནས་གཏད་པའི་རྣམ་པར་ཤེས་པ་རང་གི་བདག་ཉིད་དུ་གྱུར་པ་དེ་མྱོང་བ་ཡིན་པའི་ཕྱིར། དེ་ཆོས་ཅན། ཕྱི་དོན་དམིགས་པ་ཡིན་ཏེ། ཕྱི་དོན་གྱིས་གཏད་པའི་རྣམ་པར་སྣང་བའི་ཕྱིར། གཉིས་པ་བདེ་སོགས་ཕྱི་དོན་བེམ་པོ་ཡིན་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། འགཾའ། གྲངས་ཅན་པ་ན་རེ། བདེ་སོགས་ནི་ཕྱི་རོལ་དེ་ཙམ་ལྔའི་རང་བཞིན་དང་། སེམས་མེད་པའི་བེམ་པོ་དང་། རྣམ་པར་ཤེས་པ་རྫས་གཞན་གྱི་མྱང་བྱ་དེ་ཁྱད་ཆོས་གསུམ་ལྡན་ཡིན་གྱི། རང་རིག་པ་མིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་གསུམ་སྟེ། བདེ་སོགས་གཞན་གྱིས་གཟུང་བ་དགག བདེ་སོགས་ཕྱི་རོལ་ཡིན་པ་དགག བདེ་སོགས་སེམས་མེད་ཡིན་པ་དགག་པའོ། །དང་པོ་ནི། དེཾ། གཟུགས་འཛིན་མིག་གི་རྣམ་ཤེས་ཆོས་ཅན། གཟུགས་དང་བདེ་སོགས་གཉིས་ཀ་ཅིག་ཅར་གཟུང་དོན་བྱེད་པ་མིན་པར་ཐལ། ཁྱོད་ཀྱི་གཟུང་དོན་ཡིན་ན་གཟུགས་ཡིན་པས་ཁྱབ་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྣང་རུང་མ་དམིགས་རྟགས་ཀྱིས་དགག ཧ་ཅང་ཐལ་བའི་རིགས་པས་དགག དེ་ཡི་ཉེས་སྤོང་བརྒྱུད་མར་དགག་པའོ། །དང་པོ་ནི། སྔོཾ། གལ་ཏེ་ཕྱི་རོལ་དེ་ཙམ་ལྔ་དང་བདེ་སོགས་གཅིག་ཡིན་པས་གཅིག་ཅར་འཛིན་ནོ་ཞེ་ན། ཐཾ། སྔོ་སོགས་དང་བདེ་སོགས་ཆོས་ཅན། རྫས་ཐ་དད་ཡིན་པར་ཐལ། བློ་མ་འཁྲུལ་བ་ལ་རྫས་ཐ་དད་དུ་སྣང་བའི་ཕྱིར། གཉིས་པ་ནི། ཕྱིཾ། སྐྱེས་བུ་དུ་མའི་རྒྱུད་ལ་ཆོས་ཅན། ཕྱི་རོལ་གྱི་དོན་གཅིག་ལ་དམིགས་ནས་འདོད་མི་འདོད་གོམས་པ་ལས་དགའ་གདུང་གི་ཁྱད་པར་དུ་མི་འགྱུར་བར་ཐལ། ཉམས་སུ་མྱང་བྱའི་བདེ་སྡུག་གཉིས་ཀ་ཕྱི་རོལ་གྱི་དོན་གཅིག་ཡིན་པའི་ཕྱིར། གསུམ་པ་ནི། གལཾ། གལ་ཏེ་ཕྱི་དོན་གྱི་ངོ་བོར་གྱུར་པའི་བདེ་སོགས་གོམས་པ་ལས་དགའ་གདུང་གི་ཁྱད་པར་དུ་མི་འགྱུར་ཡང་། བློའི་ངོ་བོར་གྱུར་པའི་བདེ་སོགས་གོམས་པ་ལས་དགའ་གདུང་གི་ཁྱད་པར་དུ་འགྱུར་བས་མི་འགལ་ལོ་ཞེ་ན། དེཾ། དེ་ཙམ་ལྔ་པོ་དེ་བདེ་སོགས་མིན་པར་ཐལ། དགའ་གདུང་གི་ངོར་ཉམས་སུ་མྱང་བར་བྱ་བ་དེ་ཡིན་ན་བློ་ཡིན་པས་ཁྱབ་པའི་ཕྱིར། གཾལ། དེ་ཙམ་ལྔ་པོ་ཆོས་ཅན། བདེ་སོགས་ཡིན་ཏེ། བདེ་སོགས་ཀྱི་བདག་ཉིད་ཅན་གྱི་བློའི་གཟུང་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་ཐ་དད་ཡིན་ན་གཟུགས་འཛིན་མིན་དགོས་པའི་ཕྱིར་ཞེ་ན། བདག་ཤེས་རིག་གི་སྐྱེས་བུ་ཆོས་ཅན། ཡུལ་ཀུན་གྱི་འཛིན་བྱེད་མིན་པར་ཐལ། ཡུལ་ཀུན་དང་རིགས་ཐ་དད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཡུལ་ཀུན་གྱི་ཟ་བ་པོ་མིན་པར་ཐལ། འདོད་པ་དེའི་ཕྱིར། འདིཾས། རིགས་ཐ་དད་ཡིན་ན་གཟུགས་འཛིན་མིན་པ་འགོག་པའི་རིགས་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། རིགས་ཐ་དད་ཡིན་ན་རྒྱུ་འབྲས་མིན་པས་ཁྱབ་པའི་རྒྱུ་མཚན་གྱིས་དེ་ཙམ་ལྔ་པོ་བདེ་སོགས་སུ་འདོད་པ་དེ་ཡང་བསལ་བའི་ཕྱིར། ཕྱི་རོལ་གྱི་བདེ་སོགས་དང་བློའམ་ཆེན་པོ་ཆོས་ཅན། རྣམ་པར་འཇོག་པའི་རྒྱུ་དང་དེས་བཞག་པའི་འབྲས་བུ་མིན་པར་ཐལ། རིགས་ཐ་དད་ཡིན་པས་གཟུགས་འཛིན་མིན་པའི་ཕྱིར། གལ་ཏེ་གཟུགས་འཛིན་ཡིན་པ་ཙམ་གྱིས་རྒྱུ་འབྲས་སུ་འགྱུར་ན། བདག་ཤེས་རིག་གི་སྐྱེས་བུ་དང་ཡུལ་ཆོས་ཅན། རྒྱུ་འབྲས་སུ་ཐལ། གཟུགས་འཛིན་ཡིན་པའི་ཕྱིར། གསུམ་པ་བདེ་སོགས་སེམས་མེད་ཡིན་པ་དགག་པ་ལ་གཉིས་ཏེ། མྱང་བྱ་ཡིན་པས་སེམས་སུ་གྲུབ། མྱོང་བྱེད་གཞན་གྱིས་མྱོང་བ་དགག་པའོ། །དང་པོ་ནི། དེཾ། བདེ་སོགས་ཆོས་ཅན། ནང་ཉིད་ཡིན་ཏེ། གོམས་པ་ལས་དགའ་གདུང་དུ་གྱུར་པའི་ཕྱིར། དེ་ཆོས་ཅན། སེམས་ཀྱི་རང་བཞིན་ཡིན་ཏེ། སེམས་ཀྱི་མྱང་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། མྱང་བྱ་དེའི་རང་བཞིན་མིན་ན་མྱང་བྱ་དེའི་མྱོང་བྱེད་མིན་དགོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། བློ་མྱོང་ཐ་དད་མ་དམིགས་རྟགས་ཀྱིས་དགག ཁྱབ་པ་མ་ངེས་མཚོན་པའི་དཔེ་གཉིས་དགག་པའོ། །དང་པོ་ནི། གཾལ། མ་གྲུབ་སྟེ། བདག་ཤེས་རིག་གི་སྐྱེས་བུ་དེ་བདེ་སོགས་ཀྱི་རང་བཞིན་མིན་ཡང་བློའམ་ཆེན་པོ་ལ་རྣམ་པར་ཤར་བའི་བདེ་སོགས་མྱོང་བའི་ཕྱིར་ཞེ་ན། མངོཾན། བདེ་སོགས་ཆོས་ཅན། ཉམས་སུ་མྱོང་བའི་རྣམ་པ་ཅན་དང་རྗེས་ཀྱི་དྲན་པའི་རྣམ་པ་ཅན་ལས་མ་གཏོགས་པའི་ཁྱོད་ཀྱི་རྣམ་པར་ཤར་བའི་བློའམ་ཆེན་པོ་མེད་པར་ཐལ། དེ་སྣང་རུང་མ་དམིགས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཕྱིའི་དཔེ་དགག ནང་གི་དཔེ་དགག་པའོ། །དང་པོ་ནི། ལྕགཾས། བློ་མྱོང་གཉིས་པོ་དོན་ལ་ཐ་དད་ཀྱང་འདྲེས་པས་བློ་ལ་ཐ་དད་དུ་མི་སྣང་བ་ཡིན་ཏེ། ལྕགས་གོང་དམར་འབར་བར་སོང་བའི་ཚེ་ལྕགས་རྡུལ་དང་མེ་རྡུལ་བཞིན་ནོ་ཞེ་ན། དེཾ། དངོས་པོ་ལ་རྫས་ཐ་དད་དང་རྫས་ཐ་དད་མ་ཡིན་པའི་རྣམ་གཞག་མི་འཐད་པར་ཐལ། མངོན་སུམ་གྱིས་རྫས་གཅིག་ཏུ་མ་དམིགས་ན་རྫས་གཅིག་མིན་པས་མ་ཁྱབ་པའི་ཕྱིར། ཐཾ། མངོན་སུམ་གྱིས་རྫས་ཐ་དད་དུ་དམིགས་པ་དེ་རྫས་ཐ་དད་པའི་སྒྲུབ་བྱེད་མིན་པར་ཐལ། མངོན་སུམ་གྱིས་རྫས་གཅིག་ཏུ་དམིགས་པ་དེ་རྫས་གཅིག་པའི་སྒྲུབ་བྱེད་མིན་པའི་ཕྱིར། ཁྱབ་སྟེ། ལྡོག་ཁྱབ་རྟགས། གདཾུག དངོས་པོ་ལ་འགའ་ཞིག་རྫས་ཐ་དད་དང་འགའ་ཞིག་རྫས་ཐ་དད་མེད་པར་འཇོག་པའི་རྒྱུ་མཚན་མེད་པར་ཐལ། རྡུལ་དང་དཀར་སོགས་རྫས་ཐ་དད་དུ་སྣང་ཡང་རྫས་ཐ་དད་མིན། བློ་དང་མྱོང་བ་གཉིས་རྫས་གཅིག་ཏུ་སྣང་ཡང་རྫས་གཅིག་མིན་པའི་ཕྱིར། གཉིས་པ་ནི། རྣམ་ཤེས་གཅིག་གི་འཁོར་དུ་ཚོར་བ་བདེ་བ་ལྟ་བུ་གསལ་པོར་སྐྱེས་པའི་ཚེ། སྡུག་བསྔལ་སོགས་ཐ་དད་དུ་མ་དམིགས་ཀྱང་ཐ་དད་པ་བཞིན་དུ་བློ་མྱོང་གཉིས་པོ་ཐ་དད་དུ་ཡོད་ཀྱང་ཐ་དད་དུ་མ་དམིགས་སོ་ཞེ་ན། གཅིཾག གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་ཀྱི་འཁོར་དུ་ཚོར་བ་བདེ་བ་གསལ་པོར་སྐྱེས་པའི་ཚེ། ཚོར་བ་སྡུག་བསྔལ་མ་དམིགས་ཀྱང་ཚོར་བ་བདེ་སྡུག་གཉིས་རྫས་ཐ་དད་དུ་གྲུབ་སྟེ། ཁྱོད་ཀྱི་རྒྱུན་ཕྱི་མ་ལ་ཚོར་བ་སྡུག་བསྔལ་སྐྱེས་པའི་ཚེ། སྡུག་བསྔལ་དེ་སྔར་གྱི་བདེ་བ་དེ་ལས་ཐ་དད་དུ་དམིགས་པའི་ཕྱིར། བཞི་པ་ཡང་དག་གསལ་སྣང་སྒྲུབ་སྟེ་རྣལ་འབྱོར་མངོན་སུམ་བཤད་པ་ནི། ཚད་མ་མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་པའི་དོན་འགྲེལ་པ་ལ་གསུམ་སྟེ། མཚན་གཞི་སྒོམ་བྱུང་བསྟན། མཚན་ཉིད་རྟོག་བྲལ་བསྒྲུབ། བྲལ་བྱ་རྟོག་པ་བཤད་པའོ། །དང་པོ་ནི། རྣཾལ། བདེན་བཞིའི་སྟེང་གི་མི་རྟག་སོགས་བཅུ་དྲུག་གོམས་པ་ལས་གོམས་བྱའི་དོན་ལ་གསལ་སྣང་ཐོབ་པའི་བློ་དེ་ཆོས་ཅན། རྣལ་འབྱོར་མངོན་སུམ་ཡིན་ཏེ། ཡང་དག་པའི་དོན་གོམས་པ་ལས་ཡང་དག་པའི་དོན་ལ་གསལ་སྣང་བསྐྱེད་པའི་བློ་ཡིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། གོམས་ལས་གསལ་སྣང་འབྱུང་བ་བསྒྲུབ། གསལ་བ་སྣང་བས་རྟོག་མེད་བསྒྲུབ། ཡང་དག་མིན་ལའང་གསལ་སྣང་ཡོད། ཚད་མ་ཡིན་མིན་ཕྱེ་སྟེ་བཤད་པའོ། །དང་པོ་ནི། རྟོཾག འཕགས་པའི་བདེན་བཞི་བསྒོམ་པའི་བློ་ཆོས་ཅན། གོམས་པ་མཐར་ཐུག་པ་ན་གོམས་བྱའི་དོན་ལ་གསལ་སྣང་འབྱུང་སྟེ། གོམས་པ་མཐར་ཐུག་པ་ན་གོམས་བྱའི་དོན་ལ་རྟོག་བྲལ་དུ་འགྱུར་བའི་ཕྱིར། དཔེར་ན་འདོད་འཇིག་སོགས་གོམས་པའི་བློ་བཞིན། གཉིས་པ་ནི། རྣཾལ། རྣལ་འབྱོར་མངོན་སུམ་ཆོས་ཅན། ཡང་དག་པའི་དོན་ལ་རྟོག་པ་མེད་པ་ཡིན་ཏེ། ཡང་དག་པའི་དོན་གསལ་བ་སྣང་བ་ཡིན་པའི་ཕྱིར། ཁྱབ་སྟེ། ཡུལ་དེ་ལ་རྟོག་པ་ཡིན་ན་ཡུལ་དེ་མི་གསལ་བ་སྣང་བས་ཁྱབ་པའི་ཕྱིར། གལ་ཏེ་རྟོག་པ་ལ་ཡང་གསལ་སྣང་ཡོད་དེ། རྨི་ལམ་གྱི་ཤེས་པ་བཞིན་ནོ་ཞེ་ན། རྨིཾ། རྨི་ལམ་གྱི་གནས་སྐབས་ཀྱི་དྲན་པ་རྟོག་པ་ཆོས་ཅན། རང་ཡུལ་མི་གསལ་བ་སྣང་བ་ཡིན་ཏེ། རང་ཡུལ་མི་གསལ་བ་སྣང་བ་རྗེས་ཀྱི་དྲན་ཤེས་ཀྱིས་དྲན་པ་ཡིན་པའི་ཕྱིར། གསུམ་པ་ནི། མིཾ། ཡང་དག་པ་མིན་པའི་དོན་བསྒོམས་པ་ལས་ཀྱང་གསལ་སྣང་འབྱུང་བ་ཡོད་དེ། མི་སྡུག་པ་དང་ཟད་པར་གྱི་ཏིང་ངེ་འཛིན་སོགས་པ་བསྒོམས་པ་ལས་བསྒོམ་བྱའི་དོན་ལ་རྟོག་མེད་དང་གསལ་སྣང་འབྱུང་བ་མཐོང་བའི་ཕྱིར། དེཾ། ཡང་དག་པ་བདག་མེད་པའི་དོན་དང་ཡང་དག་པ་མིན་པ་ཟད་པར་སོགས་ཀྱི་དོན་བསྒོམ་པའི་བློ་ཆོས་ཅན། སྒོམ་པ་རྫོགས་པ་ན་བསྒོམ་བྱའི་དོན་ལ་གསལ་སྣང་དང་རྟོག་མེད་དུ་འགྱུར་ཏེ། རྟེན་བརྟན། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་བསྒོམ་བྱའི་དོན་དེ་སྒོམ་པའི་བློ་ཡིན་པའི་ཕྱིར། བཞི་པ་ནི། དེཾ། འཕགས་པའི་བདེན་པ་བཞི་བསྒོམས་པ་ལས་བསྒོམ་བྱའི་དོན་ལ་གསལ་སྣང་ཐོབ་པའི་བློ་ཆོས་ཅན། ཚད་མ་ཡིན་ཏེ། མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། མི་སྡུག་པའི་ཏིང་ངེ་འཛིན་གོམས་པ་ལས་གོམས་བྱའི་དོན་ལ་གསལ་སྣང་ཐོབ་པའི་བློ་ཆོས་ཅན། ཚད་མ་མ་ཡིན་ཏེ། བསླུ་བའི་ཤེས་པ་ཡིན་པའི་ཕྱིར། གསུམ་པ་ནི། ཤེཾས། བུམ་འཛིན་རྟོག་པ་ཆོས་ཅན། བུམ་པ་ལ་རྟོག་པ་ཡིན་ཏེ། བུམ་པ་ལ་སྒྲ་དོན་དངོས་སུ་འཛིན་པའི་བློ་ཡིན་པའི་ཕྱིར། དེ་ཆོས་ཅན། རང་གི་ངོ་བོ་ལ་རྟོག་བྲལ་ཡིན་ཏེ། རང་གི་ངོ་བོ་ལ་སྒྲ་དོན་མི་འཛིན་པའི་བློ་ཡིན་པའི་ཕྱིར། དེ་ཆོས་ཅན། རང་གི་ངོ་བོ་ལ་མངོན་སུམ་ཡིན་ཏེ། རང་གི་ངོ་བོ་ལ་རྟོག་བྲལ་མ་འཁྲུལ་བའི་བློ་ཡིན་པའི་ཕྱིར། གཉིས་པ་མ་འཁྲུལ་རྟོགས་ཕྱིར་མངོན་སུམ་ལྟར་སྣང་བཤད་པ་ནི། མདོར། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱ་འོཾ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་གསུངས་པའི་དོན་འགྲེལ་པ་ལ་གསུམ་སྟེ། མངོན་སུམ་ལྟར་སྣང་བཞི་རུ་བསྡུ། རྟོག་པ་གསུམ་གྱི་དགོས་པ་བཤད། བསླད་པ་ལོགས་སུ་བཀར་བའི་དོན་ནོ། །དང་པོ་ནི། མངོཾན། མདོར་མངོན་སུམ་ལྟར་སྣང་བདུན་དུ་བཤད་པ་ཆོས་ཅན། དགོས་པའི་སྒོ་ནས་བཞིར་འདུས་ཏེ། བརྡ་རྟེན་ཅན་དང་དོན་གཞན་ལ་སྒྲོ་འདོགས་པའི་དང་། ལྐོག་ཏུ་གྱུར་པའི་དོན་ཅན་དང་། རྟོག་པ་མངོན་སུམ་ལྟར་སྣང་གསུམ་དང་། རྟོག་མེད་མངོན་སུམ་ལྟར་སྣང་གཅིག་རྣམས་སུ་འདུས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དགོས་པ་མདོར་བསྟན། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དབཾང་། ཀུན་རྫོབ་པའི་ཤེས་པ་དང་འཁྲུལ་པའི་ཤེས་པ་གཉིས་མངོན་སུམ་ལྟར་སྣང་གི་དབྱེ་བ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། དེ་གཉིས་དབང་པོ་ལས་སྐྱེས་པའི་ཤེས་པ་མིན་པར་སྒྲུབ་པའི་ཆེད་ཡིན་པའི་ཕྱིར། རྗེཾས། རྗེས་དཔག་སོགས་བཞི་མངོན་སུམ་ལྟར་སྣང་གི་དབྱེ་བ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། རྟོག་པ་སྔ་མ་གཉིས་དབང་ཤེས་མིན་པར་སྒྲུབ་པའི་མཐུན་དཔེ་བསྟན་པའི་ཁྱད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། འཁྲུལ་པ་སྤོང་བ་རྒྱས་པར་བཤད། རྗེས་དཔག་སོགས་སྒྲུབ་རྒྱས་པར་བཤད། སྔ་མ་སྒྲུབ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། བརྡཾ། བརྡ་རྟེན་ཅན་དང་དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་ཆོས་ཅན། ཁྱོད་དབང་ཤེས་སུ་འཁྲུལ་རྒྱུ་ཡོད་དེ། ཁྱོད་དབང་པོའི་མངོན་སུམ་དང་། ཡུལ་ལ་ལྷན་ཅིག་ཏུ་འཇུག་པའི་རྒྱུ་མཚན་གྱིས་དེར་འཁྲུལ་པའི་ཕྱིར། གཉིས་པ་ནི། ཇི། ལྐོག་ཏུ་གྱུར་པའི་དོན་ཅན་གྱི་རྟོག་པ་བཞི་པོ་ཆོས་ཅན། མངོན་སུམ་མ་ཡིན་ཏེ། རང་ཡུལ་འཛིན་པ་བརྡ་དྲན་ལ་ལྟོས་པའི་བློ་ཡིན་པའི་ཕྱིར། གསུམ་པ་ནི། དེཾ། བརྡ་རྟེན་ཅན་གྱི་རྟོག་པ་དང་དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་ཆོས་ཅན། ཆོས་རྟགས་འདྲ། གསུམ་པ་ལ་གསུམ་སྟེ། དབང་ཤེས་ཡིན་པའི་རང་ལུགས་བརྗོད། ཡིད་རྟོག་ཡིན་པའི་གཞན་ལུགས་དགག དགག་སྒྲུབ་གཉིས་ཀྱི་དོན་བསྡུ་བསྟན་པའོ། །དང་པོ་ནི། འདིཾར། མདོར་མངོན་སུམ་ལྟར་སྣང་གི་དབྱེ་བ་འཆད་པའི་སྐབས་སུ་རབ་རིབ་ཅན་སོགས་ཀྱི་ཚིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་སྤྱིར་བཏང་བ་ལ་རྟོག་པ་དང་བྲལ་ཡང་འཁྲུལ་ན་མངོན་སུམ་ལྟར་སྣང་ཡིན་ཞེས་དམིགས་ཀྱིས་བསལ་བའི་ཆེད་ཡིན་པའི་ཕྱིར། རྟོག་མེད་མངོན་སུམ་ལྟར་སྣང་སྟོན་པའི་སྐབས་སུ་རབ་རིབ་ཅན་གྱི་ཤེས་པ་དཔེར་སྨོས་པ་ཆོས་ཅན། དབང་ཤེས་འཁྲུལ་པ་ཐམས་ཅད་མཚོན་པར་བྱེད་དེ། དབང་ཤེས་འཁྲུལ་པ་བསྐྱེད་པའི་རྐྱེན་ཙམ་སྟོན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། དེཾ། མདོའི་འགྲེལ་བྱེད་ཁ་ཅིག་ན་རེ། རབ་རིབ་ཅན་དང་ཟླ་བ་གཉིས་སྣང་ལ་སོགས་པའི་ཤེས་པ་དེ་ཡང་ཡིད་རྟོག་ཁོ་ན་ཡིན་པས་དེ་བསལ་བ་ལ་དམིགས་བསལ་གྱི་ཚིག་དོན་མེད་དེ། མངོན་སུམ་གྱི་མཚན་ཉིད་རྟོག་བྲལ་གྱིས་སེལ་བའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ལ་གཉིས་ཏེ། ཡིད་བློ་ལུང་དང་རིགས་པས་དགག རྟོག་པ་དངོས་སྟོབས་རིགས་པས་དགག་པའོ། །དང་པོ་ལ་གཉིས་ཏེ། རྩོད་སྒྲུབ་མཁན་པོའི་ལུང་གིས་དགག དབང་རྟེན་གཞན་ལ་མཚུངས་པས་དགག་པའོ། །དང་པོ་ནི། སྔོཾ། ཟླ་གཉིས་གསལ་སྣང་གི་ཤེས་པ་ཆོས་ཅན། ཁྱོད་ཡིད་ཀྱི་ཤེས་པ་མིན་པར་ཐལ། ཁྱོད་ཡིད་ཀྱི་ཤེས་པ་ཡིན་པ་ལ་རྩོད་སྒྲུབ་ལས་དེ་དག་ཀྱང་དོན་དམ་པར་རྣམ་པ་གཞན་དུ་ཡོད་པ་དག་ནི་ཟླ་བ་གཉིས་ལ་སོགས་པར་སྣང་བ་དང་། སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པའི་རྒྱུ་ཡིན་ནོ་ཞེས་པའི་ལུང་གིས་གནོད་པའི་ཕྱིར། གཾལ། ལུང་དེའི་དོན་དབང་པོ་གཟུགས་ཅན་པ་ཟླ་གཉིས་གསལ་སྣང་གི་ཤེས་པའི་བརྒྱུད་རྒྱུ་ཡིན་པ་ལ་དགོངས་པས་སྐྱོན་མེད་དོ་ཞེ་ན། ཕྱི་དོན་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པ་འགོག་པའི་སྐབས་འདིར་ཆོས་ཅན། ཡིད་ཤེས་ཀྱི་བརྒྱུད་རྒྱུ་ཡིན་པའི་ཕྱིར་ན། དབང་ཤེས་ཀྱི་དམིགས་རྐྱེན་དུ་ཐལ་བ་སྐབས་སུ་བབས་པ་མིན་པར་ཐལ། དབང་ཤེས་ཀྱི་རྒྱུ་ཡིན་པས་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པར་འདོད་པ་འགོག་པའི་སྐབས་ཡིན་པའི་ཕྱིར། གཉིས་པ་ནི། དབཾང་། དབང་པོ་ལ་བརྟེན་པའི་ཤེས་པའི་འཇོག་བྱེད་གང་ཡིན། དབང་པོ་གཟུགས་ཅན་པ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཞེ་ན། ཟླ་གཉིས་གསལ་སྣང་གི་ཤེས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། གལ་ཏེ་དབང་པོ་གསལ་མི་གསལ་དུ་འགྱུར་པའི་རྗེས་སུ་གསལ་མི་གསལ་དུ་འགྱུར་བ་དང་ལྡན་པའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། ཟླ་གཉིས་གསལ་སྣང་གི་ཤེས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བ་བཞི་ཡིས་དགག གསལ་བ་སྣང་བའི་རྟགས་ཀྱིས་དགག་པའོ། །དང་པོ་ནི། འདིཾར། ཟླ་གཉིས་གསལ་སྣང་གི་ཤེས་པ་ཆོས་ཅན། རང་གི་བདག་རྐྱེན་དབང་པོ་བསླད་པ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་ཐལ། ཡིད་རྟོག་ཡིན་པའི་ཕྱིར། ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པའི་བློ་བཞིན། དེ་ཆོས་ཅན། རང་ཡུལ་བརྗོད་པས་རང་ཉིད་སྐྱེ་བར་ཐལ། ཡིད་རྟོག་ཡིན་པའི་ཕྱིར། དེ་ཆོས་ཅན། རང་གི་ཡུལ་མཐོང་བ་བརྡ་དྲན་ལ་ལྟོས་པར་ཐལ་བ་དང་། རང་ཡུལ་མི་གསལ་བ་སྣང་བར་ཐལ། ཡིད་རྟོག་ཡིན་པའི་ཕྱིར། གཉིས་པ་ནི། གཉིཾད། གཉིད་ལོག་པའམ་སད་པའི་གནས་སྐབས་ཀྱི་རང་ཡུལ་གསལ་སྣང་ཅན་གྱི་བློ་ཆོས་ཅན། རྟོག་མེད་ཡིན་ཏེ། སྒྲ་དོན་འཛིན་པས་སྟོང་པའི་ཤེས་པ་ཡིན་པའི་ཕྱིར། དེ་གཉིས་ཀའང་ཡུལ་མི་གསལ་བ་སྣང་བའི་དེ་ཆོས་ཅན། རྟོག་པ་ཡིན་ཏེ། སྒྲ་དོན་དངོས་སུ་འཛིན་པའི་བློ་ཡིན་པའི་ཕྱིར། གསུམ་པ་ནི། དེཾ། ཟླ་བ་གཉིས་གསལ་སྣང་གི་དབང་ཤེས་ཆོས་ཅན། ཁྱོད་རྟོག་མེད་ཡིན་ནའང་ཚད་མར་འགྱུར་བ་རབ་རིབ་བཅས། །ཞེས་པའི་ཚིག་གིས་བཀག་པ་ཡིན་ཏེ། ཁྱོད་རྟོག་མེད་ཡིན་ཡང་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། རྟོག་པ་དང་རྟོག་མེད་ཀྱི་མངོན་སུམ་ལྟར་སྣང་གི་སྡེ་ཚན་གཉིས་སོ་སོར་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། འཁྲུལ་ཤེས་ཡིན་ན་མངོན་སུམ་མིན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་ཚད་འབྲས་བཤད་པ་ལ་གཉིས་ཏེ། ཚད་འབྲས་གཞལ་གསུམ་རྣམ་གཞག་བཤད། རྣམ་གཞག་དེ་ཡི་སྒྲུབ་བྱེད་བཤད་པའོ། །དང་པོ་ལ་བཞི་སྟེ། ཕྱི་དོན་ལས་བྱུང་དོན་རིག་ཚད་འབྲས་བཤད། བག་ཆགས་བརྟན་བྱུང་རྣམ་རིག་ཚད་འབྲས་བཤད། ཕྱི་དོན་ཡོད་ཀྱང་རང་རིག་འབྲས་བུར་གྲུབ། རྣམ་པ་རྫུན་ཡང་རང་རིག་འབྲས་བུར་གྲུབ་པའོ། །དང་པོ་ལ་གསུམ་པ་སྟེ། ཚད་འབྲས་བདག་ཉིད་གཅིག་པར་བསྒྲུབ། ཚད་འབྲས་དོན་གཞན་ཡིན་པ་དགག བདག་གཅིག་པ་ལ་རྩོད་པ་སྤོང་བའོ། །དང་པོ་ལ་བཞི་སྟེ། དོན་རྟོགས་འཇོག་ནུས་སྒྲུབ་བྱེད་ཡིན། འཇོག་ནུས་ཁྱད་པར་གཉིས་ལྡན་དགོས། དེས་ན་ཚད་འབྲས་དོན་གཞན་མིན། དེ་ལྟར་ཡིན་ཡང་བྱ་བྱེད་རུང་བའོ། །དང་པོ་ནི། བྱཾ། སྤྱིར་བསྒྲུབ་བྱ་དང་སྒྲུབ་བྱེད་ཞེས་པའི་སྐབས་འདིར་ཆོས་ཅན། བསྒྲུབ་བྱ་གང་རུང་གཅིག་སྒྲུབ་པ་ལ་སྒྲུབ་བྱེད་ཐམས་ཅད་དང་། སྒྲུབ་བྱེད་གང་རུང་གཅིག་གིས་བསྒྲུབ་བྱ་ཐམས་ཅད་བསྒྲུབ་ནུས་པ་མིན་ཏེ། བསྒྲུབ་བྱ་གསུམ་པོ་སོ་སོ་ལ་སྒྲུབ་བྱེད་གསུམ་པོ་སོ་སོར་འཇུག་པའི་ཕྱིར། འོ་ན་སྐབས་འདིར་གང་ཡིན་ཞེ་ན། ཚད་འབྲས་ཀྱི་སྐབས་འདིར་ཆོས་ཅན། སྒྲུབ་བྱེད་གསུམ་གྱི་ནང་ནས་རྣམ་པར་འཇོག་བྱེད་ཉིད་སྒྲུབ་བྱེད་ཡིན་ཏེ། བསྒྲུབ་བྱ་གསུམ་གྱི་ནང་ནས་རྣམ་པ་གཞག་བྱའི་འབྲས་བུ་བསྒྲུབ་བྱར་འཇོག་པའི་སྐབས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཤེས་པའི་བདག་ཉིད་ཡིན་པ་དགོས། དོན་གྱི་རྣམ་པར་ཤར་བ་དགོས་པའོ། །དང་པོ་ལ་གཉིས་ཏེ། ཤེས་པས་དོན་རྟོགས་འབྱེད་པར་ནུས། དེས་ན་དབང་པོ་འཇོག་བྱེད་མིན་པའོ། །དང་པོ་ནི། དེཾ། དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་དོན་རྟོགས་སོ་སོར་འབྱེད་པར་བྱེད་པའི་ཆོས་དེ་ཡིན་ན་ཁྱོད་ཀྱི་བདག་ཉིད་ཡིན་པ་དགོས་ཏེ། ཁྱོད་ལས་རྫས་གཞན་ཡིན་ན་ཁྱོད་ཀྱིས་དོན་རྟོགས་སོ་སོར་འབྱེད་པར་བྱེད་པའི་ཆོས་མིན་དགོས་པའི་ཕྱིར། གཉིས་པ་ནི། དབང་པོ་གཟུགས་ཅན་པ་ཆོས་ཅན། ཁྱོད་གསལ་མི་གསལ་ལས་དབང་པོའི་མངོན་སུམ་གསལ་མི་གསལ་དུ་གྱུར་པ་ཡོད་ཀྱང་། དབང་པོའི་མངོན་སུམ་གྱིས་དོན་རྟོགས་སོ་སོར་འབྱེད་མི་ནུས་ཏེ། ཁྱོད་དབང་པོའི་མངོན་སུམ་ལས་རྫས་གཞན་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དོན་འབྲས་དོན་རྟོགས་འཇོག་པར་ནུས། དེས་ན་དབང་པོ་འཇོག་བྱེད་མིན་པའོ། །དང་པོ་ནི། དེཾ། དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་དོན་རྟོགས་སོ་སོར་འབྱེད་པར་བྱེད་པའི་ཆོས་དེ་ཡིན་ན་དོན་གྱི་རྣམ་པ་ཐ་དད་དུ་ཤར་དགོས་ཏེ། དོན་གྱི་རྣམ་པ་ཐ་དད་དུ་མ་ཤར་ན་ཁྱོད་ཀྱིས་དོན་རྟོགས་སོ་སོར་འབྱེད་མི་ནུས་པའི་ཕྱིར། གཉིས་པ་ནི། རྣཾམས། དབང་པོ་གཟུགས་ཅན་པ་ཆོས་ཅན། ཁྱོད་གསལ་མི་གསལ་ལས་དབང་པོའི་མངོན་སུམ་གསལ་མི་གསལ་གྱི་ཁྱད་པར་ཡོད་ཀྱང་། ཁྱོད་ཀྱིས་དབང་པོའི་མངོན་སུམ་གྱི་དོན་རྟོགས་སོ་སོར་འབྱེད་མི་ནུས་ཏེ། ཁྱོད་ལ་དོན་གྱི་རྣམ་པ་མ་ཤར་བའི་ཕྱིར། གསུམ་པ་ནི། དེཾ། སྔོ་འཛིན་དབང་པོའི་མངོན་སུམ་ལ། སྔོན་པོས་རང་ངོས་ནས་གཏད་པའི་རྣམ་པར་ཤར་བ་ཆོས་ཅན། སྔོ་འཛིན་དབང་པོའི་མངོན་སུམ་གྱིས་སྔོན་པོ་རྟོགས་པའི་སྒྲུབ་བྱེད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། གལ་ཏེ་དོན་རྟོགས་ཀྱི་སྒྲུབ་བྱེད་དོན་དང་འདྲ་བ་ལས་གཞན་ཡིན་ན། སྔོ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། སྔོན་པོ་དང་ཡུལ་ཡུལ་ཅན་གྱི་འབྲེལ་པ་མ་གྲུབ་པར་ཐལ། སྔོན་པོའི་རྣམ་པ་མ་ཤར་བའི་ཕྱིར། སྔོན་པོ་རྟོགས་པ་ཆོས་ཅན། སྔོན་པོའི་རྣམ་པར་ཤར་བ་ལས་གཞན་མ་ཡིན་ཏེ། སྔོན་པོའི་རྣམ་པར་ཤར་བ་དེ་ཁྱོད་ཀྱི་བདག་ཉིད་ཡིན་པའི་ཕྱིར། བཞི་པ་ནི། ཚད་འབྲས་བདག་ཉིད་གཅིག་ཡིན་ཞིང་བྱ་བྱེད་དོན་གཞན་མེད་ན་བྱ་བྱེད་ཀྱི་ཐ་སྙད་མི་རུང་བར་འགྱུར་རོ་ཞེ་ན། དེཾ། སྔོར་སྣང་དབང་ཤེས་ཀྱི་རང་བཞིན་སྔོན་པོས་རང་ངོས་ནས་གཏད་པའི་རྣམ་པར་ཤར་བ་དེ་ཆོས་ཅན། དོན་ལ་བྱེད་པ་དོན་གཞན་མེད་ཀྱང་སྔོན་པོ་རྟོགས་པ་འཇོག་པའི་བྱེད་པ་དང་བཅས་པ་ལྟ་བུར་སྣང་སྟེ། དོན་ལ་བྱེད་པ་དོན་གཞན་མེད་ཀྱང་ཁྱོད་ཀྱི་དབང་གིས་སྔོན་པོར་རྟོགས་པ་འཇོག་ནུས་པའི་ཕྱིར། དཔེཾར། དཔེར་ན་འབྲས་བུ་བུ་ཚའི་ལུས་དེ་ཕ་མའི་གཟུགས་དང་འདྲ་བར་སྐྱེས་པའི་རྒྱུ་མཚན་གྱིས་བུ་ཚ་དེས་ཕ་མའི་གཟུགས་འཛིན་ཞེས་བརྗོད་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། སྤྱིར་དགག སོ་སོར་དགག་པའོ། །དང་པོ་ནི། དེཾ། དོན་ལ་ལྟ་བ་དང་། དབང་པོ་གཟུགས་ཅན་པ་དང་། དབང་དོན་ཕྲད་པ་དང་། ཁྱད་པར་འཛིན་པའི་བློ་ཆོས་ཅན། དོན་རྟོགས་ཚད་མའི་སྒྲུབ་བྱེད་མིན་ཏེ། དོན་རྟོགས་ཚད་མ་དང་རྫས་གཞན་ཡིན་པའི་ཕྱིར། བྱཾ། ཁྱབ་སྟེ། དོན་རྟོགས་ཚད་མའི་སྒྲུབ་བྱེད་གསུམ་གྱི་ནང་ནས་སྐབས་འདིར་དོན་རྟོགས་ཚད་མའི་འཇོག་བྱེད་དེ། དོན་རྟོགས་ཚད་མའི་སྒྲུབ་བྱེད་དུ་འདོད་དགོས་པའི་ཕྱིར། གཉིས་པ་ལ་བཞི་སྟེ། དབང་པོ་དོན་རྟོགས་འཇོག་བྱེད་མིན། ཁྱད་པར་འཛིན་པ་འཇོག་བྱེད་མིན། དབང་དོན་འཕྲད་པ་འཇོག་བྱེད་མིན། གོམས་ལས་འདུས་བྱས་འཇོག་བྱེད་མིན་པའོ། །དང་པོ་ནི། ཀུཾན། མིག་དབང་གཾཟུགས་ཅན་པ་ཆོས་ཅན། དོན་རྟོགས་སོ་སོར་འབྱེད་མི་ནུས་པ་ཐལ། མིག་གི་རྣམ་པར་ཤེས་པ་ཀུན་གྱི་མཚུངས་རྒྱུ་ཡིན་པའི་ཕྱིར། དེཾ། དེ་ཆོས་ཅན། མིག་གི་རྣམ་པར་ཤེས་པས་སྔོ་སེར་སོགས་རྟོགས་པ་སོ་སོར་འབྱེད་མི་ནུས་པར་ཐལ། སྔོ་སེར་སོགས་ཀྱི་རྣམ་པར་མ་ཤར་བའི་ཕྱིར། འདིཾས། དབང་པོ་དོན་རྟོགས་ཀྱི་འཇོག་བྱེད་ཚད་མ་མིན་པར་བསྟན་པའི་རིགས་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། དོན་ལ་ལྟ་བ་སོགས་ཀྱང་དོན་རྟོགས་ཀྱི་འཇོག་བྱེད་ཚད་མ་མིན་པར་བསྟན་པའི་ཕྱིར། གཉིས་པ་ནི། དེཾ། ཡོན་ཏན་སོགས་ཁྱད་པར་འཛིན་པའི་བློ་ཆོས་ཅན། ཁྱད་པར་ཅན་གྱི་ཡུལ་ཅན་མིན་པར་ཁྱད་པར་གྱི་ཡུལ་ཅན་ཡིན་པའི་ཁྱད་པར་མི་འཐད་པར་ཐལ། དེ་གཉིས་ཀྱི་རྣམ་པར་མ་ཤར་བར་མཚུངས་པའི་ཕྱིར། བློཾ། ཁྱད་པར་ཅན་རྫས་འཛིན་པའི་བློ་ལའང་འགྲེའོ། །བྱཾ། ཁྱད་པར་དང་ཁྱད་པར་ཅན་གྱི་ཤེས་པ་ཆོས་ཅན། དངོས་ཡུལ་ཐ་དད་ལ་འཇུག་པ་མི་སྲིད་པ་ཐལ། རྣམ་པར་གཞག་འཇོག་གི་བསྒྲུབ་བྱ་སྒྲུབ་བྱེད་ཡིན་པའི་ཕྱིར། དོནཾ། གལ་ཏེ་སྐྱོན་མེད་དེ། ཤེས་པ་དེ་གཉིས་དུས་སྔ་ཕྱིར་འབྱུང་བས་དོན་གཅིག་ལ་འཇུག་པའི་ཕྱིར་ཞེ་ན། ཁྱད་པར་གྱི་ཤེས་པ་ཆོས་ཅན། དོན་གཅིག་ལ་ཁྱོད་ཀྱི་རྗེས་སུ་ཁྱད་པར་ཅན་གྱི་ཤེས་པ་དོན་མེད་པར་ཐལ། ཁྱོད་ཀྱི་དོན་དེ་ངེས་ཤེས་འདྲེན་པའི་ཚུལ་གྱིས་རྟོགས་ཟིན་པའི་ཕྱིར། བློ་གཉིས་པོ་ཆོས་ཅན། རིམ་བཞིན་འབྱུང་བ་མི་འཐད་པར་ཐལ། གཟུང་དོན་གཅིག་ལས་སྐྱེས་པའི་ཕྱིར། བློཾ། དེ་གཉིས་ཅིག་ཅར་འབྱུང་ན་བློ་དེ་གཉིས་ཆོས་ཅན། བསྒྲུབ་བྱ་སྒྲུབ་བྱེད་མིན་པར་ཐལ། ཅིག་ཅར་འབྱུང་བའི་ཕྱིར། ཁྱབ་པ་ཁས། ཁྱོད་རང་ལ་ཡང་མཚུངས་སོ་ཞེ་ན། དེཾ། སྔོ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ཀྱི་རྫས་གཅིག་ལ་ཚད་འབྲས་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་གཞག་ཏུ་རུང་སྟེ། ཁྱོད་ཀྱི་རྫས་གཅིག་ལ་སྔོན་པོ་དང་འདྲ་བའི་ཆ་དང་། སྔོན་པོ་རྟོགས་པའི་ཆ་གཉིས་ཡོད་པའི་ཕྱིར། གསུམ་པ་ནི། བདཾག བུམ་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། བུམ་པའི་ཆོས་ཀུན་དང་འཕྲད་པར་ཁྱད་པར་མེད་ན་ཡང་། བུམ་པའི་གཟུགས་ཁོ་ན་རྟོགས་པའི་ངེས་པ་མེད་པར་ཐལ། བུམ་པའི་སྐད་ཅིག་སོགས་ཐམས་ཅད་དང་འཕྲད་པར་ཁྱད་པར་མེད་པའི་ཕྱིར། ཉེས་པ་དེ་ཁྱོད་རང་ལ་ཡང་མཚུངས་སོ་ཞེ་ན། དེཾ། བུམ་པའི་ཆོས་ཀུན་དང་འཕྲད་པར་ཁྱད་པར་མེད་ན་ཡང་། བུམ་པའི་གཟུགས་ཀྱིས་རང་ངོས་ནས་གཏད་པའི་རྣམ་པར་ཤར་བ་ཆོས་ཅན། བུམ་གཟུགས་རྟོགས་པའི་མངོན་སུམ་གྱི་སྒྲུབ་བྱེད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། བཞི་པ་ནི། གལ་ཏེ་ཤེས་པ་སྔ་མས་ཕྱི་མ་དོན་སོ་སོར་འཛིན་པར་འདུས་བྱས་པ་ལས་དོན་རྟོགས་སོ་སོར་འཇོག་པ་ཡིན་ནོ་ཞེ་ན། འདུསཾ། དོན་སོ་སོར་འཛིན་པར་འདུས་བྱས་པ་དེ་ཆོས་ཅན། དོན་རྟོགས་སོ་སོར་འཇོག་མི་ནུས་པར་ཐལ། དོན་གྱི་རྣམ་པར་ཤར་བ་མེད་པའི་ཕྱིར། གསུམ་པ་ནི། གཾལ། དོན་རྟོགས་དང་དོན་འདྲ་བ་ཆོས་ཅན། བསྒྲུབ་བྱ་སྒྲུབ་བྱེད་མིན་པར་ཐལ། རྫས་གཅིག་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་པར་ཐལ། ལྡོག་པ་ཐ་དད་ལ་བསྒྲུབ་བྱ་སྒྲུབ་བྱེད་འཇོག་ཏུ་རུང་བའི་ཕྱིར། བྱཾ། བྱ་བ་དང་བྱེད་པ་ཐ་དད་པའི་ཐ་སྙད་ཐམས་ཅད་ཆོས་ཅན། ལྡོག་པ་ཐ་དད་ཙམ་ཡིན་གྱི་དོན་ལ་ཐ་དད་དུ་མེད་དེ། བྱ་བྱེད་ཀྱི་ཐ་སྙད་ཡིན་པའི་ཕྱིར། ཐཾ། དཔེར་ན་སཏྭ་གྲིས་ཤིང་གཅོད་པ་ལྟ་བུ་ལ་ལས་ཤིང་དང་གཅོད་བྱེད་སཏྭ་གྲི་གཉིས་པོ་ལས་ཐ་དད་པའི་བྱ་བྱེད་དོན་གཞན་མེད་དེ། ཤིང་དུམ་བུར་སོང་བ་ལ་བྱ་བ་དང་སཏྭ་གྲི་ལ་བྱེད་པའི་ཐ་སྙད་སྒྲོ་བཏགས་པ་ཡིན་པའི་ཕྱིར། གཉིས་པ་བག་ཆགས་བརྟན་བྱུང་རྣམ་རིག་ཚད་འབྲས་བཤད་པ་ལ་གཉིས་ཏེ། དོན་དམ་རང་རིག་ཚད་འབྲས་བཤད། ཐ་སྙད་དོན་རིག་ཚད་འབྲས་བཤད་པའོ། །དང་པོ་ལ་གཉིས་ཏེ། སྣང་བ་དོན་འབྲས་ཡིན་པ་བཀག་ནས་རང་རིག་འབྲས་བུར་བསྒྲུབ། སྣང་བ་ཕྱི་དོན་ཡིན་པ་བཀག་ནས་རང་རིག་འབྲས་བུར་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། གཟུང་འཛིན་རྫས་གཞན་བདེན་པ་དགག དེས་ན་རང་རིག་འབྲས་བུར་གྲུབ་པའོ། །དང་པོ་ལ་ལྔ་སྟེ། ཕྱི་དོན་རིག་པའི་སྒྲུབ་བྱེད་དགག དེས་ན་གཟུང་འཛིན་གཉིས་མེད་བསྒྲུབ། རང་ཉིད་རིག་ལ་རྩོད་པ་སྤང་། དོན་གཞན་རིག་ལ་གནོད་བྱེད་བསྟན། མེད་ཀྱང་སྣང་བ་འཁྲུལ་ངོར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཕྱི་དོན་རིག་པའི་སྒྲུབ་བྱེད་དྲི། བརྗོད་པའི་སྒྲུབ་བྱེད་རྒྱས་པར་དགག་པའོ། །དང་པོ་ནི། དོཾན། མདོ་སྡེ་པ་ཁྱོད་དོན་རིག་འབྲས་བུར་འདོད་ན། དེའི་མཚན་གཞི་གང་ཡིན། གཟུགས་སྒྲ་སོགས་ཀྱི་རྣམ་པར་ཤར་བའི་མངོན་སུམ་འདི་ཉིད་དོ་ཞེ་ན། དེ་གང་གིས་དོན་རིག་ཏུ་འཇོག དོན་དང་འདྲ་བའི་ཕྱིར་རོ་ཞེ་ན། གཉིས་པ་ལ་གསུམ་སྟེ། འདྲ་བ་ཙམ་གྱིས་བསྒྲུབ་པ་དགག སྐྱེས་ལ་འདྲ་བས་བསྒྲུབ་པ་དགག ངེས་དང་བཅས་པས་བསྒྲུབ་པ་དགག་པའོ། །དང་པོ་ནི། འཁྲུཾལ། དོན་དང་འདྲ་བ་ཆོས་ཅན། དོན་རྟོགས་པའི་འཇོག་བྱེད་མིན་པར་ཐལ། ཁྱོད་ཡིན་ན་དོན་རྟོགས་པས་མ་ཁྱབ་པའི་ཕྱིར། འོ་ན་དོན་སྣང་གི་ཤེས་པས་དོན་མྱོང་བའི་འཇོག་བྱེད་གང་ཡིན་ཞེ་ན། དོཾན། དོན་སྣང་གི་ཤེས་པ་ཆོས་ཅན། རིགས་པས་དཔྱད་པའི་ཚེ་ཁྱོད་ཀྱི་དོན་མྱོང་བའི་འཇོག་བྱེད་མེད་པར་ཐལ། དེའི་ཚེ་ཁྱོད་ཀྱིས་དོན་མྱོང་བ་ཉིད་མི་གྲུབ་པའི་ཕྱིར། རྡུལཾ། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་ཕྱི་དོན་རྡུལ་ཕྲན་དང་འདྲ་བ་མིན་པར་ཐལ། ཁྱོད་ལ་རགས་པའི་རྣམ་པར་སྣང་བའི་ཕྱིར། དེཾ། དེ་ཆོས་ཅན། ཁྱོད་ཕྱི་དོན་ལས་ཕྱི་དོན་དང་འདྲ་བ་སྐྱེས་པ་མིན་པར་ཐལ། ཕྱི་དོན་དེ་ཁྱོད་དང་འདྲ་བ་སྐྱེད་བྱེད་མིན་པའི་ཕྱིར། ཡིཾན། གལ་ཏེ་འདྲ་བ་ཡིན་ཡང་དོན་དང་འདྲ་བ་ཆོས་ཅན། ཁྱོད་ཀྱིས་དོན་སྣང་གི་ཤེས་པས་དོན་རྟོགས་པར་སྒྲུབ་མི་ནུས་པར་ཐལ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཁྱབ་པ་མ་ངེས་པའི་ཕྱིར། གཉིས་པ་ནི། དེཾ། དོན་དང་འདྲ་བ་སྐྱེས་པ་དེ་དོན་མྱོང་བའི་ཕྱིར་འཇོག་བྱེད་ཡིན་ནོ་ཞེ་ན། དོཾན། སྔོ་འཛིན་དབང་པོའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་དྲན་ཤེས་ཆོས་ཅན། སྔོ་འཛིན་དབང་པོའི་མངོན་སུམ་མྱོང་བ་ཐལ། དེ་ལས་སྐྱེས་པ་འདྲ་བ་ཡིན་པའི་ཕྱིར། གསུམ་པ་ནི། འདིཾ། དོན་ལས་སྐྱེས་པ་འདྲ་བ་དང་། དོན་ལ་ངེས་པ་འདྲེན་ནུས་གསུམ་ཚོགས་པ་དེ་དོན་མྱོང་བའི་འཇོག་བྱེད་ཡིན་ནོ་ཞེ་ན། གཾང་། དེ་ཆོས་ཅན། དེའི་འཇོག་བྱེད་མིན་པར་ཐལ། ཁྱོད་མི་སྲིད་པའི་ཕྱིར། རྟགས་གྲུབ་སྟེ། དོན་སྣང་གི་ཤེས་པ་དོན་དང་འབྲེལ་པ་མ་གྲུབ་པའི་ཕྱིར། ཁྱབ་སྟེ། དོན་ངེས་པའི་ངེས་ཤེས་ཡིན་ན་དོན་དང་འབྲེལ་པའི་ཚད་མ་སྔོན་དུ་སོང་བས་ཁྱབ་པའི་ཕྱིར། གཉིས་པ་ནི། དེཾ། དོན་སྣང་གི་ཤེས་པ་ཆོས་ཅན། ཕྱི་དོན་མྱོང་བྱེད་མིན་ཏེ། ཁྱོད་ཀྱིས་ཉམས་སུ་མྱང་བྱ་དེ་ཁྱོད་ཀྱི་བདག་ཉིད་ཡིན་པའི་ཕྱིར། མངོཾན། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་ཀྱིས་ཉམས་སུ་མྱང་བྱ་ཁྱོད་ལས་དོན་གཞན་དུ་མེད་དེ། ཁྱོད་ལ་རང་དུས་སུ་སྣང་བའི་རྣམ་པ་དེ་ཁྱོད་ཀྱི་བདག་ཉིད་ཡིན་པའི་ཕྱིར། དེཾ། དོན་སྣང་གི་ཤེས་པ་ལ་རང་དུས་སུ་དོན་དུ་སྣང་བའི་རྣམ་པ་ཆོས་ཅན། ཁྱོད་ཀྱི་མྱོང་བྱེད་ཁྱོད་ལས་དོན་གཞན་དུ་མེད་དེ། དེ་ཡོད་པ་དེ་དོན་སྣང་གི་ཤེས་པས་མྱང་བྱ་རྫས་གཞན་འགོག་པའི་རིགས་པས་ཁེགས་པའི་ཕྱིར། གསུམ་པ་ནི། དེཾ། སྔོར་སྣང་དབང་ཤེས་ཆོས་ཅན། དོན་ལ་རང་གི་ངོ་བོ་མྱོང་ཡང་ཐ་སྙད་དུ་སྔོན་པོ་མྱོང་བར་གྲགས་པ་ཡིན་ཏེ། ཁྱོད་ལ་སྣང་བའི་སྔོན་པོའི་རྣམ་པ་དེ་ཐ་སྙད་དུ་སྔོན་པོར་གཞག་པའི་ཕྱིར། ཇིཾ། སྔོར་སྣང་དབང་ཤེས་ཆོས་ཅན། རིག་བྱ་རིག་བྱེད་དོན་གཞན་མེད་ཀྱང་རང་གི་ངོ་བོ་རིག་པ་ཡིན་ཏེ། རང་ཉིད་རིག་པའི་ངོ་བོར་སྐྱེས་པའི་ཕྱིར། དཔེར་ན་མར་མེ་གཅིག་ཉིད་ལ་གསལ་བྱ་གསལ་བྱེད་དོན་གཞན་མེད་ཀྱང་། རང་གསལ་དུ་གཞག་པ་བཞིན་ནོ། །བཞི་པ་ནི། དེཾ། གལ་ཏེ་སྔོར་སྣང་དབང་ཤེས་ཀྱི་རིག་བྱ་རིག་བྱེད་དེ་དོན་གཞན་ཡོད་ན་སྔོན་པོར་སྣང་བའི་རྣམ་པ་དང་སྔོར་སྣང་དབང་ཤེས་ཆོས་ཅན། མྱོང་བྱ་མྱོང་བྱེད་མིན་པར་ཐལ། དོན་གཞན་ཡིན་པའི་ཕྱིར། རིཾག སྔོར་སྣང་དབང་ཤེས་ཆོས་ཅན། རིག་བྱ་རིག་བྱེད་དོན་གཞན་མེད་ཀྱང་རིག་བྱ་རིག་བྱེད་ཐ་དད་དུ་སྣང་བའི་རྒྱུ་ཡོད་དེ། གཉིས་སྣང་གི་བག་ཆགས་ཀྱི་དབང་གིས་དེ་ལྟར་སྣང་བའི་ཕྱིར། དཔེར་ན་སྐྲ་ཤད་འཛག་སྣང་གི་དབང་ཤེས་བཞིན། ལྔ་པ་ནི། གཾང་། དོན་སྣང་གི་ཤེས་པ་ཆོས་ཅན། ཐ་སྙད་དུ་གཟུགས་འཛིན་གྱི་རྣམ་གཞག་བྱས་པའི་ཚེ། དོན་དམ་པར་གཟུགས་འཛིན་གྱི་རྣམ་གཞག་གང་ཡིན་ཞེས་བརྩད་པར་བྱ་བ་མིན་ཏེ། འཁྲུལ་ངོར་སྣང་བ་ལ་ཐ་སྙད་དུ་གཟུགས་འཛིན་གྱི་རྣམ་གཞག་བྱས་པ་ཡིན་གྱི་དོན་དམ་པར་གཟུགས་འཛིན་གྱི་རྣམ་གཞག་མ་བྱས་པའི་ཕྱིར། གཉིས་པ་ནི། དེཾས། བག་ཆགས་བརྟན་བྱུང་གི་སྔོར་སྣང་དབང་ཤེས་ཆོས་ཅན། དཔྱད་ན་རང་གི་ངོ་བོ་རིག་པ་འབྲས་བུར་གྲུབ་སྟེ། ཐ་སྙད་དུ་སྔོན་པོ་རིག་པ་གང་ཞིག དཔྱད་ན་རིག་བྱ་དོན་གཞན་མེད་པའི་ཕྱིར། གཉིས་པ་སྣང་བ་ཕྱི་དོན་ཡིན་པ་བཀག་ནས་རང་རིག་འབྲས་བུར་བསྒྲུབ་པ་ལ་གསུམ་སྟེ། ཕྱི་དོན་དངོས་སུ་སྣང་ལ་སྒྲུབ་བྱེད་མེད། སྣང་བ་ཕྱི་དོན་ཡིན་ལ་གནོད་བྱེད་ཡོད། དེས་ན་ཚུལ་གཉིས་སྒོ་ནས་རང་རིག་བསྒྲུབ་པའོ། །དང་པོ་ནི། གཾལ། བྱེ་བྲག་སྨྲ་བ་ན་རེ། དོན་སྣང་གི་ཤེས་པས་རང་དུས་སུ་སྣང་བའི་ཕྱི་དོན་དངོས་སུ་མྱོང་ན་ཁྱོད་ལ་ཉེས་པ་ཅི་ཡོད་ཅེ་ན། སེམས་ཙམ་པ་ཆོས་ཅན། དོན་སྣང་གི་ཤེས་པས་ཕྱི་དོན་དངོས་སུ་མྱོང་ན་ཁྱོད་ལ་ཉེས་པ་ཡོད་པའི་རྒྱུ་མཚན་གྱིས་རང་རིག་འབྲས་བུར་འཆད་པ་མ་ཡིན་ཏེ། དོན་སྣང་གི་ཤེས་པས་རང་དུས་སུ་སྣང་བའི་ཕྱི་དོན་དངོས་སུ་མྱོང་བ་ལ་སྒྲུབ་བྱེད་མེད་པའི་རྒྱུ་མཚན་གྱིས་རང་རིག་འབྲས་བུར་བཤད་པའི་ཕྱིར། གཉིས་པ་ནི། གཾལ། སྒྲུབ་བྱེད་མེད་པ་མ་གྲུབ་སྟེ། དོན་སྣང་གི་ཤེས་པ་ལ་དོན་གྱི་རྣམ་པར་སྣང་བའི་ཕྱིར་ཞེ་ན། སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བའི་རྣམ་པ་ཆོས་ཅན། ཁྱོད་ཕྱི་དོན་དངོས་མིན་ཏེ། ཁྱོད་ཕྱི་དོན་དངོས་དང་བག་ཆགས་ཀྱི་དབང་གིས་སྣང་བའི་རྣམ་པ་གང་ཡིན་ཞེས་དཔྱད་པ་ན་ཕྱི་དོན་དངོས་ཡིན་པ་ལ་རིགས་པས་གནོད་པའི་ཕྱིར། ཅི་ལྟར་གནོད་ན། མཐོཾང་། དེ་ཆོས་ཅན། ཕྱི་དོན་དངོས་མིན་ཏེ། སྔོར་སྣང་དབང་ཤེས་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། གལ་ཏེ་འབྲས་བུ་དབང་ཤེས་རེས་འགའ་ལྡོག་པའི་རྟགས་ཀྱིས་རྒྱུ་ཕྱི་དོན་ཡོད་པར་གྲུབ་ཅེ་ན། འདིཾར། བག་ཆགས་བརྟན་བྱུང་གི་མེར་སྣང་དབང་ཤེས་ཆོས་ཅན། ཕྱི་དོན་ཡོད་མེད་ཀྱིས་རེས་འགའ་སྐྱེ་བ་མ་ཡིན་ཏེ། བག་ཆགས་སད་བྱེད་ཀྱི་རྐྱེན་ཚང་མ་ཚང་གིས་རེས་འགའ་སྐྱེ་བ་ཡིན་པའི་ཕྱིར། གསུམ་པ་ནི། དཾེའི། དེ་ཆོས་ཅན། ཐ་སྙད་དུ་གཟུང་བར་སྣང་བ་དང་འཛིན་པར་སྣང་བའི་ཚུལ་གཉིས་ཡོད་དེ། ཐ་སྙད་དུ་གཟུགས་འཛིན་གཉིས་སྣང་དུ་རང་རིག་མངོན་སུམ་གྱིས་མྱོང་བ་དང་། རྗེས་ཀྱི་དྲན་ཤེས་ཀྱིས་དྲན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཚུལ་གཉིས་ལས་གཟུང་བའི་རྣམ་པ་གཞལ་བྱ། དེ་ཡོངས་སུ་དཔྱོད་པར་བྱེད་པའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་གྲུབ་སྟེ། ཁྱོད་ཚུལ་གཉིས་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ཐ་སྙད་དོན་རིག་ཚད་འབྲས་བཤད་པ་ལ་གསུམ་སྟེ། ཚད་འབྲས་དངོས། གཞལ་བྱ་བསྒྲུབ། འབྲས་བུ་བསྒྲུབ་པའོ། །དང་པོ་ནི། གང་། བག་ཆགས་བརྟན་བྱུང་གི་སྔོར་སྣང་དབང་ཤེས་ཆོས་ཅན། ཁྱོད་ལ་ཐ་སྙད་དུ་དོན་རིག་འབྲས་བུར་གྲུབ་སྟེ། ཁྱོད་ཀྱིས་ཤེས་པ་རང་གི་ངོ་བོར་གྱུར་པའི་རྣམ་པར་འདོད་མི་འདོད་དུ་མྱོང་བ་ལ་ཐ་སྙད་དུ་ཕྱི་དོན་འདོད་མི་འདོད་མྱོང་བ་འཇོག་པའི་ཕྱིར། གཉིས་པ་ནི། གཾང་། དེ་ཆོས་ཅན། ཐ་སྙད་དུ་ཕྱི་དོན་གཞལ་བྱར་གཞག་ཏུ་རུང་སྟེ། ཤེས་པ་རང་ཉིད་ཀྱི་གཟུང་བ་སྣང་བའི་ཆ་ལ་ཐ་སྙད་དུ་ཕྱི་དོན་དུ་གཞག་པའི་ཕྱིར་ཏེ། ཤེས་པ་རང་ཉིད་ཀྱི་གཟུང་བ་སྣང་བའི་ཆ་ལ་རྗེས་ཀྱི་ངེས་ཤེས་ཀྱིས་ཕྱི་དོན་དུ་ཞེན་པའི་ཕྱིར། གསུམ་པ་ནི། གཾལ། དེ་ཆོས་ཅན་ཐ་སྙད་དུ་དོན་རིག་འབྲས་བུར་གྲུབ་སྟེ། ཤེས་པ་རང་ཉིད་ཀྱི་གཟུང་བ་སྣང་བའི་རྣམ་པ་རིག་པ་ལ་ཐ་སྙད་དུ་དོན་རིག་པ་འཇོག་པའི་ཕྱིར། གསུམ་པ་ཕྱི་དོན་ཡོད་ཀྱང་རང་རིག་འབྲས་བུར་བསྒྲུབ་པ་ལ་གསུམ་སྟེ། རང་རིག་འབྲས་བུ་ཡིན་པར་བསྒྲུབ། གཟུང་རྣམ་ཚད་མ་ཡིན་པར་བསྒྲུབ། ཕྱི་དོན་གཞལ་བྱ་ཡིན་པར་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། ཕྱི་དོན་མྱོང་ན་ཧ་ཅང་ཐལ། དེ་ཡི་ཉེས་སྤོང་རིགས་པས་དགག དེས་ན་རང་རིག་འབྲས་བུར་བསྒྲུབ་པའོ། །དང་པོ་ནི། ཕྱིཾ། དོན་སྣང་གི་མངོན་སུམ་ཆོས་ཅན། ཐ་སྙད་དུ་ཕྱི་དོན་ཡོད་ན་ཡང་རང་རིག་འབྲས་བུར་གྲུབ་སྟེ། ཐ་སྙད་དུ་ཕྱི་དོན་ཡོད་ཀྱང་རང་ལ་སྣང་བའི་རྣམ་པ་འདོད་མི་འདོད་དུ་མྱོང་བ་ལ་ཐ་སྙད་དུ་ཕྱི་དོན་འདོད་མི་འདོད་དུ་འཇོག་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་ཕྱི་དོན་དངོས་སུ་མྱོང་བ་མིན་པར་ཐལ། ཁྱོད་ཀྱིས་ཕྱི་དོན་དངོས་སུ་མྱོང་ན་དོན་གཅིག་ཉིད་འདོད་མི་འདོད་དུ་མར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ནི། ཁཾས། དོན་གཅིག་ཉིད་འདོད་མི་འདོད་དུ་མར་ཁས་བླངས་པས་སྐྱོན་མེད་དོ་ཞེ་ན། ལྷ་སྦྱིན་གྱི་གཟུགས་ལ་བལྟ་བའི་དགྲ་གཉེན་གཉིས་ཀྱི་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་གཉིས་ཀས་ལྷས་བྱིན་གྱི་གཟུགས་དེ་འདོད་མི་འདོད་གཉིས་ཀ་མྱོང་བར་ཐལ། ལྷས་བྱིན་གྱི་གཟུགས་དེ་འདོད་མི་འདོད་གཉིས་ཀ་ཡིན་པ་གང་ཞིག ལྷས་བྱིན་གྱི་གཟུགས་ཀྱི་གནས་ཚུལ་མཐོང་བ་མཚུངས་པའི་ཕྱིར། མཾ། གལ་ཏེ་མ་མཐོང་བའི་ལས་ཀྱིས་གང་རུང་གཅིག་བསྒྲིབས་ནས་ཅིག་ཤོས་མྱོང་ངོ་ཞེ་ན། དེ་ཆོས་ཅན། ལྷས་བྱིན་གྱི་གཟུགས་གཟུང་དོན་ཡིན་པའི་དབང་གིས་རྟོགས་པར་མི་འགྱུར་བར་ཐལ། ལྷས་བྱིན་གྱི་གཟུགས་དེ་འདོད་མི་འདོད་གཉིས་ཀ་ཡིན་པ་གང་ཞིག ལྷས་བྱིན་གྱི་གཟུགས་འདོད་མི་འདོད་གང་རུང་རེ་རེ་ཁོ་ནར་མཐོང་བའི་ཕྱིར། དུཾ། མ་མཐོང་བའི་ལས་ཆོས་ཅན། དོན་ཅི་ལྟ་བ་བཞིན་མཐོང་བར་བྱེད་པའི་རྒྱུ་མིན་པར་ཐལ། གང་ཞིག ལྷས་བྱིན་གྱི་གཟུགས་འདོད་མི་འདོད་གང་རུང་རེ་རེ་ཁོ་ནར་མཐོང་བར་བྱེད་པའི་ཕྱིར། གཾལ། གལ་ཏེ་ཕྱི་རོལ་གྱི་དོན་འདོད་མི་འདོད་དུ་སྣང་བ་རྟོག་པ་ཡིན་གྱི་དབང་ཤེས་མིན་པས་དབང་ཤེས་ཀྱིས་དོན་ཅི་ལྟ་བ་བཞིན་འཛིན་ནོ་ཞེ་ན། དེཾ། དབང་ཤེས་ཆོས་ཅན། ཁྱོད་ལ་ཐ་སྙད་དུ་དོན་གཅིག་ཉིད་མཛེས་མི་མཛེས་སུ་སྣང་བ་ཡོད་པར་ཐལ། ཁྱོད་ལ་སྔར་དོན་མཛེས་པར་སྣང་བ་དེ་ཕྱིས་འཆི་ལྟས་ཀྱིས་ཟིན་པའི་ཚེ་མི་མཛེས་པར་སྣང་བ་ཡོད་པའི་ཕྱིར། གསུམ་པ་ནི། དེཾ། ཕྱི་རོལ་དོན་ཞེས་པའི་ངག་དོན་དགོད། གཉིས་པ་ལ་བཞི་སྟེ། རྣམ་པ་གཉིས་ལ་ཚད་མ་ཡིན་མིན་དབྱེ། གཟུང་རྣམ་ཚད་མ་ཡིན་པའི་སྒྲུབ་བྱེད་དགོད། ཚད་འབྲས་གཉིས་པོ་ཡུལ་གཞན་འགྱུར་བ་སྤོང་། དོན་རིག་འབྲས་བུར་བཤད་དང་འགལ་བ་སྤོང་བའོ། །དང་པོ་ནི། ཕྱི་དོན་གཞལ་བྱ་རང་རིག་འབྲས་བུ་ཡིན་ན་འཛིན་རྣམ་ཚད་མར་འགྱུར་རོ་ཞེ་ན། དེཾའི། ཕྱི་དོན་ལྐོག་ན་མོའི་ཐ་སྙད་དུ་ཕྱི་དོན་གཞལ་བྱར་གཞག་པའི་ཚེ་ཆོས་ཅན། གཟུང་རྣམ་ཚད་མ་ཡིན་ཏེ། ཕྱི་དོན་གཞལ་བྱར་འཇོག་པའི་སྐབས་ཡིན་པའི་ཕྱིར། ཁྱབ་སྟེ། འཛིན་རྣམ་ཚད་མར་འཇོག་པ་དེ་ཕྱི་དོན་གཞལ་བྱར་འཇོག་པ་ལ་མི་ལྟོས་པའི་ཕྱིར། གཉིས་པ་ནི། གཾང་། དོན་སྣང་གི་ཤེས་པ་ཆོས་ཅན། དོན་གྱི་རྣམ་པ་དངོས་སུ་སྣང་བ་ཡིན་གྱི་དོན་དངོས་སུ་སྣང་བ་མ་ཡིན་ཏེ། རང་དུས་སུ་སྣང་བའི་རྣམ་པ་གཙང་མི་གཙང་དུ་སྣང་བ་ལ་ཐ་སྙད་དུ་ཕྱི་དོན་གཙང་མི་གཙང་དུ་གཞག་པའི་ཕྱིར། དེཾ། ཐ་སྙད་དུ་དབང་པོའི་མངོན་སུམ་དོན་དང་འདྲ་བ་བསྒྲུབ་བྱེད་དང་། དབང་པོའི་མངོན་སུམ་གྱིས་ཐ་སྙད་དུ་དོན་རིག་པ་ཡིན་ཀྱང་དཔྱད་ན་རང་རིག་པ་བསྒྲུབ་བྱ་ཡིན་ཏེ། དབང་པོའི་མངོན་སུམ་ལ་སྣང་བའི་རྣམ་པ་གཙང་མི་གཙང་དུ་སྣང་བ་ཐ་སྙད་དུ་དོན་གཙང་མི་གཙང་དུ་གཞག་པའི་ཕྱིར། གསུམ་པ་ནི། འོ་ན་ཚད་འབྲས་གཉིས་པོ་ཡུལ་ཐ་དད་དུ་ཐལ་ལོ་ཞེ་ན། དོཾན། དོན་སྣང་གི་ཤེས་པའི་ཚད་འབྲས་གཉིས་པོ་ཆོས་ཅན། ཁྱོད་ཡུལ་གཞན་མ་ཡིན་ཏེ། ཁྱོད་དཔྱད་ན་རང་རིག་པ་ཡིན་ཀྱང་ཐ་སྙད་དུ་དོན་རིག་པ་ཡིན་པའི་ཕྱིར་ཏེ། ཁྱོད་ལ་སྣང་བའི་དོན་གྱི་རྣམ་པ་དེ་ཐ་སྙད་དུ་དོན་དང་དཔྱད་ན་རང་གི་བདག་ཉིད་ཡིན་པའི་ཕྱིར། བཞི་པ་ནི། རཾང་། འོ་ན་སྔར་དོན་རིག་འབྲས་བུར་བཤད་པ་དང་འགལ་ལོ་ཞེ་ན། དོན་སྣང་གི་ཤེས་པ་ཆོས་ཅན། དཔྱད་ན་རང་རིག་འབྲས་བུ་ཡིན་པ་དང་། སྔར་དོན་རིག་འབྲས་བུར་བཤད་པ་དང་མི་འགལ་ཏེ། སྔར་དོན་རིག་འབྲས་བུར་བཤད་པ་དེ་ཐ་སྙད་ལ་དགོངས་པ་ཡིན་པའི་ཕྱིར། གསུམ་པ་ནི། དེཾ། ཅིའི་ཕྱིར་ཕྱི་དོན་གཞལ་བྱར་འཇོག་ཅེ་ན། མདོ་སྡེ་པ་ལྟར་ན་དོན་རིག་མངོན་སུམ་ཆོས་ཅན། ཕྱི་དོན་ཁྱོད་ཀྱི་གཞལ་བྱ་ཡིན་ཏེ། ཕྱི་དོན་དེ་ཁྱོད་ལ་རང་ངོས་ནས་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། རྣམ་རིག་པ་ལྟར་ན་བག་ཆགས་བརྟན་བྱུང་གི་དབང་ཤེས་ཆོས་ཅན། ཐ་སྙད་དུ་ཕྱི་དོན་ཁྱོད་ཀྱི་གཞལ་བྱ་ཡིན་ཏེ། ཐ་སྙད་དུ་ཕྱི་དོན་དེ་ཁྱོད་ཀྱི་སྣང་བའི་དམིགས་རྐྱེན་ཡིན་པའི་ཕྱིར། ཇིཾ། དོན་སྣང་གི་ཤེས་པ་ཆོས་ཅན། རིག་པས་དཔྱད་པའི་ཚེ་དོན་མི་འཛིན་པར་ཐལ། རིག་པས་དཔྱད་པའི་ཚེ་དོན་དངོས་སུ་མི་སྣང་བར་དོན་གྱི་རྣམ་པར་སྣང་བའི་ཕྱིར། དཔེར་ན་རྨི་ལམ་ལ་སྣང་བའི་རྟ་གླང་གི་རྣམ་པ་བཞིན་ནོ་ཞེ་ན། དེ་ལྟ་བུའི་ཐལ་འགྱུར་ཆོས་ཅན། ཆོས་གྲགས་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མིན་པར་ཐལ། ཆོས་གྲགས་ཀྱིས་ཁྱོད་ལ་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར། བཞི་པ་རྣམ་པ་རྫུན་ཡང་རང་རིག་འབྲས་བུར་བསྒྲུབ་པ་ལ་གཉིས་ཏེ། རྣམ་པ་རྫུན་པས་དེ་ལ་རང་རིག་མིན། བདག་ཉིད་འཇལ་ཚེ་རང་རིག་ཚད་འབྲས་བསྒྲུབ་པའོ། །དང་པོ་ལ་བཞི་སྟེ། གཟུང་འཛིན་རིག་གསུམ་མེད་ཀྱང་འཁྲུལ་ངོར་སྣང་། སྣང་བ་དེ་ལ་ཚད་འབྲས་གཞལ་གསུམ་གཞག སྣང་བ་དེ་ཉིད་བདེན་པར་གྲུབ་པ་དགག བདེན་པ་མེད་ན་འཁྲུལ་པའང་མེད་པ་སྤང་བའོ། །དང་པོ་ནི། ཀུན་བཏུས་སུ། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་ནི་དེ་ཡི་འབྲས། །འཛིན་རྣམ་རིག་པའོ་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་པའི་དོན་འགྲེལ་ཏེ། ཕྱི་དོན་མེད་ན་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་ཇི་ལྟར་རུང་ཞེ་ན། བློཾ། བག་ཆགས་བརྟན་བྱུང་གི་དབང་ཤེས་ཆོས་ཅན། དོན་ལ་ཚད་འབྲས་གཞལ་གསུམ་ཐ་དད་དུ་མེད་དེ། ཁྱོད་ལ་གཟུང་འཛིན་རིག་གསུམ་དབྱེར་མེད་ཀྱང་། འཁྲུལ་ངོར་གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བ་ཙམ་ཡིན་པའི་ཕྱིར། དཔེཾར། དཔེར་ན་སྒྱུ་མའི་སྔགས་སྨན་གྱིས་བསླད་པའི་མིག་ཤེས་ཀྱི་ངོར་འཇིམ་དུམ་སོགས་རྟ་གླང་དུ་མེད་ཀྱང་རྟ་གླང་དུ་སྣང་བ་བཞིན་ནོ། །གལ་ཏེ་རྟ་གླང་ཉིད་དུ་སྔགས་སྨན་གྱི་མཐུས་གསར་དུ་སྐྱེས་པ་ཡིན་ནོ་ཞེ་ན། དེཾ། འཇིམ་དུམ་སོགས་ཆོས་ཅན། རྟ་གླང་སོགས་སུ་གསར་དུ་སྐྱེས་པ་མིན་ཏེ། སྔགས་སྨན་གྱིས་མ་བསླད་པའི་མིག་ཤེས་ཀྱིས་རྟ་གླང་སོགས་སུ་མཐོང་བ་མེད་པའི་ཕྱིར། དཔེར་ན་ཐག་རིང་མྱ་ངམ་གྱི་ཐང་ལ་རྫས་ཆུང་ངུ་ཆེན་པོར་མ་སྐྱེས་ཀྱང་ཆེན་པོར་སྣང་བ་བཞིན། གཉིས་པ་ནི། གཟུཾང་། བག་ཆགས་བརྟན་བྱུང་གི་དབང་ཤེས་ཆོས་ཅན། ཁྱོད་ལ་ཐ་སྙད་དུ་ཚད་འབྲས་གཞལ་གསུམ་དུ་འཇོག་པ་མི་འགལ་ཏེ། ཁྱོད་ལ་འཁྲུལ་ངོར་གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བ་ལ་ཐ་སྙད་དུ་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་བྱས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཕྱོགས་ཆོས་བསྒྲུབ། གཏན་ཚིགས་དགོད་པའོ། །དང་པོ་ནི། དེཾ། བློ་གཅིག་ལ་གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བ་དེ་སྣང་བ་ལྟར་བདེན་ན། ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་སྣ་ཚོགས་སུ་སྣང་བ་དེ་དུ་མར་བདེན་ནམ་གཅིག་ཏུ་བདེན། དང་པོ་ལྟར་ན་ཁྲ་འཛིན་དབང་ཤེས་ཆོས་ཅན། ཁྱོད་ལ་ཁྲ་བོ་སྣ་ཚོགས་སུ་སྣང་བ་དེ་དུ་མར་མི་བདེན་པར་ཐལ། དེ་བདེན་ན་ཁྱོད་རྫས་གཅིག་ཡིན་པ་ཉམས་པར་ཐལ་བའི་ཕྱིར། ཕྱི་མ་ལྟར་ན་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་སྣ་ཚོགས་སུ་སྣང་བ་ཆོས་ཅན། གཅིག་ཏུ་མི་བདེན་པར་ཐལ། དུ་མར་སྣང་བའི་ཕྱིར། ཁྱབ་སྟེ། གཞན་དུ་ན་བདེ་སྡུག་སོགས་རྫས་གཞན་གྱི་སྒྲུབ་བྱེད་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། རངཾ་། ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་སྣ་ཚོགས་སུ་སྣང་བའི་རྣམ་པ་ཆོས་ཅན། གཅིག་ཏུ་མི་བདེན་པར་ཐལ། གཅིག་ཏུ་ཚད་མས་མཐོང་བ་མེད་པའི་ཕྱིར། ཁྱབ་སྟེ། ལྡོག་ཁྱབ་རྟགས། གཉིས་པ་ནི། གཾང་། དོན་སྣང་གི་ཤེས་པ་ལ་རང་དུས་སུ་སྣང་བའི་རྣམ་པ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་བདེན་པའི་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར། བཞི་པ་ནི། ཆོཾས། གལ་ཏེ་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཤེས་པ་ལ་གཟུང་འཛིན་གཉིས་སུ་འཁྲུལ་པ་སྐྱེ་བ་མི་འཐད་པར་ཐལ། གཟུང་འཛིན་གཉིས་སུ་འཁྲུལ་པའི་རྒྱུ་གཟུང་འཛིན་བདེན་པ་བ་དང་། ཆོས་མཐུན་མཐོང་བ་མེད་པའི་ཕྱིར་ཏེ། གཟུང་འཛིན་བདེན་པ་བ་མེད་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། འཁྲུལ་པ་སྐྱེ་བ་ན་ཆོས་མཐུན་མཐོང་བ་ལ་ལྟོས་པའི་ཕྱིར་ཞེ་ན། ནང་། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་གཟུང་འཛིན་གཉིས་སུ་འཁྲུལ་པ་དེ་གཟུང་འཛིན་བདེན་པ་བའི་ཆོས་མཐུན་ཚད་མས་མཐོང་བ་ལ་ལྟོས་པ་མ་ཡིན་ཏེ། ཁྱོད་དོན་སྣང་སྔ་མའི་བག་ཆགས་ཀྱི་དབང་གིས་རང་བཞིན་གྱིས་གཟུང་འཛིན་གཉིས་སུ་འཁྲུལ་པ་ཡིན་པའི་ཕྱིར། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་འཛག་པར་སྣང་བ་དེ་ཆོས་མཐུན་ལ་མི་ལྟོས་པ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། འཛིན་རྣམ་བདག་ཉིད་མྱོང་བ་རང་རིག་གྲུབ། རང་རིག་ཚད་འབྲས་ཤེས་པ་ཀུན་ལ་སྦྱར། རང་རིག་ཚད་མར་བཤད་དང་འགལ་བ་སྤང་བའོ། །དང་པོ་ནི། འོ་ན་རྣམ་རྫུན་པའི་ལུགས་ལ་རང་རིག་ཚད་འབྲས་ཇི་ལྟ་བུ་ཞེ་ན། དེཾ། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་ཡོངས་སུ་གཅོད་པར་བྱེད་པའི་འཛིན་རྣམ་དེས་བདག་ཉིད་རིག་པ་ཡིན་ཏེ། ཁྱོད་རང་ཡུལ་ཡོངས་སུ་གཅོད་པའི་འཛིན་རྣམ་དེའི་བདག་ཉིད་ཡིན་པའི་ཕྱིར། འཛིན་རྣམ་ཆོས་ཅན། རང་རིག་སྒྲུབ་བྱེད་ཡིན་ཏེ། རང་རིག་མཚོན་པར་ནུས་པའི་ཕྱིར། གཉིས་པ་ནི། དཔཾེར། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་གཞལ་བྱ། ཁྱོད་ཡོངས་སུ་གཅོད་པར་བྱེད་པའི་འཛིན་རྣམ་ཚད་མ། ཁྱོད་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་གྲུབ་སྟེ། ཁྱོད་ཤེས་པ་ཡིན་པའི་ཕྱིར། དཔེར་ན་རྣམ་པ་བདེན་པར་འདོད་པའི་ལུགས་ལའང་། འདོད་ཆགས་གཞལ་བྱར་གཞག་པའི་ཚེ་རང་རིག་མཚན་ཉིད་པའི་ཚད་འབྲས་གྲུབ་པ་བཞིན་ནོ། །དེ་ཉིད་བསྒྲུབ་པ་ནི། དེཾ། ཆགས་སོགས་ཆོས་ཅན། རང་ཉིད་ཉམས་སུ་མྱོང་བར་རུང་སྟེ། རང་ཉིད་མྱོང་བའི་ངོ་བོར་སྐྱེས་པའི་ཕྱིར་ཞེས་འདོད་པ་ལྟར། རྣམ་རྫུན་པའི་ལུགས་ལའང་དོན་སྣང་གི་ཤེས་པ་ཆོས་ཅན། རང་ཉིད་ཉམས་སུ་མྱོང་བར་རུང་བར་བྱེད་པ་ཉིད་ཚད་མ་དང་། རང་གཞལ་བྱ་དང་། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་གྲུབ་སྟེ། རང་ཉིད་མྱོང་བའི་ངོ་བོར་སྐྱེས་པའི་ཕྱིར། གསུམ་པ་ནི། འཛིན་པའི་རྣམ་པའམ་རང་མྱོང་བར་རུང་བ་ཚད་མ་ཡིན་ན་ཕྱོགས་གླང་གིས་རང་རིག་ཚད་མར་གསུངས་པ་དང་འགལ་ལོ་ཞེ་ན། བདཾག ཕྱོགས་གླང་ཆོས་ཅན། འདིར་འཛིན་རྣམ་དང་ཉམས་སུ་མྱོང་བ་ཉིད་ཚད་མར་བཤད་པ་དང་ཁྱོད་ཀྱིས་རང་རིག་ཚད་མར་བཤད་པ་མི་འགལ་ཏེ། ཁྱོད་རང་རིག་བྱེད་པའི་ཆ་ལ་དགོངས་ནས་ཚད་མར་བཤད་པའི་ཕྱིར། གཉིས་པ་རྣམ་གཞག་དེའི་སྒྲུབ་བྱེད་བཤད་པ་ལ་གཉིས་ཏེ། ཚུལ་གཉིས་སྒྲུབ་བྱེད་རིགས་པ་བཤད། རང་རིག་སྒྲུབ་བྱེད་རིགས་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡུལ་ཤེས་དེ་ཤེས་བཤད་དེ་བསྒྲུབ། དུས་ཕྱིས་དྲན་པ་བཤད་དེ་བསྒྲུབ་པའོ། །དང་པོ་ལ་བདུན་ཏེ། དོགས་པ་ཡོད་མེད་བྱེ་བྲག་ཡོད་པས་བསྒྲུབ། རྣམ་པ་མང་ཉུང་བྱེ་བྲག་ཡོད་པས་བསྒྲུབ། ལྷན་ཅིག་དམིགས་པ་ངེས་པའི་རྟགས་ཀྱིས་བསྒྲུབ། དབང་པོ་གསལ་དང་མི་གསལ་ཁྱད་ལས་བསྒྲུབ། མེད་བཞིན་དཀྱིལ་འཁོར་རྣམ་པར་སྣང་བས་བསྒྲུབ། ཉེ་རིང་བར་མའི་ཁྱད་པར་གསུམ་ལས་བསྒྲུབ། གཟུང་ཡུལ་འགགས་ཀྱང་སྣང་བ་ཡོད་པས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། དོན་ལ་དོན་གྱི་རྣམ་པར་སྐྱེས་པས་བསྒྲུབ། དོན་མེད་དོན་གྱི་རྣམ་པར་སྣང་བས་བསྒྲུབ་པའོ། །དང་པོ་ནི། མདོར། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །ཅེས་གསུངས་པའི་དོན་ལ་མདོ་མཛད་པ་རང་ཉིད་ཀྱི་རིགས་པ་གཉིས་དང་། བསྟན་བཅོས་མཛད་པའི་རིགས་པ་ལྔ་སྟེ་བདུན་དུ་ཡོད་པ་ལས། དང་པོ་ནི། ཡུཾལ། གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ཀྱི་རྐྱེན་གསུམ་ཀ་ཁྱོད་ཀྱི་རྒྱུར་མཚུངས་ན་ཡང་ཁྱོད་གཟུགས་ཀྱི་རྣམ་ལྡན་དུ་སྐྱེ་བར་འགྱུར་ཏེ། དེ་ལྟར་སྐྱེ་བ་དེ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་ཟས་ལ་སོགས་པ་བུའི་རྒྱུ་ཡིན་ནའང་། བུ་ཚ་དེ་ཕ་མ་གང་རུང་གི་གཟུགས་དང་འདྲ་བར་སྐྱེ་བ་བཞིན་ནོ། །དེཾ། གཟུགས་ཆོས་ཅན། ཁྱོད་དང་རྐྱེན་གཞན་གཉིས་གཟུགས་འཛིན་དབང་པོའི་མངོན་སུམ་གྱི་རྒྱུར་མཚུངས་ན་ཡང་ཁྱོད་གཟུགས་འཛིན་དབང་པོའི་མངོན་སུམ་གྱི་ཡུལ་དུ་གཞག་པའི་རྒྱུ་མཚན་ཡོད་དེ། ཁྱོད་གཟུགས་འཛིན་དབང་པོའི་མངོན་སུམ་ལ་རང་ངོས་ནས་རང་འདྲའི་རྣམ་པ་གཏོད་བྱེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དོན་མེད་ཕྱིར་ན་རྣམ་མེད་དོགས་པ་མེད། དོན་དང་ལྡན་པར་འདོད་པའི་གཞན་ལན་དགག་པའོ། །དང་པོ་ནི། དོཾན། གཟུང་དོན་ཅན་གྱི་ཤེས་པ་ཆོས་ཅན། རང་གི་ངོ་བོར་གྱུར་པའི་རྣམ་པ་མེད་པ་དོགས་པ་སྐྱེ་སྲིད་དེ། དོན་ཉིད་དངོས་སུ་སྣང་བ་འཁྲུལ་པའི་ཕྱིར། འདཾས། འདས་པའི་བུམ་པ་འཛིན་པའི་རྟོག་པ་ཆོས་ཅན། བློ་རང་ཉིད་ཚུལ་གཉིས་པ་ཅན་དུ་གྲུབ་སྟེ། ཡུལ་ཡུལ་ཅན་གཉིས་སུ་སྣང་བ་ཡོད་ཅིང་ཡུལ་དུ་སྣང་བ་རང་ཉིད་ལས་གཞན་པའི་དོན་མིན་པའི་ཕྱིར། དེས་ན་དེ་ཆོས་ཅན། རང་གི་ངོ་བོ་རིག་པ་གྲུབ་སྟེ། རང་ཉིད་ཚུལ་གཉིས་པ་ཅན་ཡིན་པའི་ཕྱིར། གཉིས་པ་ལ་ལྔ་སྟེ། རིགས་ཀྱི་དོན་ལྡན་ཡིན་པ་དགག ལྡན་པ་མིན་པའི་དོན་ལྡན་དགག དེ་ལས་གཞན་པའི་དོན་ལྡན་དགག རྣམ་པ་དོན་ལས་སྐྱེས་པ་དགག རྣམ་པར་ཤེས་ལས་ཐ་དད་དགག་པའོ། །དང་པོ་ནི། སྔོཾ། འདས་པའི་སྔོན་པོ་དྲན་པའི་དྲན་ཤེས་ལ་སྣང་བ་དེ་ཆོས་ཅན། སྔོན་པོའི་རིགས་མ་ཡིན་ཏེ། སྔོ་སོགས་ཐ་དད་པ་ཅན་དུ་སྣང་བའི་ཕྱིར། གཞན་ཡང་སྔོན་པོའི་རིགས་དེ་རྟག་པ་ཡིན་ནམ་མི་རྟག་པ་ཡིན། མི་རྟག་པ་ཡིན་ན་སྔོན་པོའི་རིགས་དེ་ཆོས་ཅན། རིགས་སུ་མི་འགྱུར་བར་ཐལ། མི་རྟག་པ་ཡིན་པའི་ཕྱིར། རྟག་པ་ཡིན་ན་སྔོན་པོའི་རིགས་དེ་ཆོས་ཅན། སྔོན་པོ་དྲན་པའི་དྲན་ཤེས་སྐྱེད་བྱེད་མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། གཉིས་པ་ནི། མིཾང་། མིང་སོགས་ཆོས་ཅན། ཁྱོད་དྲན་ཤེས་ཀྱི་གཟུང་དོན་མ་ཡིན་པར་ཐལ། ཁྱོད་དྲན་ཤེས་ཀྱི་གཟུང་དོན་ཡིན་པ་སྔར་མིང་སོགས་བརྗོད་ན་ཞེས་པའི་སྐབས་སུ་བཀག་ཟིན་པའི་ཕྱིར། གསུམ་པ་ནི། ཚུལཾ། དྲན་ཤེས་ཆོས་ཅན། གཟུང་དོན་ཅན་མ་ཡིན་ཏེ། རང་གི་གཟུང་དོན་འཕེན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། གལ་ཏེ་དྲན་ཤེས་དོན་གྱི་རྣམ་པ་ཅན་ཡིན་ཡང་དེའི་རྒྱུ་མྱོང་བ་དོན་གྱི་རྣམ་པ་ཅན་མ་ཡིན་ནོ་ཞེ་ན། སྔོན་པོ་དྲན་པའི་དྲན་ཤེས་ཆོས་ཅན། ཁྱོད་དོན་གྱི་རྣམ་པ་ཅན་མིན་པར་ཐལ། ཁྱོད་རང་རྒྱུ་སྔོན་པོ་འཛིན་པའི་མངོན་སུམ་ལས་བྱུང་བ་གང་ཞིག སྔོན་པོ་འཛིན་པའི་མངོན་སུམ་དེ་དོན་གྱི་རྣམ་པས་སྟོང་པའི་ཕྱིར། བཞི་པ་ནི། གལ་ཏེ་དྲན་པ་མྱོང་བ་ལས་བྱུང་བ་མིན་གྱི་དྲན་བྱའི་དོན་ལས་དངོས་སུ་སྐྱེའོ་ཞེ་ན། དེཾ། སྔོན་པོ་དྲན་པའི་དྲན་ཤེས་ཆོས་ཅན། ཁྱོད་སྔོན་པོ་ལས་དངོས་སུ་སྐྱེས་པ་མིན་པར་ཐལ། སྔོན་པོ་དེ་རང་གི་དངོས་རྒྱུའི་དུས་སུ་འགགས་ཟིན་པའི་ཕྱིར། དོན་ལས་སྐྱེས་པའི་དོན་གྱི་རྣམ་པ་དང་ལྡན་ན། སྔོ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། དོན་གྱི་རྣམ་པ་དང་ལྡན་པར་ཐལ། དོན་ལས་སྐྱེས་པའི་ཕྱིར། རྣཾམ། དྲན་པ་ཆོས་ཅན། ཁྱོད་ལ་སྣང་བའི་དོན་གྱི་རྣམ་པ་དེ་དོན་གྱིས་དངོས་སུ་གཏད་པའི་རྣམ་པ་མ་ཡིན་ཏེ། ཁྱོད་རང་ཡུལ་མི་གསལ་བར་སྣང་བའི་བློ་ཡིན་པའི་ཕྱིར། ལྔ་པ་ནི། རྣཾམ། དྲན་ཤེས་ལ་སྣང་བའི་དོན་གྱི་རྣམ་པ་ཆོས་ཅན། མཐོང་རུང་གི་ཡུལ་ལ་གནས་པའི་གང་ཟག་གཞན་གྱིས་ཀྱང་མཐོང་བར་ཐལ། ཤེས་པ་ལས་རྫས་ཐ་དད་པའི་མཐོང་རུང་གི་དོན་ཡིན་པའི་ཕྱིར། བདཾག དོན་ཡིན་ཡང་རང་གི་ཡུལ་ཅན་གྱི་བློ་ཁོ་ན་ལ་རྟག་ཏུ་ཡུལ་དུ་འབྲེལ་བས་གཞན་གྱིས་མི་རྟོགས་སོ་ཞེ་ན། དྲན་ཤེས་ལ་སྣང་བའི་རྣམ་པ་ཆོས་ཅན། དྲན་པ་པོས་བརྗོད་ཀྱང་གཞན་གྱིས་མི་རྟོགས་པར་ཐལ། དྲན་པ་པོའི་བློ་ཁོ་ནའི་ཡུལ་དུ་འབྲེལ་བའི་ཕྱིར། དེཾ། གལ་ཏེ་དྲན་པ་པོས་བརྗོད་པའི་ཚེ་རང་གི་བློ་ལ་སྣང་བ་ཁོ་ན་བརྗོད་ཅིང་། ཉན་པ་པོས་རང་གི་བློ་ལ་སྣང་བའི་རྣམ་པ་ཁོ་ན་རྟོགས་སོ་ཞེ་ན། འཆད་པ་པོ་དང་། ཉན་པ་པོའི་བློ་གཉིས་ཆོས་ཅན། དོན་གཅིག་ལ་མཚམས་སྦྱོར་བར་མི་འགྱུར་བར་ཐལ། ཡུལ་གཞན་ཁོ་ན་ལ་འཇུག་པའི་ཕྱིར། གཾལ། གལ་ཏེ་བློའི་ཡུལ་གཉིས་པོ་འདྲ་བ་ལས་གཅིག་ཏུ་འཁྲུལ་བ་ཡིན་ནོ་ཞེ་ན། འཆད་ཉན་བྱེད་པའི་བློ་གཉིས་པོ་ཆོས་ཅན། གཟུང་ཡུལ་ཇི་ལྟ་བ་བཞིན་མ་རྟོགས་པར་ཐལ། འདྲ་བ་ལས་གཅིག་ཏུ་འཁྲུལ་པའི་ཞེན་བློ་ཡིན་པའི་ཕྱིར། གཉིས་པ་རྣམ་པ་མང་ཉུང་བྱེ་བྲག་ཡོད་པས་བསྒྲུབ་པ་ལ་གསུམ་སྟེ། ཤེས་པ་དང་པོ་རྣམ་པ་གཉིས་པར་བསྟན། ཕྱི་མ་རྣམ་པ་རེ་རེས་ལྷག་པར་བསྟན། ཚུལ་དེས་རྣམ་བཅས་མི་འགྲུབ་རྣམ་པ་དགག་པའོ། །དང་པོ་ནི། ཉམཾས། གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ཚུལ་གཉིས་པ་ཅན་ཡིན་ཏེ། ཁྱོད་ཚུལ་གཉིས་པ་ཅན་དུ་རྗེས་ཀྱི་དྲན་ཤེས་ཀྱིས་དམིགས་པའི་ཕྱིར། ཁྱབ་སྟེ། ལྡོག་ཁྱབ་རྟགས། གཉིས་པ་ནི། འདིཾ། གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་དང་ཁྱོད་ལ་དམིགས་པའི་རྟོག་པ་སོགས་བློ་ཕྱི་མ་ཕྱི་མ་རྣམས་རྣམ་པ་རེ་རེས་ལྷག་པ་ཡིན་ཏེ། ཁྱོད་གཟུང་རྣམ་དང་འཛིན་རྣམ་གྱི་ཚུལ་གཉིས་པ་ཅན་དང་། ཁྱོད་ལ་དམིགས་པའི་རྟོག་པ་དེ་གཟུང་རྣམ་གྱི་ཚུལ་གཉིས། འཛིན་རྣམ་གྱི་ཚུལ་གཅིག་སྟེ་ཚུལ་གསུམ་པ་ཅན་དུ་རང་རང་གི་ཤེས་པ་ཕྱི་མས་དམིགས་པར་འགྱུར་བའི་ཕྱིར། གསུམ་པ་ལ་བཞི་སྟེ། དོན་འབྲས་ཡིན་པས་བསྲེ་ན་ཧ་ཅང་ཐལ། དོན་དང་བསྲེ་བ་འདྲ་བ་ལས་གཞན་མིན། འདྲ་བའི་ཕྱིར་ན་དོན་དང་བསྲེ་བ་བསྟན། གཞན་དུ་ཕྱི་མ་བསྲེ་བ་མེད་པར་ཐལ་བའོ། །དང་པོ་ནི། དོཾན། དོན་སྣང་གི་ཤེས་པ་ཤེས་པ་རང་གི་ངོ་བོར་གྱུར་པའི་ཡུལ་རྣམ་ཡིན་པའི་རྒྱུ་མཚན་གྱིས་རྗེས་ཀྱི་ཤེས་པས་ཡུལ་གྱི་རྣམ་པས་ཁྱད་པར་དུ་བྱས་ནས་འཛིན་པ་མ་ཡིན་གྱི་དོན་གྱི་དངོས་འབྲས་ཡིན་པའི་རྒྱུ་མཚན་གྱིས་ཤེས་པ་དྲན་ན་དོན་ཡང་དྲན་པ་ཡིན་ནོ་ཞེ་ན། དབང་པོའི་མངོན་སུམ་གྱི་རྒྱུར་གྱུར་པའི་སྣང་བ་དང་ཡིད་བྱེད་ཆོས་ཅན། དབང་པོའི་མངོན་སུམ་དྲན་ན་ཁྱོད་དྲན་པས་ཁྱབ་པར་ཐལ། དབང་པོའི་མངོན་སུམ་དེ་ཁྱོད་ཀྱི་དངོས་འབྲས་ཡིན་པའི་ཕྱིར། དེཾ། འབྲས་བུ་ཡིན་ན་རང་རྒྱུ་དང་ལྷན་ཅིག་དྲན་པས་ཁྱབ་པར་ཐལ། དོན་སྣང་གི་ཤེས་པ་དོན་གྱི་དངོས་འབྲས་ཡིན་པའི་རྒྱུ་མཚན་གྱིས་དོན་དང་ལྷན་ཅིག་དྲན་པའི་ཕྱིར། འདོད་ན། རྫ་བུམ་དྲན་ན་རྫ་མཁན་དྲན་པས་ཁྱབ་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ནི། དོན་སྣང་གི་ཤེས་པ་དེ་ལ་དོན་གྱིས་བྱས་པའི་ཁྱད་པར་ཡོད་པའི་ཕྱིར་ན་དོན་དང་ལྷན་ཅིག་དྲན་ནོ་ཞེ་ན། ཁྱདཾ། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་དོན་དང་ལྷན་ཅིག་བསྲེ་བའི་རྒྱུར་གྱུར་པའི་དོན་གྱིས་བྱས་པའི་ཁྱད་པར་དེ་དོན་གྱི་རྣམ་པར་ཤར་བ་ལས་གཞན་མིན་པར་ཐལ། དོན་གྱི་རྣམ་པར་ཤར་བ་ལས་མ་གཏོགས་པའི་ཁྱོད་ལ་དོན་གྱིས་བྱས་པའི་ཁྱད་པར་མེད་པའི་ཕྱིར། དཔེར་ན་འདྲ་བ་ལས་ཚད་མ་གཅིག་ཏུ་བསྲེ་བའི་རྒྱུ་མཚན་མེད་པ་བཞིན་ནོ། །གསུམ་པ་ནི། དཾང་། དོན་སྣང་གི་ཤེས་པ་ཚུལ་གཉིས་པ་ཅན་མིན་པར་འཛིན་རྣམ་རྐྱང་པ་ཅན་ཡིན་ན་དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་ལ་དམིགས་པའི་ཤེས་པ་ཕྱི་མ་དེ་འཛིན་རྣམ་རྐྱང་པ་ཅན་ཡིན་པར་ཐལ། ཁྱོད་འཛིན་རྣམ་རྐྱང་པ་ཅན་ཡིན་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་དམིགས་པའི་ཤེས་པ་ཕྱི་མ་དེ་ཁྱོད་ལས་རྣམ་པའི་སྒོ་ནས་ཁྱད་པར་དུ་བྱེད་མི་ནུས་པར་ཐལ། ཁྱོད་དང་ཁྱོད་ལ་དམིགས་པའི་ཤེས་པ་ཕྱི་མ་གཉིས་ཀ་འཛིན་རྣམ་རྐྱང་པ་ཅན་དུ་མཚུངས་པའི་ཕྱིར། དེཾ། སྔོར་སྣང་དབང་ཤེས་ཆོས་ཅན། ཁྱོད་རང་དུས་སུ་སྣང་བའི་སྔོན་པོའི་རྣམ་པ་དང་ལྡན་པ་ཡིན་ཏེ། ཁྱོད་དེར་རྗེས་ཀྱི་དྲན་ཤེས་ཀྱིས་དམིགས་པའི་ཕྱིར། བཞི་པ་ནི། གཞཾན། དོན་སྣང་གི་ཤེས་པ་དོན་གྱི་རྣམ་ལྡན་ཡིན་པས་དོན་གྱི་རྣམ་ལྡན་དུ་དྲན་པ་ལས་གཞན་དོན་གྱི་དངོས་འབྲས་ཡིན་པས་དོན་གྱི་རྣམ་ལྡན་དུ་དྲན་ན་སྔོར་སྣང་དབང་ཤེས་སྔོན་པོ་སྐད་ཅིག་དང་པོ་ཆོས་ཅན། ཁྱོད་ཁོ་ན་དོན་གྱི་རྣམ་ལྡན་དུ་དྲན་གྱི། ཁྱོད་ལ་དམིགས་པའི་ཤེས་པ་ཕྱི་མ་དོན་གྱི་རྣམ་ལྡན་དུ་མི་དྲན་པར་ཐལ། ཁྱོད་དང་དེ་གཉིས་ཀྱི་ནང་ནས་ཁྱོད་ཁོ་ན་སྔོན་པོའི་དངོས་འབྲས་ཡིན་པའི་ཕྱིར། གསུམ་པ་ལྷན་ཅིག་དམིགས་པ་ངེས་པའི་རྟགས་ཀྱིས་བསྒྲུབ་པ་ལ་གཉིས་ཏེ། ཕྱི་དོན་བཀག་ནས་ཚུལ་གཉིས་བསྒྲུབ། དོན་ལ་བརྟེན་ནས་ཚུལ་གཉིས་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། སྣང་བ་ཕྱི་དོན་ཡིན་པར་དགག ཕྱི་དོན་གཞན་གྱི་སྒྲུབ་བྱེད་དགག ཕྱི་དོན་མེད་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། གཏན་ཚིགས་དགོད། ཁྱབ་པ་བསྒྲུབ། གྲུབ་དོན་བསྡུ་བའོ། །དང་པོ་ནི། ངེཾས། སྔོར་སྣང་དབང་ཤེས་ལ་རང་དུས་སུ་སྔོན་པོར་སྣང་བའི་རྣམ་པ་ཆོས་ཅན། སྔོར་སྣང་དབང་ཤེས་ལས་རྫས་གཞན་མིན་ཏེ། སྔོར་སྣང་དབང་ཤེས་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། གཉིས་པ་ནི། རྣམཾ། སྔོར་སྣང་དབང་ཤེས་དང་དེ་ལ་རང་དུས་སུ་སྔོན་པོར་སྣང་བ་ཆོས་ཅན། ཐ་དད་དུ་བདེན་པར་མི་གྲུབ་སྟེ། ཐ་དད་དུ་མི་བདེན་བཞིན་དུ་ཐ་དད་དུ་སྣང་བ་ཡིན་པའི་ཕྱིར། དཔེར་ན་དབང་ཤེས་འཁྲུལ་པ་ལ་སྣང་བའི་ཟླ་གཉིས་ཀྱི་རྣམ་པ་བཞིན། གཏན་ཚིགས་དེ་མི་མཐུན་ཕྱོགས་སྔོ་སེར་གཉིས་ལ་ཞུགས་སོ་ཞེ་ན། སྔོཾ། ཐ་སྙད་དུ་སྔོ་སེར་གཉིས་ཆོས་ཅན། ལྷན་ཅིག་དམིགས་ངེས་མ་ཡིན་ཏེ། གང་རུང་གཅིག་དམིགས་ན་ཅིག་ཤོས་དམིགས་པས་མ་ཁྱབ་པའི་ཕྱིར། མྱོངཾ་། ལྷན་ཅིག་དམིགས་ངེས་ཡིན་ན་རྫས་གཞན་དུ་མེད་པས་ཁྱབ་སྟེ། རྫས་གཞན་ལ་ལྷན་ཅིག་དམིགས་ངེས་ཁེགས་པའི་ཕྱིར། གསུམ་པ་ནི། དེཾ། རྩ་བའི་སྦྱོར་བ་དགོད། གཉིས་པ་ནི། མདོ་སྡེ་པ་ནི། རྣམ་པ་དེ་ཕྱི་དོན་གྱིས་གཏད་པར་སྨྲ་བས་དེའི་སྒྲུབ་བྱེད་དྲིས་པ་ན། རྒྱུ།ཾ སྔོ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། དབང་ཡིད་ལས་གཞན་པའི་ཁྱོད་ཀྱི་དམིགས་རྐྱེན་ཡོད་དེ། དབང་ཡིད་ལས་གཞན་པའི་ཁྱོད་ཀྱི་དམིགས་རྐྱེན་མེད་ན་ཁྱོད་མི་སྐྱེ་བ་དང་། རེས་འགའ་སྐྱེ་བའི་གཞི་མཐུན་ཡིན་པའི་ཕྱིར་ཞེ་ན། གཾལ། དེ་ཆོས་ཅན། དམིགས་རྐྱེན་ཕྱི་དོན་ཡོད་མེད་ཀྱི་དབང་གིས་རེས་འགའ་སྐྱེ་བ་མ་ཡིན་ཏེ། རང་གི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་དོན་སྣང་གི་བག་ཆགས་སྨིན་མ་སྨིན་ལས་རེས་འགའ་སྐྱེ་བ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཕྱི་དོན་མེད་ཀྱང་བྱེད་པོ་ཤེས་བྱེད་འཐད། ཤེས་བྱེད་བློ་སྣང་ཡིན་པར་རྩོད་པ་སྤང་བའོ། །དང་པོ་ནི། ཕྱི་དོན་མེད་ན་ས་བོན་ལས་མྱུ་གུ་སྐྱེ་བ་དང་། དུ་བ་ལས་མེ་དཔོག་པ་ལ་སོགས་པའི་རྣམ་གཞག་མི་རུང་བར་འགྱུར་རོ་ཞེ་ན། སཾ། ཐ་སྙད་དུ་ཕྱི་དོན་ལ་བརྟེན་པའི་བསྐྱེད་བྱ་སྐྱེད་བྱེད་དང་ཤེས་བྱ་ཤེས་བྱེད་ཀྱི་རྣམ་གཞག་ཆོས་ཅན། ཕྱི་དོན་མེད་ན་ཁྱོད་མི་རུང་བས་མ་ཁྱབ་པར་ཐལ། ཕྱི་དོན་མེད་ཀྱང་བློ་སྣང་ལ་བརྟེན་ནས་ཁྱོད་འཐད་པའི་ཕྱིར། གཉིས་པ་ནི། དུཾ། དེ་ལྟར་ན་དུ་བ་མེས་བསྐྱེད་པ་མིན་པར་ཐལ། དུར་སྣང་གི་བློ་དེ་མེར་སྣང་གི་བློ་དེས་སྐྱེད་པ་མིན་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། ཁྱོད་ཀྱི་རྟགས་ལས་གཞི་འགར་མེ་རྟོགས་པ་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར། གལ་ཏེ་དུར་སྣང་གི་བློ་དེ་མེར་སྣང་གི་བློའི་རྒྱུ་ཡིན་ན་དུར་སྣང་གི་བློ་དེ་ཆོས་ཅན། ཁྱོད་ཀྱི་རྟགས་ལས་གཞི་འགར་མེར་སྣང་གི་བློ་རྟོགས་པ་མིན་པར་ཐལ། ཁྱོད་དེའི་རྒྱུ་ཙམ་ཡིན་པའི་ཕྱིར་ཞེ་ན། དེཾ། དུར་སྣང་གི་བག་ཆགས་གསལ་བར་སད་པའི་བློ་ཆོས་ཅན། ཁྱོད་དུ་ལྡན་གྱི་ལར་སྣང་བའི་བག་ཆགས་གསལ་བར་སད་པའི་ཤེས་རྒྱུད་ལ་མེར་སྣང་གི་བག་ཆགས་གསལ་བར་སད་པའི་བློ་འབྱུང་རུང་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྐོར་གྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། འདིར་ཤཱཀྱས་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་སུ་འདོད་པ་དང་། དེང་སང་བོད་དག་རྒྱུ་དངོས་གྲུབ་པའི་འབྲས་རྟགས་སུ་འདོད་པ་རྣམས་ཆོས་གྲགས་དང་། ས་པཎ་གྱི་དགོངས་པ་མ་ཡིན་ནོ། །ཕྱི་རོལ་གྱི་མེ་དངོས་དང་། མེར་སྣང་གི་བློ་ད་ལྟར་བར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་པ་ལ་སྔ་མའི་གཏན་ཚིགས་བཟློག་སྟེ་དགོད། ལར་འདི་འདྲའི་རིགས་ཅན་དག་ངག་ལས་ཤེས་དགོས་སོ། །འོ་ན་མེ་དུ་རྒྱུ་འབྲས་སུ་ཇི་ལྟར་འཇོག་ཅེ་ན། སེམས་ཙམ་པ་ཆོས་ཅན། ཐ་སྙད་དུ་མེ་ལས་དུ་བ་སྐྱེ་བའི་རྣམ་གཞག་འཐད་དེ། མེར་སྣང་གི་བག་ཆགས་ཀྱི་སྙིང་པོ་ཅན་གྱི་སེམས་རྒྱུད་ལས་དུར་སྣང་གི་བག་ཆགས་གསལ་བར་སད་པའི་བློ་སྐྱེ་བ་ལ་ཐ་སྙད་དུ་མེ་ལས་དུ་བ་སྐྱེ་བར་འཇོག་པའི་ཕྱིར། གཉིས་པ་ནི། མཁཾས། སེམས་ཙམ་པ་ཆོས་ཅན། ཇི་སྐད་བཤད་པའི་རྩོད་ལན་ལ་མ་ལྟོས་པར་ཕྱི་དོན་ཁས་བླངས་ནས་བློ་ཚུལ་གཉིས་སུ་འཐད་པ་ཡིན་ཏེ། ཕྱི་དོན་ཁས་བླངས་ནས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལས་སྔོར་སྣང་དབང་ཤེས་དང་དེ་ལ་རང་དུས་སུ་སྣང་བའི་སྔོན་པོའི་རྣམ་པ་རྫས་གཞན་མིན་པར་བསྒྲུབས་ཟིན་པའི་ཕྱིར། བཞི་པ་དབང་པོ་གསལ་དང་མི་གསལ་ཁྱད་ལས་བསྒྲུབ་པ་ལ་གསུམ་སྟེ། སྣང་བ་གསུམ་པོ་བློ་ཉིད་ཡིན། དོན་ཉིད་ཡིན་ན་ཧ་ཅང་ཐལ། དོན་ལས་སྐྱེས་ལ་མཚུངས་པ་སྤང་བའོ། །དང་པོ་ནི། དབཾང་། ཟླ་བ་ལྟ་བུའི་དོན་གཅིག་ཆོས་ཅན། ཁྱོད་མཐོང་བའི་དབང་ཤེས་བློ་རང་ཉིད་ཚུལ་གཉིས་སུ་སྣང་བར་གྲུབ་སྟེ། ཁྱོད་ལ་ལྟ་བའི་དབང་ཤེས་རྣམས་དབང་པོ་གསལ་མི་གསལ་བར་མའི་ཁྱད་པར་གྱིས་ཕན་ཚུན་ལྟོས་ནས་སྣང་བ་གསལ་མི་གསལ་བར་མར་དམིགས་པའི་ཕྱིར། གཉིས་པ་ནི། དེཾ། ཤེས་པ་གསུམ་པོ་དེ་དོན་གྱི་རྣམ་ལྡན་དུ་སྐྱེས་པ་མིན་པར་དོན་རྣམ་མེད་འཛིན་ན་ཟླ་བ་ཆོས་ཅན། ཁྱོད་ལ་ལྟ་བའི་དབང་ཤེས་ཀུན་གསལ་མི་གསལ་གྱི་ཁྱད་པར་མེད་པར་ཐལ། ཁྱོད་དོན་གཅིག་ཡིན་པའི་ཕྱིར། གསུམ་པ་ནི། དོཾན། ཤེས་པ་དོན་ལས་འདྲ་བ་སྐྱེས་པ་ལ་ཡང་རྣམ་པ་གཅིག་ཏུ་འགྱུར་བའི་ཉེས་པ་གནས་སོ་ཞེ་ན། ཕྱི་དོན་གཅིག་ལ་ལྟ་བའི་བདག་རྐྱེན་དབང་པོ་གསལ་མི་གསལ་བར་མའི་དབང་ཤེས་གསུམ་པོ་ཆོས་ཅན། ཕན་ཚུན་ལྟོས་ནས་རྣམ་པ་ཐ་དད་དུ་འགྱུར་བའི་རྒྱུ་ཡོད་དེ། བདག་རྐྱེན་དབང་པོ་སོགས་ཀྱི་སྒོ་ནས་ཕན་ཚུན་ལྟོས་ནས་རྣམ་པ་ཐ་དད་དུ་འགྱུར་བའི་ཕྱིར། འདིཾ། དཔེར་ན་ཕ་གཅིག་ལས་སྐྱེས་པའི་བུ་རྣམས་ཕའི་གཟུགས་དང་འདྲ་བ་མཚུངས་ཀྱང་ལས་ལ་སོགས་པའི་སྒོ་ནས་མཛེས་མི་མཛེས་ཐ་དད་དུ་འགྱུར་བ་བཞིན་ནོ། །ལྔ་པ་མེད་བཞིན་དཀྱིལ་འཁོར་རྣམ་པར་སྣང་བས་བསྒྲུབ་པ་ལ་གསུམ་སྟེ། དཀྱིལ་འཁོར་རྣམ་པར་བློ་ཉིད་ཡིན་པར་བསྒྲུབ། ཕྱི་དོན་ཡིན་ན་ཐལ་བ་གསུམ་གྱིས་གནོད། དབང་ཤེས་འཁྲུལ་པའི་གཟུང་དོན་ཡིན་པ་དགག་པའོ། །དང་པོ་ནི། མཾར། དབང་ཤེས་འཁྲུལ་པ་ལ་སྣང་བའི་མར་མེའི་རྩེ་མོའི་དཀྱིལ་འཁོར་གྱི་རྣམ་པ་ཆོས་ཅན། བློ་རང་ཉིད་ཡུལ་དུ་སྣང་བའི་ཚུལ་གཉིས་པར་གྲུབ་སྟེ། ཡུལ་དུ་སྣང་ཡང་ཡུལ་དུ་མི་བདེན་པའི་ཕྱིར། གཉིས་པ་ནི། དེཾ། དབང་ཤེས་འཁྲུལ་པའི་སྣང་བ་དེ་ཕྱི་རོལ་གྱི་དངོས་པོ་གསར་དུ་སྐྱེས་པ་ཡིན་པས་བློ་ཉིད་ཚུལ་གཉིས་པར་མི་གྲུབ་བོ་ཞེ་ན། རྣམ་པ་དེ་ཆོས་ཅན། དབང་པོ་གསལ་བའི་མིག་ཤེས་ཀྱིས་མཐོང་བར་ཐལ། དེས་མཐོང་རུང་གི་ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར། ཡཾང་། མར་མེའི་རྩེ་མོའི་དཀྱིལ་འཁོར་གྱི་རྣམ་པ་མཐོང་བའི་དབང་ཤེས་ཆོས་ཅན། བདག་རྐྱེན་དབང་པོ་ཉམས་པའི་ཤེས་པ་མིན་པར་ཐལ། ཕྱི་དོན་བདེན་པར་མཐོང་བའི་ཕྱིར། རཾབ། དེ་ཆོས་ཅན། རབ་རིབ་ཀྱིས་ཁྱོད་ཀྱི་བདག་རྐྱེན་དབང་པོ་ལ་སྐྱོན་བྱས་པ་མིན་པར་ཐལ། རབ་རིབ་ཀྱིས་བདག་རྐྱེན་དབང་པོའི་སྐྱོན་སྦྱངས་ནས་གསལ་བར་བྱས་པའི་ཕྱིར། དེ་ཆོས་ཅན། དཀྱིལ་འཁོར་གྱི་རྣམ་པས་དབེན་པའི་མར་མེའི་རྩེ་མོ་མཐོང་བར་ཐལ། བདག་རྐྱེན་དབང་ཤེས་སྐྱོན་མེད་ཀྱི་ཡུལ་ལས་འདས་པའི་དཀྱིལ་འཁོར་གྱི་རྣམ་པ་མཐོང་བའི་ཕྱིར། གསུམ་པ་ནི། སྣངཾ་། དེ་ཆོས་ཅན། མར་མེ་ལས་གཞན་པའི་དཀྱིལ་འཁོར་གྱི་རྣམ་པ་ཁྱོད་ཀྱི་དངོས་རྒྱུར་ཡོད་པ་མིན་པར་ཐལ། རྐྱེན་གཞན་ཚང་ན་མར་མེའི་རྩེ་མོ་ཙམ་གྱིས་ཁྱོད་བསྐྱེད་པའི་ཕྱིར། དེས་ན་དེ་ཆོས་ཅན། དཀྱིལ་འཁོར་གྱི་རྣམ་པ་ཁྱོད་ཀྱི་གཟུང་ཡུལ་མིན་པར་ཐལ། དེ་ཁྱོད་ཀྱི་རྒྱུ་མིན་པའི་ཕྱིར། གལཾ། དེ་ཆོས་ཅན་དམིགས་རྐྱེན་མར་མེ་ལ་མི་ལྟོས་པར་ཐལ། མར་མེ་ལས་གཞན་པའི་དཀྱིལ་འཁོར་གྱི་རྣམ་པ་དེ་ཁྱོད་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར། གཉིས་ཀ་ཚོགས་པ་དམིགས་རྐྱེན་ཡིན་ནོ་ཞེ་ན། དེ་ཆོས་ཅན། མར་མེ་དང་དཀྱིལ་འཁོར་གྱི་རྣམ་པ་ཚོགས་པ་དེ་ཁྱོད་ཀྱི་དམིགས་རྐྱེན་མིན་པར་ཐལ། རྐྱེན་གཞན་ཚོགས་ན་མར་མེ་དམིགས་རྐྱེན་དུ་བྱས་པ་ལས་ཁྱོད་སྐྱེ་བའི་ཕྱིར། དྲུག་པ་ཉེ་རིང་བར་མའི་ཁྱད་པར་གསུམ་གྱིས་བསྒྲུབ་པ་ལ་གསུམ་སྟེ། ཐལ་བ་དགོད། ཉེས་སྤོང་དགག གྲུབ་དོན་བསྡུ་བའོ། །དང་པོ་ནི། ཉེ།ཾ བློ་ཚུལ་གཉིས་པ་མིན་ན་བུམ་པ་གཅིག་ཆོས་ཅན། ལྟ་བ་པོ་ཉེ་རིང་གི་ཁྱད་པར་གྱིས་དབང་ཤེས་ལ་ཁྱོད་གསལ་མི་གསལ་སོགས་སུ་སྣང་བ་མི་འཐད་པར་ཐལ། ཁྱོད་གསལ་མི་གསལ་གང་རུང་གཅིག་ཏུ་གནས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྣང་བའི་ཁྱད་པར་ཡོད་པའི་ཉེས་སྤོང་དགག ལས་ཀྱི་ཁྱད་པར་ཡོད་པའི་ཉེས་སྤོང་དགག་པའོ། །དང་པོ་ལ་གསུམ་སྟེ། སྣང་བ་ཙམ་གྱི་ཁྱད་པར་ཡོད་པ་དགག སྣང་བ་གསལ་དང་མི་གསལ་ཁྱད་པར་དགག སྣང་བ་མི་གསལ་རྒྱུ་མཚན་དྲིས་ཏེ་དགག་པའོ། །དང་པོ་ནི། གཾལ། གལ་ཏེ་ཐག་ཉེ་རིང་ལ་ཡུལ་དབང་བར་གྱི་སྣང་བའི་ཁྱད་པར་ལས་གསལ་མི་གསལ་སྣ་ཚོགས་སུ་འགྱུར་བ་ཡིན་ནོ་ཞེ་ན། དེའི་དོན་སྒྲིབ་བྱེད་ཀྱིས་ཆོད་༡པ་ལ་བྱེད་དམ་མ་ཆོད་པ་ལ་བྱེད། དང་པོ་ལྟར་ན། བུམ་གཟུགས་གཅིག་ལ་ཐག་ཉེ་རིང་གཉིས་ནས་བལྟ་བའི་དབང་ཤེས་གཉིས་པོ་ཆོས་ཅན། བུམ་གཟུགས་མཐོང་ཚུལ་མཚུངས་པར་ཐལ། བུམ་གཟུགས་སྒྲིབ་བྱེད་ཀྱིས་མ་ཆོད་པས་རྣམ་མེད་རྗེན་ཆར་དུ་མཐོང་བ་མཚུངས་པའི་ཕྱིར། ཕྱི་མ་༢ལྟར་ན། དེ་ཆོས་ཅན། བུམ་གཟུགས་མི་མཐོང་བ་མཚུངས་པར་ཐལ། བུམ་གཟུགས་ལ་སྒྲིབ་བྱེད་ཀྱིས་ཆོད་པ་མཚུངས་པའི་ཕྱིར། གཉིས་པ་ནི། གལཾ། ཐག་ཉེ་བའི་ཚེ་སྣང་བ་གསལ་བ་དང་། ཐག་རིང་བའི་ཚེ་སྣང་བ་མི་གསལ་བས་མཐོང་ཚུལ་ཐ་དད་པ་ཡིན་ནོ་ཞེ་ན། འོ་ན་མཐོང་བྱ་ཕྱི་རོལ་གྱི་དོན་དེ་གཅིག་ཡིན་ནམ་རྡུལ་ཕྲན་དུ་མ་ཡིན། ཕྱིཾ། དང་པོ་ལྟར་ན་ཕྱི་དོན་བུམ་པ་ལྟ་བུ་ཆོས་ཅན། ཐག་རིང་བའི་ཚེ་དབང་ཤེས་མ་འཁྲུལ་བས་ཁྱོད་ཀྱི་ཆ་འགའ་ཞིག་མཐོང་བ་དང་། འགའ་ཞིག་མི་མཐོང་བའི་ཁྱད་པར་མི་འཐད་པར་ཐལ། ཁྱོད་ཆ་མེད་གཅིག་ཡིན་པའི་ཕྱིར། ཕྲཾ། གཉིས་པ་ལྟར་ན་དེ་ཆོས་ཅན། དེར་ཐལ། ཁྱོད་རྡུལ་ཕྲན་དུ་མ་ཡུལ་མཚུངས་པ་ན་གནས་པ་ཡིན་པའི་ཕྱིར། གཾལ། བུམ་པ་ཆོས་ཅན། གཞན་སྣང་བ་གསལ་མི་གསལ་ཐ་དད་པས་ཁྱོད་དབང་ཤེས་མ་འཁྲུལ་པ་ལ་གསལ་མི་གསལ་ཐ་དད་དུ་འགྱུར་བ་མིན་པར་ཐལ། ཁྱོད་དབང་ཤེས་ལ་རྣམ་མེད་རྗེན་ཆར་དུ་སྣང་བའི་དོན་གཅིག་ཡིན་པའི་ཕྱིར། གསུམ་པ་ནི། སྣངཾ་། ཐག་རིང་པོའི་ཚེ་སྣང་བ་མི་གསལ་བའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པའི་ཚེ། སྒྲིབ་རྡུལ་གྱིས་བསྒྲིབས་པའི་ཕྱིར་ཞེ་ན། ཐག་ཉེ་བ་ན་ཅིའི་ཕྱིར་མི་སྒྲིབ། སྒྲིབ་རྡུལ་བསྲབས་པའི་ཕྱིར་ཏེ། སྒྲིབ་རྡུལ་མཐུག་པོ་ཤོང་ས་མེད་པའི་ཕྱིར་ཞེ་ན། བུམ་གཟུགས་ལ་ཐག་ཉེ་བ་ནས་བལྟ་བའི་དབང་ཤེས་ཆོས་ཅན། བུམ་གཟུགས་གསལ་བར་མི་མཐོང་བར་ཐལ། ཁྱོད་དང་བུམ་གཟུགས་གཉིས་ཀྱི་བར་དུ་སྣང་རྡུལ་ཡང་བསྲབས་པའི་ཕྱིར། བུམ་གཟུགས་ལ་ཐག་རིང་བ་ནས་བལྟ་བའི་ཚེ་ཡང་ཆོས་ཅན། བུམ་གཟུགས་གསལ་བར་མཐོང་བར་ཐལ། སྣང་རྡུལ་ཡང་མང་བའི་ཕྱིར། གཞན་ཡང་ཡུལ་ཐག་ཉེ་བ་ནས་སྣང་བ་གསལ་བའི་རྒྱུ་མཚན་གྱིས་ཡུལ་གསལ་བར་མཐོང་ན་མིག་ལ་བུམ་པ་སྦྱར་བ་ལ་ཆོས་ཅན། བུམ་པ་གསལ་བར་འགྱུར་བར་ཐལ། སྣང་རྡུལ་ཤིན་ཏུ་གསལ་བའི་ཕྱིར། གཉིས་པ་ནི། གཾལ། བུམ་གཟུགས་གཅིག་ལ་ཐག་ཉེ་རིང་གཉིས་ནས་བལྟ་བའི་ཚེ་མ་མཐོང་བའི་ལས་ལ་བརྟེན་ནས་གཟུགས་གསལ་མི་གསལ་གསར་དུ་སྐྱེས་པ་ཡིན་ནོ་ཞེ་ན། གཟུགས་དེ་གཉིས་ཕན་ཚུན་སྒྲིབ་བམ་མ་སྒྲིབ། དང་པོ་ལྟར་ན་གསལ་མི་གསལ་གྱི་གཟུགས་གཉིས་ཆོས་ཅན། ཕན་ཚུན་རང་གི་ཡུལ་ཅན་གྱི་ཤེས་པས་སྣང་བ་ལ་སྒྲིབ་པར་ཐལ། ཕན་ཚུན་གཅིག་གིས་གཅིག་ལ་སྒྲིབ་པའི་ཕྱིར། འདོད་ན། བུམ་གཟུགས་གཅིག་ལ་གཅིག་གིས་ཐག་ཉེ་རིང་གཉིས་ནས་བལྟ་བའི་དབང་ཤེས་ཆོས་ཅན། གསལ་མི་གསལ་གྱི་ལས་གཟུགས་ཀྱིས་དབེན་པའི་སྔར་གྱི་ལས་གཟུགས་དེ་ཉིད་མཐོང་བར་ཐལ། བུམ་གཟུགས་མཐོང་བའི་དབང་ཤེས་གང་ཞིག གསལ་མི་གསལ་གྱི་ལས་གཟུགས་གཉིས་ཕན་ཚུན་སྣང་བ་ལ་སྒྲིབ་པའི་ཕྱིར། དེཾ། གཉིས་པ་ལྟར་ན། དེ་ཆོས་ཅན། གསལ་མི་གསལ་གྱི་ལས་གཟུགས་གཉིས་ཀ་མཐོང་བར་ཐལ། དེ་གཉིས་ཀ་མཐོང་རུང་གི་དབང་ཤེས་གང་ཞིག དེ་གཉིས་ཕན་ཚུན་གཅིག་ལ་གཅིག་མི་སྒྲིབ་པའི་ཕྱིར། མཐོཾང་། གལ་ཏེ་མ་མཐོང་བའི་ལས་ཀྱིས་གང་རུང་ཞིག་སྒྲིབ་བོ་ཞེ་ན། གསལ་མི་གསལ་གྱི་ལས་གཟུགས་ཆོས་ཅན། མ་མཐོང་བའི་ལས་དེས་ཁྱོད་བསྐྱེད་པ་དོན་མེད་པར་ཐལ། ཁྱོད་ཀྱིས་རང་རྒྱུད་ལྡན་གྱི་གང་ཟག་ལ་ཕན་གནོད་གང་ཡང་མི་བྱེད་པའི་ཕྱིར། གསུམ་པ་ནི། དེཾ། བུམ་གཟུགས་གཅིག་ལ་ཐག་ཉེ་རིང་གཉིས་ནས་བལྟ་བའི་དབང་ཤེས་ཆོས་ཅན། བག་ཆགས་སོགས་ཀྱིས་རང་གི་ངོ་བོར་གྱུར་པའི་རྣམ་པ་ཐ་དད་དུ་འཛིན་པར་བྱེད་དེ། དེ་འཛིན་པའི་རྣམ་པ་ཐ་དད་དུ་མེད་ཀྱང་སྣང་བ་དང་ལས་ལ་སོགས་པའི་ཁྱད་པར་གྱིས་རྣམ་པ་གསལ་མི་གསལ་དུ་འཛིན་པ་གང་རུང་གང་ཞིག ཕྱི་མ་བཀག་ཟིན་པའི་ཕྱིར། བདུན་པ་གཟུང་ཡུལ་འགགས་ཀྱང་སྣང་བ་ཡོད་པས་བསྒྲུབ་པ་ལ་གཉིས་ཏེ། དོན་འགགས་སྣང་བ་ཤེས་པར་བསྒྲུབ། ཕྱི་དོན་སྣང་བའི་གཞན་ལན་དགག་པའོ། །དང་པོ་ནི། ཤེཾས། ཤེས་པ་དང་སྒྲ་དང་མར་མེ་ཆོས་ཅན། ཁྱོད་རང་གི་ཡུལ་ཅན་གྱི་ཚད་མ་ལ་རྣམ་མེད་རྗེན་ཆར་དུ་སྣང་བ་མིན་པར་ཐལ། ཁྱོད་རང་གི་ཡུལ་ཅན་གྱི་ཚད་མའི་དུས་ན་མེད་པའི་ཕྱིར་ཏེ། ཁྱོད་རང་གི་ཡུལ་ཅན་གྱི་ཚད་མ་སྐྱེད་བྱེད་ཀྱི་སྐད་ཅིག་མ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དུས་མཉམ་དོན་ཉིད་སྣང་བ་དགག སྐྱེད་བྱེད་དོན་ཉིད་སྣང་བ་དགག་པའོ། །དང་པོ་ནི། དོན་སྔ་མ་དེ་ཉིད་ཤེས་པའི་དུས་ན་མེད་པས་མི་སྣང་ཡང་ཤེས་པ་དང་ལྷན་ཅིག་སྐྱེས་པའི་དོན་ཤེས་པ་ལ་གསལ་བ་སྣང་ངོ་ཞེ་ན། ཕཾན། ཉན་ཤེས་མངོན་སུམ་ཆོས་ཅན། ཁྱོད་ལ་དོན་ཀུན་གསལ་བ་སྣང་བར་འགྱུར་བར་ཐལ། ཁྱོད་ལ་ཕན་འདོགས་བྱེད་མིན་པའི་ཕྱི་དོན་གསལ་བ་སྣང་བའི་ཕྱིར། གཾལ། དབང་ཤེས་དང་དུས་མཉམ་གྱི་ཕྱི་དོན་ཆོས་ཅན། དབང་ཤེས་ལ་གསལ་བ་སྣང་སྟེ། དོན་སྔ་མ་ལས་ཁྱོད་དང་དབང་ཤེས་ལྷན་ཅིག་སྐྱེས་པའི་ཕྱིར་ཞེ་ན། དབང་ཤེས་དང་དུས་མཉམ་གྱི་ཕྱི་དོན་ཆོས་ཅན། ཁྱོད་དང་དབང་ཤེས་གཉིས་རྒྱུ་གཅིག་ལས་སྐྱེས་པའི་རྒྱུ་མཚན་གྱིས། ཁྱོད་དབང་ཤེས་ལ་གསལ་བ་སྣང་བ་མིན་པར་ཐལ། དེ་ཡིན་ན་དབང་ཤེས་དང་དུས་མཉམ་པའི་དབང་པོ་དེ་ཡང་དབང་ཤེས་ལ་གསལ་བ་སྣང་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེཾས། གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། གཟུགས་སྔ་མ་ཁྱོད་ཀྱི་དུས་ན་མེད་ཀྱང་ཁྱོད་ལ་གཟུགས་སྔ་མ་གསལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་གཟུགས་སྔ་མས་རང་ངོས་ནས་གཏད་པའི་རྣམ་པར་སྣང་བའི་ཕྱིར། ལྷནཾ། དབང་ཤེས་དང་དུས་མཉམ་པའི་ཕྱི་དོན་ཆོས་ཅན། དབང་ཤེས་ལ་གསལ་བ་སྣང་བ་མིན་པར་ཐལ། དབང་ཤེས་ལ་ཕན་འདོགས་བྱེད་མིན་པའི་ཕྱིར། གཉིས་པ་ནི། དེཾ། དོན་སྐད་ཅིག་མ་ཤེས་པའི་དུས་ན་འགགས་ནས་མེད་ཀྱང་རྡོ་རྗེ་དང་རྡོ་བ་སོགས་རྟག་དངོས་རྣམས་ཤེས་པའི་དུས་ན་མ་ཞིག་པ་ཡོད་པས་དེ་ཉིད་དབང་ཤེས་ལ་སྣང་ངོ་ཞེ་ན། བརྟནཾ། རྡོ་རྗེ་དང་རྡོ་བ་སོགས་ཆོས་ཅན། རང་ལ་དམིགས་པའི་ཤེས་པ་ཐམས་ཅད་ཅིག་ཅར་དུ་སྐྱེ་བར་ཐལ། རང་ལ་དམིགས་པའི་ཤེས་པ་སྐྱེད་བྱེད་ཀྱི་རྟག་དངོས་ཡིན་པའི་ཕྱིར། ལྷནཾ། གལ་ཏེ་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་ནས་རིམ་གྱིས་བསྐྱེད་དོ་ཞེ་ན། དེ་ཆོས་ཅན། ཁྱོད་ལ་སྐད་ཅིག་སྔ་ཕྱིའི་རིམ་པ་ཡོད་པར་ཐལ། ཁྱོད་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་ནས་རང་གི་ཡུལ་ཅན་གྱི་ཤེས་པ་རིམ་ཅན་དུ་སྐྱེད་བྱེད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་ཡུལ་ཅན་གྱི་ཤེས་པ་ལ་རྣམ་མེད་མི་སྣང་བར་ཐལ། རང་གི་ཡུལ་ཅན་གྱི་ཤེས་པའི་དུས་ན་ཞིག་ནས་མེད་པའི་ཕྱིར། གཉིས་པ་དུས་ཕྱིས་དྲན་པས་ཤེས་པར་བསྒྲུབ་པ་ལ་གཉིས་ཏེ། དྲན་པ་ཡོད་པས་དོན་རྣམ་གྲུབ། དོན་རྣམ་མེད་ན་ཧ་ཅང་ཐལ་བའོ། །དང་པོ་ནི། དེཾ། མདོའི་འགྲེལ་བྱེད་ཁ་ཅིག དྲན་པའི་རྟགས་ཀྱིས་ཡུལ་ཅན་གྱི་ཚུལ་གཉིས་ཙམ་གྲུབ་པ་ཡིན་ནོ་ཞེ་ན། བློ་རྣམ་མེད་དུ་སྨྲ་བ་ཆོས་ཅན། ཁྱོད་ཀྱི་ངོར་དབང་ཤེས་ཀྱི་རང་དུས་སུ་སྣང་བའི་ཡུལ་གྱི་རྣམ་པ་མྱོང་བ་སྒྲུབ་མི་ནུས་ཏེ། ཁྱོད་དེ་གྲུབ་ཟིན་མ་བརྗེད་པའི་རྒོལ་པ་ཡིན་པའི་ཕྱིར། འོ་ན་གང་ཞིག་བསྒྲུབ་ཅེ་ན། དེཾ། དེ་ཆོས་ཅན། ཁྱོད་ཀྱི་ངོར་དབང་ཤེས་རང་དུས་སུ་སྣང་བའི་རྣམ་པ་ཤེས་པ་རང་གི་ངོ་བོར་སྒྲུབ་དགོས་ཏེ། ཁྱོད་དབང་ཤེས་ལ་ཤེས་པ་རང་གི་ངོ་བོར་གྱུར་པའི་རྣམ་པ་མེད་པར་འདོད་པའི་རྒོལ་བ་ཡིན་པའི་ཕྱིར། དེ་གང་གིས་གྲུབ་ན། དོན་སྣང་གི་ཤེས་པ་ཆོས་ཅན། རང་དུས་ན་རང་གི་ངོ་བོར་གྱུར་པའི་རྣམ་པ་སོ་སོར་མྱོང་སྟེ། རང་དུས་ན་རང་གི་ངོ་བོར་གྱུར་པའི་རྣམ་པ་སོ་སོར་མྱོང་བ་རྗེས་ཀྱི་དྲན་ཤེས་ཀྱིས་དྲན་པའི་ཕྱིར། གཉིས་པ་ནི། རཾང་། གལ་ཏེ་ཡུལ་གྱི་རྣམ་པ་སོ་སོར་མ་ཤར་ཞིང་དེ་ལྟར་མ་མྱོང་ན། དོན་སྣང་གི་ཤེས་པ་ཆོས་ཅན། སྔོ་སེར་སོགས་རྗེས་ཀྱི་དྲན་ཤེས་ཀྱིས་དྲན་པར་མི་འགྱུར་བར་ཐལ། རང་དུས་ན་སྔོ་སེར་སོགས་ཀྱི་རྣམ་པར་མྱོང་བ་མེད་པའི་ཕྱིར། ཉཾམ། དེ་ཆོས་ཅན། སྔོ་སེར་སོགས་ཐ་དད་དུ་འབྱེད་མི་ནུས་པར་ཐལ། སྔོ་སེར་སོགས་ཀྱི་རྣམ་པ་ཐ་དད་དུ་མ་ཤར་བའི་ཕྱིར། ཁྱབ་སྟེ། ཉམས་སུ་མྱོང་བ་ཙམ་གྱིས་སྔོ་སེར་སོགས་ཐ་དད་དུ་འབྱེད་མི་ནུས་པའི་ཕྱིར། གཉིས་པ་རང་རིག་སྒྲུབ་བྱེད་རིགས་པ་བཤད་པ་ལ་གསུམ་སྟེ། སྔར་བཤད་མདོ་ཡི་རིགས་པས་རང་རིག་བསྒྲུབ། བསྟན་བཅོས་མཛད་པའི་རིགས་པས་རང་རིག་བསྒྲུབ། སླར་ཡང་མདོ་ཡི་རིགས་པས་རང་རིག་བསྒྲུབ་པའོ། །དང་པོ་ནི། ཚུལཾ། སློབ་དཔོན་གྱིས་གསུངས་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་ཆོས་ཅན། རང་རིག་ཤུགས་ལས་གྲུབ་པ་ཡིན་ཏེ། བློ་རང་ཉིད་ཡུལ་དུ་སྣང་བའི་གཟུང་རྣམ་དངོས་སུ་གྲུབ་པའི་ཕྱིར། གཉིས་པ་ལ་བཞི་སྟེ། རང་གི་ངོ་བོ་གཟུང་རྣམ་མྱོང་བས་བསྒྲུབ། དཀར་སོགས་གསལ་བའི་སྣང་བ་དཔྱད་ནས་བསྒྲུབ། རང་བློ་མངོན་གྱུར་མིན་པ་བཀག་ནས་བསྒྲུབ། མྱོང་བྱེད་གཞན་གྱིས་མྱོང་བ་བཀག་ནས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་དགོད། གཞན་ལན་དགག་པའོ། །དང་པོ་ནི། རཾང་། བློ་རང་གི་ངོ་བོར་གྱུར་པའི་གཟུང་རྣམ་ཆོས་ཅན། ཁྱོད་གྲུབ་ན་རང་རིག་གྲུབ་སྟེ། ཁྱོད་གྲུབ་ན་མྱང་བྱ་མྱོང་བྱེད་གཅིག་ཏུ་གྲུབ་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། མྱང་བྱ་འགགས་པས་མྱོང་བ་མེད་པར་བསྟན། བདག་མྱོང་མེད་ན་མངོན་སུམ་ཉིད་དང་འགལ། ཡུལ་གཞན་མྱོང་བ་མེད་པར་ཐལ་བས་གནོད་པའོ། །དང་པོ་ནི། ཚུལ་གཉིས་གྲུབ་ཀྱང་རང་རིག་མི་གྲུབ་སྟེ། བློ་སྔ་མ་དེ་ཕྱི་མས་མྱོང་བའི་ཕྱིར་ཞེ་ན། དེཾ། བློ་ཕྱི་མས་ཆོས་ཅན། བློ་སྔ་མ་མྱོང་བ་མིན་པར་ཐལ། བློ་སྔ་མ་དེ་ཁྱོད་ཀྱི་དུས་ན་འགགས་ནས་མེད་པའི་ཕྱིར། དེཾས། དེ་ཆོས་ཅན། ཡུལ་གང་ཡང་མི་མྱོང་བར་ཐལ། རང་གི་ངོ་བོ་མི་མྱོང་བའི་ཕྱིར། གཉིས་པ་ནི། དོཾན། དོན་སྣང་གི་ཤེས་པ་མྱོང་བྱེད་ཀྱི་བློ་དེ་ཆོས་ཅན། ཁ་ཕྱིར་བལྟས་ཀྱི་ཤེས་པ་ཡིན་པར་ཐལ། རང་ལས་དོན་གཞན་མྱོང་བྱེད་ཀྱི་ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། ཡུལཾ། དོན་སྣང་གི་ཤེས་པ་ཆོས་ཅན། ཐ་སྙད་དུ་དོན་མྱོང་བ་མིན་པར་ཐལ། རང་གི་ངོ་བོར་གྱུར་པའི་གཟུང་རྣམ་མྱོང་བ་མིན་པའི་ཕྱིར། གཉིས་པ་ལ་ལྔ་སྟེ། འདྲ་བ་མྱོང་བའི་འཇོག་བྱེད་ཡིན་པ་དགག བློ་འདྲ་མྱོང་བའི་འཇོག་བྱེད་ཡིན་པ་དགག འདྲ་བའི་དོན་ལ་རྣམ་པ་བརྟགས་ནས་དགག སྐྱེས་འདྲ་མྱོང་བའི་འཇོག་བྱེད་ཡིན་པ་དགག ངེས་དང་བཅས་པའི་མྱོང་བ་འཇོག་པར་དགག་པའོ། །དང་པོ་ནི། གཾལ། མ་ཁྱབ་སྟེ། དོན་དང་འདྲ་བ་ལས་ཐ་སྙད་དུ་དོན་མྱོང་བར་འཇོག་པའི་ཕྱིར་ཞེ་ན། མཚེ་མ་དང་འདྲ་བ་གཉིས་ཆོས་ཅན། ཕན་ཚུན་ཐ་སྙད་དུ་མྱོང་བར་ཐལ། ཕན་ཚུན་འདྲ་བ་ཡིན་པའི་ཕྱིར། གཉིས་པ་ནི། གཾལ། བློའི་ངོ་བོར་གྱུར་པའི་འདྲ་བ་དེ་ཐ་སྙད་དུ་དོན་མྱོང་བའི་འཇོག་བྱེད་ཡིན་ནོ་ཞེ་ན། བློའི་ངོ་བོར་གྱུར་པའི་དོན་དང་འདྲ་བ་ཆོས་ཅན། ཁྱོད་ལས་ཐ་སྙད་དུ་དོན་མྱོང་བ་འཇོག་མི་ནུས་པར་ཐལ། ཁྱོད་བློའི་ངོ་བོར་གྱུར་པའི་གཟུང་རྣམ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། དེཾ། ཤེས་པ་རང་ཉིད་དོན་དུ་སྣང་བའི་གཟུང་རྣམ་མྱོང་བ་ཆོས་ཅན། དོན་དང་འདྲ་བའི་རྣམ་པ་གཞག་བྱ་མིན་པར་ཐལ། རང་གི་ངོ་བོ་ཉམས་སུ་མྱོང་བ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། དོན་དང་འདྲ་བ་དེ་དོན་མྱོང་བའི་འཇོག་བྱེད་ཡིན་པའི་ཕྱིར། འོ་ན་དོན་སྣང་གི་ཤེས་པ་དོན་མྱོང་བར་གྲགས་པ་དང་འགལ་ལོ་ཞེ་ན། རཾང་། དོན་སྣང་གི་ཤེས་པ་ཆོས་ཅན། ཐ་སྙད་དུ་དོན་མྱོང་བར་གྲགས་པ་དང་མི་འགལ་ཏེ། རང་གི་ངོ་བོར་གྱུར་པའི་གཟུང་རྣམ་མྱོང་བ་ལ་ཐ་སྙད་དུ་དོན་མྱོང་བར་གྲགས་པའི་ཕྱིར། བློཾ། དོན་སྣང་གི་ཤེས་པ་ལ་རང་དུས་སུ་སྣང་བ་དེ་ཕྱི་དོན་མ་ཡིན་ན་ཕྱི་དོན་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་འགྱུར་རོ་ཞེ་ན། འོ་ན་ཕྱི་དོན་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་ཐལ། དོན་སྣང་གི་ཤེས་པ་ལ་རང་དུས་སུ་སྣང་བ་དེ་དོན་གྱི་རྣམ་པ་མིན་པའི་ཕྱིར། གཾལ། བློ་རང་གི་ངོ་བོར་གྱུར་པའི་གཟུང་རྣམ་ཉམས་སུ་མྱོང་བ་ཆོས་ཅན། དོན་དང་འདྲ་བས་སྒྲུབ་མི་དགོས་པར་ཐལ། རང་ཉིད་མྱོང་བ་ཙམ་གྱིས་གྲུབ་པའི་ཕྱིར། ཁྱབ་སྟེ། རང་རིག་དེ་དོན་འདྲ་བས་རྣམ་པ་གཞག་བྱ་མིན་པའི་ཕྱིར། གསུམ་པ་ནི། བདཾག ཤེས་པ་དོན་དང་འདྲ་ན། བདག་ཉིད་ཀུན་གྱིས་འདྲའམ་ཆ་འགའ་ཞིག་གིས་འདྲ། དང་པོ་ལྟར་ན་ཤེས་པ་ཆོས་ཅན། ཤེས་པ་མིན་པར་ཐལ། ཕྱི་དོན་དང་བདག་ཉིད་ཀུན་གྱིས་འདྲ་བའི་ཕྱིར། གཉིས་པ་ལྟར་ན་མིག་ཤེས་ཆོས་ཅན། སྒྲ་མྱོང་བར་ཐལ། སྒྲ་དང་ཆ་འགའ་ཞིག་གིས་འདྲ་བའི་ཕྱིར། བཞི་པ་ནི། ཇིཾ། དོན་ལས་སྐྱེས་པ་འདྲ་བ་ཡིན་པས་དོན་མྱོང་ན། སྔོན་པོ་འཛིན་པའི་ཤེས་པ་ཕྱི་མ་ཆོས་ཅན། སྔོན་པོ་འཛིན་པའི་ཤེས་པ་སྔ་མ་མྱོང་བར་ཐལ། དེ་ལས་སྐྱེས་པ་འདྲ་བ་ཡིན་པའི་ཕྱིར། ལྔ་པ་ནི། ཉམཾས། སྔོ་འཛིན་ཤེས་པ་ཕྱི་མ་ཆོས་ཅན། སྔོ་འཛིན་ཤེས་པ་སྔ་མ་མྱོང་བ་མ་ཡིན་ཏེ། སྔོ་འཛིན་ཤེས་པ་སྔ་མ་ལ་ངེས་པ་འདྲེན་ནུས་མིན་པའི་ཕྱིར་ཞེ་ན། དོན་སྣང་གི་ཤེས་པ་ཆོས་ཅན། དོན་མྱོང་བ་མིན་པར་ཐལ། དོན་ལ་ངེས་པར་འདྲེན་མི་ནུས་པའི་ཕྱིར། གལ་ཏེ་དོན་ལས་སྐྱེས་པ་འདྲ་བ་ཡིན་པས་དོན་ལ་ངེས་པ་འདྲེན་ནོ་ཞེ་ན། སྔོ་འཛིན་ཤེས་པ་ཕྱི་མ་ཆོས་ཅན། སྔོ་འཛིན་ཤེས་པ་སྔ་མ་ལ་ངེས་པ་འདྲེན་པར་ཐལ། དེ་ལས་སྐྱེས་པ་འདྲ་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། གསལ་བའི་དོན་ལ་བརྟགས་ནས་དྲིས། བརྗོད་པའི་མཐའ་གཉིས་སོ་སོར་དགག་པའོ། །དང་པོ་ནི། གཞཾན། དཀར་འཛིན་དབང་ཤེས་ལ་རང་དུས་སུ་དཀར་པོ་གསལ་བར་སྣང་བའི་རྣམ་པ་དེ་དཀར་འཛིན་དབང་ཤེས་ལས་རྫས་གཞན་ཡིན་ནམ་གཅིག་ཡིན་ཞེས་བརྟག་གོ །གཉིས་པ་ལ་གཉིས་ཏེ། གཞན་དངོས་ཡིན་ན་ཧ་ཅང་ཐལ། བདག་འགྱུར་ཡིན་ན་རང་རིག་གྲུབ་པའོ། །དང་པོ་ལ་གཉིས་ཏེ། ཤེས་པས་དོན་མི་གསལ་བར་ཐལ། དོན་མཐོང་ངེས་པ་མེད་པར་ཐལ་བའོ། །དང་པོ་ནི། གཞནཾ། ཕྱོགས་དང་པོ་ལྟར་ན་དཀར་འཛིན་དབང་ཤེས་ཆོས་ཅན། དཀར་པོ་གསལ་བར་སྣང་བའི་ཤེས་པ་མིན་པར་ཐལ། རང་ཉིད་གསལ་བ་མིན་པའི་ཕྱིར། ཁྱབ་སྟེ། རང་མི་གསལ་ཡང་ཡུལ་གྱི་གསལ་བྱེད་ཡིན་ན་ཧ་ཅང་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གསཾལ། དཀར་འཛིན་དབང་ཤེས་དེ་ཤེས་པ་ཕྱི་མ་གཞན་གྱིས་གསལ་བར་བྱེད་པས་ཡུལ་གྱི་གསལ་བྱེད་དུ་འགྱུར་རོ་ཞེ་ན། དེ་ཆོས་ཅན། ཁྱོད་གསལ་བྱེད་ཐུག་མེད་དུ་ཐལ། ཁྱོད་བློ་ཕྱི་མ་གཞན་གྱིས་གསལ་བར་བྱེད་དགོས་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། མཐོཾང་། དཀར་པོ་ཆོས་ཅན། ཁྱོད་དཀར་འཛིན་དབང་ཤེས་དང་ཡུལ་ཡུལ་ཅན་གྱི་འབྲེལ་པ་ཤེས་པ་མེད་པར་ཐལ། ཁྱོད་རྟོགས་པའི་ཚེ་དཀར་འཛིན་དབང་ཤེས་རྟོགས་པའི་བློ་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དཀར་འཛིན་དབང་ཤེས་ཀྱིས་ཁྱད་པར་དུ་བྱས་ནས་འཛིན་པ་མེད་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ལ་གསུམ་སྟེ། འདྲ་བ་ཡོད་ན་རང་རིག་གྲུབ། འདྲ་བ་ཉིད་ཀྱང་འགྲུབ་མི་འགྱུར། འདྲ་བ་མེད་ན་ཧ་ཅང་ཐལ་བའོ། །དང་པོ་ནི། གཾང་། དཀར་འཛིན་དབང་ཤེས་དཀར་པོ་དང་འདྲ་བ་བློ་ཕྱི་མས་མཐོང་བའི་ཕྱིར། དཀར་འཛིན་དབང་ཤེས་ཀྱིས་དཀར་པོ་མཐོང་བའི་ཐ་སྙད་བྱེད་པས་སྐྱོན་མེད་དོ་ཞེ་ན། དཀར་འཛིན་དབང་ཤེས་ཆོས་ཅན། རང་རིག་ཏུ་གྲུབ་པར་ཐལ། དོན་དང་འདྲ་བའི་ཤེས་པ་ཡིན་པའི་ཕྱིར། ཅིཾ། དཀར་འཛིན་དབང་ཤེས་ཆོས་ཅན། ཡུལ་གཞན་མི་རིག་པར་ཐལ། རང་གི་ངོ་བོ་མི་རིག་པའི་ཕྱིར། གལ་ཏེ་དོན་དང་འདྲ་བ་ལས་དོན་མྱོང་བར་འཇོག་གོ་ཞེ་ན། དོན་དང་འདྲ་བ་ཆོས་ཅན། ཁྱོད་དོན་མྱོང་བའི་འཇོག་བྱེད་མིན་པར་ཐལ། ཁྱོད་དོན་མྱོང་བའི་འཇོག་བྱེད་ཡིན་པ་བཀག་ཟིན་པའི་ཕྱིར། གཉིས་པ་ནི། མཐོཾང་། དོན་སྣང་གི་ཤེས་པའི་རྣམ་པ་ཅན་གྱི་བློ་ཕྱི་མ་ཆོས་ཅན། དོན་སྣང་ཤེས་པ་དོན་དང་འདྲ་བ་མི་ངེས་པར་ཐལ། སྔར་དོན་མཐོང་བ་མེད་པའི་ཕྱིར། གསུམ་པ་ནི། འདྲཾ། ཤེས་པ་དོན་དང་འདྲ་བ་ཉིད་ཀྱང་མི་འདོད་ན། དེ་ལྟར་མི་འདོད་པའི་རྒོལ་བ་ཆོས་ཅན། དོན་ཤེས་གཉིས་ཀ་མཐོང་བ་མེད་པར་ཐལ། རང་རིག་མེད་ཅིང་དོན་འདྲ་བ་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དོན་དང་ཤེས་པའི་ཐ་སྙད་དོན་མཐུན་མེད་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ནི། ཅིཾ། དཀར་འཛིན་དབང་ཤེས་ལ་དཀར་པོ་གསལ་བར་སྣང་བའི་རྣམ་པ་དཀར་འཛིན་ཤེས་པ་རང་གི་ངོ་བོ་ཡིན་ནོ་ཞེ་ན། དཀར་འཛིན་དབང་ཤེས་ཆོས་ཅན། རང་ཉིད་རིག་པ་ཡིན་པར་ཐལ། རང་ལ་གསལ་བར་སྣང་བའི་རྣམ་པ་དེ་ཤེས་པ་རང་གི་ངོ་བོ་ཡིན་པའི་ཕྱིར། གཞན་དུ་ན་དེ་ཆོས་ཅན། དོན་གསལ་བའི་ཤེས་པ་མིན་པར་ཐལ། རང་མི་གསལ་བའི་ཕྱིར། གསུམ་པ་རང་བློ་མངོན་གྱུར་མིན་པ་བཀག་ནས་བསྒྲུབ་པ་ལ་གཉིས་ཏེ། རིགས་པ་སྔ་མས་ཁེགས། རིགས་པ་གཞན་གྱིས་དགག་པའོ། །དང་པོ་ནི། བདཾག ཤེས་པ་རང་གིས་རིག་པ་མིན་པ་ལ་དོན་མི་མཐོང་བར་ཐལ་བའི་རིགས་པ་དེ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། རྒྱལ་དཔོག་པས་རང་བློ་རང་ལ་ལྐོག་གྱུར་དུ་འདོད་པ་དེ་ལ་ཡང་གནོད་བྱེད་བསྟན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མངོན་གྱུར་ཡིན་པ་རྟགས་ཀྱིས་བསྒྲུབ། མངོན་གྱུར་མིན་ན་ཧ་ཅང་ཐལ་བའོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་དགོད། མ་གྲུབ་པ་སྤོང་བའོ། །དང་པོ་ནི། རྟེནཾ། ཚོར་བ་བདེ་སྡུག་སོགས་ཆོས་ཅན། བློ་ཉིད་ཡིན་ཏེ། རྐྱེན་གསུམ་གྱི་ཁྱད་པར་ལས་སིམ་གདུང་ཐ་དད་དུ་ཉམས་སུ་མྱོང་བ་སྐྱེས་པ་ཡིན་པའི་ཕྱིར། དེཾ། དེ་ཆོས་ཅན། རང་རིག་མངོན་སུམ་གྱི་མྱང་བྱ་ཡིན་ཏེ། ཁྱོད་མྱོང་བྱེད་ཡོད་ཅིང་ཁྱོད་ཀྱི་མྱོང་བྱེད་ཁྱོད་ལས་རྫས་གཞན་མིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། གཞཾན། གཏན་ཚིགས་མ་གྲུབ་སྟེ། ཤེས་པ་གཞན་གྱིས་རིག་པ་ཙམ་གྱིས་མྱོང་བར་འཇོག་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། རང་གི་བདེ་སོགས་གཞན་གྱིས་མྱོང་བར་ཐལ། རྣལ་འབྱོར་མངོན་སུམ་གདུང་བ་མྱོང་བར་ཐལ་བའོ། །དང་པོ་ལ་གཉིས་ཏེ། ཐལ་བ་དགོད། གཞན་ལན་དགག་པའོ། །དང་པོ་ནི། གཞཾན། ལྷས་བྱིན་གྱི་རྒྱུད་ཀྱི་བདེ་སོགས་ཆོས་ཅན། གང་ཟག་གཞན་རྒྱུད་ཀྱི་ཤེས་པས་མྱོང་བར་ཐལ། དེས་རིག་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྐྱེས་འདྲ་ཡིན་མིན་ཁྱད་པར་ཡོད་པ་དགག མངོན་སུམ་ཡིན་མིན་ཁྱད་པར་ཡོད་པ་དགག་པའོ། །དང་པོ་ནི། གཾལ། གཞན་རྒྱུད་ཀྱི་ཤེས་པ་ཆོས་ཅན། ལྷས་བྱིན་གྱི་རྒྱུད་ཀྱི་བདེ་སོགས་མྱོང་བ་མིན་ཏེ། དེ་ལས་སྐྱེས་འདྲ་བ་མིན་པའི་ཕྱིར་ཞེ་ན། འོ་ན་ལྷས་བྱིན་གྱི་བདེ་སོགས་དེས་དེ་ལ་དམིགས་པའི་གཞན་རྒྱུད་ཀྱི་ཤེས་པས་དམིགས་རྐྱེན་བྱེད་དམ་མི་བྱེད། དང་པོ་ལྟར་ན། དམཾིགས། ལྷས་བྱིན་གྱི་བདེ་སོགས་ལ་དམིགས་པའི་གཞན་རྒྱུད་ཀྱི་ཤེས་པ་ཆོས་ཅན། ལྷས་བྱིན་གྱི་བདེ་སོགས་ལས་སྐྱེས་འདྲ་བ་ཡིན་པར་ཐལ། དེ་ཁྱོད་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར། ཅིཾ། གལ་ཏེ་དེ་ལས་སྐྱེས་འདྲ་བ་མིན་ན། དེ་ཆོས་ཅན། དེ་ཁྱོད་ཀྱི་གཟུང་དོན་མིན་པར་ཐལ། དེ་ཁྱོད་ལས་སྐྱེས་འདྲ་བ་མ་ཡིན་པའི་ཕྱིར། གལ་ཏེ་གཞན་རྒྱུད་ཀྱི་ཤེས་པས་ལྷས་བྱིན་གྱི་བདེ་སོགས་རང་མཚན་མི་འཛིན་ཡང་བདེ་སོགས་ཀྱི་སྤྱི་ཡན་གར་བ་འཛིན་པས་ཡུལ་མེད་པ་མིན་ནོ་ཞེ་ན། དེཾ། ལྷས་བྱིན་གྱི་བདེ་སོགས་ལ་དམིགས་པའི་གཞན་རྒྱུད་ཀྱི་ཤེས་པ་ཆོས་ཅན། ལྷས་བྱིན་གྱི་བདེ་སོགས་ཀྱི་སྤྱི་ཡན་གར་བ་གཟུང་དོན་དུ་བྱས་ནས་མི་འཛིན་པར་ཐལ། དེའི་སྤྱི་ཡན་གར་བ་བཀག་ཟིན་པའི་ཕྱིར། དེཾ། བདེ་སོགས་ཆོས་ཅན། རང་མྱོང་བྱེད་ཀྱི་བློ་དེ་མངོན་སུམ་དང་བདག་རིག་ཏུ་གྲུབ་སྟེ། རང་མྱོང་བྱེད་ཀྱི་བློ་དང་རྫས་གཅིག་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། གཾལ། གཞན་རྒྱུད་ཀྱི་ཤེས་པ་དེས་ལྷས་བྱིན་གྱི་རྒྱུད་ཀྱི་བདེ་སོགས་འཛིན་ཡང་མངོན་སུམ་དུ་འཛིན་པ་མིན་ལ། ལྷས་བྱིན་རང་རྒྱུད་ཀྱི་ཤེས་པས་བདེ་སོགས་མངོན་སུམ་དུ་འཛིན་པས་མྱོང་མི་མྱོང་གི་ཁྱད་པར་ཡོད་དོ་ཞེ་ན། རང་གཞན་གྱི་བདེ་སོགས་འཛིན་པའི་བློ་གཉིས་ཆོས་ཅན། རང་གཞན་གྱི་བདེ་སོགས་དངོས་སུ་འཛིན་མི་འཛིན་གྱི་ཁྱད་པར་མེད་པར་ཐལ། རང་ལ་ལྐོག་གྱུར་གྱི་བདེ་སོགས་འཛིན་པར་མཚུངས་པའི་ཕྱིར། གཉིས་པ་ནི། མཾ། གལ་ཏེ་རང་རྒྱུད་ཀྱི་བདེ་སོགས་མྱོང་བ་ལ་མ་མཐོང་བའི་ལས་ལ་སོགས་པ་ཡོད་པའི་ཕྱིར་དང་། གཞན་རྒྱུད་ཀྱི་བདེ་སོགས་འཛིན་པ་ལ་མ་མཐོང་བའི་ལས་ལ་སོགས་པ་མེད་པས་མྱོང་མི་མྱོང་གི་ཁྱད་པར་ཡོད་དོ་ཞེ་ན། ལྷས་བྱིན་གྱི་བདེ་སོགས་ཆོས་ཅན། གཞན་རྒྱུད་ཀྱི་ཤེས་པས་འཛིན་པ་ཡང་མི་འགྱུར་བར་ཐལ། གཞན་རྒྱུད་ཀྱི་ཤེས་པས་འཛིན་པ་ལ་མ་མཐོང་བའི་ལས་ལ་སོགས་པ་མེད་པའི་ཕྱིར། གལ་ཏེ་འཛིན་པ་ཙམ་དུ་མཚུངས་ཀྱང་མྱོང་མི་མྱོང་གི་ཁྱད་པར་ཡོད་དོ་ཞེ་ན། རང་བློ་ཆོས་ཅན། རང་གཞན་གྱི་བདེ་སོགས་མྱོང་མི་མྱོང་གི་ཁྱད་པར་མི་འཐད་པར་ཐལ། རང་གཞན་གྱི་བདེ་སོགས་ལྐོག་གྱུར་དུ་མཚུངས་པར་བསྟན་ཟིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། གཾང་། རྣལ་འབྱོར་མངོན་སུམ་ཆོས་ཅན། གཞན་རྒྱུད་ཀྱི་སྡུག་བསྔལ་གྱིས་གདུང་བར་འགྱུར་བར་ཐལ། གཞན་རྒྱུད་ཀྱི་སྡུག་བསྔལ་མྱོང་བའི་ཕྱིར་ཏེ། དེ་རིག་པའི་ཕྱིར། གཉིས་པ་ནི། གཾལ། རྣལ་འབྱོར་པ་ལ་གཞན་རྒྱུད་ཀྱི་སྡུག་བསྔལ་གྱི་ཡུལ་དང་། རང་གི་དབང་པོ་འདུས་པ་མེད་པས་གཞན་རྒྱུད་ཀྱི་སྡུག་བསྔལ་མི་མྱོང་ངོ་ཞེ་ན། སྡུགཾ རྣལ་འབྱོར་པ་ཆོས་ཅན། གཞན་གྱི་སྡུག་བསྔལ་མ་སྐྱེས་པས་གཞན་གྱི་སྡུག་བསྔལ་མྱོང་བ་མིན་པ་བསྒྲུབ་མི་ནུས་པར་ཐལ། གཞན་གྱི་སྡུག་བསྔལ་རིག་པ་ཙམ་གྱིས་གཞན་གྱི་སྡུག་བསྔལ་མྱོང་བའི་ཕྱིར། ཉེས་པ་དེ་ཁྱོད་ལ་ཡང་མཚུངས་སོ་ཞེ་ན། སྡུགཾ ཆོས་གྲགས་ཆོས་ཅན། གཞན་གྱི་སྡུག་བསྔལ་ལ་དམིགས་པ་ཙམ་གྱིས་གཞན་གྱི་སྡུག་བསྔལ་མྱོང་བར་ཐལ་བའི་ཉེས་པ་དེ་ཁྱོད་ལ་མེད་དེ། ཁྱོད་སྡུག་བསྔལ་མྱོང་བའི་དོན་སྡུག་བསྔལ་གྱི་ངོ་བོར་སྐྱེས་པ་དང་། སྡུག་བསྔལ་ལ་དམིགས་པའི་དོན་སྡུག་བསྔལ་ཤེས་པ་ཡིན་པར་འདོད་པའི་མཁས་པ་ཡིན་པའི་ཕྱིར། དེཾས། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་ཀྱི་དམིགས་པའི་དོན་དང་མྱོང་བའི་དོན་ཐ་དད་པ་ཡིན་ཏེ། ཁྱོད་ཀྱི་དམིགས་པའི་དོན་འདྲ་བ་སྐྱེས་པ་ཡིན་ལ། མྱོང་བའི་དོན་རང་ཉིད་གསལ་བ་ཡིན་པའི་ཕྱིར། གཉིས་པ་མངོན་སུམ་མིན་ན་ཧ་ཅང་ཐལ་བ་ལ་གཉིས་ཏེ། རང་བློ་རྟགས་ལས་རྟོགས་པར་ཐལ། དེ་ཉིད་འདོད་ལ་གནོད་བྱེད་བསྟན་པའོ། །དང་པོ་ནི། གཞཾན། ལྷས་བྱིན་ཆོས་ཅན། རང་ངོར་རང་གི་རྒྱུད་ཀྱི་བློ་རྟགས་ཡང་དག་ལས་རྟོགས་དགོས་པར་ཐལ། རང་རྒྱུད་ཀྱི་བློ་རྟོགས་པའི་ཚད་མ་ཡོད་པ་གང་ཞིག རང་རྒྱུད་ཀྱི་བློ་རྟོགས་པའི་མངོན་སུམ་མེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དབང་བློ་རྟགས་ལས་རྟོགས་པ་དགག ཡིད་བློ་རྟགས་ལས་རྟོགས་པ་དགག་པའོ། །དང་པོ་ལ་གསུམ་སྟེ། དབང་བློའི་གཏན་ཚིགས་གང་ཡིན་བརྟག བརྟགས་ན་གཏན་ཚིགས་ཉིད་མི་འགྲུབ། གྲུབ་ཀྱང་འབྲེལ་པ་ངེས་པ་མེད་པའོ། །དང་པོ་ནི། སྔ་མ་ལ་འདོད་ན། དེཾ། ལྷས་བྱིན་ཆོས་ཅན། དབང་བློ་དང་དེའི་རྐྱེན་གསུམ་གང་རུང་དེ་རང་ངོར་རང་རྒྱུད་ལ་དབང་བློ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྐོར་གྱི་རྟགས་ཡང་དག་ཡོད་པ་གང་ཞིག དེ་ལས་གཞན་པའི་དེ་སྐོར་གྱི་རྟགས་ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། བཞི་པོ་རྟགས་སུ་འགྲུབ་མི་འགྱུར། དོན་གསལ་རྟགས་སུ་འགྲུབ་མི་འགྱུར། བློ་ཆོས་རྟགས་སུ་འགྲུབ་མི་འགྱུར་བའོ། །དང་པོ་ནི། དེཾ། དབང་པོ་དང་གཟུང་དོན་ཆོས་ཅན། ལྷས་བྱིན་གྱི་ངོར་ལྷས་བྱིན་གྱི་རྒྱུད་ལ་དབང་བློ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་རྟགས་ཀྱི་དེ་སྐོར་གྱི་ཁྱབ་པ་འཁྲུལ་པའི་ཕྱིར། ཡིད་བྱེད་སྔ་མ་ཆོས་ཅན། དེ་སྐོར་གྱི་རྟགས་ཡང་དག་མིན་པར་ཐལ། ལྷས་བྱིན་གྱི་རྒྱུད་ཀྱི་ཚད་མས་མ་གྲུབ་པའི་ཕྱིར། གཉིས་པ་ནི། གཾལ། གལ་ཏེ་དོན་གསལ་དེ་དེ་སྐོར་གྱི་རྟགས་ཡང་དག་ཡིན་ནོ་ཞེ་ན། དོན་གསལ་དེ་དོན་གསལ་བའི་བློ་ལ་བྱེད་དམ། བློས་གསལ་བའི་དོན་ལ་བྱེད། དང་པོ་ལྟར་ན་དེ་ཆོས་ཅན། དེ་སྐོར་གྱི་རྟགས་ཡང་དག་མིན་པར་ཐལ། ལྷས་བྱིན་གྱི་རྒྱུད་ཀྱི་ཚད་མས་མ་གྲུབ་པའི་ཕྱིར། འདིཾས། གཉིས་པ་ལྟར་ན། དོན་གསལ་བའི་བློ་ཆོས་ཅན། ཁྱོད་ལྷས་བྱིན་གྱི་རྒྱུད་ཀྱི་ཚད་མས་མ་གྲུབ་པ་བསྟན་པའི་རིགས་པ་དེས་བློས་གསལ་བའི་དོན་དེ་ཡང་དེ་སྐོར་གྱི་གཏན་ཚིགས་ཡང་དག་ཡིན་པ་འགོག་ནུས་ཏེ། རིགས་པ་དེས་བློས་གསལ་བའི་དོན་ལྷས་བྱིན་གྱི་རྒྱུད་ཀྱི་ཚད་མས་གྲུབ་པ་འགོག་ནུས་པའི་ཕྱིར། འོཾན། དོན་གསལ་དེ་དོན་ཉིད་ཀྱིས་སྔར་མེད་གསར་དུ་སྐྱེ་བས་ཁྱད་པར་འགའ་ཞིག་ཡིན་ནོ་ཞེ་ན། དོན་ཆོས་ཅན། ཁྱོད་ལ་སྔར་མེད་གསར་དུ་སྐྱེ་བའི་ཁྱད་པར་མི་འཐད་པར་ཐལ། ཁྱོད་སྐྱེ་འཇིག་མེད་པའི་རྟག་པ་ཡིན་པའི་ཕྱིར། དེཾ། གལ་ཏེ་སྔར་མེད་གསར་དུ་སྐྱེ་བའི་ཁྱད་པར་ཡོད་ན། དོན་ཆོས་ཅན། རང་འཛིན་གྱི་ཤེས་པ་སྐད་ཅིག་རེ་རེ་བཞིན་དུ་སྐྱེ་འཇིག་བྱེད་པར་ཐལ། རང་འཛིན་གྱི་ཤེས་པ་སྐྱེད་བྱེད་གང་ཞིག སྐྱེ་འཇིག་ཅན་ཡིན་པའི་ཕྱིར། དེཾ། དོན་གསལ་ལྷས་བྱིན་རང་རྒྱུད་ཀྱི་ཤེས་པས་ཤེས་པ་གཏན་ཚིགས་ཡིན་ནམ་མ་ཤེས་པ་གཏན་ཚིགས་ཡིན། དང་པོ་ལྟར་ན་དོན་གསལ་ཆོས་ཅན། ལྷས་བྱིན་རང་རྒྱུད་ཀྱི་ཤེས་པས་ཤེས་པ་མིན་པར་ཐལ། ཡུལ་ཅན་ཤེས་པ་དེ་ལྷས་བྱིན་རང་རྒྱུད་ཀྱི་ཚད་མས་མ་གྲུབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྐོར་གྱི་རྟགས་ཡང་དག་མིན་པར་ཐལ། འདོད་པ་དེའི་ཕྱིར། མཐོཾང་། གཉིས་པ་ལྟར་ན་གང་ཟག་གཞན་གྱིས་མཐོང་བའི་དོན་གསལ་ཆོས་ཅན། དེ་སྐོར་གྱི་རྟགས་ཡང་དག་ཡིན་པར་ཐལ། ལྷས་བྱིན་རང་རྒྱུད་ཀྱི་ཤེས་པས་ཤེས་པ་མ་གྱུར་པའི་དོན་གསལ་ཡིན་པའི་ཕྱིར། དེཾ། དོན་ཆོས་ཡན་གར་བ་ཆོས་ཅན། དེ་སྐོར་གྱི་རྟགས་ཡང་དག་མིན་པར་ཐལ། དབང་བློ་ལ་འབྲེལ་པ་མེད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རྒྱུ་ཚོགས་གཅིག་པ་གཏན་ཚིགས་མིན། རྒྱུ་ཚོགས་གཞན་པ་གཏན་ཚིགས་མིན་པའོ། །དང་པོ་ནི། དོན་ཆོས་གཏན་ཚིགས་མིན་ཡང་། བློ་ཆོས་གཏན་ཚིགས་ཡིན་ནོ་ཞེ་ན། བློཾ། མངོན་སུམ་གྱིས་གྲུབ་པའི་བློ་ཆོས་ཅན། ཁྱོད་ལྷས་བྱིན་གྱི་ངོར་ལྷས་བྱིན་གྱི་རྒྱུད་ལ་དབང་བློ་ཡོད་པར་སྒྲུབ་པའི་གཏན་ཚིགས་མིན་པར་ཐལ། ཁྱོད་ལྷས་བྱིན་གྱི་རྒྱུད་ཀྱི་དབང་པོ་དང་རྒྱུ་ཚོགས་གཅིག་ལས་སྐྱེས་པས་ལྷས་བྱིན་གྱི་རྒྱུད་ཀྱི་ཚད་མས་མ་གྲུབ་པའི་ཕྱིར། གཉིས་པ་ནི། གཞཾན། གལ་ཏེ་རྒྱུ་ཚོགས་གཞན་ལས་སྐྱེས་ན། བློ་ཆོས་ཅན། དེ་སྐོར་གྱི་རྟགས་ཡང་དག་མིན་པར་ཐལ། དབང་བློ་ལ་འབྲེལ་བ་མེད་པའི་ཕྱིར། གལ་ཏེ་མ་གྲུབ་ན་དེའི་འབྲས་བུ་ཁས་བླངས་དགོས་པས། གཟུཾགས། ལྷས་བྱིན་གྱི་རྒྱུད་ཀྱི་དབང་བློ་ཆོས་ཅན། ཁྱོད་ཀྱི་རྐྱེན་གསུམ་དང་ཁྱོད་ལས་མ་གཏོགས་པའི་ཁྱོད་ཀྱི་འབྲས་བུ་བློ་ཆོས་པ་མེད་པར་ཐལ། དེ་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། དེཾ། དབང་པོ་དང་བློ་གཉིས་ཆོས་ཅན། དེ་སྐོར་གྱི་རྟགས་ཡང་དག་མིན་པར་ཐལ། ལྷས་བྱིན་གྱི་རྒྱུད་ཀྱི་ཚད་མས་མ་གྲུབ་པའི་ཕྱིར། གཟུགས་སོགས་དོན་ལྔ་ཆོས་ཅན། དེ་སྐོར་གྱི་འབྲས་རྟགས་ཡང་དག་མིན་པར་ཐལ། དབང་བློའི་འབྲས་བུ་མིན་པའི་ཕྱིར་དང་། དེ་ལས་གཞན་པའི་རང་རྒྱུའི་འབྲས་བུ་ཡིན་པའི་ཕྱིར། དེཾ། བློ་ཆོས་ཅན། ཁྱོད་དེ་སྐོར་གྱི་རྟགས་ཡང་དག་མིན་པར་ཐལ། ཁྱོད་ལྷས་བྱིན་གྱི་རྒྱུད་ཀྱི་ཚད་མས་མ་གྲུབ་པའི་ཕྱིར། གསུམ་པ་གྲུབ་ཀྱང་འབྲེལ་པ་ངེས་པ་མེད་པ་ལ་གཉིས་ཏེ། རང་གི་རྒྱུད་ཀྱི་བློས་མི་འགྲུབ། གཞན་གྱི་རྒྱུད་ཀྱི་བློས་མི་འགྲུབ་པའོ། །དང་པོ་ནི། རྟཾགས། བློ་ཆོས་ཅན། ཁྱོད་དེ་སྐོར་གྱི་རྟགས་ཡང་དག་མིན་པར་ཐལ། ཁྱོད་དང་དབང་བློའི་འབྲེལ་པ་ལྷས་བྱིན་གྱི་རྒྱུད་ཀྱི་ཚད་མས་མ་གྲུབ་པའི་ཕྱིར། ཁྱབ་སྟེ། འབྲེལ་པ་མ་ངེས་པའི་རྟགས་ཡང་དག་མེད་པའི་ཕྱིར། རྟཾགས། གལ་ཏེ་གཏན་ཚིགས་དེ་ལས་ཐོག་མར་གཞན་རྒྱུད་ལ་བློ་གྲུབ་ནས་དེ་ཉིད་དཔེར་བྱས་ཏེ། ཕྱིས་རང་རྒྱུད་ལ་བློ་གྲུབ་པ་ཡིན་ནོ་ཞེ་ན། ལྷས་བྱིན་ཆོས་ཅན། རང་རྒྱུད་ལ་བློ་གྲུབ་པའི་མཐུན་དཔེ་ཐུག་མེད་དུ་འགྱུར་བར་ཐལ། རང་རྒྱུད་ལ་བློ་སྒྲུབ་པའི་མཐུན་དཔེ་བསྒྲུབ་པའི་ཆེད་དུ་གཞན་རྒྱུད་ལ་བློ་སྒྲུབ་དགོས་ཤིང་། དེ་ལ་ཡང་མཐུན་དཔེ་གཞན་ཞིག་སྒྲུབ་དགོས་པའི་ཕྱིར། དེཾ། བློ་ཆོས་ཅན། ཁྱོད་ལས་དོན་གྲུབ་པ་ཡིན་གྱི་དོན་ལས་ཁྱོད་གྲུབ་པ་མ་ཡིན་ཏེ། ཁྱོད་རང་རིག་མངོན་སུམ་གྱིས་གྲུབ་པའི་སྒོ་ནས་ཁྱོད་ཀྱི་དོན་གྲུབ་པར་འཇོག་དགོས་པའི་ཕྱིར། གཉིས་པ་ནི། མངོཾན། ལྷས་བྱིན་ཆོས་ཅན། ངག་སྨྲ་བརྗོད་ཀྱི་རྟགས་ལས་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་སེམས་ལྡན་དུ་དཔོག་མི་ནུས་པར་ཐལ། རང་རྒྱུད་ལ་ངག་སྨྲ་བརྗོད་དང་བློའི་འབྲེལ་པ་མ་གྲུབ་པའི་ཕྱིར། གཉིས་པ་ཡིད་བློ་རྟགས་ལས་རྟོགས་པ་དགག་པ་ནི། ཡིཾད། ལྷས་བྱིན་ཆོས་ཅན། རང་རྒྱུད་ལ་ཡིད་བློ་རྟོག་པ་གཟུང་དོན་གྱི་རྟགས་ལས་གྲུབ་པར་མི་འགྱུར་བར་ཐལ། རྟོག་པ་ལ་གཟུང་དོན་མེད་པའི་ཕྱིར། བཞི་པ་མྱོང་བྱེད་གཞན་གྱིས་མྱོང་བ་བཀག་ནས་བསྒྲུབ་པ་ལ་གཉིས་ཏེ། གཉིས་ཀ་རང་གསལ་མིན་ན་གསལ་བྱ་གསལ་བྱེད་མིན། སྔ་མ་རང་གསལ་ཡིན་པས་ཕྱི་མ་གསལ་བྱེད་མིན་པའོ། །དང་པོ་ནི། ཁྱོདཾ། ཁྱོད་ཀྱི་ལུགས་ལ་བློ་སྔ་མ་གང་གིས་གསལ་བ་ཡིན་ཞེས་དྲིས་པས། དེའི་རྣམ་པ་ཅན་གྱི་བློ་ཕྱི་མས་གསལ་བ་ཡིན་ནོ་ཞེ་ན། བློ་སྔ་ཕྱི་གཉིས་ཆོས་ཅན། གསལ་བྱ་གསལ་བྱེད་མིན་པར་ཐལ། རང་གསལ་མིན་པ་མཚུངས་པའི་ཕྱིར། ཡུཾལ། འོ་ན་ཡུལ་སྔོ་སོགས་ཇི་ལྟར་གསལ་བ་ཡིན་ཞེ་ན། སྔོན་པོ་ཆོས་ཅན། རང་གསལ་མིན་ཀྱང་གསལ་བའི་ཐ་སྙད་འཇུག་ཏུ་རུང་སྟེ། རང་འཛིན་མངོན་སུམ་ལ་རྣམ་པ་གཏོད་པའི་སྒོ་ནས་གསལ་བ་གཞག་པ་ཡིན་པའི་ཕྱིར། བློ་ཆོས་ཅན། རང་གསལ་ཡིན་ཏེ། རང་ལ་ཤར་བའི་རྣམ་པ་རང་གི་བདག་ཉིད་ཡིན་པའི་ཕྱིར། དེཾ། བློ་སྔ་མས་ཀྱང་བློ་ཕྱི་མ་ལ་རྣམ་པ་གཏོད་པའི་སྒོ་ནས་གསལ་བ་འདོད་ན། བློ་ཕྱི་མ་ཆོས་ཅན། རང་གསལ་དུ་གྲུབ་སྟེ། རང་ཉིད་ཡུལ་གྱི་རྣམ་པ་སྐྱེས་པ་རང་ལ་གསལ་བའི་ཕྱིར། དེཾ། བློ་ཕྱི་མ་རང་གསལ་མིན་ན་ཡུལ་ཡང་ཆོས་ཅན། བློ་སྔ་མའི་གསལ་བྱེད་དུ་འགྱུར་བར་ཐལ། བློ་ཕྱི་མ་བློ་སྔ་མའི་གསལ་བྱེད་ཡིན་པ་གང་ཞིག བློ་ཕྱི་མ་དང་རང་གསལ་མ་ཡིན་པར་མཚུངས་པའི་ཕྱིར། དེཾའི། ཡུལ་ཆོས་ཅན། ཁྱོད་དང་བློ་གཉིས་གསལ་ཚུལ་མི་མཚུངས་ཏེ། བློ་རང་གསལ་ཡིན་ཞིང་ཁྱོད་བློ་ལ་རྣམ་པ་གཏོད་པར་བྱེད་པའི་སྒོ་ནས་གསལ་བ་གཞག་པ་ཙམ་ཡིན་པའི་ཕྱིར། གཉིས་པ་ནི། འདྲཾ། བློ་སྔ་མ་ཆོས་ཅན། བློ་ཕྱི་མ་ཁྱོད་ཀྱི་གསལ་བྱེད་མ་ཡིན་ཏེ། ཁྱོད་བློ་ཕྱི་མ་ལ་མ་ལྟོས་པར་རང་གསལ་ཡིན་པའི་ཕྱིར། བློ་ཆོས་ཅན། ཡུལ་གྱི་གསལ་བྱེད་ཡིན་ཏེ། ཁྱོད་ལ་ཡུལ་གྱི་རྣམ་པ་ཤར་པའི་སྒོ་ནས་ཡུལ་དེ་གསལ་བར་གཞག་པ་ཙམ་ཡིན་པའི་ཕྱིར། དཔེཾར། བློ་སྔ་ཕྱི་གཉིས་ཆོས་ཅན། ཁྱོད་གསལ་བྱ་གསལ་བྱེད་མིན་པའི་དཔེ་ཡོད་དེ། སྒྲོན་མེ་ཕན་ཚུན་གཉིས་ཁྱོད་གསལ་བྱ་གསལ་བྱེད་མིན་པའི་དཔེ་ཡིན་པའི་ཕྱིར། ཡུལ་དང་བློ་གཉིས་ཆོས་ཅན། ཁྱོད་གསལ་བྱ་གསལ་བྱེད་ཡིན་པའི་དཔེ་ཡོད་དེ། བུམ་གཟུགས་དང་སྒྲོན་མེ་དེ་ཁྱོད་གསལ་བྱ་གསལ་བྱེད་ཡིན་པའི་དཔེ་ཡིན་པའི་ཕྱིར། ཡུལ་གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་གཟུགས་མཐོང་བའི་ཚེ་ན་ཁྱོད་མྱོང་བྱེད་ཡོད་དེ། ཁྱོད་གཟུགས་འཛིན་པའི་ཤེས་པ་ཡིན་པ་དུས་ཕྱིས་དྲན་པ་གང་ཞིག ཁྱོད་མྱོང་བྱེད་མེད་ན་ཁྱོད་དྲན་པའི་དྲན་ཤེས་མེད་དགོས་པའི་ཕྱིར། གསུམ་པ་སླར་ཡང་མདོའི་རིགས་པས་རང་རིག་བསྒྲུབ་པ་ལ་གཉིས་ཏེ། དྲན་པའི་རྟགས་ཀྱིས་རང་རིག་བསྒྲུབ། གྲུབ་ཟིན་སྒྲུབ་པ་སྨྲ་བ་བསལ་པའོ། །དང་པོ་ནི། དྲཾན། གཟུགས་འཛིན་པའི་དྲན་ཤེས་ཆོས་ཅན། རང་དུས་ན་མྱོང་བྱེད་ཡོད་དེ། དུས་ཕྱིས་དྲན་པ་འགྱུར་བའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། ཤེཾས། དྲན་པའི་རྟགས་ཀྱིས་རང་མྱོང་སྒྲུབ་ན་མ་ངེས་ཤིང་། མྱོང་ཙམ་སྒྲུབ་ན་གྲུབ་ཟིན་སྒྲུབ་པ་ཡིན་ཏེ། ཤེས་པ་ཕྱི་མས་ཤེས་པ་སྔ་མ་མྱོང་བ་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། སྔ་མ་རིང་སོགས་འཛིན་པ་མེད་པར་ཐལ། ཕྱི་མ་ཡུལ་ལ་འཕོ་བ་མེད་པར་ཐལ་བའོ། །དང་པོ་ལ་གཉིས་ཏེ། ཉན་བློ་གཅིག་གིས་རིང་སོགས་འཛིན་པ་རིགས་པས་དགག རིགས་ལྡན་དུ་མས་རིང་སོགས་འཛིན་ན་ཁས་བླངས་འགལ་བའོ། །དང་པོ་ལ་གཉིས་ཏེ། ཐལ་བ་དགོད། གཞན་ལན་དགག་པའོ། །དང་པོ་ནི། རཾིང་། ཡི་གེ་རིང་པོ་སོགས་འཛིན་པའི་བློ་ལའང་མྱོང་བ་ཡོད་ན། ཡི་གེ་རིང་པོ་སོགས་ཀྱི་ཆ་ཤས་རྣམས་ཉན་བློ་རིམ་མེད་གཅིག་གིས་འཛིན་ནས་དེའི་རྗེས་སུ་མྱོང་བྱེད་སྐྱེའམ་རིམ་ལྡན་དུ་མས་གཟུང་ནས་དེའི་རྗེས་སུ་མྱོང་བྱེད་སྐྱེ། དང་པོ་ལྟར་ན། ཉན་བློ་སྐད་ཅིག་མ་གཅིག་ཆོས་ཅན། ཡི་གེ་རིང་པོ་འཛིན་པར་མི་འགྱུར་བར་ཐལ། ཡི་གེ་རིང་པོའི་ཡུན་ཚད་དུ་གནས་པ་མེད་པའི་ཕྱིར། གཉིས་པ་ནི། གནསཾ། གལ་ཏེ་མ་གྲུབ་སྟེ། ཡི་གེ་རིང་པོ་འཛིན་པའི་ཉན་བློ་དེ་ཡུན་རིང་དུ་གནས་པའི་ཕྱིར་ཞེ་ན། ཉན་བློ་སྐད་ཅིག་མ་གཅིག་ཆོས་ཅན། ཡི་གེ་རིང་པོ་འཛིན་པར་མི་འགྱུར་བར་ཐལ། རང་ཡུལ་རིམ་མེད་ཅིག་ཅར་དུ་སྣང་བའི་ཕྱིར། ཕཾན། ཡི་གེའི་ཆ་ཤས་སྔ་ཕྱི་རྣམ་ཆོས་ཅན། ཉན་བློ་སྐད་ཅིག་མ་གཅིག་དངོས་སུ་སྐྱེད་བྱེད་མིན་པར་ཐལ། སྐད་ཅིག་སྔ་ཕྱིའི་རིམ་པ་དང་ལྡན་པའི་ཕྱིར། སྔཾ། གལ་ཏེ་ཡི་གེའི་ཆ་ཤས་སྔ་མ་རྣམས་ཆ་ཤས་ཕྱི་མའི་དུས་ན་མི་འགག་པར་གནས་པའི་ཉན་བློ་སྐད་གཅིག་མ་གཅིག་དངོས་སུ་བསྐྱེད་དོ་ཞེ་ན། འབད་རྩོལ་མཚུངས་པའི་ཨ་ཞེས་བརྗོད་པ་ན་ཆོས་ཅན། སྒྲ་ཇེ་ཆེར་འཕེལ་བར་འགྱུར་བར་ཐལ། སྒྲའི་ཆ་སྔ་མ་གནས་པའི་སྟེང་དུ་ཕྱི་མ་བསྣན་པའི་ཕྱིར། རིཾམ། ཡི་གེའི་ཆ་ཐ་མའི་དུས་ན་ཆོས་ཅན། ཡི་གེའི་ཆ་རིམ་ལྡན་དུ་འཛིན་པའི་བློ་མེད་པར་ཐལ། ཡི་གེའི་ཆ་ཤས་ཐམས་ཅད་ཅིག་ཅར་དུ་སྣང་བའི་ཕྱིར། དེཾ། དེ་ཆོས་ཅན། ཡི་གེའི་ཆ་སྔ་མ་ཐོས་པའི་བློ་གནས་པ་མིན་པར་ཐལ། ཡི་གེའི་ཆ་སྔ་མ་གནས་པ་མེད་པའི་ཕྱིར། ཁྱབ་པ་ཁས། རཾང་། ཡུལ་མི་གནས་ཀྱང་བློ་རང་ཉིད་གནས་ན་བློ་ཆོས་ཅན། ཕྱིས་ཀྱང་མི་འཇིག་པར་ཐལ། རང་དུས་སུ་མི་འཇིག་པའི་ཕྱིར། ཡིཾ། ཡི་གེ་ཅིག་ཅར་སྐྱེས་པ་ཡུན་རིང་དུ་གནས་པ་ཡིན་ན་ཡི་གེ་ཆོས་ཅན། སྔ་མ་དེར་ཐལ། དེའི་ཕྱིར། མཾན། ཡི་གེ་ཆོས་ཅན། ཁྱོད་བསྐྱེད་པའི་རྩོལ་བ་ཕྱི་མ་དོན་མེད་པར་ཐལ། ཁྱོད་རང་རྒྱུ་རྩོལ་བ་གཅིག་ལས་ཅིག་ཅར་སྐྱེ་བའི་ཕྱིར། ཡིཾ། རྩོལ་བས་གྲུབ་ཟིན་གསལ་བར་འདོད་ན་ཡང་དེ་ཆོས་ཅན། ཁྱོད་གསལ་བར་བྱེད་པའི་རྩོལ་བ་ཕྱི་མ་དོན་མེད་པར་ཐལ། ཁྱོད་རང་རྒྱུ་རྩོལ་བ་གཅིག་ལས་ཅིག་ཅར་གསལ་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། རང་བློ་དྲན་པ་མེད་པར་ཐལ། དྲན་པར་འདོད་པའི་གཞན་ལན་དགག་པའོ། །དང་པོ་ནི། དུཾ། ཕྱོགས་གཉིས་པ་ལྟར་ཉན་བློ་ཆ་ཤས་དུ་མས་ཡི་གེའི་ཆ་ཤས་དུ་མ་རིམ་གྱིས་འཛིན་པ་ཡིན་ནོ་ཞེ་ན། ཡི་གེའི་རིང་པོ་ཆོས་ཅན། ཁྱོད་འཛིན་པའི་བློ་དུས་ཕྱིས་དྲན་པར་མི་འགྱུར་བར་ཐལ། ཁྱོད་ཀྱི་ཆ་ཤས་ཐ་མ་འཛིན་པའི་བློ་ཁོ་ན་ལ་མྱོང་བྱེད་ཡོད་པ་གང་ཞིག དེ་ཁོ་ན་ལ་ཁྱོད་འཛིན་པའི་བློ་མིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མྱང་བྱ་མྱོང་བྱེད་སྤེལ་ནས་སྐྱེ་བ་དགག མྱང་བྱ་མྱོང་བྱེད་ཅིག་ཅར་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས་ཏེ། ཉན་བློ་བར་མ་ཆད་དུ་སྐྱེ་བ་མེད་པར་ཐལ། མྱུར་བས་བར་མ་ཆད་དུ་འཁྲུལ་པ་དགག་པའོ། །དང་པོ་ནི། བློཾ། ཉན་བློའི་ཆ་ཤས་མྱོང་བྱེད་རྫས་གཞན་གྱིས་སོ་སོར་མྱོང་བས་སྐྱོན་མེད་དོ་ཞེ་ན། ཉན་བློ་ཆོས་ཅན། ཡི་གེའི་ཆ་ཤས་བར་མ་ཆད་དུ་ཐོས་པར་མི་འགྱུར་བར་ཐལ། ཡི་གེའི་ཆ་ཤས་ཐོས་པའི་བར་དུ་མྱོང་བྱེད་རྫས་གཞན་རེ་རེས་ཆོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རིགས་པ་སྔ་མས་ཁེགས། རིགས་པ་གཞན་གྱིས་དགག་པའོ། །དང་པོ་ནི། འཇུག་པ་མྱུར་བས་བར་མ་ཆད་དུ་སྦྱོར་བར་བྱེད་པ་ཡིན་ནོ་ཞེ་ན། སྦྱོརཾ། ཉན་བློ་ཆོས་ཅན། ཁྱོད་ཀྱིས་སྒྲ་ཐོས་པ་བར་དུ་ཆོད་ཀྱང་བར་མ་ཆད་དུ་སྦྱོར་བར་བྱེད་པ་དེ་མིན་པར་ཐལ། དེ་ཡིན་པ་སྔར་རིགས་པ་ཡང་དག་གིས་བཀག་ཟིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། འཇུག་པ་མྱུར་བས་འཁྲུལ་ན་ཧ་ཅང་ཐལ། དབང་ཤེས་སྦྱོར་ན་ལོག་ཤེས་ཉིད་དུ་ཐལ། སྦྱོར་བར་བྱེད་པ་དབང་ཤེས་ཉིད་མ་ཡིན། རྟོག་པས་སྦྱོར་བར་བྱེད་པའི་གཞན་ཉིད་དགག་པའོ། །དང་པོ་ནི། གཾལ། དབང་ཤེས་ཀྱིས་གཟུགས་སོགས་བར་ཆད་དང་བཅས་པར་མཐོང་ཡང་འཇུག་པ་མྱུར་བས་བར་ཆད་མེད་པར་འཁྲུལ་ན་ཨ་ཨི་གཉིས་ཐོས་པའི་ཉན་ཤེས་ཆོས་ཅན། རང་ཡུལ་བར་ཆད་མེད་པར་གཅིག་ཏུ་འཁྲུལ་པར་ཐལ། རང་ཡུལ་ལ་འཇུག་པ་མྱུར་བའི་ཕྱིར། གཉིས་པ་ནི། བར་ཆད་དང་བཅས་པར་མཐོང་ཡང་བར་ཆད་མེད་པར་འཁྲུལ་པ་དེ་དབང་ཤེས་ཀྱིས་བྱེད་དམ། ཡིད་ཤེས་ཀྱིས་བྱེད། དང་པོ་ལྟར་ན། དབཾང་། དབང་ཤེས་ཐམས་ཅད་ཆོས་ཅན། ལོག་ཤེས་སུ་ཐལ། རང་ཡུལ་བར་ཆད་དང་བཅས་པ་ལ་བར་ཆད་མེད་པར་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། དེ་ཉིད་བསྟན་པ་ནི། ཡིཾ། ཡི་གེ་ཆོས་ཅན། ཁྱོད་སྐད་ཅིག་སྔ་ཕྱིའི་ཆ་དུ་མ་དང་བཅས་པ་ཡིན་ཏེ། ཁྱོད་ཀྱི་ཐུང་མཐའ་ཨ་ཐུང་ལྟ་བུ་དེ་ཡང་སྐྱེས་བུ་ནད་མེད་ཀྱི་མིག་འཛུམ་པའི་ཡུན་ཚད་དུ་གནས་པ་གང་ཞིག དེ་ལ་ཡང་སྔ་ཕྱིའི་ཆ་དུ་མ་ཡོད་པའི་ཕྱིར། བློཾ། དེས་ན་ཉན་བློ་ཆོས་ཅན། ཡི་གེའི་ཆ་ཤས་རིམ་གྱིས་ཐོས་པ་ཡིན་ཏེ། ཡི་གེའི་ཆ་ཤས་ཐོས་པ་གང་ཞིག ཡི་གེ་ཡིན་ན་སྔ་ཕྱིའི་ཆ་དུ་མ་དང་བཅས་པས་ཁྱབ་པའི་ཕྱིར། དེཾས། དབང་པོའི་རྣམ་བཅད་བཅས་པའི་སྦྱོར་བ་དགོད། གསུམ་པ་ནི། དབཾང་། ཡི་གེའི་ཆ་སྔ་ཕྱི་གཅིག་ཏུ་བསྲེ་བའི་བློ་ཆོས་ཅན། ཁྱོད་རྟོག་པ་ཡིན་ཏེ། ཁྱོད་རྟོག་པ་དང་དབང་ཤེས་གང་རུང་གང་ཞིག དབང་ཤེས་མིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཡི་གེའི་ཆ་ཤས་གསལ་བར་མི་སྣང་བར་ཐལ། འདོད་པ་དེའི་ཕྱིར། བཞི་པ་ལ་གསུམ་སྟེ། དོན་ཤེས་བར་མ་ཆད་ལ་གནོད་བྱེད་མེད། གནོད་བྱེད་ལུང་དོན་བརྟགས་ནས་གཞན་དུ་བཤད། ཚུལ་དེས་ངོ་ཤེས་མངོན་སུམ་ཡིན་པ་ཁེགས་པའོ། །དང་པོ་ནི། དབཾང་། ཕྱོགས་གཉིས་པ་ལྟར་ཡིད་ཤེས་ཡིན་ནོ་ཞེ་ན། གཟུགས་སོགས་ཆོས་ཅན། ཁྱོད་འཛིན་པའི་ཤེས་པ་མྱོང་བྱེད་གཞན་གྱིས་བར་མ་ཆོད་ཅིང་སྐྱེ་བ་མིཾན་པར་ཐལ། ཁྱོད་དང་ཁྱོད་འཛིན་པའི་ཤེས་པ་བར་མ་ཆད་དུ་སྐྱེ་བ་ལ་གནོད་བྱེད་ཡང་དག་མེད་པའི་ཕྱིར། གཉིས་པ་ནི། གཾལ། གཏན་ཚིགས་མ་གྲུབ་སྟེ། དོན་མཐོང་བའི་བློ་ལ་རང་རིག་མེད་པས་བློ་གཞན་གྱིས་རིག་དགོས་ལ། དེ་གཉིས་ཅིག་ཅར་མི་སྐྱེ་བའི་ཕྱིར་ཏེ། བློ་སྔ་མ་རེ་རེས་བློ་ཕྱི་མ་རེ་རེ་བསྐྱེད་པའི་ནུས་པ་ངེས་པའི་ཕྱིར་ཞེ་ན། དེའི་སྒྲུབ་བྱེད་གང་ཡིན་ཞེས་དྲིས་པས་བློ་དུ་མ་ཅིག་ཅར་སྐྱེ་བ་མ་མཐོང་བའི་ཕྱིར་ཞེ་ན། དཔྱོད་པ་པས་བློ་དུ་མ་ཅིག་ཅར་སྐྱེ་བ་མ་མཐོང་བ་དེ་ཆོས་ཅན། བློ་དུ་མ་ཅིག་ཅར་སྐྱེ་བ་མེད་པའི་རྒྱུ་མཚན་ཅན་མིན་པར་ཐལ། བློ་དུ་མ་ཅིག་ཅར་སྐྱེ་བ་ཡོད་བཞིན་དུ་མ་མཐོང་བའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར། དེཾ། སེམས་གཉིས་ལྷན་ཅིག་འབྱུང་བ་གང་ཡིན་པ་དེ་ནི་གནས་མིན་ཏེ་ཞེས་སོགས་ཀྱི་ལུང་ཆོས་ཅན། བློ་དུ་མ་ཅིག་ཅར་མི་སྐྱེ་བ་ཁྱོད་ཀྱི་དགོངས་པ་མིན་ཏེ། རྟོག་པ་རིགས་མཐུན་སྔ་མ་རེ་རེ་ཕྱི་མ་རེ་རེ་བསྐྱེད་པ་དེ་ཁྱོད་ཀྱི་དགོངས་པ་ཡིན་པའི་ཕྱིར། གསུམ་པ་ནི། འདིཾས། རིགས་མི་མཐུན་གྱི་དབང་ཤེས་དུ་མ་ཅིག་ཅར་མི་སྐྱེ་བའི་རིག་པ་ཆོས་ཅན། རྒྱལ་དཔོག་པས་ངོ་ཤེས་ཀྱི་བློ་དབང་པོའི་མངོན་སུམ་འདོད་པ་ལ་ཡང་གནོད་པ་བསྟན་པ་ཡིན་ཏེ། དབང་མངོན་རིགས་མཐུན་གཉིས་རྒྱུད་གཅིག་ལ་ཅིག་ཅར་མི་འབྱུང་བར་བསྟན་པའི་ཕྱིར། སྐྲཾ། རིགས་པ་གཞན་གྱིས་ཀྱང་གནོད་དེ། འདི་ལྟར་སྐྲ་བྲེག་པ་སྔ་ཕྱི་ཆོས་ཅན། ཁྱོད་ལ་སྔར་གྱི་དེ་ཉིད་འདིའོ་ཞེས་ངོ་ཤེས་པའི་བློ་དེ་མངོན་སུམ་ཚད་མ་ཡིན་པར་ཐལ། ཁྱོད་གསལ་སྣང་ཡོད་པའི་དོན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན་དེ་ཆོས་ཅན། མངོན་སུམ་མིན་པར་ཐལ། སྔ་ཕྱི་གཅིག་ཏུ་འཛིན་པའི་འཁྲུལ་ཤེས་ཡིན་པའི་ཕྱིར། དེཾ། ངོ་ཤེས་ཀྱི་བློ་ཆོས་ཅན། ཁྱོད་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་ལས་ཡི་གེའི་ཆ་སྔ་ཕྱི་གཅིག་ཏུ་བསྒྲུབ་མི་ནུས་པར་ཐལ། ཁྱོད་ཚད་མ་མིན་པའི་ཕྱིར། སྔོཾན། ངོ་ཤེས་ཆོས་ཅན། དབང་ཤེས་མིན་པར་ཐལ། ཁྱོད་སྔ་ཕྱི་གཅིག་ཏུ་སྒྲོ་འདོགས་པའི་རྟོག་པ་ཡིན་པའི་ཕྱིར། གཉིས་པ་མྱང་བྱ་མྱོང་བྱེད་ཅིག་ཅར་སྐྱེ་བ་དགག་པ་ལ་གསུམ་སྟེ། ཁས་བླངས་དང་འགལ་བ། རིགས་པ་དང་འགལ་བ། རིམ་བཞིན་སྐྱེ་བ་ལའང་མཚུངས་པའོ། །དང་པོ་ནི། དོཾན། དཔྱོད་པ་པ་ཆོས་ཅན། དབང་ཤེས་དེ་རང་དང་དུས་མཉམ་པའི་བློ་གཞན་གྱིས་མྱོང་བར་འདོད་པ་མི་འཐད་པར་ཐལ། ཁྱོད་ཀྱི་ལུགས་ལ་བློ་དུ་མ་ཅིག་ཅར་འབྱུང་བ་མེད་པའི་ཕྱིར། གཉིས་པ་ནི། དོཾན། དོན་མཐོང་བའི་སྐྱེས་བུ་ཆོས་ཅན། དོན་མཐོང་བའི་བློ་དང་དེ་མྱོང་བྱེད་ཀྱི་བློ་རྫས་གཞན་པ་གཉིས་ཚད་མས་རྟོགས་པར་ཐལ། དེ་གཉིས་རྫས་གཞན་པ་གཉིས་ཅིག་ཅར་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་རྫས་གཞན་པ་གཉིས་རྟོགས་པའི་ཚད་མ་མེད་པའི་ཕྱིར། གལ་ཏེ་རྟོག་པ་རྣམ་པ་གཅིག་པ་ཅན་གཅིག་གིས་ཤེས་པ་དེ་ཉིད་རྣམ་པ་གཅིག་ཏུ་བཟུང་བས་གཅིག་ཏུ་འཁྲུལ་པ་ཡིན་ནོ་ཞེ་ན། དཾོན། དོན་ཤེས་པའི་བློ་དང་དེ་ཤེས་པའི་བློ་གཉིས་ཆོས་ཅན། བློའི་རྣམ་པ་གཅིག་གིས་གཅིག་ཏུ་གཟུང་བ་མིན་པར་ཐལ། དེ་ཡིན་ན་ཁྱོད་རྫས་ཐ་དད་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ལེཾགས། དོན་དང་དོན་ཤེས་གཉིས་ཆོས་ཅན། ཁྱོད་གཉིས་དུས་ཕྱིས་སོ་སོར་མི་དྲན་པར་ཐལ། ཁྱོད་གཉིས་འཛིན་པའི་ཤེས་པ་ལ་མྱོང་བྱེད་མེད་པའི་ཕྱིར། གསུམ་པ་ནི། དོཾན། དོན་དང་དོན་ཤེས་མྱོང་བྱེད་རིམ་བཞིན་དུ་སྐྱེ་བར་འདོད་ན་ཡང་། དོན་རིག་པའི་སྐྱེས་བུ་ཆོས་ཅན། དོན་ཤེས་ལ་དོན་དུ་སྣང་བ་དང་། དོན་ཤེས་མྱང་བའི་ཤེས་པ་ལ་དོན་ཤེས་སུ་སྣང་བ་རིམ་གྱིས་འབྱུང་བ་ཚད་མས་རྟོགས་པར་ཐལ། དེ་གཉིས་རྫས་གཞན་རིམ་གྱིས་འབྱུང་བའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མིན་པར་ཐལ། སྔོན་པོ་རྟོགས་པའི་ཚེ་ན་ཡང་སྔོན་པོ་མཐོང་བའི་བློ་དང་དེ་མྱོང་བྱེད་རྫས་གཞན་རིམ་གྱིས་འབྱུང་བ་ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་ཕྱི་མ་ཡུལ་ལ་འཕོ་བ་མེད་པར་ཐལ་བ་ལ་གཉིས་ཏེ། ཤུགས་བསྟན་ཐུག་མེད་རིགས་པ་བརྗོད། དངོས་བསྟན་འཕོ་མེད་རིགས་པ་བརྗོད་པའོ། །དང་པོ་ནི། ཤེཾས། ཤེས་པ་སྔ་མ་ལ་རང་མྱོང་མེད་ཀྱང་ཤེས་པ་ཕྱི་མ་གཞན་གྱིས་མྱོང་ན། ཤེས་པ་ཕྱི་མ་ཆོས་ཅན། ཕྱིས་དྲན་པར་མི་འགྱུར་བར་ཐལ། རང་དུས་ན་མྱོང་བྱེད་མེད་པའི་ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དུས་ཕྱིས་དྲན་པ་མཐོང་བའི་ཕྱིར་རོ། །སྔ་མའི་གཏན་ཚིགས་མ་གྲུབ་ན་ཤེས་པ་ཕྱི་མ་དེ་གང་གིས་མྱོང་བ་ཡིན། དེ་ཡང་ཤེས་པ་ཕྱི་མ་གཞན་གྱིས་མྱོང་བ་ཡིན་ནོ་ཞེ་ན། དོན་མྱོང་གི་ཤེས་པ་ཆོས་ཅན། ཁྱོད་མྱོང་བྱེད་ཐུག་མེད་དུ་ཐལ། ཁྱོད་ཤེས་པ་ཕྱི་མ་དང་དེའང་ཕྱི་མ་གཞན་གྱིས་མྱོང་དགོས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། ཤེཾས། བློ་སྔ་ཕྱི་རྒྱུན་ལྡན་དུ་འབྱུང་བའི་ཚེ་བློ་ཕྱི་མའི་སྐྱེད་བྱེད་གང་ཡིན་ཞེས་དྲིས་པས་བློ་སྔ་མ་ཡིན་ནོ་ཞེ་ན། སྔོ་འཛིན་དབང་ཤེས་ཕྱི་མ་ཆོས་ཅན། ཡུལ་སྔོན་པོ་མ་རྟོགས་པར་ཐལ། སྔོ་འཛིན་གྱི་ཤེས་པ་སྔ་མ་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར། གཟུཾང་། ཁྱབ་སྟེ། སྔོ་འཛིན་ཤེས་པ་སྔ་མ་དེ་ལ་སྔོ་འཛིན་ཤེས་པ་ཕྱི་མའི་གཟུང་དོན་གྱི་མཚན་ཉིད་ཚང་ན་སྔོ་འཛིན་ཤེས་པ་ཕྱི་མའི་ཡུལ་སྔོན་པོ་གཟུང་དོན་དུ་མི་བྱེད་དགོས་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ཕྱི་ཡི་གེགས་ཀྱིས་ཡུལ་ལ་འཕོ་བ་དགག སྔ་མའི་ནུས་པ་ཟད་ནས་འཕོ་བ་དགག གཅིག་གིས་དོན་ཤེས་གཉིས་ཀ་འཛིན་པ་དགག འཕོ་ཚེ་ཕྱི་མ་མྱོང་བྱེད་མེད་པ་དགག་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་ཉེ་བ་ན་དེས་བློ་ཕྱི་མས་བློ་སྔ་མ་འཛིན་པའི་གེགས་བྱས་པས་བློ་ཕྱི་མ་ཡུལ་ལ་འཕོའོ་ཞེ་ན། བདཾག དོན་སྣང་གི་བློ་ཕྱི་མ་ཆོས་ཅན། ཁྱོད་ཀྱིས་བློ་སྔ་མ་འཛིན་པ་ལ་ཕྱི་དོན་གྱིས་གེགས་བྱེད་མི་ནུས་པར་ཐལ། བློ་སྔ་མ་དེ་ཁྱོད་ཀྱི་གཟུང་དོན་ཡིན་པའི་ཕྱིར། རྟགས་ཁས། ཕྱིཾ། དེ་ཆོས་ཅན། དེར་ཐལ། ཁྱོད་ཀྱིས་བློ་སྔ་མ་འཛིན་པ་ལ་ཕྱི་དོན་གྱིས་གེགས་བྱེད་ནུས་ན་ཕྱི་དོན་ཉེ་བའི་ཚེ་བློ་སྔ་མ་མྱོང་བྱེད་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དོཾན། སྐྱེས་བུ་ཆོས་ཅན། བློ་སྔ་མ་ལ་མྱོང་བྱེད་སྔ་མ་ཡོད་པ་མི་སྲིད་པར་ཐལ། གཟུགས་སོགས་ཉེ་བ་མིན་པའི་གནས་སྐབས་མི་སྲིད་པའི་ཕྱིར། འདོད་ན། སྐྱེས་བུ་ཆོས་ཅན། བློ་སྔ་མ་དྲན་པ་མི་སྲིད་པར་ཐལ། འདོད་པ་དེའི་ཕྱིར། འདཾས། འདས་མ་འོངས་སོགས་ལ་རྟོག་པའི་རྣམ་རྟོག་ཆོས་ཅན། ཡུལ་ལ་འཇུག་པ་མི་སྲིད་པར་ཐལ། ཡུལ་ལ་འཇུག་པའི་རྒྱུ་མེད་པའི་ཕྱིར་ཏེ། ཡུལ་ཉེ་བར་ཡོད་པ་མིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། སྔ་མའི་ནུས་པ་ཟད་ན་ཕྱི་མ་མེད། སྐྱེད་བྱེད་ཡིན་ཡང་གཟུང་ཡུལ་མིན་པ་དགག གཟུང་ནུས་ཟད་ཀྱང་སྐྱེད་ནུས་ཡོད་པ་དགག གཅིག་ལ་ནུས་པ་དུ་མ་ཡོད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། འདོད་པ་བརྗོད། གནོད་བྱེད་བསྟན། གཞན་ལན་དགག་པའོ། །དང་པོ་ནི། གཾལ། བློ་སྔ་མས་བློ་ཕྱི་མ་བསྐྱེད་པའི་ནུས་པ་ཟད་པ་ན་བློ་ཕྱི་མ་ཡུལ་ལ་འཕོའོ་ཞེ་ན། དཾོན། བློ་སྔ་མས་བློ་ཕྱི་མ་བསྐྱེད་པའི་ནུས་པ་ཟད་པ་ན་ཆོས་ཅན། བློ་ཕྱི་མ་ཡུལ་ལ་འཕོ་བར་མི་འགྱུར་བར་ཐལ། བློ་ཕྱི་མ་མི་བསྐྱེད་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པའི་ཚེ། སྒྲ་འཛིན་ཉན་ཤེས་མི་སྐྱེ་བའི་ཕྱིར། འོ་ན་ཀུན་གཞི་ལས་འཇུག་ཤེས་དུ་མ་ཅིག་ཅར་སྐྱེ་བ་དང་འགལ་ལོ་ཞེ་ན། གཅིཾག ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པའི་ཚེ་ཆོས་ཅན། ཀུན་གཞི་ལས་ཀྱང་སྒྲ་འཛིན་ཉན་ཤེས་དངོས་སུ་སྐྱེ་བ་མ་ཡིན་ཏེ། སྒྲ་འཛིན་ཉན་ཤེས་ཀྱི་དེ་མ་ཐག་རྐྱེན་ཉམས་པར་བྱས་པའི་ཕྱིར། དེཾ། བློ་སྔ་མ་བློ་ཕྱི་མ་བསྐྱེད་པའི་རྒྱུ་མིན་ན་བློ་ཕྱི་མ་ཆོས་ཅན། བློ་སྔ་མ་དང་ཡུལ་ལ་འཇུག་པ་དེ་མཚུངས་པ་མིན་པར་ཐལ། བློ་སྔ་མ་ཁྱོད་ཀྱི་རྒྱུ་མིན་པའི་ཕྱིར། ཡིད་ཤེས་ཆོས་ཅན། ཁྱོད་ཕྱི་མ་སྔ་མ་ལ་ལྟོས་པར་གྲུབ་སྟེ། ཁྱོད་སྔ་ཕྱི་རིམ་བཞིན་སྐྱེ་བའི་ཕྱིར། གསུམ་པ་ནི། ཡིདཾ། ཡིད་རྟག་པ་རྡུལ་ཕྲན་ཙམ་ཞིག་ཡིན་པའི་ཕྱིར། གཟུགས་མཛེས་ལ་ཆགས་པ་དེ་གཞན་རྣ་བའི་དབང་པོ་སོགས་ལ་མི་འགྲོ་བའི་ཕྱིར་ན་སྒྲ་འཛིན་ཉན་ཤེས་མི་སྐྱེ་བ་ཡིན་གྱི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པས་མི་སྐྱེ་བ་མིན་ནོ་ཞེ་ན། མིཾན། དོན་མཐོང་བའི་སྐྱེས་བུ་ཆོས་ཅན། ཡིད་གཅིག་ཏུ་ངེས་པའི་རྒྱུ་མཚན་གྱིས་བློ་རེ་རེ་ཁོ་ན་སྐྱེ་བ་ངེས་པ་མིན་པར་ཐལ། གནས་སྐབས་ལ་ལར་བློ་དུ་མ་ཅིག་ཅར་འབྱུང་བའི་ཕྱིར། ཡིད་ཡུལ་དྲུག་ལ་འཇུག་པ་མཚུངས་པའི་ཚེ་ཆོས་ཅན། ཡུལ་གཞན་དང་གཞན་རྟོགས་པར་མི་འགྱུར་བར་ཐལ། ཡིད་རྟག་པ་གཅིག་ལས་མེད་པ་མཚུངས་པའི་ཕྱིར། བདཾག བློ་སྔ་ཕྱི་ཐམས་ཅད་ཆོས་ཅན། ཅིག་ཅར་བསྐྱེད་པར་ཐལ། བདག་ཡིད་ལྡན་པ་ཙམ་ལས་སྐྱེ་བའི་ཕྱིར། གཅིཾག བྱེད་པ་པོ་ཡིད་གཅིག་ལས་མེད་པས་བྱ་བ་དུ་མ་ཅིག་ཅར་མི་སྐྱེའོ་ཞེ་ན། མར་མེ་གཅིག་ཆོས་ཅན། རང་མཐོང་བའི་སྐྱེས་བུ་དུ་མའི་མིག་ཤེས་ཅིག་ཅར་མི་བསྐྱེད་པར་ཐལ། གཅིག་ཡིན་པའི་ཕྱིར། རིཾམ། ཡིད་ཆོས་ཅན། བློ་དུ་མ་རིམ་གྱིས་ཀྱང་མི་བསྐྱེད་པར་ཐལ། བློ་དུ་མ་ཅིག་ཅར་མི་བསྐྱེད་པ་གང་ཞིག རྟག་པ་ཡིན་པའི་ཕྱིར། འདིཾས། ཡིད་རྟག་པས་བློ་དུ་མ་ཅིག་ཅར་བསྐྱེད་པ་བཀག་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། རྒྱང་འཕེན་པ་ལུས་རྟག་པ་གཅིག་གིས་བློ་རིམ་ཅན་དུ་བསྐྱེད་པ་དང་། གྲངས་ཅན་པས་སྐྱེས་བུ་རྟག་པ་གཅིག་གིས་ཡུལ་ལ་རིམ་གྱིས་ལོངས་སྤྱོད་པར་འདོད་པ་ལ་ཡང་སྐྱོན་བསྟན་པའི་ཕྱིར། གཾལ། བདག་གི་ཡོན་ཏན་འདུ་བྱེད་ལས་བློ་རེ་རེ་ཁོ་ན་སྐྱེ་བར་ངེས་སོ་ཞེ་ན། བདག་གི་ཡོན་ཏན་འདུ་བྱེད་དེ་གང་ལས་སྐྱེས། བློ་སྔ་མ་ཉིད་ལས་སྐྱེས་ཞེ་ན། བློ་སྔ་མ་ཆོས་ཅན། ཁྱོད་སྔ་མ་ལས་ཕྱི་མ་མི་འབྱུང་བར་གྲུབ་པར་ཐལ། ཁྱོད་ཕྱི་མ་བདག་གི་ཡོན་ཏན་འདུ་བྱེད་ལས་སྐྱེ་དེ་ཁྱོད་སྔ་མ་ལས་སྐྱེས་པའི་ཕྱིར། གཉིས་པ་ནི། གལ་ཏེ་བློ་སྔ་མ་དེ་བློ་ཕྱི་མ་དེ་འཛིན་པའི་ཉེར་ལེན་ཡིན་ཡང་གཟུང་ཡུལ་མིན་པས་བློ་ཕྱི་མ་དེ་ཡུལ་གཞན་ལ་འཕོའོ་ཞེ་ན། གཟུཾང་། བློ་སྔ་མ་ཆོས་ཅན། ཁྱོད་ལ་བློ་ཕྱི་མའི་གཟུང་ཡུལ་གྱི་མཚན་ཉིད་ཚང་བར་ཐལ། ཁྱོད་བློ་ཕྱི་མ་ལ་རྣམ་པ་དངོས་སུ་གཏོད་བྱེད་དང་ཉེར་ལེན་གྱི་དབང་ཤེས་དངོས་སུ་བསྐྱེད་པའི་ཆ་དེ། རང་འཛིན་དངོས་སུ་སྐྱེད་བྱེད་ལས་གཞན་མིན་པའི་ཕྱིར། གལ་ཏེ་སྣང་བ་དེ་རང་འཛིན་དངོས་སུ་སྐྱེད་བྱེད་ཡིན་ཡང་རང་འཛིན་གྱི་ཤེས་པའི་གཟུང་ཡུལ་མིན་པ་ཁྱབ་པ་མ་ངེས་སོ་ཞེ་ན། སྣངཾ་། སྣང་བ་ཆོས་ཅན། ཁྱོད་རང་འཛིན་དབང་ཤེས་དངོས་སུ་བསྐྱེད་པའི་ཆ་དེ་རང་འཛིན་དབང་ཤེས་ཀྱི་གཟུང་ཡུལ་མིན་པ་མེད་དེ། ཁྱོད་རང་འཛིན་དབང་ཤེས་དངོས་སུ་བསྐྱེད་པའི་ཆ་དེ་རང་འཛིན་དབང་ཤེས་ཀྱི་གཟུང་ཡུལ་དང་རྫས་གཅིག་ཡིན་པའི་ཕྱིར། ཆཾ། བློ་སྔ་མ་ཆོས་ཅན། ཆ་ཕྲ་བ་སོགས་སུ་སོང་བའི་སྒོ་ནས་སྔར་བློ་ཕྱི་མའི་གཟུང་ཡུལ་ཡིན་པ་ཕྱིས་བློ་ཕྱི་མའི་གཟུང་ཡུལ་མིན་པར་སོང་བ་མེད་པར་ཐལ། ཁྱོད་ཕྱོགས་ཀྱི་ཆ་མེད་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། དགག་པ་དངོས། རྩོད་པ་སྤོང་བ། མཇུག་བསྡུ་བའོ། །དང་པོ་ནི། གཟུཾང་། བློ་སྔ་མས་བློ་ཕྱི་མའི་གཟུང་ཡུལ་བསྐྱེད་པའི་ནུས་པ་ཉམས་པའི་ཚེ། བློ་ཕྱི་མ་ཡུལ་ལ་འཕོའོ་ཞེ་ན། གཟུཾང་། གཟུང་དོན་ཆོས་ཅན། ཁྱོད་རང་འཛིན་ཤེས་པའི་གཟུང་ཡུལ་བྱེད་པའི་ནུས་པ་ཉམས་ནས་བསྐྱེད་པའི་ནུས་པ་མ་ཉམས་པ་མེད་པར་ཐལ། ཁྱོད་རང་འཛིན་ཤེས་པའི་གཟུང་ཡུལ་བྱེད་པའི་ནུས་པ་དང་བསྐྱེད་པའི་ནུས་པ་རྫས་གཅིག་ཡིན་པའི་ཕྱིར། དཔེར་ན་གཟུགས་སོགས་ཕྱི་དོན་གྱིས་ཀྱང་རང་འཛིན་ཤེས་པའི་གཟུང་ཡུལ་བྱེད་པའི་ནུས་པ་གཞན་དུ་མེད་པ་བཞིན་ནོ། །བློཾ། བློ་སྔ་མ་ཐམས་ཅད་ཆོས་ཅན། བློ་ཕྱི་མའི་གཟུང་ཡུལ་ཡིན་པར་ཐལ། བློ་ཕྱི་མའི་གཟུང་བྱ་དང་དངོས་སུ་སྐྱེད་བྱེད་ཀྱི་གཞི་མཐུན་ཡིན་པའི་ཕྱིར། ཁྱབ་སྟེ། རང་མྱོང་བྱེད་ཀྱི་བློ་དངོས་སུ་སྐྱེད་བྱེད་ཡིན་ན་ཤེས་པ་འགྱུར་བའི་གཟུང་ཡུལ་ཡིན་དགོས་པའི་ཕྱིར། གཉིས་པ་ནི། འོ་ན་རྣལ་འབྱོར་པ་རྣམས་ཀྱིས་གཟུགས་ཕྲ་མོ་སོགས་དང་། ཉེར་ལེན་མིན་པའི་གཞན་གྱི་སེམས་གཟུང་ཡུལ་དུ་འགལ་ལོ་ཞེ་ན། གཟུགས། ཀུན་ཏུ་ཐ་སྙད་པའི་ཚད་མ་ཆོས་ཅན། འཕགས་པའི་དབང་དུ་བྱས་ནས་དཔྱད་པ་མ་ཡིན་ཏེ། ཚུར་མཐོང་ཁོ་ནའི་དབང་དུ་བྱས་ནས་དཔྱད་པའི་ཕྱིར། གསུམ་པ་ནི། དེཾ། ཕྱི་རོལ་གྱི་དོན་ལ་རགས་པ་ཕྲ་བར་སོང་བ་སོགས་ཀྱིས་སྔར་གཟུང་ཡུལ་ཡིན་པ། ཕྱིས་གཟུང་ཡུལ་མིན་པར་སོང་བ་སྲིད་ན་ཡང་དོན་སྣང་གི་བློ་ཆོས་ཅན། རགས་པ་ཕྲ་བར་སོང་བ་སོགས་ཀྱིས་སྔར་གཟུང་ཡུལ་ཡིན་པ། ཕྱིས་གཟུང་ཡུལ་མིན་པར་འགྱུར་མི་སྲིད་པར་ཐལ། ལུས་ཅན་མིན་པའི་ཕྱིར། དེཾ། ཤེས་པ་ཕྱི་མ་ཆོས་ཅན། ཕྱི་རོལ་གྱི་ཡུལ་རྟོགས་པར་མི་འགྱུར་བར་ཐལ། རང་གི་ཉེར་ལེན་ཤེས་པ་སྔ་མ་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར། བཞི་པ་ནི། ནུཾས། བློ་སྔ་མ་ལ་བློ་ཕྱི་མའི་རྒྱུ་བྱེད་པའི་ནུས་པ་དང་གཟུང་ཡུལ་བྱེད་པའི་ནུས་པ་རྫས་གཞན་དུ་ཡོད་པའི་རྒྱུ་བྱེད་པ་ཙམ་གྱིས་གཟུང་ཡུལ་དུ་མི་འགྱུར་རོ་ཞེ་ན། དངོས་པོ་རྣམས་ཆོས་ཅན། གཅིག་ལ་ནུས་པ་རྫས་གཞན་དུ་མ་དང་། དུ་མ་ལ་ནུས་པ་རྫས་གཅིག་ཡོད་པས་འབྲས་བུ་དུ་མ་དང་གཅིག་བྱེད་པ་མ་ཡིན་ཏེ། དེ་དག་མེད་ཀྱང་ངོ་བོ་ཉིད་ཀྱིས་འབྲས་བུ་དུ་མ་དང་གཅིག་བྱེད་པའི་ཕྱིར། གཾལ། རང་སྡེ་ཁ་ཅིག་ན་རེ། རྒྱུ་གཅིག་ཁོ་ན་ལས་འབྲས་བུ་དུ་མ་སྐྱེ་བ་མ་ཡིན་ཏེ། འབྲས་བུ་དུ་མ་ནི་རྒྱུ་དུ་མ་ལས་སྐྱེ་བའི་ཕྱིར་ཞེ་ན། རྒྱུ་གཅིག་ཁོ་ན་ལས་འབྲས་བུ་དུ་མ་སྐྱེ་བ་ཁས་མི་ལེན་ཏེ། འབྲས་བུ་ཡིན་ན་རང་གི་རྒྱུ་རྐྱེན་ཚོགས་པ་ལས་འབྱུང་དགོས་པའི་ཕྱིར། གཅིཾག རྒྱུ་ཆོས་ཅན། ཁྱོད་གཅིག་གིས་འབྲས་བུ་དུ་མ་བྱེད་ཅེས་པའི་ཐ་སྙད་དང་། ཁྱོད་གཅིག་གིས་འབྲས་བུ་དུ་མ་མི་བྱེད་པ་གཉིས་པོ་མི་འགལ་ཏེ། ཁྱོད་གཅིག་ཉིད་རྒྱུ་ཚོགས་པ་དུ་མའི་ནང་དུ་ཚུད་པའི་ཕྱིར། དཔེར་ན་མར་མེ་གཅིག་གིས་འབྲས་བུ་དུ་མ་བྱེད་པ་བཞིན་ནོ། །གསུམ་པ་གཅིག་གིས་དོན་ཤེས་གཉིས་ཀ་འཛིན་པ་དགག་པ་ནི། གཾལ། གལ་ཏེ་བློ་ཕྱི་མས་དོན་དང་རྣམ་ཤེས་གཉིས་ཅིག་ཅར་འཛིན་པས་ཡུལ་གཞན་ལ་མི་འཕོ་བའི་སྐྱོན་མེད་དོ་ཞེ་ན། སྔཾ། ཨ་ཨི་གཉིས་བར་མ་ཆད་དུ་བརྗོད་པའི་ཚེ་ཨི་འཛིན་དྲན་པས་ཆོས་ཅན། ཨ་ཨི་གཉིས་རིམ་མིན་ཅིག་ཅར་དུ་འཛིན་པར་ཐལ། ཨ་འཛིན་པའི་ཉན་ཤེས་དང་ཨི་གཉིས་ཀ་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར། གཅིཾག དོན་གཅིག་ཀྱང་ཆོས་ཅན། ལན་གཉིས་སུ་སྣང་བ་ཐལ། རང་འཛིན་པའི་ཤེས་པ་དང་དེ་འཛིན་པའི་བློ་ཕྱི་མ་གཉིས་ཀ་ལ་སྣང་བའི་ཕྱིར། བཞི་པ་འཕོ་ཚེ་ཕྱི་མ་མྱོང་བྱེད་མེད་པ་དགག་པ་ལ་གཉིས་ཏེ། ཐལ་བ་འགོད། ཉེས་སྤོང་དགག་པའོ། །དང་པོ་ནི། གཾལ། དོན་ལ་འཕོ་བར་མི་འགྱུར་རོ་ཞེས་པའི་ལན་དུ་གཞན་གྱིས་ཤེས་པ་ཕྱི་མ་དེ་ཡུལ་གཞན་ལ་འཕོ་བའི་ཚེ། དེ་མྱོང་བྱེད་མེད་པས་མྱོང་བྱེད་ཐུག་མེད་དང་། ཡུལ་ལ་མི་འཕོ་བའི་སྐྱོན་གཉིས་ཀ་མེད་དོ་ཞེ་ན། གཞཾན། དོན་མཐོང་བའི་སྐྱེས་བུ་ཆོས་ཅན། གང་ཟག་གཞན་རྒྱུད་ཀྱི་ཤེས་པས་རང་རྒྱུད་ཀྱི་བློ་བཞིན་དུ་རང་རྒྱུད་ཀྱི་བློ་ཐམས་ཅད་ལ་མྱོང་བྱེད་མེད་པར་ཐལ། བློ་སྔ་མ་མྱོང་བ་ཕྱི་མ་ལ་ལྟོས་ཤིང་བློ་ཕྱི་མ་ལ་མྱོང་བྱེད་མེད་པའི་ཕྱིར། གཉིས་པ་ནི། གཾལ། བདག་གི་མྱོང་བ་དེ་བདག་གིས་མངོན་སུམ་དུ་མྱོང་བ་ཡིན་ཞིང་། གཞན་གྱི་མྱོང་བ་དེ་བདག་གིས་མངོན་སུམ་དུ་མྱོང་བ་མིན་པས་མི་མཚུངས་སོ་ཞེ་ན། དཔྱོད་པ་བ་ཆོས་ཅན། བདག་མྱོང་དང་གཞན་མྱོང་གི་ཁྱད་པར་མངོན་སུམ་གྱིས་གྲུབ་མ་གྲུབ་བརྗོད་པ་མི་འཐད་པར་ཐལ། བདག་མྱོང་ཉིད་མངོན་སུམ་གྱིས་མ་གྲུབ་པའི་ཕྱིར། གལ་ཏེ་མིག་ལ་སོགས་པ་གསལ་བ་མིན་ཡང་གསལ་ཞེས་བརྗོད་པ་དེ་བཞིན་དུ་ཤེས་པ་ཡང་བདག་ཉིད་གསལ་བ་མ་གྲུབ་ཀྱང་གསལ་ཞེས་བརྗོད་པ་ཡིན་ནོ་ཞེ་ན། གསཾལ། མིག་དབང་གཟུགས་ཅན་པ་ཆོས་ཅན། རང་གསལ་མ་ཡིན་ཡང་གསལ་ཞེས་པའི་ཐ་སྙད་འཇུག་སྟེ། གསལ་བ་དང་དབང་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར། སྔོན་འཛིན་མིག་ཤེས་ཆོས་ཅན། ཁྱོད་རང་གསལ་བ་མིན་བཞིན་དུ་ཡུལ་སྔོན་པོའི་གསལ་བྱེད་མ་ཡིན་ཏེ། དེ་ཡིན་ན་ཤེས་བྱ་མ་ལུས་པ་ཁྱོད་ལ་གསལ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གསུམ་པ་ནི། ཚད་མ་སོགས་སོ། །ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།གཉིས་པ་གཞན་དོན་རྗེས་དཔག་འཆད་པ་ལ་གསུམ་ལས། དང་པོ་ཐོག་མར་འབྲེལ་གྱིས་མཚམས་སྦྱར་བསྟན་པ་ནི། སྔར་བཤད་པ་ལས་ཤེས་སོ། །གཉིས་པ་བར་དུ་ལེའུའི་གཞུང་ཉིད་བཤད་པ་ལ་གསུམ་སྟེ། བརྗོད་བྱའི་གཙོ་བོ་སྒྲུབ་ངག་བཤད། རྨོངས་པ་སེལ་ཕྱིར་བསྒྲུབ་བྱ་བཤད། བརྗོད་ཚུལ་རྟོགས་ཕྱིར་གཏན་ཚིགས་བཤད་པའོ། །དང་པོ་ལ་གཉིས་ཏེ། བདག་མཐོང་སྨོས་པའི་དགོས་པ་བཤད། དོན་ཞེས་སྨོས་པའི་དགོས་པ་བཤད་པའོ། །དང་པོ་ལ་གསུམ་སྟེ། བདག་གིས་མཐོང་བའི་རྣམ་བཅད་བཤད། རྣམ་བཅད་དོན་ཉིད་རིགས་པས་བསྒྲུབ། ཐལ་བའི་ངག་ལ་མཚུངས་པ་སྤང་བའོ། །དང་པོ་ནི། གཞནཾ། ཚད་མ་མདོར། གཞན་དོན་རྗེས་དཔག་གི་མཚན་ཉིད་ཀྱི་ཟུར་དུ་བདག་གིས་མཐོང་བ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། གྲངས་ཅན་པས་ཕྱོགས་ཆོས་སྔར་རྒོལ་རང་གིས་མ་གྲུབ་ཀྱང་ཕྱིར་རྒོལ་གྱིས་ཁས་བླངས་པ་ཙམ་གྱིས་གཏན་ཚིགས་ཡང་དག་ཏུ་འགྱུར་བར་འདོད་པའི་ལོག་རྟོག་དགག་པའི་ཆེད་ཡིན་པའི་ཕྱིར། དེ་ཇི་ལྟ་བུ་ཞེ་ན། དེས་སངས་རྒྱས་པའི་ངོར་བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ། བློ་བདེ་སྐྱེ་འཇིག་ཅན་དུ་སངས་རྒྱས་པའི་ལུང་ལས་བཤད་པའི་རྒྱུ་མཚན་གྱིས་ཕྱོགས་ཆོས་གྲུབ་ལ། དེས་རྟགས་ཡང་དག་ཏུ་འགྱུར་བར་འདོད་པའོ། །གཉིས་པ་ལ་གཉིས་ཏེ། ལུང་ལས་སྐྱེ་འཇིག་ཅན་དུ་གྲུབ་པ་དགག སྐྱེ་འཇིག་ཅན་ལ་སེམས་མེད་གྲུབ་པ་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་སྟོབས་ཡུལ་ལ་ལུང་ཚིག་ཚད་མ་མིན། ཚད་མ་མིན་པས་བསྒྲུབ་བྱ་བསྒྲུབ་མི་ནུས། ཕྱིར་རྒོལ་ཉིད་ལ་ཚད་མ་གྲུབ་པ་དགག་པའོ། །དང་པོ་ནི། ཡོཾངས། དངོས་སྟོབས་རྗེས་དཔག་ཆོས་ཅན། ཁྱོད་ཀྱི་ཡུལ་བློ་བདེ་སྐྱེ་འཇིག་ཅན་ལ་ལུང་ཚིག་སྒྲུབ་བྱེད་ཚད་མར་མི་འགྱུར་བ་ཐལ། ཁྱོད་ཀྱི་ལུང་དོན་ལ་གནོད་པ་མེད་པར་གྲུབ་པའི་ཚེ། ལུང་དེ་གཞལ་བྱ་གཞན་གྱི་སྒྲུབ་བྱེད་དུ་ཁས་ལེན་དགོས་པའི་ཕྱིར། གཉིས་པ་ནི། ལུཾང་། སངས་རྒྱས་པའི་ལུང་ཆོས་ཅན། ཁྱོད་ལུང་ཚད་མ་མིན་པར་ཐལ། ཁྱོད་ཀྱིས་གཞན་ལ་གནོད་པའི་ཕྱིར་དུ་བློ་བདེ་སེམས་མེད་ལ་སྒྲུབ་བྱེད་བརྗོད་རིགས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལུང་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་ལས་བློ་བདེ་སྐྱེ་འཇིག་ཅན་དུ་གྲུབ་པ་མིན་པར་ཐལ། འདོད་པའི་ཕྱིར། གསུམ་པ་ནི། གཾལ། གལ་ཏེ་སངས་རྒྱས་པའི་ལུང་དེ་སངས་རྒྱས་པ་ཁོ་ན་ལ་ཚད་མར་གྲུབ་སྟེ། སངས་རྒྱས་པ་ཁོ་ན་ལ་ལྡན་པའི་ཕྱིར་ཞེ་ན། སངས་རྒྱས་པའི་ལུང་ཆོས་ཅན། སངས་རྒྱས་པ་ཁོ་ན་ལ་ལྡན་པ་མིན་པར་ཐལ། སངས་རྒྱས་པ་ཁོ་ན་དང་འབྲེལ་པ་གཉིས་པོ་གང་རུང་མ་གྲུབ་པའི་ཕྱིར། ཚཾད། སངས་རྒྱས་པའི་ལུང་ཆོས་ཅན། སངས་རྒྱས་པ་ལ་ཚད་མར་མ་གྲུབ་པར་ཐལ། སངས་རྒྱས་པའི་ངོར་རང་གི་ཞེན་དོན་ལ་ཚད་མས་གནོད་པའི་ཕྱིར། དེཾ། དེ་ཆོས་ཅན། སངས་རྒྱས་པའི་ལུང་དོན་དང་འགལ་བའི་བློ་བདེ་སེམས་མེད་ཁས་ལེན་པར་སངས་རྒྱས་པའི་ལུང་ཉིད་ཀྱིས་འགྱུར་བ་མིན་པར་ཐལ། སངས་རྒྱས་པའི་ལུང་དོན་དང་འགལ་བ་ཁས་ལེན་ན། སངས་རྒྱས་པའི་ལུང་སྒྲུབ་བྱེད་དུ་དོར་དགོས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། རང་གི་སྒྲུབ་བྱེད་བརྗོད་པར་རིགས། གཞན་གྱི་ཁས་བླངས་སྒྲུབ་བྱེད་མིན། སྒྲུབ་བྱེད་མེད་ཀྱང་གྲུབ་པ་དགག་པའོ། །དང་པོ་ནི། རཾང་། གྲངས་ཅན་པ་ཆོས་ཅན། རང་ལུགས་ཀྱི་བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་སངས་རྒྱས་པའི་ངོར་བརྗོད་རིགས་པར་ཐལ། དེའི་ངོར་དེ་སྒྲུབ་དགོས་ཀྱི་སྔར་རྒོལ་ཡིན་པའི་ཕྱིར། གལ་ཏེ་ངེད་ཀྱིས་གྲངས་ཅན་གྱི་ལུང་ལས་རྟོགས་པ་ཡིན་ནོ་ཞེ་ན། རིཾགས། དེ་ཆོས་ཅན། སངས་རྒྱས་པའི་ངོར་གྲངས་ཅན་གྱི་ལུང་ཚད་མར་འཛིན་པའི་རིགས་པ་བརྗོད་རིགས་པར་ཐལ། དེའི་ངོར་དེ་སྒྲུབ་དགོས་ཀྱི་སྔར་རྒོལ་གང་ཞིག དེའི་སྒྲུབ་བྱེད་གྲངས་ཅན་གྱི་ལུང་ཁོ་ན་ཡིན་པའི་ཕྱིར། གལ་ཏེ་ངེད་ཀྱིས་དེ་རྣལ་འབྱོར་མངོན་སུམ་ལས་རྟོགས་པ་ཡིན་ནོ་ཞེ་ན། སྔཾར། དེ་ཆོས་ཅན། སངས་རྒྱས་པའི་ངོར་རྣལ་འབྱོར་མངོན་སུམ་སྒྲུབ་པའི་ཐབས་སྟོན་རིགས་པར་ཐལ། སྔ་མ་གང་ཞིག དེའི་སྒྲུབ་བྱེད་རྣལ་འབྱོར་མངོན་སུམ་ཁོ་ན་ཡིན་པའི་ཕྱིར། གལ་ཏེ་དེ་བསྟན་ཀྱང་བསྒྲུབ་མི་ནུས་ཏེ། རྣལ་འབྱོར་མངོན་སུམ་དེ་དོན་གང་དང་ཡང་འབྲེལ་པ་རྣམ་པར་ཆད་ཅིང་། རྗེས་སུ་དཔག་པས་སྤྱིའི་ཚུལ་གྱིས་ཀྱང་ཤེས་པར་བྱ་བ་མིན་པའི་ཕྱིར་ཞེ་ན། གཾང་། རྣལ་འབྱོར་མངོན་སུམ་ཆོས་ཅན། ཁྱོད་སྒྲུབ་བྱེད་དང་བློ་བདེ་སེམས་མེད་བསྒྲུབ་བྱར་འཇོག་བྱེདཾ་དེ་མི་འཐད་པར་ཐལ། སྔ་མའི་གཏན་ཚིགས་དེའི་ཕྱིར། གཉིས་པ་ནི། སྐྱེསཾ། སྐྱེས་བུའི་འདོད་པ་ཙམ་གྱིས་གཏན་ཚིགས་ཡང་དག་དང་ལྟར་སྣང་དུ་འཇོག་རིགས་པར་ཐལ། ལུང་ཚད་མར་ཁས་བླངས་པ་ཙམ་གྱིས་སྒྲུབ་བྱེད་ཡང་དག་ཏུ་འགྱུར་བའི་ཕྱིར། འདོད་ན། གཏན་ཚིགས་ཡང་དག་དང་ལྟར་སྣང་ཆོས་ཅན། ཁྱོད་ཀྱི་རྣམ་གཞག་མཐའ་གཅིག་ཏུ་བྱར་མེད་པར་ཐལ། ཁྱོད་སྐྱེས་བུའི་འདོད་པ་ཙམ་གྱིས་གཞག་པ་གང་ཞིག སྐྱེས་བུའི་འདོད་པ་དེ་དངོས་པོའི་གནས་ཚུལ་ལ་མ་བརྟེན་པའི་ཕྱིར། དོཾན། སྐྱེ་འཇིག་ཅན་ཆོས་ཅན། ཁྱོད་བློ་བདེ་སེམས་མེད་དུ་སྒྲུབ་པའི་སྒྲུབ་བྱེད་ཡང་དག་མིན་པར་ཐལ། ཁྱོད་ཀྱིས་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་གྱི་དོན་དུ་མེད་པའི་ཕྱིར། གསུམ་པ་ནི། ཡོཾད། གལ་ཏེ་དེ་དེ་ལྟར་སྒྲུབ་པའི་སྒྲུབ་བྱེད་མིན་ཀྱང་བློ་བདེ་སེམས་མེད་དོན་ལ་ཡོད་པས་དེའི་རྟགས་ལས་དེ་རྟོགས་པའི་བློ་ཚད་མ་ཡིན་ནོ་ཞེ་ན། དེ་ཆོས་ཅན། ཚད་མ་མིན་པར་ཐལ། གཏན་ཚིགས་ལྟར་སྣང་ལ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར། རཾང་། གཞན་ཡང་སྐྱེ་འཇིག་ཅན་གྱི་རྟགས་ཀྱིས་བློ་བདེ་སེམས་མེད་དུ་སྒྲུབ་པའི་ཚུལ་གསུམ་གྲུབ་ན། དེ་ཆོས་ཅན། ཁྱོད་དེ་སྐོར་གྱི་འབྲས་རང་མ་དམིགས་པའི་རྟགས་གསུམ་པོ་གང་རུང་དུ་ཐལ། ཁས་བླངས་དེའི་ཕྱིར། དེཾ། ཡང་དེ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་སྐོར་གྱི་ཚུལ་གསུམ་སྔར་རྒོལ་རང་ཉིད་ལ་མ་གྲུབ་ཀྱང་ཕྱིར་རྒོལ་སངས་རྒྱས་པས་ཁས་བླངས་པའི་རྒྱུ་མཚན་གྱིས་སངས་རྒྱས་པའི་ངོར་བློ་བདེ་སེམས་མེད་དུ་བསྒྲུབ་ནུས་པ་དེ་མི་འཐད་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྐོར་གྱི་ཚུལ་གསུམ་གྱི་དོན་གྲུབ་ན། སྔར་རྒོལ་རང་ཉིད་ལ་ཡང་གྲུབ་ཅིང་། མ་གྲུབ་ན་ཁྱོད་ལས་ཕྱིར་རྒོལ་གྱིས་བསྒྲུབ་བྱ་རྟོགས་པ་མེད་པའི་ཕྱིར། གསུམ་པ་ནི། གཞཾན། རྟགས་ཡང་དག་གི་ཕྱོགས་ཆོས་སྔར་རྒོལ་རང་ཉིད་ཀྱིས་གྲུབ་པ་དགོས་ན་ཐལ་འགྱུར་ལ་ཡང་མཚུངས་ཤིང་། དེ་ལྟར་ན་ཕྱོགས་གླང་གིས་བྱེ་བྲག་པའི་ངོར་བ་ལང་གི་སྤྱི་ཆོས་ཅན། དུ་མར་ཐལ། གསལ་བ་དུ་མ་དང་དོན་ལ་འབྲེལ་བའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཐལ་འགྱུར་ཡང་དག་མིན་པར་འགྱུར་རོ་ཞེ་ན། དེ་ལྟ་བུའི་ཐལ་འགྱུར་ཆོས་ཅན། གཏན་ཚིགས་སྔར་རྒོལ་རང་ཉིད་ཀྱིས་མ་གྲུབ་ཀྱང་ཐལ་འགྱུར་ཡང་དག་མིན་པར་མི་འགྱུར་ཏེ། གཞན་གྱིས་ཁས་བླངས་རྟགས་སུ་བཀོད་ནས་མི་འདོད་པ་ཐལ་བ་འཕེན་པ་ཡིན་གྱི། རང་རྒྱུད་ཀྱི་བསྒྲུབ་བྱ་དངོས་སུ་སྒྲུབ་པ་མིན་པའི་ཕྱིར། གཉིས་པ་དོན་ཞེས་སྨོས་པའི་དགོས་པ་བཤད་པ་ལ་གསུམ་སྟེ། དོན་ཞེས་སྨོས་པའི་རྣམ་བཅད་བཤད། རྣམ་བཅད་དོན་ཉིད་རིགས་པས་བསྒྲུབ། ཕྱོགས་ཚིག་སྒྲུབ་བྱེད་མིན་པར་བསྒྲུབ་པའོ། །དང་པོ་ནི། དོཾན། མདོར་གཞན་དོན་རྗེས་དཔག་གི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་དོན་ཞེས་སྨོས་པ་ཆོས་ཅན། རྟག་པར་ལུང་ལས་བཤད་པ་དང་། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་དང་མཐུན་ཕྱོགས་གང་རུང་དེ་སྒྲ་རྟག་པ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་བསལ་ཏེ། ཚུལ་གསུམ་གྱི་དོན་ལས་བསྒྲུབ་བྱའི་དོན་གྲུབ་པར་བསྟན་པའི་ཕྱིར། སྒྲ་མི་རྟག་པ་སོགས་བསྒྲུབ་བྱ་ཐམས་ཅད་ལ་སྦྱོར་རོ། །གཉིས་པ་ནི། རྟོགཾ རྟོག་པ་དང་ལུང་ཆོས་ཅན། ཁྱོད་ཀྱིས་རྟག་པ་ཙམ་བསྒྲུབ་བྱ་སྒྲུབ་པ་ལ་འཁྲུལ་ཏེ། ཁྱོད་དངོས་པོའི་གནས་ལུགས་ལས་གཞན་དུ་འཇུག་པར་སྲིད་པའི་ཕྱིར་ཏེ། ཁྱོད་རང་ཡུལ་ལ་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། ཕྱོགས་ཚིག་དངོས་དང་བརྒྱུད་པའི་སྒྲུབ་བྱེད་མིན། དེས་ན་གཞན་ལ་བཀོད་སྐྱོན་རང་ལ་མེད། ཕྱོགས་ཚིག་སྒྲུབ་བྱེད་ཡིན་པའི་རྩོད་ལན་དགག་པའོ། །དང་པོ་ལ་གསུམ་སྟེ། ཚིག་གཉིས་དངོས་སུ་སྒྲུབ་བྱེད་མིན་པ་མཚུངས། བརྒྱུད་ནས་སྒྲུབ་བྱེད་ཡིན་མིན་ཁྱད་པར་ཡོད། ཕྱོགས་ཚིག་བརྒྱུད་ནས་སྒྲུབ་བྱེད་ཡིན་པ་དགག་པའོ། །དང་པོ་ནི། དོཾན། སྒྲ་མི་རྟག་ཅེས་པའི་ཚིག་དང་། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་ཚིག་ཆོས་ཅན། སྒྲ་མི་རྟག་པ་སྒྲུབ་པའི་ནུས་པ་མེད་དེ། སྒྲ་མི་རྟག་པ་སྒྲུབ་པའི་ཚུལ་གསུམ་གྱི་དོན་མ་ཚང་བའི་ཕྱིར། དེས་ན། དེ་ཆོས་ཅན། དེ་སྐོར་གྱི་རྟགས་ཡང་དག་མ་ཡིན་ཏེ། དེ་སྒྲུབ་པའི་ནུས་པ་མེད་པའི་ཕྱིར། ཕྱོགས་ཚིག་རྟགས་ཡང་དག་ཏུ་འགྱུར་བ་གཏན་མི་སྲིད་དམ་སྙམ་ན། ཕྱོགཾས། ཕྱོགས་ཚིག་ཆོས་ཅན། ཕྱོགས་ཚིག་སྨྲ་བ་པོ་ལྷས་བྱིན་གྱི་རྒྱུད་ལ་ཀུན་སློང་གི་བསམ་པ་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་སྐོར་གྱི་ཚུལ་གསུམ་ཚང་བའི་ཕྱིར། སྒྲ་མི་རྟག་ཅེས་པའི་ཚིག་ཆོས་ཅན། ཁྱོད་སྒྲ་མི་རྟག་པ་དངོས་སུ་སྒྲུབ་བྱེད་མ་ཡིན་ཏེ། ཁྱོད་ལས་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་མི་སྐྱེ་བའི་ཕྱིར། གཉིས་པ་ནི། སྒྲུབཾ། སྒྲ་མི་རྟག་ཅེས་པའི་ཚིག་ཆོས་ཅན། ཁྱོད་ལ་བརྒྱུད་ནས་ཀྱང་སྒྲ་མི་རྟག་པ་སྒྲུབ་པའི་ནུས་པ་མེད་དེ། ཁྱོད་སྒྲ་མི་རྟག་པ་སྒྲུབ་པའི་བསྒྲུབ་བྱ་དངོས་སུ་བརྗོད་པའི་ཚིག་ཡིན་པའི་ཕྱིར། གཾཏན། གང་བྱས་ན་མི་རྟག་ཅེས་སོགས་ཀྱི་ཚིག་ཆོས་ཅན། ཁྱོད་ལ་བརྒྱུད་ནས་སྒྲ་མི་རྟག་པ་སྒྲུབ་པའི་ནུས་པ་ཡོད་དེ། ཁྱོད་དེ་སྐོར་གྱི་ཚུལ་གསུམ་བརྗོད་པའི་དེ་སྐོར་གྱི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། གཾཏན། སློབ་དཔོན་ཕྱོགས་གླང་ཆོས་ཅན། ཕྱོགས་ཚིག་ལ་བརྒྱུད་ནས་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པར་བཞེད་དེ། ཁྱོད་དེ་ལ་དཔག་བྱ་བསྟན་པ་ནི། གཏན་ཚིགས་དོན་གྱི་ཡུལ་དུ་འདོད། །ཅེས་པའི་མདོ་རྩོམ་པ་པོ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། གཏན་ཚིགས་འཇུག་པའི་སྒྲུབ་བྱེད་དགག ནུས་པ་འཇུག་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། གཾལ། གལ་ཏེ་སྒྲ་མི་རྟག་ཅེས་པའི་ཚིག་ཆོས་ཅན། ཁྱོད་ལ་བརྒྱུད་ནས་སྒྲ་མི་རྟག་པ་སྒྲུབ་པའི་ནུས་པ་ཡོད་དེ། ཁྱོད་ལ་བརྟེན་ནས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཀྱི་ཚིག་འཇུག་པའི་ཕྱིར་ཞེ་ན། དེཾ། སྒྲ་རྟག་གམ་མི་རྟག་སྙམ་པའི་ཐེ་ཚོམ་དང་། སྒྲ་རྟག་མི་རྟག་གང་རུང་གཅིག་ཤེས་པར་འདོད་པའི་ཤེས་འདོད་དང་། སྒྲ་རྟག་མི་རྟག་རྩོད་པར་བྱེད་པའི་སྐབས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། ཚིག་གི་ཞེས་པའི་ཁྱད་པར་ཡོད་དོ་ཞེ་ན། མིཾ། སྒྲ་རྟག་ཅེས་པའི་ཚིག་དེ་ཆོས་ཅན། དེར་ཐལ། ཚིག་དེའི་ཕྱིར། འདོད་ན། སྒྲ་མི་རྟག་པ་སྒྲུབ་པའི་སྒྲུབ་བྱེད་ཐུག་མེད་དུ་འགྱུར་རོ། །ནཾང་། དེས་ན་སྒྲ་མི་རྟག་པ་ཞེས་པའི་ཚིག་ཆོས་ཅན། ཁྱོད་ལ་བརྒྱུད་ནས་སྒྲ་མི་རྟག་པ་སྒྲུབ་པའི་ནུས་པ་མེད་དེ། ཁྱོད་ལས་སྒྲ་མི་རྟག་པ་བསྒྲུབ་པའི་ཚུལ་གསུམ་ལ་དྲན་པ་བསྐྱེད་མི་ནུས་པའི་ཕྱིར། གང་བྱས་ན་ཞེས་སོགས་ཀྱི་ཚིག་ཆོས་ཅན། ཆོས་རྟགས་ལྡོག གཉིས་པ་ནི། གལཾ། གལ་ཏེ་སྒྲུབ་ངག་ཡང་དག་གི་ཡན་ལག་ཏུ་ཕྱོགས་ཚིག་ངེས་པར་དགོས་ཏེ། རྟགས་ཀྱིས་ནུས་ཡུལ་དངོས་སུ་བསྟན་པ་མེད་པར་གཏན་ཚིགས་ཀྱིས་བསྒྲུབ་བྱ་སྒྲུབ་མི་ནུས་པའི་ཕྱིར་ཞེ་ན། ཁྱབཾ། རྟགས་ཀྱིས་བསྒྲུབ་བྱ་སྒྲུབ་ནུས་པ་ལ་བསྒྲུབ་བྱ་དངོས་སུ་བསྟན་མི་དགོས་པར་ཐལ། གང་བྱས་ན་ཞེས་སོགས་ཁྱབ་པ་སྔོན་འགྲོ་ཅན་དང་། སྒྲ་ནི་བྱས་པ་ཡིན། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་ནོ་ཞེས་ཕྱོགས་ཆོས་སྔོན་འགྲོ་ཅན་གཉིས་ཀ་ལ་བསྒྲུབ་བྱ་དངོས་སུ་སྟོན་པ་མེད་ཀྱང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེ་བར་འགྱུར་བའི་ཕྱིར། ཕྱོགཾས། འོ་ན་སྒྲུབ་ངག་ཡན་ལག་མ་ཚང་བའི་མཚན་གཞི་མེད་པར་འགྱུར་རོ་ཞེ་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་དངོས་སུ་མ་བསྟན་པས་སྒྲུབ་ངག་ཡན་ལག་མ་ཚང་བར་མི་འགྱུར་ཏེ། ཁྱོད་དངོས་སུ་མ་བསྟན་ཀྱང་གང་བྱས་ན་ཞེས་སོགས་ཀྱི་ངག་ལས་སྒྲ་མི་རྟག་པར་གྲུབ་པའི་ཕྱིར་དང་། བྱས་རྟགས་ཀྱིས་སྒྲ་མི་རྟག་པ་སྒྲུབ་པའི་ཚུལ་གསུམ་གང་རུང་གཅིག་མ་བརྗོད་ན་དེ་སྐོར་གྱི་སྒྲུབ་ངག་ཡན་ལག་མ་ཚང་བར་འགྱུར་བའི་ཕྱིར། གཉིས་པ་དེས་ན་གཞན་ལ་བཀོད་སྐྱོན་རང་ལ་མེད་པ་ནི། བསྒྲུབཾ། ཕྱོགས་ཚིག་སྒྲུབ་ངག་ཡང་དག་གི་ཡན་ལག་མིན་པར་བསྟན་པའི་རིགས་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། རིགས་པ་ཅན་པས་བསྒྲུབ་བྱ་བརྗོད་པ་དམ་བཅའི་མཚན་ཉིད་དུ་ཁས་བླངས་པ་ལ། ཕྱོགས་གླང་གིས་དཔེ་རྟགས་མ་གྲུབ་པར་བརྗོད་པའི་ཚིག་ཆོས་ཅན། དམ་བཅར་ཐལ། བསྒྲུབ་བྱ་བརྗོད་པའི་ཚིག་ཡིན་པའི་ཕྱིར། ཞེས་སྐྱོན་བརྗོད་པ་དེ་རང་ལ་མི་འཇུག་པར་བསྟན་པའི་ཕྱིར། ཅི་ལྟར་མི་འཇུག་ཅེ་ན། དཔེ་རྟགས་མ་གྲུབ་པ་བརྗོད་པའི་ཚིག་ཆོས་ཅན། ཤེས་བྱེད་སྐབས་ཀྱི་བསྒྲུབ་བྱ་བརྗོད་པའི་ཚིག་མིན་པར་ཐལ། ཤེས་བྱེད་སྐབས་ཀྱི་སྒྲུབ་བྱེད་བརྗོད་པའི་ཚིག་ཡིན་པའི་ཕྱིར། གལ་ཏེ་ཁྱོད་ལ་སྐྱོན་དེ་འཇུག་སྟེ། བསྒྲུབ་བྱ་ཁོ་ན་བརྗོད་པ་དམ་བཅའི་མཚན་ཉིད་ཡིན་ཞེས་ངེས་གཟུང་གི་ཁྱད་པར་མེད་པར་བསྒྲུབ་བྱ་བརྗོད་པ་ཙམ་དམ་བཅའི་མཚན་ཉིད་དུ་སྨྲས་པའི་ཕྱིར། ངེད་ངེས་གཟུང་གི་ཁྱད་པར་དང་བཅས་ཏེ་བརྗོད་པས་སྐྱོན་དེ་མི་འཇུག་གོ་ཞེ་ན། ཁྱདཾ། རིགས་པ་ཅན་པ་ཆོས་ཅན། ངེས་གཟུང་གི་ཁྱད་པར་བརྗོད་ཀྱང་སྔར་གྱི་སྐྱོན་དེ་འཇུག་སྟེ། ཁྱོད་ཀྱི་ལུགས་ལ་ཤེས་བྱེད་སྐབས་ཀྱི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་གཞི་མཐུན་ཡོད་པའི་ཕྱིར་ཏེ། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་ཁས་བླངས་པས་ཕྱོགས་སྒྲུབ་བྱེད་དུ་ཁས་བླང་དགོས་པའི་ཕྱིར། གཞཾན། ཤེས་བྱེད་སྐབས་ཀྱི་མ་གྲུབ་པ་ལས་གཞན་དུ་བསྒྲུབ་བྱ་བརྗོད་པ་ཙམ་དམ་བཅའི་མཚན་ཉིད་དུ་འདོད་ན། རྫ་མཁན་གྱིས་རྫ་བུམ་བྱའོ་ཞེས་པའི་ཚིག་ཆོས་ཅན། དམ་བཅར་ཐལ། བསྒྲུབ་བྱ་བརྗོད་པ་ཙམ་ཡིན་པའི་ཕྱིར། གཾལ། གལ་ཏེ་དཔེ་རྟགས་མ་གྲུབ་པ་བརྗོད་པ་ཆོས་ཅན། དམ་བཅར་ཐལ་བའི་སྐྱོན་མེད་དེ། སྒྲུབ་བྱེད་བརྗོད་པ་མིན་པའི་ཕྱིར་ཏེ། མ་གྲུབ་པ་བརྗོད་པའི་ཕྱིར་ཞེ་ན། ཕྱོགས་ཚིག་ཆོས་ཅན། ཕྱི་མ་དེར་ཐལ། དེའི་ཕྱིར། གསུམ་པ་ཕྱོགས་ཚིག་སྒྲུབ་བྱེད་ཡིན་པའི་རྩོད་ལན་དགག་པ་ནི། ལྟརཾ། རིགས་སྒོའི་འགྲེལ་བྱེད་གཞོན་ནུ་མང་ལེན་གྱི་བུ་ལ་སོགས་པའི་རིག་པ་ཅན་པ་ན་རེ། ཕྱོགས་ཚིག་ཆོས་ཅན། སྒྲུབ་བྱེད་ཡིན་ཏེ། ལྟར་སྣང་བ་དང་བཅས་པ་སྒྲུབ་པ་འགོད་པའི་དུས་སུ་བརྗོད་པའི་ཕྱིར་ཞེ་ན། མངོན་སུམ་གྱིས་མ་ངེས། ཚིག་གིས་ཞེས་པའི་ཁྱད་པར་ཡོད་དོ་ཞེ་ན། སུན་འབྱིན་གྱི་ཚིག་གིས་མ་ངེས་ཞེས་སོགས་ཀྱི་རྩོད་ལན་ཆོས་ཅན། མཁས་པས་བཞད་གད་ཀྱི་གནས་ཡིན་ཏེ། ཕྱོགས་སྔ་འབྲེལ་མེད་བཀོད་ནས་ལན་འབྲེལ་མེད་བཏབ་པའི་རྩོད་ལན་ཡིན་པའི་ཕྱིར། གཉིས་པ་རྨོངས་པ་སེལ་ཕྱིར་བསྒྲུབ་བྱ་བཤད་པ་ལ་གསུམ་སྟེ། རང་ལུགས་བསྒྲུབ་བྱའི་མཚན་ཉིད་བཤད། གཞན་ལུགས་བསྒྲུབ་བྱའི་མཚན་ཉིད་དགག ཕྱོགས་ལྟར་སྣང་བའི་དཔེ་ཡང་དགག་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་བསྟན་པའི་དགོས་པ་བཤད། དགོས་པ་ཅན་གྱི་མཚན་ཉིད་བསྟན་པའོ། །དང་པོ་ནི། ཚུལ་གསུམ་བརྗོད་པའི་ངག་ལས་བསྒྲུབ་བྱ་རྟོགས་པར་འགྱུར་ན། བསྟན་བཅོས་ལས་བསྒྲུབ་བྱའི་མཚན་ཉིད་བསྟན་པ་དགོས་པ་མེད་པར་འགྱུར་རོ་ཞེ་ན། སྒྲུབཾ། བསྟན་བཅོས་ལས་བསྒྲུབ་བྱའི་མཚན་ཉིད་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། གཞན་དོན་བསྒྲུབ་བྱ་ཡིན་པ་ལ་མིན་པ་དང་། མིན་པ་ལ་ཡིན་པར་རྨོངས་པའི་རྨོངས་པ་སེལ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། བསྒྲུབ་བྱ་འཇོག་བྱེད་ཚིག་བཞི་བཤད། ཡང་དག་འཇོག་བྱེད་མ་བསལ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཚིག་བཞིས་གཟུང་བའི་དོན་བཞི་བསྟན། ཕྱི་མ་གཉིས་པོ་རྒྱས་པར་བཤད་པའོ། །དང་པོ་ནི། ངོཾ་། ཚད་མ་མདོར་གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ལྔ་ལྡན་གསུངས་པའི་ནང་ནས་ངོ་བོ་དང་། ཁོ་ན་དང་། འདོད་པ་དང་། བདག་ཉིད་ཅེས་པའི་ཚིག་དང་པོ་བཞི་ཆོས་ཅན། གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཀྱི་ཟུར་བཞི་བསྟན་ཏེ། རིམ་པ་ལྟར་ཕྱིར་རྒོལ་གྱིས་མ་གྲུབ་པ་དང་། སྒྲུབ་བྱེད་དུ་བཀོད་བཞིན་པ་མིན་པ་དང་། ཞེ་བས་བསྒྲུབ་བྱ་འདོད་པ་དང་། སྐབས་ཀྱི་བསྒྲུབ་བྱ་ཁས་བླངས་པ་རྣམས་གཟུང་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་རྒྱས་པར་བཤད། རང་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ཞེ་འདོད་བསྒྲུབ་བྱ་ཡིན་པར་བསྟན། བསྒྲུབ་བྱ་མིན་ན་ཧ་ཅང་ཐལ། ཚུལ་དེས་ལོག་རྟོག་གཞན་ཡང་ཁེགས་པའོ། །དང་པོ་ལ་གསུམ་སྟེ། ཞེ་འདོད་བསྒྲུབ་བྱ་ཡིན་པའི་དཔེ། དེ་ལ་གཞན་གྱིས་རྩོད་པ་སྤོང་། དེ་ལྟར་བསྟན་པའི་དགོས་པ་བཤད་པའོ། །དང་པོ་ནི། མཾ། མདོར་གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་དུ་འདོད་པ་ཞེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྒོལ་བས་ངག་ཏུ་མ་བརྗོད་ཀྱང་། ཞེ་བས་འདོད་པའི་བསྒྲུབ་བྱ་དེ་སྐབས་ཀྱི་བསྒྲུབ་བྱ་ཡིན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། དཔེར་ན་གྲངས་ཅན་གྱི་མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། མིག་སོགས་བདག་དོན་བྱེད་པ་དེ་སྐབས་ཀྱི་བསྒྲུབ་བྱ་ཡིན་པ་བཞིན་ནོ། །གཉིས་པ་ནི། གཞཾན། འདོད་པ་ཅེས་པའི་རྒོལ་བས་ཞེ་བས་མི་འདོད་པ་བསྒྲུབ་བྱ་ཡིན་པ་ཁེགས་ན་རང་སྒྲ་དོན་མེད་དུ་འགྱུར་རོ་ཞེ་ན། མདོར་རང་ཉིད་ཅེས་པའི་སྒྲ་ཆོས་ཅན། དགོས་པ་ཡོད་དེ། ལུང་དོན་ཐམས་ཅད་སྐབས་ཀྱི་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་སེལ་བའི་ཆེད་ཡིན་པའི་ཕྱིར། རྒོལ་བས་ཞེ་འདོད་ཁོ་ན་བསྒྲུབ་བྱ་ཡིན་ན་འགལ་རྟགས་ཐམས་ཅད་ཞེ་འདོད་ལ་ལྟོས་ནས་གཅིག་ཏུ་འགྱུར་རོ་ཞེ་ན། དེཾ། འདུས་བསགས་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་མིག་སོགས་བདག་དོན་བྱེད་པར་སྒྲུབ་པའི་འགལ་རྟགས་བརྗོད་ཚུལ་ལ་ལྟོས་ནས་དུ་མར་འགྱུར་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྐོར་གྱི་འགལ་རྟགས་རེས་འགའ་ཆོས་ཀྱི་སྒོ་ནས་བརྗོད་པ་དང་། རེས་འགའ་ཆོས་ཅན་གྱི་སྒོ་ནས་བརྗོད་པ་དང་། རེས་འགའ་དེ་གཉིས་ཀྱི་ཁྱད་པར་གྱི་སྒོ་ནས་བརྗོད་པ་རྣམས་སུ་ཡོད་པའི་ཕྱིར། རྣམ་ངེས་དང་། རིགས་གཏེར་གྱི་ལུགས་སོ། །མཾ། གྲངས་ཅན་གྱིས་དེ་ལྟར་བཀོད་པའི་ཚེ། མིག་སོགས་བདག་དོན་བྱེད་པ་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པ་དེ་ཆོས་ཅན། ཁྱོད་རྟོགས་པའི་ཐབས་ཡོད་དེ། ཁྱོད་མིག་སོགས་བདག་དོན་བྱེད་པར་སྒྲུབ་པའི་སྐབས་ལས་རྟོགས་པར་འགྱུར་བའི་ཕྱིར། གསུམ་པ་ནི། དེཾ། གྲངས་ཅན་གྱིས་དེ་ལྟར་བཀོད་པའི་ཚེ། མིག་སོགས་བདག་དོན་བྱེད་པ་སྐབས་ཀྱི་བསྒྲུབ་བྱར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། འདུས་བསགས་ཀྱི་རྟགས་ཀྱིས་མིག་སོགས་བདག་དོན་བྱེད་པར་སྒྲུབ་པའི་ཆོས་དཔེ་ལ་རྗེས་འགྲོ་མེད་པ་དང་། གཏན་ཚིགས་འགལ་བའི་སྐྱོན་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། གཾལ། གལ་ཏེ་མིག་སོགས་བདག་དོན་བྱེད་པ་དེ་སྐབས་ཀྱི་བསྒྲུབ་བྱ་མིན་ན་འདུས་བསགས་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་སྐབས་ཀྱི་བསྒྲུབ་བྱ་མི་འཐད་པར་ཐལ། མིག་སོགས་བདག་དོན་བྱེད་པ་དེ་དེ་མིན་པ་གང་ཞིག མིག་སོགས་གཞན་དོན་བྱེད་པ་ཙམ་ལ་སྔར་རྒོལ་ཞེ་འདོད་མེད་ཅིང་། ཕྱིར་རྒོལ་དཔག་འདོད་མེད་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། གཉིས་བཅས་སྦྱོར་བ་སྐྱོན་ཅན་ཉིད་དུ་བསྒྲུབ། ཡང་དག་རྟགས་ལ་མཚུངས་པའི་རྩོད་པ་སྤང་། ཚུལ་དེས་ཉེས་པ་མེད་པ་གཞན་ཡང་གྲུབ་པའོ། །དང་པོ་ནི། འདིཾས། ཞེ་འདོད་སྐབས་ཀྱི་བསྒྲུབ་བྱ་བསྟན་པའི་རིགས་པ་ཆོས་ཅན། རྒྱང་འཕེན་པས་ལུས་སེམས་རྫས་གཅིག་ཏུ་སྒྲུབ་པར་འདོད་ནས། བུམ་པ་ཆོས་ཅན། ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་དང་བུམ་པ་གང་རུང་གི་ཟླ་བཅས་ཡིན་ཏེ། ཨུཏྤལ་མིན་པའི་དངོས་པོ་ཡིན་པའི་ཕྱིར། བུམ་ལྡན་གྱི་རྩིག་པ་བཞིན། ཞེས་པའི་སྦྱོར་བ་ལ་ཆོས་དཔེ་ལ་རྗེས་འགྲོ་མེད་པ་དང་། གཏན་ཚིགས་འགལ་བའི་སྐྱོན་བསྟན་པ་ཡིན་ཏེ། ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་ཀྱི་ཟླ་བཅས་དེ་སྦྱོར་བའི་སྒྲུབ་ཆོས་སུ་བསྟན་པའི་ཕྱིར། ཅིཾ། གལ་ཏེ་ལུས་བུམ་གང་རུང་གི་སྤྱིའི་ཟླ་བཅས་དེ་སྒྲུབ་ཆོས་ཡིན་པས་སྐྱོན་མེད་དོ་ཞེ་ན། དེཾ། བུམ་པ་ཆོས་ཅན། ཁྱོད་ལུས་ཀྱི་ཟླ་བཅས་མིན་བཞིན་དུ་ལུས་བུམ་གང་རུང་གི་སྤྱིའི་ཟླ་བཅས་ཡིན་ཞེས་པའི་ཚིག་བརྗོད་བྱས་སྟོང་པ་ཡིན་ཏེ། ཁྱོད་ལུས་ཀྱི་ཟླ་བཅས་ཡིན་ན་ཁྱོད་ལུས་བུམ་གང་རུང་གི་སྤྱིའི་ཟླ་བཅས་སུ་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་ནི། སྒྲཾ། སྒྲའི་འཇིག་པ་དང་། བུམ་པའི་འཇིག་པ་གང་སྒྲུབ་ཆོས་ཡིན་དཔྱད་ན། སྒྲ་འཇིག་པ་སྒྲུབ་པ་ལ་ཡང་སྔར་གྱི་སྐྱོན་དེ་མཚུངས་སོ་ཞེ་ན། མཾ། བྱས་པ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལ་གཉིས་བཅས་ཀྱི་སྦྱོར་བ་ལ་བཀོད་པའི་སྐྱོན་མཚུངས་པ་མ་ཡིན་པར་ཐལ། སྒྲ་བུམ་གང་རུང་གིས་ཁྱད་པར་དུ་མ་བྱས་པའི་མི་རྟག་པ་ཙམ་གྲུབ་པས། ཁྱོད་ཀྱིས་སྒྲ་ལ་མི་རྟག་པ་ཙམ་བསྒྲུབ་ནུས་པ་གང་ཞིག ལུས་བུམ་གང་རུང་གི་སྤྱིའི་ཟླ་བཅས་མེད་པའི་ཕྱིར། མིཾ། དེ་ལྟར་ན་ཡང་མི་རྟག་པ་དེ་བུམ་པ་ལ་རྗེས་འགྲོ་མེད་པར་ཐལ། སྒྲས་ཁྱད་པར་དུ་བྱས་པའི་ཕྱིར་ཞེ་ན། མིཾ། མི་རྟག་པ་ཆོས་ཅན། ཁྱོད་སྒྲས་ཁྱད་པར་དུ་བྱས་པའི་རྒྱུ་མཚན་གྱིས་བུམ་པ་ལ་རྗེས་འགྲོ་མེད་པ་མིན་པར་ཐལ། ཁྱོད་སྒྲ་ལ་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་གང་ཞིག མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་དེ་ཆོས་གཞན་ལ་རྗེས་འགྲོ་མེད་པར་མི་འགྱུར་བའི་ཕྱིར་རོ། །འཇིག་པ་ཙམ་སྔར་ནི་གྲུབ་ཟིན་པས་གྲུབ་ཟིན་སྒྲུབ་པའི་མ་གྲུབ་པར་འགྱུར་རོ་སྙམ་ན། དེཾ། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་གྲུབ་ཟིན་སྒྲུབ་པར་མི་འགྱུར་ཏེ། ཁྱོད་ཀྱིས་སྒྲ་ལ་མི་རྟག་པ་སྒྲུབ་པར་བྱེད་པའི་ཕྱིར། ཆོས་མ་འབྲེལ་བ་བཟློག་ཕྱིར་ཞེས་པའི་སྦྱོར་བ་དགོད་དོ། །གསུམ་པ་ནི། འདིཾས། སྒྲ་བུམ་གང་རུང་གིས་ཁྱད་པར་དུ་མ་བྱས་པས་འཇིག་ཙམ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཆོས་སུ་བསྟན་པ་ཆོས་ཅན། བྱས་པས་སྒྲ་ལ་སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་དང་། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་བཀག་པས་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་སུ་འགྱུར་བར་བསལ་བ་ཡིན་ཏེ། ཁྱད་པར་ཅན་དེ་གཉིས་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཆོས་མིན་པར་བསྟན་པའི་ཕྱིར། ཆོཾས། བྱས་པ་ཆོས་ཅན། ཁྱོད་ཀྱིས་སྒྲ་ལ་ཁྱད་པར་ཅན་དེ་གཉིས་བཀག་པས་ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་སུ་འགྱུར་བ་མ་ཡིན་ཏེ། ཁྱད་པར་ཅན་དེ་གཉིས་ཁྱོད་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཆོས་མིན་ཞིང་། མི་རྟག་པ་དེ་དེ་སྐོར་གྱི་སྒྲུབ་ཆོས་ཡིན་པའི་ཕྱིར། གཉིས་པ་རང་ཉིད་རྒྱས་པར་བཤད་པ་ལ་གསུམ་སྟེ། རང་གི་ལུགས་ཀྱི་དགོས་པ་བཤད། གཞན་གྱི་ལུགས་ཀྱི་དགོས་པ་དགག དགག་སྒྲུབ་གཉིས་ཀྱི་མཇུག་སྡུད་བསྟན་པའོ། །དང་པོ་ལ་གསུམ་སྟེ། རང་སྒྲའི་རྣམ་གཅད་དགོས་པ་བསྟན། རྣམ་གཅད་དོན་ཉིད་རྒྱས་པར་བཤད། རྒྱས་བཤད་གྲུབ་པའི་མཇུག་སྡུད་བསྟན་པའོ། །དང་པོ་ནི། ཆོཾས། མདོར་གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་དུ་བདག་ཉིད་ཅེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་ལུང་དོན་ཐམས་ཅད་སྐབས་ཀྱི་བསྒྲུབ་བྱ་ཡིན་པར་བཅད་ནས་རྒོལ་བས་ཞེ་འདོད་ཀྱི་ཚོགས་དོན་སྐབས་ཀྱི་བསྒྲུབ་བྱར་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གཞན་སྡེའི་ལུང་དོན་བསྒྲུབ་བྱར་འདོད་པ་དགག རང་སྡེའི་ལུང་དོན་བསྒྲུབ་བྱར་འདོད་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། གཾལ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་ལུང་དོན་ཐམས་ཅད་སྐབས་ཀྱི་བསྒྲུབ་བྱར་གཟུང་དགོས་ཏེ། རྒོལ་བས་བསྟན་བཅོས་ཁས་བླངས་པའི་ཕྱིར། དེས་ན་བྱས་པས་སྒྲ་ལ་རྟག་པ་ནམ་མཁའི་ཡོན་ཏན་ལྟ་བུའི་ལུང་དོན་གཅིག་བཀག་ན་ཡང་། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་འགལ་བ་དང་། དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། གཉིས་པ་ལ་གསུམ་སྟེ། གནོད་བྱེད་བརྗོད། སྒྲུབ་བྱེད་དགག རྩོད་པ་སྤོང་བའོ། །དང་པོ་ནི། སྒྲ།ཾ བྱས་པ་ཆོས་ཅན། དྲི་ལ་སའི་ཡོན་ཏན་བཀག་པས་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་སུ་འགྱུར་བར་ཐལ། དེ་བཀག་པས་ལུང་དོན་གཅིག་ལ་གནོད་པར་འགྱུར་བའི་ཕྱིར། གལ་ཏེ་དེ་བཀག་པས་དེ་སྐོར་གྱི་འགལ་རྟགས་སུ་མི་འགྱུར་ཏེ། དྲི་ལ་སའི་ཡོན་ཏན་སྒྲུབ་པ་སྐབས་མིན་པའི་ཕྱིར་ཞེ་ན། བྱས་པ་ཆོས་ཅན། སྒྲ་ལ་ནམ་མཁའི་ཡོན་ཏན་བཀག་པས་ཀྱང་། སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་སུ་འགྱུར་བ་མིན་པར་ཐལ། སྒྲ་ལ་ནམ་མཁའི་ཡོན་ཏན་སྒྲུབ་པ་སྐབས་མིན་པའི་ཕྱིར། ཅིཾ། གལ་ཏེ་ཆོས་ཅན་སྒྲ་སྐབས་སུ་བབས་པས་དེའི་ཆོས་ནམ་མཁའི་ཡོན་ཏན་སྒྲུབ་པ་ཡང་སྐབས་སུ་བབ་བོ་ཞེ་ན། བྱེ་བྲག་པ་ཆོས་ཅན། ནམ་མཁའི་ཡོན་ཏན་སྒྲའི་ཆོས་ཡིན་པའི་རྒྱུ་མཚན་གྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ། སྒྲ་ལ་ནམ་མཁའི་ཡོན་ཏན་སྒྲུབ་པ་སྐབས་སུ་བབས་པ་མིན་པར་ཐལ། ནམ་མཁའི་ཡོན་ཏན་ལུང་དོན་ཡིན་པའི་རྒྱུ་མཚན་གྱིས་སྒྲ་མི་རྟག་པ་སྒྲུབ་པའི་ཚེ། སྒྲ་ལ་ནམ་མཁའི་ཡོན་ཏན་སྒྲུབ་པ་སྐབས་སུ་བབས་པ་ཁས་བླངས་པ་གང་ཞིག དེ་ལྟར་ན་དྲི་ལ་སའི་ཡོན་ཏན་སྒྲུབ་པ་སྐབས་སུ་བབས་པས་སྐྱེན་སྤོང་མི་ནུས་པའི་ཕྱིར་རོ། །ཆོཾས། གལ་ཏེ་བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ན་ནམ་མཁའི་ཡོན་ཏན་ཆོས་ཅན། རྒོལ་བས་སྒྲུབ་ཆོས་སུ་འདོད་དགོས་ཏེ། ཆོས་ཅན་སྒྲའི་ཆོས་ཡིན་པའི་ཕྱིར་དང་། བསྒྲུབ་བྱ་སྤྱིའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེ་ན། སྒྲ་ནམ་མཁའི་ཡོན་ཏན་ཡིན་མིན་ལ་རྩོད་པ་བྱེད་པ་དང་། གང་རུང་གཅིག་ལ་སྒྲུབ་བྱེད་འགོད་པ་མེད་པར་སྒྲ་མི་རྟག་པ་སྒྲུབ་པའི་ཚེ། ནམ་མཁའི་ཡོན་ཏན་སྒྲུབ་ཆོས་སུ་འདོད་དགོས་སོ་ཞེས་པའི་དམ་བཅའ་ཆོས་ཅན། ཁྱོད་དམ་བཅའ་ཡང་དག་མ་ཡིན་ཏེ། ཁྱོད་ལ་རིགས་པ་ཡང་དག་གིས་གནོད་པའི་ཕྱིར། འབྲཾས། ཆོས་ཅན་གྱི་ཆོས་ཡིན་པ་སོགས་ཆོས་ཅན། ནམ་མཁའི་ཡོན་ཏན་སྒྲ་མི་རྟག་པར་སྒྲུབ་པའི་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་སྒྲུབ་པའི་འབྲས་རྟགས་མ་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྐོར་གྱི་ཁྱབ་པ་འཁྲུལ་པའི་ཕྱིར། མེཾད། བྱས་པ་ཆོས་ཅན། སྒྲ་ནམ་མཁའི་ཡོན་ཏན་ལ་གནོད་པས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ལ་གནོད་པ་མིན་པར་ཐལ། ནམ་མཁའི་ཡོན་ཏན་དེ་མི་རྟག་པའི་འབྲེལ་ཡུལ་མིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་བསྟན་བཅོས་ཁས་བླངས་དགག བསྒྲུབ་བྱ་ཐམས་ཅད་གཟུང་བ་དགག གྲུབ་དོན་གཏན་ཚིགས་འགལ་བ་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་སྟོབས་ཡུལ་ཉིད་བསྟན་བཅོས་ལ་མི་ལྟོས། ལུང་ལ་ལྟོས་ནས་བསྒྲུབ་བྱ་སྒྲུབ་པའི་དུས། ཀུན་ལ་བསྟན་བཅོས་དགོས་ན་ཧ་ཅང་ཐལ་བའོ། །དང་པོ་ནི། རྗེཾས། དངོས་སྟོབས་རྗེས་དཔག་ཆོས་ཅན། ཁྱོད་ཀྱི་ཡུལ་འགྲུབ་པ་ལུང་སྒྲུབ་བྱེད་དུ་ཁས་ལེན་པ་ལ་ལྟོས་པ་མ་ཡིན་ཏེ། ཁྱོད་ཀྱི་ཡུལ་དངོས་སྟོབས་རྗེས་དཔག་གིས་གཙོ་བོར་གྲུབ་པའི་ཕྱིར། ཁྱབ་སྟེ། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་འགྲུབ་པ་ལུང་ལ་མི་ལྟོས་པར་བཤད་ཟིན་པའི་ཕྱིར། དེཾ། འོ་ན་ལུང་སྔར་ཚད་མར་ཁས་བླངས་ནས་ཕྱིས་དངོས་སྟོབས་རྗེས་དཔག་གིས་གཞལ་བྱ་ལ་དཔྱོད་པའི་ཚེ། སྔར་གྱི་ཁས་ལེན་དོར་བར་འགྱུར་རོ་ཞེ་ན། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཆོས་ཅན། སྔར་ལུང་ཚད་མར་ཁས་བླངས་ནས་ཕྱིས་ཁྱོད་ལ་དཔྱོད་པའི་ཚེ་སྔར་གྱི་ཁས་ལེན་དོར་བར་མི་འགྱུར་ཏེ། སྔར་ནས་ཀྱང་ལུང་ཚད་མ་ཁྱོད་ཀྱི་སྒྲུབ་བྱེད་དུ་ཁས་བླངས་པ་མེད་པའི་ཕྱིར། འདིཾ། དངོས་སྟོབས་རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་གཞལ་བྱ་ལ་དཔྱོད་པའི་ཚེ་ལུང་ཡོད་ཀྱང་སྒྲུབ་བྱེད་ཚད་མ་མ་ཡིན་ཏེ། ཁྱོད་ལུང་ཚད་མ་ཡིན་མིན་དཔྱད་ནས་ཚད་མར་ཁས་ལེན་པའི་ཐབས་ཡིན་པའི་ཕྱིར། འོ་ན་ལུང་ཚད་མས་གང་ལ་གནོད་པ་ཡིན་ཞེ་ན། དེཾ། ཤིན་ལྐོག་ཆོས་ཅན། ཁྱོད་ལ་དཔྱོད་པའི་ཚེ་ལུང་ཚད་མ་དང་འགལ་ན་ལུང་ཚད་མས་གནོད་པར་འགྱུར་ཏེ། ཁྱོད་ལུང་ཚད་མ་སྒྲུབ་བྱེད་དུ་ཁས་ལེན་དགོས་པའི་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲུབ་བྱེད་དེས་གྲུབ་པའི་དོན་སྒྲུབ་བྱེད་དེ་དང་འགལ་བ་མི་རུང་བའི་ཕྱིར། གཉིས་པ་ནི། གནཾས། ཤིན་ལྐོག་ལ་དཔྱོད་པའི་ཚེ། ལུང་ཚད་མ་སྒྲུབ་བྱེད་དུ་ཁས་ལེན་པའི་སྐབས་དེར་ཡང་ཆོས་ཅན། རྟགས་ཚིག་དེས་བསྒྲུབ་བྱའི་ཆོས་དངོས་སམ། བསྒྲུབ་བྱའི་ཆོས་ཀྱི་འབྲེལ་ཡུལ་ལ་གནོད་ན་འགལ་རྟགས་སུ་འགྱུར་བ་ཡིན་གྱི། འབྲེལ་མེད་ཀྱི་ཆོས་གཞན་ལ་གནོད་པས་འགལ་རྟགས་སུ་མི་འགྱུར་ཏེ། གཞན་དུ་ན་འགལ་རྟགས་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། དཔྱོདཾ། གཞལ་བྱའི་གནས་ཆོས་ཅན། ཁྱོད་ཐམས་ཅད་ལ་ལུང་སྒྲུབ་བྱེད་དུ་ཁས་ལེན་དགོས་པ་མི་འཐད་པར་ཐལ། དེ་འཐད་ན། གྲུབ་མཐའ་ལ་མ་ཞུགས་པའི་སྐྱེ་བོས་དུ་བའི་རྟགས་ལས་མེ་མི་རྟོགས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གལ་ཏེ་དེས་ཀྱང་ལུང་སྒྲུབ་བྱེད་དུ་ཁས་བླངས་པ་ཡིན་ནོ་ཞེ་ན། སྐྱེ།ཾ གྲུབ་མཐའ་མེད་པའི་སྐྱེ་བོ་ཆོས་ཅན། ལུང་སྒྲུབ་བྱེད་ཁས་ལེན་པ་མིན་པར་ཐལ། ལུང་དང་ངོ་བོ་ཉིད་ཀྱིས་འབྲེལ་པ་གྲུབ་པ་ཡང་མིན། ལུང་ཁས་བླངས་པའི་ཡོན་ཏན་དང་། ཁས་མ་བླངས་པའི་ཉེས་པ་མཐོང་བ་ཡང་མིན་པའི་ཕྱིར། གཉིས་པ་བསྒྲུབ་བྱ་ཐམས་ཅད་གཟུང་བ་དགག་པ་ལ་བཞི་སྟེ། ལུང་དོན་བསྒྲུབ་བྱར་གཟུང་ན་ཧ་ཅང་ཐལ། ལུང་དོན་ཁས་བླངས་མེད་ཀྱང་བསྒྲུབ་བྱ་འགྲུབ། ལུང་དོན་མེད་ཀྱང་གཏན་ཚིགས་སྐྱོན་ཅན་མིན། ལུང་དོན་མེད་ཀྱང་རྒོལ་བ་སྐྱོན་ཅན་མིན་པའོ། །དང་པོ་ནི། གཾལ། གཞལ་བྱའི་གནས་ཀུན་ལ་ལུང་སྒྲུབ་བྱེད་དུ་ཁས་ལེན་དགོས་ཏེ། གཏན་ཚིགས་གཅིག་པོ་ལ་ལུང་དོན་ཀུན་གྱིས་ཁྱབ་པ་དཔེ་ལ་སྟོན་པ་ཁོ་ན་སྒྲུབ་བྱེད་དུ་འགྱུར་བའི་ཕྱིར་ཞེ་ན། འཇིག་རྟེན་ན་རྟགས་ཡང་དག་མི་སྲིད་པར་ཐལ། ལུང་དོན་ཀུན་གྱིས་ཁྱབ་པར་ངེས་པའི་རྟགས་ཡང་དག་མི་སྲིད་པའི་ཕྱིར། འབྲེཾལ། སྒྲ་ཆོས་ཅན། ཁྱོད་ལ་ནམ་མཁའི་ཡོན་ཏན་མ་གྲུབ་པས་མི་རྟག་པ་མ་གྲུབ་པར་མི་འགྱུར་བར་ཐལ། མི་རྟག་པ་དང་ནམ་མཁའི་ཡོན་ཏན་ལ་འབྲེལ་པ་མེད་པའི་ཕྱིར། དེཾ། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སྐྱོན་ཅན་མིན་ཏེ། སྒྲ་མི་རྟག་པ་སྒྲུབ་ནུས་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་ནི། ཆོཾས། རྟགས་ཡང་དག་ཡིན་ན་ཆོས་ཅན་གྱི་ཆོས་སུ་བཤད་པའི་ལུང་དོན་ཀུན་གྱིས་ཁྱབ་མི་དགོས་པར་ཐལ། ལུང་དོན་ཁས་མ་བླངས་པའི་སྐྱེ་བོས་ཚིག་སྨྲ་བའི་རྟགས་ལས་ཚིག་སྨྲ་བའི་ལྷས་བྱིན་སེམས་ལྡན་དུ་རྟོགས་པར་ཡོད་པའི་ཕྱིར། གསུམ་པ་ནི། མིཾ། བྱས་པ་ཆོས་ཅན། ལུང་དོན་འགའ་ཞིག་ལ་གནོད་པའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་མི་འགྱུར་བར་ཐལ། དེ་ལ་གནོད་ཀྱང་དེ་སྒྲུབ་པ་ལ་མི་འཁྲུལ་བའི་གཏན་ཚིགས་ཡིན་པའི་ཕྱིར། མེ་དུ་ལ་ཡང་སྦྱར་རོ། །གལ་ཏེ་དེ་ལུང་དོན་ཤེས་པའི་རྒོལ་བའི་ངོར་གཏན་ཚིགས་ཡང་དག་མིན་ནོ་ཞེ་ན། དེཾ། ལུང་དོན་ཤེས་པའི་རྒོལ་བ་ཆོས་ཅན། ཁྱོད་ཀྱིས་བྱས་པའི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པར་འགྱུར་བ་ཡིན་པར་ཐལ། ཁྱོད་ཀྱི་ངོར་དེ་དེ་སྐོར་གྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། བཞི་པ་ནི། སྒྲ་མི་རྟག་སྒྲུབ་པ་ལ་བྱས་པ་རྟགས་སུ་འགོད་མཁན་གྱི་རྒོལ་བ་དེ་རྒོལ་བ་སྐྱོན་ཅན་ཡིན་ཏེ། ལུང་དོན་ལ་གནོད་པའི་གཏན་ཚིགས་བརྗོད་པའི་ཕྱིར་ཞེ་ན། གཏཾན། དེ་འདྲའི་རྒོལ་བ་དེ་ཆོས་ཅན། དེ་སྒྲུབ་ལ་དེ་རྟགས་སུ་བཀོད་པའི་ཆ་ནས་ཉེས་པ་མ་བྱས་པར་ཐལ། དེ་སྒྲུབ་ལ་དེ་གཏན་ཚིགས་སུ་བརྗོད་པས་དེ་ལུང་དོན་ལ་གནོད་བྱེད་དུ་བསྐྱེད་པ་མ་ཡིན་པའི་ཕྱིར་ཏེ། དེ་གྲུབ་ལ་དེ་གཏན་ཚིགས་སུ་མ་བརྗོད་ཀྱང་དེས་ལུང་དོན་ལ་ངོ་བོ་ཉིད་ཀྱིས་གནོད་པའི་ཕྱིར། གནོཾད། གལ་ཏེ་སྔར་བསྟན་བཅོས་ཁས་བླངས་ནས་ཕྱིས་དེ་ལ་གནོད་བྱེད་ཀྱི་རྟགས་བརྗོད་པའི་ཕྱིར་རྒོལ་བ་སྐྱོན་ཅན་ཡིན་ནོ་ཞེ་ན། རྒོལ་བ་ཆོས་ཅན། བྱས་པ་རྟགས་སུ་བཀོད་པའི་ཆ་ནས་རྒོལ་བ་སྐྱོན་ཅན་མིན་པར་ཐལ། བྱས་པ་རྟགས་སུ་བརྗོད་པའི་ཆ་ནས་མི་རིགས་པ་མ་བྱས་པའི་ཕྱིར། གལ་ཏེ་གཏན་ཚིགས་ལྟར་སྣང་བརྗོད་མཁན་གྱི་རྒོལ་བ་དེ་ཡང་རྒོལ་བ་སྐྱོན་ཅན་མིན་པ་མཚུངས་སོ་ཞེ་ན། གཏཾན། གཏན་ཚིགས་ལྟར་སྣང་འགོད་མཁན་གྱི་རྒོལ་བ་ཆོས་ཅན། རྒོལ་བ་སྐྱོན་ཅན་དུ་འགྱུར་ཏེ། སྒྲུབ་བྱེད་སྐྱོན་མེད་འགོད་པ་སྐབས་སུ་བབས་བཞིན་དུ་སྒྲུབ་བྱེད་ལྟར་སྣང་འགོད་པའི་རྒོལ་བ་ཡིན་པའི་ཕྱིར། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་འགོད་མཁན་གྱི་རྒོལ་བ་ཆོས་ཅན། རྒོལ་བ་སྐྱོན་ཅན་མ་ཡིན་ཏེ། བསྒྲུབ་བྱ་སྒྲུབ་ནུས་ཀྱི་གཏན་ཚིགས་འགོད་པའི་རྒོལ་བ་ཡིན་པའི་ཕྱིར། གསུམ་པ་ནི། གཾལ། གཏན་ཚིགས་དེས་ལུང་དོན་གཅིག་བཀག་པས་ལུང་དོན་མ་ལུས་པ་བཀག་པར་སྨྲ་བ་པོའི་རྒོལ་བ་དེ་ཆོས་ཅན། རྒྱལ་རིགས་ངན་པ་དང་ཆོས་མཚུངས་ཏེ། མི་རིགས་པ་གཅིག་བཀག་པས་རིགས་པ་རྣམས་བཀག་པར་ཁས་བླངས་པའི་རྒོལ་བ་ཡིན་པའི་ཕྱིར་རོ། །དོཾན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་བསྒྲུབ་བྱ་ཡང་དག་དང་། ཁྱོད་ཀྱི་སྒྲུབ་བྱེད་ཡང་དག་གི་རྣམ་གཞག་མི་སྲིད་པར་ཐལ། ཁྱོད་སྒྲུབ་པའི་ཚེ་ལུང་དོན་ཐམས་ཅད་སྒྲུབ་མི་ནུས་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ལ་གཉིས་ཏེ། འགལ་ལ་མི་འཁྲུལ་རྟགས་སྐྱོན་མིན་པ་སྤང་། དེ་ལ་གཞན་ལན་ལྟར་སྣང་བརྗོད་པ་དགག་པའོ། །དང་པོ་ནི། གལ་ཏེ་སྒྲ་ལ་ནམ་ཡོན་བཀག་པས་མི་རྟག་པ་ལ་མི་གནོད་ན། རྟག་མི་རྟག་གང་རུང་ཚད་མས་ངེས་ན་ཡང་ཅིག་ཤོས་ལ་མི་གནོད་པ་མཚུངས་སོ་ཞེ་ན། ཆོཾས། སྒྲ་ཆོས་ཅན། ཁྱོད་ལ་རྟག་པ་ནམ་ཡོན་བཀག་པས་མི་རྟག་པ་ལ་མི་གནོད་པ་དང་། རྟག་མི་རྟག་གང་རུང་ཚད་མས་ངེས་ན་ཅིག་ཤོས་ལ་མི་གནོད་པ་གཉིས་མི་མཚུངས་པར་ཐལ། ཁྱོད་ལ་རྟག་མི་རྟག་གཞི་མཐུན་དུ་འདུ་བར་མི་རུང་ཞིང་། རྟག་པ་ནམ་ཡོན་བཀག་པ་དང་མི་རྟག་པ་གཉིས་གཞི་མཐུན་དུ་འདུ་བར་རུང་བའི་ཕྱིར། གཉིས་པ་ནི། དེཾ། བྱས་པ་ཆོས་ཅན། མི་རྟག་པ་ནམ་མཁའི་ཡོན་ཏན་ལ་འབྲེལ་པ་མེད་ཀྱང་། སྒྲ་ལ་ནམ་མཁའི་ཡོན་ཏན་བཀག་པས་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་སུ་འགྱུར་ཏེ། དེ་བཀག་པས་གཟེགས་ཟན་གྱི་ལུང་དོན་གཅིག་ལ་གནོད་པའི་ཕྱིར་ཞེ་ན། བྱས་པ་སོགས་ཀྱི་གཏན་ཚིགས་ཐམས་ཅད་ཆོས་ཅན། དྲི་རྟག་པ་ས་ཡོན་ལ་གནོད་པས་ཀྱང་བསྒྲུབ་བྱ་ཐམས་ཅད་ལ་གནོད་པར་ཐལ། དེ་ལ་གནོད་པས་གཟེགས་ཟན་གྱི་ལུང་དོན་གཅིག་ལ་གནོད་པའི་ཕྱིར། འབྲེཾལ། གལ་ཏེ་ནམ་མཁའི་ཡོན་ཏན་སྒྲ་ལ་འབྲེལ་པ་གྲུབ་ཅིང་། སའི་ཡོན་ཏན་སྒྲ་ལ་འབྲེལ་པ་མ་གྲུབ་པས་མི་མཚུངས་སོ་ཞེ་ན། བྱས་པ་ཆོས་ཅན། སྒྲ་ལ་ནམ་མཁའི་ཡོན་ཏན་བཀག་པས་དེ་སྐོར་གྱི་འགལ་རྟགས་སུ་མི་འགྱུར་ཏེ། སྒྲ་ནམ་མཁའི་ཡོན་ཏན་དེ་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་མིན་པའི་ཕྱིར། ཁྱབ་སྟེ། རང་གི་བསྒྲུབ་བྱ་སྒྲུབ་ནུས་མི་ནུས་ཀྱི་སྒོ་ནས་རྟགས་ཡོན་ཏན་ཅན་དང་སྐྱོན་ཅན་དུ་འཇོག་པ་ཡིན་གྱི། གཞན་གྱི་བསྒྲུབ་བྱ་ལ་ལྟོས་ནས་མིན་པའི་ཕྱིར། མེཾད། བྱས་པ་ཆོས་ཅན། ཁྱོད་ཀྱིས་དྲི་ལ་སའི་ཡོན་ཏན་བཀག་པས་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་སུ་འགྱུར་བར་མཚུངས་པར་ཐལ། ཁྱོད་ཀྱིས་སྒྲ་ལ་ནམ་མཁའི་ཡོན་ཏན་བཀག་པས་གཟེགས་ཟན་གྱི་ལུང་དོན་ལ་གནོད་པའི་རྒྱུ་མཚན་གྱིས་དེ་སྐོར་གྱི་འགལ་རྟགས་སུ་འགྱུར་བ་ཡིན་པའི་ཕྱིར། གཉིས་པ་རང་སྡེས་ལུང་དོན་བསྒྲུབ་བྱར་འདོད་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། གལཾ། ཀུན་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག རྒོལ་བས་བསྟན་བཅོས་ཚད་མར་ཁས་བླངས་ན་བསྟན་བཅོས་དེའི་ལུང་དོན་མ་ལུས་པ་སྐབས་ཀྱི་བསྒྲུབ་བྱར་འདོད་དགོས་སོ་ཞེ་ན། གཉིས་པ་ལ་གཉིས་ཏེ། མ་གྲུབ་བརྗོད་པ་དམ་བཅར་ཐལ། རང་སྒྲ་སྨོས་པ་དོན་མེད་འགྱུར་བའོ། །དང་པོ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། དཔེཾ། རྒོལ་བས་ཁས་བླངས་པའི་བསྟན་བཅོས་ལས་བཤད་པའི་དཔེ་རྟགས་མ་གྲུབ་པ་ཆོས་ཅན། ཁྱོད་སྨྲ་བའི་ཚིག་དེ་སྐབས་ཀྱི་དམ་བཅར་ཐལ། ཁྱོད་རྒོལ་བས་སྐབས་ཀྱི་བསྒྲུབ་བྱར་འདོད་པའི་ཕྱིར། གཉིས་པ་ནི། གཾལ། དེ་ཆོས་ཅན། སྐབས་ཀྱི་བསྒྲུབ་བྱ་མ་ཡིན་ཏེ། ཁྱོད་སྐབས་ཀྱི་བསྒྲུབ་བྱ་ཡིན་པ་གཅད་པའི་ཆེད་དུ་འདོད་པ་ཞེས་པའི་ཚིག་སྨྲོས་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ཁྱོད་སྐབས་ཀྱི་བསྒྲུབ་བྱ་ཡིན་པར་འདོད་པ་ཞེས་པའི་ཚིག་གིས་གཅོད་མི་ནུས་པར་ཐལ། ཁྱོད་དེ་ཡིན་པ་རིགས་པས་ཐོབ་པའི་ཕྱིར། མིཾ། གལ་ཏེ་དཔེ་རྟགས་མ་གྲུབ་པ་ཆོས་ཅན། སྐབས་ཀྱི་བསྒྲུབ་བྱ་མིན་ཏེ། སྐབས་ཀྱི་བསྒྲུབ་བྱ་རྒོལ་བས་མི་འདོད་པའི་ཕྱིར་ཞེ་ན། སྒྲ་ནམ་མཁའི་ཡོན་ཏན་ཆོས་ཅན། ཁྱོད་སྒྲ་མི་རྟག་པའི་བསྒྲུབ་བྱ་མིན་པར་ཐལ། ཁྱོད་རྒོལ་བས་དེར་མི་འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་གནོད་པས་སྒྲ་མི་རྟག་པ་སྒྲུབ་པའི་སྐབས་ཀྱི་བསྒྲུབ་བྱ་ལ་མི་གནོད་པར་ཐལ། འདོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། ཕྱོགཾས། ཕྱོགས་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་གྱིས་རང་ཉིད་ཅེས་པའི་སྒྲ་ཆོས་ཅན། དོན་མེད་དུ་འགྱུར་བར་ཐལ། ལུང་དོན་སྐབས་ཀྱི་བསྒྲུབ་བྱ་ཡིན་པ་མི་སེལ་བ་གང་ཞིག དེ་ལས་གཞན་པའི་དགོས་པ་མེད་པའི་ཕྱིར། གཉིས་པ་ནི། བསྟཾན། གལ་ཏེ་མ་གྲུབ་སྟེ། རྒོལ་བ་བསྟན་བཅོས་ལ་འདོད་པ་ཙམ་གྱིས་འཇུག་ལྡོག་བྱེད་ནུས་པ་ཤེས་པའི་ཆེད་དུ་རང་སྒྲ་སྨོས་པའི་ཕྱིར་ཞེ་ན། འོཾ། རྒོལ་བ་བསྟན་བཅོས་ལ་འདོད་པ་ཙམ་གྱིས་འཇུག་ལྡོག་བྱེད་པ་ཆོས་ཅན། ཁྱོད་ནུས་པ་ཤེས་པའི་ཆེད་དུ་རང་སྒྲ་སྨོས་པ་དོན་མེད་པར་ཐལ། ཁྱོད་མི་ནུས་སམ་སྙམ་པའི་དོགས་པ་རྒོལ་བ་རྟོགས་ལྡན་ལ་མེད་པའི་ཕྱིར། གལ་ཏེ་རྒོལ་བ་བསྟན་བཅོས་ལ་འདོད་པ་ཙམ་གྱིས་འཇུག་ལྡོག་བྱེད་པའི་ཆེད་དུ་སྨོས་སོ་ཞེ་ན། དེཾ། རྒོལ་བ་དབང་རྣོན་ཆོས་ཅན། རང་ཉིད་ཅེས་པའི་ཚིག་ལས་བསྟན་བཅོས་ལ་འཇུག་ལྡོག་བྱེད་པ་མིན་པར་ཐལ། བསྟན་བཅོས་ཀྱི་བརྗོད་བྱ་ཚད་མས་གྲུབ་མ་གྲུབ་དཔྱད་ནས་བསྟན་བཅོས་ལ་འཇུག་ལྡོག་བྱེད་པའི་ཕྱིར། དེཾ། རྒོལ་བ་དབང་རྟུལ་ཆོས་ཅན། རང་ཉིད་ཅེས་པའི་ཚིག་ལས་བསྟན་བཅོས་ལ་འཇུག་ལྡོག་བྱེད་པ་མིན་པར་ཐལ། རང་ཉིད་ཅེས་པའི་ཚིག་མ་སྨོས་ཀྱང་འདོད་པ་ཙམ་གྱིས་བསྟན་བཅོས་ལ་འཇུག་ལྡོག་བྱེད་པའི་ཕྱིར། གསུམ་པ་རྒྱས་བཤད་གྲུབ་པའི་མཇུག་སྡུད་བསྟན་པ་ནི། འདོཾད། ཕྱོགས་ཀྱི་མཚན་ཉིད་ཅེས་པའི་ཚིག་ཟུར་གྱིས་རང་ཉིད་ཅེས་པའི་སྒྲ་ཆོས་ཅན། ལུང་དོན་སྐབས་ཀྱི་བསྒྲུབ་བྱར་འདོད་པས་ལོག་རྟོག་སེལ་བའི་ཆེད་དུ་སྨོས་པ་ཡིན་ཏེ། ལུང་དོན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མེད་པ་སོགས་གསུམ་བསྟན་པའི་ཕྱིར། གཉིས་པ་གཞན་གྱི་རང་སྒྲའི་དགོས་པ་དགག་པ་ལ་གཉིས་ཏེ། གྲགས་པ་རྟེན་དུ་ཤེས་པའི་ཆེད་དུ་སྨོས་པ་དགག ཆོས་ཅན་བསྒྲུབ་བྱ་མིན་པར་ཤེས་པའི་ཆེད་དུ་སྨོས་པ་དགག་པའོ། །དང་པོ་ལ་འདོད་པ་བརྗོད་པ་ནི། གཞུཾང་། མདོའི་འགྲེལ་བྱེད་ཁ་ཅིག ཤེས་འདོད་ཆོས་ཅན་ཡིན་ན་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་གྲགས་པ་གཅིག་དགོས་སོ་ཞེས་ཤེས་པའི་ཆེད་དུ་རང་སྒྲ་སྨོས་སོ་ཞེ་ན། དེ་དགག་པ་ནི། དཔྱདཾ། ཤེས་འདོད་ཆོས་ཅན་ཡིན་ན་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་གྲགས་པ་གཅིག་དགོས་པ་ཆོས་ཅན། ཁྱོད་ཤེས་པའི་ཆེད་དུ་རང་སྒྲ་སྨོས་མི་དགོས་པར་ཐལ། རང་སྒྲ་མ་སྨྲོས་ཀྱང་ཁྱད་གཞིའི་སྟེང་དུ་ཁྱད་ཆོས་ལ་དཔྱད་པར་བྱས་པའི་སྐབས་ཀྱིས་ཁྱོད་ཤེས་པར་འགྱུར་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། གྲུབ་ཟིན་ཆོས་ཅན་བསྒྲུབ་བྱ་མིན་པར་དགོས་པ་ཡིན་པ་དགག གཞི་མེད་ཆོས་ཅན་བསྒྲུབ་བྱ་མིན་པར་དགོས་པ་ཡིན་པ་དགག་པའོ། །དང་པོ་ནི། ཅིཾ། གལ་ཏེ་རང་ཉིད་ཅེས་པའི་སྒྲས་གྲུབ་ཟིན་གྱི་ཆོས་ཅན་འབའ་ཞིག་བསྒྲུབ་བྱ་མིན་པར་བརྗོད་དོ་ཞེ་ན། རཾང་། ཕྱོགས་ཀྱི་མཚན་ཉིད་ཆོས་ཅན། ཕྱིར་རྒོལ་གྱིས་གྲུབ་ཟིན་པའི་ཆོས་ཅན་སྐབས་ཀྱི་བསྒྲུབ་བྱ་མིན་པར་ཤེས་པའི་ཆེད་དུ་ཁྱོད་ཀྱི་ཟུར་དུ་རང་ཉིད་སྨོས་མི་དགོས་པར་ཐལ། ཁྱོད་ཀྱི་ཟུར་དུ་ངོ་བོ་དང་ཁོ་ན་སྨོས་པས་དེ་ཤེས་པར་འགྱུར་བའི་ཕྱིར། གྲུཾབ། གཏན་ཚིགས་གྲུབ་སྟེ། ཁྱོད་ཀྱི་ཟུར་དུ་ངོ་བོ་དང་ཁོ་ན་སྨོས་པ་གང་ཞིག དེ་སྨོས་པ་ལ་དགོས་པ་ཡོད་ན། ཕྱིར་རྒོལ་གྱིས་གྲུབ་ཟིན་པ་དང་། སྒྲུབ་བྱེད་བཀོད་བཞིན་པ་སྐབས་ཀྱི་བསྒྲུབ་བྱ་ཡིན་པ་གཅད་པ་དེ་སྨོས་པའི་དགོས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཆོས་ཅན་བསྒྲུབ་བྱ་ཡིན་པ་གཞན་གྱིས་བསལ། ཆོས་ཅན་བསྒྲུབ་བྱར་བྱས་ན་ཕྱོགས་སྐྱོན་མིན། ཕྱོགས་སྐྱོན་ཡིན་ན་ཕྱོགས་ཀྱི་བསལ་བྱར་བསྟན་པའོ། །དང་པོ་ནི། གལ་ཏེ་གཙོ་བོ་ལ་སོགས་པ་མ་གྲུབ་པའི་ཆོས་ཅན་སྐབས་ཀྱི་བསྒྲུབ་བྱ་མིན་པར་ཤེས་པའི་ཆེད་དུ་རང་སྒྲ་སྨོས་སོ་ཞེ་ན། རྗེཾས། མ་གྲུབ་པའི་ཆོས་ཅན་དེ་ཆོས་ཅན། ཁྱོད་སྐབས་ཀྱི་བསྒྲུབ་བྱ་ཡིན་པ་སེལ་བའི་ཆེད་དུ་ཕྱོགས་ཀྱི་མཚན་ཉིད་ཀྱི་ཟུར་དུ་རང་སྒྲ་སྨོས་མི་དགོས་པར་ཐལ། དེ་མ་སྨོས་ཀྱང་རྗེས་སུ་དཔག་པ་དཔེ་དང་རྩོད་གཞི་གཉིས་ཀྱི་ཐུན་མོང་གི་ཆོས་ཡུལ་དུ་བྱེད་པར་བཤད་པས་ཁྱོད་སྐབས་ཀྱི་བསྒྲུབ་བྱ་མིན་པ་རྟོགས་པར་འགྱུར་བའི་ཕྱིར། གཉིས་པ་ནི། གཾལ། མ་གྲུབ་པའི་ཆོས་ཅན་བསྒྲུབ་བྱར་བྱས་ན་ཕྱོགས་སྐྱོན་ཅིར་འགྱུར་ཞེས་དྲིས་པས། དེ་རྟགས་ཀྱིས་སྒྲུབ་མི་ནུས་པའི་ཕྱིར་ཏེ། དེ་ཆོས་ཅན་དུ་བཟུང་ན་ཕྱོགས་ཆོས་མ་གྲུབ། ཆོས་སུ་བཟུང་ན་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར་ཞེ་ན། འདིཾ། ཕྱོགས་ཆོས་མ་གྲུབ་དང་། ཆོས་དཔེ་ལ་རྗེས་འགྲོ་མེད་པ་ཆོས་ཅན། སྐབས་ཀྱི་ཕྱོགས་སྐྱོན་མིན་པར་ཐལ། གཏན་ཚིགས་དང་དཔེའི་སྐྱོན་ཡིན་པའི་ཕྱིར། གལ་ཏེ་ཕྱོགས་སྐྱོན་ཡིན་ཏེ། ཕྱོགས་ཆོས་གྲུབ་པ་ལ་གནོད་པའི་ཕྱིར་ཞེ་ན། དེཾ། གཏན་ཚིགས་དང་དཔེའི་སྐྱོན་ཡིན་ན་ཕྱོགས་སྐྱོན་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་ཕྱོགས་ཆོས་གྲུབ་པ་ལ་གནོད་པས་ཁྱབ་པའི་ཕྱིར། དེཾ། ཕྱོགས་ཆོས་ཅན། སྒྲུབ་བྱེད་ཀྱི་སྐྱོན་དེ་ཁྱོད་ཀྱི་སྐྱོན་མ་ཡིན་ཏེ། ཁྱོད་དེའི་སྐྱོན་ཡིན་ན་སྒྲུབ་བྱེད་ལ་མ་ལྟོས་པ་དམ་བཅའ་ཙམ་དང་འབྲེལ་བའི་སྐྱོན་ཡིན་དགོས་པའི་ཕྱིར། དཔེར་ན་དམ་བཅས་པ་ཙམ་ཉིད་ན་མངོན་སུམ་སོགས་དང་འགལ་བ་ཕྱོགས་སྐྱོན་དུ་འཇུག་པ་བཞིན་ནོ། །གསུམ་པ་ལ་གསུམ་སྟེ། མ་ཁྱབ་ཁྱབ་ཆེས་བསལ་བྱར་བསྟན། རང་གཞུང་གཞན་དང་འགལ་བ་སྤང་། ངེས་གཟུང་དོན་མེད་འགྱུར་བ་སྤང་བའོ། །དང་པོ་ནི། རྒྱུ།ཾ ཕྱོགས་ཆོས་ཅན། གཏན་ཚིགས་དང་དཔེའི་སྐྱོན་དེ་ཁྱོད་ཀྱི་མཚན་ཉིད་ཀྱི་བསལ་བྱ་མིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་དེ་དེས་བསལ་བ་ལ་ལྟོས་པ་མེད་པར་ཕྱོགས་ཡང་དག་ལ་མ་ཁྱབ་ཁྱབ་ཆེས་བསལ་བའི་ཆེད་དུ་སྨོས་པའི་ཕྱིར། འོ་ན་གང་གིས་གང་བསལ་བ་ཡིན་ཞེ་ན། རཾང་། རང་ཉིད་དང་། ཁོ་ན་དང་། ངོ་བོ་དང་། མ་བསལ་བའི་སྒྲ་བཞི་པོ་ཆོས་ཅན། ཕྱོགས་ཡང་དག་ལ་ཁྱབ་ཆེས་སེལ་བར་བྱེད་དེ། ཕྱོགས་ཡང་དག་མིན་པ་ཡིན་པ་སེལ་བའི་ཕྱིར། འདོད་པའི་སྒྲ་ཆོས་ཅན། ཕྱོགས་ཡང་དག་ལ་མ་ཁྱབ་པ་སེལ་བར་བྱེད་དེ། ཞེ་འདོད་ཀྱི་ཚོགས་དོན་སྐབས་ཀྱི་བསྒྲུབ་བྱ་མིན་པ་སེལ་བར་བྱེད་པའི་ཕྱིར། གཉིས་པ་ནི། མ་ཁྱབ་ཁྱབ་ཆེས་སེལ་བ་ལ་མཚན་ཉིད་ལྔ་ལྡན་དགོས་ན། རིགས་སྒོར་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་འགྱུར་བ་འགལ་བའི་དོན་གྱིས་མ་བསལ་བ་དེ་ཡང་ཕྱོགས་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། བསྒྲུབཾ། བསྒྲུབ་བྱར་ཁས་བླངས་ཤིང་ཚད་མས་མ་བསལ་བ་དེ་ཆོས་ཅན། བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཡིན་ཏེ། དེས་རིགས་མི་མཐུན་ལྔ་ཆར་སེལ་ནུས་པའི་ཕྱིར། གསུམ་པ་ནི། ཀུན་བཏུས་ལས་གསུངས་པའི་རང་ཉིད་འདོད་པ་ཞེས་པའི་ཚིག་དེས། སྒྲུབ་བྱེད་དུ་བཀོད་བཞིན་པའི་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་ནུས་ན་ཁོ་ན་ཞེས་སྨོས་པ་ལ་དགོས་པ་མེད་པར་འགྱུར་ཞིང་། མི་ནུས་ན་རིགས་སྒོའི་འདོད་པ་ཞེས་པའི་ཚིག་ལའང་མཚུངས་སོ་ཞེ་ན། རཾང་། ཀུན་བཏུས་ཀྱི་ཕྱོགས་ཀྱི་མཚན་ཉིད་སྟོན་པའི་གཞུང་ཆོས་ཅན། ཁྱོད་ཀྱི་ཟུར་དུ་དཔེར་རྟགས་མ་གྲུབ་པ་སྐབས་ཀྱི་བསྒྲུབ་བྱ་ཡིན་པ་གཅད་པའི་ཆེད་དུ་ཁོ་ན་ཞེས་པའི་ཚིག་སྨོས་དགོས་ཏེ། ཁྱོད་བསྟན་བྱ་བ་དང་ཁྱད་གཞིར་འབྲེལ་པའི་ཕྱོགས་ཡང་དག་གི་མཚན་ཉིད་སྟོན་པའི་གཞུང་ཡིན་པའི་ཕྱིར། འདོཾད། ཀུན་བཏུས་ཀྱི་ཕྱོགས་ཀྱི་མཚན་ཉིད་སྟོན་པའི་གཞུང་འདིར་ཆོས་ཅན། འདོད་པའི་རྐྱེན་ནིཥྛ་ཞེས་པ་དེས་དཔེ་རྟགས་མ་གྲུབ་པར་སྐབས་ཀྱི་བསྒྲུབ་བྱ་ཡིན་པ་གཅོད་མི་ནུས་ཏེ། རྐྱེན་དེ་ཡང་བསྟན་བྱ་བ་དང་ཁྱད་གཞིར་འབྲེལ་བའི་ཕྱིར། རིགས་སྒོའི་འདོད་པ་འགྱུར་བ་ཞེས་པའི་གཞུང་འདི་ཆོས་ཅན། འདོད་པའི་རྐྱེན་ནིཥྛ་ཞེས་པ་དེས་དཔེ་རྟགས་མ་གྲུབ་པ་སྐབས་ཀྱི་བསྒྲུབ་བྱ་ཡིན་པ་གཅོད་ནུས་ཏེ། རྐྱེན་དེ་བསྟན་བྱ་བ་དང་ཁྱད་གཞི་མ་འབྲེལ་བའི་འདོད་རྐྱེན་ཡིན་པའི་ཕྱིར། གསུམ་པ་དགག་སྒྲུབ་གཉིས་ཀྱི་མཇུག་སྡུད་བསྟན་པ་ནི། བརྗོཾད། ཀུན་བཏུས་ཀྱི་ཕྱོགས་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་གྱི་རང་ཉིད་ཅེས་པའི་སྒྲ་ཆོས་ཅན། གྲགས་པ་ཆོས་ཅན་དུ་ཤེས་པ་སོགས་ཁྱོད་སྨོས་པའི་དགོས་པ་མིན་པར་ཐལ། ཁྱོད་དེ་ཤེས་པ་རྗོད་བྱེད་མིན་པའི་ཕྱིར། དེ་ཆོས་ཅན། ལུང་དོན་སྐབས་ཀྱི་བསྒྲུབ་བྱ་མ་ཡིན་པ་རྒོལ་བས་བསྒྲུབ་བྱར་ཁས་བླངས་པ་སྐབས་ཀྱི་བསྒྲུབ་བྱ་ཤེས་པའི་ཆེད་དུ་སྨོས་པ་ཡིན་ཏེ། ཁྱོད་དེ་ཤེས་པ་གཙོ་བོར་རྗོད་བྱེད་ཡིན་པའི་ཕྱིར། དེཾས། བྱས་པ་ཆོས་ཅན། སྒྲའི་སྟེང་དུ་ནམ་མཁའི་ཡོན་ཏན་ལ་གནོད་ཀྱང་སྒྲ་མི་རྟག་པ་དེ་ཁྱོད་ཀྱི་ཕྱོགས་སྐྱོན་མེད་དང་། ཁྱོད་དེ་ལྟར་སྒྲུབ་པའི་གཏན་ཚིགས་སྐྱོན་མེད་ཡིན་ཏེ། ཁྱོད་དེ་སྒྲུབ་ནུས་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་ཡང་དག་འཇོག་བྱེད་མ་བསལ་བ་བཤད་པ་ལ་གཉིས་ཏེ། བསྒྲུབ་བྱ་ཡང་དག་འཇོག་ལ་མ་བསལ་དགོས། ཚད་མས་བསལ་བ་ཕྱོགས་ཀྱི་སྐྱོན་དུ་བསྟན་པའོ། །དང་པོ་ནི། ཁཾས། རྒོལ་བ་ཆོས་ཅན། ཁྱོད་ཀྱིས་བསྒྲུབ་བྱར་ཁས་བླངས་པ་ཙམ་གྱིས་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་མ་ཡིན་ཏེ། ཁྱོད་ཀྱིས་བསྒྲུབ་བྱར་ཁས་བླངས་པ་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་ལ་ཚད་མས་མ་བསལ་བ་ཁྱོད་ཆོས་སུ་དགོས་པའི་ཕྱིར། ཅིའི་ཕྱིར་ཞེ་ན། ཚད་མས་བསལ་བ་ཞུགས་པའི་བསྒྲུབ་བྱ་ཁས་བླངས་པ་དེ་ཆོས་ཅན། ཁྱོད་གཏན་ཚིགས་ཀྱི་ནུས་པ་འཇུག་པའི་རྟེན་མ་ཡིན་ཏེ། གང་ལ་རྟགས་སུ་སོང་བའི་རྒོལ་བས་ཐེ་ཚོམ་མི་འཇུག་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཆོས་ཀྱི་ངོ་བོ་འགོག་པའི་བསལ་བ་བཤད། ཚུལ་དེས་ཁྱད་པར་འགོག་སོགས་སྐྱོན་དུ་གྲུབ་པའོ། །དང་པོ་ནི། ཚད་མ་མདོར། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པ་རང་རྟེན་ལའོ། །ཞེས་པའི་དོན་འགྲེལ་པ་ལ་གསུམ་སྟེ། སེལ་བྱེད་སྒོ་ནས་དབྱེ་བ་བསྟན། དབྱེ་བ་སོ་སོའི་རང་བཞིན་བཤད། བསལ་གཞི་རང་རྟེན་དགོས་པ་བཤད་པའོ། །དང་པོ་ནི། འོ་ན་སེལ་བྱེད་ཀྱི་ཚད་མ་གཉིས་ཡིན་པའི་ཕྱིར་བསལ་བའང་གཉིས་སུ་འགྱུར་རོ་ཞེ་ན། རྗེཾས། ཕྱོགས་གླང་ཆོས་ཅན། ཚད་མས་བསལ་བ་བཞིར་བཤད་པའི་རྒྱུ་མཚན་ཡོད་དེ། སེལ་བྱེད་རྗེས་དཔག་ལ་གསུམ་དུ་ཕྱེ་བའི་སྒོ་ནས་ཚད་མས་བསལ་བ་བཞིར་བཤད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཡིད་ཆེས་གྲགས་པའི་བསལ་བ་རྒྱས་པར་བཤད། དོན་དང་མཉན་བྱའི་མངོན་སུམ་བསལ་བ་བཤད་པའོ། །དང་པོ་ལ་གསུམ་སྟེ། སེལ་བྱེད་ཚད་མ་རྗེས་དཔག་ཁོངས་སུ་བསྡུ། བསལ་བ་གཉིས་ཀྱི་རང་བཞིན་སོ་སོར་བཤད། གནོད་ཚུལ་རྒྱས་པར་བསྟན་པའི་དགོས་པ་བཤད་པའོ། །དང་པོ་ནི། སེལ་བྱེད་རྗེས་དཔག་ལ་གསུམ་དུ་དབྱེ་ན། རྗེས་དཔག་ཕྱི་མ་གཉིས་གཏན་ཚིགས་གང་ལ་བརྟེན་ཞེ་ན། དེཾ། ཡིད་ཆེས་ཀྱི་ཚིག་ཆོས་ཅན། ཁྱོད་བཀའ་བརྒྱད་སྟོང་པ་རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བ་སྒྲུབ་པའི་འབྲས་རྟགས་ཡིན་ཏེ། ཁྱོད་དེ་སྐོར་གྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་གང་ཞིག རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་དེའི་འབྲས་བུ་ཡིན་པའི་ཕྱིར། རྟོག་ཡུལ་ན་ཡོད་པ་ཆོས་ཅན། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། གང་ཞིག ཟླ་སྒྲས་བརྗོད་རུང་དེ་དང་རང་བཞིན་གཅིག་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཡིད་ཆེས་ཀྱི་བསལ་བ་བཤད། གྲགས་པའི་བསལ་བ་བཤད་པའོ། །དང་པོ་ལ་གསུམ་སྟེ། ཚིག་གཉིས་གཅིག་ཏུ་སྡུད་པའི་མདོ་དོན་བཤད། བསལ་བ་གཅིག་ཏུ་སྟོན་པའི་མདོ་དོན་བཤད། ཡིད་ཆེས་ལོགས་སུ་བཤད་པའི་མདོ་དོན་བཤད་པའོ། །དང་པོ་ལ་གཉིས་ཏེ། ཚིག་གཉིས་གཅིག་ཏུ་སྡུད་པའི་རྒྱུ་མཚན་བཤད། ཚིག་གཉིས་གཅིག་ཏུ་སྡུད་པའི་དགོས་པ་བཤད་པའོ། །དང་པོ་ནི། ཡཾང་། མདོར་རང་ཚིག་དང་ལུང་ཚིག་གཉིས་ཡིད་ཆེས་ཞེས་གཅིག་ཏུ་བསྡུས་ནས་བཤད་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་མཚན་ཡོད་དེ། རང་ཚིག་རྣམ་དག་དང་། ལུང་ཚིག་རྣམ་དག་གཉིས་ཡིད་ཆེས་ཀྱི་གནས་སུ་མཚུངས་པ་དེ་ཁྱོད་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར། གཉིས་པ་ནི། ཇིཾ། དེ་ཆོས་ཅན། དགོས་པ་ཡོད་དེ། རང་ཚིག་སྨྲས་པ་ཙམ་གྱིས་བརྗོད་བྱ་ངེས་པའི་ཚད་མ་ཡོད་པར་དོན་གྱིས་ཁས་བླངས་པ་དང་། ལུང་གིས་གྲུབ་པའི་ཆོས་ཅན་ཁས་བླངས་པ་ཉིད་ཀྱིས་ལུང་ཚད་མར་ཁས་བླངས་པ་མཚུངས་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། དེ་མཚུངས་པར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ལུང་ཚིག་རྣམ་དག་དེ་ལུང་གིས་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་རང་འགལ་གྱི་དམ་བཅའི་ཞེན་དོན་ལ་གནོད་བྱེད་ཡིན་ནོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དེཾ། ཕྱོགས་གླང་ཆོས་ཅན། བསྟན་བཅོས་དང་། རང་ཚིག་གཉིས་དང་འགལ་བའི་དཔེ་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་གཅིག་ཏུ་སྡུད་པའི་རྒྱུ་མཚན་ཡོད་དེ། ལུང་ཚིག་དང་། རང་ཚིག་རྣམ་དག་ཡིད་ཆེས་ཀྱི་གནས་སུ་མཚུངས་པའི་རྒྱུ་མཚན་གྱིས་དེ་ལྟར་བསྡུས་པའི་ཕྱིར། ཚཾད། ལུང་དང་རང་ཚིག་ཆོས་ཅན། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་པ་དེ་ཁྱོད་གཉིས་ཀ་དང་འགལ་བའི་དཔེ་གྲུབ་སྟེ། དེས་སྤྱིར་ཚད་མ་མེད་ན་ཁྱོད་གཉིས་ཀ་ཚད་མར་མི་རུང་བར་བསྟན་ནུས་པའི་ཕྱིར། རཾང་། གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་པ་དམ་བཅས་པའི་དམ་བཅའ་ཆོས་ཅན། རང་ཚིག་དང་འགལ་བའི་དམ་བཅའ་རྣམས་གསལ་བྱེད་ཀྱི་དཔེ་ཡིན་ཏེ། དངོས་སུ་ཚད་མ་མེད་པར་དམ་བཅས་ནས་ཤུགས་ལ་རང་ཉིད་ཚད་མ་ཅན་དུ་དམ་བཅས་པའི་དམ་བཅའ་ཡིན་པའི་ཕྱིར། དེ་ཆོས་ཅན། ལུང་ཚིག་དང་འགལ་བའི་དམ་བཅའི་ཕྱོགས་ཙམ་མཚོན་པའི་དཔེ་ཡིན་ཏེ། སྔར་ལུང་ཚད་མ་ཅན་དུ་ཁས་བླངས་ནས་ཕྱིས་ཚད་མ་མེད་པར་དམ་བཅས་པའི་དམ་བཅའ་གང་ཞིག རང་གི་ལོག་ཕྱོགས་ལུང་ཁོ་ནས་འགྲུབ་པ་མིན་པའི་ཕྱིར། དཀར་པོའི་ཕྱོགས་ཀྱི་ཆོས་ལས་མ་འོངས་པ་ན་བདེ་བ་མི་འགྲུབ་པར་དམ་བཅས་པའི་དམ་བཅའ་ཆོས་ཅན། ལུང་ཚིག་དང་འགལ་བའི་དམ་བཅའི་རྣམ་གསལ་གྱི་དཔེ་ཡིན་ཏེ། ལུང་ཁོ་ནས་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་ལུང་ཚད་མ་དང་འགལ་བ་དམ་བཅས་པའི་དམ་བཅའ་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། ལུང་ཚིག་ལོགས་སུ་གསུངས་པའི་དགོས་པ་བཤད། རང་ཚིག་ལོགས་སུ་གསུངས་པའི་དགོས་པ་བཤད། དགོས་པ་དང་པོའི་དོན་ལ་རྩོད་པ་སྤོང་བའོ། །དང་པོ་ནི། དེཾ། སྒྲ་ཆོས་ཅན། ཁྱོད་རྟག་སྟོན་གྱི་བསྟན་བཅོས་དང་། ཚད་མས་མ་གྲུབ་བཞིན་དུ་ཁྱོད་མི་རྟག་པར་དམ་བཅས་པའི་དམ་བཅའ་གཉིས་པོ་ཕན་ཚུན་གེགས་བྱེད་ཙམ་ཡིན་གྱི། གནོད་བྱེད་མ་ཡིན་ཏེ། དེ་གཉིས་དམ་བཅའ་འགལ་བ་ནུས་མཚུངས་ཡིན་པའི་ཕྱིར། དཔེར་ན་ཁོ་བོའི་མ་མོ་གཤམ་མོ་ཞེས་པའི་རང་ཚིག་སྔ་ཕྱི་འགལ་བ་བཞིན་ནོ། །དེཾ། སྔར་སྒྲ་རྟག་སྟོན་གྱི་བསྟན་བཅོས་ཁས་བླངས་པའི་ཚིག་དེ་ཡང་ཆོས་ཅན། རང་ཚིག་ཡིན་ཏེ། དངོས་སྟོབས་ཀྱིས་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་ལོག་ཕྱོགས་དམ་བཅས་པའི་ཚིག་ཡིན་པའི་ཕྱིར། དེཾ། ཚད་མས་གྲུབ་པའི་སྒོ་ནས་སྒྲ་མི་རྟག་པར་དམ་བཅས་པའི་དམ་བཅའ་ཆོས་ཅན། ཁྱོད་སྒྲ་རྟག་པར་དམ་བཅས་པའི་དམ་བཅའ་ལ་གནོད་བྱེད་ཡིན་ཏེ། ཁྱོད་དང་དེ་གཉིས་གཞི་གཅིག་ལ་ཆོས་འགལ་བ་དམ་བཅས་པའི་དམ་བཅའ་གང་ཞིག ཁྱོད་རྒྱབ་རྟེན་ཚད་མ་དང་བཅས་པའི་ཕྱིར། དེཾ། གཞན་དུ་ལུང་ཁོ་ནས་གནོད་ན་སྒྲ་རྟག་སྟོན་གྱི་ལུང་ཆོས་ཅན། སྒྲ་མི་རྟག་པར་དམ་བཅས་པའི་དམ་བཅའ་ལ་མི་གནོད་པར་ཐལ། ཁྱོད་རྒྱབ་རྟེན་ཚད་མ་དང་བྲལ་བའི་ལུང་ཡིན་པའི་ཕྱིར། ལུཾང་། དེ་ཆོས་ཅན། ཁྱོད་ལུང་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་རང་འགལ་གྱི་དམ་བཅའ་ལ་གནོད་བྱེད་མ་ཡིན་པར་ཐལ། ཁྱོད་ལུང་ཚད་མ་ཡིན་པ་བཀག་ཟིན་པའི་ཕྱིར། འོ་ན་ལུང་ཚད་མས་གནོད་པའི་ཡུལ་མེད་དམ་ཞེ་ན། དེཾ། དཀར་ཆོས་སྤྱད་པ་ལས་བདེ་བ་མི་འབྱུང་བར་དམ་བཅས་པའི་དམ་བཅའ་ཆོས་ཅན། ཁྱོད་ལ་ལུང་ཚད་མས་གནོད་པར་འགྱུར་ཏེ། ཁྱོད་ལུང་ཚད་མས་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་ལུང་ཚད་མ་དང་འགལ་བའི་ཆོས་དམ་བཅས་པའི་དམ་བཅའ་ཡིན་པའི་ཕྱིར། དེཾས། ཡིད་ཆེས་རྗེས་དཔག་ཆོས་ཅན། རྗེས་དཔག་ཙམ་ལས་ཕྱི་རོལ་དུ་འགྱུར་བ་མ་ཡིན་ཏེ། གནོད་བྱེད་ཀྱི་ཚད་མ་གང་ཞིག མངོན་སུམ་མིན་པའི་ཕྱིར། མདོར་དངོས་སྟོབས་རྗེས་དཔག་ལས་ཡིད་ཆེས་རྗེས་དཔག་ཐ་དད་དུ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དེ་གཉིས་ཀྱི་གནོད་ཡུལ་གྱི་ཁྱད་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། དེཾ། དེ་གཉིས་ཡུལ་གྱི་སྒོ་ནས་ཐ་དད་དུ་ཕྱེ་བ་མིན་པར་རྟེན་གཞི་གཏན་ཚིགས་ཀྱི་སྒོ་ནས་ཐ་དད་དུ་ཕྱེ་བ་ཡིན་ན། མདོར་ཚད་མའི་བསལ་བ་འཆད་པའི་སྐབས་འདིར་ཆོས་ཅན། འབྲས་རང་མ་དམིགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གི་བསལ་བ་ཡང་ཐ་དད་དུ་འཆད་རིགས་པར་ཐལ། རྗེས་དཔག་དེ་གསུམ་གྱི་རྟེན་གཞི་གཏན་ཚིགས་ཐ་དད་ཡིན་པའི་ཕྱིར། དེ་ཆོས་ཅན། དངོས་སྟོབས་རྗེས་དཔག་ལས་ཡིད་ཆེས་རྗེས་དཔག་ཐ་དད་དུ་བྱས་པ་ལ་དགོས་པ་མེད་པར་ཐལ། དེ་ལ་ཡུལ་གྱི་ཁྱད་པར་བརྟེན་པའི་དགོས་པ་མེད་པ་གང་ཞིག དགོས་པ་གཞན་ཡང་མེད་པའི་ཕྱིར། གཉིས་པ་ནི། རཾང་། མདོར་དངོས་སྟོབས་རྗེས་དཔག་ལས་རང་ཚིག་ཐ་དད་དུ་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱབ་རྟེན་ཚད་མ་དང་བྲལ་བའི་རང་ཚིག་ཙམ་གྱིས་བརྗོད་བྱ་དངོས་ཤུགས་ཕན་ཚུན་གེགས་བྱེད་ཙམ་ཡིན་ལ། དངོས་སྟོབས་རྗེས་དཔག་ནི་གནོད་བྱེད་ཀྱང་ཡིན་ནོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། ལུང་གིས་ཀུན་ལ་གནོད་ན་ཧ་ཅང་ཐལ། ལུང་གི་གནོད་ཡུལ་ཡིན་མིན་སོ་སོར་ཕྱེ། ལུང་གི་དོན་ལ་བརྟགས་པའི་དགོས་པ་བཤད་པའོ། །དང་པོ་ནི། དེཾ། རྒོལ་བས་ལུང་ཚད་མར་ཁས་བླངས་པ་ཙམ་གྱིས་ལུང་ཚད་མར་འགྱུར་བའི་ལུང་དེ་ཆོས་ཅན། ཀུན་གྱི་སྟེང་དུ་རང་འགལ་གྱི་དམ་བཅའ་ལ་གནོད་བྱེད་ཡིན་ནོ་ཞེ་ན། ལུང་ཆོས་ཅན། ཁྱོད་སྔར་ཚད་མར་ཁས་བླངས་ན་ཕྱིས་ཚད་མར་མི་འདོད་པའི་ཚེ་གནོད་བྱེད་མིན་པར་ཐལ། ཁྱོད་ཚད་མ་ཁས་བླངས་པས་གནོད་བྱེད་དུ་གསར་དུ་སྐྱེས་པའི་ཕྱིར། རཾང་། དེའི་ཚེ་རང་ཚིག་འགལ་བ་ཡིན་ནོ་ཞེ་ན། དངོས་སྟོབས་ཀྱིས་གྲུབ་པའི་ཆོས་ཅན་ལ། སྔར་ཁས་བླངས་པས་བསྟན་བཅོས་དང་འགལ་བར་དམ་བཅས་པའི་དམ་བཅའ་དེ་ཆོས་ཅན། རང་འགལ་གྱི་དམ་བཅའ་ལ་གེགས་བྱེད་ཙམ་ཡིན་པར་ཐལ། རང་ཚིག་འགལ་བའི་དམ་བཅའ་ཡིན་པའི་ཕྱིར། སྐྱེསཾ། ལུང་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་ཐལ། སྐྱེས་བུས་ཚད་མར་ཁས་བླངས་ན་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། གཉིས་པ་ནི། དེཾས། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་ལ་དཔྱོད་པའི་སྐབས་སུ་ལུང་སྒྲུབ་བྱེད་དུ་ཁས་ལེན་མི་དགོས་ཏེ། ཁྱོད་དངོས་སྟོབས་རྗེས་དཔག་གིས་གཙོ་བོར་གྲུབ་པའི་གཞལ་བྱ་ཡིན་པའི་ཕྱིར། སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བ་ཆོས་ཅན། ཁྱོད་ལ་དཔྱོད་པའི་ཚེ་ལུང་ཚད་མ་སྒྲུབ་བྱེད་དུ་ཁས་ལེན་དགོས་ཏེ། ཁྱོད་ལུང་ཚད་མས་གཙོ་བོར་གྲུབ་པའི་གཞལ་བྱ་ཡིན་པའི་ཕྱིར། གསུམ་པ་ནི། འོ་ན་དངོས་སྟོབས་ཚད་མས་ལུང་དོན་ལ་བརྟགས་པ་དགོས་པ་མེད་པར་འགྱུར་རོ་ཞེ་ན། འདིཾ། དེ་ལྟར་བརྟགས་པ་ཆོས་ཅན། དགོས་པ་ཡོད་དེ། ལུང་དོན་ལ་ནང་འགལ་ཡོད་མེད་དཔྱད་པའི་ཆེད་ཡིན་པའི་ཕྱིར། མཐོཾང་། དེ་ལྟར་དཔྱད་པ་ཆོས་ཅན། དགོས་པ་ཡོད་དེ། དཔྱད་གསུམ་གྱིས་དག་པའི་ལུང་དེ་ཤིན་ལྐོག་གི་སྒྲུབ་བྱེད་དུ་ཁས་ལེན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་གྲགས་པའི་བསལ་བ་བཤད་པ་ལ་གཉིས་ཏེ། བཤད་ཚུལ་དང་པོས་གནོད་བྱེད་འགྲན་ཟླ་མེད། བཤད་ཚུལ་གཉིས་པས་ཡུལ་གྱི་དབྱེ་བ་གྲུབ་པའོ། །དང་པོ་ལ་གཉིས་ཏེ། གནོད་བྱེད་མེད་པའི་དོན་དུ་བཤད། འགྲན་ཟླ་མེད་པའི་དོན་དུ་བཤད་པའོ། །དང་པོ་ནི། མདོར་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ནི་མེད་ལ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན་བསལ་བ་དེ་ཡང་ཕྱོགས་མ་ཡིན་ཏེ། དཔེར་ན་རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ་ཞེས་གསུངས་པའི་དོན་རིམ་པ་བཞིན་འགྲེལ་ཏེ། སྐྱེསཾ། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་དོན་ཐམས་ཅད་ལ་འཇུག་རུང་དུ་ཐ་སྙད་མཐུན་པའི་སྐྱེ་བོ་རྣམས་འདོད་པ་ཡིན་ཏེ། དོན་ཐམས་ཅད་ཁྱོད་ཀྱི་བརྗོད་བྱར་རུང་བའི་ཕྱིར། ཐཾ། ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ཆོས་ཅན། ཁྱོད་ལ་མདོར་སྒྲ་ལས་བྱུང་བའི་གྲགས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཟླ་བ་ཞེས་པའི་སྒྲ་ལ་ལྟོས་པའི་ཕྱིར། སྒྲ་མཉན་བྱ་ཡིན་པ་དེ་ཡང་ཆོས་ཅན། ཁྱོད་མངོན་སུམ་མིན་ཡང་ཁྱོད་ཀྱིས་གནོད་པ་ལ་མངོན་སུམ་གྱིས་གནོད་ཅེས་པའི་རྒྱུ་མཚན་ཡོད་དེ། ཁྱོད་མངོན་སུམ་གྱིས་གཞལ་བྱ་ཡིན་པའི་ཕྱིར། དེཾ། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། དོན་ཐམས་ཅད་ཁྱོད་ཀྱིས་བརྗོད་རུང་ཡིན་པ་དགག་ཏུ་མེད་དེ། ཁྱོད་འདོད་རྒྱལ་བའི་སྒྲ་ཡིན་པའི་ཕྱིར། དེ་ཆོས་ཅན། རི་བོང་ཅན་དང་བུམ་སོགས་ཐམས་ཅད་ལ་ཁྱོད་འཇུག་ཏུ་རུང་སྟེ། སྔ་མའི་སྒྲུབ་ཆོས་དེའི་ཕྱིར། དོཾན། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དེ་ཆོས་ཅན། ཁྱོད་ཀྱིས་དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་བ་ལ་གནོད་པར་འགྱུར་ཏེ། ཁྱོད་དང་དངོས་འགལ་གང་ཞིག རྒྱབ་རྟེན་ཚད་མ་དང་བཅས་པའི་ཕྱིར། བུམ་སོགས་ལ་ཟླ་བའི་སྒྲ་གྲགས་པ་མེད་དོ་ཞེ་ན། གྲཾགས། བུམ་སོགས་ཆོས་ཅན། ཁྱོད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་སྟེ། ཁྱོད་འདོད་རྒྱལ་བའི་སྒྲ་ཀུན་གྱིས་བརྗོད་དུ་རུང་བའི་ཕྱིར། གཏན་ཚིགས་གྲུབ་སྟེ། དོན་ཐམས་ཅད་འདོད་རྒྱལ་བའི་སྒྲ་ཐམས་ཅད་ཀྱིས་བརྗོད་རུང་དུ་སྒྲུབ་ཟིན་པའི་ཕྱིར་རོ། །གཞཾན། རི་བོང་ཆོས་ཅན། ཁྱོད་ཟླ་སྒྲས་བརྗོད་རུང་རྗེས་དཔག་ལས་འགོག་པར་ཐལ། ཁྱོད་ཟླ་སྒྲས་བརྗོད་རུང་ཚད་མས་འགོག་པ་གང་ཞིག དེ་མངོན་སུམ་གྱིས་འགོག་མི་ནུས་པའི་ཕྱིར། འདོད་མི་ནུས་ཏེ། དེ་འགོག་པའི་གཏན་ཚིགས་ཡོད་པ་ཐུན་མོང་མིན་པར་བསྟན་ཟིན་པའི་ཕྱིར། གལ་ཏེ་གཏན་ཚིགས་གཞན་གྱིས་འགོག་གོ་ཞེ་ན། རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་དུ་སྒྲུབ་པ་ལ་བཀོད་པའི་གཏན་ཚིགས་ཡོད་པ་དཔེ་ལ་རྗེས་འགྲོ་མེད་པ་བསྟན་པ་དེ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། དེ་ལྟར་སྒྲུབ་པ་ལ་བཀོད་པའི་གཏན་ཚིགས་གཞན་ཡང་དཔེ་ལ་རྗེས་འགྲོ་མེད་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སྒྲ།ཾ དོན་ཐམས་ཅད་འདོད་རྒྱལ་བའི་སྒྲས་བརྗོད་རུང་ལ། སློབ་དཔོན་གྱིས་སྒྲ་ལས་བྱུང་བའི་གྲགས་པ་ཞེས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་བརྡ་ལ་བརྟེན་པ་དང་། བརྡ་འདོད་པ་ཙམ་ལ་བརྟེན་པའི་རྒྱུ་མཚན་གྱིས་སྒྲ་བྱུང་གྲགས་པ་གྲུབ་བོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། རྗེསཾ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་བསལ་བ་དེ་ཡང་ཕྱོགས་མ་ཡིན་ཞེས་པའི་ལུང་ཆོས་ཅན། དངོས་སྟོབས་རྗེས་དཔག་ལ་ཡང་འགྲན་ཟླ་མེད་པར་སྟོན་ཏེ། དངོས་པོའི་སྟོབས་ཀྱིས་མ་ཞུགས་པའི་གྲགས་པའི་རྗེས་དཔག་ལ་འགྲན་ཟླ་མེད་པར་སྟོན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཡུལ་གྱི་དབྱེ་བ་གྲུབ་ཚུལ་དངོས། དེ་ལ་གཞན་གྱིས་བརྟགས་པ་དགག སློབ་དཔོན་ཉིད་ཀྱི་དགོངས་པ་དཔྱད་པའོ། །དང་པོ་ནི། ཡཾང་། ལུང་དང་པོའི་དོན་སྔར་བཤད་པ་ལས་ཡང་ན་ལུང་དེ་ཆོས་ཅན། རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་ལ་འཇལ་བའི་དངོས་སྟོབས་རྗེས་དཔག་མེད་པར་སྟོན་ཏེ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་གཏན་ཚིགས་ཐམས་ཅད་ཐུན་མོང་མ་ཡིན་པའི་གཏན་ཚིགས་སུ་བསྟན་པའི་ཕྱིར། དེཾས། རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་ལ་དངོས་སྟོབས་རྗེས་དཔག་མེད་པར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། དངོས་སྟོབས་ལས་གྲགས་པའི་རྗེས་དཔག་ཡུལ་ཐ་དད་དུ་བསྟན་པའི་ཆེད་ཡིན་པའི་ཕྱིར། དེཾས། དེ་ལྟར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། གྲགས་པ་དེ་རང་ཡུལ་ལ་དངོས་དབང་གིས་མི་འཇུག་པར་འདོད་པ་ཙམ་གྱིས་འཇུག་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གཞན་སྡེའི་གཏན་ཚིགས་ཐུན་མོང་མིན་པ་བསྟན། རང་སྡེའི་འཆད་ཚུལ་ཉིད་ཀྱང་མི་འཐད་པའོ། །དང་པོ་ནི། རིཾ། བརྡ་སྤྲོད་པས་རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་དུ་གྲུབ་པའི་གཏན་ཚིགས་ཐུན་མོང་མིན་པ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། བརྡ་སྤྲོད་པས་བརྗོད་རུང་གི་གྲགས་པ་ཐམས་ཅད་བཀག་པ་དེ་སེལ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རིགས་སྒོའི་འགྲེལ་བྱེད་ཁ་ཅིག་སློབ་དཔོན་གྱི་མདོའི་ཚིག་དེ་རི་བོང་ཅན་ཟླ་སྒྲས་བརྗོད་རུང་ཁོ་ན་ལ་གྲགས་པས་གནོད་པའི་དབང་དུ་བྱས་ནས་གསུངས་པ་ཡིན་ནོ་ཞེ་ན། དེཾས། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། སྔ་མ་དེ་ཁོ་ན་ལ་གྲགས་པས་གནོད་པའི་དབང་དུ་བྱས་ནས་གསུངས་པ་མ་ཡིན་པར་ཐལ། གྲགས་བསལ་སྤྱིའི་མཚན་ཉིད་སྟོན་པའི་གཞུང་ཡིན་པའི་ཕྱིར། གྲགས་པ་ཆོས་ཅན། རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་བ་ཁོ་ན་ལ་ཁྱོད་ཀྱིས་གནོད་པ་མ་ཡིན་པར་ཐལ། ད་ཏྲིག་ཤིང་ཅེས་པ་བརྗོད་དུ་མི་རུང་བ་ལ་ཡང་ཁྱོད་ཀྱིས་གནོད་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། ཟླ་སྒྲ་ཐུན་མོང་ཉིད་དུ་སྒྲུབ། དེ་ལ་དངོས་སྟོབས་གཞལ་བྱ་ཡིན། བརྗོད་རུང་འགོག་ན་གྲགས་པས་གནོད་པའོ། །དང་པོ་ནི། འདིཾར། ཡོད་པ་ཆོས་ཅན། ཁྱོད་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་བསྒྲུབ་པའི་ཐུན་མོང་མ་ཡིན་པའི་གཏན་ཚིགས་མིན་པར་ཐལ། ག་བུར་དང་དངུལ་སོགས་དེ་སྐོར་གྱི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། གཉིས་པ་ནི། གལཾ་དང་གྲགཾས། འོག་མ་ཟླ་བ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ག་བུར་སོགས་ལ་བརྡའི་དབང་གིས་འཇུག་ན་རི་བོང་ཅན་ལའང་བརྡའི་དབང་གིས་འཇུག་པ་དངོས་སྟོབས་ཀྱིས་གྲུབ་སྟེ། ཁྱོད་ག་བུར་སོགས་ལ་གྲགས་དབང་གིས་འཇུག་ན་རི་བོང་ཅན་ལའང་གྲགས་དབང་གིས་འཇུག་པ་དེ་དངོས་སྟོབས་ཀྱིས་བཟློག་ཏུ་མེད་པའི་ཕྱིར། དངོཾས། ག་བུར་སོགས་ལ་དཀར་བསིལ་ལ་སོགས་པའི་རྒྱུ་མཚན་གྱིས་འཇུག་ན་དེ་ཆོས་ཅན། ཁྱོད་རི་བོང་ཅན་ལའང་རྒྱུ་མཚན་གྱི་དབང་གིས་འཇུག་པར་ཐལ། རི་བོང་ཅན་ལའང་ཁྱོད་འཇུག་པའི་རྒྱུ་མཚན་དཀར་བསིལ་སོགས་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་རི་བོང་ཅན་ལ་འཇུག་པ་བཀག་ཀྱང་གྲགས་པ་དང་འགལ་བའི་ཉེས་པ་མེད་པར་ཐལ། ཁྱོད་དཀར་བསིལ་སོགས་ཀྱི་རྒྱུ་མཚན་གྱིས་འཇུག་པ་གང་ཞིག མ་གྲུབ་པ་དེའི་ཕྱིར། གསུམ་པ་ལ་བཞི་སྟེ། འདོད་པས་བརྗོད་རུང་ཀུན་ལ་ཁྱབ། དེ་ཉིད་འགོག་ན་གྲགས་པས་གནོད། སྒྲ་གཞན་འགོག་ན་གནོད་པ་མེད། དེས་ན་ལོགས་སུ་བསྟན་པར་འཐད་པའོ། །དང་པོ་ནི། དེཾའི། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་བརྗོད་རུང་དོན་ཐམས་ཅད་ལ་གྲུབ་སྟེ། ཁྱོད་བརྗོད་རུང་དུ་འཇུག་པའི་རྒྱུ་འདོད་པ་ཡིན་པ་གང་ཞིག འདོད་པ་དོན་ཐམས་ཅད་ལ་འཇུག་པ་ལ་གེགས་མེད་པའི་ཕྱིར། གལཾ་དང་གྲགཾས། གོང་མ་རི་བོང་ཅན་ཁོ་ན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ཡིན་ན་ཟླ་བ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་རང་ཡུལ་ལ་དངོས་སྟོབས་ཀྱིས་འཇུག་པར་ཐལ། ཁྱོད་རི་བོང་ཅན་མིན་པ་ལ་མི་འཇུག་པ་ནི་གང་ཞིག ཁྱོད་གྲགས་དབང་གིས་འཇུག་ན་རི་བོང་ཅན་མིན་པ་ལའང་འཇུག་དགོས་པའི་ཕྱིར། གཉིས་པ་ནི། རུཾང་། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། དོན་འགའ་ཞིག་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་འགོག་པ་ལ་ཁྱོད་ཀྱིས་གནོད་པར་བྱེད་དེ། ཁྱོད་བརྗོད་རུང་དེའི་ཡུལ་ཅན་གྱི་ཚད་མ་ཡིན་པའི་ཕྱིར། འདིཾས། དེ་ལ་དེས་གནོད་པར་བསྟན་པ་དེ་ཆོས་ཅན། འདོད་རྒྱལ་བའི་སྒྲ་རྣམས་ལ་རང་ཡུལ་གྱི་དོན་ངེས་མེད་པ་བསྟན་ཏེ། དོན་ཐམས་ཅད་འདོད་རྒྱལ་བའི་སྒྲས་བརྗོད་དུ་མི་རུང་བ་དེ་གྲགས་པའི་རྗེས་དཔག་གི་འགལ་ཟླར་བསྟན་པའི་ཕྱིར། གསུམ་པ་ནི། དེཾས། དེ་དེའི་འགལ་ཟླར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱུ་མཚན་ཅན་གྱི་སྒྲ་རྒྱུ་མཚན་མེད་པར་འཇུག་པ་འགོག་པ་དང་། འདོད་རྒྱལ་བའི་སྒྲ་རང་ཡུལ་ལ་དངོས་དབང་གིས་འཇུག་པ་འགོག་པ་ལ་གྲགས་པའི་རྗེས་དཔག་གིས་མི་གནོད་པར་བསྟན་པའི་ཕྱིར། བཞི་པ་ནི། དེཾས། མདོར་སེལ་བྱེད་ཀྱི་རྩ་བའི་དབྱེ་བ་འཆད་པའི་སྐབས་སུ་དངོས་སྟོབས་རྗེས་དཔག་ལས་གྲགས་པའི་རྗེས་དཔག་ཐ་དད་དུ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། དེ་གཉིས་ཀྱི་གནོད་ཡུལ་ཐ་དད་དུ་བསྟན་པའི་ཆེད་ཡིན་པའི་ཕྱིར། དངོས་སྟོབས་རྗེས་དཔག་ལས་ཡིད་ཆེས་རྗེས་དཔག་ཐ་དད་དུ་བསྟན་པའི་དགོས་པ་བཞིན་ནོ། །གསུམ་པ་གནོད་ཚུལ་རྒྱས་པར་བསྟན་པའི་དགོས་པ་བཤད་པ་ནི། གྲུཾབ། གཞན་དོན་ལེའུར་ཡིད་ཆེས་དང་གྲགས་པས་གནོད་ཚུལ་རྒྱས་པར་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཡིད་ཆེས་དང་གྲགས་པའི་རྗེས་དཔག་གཉིས་དངོས་སྟོབས་རྗེས་དཔག་ལས་ཐ་དད་དུ་བཤད་པ་ལ་གནོད་ཚུལ་ཐ་དད་པས་དགོས་པ་བསྟན་པའི་ཆེད་ཡིན་པའི་ཕྱིར། མངོན་སུམ་དང་དངོས་སྟོབས་རྗེས་དཔག་ཆོས་ཅན། ཁྱོད་ཀྱི་གནོད་ཚུལ་གཞན་དོན་ལེའུར་རྒྱས་པར་མ་བཤད་པའི་རྒྱུ་མཚན་ཡོད་དེ། དེ་མངོན་སུམ་དང་རང་དོན་ལེའུར་རྒྱས་པར་བཤད་ཟིན་པའི་ཕྱིར། གཉིས་པ་དོན་དང་མཉན་བྱས་མངོན་སུམ་གསལ་བ་བཤད་པ་ལ་གཉིས་ཏེ། དོན་ཞེས་སྨོས་པའི་དགོས་པ་བཤད། མཉན་བྱ་སྨོས་པའི་དགོས་པ་བཤད་པའོ། །དང་པོ་ནི། མངོཾན། མངོན་སུམ་གྱི་བསལ་བ་ཆོས་ཅན། གཞན་དོན་ལེའུར་ཅུང་ཟད་བཤད་དུ་ཡོད་དེ། གཞན་དོན་ལེའུར་དོན་དང་མཉན་བྱའི་དགོས་པའི་སྒོ་ནས་བཤད་དུ་ཡོད་པའི་ཕྱིར། འོ་ན་དོན་ཞེས་སྨོས་པའི་དགོས་པ་གང་ཞེ་ན། སྒྲ།ཾ ཚད་མ་མདོའི་རྩ་བར་དོན་ཞེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སེལ་ངོར་སྒྲ་ལ་ལྡོག་ཆོས་དུ་མ་ཡོད་ཀྱང་། ཉན་ཤེས་མངོན་སུམ་ལ་སྣང་བའི་སྒྲ་རང་མཚན་པ་དེ་སྐབས་འདིར་བསལ་གཞི་ཡིན་ནོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། སྒྲ་རང་མཚན་ཆོས་ཅན། ཁྱོད་མཉན་བྱ་ཡིན་པ་སྤོང་བ་ལ་ཉན་ཤེས་མངོན་སུམ་གྱིས་གནོད་དེ། ཁྱོད་མཉན་བྱ་ཡིན་པ་ཉན་ཤེས་མངོན་སུམ་གྱིས་གྲུབ་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྣམ་གཅོད་ཀྱི་དགོས་པ། ཡོངས་གཅོད་ཀྱི་དགོས་པའོ། །དང་པོ་ནི། ངོཾ་། འོ་ན་མཉན་བྱ་སྨོས་པའི་དགོས་པ་གང་ཞེ་ན། སྒྲའི་སྟེང་གི་རང་མཚན་ལས་གཞན་ལྡོག་ཆོས་དུ་མ་ཆོས་ཅན། ཁྱོད་ཉན་ཤེས་མངོན་སུམ་གྱི་གཟུང་དོན་མ་ཡིན་ཏེ། ཁྱོད་དངོས་མེད་ཡིན་པའི་ཕྱིར། དེཾས། མདོའི་འགྲེལ་པར་མཉན་བྱ་ཞེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲའི་ལྡོག་ཆོས་དུ་མ་མཉན་བྱ་ཡིན་པ་སྤོང་བ་ལ་ཉན་ཤེས་མངོན་སུམ་གྱིས་མི་གནོད་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རྣཾམ། ཉན་ཤེས་མངོན་སུམ་གྱི་སྤྱོད་ཡུལ་ལ་མཉན་བྱ་ཁོ་ནའི་མིང་གིས་སྨོས་པའི་དགོས་པ་གང་ཞེ་ན། ཉན་ཤེས་མངོན་སུམ་གྱི་སྤྱོད་ཡུལ་གྱི་སྒྲ་རང་མཚན་ཆོས་ཅན། ཁྱོད་མིང་གང་གིས་ཀྱང་དངོས་སུ་བརྗོད་མི་ནུས་ཏེ། ཁྱོད་སྒྲའི་དངོས་ཀྱི་བརྗོད་བྱ་མིན་པའི་ཕྱིར། ཉན་ཤེས་མངོན་སུམ་གྱི་སྤྱོད་ཡུལ་ལ་ཐ་སྙད་དུ་མཉན་བྱའི་མིང་གིས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་མཉན་བྱ་ཡིན་པའི་སྒྲུབ་བྱེད་དང་། མིན་པའི་གནོད་བྱེད་ཉན་ཤེས་མངོན་སུམ་ལ་རག་ལས་པ་ཤེས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་བསལ་གཞི་རང་རྟེན་དགོས་པ་བཤད་པ་ལ་བཞི་སྟེ། དགོས་པ་གསུམ་པོ་རྒྱས་པར་བཤད། དགོས་པའི་དོན་ལ་རྩོད་པ་སྤོང་། དཔེ་དང་བཅས་ཏེ་གྲུབ་དོན་བསྡུ། རྟེན་སོགས་མེད་ལ་དོགས་པ་གཅད་པའོ། །དང་པོ་ལ་གསུམ་སྟེ། རང་ལུགས་གཞག་པའི་དགོས་པ་བཤད། དོགས་པ་སེལ་བའི་དགོས་པ་བཤད། ལོག་རྟོག་སེལ་བའི་དགོས་པ་བཤད་པའོ། །དང་པོ་ནི། མདོར་རང་རྟེན་ལ་ཞེས་རང་གི་ཆོས་ཅན་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཀུནཾ། མདོར་རང་གི་ཆོས་ཅན་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྩོད་པའི་གནས་སྐབས་སུ་རྒོལ་བས་ཞེ་བས་འདོད་པའི་སྒྲུབ་ཆོས་ཀྱི་རྟེན་དུ་གྱུར་པའི་ཆོས་ཅན་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་ཡིན་གྱི། ཆོས་ཅན་གཞན་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དོཾན། དགོས་པ་དེ་རང་ཉིད་འདོད་པ་བསྒྲུབ་བྱའི་མཚན་ཉིད་དུ་བསྟན་པས་རྟོགས་པ་མིན་ནམ་སྙམ་ན། དེ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། ཆོས་ལ་གནོད་པར་མ་ཟད། ཆོས་ཅན་ལ་གནོད་པས་ཀྱང་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་འགྱུར་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། གཞཾན། ཆོས་ལ་གནོད་པ་ཁོ་ནས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བའི་རྒྱུ་མཚན་ཡོད་དེ། བསྒྲུབ་བྱ་ཉིད་དུ་འདོད་པ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཆོས་བསྒྲུབ་བྱ་ཡིན་ཞེས་བརྗོད་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། བསལ་བྱའི་ལོག་རྟོག་ཡོད་པར་བསྟན། ལོག་རྟོག་དེ་ཡི་དཔེར་བརྗོད་བཤད། དེ་ཉིད་ཇི་ལྟར་སེལ་བའི་ཚུལ་ལོ། །དང་པོ་ནི། འདིཾ། དགོས་པ་དེ་ཡང་ཆོས་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་བསྟན་པས་གྲུབ་པ་མིན་ནམ་སྙམ་ན། དེ་ཆོས་ཅན། ཁྱོད་ཀྱི་བསལ་བྱའི་ལོག་རྟོག་གཞན་ཡང་ཡོད་དེ། རྒོལ་བ་འགའ་ཞིག་འབྲེལ་མེད་ཀྱི་ཆོས་ཅན་འབའ་ཞིག་པ་བཀག་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་འདོད་པས་ལོག་རྟོག་དེ་ཁྱོད་ཀྱི་བསལ་བྱའི་ལོག་རྟོག་ཡིན་པའི་ཕྱིར། གཉིས་པ་ནི། དཔེཾར། དེ་ལྟ་བུའི་ལོག་རྟོག་ཅི་ལྟ་བུ་ཞེ་ན། བྱེ་བྲག་པས་མཁའ་སོགས་རྟག་དངོས་སུ་འདོད་པ་ལ་སངས་རྒྱས་པས་མཁའ་སོགས་ཆོས་ཅན། རྟག་རྫས་མ་ཡིན་ཏེ། རང་འབྲས་ཅིག་ཅར་དུ་མི་བསྐྱེད་པའི་ཕྱིར་ཞེས་བཀོད་པ་ལ། བྱེ་བྲག་པ་ན་རེ། གཏན་ཚིགས་དེ་ནམ་མཁའ་དངོས་པོ་བ་ལ་གནོད་པས་ཆོས་ཅན་ནམ་མཁའ་ལ་གནོད། དེས་ན་འདི་ལྟར་སྒྲུབ་པའི་བསྒྲུབ་བྱ་ལ་གནོད་ཅེས་འདོད་པ་ལྟ་བུའོ། །གསུམ་པ་ནི། དེཾ། རང་འབྲས་ཅིག་ཅར་དུ་མི་སྐྱེད་པར་དེ་ཆོས་ཅན། ནམ་མཁའ་དངོས་པོ་བ་ལ་གནོད་ཀྱང་ནམ་མཁའ་རྟག་རྫས་མིན་པར་སྒྲུབ་པའི་བསྒྲུབ་བྱ་ལ་གནོད་པ་མེད་པར་ཐལ། ནམ་མཁའ་དངོས་པོ་བ་ལ་གནོད་ཀྱང་ནམ་མཁའ་རྟག་རྫས་མིན་པ་སྒྲུབ་ནུས་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། འདིཾས། མདོར་ན་རང་གི་ཆོས་ཅན་ཞེས་སྨོས་པ་ཆོས་ཅན། ཚོགས་དོན་གྱི་ནང་ཚན་གྱི་ཆོས་ཅན་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་བསྟན་པ་ཡིན་ཏེ། དེ་ལ་གནོད་ན་དེ་ཚད་མས་བཀག་པ་བསྟན་པའི་ཕྱིར། དེཾ། དེ་ཆོས་ཅན། འབྲེལ་མེད་ཀྱི་ཆོས་ཅན་འབའ་ཞིག་ལ་གནོད་ཀྱང་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་པར་བསྟན་ཏེ། རང་གི་བསྒྲུབ་བྱའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་བྱར་བསྟན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། གལཾ། གལ་ཏེ་ཆོས་ཅན་དང་ཆོས་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་ན། སངས་རྒྱས་པས་གྲངས་ཅན་པ་ལ་བདེ་སོགས་ཆོས་ཅན། རྟག་རྫས་མ་ཡིན་ཏེ། རང་འབྲས་ཅིག་ཅར་དུ་མི་བསྐྱེད་པའི་ཕྱིར་ཞེས་བཀོད་པ་ན། དེས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་འགྱུར་ཏེ། སྐབས་ཀྱི་ཆོས་ཅན་ལ་གནོད་པར་འགྱུར་བའི་ཕྱིར་ཏེ། གཏན་ཚིགས་དེས་བདེ་སོགས་རྟག་རྫས་ཡིན་པ་ལ་གནོད་པས་བདེ་སོགས་མི་རྟག་པའི་ངོ་བོའང་བཀག་པའི་ཕྱིར་ཞེ་ན། གཉིས་པ་ནི། གཾལ། དེ་ལྟར་བཀོད་པའི་ཚེ་གཏན་ཚིགས་ཀྱི་དོན་རང་འབྲས་གཏན་མི་བསྐྱེད་པ་ཡིན་ན་དེ་ཆོས་ཅན། བདེ་སོགས་མི་རྟག་པ་དང་འགལ་བར་འགྱུར་ཏེ། དེ་ལ་གནོད་བྱེད་ཡིན་པའི་ཕྱིར། དེ་ལྟར་ནའང་གཏན་ཚིགས་ཀྱི་དོན་དང་རང་འབྲས་རིམ་གྱིས་བསྐྱེད་པ་ཡིན་པས་དེ་ཆོས་ཅན། ཁྱོད་བདེ་སོགས་མི་རྟག་པ་དང་འགལ་བ་མེད་དེ། ཁྱོད་དང་བདེ་སོགས་མི་རྟག་པའི་གཞི་མཐུན་ཡོད་པའི་ཕྱིར། བདེ་སོགས་རྟག་པ་ལ་གནོད་པ་ཆོས་ཅན། ཁྱོད་རིམ་གྱིས་དོན་བྱེད་ནུས་པ་བདེ་སོགས་མི་རྟག་པ་ལ་གནོད་པ་སྒྲུབ་པའི་ལྷག་ལྡན་གྱི་གཏན་ཚིགས་ཡིན་ཏེ། དེ་སྐོར་གྱི་ཕྱོགས་ཆོས་གྲུབ་ཅིང་ཁྱབ་པ་མ་ངེས་པའི་ཕྱིར། གསུམ་པ་ནི། གངཾ་། མདོར་རང་རྟེན་ལ་ཞེས་པའི་ཚིག་སྨོས་པ་ཆོས་ཅན། འབྲེལ་མེད་ཀྱི་ཆོས་ཅན་འབའ་ཞིག་པའམ་ཆོས་གཞན་གྱི་ཆོས་ཅན་ལ་གནོད་པའི་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་པར་བསྟན་ཏེ། ཞེ་འདོད་ཀྱི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་སྐབས་ཀྱི་བསྒྲུབ་བྱར་བསྟན་པའི་ཕྱིར། དཔེར་ན་བསྒྲུབ་བྱའི་མཚན་ཉིད་འཆད་པའི་ཚིག་ཟུར་གྱི་རང་ཉིད་ཅེས་པའི་སྒྲས་ཆོས་གཞན་ལུང་དོན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་མི་ནུས་པར་བསྟན་པ་བཞིན་ནོ། །བཞི་པ་ནི། སྒྲུབཾ། གལ་ཏེ་ཆོས་ཅན་ལ་གནོད་པ་དང་། ཆོས་ལ་གནོད་པ་དང་། གཉིས་ཀ་ལ་གནོད་པ་གསུམ་ཕྱོགས་སྐྱོན་ཡིན་ན། ཆོས་ཅན་མ་གྲུབ་པ་སོགས་གསུམ་ཡང་འཆད་རིགས་པར་འགྱུར་ཏེ། ཕྱོགས་སྒྲུབ་པ་ལ་གནོད་པའི་ཕྱིར་ཞེ་ན། རྟགས་སྐྱོན་དང་། དཔེ་སྐྱོན་ཐམས་ཅད་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། དམ་བཅའ་ཙམ་དང་འབྲེལ་བའི་སྐྱོན་མིན་པའི་ཕྱིར། ཡཾན། ཆོས་ཅན་མ་གྲུབ་པ་སོགས་གསུམ་པོ་ཆོས་ཅན། ཁྱོད་ཕྱོགས་སྐྱོན་མིན་པར་ཐལ། ཁྱོད་སྐྱོན་དུ་འགྱུར་བའི་སྒྲུབ་བྱེད་གཏན་ཚིགས་སོགས་བཀོད་པ་ལ་ལྟོས་པའི་ཕྱིར། གཉིས་པ་ཚུལ་དེས་ཁྱད་པར་འགོག་སོགས་ཕྱོགས་ཀྱི་སྐྱོན་དུ་གྲུབ་པ་ལ་གཉིས་ཏེ། སྔ་མའི་གྲུབ་ཚུལ་བསྡུས་ཏེ་བསྟན། ཕྱི་མ་མཚོན་བྱེད་དཔེར་བརྗོད་བཤད་པའོ། །དང་པོ་ནི། འདིཾས། མདོར་ཆོས་ཀྱི་ངོ་བོ་ལ་གནོད་པ་ཕྱོགས་སྐྱོན་དུ་བསྟན་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། ཆོས་ཀྱི་ཁྱད་པར་དང་། ཆོས་ཅན་གྱི་ཁྱད་པར་དང་། ཆོས་ཅན་རང་གི་ངོ་བོ་ལ་གནོད་པ་ཕྱོགས་སྐྱོན་དུ་བསྟན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། དཔེར་བརྗོད་བསྟན་པའི་དགོས་པ་བཤད། དགོས་པ་ཅན་གྱི་དཔེ་བརྗོད་དངོས། དཔེ་དེས་ཕྱི་མ་མཚོན་པའི་ཚུལ་ལོ། །དང་པོ་ནི། དེཾ། རྣམ་འགྲེལ་འདིར་ཆོས་ཀྱི་ངོ་བོ་ལ་གནོད་པའི་དཔེར་བརྗོད་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་ཀྱི་ཁྱད་པར་ལ་གནོད་པ་སོགས་གསུམ་གྱི་དོན་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྗེས་སུ་དཔག་པས་གནོད་ཚུལ་བཤད། ཁས་བླངས་སོགས་ཀྱིས་གནོད་ཚུལ་བཤད་པའོ། །དང་པོ་ལ་བཞི་སྟེ། གནོད་ཡུལ་དམ་བཅའི་ཞེ་འདོད་བཤད། དེ་ལ་གནོད་བྱེད་རིགས་པ་བསྟན། གནོད་པ་མེད་པའི་གཞན་ལན་དགག ཚུལ་དེས་གཞན་ཡང་བཀག་པ་གྲུབ་པའོ། །དང་པོ་ནི། ལྡཾན། བྱེ་བྲག་པ་ཆོས་ཅན། མངོན་སུམ་གྱིས་མཐོང་རུང་གི་ཆོས་གསུམ་ལྡན་གྱི་ཡན་ལག་ཅན་རང་གི་ཡན་ལག་རྣམས་ལས་རྫས་གཞན་དུ་དམ་བཅས་པ་ཡིན་ཏེ། དེ་ཡིན་པའམ། མངོན་སུམ་གྱིས་མ་མཐོང་བའི་ཡན་ལག་ཅན་རང་གི་ཡན་ལག་ལས་གཞན་ཙམ་དུ་དམ་བཅས་པ་གང་རུང་གང་ཞིག ཕྱི་མ་མིན་པའི་ཕྱིར། གཉིས་པ་ནི། གཾལ། ལྗིད་མཉམ་གྱི་འཇིམ་རིལ་བཅུ་ཚན་གཉིས་ལས་བཅུ་ཚན་གཅིག་བསྲེས་ནས་སྲང་ལ་གཞལ་བའི་ཚེ་འཇིམ་རིལ་དེ་ཆོས་ཅན། མ་བསྲེས་པ་སྲང་ལ་གཞལ་བའི་འཇིམ་རིལ་བཅུ་ཚན་དེ་ལ་ལྟོས་ནས་སྲང་མགོ་དམའ་བར་འགྱུར་བར་ཐལ། དེ་དང་ཡན་ལག་གི་ལྗིད་མཉམ་པ་གང་ཞིག ཡན་ལག་ཅན་གྱི་ལྗིད་དང་འབྲས་བུ་འོག་ཏུ་འགྲོ་བའི་བྱ་བ་ལྷག་པོ་ཡོད་པའི་ཕྱིར། ཐལ་བ་ལས་རང་རྒྱུད་འཕེན་ནོ། །དེཾ། ཡན་ལག་ཅན་ཆོས་ཅན། ཡོན་ཏན་ལྕིད་ལྷག་དང་འབྲས་བུ་འོག་ཏུ་འགྲོ་བའི་བྱ་བ་གཉིས་པོ་འཕྲོད་པ་འདུ་བའི་རྒྱུ་མིན་པར་ཐལ། དེ་གཉིས་མ་དམིགས་པའི་ཕྱིར། དེཾ། སྲང་དམའ་བའི་ཁྱད་པར་དག་མི་འཛིན་པའི་ཕྱིར་ཞེས་པའི་རིགས་པ་ཆོས་ཅན། ཆོས་ཀྱི་ཁྱད་པར་ཆོས་གསུམ་ལྡན་ལ་གནོད་པ་ཡིན་ཏེ། ཡོན་ཏན་ལྕིད་ལྷག་དངོས་སུ་བཀག་པའི་སྒོ་ནས་གཞན་གཉིས་ཤུགས་ལ་ཁེགས་པའི་རིགས་པ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། གཞན་ལན་བརྗོད། དཔེ་དོན་དགག་པའོ། །དང་པོ་ནི། ཕྲཾ། འཇིམ་རིལ་བཅུ་ཚན་བསྲེས་པ་དེ་ལ་ཡོན་ཏན་ལྕིད་ལྷག་ཡོད་ཀྱང་སྲང་ལས་མི་རྟོགས་ཏེ། ཡོན་ཏན་ལྗིད་ལྷག་གཅིག་ལས་མེད་པའི་ཕྱིར། དཔེར་ན་རས་བལ་གྱི་ཁུར་པོའི་སྟེང་དུ་རས་བལ་གྱི་འདབ་མ་གཅིག་བཞག་པ་བཞིན་ནོ་ཞེ་ན། གཉིས་པ་ནི། དེཾ། ལྕིད་མཉམ་གྱི་འཇིམ་རིལ་བཅུ་ཚན་གཉིས་ལས། བཅུ་ཚན་གཅིག་རིམ་གྱིས་བསྲེས། བཅུ་ཚན་གཅིག་ཅིག་ཅར་དུ་བསྲེས་ནས་སྲང་ལ་གཞལ་བའི་ཚེ་གོང་བུ་གཉིས་པོ་དེ་ཆོས་ཅན། སྲང་གྲངས་མང་ཉུང་གི་ཁྱད་པར་དུ་འགྱུར་བར་ཐལ། ཡན་ལག་གི་ལྗིད་མཉམ་པ་གང་ཞིག ཡན་ལག་ཅན་གྱི་ལྕིད་དགུ་དང་གཅིག་གིས་ཁྱད་པར་ཡོད་པའི་ཕྱིར། མཾ། གསེར་མ་ཤ་ཀ་བཅུ་རིམ་གྱིས་བསྲེས་པའི་གོང་བུ་ཆོས་ཅན། ཁྱོད་དང་མ་ཤ་ཀ་བཅུ་ཅིག་ཅར་བསྲེས་པའི་གོང་བུ་གཉིས་ལ་མ་ཤ་ཀ་བཅུའི་གོང་བུ་ཞེས་པའི་སྒྲ་འཇུག་པ་མཚུངས་པ་དེ་མིན་པར་ཐལ། ཁྱོད་ལ་མ་ཤ་ཀ་བཅུའི་སྟེང་དུ་ཡན་ལག་ཅན་གྱི་རྫས་དགུ་ཡོད། ཅིག་ཤོས་ལ་ཡན་ལག་ཅན་གྱི་རྫས་གཅིག་ལས་མེད་པའི་ཕྱིར། གཾལ། གལ་ཏེ་ཡུངས་ཀར་ནས་བརྩམས་ཏེ་སྡོམ་ཐེབས་རེ་རེ་ལ་རྫས་རེ་རེ་སྐྱེ་ཡང་དེ་སྲང་ལས་མ་རྟོགས་པས་སྐྱོན་མེད་དོ་ཞེ་ན། ཡུཾངས། རྡུལ་ཕྲན་ནས་བརྩམས་ཏེ་ཡུངས་ཀར་གྱི་བར་གྱི་ཡན་ལག་ཅན་གྱི་ལྕིད་དེའང་ཆོས་ཅན། སྲང་ལས་མི་རྟོགས་པར་ཐལ། ལྕིད་ཤིན་ཏུ་ཆུང་བའི་ཕྱིར། འདོད་ན། སྲང་ཆོས་ཅན། ཡན་ལག་གི་ལྕིད་ཁོ་ན་ཁྱོད་ལས་རྟོགས་པར་ཐལ། ལྕིད་ཁྱོད་ལས་རྟོགས་པ་གང་ཞིག ཡན་ལག་ཅན་གྱི་ལྕིད་ཁྱོད་ལས་རྟོགས་པ་མེད་པའི་ཕྱིར། དོཾན། ཡན་ལག་ཅན་ཆོས་ཅན། ཁྱོད་ཀྱི་ལྕིད་དེ་རས་འདབ་དང་དཔེ་དོན་མི་མཚུངས་པར་ཐལ། ཁྱོད་ཀྱི་ལྕིད་ཁྱོད་ཀྱི་ངོ་བོ་དང་འབྲས་བུ་གང་རུང་ཚད་མས་རྟོགས་པ་མེད་པའི་ཕྱིར། བཞི་པ་ནི། ལྕིདཾ། མ་ཤ་སོགས་བསྡོམས་པའི་གོང་བུ་ཆོས་ཅན། ཡན་ལག་ལ་མེད་པའི་གཟུགས་སོགས་ཀྱི་ཡོན་ཏན་ལྷག་པོ་མེད་དེ། ཡན་ལག་ལ་མེད་པའི་ལྕིད་ཀྱི་ཡོན་ཏན་ལྷག་པོ་འགོག་པའི་རིགས་པ་དེས་གཟུགས་སོགས་ཀྱི་ཡོན་ཏན་ལྷག་པོ་ཡང་འགོག་ནུས་པའི་ཕྱིར། དམཾའ། སྲང་དམའ་བའི་ཁྱད་པར་དག་མི་འཛིན་པའི་ཕྱིར་ཞེས་པའི་རིགས་པ་ཆོས་ཅན། ཡན་ལག་ཅན་ལ་གཟུགས་སོགས་ཀྱི་ཡོན་ཏན་ལྷག་པོ་འགོག་པ་ཡང་མཚོན་པ་ཡིན་ཏེ། ཡན་ལག་ཅན་ལ་ལྕིད་ཀྱི་ཡོན་ཏན་ལྷག་པོ་སྣང་རུང་མ་དམིགས་པ་བསྟན་པའི་ཕྱིར། གཉིས་པ་ནི། ཁཾས། བྱེ་བྲག་པས་ཆོས་ཀྱི་ཁྱད་པར་འགོག་པའི་དམ་བཅའ་ཆོས་ཅན། ཁྱོད་ལ་ཚད་མ་གཞན་གྱིས་ཀྱང་གནོད་དེ། ཁྱོད་ལ་བྱེ་བྲག་པ་རང་གི་ཁས་བླངས་སོགས་ཀྱིས་གནོད་པའི་ཕྱིར། གསུམ་པ་དཔེ་དེས་ཕྱི་མ་མཚོན་པའི་ཚུལ་ནི། ཅིཾ། ཆོས་ཀྱི་ཁྱད་པར་འགོག་པའི་དམ་བཅའ་ལ་གནོད་ཚུལ་བསྟན་པ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། ཆོས་ཅན་གྱི་ཁྱད་པར་དང་། ཆོས་ཅན་རང་གི་ངོ་བོ་འགོག་པའི་དམ་བཅའ་ལ་གནོད་པའི་ཚུལ་ཡང་བསྟན་པའི་ཕྱིར། གཉིས་པ་གཞན་ལུགས་བསྒྲུབ་བྱའི་མཚན་ཉིད་འགོག་པ་ལ་གསུམ་སྟེ། ཧ་ཅང་ཐལ་བའི་ཉེས་པས་དགག བསྒྲུབ་བྱ་གང་ཡིན་བརྟགས་ཏེ་དགག ངེས་གཟུང་སྦྱར་ལ་བརྟགས་ཏེ་དགག་པའོ། །དང་པོ་ལ་གཉིས་ཏེ། ཧ་ཅང་ཐལ་བ་དགོད། གཞན་གྱི་ཉེས་སྤོང་དགག་པའོ། །དང་པོ་ནི། མདོཾར། བསྒྲུབ་བྱ་སྟོན་ཞེས་པ་འདི་ལ། །གྲུབ་པ་མེད་ལ་དོན་བྱས་ཉིད། །དེ་ལྟར་ན་ནི་རྟགས་དང་དཔེ། །མ་གྲུབ་པ་ཡང་བསྒྲུབ་བྱར་འགྱུར། །ཞེས་པའི་དོན་འཆད་དེ། རིགས་པ་ཅན་པས་བསྒྲུབ་བྱ་སྟོན་པ་དམ་བཅའི་མཚན་ཉིད་དུ་འདོད་པ་ལ། སྒྲ་ཆོས་ཅན། རྟག་སྟེ། མིག་གི་གཟུང་བྱ་ཡིན་པའི་ཕྱིར། དཔེར་ན་བློ་བཞིན་ཞེས་བཀོད་པ་ན། བློ་རྟག་པ་དང་སྒྲ་མིག་གི་གཟུང་བྱ་ཡིན་པ་དེ་ཆོས་ཅན། སྐབས་ཀྱི་བསྒྲུབ་བྱར་འགྱུར་བར་ཐལ། སྐབས་ཀྱི་ཕྱིར་རྒོལ་གྱི་བློ་ངོར་མ་གྲུབ་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདོད་པའི་ཁྱད་པར་ཡོད་པའི་གཞན་ལན་དགག ལས་སོགས་ཁྱད་པར་ཡོད་པའི་གཞན་ལན་དགག་པའོ། །དང་པོ་ནི། གལ་ཏེ་བསྒྲུབ་བྱའི་སྒྲ་རྒོལ་བས་བསྒྲུབ་བྱ་འདོད་པ་ཉིད་ལ་འཇུག་པས། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱར་ཐལ་བའི་སྐྱོན་མེད་དོ་ཞེ་ན། ཤེཾས། དཔེ་རྟགས་མ་གྲུབ་པ་ཆོས་ཅན། ཁྱོད་རྒོལ་བས་ཞེ་འདོད་མིན་པའི་རྒྱུ་མཚན་གྱིས་བསྒྲུབ་བྱ་མིན་པར་བསྒྲུབ་མི་ནུས་པར་ཐལ། ཁྱོད་ཤེས་བྱེད་སྐབས་ཀྱི་མ་གྲུབ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། བྱེ་བྲག་པས་ཤེས་བྱེད་སྐབས་ཀྱི་མ་གྲུབ་པ་བསྒྲུབ་བྱར་ཁས་བླངས་པའི་རྒྱུ་མཚན་གྱིས་ཕྱོགས་གླང་གིས་དཔེ་རྟགས་མ་གྲུབ་པ་སྐྱོན་གྱི་དཔེར་བརྗོད་པའི་ཕྱིར། གཉིས་པ་ནི། ཐཾམས། དེ་ཆོས་ཅན། ཁྱོད་བྱ་བྱེད་ལས་གསུམ་གྱི་ནང་ནས་ལས་མ་ཡིན་པ་དང་། ཡན་ལག་ལྔའི་ནང་ནས་བསྒྲུབ་བྱའི་ཡན་ལག་མ་ཡིན་པ་དང་། གྲུབ་མཐའ་བཞིའི་ནང་ནས་ཁས་ལེན་གྱི་གྲུབ་མཐའ་མིན་པའི་རྒྱུ་མཚན་གྱིས་བསྒྲུབ་བྱ་མིན་པ་བསྒྲུབ་ནུས་པ་མ་ཡིན་པར་ཐལ། ཁྱོད་ཤེས་བྱེད་སྐབས་ཀྱི་མ་གྲུབ་པ་ཡིན་པའི་ཕྱིར། གཉིས་པ་ནི། ཚོཾགས། མདོར། ཆོས་ཅན་བསྒྲུབ་བྱ་རྟགས་དོན་མེད། །ཆོས་བསྒྲུབ་བྱ་ན་ཆོས་མཐུན་མེད། །གཉིས་ཀ་ལྟར་ན་གཉིས་ཀའི་སྐྱོན་དུ་འགྱུར་རོ་ཞེས་གསུངས་ལ། དེར་མ་ཟད་ཆོས་དང་ཆོས་ཅན་གྱི་ཚོགས་དོན་བསྒྲུབ་བྱ་ཡིན་ཡང་། གཏན་ཚིགས་སྐྱོན་ལྡན་ཆོས་ཅན། དཔེ་དང་ཆོས་མཐུན་པ་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཞེས་པའི་གཏན་ཚིགས་ཀྱི་མཚན་ཉིད་མ་གྲུབ་པར་ཐལ། སྐབས་སུ་བབ་པའི་ཕྱིར་རྒོལ་དེས་མི་རྟག་པའི་ཁྱད་པར་དུ་བྱས་པའི་ཆོས་སུ་ཚད་མས་མ་གྲུབ་པའི་ཕྱིར། སྐྱེ་ལྡན་གྱི་གཏན་ཚིགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་བུམ་པ་ཆོས་ཅན། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པར་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཞེས་པའི་དཔེའི་མཚན་ཉིད་མ་གྲུབ་པར་ཐལ། སྐབས་སུ་བབ་པའི་ཕྱིར་རྒོལ་དེས་སྒྲའི་ཁྱད་པར་དུ་བྱས་པའི་མི་རྟག་པ་དང་། སྐྱེ་ལྡན་དུ་ཆོས་མཐུན་མཚོན་པས་མ་ཁྱབ་པའི་ཕྱིར། ཁྱབ་པ་གཉིས་ཁས། མིཾ། གལ་ཏེ་བསྒྲུབ་བྱའི་དོན་ཤེས་འདོད་ཆོས་ཅན་ལ་འཇུག་པས་ཇི་སྐད་བཤད་པའི་སྐྱོན་མེད་དོ་ཞེ་ན། རིགས་པ་ཅན་པ་ཆོས་ཅན། བསྒྲུབ་བྱའི་མཚན་ཉིད་སྟོན་པའི་བསྟན་བཅོས་དོན་མེད་པར་ཐལ། བསྒྲུབ་བྱའི་མཚན་ཉིད་སྟོན་པའི་བསྟན་བཅོས་དང་མི་མཐུན་པར་བསྒྲུབ་བྱའི་མཚན་ཉིད་ལ་རང་དགར་འཇུག་པའི་ཕྱིར། གསུམ་པ་ནི། སྒྲུབཾ། དཔེ་རྟགས་མ་གྲུབ་པ་དམ་བཅའ་བར་ཐལ་བའི་སྐྱོན་མེད་དེ། དམ་བཅའི་མཚན་ཉིད་ལ་ངེས་གཟུང་གི་ཚིག་ཡོད་པའི་ཕྱིར་ཞེ་ན། རིགས་པ་ཅན་པ་ཆོས་ཅན། བསྒྲུབ་བྱ་སྟོན་པ་ཁོ་ན་དམ་བཅའ་འོ་ཞེས་དམ་བཅའི་སྔར་ངེས་གཟུང་གི་ཚིག་སྨོས་པ་ལ་དགོས་པ་མེད་པར་ཐལ། གྲུབ་ཟིན་སྟོན་པ་དམ་བཅའ་ཡིན་པ་གཅད་པའི་ཆེད་དུ་ཡང་དེ་སྨོས་མི་དགོས། སྒྲུབ་བྱེད་སྟོན་པ་དམ་བཅའ་ཡིན་པ་གཅད་པའི་ཆེད་དུའང་དེ་སྨོས་མི་དགོས་པའི་ཕྱིར། དེཾ། རིགས་པ་ཅན་པས་བསྒྲུབ་བྱའི་མཚན་ཉིད་སྟོན་པའི་ཚིག་ཆོས་ཅན། དམ་བཅའི་ངེས་གཟུང་གི་ཚིག་སྨོས་པར་ཐལ། དེ་ཡིན་པའམ་དམ་བཅའི་སྔར་ངེས་གཟུང་གི་ཚིག་སྨོས་པ་གང་རུང་གང་ཞིག ཕྱི་མ་མིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བསྒྲུབ་བྱ་སྟོན་པ་ཡིན་ན་དམ་བཅའ་ཡིན་པས་ཁྱབ་པར་ཐལ། བསྒྲུབ་བྱ་སྟོན་པ་དམ་བཅའ་ཁོ་ནའོ་ཞེས་བསྟན་པའི་ཕྱིར། གསུམ་པ་ཕྱོགས་ལྟར་སྣང་བའི་དཔེ་ཡང་དགག་པ་ལ་གསུམ་སྟེ། འགལ་བའི་དོན་ཉིད་བརྟགས་ནས་དགག རྟགས་སུ་སོང་ཚུལ་གང་ཡིན་བཤད། དེ་ཉིད་མ་གྲུབ་སྐྱོན་དུ་འགྱུར་བའོ། །དང་པོ་ནི། རིགས་པ་ཅན་པ་ན་རེ། སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པ་ཡིན་པའི་ཕྱིར་ཞེས་པ་འདིས་དམ་བཅའི་ཚིག་གིས་སྒྲ་རྟག་པར་བསྟན། རྟགས་ཀྱི་ཚིགས་གིས་སྒྲ་མི་རྟག་པར་བསྟན་པས། གཏན་ཚིགས་དམ་བཅའ་དང་འགལ་བ་ཡིན་ཞིང་དེ་ཉིད་ཕྱོགས་སྐྱོན་ཡིན་ནོ་ཞེ་ན། འགཾལ། གཏན་ཚིགས་དམ་བཅའ་དང་འགལ་བའི་དོན་འདོད་ཡུལ་གྱི་བསྒྲུབ་བྱ་སྒྲུབ་པ་ལ་ཕན་པ་མེད་པ་ལ་བྱེད་དམ། ཆོས་ཅན་ལ་ཆོས་དང་ལྷན་ཅིག་ཏུ་མི་གནས་པ་ལ་བྱེད། དང་པོ་ལྟར་ན་རྟགས་སྐྱོན་ཐམས་ཅད་ཆོས་ཅན། ཕྱོགས་སྐྱོན་དུ་ཐལ། འདོད་ཡུལ་གྱི་བསྒྲུབ་བྱ་སྒྲུབ་པ་ལ་ཕན་པ་མེད་པའི་ཕྱིར། འདོཾད། གཉིས་པ་ལྟར་ན། གཏན་ཚིགས་ཆོས་ཅན་ལ་མ་གྲུབ་པ་དེ་ཆོས་ཅན། ཕྱོགས་སྐྱོན་མིན་པར་ཐལ། རྟགས་སྐྱོན་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྒྲ་ལ་འཇིག་པ་རྟགས་སུ་འཕངས་པ་མེད། ཐམས་ཅད་མིན་ལ་རྟགས་སུ་འཕངས་པ་བསྟན་པའོ། །དང་པོ་ནི། མིཾ། སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་ངག་ཆོས་ཅན། མི་རྟག་པའི་གཏན་ཚིགས་དམ་བཅའ་དང་འགལ་བ་བསྟན་པ་མིན་པར་ཐལ། མི་རྟག་པ་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་བསྟན་ན་གཏན་ཚིགས་དམ་བཅའ་དང་འགལ་བ་བསྟན་ན་ཡང་། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱི་དཔེ་ཙམ་བསྟན་གྱི་མི་རྟག་པ་སྒྲ་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་མ་བསྟན་པའི་ཕྱིར། ཁྱདཾ། དེ་ཆོས་ཅན། མི་རྟག་པ་སྒྲ་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་མ་བསྟན་པར་ཐལ། སྒྲ་རྟག་ཅེས་པའི་དམིགས་བསལ་སྔར་སྨོས་ནས། ཐམས་ཅད་མི་རྟག་ཅེས་པའི་སྤྱིར་བཏང་ཕྱིས་སྨོས་པའི་ངག་ཡིན་པའི་ཕྱིར། གཉིས་པ་ནི། ཡུཾལ། དེ་ཆོས་ཅན། ཐམས་ཅད་མིན་པ་སྒྲ་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་བསྟན་པ་ཡིན་ཏེ། སྒྲ་རྟག་པའི་དམ་བཅའ་ལ་ཐམས་ཅད་མི་རྟག་པ་གཏན་ཚིགས་སུ་སྨོས་པའི་ངག་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། ཀུན་ལ་གྲགས་པའི་གཞན་མིན་སྒྲ་ལ་མེད། སྒྲ་མ་ཡིན་ལས་གཞན་ལ་ཕྱོགས་ཆོས་མེད། ཕྱོགས་ཆོས་ཅན་གྱི་རྟགས་ལ་མཚུངས་པ་སྤང་བའོ། །དང་པོ་ནི། སྤྱི།ཾ སྒྲ་ཆོས་ཅན། ཐམས་ཅད་མིན་པར་མི་འཐད་པར་ཐལ། ཐམས་ཅད་ཞེས་པའི་སྤྱི་སྒྲ་དེས་ཁྱོད་བརྗོད་བྱར་མི་སྤོང་བའི་ཕྱིར། གལ་ཏེ་མ་གྲུབ་སྟེ། སྒྲ་ཁོ་ན་ཐམས་ཅད་མིན་ཞེས་པའི་ཚེ། སྤྱི་སྒྲས་ཁྱད་པར་བརྗོད་བྱར་སྤོང་བའི་ཕྱིར་ཞེ་ན། དཔེཾར། སྒྲ་ཆོས་ཅན། ཁྱོད་ཁོ་ན་ཐམས་ཅད་མིན་ཙམ་གྱིས་ཐམས་ཅད་ཞེས་པའི་སྤྱི་སྒྲས་ཁྱོད་བརྗོད་བྱར་སྤོང་བ་དེ་མིན་པར་ཐལ། ཁྱོད་ཁོ་ན་ཐམས་ཅད་མིན་པ་ཞེས་པའི་ཚིག་དེས་ཐམས་ཅད་ཅེས་པའི་སྤྱི་སྒྲ་ཁྱོད་ཁོ་ན་ལ་འཇུག་པ་འགོག་པ་ཙམ་ཡིན་པའི་ཕྱིར། དཔེར་ན་སྐབས་འགར་ཤིང་ཤ་པ་ཁོ་ན་ཤིང་མིན་ཞེས་པ་བཞིན་ནོ། །སྒྲ་ཐམས་ཅད་ཀྱི་ཁྱད་པར་ཡིན་པས་སྒྲ་ཐམས་ཅད་མིན་ན། ཁྱཾད། ཐམས་ཅད་ཡིན་པ་མི་སྲིད་པར་ཐལ། སྒྲ་ཡིན་ན་ཡང་ཐམས་ཅད་མིན་པས་ཁྱབ། སྒྲ་མིན་ནའང་ཐམས་ཅད་མིན་པས་ཁྱབ་པའི་ཕྱིར། དེང་སང་སྒྲ་ཐམས་ཅད་མིན་པར་འདོད་པ་ནི་གཞུང་འདི་དག་དང་འགལ་ལོ། །གཉིས་པ་ནི། ཤེཾས། གལ་ཏེ་སྒྲ་མིན་ཐམས་ཅད་མིན་པ་གཏན་ཚིགས་ཡིན་ན་སྒྲ་གཏན་ཚིགས་སུ་སོང་ལ། དེ་ལྟར་ན་སྒྲ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པར་ཐལ། ཁྱོད་སྒྲ་དང་ཐ་དད་མིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། རང་བཞིན་གཏན་ཚིགས་སྤྱི་ལ་མཚུངས་པ་སྤང་། བྱེ་བྲག་སྤྱི་ཆོས་བཀོད་ལ་མཚུངས་པ་སྤང་། ཁྱད་པར་མཉན་བྱའི་རྟགས་ལ་མཚུངས་པ་སྤང་བའོ། །དང་པོ་ནི། དངོཾས། རང་བཞིན་གྱི་གཏན་ཚིགས་ཀུན་ལ་གཞི་རྟགས་ཐ་དད་མེད་པར་མཚུངས་སོ་ཞེ་ན། མིཾཾན། བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་པ་མི་འཐད་པར་ཐལ། ཁྱོད་སྒྲ་དང་ལྡོག་པ་ཐ་དད་ཡིན་པའི་ཕྱིར། དོཾན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་དོན་གསུམ་ཆོས་ཅན། དོན་དམ་པར་དེ་ཉིད་དང་གཞན་ཉིད་གང་དུའང་མ་གྲུབ་སྟེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན་མ་གྲུབ་པའི་ཕྱིར། དཔཾག དེ་སྐོར་གྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཐ་སྙད་ཆོས་ཅན། དོན་དམ་དུ་མ་གྲུབ་ཀྱང་ཐ་སྙད་དུ་མི་འཐད་པ་མ་ཡིན་ཏེ། སེལ་ངོར་ལྡོག་པ་ཐ་དད་དུ་གྲུབ་པ་ལ་རྟེན་ནས་རྣམ་གཞག་བྱས་པ་ཡིན་པའི་ཕྱིར། བདཾག དེ་ཆོས་ཅན། མཐར་ཐུག་རང་མཚན་མི་འཐོབ་པ་མ་ཡིན་ཏེ། མཐར་ཐུག་རང་མཚན་དང་བརྒྱུད་ནས་འབྲེལ་པའི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཐ་སྙད་ཡིན་པའི་ཕྱིར། འདཾི། ཤེས་བྱ་ཤེས་བྱེད་སོགས་ངག་དོན་དགོད། གཉིས་པ་ནི། འདུས་བྱས་ཀྱི་བུམ་པ་མི་རྟག་པར་སྒྲུབ་པ་ལ། འདུས་བྱས་རྟགས་སུ་བཀོད་པའི་ཚེ་ན་ཡང་ཕྱོགས་ཆོས་མ་གྲུབ་པར་འགྱུར་ཏེ། གཞི་རྟགས་ཐ་དད་མེད་པའི་ཕྱིར་ཞེ་ན། དེཾས། འདུས་བྱས་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་འདུས་བྱས་ཀྱི་བུམ་པ་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་པ་མ་ཡིན་པར་ཐལ། ཁྱོད་འདུས་བྱས་ཀྱི་བུམ་པ་དང་ལྡོག་པ་ཐ་དད་ཡིན་པའི་ཕྱིར། དཔེར་ན་རྩོལ་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་ཞེས་པ་བཞིན་ནོ། །དེ་ལ་ཡང་ཆོས་ཅན་མཚོན་བྱེད་ཀྱི་ཡན་ལག་ཡིན་པས་སྐྱོན་སྔ་མ་སོ་ན་གནས་སོ་ཞེ་ན། རྩོལ་བྱུང་ཆོས་ཅན། ཁྱོད་རྩོལ་སྒྲ་མཚོན་བྱེད་ཀྱི་ཡན་ལག་ཡིན་ན་ཡང་། ཁྱོད་རྩོལ་སྒྲ་དང་ཐ་དད་མེད་པ་མིན་པར་ཐལ། དེ་དང་ལྡོག་པ་ཐ་དད་ལ་ཚད་མས་གནོད་པ་མེད་པའི་ཕྱིར། ཡཾང་། རྩོལ་བྱུང་ཆོས་ཅན། རྩོལ་སྒྲས་མཚན་གཞི་རྟོགས་ནས་དེ་མི་རྟག་པར་སྒྲུབ་པའི་ཚེ་ཁྱོད་རྩོལ་སྒྲ་མཚོན་བྱེད་ཀྱི་ཡན་ལག་མ་ཡིན་ཏེ། དེའི་ཚེ་ཁྱོད་རྩོལ་སྒྲ་མཚོན་བྱེད་ཀྱི་ཡན་ལག་ཡིན་པ་ལས་ལྡོག་པའི་ཕྱིར། གསུམ་པ་ནི། ཆོཾས། མཉན་བྱ་ཆོས་ཅན་དུ་གཟུང་ནས། མིན་ཞེས་པའི་སྐབས་ཀྱི་སྦྱོར་བ་དགོད། གསུམ་པ་བརྗོད་ཚུལ་རྟོགས་ཕྱིར་གཏན་ཚིགས་བཤད་པ་ལ་གསུམ་སྟེ། ཕྱོགས་ཆོས་ཅན་ལ་དབྱེ་བའི་དགོས་པ་བསྟན། ཕྱོགས་ཆོས་ཡིན་ན་རྗེས་འགྲོ་མེད་པ་སྤང་། དབྱེ་བ་སོ་སོའི་དགོས་པ་རྒྱས་པར་བཤད་པའོ། །དང་པོ་ནི། གཏཾན། མདོར་གཞན་དོན་རྗེས་དཔག་གི་སྐབས་འདིར། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་དབྱེ་བ་ཆོས་ཅན། དགོས་པ་ཡོད་དེ། གཞན་དོན་རྗེས་དཔག་གི་གཏན་ཚིགས་བརྗོད་ཚུལ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཕྱོགས་ཆོས་ཞེས་པ་ལས་འཕྲོས་ནས། རྟགས་ཕྱོགས་ཀྱི་ཆོས་ཡིན་ན་དཔེ་ལ་མི་འཇུག མིན་ན་ཕྱོགས་ཆོས་སུ་མི་རུང་ངོ་ཞེ་ན། ཆོཾས། ངེས་གཟུང་དངོས་སུ་སྦྱར་བའི་རྣམ་གཅོད་ཆོས་ཅན། ཁྱོད་ལ་རྣམ་པ་གསུམ་ཡོད་དེ། ཁྱོད་ལ་ཁྱད་པར་དང་ངེས་གཟུང་ལྷན་ཅིག་ཏུ་སྦྱར་བ། ཁྱད་པར་ཅན་དང་ངེས་གཟུང་ལྷན་ཅིག་ཏུ་སྦྱར་བ། བྱ་བ་དང་ངེས་གཟུང་ལྷན་ཅིག་ཏུ་སྦྱར་བ་རྣམས་སུ་ཡོད་པའི་ཕྱིར། དེཾ། རྣམ་གཅོད་ཀྱི་དོན་གོ་བའི་ངག་ཡིན་ན་ངེས་གཟུང་དངོས་སུ་སྦྱར་བས་མ་ཁྱབ་པར་ཐལ། ངེས་གཟུང་དངོས་སུ་མ་སྦྱར་ཡང་བརྗོད་འདོད་ཀྱི་དབང་གིས་རྣམ་གཅོད་ཀྱི་དོན་གོ་བ་ཡོད་པའི་ཕྱིར། དཔེར་ན་ནག་པ་འཕོང་སྐྱེན་ཞེས་པའམ། ནག་པ་དང་སྲིད་སྒྲུབ་གཉིས་ཀྱི་ནང་ནས་སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། སྔོན་པོ་མཚོ་སྐྱེས་སུ་འགྱུར་ཞེས་པ་བཞིན་ནོ། །དེཾས། བྱས་པ་ཆོས་ཅན། ཁྱོད་སྒྲས་ཁྱད་པར་དུ་བྱས་པ་ཡིན་ན་ཁྱོད་བུམ་པ་ལ་རྗེས་སུ་མི་འགྲོ་བས་མ་ཁྱབ་པར་ཐལ། ཁྱོད་སྒྲས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་རྒྱུ་མཚན་གྱིས་ཁྱོད་བུམ་པ་ལ་རྗེས་སུ་འགྲོ་བའི་ཕྱིར། གསུམ་པ་ལ་གསུམ་སྟེ། དགུ་པོ་སོ་སོའི་དགོས་པ་བསྡུས་ཏེ་བསྟན། ཡང་དག་གཉིས་དང་མཉན་བྱ་རྒྱས་པར་བཤད། དགག་རྟགས་ལོགས་སུ་མི་སྟོན་རྒྱུ་མཚན་བཤད་པའོ། །དང་པོ་ནི། རཾང་། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་འདིར་སྒྲ་མི་རྟག་སྒྲུབ་པ་ལ་བྱས་པ་དང་། རྩོལ་བྱུང་བཀོད་པའི་ཡང་དག་གཉིས་དང་། སྒྲ་རྟག་པར་སྒྲུབ་པ་ལ་དེ་གཉིས་བཀོད་པའི་འགལ་རྟགས་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རང་བཞིན་དང་འབྲས་བུའི་རྟགས་ཀྱི་རྗེས་འགྲོ་གྲུབ་པ་ལ་མཐུན་ཕྱོགས་ལ་འཇུག་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། རཾང་། སྒྲ་རྟག་པར་སྒྲུབ་པ་ལ་མཉན་བྱ་དང་གཞལ་བྱ་རྟགས་སུ་བཀོད་པའི་གཏན་ཚིགས་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ལྡོག་པ་རྐྱང་པ་ཅན་དང་། རྗེས་འགྲོ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་པར་འདོད་པ་ལ་རྩོད་པའི་ཆེད་ཡིན་པའི་ཕྱིར། རྒྱུ།ཾ སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་དང་། རྟག་པ་སྒྲུབ་པ་ལ་ལུས་ཅན་མིན་པ་དང་། རྩོལ་མ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་བཀོད་པའི་གཏན་ཚིགས་གསུམ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྟགས་ཡང་དག་གི་ལྡོག་ཚུལ་བྱེ་བྲག་ཏུ་སྒྲུབ་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཡང་དག་གཉིས་པོ་རྒྱས་པར་བཤད། ཁྱད་པར་མཉན་བྱ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡང་དག་གཉིས་ཀྱིས་བསྟན་ཚུལ་བཤད། གཉིས་སུ་ཕྱེ་བའི་དགོས་པ་བཤད་པའོ། །དང་པོ་ནི། རཾང་། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་འདིར། བྱས་པ་རང་བཞིན་རྟགས་ཀྱི་དཔེར་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། འབྲས་རྟགས་ཐམས་ཅད་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། སྔཾར། སྐབས་འདིར་རྩོལ་བྱུང་འབྲས་རྟགས་ཀྱི་དཔེར་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྩོལ་བྱུང་མ་འཁྲུལ་པའི་ཉན་ཤེས་དེ་རང་རྒྱུ་མི་རྟག་པའི་འབྲས་བུར་ཤེས་པའི་ཆེད་ཡིན་པའི་ཕྱིར། རྩོལ་བྱུང་མ་འཁྲུལ་པའི་ཉན་ཤེས་ཆོས་ཅན། ཁྱོད་སྒྲ་རྟག་པའི་འབྲས་བུ་མ་ཡིན་ཏེ། སྒྲ་རྟག་པ་དེས་ཁྱོད་ལ་ཕན་མི་འདོགས་པའི་ཕྱིར། ལྟོསཾ། རྩོལ་བྱུང་མ་འཁྲུལ་པའི་ཉན་ཤེས་ཆོས་ཅན། ཁྱོད་ཀྱིས་བརྒྱུད་ནས་སྒྲ་མི་རྟག་པ་བསྒྲུབ་ནུས་ཏེ། ཁྱོད་སྒྲ་མི་རྟག་པའི་འབྲས་བུར་གྲུབ་པའི་ཕྱིར། འདིཾ། རྩོལ་བྱུང་གིས་རང་བཞིན་གྱི་རྟགས་ཀྱི་དཔེར་བརྗོད་གྲུབ་ཀྱང་དེ་ལས་ལོགས་སུ་བྱས་པ་རང་བཞིན་གཏན་ཚིགས་ཀྱི་དཔེར་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རང་བཞིན་གྱི་རྟགས་ཡང་དག་ཡིན་ན་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པས་མ་ཁྱབ་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། རཾང་། སྐབས་འདིར་རང་དོན་ལེའུར་བཤད་ཟིན་པའི་འབྲས་རང་གི་གཏན་ཚིགས་གཉིས་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། རང་དོན་རྗེས་དཔག་ཏུ་བཤད་ཟིན་པའི་གཏན་ཚིགས་ཡང་དག་དང་། གཞན་དོན་རྗེས་དཔག་གཉིས་བརྗོད་བྱ་རྗོད་བྱེད་དུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། དེཾས། སྐབས་འདིར་ཆོས་ཅན། རྩོལ་བྱུང་ལས་ལོགས་སུ་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རང་བཞིན་གྱི་གཏན་ཚིགས་ཀྱི་དཔེར་བརྗོད་སྨོས་མི་དགོས་ཏེ། རྩོལ་བྱུང་དེས་དེ་གྲུབ་པའི་ཕྱིར། གཉིས་པ་ནི། ཡོཾད། སྐབས་འདིར་འབྲས་རང་གི་གཏན་ཚིགས་གཉིས་སུ་ཕྱེ་སྟེ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། གཏན་ཚིགས་ཡང་དག་ཏུ་འགྱུར་བ་ལ་ཁྱབ་པའི་རྩ་བ་བདག་གཅིག་དང་དེ་བྱུང་གང་རུང་དུ་འབྲེལ་པ་གྲུབ་དགོས་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། ལྡཾན། དེ་ལྟར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ལྡན་པ་ཅན་སོགས་ཀྱི་གཏན་ཚིགས་ལ་འབྲེལ་པ་གཉིས་པོ་གང་རུང་མ་གྲུབ་པས་གཏན་ཚིགས་ཡང་དག་མིན་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། འབྲེཾལ། ལྡན་པ་ཅན་གྱི་གཏན་ཚིགས་སོགས་ཆོས་ཅན། ཁྱོད་ལས་རང་གི་བསྒྲུབ་བྱ་སྒྲུབ་པ་ལ་འབྲེལ་པ་གཞན་བཏགས་པ་དགོས་པ་མེད་པར་ཐལ། ཁྱོད་རང་གི་བསྒྲུབ་བྱའི་ཆོས་ལ་བདག་གཅིག་གི་དང་དེ་བྱུང་གང་རུང་གི་འབྲེལ་པ་གྲུབ་ན་འབྲེལ་པ་གཞན་མེད་ཀྱང་བསྒྲུབ་བྱ་སྒྲུབ་ནུས་དེ་མ་གྲུབ་ན། འབྲེལ་པ་གཞན་ཡོད་ཀྱང་བསྒྲུབ་བྱ་སྒྲུབ་མི་ནུས་པའི་ཕྱིར། གཉིས་པ་ཁྱད་པར་མཉན་བྱ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྲོག་ལ་ལྡོག་པ་གྲུབ་པ་དགག དེས་ན་མཉན་སྲོག་མཚུངས་པར་བསྟན། ཚུལ་དེས་རིགས་ཅན་གཞན་ལ་སྦྱར་བའོ། །དང་པོ་ལ་གསུམ་སྟེ། འབྲེལ་པ་ཡོད་མེད་བརྟགས་ཏེ་དགག མི་མཐུན་ཕྱོགས་ལ་བརྟགས་ཏེ་དགག ཐལ་བའི་དོན་ལ་བརྟགས་ཏེ་དགག་པའོ། །དང་པོ་ནི། རིགས་པ་ཅན་པ་དང་། བྱེ་བྲག་པ་ན་རེ། གསོན་ལུས་ཆོས་ཅན། བདག་དང་བཅས་པ་ཡིན་ཏེ། སྲོག་སོགས་དང་ལྡན་པའི་ཕྱིར་ཞེས་པ་འདི་ལ་རྗེས་འགྲོ་མེད་ཀྱང་། མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་པའི་ལྡོག་ཁྱབ་རྐྱང་པ་དང་། ཕྱོགས་ཆོས་ཡོད་པས་རྟགས་ཡང་དག་ཡིན་ནོ་ཞེ་ན། ལྡོཾག སྲོག་སོགས་ཆོས་ཅན། ཁྱོད་བདག་ལ་འབྲེལ་བ་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་གསོན་ལུས་བདག་བཅས་སུ་སྒྲུབ་པའི་ལྡོག་ཚུལ་གྲུབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྐོར་གྱི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བར་ཐལ། འདོད་པའི་ཕྱིར། རཾང་། དེ་ཆོས་ཅན། ཁྱོད་ཀྱི་དེ་སྐོར་གྱི་རྗེས་སུ་འགྲོ་ལྡོག་མ་གྲུབ་པར་ཐལ། ཁྱོད་བདག་ལ་བདག་གཅིག་གི་དང་དེ་བྱུང་གང་རུང་གི་འབྲེལ་པ་མ་གྲུབ་པའི་ཕྱིར། འོ་ན་སློབ་དཔོན་ཕྱོགས་གླང་གིས་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་སུ་བཤད་པ་དང་འགལ་ལོ་ཞེ་ན། མཾ། ཕྱོགས་གླང་ཆོས་ཅན། ཁྱོད་ཀྱིས་དེའི་གཏན་ཚིགས་ཀྱིས་དེ་ལྟར་སྒྲུབ་པའི་ལྡོག་ཚུལ་གྲུབ་པའི་རྒྱུ་མཚན་གྱིས་དེ་དེ་སྐོར་གྱི་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་སུ་བཤད་པ་མིན་པར་ཐལ། ཁྱོད་ཀྱིས་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པའི་བློ་ངོ་ལ་ལྟོས་ནས་དེ་དེ་ལྟར་སྒྲུབ་པའི་ལྡོག་ཁྱབ་རྐྱང་པ་ཅན་གྱི་གཏན་ཚིགས་སུ་བཤད་པ་གང་ཞིག དེ་དེ་སྐོར་གྱི་མ་ངེས་པའི་གཏན་ཚིགས་སུ་བཤད་པའི་ཕྱིར། གཾལ། གལ་ཏེ་གསོན་ལུས་ལ་ཁྱབ་བྱེད་སྲོག་མེད་ལྡོག་པས་ཁྱབ་བྱ་བདག་མེད་ཀྱང་ལྡོག་པའི་ཕྱིར་ན། བདག་བཅས་སུ་གྲུབ་བོ་ཞེ་ན། སྲོག་སོགས་ཆོས་ཅན། ཁྱོད་མེད་པ་དེ་བདག་མེད་ཀྱི་ཁྱབ་བྱེད་མིན་པར་ཐལ། དེ་ཡིན་ན་ཁྱོད་བདག་ལ་འབྲེལ་པ་གྲུབ་དགོས་པ་གང་ཞིག ཁྱོད་བདག་ལ་འབྲེལ་པ་མ་གྲུབ་པའི་ཕྱིར། དེཾ། གལ་ཏེ་མ་གྲུབ་སྟེ། བདག་ལ་དེ་བྱུང་དུ་འབྲེལ་བའི་ཕྱིར་ཞེ་ན། གཾལ། སྲོག་སོགས་ཆོས་ཅན། ཁྱོད་བདག་ལ་དེ་བྱུང་གི་འབྲེལ་པ་མ་གྲུབ་པར་ཐལ། བདག་དང་ཁྱོད་ཀྱི་རྒྱུ་འབྲས་ཀྱི་འབྲེལ་པ་སྒྲུབ་བྱེད་ཀྱི་མངོན་སུམ་ཕྲུགས་གསུམ་མི་འགྲུབ་པའི་ཕྱིར། གཉིས་པ་ནི། སྲོག་སོགས་ཀྱི་རྟགས་ཀྱིས་གསོན་ལུས་བདག་བཅས་སུ་སྒྲུབ་པའི་མི་མཐུན་ཕྱོགས་ཀྱི་མཚན་གཞི་བུམ་པ་ལྟ་བུ་ཡིན་ནོ་ཞེ་ན། གཞནཾ། བདག་ཆོས་ཅན། ཁྱོད་གསོན་ལུས་ལ་ཡོད་པ་དང་། བུམ་སོགས་ལ་མེད་པའི་ཁྱད་པར་མི་འཐད་པར་ཐལ། ཁྱོད་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། འདོད་ན། བུམ་སོགས་ཆོས་ཅན། ཁྱོད་དེ་སྐོར་གྱི་མི་མཐུན་དཔེ་ཡང་དག་མིན་པར་ཐལ། ཁྱོད་ལ་བདག་ལྡོག་པར་ཚད་མས་ཤེས་པ་མེད་པའི་ཕྱིར། སྲོགཾ བདག་ཆོས་ཅན། ཁྱོད་དང་སྲོག་གཉིས་གསོན་ལུས་ལ་ཡོད་མེད་མཚུངས་པ་མིན་པར་ཐལ། ཁྱོད་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། ཐལ་བས་གནོད་པ་མེད་པར་བསྟན། གནོད་པ་ཡོད་པའི་སྒྲུབ་བྱེད་དགག གནོད་པ་མེད་པའི་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། གསོནཾ། ལུས་ཆོས་ཅན། སྲོག་སོགས་མེད་པར་ཐལ། བདག་མེད་པའི་ཕྱིར། བུམ་པ་བཞིན་ནོ་ཞེ་ན། རྒྱུ།ཾ སྲོག་སོགས་ཆོས་ཅན། བདག་དེ་ཁྱོད་ཀྱི་རྒྱུ་ཡིན་པའི་རྒྱུ་མཚན་གྱིས་གསོན་ལུས་ལ་བདག་མེད་ན་ཁྱོད་མེད་པར་ཐལ་བ་འཕེན་མི་རིགས་པར་ཐལ། བདག་དེ་ཁྱོད་ཀྱི་རྒྱུ་མིན་པའི་ཕྱིར། གཉིས་པ་ནི། གལཾ། གསོན་ལུས་ཆོས་ཅན། བུམ་སོགས་དང་སྲོག་མེད་པར་མཚུངས་པར་ཐལ། བུམ་སོགས་དང་བདག་མེད་པ་ཆོས་མཐུན་པའི་ཕྱིར་ཞེ་ན། གཞལཾ། བུམ་སོགས་ཆོས་ཅན། བདག་དང་བཅས་པར་ཐལ། གསོན་ལུས་དང་གཞལ་བྱར་ཆོས་མཐུན་པའི་ཕྱིར། མིཾ། གལ་ཏེ་བུམ་པ་བདག་བཅས་སུ་གྲུབ་ཀྱང་གྲུབ་པའི་མཐའ་ལས་མི་འདོད་དོ་ཞེ་ན། བུམ་པ་ཆོས་ཅན། ཁྱོད་བདག་བཅས་སུ་ཁས་ལེན་རིགས་པར་ཐལ། ཁྱོད་བདག་བཅས་སུ་ཚད་མས་གྲུབ་པའི་ཕྱིར། གསུམ་པ་ནི། འོ་ན་སྲོག་སོགས་ཀྱི་རྒྱུ་གང་ཞེ་ན། སྲོགཾ སྲོག་དང་མིག་འབྱེད་འཛུམ་སོགས་ཆོས་ཅན། བདག་ལས་སྐྱེས་པ་མ་ཡིན་ཏེ། རང་རྒྱུ་དྲན་འདོད་སོགས་ལས་སྐྱེས་པའི་ཕྱིར། དྲན་འདོད་སོགས་ཆོས་ཅན། བདག་ལས་སྐྱེས་པ་མ་ཡིན་ཏེ། རང་རྒྱུ་ཡུལ་དང་། དབང་པོ་དང་། བློ་སྔ་མ་ལས་སྐྱེས་ཤིང་། དེ་ཡང་རང་གི་རིགས་འདྲ་སྔ་མ་ལས་བྱུང་བའི་ཕྱིར། དེཾ། སྲོག་སོགས་ཆོས་ཅན། བདག་ལས་མ་སྐྱེས་ཏེ། བདག་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། གཉིས་པ་དེས་ན་མཉན་སྲོག་མཚུངས་པར་བསྒྲུབ་པ་ལ་བཞི་སྟེ། ལྡོག་པ་སྒྲུབ་པའི་མཉན་སྲོག་མཚུངས་པར་བསྟན། མི་མཚུངས་པ་ཡི་ཁྱད་པར་ཡོད་པ་དགག སྲོག་སོགས་འཁྲུལ་པ་མེད་པའི་རྒྱུ་མཚན་དགག སྲོག་སོགས་ལྡོག་པ་འཁྲུལ་བའི་རྒྱུ་མཚན་དགོད་པའོ། །དང་པོ་ནི། འཁྲུཾལ། ཕྱོགས་གླང་གིས་ཕྱོགས་ཆོས་ཅན་གྱི་རབ་དབྱེའི་སྐབས་སུ་མཉན་བྱ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། མཉན་བྱའི་གཏན་ཚིགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་དང་། སྲོག་སོགས་ཀྱི་རྟགས་ཀྱིས་གསོན་ལུས་བདག་བཅས་སུ་སྒྲུབ་པའི་ལྡོག་པ་འཁྲུལ་པ་མཚུངས་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཁྱད་པར་བརྗོད། སོ་སོར་དགག་པའོ། །དང་པོ་ནི། མཾ། གལ་ཏེ་དེ་གཉིས་འཁྲུལ་པ་མི་མཚུངས་ཏེ། སྲོག་སོགས་དེ་དེ་སྐོར་གྱི་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡིན་ཡང་། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པ་སྒྲུབ་པའི་ལྡོག་པ་འཁྲུལ་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། མཉན་བྱ་འཁྲུལ་པའི་རྒྱུ་མཚན་སྲོག་ལ་མཚུངས། སྲོག་ལ་ལྡོག་ཁྱབ་ཡོད་ན་རྗེས་འགྲོ་གྲུབ་པའོ། །དང་པོ་ནི། ཅིཾ། མཉན་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལས་ལྡོག་པའི་རྒྱུ་མཚན་གྱིས་ལྡོག་པ་འཁྲུལ་ན། མཉན་བྱ་ཆོས་ཅན། དེ་སྐོར་གྱི་མཐུན་ཕྱོགས་ལ་རྗེས་སུ་མི་འགྲོ་བའི་རྒྱུ་མཚན་གྱིས་ལྡོག་པ་འཁྲུལ་པར་ཐལ། དེ་སྐོར་གྱི་མཐུན་ཕྱོགས་ལས་ལྡོག་པའི་རྒྱུ་མཚན་གྱིས་ལྡོག་པ་འཁྲུལ་པའི་ཕྱིར། འདོད་ན། སྲོག་སོགས་ཆོས་ཅན། ཁྱོད་ཀྱིས་གསོན་ལུས་བདག་བཅས་སུ་སྒྲུབ་པའི་ལྡོག་པ་འཁྲུལ་པར་ཐལ། དེ་སྐོར་གྱི་མཐུན་ཕྱོགས་ལ་རྗེས་སུ་མི་འགྲོ་བའི་ཕྱིར། གཉིས་པ་ནི། སྒྲུབཾ། དེ་ཆོས་ཅན། དེ་སྐོར་གྱི་མཐུན་ཕྱོགས་ལ་ཡོད་པར་ཐལ། དེ་སྐོར་གྱི་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་པའི་ཕྱིར། ཕྱོགས་གླང་ཆོས་ཅན། སྦྱོར་བ་སྐོར་གཅིག་གི་ལྡོག་པ་གྲུབ་ན་རྗེས་འགྲོ་གྲུབ་པར་བཞེད་དེ། ཡང་ན་དོན་གྱི་གོ་བས་གང་ཡང་རུང་བས་གཉིས་ཀ་རབ་ཏུ་བསྟན་པའི་ཕྱིར་ཞེས་གསུངས་པའི་ཕྱིར། དེཾ། སྲོག་སོགས་ཆོས་ཅན། དེ་སྐོར་གྱི་ལྡོག་པ་འཁྲུལ་པར་ཐལ། དེ་སྐོར་གྱི་རྗེས་འགྲོ་འཁྲུལ་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཁས་བླངས་བརྗོད། དེ་དགག་པའོ། །དང་པོ་ནི། སྒྲུབཾ། དེ་ཆོས་ཅན། དེ་སྐོར་གྱི་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་སྟེ། དེ་སྐོར་གྱི་མཐུན་ཕྱོགས་ལས་ལྡོག་པ་མེད་པའི་ཕྱིར་ཏེ། དེ་སྐོར་གྱི་མཐུན་ཕྱོགས་མེད་པ་གང་ཞིག མེད་པ་ལྡོག་གཞི་མི་རུང་བའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། མེད་པ་ལྡོག་གཞི་མ་ཡིན་པར་མི་གྲུབ། གྲུབ་ཀྱང་མཐུན་ཕྱོགས་མེད་པར་མ་ངེས་པའོ། །དང་པོ་ལ་དྲུག་སྟེ། ལྡོག་པ་དགག་ཏུ་མེད་པར་ཐལ། ཤིན་ཏུ་འགལ་བ་འགྲུབ་པར་འགྱུར། ལྡོག་པ་དགག་ཏུ་མེད་པའི་ཚུལ། མེད་པའི་ཐ་སྙད་ཆད་པར་ཐལ། དགག་པའི་དོན་ཡང་ཆད་པར་ཐལ། རང་གི་ཕྱོགས་ལ་དགག་སྒྲུབ་འཐད་པའོ། །དང་པོ་ནི། མེཾད། མེད་པ་ཆོས་ཅན། ཁྱོད་ལ་སྲོག་སོགས་ལྡོག་པ་དེ་ཡང་དགག་ཏུ་མི་རུང་བར་ཐལ། ཁྱོད་ལྡོག་གཞིར་མི་རུང་བའི་ཕྱིར། གཉིས་པ་ནི། ལྡོཾག རིག་པ་ཅན་པ་ཆོས་ཅན། འགལ་བ་ཁས་བླངས་པ་ཡིན་ཏེ། སྲོག་སོགས་གསོན་ལུས་བདག་བཅས་སུ་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་པར་དོན་གྱིས་ཁས་བླངས་ཤིང་། རེ་རེ་ལ་མེད་པ་དངོས་སུ་ཁས་བླངས་པའི་ཕྱིར། གསུམ་པ་ནི། གཾལ། སྲོག་སོགས་ཆོས་ཅན། ཁྱོད་གསོན་ལུས་བདག་བཅས་སུ་སྒྲུབ་པའི་མཐུན་ཕྱོགས་ལ་ལྡོག་པ་དེ་དགག་ཏུ་མི་རུང་བར་ཐལ། ཁྱོད་དེ་ལ་རྗེས་སུ་འཇུག་པ་མིན་པའི་ཕྱིར། བཞི་པ་ནི། སྒྲུབཾ། གསོན་ལུས་བདག་བཅས་སུ་སྒྲུབ་པའི་མཐུན་ཕྱོགས་ལ་དཔྱོད་པའི་སྐབས་འདིར་ཆོས་ཅན། ཐ་སྙད་རྒྱུན་ཆད་པར་ཐལ། སྒྲུབ་པའི་ཐ་སྙད་དང་དགག་པའི་ཐ་སྙད་གང་ཡང་མེད་པའི་ཕྱིར། ལྔ་པ་ནི། ཡོདཾ། བུམ་པ་དགག་པའི་དོན་མེད་པར་ཐལ། བུམ་པ་ཡོད་པའི་གཞི་དང་བུམ་པ་མེད་པའི་གཞི་གང་རུང་ཡིན་ན་བུམ་པ་དགག་པའི་གཞི་མིན་པས་ཁྱབ་པའི་ཕྱིར། གཾལ། གལ་ཏེ་ཡུལ་དུས་ལ་ལྟོས་ནས་བུམ་པ་དགག་པས་སྐྱོན་མེད་དོ་ཞེ་ན། ཡུལ་དུས་ལ་ལྟོས་ནས་བུམ་པ་འགོག་པ་མི་འཐད་པར་ཐལ། བུམ་པ་ཡོད་པའི་ཡུལ་དུས་ལ་ཡང་བུམ་པ་དགག་ཏུ་མི་རུང་། བུམ་པ་མེད་པའི་ཡུལ་དུས་ལ་ཡང་བུམ་པ་དགག་ཏུ་མི་རུང་བའི་ཕྱིར། དྲུག་པ་ལ་གསུམ་སྟེ། སྒྲ་ཡི་དོན་ལ་དགག་སྒྲུབ་འཇུག ཕྱི་རོལ་དོན་ལ་འཇུག་པ་དགག འཁྲུལ་ངོར་དགག་སྒྲུབ་འཇུག་ཚུལ་བཤད་པའོ། །དང་པོ་ནི། དེཾ། དངོས་མེད་ཡིན་ན་དགག་སྒྲུབ་ཀྱི་དངོས་བསྟན་དུ་མི་རུང་བས་མ་ཁྱབ་པར་ཐལ། དགག་སྒྲུབ་རང་མཚན་ལ་དངོས་སུ་མི་འཇུག་པར་སྒྲ་དོན་ལ་དངོས་སུ་འཇུག་པའི་ཕྱིར། དེཾ། རྟོག་པ་ལ་སྣང་བའི་སྒྲ་དོན་ཆོས་ཅན། ཁྱོད་ལ་ཐ་སྙད་དུ་དགག་སྒྲུབ་འཇུག་ཏུ་རུང་སྟེ། ཁྱོད་སེལ་ངོར་དགག་སྒྲུབ་དང་འབྲེལ་པར་སྣང་བའི་ཕྱིར། གཉིས་པ་ནི། དེཾ། གལ་ཏེ་རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་ན། དོན་རང་མཚན་ཆོས་ཅན། ཁྱོད་ལ་དགག་སྒྲུབ་ཐམས་ཅད་ཅིག་ཅར་རྟོགས་པར་འགྱུར་བར་ཐལ། ཁྱོད་ལ་དགག་སྒྲུབ་དངོས་སུ་འཇུག་པ་གང་ཞིག ཁྱོད་ཀྱི་བྱས་མི་རྟག་ཐམས་ཅད་ཁྱོད་དང་རྫས་གཅིག་ཡིན་པའི་ཕྱིར། སྣཾང་། གལ་ཏེ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ལ་རྟག་པ་བཀག་པ་དང་བྱས་པ་སྒྲུབ་པ་གཉིས་གཞི་མཐུན་དུ་འདུར་མི་རུང་བར་ཐལ། ཁྱོད་ཀྱི་བྱས་མི་རྟག་ཁྱོད་ལས་རྫས་གཞན་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། འཕེལ་འགྲིབ་མེད་ཀྱང་འཕེལ་འགྲིབ་ལྟ་བུར་སྣང་། དོན་ལ་མེད་ཀྱང་ཚད་མས་གནོད་པ་མེད། འཁྲུལ་པ་ཡིན་ཀྱང་འཁྲུལ་པར་ཤེས་པ་མེད་པའོ། །དང་པོ་ནི། སྣངཾ་། རྟོག་པ་ལ་སྣང་བའི་བུམ་པ་ཆོས་ཅན། ཁྱོད་དགག་སྒྲུབ་ཀྱི་དངོས་བསྟན་དུ་རུང་སྟེ། ཁྱོད་སེལ་ངོར་དགག་ཆོས་གསར་དུ་འགྲིབ་པ་དང་། སྒྲུབ་ཆོས་གསར་དུ་འཕེལ་བ་ལྟ་བུར་སྣང་བའི་རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར། གཉིས་པ་ནི། མེཾད། རྟོག་པ་ལ་དངོས་སུ་སྣང་བའི་དགག་སྒྲུབ་ཀྱི་ཐ་སྙད་ཆོས་ཅན། ཁྱོད་དོན་ལཾ་ལ་མེད་ཀྱང་ཚད་མས་མི་གནོད་དེ། ཁྱོད་རང་མཚན་ཐ་དད་ལ་བརྒྱུད་ནས་བརྟེན་པའི་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར། ཇི་ལྟར་ན་རང་མཚན་རྣམས་ཐ་དད་དུ་འཇོག་ཅེ་ན། དེཾ། མིག་དབང་ཆོས་ཅན། ཁྱོད་གཅིག་ཉིད་ལ་ཐ་དད་ཅེས་བརྗོད་དུ་རུང་སྟེ། ཁྱོད་དོན་གཅིག་ཡིན་པ་གང་ཞིག མིག་ཤེས་ཀྱི་རྒྱུ་མིན་པ་ལས་ཐ་དད་ཉན་ཤེས་ཀྱི་རྒྱུ་ཡིན་པ་ལས་ཐ་དད་ཡིན་པའི་ཕྱིར། གསུམ་པ་ནི། ཐཾ། དགག་སྒྲུབ་བྱེད་པའི་རྟོག་བློ་ཆོས་ཅན། ཁྱོད་འཁྲུལ་ཤེས་ཡིན་ཀྱང་ཁྱོད་འཁྲུལ་ཤེས་ཡིན་པ་རང་ཉིད་ཀྱིས་མི་ཤེས་ཏེ། ཁྱོད་སྣང་བརྟགས་གཅིག་ཏུ་ཞེན་པའི་བློ་ཡིན་པའི་ཕྱིར། གཉིས་པ་གྲུབ་ཀྱང་མཐུན་ཕྱོགས་མེད་པར་མ་ངེས་པ་ནི། ཡོཾད། བདག་ཆོས་ཅན། ཁྱོད་མེད་པར་ཚད་མས་མ་ངེས་པར་ཐལ། གསོན་ལུས་ལ་ཁྱོད་ཡོད་པའི་སྒྲུབ་བྱེད་འཇུག་པའི་ཕྱིར། གལ་ཏེ་སངས་རྒྱས་པས་བདག་མེད་པར་ཁས་བླངས་པས་སྒྲུབ་ཅེ་ན། ཁསཾ། སངས་རྒྱས་པའི་ཁས་བླངས་ཆོས་ཅན། ཁྱོད་ཁས་བླངས་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་ལ་བདག་མེད་པར་མི་གྲུབ་པར་ཐལ། ཁྱོད་ཁས་བླངས་ཚད་མ་མིན་པའི་ཕྱིར། མེཾད། སྲོག་སོགས་ཆོས་ཅན། མཐུན་ཕྱོགས་བདག་བཅས་ལས་ལྡོག་པ་མེད་པར་མ་ངེས་པར་ཐལ། མཐུན་ཕྱོགས་བདག་བཅས་དེ་ཡོད་མེད་གང་རུང་དུ་མ་ངེས་པའི་ཕྱིར། འདོད་ན། དེ་ཆོས་ཅན། མི་མཐུན་ཕྱོགས་བདག་མེད་ལས་ལྡོག་པ་མ་ངེས་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། བདག་ཡོད་མེད་གཉིས་གང་རུང་གཅིག་ལ་ཡོད་པར་མ་གྲུབ་ན། ཅིག་ཤོས་ལ་ལྡོག་པ་མི་གྲུབ་པའི་ཕྱིར། གལ་ཏེ་སྲོག་སོགས་དེ་བདག་མེད་ཀྱི་ཁྱད་པར་བུམ་སོགས་ལ་མ་མཐོང་བས་བདག་མེད་ལ་ལྡོག་པར་གྲུབ་ཅེ་ན། མཾ། སྲོག་སོགས་ཆོས་ཅན། མཐོང་རུང་གི་བུམ་སོགས་ལ་མ་དམིགས་པ་ཙམ་གྱིས་བདག་མེད་མཐའ་དག་ལ་མེད་པར་མ་ངེས་པར་ཐལ། མཐོང་རུང་དུ་མེད་པས་བདག་མེད་འགའ་ཞིག་ལ་ཡོད་པར་སྲིད་པའི་ཕྱིར། དཔེར་ན་མཁྲེགས་པ་འགའ་ཞིག་མཚོན་གྱིས་མི་ཆོད་ཀྱང་ལ་ལ་ཆོད་པར་འགྱུར་བ་བཞིན་ནོ། །བཞི་པ་སྲོག་སོགས་ལྡོག་པ་འཁྲུལ་པའི་རྒྱུ་མཚན་དགག་པ་ལ་གཉིས་ཏེ། འགལ་བ་ངེས་པ་མེད་པའི་ལྡོག་པ་འཁྲུལ། འབྲེལ་པ་ངེས་པ་མེད་པའི་ལྡོག་པ་འཁྲུལ་པའོ། །དང་པོ་ནི། ཡོཾད། སྲོག་སོགས་ཆོས་ཅན། བདག་མེད་ལས་ལྡོག་པར་མ་ངེས་པར་ཐལ། བདག་དང་འབྲེལ་པ་གཉིས་པོ་གང་རུང་མ་གྲུབ་པའི་ཕྱིར། ལྡོཾག སྲོག་སོགས་བདག་མེད་ལས་ལྡོག་ཏུ་ཆུག་ནའང་། གསོན་ལུས་ཆོས་ཅན། བདག་མེད་ལས་ལྡོག་པའི་རྒྱུ་མཚན་གྱིས་བདག་བཅས་སུ་མི་གྲུབ་པར་ཐལ། ཆོས་དེ་ལ་ལྡོག་པ་མེད་ན་ཆོས་དེ་ལ་ཡོད་པས་མ་ཁྱབ་པའི་ཕྱིར། རྟགས་ཁས་བླངས་ཏེ། སྲོག་སོགས་དེ་གསོན་ལུས་བདག་བཅས་སུ་སྒྲུབ་པའི་མཐུན་ཕྱོགས་ལས་ལྡོག་པ་མེད་ཀྱང་དེ་ལ་ཡོད་པ་མ་ཡིན་པའི་ཕྱིར། གཾལ། གསོན་ལུས་དེ་བདག་མེད་མ་ཡིན་པ་དང་བདག་བཅས་མ་ཡིན་པའི་གཞི་མཐུན་ཅན་ཡིན་པར་ཐལ། སྲོག་སོགས་དེ་སྐོར་གྱི་མཐུན་ཕྱོགས་ལ་རྗེས་འགྲོ་མེད་པ་དང་ལྡོག་པ་མེད་པའི་གཞི་མཐུན་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ལྡོག་པ་འབྲེལ་པ་ངེས་ལ་ལྟོས། ངེས་བྱེད་མེད་པའི་ལྡོག་པ་འཁྲུལ་པའོ། །དང་པོ་ནི། འཇུཾག གཏན་ཚིགས་ཡང་དག་ཆོས་ཅན། ཁྱོད་ཀྱི་རྗེས་སུ་འགྲོ་ལྡོག་ངེས་པ་མེད་ན་མི་འབྱུང་གི་འབྲེལ་པ་ངེས་པ་ལ་ལྟོས་ཏེ། མེད་ན་མི་འབྱུང་གི་འབྲེལ་པ་ངེས་པའི་སྟོབས་ཀྱིས་ཁྱོད་ཀྱི་རྗེས་སུ་འགྲོ་ལྡོག་ངེས་དགོས་པའི་ཕྱིར། མེཾད། མེད་ན་མི་འབྱུང་གི་འབྲེལ་པ་ཆོས་ཅན། ཁྱོད་ངེས་པ་ཁྱོད་སྒྲུབ་བྱེད་ཀྱི་ཚད་མ་ལ་ལྟོས་ཏེ། ཁྱོད་སྒྲུབ་བྱེད་ཀྱི་ཚད་མའི་སྟོབས་ཀྱིས་ཁྱོད་ངེས་དགོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དེ་བྱུང་འབྲེལ་པའི་ངེས་བྱེད་མེད། བདག་གཅིག་འབྲེལ་པའི་ངེས་བྱེད་མེད་པའོ། །དང་པོ་ལ་གསུམ་སྟེ། དེ་བྱུང་འབྲེལ་པའི་ངེས་བྱེད་དངོས། བདག་སྲོག་གཉིས་ལ་དེ་མ་གྲུབ། ངེས་བྱེད་དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། འབྲཾས། མེ་དུ་ཆོས་ཅན། ཁྱོད་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་ཡོད་དེ། མངོན་སུམ་ཕྲུགས་གསུམ་གང་རུང་གིས་ཁྱོད་རྒྱུ་འབྲས་སུ་ངེས་པར་བྱེད་པའི་ཕྱིར། གཉིས་པ་ནི། དེཾ། སྲོག་སོགས་ཆོས་ཅན། ཁྱོད་གསོན་ལུས་བདག་བཅས་སུ་སྒྲུབ་པའི་འབྲས་རྟགས་ཡང་དག་མིན་པར་ཐལ། ཁྱོད་བདག་གི་འབྲས་བུ་མིན་པའི་ཕྱིར་ཏེ། ཁྱོད་བདག་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། གསུམ་པ་ལ་བཞི་སྟེ། ལྡོག་པ་འཁྲུལ་ན་འབྲས་བུ་མིན། འཁྲུལ་ཡང་འབྲས་བུ་ཡིན་པ་དགག རྒྱུ་ལ་འཁྲུལ་པའི་དཔེར་བརྗོད་དགག འཁྲུལ་པ་མེད་ཚུལ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། གལ་ཏེ་རྒྱུ་འབྲས་ཡིན་ན་ལྡོག་པ་གྲུབ་པ་མ་ངེས་ཏེ། དུ་བ་མེ་འབྲས་ཡིན་ཀྱང་མེ་མེད་བརྒྱ་བྱིན་གྱི་སྤྱི་བོ་ལས་བྱུང་བའི་ཕྱིར་ཞེ་ན། འབྲཾས། དུ་བ་ཆོས་ཅན། ཁྱོད་མེ་འབྲས་མིན་པར་ཐལ། ཁྱོད་མེ་མེད་པར་ཡང་རྒྱུ་གཞན་ལས་བྱུང་བའི་ཕྱིར། ཁྱབ་སྟེ། འབྲས་བུ་རྒྱུ་ལ་ལྟོས་པའི་ཕྱིར། ཚོགསཾ། འབྲས་བུ་རྣམས་ཆོས་ཅན། རྫས་སྣ་ཚོགས་པ་ཡིན་ཏེ། རྒྱུ་ཚོགས་རིགས་མི་འདྲ་བ་དུ་མ་ལས་སྐྱེས་པའི་ཕྱིར། ཁྱབ་སྟེ། གཞན་དུ་ན་དངོས་པོ་ཐམས་ཅད་རིགས་གཅིག་ཏུ་འགྱུར་བའི་ཕྱིར། གཉིས་པ་ནི། འདིཾ། བརྒྱ་བྱིན་གྱི་སྤྱི་བོ་དེ་མེ་མེད་ཀྱི་འབྲས་བུ་དང་མེའི་འབྲས་བུ་དུ་བ་གཉིས་ཀ་བསྐྱེད་པས་དུ་བ་མེ་མེད་ལ་ལྡོག་པ་འཁྲུལ་ལོ་ཞེ་ན། བརྒྱ་བྱིན་གྱི་སྤྱི་བོ་ཆོས་ཅན། རང་བཞིན་གཅིག་མིན་པར་ཐལ། མེ་མེད་ཀྱི་འབྲས་བུ་དང་མེའི་འབྲས་བུ་གཉིས་ཀ་བསྐྱེད་པའི་ཕྱིར། དེ་ཆོས་ཅན། མེ་ཡོད་མེད་གཉིས་ཀ་ཡིན་པར་ཐལ། སྔ་མའི་གཏན་ཚིགས་དེའི་ཕྱིར། དེསཾ། དེ་ཆོས་ཅན། ཁྱོད་མེ་ཡོད་མ་ཡིན་བཞིན་དུ་དུ་བ་བསྐྱེད་པ་དེ་མིན་པར་ཐལ། ཁྱོད་དུ་བ་སྐྱེད་བྱེད་ཡིན་ན་ཁྱོད་མེ་ཡོད་ཡིན་དགོས་པའི་ཕྱིར། དེཾ། དུ་བ་ཆོས་ཅན། ཁྱོད་ཀྱི་རྟགས་ལས་དུ་ལྡན་གྱི་ལ་མེ་ཡོད་དུ་རྟོགས་པར་འགྱུར་ཏེ། ཁྱོད་དེ་སྐོར་གྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་རྒྱུ་ཚོགས་པ་མི་འདྲ་བས་འབྲས་བུ་རིགས་གཅིག་བསྐྱེད་པ་ཡོད་དེ། ཆུ་དང་འོ་མས་རང་འབྲས་རུལ་བ་གཅིག་བསྐྱེད་པ་ཡོད་པའི་ཕྱིར་ཞེ་ན། ཆུཾ། ཆུ་དང་འོ་མ་ཆོས་ཅན། ཁྱོད་ཀྱིས་རང་འབྲས་རུལ་བ་གཅིག་བསྐྱེད་པ་དེ་རྒྱུ་ཚོགས་རིགས་མི་འདྲ་བ་ལས་འབྲས་བུ་རིགས་གཅིག་བསྐྱེད་པའི་དཔེ་ཡང་དག་ཏུ་མི་འཐད་པར་ཐལ། ཁྱོད་གཤེར་བ་རིགས་གཅིག་པའི་རྒྱུ་མཚན་གྱིས་རང་འབྲས་རུལ་བ་གཅིག་བསྐྱེད་པའི་ཕྱིར། ཅིཾ། ཆུ་དང་འོ་མ་ཆོས་ཅན། རྫས་ཐ་དད་དང་རྫས་གཅིག་གཉིས་ཀ་ཡིན་པར་ཐལ། འབྲས་བུ་རིགས་གཅིག་བསྐྱེད་པ་གང་ཞིག ཚད་མ་ལ་ཐ་དད་དུ་སྣང་བའི་ཕྱིར་ཞེ་ན། ཐཾ། དེ་ཆོས་ཅན། རྫས་ཐ་དད་དང་རྫས་གཅིག་གཉིས་ཀ་མིན་པར་ཐལ། རྫས་ཐ་དད་ཁོ་ན་ཡིན་པའི་ཕྱིར། དེ་ཆོས་ཅན། གཤེར་བ་རིགས་གཅིག་པ་ཡིན་ཏེ། གཤེར་བ་འཛིན་པའི་བློ་དོན་མཐུན་གྱི་རྒྱུར་མཚུངས་པའི་ཕྱིར། དེཾ། ཙནྡན་གྱི་མེ་དང་ཤུག་པའི་མེ་ཆོས་ཅན། མེར་རིགས་གཅིག་པ་ཡིན་ཏེ། མེར་འཛིན་པའི་ཤེས་པ་དོན་མཐུན་གྱི་རྒྱུ་བྱེད་པའི་ཕྱིར། བཞི་པ་ནི། མེཾར། དུ་བ་ཆོས་ཅན། ཁྱོད་མེ་ཙམ་ལ་མི་འཁྲུལ་ཏེ། ཁྱོད་མེ་ཙམ་གྱི་འབྲས་བུ་ཡིན་པའི་ཕྱིར། འབྲས་བུ་གཞན་ཡང་ཆོས་ཅན། རང་རྒྱུ་ལ་མི་འཁྲུལ་ཏེ། དུ་བ་མེ་ལ་མི་འཁྲུལ་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། དུཾ། བརྒྱ་བྱིན་གྱི་སྤྱི་བོ་དེ་མེ་ཡོད་མ་ཡིན་ན་དེའི་འབྲས་བུ་དུ་བ་མིན་དགོས་ཏེ། དུ་བ་དང་བུད་ཤིང་གི་འགྱུར་བ་བསྐྱེད་པའི་ཚ་ཞིང་བསྲེག་པ་ལ་མེར་འཇོག་པའི་ཕྱིར། གཉིས་པ་བདག་གཅིག་གི་འབྲེལ་པའི་ངེས་བྱེད་མེད་པ་ནི། ཅིཾ། སྲོག་སོགས་ཆོས་ཅན། ཁྱོད་གསོན་ལུས་བདག་བཅས་སུ་སྒྲུབ་པར་བྱེད་པའི་རང་བཞིན་གྱི་གཏན་ཚིགས་ཡང་དག་མ་ཡིན་ཏེ། ཁྱོད་དང་བདག་གཅིག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། གསུམ་པ་ཚུལ་དེ་རིགས་ཅན་གཞན་ལ་སྦྱར་བ་ནི། ལྡོཾག ཕྱོགས་གླང་གིས་ཕྱོགས་ཆོས་ཅན་གྱི་རབ་དབྱེར་མཉན་བྱ་སྨོས་པའི་མཉན་སྲོག་གཉིས་པོ་ལྡོག་པ་འཁྲུལ་པར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ཕྱོགས་གཉིས་ཀ་ལ་མ་མཐོང་ཙམ་གྱིས་ལྡོག་པ་གྲུབ་པར་འདོད་པའི་གཏན་ཚིགས་ཐམས་ཅད་གཏན་ཚིགས་མིན་པར་བསྟན་པའི་ཕྱིར། གསུམ་པ་དགག་རྟགས་ལོགས་སུ་མི་སྟོན་རྒྱུ་མཚན་བཤད་པ་ལ་གཉིས་ཏེ། ཡང་དག་གཉིས་ཀྱི་གྲུབ་ཚུལ་བཤད། ཚུལ་དེས་མ་དམིགས་གཞན་ཡང་གྲུབ་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་དང་ཁྱབ་བྱེད་མ་དམིགས་གྲུབ། སྣང་རུང་རང་བཞིན་མ་དམིགས་གྲུབ་པའོ། །དང་པོ་ལ་གསུམ་སྟེ། དཔེར་བརྗོད་ཡང་དག་གཉིས་ཀྱིས་གྲུབ། སྣང་རུང་སྲོག་སོགས་འཁྲུལ་པས་གྲུབ། དཔེར་བརྗོད་གྲུབ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། རྒྱུ།ཾ ཕྱོགས་གླང་ཆོས་ཅན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ། འབྲས་རང་གི་གཏན་ཚིགས་ལས་ལོགས་སུ་རྒྱུ་ཁྱབ་བྱེད་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་མ་བཤད་པའི་རྒྱུ་མཚན་ཡོད་དེ། འབྲས་རང་གི་རྟགས་ཡང་དག་གི་ལྡོག་པ་མི་འཁྲུལ་པ་བསྟན་པས་རྒྱུ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་རྗེས་འགྲོ་མི་འཁྲུལ་བ་གྲུབ་པའི་ཕྱིར། གཉིས་པ་ནི། དེཾ། རྒྱུ་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཆོས་ཅན། ཁྱོད་ཀྱི་དགག་བྱའི་ཆོས་དེ་ཡིན་ན་སྣང་རུང་ཡིན་དགོས་ཏེ། བདག་སྲོག་གཉིས་ལ་ལྡོག་པ་འཁྲུལ་པར་བསྟན་པ་དེས། ཁྱོད་ཀྱི་དགག་བྱའི་ཆོས་དེ་ཡིན་ན་སྣང་རུང་ཡིན་དགོས་པ་གྲུབ་པའི་ཕྱིར། གསུམ་པ་ནི། འདིཾས། འོ་ན་འདི་གཉིས་སྒྲུབ་རྟགས་གཉིས་དང་ཁྱད་པར་མེད་པར་འགྱུར་ཏེ། དེ་གཉིས་ཀྱིས་འདི་གཉིས་ཀྱི་ཁྱབ་པ་འགྲུབ་པའི་ཕྱིར་ཞེ་ན། རྒྱུ་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཆོས་ཅན། ཁྱོད་འབྲས་རང་གི་གཏན་ཚིགས་ཡང་དག་གཉིས་དང་ཁྱད་པར་མེད་པ་མ་ཡིན་ཏེ། ཁྱོད་ཀྱི་སྒྲུབ་ཆོས་ཡིན་ན་དགག་པ་ཡིན་པས་ཁྱབ། འབྲས་རང་གི་གཏན་ཚིགས་ཡང་དག་གཉིས་ཀྱི་སྒྲུབ་ཆོས་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དགག་རྟགས་གཉིས་ལས་ལོགས་སུ་བསྟན་པའི་རྒྱུ་མཚན་བཤད། སྒྲུབ་རྟགས་གཉིས་ལས་ལོགས་སུ་མི་སྟོན་རྒྱུ་མཚན་གྲུབ་པའོ། །དང་པོ་ལ་གཉིས་ཏེ། ཐ་སྙད་འབའ་ཞིག་སྒྲུབ་པས་ལོགས་སུ་བསྟན། ཐ་སྙད་འབའ་ཞིག་གྲུབ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། དེཾ། རང་བཞིན་མ་དམིགས་པའི་གཏན་ཚིགས་ཡང་དག་ཆོས་ཅན། རྒྱུ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ལས་ཁྱོད་ཀྱི་དཔེར་བརྗོད་ལོགས་སུ་བཤད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཐ་སྙད་འབའ་ཞིག་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། གཞི་ལ་སྦྱར། གཉིས་པ་ནི། བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ཀྱིས་བུམ་པས་དག་པའི་ཤར་གཞིར་བུམ་པ་ཡོད་ངེས་ཀྱི་དོན་འགོག་པར་མི་བྱེད་དེ། ཁྱོད་ཀྱིས་དེར་བུམ་པ་ཡོད་ངེས་ཀྱི་ཐ་སྙད་འབའ་ཞིག་འགོག་པར་བྱེད་པའི་ཕྱིར། དམིཾགས། དེ་ཆོས་ཅན། ཁྱོད་ཀྱིས་དེར་བུམ་པ་མེད་ངེས་ཀྱི་དོན་སྒྲུབ་པར་མི་བྱེད་དེ། ཁྱོད་ཀྱིས་དེར་བུམ་པ་མེད་ངེས་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་པར་བྱེད་པའི་ཕྱིར། སྣངཾ་། བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། བུམ་པ་མེད་ངེས་ཀྱི་ཐ་སྙད་དེ་ཁྱོད་ཀྱི་ཡུལ་ཅན་གྱི་ཚད་མའི་འབྲས་བུ་ཡིན་ཡང་ཁྱོད་ཀྱི་རྟགས་ལས་བུམ་པ་དག་པའི་ཤར་གཞིར་བུམ་པ་མེད་ངེས་ཀྱི་ཐ་སྙད་འབྱུང་རུང་དུ་གྲུབ་སྟེ། སྣང་རུང་གི་ཆོས་གཞན་གྱི་སྟེང་དུ་ཚད་མས་མ་དམིགས་པ་ལས་མེད་ངེས་ཀྱི་ཐ་སྙད་གྲུབ་པ་མཐུན་དཔེར་བྱས་ནས་ཁྱོད་ཀྱི་རྟགས་ལས་བུམ་པས་དག་པའི་ཤར་གཞིར་བུམ་པ་མེད་ངེས་ཀྱི་བརྡ་དྲན་པར་བྱེད་པའི་ཕྱིར། ཅིཾ། དཔེར་ན་དོན་གཞན་ཕྱི་མའི་རྗེས་སུ་འགྲོ་ལྡོག་བྱ་ས་དང་། དོན་གཞན་སྔ་མའི་རྗེས་སུ་འགྲོ་ལྡོག་བྱེད་པ་པོ་ལས་རྒྱུ་འབྲས་ཀྱི་ཐ་སྙད་སྒྲུབ་པ་བཞིན་ནོ། །དེ་གཉིས་ལ་དེ་གཉིས་ཀྱི་ཐ་སྙད་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱུ་འབྲས་ཀྱི་ཐ་སྙད་རྟོགས་སླ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་སྒྲུབ་རྟགས་གཉིས་ལས་ལོགས་སུ་མི་སྟོན་རྒྱུ་མཚན་བཤད་པ་ལ་གཉིས་ཏེ། རྒྱུ་ལས་འབྲས་བུ་བསྒྲུབ་པའི་རང་བཞིན་ཡིན། རྒྱུ་ལས་འབྲས་བུ་གྲུབ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུ།ཾ རང་བཞིན་མ་དམིགས་པའི་གཏན་ཚིགས་ཡང་དག་ཆོས་ཅན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ་འབྲས་རང་གི་གཏན་ཚིགས་ལས་ལོགས་སུ་ཁྱོད་ཀྱི་དཔེར་བརྗོད་མ་བཤད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཡིན་ན་མཐར་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་སྒྲུབ་པའི་རང་བཞིན་གྱི་གཏན་ཚིགས་སུ་འགྱུར་བས་ཁྱབ་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། གཞི་འཛིན་མངོན་སུམ་རྒྱུ་ཚོགས་ཡིན། གཏན་ཚིགས་གཞི་འཛིན་མངོན་སུམ་ཡིན། དེས་ན་ཐ་སྙད་འབྱུང་རུང་གྲུབ་པའོ། །དང་པོ་ནི། གཅིཾག བུམ་པས་དག་པའི་ས་ཕྱོགས་འཛིན་པའི་དབང་པོའི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། ཁྱོད་ལས་རང་འབྲས་དྲན་ཤེས་གཉིས་སྐྱེ་བར་འགྱུར་ཏེ། ཁྱོད་ལས་ས་ཕྱོགས་འདི་ནི་དམིགས་སོ་སྙམ་པའི་ངེས་ཤེས་དང་། བུམ་པ་འདི་ནི་མ་དམིགས་སོ་སྙམ་པའི་ངེས་ཤེས་གཉིས་སྐྱེ་བར་འགྱུར་བའི་ཕྱིར། མྱོངཾ་། སྐབས་འདིར་གཅིག་དམིགས་ཞེས་པ་དང་ཉམས་སུ་མྱོང་བ་ཞེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། དོན་གྱི་དབྱེ་བ་བློ་ལས་གྲུབ་ཅིང་། བློའི་དབྱེ་བ་བློ་རང་ཉིད་ལས་གྲུབ་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། དེཾ། གལ་ཏེ་བློའི་དབྱེ་བ་ཡང་བློ་གཞན་ལས་གྲུབ་དགོས་ན། དོན་གྱི་དབྱེ་བ་ཆོས་ཅན། ཁྱོད་ཀྱི་སྒྲུབ་བྱེད་ཐུག་མེད་དུ་འགྱུར་བར་ཐལ། ཁྱོད་ཀྱི་དབྱེ་བ་བློའི་དབྱེ་བ་ལས་གྲུབ་དགོས་ཤིང་། བློའི་དབྱེ་བ་བློ་གཞན་གྱིས་གྲུབ་དགོས་པའི་ཕྱིར། གཉིས་པ་ནི། རཾང་། བུམ་པས་དག་པའི་ཤར་གཞིར་བུམ་པ་མེད་ངེས་སུ་སྒྲུབ་པའི་སྐབས་འདིར་ཆོས་ཅན། དངོས་སུ་བུམ་པ་ཚད་མས་མ་དམིགས་པ་བཀོད་ཀྱང་མཐར་བུམ་པས་དག་པའི་ས་ཕྱོགས་འཛིན་པའི་མངོན་སུམ་རྟགས་སུ་སོང་བ་ཡིན་ཏེ། དངོས་སུ་བཀོད་པའི་བུམ་པ་ཚད་མས་མ་དམིགས་པའི་དོན་ཕྱིར་རྒོལ་གྱི་རྒྱུད་ཀྱི་བུམ་པས་དག་པའི་ས་ཕྱོགས་འཛིན་པའི་མངོན་སུམ་ཡིན་པའི་ཕྱིར། གསུམ་པ་ནི། དེཾ། བུམ་པས་དག་པའི་ཤར་གཞིར་བུམ་པ་མེད་ངེས་སུ་སྒྲུབ་པ་ལ་བུམ་པ་ཚད་མས་མ་དམིགས་པ་རྟགས་སུ་བཀོད་པའི་ཚེ་ན་བྱེད་པ་པོ་ལ་ཡོད་པའི་མ་དམིགས་པ་ཆོས་ཅན། ཁྱོད་ཚད་མ་གཞན་གྱིས་སྒྲུབ་མི་དགོས་ཏེ། ཁྱོད་ཁྱོད་མྱོང་རང་རིག་མངོན་སུམ་ལས་གྲུབ་པའི་སྒོ་ནས་བུམ་པས་དག་པའི་ཤར་གཞིར་འཛིན་པའི་དབང་མངོན་བུམ་པ་མེད་ངེས་ཀྱི་ཐ་སྙད་འབྱུང་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། གཞཾན། གཞན་དུ་ཚད་མ་གཞན་གྱིས་སྒྲུབ་དགོས་ན་བུམ་དག་གི་ས་ཕྱོགས་ཆོས་ཅན། ཁྱོད་ལ་བུམ་པ་མེད་པར་སྒྲུབ་པའི་སྒྲུབ་བྱེད་ཐུག་མེད་དུ་འགྱུར་བར་ཐལ། ཁྱོད་བུམ་པ་མེད་པ་དེ་བུམ་པ་ཚད་མས་མ་དམིགས་པས་སྒྲུབ་དགོས། དེ་ཡང་ཚད་མ་གཞན་གྱིས་སྒྲུབ་དགོས་པའི་ཕྱིར་ནའོ། །གཉིས་པ་ཚུལ་དེས་མ་དམིགས་གཞན་ཡང་གྲུབ་པ་ལ་གཉིས་ཏེ། སྔ་མས་མི་སྣང་མ་དམིགས་གྲུབ། ཕྱི་མས་འགལ་ཟླ་དམིགས་པ་གྲུབ་པའོ། །དང་པོ་ནི། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ་མི་སྣང་བ་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། མིཾ། ཤ་ཟ་ཚད་མས་མ་དམིགས་པ་ཆོས་ཅན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་འདིར་ཁྱོད་ཀྱི་རྟགས་ཀྱིས་ཤ་ཟ་ཚད་མས་མ་དམིགས་པའི་མདུན་གྱི་གཞི་འདིར་ཤ་ཟ་ཡོད་ངེས་མིན་པར་སྒྲུབ་པའི་གཏན་ཚིགས་འབྲས་རང་གི་གཏན་ཚིགས་ལས་ལོགས་སུ་མི་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་མཐར་དེ་ལྟར་སྒྲུབ་པའི་རྒྱུ་མ་དམིགས་པའི་གཏན་ཚིགས་སུ་སོང་བའི་ཕྱིར། འབྲཾས། ཤ་ཟ་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ཤ་ཟ་ཚད་མས་མ་དམིགས་པའི་མདུན་གྱི་གཞི་འདིར་ཤ་ཟ་ཡོད་ངེས་སུ་སྒྲུབ་མི་ནུས་ཏེ། ཁྱོད་ཡིན་ན་ཤ་ཟ་མེད་ངེས་ཡིན་པས་མ་ཁྱབ་པའི་ཕྱིར། འོ་ན་དགག་བྱ་མེད་ངེས་སུ་སྒྲུབ་པའི་གཏན་ཚིགས་བཤད་པ་དང་འགལ་ལོ་ཞེ་ན། ངེཾས། མེད་ངེས་ཀྱི་ཐ་སྙད་སྒྲུབ་པའི་གཏན་ཚིགས་ཆོས་ཅན། ཁྱོད་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཀྱིས་དགག་བྱ་མེད་ངེས་སུ་སྒྲུབ་མི་ནུས་པར་བཤད་པ་དང་མི་འགལ་ཏེ། ཁྱོད་སྣང་རུང་མ་དམིགས་པའི་གཏན་ཚིགས་ཀྱི་དབང་དུ་བྱས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྦྱོར་བའི་སྒོ་ནས་དབྱེ་ཚུལ་བཤད། རྒྱུད་འགལ་སྦྱོར་བ་རྒྱས་པར་བཤད་པའོ། །དང་པོ་ནི། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ་དངོས་འབྲས་མ་དམིགས་པ་དང་། འགལ་ཟླ་དམིགས་པའི་གཏན་ཚིགས་ཀྱི་དཔེར་བརྗོད་ཅི་ཕྱིར་ལོགས་སུ་མ་བསྟན་ཞེ་ན། རཾང་། སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཆོས་ཅན། ཁྱོད་ལ་སྦྱོར་བ་འགོད་ཚུལ་གྱི་སྒོ་ནས་དུ་མ་ཡོད་དེ། ཁྱོད་ལ་སྦྱོར་བ་འགོད་ཚུལ་གྱི་སྒོ་ནས་འབྲེལ་ཟླ་མ་དམིགས་པ་རྟགས་སུ་སྦྱར་བ་དང་འགལ་ཟླ་དམིགས་པ་རྟགས་སུ་སྦྱར་བ་རྣམས་སུ་ཡོད་པའི་ཕྱིར། ཡོཾད། འགལ་བ་ཆོས་ཅན། ཁྱོད་ལ་གཉིས་སུ་ཡོད་དེ། ཁྱོད་ལ་ལྷན་ཅིག་མི་གནས་འགལ་དང་ཕན་ཚུན་སྤང་འགལ་གཉིས་སུ་ཡོད་པའི་ཕྱིར། ཚཾད། ཕན་ཚུན་སྤང་འགལ་ཆོས་ཅན། ཁྱོད་ལ་རྣམ་པ་གཉིས་ཡོད་དེ། ཁྱོད་ལ་དངོས་འགལ་དང་དངོས་འགལ་གྱིས་ཁྱད་པར་དུ་བྱས་པའི་རྒྱུད་འགལ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ལྟོས་བཅས་ཡིན་ན་ངེས་པ་འགལ། ལྟོས་མེད་ཡིན་ན་ངེས་པ་གྲུབ། དེ་ལ་ཧ་ཅང་ཐལ་བ་སྤང་། ངེས་པ་གྲུབ་ཚུལ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། གཾལ། གལ་ཏེ་ངེས་གྱུར་དང་ལྟོས་བཅས་མི་འགལ་ཏེ། བུམ་པ་འཇིག་པ་ངེས་ཀྱང་འཇིག་རྒྱུ་གཞན་ལ་ལྟོས་པ་དང་བཅས་པའི་ཕྱིར་ཞེ་ན། རྒྱུ།ཾ བུམ་པའི་འཇིག་པ་ཆོས་ཅན། བུམ་པ་ལ་ཡོད་ངེས་མིན་པར་ཐལ། བུམ་པའི་རྒྱུ་ལས་ཕྱིས་འབྱུང་བའི་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར། ཡོཾད། གལ་ཏེ་བུམ་པའི་རྒྱུ་ལས་བུམ་པའི་འཇིག་པ་སྐྱེ་ལ། དེས་བུམ་པ་འཇིག་པར་བྱེད་དོ་ཞེ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་ལས་འཇིག་པ་གཞན་སྐྱེ་ཞེས་པའི་བརྒྱུད་པར་དོན་མེད་པར་ཐལ། ཁྱོད་འཇིག་པ་འཇིག་རྒྱུ་ལས་སྐྱེས་པའི་ཕྱིར། གཾལ། བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་དེས་ཁྱོད་ཀྱི་འཇིག་པ་དོན་གཞན་བསྐྱེད་པ་མིན་པར་ཐལ། ཁྱོད་ཀྱི་རྒྱུ་དེས་ཁྱོད་ཀྱི་འཇིག་པ་ཁྱོད་དང་རྫས་གཅིག་བསྐྱེད་པའི་ཕྱིར། གཞཾན་ཡང་འཇིག་རྒྱུ་ལས་སྐྱེས་པའི་བུམ་པའི་འཇིག་པ་དེ་བུམ་པ་དང་རྫས་གཅིག་ཡིན་ནམ་བུམ་པ་ལས་རྫས་གཞན་ཡིན། དང་པོ་ལྟར་ན། དེཾ། བུམ་པ་ཆོས་ཅན། ཁྱོད་ཀྱི་འཇིག་པ་སྐྱེད་བྱེད་ཁྱོད་ཀྱི་རྒྱུ་ལས་གཞན་མི་དགོས་པར་ཐལ། ཁྱོད་ཀྱི་འཇིག་པ་ཁྱོད་དང་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། འཇིག་རྒྱུ་དོན་གཞན་ཆོས་ཅན། བུམ་པའི་འཇིག་པའི་རྒྱུ་མིན་པར་ཐལ། བུམ་པའི་འཇིག་པ་ལ་ཕན་འདོགས་བྱེད་པ་མིན་པའི་ཕྱིར། གཉིས་པ་ནི། ལྟོསཾ། བུམ་པ་ཆོས་ཅན། རང་གྲུབ་ཙམ་ནས་འཇིག་པ་ཡིན་ཏེ། རང་རྒྱུ་ལས་འཇིག་པའི་ངོ་བོ་སྐྱེས་པའི་ཕྱིར། དཔེར་ན་མར་མེ་སྐད་ཅིག་ཐ་མ་བཞིན་ནོ། །གསུམ་པ་ནི། ལྟོསཾ། གལ་ཏེ་བུམ་པ་ཆོས་ཅན། སྐད་ཅིག་ཀྱང་དངོས་པོར་ཡོད་པ་མིན་པར་ཐལ། གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར་ཞེ་ན། དེ་ལ་ཁྱབ་པ་མེད་པར་ཐལ། གྲུབ་ཙམ་ནས་འཇིག་ངེས་ཡིན་ན་དངོས་པོ་ཡིན་པས་ཁྱབ། དངོས་མེད་ཡིན་ན་གྲུབ་ཙམ་ནས་འཇིག་ངེས་མིན་པས་ཁྱབ་པའི་ཕྱིར། བཞི་པ་ནི། གཾང་། གང་ཞིག་ཆོས་དེའི་ངོ་བོར་འགྱུར་བ་རང་རྒྱུ་ལས་རྒྱུ་གཞན་ལ་ལྟོས་པ་མེད་པ་ཆོས་དེའི་ངོ་བོ་ཡིན་ན་ཆོས་དེའི་ངོ་བོར་ངེས་པས་ཁྱབ། དཔེར་ན་མྱུ་གུའི་རྒྱུ་ཚོགས་སྐད་ཅིག་ཐ་མས་མྱུ་གུ་བསྐྱེད་པ་རྒྱུ་གཞན་ལ་ལྟོས་པ་མེད་པ་བཞིན། བུམ་པ་ཡང་འཇིག་པའི་ངོ་བོར་འགྱུར་བ་རང་རྒྱུ་ལས་རྒྱུ་གཞན་ལ་ལྟོས་པ་མེད་པར་འཇིག་པའི་ངོ་བོ་ཡིན་ནོ་ཞེས་པའི་ངག་དེ་ཆོས་ཅན། གཞན་དོན་རྗེས་དཔག་ཡིན་ཏེ། སྔར་རྒོལ་རང་གི་ཚད་མས་མཐོང་བའི་ཚུལ་གསུམ་སྐབས་སུ་བབ་པས་ཕྱིར་རྒོལ་ལ་ལྷག་ཆད་དང་བྲལ་བར་སྟོན་པའི་ངག་ཡིན་པའི་ཕྱིར། གསུམ་པ་ཐ་མར་དགེ་བ་གཞུང་གི་ཆེ་བ་བརྗོད་པ་ལ་གཉིས་ཏེ། རྟོགས་པར་དཀའ་བ་ཆུ་བོའི་དཔེ་དང་སྦྱར། གཞན་ལ་ཕན་པ་ཉི་མའི་དཔེ་དང་སྦྱར་བའོ། །དང་པོ་ནི། བློཾ། བསྟན་བཅོས་རྣམ་འགྲེལ་ཆོས་ཅན། ཆུ་བོ་ཆེན་པོའི་རྒྱུན་དང་ཆོས་མཚུངས་ཏེ། དང་པོར་དཔལ་ལྡན་གྲགས་པའི་བློ་གྲོས་ཀྱི་རྒྱ་མཚོ་ལས་བྱུང་ཞིང་ཕྱིས་ཀྱང་དེར་ཐིམ་པར་འགྱུར་བའི་ཕྱིར། གཉིས་པ་ནི། ཚུལཾ། དེ་ཆོས་ཅན། ཉི་མའི་དཀྱིལ་འཁོར་དང་ཆོས་མཚུངས་ཏེ། ལྟ་བ་ངན་པའི་ཚང་ཚིང་སྲེག་པ་ལ་སོགས་པའི་ཁྱད་ཆོས་ལྔ་དང་ལྡན་པའི་ཕྱིར། གསུམ་པ་བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་ལ་གཉིས་ཏེ། རྩོམ་བྱེད་གང་གིས་བརྩམས་པའི་ཚུལ། སྒྱུར་བྱེད་གང་གིས་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་སོགས་སོ། །གཉིས་པ་ལ་གསུམ་སྟེ། སྔ་འགྱུར། བར་འགྱུར། ཕྱི་འགྱུར་རོ། །དང་པོ་ནི། རྒྱ་གར་གྱི་མཁན་པོ་སོགས་སོ། །གཉིས་པ་ནི། དཔལ་ལྡན་དམ་པའི་ལས་ལ་མངོན་དགེས་པ། །སོགས་སོ། །གསུམ་པ་ནི། དུས་ཕྱིས་སའི་སྟེང་ན་སོགས་སོ། །དཔལ་ལྡན་གྲགས་པའི་གསུང་རབ་པདྨོའི་ཚལ། །སྐྱོན་མེད་དག་གི་ཉི་མས་ཕྱེ་བ་ལས། །དོན་བཟང་མངར་བའི་རོ་ལྡན་བཅུད་འདི་ལ། །དོན་གཉེར་བུང་བ་འཁོར་ཞིང་བསྟི་བར་གྱིས། །སྒྲོས་ངན་ཕྲེང་བ་གཅིག་ནས་གཅིག་བརྒྱུད་དང་། །བྱང་བུའི་འཁར་གཞོང་གཅིག་ནས་གཅིག་བྱོ་དང་། །དུ་མའི་ཟེར་སྒྲོས་གཅིག་ནས་གཅིག་སྩོལ་གྱི། །སྐྱོན་གསུམ་སྤངས་ནས་ཚུལ་བཞིན་ཁོ་བོས་བཤད། །འདི་སྦྱར་དགེ་བ་དབང་གི་རྒྱལ་པོ་གང་། །ཡིད་ཀྱི་རྒྱལ་མཚན་མཛེས་པ་གང་ཐོབ་དེས། །མཁའ་མཉམ་འགྲོ་ལ་དམ་ཆོས་ཆར་ཕབ་ནས། །དགའ་བདེའི་འདོད་རྒུ་ཕྱོགས་བཅུར་ཁྱབ་པར་ཤོག །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ངག་དོན་ཀུན་ཏུ་བཟང་པོའི་ཉི་མ་ཞེས་བྱ་བ་འདི་ནི་ལྷག་བསམ་མགོ་བོ་དཀར་ཞིང་། རྣམ་དཔྱོད་སྤོབས་པའི་གཤོག་པ་བརྒྱངས་པ་གོ་སྟོན་བསོད་ནམས་སེང་གེས་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོའོ།། །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་གང་དང་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པ་ཚད་མ་རིགས་པའི་གཏེར་གྱི་དོན་གསལ་བར་བྱེད།

ནམ་མཁའ་ཁྱབ་པར་གར་སྟབས་སྒྱུར་བའི་སྐུ་ནི་ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །ནམ་མཁའི་མཐའ་ཀླས་སྒྲ་ཆེན་སྒྲོགས་པའི་གསུང་ནི་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ནམ་མཁའི་ལམ་ལ་རབ་ཏུ་གནས་པའི་ཐུགས་ནི་ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ནམ་མཁའི་མཐའ་ལ་ལོངས་སྤྱོད་མཛད་ལ་འདུད་དོ་ཡེ་ཤེས་སྣང་བ་ལམ་མེ་སྩོལ། །རིགས་པའི་གཙུག་རྒྱན་ཕྱོགས་གླང་གྲགས་པའི་གཞུང་། །རིགས་པ་མཁྱེན་པས་ཇི་བཞིན་ཕྱེ་བའི་སྲོལ། །རིགས་པའི་གཏེར་གྱི་ཁ་འབྱེད་ལེགས་བཤད་འདི། །རིགས་པ་དོན་གཉེར་སྐལ་ལྡན་རྣམས་ལ་སྦྱིན། །སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པ་ཚད་མ་རིགས་པའི་གཏེར་གྱི་དོན་གསལ་བར་བཤད་པ་འདི་ལ་གཉིས་ཏེ། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང་། ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ལ་གསུམ་སྟེ། ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་བློ། བློ་དེས་ཡུལ་རྟོགས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མཚན་ཉིད། དབྱེ་བའོ། །དང་པོ་ནི་ཡུལ་གྱི་མཚན་ཉིད་བློའི་རིག་པར་བྱ་བ། དེ་དང་ཁྱབ་མཉམ་པའི་ཤེས་བྱའི་མཚན་ཉིད། བློའི་ཡུལ་དུ་བྱར་རུང་བ། གཞལ་བྱའི་མཚན་ཉིད། ཚད་མས་རྟོགས་པར་བྱ་བ། གཞི་གྲུབ་ཀྱི་མཚན་ཉིད། ཚད་མས་དམིགས་པ། ཡོད་ངེས་ཀྱི་མཚན་ཉིད། ཚད་མས་བལྟར་རུང་བའོ། །གཉིས་པ་ལ་གསུམ་སྟེ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བའོ། །དང་པོ་ནི་བོད་ཁ་ཅིག་སྣང་ཡུལ་དང་། གཟུང་ཡུལ་དོན་གཅིག་པས་དོན་སྤྱི་དེ་རྟོག་པའི་གཟུང་ཡུལ་དང་། མེད་པ་གསལ་བ་དེ་རྟོག་མེད་ལོག་ཤེས་ཀྱི་གཟུང་ཡུལ་ཡིན་ཞེས་ཟེར་རོ། །འདི་དགག་པ་ལ་རིགས་པ་གཉིས་ལས། དང་པོ་ནི། རྟོག་པ་དང་རྟོག་མེད་ལོག་ཤེས་གཉིས་པོ་ཆོས་ཅན། འཁྲུལ་ཤེས་མ་ཡིན་པར་ཐལ། གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ནི། དོན་སྤྱི་དང་མེད་པ་གསལ་བ་གཉིས་པོ་ཆོས་ཅན། མཐོང་རུང་གི་ཡུལ་ན་གནས་པའི་གང་ཟག་གཞན་གྱི་ཤེས་པས་མཐོང་བར་ཐལ། རང་སྣང་བའི་ཤེས་པ་ལས་རྫས་ཐ་དད་པའི་གཟུང་ཡུལ་ཡིན་པའི་ཕྱིར། གཉིས་པ་ལ་ལྔ་སྟེ། ཡུལ་དུ་བྱས་ཚུལ་གྱི་སྒོ་ནས་ཡུལ་བཞིར་དབྱེ་བ། ངོ་བོའི་སྒོ་ནས་བདེན་པ་གཉིས་སུ་དབྱེ་བ། འཇུག་ཡུལ་གྱི་སྒོ་ནས་མངོན་ལྐོག་གཉིས་སུ་དབྱེ་བ། འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་སུ་དབྱེ་བ། མཐར་ཐུག་གི་གཞལ་བྱ་རང་མཚན་གཅིག་ཏུ་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཆོས་གང་ཡུལ་བཞིར་འགྱུར་དཔྱད། ཡུལ་ཅན་གང་ལ་ཡུལ་བཞིར་ཡོད་དཔྱད། ཡུལ་བཞི་སོ་སོའི་ངོ་བོའོ། །དང་པོ་ནི། ཆོས་ཐམས་ཅད་ཡུལ་ཅན་གྱི་བློ་སོ་སོ་ལ་ལྟོས་ནས། སྣང་ཡུལ། ཞེན་ཡུལ། འཇུག་ཡུལ་གསུམ་དུ་འགྱུར་ལ། གཟུང་ཡུལ་ནི་མདོ་སྡེ་པས་ཕྱིའི་སྐྱེ་མཆེད་ལྔ་པོ་ཁོ་ན་ལ་འཇུག་ཅིང་། སེམས་ཙམ་པའི་ལུགས་ལ་གཟུང་ཡུལ་གྱི་རྣམ་གཞག་མེད་དོ། །གཉིས་པ་ནི། རྟོག་མེད་མ་འཁྲུལ་བའི་ཤེས་པ་ཐམས་ཅད་ལ་སྣང་ཡུལ་ཡོད་ཅིང་། རྟོག་མེད་འཁྲུལ་ཤེས་རྣམས་ལ་སྣང་ཡུལ་མེད། རྟོགས་པ་ཐམས་ཅད་ལ་སྣང་ཡུལ་ཡོད་དོ། །གཟུང་ཡུལ་ནི། དོན་རིག་མངོན་སུམ་གཉིས་པོ་ཁོ་ན་ལ་ཡོད་ཅིང་། ཞེན་ཡུལ་ནི། རྟོག་པ་དོན་མཐུན་རྣམས་ལ་ཡོད། འཇུག་ཡུལ་ནི། ཚད་མ་དང་། རྗོད་བྱེད་སྒྲ་དོན་མཐུན་དང་། སྐྱེས་བུ་རྣམས་ལ་ཡོད་དོ། །གསུམ་པ་ལ། སྣང་ཡུལ། གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་བཞི་ལས། དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། དེས་རྣམ་པ་གཏད་པའི་སྒོ་ནས་སྣང་བའམ། རྣམ་མེད་དུ་དངོས་སུ་སྣང་བ་གང་རུང་གྱུར་པའི་ཡུལ་ལོ། །གཉིས་པ་ལ། རྟོག་མེད་ཤེས་པའི་དང་། རྟོག་པའི་སྣང་ཡུལ་གཉིས། དང་པོ་ལ་རྣམ་པ་གཏད་པའི་སྒོ་ནས་སྣང་ཡུལ་དུ་འགྱུར་བ་དང་། རྣམ་པ་མ་གཏད་པའི་སྒོ་ནས་སྣང་ཡུལ་དུ་འགྱུར་བ་གཉིས། དང་པོ་ནི། དོན་རིག་མངོན་སུམ་གྱིས་གཟུང་དོན་ལྟ་བུ། གཉིས་པ་ནི། རང་རིག་མངོན་སུམ་གྱིས་མྱང་བྱ་ལྟ་བུའོ། །རྟོག་པའི་སྣང་ཡུལ་ནི་དོན་སྤྱི་ལྟ་བུའོ། །ཡང་ན་ཡུལ་བཞིའི་ནང་ཚན་དུ་གྱུར་པའི་སྣང་ཡུལ་ནི་ཡུལ་ཅན་གྱི་ཤེས་པ་ལས་རྫས་གཞན་དུ་མེད་ཅིང་། རང་དུས་སུ་སྣང་བ་ལ་འཇོག་པ་རང་རིག་མངོན་སུམ་གྱིས་མྱང་བྱ་དང་། རྟོག་མེད་ལོག་ཤེས་ལ་དངོས་སུ་སྣང་བའི་མེད་པ་གསལ་བ་དང་། རྟོག་པ་ལ་དངོས་སུ་སྣང་བའི་དོན་སྤྱི་གསུམ་པོ་ཁོ་ན་ལ་འཇོག་ཅིང་། བར་པ་ནི་ཤེས་པ་དེའི་སྣང་ཡུལ་ཡིན་ཀྱང་སྤྱིར་སྣང་ཡུལ་མ་ཡིན་ཞེས་པ་རིགས་གཏེར་གྱི་དགོངས་པ་ཡིན་ནམ་སྙམ་སྟེ་དཔྱད་དོ། །གཉིས་པ་ལ་མཚན་ཉིད་ནི། རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཀྱི་ཕྱི་དོན་ནོ། །དབྱེ་ན། ཡུལ་ཅན་གྱི་སྒོ་ནས་དབང་པོའི་མངོན་སུམ་གྱིས་གཟུང་ཡུལ་དང་། ཡིད་ཀྱི་མངོན་སུམ་གྱིས་གཟུང་ཡུལ་གཉིས། ཡུལ་གྱི་སྒོ་ན་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའོ། །གསུམ་པ་ལ་མཚན་ཉིད་ནི། རང་འཛིན་སྟངས་ཀྱིས་གཙོ་བོར་བྱེད་པའི་བློས་ཞེན་ནས་རིག་པར་བྱ་བ། དེ་ལ་དབྱེ་ན་རྟོག་པ་ཚད་མའི་ཞེན་ཡུལ་དང་། བཅད་ཤེས་ཀྱི་ཞེན་ཡུལ་གཉིས། དང་པོ་ནི། རྗེས་དཔག་ཚད་མའི་འཇུག་ཡུལ་རྣམས་སོ། །གཉིས་པ་ནི། ཚད་མ་གཉིས་ཀྱི་འཇུག་ཡུལ་དེ་ཉིད་དེས་དྲངས་པའི་བཅད་ཤེས་ཀྱི་ཞེན་ཡུལ་དུ་འགྱུར་བ་ལྟ་བུའོ། །བཞི་པ་ལ་མཚན་ཉིད་ནི། ཡུལ་ཅན་དོན་མཐུན་གྱི་བྱེད་པ་འཇུག་པའི་གཞིར་གྱུར་པའི་ཡུལ་གྱི་གཙོ་བོའོ། །དབྱེ་བ་ལ་ཡུལ་ཅན་གྱི་སྒོ་ནས་དབྱེ་ན་སྔར་ལྟར་གསུམ་ལས་དང་པོ་ཚད་མའི་འཇུག་ཡུལ་ལ་མངོན་སུམ་དང་། རྗེས་དཔག་གི་འཇུག་ཡུལ་གཉིས། དང་པོ་ལ་དོན་རིག་མངོན་སུམ་གྱི་འཇུག་ཡུལ་ནི་ཕྱི་རོལ་གྱི་དོན་རང་མཚན་དང་། རང་རིག་མངོན་སུམ་གྱི་འཇུག་ཡུལ་ནི་ཤེས་པ་རང་མཚན་དང་། རྣལ་འབྱོར་མངོན་སུམ་གྱི་འཇུག་ཡུལ་ནི་མདོ་སྡེ་པ་ལྟར་ན་བདག་མེད་པས་ཁྱད་པར་དུ་བྱས་པའི་ཕུང་པོ་རང་མཚན་དང་། རྣམ་རིག་པ་ལྟར་ན་ཆོས་ཉིད་རྣམས་ཡིན་ནོ། །རྗེས་དཔག་གི་འཇུག་ཡུལ་ནི་རྟགས་ཡང་དག་གི་བསྒྲུབ་བྱ་རྣམས་ལ་འཇོག་གོ །སྒྲའི་འཇུག་ཡུལ་ནི་བ་ལང་རང་མཚན་པ་དེ་བ་ལང་ཞེས་པའི་སྒྲ་དོན་མཐུན་གྱི་འཇུག་ཡུལ་ཡིན་པ་ལྟ་བུའོ། །གཉིས་པ་ངོ་བོའི་སྒོ་ནས་བདེན་པ་གཉིས་ལ། བྱེ་བྲག་ཏུ་སྨྲ་བས་བཅོམ་པའམ་བློས་གཞིག་པ་ན་དེར་འཛིན་གྱི་བློ་མི་འཇུག་པ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དེ། དཔེར་ན་བཅོམ་པ་ན་དེ་འཛིན་གྱི་བློ་མི་འཇུག་པ་བུམ་པ་ལྟ་བུ་དང་། བློས་རྡུལ་རྫས་བརྒྱད་སོ་སོ་ཕྱེ་བ་ན་དེར་འཛིན་གྱི་བློ་མི་འཇུག་པ་འཇིག་རྟེན་ན་གྲགས་པའི་ཆུ་ལྟ་བུའོ། །བཅོམ་པའམ་བློས་གཞིག་པ་ན་དེར་འཛིན་གྱི་བློ་འཇུག་པ་དེ་དོན་དམ་བདེན་པའི་མཚན་ཉིད་དེ། དཔེར་ན་གཟུགས་ཀྱི་སྐྱེ་མཆེད་ལྟ་བུའོ་ཞེས་འདོད་དེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་པའི་ཕྱིར་རོ། །མདོ་སྡེ་པས་དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་གཉིས་དེ་གཉིས་ཀྱི་མཚན་ཉིད་དུ་འདོད་དེ། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་སོགས་གསུངས་པའི་ཕྱིར། སེམས་ཙམ་པས། གང་ལ་དངོས་སུ་དམིགས་ནས་ཀུན་ནས་ཉོན་མོངས་པ་རྒྱས་སུ་རུང་བ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དང་། གང་ལ་དངོས་སུ་དམིགས་ནས་རྣམ་བྱང་རྒྱས་པས་ཁྱབ་པ་དེ་དོན་དམ་བདེན་པའི་མཚན་ཉིད་དུ་བཞེད་དེ། ཀུན་བཏུས་ལས། གང་ལ་དམིགས་ནས་ཀུན་ནས་ཉོན་མོངས་པ་འཕེལ་བ་འགྱུར་བའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ། །གང་ལ་དམིགས་ནས་རྣམ་པར་བྱང་བ་འཕེལ་བར་འགྱུར་བའི་དམིགས་པ་ནི་དོན་དམ་དུ་ཡོད་པའོ། །ཞེས་གསུངས་པའི་ཕྱིར། དབུ་མ་པས། མཐོང་བ་ཡང་དག་པའི་འཛིན་སྟངས་ཀྱིས་གཟུང་བྱ་དེ་དོན་དམ་བདེན་པའི་མཚན་ཉིད་དེ། དཔེར་ན་འཕགས་རྒྱུད་ཀྱི་མཉམ་གཞག་གི་འཛིན་སྟངས་ཀྱིས་གཟུང་བྱ་ལྟ་བུའོ། །མཐོང་བ་རྫུན་པའི་འཛིན་སྟངས་ཀྱིས་གཟུང་བྱ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དེ། དཔེར་ན་སོ་སྐྱེའི་བློའི་དངོས་ཡུལ་ལྟ་བུ་ཞེས་བཞེད་དེ། འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པའང་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས་པས་སོ། །གསུམ་པ་འཇུག་ཡུལ་སྒོ་ནས་མངོན་ལྐོག་གཉིས་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་མཚན་ཉིད་ལ་དོན་སྤྱི་ལ་མ་ལྟོས་པར་རྟོགས་པར་བྱ་བ་དང་། དོན་སྤྱིའི་སྒོ་ནས་རྟོགས་པར་བྱ་བའོ། །གཉིས་པ་དབྱེ་བ་ལ། མངོན་གྱུར་གྱི་དབྱེ་བ་དང་། ལྐོག་གྱུར་གྱི་དབྱེ་བ་གཉིས། དང་པོ་ལ་ཡུལ་གྱི་སྒོ་ནས་དབྱེ་བ་དང་། ཡུལ་ཅན་གྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་ཆོས་ཅན་དང་། ཆོས་ཉིད་གཉིས། དང་པོ་ལ་དོན་དང་ཤེས་པ་གཉིས་སོ། །ཡུལ་ཅན་གྱི་སྒོ་ནས་དབྱེ་བ་ལ། རྟོག་མེད་མ་འཁྲུལ་པའི་སྒོ་ནས་དང་། རྟོག་མེད་འཁྲུལ་ཤེས་ཀྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་དོན་རིག་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་ལ་མངོན་གྱུར་དང་གསུམ་ལས། དང་པོ་ནི། གཟུགས་སོགས་དོན་ལྔའོ། །གཉིས་པ་ནི་ཤེས་པ་ཐམས་ཅད་དོ། །གསུམ་པ་ནི་ཆོས་ཉིད་ལྟ་བུའོ། །གཉིས་པ་ནི། ཟླ་གཉིས་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་མངོན་གྱུར་ཡིན་པ་ལྟ་བུའོ། །གཉིས་པ་ལྐོག་གྱུར་གྱི་དབྱེ་བ་ལ་ཡུལ་དང་ཡུལ་ཅན་གྱི་དབྱེ་བ་གཉིས་ལས། དང་པོ་ལ་སྔར་ལྟར་གསུམ་ལས། དང་པོ་ནི་བུམ་པ་དེ་བུམ་འཛིན་རྟོག་པ་ལ་ལྐོག་གྱུར་ཡིན་པ་དང་། ཤེས་པ་ནི་རང་རྒྱུད་ཀྱི་ཤེས་པ་དེ་གཞན་སེམས་ཤེས་པའི་མངོན་ཤེས་མེད་པའི་གང་ཟག་ལ་ལྐོག་གྱུར་ཡིན་པ་དང་། ཆོས་ཉིད་ནི་སོ་སྐྱེ་ལ་ལྐོག་གྱུར་ཡིན་པ་ལྟ་བུའོ། །ཡུལ་ཅན་གྱི་སྒོ་ནས་དབྱེ་བ་ལ། རྗེས་དཔག་གི་སྒོ་ནས་དབྱེ་བ་དང་། ཚད་མིན་གྱི་བློའི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་དངོས་སྟོབས་རྗེས་དཔག་ཡིད་ཆེས་རྗེས་དཔག་གྲགས་པའི་རྗེས་དཔག་ལ་ལྐོག་གྱུར་གསུམ་ནི་གཏན་ཚིགས་གསུམ་པོ་དེའི་བསྒྲུབ་བྱ་ལྟ་བུའོ། །གཉིས་པ་ལ་བཅད་ཤེས། ལོག་ཤེས། ཐེ་ཚོམ་ལ་ལྐོག་གྱུར་དང་གསུམ་ལས། དང་པོ་ནི། སྔོན་པོ་དེ་སྔོ་འཛིན་དབང་མངོན་གྱིས་དྲངས་པའི་ངེས་ཤེས་ལ་ལྐོག་གྱུར་ཡིན་པ་ལྟ་བུའོ། །གཉིས་པ་ནི་སྒྲ་རྟག་པ་དེ་སྒྲ་རྟག་འཛིན་རྟོག་པ་ལ་ལྐོག་གྱུར་ཡིན་པ་ལྟ་བུའོ། །གསུམ་པ་ནི་སྒྲ་རྟག་མི་རྟག་གང་རུང་དེ་དེ་ལྟར་ཐེ་ཚོམ་ཟ་བ་པོའི་ཐེ་ཚོམ་མངོན་གྱུར་པ་ལ་དེ་ཡིན་པ་ལྟ་བུའོ། །དེས་ན་རྟོག་མེད་ལོག་ཤེས་ལ་མངོན་གྱུར་ཡིན་ན་མངོན་གྱུར་ཡིན་པས་མ་ཁྱབ་ཅིང་། རྟོག་པ་ལོག་ཤེས་ལ་ལྐོག་གྱུར་ཡིན་ན་ལྐོག་གྱུར་ཡིན་པས་མ་ཁྱབ་སྟེ། རྟོག་མེད་ལོག་ཤེས་ཀྱི་སྣང་ཡུལ་ཡིན་ན་ཡོད་པས་མ་ཁྱབ་པའི་ཕྱིར་དང་། རྟོག་པ་ལོག་ཤེས་ཀྱི་ཞེན་ཡུལ་ཡིན་ན་ཡོད་པས་མ་ཁྱབ་པའི་ཕྱིར། ཐེ་ཚོམ་ལ་ལྐོག་གྱུར་ཡིན་པ་ལ་ནི་དོན་ལ་གནས་པའི་ཕྱོགས་རྣམས་ལྐོག་གྱུར་ཡིན་ལ། ཅིག་ཤོས་ནི་ལྐོག་གྱུར་མ་ཡིན་ནོ། །བཞི་པ་འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི་རིམ་བཞིན། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་དང་། ཡུལ་དུས་རང་བཞིན་ཐུན་མོང་བར་སྣང་བའི་སྒྲོ་བཏགས་སོ། །ཡང་ན་ཐུན་མོང་མ་ཡིན་པར་གནས་པའི་དངོས་པོ་དང་། ཐུན་མོང་བར་སྣང་བའི་སྒྲོ་བཏགས་ཏེ། རྣམ་ངེས་ལས། དེ་ནི་ཐུན་མོང་མ་ཡིན་པར་གནས་པའི་དངོས་པོའི་རང་བཞིན་ཏེ། རང་གི་མཚན་ཉིད་དོ། །ཞེས་གསུངས་པའི་དངོས་ཤུགས་གཉིས་ལས་ཤེས་སོ། །གཉིས་པ། རང་མཚན་ལ་དབྱེ་ན། དོན་དང་ཤེས་པ་རང་མཚན་གཉིས། དང་པོ་ལ་ཕྱི་དོན་བེམ་པོ་དང་། ནང་དོན་བེམ་པོ་གཉིས། དང་པོ་ལ། གཟུགས་སོགས་ཕྱིའི་སྐྱེ་མཆེད་ལྔ། གཉིས་པ་ལ་མིག་སོགས་ནང་གི་སྐྱེ་མཆེད་ལྔའོ། །ཤེས་པ་རང་མཚན་ལ་དབྱེ་ན། རྣམ་པར་ཤེས་པ་ཚོགས་དྲུག་འཁོར་དང་བཅས་པ་ཡོད་དོ། །སྤྱི་མཚན་ལ་དབྱེ་ན། བོད་སྔ་རབས་པ་རྣམས། ལྡོག་པ་མེད་དགག་གི་སྤྱི་དང་། བློའི་གཞན་སེལ་བའི་སྤྱི་གཉིས་གསུངས་ཀྱང་། གཞུང་ལས་བཤད་པ་ནི། དངོས་པོ་དང་། དངོས་མེད་དང་། གཉིས་ཀ་ལ་བརྟེན་པའི་སྤྱི་གསུམ་སྟེ། དངོས་དང་དངོས་མེད་གཉིས་ཀ་ལ། །བརྟེན་ཕྱིར་སྤྱི་དེའང་རྣམ་པ་གསུམ། །ཞེས་གསུངས་པའི་ཕྱིར། ཡང་གཅིག་ལ་ཐ་དད་དུ་འབྱེད་པའི་སྤྱི། ཐ་དད་ལ་གཅིག་ཏུ་སྡུད་པའི་སྤྱི། གཅིག་ལ་གཅིག་ཏུ་སྣང་བའི་སྤྱི། ཐ་དད་ལ་ཐ་དད་དུ་སྣང་བའི་སྤྱི་དང་བཞིར་དབྱེར་རུང་སྟེ། གཞན་སེལ་ལ་དེ་ལྟར་ཕྱེ་བ་གང་ཞིག སྤྱི་དང་སྤྱི་མཚན་གཞན་སེལ་གསུམ་གནད་གཅིག་པའི་ཕྱིར་རོ། །ལྔ་པ་མཐར་ཐུག་གི་གཞལ་བྱར་རང་མཚན་གཅིག་ཏུ་བསྡུ་བ་ནི། འོ་ན། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་གཞལ་བྱ་རང་མཚན་གཅིག་ཏུ་གསུངས་པའི་དོན་ཇི་ལྟར་སྙམ་ན། སྤྱིར་རྟོག་གེའི་གཞུང་ལུགས་ལས། དང་པོ་གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་གྲགས་པའི་ཚད་མ་ངོས་བཟུང་ནས། དེ་དང་འདྲ་བའི་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་པ་སྐབས་ཀྱི་དོན་ཡིན་ཏེ། མི་བསླུ་མ་ཤེས་དོན་གསལ་ངོས་བཟུང་ནས། དེའི་འོག་ཏུ། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་གསུངས་པའི་ཕྱིར། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་གྲགས་པའི་ཚད་མའི་དོན་ནི། རྣམ་ངེས་ལས། ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ཞེས་པའི་སྐབས་ནས་བསྟན་པ་ལྟར་ཕན་གནོད་ནུས་པའི་ཡུལ་ལ་བླང་དོར་བྱེད་པའི་རྒྱུར་གྱུར་པའི་ཤེས་པ་ཡིན་ལ། དེ་ལྟ་བུའི་ཚད་མས་བླང་བྱའི་ཕན་པ་ནུས་པའི་ཡུལ་དང་། དོར་བྱའི་གནོད་པར་ནུས་པའི་ཡུལ་ནི་རང་མཚན་ཁོ་ན་ཡིན་ཏེ། རང་མཚན་ཁོ་ནས་ཕན་གནོད་ནུས་ཀྱི་སྤྱི་མཚན་གྱིས་དེ་མི་ནུས་པའི་ཕྱིར་ཏེ། དེ་ནི་བླང་དོར་འབྲས་ཅན་པས། །སྐྱེས་བུ་ཐམས་ཅད་འཇུག་པ་ཡིན། །ཞེས་དང་། དོན་བྱེད་ནུས་པ་མ་ཡིན་ལ། །དོན་གཉེར་བརྟགས་པས་ཅི་ཞིག་བྱ། །ཞེས་གསུངས་པའི་ཕྱིར་དང་། རང་མཚན་གཅིག་ཉིད་ལ་དོན་རིག་མངོན་སུམ་འཇལ་བྱེད་དུ་འཇུག་པའི་ཚེ་གཟུང་ཡུལ་དང་། རྗེས་དཔག་འཇལ་བྱེད་དུ་འཇུག་པའི་ཚེ་ཞེན་ཡུལ་ཡིན་ལ། ཚད་མ་དེ་གཉིས་ལ་བརྟེན་ནས་སྐྱེས་བུ་འཇུག་པའི་ཚེ་མི་བསླུ་བས་ན་འཇུག་ཡུལ་ཡིན་ཏེ། འདི་ལ་དགོངས་ནས། རིགས་གཏེར་རང་འགྲེལ་ལས། རང་མཚན་དེ་ཉིད་དངོས་སུ་འཇལ་ན་གཟུང་ཡུལ་ཡིན་ལ། ལྐོག་གྱུར་དུ་འཇལ་ན་ཞེན་ཡུལ་ཡིན་ཅིང་། གཉིས་ཀ་ཡང་སྐྱེས་བུ་འཇུག་ན་མི་བསླུ་བས་འཇུག་ཡུལ་ཡིན་ནོ། །ཞེས་གསུངས་སོ། །དངོས་སུ་འཇལ་ན་ཞེས་པའི་དོན་ཡང་མངོན་གྱུར་དུ་མཇལ་ན་ཞེས་པའི་དོན་ཡིན་པ་ཚིག་གྲོགས་ཀྱི་སྟོབས་ཀྱིས་ཤེས་སོ། །མདོར་ན་རང་མཚན་གཅིག་ཉིད་ལ་ཚད་མ་མངོན་རྗེས་གཉིས་འཇལ་བྱེད་དུ་འཇུག་པའི་ཚེ་འཇུག་ཚུལ་གྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་ཡོད་ཀྱང་འཇུག་ཡུལ་གྱི་གཞལ་བྱ་རང་མཚན་ཁོ་ན་ཡིན་པ་ནི། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་ཀྱི་དགོངས་པ་འཁྲུལ་པ་མེད་པ་སྟེ། ལྷའི་འགྲེལ་པར། དེ་ལྟར་ན་རང་གི་མཚན་ཉིད་ཁོ་ན་རང་གི་ངོ་བོ་དང་། གཞན་གྱི་ངོ་བོའི་སྒོ་ནས་རྟོགས་པའི་ཕྱིར། དེ་དག་གི་མཚན་ཉིད་ཅི་འདྲ་བ་དང་། གཞལ་བྱ་གཉིས་ཉིད་དུ་རྣམ་པར་གཞག་ནས་ཞེས་གསུངས་སོ། །གསུམ་པ་རྩོད་པ་སྤོང་བ་ལ་གཉིས་ཏེ། འཁྲུལ་ཤེས་ཡུལ་མེད་ལ་རྩོད་པ་སྤོང་བ་དང་། གཟུང་ཡུལ་རང་མཚན་ལ་རྩོད་པ་སྤོང་བའོ། །དང་པོ་ལ་བཞི་སྟེ། གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་བ་སྤོང་བ། དོན་སྤྱི་དང་མེད་པ་གསལ་ཡུལ་དུ་མཚུངས་པའི་རྩོད་པ་སྤོང་བ། མྱོང་བ་དང་འགལ་བ་སྤོང་བ། དགག་པ་ཚད་མས་མི་རྟོགས་པར་ཐལ་བ་སྤོང་བའོ། །དང་པོ་ནི། རང་མཚན་གཅིག་ཉིད་ལ་མངོན་རྗེས་གཉིས་འཇལ་བྱེད་དུ་འཇུག་པའི་ཚེ་འཇུག་ཡུལ་རང་མཚན་ཁོ་ན་ཡིན་ན། སློབ་དཔོན་ཕྱོགས་གླང་གིས་གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། རང་མཚན་གཅིག་ཉིད་རང་གི་ངོ་བོའི་སྒོ་ནས་རྟོགས་པ་དང་། གཞན་དོན་སྤྱིའི་སྒོ་ནས་རྟོགས་པའི་རྟོགས་ཚུལ་གཉིས་ཡོད་པས་རང་སྤྱི་གཉིས་སུ་བཞག་པ་ཡིན་པའི་ཕྱིར། གཉིས་པ་ནི། དོན་སྤྱི་དོན་ལ་མེད་ཀྱང་གཞལ་བྱ་ཡིན་ན། མེད་པ་གསལ་བ་ཡང་དེ་དང་མཚུངས་སོ་ཞེ་ན། སྐྱོན་མེད་དེ། སྔ་མ་ནི་རང་མཚན་མ་ཡིན་ཡང་དེ་ལ་བརྟེན་ནས་འཇུག་ཡུལ་རང་མཚན་ཐོབ་པ་ཡོད་ཅིང་། ཕྱི་མ་ནི་རང་གི་ངོ་བོ་རང་མཚན་མ་ཡིན་ཅིང་། དེ་ལ་བརྟེན་ནས་འཇུག་ཡུལ་རང་མཚན་ཐོབ་པ་ཡང་མེད་པའི་ཕྱིར། གསུམ་པ་ནི། སྣང་ཡུལ་རང་མཚན་མ་ཡིན་ན། ཤེས་པ་ལ་གསལ་བར་སྣང་བ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། རྟོག་པ་ལ་གསལ་བར་སྣང་བའི་རྣམ་པའི་ཆ་དང་། དེ་ལ་ཕྱི་རོལ་དུ་སྒྲོ་བཏགས་པའི་ཆ་གཉིས་ལས། དང་པོ་ནི། ཤེས་པ་དང་། ཕྱི་མ་ནི། སྤྱི་མཚན་ཡིན་པའི་ཕྱིར་རོ། །བཞི་པ་ནི། དངོས་མེད་འཇལ་བྱེད་ཀྱི་ཚད་མ་མེད་པར་ཐལ། བླང་དོར་བྱེད་པའི་རྒྱུར་གྱུར་པའི་ཚད་མའི་འཇུག་ཡུལ་ཡིན་ན། རང་མཚན་ཡིན་དགོས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དངོས་མེད་འཇལ་བྱེད་ཀྱི་ཚད་མ་ཡོད་མེད་དཔྱོད་པར་བྱེད་པའི་ཕྱིར། དེ་དག་གི་དོན་རིགས་གཏེར་ལས། ཡུལ་གཉིས་བཞེད་པས་གནོད་ཅེ་ན། །ཞེས་པ་ནས། བསྒྲུབ་པའི་ཕྱིར་ན་འགལ་བ་མེད། །ཅེས་པའི་བར་གྱི་ཚིགས་བཅད་ཕྱེད་དང་ལྔའི་དོན་མ་འཁྲུལ་བར་བཤད་ཟིན་ཏོ། །གཉིས་པ་ལ། རྩོད་པ་དང་། ལན་གཉིས་ལས། དང་པོ་ནི། གཟུང་ཡུལ་གྱི་གཞལ་བྱ་རང་མཚན་གཅིག་ཏུ་འདོད་པ་མི་འཐད་དེ། ཕྱི་རོལ་དོན་དུ་གྱུར་པའི་གཟུང་ཡུལ་མཁས་པས་བཀག ཤེས་པར་གྱུར་པའི་གཟུང་ཡུལ་འདིར་མི་སྲིད་པའི་ཕྱིར་རོ་ཞེས་པའོ། །གཉིས་པ་ལ། གྲུབ་མཐའི་རྣམ་གཞག་སྤྱིར་བསྟན་པ་དང་། གཞན་གྱིས་བརྟགས་པ་དགག་པ། བདེ་བར་གཤེགས་པའི་ལུགས་སྒྲུབ་པ་དང་གསུམ་ལས། དང་པོ་ནི། མུ་སྟེགས་ངོ་བོ་ཉིད་རྒྱུར་སྨྲ་བ་རྣམས་ཀྱིས་ངོ་བོ་ཉིད་རྒྱུར་འདོད་པ་དང་། དབང་ཕྱུག་པ་རྣམས་ཀྱིས་དབང་ཕྱུག་རྒྱུར་འདོད་པ་དང་། གྲངས་ཅན་པ་རྣམས་ཀྱིས་གཙོ་བོ་རྒྱུར་འདོད་པ་དང་། གཟེགས་ཟན་དང་། ཉན་ཐོས་སྡེ་གཉིས་ཀྱིས་རྡུལ་ཕྲན་དེར་འདོད་པ་དང་། སེམས་ཙམ་པས་སྣང་བ་ཐམས་ཅད་སེམས་སུ་འདོད་པ་དང་། ངོ་བོ་ཉིད་མེད་པར་སྨྲ་བས་ཆོས་ཐམས་ཅད་དོན་དམ་སྤྲོས་པ་དང་བྲལ་བ་དང་། ཀུན་རྫོབ་ཏུ་དངོས་སྨྲ་བ་དེ་དག་དང་མཚུངས་ཀྱང་རུང་འཇིག་རྟེན་གྱི་གྲགས་པ་དང་མཚུངས་ཀྱང་རུང་བར་བཞེད་དོ། །གཉིས་པ་ནི། ངོ་བོ་ཉིད་རྒྱུར་འདོད་པ་ནི་མི་འཐད་དེ། རྒྱུ་མེད་ལས་སྐྱེ་བ་འགོག་པའི་རིགས་པས་གནོད་པའི་ཕྱིར། དབང་ཕྱུག་དང་གཙོ་བོ་རྒྱུར་འདོད་པ་ཡང་མི་འཐད་དེ། རྟག་པ་ལས་སྐྱེ་བ་འགོག་པའི་རིག་པས་གནོད་པའི་ཕྱིར། གསུམ་པ་ལ། དགོངས་པ་ངོས་བཟུང་བ་དང་། དེ་ཉིད་སློབ་དཔོན་གྱིས་ཇི་ལྟར་གཏན་ལ་ཕབ་པ་དང་གཉིས་ལས། དང་པོ་ནི། བདེ་བར་གཤེགས་པས་ཐ་སྙད་ལ་འཇུག་པའི་ཚེ་རྡུལ་ཕྲན་ཞལ་གྱིས་བཞེས་ལ། འདི་ལ་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའི་གྲུབ་མཐའ་གཉིས་ཡོད་དོ། །ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ཚེ་སེམས་ཙམ་ཞལ་གྱིས་བཞེས་ལ། འདི་ལ་རྣམ་བདེན་བརྫུན་གཉིས་ཡོད་དོ། །དོན་དམ་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ཚེ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ལ་འཇུག་པར་མཛད་དོ། །གཉིས་པ་ནི། དེ་ལྟར་སངས་རྒྱས་པའི་གྲུབ་མཐའ་བཞི་ལས། སློབ་དཔོན་གྱིས་གང་གཏན་ལ་དབབ་པ་ཡིན་ཞེ་ན། འདི་ལ་དོན་རིག་དང་། རྣམ་རིག་གཉིས་ལས། དང་པོ་ཁས་ལེན་པའི་ཚེ། བྱེ་བྲག་ཏུ་སྨྲ་བས་དབང་ཤེས་ཀྱིས་རང་དང་དུས་མཉམ་པའི་ཕྱི་དོན་རྣམ་མེད་རྗེན་ཆར་དུ་འཛིན་པར་འདོད་པ་དེ་བཀག་ནས་སྐད་ཅིག་སྔ་མར་རྐྱེན་གསུམ་ཚོགས་པ་ལས་སྐད་ཅིག་གཉིས་པར་དབང་ཤེས་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པ་ཙམ་ལ་ཕྱི་དོན་རྟོགས་པར་འདོད་པ་མདོ་སྡེ་པའི་གྲུབ་མཐའ་ཞལ་གྱིས་བཞེས་ཏེ། སློབ་དཔོན་ཉིད་ཀྱིས་ཞལ་ནས། གལ་ཏེ་ཕྱི་རོལ་དཔྱོད་ལ་འཇུག་པ་ན། །ཁོ་བོས་མདོ་སྡེའི་སྐབས་ལ་རྣམ་པར་བརྟེན། །ཞེས་གསུངས་པར་གྲགས་སོ། །གཉིས་པ། རྣམ་རིག་ཞལ་གྱིས་བཞེས་པའི་ཚེ་རྣམ་བདེན་པས་དབང་ཤེས་ལ་རགས་པར་སྣང་བ་བདེན་གྲུབ་ཏུ་འདོད་པ་དེ་བཀག་ནས་རྣམ་མེད་ཞལ་གྱིས་བཞེས་ཏེ། དེ་ཕྱིར་དོན་དང་ཤེས་པ་ལ། རགས་སྣང་ཡོད་མིན་ཞེས་སོགས་གསུངས་པའི་ཕྱིར། དེས་ན་སྐབས་འདིར་མདོ་སེམས་གཉིས་ལས། གོང་དུ་སྨྲས་པའི་རྩོད་པ་དེ་མདོ་སྡེ་པའི་དབང་དུ་བྱས་པ་ཡིན་ན། གཏན་ཚིགས་དང་པོ་མ་གྲུབ་སྟེ། དེའི་ལུགས་ལ་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ཉིད་གཟུང་ཡུལ་དུ་འཇོག་པའི་ཕྱིར་རོ། །སེམས་ཙམ་པའི་དབང་དུ་བྱས་ན་འདོད་པ་ཡིན་ཏེ། དེའི་ལུགས་ལ་གཟུང་ཡུལ་གྱི་དབང་དུ་བྱས་པའི་ཡུལ་དང་ཡུལ་ཅན་གྲུབ་པ་མེད་པའི་ཕྱིར། དོན་འདི་ལ་དགོངས་ནས། རིགས་གཏེར་དུ། ཇི་སྲིད་ཕྱི་རོལ་ཁས་ལེན་པ། །དེ་སྲིད་རྒྱུ་ལ་གཟུང་ཡུལ་ཟེར། །ཤེས་བྱ་ནང་གིར་ཞུགས་པ་ན། །ཡུལ་དང་ཡུལ་ཅན་གྲུབ་པ་མེད། །ཅེས་གསུངས་སོ། །ཡུལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དང་པོ་བཤད་ཟིན་ཏོ།། ༈ །།གཉིས་པ་ཤེས་བྱེད་ཀྱི་བློ་ལ། མཚན་ཉིད། དབྱེ་བསྡུ། དེ་དག་གི་དོན་གཏན་ལ་དབབ་པ་དང་གསུམ། དང་པོ་ནི། བློའི་མཚན་ཉིད་རིག་པ། ཤེས་པའི་མཚན་ཉིད་གསལ་ཞིང་མྱོང་བའོ། །གཉིས་པ་ནི། ཡུལ་གྱི་སྒོ་ནས་དབྱེ་ན་རྟོག་བཅས་རྟོག་མེད་གཉིས། ངོ་བོའི་སྒོ་ནས་དབྱེ་ན། འཁྲུལ་པ་དང་མ་འཁྲུལ་བའི་ཤེས་པ་གཉིས། འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། ཤིང་བཅད་པ་ལྟར་ཡུལ་ལ་མ་ཞུགས་པ་དང་། འཇུག་བཞིན་པ་དང་། ཞུགས་ཟིན་པ་གསུམ་མོ། །གསུམ་པ་ལ། དགག་བཞག་གཉིས་ལས། དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། སྔོན་གྱི་མཁས་པ་ཕྱྭ་པ་ཆེན་པོ་སོགས་ན་རེ། ཚད་མིན་གྱི་བློ་ཐམས་ཅད་ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ་དང་ལྔར་འདུས་པ་ལས། ལྔ་པོ་རེ་རེ་ལ་ཡང་། མཚན་ཉིད་དང་། དབྱེ་བ་གཉིས་གཉིས་ལས། དང་པོ་ཡིད་དཔྱོད་ལ། མཚན་ཉིད་ནི། རྟགས་ལ་མ་བརྟེན་པར་ལྐོག་གྱུར་གྱི་དོན་བདེན་པ་གསར་དུ་ངེས་པའི་རིག་པ། དབྱེ་ན། རྒྱུ་མཚན་མེད་པའི་ཡིད་དཔྱོད། རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད། རྒྱུ་མཚན་མ་ངེས་པའི་ཡིད་དཔྱོད་གསུམ་ལས། དང་པོ་ནི། ཕ་མེས་ཀྱི་ཁྲོན་པ་རྙིང་པ་ན་ཆུ་ཡོད་དོ་སྙམ་དུ་འཛིན་པའི་བློ་ལྟ་བུའོ། །གཉིས་པ་ནི། མ་ངེས་པ་དང་མ་གྲུབ་པའི་རྟགས་ལ་བརྟེན་ནས་བསྒྲུབ་བྱ་བདེན་པ་མཐའ་གཅིག་ཏུ་འཛིན་པའི་བློ་ལྟ་བུའོ། །གསུམ་པ་ནི། ཚུལ་གསུམ་མ་ངེས་ཀྱང་བྱས་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུའོ། །སྣང་ལ་མ་ངེས་པའི་བློའི་མཚན་ཉིད། ལོག་ཕྱོགས་ཀྱི་སྒྲོ་འདོགས་དང་མི་འགལ་བར་དོན་རང་གི་མཚན་ཉིད་སྣང་བའི་བློ། དབྱེ་ན། ཡུལ་རྣམ་པ་མི་གསལ་བའི་དང་། ཡིད་མ་གཏད་པའི་དང་། འཁྲུལ་པའི་རྒྱུ་མཚན་གྱིས་ཟིན་པའི་སྣང་ལ་མ་ངེས་པའི་བློ་གསུམ་ལས། དང་པོ་ནི། ཚུར་མཐོང་གི་རྒྱུད་ཀྱི་སྔོ་འཛིན་དབང་པོའི་མངོན་སུམ་དེ། སྔོན་པོ་སྐད་ཅིག་མ་ལ་སྣང་ལ་མ་ངེས་པ་ཡིན་པ་ལྟ་བུའོ། །གཉིས་པ་ནི། རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུགས་འཛིན་གྱི་མིག་ཤེས་ལྟ་བུའོ། །གསུམ་པ་ནི། ཡིད་ཉ་ཕྱིས་ལ་དངུལ་དུ་འཁྲུལ་པའི་སྐབས་ཀྱི་ཉ་ཕྱིས་འཛིན་པའི་མིག་ཤེས་ལྟ་བུའོ། །བཅད་ཤེས་ཀྱི་མཚན་ཉིད། སྔར་རྟོགས་ཟིན་གྱི་བྱེད་པ་མ་ཉམས་པའི་དོན་ལ། ལོག་ཕྱོགས་ཀྱི་སྒྲོ་འདོགས་དང་འགལ་བར་འཇུག་པའི་རིག་པ། དབྱེ་ན། མངོན་སུམ་བཅད་ཤེས་དང་། རྟོག་པ་བཅད་ཤེས་གཉིས། དང་པོ་ནི། སྔོ་འཛིན་མངོན་སུམ་སྐད་ཅིག་གཉིས་པ་མན་ཆད་ལྟ་བུའོ། །གཉིས་པ་ནི། མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ངེས་ཤེས་དང་། རྗེས་དཔག་གི་རྗེས་སུ་སྐྱེས་པའི་དྲན་ཤེས་ལྟ་བུའོ། །ཐེ་ཚོམ་དང་ལོག་ཤེས་ནི་ཕལ་ཆེར་མཐུན་པས་འོག་རང་ལུགས་ཀྱི་སྐབས་སུ་འཆད་དོ། །གཉིས་པ་དེ་དགག་པ་ལ་ཡིད་དཔྱོད་རང་གི་ངོ་བོ་དགག སྣང་ལ་མ་ངེས་པ་ཚད་མིན་གྱི་བློ་ཡིན་པ་དགག བཅད་ཤེས་མ་རྟོགས་པ་ལས་ཚད་མིན་གྱི་བློ་གཞན་ཡིན་པ་དགག་པ་གསུམ་ལས། དང་པོ་ལ་སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ནི། སྒྲ་མི་རྟག་པ་ངེས་པའི་ཡིད་དཔྱོད་དེ་རྟགས་སུ་བཀོད་ཙམ་ལ་ལྟོས་སམ་མི་ལྟོས། གཉིས་པ་ལྟར་ན་དེ་ཆོས་ཅན་ཐེ་ཚོམ་དུ་ཐལ། མྱོང་བ་དང་རྟགས་གང་རུང་ལ་མ་ལྟོས་པར་དམ་བཅའ་ཙམ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། དང་པོ་ལྟར་ན། རྟགས་ཡང་དག་ལ་ལྟོས་སམ། ལྟར་སྣང་ལ་ལྟོས། དང་པོ་ལྟར་ན། དེ་ཆོས་ཅན། ཚད་མ་ཡིན་པར་ཐལ། རྟགས་ཡང་དག་ལ་བརྟེན་ནས་ལྐོག་གྱུར་བདེན་པ་གསར་དུ་རྟོགས་པའི་བློ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་ལས་གཞན་དུ་གྱུར་པའི་ཚད་མིན་གྱི་བློ་མ་ཡིན་པར་ཐལ། གཏན་ཚིགས་ལྟར་སྣང་གསུམ་པོ་གང་རུང་ལ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། རྒྱུ་མཚན་མེད་པའི་ཡིད་དཔྱོད་དགག རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད་དགག ལུང་ལ་བརྟེན་པའི་ཤེས་པ་ཡིད་དཔྱོད་ཡིན་པ་དགག་པའོ། །དང་པོ་ནི། ཕ་མེས་ཀྱི་ཁྲོན་པ་རྙིང་པ་ན་ཆུ་ཡོད་དོ་སྙམ་པའི་བློ་དེ་ཆོས་ཅན། རྒྱུ་མཚན་མེད་པའི་ཡིད་དཔྱོད་མ་ཡིན་པར་ཐལ། སྔར་ཆུ་ལེན་པ་མཐོང་བ་སོགས་རྒྱུ་མཚན་དུ་བྱས་པའི་ཕྱིར། གཉིས་པ་ནི། མ་ངེས་པའི་དང་། མ་གྲུབ་པའི་རྟགས་ལ་བརྟེན་པའི་བློ་ཐམས་ཅད་ཡིད་དཔྱོད་དུ་ཐལ། རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད་དེ་ཡིད་དཔྱོད་ཡིན་པའི་ཕྱིར། གསུམ་པ་ནི། ལུང་ལ་བརྟེན་པའི་ཐོས་བྱུང་གི་ཤེས་པ་དེ་ཡིད་དཔྱོད་ཡིན་ནོ་ཞེ་ན། མི་འཐད་དེ། ལུང་དེ་ལ་སྒྲུབ་བྱེད་ཡོད་པའི་ལུང་དང་། གནོད་བྱེད་ཡོད་པའི་ལུང་དང་། གནོད་སྒྲུབ་གཉིས་ཀ་མེད་པའི་ལུང་གསུམ་ལས། དང་པོ་ལ་བརྟེན་ནས་རང་གི་ཞེན་དོན་ངེས་པའི་བློ་ནི། ཚད་མའི་ཁོངས་སུ་འདུས། གཉིས་པ་ལ་བརྟེན་པའི་བློ་ནི། ལོག་ཤེས་ཀྱི་ཁོངས་སུ་འདུས། གསུམ་པ་ལ་བརྟེན་པའི་བློ་ནི། ཞེན་དོན་ཡོད་པ་དང་མེད་པའི་བྱེ་བྲག་གིས་རིམ་བཞིན་ཐེ་ཚོམ་དང་མ་རྟོགས་པའི་བློའི་ཁོངས་སུ་འདུས་པའི་ཕྱིར་རོ། །གཉིས་པ་སྣང་ལ་མ་ངེས་པ་དགག་པ་ནི། མངོན་སུམ་ཡིན་ན་ཚད་མ་ཡིན་པས་མ་ཁྱབ་པར་ཐལ། མངོན་སུམ་ཡིན་ན་སྣང་ལ་མ་ངེས་པ་ཡིན་པས་ཁྱབ་པའི་ཕྱིར་ཏེ། མངོན་སུམ་གྱིས་རང་ཡུལ་ངེས་པ་མི་སྲིད་པའི་ཕྱིར། གསུམ་པ་བཅད་ཤེས་དགག་པ་ནི། སྔོ་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་སྔོན་པོ་ངེས་པའི་ངེས་ཤེས་ཆོས་ཅན། ཚད་མིན་གྱི་བློ་གསུམ་པོ་གང་རུང་དུ་མ་འདུས་པའི་ཚད་མིན་གྱི་བློ་བཞི་པར་འཇོག་པ་མི་འཐད་པར་ཐལ། མ་རྟོགས་པའི་བློ་ཡིན་པའི་ཕྱིར་ཏེ། རང་རྒྱུ་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་འཇུག་པའི་བློ་གང་ཞིག དེ་རྟོགས་པའི་བྱ་བ་མི་བྱེད་པའི་ཕྱིར། བྱེ་བྲག་ཏུ་སྔོ་འཛིན་མངོན་སུམ་སྐད་ཅིག་གཉིས་པ་ཆོས་ཅན། བཅད་ཤེས་མ་ཡིན་པར་ཐལ། བཅད་ཤེས་དང་། ངོ་བོ་ཡུལ་དུས་འཛིན་སྟངས་འགལ་བའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ལ། སྤྱིར་བློའི་རིགས་ལ། ཚད་མ་དང་། ཚད་མིན་གྱི་བློ་གཉིས་ལས། དང་པོ་འོག་ཏུ་འཆད་ཅིང་། གཉིས་པ་ལ། སྤྱིའི་མཚན་ཉིད། གྲངས་ཀྱི་དབྱེ་བསྡུ། སོ་སོའི་རྣམ་གཞག་གསུམ་ལས། དང་པོ་ནི། མི་བསླུ་བ་མ་ཡིན་པའི་ཤེས་པའོ། །གཉིས་པ་ལ། འཇུག་ཚུལ་གྱི་སྒོ་ནས་གསུམ་དུ་དབྱེ་བ་དང་། ངོ་བོའི་སྒོ་ནས་གཅིག་ཏུ་བསྡུ་བ་གཉིས་ལས། དང་པོ་ནི། ཚད་མིན་གྱི་བློ་དེ་ལ། འཇུག་ཚུལ་གྱི་སྒོ་ནས་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་དུ་ཡོད་དེ། ཡུལ་དེ་ལ་མ་རྟོགས་པ་ཙམ་དང་། དེ་ལ་རྩེ་གཉིས་སུ་འཇུག་པ་དང་། དེ་ལ་ཕྱིན་ཅི་ལོག་ཏུ་འཇུག་པ་གསུམ་དུ་ཡོད་པའི་ཕྱིར་ཏེ། གཏན་ཚིགས་ལྟར་སྣང་གི་བྱེད་པ་དེ་ལ་ཕྱོགས་རྟོགས་པའི་མཐུ་མེད་པ་དང་། དེ་ལ་སོམ་ཉི་སྐྱེད་པ་དང་། དེ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་གསུམ་དུ་ངེས་པའི་ཕྱིར་ཏེ། ཕྱོགས་ལ་མཐུ་མེད་སོམ་ཉི་དང་། །ཞེས་སོགས་གསུངས་པའི་ཕྱིར་རོ། །ངོ་བོའི་སྒོ་ནས་མ་རྟོགས་པའི་བློ་གཅིག་ཏུ་འདུས་པ་ཡིན་ཏེ། དེ་གསུམ་ཀས་ཀྱང་ཡུལ་གྱི་གནས་ལུགས་མ་རྟོགས་པར་མཚུངས་པའི་ཕྱིར། དེས་ན་ཚད་མིན་གྱི་བློ་གསུམ་ཀ་ངོ་བོའི་སྒོ་ནས་མ་རྟོགས་པའི་བློ་དང་། ཚད་མ་གཉིས་ཀ་ཡང་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དང་། གཞལ་བྱ་དེ་ཡང་མཐར་རང་མཚན་གཅིག་ཏུ་འདུས་པ་ཤེས་པར་བྱའོ། །གསུམ་པ་ལ། མ་རྟོགས་པའི་བློ། ལོག་ཤེས། ཐེ་ཚོམ་གསུམ་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་ཡུལ་དེ་དང་དེ་མིན་གང་རུང་དུ་རྟོགས་པས་སྟོང་པའི་ཤེས་པ། གཉིས་པ་ལ། རང་ཡུལ་དེ་ལ་གཏན་མ་ཞུགས་པ་དང་། ཞུགས་ཀྱང་དཔྱད་པ་མ་རྫོགས་པ་དང་། རྫོགས་ཀྱང་མ་རྙེད་ནས་མ་རྟོགས་པའི་བློ་གསུམ་ལས། དང་པོ་ནི། རྟོག་གེ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ཚུལ་གསུམ་འཛིན་པའི་བློ་ལྟ་བུའོ། །གཉིས་པ་ནི། སྒྲ་རྟག་གམ་མི་རྟག་ཅེས་དྲིས་པ་ན་དེ་དཔྱོད་པར་བྱེད་པའི་བློ་ལྟ་བུའོ། །གསུམ་པ་ལ། རྟོགས་བྱའི་ཡུལ་མེད་ནས་དང་། རྟོགས་བྱེད་ཀྱི་བློ་བསླད་ནས་དང་། ཤེས་བྱའི་ཡུལ་མིན་ནས་མ་རྙེད་པའི་བློ་དང་གསུམ་ལས། དང་པོ་ནི། བཅད་ཤེས་ལྟ་བུའོ། །གཉིས་པ་ནི། སྒྲ་རྟག་འཛིན་གྱི་འཁྲུལ་རྒྱུས་རྒྱུད་བསླད་པའི་གང་ཟག་གི་རྒྱུད་ཀྱི་རྟོག་པས་སྒྲའི་སྐད་ཅིག་པ་མ་རྟོགས་པ་ལྟ་བུའོ། །གསུམ་པ་ནི། ཡུལ་དུས་རང་བཞིན་གྱིས་བསྐལ་བའི་དངོས་པོ་མ་རྟོགས་པའི་བློ་ལྟ་བུའོ། །ལོག་ཤེས་ལ་གཉིས་ལས། དང་པོ་མཚན་ཉིད་ནི། རང་ཡུལ་གསལ་བར་སྣང་བའམ་འགལ་རྟགས་ལ་བརྟེན་ནས་རང་ཡུལ་མཐའ་གཅིག་ཏུ་འཛིན་ན་ཡང་རང་ཡུལ་ལ་དེ་མིན་གྱིས་གནོད་པའི་ཤེས་པའོ། །གཉིས་པ་དབྱེ་བ་ལ། རྟོག་པ་དང་། རྟོག་མེད་ལོག་ཤེས་གཉིས་ལས། དང་པོ་ནི། ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་ལྟ་བུ་རྣམ་པ་ལ་འཁྲུལ་པ་དང་། ད་ལྟར་གྱི་སྔོན་པོ་ལ་འདས་པའི་སྔོན་པོར་འཛིན་པ་ལྟ་བུ་དུས་ལ་འཁྲུལ་པ་དང་། ཤ་པ་དང་ཤུག་པ་གཉིས་རིགས་གཅིག་ཏུ་འཛིན་པ་ལྟ་བུ་ཡུལ་ལ་འཁྲུལ་པ་དང་གསུམ་མོ། །རྟོག་མེད་ལོག་ཤེས་ལ། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་དབང་ཤེས་འཁྲུལ་པ་དང་། རྨི་ལམ་གསལ་སྣང་གི་ཤེས་པ་ལྟ་བུ་ཡིད་ཤེས་འཁྲུལ་པ་གཉིས་ཡོད་དོ། །ཐེ་ཚོམ་ལ་ཡང་གཉིས་ལས། དང་པོ་མཚན་ཉིད་ལ། ཁ་ཅིག དེ་འཛིན་ན་ཡང་དེ་མིན་སྲིད། །ཅེས་པའི་དོན་དུ་བསམས་ནས། དེར་འཛིན་ན་ཡང་དེ་མིན་སྲིད་པའི་བློ་ཟེར་བ་མི་འཐད་དེ། སྒྲ་རྟག་པར་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་ཆོས་ཅན། མཚོན་བྱ་དེ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། སྒྲ་རྟག་པར་འཛིན་པའི་བློ་གང་ཞིག སྒྲ་མི་རྟག་པར་ཡིན་པ་སྲིད་པའི་ཕྱིར། ཁ་ཅིག དེ་བཅད་པའི་ཆེད་དུ། དེར་འཛིན་ན་ཡང་དེ་མིན་དུ་འཛིན་པ་སྲིད་པའི་བློ་ཟེར་བ་མི་འཐད་དེ། དེ་བློ་རྫས་གཅིག་ལ་བྱེད་དམ། བློ་སྔ་ཕྱི་ལ་བྱེད། དང་པོ་ལྟར་ན། ཐེ་ཚོམ་ཡིན་ན། མངོན་གྱུར་བ་ཡིན་པས་ཁྱབ་པར་ཐལ། ཐེ་ཚོམ་ཡིན་ན། བློ་རྫས་གཅིག་གི་མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། གཉིས་པ་ལྟར་ན། སྒྲ་རྟག་པར་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། སྒྲ་རྟག་པར་འཛིན་པའི་བློ་གང་ཞིག དུས་ཕྱིས་སྒྲ་མི་རྟག་པར་འཛིན་པར་འགྱུར་བར་སྲིད་པའི་ཕྱིར། རང་ལུགས་ནི། དེར་འཛིན་ཡང་དེར་འཛིན་པའི་བྱེད་པ་མ་ཉམས་པ་དེ་མིན་དུ་འཛིན་པ་སྲིད་པའི་རྟོག་པའོ། །གཉིས་པ་དབྱེ་བ་ལ། མངོན་གྱུར་པ་དང་། བག་ལ་ཉལ་གཉིས་ལས། དང་པོ་ནི། གང་ལ་ཐེ་ཚོམ་དངོས་སུ་ཞུགས་པ་སྟེ། སྦྱིན་སྲེག་བྱས་པ་ལས་མཐོ་རིས་ཐོབ་བམ་མི་ཐོབ་སྙམ་པ་ལྟ་བུའོ། །དབྱེ་ན། ཆ་མཉམ་པར་འཛིན་པ་དང་། ཤས་ཆེར་འཛིན་པ་གཉིས་ལས། དང་པོ་ནི། སྒྲ་རྟག་གམ་མི་རྟག་སྙམ་པ་ལྟ་བུའོ། །གཉིས་པ་ལ། དོན་འགྱུར་དང་། དོན་མི་འགྱུར་གཉིས་ལས། དང་པོ་ནི། སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་ལས་ཆེ་སྙམ་པ་ལྟ་བུའོ། །གཉིས་པ་ནི། སྒྲ་རྟག་གམ་མི་རྟག་ཕལ་ཆེར་རྟག་ལས་ཆེ་སྙམ་པ་ལྟ་བུའོ། །གཉིས་པ་བག་ལ་ཉལ་ནི། སྒྲོམ་ནང་གི་ས་བོན་ལྟ་བུ་རྐྱེན་དང་ཕྲད་ན་རྩེ་གཉིས་སུ་འགྱུར་བ་ལྟ་བུ་སྟེ། དམ་བཅའ་ཙམ་ལ་བརྟེན་པ་ཕ་མེས་ཀྱི་ཁྲོན་པ་རྙིང་པ་ན་ཆུ་ཡོད་དམ་སྙམ་པ་དང་། དེ་ན་ཆུ་མེད་དམ་སྙམ་པ་དང་། མ་ངེས་པའི་རྟགས་ལ་བརྟེན་པའི་བློ་ཐམས་ཅད་དེ་ཡིན་ནོ། །ཁོ་ན་རེ། བྱས་རྟགས་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་ཐེ་ཚོམ་དུ་ཐལ། གཞལ་བྱའི་རྟགས་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་ཐེ་ཚོམ་ཡིན་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། བྱས་རྟགས་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་བྱས་པ་དང་རྟག་པའི་གཞི་མཐུན་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པས་བཟློག་ལ། གཞལ་བྱའི་རྟགས་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་གཞལ་བྱ་དང་རྟག་པའི་གཞི་མཐུན་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པས་མི་བཟློག་པའི་ཕྱིར་ཏེ། དེ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་རྒྱུ་མེད་པའི་ཕྱིར། གལ་ཏེ་གཞལ་བྱ་སྒྲ་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཡིན་པ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པས་དེ་བཟློག་གོ་ཞེ་ན། མི་འཐད་དེ། གཞལ་བྱ་དེ་དེ་སྐོར་གྱི་རྟགས་ཡང་དག་མ་ཡིན་པར་ཤེས་ཀྱང་། གཞལ་བྱ་ལ་རྟག་མི་རྟག་གཉིས་སུ་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཤེས་བྱེད་ཀྱི་བློ་བརྟག་པའི་རབ་ཏུ་བྱེད་པ་སྟེ་གཉིས་པ་བཤད་ཟིན་ཏོ།། ༈ །།གསུམ་པ་བློ་དེས་ཡུལ་རྟོགས་ཚུལ་ལ་བཞི་སྟེ། སྤྱི་དང་བྱེ་བྲག་གི་རྟོགས་ཚུལ། སྣང་བ་དང་སེལ་བའི་རྟོགས་ཚུལ། བརྗོད་བྱ་དང་རྗོད་བྱེད་ཀྱི་རྟོགས་ཚུལ། འགལ་བ་དང་འབྲེལ་བའི་རྟོགས་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཡུལ་དང་ཡུལ་ཅན་གྱི་རྣམ་གཞག་སྤྱིར་བསྟན་པ། སྤྱི་དང་བྱེ་བྲག་གི་རྟོགས་ཚུལ་ཁྱད་པར་དུ་དཔྱད་པའོ། །དང་པོ་ནི། རང་མཚན། གསལ་བ། དངོས་པོ། རྫས། ལོག་པ། དོན་དམ་པ་རྣམས་དངོས་པོའི་དོན་དུ་མཐུན་ཏེ། དོན་བྱེད་ནུས་པ་དང་། ཕན་ཚུན་མ་འདྲེས་པར་གནས་པ་དང་། རྒྱུ་དང་འབྲས་བུར་གྲུབ་པ་དང་། སྐྱེས་བུ་ཐམས་ཅད་ཀྱིས་བླང་དོར་བྱ་བའི་འཇུག་ལྡོག་གི་ཡུལ་ཡིན་པའི་ཕྱིར་རོ། །གལ་ཏེ་ལོག་པ་དང་། རྫས་དང་། དངོས་པོ་ཡིན་ན། རང་མཚན་ཡིན་པས་མ་ཁྱབ་སྟེ། དེའང་གཞན་ལས་ལྡོག་པ་དང་། །གཞན་ལས་ལོག་པ་ཞེས་བྱ་བའི། །ཞེས་དང་། ཀུན་ལ་རྫས་དང་དངོས་བརྗོད་པའི། །ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གཞུང་གི་ཚིག་ཟིན་ལ་ཡོད་པའི། ལོག་པ་དང་། རྫས་དང་། དངོས་པོ་རྣམས་ལ་དོན་ལ་ཡོད་པ་དང་། སེལ་བའི་ཡུལ་དུ་གྱུར་པ་གཉིས་ཡོད་པའི་ཕྱིར་རོ། །སྤྱི་མཚན་དང་། སྤྱི་དང་། གཞན་སེལ་དང་། ལྡོག་པ་དང་། རྣམ་གཅོད་དང་། འདྲེས་པ་དང་། འབྲེལ་པ། ཀུན་རྫོབ་པ་རྣམས་དོན་བྱེད་མི་ནུས་པར་མཚུངས་ཏེ། དོན་ལ་མི་གནས་པ་དང་། དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་དང་། རྣམ་རྟོག་གིས་སྒྲོ་བཏགས་པ་དང་། རང་གི་ངོ་བོ་མ་གྲུབ་པར་གཞན་སེལ་གྱི་བློས་བཞག་པར་མཚུངས་པའི་ཕྱིར། དེ་ལྟར་སྔར་བཤད་པའི་རང་མཚན་སོགས་དང་། སྤྱི་མཚན་སོགས་ནི་ཡུལ་དང་། རྟོག་པ་དང་རྟོག་མེད་ནི་བློ་དང་། སྣང་བ་དང་སེལ་བ་ནི་འཛིན་སྟངས་སུ་ཤེས་པར་བྱའོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། རྣམ་གཞག་དང་གསུམ་ལས། དང་པོ་ནི། སྤྱིའི་མཚན་ཉིད་ཐུན་མོང་བར་སྣང་བའི་སྒྲོ་བཏགས། དབྱེ་ན། རིགས་སྤྱི། དོན་སྤྱི། ཚོགས་སྤྱི་གསུམ། དང་པོའི་མཚན་ཉིད། རང་གི་གསལ་བ་རྣམས་ལ་ལྟོས་ནས་རིགས་མི་མཐུན་ལས་ལྡོག་པའི་ལྡོག་པ་ཆིག་རྐྱང་དུ་སྣང་བའི་སྒྲོ་བཏགས། དཔེར་ན་བུམ་འཛིན་རྟོག་པ་ལ་བུམ་གསལ་རྣམས་བུམ་མིན་ལས་ལོག་པར་སྣང་བའི་སྒྲོ་བཏགས་ལྟ་བུའོ། །གཉིས་པའི་མཚན་ཉིད། སྣང་བརྟགས་གཅིག་ཏུ་འཁྲུལ་པའི་སྒྲོ་བཏགས། དཔེར་ན་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ལ་ཕྱི་རོལ་བུམ་པར་སྒྲོ་བཏགས་པའི་སྒྲོ་བཏགས་ལྟ་བུའོ། །གསུམ་པའི་མཚན་ཉིད། རྡུལ་རྫས་དུ་མ་འདུས་པ་ལ་རགས་པར་སྣང་བའི་སྒྲོ་བཏགས། དཔེར་ན་རྡུལ་རྫས་བརྒྱད་འདུས་པ་ལ་བུམ་པར་སྒྲོ་བཏགས་པའི་སྒྲོ་བཏགས་ལྟ་བུའོ། །བྱེ་བྲག་གི་མཚན་ཉིད། རིགས་མི་མཐུན་དང་རིགས་མཐུན་ལས་ཀྱང་ལྡོག་པའི་ལྡོག་པ་ཉིས་ཚོགས་སུ་སྣང་བའི་སྒྲོ་བཏགས། དཔེར་ན་ཤིང་འཛིན་རྟོག་པ་ལ་ཤ་པར་སྣང་བའི་སྒྲོ་བཏགས་སོ། །གཉིས་པ་དབྱེ་བ་ལ། ཐད་ཀའི་སྤྱི་དང་བྱེ་བྲག་དང་། གོང་མའི་སྤྱི་དང་བྱེ་བྲག་གཉིས་ཡོད་པར་གསུངས་ཤིང་། འདི་དག་ཀྱང་སྒྲོ་བཏགས་ལ་འཇོག་ཚུལ་གཞུང་དོན་གྱི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་རྣམ་གཞག་ལ། དགག་བཞག་སྤང་གསུམ་ལས། དང་པོ་ལ། རིགས་པས་དགག་པ་དང་། ལུང་གིས་དགག་པ་གཉིས། དང་པོ་ལ་གསུམ་སྟེ། སྤྱི་གསལ་རྫས་གཞན་དུ་འདོད་པ་དགག སྤྱི་གསལ་རྫས་གཅིག་ཏུ་འདོད་པ་དགག སྤྱི་དངོས་མེད་དུ་འདོད་པའི་ཕྱོགས་གཞན་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། སྤྱི་ཆེན་པོ་ཡོད་པ་ཉིད་དང་། ཉི་ཚེ་བའི་སྤྱི་བ་ལང་ཉིད་ལ་སོགས་པ་རྣམས་རང་གི་གསལ་བ་རྣམས་ལ་ཁྱབ་ཅིང་། དེ་དང་རྫས་ཐ་དད། རྟག་པ་དང་། ཆ་མེད་དང་། གསལ་བ་རྣམས་དང་འདུ་བའི་འབྲེལ་པ་ཐག་པ་ལྟ་བུས་སྦྲེལ་ནས་ཡོད་དེ། དཔེར་ན་བ་ལང་དུ་མ་ཐག་པ་གཅིག་གིས་སྦྲེལ་ནས་བཏགས་པ་བཞིན་ནོ། །དེ་ཉིད་གསལ་བ་རྣམས་ལ་སྒྲ་བློ་གཅིག་ཏུ་འཇུག་པའི་རྒྱུ་ཡང་ཡིན་ནོ། །ཞེས་ཟེར་རོ། །དེ་འགོག་པ་ལ་གཞུང་ལས་མང་དུ་གསུངས་ཀྱང་། རིགས་པའི་གཙོ་བོ་ནི་ཤིང་གསལ་ཆོས་ཅན། ཁྱོད་ལས་རྫས་གཞན་པའི་ཁྱོད་ཀྱི་སྤྱི་དངོས་པོ་བ་མེད་དེ། དེ་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་ལ། གྲངས་ཅན་པའི་འདོད་པ་བརྗོད་པ། དེ་དང་རིགས་གཅིག་པའི་གངས་ཅན་པའི་འདོད་པ་བརྗོད་པ། གཉིས་ཀ་ཕྱོགས་གཅིག་ཏུ་དགག་པ་དང་གསུམ་ལས། དང་པོ་ནི། གྲངས་ཅན་པ་རྣམས། བདག་དང་། རང་བཞིན་དང་། ཆེན་པོ་དང་། ང་རྒྱལ་དང་། དབང་པོ་བཅུ་གཅིག དེ་ཙམ་ལྔ། འབྱུང་བ་ལྔ་སྟེ། ཤེས་བྱ་ཐམས་ཅད་ཉེར་ལྔར་གྲངས་ངེས་པ་ལས་བདག་ནི་རྣམ་འགྱུར་ཐམས་ཅད་ཀྱི་ཟ་བ་པོ་སྟེ། དེ་ཉིད་ལ་ཤེས་པ་དང་། རིག་པ་དང་། སྐྱེས་བུ་ཞེས་ཀྱང་བྱའོ། །རང་བཞིན་ནི་རྣམ་འགྱུར་ཐམས་ཅད་སྐྱེད་པར་བྱེད་པ་སྟེ། དེ་ཉིད་ལ། རྒྱུ་དང་། སྤྱི་དང་། གཙོ་བོ་ཞེས་ཀྱང་བྱའོ། །དེས་ན། རྒྱུ་ཡིན་ན། སྤྱི་དང་། གཙོ་བོ་ཡིན་པས་མ་ཁྱབ་ཀྱང་། རང་བཞིན་ལ་ནི་དེ་གསུམ་མིང་གི་རྣམ་གྲངས་སུ་འགྱུར་ལ། འབྲས་བུ་དང་། རྣམ་འགྱུར་དང་། གསལ་བ་དང་། བྱེ་བྲག་རྣམས་ནི་མིང་གི་རྣམ་གྲངས་ཡིན་ཅིང་། དེ་ལ་སྤྱི་གཙོ་བོ་དེ་ཆ་མེད་རྫས་གཅིག་ཏུ་ཡོད་པར་འདོད་དོ། །གཉིས་པ་ནི། དེ་དང་མཐུན་པར་བོད་རྣམས་ཀྱང་། ཤ་པ་དང་ཤུག་པ་ལ་སོགས་པའི་ཤིང་གསལ་རྣམས་ལ་ཁྱབ་པའི་ཤིང་ཙམ་དང་། བཻ་ཌཱུརྻ་ལ་སོགས་པའི་སྔོན་པོ་ཐམས་ཅད་ལ་ཁྱབ་པའི་སྔོ་ཙམ་དོན་ལ་ཡོད་ཅིང་རང་གི་གསལ་བ་རྣམས་དང་རྫས་གཅིག་ཀྱང་ཡིན་ལ། དེས་མཚོན་ནས་དངོས་པོར་གྱུར་པའི་སྤྱི་གསལ་ཐམས་ཅད་རྫས་གཅིག་ཡིན་ནོ། །ཞེས་ཟེར་རོ། །གསུམ་པ་ལ་གསུམ་སྟེ། སྣང་རུང་མ་དམིགས་པའི་རྟགས་ཀྱིས་དགག རྣམ་པར་བརྟགས་ནས་དགག ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། ཤིང་གསལ་ཆོས་ཅན། ཁྱོད་དང་རྫས་གཅིག་པའི་ཁྱོད་ཀྱི་སྤྱི་དངོས་པོ་བ་མེད་པར་ཐལ། དེ་ཡོད་ན་དེ་ཁྱོད་འཛིན་དབང་པོའི་མངོན་སུམ་གྱིས་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར་རོ། །གཉིས་པ་ལ། ངོ་བོ་ལ་བརྟགས་ནས་དགག་པ་ནི། ཤིང་སྤྱི་དེ་ཤ་པའི་རྫས་ཡིན་ནམ་མིན། མིན་ན་དེ་ཆོས་ཅན། དེ་དང་རྫས་གཅིག་མ་ཡིན་པར་ཐལ། དེའི་རྫས་མ་ཡིན་པའི་ཕྱིར། ཡིན་ན། ཤུག་པ་དེ་ཤིང་མ་ཡིན་པར་ཐལ། ཤིང་སྤྱི་དེ་ཤ་པའི་རྫས་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། གཞན་དུ་དངོས་པོ་ལས་ལྡོག་པ། །དངོས་པོར་མི་འགྱུར་འདི་འདི་ལས། །ཐ་དད་ཅེས་ནི་བརྗོད་ཕྱིར་རོ། །ཞེས་གསུངས་སོ། །རྒྱུ་ལ་བརྟགས་ནས་དགག་པ་ནི། ཤིང་སྤྱི་དེ་ཤ་པའི་རྒྱུ་ལས་སྐྱེས་སམ་མ་སྐྱེས། མ་སྐྱེས་ན་དེ་ཆོས་ཅན། དེ་དང་རྫས་གཅིག་མ་ཡིན་པར་ཐལ། དེའི་རྒྱུ་ལས་མ་སྐྱེས་པའི་ཕྱིར། ཁྱབ་སྟེ། འདིར་ཡང་། ཐ་དད་རྒྱུ་ཐ་དད་ལས་ཡིན། །ཞེས་དང་། རྣམ་ངེས་ལས། དེ་གྲུབ་ན་མ་གྲུབ་པའམ། རྒྱུ་ཐ་དད་པ་ནི་དེའི་རང་བཞིན་དུ་རིགས་པ་མ་ཡིན་ནོ། །ཞེས་གསུངས་སོ། །སྐྱེ་འཇིག་ལ་བརྟགས་ནས་དགག་པ་ནི། ཤ་པ་སྐྱེ་འཇིག་བྱེད་པའི་ཚེ་ཤིང་སྤྱི་སྐྱེ་འཇིག་བྱེད་དམ་མི་བྱེད། མི་བྱེད་ན་དེ་ཆོས་ཅན། དེ་དང་རྫས་གཅིག་མ་ཡིན་པར་ཐལ། ཁྱོད་སྐྱེ་འཇིག་བྱེད་པའི་ཚེ་དེ་སྐྱེ་འཇིག་མི་བྱེད་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། དེས་ན་ལྷན་ཅིག་སྐྱེ་བ་དང་། འཇིག་པ་དག་དང་ཐམས་ཅད་ལ་ཐམས་ཅད་ཉེ་བར་སྦྱོར་བར་འགྱུར་རོ། །དེ་ལྟར་མ་ཡིན་ན་གཅིག་ཅེས་བྱ་བ་ཉིད་དུ་མི་འགྱུར་བའམ། མིང་ཐ་དད་པར་ཟད་དེ་དོན་ཁས་བླངས་ནས་དེ་སྐད་དུ་བརྗོད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །བྱེད་ན་ཤ་པ་སྐྱེ་འཇིག་བྱེད་པའི་ཚེ་དེ་དང་ཡུལ་ཐ་དད་པའི་ཤིང་གསལ་རྣམས་དང་། དུས་ཐ་དད་པའི་ཤིང་གསལ་རྣམས་དང་། རྣམ་པ་ཐ་དད་པའི་ཤིང་གསལ་རྣམས་སྐྱེ་འཇིག་བྱེད་པར་ཐལ། དེ་རྣམས་དང་རྫས་གཅིག་པའི་ཤིང་སྤྱི་སྐྱེ་འཇིག་བྱེད་པའི་ཕྱིར། ཁྱབ་སྟེ། ཐ་དད་པ་མེད་ན་ཅིག་ཅར་སྐྱེ་འཇིག་འགྱུར། ཞེས་གསུངས་པའི་ཕྱིར། གསུམ་པ་ཧ་ཅང་ཐལ་བ་ལ་ཡན་ལག་ཅན་མི་ཁེགས་པར་ཐལ་བ། དབང་ཤེས་རྟོག་བཅས་སུ་ཐལ་བ། འགལ་བ་རྫས་གཅིག་ཏུ་ཐལ་བ་གསུམ་ལས། དང་པོ་ནི། ཤིང་གསལ་ཐམས་ཅད་ལ་ཁྱབ་པའི་ཤིང་སྤྱི་རྫས་གཅིག་པ་ཡོད་ན། མགོ་བོ་ལ་སོགས་པའི་ཡན་ལག་ཐམས་ཅད་ལ་ཁྱབ་པའི་ཡན་ལག་ཅན་རྫས་གཅིག་པ་གཅིག་ཡོད་པར་ཁས་བླངས་ན་ཅིས་འགོག གལ་ཏེ་དེ་མི་འཐད་དེ། དེ་ལ་ལག་སོགས་གཡོ་ན་ཐམས་ཅད་དག །ཞེས་སོགས་ཀྱི་རིགས་པས་གནོད་པའི་ཕྱིར་ཏེ། གཡོ་མི་གཡོ་དང་བསྒྲིབས་མ་བསྒྲིབས་བསྒྱུར་མ་བསྒྱུར་ལ་སོགས་པའི་ཆོས་འགལ་བ་རྣམས་རྫས་གཅིག་ལ་མི་རུང་བའི་ཕྱིར་ཞེ་ན། ཤིང་གསལ་ཐམས་ཅད་ལ་ཁྱབ་པའི་ཤིང་སྤྱི་རྫས་གཅིག་པ་མེད་པར་ཐལ། དེ་ཡོད་ན། ཤ་པ་གཡོ་བ་ན་ཤུག་པ་དང་རྫས་གཅིག་པའི་ཤིང་སྤྱི་གཡོ་བ་དང་། ཤ་པ་བསྒྲིབས་ན་ཤུག་པ་དང་རྫས་གཅིག་པའི་ཤིང་སྤྱི་བསྒྲིབས་པ་དང་། ཤ་པ་ཚོན་གྱིས་བསྒྱུར་བ་ན་ཤུག་པ་དང་རྫས་གཅིག་པའི་ཤིང་སྤྱི་ཚོན་གྱིས་བསྒྱུར་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ནི། ཤ་པ་འཛིན་པའི་དབང་མངོན་ཆོས་ཅན། ཤ་པ་དང་རྫས་གཅིག་པའི་ཤིང་སྤྱི་སྣང་ཡུལ་དུ་བྱེད་པར་ཐལ། ཤ་པ་དང་རྫས་གཅིག་པའི་ཆོས་ཐམས་ཅད་སྣང་ཡུལ་དུ་བྱེད་པའི་ཕྱིར་ཏེ། དེ་ལ་བསྒྲུབས་པས་འཇུག་པའི་མངོན་སུམ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྟོག་པར་ཐལ། སྤྱི་སྣང་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་དོན་སྤྱི་སྣང་ཡུལ་དུ་བྱེད་ན་རྟོག་པ་ཡིན་པས་ཁྱབ་ཀྱང་། རིགས་སྤྱི་སྣང་ཡུལ་དུ་བྱེད་ན་རྟོག་པ་ཡིན་པས་མ་ཁྱབ་བོ་ཞེ་ན། དོན་སྤྱིར་མ་འདུས་པའི་རིགས་སྤྱི་འདོད་པ་ནི་ཆུར་མ་འདུས་པའི་རྒྱ་མཚོ་འདོད་པ་དང་མཚུངས་པས་སློབ་དཔོན་ངན་པའི་དུག་ཆུས་མྱོས་པའི་བརླབ་ཆོལ་ཡིན་ཏེ། སྣང་བརྟག་གཅིག་ཏུ་འཁྲུལ་པའི་སྒྲོ་བཏགས་ལས་མ་གཏོགས་པའི་རིགས་སྤྱི་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི། སྔོ་སེར་ལ་སོགས་པའི་རྫས་ཐ་དད་པ་རྣམས་དང་། སྣང་མུན་ལ་སོགས་པའི་འགལ་བ་ཀུན་ཀྱང་རྫས་གཅིག་ཏུ་ཐལ། སྔོ་སེར་གཉིས་ཀ་དང་རྫས་གཅིག་ཡིན་པ་དང་། སྣང་མུན་གཉིས་ཀ་དང་རྫས་གཅིག་ཡིན་པར་ཡོད་པའི་ཕྱིར། གསལ་བ་དུ་མ་ལ་ཁྱབ་པའི་སྤྱི་རྫས་སུ་མ་གྲུབ་པར་མ་ཟད་ཡན་ལག་དུ་མ་འདུས་པ་ལ་ཡན་ལག་ཅན་དུ་བཞག་པ་དང་། སྐད་ཅིག་མ་དུ་མ་འདུས་པ་ལ་རྒྱུན་དུ་བཞག་པ་དང་། ཡི་གེ་དང་། མིང་དང་། ཚིག་རྣམས་ཀྱང་རྫས་སུ་མ་གྲུབ་བོ། །གསུམ་པ་སྤྱི་དངོས་མེད་དུ་འདོད་པའི་ལུགས་གཞན་དགག་པ་ལ། དངོས་དང་། རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། ཁ་ཅིག སྤྱི་ཡིན་ན། དངོས་མེད་ཡིན་དགོས་ཤིང་། རང་གི་བྱེ་བྲག་དུ་མ་གྲུབ་ན་སྤྱི་ཡིན་པས་ཁྱབ་པ་སྡེ་བདུན་གྱི་དགོངས་པ་ཡིན་ལ། དེས་ན་གཟུགས་སྒྲ་ལ་སོགས་པ་དང་། མེ་ཆུ་ལ་སོགས་པ་དང་། བུམ་སྣམ་ལ་སོགས་པ་ཐམས་ཅད་ཀྱང་རྟག་པ་ཡིན་ནོ། །ཞེས་ཟེར་རོ། །འདི་དགག་པ་ལ། མངོན་སུམ་དང་། དངོས་སྟོབས་རྗེས་དཔག་དང་། ལུང་དང་། ཁས་བླངས་དང་། རང་ཚིག་གིས་གནོད་པ་ལྔ་ལས། དང་པོ་ནི། སྒྲ་ཆོས་ཅན། ཉན་ཤེས་མངོན་སུམ་གྱིས་ཁྱོད་མཉན་བྱ་ཡིན་པར་མ་གྲུབ་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། འདོད་ན་སྒྲ་མཉན་བྱ་མ་ཡིན་པ་དེ་ཉན་ཤེས་མངོན་སུམ་གྱིས་བསལ་བ་མ་ཡིན་པར་ཐལ་ལོ། །གཉིས་པ་ནི། སྒྲ་རྟག་པ་ཡིན་པ་ལ་དངོས་སྟོབས་རྗེས་དཔག་གིས་གནོད་དེ། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་གྲུབ་པའི་ཕྱིར། གསུམ་པ་ནི། གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། །བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་པའི་ཕྱིར་ཞེ་ན། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །ཅེས་དང་། གང་ཡོད་དེ་འཇིག་བུམ་པ་བཞིན། །སྒྲ་ཡང་ཡོད་ཅེས་རང་བཞིན་རྟགས། །ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་རིག་བྱེད་པས་རིག་སྒྲ་རྟག་པར་འདོད་པ་དེ། དཔལ་ལྡན་ཆོས་གྲགས་ཀྱིས་རིགས་པའི་རྣམ་གྲངས་དུ་མས་འགོག་པ་དེ་མི་རིགས་པར་ཐལ། རིག་སྒྲ་རྟག་པ་ཡིན་པ་དེ་དོན་ལ་གནས་པའི་ཕྱིར། བཞི་པ་ནི། གལ་ཏེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་སྒྲ་རང་མཚན་པ་དེ་མི་རྟག་པར་བསྒྲུབ་པ་ཡིན་པས་གོང་དུ་གསུངས་པའི་ལུང་དང་འགལ་བའི་སྐྱོན་མེད་དོ་ཞེ་ན། འོ་ན་སྒྲའི་གཞན་སེལ་ལ་རང་མཚན་དུ་རློམ་པ་ལ་དགག་སྒྲུབ་དངོས་སུ་བྱེད་པ་ཡིན་ནམ། རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་པ་ཡིན། དང་པོ་ལྟར་ན། བྱས་རྟགས་ལས་སྒྲ་མི་རྟག་པར་དངོས་སུ་མ་བསྒྲུབ་པར། སྒྲ་རང་མཚན་པ་མི་རྟག་པར་དངོས་སུ་བསྒྲུབ་པར་འདོད་པ་དང་ཁས་བླངས་འགལ་ཞིང་། ཕྱི་མ་ལྟར་ན། སོང་ཚོད་ཀྱི་རྟགས་ཆོས་དོན་གསུམ་གཞན་སེལ་དུ་འདོད་པ་དང་འགལ་ལོ། །གཞན་ཡང་རང་གིས་ཚད་མར་ཁས་བླངས་པའི་གཞུང་ལུགས་ལས། རྫས་དང་ལྡོག་པ་སྤྱི་བྱེ་བྲག །བསྒྲུབ་དང་གཞན་སེལ་རྟོག་མི་རྟོག །གཞན་དག་རྣམ་གཞག་གཞན་དུ་འཆད། །ཁོ་བོ་གཞུང་བཞིན་འཆད་པར་འདོད། །ཅེས་པའི་འགྲེལ་པར་རྫས་དང་སྤྱི་ནི་ཡུལ་དང་། རྟོག་པ་དང་རྟོག་མེད་གཉིས་བློ་དང་། སྣང་བ་དང་སེལ་བ་གཉིས་འཛིན་སྟངས་སོ་སོར་ངེས་པར་བཤད་པ་དང་འགལ་ཏེ། དངོས་པོ་དང་རྫས་ལ་སོགས་པ་རྣམས་སྤྱིར་ཁས་བླངས་པའི་ཕྱིར་རོ། །ལྷོ་པ་ཐམས་ཅད་མཁྱེན་པས་མཛད་པའི་ཆོས་རྗེའི་རྣམ་ཐར་ལས། ཁ་ཆེ་པཎ་ཆེན་གྱི་ཞལ་ནས། ཙམ་ཙམ་མང་པོ་ངས་མི་ཤེས། སྔོན་པོ་དོན་ལ་ཡོད་ཅེས་གསུངས་པས་གཞན་སེལ་གྱི་གནད་ཐམས་ཅད་གོ་བར་གསུངས་པ་དང་ཡང་འགལ་ཏེ། སྔོན་པོ་སྤྱིར་ཁས་བླངས་པའི་ཕྱིར་རོ། །འོ་ན་དེས་གཞན་སེལ་གྱི་གནད་ཐམས་ཅད་གོ་བའི་ཚུལ་ཇི་ལྟར་སྙམ་ན། སྔོན་པོ་དང་སྒྲ་ལ་སོགས་པ་རྣམས་དོན་རང་མཚན་གྱི་སྟེང་ན་རང་རང་གི་གནས་ཚུལ་ཇི་ལྟ་བ་བཞིན་གནས་པས་དགག་སྒྲུབ་བྱར་མེད་ཀྱང་། སྔོན་པོ་སྔོ་མིན་དང་། སྒྲ་རྟག་པ་ལ་སོགས་པར་སྒྲོ་འདོགས་པ་ཡོད་པས་སྒྲོ་འདོགས་ཇི་སྙེད་ཡོད་པ་དེ་དག་བསལ་བའི་ཆེད་དུ་དགག་སྒྲུབ་བྱེད་པ་ཡིན་ལ། དེའི་ཚེ་སྒྲ་མི་རྟག་པར་བསྒྲུབ་པའི་གཞན་སེལ་གྱི་བློ་ངོའི་སྒྲ་རྟག་པ་དེ་བསལ་བ་ཡིན་ལ། དེ་ལ་ཡང་རྫས་དང་ལྡོག་པ་སོ་སོར་མ་ཕྱེ་བའི་སྒྲ་ཙམ་མི་རྟག་པར་སྒྲུབ་ཅེས་པའི་དོན་ཡིན་ནོ། །དེས་ན་སྒྲ་རྟག་པར་འདོད་པ་དག་གིས་ནི། དོན་ལ་གནས་པའི་སྒྲ་དང་། སེལ་ངོའི་སྒྲ་གཉིས་གཅིག་ཏུ་བཟུང་བ་ཡིན་པས་འཇུག་པའི་ཚེ་དེ་ལྟར་དུ་རུང་ཡང་། གནས་ལུགས་འཆད་པའི་ཚེ་དེ་ལྟར་བྱས་ན་གཞན་སེལ་གྱི་གནད་མ་གོ་བ་སྟེ། བདག་ཉིད་ཆེན་པོའི་ཞལ་ནས། འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་པས་ཐོབ། །ཅེས་གསུངས་པའི་ཕྱིར། ལྔ་པ་ནི། སྒྲ་རྟག་ཅེས་པ་ནི། དངོས་སུ་སྒྲ་རྟག་པར་སྨྲས་ཤིང་། སྒྲ་ཞེས་སྨྲས་པའི་ཤུགས་ལ་མི་རྟག་པར་སྨྲས་པའོ། །གཉིས་པ་ནི། འོ་ན་ཤིང་རྫས་སུ་གྲུབ་ན། དེ་ཤ་པ་རྫས་གཅིག་དང་ཐ་དད་གང་ཡིན་ཞེ་ན། ཚད་མ་དེ་མངོན་སུམ་དང་རྗེས་དཔག་གང་ཡིན། ཞེས་འདྲི་བར་བྱའོ། །གལ་ཏེ་རྟོག་པར་གྱུར་པའི་ཚད་མ་རྗེས་དཔག་དང་། རྟོག་མེད་དུ་གྱུར་པའི་ཚད་མ་མངོན་སུམ་ཡིན་ཞིང་། དེ་གཉིས་ལས་གཞན་དུ་གྱུར་པའི་ཚད་མ་མེད་དོ་ཞེ་ན། འོ་ན་ཤ་པ་ཡིན་པར་གྱུར་པའི་ཤིང་དེ་ཤ་པ་དང་རྫས་གཅིག་དང་། ཤ་པ་མ་ཡིན་པའི་ཤིང་དེ་ཤ་པ་དང་རྫས་གཞན་ཡིན་ཞིང་། དེ་གཉིས་ལས་གཞན་དུ་གྱུར་པའི་ཤིང་མེད་དོ། །ཅེས་མཚུངས་པར་བསྒྲེའོ། །གལ་ཏེ་ཤིང་ཆོས་ཅན། ཤ་པ་དང་རྫས་གཅིག་དང་རྫས་གཞན་གང་རུང་ཡིན་པར་ཐལ། ཁྱོད་དང་ཤ་པ་གཉིས་ཀ་རྫས་སུ་གྲུབ་པའི་ཕྱིར་ཞེ་ན། འོ་ན་ཚད་མ་ཆོས་ཅན། མངོན་རྗེས་གང་རུང་དུ་ཐལ། ཚད་མ་ཡིན་པའི་ཕྱིར། བསྐལ་པའི་བར་དུ་མཚུངས་སོ། །གལ་ཏེ་སྤྱི་གསལ་རྫས་གཅིག་དང་རྫས་ཐ་དད་དཔྱད་ནས་བཀག་པས་སྤྱི་རྫས་སུ་གྲུབ་པ་མི་ཁེགས་པར་ཐལ། རྫས་སུ་གྲུབ་ན་རྫས་གཅིག་དང་རྫས་ཐ་དད་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར་ཞེ་ན། འོ་ན་ཟླ་བ་གཉིས་སྣང་གི་དབང་ཤེས་དེ་མངོན་སུམ་དང་རྗེས་དཔག་གང་ཡིན་དཔྱད་ནས་བཀག་པས་དེ་ཚད་མ་ཡིན་པར་ཁེགས་པར་ཐལ། ཚད་མ་ཡིན་ན་མངོན་རྗེས་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར། གཉིས་པ་ལུང་གིས་དགག་པ་ནི། རྣམ་འགྲེལ་ལས། སྤྱི་ཡི་བློ་ཡང་བསླད་པ་ཡིན། །ཞེས་དང་། རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱིས། །སྒྲ་ཡི་དོན་ནི་བཏགས་པ་ཡིན། །ཞེས་དང་། སྤྱི་ནི་དངོས་མེད་ངོ་བོ་ཡིན། །དེ་ཕྱིར་དེ་དབང་སྤྱོད་ཡུལ་མིན། །དེས་ན་སྤྱི་ཡི་ཆོས་རྣམས་ནི། །མངོན་སུམ་མིན་པར་གྲུབ་པའི་ཕྱིར། །ཞེས་དང་། ཕྱེད་དང་བཞི་པ་ལས། གཞན་ཡང་སྤྱི་དོན་གཞན་དུ་རྟོགས་པ་འདི་ཞེས་སོགས་མང་དུ་གསུངས་ཤིང་། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་སོགས་སྤྱི་དངོས་མེད་དུ་བསྒྲུབ་པའི་རིགས་པ་བརྒྱད་གསུངས་སོ། །དེ་ལྟར་ལུང་གིས་དགག་པ་རྣམས་ནི་ཆོས་ཀྱི་གྲགས་པའི་གཞུང་ཁས་ལེན་བཞིན་དུ་སྤྱི་དངོས་པོ་བ་འདོད་པ་རྣམས་འགོག་པ་ཡིན་ལ། རིགས་པས་དགག་པ་རྣམས་ནི་དེ་དང་གྲངས་ཅན་གཉིས་ཀ་ཐུན་མོང་དུ་འགོག་པ་ཡིན་ནོ། །དེ་ལ་གྲངས་ཅན་འགོག་པའི་ཚེ་ཤིང་སྤྱི་ཆོས་ཅན་དུ་བཟུང་ནས་ཤིང་གསལ་རྣམས་དང་རྫས་གཅིག་དང་རྫས་ཐ་དད་དཔྱད་ནས་འགོག་པས་ཆོག་མོད་ཀྱི། བོད་དག་གིས་ཤིང་སྤྱི་དངོས་པོ་བར་མ་གྲུབ་ཀྱི་ཤིང་སྤྱི་དང་དངོས་པོའི་གཞི་མཐུན་ཡོད་པར་ཁས་ལེན་པ་ཡིན་ནོ། །ཞེས་པའི་ཚིག་གིས་སྒྲིབ་གཡོགས་ལྟར་ན་ཤིང་གསལ་རྣམས་ཀྱི་སྤྱིར་གྱུར་པའི་ཤིང་སྤྱི་ཆོས་ཅན་དུ་བཟུང་ནས་དགག་པར་བྱའོ། །གཉིས་པ་རང་ལུགས་ནི། ཁྱད་པར་གསུམ་ལྡན་གྱི་ཤིང་འཛིན་རྟོག་པའི་ངོར་ཤིང་མ་ཡིན་ལས་ལོག་པར་སྣང་བའི་གཞན་སེལ་ནི་སྤྱི་ཡིན་ཞིང་། དེ་ཉིད་ཤིང་གསལ་རྣམས་ལ་དོན་དམ་པར་མ་གྲུབ་ཀྱང་གཞན་སེལ་ཕྱིན་ཅི་མ་ལོག་པའི་བློ་ངོར་གྲུབ་པས་དེ་ལྟ་བུའི་སྤྱི་ཁེགས་ན་བྱེ་བྲག་ཁེགས་པ་དང་། བྱེ་བྲག་གྲུབ་ན་སྤྱི་གྲུབ་པས་དགག་སྒྲུབ་བྱེད་པ་ཡིན་ཏེ། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། །ཞེས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི། གལ་སྟེ་གཞན་སེལ་ལ་དགག་སྒྲུབ་བྱས་པས་རང་མཚན་རྟོགས་པར་མི་འགྱུར་ཏེ། གཞན་སེལ་ནི་དངོས་པོར་མེད་ལ་རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་མི་ནུས་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། གཞན་སེལ་ཕྱིན་ཅི་མ་ལོག་པའི་རྟོག་པས་དོན་དང་སེལ་བ་གཉིས་གཅིག་ཏུ་འཁྲུལ་ནས་དགག་སྒྲུབ་བྱས་པས་འཇུག་ཡུལ་རང་མཚན་རྟོགས་པར་འགྱུར་བའི་ཕྱིར། སྤྱི་དང་བྱེ་བྲག་བརྟག་པའི་རབ་ཏུ་བྱེད་པ་སྟེ་གསུམ་པ་བཤད་ཟིན་ཏོ།། ༈ །།གཉིས་པ་སྣང་བ་དང་སེལ་བའི་རྟོགས་ཚུལ་ལ། འཇུག་ཚུལ་སྤྱིར་བསྟན་པ་དང་། སོ་སོའི་རང་བཞིན་ངེས་པར་བྱ་བ་གཉིས་ལས། དང་པོ་ནི། རྟོག་མེད་ཤེས་པ་རང་ཡུལ་ལ་སྣང་བའི་སྒོ་ནས་འཇུག་སྟེ། སྣང་བ་ཙམ་གྱིས་བྱ་བ་རྫོགས་པའི་ཕྱིར་རོ། །རྟོག་པ་ཐམས་ཅད་ནི་རང་ཡུལ་ལ་སེལ་བའི་སྒོ་ནས་འཇུག་སྟེ། སྣང་བ་ཙམ་གྱིས་བྱ་བ་མི་རྫོགས་པར་རིགས་མི་མཐུན་སེལ་བའི་བྱ་བ་བྱེད་པའི་ཕྱིར། དེ་ལྟར་གཉིས་ལས། སྣང་བ་ལ་འཁྲུལ་མ་འཁྲུལ་གཉིས། སེལ་བ་ལ་ཕྱིན་ཅི་ལོག་མ་ལོག་གཉིས་སུ་ཡོད་དོ། །གཉིས་པ་ལ་གཉིས་ཏེ། སྣང་སེལ་གྱི་རྣམ་གཞག་དངོས། ཞར་ལ་སེལ་འཇུག་དང་བསྒྲུབ་འཇུག་དཔྱད་པའོ། །དང་པོ་ལ། སྣང་བ་དང་སེལ་བ་གཉིས་ལས། དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རྟོག་མེད་ཤེས་པས་ཡུལ་མཐོང་ཚུལ་གྱི་ཁྱད་པར་རོ། །གཉིས་པ་ལ། རྟོག་མེད་འཁྲུལ་པའི་སྣང་བ་དང་། མ་འཁྲུལ་བའི་སྣང་བ་གཉིས་ལས། དང་པོའི་མཚན་ཉིད། རང་མཚན་མེད་པར་གསལ་བར་སྣང་བའི་བཟུང་རྣམ། དབྱེ་ན་དབང་ཤེས་འཁྲུལ་བའི་སྣང་བ་དང་། ཡིད་ཤེས་འཁྲུལ་པའི་སྣང་བ་གཉིས་སོ། །གཉིས་པ་རྟོག་མེད་མ་འཁྲུལ་བའི་སྣང་བ་ལ། མཚན་ཉིད། དབྱེ་བ། མཚན་གཞི་ལ་མཚན་ཉིད་བསྒྲུབ་པ་དང་གསུམ་ལས། དང་པོ་ནི། རྟོག་མེད་མ་འཁྲུལ་བའི་ཤེས་པ་ལ་རང་དུས་སུ་གསལ་བར་སྣང་བའི་སྣང་བ། གཉིས་པ་ལ་དབྱེ་ན། རང་རིག་མངོན་སུམ་གྱི་སྣང་བ་དང་། དོན་རིག་མངོན་སུམ་གྱི་སྣང་བ་གཉིས་སོ། །གསུམ་པ་ལ། ཡུལ་གྱི་གནས་ལུགས། བློའི་འཛིན་སྟངས། བློ་དོན་མཐུན་པར་བསྒྲུབ་པ་དང་གསུམ་ལས། དང་པོ་ནི། བྱེ་བྲག་ཏུ་སྨྲ་བས་སྔོན་པོ་དང་། དེའི་མི་རྟག་པ་རྫས་ཐ་དད་དུ་འདོད་དེ། སྔོན་པོ་དེ་གཟུགས་ཀྱི་ཕུང་པོ་དང་། དེའི་མི་རྟག་པ་དེ་ལྡན་མིན་འདུ་བྱེད་གང་ཞིག །ཕུང་པོ་ལྔ་པོ་དེ་རྫས་ཐ་དད་ཡིན་པའི་ཕྱིར། མངོན་པ་ཀུན་ལས་བཏུས་ལས། སྔོན་པོ་རྫས་ཡོད་དང་། དེའི་མི་རྟག་པ་བཏགས་ཡོད་དུ་འདོད་ཀྱང་། འདིར་ནི་བཻ་ཌཱུརྻ་ལ་སོགས་པའི་སྔོན་པོ་གཅིག་གི་སྟེང་གི་བྱས་པ་དང་མི་རྟག་པ་ལ་སོགས་པ་དོན་ལ་རྫས་གཞན་ལྟ་ཞོག ལྡོག་པའང་ཐ་དད་དུ་མེད་དེ། དེ་གསུམ་ཐ་དད་དུ་སྣང་བ་ནི་རྟོག་པ་ཁོ་ན་ལ་སྣང་བ་ཡིན་གྱི། རྟོག་མེད་ཀྱི་ཤེས་པ་ལ་གཅིག་ཏུ་སྣང་བའི་ཕྱིར། ཤ་པ་དང་ཤུག་པ་གཉིས་ལ་དོན་ལ་ཐུན་མོང་གི་ཆོས་ཅུང་ཟད་མེད་དེ། ཤ་པའི་རྫས་ཡིན་ན། ཤུག་པའི་རྫས་མ་ཡིན་དགོས། ཤུག་པའི་རྫས་ཡིན་ན། ཤ་པའི་རྫས་མ་ཡིན་དགོས་པའི་ཕྱིར། གཉིས་པ་ནི། སྔོན་པོའི་བྱས་མི་རྟག་གཉིས་དོན་ལ་རྫས་གཞན་དུ་མེད་པའི་རྒྱུ་མཚན་གྱིས་དབང་ཤེས་ལ་གཅིག་ཏུ་སྣང་བ་ཡིན་ཏེ། སྔོ་འཛིན་དབང་མངོན་ལ་སྔོན་པོ་སྣང་བའི་ཚེ་དེའི་བྱས་མི་རྟག་གཉིས་རྫས་གཅིག་ཏུ་སྣང་བའི་ཕྱིར། ཤ་ཤུག་གཉིས་དོན་ལ་རྫས་ཐ་དད་ཡིན་པའི་རྒྱུ་མཚན་གྱིས་རྟོག་མེད་ཤེས་པ་ལ་ཐ་དད་དུ་སྣང་བ་ཡིན་ཏེ། དེ་ལ་ཤ་པ་སྣང་བའི་ཚེ་ཤུག་པ་མི་སྣང་བ་ཡང་ཡོད། ཤུག་པ་སྣང་བའི་ཚེ་ཤ་པ་མི་སྣང་བ་ཡང་ཡོད་པའི་ཕྱིར་དང་། དེ་གཉིས་ཆར་སྣང་བའི་ཚེ་རྫས་ཐ་དད་དུ་སྣང་བའི་ཕྱིར་རོ། །གསུམ་པ་ལ། མཐུན་ཚུལ་དངོས། དེ་སྒྲུབ་བྱེད་ཀྱི་རྟགས་དགོད་པ། དེས་ན་མངོན་སུམ་མ་ངེས་པར་བསྒྲུབ་པ་དང་གསུམ་ལས། དང་པོ་ནི་རྟོག་མེད་མ་འཁྲུལ་བའི་ཤེས་པ་དང་། དེའི་ཡུལ་ཕྱི་དོན་གཉིས་པོ་ཡུལ་ཡུལ་ཅན་མཐུན་པ་ཡིན་ཏེ། ཕྱི་དོན་རྫས་གཅིག་ཏུ་ཡོད་ན་དེ་ལ་ཡང་དེ་ལྟར་དུ་སྣང་བ་དང་། དེ་རྫས་ཐ་དད་དུ་ཡོད་ན་དེ་ལ་ཡང་རྫས་ཐ་དད་དུ་སྣང་བའི་ཕྱིར། གཉིས་པ་ནི། གང་ངོ་བོ་དབྱེར་མེད་ཀྱི་རྫས་གཅིག་ཡིན་ན། མངོན་སུམ་ལ་མཐོང་མ་མཐོང་གི་ཆ་གཉིས་མེད་པས་ཁྱབ། དཔེར་ན་བཻ་ཌཱུརྻ་མཐོང་བ་ན་དེའི་སྔོན་པོ་མཐོང་བ་བཞིན་བུམ་པ་དང་དེའི་བྱས་མི་རྟག་གསུམ་ཀྱང་ངོ་བོ་དབྱེར་མེད་ཀྱི་རྫས་གཅིག་ཡིན་ནོ་ཞེས་པ་བཞིན་ནོ། །དེའི་ཕྱོགས་ཆོས་ནི་ལྟོས་མེད་ཀྱི་གཏན་ཚིགས་དང་གནོད་པ་ཅན་གྱི་གཏན་ཚིགས་ཀྱིས་གྲུབ་པ་ཡིན་ནོ། །ཁྱབ་པ་ནི་བཻ་ཌཱུརྻ་མཐོང་བ་ན་དེའི་སྔོན་པོ་མཐོང་བ་ཉམས་སུ་མྱོང་བས་གྲུབ་པ་ལ་བརྟེན་ནས་གྲུབ་པ་ཡིན་ནོ། །གསུམ་པ་ནི། མངོན་སུམ་གྱིས་རང་ཡུལ་ངེས་པ་མེད་དེ། དེས་ཡུལ་དེ་མཐོང་བ་ཙམ་གྱིས་ཡུལ་དེ་ལ་ཚད་མར་འགྱུར་བའི་ཕྱིར་ཏེ། རང་འགྲེལ་ལས། ད་ནི་མ་ངེས་པ་ཇི་ལྟར་མངོན་སུམ་གྱིས་བཟུང་བ་ཡིན་ཞེ་ན། ཞེས་སོགས་དང་། རྣམ་ངེས་ལས། འདོད་པ་ལ་སོགས་པའི་བདག་ཉིད་རང་རིག་པ། བརྗོད་པ་དང་མ་འབྲེལ་བ་དེ་ནི་མངོན་སུམ་གྱི་ཚད་མའོ། །ཞེས་དང་། རིགས་ཐིགས་ལས། དེ་ལ་དངོས་ཡུལ་ཐུན་མོང་མ་ཡིན་པ། །མཐོང་བ་གང་ཡིན་པ་ཁོ་ན་ཚད་མའོ། །ཞེས་གསུངས་པའི་ཕྱིར། གལ་ཏེ་ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་རང་སྟོབས་ཀྱིས་ངེས་པར་འདྲེན་པ་དང་། གཞན་སྟོབས་ཀྱིས་ངེས་པར་འདྲེན་པ་ལ་དགོངས་པའི་ཕྱིར་རོ། །གཉིས་པ་སེལ་བ་ལ་གསུམ་སྟེ། གཞུང་ལས་བཤད་པའི་ཚུལ། འགྲེལ་པ་མཁན་གྱིས་བཀྲལ་བའི་ཚུལ། ས་སྐྱ་པའི་བཞེད་པ་ངོས་བཟུང་བའོ། །དང་པོ་ནི། ཚད་མ་མདོར། སེལ་བ་བརྟག་པའི་རབ་བྱེད་ཡོངས་སུ་རྫོགས་པ་གསུངས་ལ། རྣམ་འགྲེལ་ལས། ལེའུ་དང་པོར་རང་བཞིན་གྱི་རྟགས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་སྒྲུབ་བྱེད་ལས་འཕྲོས་ནས་གཞན་སེལ་གྱི་རྣམ་གཞག་རྒྱས་པར་བཤད་པ་དང་། མངོན་སུམ་གྱི་ལེའུར་སྤྱི་དངོས་མེད་དུ་བསྒྲུབ་པའི་སྐབས་དང་། མངོན་སུམ་རྟོག་བྲལ་དུ་བསྒྲུབ་པའི་སྐབས་སུ་ཡང་གཞན་སེལ་གྱི་རྣམ་གཞག་རྒྱས་པར་བཤད་པ་དང་གཞན་དོན་ལེའུར་ཡང་གཞན་སེལ་གྱི་རྣམ་གཞན་ཅུང་ཟད་བཤད་དོ། །གཉིས་པ་ལ། གཞན་སེལ་གསུམ་གྱི་རྣམ་གཞག་དང་། གཞན་སེལ་གཉིས་ཀྱི་རྣམ་གཞག་གཉིས་ལས། དང་པོ་ནི། མཁན་པོ་ཞི་བ་འཚོ་དང་། ཐར་པ་འབྱུང་གནས་དང་། ཤཱཀྱ་བློ་གསུམ་གྱི་བཞེད་པ་སྟེ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་པས་མེད་དགག་གི་གཞན་སེལ་དང་། སྤྱི་ཡི་བློ་ཡང་བསླད་པ་ཡིན་ཞེས་པས་བློའི་གཞན་སེལ་དང་། མཐུན་དངོས་གཞན་གྱི་དངོས་དག་ལས་ཞེས་པས་དོན་གྱི་གཞན་སེལ་བསྟན་པར་བཞེད་དོ། །དེ་ལ་དང་པོ་གཉིས་ཀྱིས་བུམ་འཛིན་རྟོག་པས་བུམ་པ་ཡུལ་དུ་བྱས་པའི་ཚེ། བུམ་པ་རང་མཚན་པ་ནི་དོན་གྱི་གཞན་སེལ་དང་། བུམ་འཛིན་རྟོག་པའི་བཟུང་རྣམ་ནི་བློའི་གཞན་སེལ་དང་། བུམ་མིན་རྣམ་པར་བཅད་ཙམ་ནི་མེད་དགག་གི་གཞན་སེལ་དུ་བཞེད་ཅིང་། ཕྱི་མས་ནི་བུམ་འཛིན་རྟོག་པས་བུམ་མིན་རྣམ་པར་བཅད་པའི་སྒོ་ནས་བུམ་པ་ཡུལ་དུ་བྱེད་དགོས་པས་བུམ་མིན་རྣམ་པར་བཅད་པའི་ཆ་མེད་དགག་གི་གཞན་སེལ་དང་། བུམ་པ་སྣང་བའི་སྒྲོ་བཏགས་བློའི་གཞན་སེལ་དུ་འདོད་ཅིང་། དེ་ཉིད་སྒྲའི་དངོས་ཀྱི་བརྗོད་བྱར་ཡང་འདོད་དོ། །གཉིས་པ་ནི། སློབ་དཔོན་ཆོས་མཆོག་གིས་སེལ་བ་བསྒྲུབ་པར་ངེས་པའི་རང་བཞིན་གྱི་སེལ་བ་དང་། རྣམ་པར་རྟོག་པའི་ཡུལ་གྱི་སེལ་བ་གཉིས་ཞེས་དང་། འཐད་ལྡན་ཆེན་མོར། མེད་པར་དགག་པའི་གཞན་སེལ་བ་དང་། སྒྲོ་བཏགས་པའི་གཞན་སེལ་ཞེས་པའི་ཐ་སྙད་མཛད་ནས། ངོས་འཛིན་ནི་བུམ་མིན་རྣམ་པར་བཅད་ཙམ་དང་། བུམ་པར་སྣང་བའི་སྒྲོ་བཏགས་གཉིས་ལ་འདོད་པ་སྔ་མ་དང་འདྲའོ། །གསུམ་པ་ལ་གསུམ་སྟེ། གཞན་སེལ་གྱི་མཚན་ཉིད། དེའི་རང་བཞིན་ངེས་པར་བྱ་བ། སེལ་བ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། ཡུལ་དེ་དངོས་འགལ་བཅད་པའི་སྒོ་ནས་ཡུལ་དེར་སྣང་བའི་སྒྲོ་བཏགས་སོ། །དེ་ལ་དངོས་འགལ་བཅད་པ་དང་། རིགས་མི་མཐུན་བཅད་པ་དང་། དེ་མིན་བཅད་པ་རྣམས་ནི་དོན་གཅིག་ཅིང་། གཞན་སེལ་དང་། སེལ་བ་དང་། ལྡོག་པ་དང་། རྣམ་གཅོད་བཞི་པོ་ནི་དོན་ལྡོག་ཀྱང་གཅིག་ཉིད་ཡིན་པས་མཚན་ཉིད་གཅིག་གིས་མཚོན་ནུས་ལ། སྤྱི་དང་སྤྱི་མཚན་ནི་དེ་དག་དང་ཡིན་ཁྱབ་མཉམ་ཡིན་ཀྱང་དོན་ལྡོག་ནི་གཞན་འཚོལ་དགོས་སོ། །དངོས་འགལ་བཅད་པའི་དོན་ཡང་། བུམ་འཛིན་རྟོག་པ་ལ་བུམ་མིན་རྣམ་པར་བཅད་པའི་བུམ་པའོ་སྙམ་པའི་འཛིན་སྟངས་དངོས་སུ་མེད་ཀྱང་། རང་ལ་སྣང་བའི་བུམ་པའི་རྣམ་པ་དེ་ཕྱི་རོལ་བུམ་པར་ཞེན་པ་དེ་བུམ་མིན་རྣམ་པར་བཅད་པ་ལ་ལྟོས་པ་ཡིན་ཏེ། འདི་བུམ་པའོ་སྙམ་དུ་ཞེན་པ་ཡིན་གྱི་འདི་ཀ་བའོ་སྙམ་དུ་ཞེན་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བུམ་པ་ཞེས་བརྗོད་པའི་སྒྲས་དངོས་འགལ་བཅད་ནས་འཇུག་པ་ཡང་བུམ་མིན་རྣམ་པར་བཅད་ནས་བུམ་པ་ཞེས་པའི་སྒྲ་དངོས་སུ་མེད་ཀྱང་། དེ་ལས་དོན་གོ་བ་བུམ་མིན་རྣམ་པར་བཅད་པ་ལ་ལྟོས་པ་ཡིན་ཏེ། བུམ་པ་ཞེས་པའི་སྒྲ་ཐོས་པའི་མཇུག་ཐོགས་སུ་བུམ་འཛིན་རྟོག་པ་སྐྱེ་བ་ཡིན་གྱི་ཀ་བ་སོགས་འཛིན་པའི་རྟོག་པ་མི་སྐྱེ་བའི་ཕྱིར་རོ། །འདི་ལ་དགོངས་ནས། སྒྲ་གཉིས་བྱེད་པའང་མ་ཡིན་ཏེ། །ཕན་ཚུན་ཡོད་པ་མ་ཡིན་ཕྱིར། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། གཞན་སེལ་གྱི་རྣམ་གཞག དེའི་རབ་ཏུ་དབྱེ་བ། མཚན་གཞི་གཅིག་གི་སྟེང་དུ་གནད་མ་ལུས་པ་གཏན་ལ་དབབ་པའོ། །དང་པོ་ལ། ཡུལ་གྱི་གནས་ལུགས་དང་། བློའི་འཛིན་སྟངས་གཉིས་ལས་དང་པོ་ལ། གཞན་སེལ་གྱི་ཡུལ་ཅན་ནི་རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གཉིས་ཡིན་ལ། དེ་གཉིས་ཀྱི་དངོས་ཡུལ་དངོས་པོར་མེད་ཅིང་། ཞེན་ཡུལ་རང་མཚན་ལ་བྱས་མི་རྟག་སོགས་དོན་ལ་ཐ་དད་མེད་པ་རྣམས་གཅིག་ཏུ་གནས། ཀ་བུམ་སོགས་དོན་ལ་རྫས་ཐ་དད་པ་རྣམས་གཞན་དང་འདྲེ་བ་མེད་པར་གནས་པ་ཡིན་ཏེ། འདིའི་ཞེན་ཡུལ་དུ་གྱུར་པའི་རང་མཚན་དང་། མངོན་སུམ་གྱི་སྣང་ཡུལ་དུ་གྱུར་པའི་རང་མཚན་གཉིས་དོན་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལ་བྱེ་བྲག་པ་སོགས་ན་རེ། བྱས་པ་དེ་སྒྲ་མི་རྟག་པར་བསྒྲུབས་པའི་གྲུབ་ཟིན་བསྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། བྱས་མི་རྟག་གཉིས་དོན་ལ་ཐ་དད་མེད་པའི་ཕྱིར། མི་རྟག་པ་ཆོས་ཅན། བུམ་པ་ལ་རྗེས་སུ་མི་འགྲོ་བར་ཐལ། སྒྲ་དང་དབྱེར་མེད་གཅིག་ཏུ་གནས་པའི་ཕྱིར་ཞེ་ན། དེའི་ལན་ལ་བློའི་འཇུག་ཚུལ་ཤེས་དགོས་པས། གཉིས་པ་བློའི་འཛིན་སྟངས་འཆད་པ་ལ། སྤྱིར་རྟོག་བློའི་འཛིན་སྟངས་དེ་ལ་ཐ་དད་ལ་གཅིག་ཏུ་འཛིན་པ། གཅིག་ལ་ཐ་དད་དུ་འཛིན་པ། ཐ་དད་ལ་ཐ་དད་དུ་འཛིན་པ། གཅིག་ལ་གཅིག་ཏུ་འཛིན་པ་དང་བཞི་ལས། ཕྱི་མ་གཉིས་གོ་སླ་ཞིང་། དང་པོ་གཉིས་འཆད་པ་ལ། ཐ་དད་ལ་གཅིག་ཏུ་འཛིན་པའི་རྟོག་པ་ལ་སྒྲོ་འདོགས་པའི་རྒྱུ། སྒྲོ་འདོགས་པའི་བློའི་རྣམ་པ། སྒྲོ་བཏགས་པའི་དགོས་པ་དང་གསུམ་ལས། དང་པོ་ནི། གཞན་སེལ་གྱི་བློ་ངོར་ཤིང་གསལ་རྣམས་ཡལ་ག་ལོ་འདབ་དང་ལྡན་པར་མཚན་ཉིད་གཅིག་པ་དང་། མེའི་གསལ་བ་རྣམས་སྲེག་པའི་འབྲས་བུ་གཅིག་པ་ལ། འདི་ནི་ཤིང་ངོ་། །འདི་ནི་མེའོ། །ཞེས་གཅིག་ཏུ་སྒྲོ་འདོགས་པ་ཡིན་ཏེ། དེའི་ཕྱིར་གང་དང་གང་ལས་དོན། །ལྡོག་པ་དེ་ཡི་རྒྱུ་ཅན་གྱིས། །རིགས་དབྱེ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གཞན་སེལ་གྱི་བློ་ངོར་མཚན་ཉིད་གཅིག་པའི་ཡུལ་རྣམས་ལ་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་རྣམ་པར་རྟོག་པས་གཅིག་ཏུ་འཛིན་པ་ཡིན་ཏེ། ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །གང་གི་རང་གི་ངོ་བོ་ཡི། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཡུལ་དུས་ཐ་དད་པའི་གསལ་བ་རྣམས་ལ་དགག་སྒྲུབ་ཅིག་ཅར་རྟོགས་པའི་ཆེད་ཡིན་ཏེ། དཔེར་ན་ཤིང་མེད་ཅེས་བརྗོད་པ་ན་ཤིང་གསལ་ཐམས་ཅད་མེད་པར་གོ་བ་དང་། ཤིང་གསལ་གང་རུང་ཅིག་ཡོད་ཅེས་བརྗོད་པ་ན། ཤིང་ཡོད་པར་གོ་བ་བཞིན་ནོ། །འདི་ལ་དགོངས་ནས། འགའ་ཞིག་ཅིག་ཅར་ཀུན་རྟོགས་ཕྱིར། །ཞེས་གསུངས་སོ། །གཉིས་པ་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། སྒྲའི་སྟེང་གི་སྒྲ་བྱས་མི་རྟག་གསུམ་དོན་གཅིག་ཡིན་ཀྱང་ལྡོག་པ་ཐ་དད་དུ་འབྱེད་པའི་རྒྱུ་མཚན་ཡོད་དེ། སྒྲ་དེ་དེ་གསུམ་མ་ཡིན་པ་ལས་ལོག་པར་དོན་ལ་གནས་པའི་ཕྱིར་ཏེ། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། སྒྲ་བྱས་མི་རྟག་གསུམ་པོ་དེ་རྗོད་བྱེད་ཀྱི་སྒྲས་ཐ་དད་དུ་བརྗོད་ཅིང་། རྟོག་པ་ལ་ཐ་དད་དུ་སྣང་བ་ལྟར་རྟོག་པ་དེ་ཉིད་ཀྱིས་དོན་ལ་ཡང་ཐ་དད་དུ་ཞེན་ཏེ། དེའི་ཕྱིར་ཁྱད་པར་གང་ཞིག་ཆོས། །ཞེས་སོགས་གསུངས་པའི་ཕྱིར། གསུམ་པ་ནི། རྣམ་པར་རྟོག་པས་སྒྲ་བྱས་མི་རྟག་པ་གསུམ་ལྡོག་པ་ཐ་དད་དུ་ཕྱེ་བ་ལ་དགོས་པ་ཡོད་དེ། དེ་ལྟར་ཕྱེ་ནས་རྟོག་ངོར་རྟགས་ཆོས་དོན་གསུམ་ཐ་དད་དུ་སྦྱར་བས་སྒྲ་མི་རྟག་པར་རྟོགས་པར་འགྱུར་ཏེ། ཆོས་དང་ཆོས་ཅན་རྣམ་གཞག་དང་ཞེས་པ་ནས། དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་པའི་བར་དང་། དེའི་ཁྱད་པར་གྱི། རྟོག་འགྱུར་བ་དག་རབ་ཏུ་བྱེད། །ཅེས་གསུངས་པའི་ཕྱིར། གནད་འདི་ཤེས་ན། སོང་ཚོད་ཀྱིས་རྟགས་ཆོས་དོན་གསུམ་རང་མཚན་ཡིན་མིན་གྱི་དོགས་པ་སྐྱེ་བའི་གནས་མེད་དོ། །གཉིས་པ་དེའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། དབྱེ་བ་དངོས་དང་། སོ་སོའི་རྣམ་གཞག་གོ །དང་པོ་ལ། རྟེན་གྱི་སྒོ་ནས་དབྱེ་ན་ཡོད་པ་གཞན་སེལ་དང་། མེད་པ་གཞན་སེལ་གཉིས་སམ། ཡང་ན་དངོས་པོའི་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་གཉིས་སོ། །དེ་རེ་རེ་ལ་ཡང་ཡུལ་ཅན་སྒྲ་རྟོག་གི་སྒོ་ནས་གཉིས་གཉིས་སུ་འགྱུར་ཏེ། ཡོད་པ་སྒྲའི་གཞན་སེལ་དང་། ཡོད་པ་བློའི་གཞན་སེལ་གཉིས། མེད་པ་སྒྲའི་གཞན་སེལ་དང་། མེད་པ་བློའི་གཞན་སེལ་གཉིས་སོ། །དེ་བཞིན་དུ་དངོས་པོའི་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་ལ་ཡང་བསྒྲེའོ། །འཛིན་སྟངས་ཀྱི་སྒོ་ནས་དབྱེ་བ། མ་ཡིན་དགག་གི་གཞན་སེལ་དང་། མེད་དགག་གི་གཞན་སེལ་གཉིས་སོ། །གཉིས་པ་ལ། དངོས་པོའི་གཞན་སེལ། དངོས་མེད་ཀྱི་གཞན་སེལ། མ་ཡིན་དགག་གི་གཞན་སེལ། མེད་དགག་གི་གཞན་སེལ་དང་བཞི་ལས། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རྟོག་ངོར་དོན་བྱེད་མི་ནུས་པར་རྣམ་པར་བཅད་ནས་དངོས་པོར་སྣང་བའི་སྒྲོ་བཏགས། གཉིས་པ་ལ། མངོན་གྱུར་ལ་ངེས་པའི་གཞན་སེལ་དང་། ལྐོག་གྱུར་ལ་ངེས་པའི་གཞན་སེལ་གཉིས་ལས། དང་པོ་ནི། དོན་རང་མཚན་མངོན་སུམ་གྱིས་མཐོང་བའི་རྗེས་སུ་སྐྱེས་པའི་ངེས་ཤེས་ཀྱི་དངོས་ཡུལ་ལྟ་བུ་སྟེ། མཐོང་བ་འགའ་ལའང་ཤེས་པ་གང་། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། །གཉིས་པ་ནི། མངོན་སུམ་གྱིས་དོན་རང་མཚན་མཐོང་བ་ལ་མ་ལྟོས་པར་སྒྲ་རྟོག་གི་དངོས་ཡུལ་དུ་གྱུར་པ་སྟེ། དབྱེ་ན་བདེན་པ་རྗེས་དཔག་གི་གཞན་སེལ། མི་བདེན་པ་ལོག་ཤེས་ཀྱི་གཞན་སེལ། གཉིས་ཆར་དོགས་པ་ཐེ་ཚོམ་གྱི་གཞན་སེལ་དང་གསུམ་ལས། དང་པོ་ནི། རྗེས་དཔག་གི་དངོས་ཡུལ་དུ་གྱུར་པའི་བསྒྲུབ་བྱའི་དོན་སྤྱི་ལྟ་བུའོ། །གཉིས་པ་ནི། རྟོག་ངོར་ཡུལ་གྱི་གནས་ཚུལ་བཅད་པའི་སྒོ་ནས་གནས་ཚུལ་དང་མི་མཐུན་པར་སྣང་བའི་སྒྲོ་བཏགས་ཏེ། སྒྲ་རྟག་འཛིན་རྟོག་པ་ལ་སྒྲ་མི་རྟག་པ་བཅད་པའི་སྒོ་ནས་སྒྲ་རྟག་པར་སྣང་བ་ལྟ་བུའོ། །གསུམ་པ་ནི། ཐེ་ཚོམ་ཡང་རྟོག་པ་ལས་མ་འདས་པས་གང་ལ་དོགས་པ་དེ་དེ་མིན་རྣམ་པར་བཅད་པར་སྣང་བ་ལྟ་བུའོ། །གཉིས་པ་དངོས་མེད་ཀྱི་གཞན་སེལ་ལ། མཚན་ཉིད། དབྱེ་བ། དངོས་མེད་སྣང་ཡུལ་དུ་མི་འགྱུར་བའི་རྒྱུ་མཚན་དང་གསུམ་ལས། དང་པོ་ནི། རྟོག་ངོར་དོན་བྱེད་ནུས་པ་རྣམ་པར་བཅད་ནས་དངོས་མེད་དུ་སྣང་བའི་སྒྲོ་བཏགས། གཉིས་པ་ནི། དགག་བྱ་ཤེས་བྱ་ལ་སྲིད་པ་བུམ་མེད་ཀྱི་གཞན་སེལ་ལྟ་བུ་དང་། དགག་བྱ་ཤེས་བྱ་ལ་མི་སྲིད་པ་རི་བོང་རྭ་མེད་ཀྱི་གཞན་སེལ་ལྟ་བུ་གཉིས་ཡོད་དོ། །གསུམ་པ་ལ། དངོས་མེད་སྣང་ཡུལ་དུ་མི་འགྱུར་བའི་འཐད་པ་དང་། དེ་ལ་རྩོད་པ་སྤོང་བ་གཉིས་ལས། དང་པོ་ནི། དངོས་མེད་དེ་རྣམ་པར་རྟོག་པས་གཞན་སེལ་བའི་སྒོ་ནས་ཡུལ་དུ་བྱེད་པ་ཡིན་གྱི་སྣང་བའི་སྒོ་ནས་ཡུལ་དུ་བྱེད་པ་མ་ཡིན་ཏེ། དགག་བྱ་དངོས་པོ་བསལ་བའི་སྒོ་ནས་ཤེས་བྱར་བཞག་པ་ཡིན་གྱི་རང་གི་ངོ་བོའི་སྒོ་ནས་གྲུབ་པ་མེད་པའི་ཕྱིར་ཏེ། ཤེས་བྱར་འཛིན་ཕྱིར་མེད་པ་ལ། །ཉེས་པ་དག་ཏུ་ཐལ་མི་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། དངོས་པོ་དང་མཚུངས་པའི་རྩོད་པ་སྤོང་བ། ཚད་མ་དང་འགལ་བའི། གྲགས་པ་དང་འགལ་བའི། ལུང་དང་འགལ་བའི་རྩོད་པ་སྤོང་བ་སྟེ་བཞི་ཡོད་པ་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །གསུམ་པ་མ་ཡིན་དགག་གི་གཞན་སེལ་ལ། མཚན་ཉིད་དང་། མིང་གི་རྣམ་གྲངས་གཉིས་ལས། དང་པོ་ནི། རྟོག་ངོར་དགག་བྱ་མེད་དགག་རྣམ་པར་བཅད་ནས་བསྒྲུབ་པའི་རྣམ་པར་སྣང་བའི་སྒྲོ་བཏགས་ཏོ། །དཔེར་ན་བུམ་པའི་གཞན་སེལ་ལྟ་བུའོ། །གཉིས་པ་ནི་ལུགས་འདི་ལ་མ་ཡིན་དགག་གི་གཞན་སེལ་དང་། མ་ཡིན་དགག་དང་། སེལ་བའི་བསྒྲུབ་པ་གསུམ་དོན་གཅིག་ཅིང་། འདི་ལ་དགག་བྱ་དངོས་སུ་བཅད་པ་དང་། དགག་བྱ་དངོས་སུ་མ་བཅད་པ་གཉིས་ཡོད་པ་ལས། དང་པོ་ནི། བུམ་དག་གི་ས་ཕྱོགས་ཀྱི་གཞན་སེལ་ལྟ་བུ་ཡིན་ལ། ཕྱི་མ་ནི་བསྟན་ཟིན་མ་ཐག་པའོ། །བཞི་པ་མེད་དགག་གི་གཞན་སེལ་ལ། མཚན་ཉིད། མིང་གི་རྣམ་གྲངས། དབྱེ་བ་དང་གསུམ་ལས། དང་པོ་ནི། རྟོག་ངོར་བསྒྲུབ་པ་རྣམ་པར་བཅད་ནས་དགག་པའི་རྣམ་པ་ཅན་དུ་སྣང་བའི་སྒྲོ་བཏགས་སོ། །གཉིས་པ་ནི། མེད་དགག་གི་གཞན་སེལ་དང་། མེད་དགག་དང་། མེད་པ་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་རྣམས་ནི་མིང་གི་རྣམ་གྲངས་ཡིན་ཀྱང་། ཕྱི་མ་གཉིས་ལ་དོན་ལྡོག་གཞན་དགོས་སོ། །གསུམ་པ་ནི། དགག་བྱ་ཡོད་མེད་ཀྱི་སྒོ་ནས་གཉིས་སུ་ཕྱེ་བ་ནི་དངོས་མེད་ཀྱི་གཞན་སེལ་གྱི་དབྱེ་བ་དང་འདྲའོ། །གསུམ་པ་མཚན་གཞི་གཅིག་གི་སྟེང་དུ་གནད་མ་ལུས་པ་གཏན་ལ་དབབ་པ་ལ། དགག་བྱ་བཅད་ཚུལ། མིང་གི་རྣམ་གྲངས། སོ་སོའི་སྒྲ་དོན། མཚན་གཞི་གཅིག་གིས་བསྟན་པ་དངོས་དང་བཞི་ལས། དང་པོ་ནི། རྗོད་བྱེད་ཀྱི་སྒྲ་དང་། རྟོག་པ་ཡུལ་ལ་འཇུག་པའི་ཚེ་ཡུལ་གྱི་དངོས་འགལ་བཅད་ནས་འཇུག་དགོས་ཏེ། བུམ་པར་ཆུ་འོན་ཅིག་ཅེས་པའི་སྒྲ་དེ་བུམ་པ་ལས་གཞན་ཁྱོར་བ་སོགས་སུ་ཆུ་ལེན་པ་དེ་མ་བཅད་ན་ཆུ་འོན་ཅིག་ཅེས་བརྗོད་རིགས་ཀྱི་བུམ་པ་ཞེས་པའི་ཚིག་སྨོས་པ་ལ་དགོས་པ་མེད་པའི་ཕྱིར་དང་། ཆུ་འོན་ཅིག་ཅེས་པའི་སྒྲ་དེས་ཆུ་ལས་གཞན་ཕྱག་དར་ལ་སོགས་པ་ལེན་པ་མ་བཅད་ན་འོན་ཅིག་ཅེས་བརྗོད་རིགས་ཀྱི་ཆུ་ཞེས་སྨོས་པ་དོན་མེད་པའི་ཕྱིར་དང་། དེ་བཞིན་དུ་འོན་ཅིག་ཅེས་པའི་སྒྲ་དེས་ལེན་པ་ལས་གཞན་མི་ལེན་པར་རྣམ་པར་མ་བཅད་ན་འོན་ཅིག་ཅེས་པའི་སྒྲ་བརྗོད་པ་ཡང་དོན་མེད་པའི་ཕྱིར་དང་། དེ་དག་འཛིན་པའི་རྟོག་པའི་འཇུག་ཚུལ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ཡང་གཞན་དུ་སྦྱོར་བ་དོན་མེད་འགྱུར་ཞེས་པའི་རང་འགྲེལ་དུ་དཔེར་ན་བུམ་པས་ཆུ་འོན་ཅིག་ཅེས་བྱ་བ་ལྟ་བུ་ལ་གལ་ཏེ་བུམ་པ་དང་སྙིམ་པས་ཆུ་ཅི་འདྲ་ཡང་རུང་བ་ཞིག་བླང་བར་འདོད་པར་གྱུར་ན་ནི་ཆུ་འོན་ཅིག་ཅེས་བྱ་བ་ཁོ་ན་བརྗོད་པར་བྱ་བར་འགྱུར་གྱི་བུམ་པས་ཞེས་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཕྱག་དར་རམ། གཞན་གང་ཡང་རུང་བ་ཞིག་བླང་བར་བྱ་དགོས་པར་འདོད་པ་བཞིན་དུ་གྱུར་ན་ནི་འོན་ཅིག་ཅེས་བྱ་བ་བྱེད་པ་དང་ལས་ལ་འཕངས་པ་ཅན་ཁོ་ན་བརྗོད་པར་བྱ་བར་འགྱུར་རོ། །དེ་བཞིན་དུ་བླང་བའམ་བསྒྲུབ་པར་བྱ་བའམ། བསྒྲུབ་པར་བྱ་བ་མ་ཡིན་པར་གཞན་ཅུང་ཟད་གཅིག་ཡིན་པར་འདོད་ན་ནི་དེའི་ཚེ་འོན་ཅིག་ཅེས་བྱ་བ་ཡང་བརྗོད་པར་བྱ་བར་མི་འགྱུར་ཏེ། ཚིག་དོན་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་བྱ་ལ་སོགས་པའི་ཚིག་ཐ་སྙད་དུ་འདོགས་པ་རྣམས་ལ་ཡང་རྣམ་པར་བཅད་པར་བྱ་བ་གང་ཞིག་ཡོད་པར་འགྱུར་ཏེ། གཞན་དུ་དོགས་པ་མེད་ན་སྦྱོར་བར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དངོས་འགལ་བཅད་པའི་ཆ་དེ་ཉིད་ལ། རྣམ་གཅོད་དང་། གཞན་སེལ་དང་། སེལ་བ་དང་། ལྡོག་པ་སྟེ་མིང་གི་རྣམ་གྲངས་བཞི་གསུངས་ཤིང་། དངོས་འགལ་བཅད་ནས་ཡུལ་དེར་སྣང་བའི་ཆ་ལ་སྤྱི་དང་། སྤྱི་མཚན་དང་། འདྲེས་པ་དང་། འབྲེལ་པ་ལ་སོགས་པའི་མིང་གི་རྣམ་གྲངས་དུ་མ་གསུངས་སོ། །གསུམ་པ་ནི། དངོས་འགལ་རྣམ་པར་བཅད་པས་རྣམ་གཅོད་ཅེས་གསུངས་ཏེ། དེ་ཡི་དེ་དག་རྣམས་ལས་འདི། །མི་གཅོད་ན་ནི་དེ་ཇི་ལྟར། །གལ་ཏེ་འདི་ལ་རྣམ་གཅོད་ཡོད། །ཅེས་དང་། རྣམ་པར་གཅོད་པ་འགའ་ཞིག་ཡོད། །ཅེས་དང་། རྣམ་གཅོད་བརྗོད་པར་བྱེད་པས་གྲུབ། །ཅེས་གསུངས་པའི་ཕྱིར། གཞན་དངོས་འགལ་སེལ་བས་ན་གཞན་སེལ་དང་། སེལ་བ་ཞེས་གསུངས་ཏེ། བསལ་བྱ་དངོས་སུ་སྨོས་པ་དང་། མ་སྨོས་པའི་ཁྱད་པར་རོ། །དེ་ལྟར་ཡང་དེ་ཕྱིར་གཞན་སེལ་ཡུལ་ཅན་གྱིས། །ཞེས་དང་། དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན། །ཞེས་གསུངས་སོ། །དངོས་འགལ་ལས་ལྡོག་པས་ན་ལྡོག་པ་སྟེ། ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་སོགས་ལྡོག་པའི་ཐ་སྙད་མང་དུ་གསུངས་པའི་ཕྱིར་རོ། །གསལ་བ་རྣམས་ལ་རྗེས་སུ་འགྲོ་བས་ན་སྤྱི་དང་ཐུན་མོང་བའི་རང་བཞིན་ཡིན་པས་ན་སྤྱི་མཚན་ཏེ། སྤྱི་ཡི་དཔྱོད་ཡུལ་དུ་བརྟེན་ཏེ། །ཞེས་དང་། མདོ་ལས། མཚན་ཉིད་གཉིས་གཞལ་བྱ་ཞེས་གསུངས་པའི་ཕྱིར་རོ། །རྟོག་ངོར་འདྲེས་པ་ལྟ་བུ་སྣང་བས་འདྲེས་པ་དང་། གཞན་དགག་བྱ་བཅད་པ་ལ་ལྟོས་པ་ལྟ་བུར་སྣང་བས་འབྲེལ་པ་སྟེ། འདྲེས་པའི་དོན་གཅིག་གཅོད་པ་ན་ཞེས་དང་། འབྲེལ་བརྟག་ལས། དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཉིད་དུ་མེད། །ཅེས་གསུངས་པའི་ཕྱིར། བཞི་པ་ནི། ཤིང་དང་ཤིང་མིན་གྱི་གཞན་སེལ་གཉིས་པོ་མཚན་གཞིར་བྱས་ནས་སྔར་གྱི་དབྱེ་བ་ཐམས་ཅད་གཏན་ལ་དབབ་པར་བྱ་སྟེ། ཤིང་འཛིན་རྟོག་པ་ལ་ཤིང་དུ་སྣང་བའི་སྒྲོ་བཏགས་དེ་ཆོས་ཅན། རྣམ་གཅོད་ཅེས་བརྗོད་དེ་ཤིང་མིན་རྣམ་པར་བཅད་པ་ལ་ལྟོས་པའི་ཕྱིར་རོ། །འགྲེལ་པ་མཁན་པོ་དག་གིས་ལྡོག་པ་དང་། གཞན་སེལ་མཚན་ཉིད་པ་མེད་དགག་ཏུ་འདོད་པ་ནི་འདིས་འཁྲུལ་གཞི་བྱས་པར་སྣང་སྟེ། ཁོ་བོ་ནི་ཆོས་ཀྱི་གྲགས་པའི་གཞུང་ལུགས་ཀྱི་དཀྱིལ་དུ་ཞུགས་ནས་གད་མོ་འཆོར་རོ། །ཡང་དེ་ཆོས་ཅན། གཞན་སེལ་དང་སེལ་བ་ཞེས་བྱ་སྟེ། དངོས་འགལ་སེལ་བ་ལ་ལྟོས་པའི་ཕྱིར། ལྡོག་པ་ཞེས་བརྗོད་དེ། དངོས་འགལ་ལས་ལྡོག་པར་སྣང་བའི་ཕྱིར། སྤྱི་དང་སྤྱི་མཚན་ཞེས་བརྗོད་དེ། ཤིང་གསལ་རྣམས་ལ་ཐུན་མོང་དུ་རྗེས་འགྲོ་བྱེད་པར་སྣང་བའི་ཕྱིར། འདྲེས་པ་དང་འབྲེལ་པ་ཞེས་བརྗོད་དེ། ཤིང་གསལ་རྣམས་ཤིང་གི་དོན་གཅིག་ཏུ་སྣང་བའི་ཕྱིར། ཡོད་པ་གཞན་སེལ་དང་། དངོས་པོའི་གཞན་སེལ་ཞེས་བརྗོད་དེ། ཤིང་གི་དོན་བྱེད་མི་ནུས་པ་བཅད་ནས་ཤིང་གི་དངོས་པོར་སྣང་བའི་ཕྱིར། སྒྲའི་གཞན་སེལ་དང་། བློའི་གཞན་སེལ་ཞེས་བརྗོད་དེ། ཤིང་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར་དང་། ཤིང་འཛིན་རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར། རྟོག་པ་དེ་ཉིད་ཤིང་འཛིན་མངོན་སུམ་གྱིས་དྲངས་པ་ཡིན་ན། གཞན་སེལ་དེ་མངོན་གྱུར་ལ་ངེས་པའི་གཞན་སེལ་དང་། གཞན་དུ་ན་ལྐོག་གྱུར་ལ་ངེས་པའི་གཞན་སེལ་ཏེ། འདི་ལ་ཡང་ཤ་པའི་རྟགས་ལས་ཤ་པ་དང་ལྡན་པའི་གཞིར་ཤིང་རྟོགས་པའི་ཚེ་སྔར་གྱི་གཞན་སེལ་དེ་ཉིད་བདེན་པ་ལ་འཇུག་པ་རྗེས་དཔག་གི་གཞན་སེལ་དང་། ཤིང་མེད་པ་ལ་ཡོད་པར་འཛིན་པའི་ཚེ་མི་བདེན་པ་ལ་འཇུག་པ་ལོག་པའི་གཞན་སེལ་དང་། ཤིང་ཡོད་མེད་ཐེ་ཚོམ་ཟ་བའི་ཚེ། གཉིས་ཀར་དུ་དོགས་པ་ཐེ་ཚོམ་གྱི་གཞན་སེལ་དུ་འགྱུར་རོ། །ཡང་དེ་ཆོས་ཅན། མ་ཡིན་དགག་གི་གཞན་སེལ་ཞེས་བརྗོད་དེ། མཚན་ཉིད་དེའི་ཕྱིར། ཤིང་མིན་འཛིན་པའི་རྟོག་པ་ལ་ཤིང་མིན་དུ་སྣང་བའི་སྒྲོ་བཏགས་དེ་ཆོས་ཅན། རྣམ་གཅོད་ཅེས་བརྗོད་དེ། དགག་བྱ་ཤིང་རྣམ་པར་བཅད་པ་ལ་ལྟོས་པའི་ཕྱིར། དེ་བཞིན་དུ་གཞན་སེལ་དང་། སེལ་བ་དང་། ལྡོག་པ་གསུམ་པོ་ལ་ཡང་སྦྱར་བར་ཤེས་པར་བྱའོ། །སྤྱི་ལ་སོགས་པ་བཞི་པོ་ཡང་ཤིང་མིན་ཐམས་ཅད་ལ་རྗེས་འགྲོ་བྱེད་པ་སོགས་ཀྱི་སྒོ་ནས་ཤེས་པར་བྱའོ། །ཡང་དེ་ཆོས་ཅན། མེད་པ་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་ཞེས་བརྗོད་དེ། ཤིང་གི་དོན་བྱེད་ནུས་པ་རྣམ་པར་བཅད་ནས་ཤིང་གི་དངོས་པོ་མེད་པར་སྣང་བའི་སྒྲོ་བཏགས་ཡིན་པའི་ཕྱིར། དེ་ལ་ཡང་གཉིས་ཡོད་པ་ལས། དགག་བྱ་ཤེས་བྱ་ལ་སྲིད་པཾའི་མེད་པ་གཞན་སེལ་ཡིན་ཏེ། འདིའི་དགག་བྱ་ཤིང་ཡོད་པའི་ཕྱིར། མེད་དགག་གི་གཞན་སེལ་ཞེས་ཀྱང་བརྗོད་དེ། དགག་བྱ་བསྒྲུབ་པར་བཅད་ནས་དགག་པའི་རྣམ་པར་སྣང་བའི་སྒྲོ་བཏགས་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་རྟོག་པ་ཡུལ་ལ་འཇུག་པའི་ཚེ་གཞན་སེལ་གྱི་རྣམ་གཞག་གིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཚུལ་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །གསུམ་པ་རྩོད་པ་སྤོང་བ་ནི། གཞུང་དོན་གྱི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་ལ། མཚན་ཉིད་དང་དབྱེ་བ་གཉིས་ལས། དང་པོ་ནི། དེ་ཕྱིར་གཞན་སེལ་ཡུལ་ཅན་གྱིས། །ཞེས་དང་། རྣམ་གཅོད་བརྗོད་པར་བྱེད་པས་གྲུབ། །ཅེས་པས་སེལ་འཇུག་བསྟན་པ་ཡིན་པས་རིགས་མི་མཐུན་རྣམ་པར་བཅད་པའི་སྒོ་ནས་འཇུག་པའི་ཡུལ་ཅན་དེ། སེལ་འཇུག་གི་མཚན་ཉིད་ཡིན་ཏེ། རིགས་གཏེར་ལས། དངོས་འགལ་བཅད་ནས་འཇུག་པ་ནི། །གཞན་སེལ་ཡུལ་ཅན་ཡིན་པར་བཤད། །ཅེས་གསུངས་པའི་ཕྱིར། དེ་ལ་འཛིན་པ་རང་དབང་ཅན། །ཞེས་པས་སྒྲུབ་འཇུག་བསྟན་པ་ཡིན་པས་རིགས་མི་མཐུན་རྣམ་པར་བཅད་པ་ལ་མི་ལྟོས་པར་སྣང་བ་ཙམ་གྱི་སྒོ་ནས་འཇུག་པའི་ཡུལ་ཅན་དེ་སྒྲུབ་འཇུག་གི་མཚན་ཉིད་ཡིན་ནོ། །གཉིས་པ་ནི། སེལ་འཇུག་ལ་ངོ་བོའི་སྒོ་ནས་དབྱེ་ན། སྒྲ་རྟོག་གཉིས། འཇུག་ཚུལ་གྱི་སྒོ་ནས་དབྱེ་ན་སེལ་འཇུག་ཕྱིན་ཅི་ལོག་པ་དང་། མ་ལོག་པ་གཉིས། དང་པོ་ནི། སྒྲ་རྟོག་དོན་མི་མཐུན་དང་། གཉིས་པ་ནི། སྒྲ་རྟོག་དོན་མཐུན་རྣམས་ཡིན་ནོ། །སྒྲུབ་འཇུག་ལ་དབྱེ་ན་འཁྲུལ་པ་དང་། མ་འཁྲུལ་པ་གཉིས། དང་པོ་ནི། རྟོག་མེད་ལོག་ཤེས་རྣམས་ཡིན་ནོ། །གཉིས་པ་ནི། མངོན་སུམ་རྣམས་ཡིན་ནོ། །སྣང་བ་དང་སེལ་བ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཞི་པ་བཤད་ཟིན་ཏོ།། ༈ །།གསུམ་པ་བརྗོད་བྱ་དང་རྗོད་བྱེད་ཀྱི་རྟོགས་ཚུལ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་གཉིས་ཏེ། རང་མཚན་ཁོ་ན་བརྗོད་བྱ་ཡིན་པ་དགག སྤྱི་ཁོ་ན་བརྗོད་བྱ་ཡིན་དགག་པའོ། །དང་པོ་ལ་གཉིས་ཏེ། དོན་རང་མཚན་བརྗོད་བྱ་ཡིན་པ་དགག ཤེས་པ་རང་མཚན་བརྗོད་བྱ་ཡིན་པ་དགག་པའོ། །དང་པོ་ནི། མུ་སྟེགས་བརྡ་སྤྲོད་པ་དང་། རང་སྡེ་གནས་མ་བུའི་སྡེ་པ་ན་རེ། བུམ་པ་རང་མཚན་པ་དེ་བུམ་པ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ཏེ། བུམ་པ་འོན་ཅིག་ཅེས་བརྗོད་པ་ན་ཆུ་སྐྱོར་བའི་དོན་བྱེད་ནུས་པ་ལེན་པ་ལ་འཇུག་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ནི་མི་འཐད་དེ། རང་མཚན་ལ་བརྡ་དངོས་སུ་སྦྱར་ན་བརྡ་མི་རྒན་པོས་རང་མཚན་རེ་རེ་བཞིན་དུ་བརྡ་སྦྱར་དགོས་པ་ལས་དེ་མི་ནུས་པའི་ཕྱིར་ཏེ། རང་མཚན་ཡུལ་དུས་རྣམ་པ་སོ་སོར་ངེས་པ་ནི་མཐའ་ཡས་པའི་ཕྱིར་རོ། །གཞན་ཡང་བརྡ་དུས་ཀྱི་བརྡའི་དངོས་ཡུལ་དེ་ཐ་སྙད་ཀྱི་དུས་ན་མེད་པར་ཐལ། རང་མཚན་ལ་བརྡ་དངོས་སུ་སྦྱར་བ་གང་ཞིག བརྡ་དུས་ཀྱི་རང་མཚན་དེ་ཐ་སྙད་ཀྱི་དུས་ན་མེད་པའི་ཕྱིར། འདོད་ན། བརྡ་དུས་སུ་བུམ་པ་ཞེས་པའི་བརྡ་དངོས་སུ་སྦྱར་བས་ཐ་སྙད་ཀྱིས་དུས་སུ་བུམ་པ་གོ་བར་མི་འགྱུར་བར་ཐལ་ལོ། །གཞན་ཡང་བུམ་པ་འདས་པ་དང་མ་འོངས་པ་དེ་ཆོས་ཅན། ཁྱོད་ལ་བུམ་པ་ཞེས་པའི་བརྡ་དངོས་སུ་སྦྱོར་བ་དེ་མེད་པར་ཐལ། ཁྱོད་བུམ་པ་རང་མཚན་པ་མེད་པའི་ཕྱིར། གཞན་ཡང་བུམ་པ་ཞེས་པའི་སྒྲ་ལ་བརྟེན་ནས་བུམ་པ་རང་མཚན་གསལ་བར་སྣང་བའི་ཤེས་པ་སྐྱེ་བ་ཡིན་པར་ཐལ། བུམ་པ་རང་མཚན་པ་དེ་བུམ་པ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཐོས་པའི་ཉན་ཤེས་མངོན་སུམ་ལ་ཡང་བུམ་པ་རང་མཚན་གསལ་བར་མི་སྣང་། རྗེས་ཀྱི་ངེས་ཤེས་ལ་ཡང་དེ་གསལ་བར་མི་སྣང་བའི་ཕྱིར། གཉིས་པ་ནི། ཁ་ཅིག ཤེས་པ་རང་མཚན་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱར་འདོད་པ་ཡང་མི་འཐད་དེ། རིགས་པ་སྔ་མ་ཐམས་ཅད་ཀྱིས་གནོད་པའི་ཕྱིར་རོ། །གཉིས་པ་སྤྱི་ཁོ་ན་བརྗོད་བྱར་ཡིན་པ་དགག་པ་ལ་གཉིས་ཏེ། རིགས་སྤྱི་ཁོ་ན་བརྗོད་བྱ་ཡིན་པ་དགག་པ་དང་། སྒྲ་དོན་གྱི་སྤྱི་ཁོ་ན་བརྗོད་བྱ་ཡིན་པ་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། དོན་རང་མཚན་དང་། ཤེས་པ་རང་མཚན་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ན། ཇི་སྐད་དུ་བཤད་པའི་རིགས་པས་གནོད་ཀྱང་གསལ་བ་རྣམས་དང་རྫས་གཞན་པའི་རིགས་སྤྱི་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ཏེ། དེ་གསལ་བ་རྣམས་ལ་སྒྲ་བློ་གཅིག་ཏུ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། བ་གསལ་རྣམས་དང་རྫས་གཞན་པའི་བ་སྤྱི་ཆོས་ཅན། ཁྱོད་ལ་བ་ལང་ཞེས་པའི་བརྡ་སྦྱར་བ་ལ་དོན་མེད་པར་ཐལ། ཁྱོད་ལ་དེ་ལྟར་དུ་སྦྱར་བས་ཐ་སྙད་ཀྱི་དུས་སུ་བ་ལང་གོ་བར་མི་འགྱུར་ཏེ། དཔེར་ན་བུམ་པ་ལ་བརྡ་སྦྱར་བས་བ་ལང་མི་གོ་བ་བཞིན་ནོ། །གལ་ཏེ་སྐྱོན་མེད་དེ། སྤྱི་རྫས་གཞན་པ་དང་འབྲེལ་པའི་རང་མཚན་ལ་བརྡ་སྦྱར་བའི་ཕྱིར་རོ་ཞེ་ན། འོ་ན་སྤྱི་རྫས་གཞན་པ་དོར་བའི་རང་མཚན་ལ་བརྡ་ཅིའི་ཕྱིར་མི་སྦྱོར་ཞེས་དྲིས་པས་དེ་མཐའ་ཡས་པའི་ཕྱིར་ཞེ་ན། འོ་ན་སྤྱི་རྫས་གཞན་པ་དང་འབྲེལ་བའི་རང་མཚན་ལ་ཡང་བརྡ་མི་སྦྱོར་བར་ཐལ། དེ་མཐའ་ཡས་པར་མཚུངས་པའི་ཕྱིར། གཉིས་པ་ལ་བོད་ཁ་ཅིག་ན་རེ། དོན་རང་མཚན་དང་། ཤེས་པ་རང་མཚན་དང་། དོན་ལ་ཡོད་པའི་སྤྱི་ཁོ་ན་བརྗོད་བྱ་ཡིན་ན། མུ་སྟེགས་བྱེད་ལ་བཀོད་པའི་སྐྱོན་ཡོད་ཀྱང་རྟོག་པ་ལ་སྣང་བའི་དོན་སྤྱི་ཁོ་ན་དངོས་ཀྱི་བརྗོད་བྱ་ཡིན་པས་སྐྱོན་མེད་དོ། །ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། དོན་བུམ་པ་དང་བུམ་པ་ཞེས་པའི་སྒྲ་དང་། བུམ་འཛིན་ཤེས་པ་ལས་རྫས་གཞན་པའི་བུམ་པར་སྣང་བའི་མིང་གི་རྣམ་པ་ཅན་དང་། ལྟོ་ལྡིར་བར་སྣང་བའི་མཚན་མའི་རྣམ་པ་ཅན་གྱི་བུམ་པའི་མིང་མཚན་ལྡན་མིན་འདུ་བྱེད་དེ་ཁོ་ན་བུམ་པ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ནོ། །ཞེས་ཟེར་རོ། །མི་འཐད་དེ་བུམ་པའི་མིང་མཚན་ལྡན་མིན་འདུ་བྱེད་དེ་ཆོས་ཅན། ཁྱོད་ལ་བུམ་པ་ཞེས་པའི་བརྡ་སྦྱར་བ་དོན་མེད་པར་ཐལ། ཁྱོད་ལ་དེ་ལྟར་དུ་བརྡ་སྦྱར་བས་བུམ་པ་གོ་བར་མི་འགྱུར་བའི་ཕྱིར་ཏེ། དཔེར་ན་བུམ་པ་ལ་བརྡ་སྦྱར་བས་བ་ལང་གོ་བར་མི་འགྱུར་བ་བཞིན་ནོ། །གལ་ཏེ་སྐྱོན་མེད་དེ། དེ་དང་བུམ་པ་གཉིས་པོ་ལྟོ་ལྡིར་བའི་རྣམ་པ་འདྲ་བས་དེ་གཉིས་གཅིག་ཏུ་འཁྲུལ་ནས་བུམ་པ་ལ་འཇུག་པའི་ཕྱིར་ཞེ་ན། འོ་ན་བུམ་པ་ཞེས་པའི་བརྡ་ལ་བརྟེན་ནས་བུམ་པ་ལ་འཇུག་པར་བྱེད་པའི་གང་ཟག་དེ་ཆོས་ཅན། ཁྱོད་ཡུལ་དུས་ཀུན་ཏུ་བུམ་པའི་མིང་མཚན་དེ་བུམ་པར་འཁྲུལ་པ་མ་ཡིན་པར་ཡུལ་དུས་འགའ་ཞིག་ཏུ་བུམ་པ་དེ་ཡང་བུམ་པའི་མིང་མཚན་དུ་འཁྲུལ་པ་ཡིན་པར་ཐལ། ཁྱོད་དེ་གཉིས་འདྲ་བའི་རྒྱུ་མཚན་གྱིས་གཅིག་ཏུ་འཁྲུལ་པ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། གལ་ཏེ་དོན་ལ་ཚུལ་འདྲ་ལས། །འཁྲུལ་འཇུག་གྱུར་ན་དུས་ཀུན་དང་། །ཡུལ་ལ་འཁྲུལ་མིན། ཞེས་གསུངས་པས་སོ། །འདི་ལ་ཡུལ་ཀུན་ཏུ་དེ་གཉིས་གཅིག་ཏུ་འཁྲུལ་པ་མ་ཡིན་ཏེ། ཡུལ་འགའ་ཞིག་ཏུ་དེ་གཉིས་སོ་སོར་ཤེས་པ་སྲིད་པའི་ཕྱིར། དུས་ཀུན་ཏུ་དེ་གཉིས་གཅིག་ཏུ་འཁྲུལ་པ་མ་ཡིན་པའི་སྒྲུབ་བྱེད་སྔ་མ་བཞིན་སྦྱར་བ་རིགས་གཏེར་རང་འགྲེལ་གྱི་དགོངས་པར་སྣང་ངོ་། །གཉིས་པ་རང་ལུགས་བཞག་པ་ལ། མཚན་ཉིད། དབྱེ་བ། དེའི་དོན་ངེས་པར་བྱ་བ་དང་གསུམ་ལས། དང་པོ་ནི། བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་རིམ་བཞིན། བརྡ་ལས་གོ་བར་བྱ་བ་དང་། དོན་གོ་བར་བྱེད་པའི་བརྡའོ། །གཉིས་པ་ལ་གཉིས་ཏེ། བརྗོད་བྱ་རྗོད་བྱེད་ཀྱི་ཐུན་མོང་གི་དབྱེ་བ། རྗོད་བྱེད་ཀྱི་ཐུན་མོང་མ་ཡིན་པའི་དབྱེ་བའོ། །དང་པོ་ནི། བུམ་པ་ཞེས་པའི་སྒྲས་བུམ་པ་བརྗོད་པ་ལྟ་བུ་ལ་མཚོན་ན། འཆད་དུས་ཀྱི་བརྗོད་བྱ་རྗོད་བྱེད་གཉིས། འཇུག་དུས་ཀྱི་བརྗོད་བྱ་རྗོད་བྱེད་གཉིས་ལས། འཆད་དུས་ཀྱི་བརྗོད་བྱ་རྗོད་བྱེད་ལ་དངོས་ཀྱི་བརྗོད་བྱ་རྗོད་བྱེད་དང་། ཞེན་པའི་བརྗོད་བྱ་རྗོད་བྱེད་གཉིས། དངོས་ཀྱི་བརྗོད་བྱ་ནི་བུམ་པའི་དོན་སྤྱི་ལྟ་བུའོ། །དངོས་ཀྱི་རྗོད་བྱེད་ནི་བུམ་པ་ཞེས་བརྗོད་པའི་སྒྲ་སྤྱི་ལྟ་བུའོ། །ཞེན་པའི་བརྗོད་བྱ་ནི་བུམ་པ་རང་མཚན་ལྟ་བུ་དང་། ཞེན་པའི་རྗོད་བྱེད་ནི་བུམ་པ་ཞེས་བརྗོད་པའི་སྒྲ་རང་མཚན་པ་ལྟ་བུའོ། །དེང་སང་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ན། རང་མཚན་མ་ཡིན་པས་ཁྱབ་པ་ཙམ་ཞིག་རིགས་གཏེར་ལ་ཞེ་སྨོན་བྱེད་པ་རྣམས་ཀྱི་བློ་ལ་སྣང་ན་ཡང་། དངོས་ཀྱི་རྗོད་བྱེད་ཡིན་ན། རང་མཚན་མ་ཡིན་པས་ཁྱབ་པ་ད་དུང་བློ་ལ་མི་ཤོང་བར་སྣང་ངོ་། །བདག་ཉིད་ཆེན་པོའི་དགོངས་པ་ལ་ཁྱད་པར་མེད་དེ། སྒྲ་ཐོས་པའི་ཉན་ཤེས་ཀྱི་རྗེས་སུ་བྱུང་བའི་རྟོག་པ་ལ་སྒྲ་འདིས་དོན་འདི་བརྗོད་པར་འདུག་གོ་སྙམ་པའི་རྗོད་བྱེད་དུ་སྣང་བ་ལ་དངོས་ཀྱི་རྗོད་བྱེད་དང་། བརྗོད་བྱར་སྣང་བ་ལ་དངོས་ཀྱི་བརྗོད་བྱར་འཇོག་པའི་ཕྱིར་རོ། །འཇུག་དུས་ཀྱི་བརྗོད་བྱ་ལ་དངོས་དང་ཞེན་པ་གཉིས་སུ་ཕྱེ་བ་མེད་དེ། འཇུག་པའི་ཚེ། རྟོག་པའི་དངོས་ཡུལ་དང་དོན་རང་མཚན་གཅིག་ཏུ་འཁྲུལ་ནས་འཇུག་པའི་ཕྱིར་རོ། །འཇུག་དུས་ཀྱི་རྗོད་བྱེད་ལ་གཉིས་སུ་ཕྱེ་བ་མེད་དེ། དེའི་ཚེ་རྟོག་པ་ལ་སྣང་བའི་སྒྲ་སྤྱི་དང་། ཉན་ཤེས་ལ་སྣང་བའི་སྒྲ་རང་མཚན་པ་གཉིས་པོ་གཅིག་ཏུ་འཁྲུལ་ནས་འཇུག་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ངོ་བོའི་སྒོ་ནས་དབྱེ་བ། ཡུལ་གྱི་སྒོ་ནས་དབྱེ་བ། བྱེད་ལས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་ཡང་བཞི་སྟེ། ཡི་གེ མིང་། ཚིག ངག་གོ །དང་པོ་ལ། མཚན་ཉིད་ནི། རང་གི་ངོ་བོའི་སྒོ་ནས་བརྗོད་དོན་མི་སྟོན་པར་བརྗོད་དོན་སྟོན་པའི་མིང་ཚིག་གཉིས་ཀྱི་གཞིར་གྱུར་པའི་སྒྲའི་སྐད་ཅིག་དུ་མ་ཚོགས་པའི་བཏགས་ཡོད། དབྱེ་བ་ལ། འཕགས་ཡུལ་པ་ལྟར་ན་དབྱངས་ཡིག་བཅུ་བཞི་དང་། གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་སོ་བདུན་ཡོད་དེ། ཤཱནྟི་པས། འདིར་ནི་དབྱངས་ཡིག་བཅུ་བཞི་སྟེ། །གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །ཞེས་གསུངས་སོ། །བོད་ཡུལ་བ་ལྟར་ན་དབྱངས་ཡིག་བཞི་དང་། གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་ཡོད་དོ། །དང་པོ་ནི། ཨི་དང་། ཨུ་དང་། ཨེ་དང་། ཨོ་དང་བཞིའོ། །གཉིས་པ་ནི། ཀ་ནས་ཨའི་བར་སུམ་ཅུའོ། །མིང་ལ་མཚན་ཉིད་ནི། ཡི་གེ་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཙམ་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱིའོ། །དབྱེ་བ་ལ་དངོས་མིང་དང་བཏགས་མིང་གཉིས་ལས། མཚན་ཉིད་རིམ་བཞིན། དོན་དེ་ལ་འདོད་རྒྱལ་བས་ཐོག་མར་བརྡ་སྦྱར་ཞིང་ཐ་སྙད་ཀྱི་དུས་སུ་དོན་དེ་འཁྲུལ་མེད་དུ་གོ་ནུས་ཀྱི་མིང་དང་། དངོས་མིང་དུ་འཇུག་པའི་གཞི་དང་དོན་དེ་འདྲ་འབྲེལ་གང་རུང་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཕྱིས་རྗེས་གྲུབ་ཏུ་བརྡ་སྦྱར་བའི་མིང་ངོ་། །དེ་ལྟར་ཡང་། ཇི་ལྟར་གྲགས་ལས་གྲུབ་གང་ཡིན། །དངོས་དང་དེ་དང་མཚུངས་པའི་ཕྱིར། །གང་ལ་དེ་སྐད་བརྗོད་ཕལ་པ། །ཞེས་གསུངས་སོ། །དངོས་མིང་ལ་དབྱེ་ན་བཤད་པ་རྒྱུ་མཚན་ཅན་གྱི་དངོས་མིང་དང་འཇུག་པ་རྒྱུ་མཚན་ཅན་གྱི་དངོས་མིང་གཉིས་ལས། དང་པོ་ནི། ཐམས་ཅད་མཁྱེན་པ་ཞེས་པ་ལྟ་བུ་དང་། གཉིས་པ་ནི། བུམ་པ་ཞེས་པ་ལྟ་བུའོ། །བཏགས་མིང་ལ་དབྱེ་ན། འདྲ་བ་རྒྱུ་མཚན་དུ་བྱས་པ་དང་། འབྲེལ་པ་རྒྱུ་མཚན་དུ་བྱས་པ་གཉིས་ལས། དང་པོ་ནི། གང་ཟག་འགའ་ཞིག་ལ་སེངྒེ་ཞེས་པ་དང་། སྨན་འགའ་ཞིག་ལ་བྱ་རོག་རྐང་ཞེས་པ་ལྟ་བུའོ། །གཉིས་པ་ལ། བདག་གཅིག་འབྲེལ་པ་རྒྱུ་མཚན་དུ་བྱས་པ་དང་། དེ་བྱུང་འབྲེལ་པ་རྒྱུ་མཚན་དུ་བྱས་པ་གཉིས་ལས། དང་པོ་ལ། སྤྱི་མིང་བྱེ་བྲག་ལ་བཏགས་པ་དང་། བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་དང་། ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ་དང་། ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པ་དང་བཞི་ལས། དང་པོ་ནི། མིག་ཤེས་ཀྱི་ཡུལ་ལ་གཟུགས་སུ་བཏགས་པ་ལྟ་བུའོ། །གཉིས་པ་ནི། རྐྱེན་གསུམ་ལས་སྐྱེས་པའི་ཤེས་པ་ལ་དབང་ཤེས་སུ་བཏགས་པ་ལྟ་བུའོ། །གསུམ་པ་ནི། ཡི་གེའི་ཆ་ཤས་ཀུན་སློང་གི་ཤེས་པ་ལས་སྐྱེས་ཤིང་ཉན་ཤེས་ཀྱིས་ཐོས་པ་ལ་ཡི་གེ་ཀུན་སློང་གི་ཤེས་པ་ལས་སྐྱེས་ཤིང་ཉན་ཤེས་ཀྱིས་ཐོས་པར་བཏགས་པ་དང་། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་ལྟ་བུའོ། །བཞི་པ་ནི། རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་པ་ལྟ་བུའོ། །གཉིས་པ་ལ། རྒྱུ་མིང་འབྲས་བུ་ལ་བཏགས་པ་དང་། འབྲས་བུའི་མིང་རྒྱུ་ལ་བཏགས་པ་གཉིས། དང་པོ་ནི། ཉི་མའི་འོད་ཟེར་ལ་ཉི་མར་བཏགས་པ་དང་། གཉིས་པ་ནི། བསྒྲུབ་ངག་ཡང་དག་ལ་རྗེས་དཔག་ཏུ་བཏགས་པ་ལྟ་བུའོ། །ཡང་མིང་ལ་དབྱེ་ན། བཤད་པ་རྒྱུ་མཚན་ཅན་གྱི་མིང་དང་། འཇུག་པ་རྒྱུ་མཚན་ཅན་གྱི་མིང་གཉིས། དང་པོ་ནི། སངས་རྒྱས་ཞེས་པ་དང་། གཉིས་པ་ནི། ཤིང་ཞེས་པ་ལྟ་བུའོ། །འདི་གཉིས་མཚོ་སྐྱེས་ཞེས་པའི་མིང་ལྟ་བུ་ལ་མཚོན་ན་བཤད་འཇུག་གཉིས་ཀ་ཡོད་པ། དེ་གཉིས་ཀ་མེད་པ། བཤད་དུ་ཡོད་ལ་འཇུག་ཏུ་མེད་པ། འཇུག་ཏུ་ཡོད་ལ་བཤད་དུ་མེད་པའི་མུ་དང་བཞི་ལས། དང་པོ་ནི། མཚོ་ལས་སྐྱེས་པའི་པདྨོ་ལྟ་བུའོ། །གཉིས་པ་ནི། རྡོ་བ་ལྟ་བུའོ། །གསུམ་པ་ནི། མཚོ་ལས་སྐྱེས་པའི་སྦལ་པ་ལྟ་བུའོ། །བཞི་པ་ནི། སྐམ་ལས་སྐྱེས་པའི་པདྨ་ལྟ་བུའོ། །འདི་གཉིས་དངོས་མིང་དང་། བཏགས་མིང་གང་ཡིན་ཞེ་ན། བཤད་པ་རྒྱུ་མཚན་ཅན་གྱི་མིང་ལ་ནི་གཉིས་ཀ་ཡོད་ཅིང་། ཕྱི་མ་ནི་དངོས་མིང་ཁོ་ན་ཡིན་པར་མངོན་ནོ། །ཚིག་གི་མཚན་ཉིད། མིང་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཁྱད་པར་དང་བཅས་པ་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱིའོ། །ངག་ཚིག་གཉིས་ཀྱི་ཟླས་ཕྱེ་བའི་ངག་གི་མཚན་ཉིད། ཚིག་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཁྱད་པར་དང་བཅས་པ་དེ་ཡང་སྐྱེས་བུའི་འཇུག་ལྡོག་གི་ཡུལ་དུ་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱིའོ། །ཡང་མིང་ཚིག་ངག་གསུམ་ཀ་ལ་དབྱེ་ན། དང་པོ་ངོ་བོ་བརྗོད་པ། གཉིས་པ་བྱ་བ། གསུམ་པ་བྱེད་པ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་བ། བདུན་པ་གནས་གཞི། བརྒྱད་པ་བོད་པ་བརྗོད་པ་སྟེ་བརྒྱད་དོ། །དང་པོ་ནི་ཤིང་ཞེས་པ་ལྟ་བུའོ། །གཉིས་པ་ནི་ཤིང་ལ་བྱ་བ་བ་ཅེས་པ་ལྟ་བུའོ། །གསུམ་པ་ནི་ཤིང་གིས་མེ་བུས་ཞེས་པ་ལྟ་བུའོ། །བཞི་པ་ནི་ཤིང་ལ་ཆུ་དྲོངས་ཞེས་པ་ལྟ་བུའོ། །ལྔ་པ་ནི་ཤིང་ལས་འབྲས་བུ་འབྱུང་ཞེས་པ་ལྟ་བུའོ། །དྲུག་པ་ནི་ཤིང་གི་ཡལ་ག་ཞེས་པ་ལྟ་བུའོ། །བདུན་པ་ནི་ཤིང་སྟེང་ན་བྱ་ཚང་གནས་ཞེས་པ་ལྟ་བུའོ། །བརྒྱད་པ་ནི། ཀྱེ་ཤིང་ཁྱེར་ཤོག་ཅེས་པ་ལྟ་བུའོ། །དེ་དག་ལ་སྒྲ་རང་མཚན་པ་དང་། སྒྲ་སྤྱི་གཉིས་གཉིས་ལས། དང་པོ་ནི། ཞེན་པའི་རྗོད་བྱེད། གཉིས་པ་ནི། དངོས་ཀྱི་རྗོད་བྱེད་དེ། མིང་ཚིག་ངག་གསུམ་ཅི་རིགས་པའི་ཁོངས་སུ་འདུས་སོ། །གཉིས་པ་ཡུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ། རིགས་དང་ཚོགས་པ་བརྗོད་པའི་སྒྲའོ། །དང་པོ་ནི། ཁྱད་གཞི་དེའི་ཁྱད་པར་གྱི་ཆོས་གཞན་རྣམས་མི་སྤོང་བར་ཁྱད་གཞི་དེ་བརྗོད་པའི་སྒྲ་དེ་ཁྱད་གཞི་དེ་ལ་ལྟོས་ནས་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད། ཁྱད་གཞི་དེའི་ཁྱད་པར་གྱི་ཆོས་གཞན་རྣམས་སྤངས་ནས་ཁྱད་གཞི་དེའི་ཁྱད་ཆོས་འགའ་ཞིག་བརྗོད་པའི་སྒྲ་དེ་ཁྱད་གཞི་དེ་ལ་ལྟོས་ནས་ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད་ཡིན་ཏེ། ཁྱད་པར་གཞན་ནི་སྤོང་བ་དང་། །ཞེས་སོགས་དང་། ལ་ལར་སོར་མོའི་ལྡན་པ་ཞེས། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། རིགས་བརྗོད་ཀྱི་སྒྲ་དང་། ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད་རིམ་བཞིན། རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་རིགས་སྤྱི་དངོས་སུ་གོ་བར་བྱེད་པའི་སྒྲ་དང་། རྡུལ་རྫས་དུ་མ་ཚོགས་པའི་ཚོགས་སྤྱི་དངོས་སུ་གོ་བར་བྱེད་པའི་སྒྲ་སྟེ། ཤིང་ཞེས་པའི་སྒྲ་དང་། བུམ་པ་ཞེས་པའི་སྒྲ་ལྟ་བུའོ། །ཤིང་ཞེས་པའི་སྒྲ་རིགས་བརྗོད་ཀྱི་སྒྲ་ཡིན་ཀྱང་ཤིང་རིགས་སྤྱིར་ཁས་ལེན་ནི་མི་དགོས་ཏེ། དེའི་དངོས་ཀྱི་བརྗོད་བྱ་རིགས་སྤྱིར་འཇོག་པའི་ཕྱིར་རོ། །སྤྱི་དོན་དུ་བྲིས་པ་ནི། འུ་ཡུག་པའི་ལུགས་བྲིས་ཤིང་གཞན་ལུགས་འགོག་པའང་དེའི་དབང་དུ་བྱས་པས་འདི་དང་འགལ་བར་མི་སེམས་སོ། །གསུམ་པ་བྱེད་ལས་ཀྱི་སྒོ་ནས་དབྱེ་ན། མི་ལྡན་རྣམ་གཅོད། གཞན་ལྡན་རྣམ་གཅོད། མི་སྲིད་རྣམ་གཅོད་ཀྱི་ངག་གསུམ་ལས། འདི་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རིམ་པ་བཞིན་རང་གི་ཞེན་པའི་བརྗོད་བྱ་དེ་བློ་ཡུལ་དུ་མི་འཆར་བར་རྣམ་པར་བཅད་ནས་འཆར་བར་སྟོན་པའི་ངག་དང་། རང་གི་ཞེན་པའི་བརྗོད་བྱ་ལས་ཞེན་པ་བློ་ཡུལ་དུ་འཆར་བར་རྣམ་པར་བཅད་ནས་དེ་ཁོ་ན་བློ་ཡུལ་དུ་འཆར་བར་སྟོན་པའི་ངག་དང་། རང་གི་ཞེན་པའི་བརྗོད་བྱ་དེ་མི་སྲིད་པ་རྣམ་པར་བཅད་ནས་དེ་སྲིད་པར་སྟོན་པའི་ངག་གོ །གཉིས་པ་ལ། ངེས་གཟུང་སྦྱར་བའི་རྣམ་གཅོད་ཀྱི་ངག་གསུམ་དང་། ངེས་གཟུང་མ་སྦྱར་བའི་རྣམ་གཅོད་ཀྱི་ངག་གསུམ་ལས། དང་པོ་ནི། རིམ་པ་བཞིན། སྒྲ་བྱས་པ་ཁོ་ན་ཡིན་ཞེས་དང་། སྒྲ་ཁོ་ན་མཉན་བྱ་ཡིན་ཞེས་དང་། མཚོ་སྐྱེས་ལ་སྔོན་པོ་སྲིད་པ་ཁོ་ན་ཡིན་ཞེས་པའི་ངག་བཞིན་ནོ། །གཉིས་པ་ལ། ཁྱད་གཞི་རྐྱང་པའི་རྣམ་གཅོད་ཀྱི་ངག་གསུམ་དང་། ཁྱད་གཞི་དང་ཁྱད་ཆོས་སྦྱར་བའི་རྣམ་གཅོད་ཀྱི་ངག་གསུམ་ལས། དང་པོ་ནི། བུམ་པ་ཞེས་པའི་ངག་གཅིག་ལ་གསུམ་ཆར་ཚང་ངོ་། །ཕྱི་མ་ནི། ནག་པ་འཕོང་སྐྱེན་མི་སྐྱེན་དྲིས་པའི་ཚེ་ནག་པ་འཕོང་སྐྱེན་ཞེས་པའི་ངག་དང་། ནག་པ་དང་སྲིད་སྒྲུབ་གཉིས་གང་འཕོང་སྐྱེན་དྲིས་པའི་ཚེ་སྲིད་སྒྲུབ་འཕོང་སྐྱེན་ཞེས་པའི་ངག་དང་། མཚོ་སྐྱེས་ལ་སྔོན་པོ་སྲིད་མི་སྲིད་དྲིས་པའི་ཚེ་མཚོ་སྐྱེས་ལ་སྔོན་པོ་སྲིད་ཅེས་པའི་ངག་ལྟ་བུའོ། །གསུམ་པ་དེའི་དོན་ངེས་པར་བྱ་བ་ལ་གསུམ་སྟེ། སྒྲའི་དངོས་ཀྱི་བརྗོད་བྱ་དངོས་པོར་མེད་པར་བསྟན་པ། གཞི་མེད་ལ་འཁྲུལ་ནས་བརྡ་སྦྱོར་བའི་ཚུལ། གཞི་མེད་ལ་བརྡ་སྦྱར་བས་རང་མཚན་ཐོབ་པའི་འཐད་པའོ། །དང་པོ་ནི། སྒྲའི་དངོས་ཀྱི་བརྗོད་བྱ་དངོས་པོར་མེད་དེ། ཤེས་བྱ་ཐམས་ཅད་དོན་རང་མཚན་དང་། ཤེས་པ་རང་མཚན་དང་། དོན་སྤྱི་དང་། སྒྲ་སྤྱི་དང་བཞིར་འདུས་པ་ལས། དང་པོ་གཉིས་ནི་དངོས་ཀྱི་བརྗོད་བྱ་མ་ཡིན་ཞིང་། ཕྱི་མ་གཉིས་པོ་དངོས་པོར་མེད་པའི་ཕྱིར། གཉིས་པ་ནི། དོན་ལ་ཕྱི་རོལ་དོན་དུ་མེད་ཀྱང་རྟོག་པས་ཕྱི་རོལ་དོན་དུ་འཁྲུལ་པ་ལ་བརྡ་སྦྱོར་བར་བྱེད་པ་ཡིན་ཏེ། ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་པ་ལ་བུམ་པ་ཞེས་པའི་སྒྲ་ལས་བུམ་པར་སྣང་བའི་རྣམ་པ་སྐྱེ་ཞིང་རྣམ་པ་དེ་བུམ་པར་མེད་ཀྱང་བུམ་པར་འཁྲུལ་ནས་འདི་ནི་བུམ་པའོ་ཞེས་བརྡ་སྦྱོར་བར་བྱེད་པའི་ཕྱིར་རོ། །གནད་འདི་མ་ཟིན་པར་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ལ་སྔར་བཤད་པ་ལྟར་གྱི་བརྗོད་བྱ་ངོས་འཛིན་ཚུལ་དུ་མ་བྱུང་ཞིང་དཔལ་ལྡན་ཕྱོགས་གླང་ཡབ་སྲས་ཀྱི་རིགས་པ་ཤིན་ཏུ་ཞིབ་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །གསུམ་པ་ནི། སྣང་བརྟག་གཅིག་ཏུ་འཁྲུལ་པ་ལ་བརྡ་སྦྱར་བས་རང་མཚན་ཐོབ་པར་འགྱུར་ཏེ། བརྡ་དུས་སུ་ཡང་སྣང་བརྟག་གཅིག་ཏུ་འཁྲུལ་ནས་བརྡ་སྦྱོར། ཐ་སྙད་ཀྱི་དུས་སུ་ཡང་སྣང་བརྟགས་གཅིག་ཏུ་འཁྲུལ་ནས་འཇུག་པར་འགྱུར་བས་གང་རུང་གཅིག་ཐོབ་པ་གང་ཞིག སྒྲོ་བཏགས་ལ་ཐོབ་རྒྱུ་མེད་པའི་ཕྱིར་རོ། །གནད་འདི་ཡང་། འཇམ་དབྱངས་བླ་མའི་ཞལ་སྔ་ནས། ཆོས་གཉིས་གཅིག་པ་མི་སྲིད་ཅིང་། །ལྡོག་ལ་ངོ་བོ་མ་གྲུབ་པས། །ལྡོག་པ་བརྗོད་པ་ཉིད་ཀྱིས་ནི། །ལོག་པའི་དངོས་པོ་གྲུབ་པར་གསུངས། །ཞེས་གསུངས་པས་སྐལ་བ་དང་ལྡན་ན་མི་གོ་བའི་དོན་མེད་དོ། །གསུམ་པ་རྩོད་པ་སྤོང་བ་ལ། དངོས་པོའི་སྤྱི་བརྗོད་བྱར་འདོད་པ་དང་མཚུངས་པ་སྤོང་བ་སོགས་ལྔ་གསུངས་པ་ནི་རིགས་པའི་གཏེར་གྱི་གཞུང་དོན་གྱི་སྐབས་སུ་ཤེས་པར་འགྱུར་རོ། །བརྗོད་བྱ་རྗོད་བྱེད་བརྟག་པའི་རབ་ཏུ་བྱེད་པ་སྟེ་ལྔ་པ་བཤད་ཟིན་ཏོ།། ༈ །།བཞི་པ་འབྲེལ་པ་དང་འགལ་བའི་རྟོགས་ཚུལ་ལ་གཉིས་ཏེ། འབྲེལ་པའི་རྣམ་གཞག་དང་། འགལ་བའི་རྣམ་གཞག་གོ །དང་པོ་ལ་གསུམ་སྟེ། དོན་ལ་འབྲེལ་པ་དགག བློ་ངོར་འབྲེལ་པ་བསྒྲུབ། འབྲེལ་པ་སྒྲུབ་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ལ་སྤྱིར་དགག་པ་དང་། སོ་སོར་དགག་པ་གཉིས་ལས། དང་པོ་ནི། དོན་ལ་འབྲེལ་པ་མེད་དེ། དངོས་པོ་ལ་ཡང་དོན་ལ་འབྲེལ་པ་མ་གྲུབ། དངོས་མེད་ལ་ཡང་དོན་ལ་འབྲེལ་པ་མ་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། དངོས་པོ་ལ་རང་གཞན་གཉིས་སུ་ཁ་ཚོན་ཆོད་ཅིང་རང་ནི་གཞན་ལ་མ་འདྲེས་པར་གནས། གཞན་ནི་རང་ལ་མ་འདྲེས་པར་གནས་པའི་བར་ན་ཕུང་གསུམ་མེད་པའི་ཕྱིར་རོ། །དེ་ན་དངོས་པོ་རང་མཚན་རྣམས་ལ་དོན་ལ་འབྲེལ་པ་མེད་དེ། གྲངས་ཅན་འདོད་པ་ལྟར་གྱི་དུ་མ་རང་བཞིན་གཅིག་ཏུ་འདྲེས་པ་ནི་མི་སྲིད་ལ་གསལ་བ་རང་མཚན་གཅིག་ཉིད་རང་ཉིད་རང་ལ་འབྲེལ་པ་མེད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། གཞན་དབང་ཁོ་ནར་འབྲེལ་པ་ནི། །གྲུབ་ན་གཞན་དབང་ཅི་ཞིག་ཡོད། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཏུ་ན་མེད། །ཅེས་གསུངས་པའི་ཕྱིར། བོད་ཁ་ཅིག དངོས་མེད་ལ་དངོས་འབྲེལ་གྲུབ་སྟེ། གཞན་དུ་ན་གཅིག་དུ་བྲལ་གྱི་གཏན་ཚིགས་ལ་བསྒྲུབ་ཆོས་དངོས་པོར་མེད་པས་དངོས་འབྲེལ་མི་སྲིད། དགག་ཆོས་དོན་ལ་མེད་པས་ལྡོག་འབྲེལ་ཡང་མི་སྲིད་ན། འབྲེལ་པ་གཏན་མེད་ཀྱི་གཏན་ཚིགས་ཡང་དག་ཡོད་པར་འགྱུར་རོ། །དེས་ན་དངོས་མེད་ལ་དངོས་འབྲེལ་ཡོད་ཀྱང་དེ་ངེས་མི་ནུས་པས་ལྡོག་འབྲེལ་ལ་བརྟེན་ནས་ངེས་པར་བྱེད་པ་ཡིན་ནོ། །ཞེས་ཟེར་རོ། །འདི་ནི་མི་འཐད་དེ། དངོས་མེད་ལ་བདག་ཉིད་གཅིག་པའི་དངོས་འབྲེལ་ཡོད་ན་རང་བཞིན་གྱི་དངོས་པོར་འགྱུར་ཞིང་། དེ་ལས་བྱུང་བའི་དངོས་འབྲེལ་ཡོད་ན་རྒྱུ་འབྲས་ཀྱི་དངོས་པོར་འགྱུར་བའི་ཕྱིར་རོ། །ཡང་དངོས་པོ་དང་དངོས་མེད་གཉིས་ཀ་ལ་འབྲེལ་པའི་མཚན་ཉིད་དོན་དམ་པར་མ་གྲུབ་སྟེ། འབྲེལ་པའི་མཚན་ཉིད་ནི་ཆོས་གང་ཞིག ཆོས་གཞན་མི་འདོར་བ་ཡིན་ལ། དངོས་པོ་རྣམས་ནི་ཕན་ཚུལ་འདྲེ་བ་མེད་པས་དོན་དམ་པར་ཆོས་གཞན་མི་འདོར་བ་དེ་མེད། དངོས་མེད་ནི་དངོས་པོར་མ་གྲུབ་པས་དེ་མེད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། འགའ་ཡང་འབྲེལ་བའི་མཚན་ཉིད་ནི། །གཉིས་ལ་གནས་ཀྱིས་གཞན་དུ་མིན། །ཞེས་གསུངས་པའི་ཕྱིར་རོ། །འབྲེལ་པའི་སྒྲ་དོན་ཡང་དོན་དམ་པར་མ་གྲུབ་སྟེ། སངས་རྒྱས་པ་དང་ཕྱི་རོལ་པ་གཉིས་ཀས་འབྲེལ་བའི་སྒྲ་སམ་བནྡྷ་ཞེས་ཡང་དག་པར་བཅིངས་པའམ། པྲ་ཏི་བནྡྷ་ཞེས་སོ་སོར་བཅིངས་ཤིང་གཉིས་ཕན་ཚུན་མི་འདོར་བ་ལ་འདོད་ལ། དེ་ཡང་སྔར་ལྟར་དངོས་པོ་དང་དངོས་མེད་གཉིས་ལ་མ་གྲུབ་པའི་ཕྱིར། འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་མདོ་ལས། ཆོས་ཐམས་ཅད་འབྲེལ་པ་མེད་ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། བདག་གཅིག་གི་འབྲེལ་པ་དོན་ལ་གྲུབ་པ་དགག དེ་བྱུང་གི་འབྲེལ་པ་དོན་ལ་གྲུབ་པ་དགག དེ་ལས་གཞན་པའི་འབྲེལ་པ་དགག་པའོ། །དང་པོ་ནི། ཤེས་བྱ་ཐམས་ཅད་དངོས་པོ་དང་དངོས་མེད་གཉིས་སུ་འདུས་པ་ལས་དངོས་མེད་ལ་བདག་གཅིག་གི་འབྲེལ་པ་དོན་ལ་མ་གྲུབ་སྟེ། དངོས་མེད་རང་ཉིད་དོན་ལ་མ་གྲུབ་པའི་ཕྱིར་རོ། །དངོས་པོ་ལ་བདག་གཅིག་གི་འབྲེལ་པ་དོན་ལ་མ་གྲུབ་སྟེ། དངོས་པོ་དེ་རྫས་ཐ་དད་དང་རྫས་གཅིག་གཉིས་སུ་འདུས་པ་ལས། དང་པོ་ལ། བདག་གཅིག་འབྲེལ་པའི་དོན་མི་གནས། ཕྱི་མ་ལ་ལྡོག་པ་གཅིག་དང་ཐ་དད་གཉིས་ལས། དང་པོ་ལ། འབྲེལ་པའི་དོན་མི་གནས། ཕྱི་མ་ལ། ལྡོག་པ་ཐ་དད་དོན་ལ་ཡོད་ན་ལྡོག་པ་རྫས་སུ་གྲུབ་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱུ་འབྲས་ཀྱི་རྫས་ལ་འབྲེལ་པ་དགག རྒྱུ་འབྲས་ཀྱི་རིགས་ལ་འབྲེལ་པ་དགག་པའོ། །དང་པོ་ལ། རྒྱུ་འབྲས་རིམ་གྱིས་པ་ལ་འབྲེལ་པ་དགག་པ་དང་། རྐྱང་པ་ལ་འབྲེལ་པ་དགག་པ་དང་། ལྟོས་པ་ལ་འབྲེལ་པ་དགག་པ་དང་གསུམ་ལས། དང་པོ་ནི། རྫས་ཐ་དད་དུས་མཉམ་རྣམས་ལ་དེ་བྱུང་གི་འབྲེལ་པ་མི་སྲིད་ཅིང་། དུས་མི་མཉམ་པའི་མེ་དུ་ལྟ་བུ་ལ་ཡང་དེ་བྱུང་གི་འབྲེལ་པ་དོན་ལ་མ་གྲུབ་སྟེ། རྒྱུ་མེ་ཡོད་པའི་དུས་སུ་འབྲས་བུ་དུ་བ་མ་སྐྱེས་དུ་བ་སྐྱེས་པའི་དུས་སུ་རྒྱུ་མེ་འགགས་ཟིན་ནས་དངོས་པོར་མེད་པས་གང་རུང་ཅིག་དངོས་པོར་ཡོད་ཚེ་ཅིག་ཤོས་དངོས་པོར་མེད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། རྒྱུ་དང་འབྲས་བུའི་དངོས་པོ་ཡང་། །དེ་གཉིས་ལྷན་ཅིག་མི་གནས་པས། །གཉིས་ལ་གནས་པ་ཅི་ལྟར་གྲུབ། །གཉིས་ལ་མི་གནས་ཇི་ལྟར་འབྲེལ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་འབྲེལ་པ་ནི་ཆོས་གཉིས་ལ་ལྟོས་མི་དགོས་ཀྱི་མེ་དུ་སོ་སོ་བ་རེ་རེའི་སྟེང་དུ་གཉིས་ཆར་གྱི་འབྲེལ་པ་གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ། འབྲེལ་མེད་ཀྱི་ཆོས་མེད་པར་ཐལ་བ་དང་། ཕན་ཚུན་ལྟོས་མེད་ཀྱི་མེ་དུ་སོ་སོ་བ་གཅིག་མཐོང་བ་ན་གཉིས་ཆར་གྱི་འབྲེལ་པ་ངེས་པར་ཐལ་བ་དང་། ཕན་ཚུན་ལྟོས་པ་མེད་ཀྱང་རྒྱུ་འབྲས་ཡིན་ན་འབྲས་རྟགས་དང་རྒྱུ་མ་དམིགས་པའི་གཏན་ཚིགས་རྣམས་གོ་བྱེད་མ་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། དེ་མེད་པ་ཡང་ཡོད་པའི་ཕྱིར། །གཅིག་ལ་འདུག་པ་འབྲེལ་པ་མེད། །ཅེས་གསུངས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཕན་འདོགས་པ་ལ་འབྲེལ་པ་དགག མེད་ན་མི་འབྱུང་བའི་འབྲེལ་པ་དགག་པའོ། །དང་པོ་ནི། གལ་ཏེ་མེ་ཕན་འདོགས་བྱེད་དང་དུ་བ་ཕན་གདགས་བྱ་ཡིན་པས་འབྲེལ་པ་ནི་དེ་གཉིས་ཀ་ལ་དོན་དམ་པར་གྲུབ་བོ་ཞེ་ན། དེ་ནི་མ་ཡིན་ཏེ། ཕན་འདོགས་བྱེད་དང་གདགས་བྱ་གཉིས་གང་རུང་གཅིག་དངོས་པོར་ཡོད་པའི་ཚེ་ན་ཅིག་ཤོས་དངོས་པོར་མེད་པས་དངོས་པོ་དང་དངོས་མེད་ལ་དེ་བྱུང་གི་འབྲེལ་པ་བཀག་ཟིན་པའི་ཕྱིར་ཏེ། འབྲེལ་བརྟག་ལས། འདི་ནི་གཞན་དུ་འདུག་པ་ན། །ཅི་སྟེ་དེ་གཉིས་གཅིག་ལ་ལྟོས། །ལྟོས་པས་ཕན་པ་བྱེད་པར་འགྱུར། །མེད་ན་ཇི་ལྟར་ཕན་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རྒྱུ་ལ་མ་ལྟོས་པ་འབྲས་བུའི་ཐ་སྙད་མ་བྱུང་བ་ཙམ་ལ་འབྲེལ་པར་འདོད་དོ་ཞེ་ན། རྭ་གཡས་གཡོན་དང་། ཕ་རོལ་ཚུ་རོལ་དང་། རིང་ཐུང་ལ་སོགས་པ་ཐམས་ཅད་ཀྱང་རྒྱུ་འབྲས་སུ་འགྱུར་ཏེ། རྭ་གཡས་པ་སོགས་ལ་མ་ལྟོས་པར་གཡོན་པ་སོགས་ཀྱི་ཐ་སྙད་མི་འབྱུང་བའི་ཕྱིར་ཏེ། འབྲེལ་བརྟག་ལས། ཅི་སྟེ་དོན་གཅིག་འབྲེལ་བའི་ཕྱིར། །དེ་གཉིས་རྒྱུ་འབྲས་ཉིད་ཡིན་ན། །གཉིས་ཉིད་ལ་སོགས་འབྲེལ་བའི་ཕྱིར། །གཡས་གཡོན་རྭ་ཡང་དེ་ཉིད་ཐོབ། །ཅེས་གསུངས་པའི་ཕྱིར། གཉིས་པ་རྒྱུ་འབྲས་ཀྱི་རིགས་ལ་འབྲེལ་པ་དགག་པ་ནི། རྒྱུ་འབྲས་རང་མཚན་པ་ལ་དེ་བྱུང་གི་འབྲེལ་པ་མ་གྲུབ་ཀྱང་རྒྱུ་འབྲས་ཀྱི་རིགས་ལ་དེ་བྱུང་གི་འབྲེལ་པ་གྲུབ་བོ་ཞེ་ན། མི་འཐད་དེ། རྒྱུ་འབྲས་ཀྱི་རིགས་དེ་རྒྱུ་འབྲས་ཉིད་ལ་བྱེད་དམ། དེ་ལས་གཞན་པ་ལ་བྱེད། དང་པོ་ལྟར་ན། རྒྱུ་འབྲས་ལ་འབྲེལ་པ་དོན་ལ་བཀག་པའི་རིགས་པ་མཚུངས་ལ། ཕྱི་མ་ལྟར་ན་རིགས་དེ་རང་གི་གསལ་བ་རྣམས་དང་རྫས་གཅིག་ཡིན་ན། གྲངས་ཅན་པས་སྤྱི་གསལ་རྫས་གཅིག་ཏུ་འདོད་པ་འགོག་པའི་རིགས་པ་མཚུངས་ཤིང་། རྫས་གཞན་ཡིན་ན། བྱེ་བྲག་པས་སྤྱི་གསལ་རྫས་གཞན་དུ་འདོད་པ་འགོག་པའི་རིགས་པ་མཚུངས་པའི་ཕྱིར་རོ། །གསུམ་པ་དེ་ལས་གཞན་པའི་འབྲེལ་པ་དགག་པ་ནི། འདིས་ནི་ལྡན་དང་འདུ་བ་དང་། །ཁྱད་པར་དང་ནི་ཁྱད་པར་ཅན། །བྱེད་དང་ཕྲད་པ་ལ་སོགས་པ། །འབྲེལ་པར་འདོད་པ་བཀག་པ་ཡིན། །ཞེས་ཏེ་གཞུང་དོན་གྱི་སྐབས་སུ་རྟོགས་པར་བྱའོ། །གཉིས་པ་བློ་ངོར་འབྲེལ་པ་བསྒྲུབ་པ་ལ་གཉིས་ཏེ། བློས་ཇི་ལྟར་སྦྲེལ་བའི་ཚུལ་དང་། དེ་ལྟར་སྦྲེལ་བའི་འབྲེལ་པའི་རྣམ་གཞག་གོ །དང་པོ་ནི། ཇི་སྐད་བཤད་པའི་རིགས་པས་བདག་གཅིག་གི་འབྲེལ་པ་དོན་ལ་མ་གྲུབ་ཀྱང་བློ་ངོར་གྲུབ་སྟེ། དོན་བུམ་པ་གཅིག་ཉིད་ལ་ཐ་དད་དུ་འབྱེད་པའི་སྒྲ་རྟོག་གིས་ལྟོ་ལྡིར་བ་མ་ཡིན་པ་དང་། སྐད་ཅིག་གིས་འཇིག་པ་མ་ཡིན་པ་དང་། རྒྱུས་སྐྱེད་པ་མ་ཡིན་པ་གསུམ་རྣམ་པར་བཅད་པའི་སྒོ་ནས་བུམ་པ་དང་། མི་རྟག་པ་དང་། བྱས་པའི་ལྡོག་པ་གསུམ་ཐ་དད་དུ་ཕྱེ་སྟེ། གཅིག་ཏུ་སྡུད་པའི་སྒྲ་རྟོག་གི་བུམ་པ་འདི་ནི་མི་རྟག་སྟེ། བྱས་པའི་ཕྱིར། ཞེས་གཅིག་ཏུ་བཟུང་བའི་ཡུལ་ལ་བདག་གཅིག་གི་འབྲེལ་པར་འཇོག་པའི་ཕྱིར། དེ་ཡང་རྣམ་རྟོག་རང་དགའ་བས་རྒྱུ་མཚན་མེད་པར་དབྱེ་བསྡུ་བྱེད་པ་མ་ཡིན་ཏེ། རྣམ་པར་རྟོག་པས་ལོག་པ་ཐ་དད་ལས་ལོག་པར་བཏགས་པ་ལྟར་དོན་ལ་ཡང་གནས་ཤིང་འཇིག་རྟེན་ན་གྲགས་པ་ལྟར་དབྱེ་བསྡུ་བྱས་པས་འཇུག་ཡུལ་རང་མཚན་ཐོབ་པར་འགྱུར་བའི་ཕྱིར་ཏེ། མིང་དོན་གང་ལྡན་ཕན་ཚུན་དུ། །ཐ་དད་འདི་ཡི་ས་བོན་ཡིན། །ཞེས་དང་། འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་སྔར་བཤད་པའི་རིགས་པས་དེ་བྱུང་གི་འབྲེལ་པ་དོན་ལ་མ་གྲུབ་ཀྱང་བློ་ངོར་གྲུབ་སྟེ། སྔར་གྱི་མེ་དང་ད་ལྟར་གྱི་དུ་བ་ལ་མངོན་སུམ་གྱིས་དྲངས་པའི་མ་དམིགས་པ་ཕྲུགས་གསུམ་ལ་སོགས་པས་ད་ལྟར་གྱི་དུ་བ་འདི་ནི་སྔར་གྱི་མེ་དེ་ལས་སྐྱེས་པའོ། །ཞེས་སྦྲེལ་བར་བྱེད་པའི་ཡུལ་ལ་དེ་བྱུང་གི་འབྲེལ་བར་འཇོག་པའི་ཕྱིར་ཏེ། འབྲེལ་བརྟག་ལས། མངོན་སུམ་མ་དམིགས་པ་དག་ལས། །རྒྱུ་དང་འབྲས་བུའི་སྤྱོད་ཡུལ་རྣམས། །འབྲེལ་པའི་དོན་བཞིན་ཡང་དག་དོན། །སྟོན་པའི་རྣམ་རྟོག་ལོག་པ་ཡིན། །ཞེས་དང་། རྣམ་ངེས་ལས། དོན་དམ་པར་ནི་ཡོད་པ་ལ་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། འབྲེལ་པ་འདི་དག་ནི་བློས་བཀོད་པ་འབའ་ཞིག་ཏུ་ཟད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། འབྲེལ་པའི་མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། ཆོས་གང་ཞིག་གཞན་སེལ་ཕྱིན་ཅི་མ་ལོག་པའི་བློ་ངོར་ཆོས་གཞན་མི་འདོར་བའོ། །གཉིས་པ་ནི། འབྲེལ་བའི་སྐད་དོད་ལ་བནྡྷ་ཞེས་འབྱུང་ལ་དེ་ཡང་སཾ་བནྡྷ་ཞེས་པ་ནི་ཡང་དག་པར་བཅིངས་པ་དང་། པྲ་ཏི་བནྡྷ་ཞེས་པ་ནི་སོ་སོར་བཅིངས་པ་སྟེ། གཞན་སེལ་གྱི་ངོར་ཆོས་གཉིས་མི་འབྲེལ་བར་བཅིངས་པས་ན་འབྲེལ་པའོ། །གསུམ་པ་ལ་གཉིས་ཏེ། དབྱེ་བ་དངོས་དང་། འབྲེལ་བ་གང་ལ་གནས་པའི་རྟེན་ངོས་གཟུང་བའོ། །དང་པོ་ལ། དབྱེ་གཞི། དབྱེ་ངོ་། གང་གིས་འབྱེད་པའི་རྒྱུ་མཚན། ཇི་ལྟར་ཕྱེ་བའི་དོན། ཇི་སྙེད་ཕྱེ་བའི་གྲངས་ངེས་དང་ལྔ་ལས། དང་པོ་ནི། འབྲེལ་པ་ཙམ་མོ། །གཉིས་པ་ནི། བདག་གཅིག་གི་འབྲེལ་པ་དང་། དེ་བྱུང་གི་འབྲེལ་པ་གཉིས་སོ། །མཚན་ཉིད་རིམ་བཞིན། ཆོས་གང་ཞིག་སེལ་ངོར་རང་བཞིན་གཅིག་པའི་སྟོབས་ཀྱིས་ཆོས་གཞན་མི་འདོར་བར་དང་། གང་ཞིག་སེལ་ངོར་དེ་ལས་བྱུང་བའི་སྟོབས་ཀྱིས་ཆོས་གཞན་མི་འདོར་བའོ། །གསུམ་པ་ནི། རང་བཞིན་གཅིག་པ་དང་། དེ་ལས་བྱུང་བ་གཉིས་ཡོད་པའི་སྟོབས་ཀྱིས་སོ། །བཞི་པ་ནི། གཞི་སོ་སོ་ལ་ལྟོས་ནས་ངོ་བོ་གཅིག་ཡིན་ཏེ། དུ་བ་དེ་རང་གི་སྤྱི་ལ་ལྟོས་ནས་བདག་གཅིག་ཏུ་འབྲེལ། རང་གི་རྒྱུ་ལ་ལྟོས་ནས་དེ་བྱུང་དུ་འབྲེལ་བའི་ཕྱིར་རོ། །གཞི་གཅིག་ལ་ལྟོས་ནས་ངོ་བོ་ཐ་དད་ཡིན་ཏེ། ཆོས་དེ་ལ་བདག་གཅིག་ཏུ་འབྲེལ་ན་དེ་ལ་དེ་བྱུང་དུ་འབྲེལ་བར་འགལ་བའི་ཕྱིར་རོ། །ལྔ་པ་ནི། འབྲེལ་པ་དེ་ལ་གཉིས་སུ་གྲངས་ངེས་ཏེ། ཤེས་བྱ་ཐམས་ཅད་ངོ་བོ་གཅིག་དང་ངོ་བོ་ཐ་དད་གཉིས་སུ་འདུས་པ་ལས་ངོ་བོ་གཅིག་ལ་འབྲེལ་པ་ཡོད་པ་རྣམས་ནི་བདག་གཅིག་འབྲེལ་དང་། ངོ་བོ་ཐ་དད་ལ་འབྲེལ་པ་ཡོད་པ་རྣམས་ནི་དེ་བྱུང་འབྲེལ་དུ་འདུས་པའི་ཕྱིར། གཉིས་པ་ནི་ཁ་ཅིག དངོས་མེད་ལ་རང་གི་ངོ་བོ་མ་གྲུབ་པས་འབྲེལ་པ་བཞག་ཏུ་མེད་ལ། དངོས་པོ་ལ་འབྲེལ་པ་འཇོག་པ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། འབྲེལ་པ་དོན་དམ་པ་ནི་གཉིས་ཀ་ལ་ཡང་བཞག་ཏུ་མེད་ཅིང་། བློས་བྱས་པ་ནི་དངོས་མེད་ལ་ཡང་བཞག་ཏུ་ཡོད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། འབྲེལ་པ་བློ་ཡིས་བྱས་པ་ནི། །མེད་པ་ལ་ཡང་གང་གིས་འགོག །ཅེས་གསུངས་པའི་ཕྱིར་རོ། །ཁ་ཅིག རྫས་ལ་འབྲེལ་པ་བཞག་ཏུ་ཡོད་ཀྱིས། རིགས་ལ་འབྲེལ་པ་བཞག་ཏུ་མེད་ཅེས་པ་ཡང་སྔ་མས་ཁེགས་སོ། །ཁ་ཅིག སྐད་ཅིག་ལ་དེ་བྱུང་གི་འབྲེལ་པ་བཞག་ཏུ་མེད་དེ། དེ་ལ་ཕན་འདོགས་པའི་བྱ་བ་མེད་པའི་ཕྱིར་ཏེ། མདོ་ལས། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །ཅེས་དང་། འདིར་ཡང་། སྐད་ཅིག་ཉིད་ཕྱིར་བྱ་གང་ལས། །ཞེས་གསུངས་པའི་ཕྱིར། ཞེས་ཟེར་བ་དེ་ནི་མི་འཐད་དེ། སྐད་ཅིག་ལ་ཕན་འདོགས་པའི་བྱ་བ་ཡོད་ཀྱང་། ཐ་མལ་པའི་བློས་ངེས་མི་ནུས་པའི་ཕྱིར་ཏེ། རྣམ་ངེས་ལས། དངོས་པོ་སྐད་ཅིག་མ་རྣམས་ནི་ཕན་འདོགས་པ་སྲིད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ་གསུམ་སྟེ། མཚན་ཉིད་བསྒྲུབ་པ། མཚན་གཞི་ངོས་བཟུང་བ། དེ་དག་གང་གིས་ངེས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བདག་གཅིག་གི་འབྲེལ་པ་ངེས་བྱེད་དང་། དེ་བྱུང་གི་འབྲེལ་པ་ངེས་བྱེད་དོ། །དང་པོ་ལ། ཐ་སྙད་བསྒྲུབ་ཀྱི་འབྲེལ་པ་ནི་མཚན་མཚོན་གཉིས་ཀྱང་མིང་དོན་གཅིག་ཏུ་འཁྲུལ་པ་ལ་བརྡ་གཅིག་པའི་བརྡ་ཆད་བྱས་པས་འགྲུབ་ཀྱི་དོན་ལ་གཅིག་ཏུ་མེད་ལ་སྤྱི་དང་བྱེ་བྲག་གི་འབྲེལ་པ་ཡང་ལྡོག་པ་ཆིག་རྐྱང་དང་ལྡོག་པ་ཉིས་ཚོགས་ལ་བདག་གཅིག་པའི་བརྡ་ཆད་བྱས་པས་འགྲུབ་ཀྱི་དོན་ལ་རྫས་གཅིག་པ་བཀག་ཟིན་ཏོ།། །།དོན་བསྒྲུབ་ཀྱི་འབྲེལ་པ་ནི་རྟགས་ཆོས་སེལ་ངོར་ལྡོག་པ་ཐ་དད་ཡིན་ཀྱང་དོན་ལ་གཅིག་ཏུ་ཡོད་པར་གང་གིས་འགྲུབ་ཅེ་ན། འདི་ལ་རྩ་བའི་རྟགས་འགོད་པ་དང་། དེའི་ཚུལ་བསྒྲུབ་པ་གཉིས་ལས། དང་པོ་ནི། རང་བཞིན་ཡོད་ཙམ་དང་། འབྲེལ་པ་ཅན་གྱི་ངོ་བོ་ཡང་། །ཞེས་དང་། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །ཅེས་སོགས་གཞུང་གི་གནས་སྐབས་ཕལ་ཆེར་དུ་ཡོད་པ་རྟགས་སུ་འགོད་པར་གསུངས་ཤིང་། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་པའི་སྐབས་སུ་འབྲས་བུ་རྟགས་སུ་བཀོད་པ་དང་། ཡོད་པ་རྟགས་སུ་བཀོད་པ་གཉིས་གསུངས་སོ། །འདིར་ཁ་ཅིག་སྒྲ་ཇི་བཞིན་དུ། ཡོད་ན་མི་རྟག་པས་ཁྱབ་པར་ཁས་ལེན་པ་ནི་བོད་ཀྱི་ཐ་སྙད་ལ་ཅུང་ཟད་མི་བདེ་སྟེ། སྒྲ་མི་རྟག་པར་བསྒྲུབ་པ་ལ་རྟགས་སུ་བཀོད་པའི་ཡོད་པ་དང་། དངོས་པོ་གཉིས་རྒྱ་གར་ན་བྷ་ཝ་ཞེས་སྐད་དོད་གཅིག་ཏུ་ཡོད་པས་འགའ་ཞིག་ཏུ་དངོས་པོ་དང་། འགའ་ཞིག་ཏུ་ཡོད་པར་བསྒྱུར་བ་ཡིན་ཀྱང་སེལ་ངོར་ཡོད་པ་ལ་ཡང་ཡོད་པའི་ཐ་སྙད་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་མང་དུ་གསུངས་པའི་ཕྱིར་ཏེ། སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས། །ཞེས་དང་། ལྡོག་པ་ཀུན་ལ་ཡོད་པའི་ཕྱིར། །ཞེས་དང་། ལྡོག་པ་མཚུངས་པ་ཉིད་དག་ནི། །ཡོད་ཉིད། ཅེས་དང་། རིགས་གཏེར་ལས་ཀྱང་། དེ་མིན་རང་བཞིན་ལས་ལྡོག་པ། །དངོས་པོ་ཀུན་ལ་ཡོད་པ་དེ། །ཞེས་གསུངས་པས་སོ། །དེས་ན་གང་བྱས་པའམ་དངོས་པོ་ཡིན་ན། མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་པའམ་དངོས་པོ་ཡིན་ནོ། །ཞེས་པའི་སྦྱོར་བ་གཉིས་ལས། སྔ་མ་ནི། ཁྱད་པར་ལྟོས་པ་བ་དང་། ཕྱི་མ་ནི་རང་བཞིན་དག་པ་བའོ། །གཉིས་པ་ལ། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པ་གཉིས་ལས། དང་པོ་ནི། སྒྲ་དེ་རང་རྒྱུ་ལས་སྐྱེས་པར་མངོན་སུམ་ཕྲུགས་གསུམ་ལ་སོགས་པས་ངེས་པར་བྱེད་ལ། དེའི་རྟགས་ལས་བྱས་པར་ངེས་པ་བྱེད་ཅིང་། དོན་བྱེད་ནུས་པའི་རྟགས་ལས་དངོས་པོར་ངེས་པར་བྱེད་དོ། །གཉིས་པ་ལ། ལྟོས་མེད་ཀྱི་གཏན་ཚིགས་དང་། གནོད་པ་ཅན་གྱི་གཏན་ཚིགས་གཉིས་ལས། དང་པོ་ནི། གང་རང་གི་རྒྱུ་ལས་གཞན་པ་ལ་མི་ལྟོས་པར་དེའི་ངོ་བོར་འགྱུར་ན་དེའི་ངོ་བོར་ངེས་པས་ཁྱབ། དཔེར་ན་རྒྱུ་ཚོགས་པ་སྐད་ཅིག་ཐ་མ་དེ་རང་གི་རྒྱུ་ལས་གཞན་ལ་མི་ལྟོས་པར་རང་འབྲས་སྐྱེད་པ་བཞིན། བུམ་པ་ཡང་རང་གི་རྒྱུ་ལས་གཞན་ལ་མི་ལྟོས་པར་འཇིག་པ་ཡིན་ནོ། །ཞེས་པའོ། །གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། བུམ་པ་འཇིག་པ་ཐོ་བ་སོགས་དང་། ཤིང་འཇིག་པ་མེ་ལ་ལྟོས་པའི་ཕྱིར་ཞེ་ན། དེ་འགོག་པ་ལ། ཆོས་དོན་གཞན་གྱི་རྒྱུ་མཚན་ཅན། །ཞེས་སོགས་དང་། མེ་ལས་དོན་གཞན་གྱུར་པ་དག །ཅེས་སོགས་གསུངས་སོ། །འདིར་འཇིག་པ་རྒྱུ་མེད་དུ་བཤད་པའི་དོན་ལ་འཇིག་པར་བྱ་རྒྱུའི་དངོས་པོ་བུམ་པ་ལྟ་བུ་ལ་བུམ་པའི་འཇིག་པར་བྱས་པ་སངས་རྒྱས་པའི་ལུགས་དང་། བུམ་པ་ཞིག་ནས་བུམ་པའི་དངོས་པོ་མེད་པ་ལ་བུམ་པའི་འཇིག་པ་བྱས་པ་བྱེ་བྲག་པའི་ལུགས་གཉིས་ལས། དང་པོ་ལ་སྦྱར་བའི་ཚེ་བུམ་པའི་རྒྱུ་ལས་གཞན་པའི་འཇིག་རྒྱུ་མེད་ཅེས་པའི་དོན་ཡིན་ལ། ཕྱི་མ་ལ་སྦྱར་བའི་ཚེ་རྒྱུ་གཏན་མེད་པའི་དོན་ཡིན་ནོ། །གཉིས་པ་གནོད་པ་ཅན་གྱི་གཏན་ཚིགས་ནི། དབང་ཕྱུག་པ་རྣམས་བྱ་རོག་ཕལ་ཆེར་ནག་པོ་ཡིན་ཀྱང་དཀར་པོ་སྲིད་པ་ལྟར། དངོས་པོ་ཕལ་ཆེར་མི་རྟག་པ་ཡིན་ཀྱང་། དབང་ཕྱུག་ལ་སོགས་པའི་དངོས་པོ་འགའ་ཞིག་རྟག་པ་ཡིན་པས་གཏན་ཚིགས་དངོས་པོ་མི་མཐུན་ཕྱོགས་ལ་ཞུགས་ཞེས་ཟེར་བ་དང་། གྲངས་ཅན་པ་རྣམས་སྒྲ་ལ་སོགས་པའི་རྣམ་འགྱུར་གྱི་དངོས་པོ་གཙོ་བོས་བྱས་ཀྱང་རྟག་པ་ཡིན་པས་གཏན་ཚིགས་བྱས་པ་མི་མཐུན་ཕྱོགས་ལ་ཞུགས་ཞེས་ཟེར་བའི། དང་པོ་འགོག་པ་ལ། གང་རིམ་དང་ཅིག་ཅར་གྱིས་དོན་བྱེད་ནུས་པས་སྟོང་ན་དངོས་པོས་སྟོང་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། དབང་ཕྱུག་ལ་སོགས་པའི་རྟག་པ་ཡང་རིམ་དང་ཅིག་ཅར་གྱིས་དོན་བྱེད་ནུས་པས་སྟོང་པ་ཡིན་ནོ་ཞེས་གཏན་ཚིགས་དངོས་པོ་དང་། མི་མཐུན་ཕྱོགས་རྟག་པའི་གཞི་མཐུན་ལ་གནོད་པ་སྟོན་པའོ། །འདིར་བཀོད་ཚོད་ལ་དབང་ཕྱུག་རྟག་པར་བཀོད་ཀྱང་སོང་ཚོད་ལ་དེའི་སྒྲ་དོན་ཆོས་ཅན་དུ་སོང་བས་མ་གྲུབ་པའི་སྐྱོན་མེད་དོ། །ཕྱི་མ་འགོག་པ་ལ། གང་རེས་འགའ་སྐྱེ་ན་རྟག་པས་སྟོང་པས་ཁྱབ། དཔེར་ན་མར་མེའི་སྐད་ཅིག་ཐ་མ་བཞིན། སྒྲ་ཡང་རེས་འགའ་སྐྱེ་བ་ཡིན་ནོ་ཞེས་གཏན་ཚིགས་བྱས་པ་དང་། མི་མཐུན་ཕྱོགས་རྟག་པའི་གཞི་མཐུན་ལ་གནོད་པ་སྟོན་པར་བྱེད་པའོ། །འོ་ན་དེ་གཉིས་གང་རུང་གིས་ཁྱབ་པ་བསྒྲུབ་ནུས་པས་གཉིས་ཀ་བསྟན་མི་དགོས་སོ་ཞེ་ན། དེའི་ལན་ལ་ཁ་ཅིག གནོད་པ་ཅན་གྱི་ལམ་སྦྱོང་དུ་ལྟོས་མེད་ཀྱི་གཏན་ཚིགས་གསུངས་པ་ཡིན་ཏེ། གནོད་པ་ཅན་གྱིས་དངོས་པོ་ཐམས་ཅད་འཇིག་པར་བསྒྲུབ་པར་བྱེད་ཅིང་དེའི་གོང་དུ་ལྟོས་མེད་ཀྱི་དངོས་པོ་ཐམས་ཅད་རང་གི་རྒྱུ་ལས་གཞན་པའི་རྒྱུ་ལ་ལྟོས་མེད་དུ་འཇིག་པར་བསྒྲུབ་དགོས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། གཏན་ཚིགས་གཉིས་ཀྱིས་བསལ་བྱའི་ལོག་རྟོག་སོ་སོར་ཡོད་པའི་ཕྱིར་ཏེ། དངོས་པོ་ཐམས་ཅད་འཇིག་པར་འདོད་པ་ལ་གནོད་པ་ཅན་གྱི་གཏན་ཚིགས་མི་འཇུག མི་འཇིག་པར་འདོད་པ་ལ་ལྟོས་མེད་ཀྱི་གཏན་ཚིགས་མི་འཇུག་པའི་ཕྱིར་རོ། །དེས་ན་ལོག་རྟོག་གཉིས་ཀྱི་གཉེན་པོར་གཏན་ཚིགས་གཉིས་སོ་སོར་གསུངས་པ་ཡིན་ཏེ། དངོས་པོ་ཐམས་ཅད་མི་འཇིག་པའི་གཉེན་པོར་གནོད་པ་ཅན་དང་། སྤྱིར་འཇིག་ཀྱང་རང་གི་རྒྱུ་ལས་ཕྱིས་བྱུང་བའི་འཇིག་རྒྱུ་དོན་གཞན་ལ་ལྟོས་ནས་འཇིག་པའི་ལོག་རྟོག་གི་གཉེན་པོར་ལྟོས་མེད་ཀྱི་གཏན་ཚིགས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་བྱུང་འབྲེལ་པ་ངེས་བྱེད་ལ་གཉིས་ཏེ། ངེས་བྱའི་རྒྱུ་འབྲས་ངོས་བཟུང་བ་དང་། དེ་ཇི་ལྟར་ངེས་པའི་ཚུལ་ལོ། །དང་པོ་ནི། རྒྱུ་འབྲས་ཀྱི་མཚན་ཉིད་རིམ་བཞིན། རང་གི་དོན་གཞན་ཕྱི་མ་ལ་ཕན་བཏགས་སྟོབས་ཀྱིས་དེའི་རྗེས་སུ་འགྲོ་ལྡོག་བྱེད་པ་དང་། རང་གི་དོན་གཞན་སྔ་མས་ཕན་བཏགས་སྟོབས་ཀྱིས་དེའི་རྗེས་སུ་འགྲོ་ལྡོག་བྱེད་པའོ། །གཉིས་པ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི་ཁ་ཅིག ཚད་མ་ཕྲུགས་ལྔས་ངེས་ཏེ། དང་པོར་མེ་དུ་གཉིས་ཀ་མ་དམིགས་པའི་ཚད་མ། དེ་ནས་མེ་དམིགས་པའི་ཚད་མ། དེ་ནས་དུ་བ་དམིགས་པའི་ཚད་མ། དེ་ནས་མེ་མ་དམིགས་པའི་ཚད་མ། དེ་ནས་དུ་བ་མ་དམིགས་པའི་ཚད་མས་ངེས་པར་བྱེད་པའི་ཕྱིར་ཞེས་ཟེར་རོ། །མི་འཐད་དེ། གནས་སྐབས་རྗེས་སུ་འགྲོ་ལྡོག་ཕྲུགས་ལྔས་ཀྱང་རྒྱུ་འབྲས་སུ་ངེས་པར་བྱེད་མི་ནུས་རང་བཞིན་རྗེས་སུ་འགྲོ་ལྡོག་ཕྲུགས་གསུམ་གྱིས་ཀྱང་ངེས་པར་བྱེད་ནུས་པའི་ཕྱིར་རོ། །གཏན་ཚིགས་དང་པོ་གྲུབ་སྟེ། གཞན་དུ་ན་གནས་སྐབས་འགའ་ཞིག་ཏུ་རྔ་སྒྲ་དང་། ཉི་མའི་འོད་ཟེར་གཉིས་ཀ་མ་དམིགས། དེ་ནས་རྔ་སྒྲ་དམིགས། དེ་ནས་ཉི་མའི་འོད་ཟེར་དམིགས། དེ་ནས་རྔ་སྒྲ་མ་དམིགས། དེ་ནས་ཉི་མའི་འོད་ཟེར་མ་དམིགས་པ་ཡང་ཡོད་པས། དེ་གཉིས་ཀྱང་རྒྱུ་འབྲས་སུ་ཐལ་བའི་ཕྱིར་རོ། །གཏན་ཚིགས་གཉིས་པ་གྲུབ་སྟེ། རང་བཞིན་རྗེས་སུ་འགྲོ་ལྡོག་ལ་མ་དམིགས་པ་སྔོན་དུ་འགྲོ་བའི་རྗེས་འགྲོ་ཕྲུགས་གསུམ་དང་། དམིགས་པ་སྔོན་དུ་འགྲོ་བའི་ལྡོག་པ་ཕྲུགས་གསུམ་གང་རུང་གིས་རྒྱུ་འབྲས་སུ་ངེས་པར་བྱེད་ནུས་པའི་ཕྱིར་རོ། །གཞན་དུ་ཕྲུགས་ལྔ་ངེས་པར་དགོས་ན། རྒྱུ་འབྲས་ཡིན་ན། སྔོན་མཐའ་དང་ཕྱི་མཐའ་གཉིས་ཀར་ངེས་དགོས་པར་ཐལ། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཡིན་ན། དང་པོར་རྒྱུ་འབྲས་གཉིས་ཀ་མ་དམིགས་པ་དང་། མཐར་ཡང་རྒྱུ་འབྲས་གཉིས་ཀ་མ་དམིགས་པ་དགོས་པའི་ཕྱིར། ཁ་ཅིག་ཚད་མ་ཕྲུགས་གསུམ་གྱིས་ངེས་ཚུལ་ལ། དམིགས་པ་སྔོན་དུ་འགྲོ་བའི་ལྡོག་པ་ཕྲུགས་གསུམ་ཁོ་ན་དགོས་པར་འདོད་པ་ཡང་མི་འཐད་དེ། རྒྱུ་འབྲས་སུ་ངེས་ན་སྔོན་མཐའ་མ་ངེས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ལ། སྔོན་མཐའ་མ་ངེས་པའི་རྒྱུ་འབྲས་ངེས་པར་བྱེད་པའི་ཚུལ་དང་། ཕྱི་མཐའ་མ་ངེས་པའི་རྒྱུ་འབྲས་ངེས་པར་བྱེད་པའི་ཚུལ་གཉིས་ལས། དང་པོ་ནི། དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་སྟེ། དང་པོར་འབྲས་བུ་དུ་བ་སྐྱེ་བ་མཐོང་། དེ་ནས་སྐྱེ་བྱེད་ཀྱི་རྒྱུ་མ་མཐོང་། དེ་ནས་སྐྱེད་པའི་འབྲས་བུ་མ་མཐོང་བའི་གཞན་སེལ་གྱི་བློས་ངེས་པར་བྱེད་དོ། །ཕྱི་མ་ནི། མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ཏེ། དང་པོ་ས་ཕྱོགས་དག་པར་མེ་དུ་གཉིས་ཀ་སྣང་རུང་མ་དམིགས་པ་ལས་མེ་མཐོང་བའི་རྗེས་སུ་རྟོག་པས་མེའི་གཞན་སེལ་བཟུང་། དེ་ནས་དུ་བ་མཐོང་བའི་རྗེས་སུ་རྟོག་པས་དུ་བའི་གཞན་སེལ་བཟུང་ནས་ད་ལྟར་གྱི་དུ་བ་འདི་སྔར་གྱི་མེ་དེ་མེད་ན་མི་འབྱུང་ཞེས་རྟོག་བཅས་ཀྱི་བློས་འབྲེལ་བ་ངེས་པར་བྱེད་དོ། །གསུམ་པ་ནི། ཕྲུགས་གསུམ་གང་རུང་གིས་ངེས་ན་འབྲེལ་བརྟག་ལས། གང་ཞིག་མཐོང་ན་མ་མཐོང་མཐོང་། །དེ་མ་མཐོང་ན་མ་མཐོང་བ། །འབྲས་བུ་ཡིན་པ་ཉིད་དུ་ནི། །སྟོན་པའི་སྐྱེ་བོ་མེད་ཀྱང་ཤེས། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། ངེས་བྱེད་གཉིས་ཆར་གྱི་དབང་དུ་བྱས་པའི་ཕྱིར་རོ། །དེས་ན་རང་བཞིན་རྗེས་སུ་འགྲོ་ལྡོག་གི་དབང་དུ་བྱས་ན་ཕྲུགས་གསུམ་གང་རུང་གིས་ངེས་པར་བྱེད་ནུས་ཏེ། རྒྱུ་ལ་བརྟེན་པའི་མཐའ་གསུམ་ཁེགས་ཤིང་། འབྲས་བུའི་མཚན་ཉིད་རྗེས་སུ་འགྲོ་ལྡོག་གཉིས་གྲུབ་པའི་ཕྱིར་ཏེ། སྔར་མ་དམིགས་པས་རྒྱུ་གཞན་ལས་སྐྱེ་བ་ཁེགས་ཤིང་། འབྲས་བུའི་ལྡོག་པ་འགྲུབ་ལ་སྔར་མེད་པ་དང་ཕྱིས་སྐྱེ་བ་དམིགས་པ་གཉིས་ཀྱིས་གཏན་མི་སྐྱེ་བ་དང་། རྒྱུ་མེད་ལས་སྐྱེ་བ་ཁེགས་ཤིང་། འབྲས་བུའི་རྗེས་འགྲོ་འགྲུབ་པའི་ཕྱིར་རོ། །གཉིས་པ་མཚན་གཞི་ངོས་བཟུང་བ་ནི། ཁ་ཅིག་འབྲེལ་པ་དོན་རང་མཚན་གྱི་རྫས་སུ་འདོད་པ་མི་འཐད་དེ། དོན་རང་མཚན་ཕན་ཚུན་རྗེས་འགྲོ་མེད་པའི་ཕྱིར་རོ། །འགའ་ཞིག་སྒྲ་དོན་ཁོ་ན་ལ་འདོད་པ་མི་འཐད་དེ། སྒྲ་དོན་དངོས་མེད་ལ་འབྲེལ་པ་བྱས་པས་རང་མཚན་གོ་བར་མི་ནུས་པའི་ཕྱིར་རོ། །རང་ལུགས་ནི། སྒྲ་དོན་ལ་རང་མཚན་དུ་འཁྲུལ་པའི་གཞན་སེལ་གྱི་བློས། དུ་བ་དང་། མེ་དང་། བྱས་པ་དང་། མི་རྟག་པ་ལ་སོགས་པ་བཟུང་བ་ཉིད་ཡིན་ཏེ། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡིས་ངོ་བོ་ཉིད་དུ་རྟོགས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དེ་དག་གང་གིས་ངེས་པའི་ཚུལ་ལ་གཉིས་ཏེ། ཕྱོགས་རེས་ངེས་པ་གཞན་གྱི་ལུགས་དང་། གཉིས་ཀ་དགོས་པ་རང་གི་ལུགས་སོ། །དང་པོ་ལ་གཉིས་ལས། དཔྱོད་པས་ངེས་པ་ནི་ཁ་ཆེ་བདེ་བྱེད་དགའ་བ་ན་རེ། གནས་སྐབས་ཀྱི་འབྲེལ་པ་ཚད་མས་ངེས་ཀྱང་། རང་བཞིན་གྱི་འབྲེལ་པ་དཔྱོད་པས་ངེས་དགོས་སོ། །ཞེས་གསུངས་སོ། །ཚད་མས་ངེས་པ་ནི། ཉི་འོད་པའི་པཎྜི་ཏ་རྣམས་ཞལ་མཐུན་པས་སྔར་བཤད་པ་བཞིན་དུ་རྗེས་སུ་འགྲོ་ལྡོག་ངེས་པའི་ཚད་མས་འབྲེལ་པ་ངེས་པར་བྱེད་དེ། དཔེ་ལ་རྟགས་ཀྱི་མཚན་གཞི་འཛིན་པའི་ཚད་མ་དང་། དེ་མི་མཐུན་ཕྱོགས་ལ་འགོག་པའི་ཚད་མ་གཉིས་ཀྱིས་ཡོད་ན་ཡོད་པའི་རྗེས་འགྲོ་དང་། ལོག་ན་ལྡོག་པའི་ལྡོག་པ་གྲུབ་པས་སྤྱི་ཁྱབ་འགྲུབ་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི། ཚད་མ་ལ་མ་ལྟོས་པའི་དཔྱོད་པའང་གཞན་སེལ་ཕྱིན་ཅི་ལོག་སྲིད་པས་མི་ངེས་ལ། མངོན་སུམ་ཡང་མ་ངེས་ན་འཇུག་ལྡོག་གི་ཐ་སྙད་མི་འགྲུབ། དེས་ན་རྟོག་དཔྱོད་ལས་མ་འདས་པས་རྗེས་དཔག་གི་མི་མཐུན་ཕྱོགས་ལ་ཁེགས་ཀྱང་རྟོག་དཔྱོད་མེད་ན་མཐུན་ཕྱོགས་དང་འབྲེལ་པ་མི་གྲུབ་པས་ཚད་མའི་སྟོབས་ཀྱིས་སྐྱེས་པའི་ངེས་པ་རྟོག་དཔྱོད་ཀྱིས་འབྲེལ་པ་ངེས་ཏེ། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས་ཞེས་དང་། དཔྱོད་པ་ནི་དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །འབྲེལ་པ་རྟག་པའི་རབ་ཏུ་བྱེད་པ་སྟེ་དྲུག་པ་བཤད་ཟིན་ཏོ།། ༈ །།གཉིས་པ་འགལ་བའི་རྟོགས་ཚུལ་ལ་གཉིས་ཏེ། སྤྱིའི་མཚན་ཉིད་དང་། མཚན་གཞི་རབ་ཏུ་དབྱེ་བའོ། །དང་པོ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ནི་ཁ་ཅིག འགལ་བའི་མཚན་ཉིད་ཐ་དད་གཞི་མཐུན་མི་སྲིད་པའམ། གང་ཞིག་གྲུབ་ན་གང་ཞིག་བཀག་པ་ལ་མི་འཁྲུལ་བ་སྟེ། སྔོན་པོ་གྲུབ་ན་སྔོ་མིན་བཀག་པ་ལ་མི་འཁྲུལ་བ་ལྟ་བུའོ། །དབྱེ་ན་ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤངས་འགལ་གཉིས། དང་པོའི་མཚན་ཉིད། གང་ཞིག་གང་གིས་དབེན་ཞིང་སྤང་གཉེན་ནུས་ལྡན་རྒྱུན་འགྲོགས་སུ་མི་རུང་བའམ། གང་ཞིག་གང་གིས་དབེན་ཞིང་ཕན་ཚུན་ཕྲད་ན་གནོད་བྱེད་དུ་འགྱུར་བའོ། །དེ་ཡང་སྟོབས་མཉམ་ན་གནོད་པ་མཉམ་སྟེ། མཉམ་དུ་ཤི་བ་ལྟ་བུའོ། །སྟོབས་མི་མཉམ་ན་སྟོབས་ཆེ་བས་གནོད་པ་ཆེ་བ་དང་། སྟོབས་ཆུང་བས་གནོད་པ་ཆུང་བར་བྱེད་དེ། ནུས་པ་འགལ་བའི་ཕྱིར་རོ། །གཉིས་པའི་མཚན་ཉིད། ཆོས་གང་ཞིག་རང་གི་དགག་བྱས་དབེན་པའམ། གང་ཞིག་ཡིན་པ་གྲུབ་ན་དེ་མིན་བཀག་པ་ལ་མི་འཁྲུལ་བ་སྟེ། དཔེར་ན་སྔོན་པོ་ཡིན་པ་གྲུབ་ན། སྔོ་མིན་བཀག་པ་ལ་མི་འཁྲུལ་བ་ལྟ་བུའོ། །གལ་ཏེ་ཚ་གྲང་གཉིས་ཀྱི་རྒྱུན་ཕན་ཚུན་སྤངས་འགལ་དུ་འགྱུར་རོ་ཞེ་ན་འདོད་དེ། ཚ་གྲང་གཉིས་ལ་འགལ་བ་གཉིས་ངོ་བོ་གཅིག་ཏུ་ཡོད་པར་ཆོས་མཆོག་ཆུང་བ་ལས་བཤད་པའི་ཕྱིར། ཁ་ཅིག རྒྱུན་མི་ལྡོག་ཀྱང་ཞེས་པ་མཚན་ཉིད་ཀྱི་ཟུར་དུ་བསྣན་ནས་ལྷན་ཅིག་མི་གནས་འགལ་གཅོད་པར་འདོད་དོ། །དབྱེ་ན་དངོས་འགལ་དང་རྒྱུད་འགལ་གཉིས། དང་པོའི་མཚན་ཉིད། རྣམ་བཅད་དང་། ཡོངས་གཅོད་གྲུབ་སྡེ་རྫས་གཅིག་པའམ་གང་ཞིག་གང་གིས་དབེན་ཞིང་རང་གི་དགག་བྱ་རྣམ་པར་བཅད་ལྡོག་ཙམ་དུ་གནས་པ་སྟེ། གཞི་གཅིག་གི་སྟེང་དུ་སྔོ་མིན་བཀག་པས་སྔོན་པོ་གྲུབ་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། འགལ་ཟླ་གཉིས་ཀའམ་གང་རུང་གཅིག་རྣམ་བཅད་དང་ཡོངས་གཅོད་ཀྱིས་ཁྱད་པར་དུ་བྱས་པ་སྟེ། སྔོན་པོ་དང་། སེར་པོ་ལྟ་བུའོ། །དབྱེ་ན་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དང་མ་བྱས་པ་གཉིས་སོ། །དེ་དག་ཀྱང་རྫས་དང་ལྡོག་པ་འགལ་བའི་སྒོ་ནས་དྲུག་ཏུ་འགྱུར་ཏེ། རྫས་དངོས་འགལ་ནི་རྟག་པ་དང་མི་རྟག་པ་ལྟ་བུའོ། །རྫས་ལ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་ནི་རྟག་པ་དང་། བྱས་པ་ལྟ་བུའོ། །མ་བྱས་པ་ནི་སྔོན་པོ་དང་། སེར་པོ་ལྟ་བུའོ། །ལྡོག་པ་དངོས་འགལ་ནི་མེད་དགག་ཡིན་མིན་དང་། གཏན་ཚིགས་ཡིན་མིན་ལྟ་བུའོ། །ལྡོག་པ་ལ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་ནི་མེད་དགག་དང་། ཤེས་བྱའི་ལྡོག་པ་ལྟ་བུ་དང་། གཏན་ཚིགས་མ་ཡིན་པ་དང་། བྱས་པའི་གཏན་ཚིགས་ལྟ་བུའོ། །མ་བྱས་པ་ནི་བྱས་ལྡོག་དང་། མི་རྟག་པའི་ལྡོག་པ་ལྟ་བུའོ། །ཞེས་སྨྲའོ། །གཉིས་པ་ནི། དེ་དག་ནི་ཆོས་ཀྱི་གྲགས་པའི་དགོངས་པ་མ་ཡིན་ཏེ། དུ་བ་དེ་མེ་དང་འགལ་བ་དང་། བྱས་ལྡོག་དེ་མི་རྟག་པའི་ལྡོག་པ་དང་འགལ་བར་འགྱུར་ཏེ། དེ་ལ་འགལ་བ་སྤྱིའི་མཚན་ཉིད་དང་། བྱེ་བྲག་ཕན་ཚུན་སྤངས་འགལ་གྱི་མཚན་ཉིད་ཚང་བའི་ཕྱིར་རོ། །འདོད་ན། དུ་བ་དེས་མེ་འགོག་པ་དང་བསྒྲུབ་པ་གཉིས་ཀ་ནུས་པར་ཐལ་བ་དང་། བྱས་པ་དེས་མི་རྟག་པ་འགོག་པ་དང་བསྒྲུབ་པ་གཉིས་ཀ་ནུས་པར་ཐལ། དེ་གཉིས་དེ་དག་ལ་འགལ་བ་དང་འབྲེལ་པའི་གཞི་མཐུན་ཡིན་པའི་ཕྱིར། མ་ཁྱབ་ན་འགལ་བ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་པ་དང་། འབྲེལ་པ་རྟགས་སུ་བཀོད་ནས་འབྲེལ་ཡུལ་བསྒྲུབ་པའི་རྣམ་གཞག་མི་འཐད་པར་ཐལ་ལོ། །དུ་བ་ཆོས་ཅན། མེ་ལ་གནོད་བྱེད་དུ་ཐལ། མེ་དང་འགལ་བའི་ཕྱིར། ཁྱབ་སྟེ། རྣམ་ངེས་ལས། དེའི་ཕྱིར་བསྒྲུབ་པར་བྱ་བ་གནོད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ལྷན་ཅིག་མི་གནས་འགལ་ཕན་ཚུན་སྤངས་འགལ་གྱི་བྱེ་བྲག་ཏུ་འདོད་པ་ཡང་མི་འཐད་དེ། དེ་གཉིས་གང་ལ་གནས་པའི་ཡུལ་དང་བྱེད་པ་ཐ་དད་པའི་ཕྱིར་ཏེ། ལྷན་ཅིག་མི་གནས་འགལ་ནི་ཡུལ་འགལ་ཟླ་གཉིས་ཀ་དངོས་པོར་ཡོད་པ་ལ་གནས། བྱེད་པ་འགལ་ཟླ་ཡོད་པར་འགོག ཕན་ཚུན་སྤངས་འགལ་ནི་ཡུལ་འགལ་ཟླ་གང་རུང་གཅིག་དངོས་པོར་མེད་པ་ལ་གནས། བྱེད་པ་འགལ་ཟླ་ཡིན་པ་འགོག་པའི་ཕྱིར། ལྷན་ཅིག་མི་གནས་འགལ་ཕན་ཚུན་གནོད་བྱེད་དུ་འདོད་པ་ཡང་མི་འཐད་དེ། བདག་འཛིན་དེ་བདག་མེད་རྟོགས་པའི་ཤེས་རབ་ལ་གནོད་བྱེད་དུ་ཐལ་བའི་ཕྱིར་རོ། །བརྒྱུད་འགལ་ལ་དངོས་འགལ་གྱིས་ཁྱད་པར་དུ་མ་བྱས་པ་ཡོད་པ་ཡང་མི་འཐད་དེ། བརྒྱུད་འགལ་དུ་འཇོག་པ་དེ་དངོས་འགལ་ལ་རག་ལས་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི་ཤེས་བྱ་ཐམས་ཅད་གཅིག་དང་ཐ་དད་གཉིས་སུ་འདུས་པ་ལས། དང་པོ་ལ་འགལ་བ་བཞག་ཏུ་མེད་ཅིང་། གཉིས་པ་ལ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང་། གཅིག་པ་བཀག་པའི་ཐ་དད་དང་། རྫས་ཐ་དད་དང་གསུམ་ལས། དང་པོ་ལ། བདག་གཅིག་གི་འབྲེལ་པ་འཇོག་པས་འགལ་བ་མི་སྲིད་ཅིང་། གཉིས་པ་ལ། ཕན་ཚུན་སྤངས་འགལ་འཇོག་གོ །གསུམ་པ་ལ། གནོད་བྱ་གནོད་བྱེད་དང་། ཕན་བྱ་ཕན་བྱེད་དང་། ཕན་གནོད་གང་ཡང་མེད་པ་གསུམ་ལས། དང་པོ་ལ་ལྷན་ཅིག་མི་གནས་འགལ་འཇོག་སྟེ། ཚ་གྲང་ལྟ་བུའོ། །གཉིས་པ་ལ། དེ་བྱུང་གི་འབྲེལ་པ་འཇོག་སྟེ། མེ་དུ་ལྟ་བུའོ། །གསུམ་པ་ལ། འགལ་འབྲེལ་གང་ཡང་མེད་དེ། སྔོ་སེར་ལྟ་བུའོ། །དེ་ལ་འགལ་བའི་མཚན་ཉིད་དུ། ཆོས་གང་ཞིག ཆོས་གཞན་ལ་གནོད་པར་བྱེད་པ་ཞེས་གསུངས་པ་ནི་གཞི་ལ་མ་བཀར་བའི་སྐྱ་རིས་ཙམ་ཡིན་ལ། གཞི་ལ་བཀར་ན། ཆོས་གང་ཞིག་ཆོས་གཞན་ལ་གནོད་པར་བྱེད་པ་དེ་ཆོས་གཞན་དེ་དང་འགལ་བའི་མཚན་ཉིད་ཡིན་ནོ། །གསུམ་པ་ནི་ཁ་ཅིག རྟོག་གེའི་གཞུང་ལས་གནས་སྐབས་འགའ་ཞིག་ཏུ་སྔོ་སེར་ལ་སོགས་པ་འགལ་བར་བཤད་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དེ་ནི་རྟ་དང་འབྲེལ་བའི་བ་གླང་ཞེས་འབྲེལ་བའི་མིང་གིས་བཏགས་པ་བཞིན་དུ་ཐ་དད་ཕན་ཚུན་ཡིན་པར་མི་སྲིད་པ་ཙམ་ལ་འགལ་བའི་མིང་གིས་བཏགས་པ་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་མཚན་ཉིད་དེ་མི་འཐད་དེ། ཆོས་གཅིག་ལ་འགལ་བ་བཞག་ཏུ་མེད་པའི་ཕྱིར་རོ། །དེས་ན་གནོད་བྱ་གནོད་བྱེད་དུ་འགྱུར་བ་དེ་འགལ་བའི་མཚན་ཉིད་ཡིན་ཏེ། འགལ་བར་འཇོག་པ་ལ་ཆོས་གཉིས་དགོས་པའི་ཕྱིར། ཞེས་ཟེར་རོ། །འོ་ན་ཚ་བ་དང་གཤེར་བ་དེ་མེ་ཆུའི་མཚན་ཉིད་དུ་བཞག་ན་ཅིས་འགོག གལ་ཏེ་མི་འཐད་དེ། ཚ་བས་ཆུ་ལ་མ་ཁྱབ། གཤེར་བས་མེ་ལ་མ་ཁྱབ། དེ་གཉིས་ལྷན་ཅིག་ཏུ་ཚོགས་པ་མེད། མཚན་ཉིད་སོ་སོར་འཇོག་ན། མཚོན་བྱ་ཡང་སོ་སོར་འགྱུར་བའི་ཕྱིར་རོ་ཞེ་ན། སྔ་མ་ལ་ཡང་མཚུངས་ཏེ། གནོད་བྱེད་ཀྱིས་གནོད་བྱ་ལ་མ་ཁྱབ། དེ་གཉིས་ལྷན་ཅིག་ཏུ་ཚོགས་པ་ནི་མེད། མཚན་ཉིད་སོ་སོར་འཇོག་ན་མཚོན་བྱ་ཡང་སོ་སོར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཕན་བྱ་ཕན་བྱེད་དུ་གྱུར་པ་དེ་རྒྱུ་འབྲས་ཀྱི་མཚན་ཉིད་དུ་ཐལ་བ་སོགས་མཐའ་ཡས་པ་བརྗོད་པར་བྱའོ། །གནད་ཀྱི་དོན་ནི་དུ་བ་མཚན་གཞིར་གཟུང་ནས་མེ་དང་འབྲེལ་ཞེས་འཇོག་པ་བཞིན་དུ་གནོད་བྱེད་མཚན་གཞིར་བཟུང་ནས་གནོད་བྱ་དེ་དང་འགལ་ཞེས་འཇོག་དགོས་སོ། །འདི་ལ་ཡང་གཞི་གཅིག་གི་སྟེང་དུ་མ་བཟུང་བར་སྤྱི་ཙམ་གྱིས་དབང་དུ་བྱས་ན་ཕན་ཚུན་གནོད་བྱ་གནོད་བྱེད་ཡིན་པ་དང་། གནོད་བྱེད་ཁོ་ན་ཡིན་པ་དང་། གནོད་བྱ་ཁོ་ན་ཡིན་པ་གསུམ་ཡོད་པ་ལས། དང་པོ་ནི། རྟག་མི་རྟག་ལྟ་བུའོ། །གཉིས་པ་ནི། བདག་མེད་རྟོགས་པའི་ཤེས་རབ་དེ་བདག་འཛིན་ལ་གནོད་བྱེད་ཁོ་ན་ཡིན་པ་ལྟ་བུའོ། །གསུམ་པ་ནི། དེ་ལས་ལྡོག་པ་ལྟ་བུའོ། །གཞི་གཅིག་གི་སྟེང་དུ་ཕན་ཚུན་གནོད་བྱ་གནོད་བྱེད་ཡིན་པ་ནི་མི་སྲིད་དེ། བུམ་པའི་སྟེང་དུ་རྟག་པས་མི་རྟག་པ་ལ་གནོད་པ་མི་སྲིད་པའི་ཕྱིར་དང་། ནམ་མཁའི་སྟེང་དུ་མི་རྟག་པས་རྟག་པ་ལ་གནོད་པ་མི་སྲིད་པའི་ཕྱིར་རོ། །འདི་ནི་ཁོ་བོས་རྟོགས་སོ། །གཉིས་པ་མཚན་གཞིའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤངས་འགལ་ལོ། །དང་པོ་ལ་བཞི་སྟེ། ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། འགལ་བ་གནས་པའི་ཡུལ། གནོད་བྱ་བཟློག་པའི་དུས། འགལ་བ་ངེས་བྱེད་ཀྱི་ཚད་མའོ། །དང་པོ་ལ་ཁ་ཅིག ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། དངོས་པོ་གཉིས་ལ་གནས་པའི་གནོད་བྱ་གནོད་བྱེད། ཅེས་ཟེར་བ་དེ་མི་འཐད་དེ། གནོད་བྱ་གནོད་བྱེད་ཚོགས་པའི་སྤྱི་མི་སྲིད་ཅིང་། ཡ་གྱལ་འགོད་ན་རྒྱུ་འབྲས་ཀྱི་མཚན་ཉིད་ལྟར་མ་ཁྱབ་བོ། །དེས་ན་རང་ལུགས་ལ་འགལ་བ་གནས་པའི་ཡུལ་གནོད་བྱ་གནོད་བྱེད་གཉིས་ལ་མཚན་ཉིད་སོ་སོར་འཇོག་ཅིང་། དེ་ལ་གནས་པའི་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། སྤྱི་གཅིག་ཏུ་འཇོག་པ་ནི་འཇམ་པའི་དབྱངས་ཀྱི་དགོངས་པ་སྟེ། རང་གི་རྒྱུན་མ་གཏུགས་པར་འབྱུང་བ་ན་ཆོས་གཞན་ཉེ་བས་ནུས་མེད་དུ་སྐྱེ་བ་དེ་ལྷན་ཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱེད་མཚན་ཉིད། རྒྱུན་མ་གཏུགས་པར་འབྱུང་བ་ཅན་གཞན་ནུས་མེད་དུ་སྐྱེད་པར་བྱེད་པ་དེ། ལྷན་ཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱེད་ཀྱི་མཚན་ཉིད། ཆོས་གང་ཞིག ཆོས་གཞན་ཡོད་པ་ལ་གནོད་བྱེད་དེ་ཆོས་གཞན་དེ་དང་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། དབྱེ་ན་བློའི་ངོ་བོར་གྱུར་པའི་ལྷན་ཅིག་མི་གནས་འགལ་དང་། དོན་གྱི་ངོ་བོར་གྱུར་པའི་ལྷན་ཅིག་མི་གནས་འགལ་གཉིས། དང་པོ་ནི། ངེས་ཤེས་དང་སྒྲོ་འདོགས་ལྟ་བུའོ། །གཉིས་པ་ནི། ཚ་རེག་དང་གྲང་རེག་ལྟ་བུའོ། །གཉིས་པ་ནི། ལྷན་ཅིག་མི་གནས་འགལ་ནི་ངོ་བོ་གཅིག་པ་དང་། འགལ་ཟླ་དངོས་པོར་མེད་པ་ལ་མི་གནས་ཏེ། ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་གནོད་བྱེད་གཉིས་ཀ་ཡང་དངོས་པོར་ཡོད་དགོས་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ཚ་རེག་དང་གྲང་རེག་སྐད་ཅིག་དང་པོ་ལ་ཕྲད་ན་ལྷན་ཅིག་མི་གནས་འགལ་མ་ཡིན་ཅིང་། ཕྲད་མ་ཐག་ཏུ་བཅོམ་པ་ཡིན་ན་གནོད་བྱ་གནོད་བྱེད་དུས་མཉམ་དུ་འགྱུར་རོ་ཞེ་ན། འདིའི་ལན་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི་ཁ་ཅིག སྤང་གཉེན་གཉིས་བྱ་རྫོགས་ཀྱི་སྐད་ཅིག་གསུམ་གྱི་བར་དུ་ལྷན་ཅིག་ཏུ་གནས་ནས་གསུམ་པ་ལ་སྤང་བྱའི་རྒྱུན་ལྡོག་པ་ཡིན་ནོ། །ཞེས་ཟེར་རོ། །ཁ་ཅིག་ད་ལྟར་ནས་སྤང་གཉེན་གཉིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་རྒྱུན་རིང་དུ་འགྲོགས་པ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། རྒྱུན་ཡུན་རིང་དུ་ལྷན་ཅིག་ཏུ་གནས་ན་ལྷན་ཅིག་མི་གནས་འགལ་ཡིན་པར་འགལ་བའི་ཕྱིར་རོ། །ཆོས་མཆོག་གིས། ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་ལ་གྲང་རེག་ནུས་མེད་དུ་སྐྱེ། ཤིན་ཏུ་མྱུར་ན་སྐད་ཅིག་གསུམ་པ་ལ་གྲང་རེག་གི་རྒྱུན་ལྡོག ལྡོག་པ་བུལ་བའི་མུ་མཐའ་ནི་གཟུང་དུ་མེད་དོ། །ཞེས་ཟེར་རོ། །མི་འཐད་དེ། སྐད་ཅིག་གཉིས་པ་ལ་གྲང་རེག་ནུས་མེད་དུ་སྐྱེ་བ་མི་འཐད་པར་ཐལ། ཚ་རེག་དང་ཕྲད་པའི་གྲང་རེག་སྐད་ཅིག་མ་གཉིས་པ་དེས་རང་གི་རིགས་འདྲ་ཕྱི་མ་སྐྱེད་པ་སྲིད་པའི་ཕྱིར། རྟགས་ཁས། གཉིས་པ་ལ། དོན་གྱི་ངོ་བོར་གྱུར་པའི་གནོད་བྱ་ལྡོག་པའི་དུས་དང་། བློའི་ངོ་བོར་གྱུར་པའི་གནོད་བྱ་ལྡོག་པའི་དུས་གཉིས་ལས། དང་པོ་ནི། ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་ཕྲད། དེ་གཉིས་ཕྲད་པའི་ཚ་རེག་སྐད་ཅིག་མ་དང་པོས་ལྷན་ཅིག་བྱེད་རྐྱེན་དང་། གྲང་རེག་སྐད་ཅིག་མ་དང་པོས་ཉེར་ལེན་བྱས་ནས་སྐད་ཅིག་གཉིས་པ་ལ་རང་གི་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་པ་མེད་པའི་གྲང་རེག་སྐྱེ། སྐད་ཅིག་གསུམ་པ་ལ་གྲང་རེག་མི་སྐྱེ་བ་ལ་རྒྱུན་ལྡོག་པར་འཇོག་པ་ཡིན་ནོ། །གལ་ཏེ་ནུས་མེད་དུ་སྐྱེ་བ་ལ། ཕྲད་དགོས་པ་ལ། སྣང་མུན་གཉིས་ཕྲད་པ་མེད་དོ་ཅེ་ན་མི་འགལ་ཏེ། མུན་པའི་སྐད་ཅིག་སྔ་མས་སྣང་བ་དང་ཉེ་བའི་སྐད་ཅིག་ཕྱི་མ་སྐྱེད་པའི་ཚེ། སྣང་བའི་སྐད་ཅིག་སྔ་མས་མུན་པ་དང་ཉེ་བའི་སྐད་ཅིག་ཕྱི་མ་སྐྱེད་ལ། དེ་ནས་སྣང་བ་དང་ཉེ་བའི་མུན་པ་ནུས་མེད་དུ་སྐྱེའོ། །ཕྱིས་མུན་པ་ནུས་མེད་འགགས་པ་ཉིད་སྣང་བ་སྐྱེས་པ་ཡིན་པས་སྐྱེ་འགག་དུས་མཉམ་སྟེ། སྲང་མདའི་མཐོ་དམན་བཞིན་ནོ། །གཉིས་པ་ནི། སྐད་ཅིག་དང་པོ་ལ་ངེས་ཤེས་ཀྱི་དངོས་རྒྱུ་དང་སྒྲོ་འདོགས་ནུས་མེད་གཉིས་དངོས་སུ་ཕྲད། སྐད་ཅིག་གཉིས་པ་ལ་ངེས་ཤེས་སྐྱེད་པ་དང་སྒྲོ་འདོགས་ཀྱི་རྒྱུན་ལྡོག་པ་ཡིན་ནོ། །གསུམ་པ་ལ། དོན་གྱི་འགལ་བ་ལ་རྩོད་པ་སྤོང་བ་དང་། བློའི་འགལ་བ་ལ་རྩོད་པ་སྤོང་བ་གཉིས་ཡོད་པ་ནི་གཞུང་དོན་གྱི་སྐབས་སུ་ཤེས་པར་བྱའོ། །བཞི་པ་ལ་གསུམ་སྟེ། དོན་ལ་འགལ་བ་དགག བློ་ངོར་འགལ་བ་བསྒྲུབ། འགལ་བ་རྟགས་སུ་སྦྱོར་བའི་ཚུལ་ལོ། །དང་པོ་ནི། དོན་ལ་འགལ་བ་མ་གྲུབ་སྟེ། ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་དང་གནོད་བྱེད་གཉིས་ནི་རྒྱུ་འབྲས་ཡིན་པས་དེ་བྱུང་འབྲེལ་དོན་ལ་གྲུབ་པ་འགོག་པའི་རིགས་པ་རྣམས་ཀྱིས་ཁེགས་ལ། ཕན་ཚུན་སྤང་འགལ་གྱི་འགལ་ཟླ་གང་རུང་གཅིག་དངོས་པོར་མེད་པས་དངོས་པོར་མེད་པ་ལ་དོན་ལ་གྲུབ་པའི་འགལ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། བློ་ངོར་འགལ་བ་གྲུབ་སྟེ། གནོད་བྱེད་ནུས་ལྡན་དང་གནོད་བྱ་ནུས་མེད་གཉིས་མངོན་སུམ་ཕྲུགས་གསུམ་གྱིས་རྒྱུ་འབྲས་སུ་ངེས་པར་བྱེད་ཅིང་། ཕན་ཚུན་སྤངས་འགལ་གྱི་འགལ་ཟླ་གང་རུང་གཅིག་ཚད་མས་བཀག་ཅིང་། ཅིག་ཤོས་ཚད་མས་གྲུབ་པ་ལ་འགལ་བར་སྒྲོ་འདོགས་པའི་ཕྱིར་རོ། །གསུམ་པ་ནི་འོག་ཏུ་འཆད་དོ། །གཉིས་པ་ཕན་ཚུན་སྤངས་འགལ་ལ་གསུམ་སྟེ། གཅིག་དང་ཐ་དད་ཀྱི་རྣམ་གཞག ཐ་དད་ལ་འགལ་བ་འཇོག་པའི་ཚུལ། ཕན་ཚུན་སྤངས་འགལ་ཉིད་བཤད་པའོ། །དང་པོ་ལ། ཐ་དད་ཀྱི་རྣམ་གཞག་དང་། གཅིག་གི་རྣམ་གཞག་གཉིས། དང་པོ་ལ། རྫས་ཐ་དད་ནི་རྒྱུ་རྐྱེན་ཐ་དད་ལས་སྐྱེས་པ་སྟེ། སཱ་ལུའི་མྱུ་གུ་དང་། ནས་ཀྱི་མྱུ་གུ་ལྟ་བུའོ། །ལྡོག་པ་ཐ་དད་ནི་ཤེས་པ་ལ་རྣམ་པ་ཐ་དད་དུ་སྣང་བ་སྟེ། བྱས་མི་རྟག་ལྟ་བུའོ། །གཉིས་པ་ལ། རྫས་གཅིག་ནི་རྒྱུ་རྐྱེན་གཅིག་ལས་སྐྱེས་པ་སྟེ། བྱས་མི་རྟག་ལྟ་བུའོ། །ལྡོག་པ་གཅིག་ནི་ཤེས་པ་ལ་རྣམ་པ་གཅིག་ཏུ་འཆར་བ་སྟེ། བྱས་པ་དང་བྱས་པ་ལྟ་བུའམ་ཚད་མ་དང་ཡང་དག་ཤེས་པ་ལྟ་བུའོ། །གཉིས་པ་ནི། ཐ་དད་ལ་ཕན་བྱ་ཕན་བྱེད་དང་། གནོད་བྱ་གནོད་བྱེད་དང་། དེ་གཉིས་གང་ཡང་མ་ཡིན་པ་གསུམ་ལས། བར་པ་ཉིད་ལ་འཇོག་གོ །གསུམ་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི་ཁ་ཅིག ཕན་ཚུན་གནོད་བྱ་གནོད་བྱེད་དུ་གྱུར་ཅིང་འགལ་ཟླ་དངོས་པོར་མ་གྲུབ་པ་ཞེས་ཟེར་བ་མི་འཐད་དེ། གནོད་བྱ་གནོད་བྱེད་ཚོགས་པའི་སྤྱི་མི་སྲིད་ཅིང་། ཡ་གྱལ་མཚན་ཉིད་དུ་འཇོག་ན་ཅིག་ཤོས་ལ་མ་ཁྱབ་པའི་ཕྱིར་རོ། །རང་ལུགས་ནི། ཆོས་གང་ཞིག་ཆོས་གཞན་ཡིན་པ་ལ་གནོད་བྱེད་དེ་ཆོས་གཞན་དེ་དང་ཕན་ཚུན་སྤངས་འགལ་གྱི་མཚན་ཉིད། གཉིས་པ་ལ་དངོས་འགལ་དང་བརྒྱུད་འགལ་གཉིས། དང་པོའི་མཚན་ཉིད་ལ་ཁ་ཅིག རང་གི་དགག་བྱ་རྣམ་པར་བཅད་ལྡོག་ཙམ་དུ་གནས་པ་ཞེས་ཟེར་བ་མི་འཐད་དེ། སྔོན་པོ་ཆོས་ཅན། སྔོ་མིན་རྣམ་པར་བཅད་ལྡོག་ཙམ་དུ་གནས་པར་ཐལ། དེ་དང་དངོས་འགལ་ཡིན་པའི་ཕྱིར། འདོད་ན། སྔོ་འཛིན་རྟོག་པའི་སྣང་ཡུལ་དུ་ཐལ་ལོ། །ཁ་ཅིག་རྣམ་བཅད་ལ་དགག་བྱ་རྣམ་པར་བཅད་ནས་ཡོངས་གཅོད་ལ་དེར་གྲུབ་པ་ཞེས་ཟེར་བ་མི་འཐད་དེ། དངོས་པོ་ཆོས་ཅན། འདུས་མ་བྱས་དང་དངོས་འགལ་དུ་ཐལ། རྣམ་བཅད་ལ་འདུས་མ་བྱས་རྣམ་པར་བཅད་ནས་ཡོངས་གཅོད་ལ་འདུས་བྱས་སུ་གྲུབ་པའི་ཕྱིར། རང་ལུགས་ནི། ཆོས་གང་ཞིག་ཆོས་གཞན་ཡིན་པ་ལ་དངོས་སུ་གནོད་བྱེད་དང་བརྒྱུད་ནས་གནོད་བྱེད་དེ་རིམ་པ་བཞིན། ཆོས་གཞན་དེ་དང་དངོས་འགལ་དང་། བརྒྱུད་འགལ་གྱི་མཚན་ཉིད་དོ། །ཡང་ན་རང་མིན་དང་དངོས་འགལ་གྱི་མཚན་ཉིད། རང་མིན་འགོག་པའོ། །དཔེར་ན་རྟག་པ་དང་མི་རྟག་པ་ལྟ་བུའོ། །རང་མིན་གྱི་ཁྱབ་བྱེད་འགོག་པ་དེ། རང་མིན་གྱི་ཁྱབ་བྱེད་དེ་དང་བརྒྱུད་འགལ་གྱི་མཚན་ཉིད། དཔེར་ན། བྱས་པ་དང་། རྟག་པ་དང་། དངོས་པོ་དང་། རྟག་དངོས་དང་། ངེས་དངོས་དང་། ལྟོས་བཅས་ལྟ་བུའོ། །བརྒྱུད་འགལ་ཡིན་ན། དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དགོས་པའི་དོན་ཡང་། དངོས་འགལ་གྱི་འགལ་ཟླ་གནོད་བྱེད་དེ་དང་ཡིན་ཁྱབ་མཉམ་ཡིན་པ་དང་། དེའི་བྱེ་བྲག་ཐམས་ཅད་དངོས་འགལ་གྱི་གནོད་བྱ་དེ་དང་བརྒྱུད་འགལ་ཡིན་ལ། དངོས་འགལ་གྱི་གནོད་བྱ་དགག་པ་དེ་དང་ཡིན་ཁྱབ་མཉམ་དང་། དེའི་བྱེ་བྲག་ཐམས་ཅད་ནི་གནོད་བྱེད་དེ་དང་བརྒྱུད་འགལ་མ་ཡིན་ཏེ། གནོད་བྱ་དེ་གནོད་བྱེད་དེ་དང་དངོས་འགལ་མ་ཡིན་པའི་ཕྱིར་རོ། །རང་མིན་གྱི་ཁྱབ་བྱེད་འགོག་པའི་དོན་ཡང་བྱས་པའི་རང་མིན་ནི་མ་བྱས་པ་ཡིན་ལ། དེའི་ཁྱབ་བྱེད་ནི་རྟག་པ་ཡིན་པས་དེ་འགོག་པ་ཡིན་ནོ། །གལ་ཏེ་ཀ་བ་དང་བུམ་པ་ཕན་ཚུན་སྤངས་འགལ་མ་ཡིན་ན། དེ་གཉིས་གཅིག་ཡིན་པ་གྲུབ་པས་ཅིག་ཤོས་ཡིན་པ་འགོག་མི་ནུས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། བུམ་པ་ཡིན་པ་རྟགས་སུ་བཀོད་ནས་ཀ་བ་མ་ཡིན་པར་བསྒྲུབ་པའི་རྟགས་ཡང་དག་ནི་མེད་ཅིང་། བུམ་པ་ཡིན་པའི་རྒྱུ་མཚན་གྱིས་ཀ་བ་མ་ཡིན་པར་གྲུབ་པ་ནི་དེ་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་སྟོབས་ཀྱིས་ཡིན་གྱིས་ཕན་ཚུན་སྤངས་འགལ་གྱི་སྟོབས་ཀྱིས་མ་ཡིན་པའི་ཕྱིར་རོ། །དེས་ན་ཕན་ཚུན་སྤངས་ཏེ་གནས་པ་ཙམ་གྱི་དགག་བྱ་ནི་སྣང་རུང་མ་དམིགས་པའི་རྟགས་ཀྱིས་འགོག་སྟེ། འདི་ལྟར་བུམ་པ་ཆོས་ཅན། ཀ་བ་མ་ཡིན་ཏེ། ཀ་བ་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུའོ། །ཕན་ཚུན་སྤངས་འགལ་ལ་དངོས་འགལ་གྱི་འགལ་ཟླ་རྟགས་སུ་བཀོད་ནས་ཅིག་ཤོས་འགོག་པའི་རྟགས་ཡང་དག་ནི་མེད་ཅིང་། དེས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་སྟེ། འདི་ལྟར་བུམ་པ་ཆོས་ཅན། རྟག་དངོས་མ་ཡིན་ཏེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །འགལ་བ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བདུན་པའོ། །ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་རྣམས་བཤད་ཟིན་ཏོ།། ༈ །།གཉིས་པ་ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ཀྱི་རྣམ་གཞག་དང་། མཚོན་གཞི་སོ་སོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་མཚན་མཚོན་གཞི་གསུམ་གྱི་རང་བཞིན། བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ། མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། ཤེས་བྱ་ལ་ཆོས་གསུམ་གྱིས་ཁྱབ་པར་བསྒྲུབ་པ། ཁྱབ་བྱེད་ཆོས་གསུམ་གྱི་རང་བཞིན་ངེས་པར་བྱ་བ། ཆོས་གསུམ་སོ་སོའི་རྣམ་གཞག་གོ །དང་པོ་ནི། ཤེས་བྱ་ཐམས་ཅད་ལ་མཚན་ཉིད། མཚོན་བྱ། མཚན་གཞི་གསུམ་གྱིས་ཁྱབ་པར་རང་རིག་གི་སྟོབས་ཀྱིས་འགྲུབ་སྟེ། ཤེས་བྱའི་རྣམ་པ་གང་ཡང་རུང་བ་གཅིག་བློ་ཡུལ་དུ་འཆར་བ་ན་གཞན་དང་མི་འདྲ་བའི་རྣམ་པ་དང་། དེ་ཉིད་ལ་སྒྲ་བློ་མ་འཁྲུལ་བས་ཞེན་དུ་རུང་བ་དང་། དེའང་གཞི་དང་བཅས་པར་འཆར་བའི་ཕྱིར་རོ། །དཔང་ལོས། ལཀྵཎ་ཅེས་པའི་སྒྲ་གཅིག་ཉིད་ལོ་ཙཱ་བས་རེས་མཚན་གཞི་དང་། རེས་མཚོན་བྱ་ལ་བསྒྱུར་བ་ཡིན་པས་འདི་གཉིས་དོན་གཅིག་ལ། དེང་སང་མཚན་མཚོན་གཞི་གསུམ་གྱི་སྦྱོར་བ་བྱེད་པ་ནི་གཞུང་ལུགས་ཆེན་པོའི་བརྡ་ཆད་མ་ཡིན་ཏེ། གཞན་དུ་ན་ཤེས་བྱ་ཤེས་བྱེད་ཤེས་གཞི་གསུམ། བརྗོད་བྱ་རྗོད་བྱེད་བརྗོད་གཞི་གསུམ་ལ་སོགས་པ་ཡང་དགོས་པར་ཐལ་བའི་ཕྱིར་རོ། །ཞེས་གསུངས་སོ། །འདི་ལ་རྣམ་པར་ཕྱེ་བར་བྱ་སྟེ། སྤྱིར་མཚན་ཉིད་ལ་མཚོན་བྱ་ལ་མཚན་ཉིད་དུ་བྱས་པ་དང་། མཚོན་བྱེད་ལ་མཚན་ཉིད་དུ་བྱས་པ་གཉིས། ཕྱི་མ་ལ་འདུས་བྱས་ཀྱི་མཚན་ཉིད་མི་རྟག་པ་ལྟ་བུ་ངོ་བོ་གཏན་ལ་འབེབས་པའི་མཚན་ཉིད་དང་། མི་རྟག་པའི་མཚན་ཉིད་སྐད་ཅིག་མ་ལྟ་བུ་དེ་མིན་ལས་འབྱེད་པའི་མཚན་ཉིད་གཉིས་ལས། དང་པོ་ལ། མཚོན་བྱ་དང་མཚན་གཞི་དོན་གཅིག་སྟེ། སྡུག་བསྔལ་བདེན་པའི་མཚན་ཉིད་མི་རྟག་སོགས་བཞི་པོ་དེས་མཚན་གཞི་ཉེར་ལེན་གྱི་གཟུགས་ཕུང་ལྟ་བུ་ཡང་མཚོན་དགོས་པའི་ཕྱིར་རོ། །འདི་ལ་དགོངས་ནས་མངོན་པ་དང་། རྩ་ཤེར་ལས། མཚོན་བྱ་དང་མཚན་གཞི་དོན་གཅིག་ཏུ་གསུངས་སོ། །ཕྱི་མ་ལྟར་ན། མཚོན་བྱ་དང་མཚན་གཞི་དོན་མི་གཅིག་སྟེ། ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་གསུངས་པ་དེས་མཚན་གཞི་མངོན་རྗེས་གང་རུང་རེ་རེ་མཚོན་མི་ནུས་པའི་ཕྱིར་རོ། །མཚན་མཚོན་གཞི་གསུམ་གྱི་སྦྱོར་བ་བྱེད་པ་རྣམས་ནི་འདི་ལ་དགོངས་ལ། འདི་ཉིད་རྟོག་གེའི་གཞུང་ལུགས་རྣམས་ལས་བཤད་དེ། ཚད་མ་མདོར། གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཆོས་ལྔ་གསུངས་པ་ལ། རྣམ་འགྲེལ་དུ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་གཅོད་པའི་སྒོ་ནས་མཚན་ཉིད་རྣམ་དག་ཏུ་འགྱུར་བ་གསུངས་ལ། དེའི་ཚེ་མཚོན་བྱ་དང་མཚན་གཞི་ཁྱད་པར་མེད་ན་ཆོས་ལྔ་པོ་དེས་སྒྲ་དང་མི་རྟག་པའི་ཚོགས་དོན་ལ་ཡང་སྐྱོན་གསུམ་གཅོད་ནུས་པར་ཐལ་བའི་ཕྱིར་རོ། །གཞུང་ལུགས་ཆེན་པོའི་བརྡ་ཆད་མིན་ན། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་འདོགས་ཕྱིར་ནི་མཚན་གཞི་དང་། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་ཕྱེ་བས་ཡང་དག་བཤད། །ཅེས་གསུངས་པ་ཇི་ལྟར་དྲང་། འདི་ལ་ཡང་། ཕན་གདགས་ཕྱིར་ནི་ཤེས་གཞི་དང་། །ཞེས་སོགས་ཀྱིས་སུན་འབྱིན་སྨྲའམ་དེས་ན་ལེགས་པར་སོམས་ལ་སྨྲོས་ཤིག གཉིས་པ་ལ། མཚན་ཉིད། མཚོན་བྱ། མཚན་གཞི་གསུམ་ལས། དང་པོ་ལ་གསུམ་སྟེ། མཚན་ཉིད་ལ་མཚན་ཉིད་མི་དགོས་པ་འདོད་པ་དགག དགོས་པའི་མཚན་ཉིད་གཞག དེའི་བསལ་བྱ་སྐྱེན་ཅན་གྱི་རབ་ཏུ་དབྱེ་བའོ། །དང་པོ་ནི་ཁ་ཅིག མཚན་ཉིད་ལ་མཚན་ཉིད་གཞན་མི་དགོས་ཏེ། དོན་ལྡོག་རྫས་ཡོད་ཡིན་པའི་ཕྱིར་དང་། དགོས་ན་ཐུག་མེད་དུ་འགྱུར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག མཚན་ཉིད་ལ་ཡང་མཚན་ཉིད་ཀྱི་དོན་དང་ཐ་སྙད་གཉིས་ལས། དོན་ལ་མཚན་ཉིད་གཞན་མི་དགོས་ཀྱང་དོན་དེ་མཚན་གཞིར་བཞག་ནས་མཚན་ཉིད་ཀྱི་ཐ་སྙད་དུ་མཚོན་པའི་མཚན་ཉིད་འཇོག་པ་ཡིན་ལ། དེ་རྫས་ཡོད་ཡིན་པའི་གཏན་ཚིགས་མ་གྲུབ་བོ་ཞེས་ཟེར་རོ། །ཁ་ཅིག་དོན་ལ་དགོས་ཀྱང་སྐྱོན་མེད་དེ། ཐ་སྙད་གཉིས་པའི་མཚན་ཉིད་བ་ལང་གི་ཐ་སྙད་ལ་མཚན་ཉིད་ནོག་སོགས་འདུས་པ་དགོས་པ་བཞིན་ནོ། །དེ་ལྟར་ན་མཚན་ཉིད་ཀྱི་ཐ་སྙད་ཐུག་མེད་ཡིན་ཏེ། དཔེར་ན་གཏན་ཚིགས་བཞིན་ནོ་ཞེས་ཟེར་རོ། །དེ་ལ་དང་པོ་མི་འཐད་དེ། མཚན་ཉིད་ལ་མཚན་ཉིད་དགོས་ཀྱང་མཚན་ཉིད་ཐུག་མེད་དུ་མི་འགྱུར་ཏེ། སྦྱོར་བ་གསུམ་པར་ཐུག་པའི་ཕྱིར་རོ། །ཕྱི་མ་ཡང་མི་འཐད་དེ། རྣམ་འཇོག་གི་རྒྱུ་མ་ངེས་པར་རྣམ་གཞག་གི་འབྲས་བུ་ངེས་སམ་མ་ངེས། ངེས་ན་མཚན་ཉིད་དགོས་པ་མེད་པར་འགྱུར་ཏེ། མཚན་ཉིད་མེད་ཀྱང་མཚོན་བྱ་གོ་བའི་ཕྱིར། མ་ངེས་ན་རྩ་བའི་མཚན་ཉིད་ངེས་པ་མི་སྲིད་པར་ཐལ། མཚན་ཉིད་ཐུག་མེད་ཀྱི་ཕྱི་མ་ངེས་པ་མི་སྲིད་པའི་ཕྱིར་རོ། །དེས་ན་རང་ལུགས་ནི་མཁས་པས་གཏན་ཚིགས་དང་། མཚན་ཉིད་ཀྱི་དོན་མཐོང་བ་ཙམ་གྱིས་ཐ་སྙད་འགྲུབ་ལ། བླུན་པོ་ལ་དེ་དག་གི་མཚན་ཉིད་རྟགས་སུ་བཀོད་པའི་ཐ་སྙད་བསྒྲུབ་ཀྱིས་འགྲུབ་ཅིང་། ཤིན་ཏུ་བླུན་པོ་ལ་ནོག་ལྐོག་ཤལ་གྱི་དོན་ལྡོག་གཉའ་བར་ཤ་སྤུངས་པ་དང་མགྲིན་པར་པགས་པ་འཕྱང་བ་ལ་སོགས་པ་བརྡ་དོན་སྦྲེལ་དགོས་པ་སྲིད་དོ། །དེ་ཙམ་བརྗོད་ཀྱང་མི་གོ་བ་ནི་ཐ་སྙད་བསྒྲུབ་ཀྱི་ཡུལ་མ་ཡིན་ནོ། །འོ་ན་བླུན་པོ་ལ་ཐ་སྙད་ཇི་ལྟར་བསྒྲུབ་སྙམ་ན། ནོག་སོགས་འདུས་པ་མཚན་ཉིད་དུ་བསྒྲུབ་པ་ན་གང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཡིན་ན། མཚན་ཉིད་ཡིན་པས་ཁྱབ། དཔེར་ན་ལྟོ་ལྡིར་བ་བཞིན། ནོག་སོགས་འདུས་པའང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཡིན་ནོ། །ཞེས་པས་འགྲུབ་ཅིང་། དེ་ཉིད་མཚན་ཉིད་ཡིན་པ་ཡང་གང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ལ་མཚན་ཉིད་ཀྱི་བརྡ་སྦྱར་ཏེ། ཡལ་ག་དང་ལྡན་པ་ལ་ཤིང་གི་བརྡ་སྦྱར་བ་བཞིན། ཞེས་པ་ཉིད་ཀྱིས་འགྲུབ་ལ། སྦྱོར་བ་འདི་གཏོགས་ཀྱང་བྱེ་བྲག་ལ་བཀར་ཏེ་བརྗོད་པ་ཉིད་ཀྱིས་ཤེས་པར་སླའོ། །གཉིས་པ་ལ། དགག་བཞག་གཉིས་ལས། དང་པོ་ལ་ཁ་ཅིག མཚན་ཉིད་ཀྱི་མཚན་ཉིད་མཚོན་བྱ་རྣམ་འཇོག་གི་རྒྱུ་མཚན་ཞེས་ཟེར་བ་མི་འཐད་དེ། དེ་ལྟར་ན་རྟགས་ཀྱི་མཚན་ཉིད་ཀྱང་བསྒྲུབ་བྱ་གོ་བྱེད་དུ་ཐལ་བའི་ཕྱིར་རོ། །འགའ་ཞིག་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ལ། ཆོས་གསུམ་པོ་ཡང་སྤྱིར་མཚན་ཉིད་ཡིན་པ། རང་གི་མཚོན་བྱ་ལས་གཞན་གྱི་མཚན་ཉིད་མ་ཡིན་པ། མཚན་གཞི་ལ་གྲུབ་པ་ཡིན་ནོ། །ཞེས་ཟེར་བ་དང་། འགའ་ཞིག་མཚོན་བྱའི་དོན་ལྡོག་གཞི་ལ་གྲུབ་པ་ཅེས་ཟེར་བ་གཉིས་ཀ་ཡང་མི་འཐད་དེ། མཚན་ཉིད་དུ་གོ་བ་མཚོན་བྱ་ལ་ལྟོས་དགོས་པའི་ཕྱིར་རོ། །གཉིས་པ་ནི། དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་སྟེ། དངོས་འགལ་གཅོད་པ་ཞེས་པས་རིགས་མི་མཐུན་རྣམ་པར་གཅོད་ལ། འོ་ན་མཚོན་བྱ་དང་མཚན་གཞི་ཡང་དེར་འགྱུར་རོ་སྙམ་ན་དོན་ལྡོག་ཅེས་པས་མཚོན་བྱ་དང་མཚན་གཞིའི་ལྡོག་པ་གཅོད་དོ། །གྲུབ་པ་ཞེས་པ་ནི་དོན་ལྡོག་སྟེ་བློས་གང་ལ་གྲུབ་པའི་གཞི་རང་མཚན་དང་སྒྲ་དོན་སོ་སོར་མ་ཕྱེ་བའི་ལྟོ་ལྡིར་བ་ལྟ་བུ་གཟུང་ངོ་། །འདིར་རྩ་ཚིག་ཚིགས་སུ་བཅད་པའི་ངོར་བྱས་ནས་དངོས་འགལ་གཅོད་པའི་དོན་ལྡོག་ཡིན་ཞེས་པ་སྒྲ་ཇི་བཞིན་དུ་འཇོག་པ་ནི་འབྲེལ་པར་གྲུབ་པ་ཞེས་པའི་ཚིག་རྣམ་པ་ཐམས་ཅད་དུ་སྦྱར་བའི་ནུས་པ་འཐོན་པའོ། །གསུམ་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། བོད་སྔ་རབས་པ་རྣམས། མཚན་ཉིད་ཀྱི་སྐྱོན་བསྡུ་ན་རང་ལྡོག་རྫས་སུ་མ་གྲུབ། དོན་ལྡོག་གཞན་འགྱུར། མཚན་གཞི་ལ་མི་གནས་པ་དང་གསུམ། དང་པོ་ནི། མཚན་ཉིད་གང་ཞིག རང་གི་ཐ་སྙད་ལས་རང་དབང་དུ་མ་གྲུབ་པ་སྟེ། དབྱེ་ན། བ་ལང་གི་མཚན་ཉིད་དུ་བ་ལང་ཉིད་ལྟ་བུ་རང་གི་ཐ་སྙད་དང་། བ་ལང་གི་མགོ་བོ་ལྟ་བུ་རང་གི་ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བཀོད་པ་གཉིས་སོ། །གཉིས་པ་ནི། རང་གི་ཐ་སྙད་ལས་རང་དབང་དུ་གྲུབ་ཀྱང་། རང་མཚོན་བྱའི་དོན་ལྡོག་མ་ཡིན་པའོ། །དབྱེ་ན་བཞི་སྟེ། རྟར་མཚོན་པ་ལ་ནོག་སོགས་འདུས་པ་ལྟ་བུ་མི་སྲིད་པ་དང་། བ་ལང་གི་མཚན་ཉིད་དུ་ལྐོག་ཤལ་ཁྲ་བོ་བཀོད་པ་ལྟ་བུ་མ་ཁྱབ་པ་དང་། བ་ལང་གི་མཚན་ཉིད་དུ་མགོ་ལྡན་ལྟ་བུ་ཁྱབ་ཆེས་པ་དང་། མི་རྟག་པའི་མཚན་ཉིད་རྒྱུ་རྐྱེན་གྱིས་བསྐྱེད་པ་ལྟ་བུ་ཁྱབ་མཉམ་པའི་དོན་ལྡོག་གཞན་འགྱུར་རོ། །གསུམ་པ་ནི། རང་གི་ཐ་སྙད་ལས་རང་དབང་དུ་གྲུབ་ཀྱང་གང་མཚོན་པར་བྱ་བའི་གཞི་ལ་ཇི་ལྟར་དགོད་བྱ་ལྟར་མ་གྲུབ་པའོ། །དབྱེ་ན་བཞི་སྟེ། འགལ་ནས་མི་གནས་པ། ལྡོག་པ་ཐ་དད་མེད་ནས་མི་གནས་པ། དོན་ལྡོག་ཐ་དད་མེད་ནས་མི་གནས་པ། མཚན་གཞིའི་ཕྱོགས་གཅིག་ལ་མ་ཁྱབ་ནས་མི་གནས་པའོ། །དཔེར་བརྗོད་རིམ་པ་ལྟར། རྟ་དང་། ནོག་སོགས་འདུས་པ་དང་། བ་ལང་དང་། སྲོག་ཆགས་ཙམ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུའོ། །ཞེས་ཟེར་རོ། །དེ་དག་ནི་མི་འཐད་དེ། འདི་དག་སྦྱོར་བར་བཀོད་ནས་སྐྱོན་བརྩི་ན་མཚན་ཉིད་མཚོན་བྱ་ལས་དོན་ལྡོག་གཞན་དུ་གྱུར་པ་སྐྱོན་དུ་མི་འཐད་དེ། སྟོང་ཉིད་མེད་དགག་ཏུ་མཚོན་པ་ལ་བསྒྲུབ་ཆོས་དོར་བ་བཀོད་པའི་ཚེ། བསྒྲུབ་ཆོས་དོར་བ་མེད་དགག་གི་ཐ་སྙད་ལ་མི་སྲིད་པའི་དོན་ལྡོག་གཞན་འགྱུར་དུ་ཐལ་བའི་ཕྱིར་རོ། །སྦྱོར་བར་མ་བཀོད་པ་ལ་སྐྱོན་བརྩི་ན་མཚན་གཞི་ལ་མི་གནས་པ་མི་དགོས་ཏེ། བ་ལང་གི་མཚན་ཉིད་དུ་ནོག་སོགས་འདུས་པ་བཀོད་པ་སྐྱོན་མེད་ཡིན་པའི་ཕྱིར་རོ། །གཞུང་གི་དགོངས་པ་ཡང་མ་ཡིན་ཏེ། རིགས་པའི་གཙུག་རྒྱན་གཉིས་ཀྱིས་ཀུན་བཏུས་དང་སྡེ་བདུན་ལས་མ་བཤད་པའི་ཕྱིར་རོ། །གཉིས་པ་རང་ལུགས་གཞག་པ་ནི། མཚན་ཉིད་ཀྱི་སྐྱོན་ཐམས་ཅད་བསྡུ་ན་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་དུ་འདུས་ཏེ། རང་ལྡོག་རྫས་སུ་མ་གྲུབ་པ་ལ་སོགས་པ་གསུམ་པོའང་སྐྱོན་དུ་འགྲོ་བའི་ཆ་ཐམས་ཅད་གསུམ་པོ་འདིར་འདུས་པའི་ཕྱིར་དང་། སློབ་དཔོན་གྱིས་ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་སྤོང་བ་གཞུང་ལས་གསུངས་པའི་ཕྱིར་དང་། ཕྱོགས་གླང་གིས་གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད། ངོ་བོའི་དོན་སོགས་ཆོས་ལྔ་གསུངས་པའང་རྣམ་འགྲེལ་དུ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་སེལ་བར་གསུངས་པའི་ཕྱིར་དང་། སྒྲའི་རྣམ་གཅོད་ཀྱང་མི་ལྡན་དང་། གཞན་ལྡན་དང་། མི་སྲིད་རྣམ་གཅོད་གསུམ་དུ་འདུས་པར་གཞན་དོན་ལེའུར་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་སྐྱོན་ཅན་གསུམ་པོ་རེ་རེ་ལ་ཡང་མཚན་ཉིད་དང་དབྱེ་བ་གཉིས་གཉིས་ལས། མ་ཁྱབ་པའི་སྐྱོན་ཅན་གྱི་མཚན་ཉིད། མཚན་ཉིད་གང་ཞིག མཚན་གཞིའི་ཕྱོགས་གཅིག་ལ་མ་གྲུབ་པ། དཔེར་ན་བ་ལང་གི་མཚན་ཉིད་ནོག་སོགས་འདུས་པ་ཁྲ་བོ་བཀོད་པ་ལྟ་བུའོ། །ཁྱབ་ཆེས་པའི་སྐྱོན་ཅན་གྱི་མཚན་ཉིད། མཚན་ཉིད་གང་ཞིག མཚན་གཞི་ལ་ཁྱབ་ཅིང་མཚོན་འདོད་མེད་པར་ཞུགས་པ། དཔེར་ན་བ་ལང་གི་མཚན་ཉིད་མགོ་ལྡན་བཀོད་པ་ལྟ་བུའོ། །མི་སྲིད་པའི་སྐྱོན་ཅན་གྱི་མཚན་ཉིད། གང་ཞིག་མཚོན་འདོད་ལ་ཇི་ལྟར་དགོད་བྱ་ལྟར་མ་གྲུབ་པའོ། །དབྱེ་ན་གཉིས་ཏེ། རང་ལྡོག་མ་གྲུབ་ནས་མི་སྲིད་པ་དང་། རང་ལྡོག་གྲུབ་ཀྱང་མཚོན་འདོད་ལ་མི་སྲིད་པའོ། །དང་པོ་ལ། རང་གི་ཐ་སྙད་དང་། ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བཀོད་པ་གཉིས། གཞན་གྱི་ཐ་སྙད་དང་། ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བཀོད་པ་གཉིས་ཏེ་བཞིའོ། །གཉིས་པ་ལ་གསུམ་སྟེ། ངོ་བོ་ཐ་དད་ནས་མི་སྲིད་པ། རང་ལྡོག་ཐ་དད་མེད་ནས་མི་སྲིད་པ། དོན་ལྡོག་ཐ་དད་མེད་ནས་མི་སྲིད་པའོ། །དང་པོ་ལ། དངོས་པོའི་ཆོས་ལ་དཔེར་བརྗོད་ན། རྫས་ཐ་དད་པ། རྟ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུ་དང་། ལྡོག་པ་ཐ་དད་པ་བྱས་པའི་མཚན་ཉིད་སྐད་ཅིག་མ་བཀོད་པ་ལྟ་བུའོ། །དངོས་མེད་ཀྱི་ཆོས་ལ་དོན་སྤྱི་དངོས་མེད་དུ་མཚོན་པ་ལ། དབང་ཤེས་འཁྲུལ་པས་བཟུང་བ་བཀོད་པ་ལྟ་བུའོ། །གཉིས་ཀའི་ཆོས་ལ་ཤེས་བྱ་མེད་དགག་ཏུ་མཚོན་པ་ལ་བློའི་ཡུལ་དུ་བྱར་མི་རུང་བ་བཀོད་པ་ལྟ་བུའོ། །གཉིས་པ་ནི། གཞི་ལྡོག་མཚན་ཉིད་དུ་བཀོད་པ་སྟེ། དངོས་པོ་ལ་ནོག་སོགས་འདུས་པ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུའོ། །དངོས་མེད་དང་གཉིས་ཀའི་ཆོས་ལ་ཡང་འགྲེའོ། །གསུམ་པ་ནི། རང་གི་མཚོན་བྱ་མཚན་གཞིར་བྱས་པ་ལ་མཚན་ཉིད་བཀོད་པ་སྟེ། དངོས་པོ་ལ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུ་དང་། གཞན་གཉིས་ལ་ཡང་བགྲེའོ། །གསུམ་པ་རྩོད་པ་སྤོང་བ་ནི་གལ་ཏེ་མཚན་ཉིད་ཀྱི་སྐྱོན་འདི་དག་མཚན་གཞིར་བཀོད་པ་ལ་བརྩི་ན། བ་ལང་གི་མཚན་ཉིད་ལྐོག་ཤལ་ཁྲ་བོ་བཀོད་པ་འདི་མ་ཁྱབ་པར་མི་འགྱུར་ཏེ། དཀར་ཟལ་ལ་བཀོད་ན་སྐྱོན་མེད་དུ་འགྱུར་ཞིང་། ནག་སྒུར་ལ་བཀོད་ན་མི་སྲིད་པར་འགྱུར་བའི་ཕྱིར་རོ། །མ་བཀོད་པ་ལ་བརྩི་ན་མཚན་གཞིའི་སྐྱོན་ཐམས་ཅད་མི་འཐད་པར་མཚུངས་སོ་ཞེ་ན། སྐྱོན་ཐམས་ཅད་བཀོད་པ་ལ་བརྩི་ཡང་སྐྱོན་སྔ་མ་མེད་དེ། དཀར་ཟལ་མཚན་གཞིར་འཇོག་ལ། དེ་བ་ལང་ཙམ་དུ་མཚོན་པའི་ཚེ། ནོག་སོགས་འདུས་པ་ཁྲ་བོས་མ་ཁྱབ་པའི་ཕྱིར་རོ། གཉིས་པ་མཚོན་བྱ་ལ་ཡང་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་མཚན་མཚོན་དོན་ལ་རྫས་གཅིག་ཏུ་འདོད་པ་མི་འཐད་དེ། མཚན་ཉིད་མཐོང་བའི་དབང་ཤེས་དེ་མཚོན་བྱ་མིང་གི་ཁྱད་པར་དུ་བྱས་པ་དེ་མཐོང་བས་རྟོག་བཅས་སུ་འགྱུར་བའི་ཕྱིར་རོ། །ཁ་ཅིག་ཐ་སྙད་མཚོན་བྱའི་མཚན་གཞིར་འདོད་པ་ཡང་མི་འཐད་དེ། བརྡའི་དུས་སུ་མཚན་ཉིད་རྒྱུ་མཚན་དུ་བྱས་ནས་བཏགས་པ་དེ་ཕྱིས་མཚན་ཉིད་མཐོང་བས་བརྡ་དྲན་པར་བྱས་ནས་གཟོད་ཐ་སྙད་ལ་འཇུག་པར་གསུངས་པའི་ཕྱིར་རོ། །གཉིས་པ། རང་ལུགས་ནི་མཚོན་བྱའི་མཚན་ཉིད། རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པ་སྟེ། རྒྱུ་མཚན་ཅན་ཞེས་པ་ནི་ལྟོ་ལྡིར་བ་ལྟ་བུ་རྒྱུ་མཚན་དུ་བྱས་ནས་ཞེས་པའི་དོན་ཡིན་ལ། སྒྲ་ནི་ཐ་སྙད་བརྗོད་པའི་སྒྲ་དང་། བློ་ནི་དེ་ངེས་པའི་ངེས་ཤེས་ཏེ། དེ་གང་ལ་གྲུབ་པ་རང་མཚན་དང་། སྒྲ་དོན་སོ་སོར་མ་ཕྱེ་བའི་བུམ་པ་ལྟ་བུའོ། །གསུམ་པ་རྩོད་པ་སྤོང་བ་ནི། མཚན་མཚོན་རྫས་གཅིག་མ་ཡིན་ན། རང་བཞིན་གྱི་རྟགས་སུ་འགལ་ལོ་ཞེ་ན་སྐྱོན་མེད་དེ། གཞན་སེལ་གྱི་བློས་གཅིག་ཏུ་བཟུང་ནས་དེའི་འོག་ཏུ་ལྡོག་པ་སོ་སོར་ཕྱེ་སྟེ་ངོ་བོ་གཅིག་ཏུ་བསྒྲུབ་པ་ལ་རང་བཞིན་གྱི་རྟགས་སྦྱར་བས། ཀུན་ཏུ་ཐ་སྙད་པའི་མཚན་མ་ལ་མི་བསླུ་བར་གྲུབ་པའི་ཕྱིར་རོ། །གསུམ་པ་མཚན་གཞི་ལ་གཉིས་ཏེ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། མཚན་ཉིད་ཀྱི་རྟེན་བྱེད་པའོ། །བོད་དག མཚན་མཚོན་སྐྱོན་མེད་ཟུང་གཅིག་གི་རྟེན་བྱེད་པ་ཞེས་འདོད་པ་ནི། མཚན་ཉིད་དང་ལྡན་པའི་གཞི་ཐོག་མར་ངོས་བཟུང་ནས་མཚན་ཉིད་དེས། མཚན་གཞི་དེ་ལ་མཚོན་བྱ་གསར་དུ་བསྒྲུབ་དགོས་པའི་དོན་མ་རྟོགས་པའོ། །གཉིས་པ་དབྱེ་བ་ལ། མཚན་གཞི་མཚན་ཉིད་པ། བ་ལང་གི་མཚན་གཞིར་དཀར་ཟལ་གཟུང་པ་ལྟ་བུ་དང་། བཏགས་པ་བ་སྐྱོན་ཡོན་བརྩི་བའི་གཞིར་གྱུར་པ་བ་ལང་གི་མཚན་གཞིར་རྟ་ལྟ་བུ་གཉིས་སོ། །གསུམ་པ་ཆོས་གསུམ་སོ་སོའི་རྣམ་གཞག་ལ་གཉིས་ཏེ། ཇི་ལྟར་མཚོན་པའི་ཚུལ་དང་། ཕན་ཚུན་ངེས་པའི་རྣམ་གཞག་གོ །དང་པོ་ལ། རང་ལྡོག་ཡིན་པར་མཚོན་ཚུལ་དྲུག གཞན་ལྡོག་མིན་པར་མཚོན་ཚུལ་དྲུག་ལས། དང་པོ་ནི། ནོག་སོགས་འདུས་པ་མཚན་གཞིར་བཞག་ནས་མཚན་ཉིད་ཡིན་པར་མཚོན། དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཞེས་སྤྱིར་མཚན་ཉིད་དུ་མཚོན་པ་དང་། ཡང་དེ་མཚན་གཞི་བ་ལང་གི་མཚན་ཉིད་ཡིན་པར་མཚོན། བ་ལང་གི་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་ཅེས་བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚན་ཉིད་དུ་མཚོན་ཚུལ་གཉིས་དང་། དེ་བཞིན་དུ་བ་ལང་གི་ཐ་སྙད་མཚན་གཞིར་བཟུང་ནས་སྤྱིར་མཚོན་བྱར་མཚོན་པ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚོན་བྱར་མཚོན་ཚུལ་གཉིས་དང་། དཀར་ཟལ་མཚན་གཞིར་བཟུང་ནས་སྤྱིར་མཚན་གཞི་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚན་གཞིར་མཚོན་ཚུལ་གཉིས་ཀྱང་བསྒྲེས་ཏེ་ཤེས་པར་བྱའོ། །གཉིས་པ་ནི། བ་ལང་གི་ཐ་སྙད་དང་། དཀར་ཟལ་མཚོན་གཞིར་བཞག་ནས་སྤྱིར་མཚན་ཉིད་མ་ཡིན་པར་མཚོན། དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་མ་ཡིན་པ་ཞེས་སྤྱིར་མཚོན་ཚུལ་དང་། བ་ལང་གི་མཚན་ཉིད་མ་ཡིན་པར་མཚོན། བ་ལང་གི་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་མ་ཡིན་པ་ཞེས་བྱེ་བྲག་གི་མཚོན་ཚུལ་གཉིས་དང་། དེ་བཞིན་དུ་ནོག་སོགས་འདུས་པ་དང་། དཀར་ཟལ་མཚན་གཞིར་བཟུང་ནས་སྤྱིར་མཚོན་བྱ་མ་ཡིན་པ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚོན་བྱ་མ་ཡིན་པར་མཚོན་ཚུལ་གཉིས་དང་། ཡང་བ་ལང་གི་ཐ་སྙད་དང་ནོག་སོགས་འདུས་པ་མཚན་གཞིར་བཟུང་ནས་སྤྱིར་མཚན་གཞི་མ་ཡིན་པ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚན་གཞིར་མ་ཡིན་པར་མཚོན་ཚུལ་གཉིས་ཏེ་དྲུག་གོ །དེ་ལྟར་དྲུག་ལས། བཞི་ཡང་དག་ཡིན་ཅིང་། དཀར་ཟལ་སྤྱིར་མཚན་གཞི་མ་ཡིན་པར་མཚོན་པ་དང་། བ་ལང་གི་ཐ་སྙད་དང་ནོག་སོགས་འདུས་པ་སྤྱིར་མཚན་གཞི་མ་ཡིན་པར་མཚོན་པ་གཉིས་ཡང་དག་མ་ཡིན་ཏེ། བ་ལང་ཁྲ་བོའི་ཐ་སྙད་མཚོན་པ་ལ་མཚན་ཉིད་སྐྱོན་མེད་ཡིན་པ་སྲིད་པའི་ཕྱིར་དང་། སྐབས་ཐོབ་ཀྱིས་ཆོས་ཐམས་ཅད་མཚན་གཞི་སྐྱོན་མེད་དུ་འགྱུར་བ་སྲིད་པའི་ཕྱིར་རོ། །གཉིས་པ་ནི། མཚན་མཚོན་གཉིས་གྲངས་མཉམ་སྟེ། མཚན་ཉིད་གཅིག་ལ་མཚོན་བྱ་དུ་མ་དང་། མཚོན་བྱ་གཅིག་ལ་མཚན་ཉིད་དུ་མ་མི་སྲིད་པའི་ཕྱིར། རྟོག་པས་གཅིག་ཏུ་བཟུང་བ་ཡིན་ཏེ། ལྟོ་ལྡིར་བ་འདི་ནི་བུམ་པའོ་ཞེས་བཟུང་བའི་ཕྱིར། མཚན་ཉིད་རྫས་ཡོད་དང་། མཚན་བྱ་བརྟགས་ཡོད་དུ་ངེས་ཏེ། མཚན་ཉིད་དོན་གྱི་ལྡོག་པ་དང་། མཚོན་བྱ་མིང་གིས་ཁྱད་པར་དུ་བྱས་པའི་ཕྱིར། འདིའི་རྫས་ཡོད་རྫས་སུ་གྲུབ་པའི་ཆོས་ནི་མ་ཡིན་ནོ། །ཁ་ཅིག་མཚན་མཚོན་དོན་ལ་རྫས་གཅིག་ཏུ་འདོད་པ་ནི་བཀག་ཟིན་ལ། ཉན་ཐོས་སྡེ་པ། འདུས་བྱས་ཀྱི་མཚན་ཉིད། སྐྱེ་གནས་རྒ་འཇིག་མཚོན་བྱ་འདུས་བྱས་ལས་རྫས་གཞན་དུ་འདོད་པ་ཡང་མི་འཐད་དེ། མཚན་ཉིད་དེ་མཚོན་བྱ་ངོ་བོ་དབྱེར་མེད་དུ་ནི་མཚོན་མི་ནུས་པ་ཁས་བླངས་ལ། ཐ་དད་ལྡན་པར་མཚོན་ན་འདུས་བྱས་བུམ་པ་ལྟ་བུ་དེ་མི་རྟག་པ་དང་ལྡན་པར་འགྱུར་གྱི་མི་རྟག་པ་མ་ཡིན་པར་འགྱུར་རོ། །ཁ་ཅིག་ས་བོན་གཅིག་གིས་འབྲས་བུ་དུ་མ་བསྐྱེད་པ་དང་། བསྒྲུབ་བྱ་གཅིག་ལ་གཏན་ཚིགས་དུ་མ་རུང་བ་ལྟར་མཚན་ཉིད་གཅིག་གིས་མཚོན་བྱ་དུ་མ་མཚོན་པ་དང་། མཚན་ཉིད་དུ་མས་མཚོན་བྱ་གཅིག་མཚོན་པས་གྲངས་མི་མཉམ་ཞེས་གསུངས་པ་གཉིས་ཀ་མི་འཐད་དེ། མཚན་ཉིད་དེས་མཚོན་བྱ་དེ་དེ་མ་ཡིན་ལས་ཐ་དད་དུ་མ་ཕྱེ་ན་མཚོན་བྱ་དེ་མཚོན་མི་ནུས་ལ། འབྱེད་ན་དེ་མིན་དུ་མཚོན་མི་ནུས་པའི་ཕྱིར་ཏེ། དེ་མིན་དེ་དང་འགལ་བའི་ཕྱིར་རོ། །འོ་ན་མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་ཀ་ཚད་མའི་མཚན་ཉིད་དང་། ངོ་བོའི་དོན་སོགས་ཆོས་ལྔ་གཞན་དོན་བསྒྲུབ་བྱ་ཡང་དག་དང་། གཞན་དོན་ཕྱོགས་ཡང་དག་གཉིས་ཀྱི་མཚན་ཉིད་དུ་ཁས་བླངས་ཏེ། ཉེས་པ་ཁྱེད་རང་ལའང་མཚུངས་སོ་སྙམ་ན། མ་ཡིན་ཏེ། མི་བསླུ་མ་ཤེས་དོན་གསལ་གཉིས་མཚན་ཉིད་གཅིག་ཡིན་པའི་ཕྱིར་དང་། གཞན་དོན་བསྒྲུབ་བྱ་ཡང་དག་དང་། གཞན་དོན་ཕྱོགས་ཡང་དག་གཉིས་ཀྱང་མཚོན་བྱ་གཅིག་ཡིན་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ངོས་གཟུང་བ་དང་། དེས་སྒྲོ་འདོགས་ཇི་ལྟར་གཅོད་པའི་ཚུལ་ལོ། །དང་པོ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། སློབ་དཔོན་གྱིས་གཞུང་ལས། ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་དང་། མ་ཤེས་དོན་གསལ་གཉིས་གསུངས་པ་དེ། མཚན་ཉིད་རྣམ་གྲངས་པའམ་སོ་སོ་བ་ཡིན་ཞེ་ན། སློབ་དཔོན་ལྷ་དབང་བློ་ནི་གང་རུང་རེ་རེ་ཀྱང་སོ་སོར་མཚོན་ནུས་པས་མཚན་ཉིད་སོ་སོར་འདོད་དེ། འགྲེལ་པར། དེ་ལྟར་ན་མཚན་མའི་མཚན་ཉིད་མི་བསླུ་བ་གཅིག་བཤད་དོ། །མ་ཤེས་དོན་གྱི་གསལ་བྱེད་ཀྱང་གཞན་མཚན་ཉིད་གཉིས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རྒྱན་མཛད་པས་དོན་དམ་པའི་ཚད་མ་དང་། ཐ་སྙད་པའི་ཚད་མ་གཉིས་ལས། དང་པོའི་མཚན་ཉིད་མ་ཤེས་དོན་གསལ་ཡིན་གྱི། མི་བསླུ་བ་མ་ཡིན་ཏེ། བཅད་པའི་དོན་ཐོབ་པ་མེད་པའི་ཕྱིར་རོ། །ཕྱི་མའི་མཚན་ཉིད། མི་བསླུ་བ་དང་མ་ཤེས་དོན་གསལ་ཚོགས་པ་ཡིན་ཏེ། བཅད་པའི་དོན་ཐོབ་པ་ཡིན་པའི་ཕྱིར་ཞེས་གསུངས་སོ། །ཡང་སློབ་དཔོན་ཆོས་མཆོག་ནི་རྣམ་ངེས་ལས། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་ཚིག་གསུམ་གྱིས་མཚོན་པའི་མི་བསླུ་བ་ཁྱད་པར་གསུམ་ལྡན་མཚན་ཉིད་ཡིན་ཏེ། ཁྱད་པར་གསུམ་ནི། ངོ་བོའི་ཁྱད་པར་དོན་འཐོབ་བྱེད་ཀྱི་ནུས་པ། ཡུལ་གྱི་ཁྱད་པར་ཡོངས་སུ་བཅད་པའི་འཇུག་ཡུལ་ཐོབ་པ། བྱེད་པའི་ཁྱད་པར་དོན་ཡོངས་སུ་གཅོད་བྱེད་ལ་གནས་པའི་ནུས་པའོ། །དེ་ལ་ངོ་བོའི་ཁྱད་པར་གྱིས་དངོས་པོར་འཛིན་པ་ཚད་མའི་མཚན་ཉིད་ཡིན་པ་གཅོད། ཡུལ་གྱི་ཁྱད་པར་གྱིས་མི་སྲིད་པ་གཅོད། བྱེད་པའི་ཁྱད་པར་གྱིས་ཁྱབ་ཆེས་པ་གཅོད་ལ། མ་ཁྱབ་པ་གཅོད་པ་ཞིག་ཁ་བསྐང་ངོ་། །བདེན་པའི་དོན་རྟོགས་ནི་ཚད་མའི་བྱེད་པ་ཡིན་གྱི་མཚན་ཉིད་མ་ཡིན་ནོ་ཞེས་གསུངས་སོ། །བྲམ་ཟེའི་རྗེས་སུ་འབྲང་བ་རྣམས་ནི། བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཏེ། ངོ་བོའི་ཁྱད་པར་བཟློག་ཕྱོགས་ཀྱི་སྒྲོ་འདོགས་སེལ་བ། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པའི་དོན་ཡིན་པ། འཛིན་སྟངས་ཀྱི་ཁྱད་པར་དོན་ལ་མི་འཁྲུལ་བའོ་ཞེས་གསུངས་སོ། དེ་དག་ལས་མི་འཐད་པའི་ཆ་དགག་ན་ལུགས་དང་པོ་ལ། ཚད་མ་དེ་མཚོན་བྱ་གཉིས་སུ་འགྱུར་ཏེ། དེ་མཚན་ཉིད་དོན་ལྡོག་གཉིས་ཀྱིས་འཇོག་དགོས་པའི་ཕྱིར། རང་ལ་ནི་མི་མཚུངས་ཏེ། མི་བསླུ་མ་ཤེས་དོན་གསལ་གཉིས་དོན་ལྡོག་གཅིག་ཡིན་པའི་ཕྱིར། དེང་སང་གི་བོད་དག་འདི་ལྷ་དབང་གི་དགོངས་པ་མ་ཡིན་ཏེ། གཞན་མཚན་ཉིད་གཉིས་པ་ཞེས་པ་མཚན་ཉིད་ཀྱི་ཟུར་ལ་དགོངས་པའི་ཕྱིར་ཞེས་སྨྲའོ། །དེ་ནི་མ་བརྟགས་པར་རང་དགར་སྨྲ་བ་སྟེ། ཁྱོད་རང་ལྟར་ན། གསར་དུ་ཞེས་པའི་མཚན་ཉིད་ཀྱི་ཟུར་ཆོས་ཅན། ཚད་མའི་མཚན་ཉིད་ཀྱི་ཟུར་དང་པོ་དེ་མ་ཡིན་པར་ཐལ། དེའི་ཟུར་གཉིས་པ་ཡིན་པའི་ཕྱིར། སུམ་ཆར་ཁས་བླངས། ལུགས་གཉིས་པའང་མི་འཐད་དེ། ཚད་མ་སྤྱིའི་མཚན་ཉིད་གང་ཡིན་ཞེས་དྲིས་པའི་ལན་དུ་སྤྱིའི་མཚན་ཉིད་བསྟན་རྒྱུ་མེད་པར་སོ་སོར་མཚན་ཉིད་འདི་ཡིན་ཞེས་བརྗོད་པ་མ་འབྲེལ་བའི་ཕྱིར་རོ། །ལུགས་གསུམ་པའང་མི་འཐད་དེ། མཚན་ཉིད་དུ་བཞག་པའི་ཚིག་དེ་ལ་མ་ཁྱབ་པ་གཅོད་པའི་ནུས་པ་མེད་ན། གཞན་ནས་ཁ་བསྐང་བས་ཚིག་སྔ་མ་སྐྱོན་ཅན་དུ་འགྱུར་བའི་ཕྱིར་དང་། བདེན་པའི་དོན་རྟོགས་ཚད་མའི་བྱེད་པ་ཡིན་གྱི། མཚན་ཉིད་མ་ཡིན་ཞེས་པའང་གཞུང་གི་དགོངས་པ་མ་ཡིན་ཏེ། བདེན་པའི་དོན་རྟོགས་ནི་མ་ཤེས་དོན་གྱི་གསལ་བྱེད་ལ་འདོད་པར་སྣང་ལ། དེ་དང་མི་བསླུ་བའི་ཤེས་པ་དོན་གཅིག་པའི་ཕྱིར་དང་། དེའང་མཚན་ཉིད་མ་ཡིན་པར་འདོད་ན། སློབ་དཔོན་གྱིས་དེ་ལ་མཚན་ཉིད་ཀྱི་སྐྱོན་གསུམ་སྤོང་བར་མཛད་པའི་གཞུང་དང་འགལ་བའི་ཕྱིར་རོ། །ལུགས་བཞི་པའང་མི་འཐད་དེ། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་ལ་རྣམ་བཅད་མེད་པས་མི་དགོས། ངོ་བོའི་ཁྱད་པར་སྒྲོ་འདོགས་གཅོད་པས་མངོན་སུམ་ལ་མ་ཁྱབ། དོན་བདེན་པ་རྟོགས་པའི་དོན། དོན་ཇི་ལྟ་བ་བཞིན་རྟོགས་པ་ལ་བྱེད་ན་མངོན་རྗེས་གཉིས་ཀ་ལ་མི་སྲིད་པའི་ཕྱིར་ཏེ། ངེས་པའི་དབང་གིས་རང་ངོ་བོས། །མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་འཆད་པ་ནི། གཞུང་སྔ་ཕྱི་གཉིས་ཀྱི་དགོངས་པ་བཤད། མི་བསླུ་བའི་དོན་བཤད། དེས་ན་ཚིག་གཞན་བསྣན་མི་དགོས་པར་གྲུབ་པ་དང་གསུམ་ལས། དང་པོ་ནི། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་ཚད་མ་མདོའི་གཞུང་ཀུན་གྱི་དགོངས་པར་འགྱུར་བའི་ཚད་མའི་དོན་ལྡོག་བསྟན་ཏེ། ཚད་མ་མདོར་ཚད་མའི་གྲངས་ངེས་འཆད་པའི་སྐབས་སུའང་མི་བསླུ་བའི་ཤེས་པ་རྣམས་ཚད་མའི་གྲངས་ངེས་ཀྱི་ཁོངས་སུ་གཏོགས་ཤིང་། བསླུ་བའི་ཤེས་པ་རྣམས་དེའི་ཁོངས་སུ་མི་གཏོགས་པར་གསུངས་པ་དང་། མངོན་སུམ་གྱི་སྐབས་སུའང་རྟོག་མེད་ཀྱི་ཤེས་པ་གཞིར་བཞག་ལ། མི་སླུ་བའི་ཤེས་པ་རྣམས་མངོན་སུམ་ཡང་དག་དང་། བསླུ་བའི་ཤེས་པ་རྣམས་མངོན་སུམ་ལྟར་སྣང་དུ་བཤད་པ་དང་། རྗེས་དཔག་གཉིས་ཀྱི་སྐབས་སུའང་བསྒྲུབ་བྱ་ལ་མི་བསླུ་བའི་གཏན་ཚིགས་རྣམས་གཏན་ཚིགས་ཡང་དག་དང་། བསྒྲུབ་བྱ་ལ་བསླུ་བའི་གཏན་ཚིགས་རྣམས་གཏན་ཚིགས་ལྟར་སྣང་དུ་བཤད་པའི་ཕྱིར། འོ་ན་མདོའི་དགོངས་པ་དེ་ལྟར་ཡིན་ན། ཕྱོགས་གླང་གིས་གཞུང་གི་ཆ་འགའ་ཞིག་ཏུ་མ་ཤེས་དོན་གསལ་ཚད་མའི་མཚན་ཉིད་དུ་དངོས་སུ་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་གཉིས་དོན་ལྡོག་གཅིག་ཡིན་པའི་ཕྱིར། ཞེས་པ་ནི། མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཞེས་པས་བསྟན་ཏོ། །དེ་ལྟར་བྱས་ན་འདིར་ཚད་མ་མདོའི་མཆོད་བརྗོད་འཆད་པའི་སྐབས་ཡིན་པས་མདོའི་དགོངས་པར་འགྱུར་བའི་ཚད་མའི་དོན་ལྡོག་ཐོག་མར་སྟོན་པའང་སྐབས་སུ་བབས་ཏེ། བཅོམ་ལྡན་འདས་ཚད་མ་ཡིན་པ་ཡང་གཙོ་བོར་མི་བསླུ་བའི་སྒོ་ནས་གཞག་དགོས་པའི་ཕྱིར་རོ། །སྔ་ཕྱི་གཉིས་ཀ་ཡང་རང་མཚན་ཡོད་མེད་གང་རུང་དུ་གཏོགས་པར་དོན་ལ་མཐུན་ཏེ། མི་བསླུ་བའི་དོན་འཆད་པའི་སྐབས་སུ་ཡང་། དོན་བྱེད་ནུས་པར་གནས་པ་ནི་མི་བསླུ་ཞེས་དང་། མ་ཤེས་དོན་གསལ་གྱི་དོན་འཆད་པའི་སྐབས་སུ་ཡང་། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན། ཞེས་གསུངས་པའི་ཕྱིར། ཐ་སྙད་པའི་ཚད་མ་དང་། དོན་དམ་པའི་ཚད་མ་གཉིས་ཀ་ལ་ཡང་མི་བསླུ་མ་ཤེས་དོན་གསལ་གཉིས་ཀ་འཇུག་སྟེ། དེ་གཉིས་དོན་ལྡོག་གཅིག་ཡིན་པའི་ཕྱིར་རོ། །གཉིས་པ་ལ། བྱེད་པ་པོ་གང་གིས་མི་བསླུ་བ། ལས་གང་ལ་མི་བསླུ་བ། ཚུལ་ཇི་ལྟར་མི་བསླུ་བ་དང་གསུམ་ལས། དང་པོ་ནི། ཤེས་པ་དོན་ཇི་ལྟར་གནས་པ་ལྟར་ཡོད་པ་ལ་ཡོད་པར་ཤེས། མེད་པ་ལ་མེད་པར་ཤེས་པར་དེ་ཉིད་མི་བསླུ་བའོ། །གཉིས་པ་ནི། དོན་རང་མཚན་ཡོད་པས་དེ་ལ་འཇུག་ན་དོན་བྱེད་ནུས་པ་ལ་མི་བསླུ། དོན་རང་མཚན་མེད་པས་དེ་ལས་ལྡོག་ན་དོན་བྱེད་མི་ནུས་པ་ལ་མི་བསླུ་བའོ། །གསུམ་པ་ནི། རང་མཚན་ལ་ཞུགས་ན་དེ་ཐོབ་པ་ལ་མི་བསླུ། རང་མཚན་མེད་པས་དེ་ལས་ལྡོག་ན་དེ་མེད་པ་ལ་མི་བསླུ་བའོ། །དེས་ན་དངོས་པོ་ཐམས་ཅད་ལ་སྐབས་འདིར་བསྟན་གྱི་ཡུལ་གྱི་མི་བསླུ་བ་དེ་ཚང་སྟེ། རང་ཉིད་གཞལ་བྱར་འཇོག་པའི་ཚེ་དོན་བྱེད་ནུས་པར་གནས་པའི་ཕྱིར་རོ། །བཅད་ཤེས་དང་ཐེ་ཚོམ་ལ་བྱ་བའི་མི་བསླུ་བ་ཚང་བ་སྲིད་དེ། དེ་རང་མཚན་ལ་ཞུགས་པས་རང་མཚན་ཐོབ་པ་སྲིད་པའི་ཕྱིར་རོ། །འོན་ཀྱང་བྱེད་པ་པོའི་མི་བསླུ་བ་མ་ཚང་སྟེ། དེ་ཡིན་ན་འཛིན་སྟངས་མ་འཁྲུལ་བ་ཡིན་དགོས་པ་ལས། བཅད་ཤེས་ནི་ཚད་མ་སྔ་ཕྱིའི་གཟུང་བའི་ཡུལ་གཅིག་ཏུ་འཛིན་པས་འཛིན་སྟངས་འཁྲུལ་པ་ཡིན་པའི་ཕྱིར། དེས་ན་ཡུལ་གྱི་མི་བསླུ་བ་དང་། བྱ་བའི་མི་བསླུ་བ་ཙམ་གྱིས་འདིའི་མི་བསླུ་བའི་གོ་མི་ཆོད་དེ། འདིའི་མི་བསླུ་བ་ཡིན་ན། ཆོས་གསུམ་ལྡན་དགོས་པའི་ཕྱིར་རོ། །གསུམ་པ་ནི། མི་བསླུ་བའི་ཤེས་པ་ཙམ་གྱིས་ཚད་མའི་མཚན་ཉིད་ཡོངས་སུ་རྫོགས་ཏེ། འདིའི་མི་བསླུ་བ་ལ་ཆོས་སུམ་ལྡན་དགོས་པས་བྱེད་པ་པོའི་མི་བསླུ་བ་ལ་གསར་རྟོགས་ཀྱི་དོན་ཚང་བའི་ཕྱིར་རོ། །དེས་ན་གསར་དུ་ཞེས་པའི་ཚིག་སྨོས་མི་དགོས་ཏེ། དེ་ལ་རྣམ་བཅད་མེད་ཅིང་ཟློས་པའི་སྐྱོན་ཡོད་པའི་ཕྱིར་རོ། །དེས་ན་རྣམ་ངེས་ལས། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །ཞེས་དང་། འདིར་ཡང་། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། བསམ་པ་ལ་ནི་བསླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །ཅེས་དང་། བསླུ་མེད་ཕྱིར་ཏེ་ཚད་མ་ཉིད། །ཅེས་དང་། བསླུ་བ་མེད་ཅན་གང་ཡིན་དེ། །བསྒོམ་བྱུང་མངོན་སུམ་ཚད་མར་འདོད། །ཅེས་དང་། ཚད་མ་ཉིད་ནི་བཀག་པ་སྟེ། །བསླུ་བའི་ཕྱིར་རོ་དེ་དོན་དུའང་། །ཞེས་སོགས་རྣམ་འགྲེལ་ངེས་ཀྱི་གཞུང་རྣམས་ཀྱིས་མི་བསླུ་བ་ཚང་མ་ཚང་གི་སྒོ་ནས་ཚད་མ་ཡིན་མིན་གྱི་རྣམ་གཞག་མཛད་པར་སྣང་གི གསར་དུ་ཞེས་པའི་ཚིག་བསྣན་པ་མི་སྣང་བའི་ཕྱིར་དང་། རིགས་གཏེར་རྩ་འགྲེལ་ལས་ཀྱང་། འདི་ཁོ་ན་གསུངས་ཤིང་། དེའི་རྗེས་སུ་འབྲངས་མའི་སྔོན་གྱི་མཁས་པ་འགའ་ཞིག་གིས་ཀྱང་འདི་བཞིན་དུ་མཛད་པས་བཅད་ཤེས་མི་བསླུ་བའི་ཤེས་པར་བྱས་ནས། གསར་དུ་ཞེས་པའི་ཚིག་བསྣན་པ་ནི་གཞུང་ལུགས་ཆེན་པོའི་དགོངས་པ་འཆུགས་པས་རྒྱང་རིང་དུ་དོར་བར་བྱའོ། །གསུམ་པ་རྩོད་པ་སྤང་བ་ནི། མི་བསླུ་མ་ཤེས་དོན་གསལ་གཉིས། རང་མཚན་རྟོགས་པར་དོན་ལ་མཐུན་ན་དངོས་མེད་འཇལ་བའི་ཚད་མ་ལ་མ་ཁྱབ་པའི་སྐྱོན་ཡོད་དོ་ཞེ་ན། སྐྱོན་མེད་དེ། དེས་ཡུལ་རང་མཚན་མེད་པར་གཞལ་བས་དོན་བྱེད་མི་ནུས་པར་མི་བསླུ་བའི་ཕྱིར་རོ། །དུང་དཀར་པོ་སེར་འཛིན་གྱི་དབང་ཤེས་དང་། ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་ཆོས་ཅན། ཚད་མར་ཐལ། མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། དེས་དུང་སེར་པོ་དང་། ལྗོན་ཤིང་འགྲོ་བར་འཛིན་པ་གང་ཞིག དེ་ལྟར་དུ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་དེས་སྒྲོ་འདོགས་སེལ་བའི་ཚུལ་ལ་གསུམ་སྟེ། གཅད་བྱ་སྒྲོ་འདོགས་ཀྱི་རང་བཞིན། གཅོད་བྱེད་ངེས་པའི་རང་བཞིན། དེས་དེ་ཇི་ལྟར་ངེས་པའི་ཚུལ་ལོ། །དང་པོ་ལ་མཚན་ཉིད་ནི། གནས་ལུགས་ཀྱི་དོན་ལས་མཐའ་གཞན་དུ་རྟོག་པའི་ཞེན་བློ། དབྱེ་ན་རྟོག་པ་ལོག་ཤེས་དང་ཐེ་ཚོམ་གཉིས་སུ་ཡོད་པ་ཡིན་གྱི། རྟོག་མེད་ལོག་ཤེས་རྣམས་ནི་དེ་མ་ཡིན་ཏེ། སྒྲོ་འདོགས་དང་ངེས་ཤེས་གཉིས་ཀ་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཅར་དུ་མི་འབྱུང་བ་གང་ཞིག ཟླ་བ་གཉིས་སྣང་གི་དབང་ཤེས་དང་། ཟླ་གཉིས་མེད་པར་ངེས་པའི་ངེས་ཤེས་གཉིས་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཅར་དུ་འབྱུང་བའི་ཕྱིར། གཉིས་པ་ལ་མཚན་ཉིད་ནི། རང་ཡུལ་དོན་དང་མཐུན་པར་མཐའ་གཅིག་ཏུ་འཛིན་པའི་རྟོག་པ་གང་ཞིག དེར་འཛིན་གྱི་བྱེད་པ་མ་ཉམས་པར་དེ་མིན་དུ་འཛིན་པ་མི་སྲིད་པ། དངོས་བཏགས་མ་ཕྱེ་བའི་སྒོ་ནས་དབྱེ་ན། ཡང་དག་པའི་ངེས་པ་དང་། ལོག་པའི་ངེས་པ་གཉིས། དང་པོ་ནི། སྒྲ་མི་རྟག་པར་ངེས་པའི་ངེས་ཤེས་ལྟ་བུ། གཉིས་པ་ནི། སྒྲ་རྟག་འཛིན་གྱི་ལོག་རྟོག་ལྟ་བུའོ། །ཕྱི་མ་ནི། ངེས་ཤེས་ཀྱི་གསལ་བྱར་གྱུར་པའི་སྒྲོ་འདོགས་ཡིན་པས་ངེས་པ་བཏགས་པ་བ་ཡིན་ནོ། །ངོ་བོའི་སྒོ་ནས་དབྱེ་ན། ཚད་མར་གྱུར་པའི་ངེས་པ་དང་། ཚད་མ་མིན་པའི་ངེས་པ་གཉིས། དང་པོ་ནི། རྗེས་དཔག་ཐམས་ཅད། གཉིས་པ་ནི། མངོན་སུམ་དང་རྗེས་དཔག་གིས་དྲངས་ནས་སྐྱེས་པའི་ངེས་ཤེས་ལྟ་བུའོ། །མངོན་སུམ་རྣམས་ནི་གཅོད་བྱེད་ངེས་པའི་རང་བཞིན་མ་ཡིན་ཏེ། རང་ཡུལ་སྣང་བ་ཙམ་གྱིས་བྱ་བ་རྫོགས་པ་ཡིན་པས་རང་ཡུལ་ངེས་པ་མི་སྲིད་པའི་ཕྱིར། གསུམ་པ་ལ། ཀུན་ཏུ་ཐ་སྙད་པའི་ཚད་མ་ནི། རང་མཚན་ཡོད་མེད་ལ་འཇུག་ལྡོག་བྱེད་པ་ཡིན་ཏེ། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་གསུངས་པའི་ཕྱིར། འོ་ན་རང་སྟོབས་ཀྱིས་ངེས་པ་འདྲེན་པར་བྱེད་པ་ཡིན་ནམ་ཞེ་ན། ཚད་མ་འགའ་ཞིག་རང་སྟོབས་ཀྱིས་ངེས་པ་འདྲེན་པར་བྱེད་པ་ཡིན་ཅིང་། འགའ་ཞིག་རང་ལས་ཕྱིས་བྱུང་བའི་ཚད་མ་གཞན་སྟོབས་ཀྱིས་འདྲེན་པ་ཡིན་ནོ། །ངེས་ཤེས་ཀྱིས་སྒྲོ་འདོགས་བཅད་པའི་དོན་ཡང་སྒྲོ་འདོགས་ཀྱི་ས་བོན་རྒྱུན་གཅོད་པའི་ནུས་པ་ནི་ངེས་ཤེས་ལ་མེད། སྒྲོ་འདོགས་མངོན་གྱུར་པ་ནི་ཡིད་ཡུལ་གཞན་ལ་ཡེངས་པས་ཀྱང་མི་འབྱུང་བས་ངེས་ཤེས་སྐྱེས་ནས་དེའི་བྱེད་པ་མ་ཉམས་པར། སྒྲོ་འདོགས་འབྱུང་མི་སྲིད་པ་ལ་ངེས་ཤེས་ཀྱི་སྒྲོ་འདོགས་གཅོད་པར་འཇོག་པ་ཡིན་ནོ། །གསུམ་པ་མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པ་ལ་བཞི་སྟེ། མཚོན་བྱའི་དབྱེ་བ། མཚན་གཞི་ལ་ལོག་རྟོག་དགག་པ། མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པ། དེ་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལོ། །དང་པོ་ལ་དྲུག་སྟེ། གང་ལ་དབྱེ་བའི་གཞི། གང་དབྱེ་བའི་ངོ་བོ། གང་གིས་འབྱེད་པའི་རྒྱུ་མཚན། ཇི་ལྟར་ཕྱེ་བའི་དོན། ཇི་སྙེད་བྱེ་བའི་གྲངས་ངེས། ཕྱེ་བ་སོ་སོའི་སྒྲ་དོན་ནོ། །དང་པོ་ལ་བོད་ཁ་ཅིག ཚད་མ་དབྱེ་གཞི་ཡིན་གྱི་ཡང་དག་ཤེས་པ་དབྱེ་གཞི་མ་ཡིན་ཏེ། བཅད་ཤེས་དང་ཡིད་དཔྱོད་ཀྱང་ཡང་དག་ཤེས་པ་ཡིན་པས་དབྱེ་གཞི་རྒྱ་ཆེས་པའི་སྐྱོན་ཡོད་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། ཚད་མ་མ་ཡིན་པ་ལ་ཡང་དག་ཤེས་པ་བཀག་པའི་ཕྱིར་རོ། །སློབ་དཔོན་ཆོས་མཆོག་གིས། དོན་བྱེད་པར་སྣང་བའི་ཚད་མ་དང་། དོན་བྱེད་ནུས་པ་ལ་རབ་ཏུ་འཇུག་པའི་ཚད་མ་གཉིས་ལས། དང་པོ་ནི། མེས་བཙོ་སྲེག་གི་དོན་བྱེད་པར་སྣང་བ་ལྟ་བུ་སྐྱེས་བུའི་དོན་གྲུབ་ཀྱི་དངོས་ཀྱི་རྒྱུར་གྱུར་པ་ཡིན་ལ། ཕྱི་མ་ནི། མེ་དང་ཆུ་ལ་སོགས་པ་རྐྱང་པ་སྣང་བ་སྐྱེས་བུའི་དོན་གྲུབ་ཀྱི་བརྒྱུད་པའི་རྒྱུར་གྱུར་པའོ། །དེ་ལ་དང་པོ་ནི་དབྱེ་གཞི་མ་ཡིན་ཏེ། མི་བསླུ་བ་རང་ཉིད་ཀྱིས་ངེས་ཟིན་པས་བསྟན་བཅོས་སུ་དཔྱད་བྱ་མ་ཡིན་པའི་ཕྱིར་དང་། མངོན་སུམ་ཁོ་ནས་ངེས་པས་མངོན་རྗེས་གཉིས་མེད་པའི་ཕྱིར་རོ། །དེས་ན་ཕྱི་མ་ཁོ་ན་དབྱེ་གཞི་ཡིན་ནོ་ཞེས་གསུངས་པ་མི་འཐད་དེ། སྤྱི་དབྱེ་གཞིར་མི་རུང་བར། བྱེ་བྲག་ཕྱེ་ནས་དབྱེ་གཞིར་དགོས་ན། མངོན་སུམ་ལ་སོགས་པའི་དབྱེ་བ་ཐམས་ཅད་ལ་ཡང་དེ་ལྟར་དགོས་པས་ཧ་ཅང་ཐལ་བའི་ཕྱིར་རོ། །རང་ལུགས་ནི། ཚད་མ་དང་། ཡང་དག་ཤེས་པ་གཉིས་དོན་གཅིག་མིང་གི་རྣམས་གྲངས་ཡིན་པས་གཉིས་ཀ་ཡང་དབྱེ་གཞིར་རིགས་ཏེ། འདིར་གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས་ཞེས་ཚད་མ་དང་། རྣམ་ངེས་སུ། ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་ཅེས་བྱ་བའོ། །ཞེས་ཡང་དག་ཤེས་པ་དབྱེ་བའི་གཞིར་བཤད་པའི་ཕྱིར་རོ། །གཉིས་པ་ནི། མངོན་སུམ་དང་། རྗེས་དཔག་གཉིས་སོ། །གསུམ་པ་ནི། གཞལ་བྱ་རྟོགས་པའི་ཚུལ་ལ། མྱོང་བ་ལ་བརྟེན་ནས་རྟོགས་པའི་ཚུལ་དང་། རྟགས་ལ་བརྟེན་ནས་རྟོགས་པའི་ཚུལ་གཉིས་སམ། རང་གི་ངོ་བོའི་སྒོ་ནས་རྟོགས་པའི་ཚུལ་དང་། གཞན་གྱི་ངོ་བོའི་སྒོ་ནས་རྟོགས་པའི་ཚུལ་གཉིས་ཡོད་པའི་ཕྱིར་རོ། །བཞི་པ་ནི། མངོན་རྗེས་གཉིས་པོ་ཐ་དད་བཞིའི་ནང་ནས་གང་ཡིན་ཞེ་ན། ཛྙཱ་ན་ཤྲཱི་ན་རེ། གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། མངོན་སུམ་ནི་ཉམས་སུ་མྱོང་བའི་ཆ་ཤེས་པ་ཡིན་པས་དངོས་པོ་དང་། རྗེས་དཔག་ནི་རྣམ་པར་རྟོག་པ་དྲི་མའི་ཆ་ཡིན་པས་གཟུང་ཡུལ་དངོས་པོར་མེད་པས་དེ་འཇལ་བྱེད་ཀྱི་རྗེས་དཔག་ཀྱང་དངོས་པོར་མེད་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། གཉིས་ཀ་དངོས་པོ་ཡིན་པའི་ཕྱིར་དང་། རྗེས་དཔག་གི་གཟུང་ཡུལ་དངོས་པོར་མེད་པའི་ཆ་ནས་འཁྲུལ་ཤེས་ཡིན་ལ། འཁྲུལ་ཤེས་དེ་ཉིད་དངོས་པོ་ཡིན་པའི་ཕྱིར་རོ། །ཁ་ཅིག་ཡུལ་གཅིག་ལ་ལྟོས་ནས་གཅིག་ཏུ་འདོད་པ་ཡང་མི་འཐད་དེ། རྟོག་པ་དང་རྟོག་མེད་གཉིས་ཡུལ་གཅིག་མ་ཡིན་པའི་ཕྱིར་རོ། །ཁ་ཅིག་ཡུལ་ཐ་དད་པ་ལ་ལྟོས་ནས་ངོ་བོ་ཐ་དད་དུ་འདོད་པ་ཡང་མི་འཐད་དེ། རྗེས་དཔག་སྤྱིར་མངོན་སུམ་དང་ངོ་བོ་ཐ་དད་དང་། བྱེ་བྲག་རང་རིག་མངོན་སུམ་དང་ངོ་བོ་ཐ་དད་ཡིན་ན། དེ་ཤེས་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེས་ན་མངོན་རྗེས་གཉིས་བློའི་ངོ་བོར་གཅིག་ཡིན་ཏེ། རྗེས་དཔག་ཉིད་ལ་མངོན་སུམ་ངོ་བོ་གཅིག་ཏུ་ལྡན་པའི་ཕྱིར་རོ། །ཡུལ་ལ་ལྟོས་ནས་མངོན་རྗེས་གཉིས་སུ་འཇོག་སྟེ། ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་དེ། ལ་དང་མེའི་ཚོགས་དོན་ལ་ལྟོས་ནས་རྗེས་དཔག་ཡིན་ལ། རང་གི་ངོ་བོ་ལ་ལྟོས་ནས་མངོན་སུམ་ཡིན་པའི་ཕྱིར་རོ། །གལ་ཏེ་རྗེས་དཔག་དེ་ཡུལ་ལ་ལྟོས་ནས་རྗེས་དཔག་མ་ཡིན་པར་ཐལ། ཡུལ་ལ་ལྟོས་ནས་མངོན་སུམ་ཡིན་པའི་ཕྱིར། ཡང་བྱེ་བྲག་རང་རིག་མངོན་སུམ་དང་ངོ་བོ་གཅིག་ཡིན་ན། མངོན་སུམ་དང་ངོ་བོ་གཅིག་ཡིན་དགོས་ན། དེ་ཆོས་ཅན། མངོན་སུམ་དང་ངོ་བོ་ཐ་དད་ཡིན་པར་ཐལ། དབང་མངོན་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར་ཞེ་ན། སྐྱོན་དང་པོ་མེད་དེ། ཡུལ་ལ་ལྟོས་ནས་ཐ་དད་ཡིན་ཞེས་པའི་དོན། རྗེས་དཔག་དེ་རྗེས་དཔག་ལ་རང་རིག་མངོན་སུམ་དུ་སོང་བའི་ཚེ་རྗེས་དཔག་ཡུལ་ལ་ལྟོས་ནས་རང་རིག་མངོན་སུམ་དུ་འཇོག་པ་མ་ཡིན་པའི་ཕྱིར་ཏེ། དེའི་ཚེ་རྗེས་དཔག་དེ་རྗེས་དཔག་གི་ཡུལ་དུ་མི་འཇོག་པའི་ཕྱིར་རོ། །སྐྱོན་གཉིས་པ་ཡང་མེད་དེ། བྱེ་བྲག་ཤ་པ་དང་ངོ་བོ་གཅིག་ཡིན་ན། ཤིང་ཙམ་དང་ངོ་བོ་གཅིག་ཡིན་དགོས་ཀྱང་། ཤ་པ་དང་ངོ་བོ་ཐ་དད་ཡིན་ན། ཤིང་ཙམ་དང་ངོ་བོ་ཐ་དད་ཡིན་མི་དགོས་པའི་ཕྱིར་རོ། །ལྔ་པ་ནི། རང་སྡེ་ཁ་ཅིག་ཚད་མ་ལ། མངོན་སུམ་རྗེས་དཔག་ལུང་ཚད་མ་གསུམ་དུ་ངེས་པར་འདོད་ཅིང་། སློབ་དཔོན་ཟླ་བས་དེའི་སྟེང་དུ་དཔེ་ཉེར་འཇལ་གྱི་ཚད་མ་དང་། བཞིར་གྲངས་ངེས་པ་དང་། ཕྱི་རོལ་པ་ཁ་ཅིག དེའི་སྟེང་དུ་དོན་གྱིས་གོ་བ་དང་། དངོས་པོ་མེད་པའི་ཚད་མ་སོགས་མང་དུ་ཡོད་པར་འདོད་ན། འདིར་མངོན་རྗེས་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གང་ཞེ་ན། རང་ལུགས་ཀྱི་གྲངས་ངེས་བསྒྲུབ་པ་ནི། འཇུག་ཡུལ་རང་མཚན་གཅིག་ཉིད་ལ། རྟོགས་ཚུལ་གྱིས་གཞལ་བྱ་གཉིས་སུ་ངེས་པས། རྟོགས་བྱེད་ཀྱི་ཚད་མ་ཡང་གཉིས་སུ་གྲངས་ངེས་ཞེས་པའོ། །གཞན་ལུགས་ཀྱི་གྲངས་ངེས་འགོག་པ་ལ་མདོར། ཁ་དོག་མི་རྟག་པར་རྟོགས་པའི་བློ་དང་། ཁྱད་པར་མཐོང་བ་ངོ་ཤེས་ཀྱི་བློ་ཚད་མ་ཕུང་པོ་གསུམ་པར་འདོད་པའི་གྲངས་མང་བའི་ཕྱོགས་ཀྱི་ལོག་རྟོག་དགག་པར་གསུངས་ཤིང་། རྣམ་འགྲེལ་དུ། དེའི་སྟེང་དུ་རྒྱང་འཕེན་པས་ཚད་མ་མངོན་སུམ་གཅིག་པུར་འདོད་པ་གྲངས་ཉུང་བའི་ཕྱོགས་ཀྱི་ལོག་རྟོག་དགག་པ་ཡང་གསུངས་སོ། །དྲུག་པ་ནི། སྤྱིར་མིང་ལ་བརྗོད་བྱའི་སྒོ་ནས་དབྱེ་ན། ལྷས་བྱིན་ཞེས་པ་ལྟ་བུ་མིང་ལ་ལྟོས་པ་དང་། ཤིང་ཞེས་པ་ལྟ་བུ་རིགས་ལ་ལྟོས་པ་གཉིས་སོ། །ངོ་བོའི་སྒོ་ནས་དབྱེ་ན། ཐམས་ཅད་མཁྱེན་པ་ཞེས་པ་ལྟ་བུ་བཤད་པ་རྒྱུ་མཚན་ཅན་དུ་བྱས་པའི་མིང་དང་། བུམ་པ་ཞེས་པ་ལྟ་བུ་འཇུག་པ་རྒྱུ་མཚན་ཅན་དུ་བྱས་པའི་མིང་གཉིས་སོ། །འདི་ལ་བཤད་འཇུག་འགལ་བ་དང་། མི་འགལ་བ་དང་། འགལ་ཞིང་མི་འགལ་བ་གསུམ་ལས། དང་པོ་ནི། བྱིའུ་ཏིལ་བརྡུང་ཞེས་པ་ལྟ་བུ་དང་། བྱ་ལུག་རྫི་མོ་ཞེས་པ་ལྟ་བུའོ། །གཉིས་པ་ནི། ཐམས་ཅད་མཁྱེན་པ་ཞེས་པ་དང་། མིག་གི་རྣམ་པར་ཤེས་པ་ཞེས་པ་ལྟ་བུའོ། །གསུམ་པ་ནི། འགལ་འདུ་མུ་གསུམ་པ་སྟེ། དཔེར་ན། མཚོ་སྐྱེས་ཞེས་པ་ལྟ་བུ་ལ་མཚོན་ན། འཇུག་པ་ནི་པདྨ་ལ་འཇུག་ལ། བཤད་ན་མཚོ་ལས་སྐྱེས་པའི་ཕྱིར་མཚོ་སྐྱེས་སོ། །དེ་ལ་གསུམ་ལས། མཚོ་ལས་སྐྱེས་པའི་པདྨོ་ལ་བཤད་འཇུག་གཉིས་ཀ་ཡོད་ཅིང་། སྐམ་ལས་སྐྱེས་པའི་པདྨོ་ལ་འཇུག་ཏུ་ཡོད་ཅིང་བཤད་དུ་མེད་ལ། མཚོ་ལས་སྐྱེས་པའི་སྦལ་པ་ལ་བཤད་དུ་ཡོད་ཀྱང་འཇུག་ཏུ་མེད་ལ། འོ་ན་སྐམ་ལས་སྐྱེས་པའི་སྡོང་དུམ་ལྟ་བུ་བཤད་འཇུག་གཉིས་ཀ་མེད་པའི་མུ་བཞི་པ་ཅི་ཕྱིར་མི་བགྲང་ཞེ་ན། སྐྱོན་མེད་དེ། དེ་ནི་མཚོ་སྐྱེས་ཀྱི་མིང་ལ་མི་ལྟོས་པའི་ཕྱིར་རོ། །དེ་བཞིན་དུ་མངོན་སུམ་ལ་མུ་གསུམ་དང་། རྗེས་དཔག་ལ་མུ་གཅིག་སྟེ། མངོན་སུམ་གྱི་སྐད་དོད་དུ། པྲ་ཏི་ཨཀྵ་ཞེས་པའི་པྲ་ཏི་ནི་སོ་སོ་དང་། ཨཀྵ་ནི་དབང་པོ་ལ་འཇུག་པས་དབང་པོ་སོ་སོ་ལ་བརྟེན་པས་ན་མངོན་སུམ་ཞེས་པར་འགྱུར་ལ། དེའང་མངོན་སུམ་དང་པོ་གཉིས་ལ་བཤད་འཇུག་གཉིས་ཀ་ཡོད་ཅིང་། ཕྱི་མ་གཉིས་ལ་འཇུག་ཏུ་ཡོད་ཀྱང་བཤད་དུ་མེད། དབང་ཤེས་འཁྲུལ་པ་རྣམས་ལ་བཤད་དུ་ཡོད་ཀྱང་འཇུག་ཏུ་མེད་པའི་ཕྱིར་དང་། རྗེས་དཔག་གི་སྐད་དོད་དུ་ཨ་ནུ་མཱ་ན་ཞེས་འབྱུང་བའི་ཨ་ནུ་ནི་ཕྱིས་སམ་རྗེས་ལ་འཇུག་ཅིང་། མཱ་ཎ་ནི་འཇལ་བ་ལ་འཇུག་པས་ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས་པའི་རྗེས་སུ་བསྒྲུབ་བྱ་འཇལ་བའི་དོན་གྱིས་ན་རྗེས་དཔག་ཅེས་བཤད་འཇུག་གཉིས་ཀ་ཡོད་པའི་མུ་ཡིན་པའི་ཕྱིར། གཉིས་པ་མཚན་གཞི་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། མངོན་སུམ་གྱི་མཚན་གཞི་ལ་ལོག་རྟོག་དགག་པ་དང་། རྗེས་དཔག་གི་མཚན་གཞི་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་མ་ཡིན་པ་ལ་ཡིན་པར་རྟོག་པ་དགག་པ་དང་། ཡིན་པ་ལ་མ་ཡིན་པར་རྟོག་པ་དགག་པ་གཉིས། དང་པོ་ལ། ཡུལ་ལ་འཁྲུལ་པ་དང་། དུས་ལ་འཁྲུལ་པ་དང་། རྣམ་པ་ལ་འཁྲུལ་པ་མངོན་སུམ་དུ་རྟོག་པ་དགག་པ་གསུམ་ལས། དང་པོ་ནི། ཁ་ཅིག་ནོར་བུའི་འོད་ལ་ནོར་བུ་འཛིན་པའི་བློ་དེ་ནོར་བུ་རང་མཚན་པ་ལ་མངོན་སུམ་གྱི་ཚད་མར་འདོད་པ་མི་འཐད་དེ། ནོར་བུ་རང་མཚན་པས་རང་ངོས་ནས་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར་རོ། །འདི་ནི་བློ་རིགས་གང་ཡིན་དཔྱད་པ་ལ། ལྷ་ཤཱཀ་གཉིས་ཀྱིས་ནོར་བུའི་འོད་ཀྱི་རྟགས་ལས་གཞི་དེར་ནོར་བུ་ཡོད་པར་རྟོགས་པའི་རྗེས་དཔག་ཏུ་བཞེད་པ་དང་། རྒྱན་མཛད་པ་དཔོན་སློབ་ཀྱིས་མངོན་སུམ་དུ་བཞེད་པ་དང་། ཆོས་མཆོག་གིས་ལོག་ཤེས་སུ་བཞེད་པ་དང་གསུམ་ལས། ཕྱི་མ་ཉིད་གཞུང་གི་དགོངས་པ་སྟེ། དང་པོར་ནོར་བུའི་འོད་མཐོང་བའི་མངོན་སུམ། དེ་ནས་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་རྟོག་པ་ལོག་ཤེས། དེ་ནས་ནོར་བུ་ཐོབ་པའི་ཆེད་དུ་རྒྱུག་པས་ནོར་བུ་ཉིད་མཐོང་བའི་མངོན་སུམ་དང་། ཡང་ལོག་ཤེས་ཀྱི་རྗེས་སུ་ཡུལ་གྱི་སྤུ་རིས་ཟིན་ནས་ནོར་བུའི་འོད་དུ་ངེས་པའི་རྟགས་ལས་གཞི་དེར་ནོར་བུ་ཡོད་པར་རྟོགས་པའི་རྗེས་དཔག དེས་ནས་དེས་དྲངས་པའི་བཅད་ཤེས། ཡང་དེ་ལ་བརྟེན་ནས་ནོར་བུའི་མདུན་དུ་ཕྱིན་པའི་ཚེ། སྔར་ལྟར་ནོར་བུ་མཐོང་བའི་མངོན་སུམ་སྐྱེས་པ་སྟེ་བློ་རིགས་དུ་མ་ཡོད་པའི་ནང་ནས། ནོར་བུ་སྒྲོན་མའི་འོད་དག་ལ། །ཞེས་པའི་སྐབས་སུ་དཔེར་བླངས་པ་ནི་ལོག་ཤེས་ཁོ་ན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག་ནམ་ཕྱེད་ལ་ཉིན་ཕྱེད་དུ་འཁྲུལ་ནས་ཉིན་ཕྱེད་ཀྱི་བུ་ཚ་རྨིས་པའི་རྨི་ལམ་གྱི་ཤེས་པ་དེ་ཉིན་ཕྱེད་ཀྱི་བུ་ཚ་ལ་མངོན་སུམ་གྱི་ཚད་མར་འདོད་པའང་མི་འཐད་དེ། ཉིན་ཕྱེད་ཀྱི་བུ་ཚ་དེས་རང་ངོས་ནས་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག་དུང་དཀར་སེར་འཛིན་གྱི་དབང་ཤེས་དེ་དུང་གི་ཁ་དོག་ལ་འཁྲུལ་ཡང་དབྱིབས་ལ་མངོན་སུམ་གྱི་ཚད་མ་དང་། ལྗོན་ཤིང་འགྲོར་སྣང་གི་དབང་ཤེས་དེ་ལྗོན་ཤིང་སྡོད་པའི་ཆ་ལ་འཁྲུལ་ཡང་། ལྗོན་ཤིང་རང་མཚན་པ་ལ་མངོན་སུམ་གྱི་ཚད་མར་འདོད་པའང་མི་འཐད་དེ། དུང་གི་དབྱིབས་དང་ལྗོན་ཤིང་རང་མཚན་པ་ལ་མངོན་སུམ་གྱི་ཚད་མ་ཡིན་ན། དེ་གཉིས་དང་གྲུབ་བདེ་རྫས་གཅིག་པའི་དུང་གི་ཁ་དོག་དང་། ལྗོན་ཤིང་སྡོད་པའི་ཆ་ལ་ཡང་མངོན་སུམ་གྱི་ཚད་མ་ཡིན་དགོས་པའི་ཕྱིར་རོ། །ཡང་ཁ་ཅིག དུང་དཀར་འཛིན་པའི་མིག་ཤེས་དེ་དུང་གི་རེག་བྱ་འཇམ་པ་དང་། ལྗི་བ་ལ་མངོན་སུམ་གྱི་ཚད་མ་དང་། མེ་ཆུའི་ཁ་དོག་མཐོང་བའི་མིག་ཤེས་དེ། དེ་གཉིས་ཀྱི་རེག་བྱ་ཚ་བ་དང་། གཤེར་བ་ལ་ཡང་མངོན་སུམ་གྱི་ཚད་མ་ཡིན། ཞེས་ཟེར་བ་མི་འཐད་དེ། རེག་བྱ་འཛིན་པའི་རྣམ་ཤེས་བསྐྱེད་པ་ལ་ལུས་དབང་དོན་མེད་པར་ཐལ། མིག་ཤེས་དེ་རེག་བྱ་ལ་ཚད་མ་ཡིན་པའི་ཕྱིར། འོ་ན་དུང་གི་ཁ་དོག་མིག་ཤེས་ཀྱིས་མཐོང་བའི་རྗེས་སུ་འདི་ལ་རེག་བྱ་འདི་དང་འདི་ཡོད་ཅེས་པའི་བློ་སྐྱེ་བ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་མངོན་སུམ་མ་ཡིན་ཏེ། སྐྱེ་མཆེད་ཀྱི་རྫས་གཞན་ལས་དུས་མཉམ་པའི་སྐྱེ་མཆེད་ཀྱིས་རྫས་གཞན་དཔོག་པ་རྒྱུའི་ཆོས་རྗེས་སུ་དཔོག་པའི་རྗེས་དཔག་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ཁ་ཅིག སྒོ་རྒྱབ་ཀྱི་བུམ་པ་ལ་མཛོད་ཕུགས་ཀྱི་བུམ་པར་འཁྲུལ་དུས་ཀྱི་སྒོ་རྒྱབ་ཀྱི་བུམ་པར་འཛིན་པའི་མིག་ཤེས་ལྟ་བུ་ཡུལ་ལ་འཁྲུལ་པ་དང་། སྔ་དྲོའི་བུམ་པ་ལ་ཕྱི་དྲོའི་བུམ་པར་འཁྲུལ་དུས་ཀྱི་སྔ་དྲོའི་བུམ་པར་འཛིན་པའི་མིག་ཤེས་ལྟ་བུ་དུས་ལ་འཁྲུལ་པ་དང་། བུམ་པའི་དམར་པོ་ལ་སྣམ་བུའི་དམར་པོར་འཁྲུལ་དུས་ཀྱི་བུམ་པའི་དམར་པོ་འཛིན་པའི་མིག་ཤེས་ལྟ་བུ་རྣམ་པ་ལ་འཁྲུལ་པ་གསུམ། སྒོ་རྒྱབ་ཀྱི་བུམ་པ་སོགས་དོན་རང་མཚན་གསུམ་པོ་ལ་མངོན་སུམ་གྱི་ཚད་མ་མ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། དོན་རང་མཚན་གསུམ་པོ་དེས་ཤེས་པ་གསུམ་པོ་དེ་ལ་རང་ངོས་ནས་རང་འདྲའི་རྣམ་པ་གཏད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྗེས་དཔག་ཡིན་པ་ལ་མིན་པར་རྟོག་པ་དགག མིན་པ་ལ་ཡིན་པར་རྟོག་པ་དགག་པའོ། །དང་པོ་ནི་ཁ་ཅིག ནོར་བུའི་འོད་ཀྱི་རྟགས་ལས་གཞི་དེར་ནོར་བུ་ཡོད་པར་རྟོགས་པའི་བློ་ནི་རྗེས་དཔག་ཚད་མ་མ་ཡིན་ཏེ། ནོར་བུ་རྟགས་སུ་བཀོད་ན། རྟགས་དང་རྟགས་ཅན་མེད། ནོར་འོད་རྟགས་སུ་བཀོད་ན་མ་གྲུབ། འོད་ཙམ་རྟགས་སུ་བཀོད་ན་མ་ངེས་པའི་ཕྱིར་ཞེ་ན། འོ་ན་སཱ་ལུའི་མྱུ་གུའི་རྟགས་ལས་གཞི་དེར་སཱ་ལུའི་ས་བོན་ཡོད་པར་རྟོགས་པའི་རྗེས་དཔག་ཚད་མ་མི་སྲིད་པར་ཐལ། སཱ་ལུའི་ས་བོན་རྟགས་སུ་བཀོད་ན་རྟགས་དང་རྟགས་ཅན་མེད། སཱ་ལུའི་མྱུ་གུ་རྟགས་སུ་བཀོད་ན་མ་གྲུབ། མྱུ་གུ་ཙམ་རྟགས་སུ་བཀོད་ན་མ་ངེས་པའི་ཕྱིར། གཉིས་པ་ནི་ཁ་ཅིག དུ་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་རྟག་པའི་མེ་ཡོད་པར་རྟོགས་པའི་བློ་དེ་རྗེས་དཔག་ཚད་མར་འདོད་པ་དང་། ཁ་ཅིག ཡན་ལག་ཅན་གྱི་ལ་ལ་ཆོས་ཅན། རྟག་པའི་མེ་ཡོད་དེ། དོན་དམ་པའི་དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་རློམ་ཚོད་ལ་འཁྲུལ་ཡང་སོང་ཚོད་ལ་མ་འཁྲུལ་པ་ཡིན་ཞེས་ཟེར་བ་མི་འཐད་དེ། དེ་སྒྲུབ་ཀྱི་ཚུལ་གསུམ་མ་གྲུབ་པའི་ཕྱིར། གལ་ཏེ་རྟག་པའི་མེ་དང་དོན་དམ་པའི་དུ་བ་མ་གྲུབ་ཀྱང་མེ་ཙམ་དང་དུ་བ་ཙམ་གྲུབ་པས་སྐྱོན་མེད་དོ་སྙམ་ན་མི་འཐད་དེ། ཁྱད་པར་བྱེད་ཆོས་རྟག་པའི་མེ་དང་དོན་དམ་པའི་དུ་བ་མ་གྲུབ་ན། དེས་ཁྱད་པར་དུ་བྱས་པའི་མེ་ཙམ་དང་དུ་བ་ཙམ་ཡང་མ་གྲུབ་དགོས་པའི་ཕྱིར་རོ། །གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ་གསུམ་སྟེ། གཞུང་ལས་བསྟན་པའི་ཚུལ། མཁས་པ་རྣམས་ཀྱིས་བཀྲལ་བའི་ཚུལ། འཐད་པའི་ཕྱོགས་ངོས་གཟུང་བའོ། །དང་པོ་ནི། ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་དང་། མཚན་གཞི་མངོན་རྗེས་གཉིས་སུ་ངེས་ན་མཚན་གཞི་དེ་གཉིས་ཀྱི་སྟེང་དུ་མི་བསླུ་བའི་ཤེས་པ་ཡོད་པར་རང་ལས་ངེས་པ་ཡིན་ནམ། གཞན་ལས་ངེས་པ་ཡིན། དང་པོ་ལྟར་ན། འགའ་ཡང་མཚན་མ་དང་། ཚད་མིན་གྱི་མཚན་ཉིད་ལ། རྨོངས་པ་མེད་པས་བསྟན་བཅོས་ལས་དེ་གཉིས་ཀྱི་མཚན་ཉིད་བསྟན་པ་དོན་མེད་པར་འགྱུར་ཞིང་། གཉིས་པ་ལྟར་ན། དེ་ལའང་ངེས་བྱེད་གཞན་དགོས་པས་ངེས་བྱེད་ཐུག་མེད་དུ་འགྱུར་རོ་ཞེ་ན། དེའི་ལན་ལ། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་གསུངས་སོ། །གཉིས་པ་ལ། བྲམ་ཟེ་ཆེན་པོས་གཞན་ངེས་ཁོ་ན་འདོད་པ་དང་། ཁ་ཅིག་གཞན་ངེས་ཡོད་ན་ངེས་བྱའི་ཚད་མ་དང་། ངེས་བྱེད་ཀྱི་ཚད་མ་གཉིས་ཡུལ་གཅིག་གམ་ཐ་དད་དཔྱད་པས་འཇིག་པས་རང་ངེས་ཁོ་ནར་འདོད་པ་དང་། ཁ་ཅིག་རང་ངེས་གཞན་ངེས་གཉིས་འདོད་ཀྱང་། མཚོན་བྱ་ཚད་མའི་ཐ་སྙད་ཀྱི་སྒོ་ནས་འབྱེད་པ་དང་། གཞན་དག་མཚན་གཞིའི་སྒོ་ནས་འབྱེད་པ་དང་། འགའ་ཞིག་ཡུལ་གྱི་སྒོ་ནས་འབྱེད་པ་དང་། ཁ་ཅིག་མཚན་ཉིད་ཀྱི་སྒོ་ནས་འབྱེད་པར་འདོད་པ་དུ་མ་ཡོད་ཀྱང་། དང་པོ་བཞི་པོ་གཞུང་གི་དགོངས་པ་མ་ཡིན་ཞིང་། ཕྱི་མ་གཉིས་དོན་གཅིག་པས་རང་ལུགས་ཀྱི་སྐབས་སུ་འབྱུང་ངོ་། །གསུམ་པ་ལ་གསུམ་སྟེ། གཞུང་གང་གིས་རང་ངེས་གཞན་ངེས་སུ་འཇོག་པའི་ཚུལ། མཚན་ཉིད་དང་མཚན་གཞི་ངོས་གཟུང་བ། རྩོད་པ་སྤོང་བའོ། །དང་པོ་ནི། ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་ཡིན་ན། མཚན་གཞི་མངོན་རྗེས་གཉིས་ཀྱི་སྟེང་དུ་མཚན་ཉིད་མི་བསླུ་བ་དང་། ཤེས་པ་གཉིས་ཡོད་པར་གང་ལས་ངེས་ཤེ་ན། ཚད་མས་དྲངས་པའི་ངེས་ཤེས་ཀྱིས་ངེས་པ་ཡིན་ནོ། །ངེས་ཤེས་དེའང་རང་སྟོབས་ཀྱིས་དྲངས་པ་ཡིན་ནམ། གཞན་སྟོབས་ཀྱིས་དྲངས་པ་ཡིན་ཞེ་ན། ཤེས་པ་ཡོད་པའི་ཆ་ལ་རང་སྟོབས་ཀྱིས་འདྲེན་ནུས་པ་ཡིན་ནོ་ཞེས་པ་ནི། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པ་སྟེ། འདིས་ཀུན་ཏུ་ཐ་སྙད་པའི་ཚད་མ་ཐམས་ཅད་ཤེས་པའི་དོན་ལྡོག་གསལ་བའི་ཆ་ལ་རང་ངེས་ཚད་མ་དངོས་སུ་བསྟན་ཅིང་། དེས་རང་རིག་མངོན་སུམ་ཐམས་ཅད་མཚན་ཉིད་མི་བསླུ་བ་ལའང་རང་ངེས་སུ་གྲུབ་སྟེ། དེ་དང་རང་གི་འཇུག་ཡུལ་ལ་རང་ངེས་ཡིན་པ་དོན་གཅིག་པ་གང་ཞིག རང་རིག་མངོན་སུམ་གྱི་གསལ་བའི་ཆ་དེ་ཉིད་ཐ་སྙད་དུ་དེའི་འཇུག་ཡུལ་དུ་འཇོག་དགོས་པའི་ཕྱིར་རོ། །མི་བསླུ་བ་ཡོད་པ་ལ་རང་སྟོབས་ཀྱིས་འདྲེན་པའང་ཡོད། གཞན་སྟོབས་ཀྱིས་འདྲེན་པའང་ཡོད་ཅེས་པ་ནི། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་པ་སྟེ། ཐ་སྙད་ནི་ངེས་པ་བློའི་ཐ་སྙད་ངེས་ཤེས་ཡིན་ལ། ཚད་མ་ཉིད་ཅེས་པ་ནི་ཚད་མའི་དོན་ལྡོག་མི་བསླུ་བ་ཉིད་ཡིན་པའི་ཕྱིར་དང་། ངེས་ཤེས་དེ་རང་སྟོབས་ཀྱིས་འདྲེན་པ་དང་། གཞན་སྟོབས་ཀྱིས་འདྲེན་པ་གཉིས་ཡོད་པའི་ཕྱིར་རོ། །མདོར་ན་གཞུང་སྔ་མས་ཤེས་པའི་དོན་ལྡོག་ལ། རང་ངེས་ཁོ་ན་དང་། ཕྱི་མས་ཚད་མའི་དོན་ལྡོག་ལ། རང་ངེས་གཞན་ངེས་གཉིས་ཡོད་པར་བསྟན་ཅིང་། འོག་ནས་འཆད་པའི་རང་ངེས་གཞན་ངེས་ཀྱི་ཁྱད་པར་ཐམས་ཅད་འདི་ཉིད་ཀྱི་དབང་དུ་བྱས་པའོ། །གཉིས་པ་ནི། རང་ངེས་ཚད་མའི་མཚན་ཉིད། ཚད་མ་གང་ཞིག རང་གི་གཞལ་བྱའི་དོན་ལ་ངེས་པ་རང་སྟོབས་ཀྱིས་དྲངས་པས་རང་མྱོང་རང་རིག་མངོན་སུམ་གྱིས་རང་ཉིད་རང་གི་གཞལ་བྱ་ལ་མི་སླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ། གཞན་ངེས་ཚད་མའི་མཚན་ཉིད། ཚད་མ་གང་ཞིག རང་གི་གཞལ་བྱའི་དོན་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པས་རང་མྱོང་རང་རིག་མངོན་སུམ་གྱིས་རང་ཉིད་རང་གི་གཞལ་བྱ་ལ་མི་བསླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པར་ཚད་མ་གཞན་གྱི་སྟོབས་ཀྱིས་འདྲེན་དགོས་པའོ། །མཚན་གཞི་ལ་རྗེས་དཔག་ཐམས་ཅད་ནི་རང་ངེས་ཚད་མ་ཁོ་ན་ཡིན་ཏེ། ཚུལ་གསུམ་ཚང་བའི་རྟགས་ལས་བསྒྲུབ་བྱ་མ་ངེས་ན་རྗེས་དཔག་ཏུ་མི་རུང་ཞིང་། ངེས་ན་བསྒྲུབ་བྱ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར་རོ། །འདི་ལ་དགོངས་ནས་ལྷ་ཤཱཀ་ཆོས་མཆོག་གིས་འགྲེལ་པ་སུམ་ཆར་ལས་རྗེས་དཔག་རང་ངེས་ཁོ་ནར་བཤད་དོ། །མངོན་སུམ་ལ་བཞི་ལས། ཁ་ཅིག རྣལ་འབྱོར་མངོན་སུམ་ནི་རང་ངེས་ཚད་མ་ཁོ་ན་ཡིན་ཏེ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། འདིའི་བློ་གྲོས་ཆེན་པོ་ནི་མངོན་སུམ་གྱིས་མཐོང་བའི་དོན་ལ་འཁྲུལ་རྒྱུ་མེད་པས་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་ལ་འཇོག་པ་ཡིན་གྱིས། རྣལ་འབྱོར་མངོན་སུམ་ཁོ་ན་ལ་འཇོག་པ་སྐབས་ཀྱི་དོན་མ་ཡིན་པའི་ཕྱིར་དང་། སངས་རྒྱས་འཕགས་པའི་རྒྱུད་ལ་ངེས་ཤེས་མེད་པས་དེའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་གྱིས་ངེས་ཤེས་འདྲེན་པ་མི་སྲིད་པའི་ཕྱིར་རོ། །དེས་ན་རྣལ་འབྱོར་མངོན་སུམ་ལ་རང་ངེས་གཞན་ངེས་གང་ཡང་མེད་པ་སྲིད་ཅིང་། འཕགས་པ་རྟོག་བཅས་ཀྱི་རྣལ་འབྱོར་མངོན་སུམ་ནི་རང་ངེས་ཁོ་ནའོ། །རང་རིག་མངོན་སུམ་རྣམས་ནི་རང་ངེས་ཁོ་ན་ཡིན་ཏེ། རང་གི་འཇུག་ཡུལ་གྱི་གཙོ་བོ་ཤེས་པའི་དོན་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། འཇུག་ཡུལ་གྱི་རྫས་ཐམས་ཅད་ལ་རང་ངེས་ཚད་མ་མ་ཡིན་ཏེ། རྟག་འཛིན་གྱི་འཁྲུལ་རྒྱུས་རྒྱུད་བསླད་པའི་གང་ཟག་གི་རྒྱུད་ཀྱི་རང་རིག་མངོན་སུམ་ངེས་ཤེས་པའི་སྐད་ཅིག་མ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པའི་ཕྱིར། འཇུག་ཡུལ་གྱི་ཐ་སྙད་ལ་ཡང་རང་ལས་ངེས་ཀྱིས་མ་ཁྱབ་སྟེ། རྒྱང་འཕེན་གྱི་རྒྱུད་ཀྱི་རྗེས་དཔག་ཉམས་མྱོང་གི་རང་རིག་མངོན་སུམ་དེས་རྗེས་དཔག་གི་ཐ་སྙད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པའི་ཕྱིར། ཡིད་ཀྱི་མངོན་སུམ་ནི་རྒྱུན་མེད་པས་དེ་མ་ཐག་ཏུ་ངེས་ཤེས་འདྲེན་མི་ནུས་པའི་ཕྱིར་ན། གཞན་ངེས་ཀྱི་ཚད་མ་ཁོ་ན་ཡིན་ཏེ། རང་རིག་དང་། ཡིད་མངོན་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་པའོ། །དབང་པོའི་མངོན་སུམ་ལ་ཆོས་མཆོག་གིས་དོན་བྱེད་སྣང་གི་མངོན་སུམ་གོམས་པ་ཅན་གྱི་མངོན་སུམ་ཡིན་པས་རང་ངེས་དང་། འཇུག་པར་བྱེད་པའི་མངོན་སུམ་ནི་འཁྲུལ་རྒྱུ་མེད་ན་རང་ངེས་དང་ཡོད་ན་གཞན་ངེས་ཡིན་ཅིང་། འདི་ལ་གསུམ་ཡོད་པར་བཞེད་དོ། །རིགས་གཏེར་ལས། དོན་བྱེད་སྣང་གི་མངོན་སུམ་དང་། གོམས་པ་ཅན་གྱི་མངོན་སུམ་སོ་སོར་ཕྱེ་ནས། དེ་གཉིས་རང་ངེས་དང་འཁྲུལ་རྒྱུ་ཅན་གྱི་སྟེང་དུ། དང་པོ་པ་དང་ཡིད་མ་གཏད་པ་གཉིས་བསྣན་པས་གཞན་ངེས་ཀྱི་ཚད་མར་བཞེད་དོ། །དེ་ལ་དོན་བྱེད་སྣང་གི་མངོན་སུམ་ནི་མེས་བཙོ་སྲེག་གི་དོན་བྱེད་བཞིན་པར་སྣང་བའི་མེ་འཛིན་དབང་མངོན་ལྟ་བུའོ། །གོམས་པ་ཅན་གྱི་མངོན་སུམ་ནི་ཡུལ་ལ་ཡུན་རིང་དུ་གོམས་པས་སྤུ་རིས་ཟིན་པའི་མངོན་སུམ་ལྟ་བུའོ། །དང་པོ་པ་ནི་དངོས་པོ་འགའ་ཞིག་གི་རིགས་འདྲ་སྔར་མ་མཐོང་བ་གསར་དུ་མཐོང་བ་སྟེ། བ་མེན་དང་པོ་མཐོང་བའི་མངོན་སུམ་ལྟ་བུའོ། །ཡིད་མ་གཏད་པ་ནི་རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུང་འཛིན་དབང་མངོན་ལྟ་བུའོ། །འཁྲུལ་རྒྱུ་ཅན་ནི་རྐྱེན་གསུམ་ལས་དངོས་སུ་སྐྱེས་ཀྱང་། ཕྱི་ནང་གི་འཁྲུལ་རྒྱུ་འགའ་ཞིག་གིས་གེགས་བྱས་པས་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པ་སྟེ། དེ་ལ་དབྱེ་ན། སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས། སྣང་བ་ཉིད་ཀྱང་གཞན་ལས་ངེས་པ་དང་གསུམ་ལས། དེ་རེ་རེ་ལ་ཡང་དོན་ཚན་བཞི་བཞིའི་སྒོ་ནས་གཏན་ལ་དབབ་ན། དང་པོ་ལ་མཚན་གཞི་ནི། དོན་ལ་མེ་ཡིན་ཅིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་དམར་འབར་བ་འཛིན་པའི་དབང་མངོན་ལྟ་བུའོ། །དེ་དམར་འབར་བ་མེའི་ཁ་དོག་ཡིན་པའི་ཆ་ལ་ཚད་མ་ཡིན་ཏེ། དེ་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། དེ་ལ་གཞན་ངེས་ཡིན་ཏེ། ཡུལ་ཐག་རིང་བ་དང་། སྒྱུ་མའི་མེ་དང་ནོར་བུའི་འོད་ལ་སོགས་པའི་འཁྲུལ་རྒྱུས་རང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་པའི་ཕྱིར། ངེས་བྱེད་ཀྱི་ཚད་མ་ནི་ཕྱིས་མེའི་མདུན་དུ་ཕྱིན་ནས་བཙོ་སྲེག་གི་དོན་བྱེད་པར་མཐོང་བའི་སྟོབས་ཀྱིས་སམ། མངོན་སུམ་ཡུན་རིང་དུ་གོམས་པས་སྤུ་རིས་ཟིན་པའི་སྟོབས་ཀྱིས་སམ། དུ་བ་སྐྱེ་བར་མཐོང་བའི་རྟགས་ལས་མེ་ཡོད་པར་རྟོགས་པའི་རྗེས་དཔག་གི་སྟོབས་སམ། མེའི་དྲི་ལ་སོགས་པ་སྐྱེ་མཆེད་ཀྱི་རྫས་གཞན་གྱི་རྟགས་ལས་མེ་ཡོད་པར་རྟོགས་པའི་རྗེས་དཔག་གི་སྟོབས་ཀྱིས་ངེས་པར་བྱེད་དོ། །གཉིས་པ་ལ་མཚན་གཞི་ནི། དོན་ལ་ཤ་པ་ཡིན་ཅིང་། རྟོག་པས་ཤ་པ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་ཡལ་ག་ལོ་འདབ་དང་བཅས་པ་འཛིན་པའི་དབང་མངོན་ལྟ་བུ་སྟེ། ཆོས་གཞན་གསུམ་ནི་སྔ་མ་ལ་དཔགས་ཏེ་ཤེས་པར་བྱའོ། །གསུམ་པ་ལ་མཚན་གཞི་ནི། ཁ་ཅིག ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་ལྟ་བུའོ། །ཞེས་ཟེར་བ་མི་འཐད་དེ། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པ་དེས། སྒྲ་འཛིན་ཉན་ཤེས་སྐྱེ་བའི་ནུས་པ་ཉམས་པར་བྱས་པའི་ཕྱིར་ཏེ། དོན་གཞན་ཆགས་ཞེས་ནུས་ཉམས་ཚེ། །ཤེས་པ་སྐྱེ་བ་མ་མཐོང་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུགས་འཛིན་མིག་ཤེས་ལྟ་བུ་སྟེ། འདི་ལ་ཡང་ཆོས་གཞན་གསུམ་ནི་སྔ་མ་ལ་དཔགས་ཏེ་ཤེས་པར་བྱའོ། །གསུམ་པ་ནི་ཁ་ཅིག ངེས་བྱའི་ཚད་མ་དང་། ངེས་བྱེད་ཀྱི་ཚད་མ་གཉིས་ཡུལ་གཅིག་ན་ཚད་མ་ཕྱི་མ་བཅད་ཤེས་སུ་འགྱུར་ཞིང་། ཐ་དད་ན་ཡུལ་གཞན་དངོས་པོར་གྲུབ་པས། གཞན་དངོས་པོར་གྲུབ་པར་མི་འགྱུར་རོ་ཞེས་ཟེར་བ་ལ། གཞན་དག་ན་རེ། འཇུག་ཡུལ་གཅིག་དང་སྣང་ཡུལ་ཐ་དད་ཡིན་པས། སྐྱོན་གཉིས་ཀ་ལས་གྲོལ་ལོ་ཞེས་ཟེར་བ་ནི་མི་འཐད་དེ། ཚད་མ་སྔ་མའི་འཇུག་ཡུལ་རྟག་པར་ཐལ་བ་དང་། ཚད་མ་ཕྱི་མ་བཅད་ཤེས་སུ་ཐལ་བ་དང་། མངོན་སུམ་གྱི་འཇུག་ཡུལ་དང་། སྣང་ཡུལ་དོན་གཞན་མེད་པས་ཁས་བླངས་འགལ་བའི་སྐྱོན་གསུམ་ཡོད་པའི་ཕྱིར། དེས་ན་རང་ལུགས་ནི། ཚད་མ་སྔ་ཕྱི་གཉིས་ཀྱི་འཇུག་ཡུལ་རྒྱུན་གཅིག་ལ། རྫས་ཐ་དད་དུ་ཡོད་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །ཁ་ཅིག་གཞན་ངེས་ཚད་མར་འདོད་པའི་ཚད་མ་དེ་རང་ཡུལ་ལ་སྒྲོ་འདོགས་མི་གཅོད་ན་ཚད་མ་མ་ཡིན་ཞིང་། གཅོད་ན་རང་ངེས་སུ་འགྱུར་རོ་ཞེ་ན་སྐྱོན་མེད་དེ། མངོན་སུམ་ཡུལ་ལ་ཚད་མར་འགྱུར་བ་སྒྲོ་འདོགས་གཅོད་པ་ལ་མི་ལྟོས་པའི་ཕྱིར། ཡང་ཁ་ཅིག གྲངས་ཅན་གྱི་རྒྱུད་ཀྱི་བདེ་བ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། རང་ཉིད་རང་གི་གཞལ་བྱ་ལ་མི་བསླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་སུ་ཐལ། རང་ངེས་ཚད་མ་ཡིན་པའི་ཕྱིར། འདོད་ན། དེས་དྲངས་པའི་ངེས་ཤེས་དེས། གྲངས་ཅན་གྱི་རྒྱུད་ཀྱི་རང་རིག་མངོན་སུམ་དེ་དེའི་རྒྱུད་ཀྱི་བདེ་བ་ལ་མི་བསླུ་བར་ཐལ། འདོད་པ་དེའི་ཕྱིར། འདོད་ན། གྲངས་ཅན་པ་དེས་མངོན་སུམ་གྱིས་བདེ་བ་མི་མྱོང་བར། བདེན་ཞེན་གྱིས་འདོད་པའི་རྒོལ་བ་མ་ཡིན་པར་ཐལ་ལོ་ཞེ་ན། འོ་ན་རྒྱང་འཕེན་པ་དེ་རྗེས་དཔག་ཚད་མའི་གཞལ་བྱ་མེད་པར་བདེན་ཞེན་གྱིས་འདོད་པའི་རྒོལ་བ་མ་ཡིན་པར་ཐལ། དེའི་རྒྱུད་ཀྱི་ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་དེས་ལ་དང་མེའི་ཚོགས་དོན་ངེས་པའི་ཕྱིར། དེ་བཞིན་དུ་རྒྱང་འཕེན་པའི་རྒྱུད་ལ་རྗེས་དཔག་ངེས་པའི་ངེས་ཤེས་ཡོད་ཀྱང་རྗེས་དཔག་གི་ཐ་སྙད་ཁས་མི་ལེན་ཞིང་། དེའི་དོན་ངེས་པ་ལ་ངེས་པར་འཇོག་པ་ནི་སྐབས་འདིའི་གནད་ཀྱི་དོན་དུ་ཤེས་པར་བྱའོ། །བཞི་པ་དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལ་གཉིས་ཏེ། དགག་སྒྲུབ་ཀྱི་རྣམ་དབྱེ་དང་། དེ་ཚད་མས་རྟོགས་ནས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལོ། །དང་པོ་ནི། སྒྲུབ་པའི་མཚན་ཉིད། བློས་ཡོངས་གཅོད་དུ་རྟོགས་པར་བྱ་བ། དབྱེ་ན་སྣང་བའི་སྒྲུབ་པ་དང་། སེལ་བའི་སྒྲུབ་པ་གཉིས། དང་པོའི་མཚན་ཉིད། རྟོག་མེད་ཀྱི་ཤེས་པས་ཡོངས་གཅོད་དུ་རྟོགས་པར་བྱ་བ། མཚན་གཞི་ནི། དེའི་སྣང་ཡུལ་དུ་གྱུར་པའི་རང་མཚན་རྣམས་སོ། །གཉིས་པའི་མཚན་ཉིད། རྟོག་བློས་ཡོངས་གཅོད་དུ་རྟོགས་པར་བྱ་བའི་སྒྲོ་བཏགས། མཚན་གཞི་ནི། ཡོད་པ་གཞན་སེལ་རྣམས་སོ། །དགག་པ་ལ་གཉིས་ལས། སྣང་བའི་སྒྲུབ་པའི་ཟླས་ཕྱེ་བའི་དགག་པའི་མཚན་ཉིད། བློས་རྣམ་བཅད་དུ་རྟོགས་པར་བྱ་བ། དབྱེ་ན་མ་ཡིན་དགག་དང་། མེད་དགག་གཉིས། དང་པོའི་མཚན་ཉིད། རྟོག་བློས་དགག་བྱ་དགག་པ་རྣམ་པར་བཅད་ནས་ཡོངས་གཅོད་དུ་རྟོགས་པར་བྱ་བ། འདི་དང་སེལ་བའི་སྒྲུབ་པ་དོན་གཅིག་གོ །གཉིས་པའི་མཚན་ཉིད། རྟོག་བློས་དགག་བྱ་བསྒྲུབ་པ་རྣམ་པར་བཅད་ནས་རྣམ་བཅད་དུ་རྟོགས་པར་བྱ་བ། འདི་དང་མེད་དགག་དོན་གཅིག་གོ །རིགས་གཏེར་རང་འགྲེལ་ལས། དགག་བྱ་རྣམ་པར་བཅད་ནས་ཆོས་གཞན་འཕེན་པ་དང་མི་འཕེན་པ་འདི་གཉིས་ཀྱི་མཚན་ཉིད་དུ་གསུངས་པའི་དགོངས་པ་ནི། དགག་བྱ་རྣམ་པར་བཅད་པ་ཡང་སེལ་ངོར་ཡིན་ཞིང་། ཆོས་གཞན་འཕེན་པ་དང་མི་འཕེན་པ་ཡང་སེལ་ངོར་ཡིན་ལ། སེལ་ངོའི་དགག་སྒྲུབ་གཉིས་དང་། མེད་དགག་མ་ཡིན་དགག་གཉིས་དོན་གཅིག་པའི་དོན་ནོ། །ཆོས་གཞན་འཕེན་པ་ལ་ཡང་ཚིག་ཟིན་ལ་འཕེན་པ་དང་། དོན་གྱིས་འཕེན་པ་གཉིས་ལས། དང་པོ་ནི། རྟོག་པ་ལ་སྣང་བའི་བུམ་དག་གི་ས་ཕྱོགས་ལྟ་བུའོ། །གཉིས་པ་ནི། རྟོག་པ་ལ་སྣང་བའི་བུམ་པ་ལྟ་བུའོ། །སེལ་བའི་སྒྲུབ་པའི་ཟླས་ཕྱེ་བའི་དགག་པའི་མཚན་ཉིད། བློས་དགག་བྱ་བསྒྲུབ་པ་རྣམ་པར་བཅད་ནས་རྣམ་བཅད་ཙམ་དུ་རྟོགས་པར་བྱ་བ་སྟེ། འདི་དང་མེད་དགག་གཉིས། མཚན་ཉིད་གཅིག་གིས་མཚོན་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི། སྔོན་གྱིས་མཁས་པ་ཕྱྭ་པ་སོགས་ན་རེ། དངོས་རྟོགས་དང་། ཤུགས་རྟོགས་ཀྱི་མཚན་ཉིད་རིམ་བཞིན་དོན་དེ་ཉིད་ཀྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་དང་། དོན་གཞན་གྱིས་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་ཞེས་ཟེར་བ་ནི་མི་འཐད་དེ། རྗེས་དཔག་ཐམས་ཅད་ཤུགས་རྟོགས་ཉིད་དུ་ཐལ་བའི་ཕྱིར་རོ། །གཉིས་པ་ནི། བསྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་གམ། མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཀྱིས་སེལ་བའི་སྒྲུབ་པའམ་མ་ཡིན་དགག་སྒྲུབ་པ་ཡིན་ཏེ། སྒྲ་རྟག་འཛིན་གྱི་འཁྲུལ་རྒྱུ་དང་བྲལ་བའི་སྒྲ་འཛིན་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དེས་སྒྲ་མི་རྟག་པར་ངེས་པའི་ཚེ། སྒྲ་མི་རྟག་པར་གྲུབ་པའི་ཐ་སྙད་བྱེད། འཁྲུལ་རྒྱུ་ཡོད་ན་ཕྱིས་རྟགས་ལས་སྒྲ་མི་རྟག་པར་ངེས་པའི་ཚེ་སྒྲ་མི་རྟག་པར་གྲུབ་པའི་ཐ་སྙད་བྱེད་པའི་ཕྱིར། དགག་རྟགས་ལ་བརྟེན་པའི་རྗེས་དཔག་གམ། མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཀྱིས་དགག་པ་སྒྲུབ་པ་ཡིན་ཏེ། རྒོལ་བ་མཁས་པས་དག་འཛིན་དབང་པོའི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཀྱིས་ས་ཕྱོགས་སུ་བུམ་པ་མེད་པར་ངེས་པའི་ཚེ་བུམ་པས་དག་པའི་ཐ་སྙད་བྱེད། རྒོལ་བ་རྨོངས་པས་བུམ་པ་ཚད་མས་མ་དམིགས་པའི་རྟགས་ལས་ས་ཕྱོགས་སུ་བུམ་པ་མེད་པར་ངེས་པའི་ཚེ་བུམ་པས་དག་པའི་ཐ་སྙད་བྱེད་པའི་ཕྱིར། གསུམ་པ་ནི། མངོན་སུམ་ཤུགས་རྟོགས་མེད་ན་སློབ་དཔོན་གྱིས་གཞུང་གི་ཆ་འགར། ཤུགས་ལས་རྟོགས་པའི་དོན་གྱིས་གོ་བ། ཞེས་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། དེ་ནི་མངོན་སུམ་གྱི་བྱེད་པའམ་ཚུལ་གསུམ་གོམས་པ་ལས་གློ་བུར་བའི་རྗེས་དཔག་སྐྱེ་བ་ལ་དགོངས་པའི་ཕྱིར་རོ། །མཚན་ཉིད་བརྟག་པའི་རབ་ཏུ་བྱེད་པ་སྟེ་རབ་བྱེད་བརྒྱད་པ་བཤད་ཟིན་ཏོ།། ༈ །།གཉིས་པ་མཚན་གཞི་སོ་སོའི་དོན་ལ་གཉིས་ཏེ། མངོན་སུམ་དང་། རྗེས་དཔག་གོ །དང་པོ་ལ་གསུམ་སྟེ། མངོན་སུམ་ཡང་དག ལོག་ཕྱོགས་མངོན་སུམ་ལྟར་སྣང་། ཚད་མ་དང་འབྲས་བུའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། མཚོན་བྱའི་དབྱེ་བ། མཚན་གཞི་སོ་སོའི་དོན་ནོ། །དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཕྱྭ་པ་སོགས་མངོན་སུམ་དང་། མངོན་སུམ་ཚད་མ་སོ་སོར་ཕྱེ་ནས། དང་པོའི་མཚན་ཉིད། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ། ཕྱི་མའི་མཚན་ཉིད། སྔར་མ་རྟོགས་པའི་དོན་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པ་ཞེས་གསུངས་པ་མི་འཐད་དེ། གཉིས་སུ་ཕྱེ་བ་གཞུང་ལས་མ་བཤད་པའི་ཕྱིར་དང་། སྔར་མ་རྟོགས་པ་ལ་རྣམ་བཅད་མེད་ཅིང་སྒྲོ་འདོགས་གཅོད་པ་མངོན་སུམ་གྱི་རང་ལྡོག་ལ་མི་སྲིད་པའི་ཕྱིར། གཉིས་པ་ལ་མཚན་ཉིད་དངོས་དང་། དེའི་དོན་ངེས་པར་བྱ་བ་གཉིས་ལས། དང་པོ་ནི། ལོག་རྟོག་སེལ་བའི་དབང་དུ་བྱས་ན་རྟོག་བྲལ་མ་འཁྲུལ་བའི་རིག་པའམ། རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན། མ་འཁྲུལ་པའི་རིག་པ་དེ། མངོན་སུམ་གྱི་མཚན་ཉིད་ཡིན་ཞིང་། དེ་ཉིད་མངོན་སུམ་ཚད་མའི་མཚན་ཉིད་ཀྱང་ཡིན་ཏེ། རྣམ་ངེས་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་གསུངས་པའི་ཕྱིར། དེ་ཉིད་ཚད་མ་ཡིན་པའི་དབང་དུ་བྱས་ནས། མངོན་སུམ་ཚད་མ་ལ་མཚན་ཉིད་གཞན་མ་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། རྟོག་བྲལ་གྱི་དོན་ངེས་པར་བྱ་བ། མ་འཁྲུལ་བའི་དོན་ངེས་པར་བྱ་བ། གཉིས་ཀའི་དོན་ངེས་པར་བྱ་བའོ། །དང་པོ་ལ་བྲལ་བྱ་རྟོག་པ་ནི། སྒྲ་དོན་འཛིན་པའི་རྟོག་པ་སྟེ། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་དང་། རྣམ་ངེས་ལས། རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བའི་ཤེས་པ་སྟེ། ཞེས་གསུངས་སོ། །འོ་ན་རུང་བ་སྨོས་པའི་དགོས་པ་གང་ཞེ་ན། རྒྱ་གར་བ་ཁ་ཅིག བརྡ་ལ་མ་བྱང་བའི་བྱིས་པའི་རྒྱུད་ཀྱི་རྟོག་པ་བསྡུ་བའི་ཆེད་དུ་ཡིན་ཏེ། སྒྲ་དོན་འཛིན་པའི་བློ་དེས། དེ་ལ་མ་ཁྱབ་པའི་ཕྱིར་ཞེས་སྨྲ་བ་ནི་ཅིག་ཤོས་ལ་ཡང་མཚུངས་ཏེ། རུང་བ་འཛིན་པའི་བློ་དེས་བརྡ་བྱེད་རྒན་པོའི་རྒྱུད་ཀྱི་རྟོག་པ་ལ་མ་ཁྱབ་པའི་ཕྱིར། གལ་ཏེ་རུང་བ་འཛིན་པའི་རིགས་ལ་འཇོག་པས་སྐྱོན་མེད་ཅེ་ན། སྔ་མ་ལ་ཡང་མཚུངས་ཏེ། འདྲེས་པ་འཛིན་པའི་རིགས་ལ་འཇོག་པའི་ཕྱིར་རོ། །མདོར་ན་འདིར་བསྟན་གྱི་བྲལ་བྱ་རྟོག་པའི་མཚན་ཉིད། སྒྲ་དོན་འདྲེས་པ་འཛིན་པའི་དང་། སྒྲ་དོན་འདྲེས་རུང་འཛིན་པའི་དང་། སྒྲ་དོན་འཛིན་པའི་དང་། དོན་སྤྱི་འཛིན་པའི་ཞེན་བློ་རྣམས་ཁྱད་པར་མེད་པར་ཤེས་པར་བྱའོ། །དེ་དང་བྲལ་བའི་ཚུལ་ནི། རང་ལྡོག་ལ་རྟོག་པའི་མཚན་ཉིད་མི་ལྡན་པ་སྟེ། དེའི་དོན་ཡང་རང་མཚན་གཞིར་བཟུང་བའི་ཚེ་སྔར་གྱི་མཚན་ཉིད་དེ་མ་ཚང་བའོ། །གཉིས་པ་ནི། ཁ་ཅིག རྣམ་རིག་པ་ལྟར་མི་བསླུ་བ་ལ་འདོད་པ་དང་། ཁ་ཅིག དོན་དམ་པ་ཡུལ་དུ་བྱེད་པ་ལ་འདོད་པ་དང་། ཁ་ཅིག གཟུང་དོན་ལ་མ་འཁྲུལ་བ་ལ་འདོད་པ་ཡོད་ཀྱང་། རིགས་པས་གནོད་པས། རང་ལུགས་ནི། རྣམ་ངེས་ལས། དེ་ལ་མ་འཁྲུལ་བ་ནི་རབ་རིབ་དང་། མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་དང་འཁྲུལ་པ་ལ་སོགས་པས་འཁྲུལ་པར་མི་སྐྱེད་ཅིང་། ཞེས་གསུངས་པ་ལྟར། དབང་པོ་དང་། ཡུལ་དང་། བྱ་བ་ལ་སོགས་པའི་འཁྲུལ་རྒྱུས་འཁྲུལ་པར་མི་སྐྱེད་པའོ། །འོ་ན་རྟོག་པ་ཡང་མ་འཁྲུལ་བར་གྱུར་ཏེ། འཁྲུལ་རྒྱུ་དེ་དག་གིས་འཁྲུལ་པར་མི་སྐྱེད་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། སོགས་ཁོངས་ནས། ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་སྒྲུབ་པ། །ཞེས་དང་། གང་དེ་འཁྲུལ་པ་ཐོག་མེད་པའི། །དུས་ཅན་མཐོང་གོམས་ཀྱིས་སྤྲུལ་ཡིན། །ཞེས་པའི་སྐབས་ནས་བསྟན་པའི་འཁྲུལ་རྒྱུ་དེ་འདྲེན་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་རྟོག་བྲལ་དང་མ་འཁྲུལ་བ་གཉིས་ཀ་ཡང་རིགས་མི་མཐུན་སེལ་བ་ལ་དགོངས་སམ། ལོག་རྟོག་སེལ་བ་ལ་དགོངས་པ་ཡིན་ཞེ་ན། ཡང་དག་པ་ན་མ་འཁྲུལ་བའི་ཤེས་པས་རིགས་མི་མཐུན་མཐའ་དག་སེལ་ནུས་ཀྱང་། རྟོག་བྲལ་སྨོས་པ་ནི་བྱེ་བྲག་པ་དང་རིགས་པ་ཅན་པ་སོགས། དབང་ཤེས་རྟོག་པ་དང་བཅས་བཞིན་དུ་མ་འཁྲུལ་བར་འདོད་པའི་ལོག་རྟོག་དང་། ཁ་ཅིག འཇུག་ཡུལ་ལ་མ་འཁྲུལ་བས་ཀྱང་མ་འཁྲུལ་བས་གོ་ཆོད་པས་རྗེས་དཔག་ཀྱང་མ་འཁྲུལ་བ་ཡིན་ནམ་སྙམ་པའི་ལོག་རྟོག་བཟློག་པའི་ཆེད་དུ་སྨོས་པ་ཡིན་ནོ། །གཉིས་པ་མཚོན་བྱའི་དབྱེ་བ་ལ་ལྔ་སྟེ། གང་ལ་དབྱེ་བའི་གཞི། གང་དབྱེ་བའི་ངོ་བོ། གང་གིས་འབྱེད་པའི་རྒྱུ་མཚན། ཇི་ལྟར་ཕྱེ་བའི་དོན། ཇི་སྙེད་ཕྱེ་བའི་གྲངས་སོ། །དང་པོ་ནི། མ་འཁྲུལ་བའི་ཤེས་པ་ཙམ་མོ། །གཉིས་པ་ནི། དབང་པོ་དང་། ཡིད་དང་། རང་རིག་དང་། རྣལ་འབྱོར་གྱི་མངོན་སུམ་སྟེ་བཞིའོ། །གསུམ་པ་ནི། ཡུལ་གྱི་སྒོ་ནས། ཡུལ་གཞན་རིག་པ་དོན་རིག་གི་མངོན་སུམ་གཉིས། རང་རིག་པ་རང་རིག་གི་མངོན་སུམ། རང་གཞན་མེད་པར་རིག་པ་རྣལ་འབྱོར་མངོན་སུམ་མོ། །རྟེན་གྱི་སྒོ་ནས་དབང་པོ་ལ་བརྟེན་པ་དོན་རིག་གཉིས། གཞན་དབང་ཙམ་ལ་བརྟེན་པ་རང་རིག ཏིང་ངེ་འཛིན་ལ་བརྟེན་པ་རྣལ་འབྱོར་མངོན་སུམ་མོ། །གང་ཟག་གི་སྒོ་ནས་སོ་སྐྱེའི་མངོན་སུམ་དང་། འཕགས་པའི་མངོན་སུམ་གཉིས་སོ། །བཞི་པ་ནི་གཅིག་པ་བཀག་པའི་ཐ་དད་མ་ཡིན་ཏེ། བཞི་ཀ་ཡང་དངོས་པོ་ཡིན་པའི་ཕྱིར། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཙམ་ཡང་མ་ཡིན་ཏེ། མངོན་སུམ་གཞན་གསུམ་རྫས་ཐ་དད་ཡིན་པའི་ཕྱིར། རྫས་ཐ་དད་ཀྱང་མ་ཡིན་ཏེ། མངོན་སུམ་གཞན་གསུམ་པོ་རང་རིག་མངོན་སུམ་དང་ངོ་བོ་གཅིག་ཡིན་པའི་ཕྱིར། དེས་ན་མངོན་སུམ་གཞན་གསུམ་པོ་རྫས་ཐ་དད་དང་། དེ་གསུམ་རང་རིག་མངོན་སུམ་དང་ངོ་བོ་གཅིག་ལ། ཡུལ་གྱི་སྒོ་ནས་ཐ་དད་ཡིན་ནོ། །ལྔ་པ་ནི། མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཞེས་གསུངས་ཏེ། འདི་ལ་ཁ་ཅིག སྒྲ་ཇི་བཞིན་དུ། རྣམ་རིག་པའི་ལུགས་ལ། དབང་ཡིད་ཀྱི་མངོན་སུམ་གཉིས་མེད་པས། བཞིར་ཕྱེ་བ་མདོ་སྡེ་པ་ཁོ་ནའི་ལུགས་ཡིན་ཞེས་སྨྲའོ། །དེ་ནི་མི་འཐད་དེ། དམིགས་བརྟག་ལས། སེམས་ཙམ་པའི་ལུགས་ལ། དབང་མངོན་གྱི་རྐྱེན་གསུམ་བཤད་པས་དབང་མངོན་ཁས་བླང་དགོས་ཤིང་། དབང་མངོན་འདོད་ན་ཡིད་མངོན་ཀྱང་འདོད་དགོས་པར་རིགས་གཏེར་རང་འགྲེལ་ཉིད་ལས་བཤད་པའི་ཕྱིར་རོ། །ཁ་ཅིག་གཞུང་དེའི་དོན། སྣང་ཡུལ་ལ་མ་འཁྲུལ་བའི་མངོན་སུམ་གྱི་དབང་དུ་བྱས་པ་ཡིན་ཞེས་གསུངས་པ་ཡང་མི་འཐད་དེ། དབང་ཡིད་ཀྱི་མངོན་སུམ་གཉིས། གང་ལ་མངོན་སུམ་དུ་སོང་བའི་སྣང་ཡུལ་དེ་ལ། མ་འཁྲུལ་བར་རྣམ་རིག་པས་ཀྱང་ཁས་ལེན་དགོས་པའི་ཕྱིར་རོ། །འོ་ན་གཞུང་འདིའི་དགོངས་པ་ཇི་ལྟར་ཞེ་ན། ཐ་སྙད་ཀྱི་དབང་དུ་བྱས་ན། དབང་ཡིད་ཀྱི་མངོན་སུམ་གཉིས་པོ་ཕྱི་རོལ་གྱི་དོན་ལ་ཚད་མར་རྣམ་རིག་པས་ཁས་བླངས་ཀྱང་། འདིར་བསྟན་གྱི་གྲངས་ངེས་ནི་དོན་དམ་གནས་ལུགས་ལ་དཔྱོད་པའི་དབང་དུ་བྱས་པ་ཡིན་ལ། དེའི་ཚེ། དབང་ཡིད་ཀྱི་མངོན་སུམ་གཉིས་ཕྱི་རོལ་གྱི་དོན་ལ་ཚད་མར་འགྱུར་བར་མི་སྲིད་པར། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཁོ་ནར་འགྱུར་བས། མངོན་སུམ་དང་པོ་གསུམ་ངོ་བོའི་སྒོ་ནས་ཀྱང་གཅིག་ཅིང་། ཡུལ་གྱི་སྒོ་ནས་ཀྱང་གཅིག་པས། རང་རིག་མངོན་སུམ་དུ་བཞག་ལ། རྣལ་འབྱོར་མངོན་སུམ་ནི་ཡུལ་ཆོས་ཉིད་ལ་ཚད་མ་ཡིན་པས་རང་རིག་མངོན་སུམ་དང་ངོ་བོ་གཅིག་ཀྱང་། ཡུལ་གྱི་སྒོ་ནས་ཐ་དད་དུ་བཞག་གོ །མདོ་སྡེ་པའི་ལུགས་ལ་བཞི་ཆར་ཡང་ཡུལ་གྱི་སྒོ་ནས་ཐ་དད་ཡིན་ཏེ། རང་རིག་མངོན་སུམ་ནི་ཤེས་པ་དང་། དབང་མངོན་ནི་ཕྱི་རོལ་གྱི་དོན་དང་། ཡིད་མངོན་ནི་དེའི་ཡུལ་ལས་རྫས་གཞན་པའི་ཕྱི་རོལ་གྱི་དོན་དང་། རྣལ་འབྱོར་མངོན་སུམ་ནི་ཡང་དག་པའི་དོན་ལ་ཚད་མར་འཇོག་པ་ནི་གནས་ལུགས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ཡང་རང་འགྲེལ་ལས། མངོན་སུམ་གྱི་གྲངས་ངེས་པ་ནི་མདོ་སྡེ་པའི་ལུགས་ལ་བརྟེན་ནས། ཕྱི་རོལ་གྱི་དོན་ཞལ་གྱིས་བཞེས་པའི་ཚེ་ཡུལ་གྱི་སྒོ་ནས་བཞིར་ཕྱེ་སྟེ། ཞེས་གསུངས་པས་སོ། །དེ་ལྟར་བྱས་ནས་ཚད་འབྲས་གཉིས་པའི་སྐབས་སུ་དབང་ཤེས་ཀྱི་ཚད་འབྲས་བཞག་པའི་ཚེ་རང་རིག་འབྲས་བུར་གསུངས་པ་དང་། རིགས་གཏེར་རྩ་འགྲེལ་ལས། ཡུལ་གྱི་སྒོ་ནས་མངོན་སུམ་ལ་བཞིར་ཕྱེ་བའི་ཚེ། ཕྱི་དོན་ཁས་བླངས་དགོས་པས། མདོ་སྡེ་པ་ཁོ་ནའི་ལུགས་སུ་གསུངས་པ་རྣམས་གནད་གཅིག་ཏུ་རྟོགས་པར་འགྱུར་བས། རིགས་གཏེར་རྩ་བའི་ཚིག་རྐང་གཉིས་པོ་དེའི་མགོར་ཡུལ་གྱི་སྒོ་ནས་ཞེས་པའི་ཚིག་འདི་སྦྱོར་ཤེས་ན་གནད་ཐམས་ཅད་རང་གྲོལ་དུ་འགྱུར་རོ། །གསུམ་པ་མཚན་གཞི་སོ་སོའི་དོན་ལ་བཞི་ལས། དང་པོ་དབང་མངོན་ལ་ཡང་བཞི་སྟེ། མཚོན་པར་བྱེད་པའི་མཚན་ཉིད། མཚན་གཞིའི་དབྱེ་བ། མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ། མཚོན་བྱའི་སྒྲ་དོན་ནོ། །དང་པོ་ནི། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་གང་ཞིག་རྟོག་བྲལ་མ་འཁྲུལ་བའོ། །གཉིས་པ་ལ། བདག་རྐྱེན་གྱི་སྒོ་ནས་མིག་གི་དབང་པོའི་མངོན་སུམ་ནས། ལུས་ཀྱི་དབང་པོའི་མངོན་སུམ་གྱི་བར་ལྔ། དམིགས་རྐྱེན་གྱི་སྒོ་ནས་གཟུགས་འཛིན་དབང་མངོན་ནས་རེག་འཛིན་དབང་མངོན་གྱི་བར་ལྔ། དེ་མ་ཐག་རྐྱེན་གྱི་སྒོ་ནས་རང་ངེས་དབང་མངོན་དང་། གཞན་ངེས་དབང་མངོན་གཉིས་སོ། །གསུམ་པ་ལ་བཞི་སྟེ། དབང་པོ་ལས་སྐྱེས་པའི་དང་། གཞན་རིག་གི་ཤེས་པའི་དང་། རྟོག་བྲལ་གྱི་དང་། མ་འཁྲུལ་བའི་དོན་ངེས་པར་བྱ་བའོ། །དང་པོ་ལ། བདག་རྐྱེན་དབང་པོ་ངོས་བཟུང་བ་དང་། དེ་ལས་སྐྱེས་པར་བསྒྲུབ་པ་གཉིས་ལས། དང་པོ་ནི། རིགས་གཏེར་རང་འགྲེལ་ལས། གྲུབ་མཐའ་འགའ་ཞིག་ལ་གྲགས་པའི་དབང་པོ་མི་འགྲུབ་ཀྱང་། རྟེན་གཟུགས་ཅན་འདི་དག་ལ་ཡོད་པའི་ཡུལ་ལྔ་ལ་འཛིན་ནུས་ཤིག་ཡིན་ཏེ། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་པས་སོ། །ཞེས་གསུངས་པ་དེའི་དོན་ཡང་མངོན་པ་ལས་གྲགས་པ་ལྟར་ཟར་མའི་མེ་ཏོག་ལྟ་བུ་སོགས་དང་། རྣམ་རིག་པ་ལྟར་ཀུན་གཞིའི་སྟེང་གི་ནུས་པ་སོགས་འདིར་རིགས་པས་མི་འགྲུབ་ཀྱང་། རྐྱེན་གཞན་ཚང་ཡང་དབང་རྟེན་འདི་དག་ལ་ཡོད་པའི་ནུས་པ་ཞིག་མ་ཚང་ན་དབང་ཤེས་མི་འབྱུང་བའི་རྟགས་ལས་ནུས་པ་དེ་ཡོད་པར་གྲུབ་ཅིང་། ནུས་པ་དེ་ཡང་བེམ་ཤེས་གང་རུང་ལས་མ་འདས་པ་ལས་ཤེས་པར་མི་འཐད་དེ། དབང་ཤེས་ཡིན་ན། དབང་ཤེས་མ་སྐྱེས་པའི་སྔར་ནས་ཡོད་པས་ཐུག་མེད་དུ་འགྱུར་ཞིང་། ཡིད་ཤེས་ཡིན་ན་དབང་རྟེན་འདི་དག་ལ་བརྟེན་མི་དགོས་པའི་ཕྱིར་རོ། །དེའི་ཕྱིར་བེམ་པོར་གྲུབ་པས་གཟུགས་ཅན་ཙམ་ཞིག་ཁས་བླངས་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་ལས་སྐྱེས་པར་རྗེས་འགྲོའི་སྒོ་ནས་འགྲུབ་སྟེ། འདི་ལྟར་དབང་མངོན་བར་མ་ཆད་དང་། འབྲས་བུ་དབང་ཤེས་གཉིས་ཀ་མ་དམིགས་པ་ལས། དང་པོར་དབང་མངོན་བར་མ་ཆད་པར་དམིགས། དེའི་རྗེས་སུ་ཡུལ་འཛིན་པའི་རྣམ་པར་ཤེས་པ་དམིགས་པས། དེ་ལ་ཡོད་པའི་ནུས་པ་ཞིག་ལ་བརྟེན་པར་འགྲུབ་སྟེ། མེ་དུ་བཞིན་ནོ། །ཡང་ན་ལྡོག་པས་ཀྱང་འགྲུབ་བོ། །གཉིས་པ་ནི། རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་འདོད་པ་མདོ་སེམས་གཉིས་ཀ་མཐུན་ཀྱང་། མདོ་སྡེ་པས་དབང་པོའི་མངོན་སུམ་དུ་འཇོག་པ་ནི། ཕྱི་རོལ་གྱི་ཡུལ་ལ་ལྟོས་ནས་འཇོག་དགོས་པས། གཞན་རིག་གི་ཤེས་པར་འདོད་ལ། སེམས་ཙམ་པས་རང་ལས་གཞན་པའི་ཡུལ་ལ་ཚད་མར་མ་སོང་བས་རང་རིག་ཉིད་དུ་འདོད་དེ། དེས་ན་གཞན་རིག་མེད་པའི་ཕྱིར། །རང་རིག་འབྲས་བུ་ཡིན་པར་འདོད། །ཅེས་པ་ལྟར་རོ། །གསུམ་པ་ནི། ཚད་མ་མདོར། མིང་དང་རིགས་སོགས་སྦྱོར་བ་ཡིས། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་དམ་བཅའ་ཙམ་གསུངས་ཤིང་། རྣམ་འགྲེལ་འདིར། དེ་སྒྲུབ་བྱེད་ཀྱི་རིགས་པ་མང་དུ་གསུངས་ཀྱང་། རིགས་པའི་གཙོ་བོ་ནི། དེ་ཕྱིར་དབང་པོ་ལས་སྐྱེས་བློ། །ཐམས་ཅད་ཁྱད་པར་ཡུལ་ཅན་ཡིན། །ཞེས་པ་སྟེ། དབང་མངོན་ཆོས་ཅན། རྟོག་བྲལ་ཡིན་ཏེ། ཕྱི་དོན་རང་མཚན་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། །ཞེས་པའོ། །བཞི་པ་ནི། དབང་མངོན་ཆོས་ཅན། མ་འཁྲུལ་བ་ཡིན་ཏེ། འཁྲུལ་རྒྱུས་འཁྲུལ་བ་བསྐྱེད་པ་མ་ཡིན་གྱི། དོན་རང་མཚན་གྱིས་རང་ངོས་ནས་རང་འདྲའི་རྣམ་པ་གཏད་པའི་ཤེས་པ་ཡིན་པའི་ཕྱིར། བཞི་པ་ལ་སྒྲ་དོན་སྤྱིར་བསྟན་པ་དང་། དེ་ལས་འཕྲོས་ནས་རྐྱེན་གསུམ་གྱི་རྣམ་གཞག་གཉིས་ལས། དང་པོ་ནི། དབང་མངོན་དེ་རྐྱེན་གསུམ་ཆར་ལས་སྐྱེས་པར་མཚུངས་ཀྱང་། དམིགས་རྐྱེན་དང་། དེ་མ་ཐག་རྐྱེན་གྱི་སྒོ་ནས་ཐ་སྙད་མི་བྱེད་པར། བདག་རྐྱེན་གྱི་སྒོ་ནས་སྤྱིར་དབང་མངོན་དང་། བྱེ་བྲག་ཏུ་མིག་ཤེས་ལ་སོགས་པའི་ཐ་སྙད་བྱེད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། དབང་པོ་ཐུན་མོང་མིན་རྒྱུའི་ཕྱིར། །དབང་ཤེས་ཡིན་ཏེ་རྔ་སྒྲ་བཞིན། །ཞེས་གསུངས་ཏེ། བདག་རྐྱེན་དབང་པོ་གཟུགས་ཅན་པ་དེ་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པས། དེའི་ཐ་སྙད་ཀྱིས་བདེ་བླག་ཏུ་གོ་ནུས། གཞན་གཉིས་དེ་ལས་བཟློག་པའི་ཕྱིར་ཏེ། ཚད་མ་མདོར། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་གསུངས་པས་སོ། །གཉིས་པ་ལ་གསུམ་ལས། དང་པོ་མཚུངས་པ་དེ་མ་ཐག་རྐྱེན་ལ་ཡང་གསུམ་སྟེ། མཚན་ཉིད། མཚོན་བྱའི་སྒྲ་དོན། མཚན་གཞི་ལ་དོགས་པ་བཅད་པའོ། །དང་པོ་ནི། རིག་པ་གང་ཞིག ཆོས་གཞན་གྱིས་བར་མ་ཆོད་པར་རང་འབྲས་སུ་གྱུར་པའི་རིག་པ་གཙོ་བོར་གསལ་རིག་ཏུ་སྐྱེད་བྱེད་དོ། །གཉིས་པ་ནི། རྒྱུ་འབྲས་གཉིས་ཤེས་པར་མཚུངས་པས་ན་མཚུངས་པ། ཆོས་གཞན་གྱིས་བར་མ་ཆོད་པས་ན་དེ་མ་ཐག་ཏུ་སྐྱེད་པར་བྱེད་པས་ན་རྐྱེན་ནོ། །གསུམ་པ་ནི། འོ་ན་སྙོམས་འཇུག་གཉིས་ལ་སོགས་པ་སེམས་མེད་པའི་གནས་སྐབས་ལྔ་ལས་ལྡང་བའི་ལྡང་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གང་ཞེ་ན། ཁ་ཅིག དང་པོའི་འཇུག་སེམས་དེ་ཉིད་ཡིན་པར་འདོད་པ་དང་། ཁ་ཅིག ཀུན་གཞི་ཉིད་ཡིན་པར་འདོད་པ་ནི་མི་འཐད་དེ། དང་པོའི་འཇུག་སེམས་དང་འབྲས་བུའི་བར་དུ་དུས་རིང་པོས་ཆོད་པ་སྲིད་པའི་ཕྱིར་དང་། ཀུན་གཞི་རྣམ་རིག་པའི་ལུགས་ལ་འཐད་ཀྱང་མདོ་སྡེ་པའི་ལུགས་ལ་མི་འཐད་པའི་ཕྱིར་རོ། །དེས་ན་གནས་སྐབས་དེ་དག་ཏུ་ཡིད་ཀྱི་ཤེས་པ་མི་གསལ་བ་ཡོད་པས་དེས་ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་ཡིན་ནོ། །གཉིས་པ་བདག་རྐྱེན་ལ་མཚན་ཉིད། མཚན་གཞི། སྒྲ་དོན་དང་གསུམ་ལས། དང་པོ་ནི། རང་གི་བདག་འབྲས་སུ་གྱུར་པའི་དབང་མངོན་ཡུལ་སོ་སོར་འཛིན་ནུས་པའི་ཆ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རྐྱེན་དེ། རང་གི་བདག་འབྲས་སུ་གྱུར་པའི་དབང་མངོན་གྱི་བདག་རྐྱེན་གྱི་མཚན་ཉིད་དོ། །གཉིས་པ་ནི། སྔར་བཤད་ཟིན་ཏོ། །གསུམ་པ་ནི། གང་གི་དབང་གིས་དབང་ཤེས་ཀྱི་སྟེང་གི་ཡུལ་འཛིན་ནུས་རང་དབང་དུ་སྐྱེད་པར་བྱེད་པས་ན་བདག་རྐྱེན་ནོ། །གསུམ་པ་དམིགས་རྐྱེན་ལ་མཚན་ཉིད་དང་། མཚན་གཞི་གཉིས་ལས། དང་པོ་ནི། རྣམ་ཤེས་དེའི་སྟེང་གི་ཡུལ་གྱི་རྣམ་པའི་ཆ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་ཕྱི་དོན་དེ་རྣམ་ཤེས་དེའི་དམིགས་རྐྱེན་གྱི་མཚན་ཉིད། རྣམ་རིག་པ་ལྟར་ན། ཕྱི་དོན་གྱི་ཚབ་ཏུ་ནུས་པ་ཞེས་སྦྱར་རོ། །གཉིས་པ་ནི། ཆོས་མངོན་པ་བ་རྣམས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་ཆོས་ཐམས་ཅད་ལ་འདོད་ཀྱང་། འདིར་ནི་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ཉིད་ལ་འཇོག་དགོས་པས་གཟུགས་སོགས་དོན་ལྔའོ། །འོན་ཀྱང་གཟུང་དོན་དང་འདི་གཉིས་ཀྱི་ཁྱད་པར་ནི། རྣམ་པ་གཏོད་པ་ཙམ་གྱི་ཆ་ནས་དམིགས་རྐྱེན་དང་། རང་ངོས་ནས་རང་འདྲའི་རྣམ་པ་གཏོད་པའི་ཆ་ནས་གཟུང་དོན་དུ་འཇོག་པས། གཟུང་དོན་ལ་དམིགས་རྐྱེན་གྱིས་ཁྱབ་ཀྱང་རྣམ་ཤེས་དེའི་དམིགས་རྐྱེན་ལ་རྣམ་ཤེས་དེའི་གཟུང་དོན་གྱིས་མ་ཁྱབ་བོ། །གཉིས་པ་ཡིད་ཀྱི་མངོན་སུམ་ལ་གསུམ་སྟེ། ངོ་བོ་ངོས་བཟུང་བ། རང་བཞིན་གཏན་ལ་དབབ་པ། རྩོད་པ་སྤོང་བའོ། །དང་པོ་ལ། མཚན་ཉིད། དབྱེ་བ། རྐྱེན་གསུམ་ལ་དཔྱད་པ་དང་གསུམ་ལས། དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དང་། དེ་མ་ཐག་རྐྱེན་ཡིད་དབང་ལས་དངོས་སུ་སྐྱེས་ཤིང་གཟུང་དོན་ཅན་གྱི་ཤེས་པའོ། །གཉིས་པ་ནི། གཟུགས་འཛིན་ཡིད་མངོན་སོགས་ལྔའོ། །གསུམ་པ་ལ། བདག་རྐྱེན་ནི། དབང་ཤེས་རྒྱུད་ལྡན་དུ་འབྱུང་བའི་ཚེ། དབང་པོའི་རྣམ་པར་ཤེས་པ་ལྔ། ཡིད་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་ཏེ། ཡིད་མངོན་ཡིན་ན། དོན་རིག་ཡིད་མངོན་ཡིན་དགོས་ཤིང་། ཡིད་ཀྱི་རྣམ་པར་ཤེས་པས་དོན་རིག་ཡིད་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་མི་ནུས་པའི་ཕྱིར་ཏེ། དེའི་དེ་མ་ཐག་རྐྱེན་དང་། བདག་རྐྱེན་གཉིས་རྫས་གཅིག་ཡིན་པ་གང་ཞིག དེ་མ་ཐག་རྐྱེན་དེ་དབང་ཤེས་ཉིད་དུ། རྣམ་འགྲེལ་ངེས་གཉིས་ཆར་ལས་བཤད་པའི་ཕྱིར། དེ་མ་ཐག་རྐྱེན་ནི་ཇི་སྐད་བཤད་པའི་བདག་རྐྱེན་དེ་ཉིད་ཡིད་མངོན་མྱོང་བ་གསལ་རིག་ཏུ་བསྐྱེད་པའི་ཆ་ནས་དེ་མ་ཐག་རྐྱེན་དུ་འཇོག་སྟེ། རྣམ་ངེས་སུ། དབང་ཤེས་དེ་མ་ཐག་རྐྱེན་ལས། །བྱུང་ཞེས་དང་། རྣམ་འགྲེལ་ལས། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཞེས་གསུངས་པས་སོ། །དམིགས་རྐྱེན་ནི། དབང་མངོན་སྐད་ཅིག་དང་པོའི་དམིགས་རྐྱེན་ནི་ཡིད་མངོན་སྐད་ཅིག་དང་པོའི་དམིགས་རྐྱེན་མ་ཡིན་ཏེ། དེ་ཡིད་མངོན་གྱི་དེ་མ་ཐག་རྐྱེན་གྱི་དུས་སུ་འདས་ཟིན་པའི་ཕྱིར་ཏེ། སྐད་ཅིག་ཉིད་ཕྱིར་འདས་པ་ཡིས། །དོན་མཐོང་ཡོད་པ་མ་ཡིན་ཞིང་། །ཞེས་གསུངས་པའི་ཕྱིར། དེས་ན་དེའི་རིགས་འདྲ་སྐད་ཅིག་གཉིས་པ་དེ་ཡིད་མངོན་སྐད་ཅིག་དང་པོ་དང་། དབང་མངོན་སྐད་ཅིག་གཉིས་པ་གཉིས་ཀའི་གཟུང་དོན་ཡིན་ནོ། །གཉིས་པ་རང་བཞིན་གཏན་ལ་དབབ་པ་ལ། སྐྱེ་བའི་ཚུལ། དེ་ཚད་མར་བསྒྲུབ་པ། སྐྱེ་བའི་གནས་སྐབས་ལ་དཔྱད་པ་དང་གསུམ། དང་པོ་ནི། དབང་མངོན་ལྔ་འགགས་པའི་རྗེས་སུ་ཡིད་མངོན་ལྔ་ཅིག་ཅར་སྐྱེའམ་མི་སྐྱེ། མི་སྐྱེ་ན་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་མི་འགྲུབ་པར་འགྱུར་ཞིང་། སྐྱེ་ན་གང་ཟག་གཅིག་རྒྱུད་དུ་མར་ཐལ་ལོ་ཞེ་ན། དེ་ལྟར་སྐྱེ་ཡང་གང་ཟག་གཅིག་རྒྱུད་དུ་མར་ཐལ་བའི་སྐྱོན་མེད་དེ། ནང་དུ་རང་རིག་གི་རྒྱུན་གཅིག་གིས་བསྡུས་པའི་ཕྱིར། གཞན་དུ་ན་དབང་ཤེས་ལྔ་དང་རྟོག་པ་ཅིག་ཅར་སྐྱེས་པའི་ཚེ་གང་ཟག་གཅིག་རྒྱུད་དུ་མར་ཐལ་བའི་སྐྱོན་ཡོད་དོ། །འོ་ན་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་དུ་ཁ་ནང་བལྟས་ལ་རང་རིག་གི་རྒྱུན་གཅིག་ལས་མེད་པའི་ཕྱིར་ཏེ། ཡིད་མངོན་ལྔ་ལ་རྒྱུན་མེད་པས་དེ་དག་ཉམས་སུ་མྱོང་བའི་རང་རིག་ལ་ཡང་རྒྱུན་མེད་པའི་ཕྱིར་རོ། །གཉིས་པ་ནི། ཡིད་ཀྱི་མངོན་སུམ་དེ་ཚད་མ་ཡིན་ཏེ། དོན་བདེན་པ་ཤེས་པ་མ་འཁྲུལ་བས་བཟུང་བའི་ཕྱིར། འོན་ཀྱང་མངོན་སུམ་གཞན་བཞིན་དུ་རང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་ཏེ། རྒྱུན་མེད་པའི་ཕྱིར་རོ། །དེས་ན་འཇིག་རྟེན་གྱི་ཐ་སྙད་དུ་ཚད་མ་ཡིན་ནོ་ཞེས་པའི་ཐ་སྙད་མི་བྱེད་དེ། དཔེར་ན་དབང་ཤེས་ཀྱི་ཡུལ་རྡུལ་ཕྲ་རབ་ཡིན་ཡང་ཐ་སྙད་དུ་ཡུལ་གྱི་ཐ་སྙད་མི་བྱེད་པ་བཞིན་ནོ། །གསུམ་པ་ལ་གསུམ་སྟེ། བཤད་པའི་རྣམ་གྲངས་འགོད། འཐད་པའི་ཕྱོགས་ངོས་བཟུང་། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ལ། རྒྱན་གྱིས་དང་པོར་དབང་མངོན་སྐད་ཅིག་མ་གཅིག དེ་ནས་ཡིད་མངོན་སྐད་ཅིག་མ་གཅིག དེ་ནས་དབང་མངོན་སྐད་ཅིག་མ་གཉིས་པ་སྐྱེ་བ་སོགས། མགོ་དབང་མངོན་གྱིས་འཛིན་ཞིང་མཇུག་ཡིད་མངོན་གྱིས་བརྟུལ་ལོ། །ཞེས་བཞེད་པར་ཁ་ཆེ་པཎ་ཆེན་དཔོན་སློབ་ཀྱི་གསུང་སྒྲོས་ལས་འབྱུང་ངོ་། །སློབ་དཔོན་ཆོས་མཆོག་གིས་དབང་མངོན་གྱི་རྒྱུན་རྫོགས་པའི་མཇུག་ཏུ། ཡིད་མངོན་སྐད་ཅིག་མ་གཅིག་སྐྱེ་བ་ཡིན་གྱི་སྔ་རོལ་དུ་ནི་མ་ཡིན་ཏེ། མིག་གཟུགས་ལ་འཇུག་པའི་གནས་སྐབས་ཀྱི་གཟུགས་གསལ་བར་སྣང་བའི་ཤེས་པ་ཐམས་ཅད་མིག་ཤེས་ཡིན་པའི་ཕྱིར་ཏེ། གཞན་དུ་ན་མི་ཤེས་ཀྱི་མཚན་གཞི་རྙེད་པར་དཀའ་བའི་ཕྱིར་ཞེས་བཞེད་དོ། །བྲམ་ཟེ་ཆེན་པོས་དང་པོར་དབང་མངོན་སྐད་ཅིག་མ་གཅིག་ཁོ་ན་སྐྱེ་ཞིང་། དེའི་རྗེས་སུ་དབང་མངོན་གྱི་རྒྱུན་མ་རྫོགས་ཀྱི་བར་དུ། དབང་མངོན་དང་ཡིད་མངོན་གྲངས་མཉམ་དུ་སྐྱེ་བ་ཡིན་ལ། དབང་མངོན་དེ་རང་གི་རིགས་འདྲ་སྔ་མ་ལས་བྱུང་བའི་རྒྱུན་ཡོད་ཅིང་། ཡིད་མངོན་དེ་རང་གི་རིགས་འདྲ་སྔ་མ་ལས་མ་བྱུང་བར་དེ་མ་ཐག་རྐྱེན་དབང་མངོན་ལས་བྱུང་བས་རྒྱུན་མེད་པ་ཡིན་ནོ་ཞེས་བཞེད་དོ། །དེ་ལྟར་ལུགས་གསུམ་ལས། དང་པོ་རྒྱན་གྱི་བཞེད་པ་དེ་མི་འཐད་དེ། དབང་མངོན་སྐད་ཅིག་དང་པོའི་དུས་སུ་དབང་མངོན་སྐད་ཅིག་གཉིས་པའི་རྐྱེན་གསུམ་ཚང་བས། དངོས་རྒྱུ་ལས་དངོས་འབྲས་སྐྱེ་བ་ལ་སུས་ཀྱང་གེགས་མི་ནུས་པའི་ཕྱིར་དང་། གཞན་དུ་ན་དཔྱོད་པ་བས་དབང་ཤེས་མྱང་བྱ་མྱོང་བྱེད་སྤེལ་ནས་སྐྱེ་བར་འདོད་པ་ན། སློབ་དཔོན་གྱིས་རང་ཡུལ་བར་མ་ཆད་དུ་མི་སྣང་བར་ཐལ་བའི་སྐྱོན་གསུངས་པ་ཐམས་ཅད་འདི་ལ་ཡང་འཇུག་པའི་ཕྱིར་རོ། །ཆོས་མཆོག་གི་བཞེད་པ་ཡང་མི་འཐད་དེ། དབང་མངོན་གྱི་རྒྱུན་མ་རྫོགས་པའི་གོང་དུ་ཡིད་མངོན་གྱི་རྐྱེན་གསུམ་ཚང་བས་ཡིད་མངོན་སྐྱེ་བ་ལ་གེགས་བྱེད་པ་མེད་པའི་ཕྱིར་རོ། །གལ་ཏེ་དབང་མངོན་གྱིས་གེགས་བྱེད་དོ་སྙམ་ན་དེའང་མི་འཐད་དེ། དངོས་རྒྱུ་ལས་དངོས་འབྲས་སྐྱེ་བ་ལ་གེགས་མི་སྲིད་པའི་ཕྱིར་རོ། །གཞན་དུ་ན་རྒྱུན་གྱི་མཐར་ཡང་གེགས་བྱེད་པར་འགྱུར་རོ། །གཉིས་པ་ནི། མདོ་ལས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ། །ཞེས་དང་། ཚད་མ་མདོར། ཡིད་ཀྱང་དོན་དང་། ཞེས་དང་། དེའི་འགྲེལ་པར། ཡིད་ཀྱང་གཟུགས་ལ་སོགས་པ་ལ་དམིགས་ཤིང་ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་སྟེ། རྟོག་པ་མེད་པ་འབའ་ཞིག་གོ །ཞེས་དང་། དེའི་དོན་རྣམ་ངེས་ལས། དབང་ཤེས་དེ་མ་ཐག་རྐྱེན་ལས། །བྱུང་ཞིང་དེ་དོན་དེ་མ་ཐག །འཛིན་པར་བྱེད་པ་ཡིད་ཀྱང་ངོ་། །ཞེས་གསུངས་པ་རྣམས་ཀྱི་དོན་གཏན་ལ་དབབ་པ་ལ། སྐྱེ་ཚུལ་ངོས་བཟུང་བ་དང་། མངོན་སུམ་སོགས་ཀྱི་འགྲོས་བརྩི་བ་གཉིས། དང་པོ་ནི། དབང་མངོན་སྐད་ཅིག་མ་དང་པོ་དང་དུས་མཉམ་པའམ་སྔ་རོལ་དུ་སྐྱེ་བ་མ་ཡིན་ཏེ། ཡིད་མངོན་ཡིན་ན། རང་གི་དེ་མ་ཐག་རྐྱེན་དབང་མངོན་ལས་བྱུང་དགོས་པར་བཤད་པའི་ཕྱིར། དེས་ན་དབང་མངོན་སྐད་ཅིག་དང་པོའི་རྗེས་སུ་འབྱུང་ཞིང་། དེ་ལ་ཡང་དབང་མངོན་གྱི་རྒྱུན་རྫོགས་པའི་མཐར་འབྱུང་བ་ནི་མ་ཡིན་ཏེ། ཆོས་མཆོག་ལ་བརྗོད་པའི་སྐྱོན་གནས་པའི་ཕྱིར། རྒྱུན་མ་རྫོགས་པར་འབྱུང་བ་ལ་ཡང་། རྒྱན་ལྟར་སྤེལ་མར་འབྱུང་བ་མ་ཡིན་པར། དུས་མཉམ་པར་འབྱུང་བ་ཡིན་ལ། ཚུལ་ནི་དབང་མངོན་སྐད་ཅིག་དང་པོས་བདག་རྐྱེན་དང་དེ་མ་ཐག་རྐྱེན་བྱས། དེ་དང་དུས་མཉམ་པའི་ཕྱི་དོན་གྱིས་དམིགས་རྐྱེན་བྱས་ནས། དབང་མངོན་སྐད་ཅིག་གཉིས་པ་དང་དུས་མཉམ་པར་ཡིད་མངོན་སྐད་ཅིག་དང་པོར་རྫས་ལོགས་སུ་སྐྱེ་བ་ཡིན་ལ། དེ་ནས་བརྩམས་ཏེ་དབང་མངོན་གྱི་རྒྱུན་མ་རྫོགས་པར་གྲངས་མཉམ་དུ་སྐྱེ་བ་ཡིན་ནོ། །གཉིས་པ་ནི། དེའི་ཚེ་མངོན་སུམ་གྱི་འགྲོས་བརྩི་ན་འགྲོས་གསུམ་དུ་འགྱུར་ཏེ། ཁ་ཕྱིར་བལྟས་ལ་དབང་མངོན་དང་། ཡིད་མངོན་གྱི་འགྲོས་གཉིས། ནང་བལྟས་ལ་དེ་གཉིས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་འགྲོས་གཅིག་ཡོད་པའི་ཕྱིར། དམིགས་རྐྱེན་གྱིས་འགྲོས་ལྔར་འགྱུར་ཏེ། རྐྱེན་གསུམ་ཚན་པ་ལྔ་ཅིག་ཅར་དུ་ཡོད་པའི་ཚེ། དབང་མངོན་སྐད་ཅིག་གཉིས་པ་ལྔ་དང་། ཡིད་མངོན་སྐད་ཅིག་དང་པོ་ལྔ་སྟེ་བཅུ་སྐྱེ་ཡང་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་དང་། གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོ་གཉིས་དམིགས་རྐྱེན་གྱི་སྒོ་ནས་གཟུགས་འཛིན་པའི་མངོན་སུམ་གཅིག་ཏུ་འཇོག་པའི་ཕྱིར་རོ། །དེའི་ཚེ་ཡིད་བྱེད་ཀྱི་འགྲོས་བསྣན་ན་བདུན་དུ་འགྱུར་ཏེ། ཡིད་བྱེད་ཀྱི་སྒོ་ནས་རང་ངེས་གཞན་ངེས་གཉིས་སུ་ངེས་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤོང་བ་ལ། མུ་སྟེགས་བྱེད་ཀྱིས་རྩོད་པ་སྤོང་བ། འགྲེལ་བྱེད་གཞན་གྱིས་རྩོད་པ་སྤོང་བ། བོད་རྣམས་ཀྱིས་རྩོད་པ་སྤོང་བ་དང་གསུམ། དང་པོ་ནི། སྔར་མྱོང་བ་ནི་འཛིན་པ་ན། །ཞེས་སོགས་ཏེ་གཞུང་དོན་ལས་ཤེས་པར་བྱའོ། །གཉིས་པ་ནི། རྒྱན་ལ་བརྗོད་པའི་སྐྱོན་གྱིས་མི་གནོད་དེ། ཡིད་མངོན་གྱིས་ཡུལ་ངེས་པའི་བྱ་བ་མི་བྱེད་ཅིང་སྤེལ་མར་མི་སྐྱེ་བའི་ཕྱིར་རོ། །ཆོས་མཆོག་ལ་བརྗོད་པའི་སྐྱོན་གྱིས་མི་གནོད་དེ། དབང་མངོན་གྱི་རྒྱུན་མ་རྫོགས་པར་སྐྱེ་བ་ཡིན་གྱི། རྒྱུན་རྫོགས་པའི་མཐར་ཁོ་ན་མི་སྐྱེ་བའི་ཕྱིར། མིག་བྱེད་པ་དང་ལྡན་པའི་ཚེ་གཟུགས་གསལ་སྣང་ཅན་གྱི་ཤེས་པ་ཐམས་ཅད་མིག་ཤེས་མིན་ན། མིག་ཤེས་ཀྱི་མཚན་གཞི་མི་རྙེད་པར་ཐལ་བས་མི་གནོད་དེ། གཞན་དུ་ན་ཡིད་བྱེད་པ་དང་ལྡན་པའི་གཟུགས་གསལ་སྣང་ཅན་གྱི་ཤེས་པ་ཐམས་ཅད་ཡིད་མངོན་མ་ཡིན་ན། ཡིད་མངོན་གྱི་མཚན་གཞི་མི་རྙེད་པར་མཚུངས་ཤིང་། མིག་ཤེས་ལ་གཟུགས་གསལ་བར་སྣང་བའི་ཚེ། ཏིང་ངེ་འཛིན་ལ་གཟུགས་གསལ་བར་སྣང་བ་ཡང་མེད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། འགྲོས་གསུམ་གྱི་ཐ་སྙད་མི་འཐད་པར་ཐལ་བ་སྤོང་བ། ངེས་ཤེས་འདྲེན་མི་འདྲེན་གྱི་ཁྱད་པར་མེད་པར་ཐལ་བར་སྤོང་བ་དང་གཉིས་ལས། དང་པོ་ནི། ཉ་དབོན་ན་རེ། འགྲོས་གསུམ་གྱི་ཐ་སྙད་མི་འཐད་དེ། ཕྱི་བལྟས་ལ་དོན་རིག་གི་འགྲོས་གཉིས་ཡོད་པ་ལྟར། ནང་བལྟས་ལ་དེ་གཉིས་ཉམས་སུ་མྱོང་བའི་རང་རིག་གི་འགྲོས་གཉིས་ཏེ། ཡང་ན་འགྲོས་བཞིར་འགྱུར་ཞིང་། ནང་བལྟས་ལ་དེ་གཉིས་རང་རིག་ཏུ་གཅིག་པ་ལྟར། ཕྱི་བལྟས་ལ་ཡང་དེ་གཉིས་དོན་རིག་ཏུ་གཅིག་པས་ཡང་ན་འགྲོས་གཉིས་སུ་འགྱུར་བའི་ཕྱིར་ཞེ་ན། འོ་ན་མངོན་སུམ་ལ་བཞིར་དབྱེ་བ་ཡང་མི་འཐད་པར་ཐལ། དབང་ཡིད་རྣལ་འབྱོར་མངོན་སུམ་གསུམ། དེ་གསུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་སྟེ། ཡང་ན་དྲུག་ཏུ་འགྱུར་ལ་དེ་གསུམ་རང་རིག་ཏུ་གཅིག་ན་སྔ་མ་གསུམ་དོན་རིག་ཏུ་གཅིག་པས་ཡང་ན་གཉིས་སུ་འགྱུར་བའི་ཕྱིར། དེས་ན་ཚུར་མཐོང་ལ་དེའི་ཚེ་རྣལ་འབྱོར་མངོན་སུམ་མ་གཏོགས་པའི་མངོན་སུམ་ལེའུར་བཤད་པའི་མངོན་སུམ་གསུམ་ཅིག་ཅར་དུ་སྐྱེ་བས་མངོན་སུམ་བཞིའི་ནང་ནས་མངོན་སུམ་གསུམ་གྱི་འགྲོས་ཚང་ཞེས་པའི་དོན་ཡིན་གྱི། སྤྱིར་འགྲོས་གསུམ་དུ་མ་ངེས་ཏེ། དམིགས་རྐྱེན་སོགས་ཀྱི་འགྲོས་བརྩི་ན་ལྔ་དང་བདུན་དུ་ཡང་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་དུ་དབང་མངོན་དང་ཡིད་མངོན་གྲངས་མཉམ་དུ་སྐྱེ་ན། དེ་གཉིས་ལ་ངེས་པ་འདྲེན་ནུས་མི་ནུས་ཀྱི་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། འདིའི་ལན་དུ་རིགས་གཏེར་ལས། དབང་པོ་གཟུགས་ཅན་ལས་དབང་སྐྱེ། །དེས་ན་དབང་ཤེས་རྒྱུན་བཅས་ཡིན། །ཡིད་དབང་ལས་ནི་ཡིད་དབང་མིན། །དེ་ཡི་ཕྱིར་ན་དེ་རྒྱུན་མེད། །ཅེས་དང་། དེའི་རང་འགྲེལ་ལས། དབང་པོ་གཟུགས་ཅན་གྱི་སྐད་ཅིག་སྔ་མ་ལས་གཟུགས་ཅན་གྱི་སྐད་ཅིག་ཕྱི་མ་སྐྱེ་བས་མུ་སྟེགས་པའི་རྒྱུན་ལྟ་བུ་རྟག་པ་མེད་ཀྱང་རིགས་འདྲ་སྐྱེ་བ་བར་མ་ཆད་པའི་རྒྱུན་ཡོད་ལ། ཡིད་ཀྱི་དབང་པོ་ནི་དབང་ཤེས་སྔ་མ་འགགས་མ་ཐག་པ་ཙམ་ཡིན་པས། ཡིད་ཀྱི་དབང་པོ་གཞན་ལས་གཞན་མི་སྐྱེ་བས་རྒྱུན་མེད་པའི་ཕྱིར། སོ་སོ་སྐྱེ་བོས་མཚམས་སྦྱོར་མ་ནུས་པས་རང་ལས་ངེས་མ་ནུས་པ་ཡིན་ནོ། །ཞེས་གསུངས་པའི་དོན་ལ་ཁ་ཅིག སྒྲ་ཇི་བཞིན་ཉིད་དུ་ཡིད་དབང་ལས་ཡིད་དབང་མི་སྐྱེ་བ། རིགས་གཏེར་གྱི་དགོངས་པར་བྱས་ནས། དེ་འགོག་པ་ནི་ཁས་བླངས་མེད་པའི་དགག་པ་ལ་དགའ་བ་ཙམ་ཏུ་ཟད་དེ། ཡིད་དབང་ལས་ཡིད་དབང་མི་སྐྱེ་བ་རིགས་གཏེར་གྱི་དགོངས་པ་མ་ཡིན་པའི་ཕྱིར། ཁ་ཅིག དེ་ཉིད་དགོངས་པར་བྱས་ནས་སྒྲུབ་པར་བྱེད་པ་ཡང་མི་འཐད་དེ། དབང་པོའི་རྣམ་པར་ཤེས་པ་ཉིད་ཡིད་དབང་ཡིན་ཞིང་། དབང་ཤེས་སྔ་མ་ལས་ཕྱི་མ་སྐྱེ་བའི་ཕྱིར། ཁ་ཅིག ཡིད་མངོན་གྱི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་སྔ་མ་ལས་ཕྱི་མ་མི་སྐྱེ་བ་དགོངས་པར་འདོད་པ་ཡང་མི་འཐད་དེ། དབང་མངོན་སྐད་ཅིག་རེ་རེ་བཞིན་དུ་ཡིད་མངོན་གྱི་བདག་རྐྱེན་ཡིན་པའི་ཕྱིར་རོ། །ཁ་ཅིག ཡིད་མངོན་དུ་གྱུར་པའི་ཡིད་དབང་ལས་ཡིད་མངོན་དུ་གྱུར་པའི་ཡིད་དབང་མི་སྐྱེ་བའི་དོན་དུ་འདོད་པ་ཡང་ཚིག་གི་དོན་ལ་མ་ཞུགས་ཏེ། དེ་ལྟར་ན། དབང་པོ་གཟུགས་ཅན་ལས་དབང་སྐྱེ། །ཞེས་པའི་དོན་ཡང་དབང་མངོན་དུ་གྱུར་པའི་དབང་པོ་གཟུགས་ཅན་ལས་དབང་མངོན་དུ་གྱུར་པའི་དབང་པོ་གཟུགས་ཅན་སྐྱེ་ཞེས་པ་ལ་སྦྱོར་དགོས་པར་ཐལ་བའི་ཕྱིར་རོ། །དེས་ན་དགོངས་པ་འདི་ལྟར་ཡིན་ཏེ། དབང་མངོན་ལ་རྒྱུན་ཡོད་དེ། དབང་མངོན་གྱི་དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་ལས་ལོགས་སུ་གྱུར་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་སྔ་མ་ལས་ཕྱི་མ་སྐྱེ་བའི་ཕྱིར། ཡིད་མངོན་ལ་རྒྱུན་མེད་དེ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་ལས་ལོགས་སུ་གྱུར་པའི་བདག་རྐྱེན་ཡིད་དབང་སྔ་མ་ལས་ཕྱི་མ་སྐྱེ་བ་མེད་པའི་ཕྱིར། ཁྱབ་སྟེ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་གྱི་རྒྱུན་དེ་དབང་མངོན་གྱི་རྒྱུན་ཡིན་གྱི་ཡིད་མངོན་གྱི་རྒྱུན་མ་ཡིན་པའི་ཕྱིར། སྔ་མའི་གཏན་ཚིགས་གྲུབ་སྟེ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་དང་། བདག་རྐྱེན་གཉིས་རྫས་གཅིག་ཡིན་པའི་ཕྱིར། དེས་ན་དབང་མངོན་གྱི་རྐྱེན་གསུམ་ལ་རྫས་རྒྱུན་མི་འདྲ་བ་གསུམ་སོ་སོར་ཡོད་ཅིང་། དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་དེ་དབང་མངོན་རང་གི་རྫས་རྒྱུན་ཡིན་པས་དབང་མངོན་ལ་རྒྱུན་ཡོད་ལ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་དང་། དམིགས་རྐྱེན་གཉིས་ལ་རྫས་རྒྱུན་སོ་སོར་ཡོད་ཀྱང་། དེ་མ་ཐག་རྐྱེན་དང་། བདག་རྐྱེན་གཉིས་ལ་རྫས་རྒྱུན་སོ་སོར་མེད་ཅིང་། དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་དེ་ཡང་དབང་མངོན་གྱི་རྫས་རྒྱུན་ཡིན་གྱི། ཡིད་མངོན་རང་གི་རྫས་རྒྱུན་མ་ཡིན་པས་རྒྱུན་མེད་པ་ནི་བདག་ཉིད་ཆེན་པོ་འདིའི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །འོན་ཀྱང་འདི་རྟོགས་པ་ས་སྐྱ་པཎྜི་ཏའི་རྗེས་སུ་ཁོ་བོ་ལས་གཞན་མ་བྱུང་ངོ་། །གསུམ་པ་རང་རིག་མངོན་སུམ་ནི་ཚད་མ་མདོར། ཆགས་ལ་སོགས། རང་རིག་རྟོག་པ་མེད་པ་ཅན། །ཞེས་པ་རྩ་འགྲེལ་གྱི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། མཚན་ཉིད། མཚན་གཞི། རྣམ་གཞག་ལ་དཔྱད་པའོ། །དང་པོ་ནི། རང་གི་ངོ་བོ་ཡོངས་སུ་གཅོད་པར་བྱེད་པའི་འཛིན་རྣམ་སྟེ། དེ་ལ་བློ་ནི་ཡོངས་གཅོད་པ། །འཛིན་པའི་རྣམ་པར་འདོད་པ་སྟེ། །ཞེས་སོ། །གཉིས་པ་ནི། ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ཀྱང་། རང་ལྡོག་ནས་རང་རིག་མངོན་སུམ་མ་ཡིན་པས། ཤེས་པ་ཐམས་ཅད་ཀྱིས་མྱོང་བ་གསལ་རིག་གི་ཆ་དེ། རང་རིག་མངོན་སུམ་གྱི་མཚན་གཞི་ཡིན་ལ། དེ་ལ་གཉིས་སྣང་དང་བཅས་པ་དང་། གཉིས་སྣང་མེད་པའི་རང་རིག་མངོན་སུམ་གཉིས་ལས། དང་པོ་ནི། བློ་གཅིག་ཉིད་གཟུང་རྣམ་དང་འཛིན་རྣམ་གཉིས་སུ་སྣང་བ་ན། གཟུང་བར་སྣང་བ་མྱང་བྱ་དང་། འཛིན་པར་སྣང་བ་མྱོང་བྱེད་དུ་སྣང་བའི་གནས་སྐབས་སུ་སྣང་བའི་རང་རིག་དེ་ཉིད་ཡིན་ལ། གཉིས་པ་ནི། ཤེས་པ་ཐམས་ཅད་ཀྱི་སྟེང་གི་རང་གི་ངོ་བོ་མྱོང་ཙམ་དུ་སྐྱེས་པའི་ཆ་དེ་ཉིད་དོ། །གསུམ་པ་ལ། ཤེས་པ་ཡིན་ན། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པས་ཁྱབ་མ་ཁྱབ་དཔྱད། རང་རིག་དང་གཞན་རིག་འགལ་མི་འགལ་དཔྱད། རང་རིག་ལ་ཡུལ་ཡོད་མེད་དཔྱད་པ་དང་གསུམ་ལས། དང་པོ་ནི། སྔ་རབས་པ་ཁ་ཅིག་ན་རེ། གཉིས་སྣང་ཅན་གྱི་ཤེས་པ་དེ་ལ། རང་གི་ངོ་བོ་གསལ་ཙམ་གྱི་ཆ་དང་། ཡུལ་གཞན་རིག་པའི་ཆ་གཉིས་ལས། དང་པོ་ནི། འཛིན་རྣམ་ཡིན་པས། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ལ། ཕྱི་མ་ནི། གཟུང་རྣམ་ཡིན་པས་རང་གི་ངོ་བོ་ལ་རང་རིག་མངོན་སུམ་མ་ཡིན་ནོ་ཞེས་སྨྲའོ། །འོ་ན་བྱེ་བྲག་པས། སངས་རྒྱས་པའི་ངོར་ཚོར་བ་བདེ་བ་ཆོས་ཅན། རང་གི་ངོ་བོ་མི་རིག་པར་ཐལ། ཡུལ་གཞན་རིག་པའི་ཕྱིར། ཞེས་པ་འདི་ལ་འདོད་ལེན་འདེབས་རིགས་པར་ཐལ་བ་དང་། སྔོ་འཛིན་དབང་མངོན་ཆོས་ཅན། སྔོན་པོ་མི་རིག་པར་ཐལ། རང་གི་ངོ་བོ་མི་རིག་པའི་ཕྱིར། ཞེས་པ་འདི་རང་རིག་མེད་པར་འདོད་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། རྣམ་ངེས་ལས། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་དང་། འདིར་ཅི་སྟེ་རང་ངོས་མི་རིག་ན། །ཇི་ལྟར་གཞན་གྱི་ངོ་བོ་རིག །ཅེས་གསུངས་པ་དང་འགལ་ལོ། །རང་ལུགས་ལ་ཤེས་པ་ཡིན་ན། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པས་ཁྱབ་པར་བསྒྲུབ་པ་ལ་ལུང་རིགས་གཉིས་ལས། དང་པོ་ནི། ཚད་མ་མདོར། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། །ཞེས་དང་། རྣམ་འགྲེལ་ལས། རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་སོ། །གཉིས་པ་ལ། སྒྲུབ་བྱེད་འགོད་པ་ནི། སྔོ་འཛིན་དབང་མངོན་དེ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ཏེ། དེའི་མྱང་བྱར་གྱུར་པའི་རྣམ་པ་དེ། སྔོ་འཛིན་དབང་མངོན་གྱི་བདག་ཉིད་ཡིན་པའི་ཕྱིར་ཏེ། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་སོ། །དེ་ཡང་གྲུབ་སྟེ། ཕྱིས་ཀྱི་དྲན་པའི་རྟགས་ལས་སྔོ་འཛིན་དབང་མངོན་ལ་རང་དུས་སུ་མྱོང་བྱེད་ཡོད་པར་གྲུབ་ཅིང་། མྱོང་བྱེད་རྫས་གཞན་པ་མེད་པའི་ཕྱིར་ཏེ། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་སོ། །རང་མྱོང་མེད་པ་ལ་གནོད་བྱེད་བརྗོད་པ་ནི་བདེ་སོགས་ལ་མྱོང་བྱེད་རྫས་གཞན་གཅིག་ཡོད་པར་ཐལ། དེ་ལ་མྱོང་བྱེད་ཡོད། རང་མྱོང་མེད་པའི་ཕྱིར་རོ། །འདོད་ན། རང་དང་དུས་མཉམ་པའི་ཤེས་པ་རྫས་གཞན་གྱིས་མྱོང་བ་ཡིན་ནམ། ཕྱིས་བྱུང་བའི་ཤེས་པ་རྫས་གཞན་གྱིས་མྱོང་བ་ཡིན། ཞེས་དཔྱད་ནས། གཞུང་ལས་བཤད་པའི་གནོད་བྱེད་རྣམས་བརྗོད་པར་བྱའོ། །གཉིས་པ་ནི། དེ་གཉིས་འགལ་ཏེ། ཆོས་གཅིག་ལ་གཞན་རིག་གི་ཤེས་པ་ཡིན་ན། གཞན་རིག་ཡིན་པས་མ་ཁྱབ་ཅིང་། རང་གི་ངོ་བོ་ལ་རང་རིག་ཡིན་ན། རང་རིག་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །དེས་ན་མདོ་སྡེ་པའི་ལུགས་ལ། དབང་ཡིད་གཉིས་པོ་དེ་གང་ལ་མངོན་སུམ་དུ་སོང་བའི་ཡུལ་རང་ལས་རྫས་གཞན་པ་ཡོད་པས། དོན་རིག་མངོན་སུམ་ཡིན་གྱི། རང་རིག་མངོན་སུམ་མ་ཡིན་ལ། རྣམ་རིག་པའི་ལུགས་ལ། དེ་གཉིས་མངོན་སུམ་དུ་སོང་བའི་ཡུལ་རང་ལས་རྫས་གཞན་མེད་པས་རང་རིག་མངོན་སུམ་དུ་ཁས་ལེན་ནོ། །དེ་ལྟར་བྱས་ན། རྣམ་རིག་པའི་ལུགས་ལ། མངོན་སུམ་གཉིས་སུ་ངེས་པ་དང་། དམིགས་བརྟག་ལས། དབང་མངོན་གྱི་རྐྱེན་གསུམ། སེམས་ཙམ་རང་ལུགས་ཀྱི་དབང་དུ་བྱས་ནས་ངོས་བཟུང་མཛད་པ་མི་འགལ་ཞིང་། ཚད་འབྲས་གཉིས་པར་དབང་ཤེས་ཀྱི་ཚད་འབྲས་ལ་ཡང་རང་རིག་འབྲས་བུར་བཞག་པ་རྣམས་དོན་གཅིག་ཏུ་འདུས་པ་འབྱུང་ངོ་། །གསུམ་པ་ནི། རིགས་གཏེར་རང་འགྲེལ་ལས། རང་རིག་མངོན་སུམ་ལ་ཡུལ་མེད་པར་བཤད་ཅིང་། རྣམ་འགྲེལ་ལས། རང་བདག་ཡུལ་དུ་བཞག་པ་ན། །གཞལ་བྱ་འཇལ་བྱེད་འབྲས་གནས་པ། །འདི་ནི་ཀུན་ལ་སྦྱར་བར་བྱ། །ཞེས་དང་། ངེས་པར་བློ་དང་ལྷན་ཅིག་ཏུ། །ཅིག་ཅར་དུ་ནི་མྱོང་འགྱུར་བའི། །ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་གང་གིས་ནི་འགྲུབ་པར་འགྱུར། །ཞེས་རང་རིག་མངོན་སུམ་གྱི་མྱང་བྱ་དེ་ཉིད་རང་རིག་མངོན་སུམ་གྱི་ཡུལ་དུ་བཤད་པ་རྣམས་ཀྱི་དགོངས་པ་གང་ཞེ་ན་འདི་ལ་ཁ་ཅིག ཐ་སྙད་དང་དོན་དམ་སོ་སོར་མ་ཕྱེ་བར་རང་རིག་ལ་ཡུལ་མེད་པ་སྒྲ་ཇི་བཞིན་དུ་འཆད་པ་ནི་མི་རིགས་ཏེ་ཐ་སྙད་དུ་རང་རིག་ལ་ཡུལ་མེད་ན་ཐ་སྙད་དུ་གཟུང་རྣམ་དེ་འཛིན་རྣམ་གྱི་གཞལ་བྱ་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཁ་ཅིག དོན་དམ་གྱི་དབང་དུ་བྱས་ནས་ཀྱང་ཡུལ་ཡོད་དེ། འཇུག་ཡུལ་ལ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། ཚད་མ་ཡིན་པའི་ཕྱིར། ཞེས་སྨྲ་བ་ནི། ཚད་མའི་མཚན་ཉིད། མི་བསླུ་བའི་ཤེས་པ་དང་། མི་བསླུ་བ་དེ་ཡང་། མི་བསླུ་ལས་དང་བྱེད་པོ་དང་། །བྱ་བ་གསུམ་གྱི་བདག་ཉིད་ཅན། །ཞེས་ཁྱད་པར་གསུམ་ལྡན་དུ་གསུངས་པ་དང་། དབྱེ་ན་མངོན་རྗེས་གཉིས་སུ་ཡོད་པས། རང་སྤྱི་གཉིས་གཞལ་བྱར་བྱེད་ཅེས་པའི་རྣམ་གཞག་ཐམས་ཅད་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་པའི་དོན་མ་རྟོགས་པའོ། །གནད་ཀྱི་དོན་ནི་འདི་ཡིན་ཏེ། དོན་དམ་རིགས་པས་དཔྱད་པའི་ཚེ། རང་རིག་ལ་ཡུལ་མེད་དེ། དེའི་ཚེ་གཟུང་རྣམ་འཛིན་རྣམ་གྱི་ཡུལ་མ་ཡིན་པའི་ཕྱིར་ཏེ། དེའི་ཚེ་བློ་གཅིག་ལ་གཟུང་འཛིན་རིག་གསུམ་དབྱེར་མེད་པའི་ཕྱིར་རོ། །དཔེར་ན་དོན་དམ་རིགས་པས་དཔྱད་པའི་ཚེ། སྒྲ་གཅིག་ཉིད་ཀྱི་སྟེང་དུ་རྟགས་ཆོས་དོན་གསུམ་དབྱེར་མེད་པས་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་མེད་པ་བཞིན་ནོ། །ཐ་སྙད་དུ་རང་རིག་མངོན་སུམ་ལ་ཡུལ་ཡོད་དེ། ཐ་སྙད་དུ་གཟུང་འཛིན་རིག་གསུམ་ལ་ཚད་འབྲས་གཞལ་གསུམ་བཞག་ཏུ་ཡོད་པའི་ཕྱིར། དཔེར་ན་ཐ་སྙད་དུ་སྒྲ་གཅིག་ཉིད་ལ་རྟོག་པས་སྒྲ་བྱས་མི་རྟག་པའི་ལྡོག་པ་གསུམ་སོ་སོར་ཕྱེ་ནས་རྟགས་ཆོས་དོན་གསུམ་དུ་བཞག་པས། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་འཐད་པ་བཞིན་ནོ། །དེས་ན་དོན་དམ་ལ་དགོངས་ནས། རྣམ་འགྲེལ་ལས། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་དང་། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་ཞེས་དང་། རིགས་གཏེར་རང་འགྲེལ་ལས་ཀྱང་། རང་རིག་ལ་ཡུལ་མེད་པར་གསུངས་སོ། །ཐ་སྙད་ལ་དགོངས་ནས་རྣམ་འགྲེལ་གྱི་སྔར་གྱི་གཞུང་གཉིས་དང་། འདི་གཉིས་ཀྱི་དེ་མ་ཐག་ཏུ། མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱི། །གཟུང་བ་འཛིན་པ་རིག་པ་དག །ཐ་དད་ལྡན་ཞིང་རྟོག་བྱར་འགྱུར། །ཞེས་དང་། གཞལ་བྱ་དང་། འཇལ་བྱེད་འབྲས་བུར་གནས་པ་འདི། །ཅི་ལྟར་རྗེས་སུ་གནང་བཞིན་བྱ། །ཞེས་སོགས་གཟུང་རྣམ་འཛིན་རྣམ་གྱི་ཡུལ་དང་གཞལ་བྱ་ཡིན་པའི་རྣམ་གཞག་མང་དུ་གསུངས་སོ། །མདོར་ན་དོན་དམ་པར་བློ་གཅིག་ལ་གཟུང་འཛིན་རིག་གསུམ་དང་། ཚད་འབྲས་གཞལ་གསུམ་བཞག་ཏུ་མེད་ཀྱང་། ཐ་སྙད་དུ་དེ་དག་གི་རྣམ་གཞག་བྱེད་པར་གསུངས་པའི་རྣམ་འགྲེལ་གྱི་གཞུང་རྣམས་ཀྱི་དོན་རྟོགས་ན། འདིའི་མཐའ་ཆོད་པར་འགྱུར་ཞིང་། འཆད་ཚུལ་གཞན་ལ་ནི་སྙིང་པོ་མ་མཐོང་ངོ་། །བཞི་པ་རྣལ་འབྱོར་མངོན་སུམ་ནི། བདེ་བར་གཤེགས་པས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག ཅེས་གསུངས་པ་དང་། ཚད་མ་མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་དང་། རྣམ་འགྲེལ་ལས། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་སྒོམ་བྱུང་ཡིན། །ཞེས་གསུངས་པའི་དོན་གཏན་ལ་དབབ་པ་ལ། གསུམ་སྟེ། རང་བཞིན་ངོས་བཟུང་བ། ཡུལ་ལ་ཚད་མར་འགྱུར་ཚུལ། སྒྲུབ་བྱེད་ཀྱི་རིགས་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། རྒྱུ་བསམ་པའོ། །དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡང་དག་པའི་དོན་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཡང་དག་པའི་དོན་ལ་མ་འཁྲུལ་བའི་རིག་པའོ། །གཉིས་པ་ལ་རྟེན་གྱི་སྒོ་ནས། ཉན་ཐོས། རང་རྒྱལ། ཐེག་ཆེན་འཕགས་པའི་རྣལ་འབྱོར་མངོན་སུམ་གསུམ། དེ་ལ་སློབ་མི་སློབ་ཀྱི་སྒོ་ནས་ལྔར་འགྱུར་ཏེ། ཉན་ཐོས་སློབ་པ་དང་མི་སློབ་པའི་རྣལ་འབྱོར་མངོན་སུམ་གཉིས། རང་རྒྱལ་མི་སློབ་པའི་རྣལ་འབྱོར་མངོན་སུམ། ཐེག་ཆེན་སློབ་པ་དང་མི་སློབ་པའི་རྣལ་འབྱོར་མངོན་སུམ་གཉིས་རྣམས་སུ་འགྱུར་བའི་ཕྱིར་རོ། །དེ་ལ་སྣང་བཅས་སྣང་མེད་ཀྱི་སྒོ་ནས་བཅུར་འགྱུར་ཏེ། ལྔ་པོ་རེ་རེ་ལ་ཡང་མཉམ་གཞག་དང་རྗེས་ཐོབ་ཀྱིས་བསྡུས་པའི་རྣལ་འབྱོར་མངོན་སུམ་གཉིས་གཉིས་སུ་ཡོད་པའི་ཕྱིར་རོ། །གསུམ་པ་ལ། ཡེ་ཤེས་གཉིས་ཀྱི་རྒྱུ། དེ་མཐར་ཕྱིན་པའི་དུས། ཐབས་ལ་ལྟོས་པ་འབྲས་བུའི་ཁྱད་པར་རོ། །དང་པོ་ནི། བདག་མེད་རྟོགས་པའི་ཤེས་རབ་དེས་ཉེར་ལེན་དང་། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་འགྲུབ་ཅིང་། དེ་ལས་ལྡོག་པས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་འགྲུབ་པ་ཡིན་ནོ། །གཉིས་པ་ལ། ཉན་ཐོས་ཀྱི་རྣལ་འབྱོར་མངོན་སུམ་མཐར་ཕྱིན་པའི་དུས་ནི་བརྩོན་འགྲུས་མྱུར་བས་ཚེ་གསུམ་ལ་མཐར་ཕྱིན་པ་ཡིན་ཏེ། མྱུར་བ་སྲིད་པ་གསུམ་གྱི་མཐར། །ཞེས་གསུངས་པའི་ཕྱིར། རང་རྒྱལ་གྱི་རྣལ་འབྱོར་མངོན་སུམ་བསྐལ་པ་བརྒྱས་མཐར་ཕྱིན་པ་ཡིན་ཏེ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་གསུངས་པའི་ཕྱིར། ཐེག་ཆེན་གྱི་རྣལ་འབྱོར་མངོན་སུམ་བསྐལ་པ་གྲངས་མེད་གསུམ་གྱིས་མཐར་ཕྱིན་པ་ཡིན་ཏེ། དེ་གྲངས་མེད་གསུམ་ལ་སངས་རྒྱས། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཉན་རང་དགྲ་བཅོམ་པའི་རྣལ་འབྱོར་མངོན་སུམ་གྱིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མ་རྟོགས་ཏེ། དེས་མ་རིག་པའི་བག་ཆགས་མ་སྤངས་པའི་ཕྱིར་ཏེ། ཐབས་སྙིང་རྗེ་དམན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱི་རྣལ་འབྱོར་མངོན་སུམ་གྱིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་ཏེ། དེས་མ་རིག་པའི་བག་ཆགས་སྤངས་པའི་ཕྱིར་ཏེ། ཐབས་སྙིང་རྗེ་ཆེན་པོ་བསྐལ་པ་གྲངས་མེད་གསུམ་དུ་གོམས་པར་བྱས་པའི་ཕྱིར། དེ་ལྟར་ཡང་། རྣམ་པ་དུ་མར་ཐབས་མང་པོ། །ཞེས་སོགས་དང་། ཉོན་མོངས་མེད་དང་ནད་མེད་དང་། །ཞེས་སོགས་ཀྱིས་སྟོན་ཏོ། །གཉིས་པ་ཡུལ་ལ་ཚད་མ་འགྱུར་ཚུལ་ལ་ཁ་ཅིག རྣམ་མཁྱེན་སྐད་ཅིག་མ་དང་པོ་ཚད་མ་དང་། གཉིས་པ་བཅད་ཤེས་སུ་འདོད་པ་མི་འཐད་དེ། མངོན་སུམ་ཐམས་ཅད་རྟོག་བྲལ་མ་འཁྲུལ་བའི་ཤེས་པར་གྲུབ་པས། ཚད་མར་གྲུབ་པ་བཞིན་དུ་འདི་ཡང་ཚད་མ་ཡིན་པའི་ཕྱིར་རོ། །འོ་ན་མངོན་སུམ་གྱིས་རང་ཡུལ་མ་ངེས་ན། དེ་རང་མཚན་ཡོད་མེད་ལ་འཇུག་ལྡོག་བྱེད་པ་མི་འཐད་ཅིང་། དེས་ན་རྟོག་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། སོ་སོ་སྐྱེ་བོའི་ཚད་མས་རང་སྟོབས་དང་། གཞན་སྟོབས་གང་རུང་གིས་ངེས་པ་དྲངས་པའི་སྒོ་ནས་འཇུག་ལྡོག་བྱེད་ཅིང་། འཕགས་པ་རྟོག་པའི་བག་ཆགས་དང་མ་བྲལ་བ་རྣམས་རང་བཞིན་དུ་གནས་པའི་ཚེ། སོ་སྐྱེ་དང་འདྲ་ལ། སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་ལ་སོགས་པ་ལ་གནས་པའི་ཚེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇུག་ལྡོག་བྱེད་པ་ཡིན་ལ། རྟོག་པའི་བག་ཆགས་དང་བྲལ་བ་རྣམས་ཏིང་ངེ་འཛིན་ཁོ་ནའི་སྟོབས་ཀྱིས་འཇུག་ལྡོག་བྱེད་པ་ཡིན་ནོ། །འོ་ན་སངས་རྒྱས་ཀྱི་ཡེ་ཤེས་དེས། འདས་པ་དང་མ་འོངས་པ་མཁྱེན་ནམ་མི་མཁྱེན་ཞེ་ན། སྔ་རབས་པ་ཁ་ཅིག དེས་ད་ལྟར་བ་དངོས་སུ་མཁྱེན་ཅིང་། འདས་མ་འོངས་ཤུགས་ལ་མཁྱེན་པ་ཡིན་ཞེས་དང་། ཁ་ཅིག དེ་གཉིས་ཀྱི་རྣམ་པར་ཤར་བའི་སྒོ་ནས་མཁྱེན་པ་ཡིན་ཞེས་དང་། ཁ་ཅིག སངས་རྒྱས་ཀྱི་ས་ན་ཡེ་ཤེས་མེད་པ་ཡིན་ཞེས་ཟེར་བ། མི་འཐད་དེ། མངོན་སུམ་ཤུགས་རྟོགས་བཀག་ཟིན་ཅིང་། འདས་མ་འོངས་ཀྱིས་རང་ངོས་ནས་རྣམ་པ་གཏད་པ་ཡིན་ན། དེ་གཉིས་རྫས་སུ་གྲུབ་པར་འགྱུར་ཞིང་། བག་ཆགས་ཀྱི་དབང་གིས་རྣམ་པ་ཤར་ན་ཡུལ་ཅན་རྟོག་པར་འགྱུར་ལ། ཕྱི་མ་ལྟར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་པར་ཐལ་ལོ། །དེས་ན་དེས་ཤེས་བྱ་མཁྱེན་ཚུལ་ཚུར་མཐོང་གི་བློས་དཔག་པར་མི་ནུས་ཏེ། དེས་དེ་མཁྱེན་ཚུལ་བསམ་གྱིས་མི་ཁྱབ་པར་གནས་པའི་ཕྱིར། གསུམ་པ་སྒྲུབ་བྱེད་ཀྱི་རིགས་པ་ལ། ངོ་བོ་སྒྲུབ་པ། མཚན་ཉིད་བསྒྲུབ་པ། གྲུབ་པ་ལ་མི་འཐད་པ་སྤངས་པ་དང་གསུམ། དང་པོ་ལ། འདས་པ་བྱུང་ཟིན་བསྒྲུབ་པ་དང་། མ་འོངས་པ་ན་འབྱུང་འགྱུར་བསྒྲུབ་པ་གཉིས་ལས། དང་པོ་ནི། ཚིག་གི་ཁྱད་པར་ངེས་གྱུར་ན། །སྔོན་བྱུང་བ་ཡང་དཔག་པར་ནུས། །ཞེས་གསུངས་སོ། །རྒྱན་གྱིས་གང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཅིང་འགལ་བ་མེད་ན། ཡུལ་དེ་མངོན་སུམ་དུ་རྟོགས་པས་ཁྱབ། དཔེར་ན་རང་རང་གི་ཡུལ་འཆད་པ་བཞིན། གཞུང་འབུམ་པ་ལ་སོགས་པ་རྩོམ་པ་པོ་རྣམས་ཀྱང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཅིང་འགལ་བ་མེད་པ་ཡིན་ནོ། །ཞེས་གསུངས་པའི་རྟགས་ལ་བརྟེན་ནས་ཡུལ་རྟོགས་པའི་རྣལ་འབྱོར་མངོན་སུམ་སྔོན་དུ་སོང་བར་གྲུབ་བོ། །གཉིས་པ་ལ། རྟགས་འགོད་པ་དང་། ཚུལ་བསྒྲུབ་པ་གཉིས། དང་པོ་ནི། དེ་ཕྱིར་ཡང་དག་ཡང་དག་མིན། །ཞེས་སོགས་དང་། འདི་ལྟར་གོམས་པ་སྔ་མ་དང་། །ཞེས་སོགས་ཀྱིས་སྟོན་ཏེ། སྟོང་ཉིད་བསྒོམ་པའི་བློ་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་གོམས་པར་བྱས་ན་གོམས་བྱའི་དོན་ལ་གསལ་སྣང་འབྱུང་བ་ངེས་ཏེ། རྟེན་བརྟན་པ་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་དེ་བསྒོམ་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པའོ། །དང་པོ་ལ། རྟེན་བརྟན་པ་བསྒྲུབ་པ། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་བསྒྲུབ་པ། དེ་བསྒོམ་པ་བསྒྲུབ་པ་དང་གསུམ། དང་པོ་ལ། རིག་པའི་སྔོན་མཐའ་ཐུག་མེད་དུ་བསྒྲུབ་པ་དང་། ཕྱི་མཐའ་ཐུག་མེད་དུ་བསྒྲུབ་པ་གཉིས་ལས། དང་པོ་ནི། དེ་ཕྱིར་ངེས་པར་གང་ཉིད་ཀྱི། །ཞེས་སོགས་དང་། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་པ་སྟེ། སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། འདིའི་ཕྱོགས་ཆོས་རང་རྒྱུད་ལ་མྱོང་བས་གྲུབ་ཅིང་། ཁྱབ་པ་བསྒྲུབ་པ་ལ། ཚུ་རོལ་མཛེས་པ་བ་རྣམས་ན་རེ། སྐྱེས་མ་ཐག་པའི་རིག་པ་དེ་རིག་པ་སྔ་མ་སྔོན་དུ་སོང་བ་མ་ཡིན་ཏེ། སྐྱེ་བ་སྔ་མ་མེད་པའི་ཕྱིར་ཞེ་ན། འདིའི་ལན་དུ་ཚད་མ་གྲུབ་པའི་ལེའུར་གསུངས་པའི་སྐྱེ་བ་སྔ་མ་མེད་པ་འགོག་པའི་རིགས་པ་རྣམས་སྦྱར་བར་བྱའོ། །གཉིས་པ་ལ། བདག་འཛིན་དང་བཅས་པའི་གསལ་བ་ཐུག་མེད་དུ་བསྒྲུབ་པ་དང་། བདག་འཛིན་མེད་པའི་གསལ་བ་ཐུག་མེད་དུ་བསྒྲུབ་པ་གཉིས། དང་པོ་ནི། དེ་ཕྱིར་བློ་གནས་པ་ཡི་རྟེན། །ཞེས་སོགས་ཚིག་རྐང་དྲུག་གིས་སྟོན་ཏེ། བདག་འཛིན་དང་བཅས་པའི་འཆི་ཁ་མའི་རིག་པ་ཆོས་ཅན། རིག་པ་ཕྱི་མར་མཚམས་སྦྱོར་བར་ངེས་ཏེ། རིག་པ་ཕྱི་མར་མཚམས་སྦྱོར་བའི་རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི་ཕྱིར། རྒྱུ་ཚོགས་ཚང་བ་ནི། བདག་འཛིན་ལས་བྱུང་བའི་ལས་ཉོན་གཉིས་ཚང་བ་ཡིན་ལ། གེགས་མེད་པ་ནི་བདག་མེད་རྟོགས་པའི་ཤེས་རབ་མེད་པའོ། །གཉིས་པ་ནི། འདོད་ཆགས་བྲལ་བས་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །ཞེས་ཏེ། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་ཚེ་འདིར་རིག་པ་ཕྱི་མར་མཚམས་སྦྱོར་བའི་རྒྱུ་ཚོགས་ཚང་སྟེ། བདག་འཛིན་མེད་ཀྱང་སྔ་མའི་ལས་ཀྱི་དབང་གིས་སྦྱོར་བ་ཡིན་པའི་ཕྱིར། ཐེག་ཆེན་དགྲ་བཅོམ་པ་རིག་པ་ཕྱི་མར་མཚམས་སྦྱོར་བར་ངེས་པ་ཡིན་ཏེ། དེའི་རྒྱུ་སྙིང་རྗེ་ཆེན་པོ་ཡོད་པའི་ཕྱིར་རོ། །འོ་ན་ལྷག་མེད་དུ་མྱ་ངན་ལས་འདའ་བའི་ཚེ་རིག་པ་ཕྱི་མར་མཚམས་སྦྱོར་བ་མེད་པས་རྟེན་བརྟན་པར་མི་འགྲུབ་བོ་ཞེ་ན། འདིར་རྟེན་བརྟན་པ་ནི་སོ་སྐྱེའི་བདག་མེད་རྟོགས་པའི་བློ་དེ་རྣལ་འབྱོར་མངོན་སུམ་མ་བྱུང་གི་བར་དུ་རྟེན་བརྟན་པར་བསྒྲུབ་པ་ཡིན་གྱི། དེ་སྐྱེས་ནས་རྟེན་བརྟན་པར་བསྒྲུབ་པ་ལ་དགོས་པ་མེད་དེ། གོམས་པས་བསྒྲུབ་པ་མེད་ཅེ་ན། །ཞེས་པའི་ལན་དུ། རྟེན་བརྟན་པར་བསྒྲུབ་པའི་ཕྱིར་རོ། །གཉིས་པ་ནི། སེམས་ལས་བརྩེ་སོགས་གོམས་སྐྱེ་བ། །ཅེས་སོགས་ཏེ། བརྩེ་བ་སྙིང་རྗེ་ཆེན་པོ་དང་བདག་མེད་རྟོགས་པའི་བློ་ཆོས་ཅན། ཁྱོད་གོམས་པ་ལས་རང་གི་ངང་གིས་ཁྱད་པར་དུ་འགྱུར་ཏེ། ལུས་ཀྱི་འབད་རྩོལ་ལ་མི་ལྟོས་པར་སེམས་ཀྱི་སྟེང་དུ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར་རོ། །གསུམ་པ་དེ་བསྒོམ་པ་ནི། རང་རིག་མངོན་སུམ་གྱིས་གྲུབ་བོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ནི། རྟེན་བརྟན་པ་བསྒོམ་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་དེ་བསྒོམ་པ་ཡིན་ན། གོམས་བྱའི་དོན་ལ་གསལ་སྣང་འབྱུང་བར་ངེས་པས་ཁྱབ་སྟེ། དེ་ལྟ་བུའི་བློ་དེ་གསལ་སྣང་མ་བྱུང་གི་བར་དུ་འགལ་རྐྱེན་གྱི་གེགས་མེད་པ་ཡིན་པའི་ཕྱིར། དཔེར་ན་འདོད་འཇིགས་གོམས་པའི་བློ་བཞིན་ནོ། །གཉིས་པ་མཚན་ཉིད་བསྒྲུབ་པ་ནི། རྟོག་བྲལ་དང་མ་འཁྲུལ་བ་གཉིས་ཀ་ཡང་། ཡང་དག་པའི་དོན་ལ་གསལ་སྣང་ཐོབ་པས་འགྲུབ་སྟེ། སྤྱིར་གསལ་བར་སྣང་བས་རྟོག་མེད་འགྲུབ་ཅིང་། བྱེ་བྲག་ཡང་དག་པའི་དོན་གསལ་བར་སྣང་བས་མ་འཁྲུལ་བ་འགྲུབ་པའི་ཕྱིར་རོ། །གསུམ་པ་གྲུབ་པ་ལ་མི་འཐད་པ་སྤོང་བ་ལ། སྤང་པ་ཕུན་ཚོགས་མི་འཐད་པ་སྤོང་བ་དང་། ཡེ་ཤེས་ཕུན་ཚོགས་མི་འཐད་པ་སྤོང་བ་གཉིས། དང་པོ་ནི། ཉོན་མོངས་པ་གཏན་ནས་སྤངས་པའི་སྤངས་པ་མེད་དེ། དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སྤོང་མི་ནུས་པ་དང་། ནུས་ཀྱང་སྤོང་བའི་ཐབས་མེད་པ་དང་། ཡོད་ཀྱང་མི་ཤེས་པ་དང་། ཤེས་ཀྱང་སྤངས་པ་སླར་ལྡོག་པའི་ཕྱིར། ཞེས་རྩོད་པའི་རིགས་བཞི་ལས། ལན་གྱི་རིགས་ཀྱང་བཞི་སྟེ། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །ཞེས་སོགས་དང་། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་སོགས་དང་། རྒྱུ་ཡི་རང་བཞིན་ཤེས་པ་ཡིས། །ཞེས་སོགས་དང་། བདག་ལྟའི་ས་བོན་སྤང་བའི་ཕྱིར། །ཞེས་སོགས་སོ། །གཉིས་པ་ལ། གོམས་པ་མི་སྲིད་པ་སྤོང་བ་དང་། སྲིད་ཀྱང་ཐམས་ཅད་མཁྱེན་པ་མི་སྲིད་པ་སྤོང་བ་གཉིས། དང་པོ་ནི། སྙིང་རྗེ་ཆེན་པོ་དང་། སྟོང་ཉིད་རྟོགས་པའི་བློ་གོམས་པ་ལས་མཐའ་མེད་དུ་འཕེལ་བ་མི་འཐད་དེ། མཆོངས་པ་གོམས་པ་ལས་མཐའ་མེད་དུ་མི་འཕེལ་བ་དང་། ཆུ་བསྲོས་པ་ལས་མཐའ་མེར་མི་འགྱུར་བ་དང་། གསེར་གྱི་ཞུ་བ་སླར་ཡང་ལྡོག་པ་བཞིན། ཞེས་པའི་རྩོད་པའི་རིགས་གསུམ་ལས། ལན་གྱི་རིགས་ཀྱང་གསུམ་སྟེ། སེམས་ལ་བརྩེ་སོགས་གོམས་སྐྱེ་བ། །ཞེས་སོགས་དང་། བརྩེ་རང་ས་བོན་ལས་བྱུང་བ། །ཅེས་སོགས་དང་། སླར་ལྡོག་རུང་བར་འགྱུར་བྱས་གང་། །ཞེས་སོགས་སོ། །གཉིས་པ་ནི། དེ་གཉིས་བསྒོམས་པས་སེམས་རྒྱུད་དེའི་རང་བཞིན་དུ་འགྱུར་བ་སྲིད་ཀྱང་། ཐམས་ཅད་མཁྱེན་པ་མེད་དེ། ཤེས་བྱའི་གྲངས་ལ་མཐའ་མེད་པའི་ཕྱིར་ཞེ་ན་དེའི་ལན་ནི། དགོས་པའི་དོན་ཀུན་མཁྱེན་པས་ཐམས་ཅད་མཁྱེན་པར་བསྒྲུབ་པ་དང་། དེ་ལ་བརྟེན་ནས་ཤེས་བྱའི་དོན་ཀུན་མཁྱེན་པས་ཐམས་ཅད་མཁྱེན་པར་བསྒྲུབ་པ་གཉིས། དང་པོ་ནི། མི་ཤེས་སྟོན་པར་བྱེད་པ་ལ། །ཞེས་སོགས་ཚིགས་བཅད་བཞིའོ། །གཉིས་པ་ནི། མདོར། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་དང་། འདིར། བླང་དང་དོར་བྱའི་དེ་ཉིད་ནི། །ཞེས་སོགས་སོ། །མངོན་སུམ་ཡང་དག་བཤད་ཟིན་ཏོ།། ༈ །།གཉིས་པ་ལོག་ཕྱོགས་མངོན་སུམ་ལྟར་སྣང་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། འཁྲུལ་པའི་ཤེས་པའོ། །གཉིས་པ་ལ་གཉིས་ཏེ། རྟོག་པ་དང་། རྟོག་མེད་མངོན་སུམ་ལྟར་སྣང་ངོ་། །དང་པོ་ལ་མཚན་ཉིད་ནི། རྟོག་པ་འཁྲུལ་པའི་ཤེས་པའོ། །དབྱེ་བ་ནི་མདོ་མཛད་པས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱ་འོ། །ཞེས་དྲུག་ཏུ་གསུངས་པའི་འཁྲུལ་པའི་ཤེས་པ་ནི། སྨིག་རྒྱུ་ལ་ཆུར་འཛིན་པ་དང་། ཐག་ཁྲ་ལ་སྦྲུལ་དུ་འཛིན་པའི་བློ་ལྟ་བུའོ། །ཀུན་རྫོབ་པའི་ཤེས་པ་ནི། བ་ལང་གི་སྤྱི་འཛིན་པའི་རྟོག་པ་ལྟ་བུའོ། །རྗེས་དཔག་དང་རྗེས་སུ་དཔག་པ་ལས་བྱུང་བ་གཉིས་ནི་རྟགས་ལ་བརྟེན་པའི་དབང་དུ་བྱས་པ་སྟེ། སྔ་མ་ནི་རྟགས་འཛིན་སེམས་དང་། ཕྱི་མ་ནི་རྟགས་ཅན་རྗེས་དཔག་ཡིན་པར་རྒྱལ་དབང་བློས་གསུངས་སོ། །དྲན་པ་དང་མངོན་འདོད་གཉིས་ནི། རྟགས་ལ་མ་བརྟེན་པའི་དབང་དུ་བྱས་པ་སྟེ། སྔ་མ་ནི་འདས་པའི་དོན་དྲན་པའི་དྲན་ཤེས་དང་། ཕྱི་མ་ནི་མ་འོངས་པའི་དོན་མངོན་པར་འདོད་པའི་བློའོ། །དེ་དག་དཔལ་ལྡན་གྲགས་པས་གསུམ་དུ་བསྡུས་པའི་ཚུལ་ནི་ཀུན་རྫོབ་པའི་ཤེས་པ་ལ་བརྡ་རྟེན་ཅན་གྱི་རྟོག་པ་དང་། འཁྲུལ་པའི་ཤེས་པ་ལ་དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་དང་། ཕྱི་མ་བཞི་ལ་ལྐོག་ཏུ་གྱུར་པའི་དོན་ཅན་གྱི་རྟོག་པ་ཞེས་གསུངས་སོ། །དེ་དག་མངོན་སུམ་ལྟར་སྣང་དུ་བསྟན་པའི་དགོས་པ་ནི། དང་པོ་གཉིས་རིགས་པ་ཅན་པས་དབང་ཤེས་སུ་འདོད་པའི་ལོག་རྟོག་ཡོད་པས་དེ་བསལ་བའི་ཕྱིར་དུ་བསྟན་པ་ཡིན་ལ། ཕྱི་མ་བཞི་མངོན་སུམ་མ་ཡིན་པར་ཕྱི་རོལ་པས་ཀྱང་གྲུབ་མོད། སྔ་མ་གཉིས་དབང་ཤེས་མ་ཡིན་པར་བསྒྲུབ་པའི་མཐུན་དཔེ་བསྒྲུབ་པའི་ཆེད་ཡིན་ཏེ། དབང་སྐྱེས་མིན་པར་གྲུབ་དོན་དུ། །གཉིས་བཤད་འཁྲུལ་པརམཐོང་ཕྱིར་རོ། །ཞེས་སོ། །གཉིས་པ་ལ། མཚན་ཉིད་ནི། རྟོག་མེད་འཁྲུལ་པའི་ཤེས་པའོ། །དབྱེ་ན། དབང་ཤེས་འཁྲུལ་པ་དང་། ཡིད་ཤེས་འཁྲུལ་པ་གཉིས། དང་པོ་ནི། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལྟ་བུ་སྟེ། མངོན་སུམ་ལྟར་སྣང་རབ་རིབ་ཅན། །ཞེས་པས་སྟོན་ཏོ། །གཉིས་པ་ནི། རྨི་ལམ་གསལ་སྣང་གི་ཤེས་པ་ལྟ་བུ་སྟེ། གཉིད་ལོག་པའམ་སད་པ་ན། །གསལ་བར་སྣང་བ་ཅན་བློ་གང་། །དེ་ནི་རྟོག་མེད་ཅེས་པས་སྟོན་ཏོ། །མངོན་སུམ་ལྟར་སྣང་བཤད་ཟིན་ཏོ།། ༈ །།གསུམ་པ་ཚད་མའི་འབྲས་བུ་བཤད་པ་ལ་གཉིས་ཏེ། ཚད་འབྲས་གང་ལས་འཕྲོས་པའི་ཚུལ་དང་། དེ་ལས་འཕྲོས་པའི་ཚད་འབྲས་ཀྱི་རྣམ་གཞག་གོ །དང་པོ་ནི། མདོའི་དབང་དུ་བྱས་ནས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཅེས་དང་། རྣམ་འགྲེལ་འདིར། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་སྐབས་སུ་ཚད་མ་ལ་གཉིས་སུ་གྲངས་ངེས་པའི་སྒྲུབ་བྱེད་དུ། གཞལ་བྱ་ལ་གཉིས་སུ་གྲངས་ངེས་པ་བཀོད་པ་ན། ཚད་མ་གཉིས་པོ་དེས་གཞལ་བྱ་གཉིས་པོ་དེ་ལ་བྱ་བའམ། འབྲས་བུ་ཅི་ཞིག་བྱེད་པའི་རྒྱུ་མཚན་གྱིས་གཞལ་བྱའི་གྲངས་ངེས་ཀྱི་ཚད་མའི་གྲངས་ངེས་འགྲུབ་པ་ཡིན་ཞེ་ན། ཚད་མ་གཉིས་པོ་དེས་གཞལ་བྱ་དེ་རྟོགས་པའི་བྱ་བ་བྱེད་དེ། མངོན་སུམ་གྱིས་རང་མཚན་རང་གི་ངོ་བོའི་སྒོ་ནས་རྟོགས། རྗེས་དཔག་གིས་རང་མཚན་གཞན་སྤྱིའི་ཚུལ་གྱིས་རྟོགས་ཤིང་། དེའི་དངོས་ཡུལ་ལ་སྤྱི་མཚན་དུ་འཇོག་པའི་ཕྱིར་ཞེས་པ་སྟེ། རྣམ་ངེས་ལས། ཡང་ཚད་མ་འདིའི་འབྲས་བུ་གང་ཞིག་ཡིན། གཞལ་བྱ་རྟོགས་པའོ། །དེ་ནི་ཤེས་པ་ཡིན་ལ། དེ་ཡང་འབྲས་བུ་ཡིན་པའི་ཕྱིར། ད་ནི་ཚད་མ་གང་ཞིག་ཡིན། གང་ལས་བར་ཆད་མེད་པར་གཞལ་བྱ་རྟོགས་པ་འདིས་དེ་ཉིད་འགྲུབ་པའོ། །ཞེས་སོ། །མངོན་སུམ་གྱིས་རང་མཚན་རང་གི་ངོ་བོའི་སྒོ་ནས་རྟོགས་པར་སྟོན་པ་མངོན་སུམ་གྱི་ལེའུ། རྗེས་དཔག་གིས་རང་མཚན་གཞན་སྤྱིའི་སྒོ་ནས་རྟོགས་པར་སྟོན་པ་རང་དོན་དང་། གཞན་དོན་གྱི་ལེའུ་ཡིན་པ་ལས། དང་པོ་ལ་ཡང་། རྟོགས་བྱེད་ཀྱི་མངོན་སུམ་དེ་ཇི་ལྟ་བུ་རྟོགས་བྱའི་རང་མཚན་ནི་གང་། དེས་དེ་རྟོགས་པའི་སྒྲུབ་བྱེད་ཅི་ཞེ་ན། དང་པོ་སྟོན་པ་ནི། མངོན་སུམ་བཞི་ཆར་གྱི་སྐབས་སུ་རྟོག་བྲལ་བསྒྲུབ་པའི་རིགས་པ་རྣམས་དང་། མངོན་སུམ་ལྟར་སྣང་གི་དོན་གྱིས་མ་འཁྲུལ་བ་སྟོན་པ་རྣམས་སོ། །གཉིས་པ་སྟོན་པ་ནི། དབང་མངོན་གྱི་སྐབས་སུ། རྡུལ་ཕྲན་ཁྱད་པར་ཅན་དམིགས་རྐྱེན་དུ་བསྒྲུབ་པ་དང་། ཡིད་མངོན་གྱི་སྐབས་སུ། དབང་མངོན་གྱི་གཟུང་དོན་གྱིས་སྐད་ཅིག་གཉིས་པ་གཟུང་དོན་དུ་བསྟན་པ་དང་། རང་རིག་གི་སྐབས་སུ་མྱོང་བྱ་ཤེས་པར་བསྒྲུབ་པ་དང་། རྣལ་འབྱོར་མངོན་སུམ་གྱི་སྐབས་སུ་ཡུལ་གྱི་གཙོ་བོ་ཡང་དག་པའི་དོན་དུ་བསྒྲུབ་པ་རྣམས་སོ། །གསུམ་པ་སྟོན་པ་ནི་ཚད་འབྲས་ཀྱི་གཞུང་རྣམས་ཏེ། དོན་རིག་མངོན་སུམ་གྱིས་དོན་རང་མཚན་རྟོགས་ཏེ། དེའི་རྣམ་ལྡན་དུ་སྐྱེས་པའི་ཕྱིར། ཞེས་པ་ནི། ཚད་འབྲས་དང་པོའི་གཞུང་དང་། རང་རིག་མངོན་སུམ་གྱིས་ཤེས་པ་རང་མཚན་རྟོགས་ཏེ། དེ་མྱོང་བའི་ངོ་བོར་སྐྱེས་པའི་ཕྱིར། ཞེས་པ་ནི། ཚད་འབྲས་གཉིས་པའི་གཞུང་རྣམས་སོ། །ཚད་འབྲས་དང་པོའི་སྐབས་སུ་དོན་གྱི་རྣམ་ལྡན་དུ་སྐྱེས་པའི་རྒྱུ་མཚན་གྱིས་དོན་རྟོགས་པར་འཇོག་པའི་ཤེས་པ་དེ་ཡང་རང་ལ་དངོས་སུ་སྣང་བ་དེ་ཉིད། ཤེས་པ་རང་གི་བདག་ཉིད་ཡིན་པས་དོན་ལ་རང་རིག་འབྲས་བུ་ཡིན་ནོ། །ཞེས་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་ཀྱི་གཞུང་རྣམས་སོ། །ཚད་འབྲས་གཉིས་པའི་སྐབས་སུ། གཟུང་འཛིན་རིག་གསུམ་ལ་ཚད་འབྲས་གཞལ་གསུམ་དུ་འཇོག་པ་དེ་ཉིད་ཀྱང་བློ་འཁྲུལ་པའི་ངོར་གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བ་ཙམ་ལ་འཇོག་པ་ཡིན་གྱི། དོན་ལ་ཐ་དད་དུ་ཡོད་པ་མ་ཡིན་ནོ། །ཞེས་པ་ནི། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་སོགས་ཀྱི་གཞུང་རྣམས་སོ། །གཉིས་པ་ལ་གསུམ་སྟེ། ཚད་འབྲས་གསུངས་པའི་དགོས་པ། དགོས་པ་ཅན་གྱི་ཚད་འབྲས་དངོས། རྣམ་གཞག་དེ་ཉིད་ངེས་པར་བྱ་བའོ། །དང་པོ་ལ་གཉིས་ཏེ། རྣམ་བཅད་ཀྱི་དགོས་པ་དང་། ཡོངས་བཅད་ཀྱི་དགོས་པའོ། །དང་པོ་ལ། སྤྱིའི་དགོས་པ་དང་། སོ་སོའི་དགོས་པ་གཉིས། དང་པོ་ནི། ཕྱི་རོལ་པས་བྱ་བྱེད་རྫས་གཞན་དུ་འདོད་པ་འགོག་པའོ། །གཉིས་པ་ནི། རང་གཞན་གྱི་སྡེ་པ་ཁ་ཅིག དབང་ཤེས་ལ་དོན་གྱི་རྣམ་པ་མ་ཤར་བ་དང་། རང་རིག་མེད་པར་འདོད་པས་དེ་གཉིས་འགོག་པ་རིམ་པ་ལྟར་ཚད་འབྲས་དང་པོ་དང་གཉིས་པའི་གཞུང་རྣམས་སོ། །གཉིས་པ་ནི། ཚད་མས་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་བསྟན་པའི་སྒོ་ནས་གཞལ་བྱ་རྟོགས་པ་ཚད་མའི་རང་བཞིན་དུ་རྟོགས་པའི་ཆེད་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཚད་འབྲས་སྤྱིའི་རྣམ་གཞག་དང་། ཚད་འབྲས་སོ་སོའི་རྣམ་གཞག་གོ །དང་པོ་ལ་གསུམ་སྟེ། ཚད་འབྲས་རྫས་གཞན་དུ་འདོད་པའི་ལུགས་དགག རྫས་གཞན་མ་ཡིན་པར་འདོད་པའི་ལུགས་བཞག དེ་ལ་རྩོད་པ་སྤོང་བའོ། །དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། རྣམ་འགྲེལ་ལས། དེ་ཕྱིར་མཐོང་དང་དབང་འབྲེལ་དང་། །ཁྱད་པར་གྱིས་ནི་བློ་དེ་དག །ཅེས་ཚད་མ་དངོས་སུ་བསྟན་ཅིང་། དེ་ཉིད་རིགས་གཏེར་ལས། ལྟ་དང་ངེས་པ་ཚད་འབྲས་དང་། །ཕྲད་དང་དོན་རྟོགས་ཚད་འབྲས་འདོད། །ཁྱད་པར་ཁྱད་པར་ཅན་དེར་སྨྲ། །ལ་ལ་དབང་ཤེས་ཚད་འབྲས་འདོད། །ཅེས་ཚད་མ་དང་འབྲས་བུ་གཉིས་ཀ་བསྟན་ཏོ། །དེ་ཡང་ཕྱི་རོལ་པ་རྣམས་བྱ་བྱེད་རྫས་གཞན་དང་། ཚད་མ་དང་འབྲས་བུ་བསྐྱེད་བྱ་སྐྱེད་བྱེད་དང་། བློ་ལ་དོན་གྱི་རྣམ་པར་མ་ཤར་བར་འདོད་པ་འདྲ་ལ་མི་འདྲ་བའི་ཁྱད་པར་ནི། དཔྱོད་པ་བས་དང་པོར་དོན་ལ་ལྟ་བའི་རྟོག་མེད་ཀྱི་ཤེས་པ་ནི་ཚད་མ། དེའི་རྗེས་སུ་བྱུང་བའི་དངོས་ཆོས་དང་། རིགས་ལ་སོགས་པའི་ཁྱད་པར་ལ་ཞེན་པའི་བློ་ནི་འབྲས་བུར་འདོད་དོ། །རིགས་པ་ཅན་པས་དབང་པོ་དང་དོན་ཕྲད་པ་ཚད་མ། དེའི་རྗེས་སུ་བྱུང་བའི་དོན་རྟོགས་པའི་བློ་འབྲས་བུ་ཡིན་ལ། དེའི་དོན་ཡང་དབང་པོ་དོན་གང་དང་འབྲེལ་པ་དེ་ཉིད་རྟོགས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་འདོད་དོ། །བྱེ་བྲག་པས་ཡོན་ཏན་ལ་སོགས་པའི་ཁྱད་པར་འཛིན་པའི་བློ་ཚད་མ། ཁྱད་པར་ཅན་རྫས་འཛིན་པའི་བློ་འབྲས་བུར་འདོད་དོ། །བྱེ་བྲག་ཏུ་སྨྲ་བས་དབང་པོ་གཟུགས་ཅན་པ་ཚད་མ། དེ་ལས་བྱུང་བའི་དོན་རྟོགས་པའི་ཤེས་པ་འབྲས་བུར་འདོད་དོ། །གཉིས་པ་ལ། སྤྱིར་དགག་པ་དང་། སོ་སོར་དགག་པ་གཉིས། དང་པོ་ནི། དེ་དག་མི་འཐད་དེ། ཚད་མར་འདོད་པ་དེ་དག་གིས་འབྲས་བུར་འདོད་པ་དེ་དག་བསྒྲུབ་པར་མི་ནུས་པའི་ཕྱིར་ཏེ། དེ་གཉིས་རྫས་གཞན་ཡིན་པའི་ཕྱིར། གཉིས་པ་ནི། དཔྱོད་པ་བའི་ཚད་འབྲས་མི་འཐད་དེ། བློ་ལ་དོན་གྱི་རྣམ་པ་མ་ཤར་བར་དོན་ལ་ལྟ་བ་མི་འཐད་པའི་ཕྱིར། བྱེ་བྲག་པའི་ཚད་འབྲས་དེ་ཡང་མི་འཐད་དེ། ཡོན་ཏན་ལ་སོགས་པ་འཇལ་བའི་བློ་དེ་ཡོན་ཏན་དང་རྫས་གཉིས་བཟུང་མ་བཟུང་གིས་ཁྱད་པར་མེད་པའི་ཕྱིར་ཏེ། དེ་གཉིས་ཀྱི་རྣམ་པར་མ་ཤར་བར་མཚུངས་པའི་ཕྱིར། ཡང་ཚད་མ་དང་འབྲས་བུ་གཉིས་ཡུལ་ཐ་དད་ཡིན་ནམ་གཅིག་ཡིན། དང་པོ་ལྟར་ན། དེ་གཉིས་ཚད་འབྲས་མ་ཡིན་པར་ཐལ། ཕྱི་མ་ལྟར་ན། བློ་ཕྱི་མ་ལ་དགོས་པ་མེད་པར་ཐལ་ལོ། །རིགས་པ་ཅན་པའི་ཚད་འབྲས་དེ་ཡང་མི་འཐད་དེ། མིག་གི་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་ཀྱིས་བུམ་པའི་གཟུགས་རྟོགས་པའི་ཚེ་དེའི་དྲི་ཡང་རྟོགས་པར་ཐལ། ཁྱོད་ཀྱི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་དེ། དེ་གཉིས་དང་ཕྲད་པར་ཁྱད་པར་མེད་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བའི་ཚད་འབྲས་ཀྱང་མི་འཐད་དེ། མིག་དབང་ཆོས་ཅན། ཁྱོད་ཀྱིས་སྔོན་པོ་རྟོགས་པ་དང་། སེར་པོ་རྟོགས་པའི་དོན་ལྡོག་སོ་སོར་འབྱེད་མི་ནུས་པར་ཐལ། ཁྱོད་སེར་པོ་རྟོགས་པའི་དབང་ཤེས་དང་། སྔོན་པོ་རྟོགས་པའི་དབང་ཤེས་གཉིས་ཀྱི་རྒྱུ་ཡིན་པར་ཁྱད་པར་མེད་པའི་ཕྱིར། གཉིས་པ་ནི། ཡུལ་ཅན་ཚད་མའི་བྱེད་པ་འཇུག་པའི་གཞི། བྱེད་པ་དངོས། བྱེད་པ་འཇུག་པའི་རྒྱུ་མཚན་ཏེ། ཚད་མའི་སྟེང་གི་བྱ་བྱེད་ལས་གསུམ་ལ་ཚད་འབྲས་གཞལ་གསུམ་ཏུ་འཇོག་པ་ཡིན་ལ། དེ་ཡང་གཞལ་བྱ་ནི་བྱེད་པ་འཇུག་པའི་གཞི་སྟེ་སྔོན་པོ་ལྟ་བུའོ། །འབྲས་བུ་ནི་བྱེད་པ་དངོས་ཏེ། སྔོན་པོ་རྟོགས་པ་ལྟ་བུའོ། །ཚད་མ་ནི་བྱེད་པ་འཇུག་པའི་རྒྱུ་མཚན་ཏེ། སྔོན་པོའི་རྣམ་པ་ཤར་བ་ལྟ་བུ་སྟེ། དེས་ན་ཚད་མ་དང་འབྲས་བུ་གཉིས་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ཡིན་གྱི། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ནི་མ་ཡིན་ནོ། །མདོའི་རང་འགྲེལ་ལས། འདི་ལ་ཕྱི་རོལ་པ་རྣམས་ཀྱིས་གཞན་དུ་ཚད་མ་ལས་འབྲས་བུ་དོན་གཞན་དུ་གྱུར་པ་ནི་མེད་ཀྱི་ཞེས་དང་། འདིར་ཡང་། དེ་རྣམ་གཞག་ལ་བརྟེན་ནས་ནི། །ཆ་དག་བསྒྲུབ་བྱ་སྒྲུབ་བྱེད་བཞག །ཅེས་དང་། རིགས་གཏེར་ལས། དེས་ན་རྣམ་པར་བཞག་འཇོག་གི །རྒྱུ་འབྲས་གཉིས་ལ་ཚད་འབྲས་འདོད། །ཅེས་སོ། །སྐབས་འདི་ཚད་མ་དང་། སྒྲུབ་བྱེད་དང་། བྱེད་པ་དང་། མཚན་ཉིད་དང་། རྣམ་པར་འཇོག་བྱེད་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞིང་། འབྲས་བུ་དང་། བསྒྲུབ་བྱ་དང་། བྱ་བ་དང་། མཚོན་བྱ་དང་། རྣམ་པར་གཞག་བྱ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། ལས་ནི་གཙོ་བོར་གཞལ་བྱ་ལ་འཇུག་ཅིང་། སྐབས་འགའ་ཞིག་ཏུ་བྱ་བ་ལ་འཇུག་པ་ཡང་ཡོད་དེ། ལས་ཀུན་གྱིས་ནི་སྒྲུབ་བྱེད་དག །ཅེས་པའི་སྐབས་ཀྱི་ལས་དེ་བྱ་བ་ལ་འཇུག་པའི་ཕྱིར། དེས་ན་སྐབས་འདིར་གཞལ་བྱ་ལ་དོན་དང་ཤེས་པ་གཉིས། འབྲས་བུ་ལ་དོན་རིག་རང་རིག་གཉིས། ཚད་མ་ལ་གཟུང་རྣམ་དང་། འཛིན་རྣམ་གཉིས་སུ་ངེས་ལ། འཛིན་རྣམ་ཚད་མར་བྱས་པའི་ཚེ། འབྲས་བུ་རང་རིག་ཏུ་ངེས་ཀྱང་། གཟུང་རྣམ་ཚད་མར་བྱས་པའི་ཚེ། འབྲས་བུ་དོན་རིག་ཏུ་མ་ངེས་ཏེ། གཟུང་རྣམ་ཚད་མར་བྱས་ནས་དོན་རྟོགས་པར་བསྒྲུབ་པའི་ཚེ། འབྲས་བུ་ལ་དོན་རིག་འབྱུང་ཞིང་། རང་ལ་དངོས་སུ་སྣང་བའི་རྣམ་པ་རྟོགས་པར་བསྒྲུབ་པའི་ཚེ། འབྲས་བུ་ལ་རང་རིག་འབྱུང་བའི་ཕྱིར། ཅིའི་ཕྱིར་རྣལ་འབྱོར་མངོན་སུམ་གྱི་ཚད་འབྲས་མ་བཤད་ཅེ་ན། ཚད་འབྲས་འདི་དག་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་པ་སྟེ། རང་ངེས་གཞན་ངེས་བཞིན་ནོ། །གཉིས་པ་ཚད་འབྲས་སོ་སོའི་རྣམ་གཞག་ནི། ཚད་འབྲས་ཀྱི་ཐ་སྙད་ལ་སྲོལ་ཆེན་པོ་གསུམ་སྣང་སྟེ། སློབ་དཔོན་ཆོས་མཆོག་གིས་དོན་རིག་གི་ཚད་འབྲས་ལ་དང་པོ་དང་། རང་རིག་གི་ཚད་འབྲས་ལ་གཉིས་པ་དང་། ཕྱི་དོན་ཡོད་ཀྱང་རང་རིག་གི་ཚད་འབྲས་ལ་གསུམ་པའི་ཐ་སྙད་མཛད་ཅིང་། དེང་སང་བོད་ཐམས་ཅད་ལ་གྲགས་ཆེ་བར་སྣང་མོད་ཀྱིས། ཚད་འབྲས་ཀྱི་རིགས་མ་ལུས་པར་འདུ་བའི་དབང་དུ་བྱས་ན། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པའི་རྩ་འགྲེལ་གྱིས་བསྟན་པའི་ཚད་འབྲས་མ་ཚང་བས་གར་སོང་དྲིས་ན་མཛུབ་མོས་མཚོན་དགོས་སོ། །སློབ་དཔོན་ལྷ་དབང་བློས། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་སོགས་ཀྱི་དོན་ལ་དང་པོ་ཞེས་པའི་ཐ་སྙད་མི་མཛད་པར་དེ་བཀག་ནས། རྣམ་རིག་པའི་ལུགས་ཀྱི་ཚད་འབྲས་ལ་གསུམ་ལས། དང་པོ་ནི། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་པས་བསྟན་པའོ། །གཉིས་པ་ནི། གང་ཚེ་རྣམ་རིག་རྒྱུ་ཡིས་ཡུལ། །ཞེས་སོགས་ཀྱིས་བསྟན་པའོ། །གསུམ་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་ཀྱིས་བསྟན་པའོ། །ཞེས་གསུངས་པ་ནི་རྣམ་རིག་པའི་ལུགས་ལ་དཔྱད་ན། རང་རིག་གི་ཚད་འབྲས་དང་། ཐ་སྙད་དུ་དོན་རིག་གི་ཚད་འབྲས་དང་། དེ་ལ་ཡང་དཔྱད་ན་རང་རིག་འབྲས་བུར་འགྱུར་བ་དང་གསུམ་དུ་དབྱེ་བ་ནི་ལེགས་མོད་ཀྱི་སྔར་གྱི་དོན་རིག་གི་ཚད་འབྲས། ཚད་འབྲས་ཀྱི་ཁོངས་སུ་མི་བགྲང་བ་དང་། ཚད་འབྲས་གསུམ་པ་སེམས་ཙམ་པའི་ལུགས་སུ་འདོད་པ་ནི་ཅུང་ཟད་མི་ལེགས་ཏེ། གཞུང་འདི་དག་སྔར་གྱི་མངོན་སུམ་དང་པོ་གསུམ་ཆར་གྱི་ཚད་འབྲས་སྟོན་བྱེད་ཡིན་པའི་ཕྱིར་དང་། མདོ་སྡེ་པའི་ལུགས་ལ་དཔྱད་ན། རང་རིག་འབྲས་བུར་འགྱུར་བ་སྟོན་བྱེད་ཀྱི་གཞུང་མེད་པར་ཐལ་བའི་ཕྱིར་རོ། །གང་དག་སློབ་དཔོན་འདིའི་ལུགས་ལ། གང་ཚེ་རྣམ་རིག ཅེས་སོགས་དོན་རིག་འབྲས་བུར་གསུངས་པས་ཚད་འབྲས་དང་པོའི་དོན་བསྡུར་འཆད་པ་དང་། འཛིན་བདག་ཤེས་པའི་སྟེ། རྣམ་རིག་པ་ཙམ་གྱི་ཕྱོགས་བཞིན་ནོ། །ཞེས་གསུངས་པ་ལ་བརྟེན་ནས། ཚད་འབྲས་གསུམ་པ་མདོ་སྡེ་པའི་ལུགས་སུ་སྨྲ་བ་ནི། སློབ་དཔོན་འདིའི་དགོངས་པ་ཕྱིན་ཅི་ལོག་ཏུ་བཤད་པའོ། །འགྲན་ཟླ་ཀུན་བྲལ་ས་སྐྱ་པའི་བཞེད་པ་ནི། ཚད་འབྲས་ཀྱི་གཙོ་བོ་དོན་རིག་དང་། རང་རིག་གི་ཚད་འབྲས་གཉིས་དང་། དེ་གཉིས་ཀ་ལ་ཡང་ཐ་སྙད་དུ་དོན་རིག་འབྲས་བུར་བསྟན་པ་དང་། དཔྱད་ན་རང་རིག་འབྲས་བུར་བསྟན་པའི་སྐབས་བཞི་ལས། དང་པོ་གཉིས་པོ་ཚད་འབྲས་ཀྱི་གཙོ་བོ་ཡིན་ཏེ། སྐབས་འདིར་མངོན་སུམ་གྱིས་རང་མཚན་རྟོགས་པའི་སྒྲུབ་བྱེད་འཆད་པའི་སྐབས་ཡིན་པས། མངོན་སུམ་དང་པོ་གཉིས་ཀྱིས་དོན་རང་མཚན་རྟོགས་པའི་སྒྲུབ་བྱེད་ནི། དོན་རིག་གི་ཚད་འབྲས་དང་། མངོན་སུམ་གསུམ་པས་ཤེས་པ་རང་མཚན་རྟོགས་པའི་སྒྲུབ་བྱེད་ནི། རང་རིག་གི་ཚད་འབྲས་ཡིན་ལ། རྣལ་འབྱོར་མངོན་སུམ་གྱིས་ནི། མདོ་སྡེ་པའི་ལུགས་ལ་བདག་གིས་དབེན་པའི་ཕུང་པོ་རང་མཚན་རྟོགས་པར་འདོད་པས། སྔ་མ་གཉིས་ཀྱི་ཡུལ་ལས་མ་འདས་ཤིང་། དེ་རྟོགས་པའི་སྒྲུབ་བྱེད་ལུགས་འདིར། རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་དང་། བསམ་གྱིས་མི་ཁྱབ་ཡེ་ཤེས་ཅན། །དེ་ཡི་མཁྱེན་པ་དཔག་མི་ནུས། །ཞེས་པ་ལྟར་ན། སྐབས་འདིར་དེའི་ཚད་འབྲས་མི་སྟོན་པའི་ཕྱིར། དེ་ལྟར་གཉིས་ལས། སློབ་དཔོན་གྱིས་དོན་རིག་གི་ཚད་འབྲས་ཀྱི་སྐབས་སུ། བྱེ་བྲག་སྨྲ་བ་བཀག་ནས། མདོ་སྡེ་པའི་ལུགས་བསྒྲུབ་པ་ན། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་པ་ནས། སྒྲོ་འདོགས་པས་ནི་འཇུག་ཕྱིར་རོ། །ཞེས་པའི་བར་རོ། །རང་རིག་གི་ཚད་འབྲས་ལ། ཐོག་མར་རྣམ་བདེན་བརྫུན་གཉིས་ཆར་གྱིས་ཁས་ལེན་པའི་ཚད་འབྲས་ཀྱི་སྐྱ་རིས་ནི། མདོ་སྡེ་པའི་ལུགས་བཀག་ནས་རྣམ་རིག་པའི་ལུགས་བསྒྲུབ་པ་སྟེ། དོན་རིགས་གང་ཡིན། ཞེས་པ་ནས། འདིའི་རྣམ་པ་གཉིས། ཞེས་པའི་བར་རོ། །སྐྱ་རིས་འདི་རྣམ་བདེན་བརྫུན་གཉིས་ཆར་གྱིས་ཁས་ལེན་པའི་རྒྱུ་མཚན་གྱིས། རྣམ་བདེན་པའི་ལུགས་ལ་གཟུང་རྣམ་བདེན་གྲུབ་གཞལ་བྱར་བྱས་པའི་ཚེ་རང་རིག་མཚན་ཉིད་པ་འབྲས་བུ་དང་། རྣམ་བརྫུན་པའི་ལུགས་ལ། གཟུང་རྣམ་སྒྲོ་བཏགས་གཞལ་བྱར་བྱས་པའི་ཚེ་རང་རིག་བཏགས་པ་བ་འབྲས་བུར་འགྱུར་བར་གསུངས་སོ། །འདི་ལ་རྣམ་བདེན་པའི་ལུགས་བཀག་ནས། རྣམ་བརྫུན་པའི་ལུགས་བསྒྲུབ་པ་ནི། གང་གི་དངོས་པོ་རྣམ་དཔྱད་ན། །ཞེས་པ་མན་ཆད་ཀྱིས་སྟོན་ཏོ། །དེ་གཉིས་ཀ་ལ་ཐ་སྙད་དུ། དོན་རིག་འབྲས་བུར་འགྱུར་བའི་ཚུལ་ལ། མདོ་སྡེ་པའི་ལུགས་ནི། ཚད་འབྲས་དང་པོ་ཉིད་ཀྱིས་སྟོན་ཏེ། དེར་དོན་རིག་འབྲས་བུར་གསུངས་པ་ནི་ཐ་སྙད་དུ་ཡིན་གྱི། དཔྱད་ན་རང་རིག་འབྲས་བུ་ཡིན་པའི་ཕྱིར་རོ། །རྣམ་རིག་པའི་ལུགས་ནི། གང་ཚེ་རྣམ་རིག་རྒྱུ་ཡིས་ཡུལ། །ཞེས་སོགས་ཚིགས་བཅད་གསུམ་གྱིས་སྟོན་ཏེ། མདོར། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པ་རྩ་འགྲེལ་གྱི་དོན་ནོ། །ལུགས་གཉིས་ཆར་གྱི་ཐ་སྙད་དུ་དོན་རིག་འབྲས་བུ་ལའང་དཔྱད་ན། རང་རིག་འབྲས་བུ་ཡིན་པ་ནི། །ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་ཀྱིས་སྟོན་ཏེ། དེ་དང་འདྲ་བའམ་གཞན་འདྲའང་རུང་། །ཞེས་ཕྱི་དོན་གཞལ་བྱར་འཇོག་ཚུལ་གཉིས་གསུངས་པའི་ཕྱིར་རོ། །ལུགས་འདི་ཕྱོགས་གླང་གྲགས་པའི་དགོངས་པ་ཡོངས་སུ་རྫོགས་པ་འཁྲུལ་པ་མེད་པར་སྣང་བས་འདིའི་རྗེས་སུ་འབྲངས་ནས་འཆད་པ་ལ་བཞི་ལས། དང་པོ་དོན་རིག་གི་ཚད་འབྲས་ནི། འདི་ནི་དོན་དང་འབྲས་བྱེད་པ། །དོན་གྱི་ངོ་བོ་ལས་གཞན་མིན། །དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །ཅེས་དང་། དེ་ཡིས་བདག་ཉིད་འཛིན་པ་སྟེ། །དོན་རྟོགས་པ་ཡིས་ཞེས་པའི་གཞལ་བྱ་ཞེས་པ་དང་། དོན་ཞེས་པ་རྣམས་ཀྱིས་གཞལ་བྱ་སྟོན། དོན་གྱི་ངོ་བོ་ཞེས་དང་། གཞལ་བྱའི་རང་བཞིན་ཞེས་དང་། དོན་གྱི་བདག་ཉིད་ཅེས་པ་རྣམས་ཀྱིས་ཚད་མ་སྟོན། གཞལ་བྱ་རྟོགས་པ་ཡི་ཞེས་དང་། དོན་རྟོགས་པ་ཡི་ཞེས་པ་རྣམས་ཀྱིས་འབྲས་བུ་སྟོན་ཏེ། འདི་ལ་དགོངས་ནས། ཆོས་མཆོག་གིས་དོན་གཞལ་བྱ། དོན་དང་འདྲ་བ་ཚད་མ། དོན་རྟོགས་པ་འབྲས་བུ་ཞེས་པ་ནི་དང་པོའོ། །ཞེས་གསུངས་སོ། །གཞལ་བྱ་ལ་ཡང་། ཕྱི་རོལ་གྱི་དོན་དང་། ཕྱི་རོལ་གྱི་དོན་དུ་གྱུར་པའི་སྔོན་པོ་དང་། སྔོན་པོ་ལྐོག་ན་མོ་དང་། སྔོན་པོ་རྣམས་གང་གཞལ་བྱར་བྱས་ཀྱང་ཁྱད་པར་མེད་དོ། །འདིར་ཚད་མ་ལ་དོན་གྱི་ངོ་བོ་དང་། དོན་གྱི་བདག་ཉིད་དུ་གསུངས་པ་ནི་དོན་གྱི་རང་ངོས་ནས་གཏད་པའི་རྣམ་པ་ལ་དགོངས་པ་ཡིན་གྱི་སྒྲ་ཇི་བཞིན་པར་ནི་མི་བཟུང་ངོ་། །འབྲས་བུའི་སྐབས་སུ་གཞལ་བྱ་རྟོགས་པ་དང་། དོན་རྟོགས་པའི་ཚད་མ་སྒྲ་ཇི་བཞིན་པ་ནི་མི་རུང་སྟེ། དེ་དག་ནི་རྗེས་དཔག་ལ་ཡོད་པའི་ཕྱིར་རོ། །དོན་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱེད་པ་ཡང་མི་འཐད་དེ། མདོ་སྡེ་པའི་ལུགས་ལ་དབང་ཤེས་ཀྱིས་དོན་དངོས་སུ་མ་རྟོགས་པའི་ཕྱིར། དོན་རྟོགས་པའི་མངོན་སུམ་འབྲས་བུར་བྱས་པའི་ཚེ། རྟོག་བྲལ་མ་འཁྲུལ་པའི་རིག་པ་ཚད་མར་འཇོག་པ་ཡང་མི་འཐད་དེ། མངོན་སུམ་གྱིས་དོན་རྟོགས་པ་བསྒྲུབ་པའི་སྐབས་ཡིན་གྱི། མངོན་སུམ་ཡིན་པའི་སྒྲུབ་བྱེད་འགོད་པའི་སྐབས་མ་ཡིན་པའི་ཕྱིར། དེས་ན་འདིའི་ཚད་འབྲས་ནི། སྔོན་པོ་གཞལ་བྱ། རང་གི་གཟུང་དོན་སྔོན་པོའི་སྟོབས་ལས་སྔོན་པོའི་རྣམ་ལྡན་དུ་སྐྱེས་པའི་ཤེས་པ་ཚད་མ། སྔོན་པོ་རྟོགས་པའི་མངོན་སུམ་འབྲས་བུའོ། །འདི་ནི་འདིར་བསྟན་གྱི་ཚད་འབྲས་གང་རུང་ཡིན་ན། དོན་རིག་མངོན་སུམ་ཡིན་པས་ཁྱབ་པའི་དབང་དུ་བྱས་ཀྱི། གཞུང་གིས་བསྟན་ཚོད་ལྟར་ན། སྔོན་པོ་གཞལ་བྱ། སྔོ་འཛིན་དབང་པོའི་མངོན་སུམ་གཟུང་དོན་སྔོན་པོའི་སྟོབས་ལས་སྔོན་པོའི་རྣམ་ལྡན་དུ་སྐྱེས་པ་ཚད་མ། སྔོ་འཛིན་དབང་པོའི་མངོན་སུམ་གྱིས་སྔོན་པོ་རྟོགས་པ་འབྲལ་བུ་ཞེས་པར་སྣང་ངོ་། །གཉིས་པ་རྣམ་རིག་སྨྲ་བའི་ཚད་འབྲས་ལ་གཉིས་ཏེ། དོན་དམ་རང་རིག་གི་ཚད་འབྲས་དང་། ཐ་སྙད་དོན་རིག་གི་ཚད་འབྲས་གཉིས་སོ། །དང་པོ་ནི། རིགས་གཏེར་རང་འགྲེལ་ལས། སེམས་ཙམ་པའི་ལུགས་ལྟར་ན། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང་། །འཇལ་བྱེད་འབྲས་བུར་གནས་པ་འདི། །ཇི་ལྟར་སྣང་བ་བཞིན་དུ་བྱས། །ཞེས་གསུངས་པ་ལྟར། རྣམ་བཅས་པ་དག་གཟུང་བར་སྣང་བ་གཞལ་བྱ། དེར་འཛིན་པར་སྣང་བ་ཚད་མ། རང་རིག་མཚན་ཉིད་པ་འབྲས་བུར་འདོད་པས། གཞལ་བྱ་དང་ཚད་འབྲས་བདེ་སྡུག་མྱོང་བ་ལྟར། དུས་དང་ངོ་བོ་གཅིག་ཏུ་འདོད་དོ། །རྣམ་བརྫུན་པས་དོན་དུ་སྣང་བའི་སྒྲོ་བཏགས་གཞལ་བྱ། དེ་འཛིན་པའི་ཤེས་པ་ཚད་མ། རང་རིག་བཏགས་པ་བའི་ཐ་སྙད་འབྲས་བུར་འདོད་པས་གཞལ་བྱ་དང་། ཚད་འབྲས་གཉིས་སྐྲ་སོགས་སྣང་བ་ལྟར་གཅིག་པ་བཀག་པར་འདོད་དོ། །ཞེས་གསུངས་པའི་དོན་ལ། སྤྱིར་བཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་མདོ་སེམས་གཉིས་ཆར་གྱིས་འདོད་ཀྱང་། བཟུང་རྣམ་ལ་མི་འདྲ་བའི་ཁྱད་པར་ཡོད་དེ། མདོ་སྡེ་པས་ཕྱི་རོལ་དོན་ལས་སྐྱེས་པའི་སྒོ་ནས་དེའི་རྣམ་པར་ཤར་བ་ལ་གཟུང་རྣམ་དང་། རྣམ་བདེན་པས། ཕྱི་དོན་མེད་ཀྱང་བག་ཆགས་ཀྱི་དབང་གིས་ཤེས་པ་ཉིད་བཟུང་བར་སྣང་བ་ལ་བཟུང་རྣམ་དུ་འདོད་པའི་ཕྱིར་རོ། །དེས་ན་རྣམ་བདེན་པས། དེ་ཉིད་གཞལ་བྱར་བྱས་ནས། དེ་ཡོངས་སུ་གཅོད་པར་བྱེད་པའི་འཛིན་རྣམ་ཚད་མ་དང་། དེ་ཉམས་སུ་མྱོང་བའི་རང་རིག་མཚན་ཉིད་པར་འབྲས་བུར་འདོད་དོ། །བཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས། རྣམ་བདེན་པ་ལ་སྦྱར་བ་ཡང་འདི་ལ་དགོངས་ཏེ། ཚད་འབྲས་གཉིས་པའི་སྐབས་ཀྱི་བཟུང་རྣམ་སྟེ། ཕྱི་དོན་མེད་ཀྱང་བག་ཆགས་ཀྱི་དབང་གིས་ཤེས་པ་ཉིད། གཟུང་འཛིན་གཉིས་སུ་སྣང་བའི་བཟུང་རྣམ་ཡིན་པའི་ཕྱིར་ཏེ། འདིར་འགའ་ཞིག་ནི་འགའ་ཞིག་གི །བག་ཆགས་རབ་ཏུ་སད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །ཞེས་གསུངས་པས་སོ། །རྣམ་བརྫུན་པས། དོན་དུ་སྣང་བའི་གཟུང་རྣམ་སྒྲོ་བཏགས་གཞལ་བྱ། དེ་དངོས་སུ་འཛིན་པའི་ཤེས་པ་ཚད་མ། དེ་ཉམས་སུ་མྱོང་བར་སྣང་བའི་དེ་ལ་རང་རིག་བཏགས་པ་བ་འབྲས་བུར་བཞེད་དོ། །དེ་དངོས་སུ་འཛིན་པའི་ཤེས་པ་སྟེ། བཟུང་རྣམ་སྒྲོ་བཏགས་དེ་རང་མིན་པས་དེ་ལ་རང་རིག་བཏགས་པ་བ་ཡིན་ཀྱང་། རང་གི་ངོ་བོ་ལ་རང་རིག་མཚན་ཉིད་པ་ཡིན་ཏེ། རང་བདག་ཡུལ་དུ་བཞག་པ་ན། །ཞེས་པའི་སྐབས་ནས་བསྟན་པའི་རང་རིག་མཚན་ཉིད་པའི་ཚད་འབྲས་དེ། རྣམ་བརྫུན་པས་ཀྱང་ཁས་ལེན་པའི་ཕྱིར་རོ། །མདོར་ན། བཟུང་རྣམ་ཤེས་པ་བདེན་པ་མདོ་སྡེ་པ་དང་རྣམ་བདེན་པ་གཉིས་ཀྱི་ལུགས་དང་། དོན་ཤེས་གང་དུ་ཡང་མི་བདེན་པ་རྣམ་བརྫུན་པའི་ལུགས་སུ་རྟོགས་ན། གཟུང་རྣམ་གཞལ་བྱར་བྱས་པའི་ཚེ། འབྲས་བུ་ལ་རང་རིག་མཚན་ཉིད་པ་དང་བཏགས་པ་བ་འབྱུང་བའི་ཁྱད་པར་ལ་རྨོངས་པ་མེད་པར་འགྱུར་ཞིང་། དེང་སང་གཟུང་རྣམ་ཡིན་ན། ཤེས་པ་ཡིན་པས་ཁྱབ་པ་རྣམ་བརྫུན་པའི་ཡང་ལུགས་སུ་སྨྲ་བ་དེ་དག་གིས་ནི་བསྐལ་པའི་བར་དུ་འབད་ཀྱང་དོན་དེ་རྟོགས་པར་མི་འགྱུར་ལ། རྣམ་བདེན་བརྫུན་གྱི་ཁྱད་པར་ལ་ཡང་རྨོངས་པར་འགྱུར་རོ། །གཉིས་པ་ནི། རྣམ་བདེན་བརྫུན་གཉིས་ཀས་ཀྱང་ཐ་སྙད་དུ། ཕྱི་རོལ་དོན་དུ་འགྱུར་བའི་སྔོན་པོ་གཞལ་བྱ། བག་ཆགས་བརྟན་བྱུང་གི་ཤེས་པ་ལ་སྔོན་པོ་གསལ་བར་སྣང་བའི་གཟུང་རྣམ་ཚད་མ། ཐ་སྙད་དུ་ཕྱི་དོན་སྔོན་པོ་རིག་པའི་དོན་རིག་མངོན་སུམ་འབྲས་བུར་བཞེད་དེ། འདི་བསྒྲུབ་པ་ལ་ལུང་གིས་བསྒྲུབ་པ་དང་། རིག་པས་བསྒྲུབ་པ་དང་། ཐ་སྙད་ཀྱི་དོན་བཤད་པ་དང་གསུམ་ལས། དང་པོ་ནི། དམིགས་བརྟག་ལས། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། །དོན་ཉིད་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་གསུངས་པའི་ཚིག་རྐང་དང་པོ་གཉིས་ཀྱིས། ཐ་སྙད་དུ་ཕྱི་དོན་འཇོག་པའི་གཞི་ངོས་བཟུང་ནས། དོན་ཉིད་ཅེས་པས་ཐ་སྙད་དུ་དོན་ཉིད་དུ་འཇོག་པར་བསྟན། རྣམ་ཤེས་ངོ་བོའི་ཕྱིར་ཞེས་པས་དོན་ལ་ཤེས་པ་རང་གི་ངོ་བོ་ཡིན་པར་བསྟན། ཚིག་རྐང་ཐ་མས་ཐ་སྙད་དུ་མེད་ན་མི་འབྱུང་གི་འབྲེལ་པ་འགྲུབ་པས་དམིགས་རྐྱེན་གྱི་མིང་གིས་བཏགས་པར་བསྟན་ནོ། །དེ་བཞིན་དུ་རྣམ་ངེས་ལས། དོན་གནས་པ་ནི། རང་རིག་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རང་རིག་པ་ཡིན་ཡང་འབྲས་བུ་ལས་འདི་ནི་དོན་རིག་པར་ཡིན་པར་ལྟའོ། །ཞེས་དང་། རྣམ་འགྲེལ་ལས། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་པའི་དོན་ཡང་། ཐ་སྙད་དུ་དོན་རིག་ཏུ་འཇོག་པའི་དབང་ཤེས་འདི་ཉིད་ལ་རང་དུས་སུ་སྣང་བ་དེ་དོན་ལ་ཤེས་པ་རང་གི་ངོ་བོ་ཡིན་ཡང་དབང་ཤེས་དེའི་འབྲས་བུ་ངེས་ཤེས་ཀྱི་བློའི་ངོ་བོར་ཕྱི་རོལ་གྱི་དོན་ཡིན་པས་ཐ་སྙད་དུ་དོན་དུ་འཇོག་ཅེས་པ་སྟེ། འབྲས་བུ་ལས་ཞེས་པ་ནི་དབང་ཤེས་ཀྱི་འབྲས་བུ་ངེས་ཤེས་ཡིན་པའི་ཕྱིར་རོ། །གང་ཚེ་ཤེས་བྱ་དོན་དུ་ནི། །བཞག་ཕྱིར་ཞེས་དང་། དེ་ཉིད་དོན་དུ་རྣམ་པར་ངེས། །ཞེས་པ་རྩ་འགྲེལ་སྔར་དྲངས་པ་རྣམས་ཀྱིས་ཀྱང་ཐ་སྙད་དུ་ཕྱི་དོན་གཞལ་བྱར་བསྟན་ཅིང་། དེ་ཐམས་ཅད་ཀྱི་དོན་བསྡུས་ནས་རིགས་གཏེར་རང་འགྲེལ་ལས། ཐ་སྙད་ཀུན་རྫོབ་ཏུ་མདོ་སྡེ་པ་ལྟར་དོན་རིག་གི་ཚད་འབྲས་ཡིན་ཏེ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་ལ། གང་ལྟར་ཡང་བློ་ཚུལ་གཉིས་པ་ཡིན་ཏེ། ཞེས་གསུངས་སོ། །གཉིས་པ་ནི། གྲུབ་མཐའ་སྨྲ་བ་ཐམས་ཅད་ལ། གནས་ལུགས་དཔྱོད་པའི་རིག་ངོར་འཇོག་པའི་རྣམ་གཞག་དང་། འཇིག་རྟེན་གྱི་ཐ་སྙད་ལ་ཇི་ལྟར་གྲགས་པ་ལྟར་འཇོག་པའི་ཚུལ་གཉིས་ཡོད་པས། འདིར་ཡང་དེ་ཉིད་ངེས་པར་དགོས་ལ། དེ་ལ་བློ་ཚུལ་གཉིས་དང་། རང་རིག་བསྒྲུབ་པའི་རིགས་པས་དཔྱད་པའི་ཚེ། དབང་ཤེས་ལ་རང་དུས་སུ་སྣང་བ་དེ་ཕྱི་དོན་ཡིན་པ་ཁེགས་ཀྱང་། འཇིག་རྟེན་གྱི་ཐ་སྙད་དུ་དེ་ཉིད་ལ་ཕྱི་དོན་གྱི་རྣམ་གཞག་བྱེད་དེ། གང་ཕྱིར་ཇི་ལྟར་དོན་བདག་སྟེ། །ཤེས་ལ་གནས་པ་དེ་ལྟ་བུ། །འདི་ནི་དེ་ལྟར་གནས་སོ་ཞེས། །ངེས་བྱེད་བདག་ཉིད་རིག་པ་ཡིན། །ཞེས་གསུངས་པ་ལྟར། དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ཉིད་ལ། འཇིག་རྟེན་པ་རྣམས་ཀྱིས་གཙང་མི་གཙང་དང་། སྔོན་པོ་ཡིན་མིན་སོགས་ཀྱི་ཐ་སྙད་བྱེད་པའི་ཕྱིར་རོ། །ཐ་སྙད་དུ་ཕྱི་དོན་ཡིན་པ་འདི་ལ་ཡང་། བག་ཆགས་བརྟན་པའི་ཤེས་པ་དགོས་པར་རྣམ་ངེས་ཀྱི་ལུང་གིས་ཤེས་སོ། །གསུམ་པ་ནི། འོ་ན་ཐ་སྙད་ཀྱི་དོན་གང་ཞེ་ན། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་ཚད་མ་གཉིས་ཀྱིས་དྲངས་པའི་ངེས་ཤེས་ལ་ངེས་པ་བློའི་ཐ་སྙད་དང་། ངེས་ཤེས་དེས་དྲངས་པའི་བརྗོད་བྱེད་ཀྱི་སྒྲ་རྣམས་ལ། བརྗོད་པ་སྒྲའི་ཐ་སྙད་དུ་འཇོག་སྟེ། དེ་ལྟ་བུའི་ངེས་ཤེས་དྲངས་པའི་ཚད་མ་ལ། ཀུན་ཏུ་ཐ་སྙད་པའི་ཚད་མར་འཇོག་པ་ནི། རྣམ་ངེས་ལས་གསལ་བར་འབྱུང་ཞིང་། དེའི་དོན་རིགས་གཏེར་ལས་ཅི་ལྟ་བ་བཞིན་དུ་འབྱུང་གི བོད་གཞན་རྣམས་ལ་ཚིག་ཙམ་ཡང་མི་སྣང་ན། དོན་ལྟ་ཅི་སྨོས་སོ། །འདི་ལྟ་བུའི་ཐ་སྙད་ངོས་ཟིན་ན། དངོས་པོ་སྨྲ་བའི་ལུགས་ལ་ཐ་སྙད་དུ་ཡོད་ན་ཡོད་པས་མ་ཁྱབ་པ་དང་། དབུ་མ་པའི་ལུགས་ལ་ཁྱབ་པ་ནི། གནས་ལུགས་དཔྱོད་པའི་རིག་ངོར་ཡོད་པས་ཁས་ལེན་མི་ལེན་གྱི་ཁྱད་པར་ཡིན་པ་ཡང་རྟོགས་པར་འགྱུར་རོ། །གསུམ་པ་དོན་རིག་གི་ཚད་འབྲས་ལ་དོགས་པ་དཔྱད་ནས་རང་རིག་འབྲས་བུར་བསྟན་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། རྩོད་པ་སྤོང་བའོ། །དང་པོ་ནི། རྣམ་ངེས་ལས། གང་གི་རང་བཞིན་གཅིག་ཉིད་ལ་གཅིག་གིས་ཡིད་དུ་འོང་ལ་གཞན་གྱིས་ནི་ཡིད་དུ་མི་འོང་བར་མཐོང་བའི་ཕྱིར་རོ། །ཞེས་དང་། གཞན་ལ་ཡང་ཐ་དད་པ་མེད་པའི་སྒྲ་དང་། དྲི་ལ་སོགས་པའི་ཁྱད་པར་གྱིས་སྲོག་ཆགས་ཀྱི་བྱེ་བྲག་རྣམས་ཀྱི་དབང་པོ་ཉིད་ཀྱིས་བདེ་བ་མི་སྐྱེད་པའི་ཕྱིར་རོ། །ཞེས་ཕྱི་རོལ་ཡུལ་གཅིག་ཉིད་ཀྱི་དབང་ཤེས་སོ་སོ་ལ་རྣམ་པ་ཐ་དད་དུ་གཏོད་པར་བཤད་པས། སེམས་ཙམ་པ་ཁོ་ནའི་ལུགས་མ་ཡིན་ལ། སེམས་ཙམ་པའི་ཚད་འབྲས་ཀྱི་སྐབས་སུ་བཤད་ཅིང་། ལུགས་དེ་ལ་ཐ་སྙད་དུ་ཕྱི་དོན་གཞལ་བྱར་འཐད་པས། མདོ་སྡེ་པ་ཁོ་ནའི་ལུགས་ཀྱང་མ་ཡིན་ནོ། །དེ་གཉིས་ལས་གཞན་པའི་རང་ལུགས་ཀྱི་གྲུབ་མཐའ་བསྟན་བཅོས་འདིར་མི་འབྱུང་བས། དངོས་བསྟན་གྱི་ཚད་འབྲས་འདི། མདོ་སེམས་གཉིས་ཀའི་ལུགས་སུ་གྲུབ་བོ། །འོན་ཀྱང་ཕྱི་དོན་གཞལ་བྱར་འཇོག་ཚུལ་ལ་ཁྱད་པར་ཡོད་ཅིང་། དེའི་སྟོབས་ཀྱིས་གཟུང་རྣམ་ལ་ཡང་ཁྱད་པར་ཡོད་པས། རང་རིག་གི་མྱང་བྱ་ལ་ཡང་ཁྱད་པར་ཡོད་དོ། །གཉིས་པ་ལ། སྡོམ་ནི། གཞུང་གི་སྐབས་དང་གཞལ་བྱ་ཡང་སྒྲ་དང་། །ཚད་མ་འབྲས་བུ་དཔྱད་དང་མ་དཔྱད་དང་། །ཡིད་ཆེས་ལུང་ལས་མདོ་སེམས་གཉིས་ཀ་ལ། །འབྲས་རྟོགས་ཚུལ་འདི་འཐད་པར་ཁོ་བོས་མཐོང་། །ཞེས་པ་སྟེ། འདི་ལ་དོན་ཚན་བདུན་ལས། དང་པོ་གཞུང་གི་སྐབས་གཉིས་ཀ་ལ་སྦྱར་བ་ནི། མདོ་སྡེ་པ་ཁོ་ནའི་ལུགས་ཡིན་ན། དོན་རིག་གི་ཚད་འབྲས་རྫོགས་ནས་རྣམ་རིག་པའི་ཚད་འབྲས་མ་བྱུང་གི་བར་དེར་འབྱུང་རིགས་ཏེ། མདོ་སྡེ་པའི་དོན་རིག་གི་ཚད་འབྲས་ཁོ་ན་ལ་དོགས་པ་དཔྱོད་བྱེད་ཡིན་ཞིང་། སེམས་ཙམ་པའི་ལུགས་ལ་མེད་པའི་ཕྱིར་རོ། །སེམས་ཙམ་པ་ཁོ་ནའི་ལུགས་ཡིན་ན། རང་རིག་ཅེས་ནི་རབ་ཏུ་བཤད། །ཅེས་པའི་འོག་ཏུ་འབྱུང་བར་རིགས་ཏེ། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་སོགས་ཀྱི་གཞུང་དེ། གཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་ལ་དོགས་པ་དཔྱོད་བྱེད་ཡིན་པས། གཞུང་འདིས་བར་དུ་བཅད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དེས་ན་མདོ་སྡེ་པའི་ལུགས་ཀྱི་ཕྱི་དོན་གཞལ་བྱ་ལ། དོན་རིག་འབྲས་བུར་བྱས་པའི་ཚད་འབྲས་དང་། རྣམ་རིག་པའི་ལུགས་ཀྱི་བཟུང་རྣམ་གཞལ་བྱ་ལ། རང་རིག་འབྲས་བུར་བྱས་པའི་ཚད་འབྲས་དང་། ཐ་སྙད་དུ་ཕྱི་དོན་གཞལ་བྱ་ལ་ཐ་སྙད་དུ་དོན་རིག་འབྲས་བུར་བྱས་པའི་ཚད་འབྲས་གཉིས་ཏེ། གསུམ་བཤད་ཟིན་པའི་རྗེས་སུ། ཚད་འབྲས་འདི་འབྱུང་བས་བཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུ་ཡིན་པར་མ་ཟད། ཕྱི་དོན་གཞལ་བྱར་བྱས་པ་གཉིས་པོ་ལ་ཡང་། རྗེས་ཀྱི་ངེས་ཤེས་ཀྱི་གཞན་ངོ་ལ་ལྟོས་ནས་དོན་རིག་འབྲས་བུར་བཞག་པ་ཡིན་གྱི། འོག་ནས་འཆད་པའི་བློ་ཚུལ་གཉིས་དང་། རང་རིག་བསྒྲུབ་པའི་རིགས་པས་དཔྱད་ན། རང་རིག་འབྲས་བུར་རིགས་ཏེ། དབང་ཤེས་ཀྱི་རང་དུས་སུ་སྣང་བ་འདི་ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་བཟུང་རྣམ་ཡིན་པའི་ཕྱིར་རོ། །ཞེས་སྟོན་པས་འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །གཉིས་པ་གཞལ་བྱ་གཉིས་ཀ་ལ་སྦྱོར་བ་ནི། མདོ་སྡེ་པའི་ལུགས་ལ་ཕྱི་དོན་ལྐོག་ན་མོ་གཞལ་བྱ་དང་། རྣམ་རིག་པའི་ལུགས་ལ། ཐ་སྙད་དུ་ཕྱི་དོན་གཞལ་བྱར་འཐད་པའི་ཚུལ། སྔར་བཤད་ཟིན་པས་འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །གསུམ་པ་ཡང་སྒྲ་གཉིས་ཀ་ལ་སྦྱར་བ་ནི། མདོ་སྡེ་པ་ལ་སྦྱར་བའི་ཚེ་བཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུར་མ་ཟད་ཕྱི་དོན་གཞལ་བྱ་ལ་ཡང་ཞེས་སྦྱར་ལ། རྣམ་རིག་པ་ལ་སྦྱར་བའི་ཚེ་རིགས་པས་དཔྱད་པའི་ཚེ་ཕྱི་དོན་མེད་མོད། ཐ་སྙད་དུ་ཕྱི་དོན་ཡོད་ན་ཡང་ཞེས་སྦྱར་བར་བྱ་བ་ཡིན་པས། འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །བཞི་པ་ཚད་མ་གཉིས་ཀ་ལ་སྦྱར་བ་ནི། ཕྱི་དོན་གཞལ་བྱར་བྱས་པའི་ཚེ་བཟུང་རྣམ་ཚད་མ་ཡིན་པ་ནི། མདོ་སེམས་གཉིས་ཆར་གྱིས་ཁས་ལེན་དགོས་ཏེ། སྔ་མས་ཕྱི་དོན་ལྐོག་ན་མོ་གཞལ་བྱར་བྱས་པའི་ཚེ་དེས་བཞག་པའི་རྣམ་པ་ཚད་མར་འདོད་ཅིང་། ཕྱི་མས་ཐ་སྙད་དུ་ཕྱི་དོན་གཞལ་བྱར་བྱས་པའི་ཚེ་ཐ་སྙད་དུ་དོན་རིག་པར་འཇོག་དགོས་ལ། དེ་ཡང་དོན་གྱི་རྣམ་པ་ཅན་གྱི་བཟུང་རྣམ་ཁོ་ནས་འཇོག་ནུས་ཀྱི་གཞན་གྱིས་འཇོག་མི་ནུས་པའི་ཕྱིར་རོ། །འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །ལྔ་པ་འབྲས་བུ་གཉིས་ཀ་ལ་སྦྱར་བ་ནི། དཔྱད་ན་རང་རིག་འབྲས་བུ་ཡིན་པ་ཡང་། མདོ་སེམས་གཉིས་ཆར་གྱི་ལུགས་ཏེ། མདོ་སྡེ་པས་ཕྱི་དོན་གཞལ་བྱ་བྱས་པའི་ཚེ་ཚུལ་གཉིས་གྲུབ་པར་འདོད་ཅིང་། ཚུལ་གཉིས་སྒྲུབ་པས་རང་རིག་གྲུབ་པའི་ཕྱིར་ཏེ། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར་དང་། རྣམ་རིག་པ་ལ་གཟུང་འཛིན་རྫས་གཞན་པ་མེད་པས། དཔྱད་ན་རང་རིག་འབྲས་བུ་ཡིན་པ་ལས་འོས་མེད་པའི་ཕྱིར་འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །དྲུག་པ་དཔྱད་མ་དཔྱད་གཉིས་ཀ་ལ་སྦྱར་བ་ནི། མདོ་སེམས་གཉིས་ཆར་གྱིས་ཀྱང་དབང་ཤེས་ལ། རང་དུས་སུ་སྣང་བ་འདི་མ་དཔྱད་ན་ཕྱི་དོན་ཡིན་པ་དང་། དཔྱད་ན་ཤེས་པ་རང་གི་ངོ་བོར་འདོད་པར་ཁྱད་པར་མེད་དེ། མདོ་སྡེ་པས་ནི། ཕྱི་དོན་ལྐོག་ན་མོའི་རྣམ་དབྱེ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ངེས་ཤེས་དེས་ཀྱང་སྤྱིར་ཕྱི་རོལ་གྱི་དོན་ངེས་པར་འདོད་ཅིང་། རྣམ་རིག་པས་ནི། བག་ཆགས་བརྟན་བྱུང་གི་དབང་ཤེས་ཀྱིས་དྲངས་པའི་ངེས་ཤེས་ཀྱི་ངོར་དབང་ཤེས་ལ་རང་དུས་སུ་སྣང་བ་ནི་ཕྱི་དོན་ཡིན་པར་འདོད་པའི་ཕྱིར་དང་། གཉིས་ཀས་ཀྱང་དཔྱད་པའི་ཚེ་བཟུང་རྣམ་དུ་འདོད་པའི་ཕྱིར་རོ། །འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །བདུན་པ་ཡིད་ཆེས་པའི་ལུང་གཉིས་ཀ་ལ་སྦྱར་བ་ནི། སྔར་དྲངས་པའི་དབང་ཤེས་ཀྱི་ཡུལ་ཐུན་མོང་བ་ཡོད་པའིཾ། རྣམ་ངེས་ཀྱི་ལུང་དང་། རྣམ་རིག་པའི་ལུགས་ལ་ཐ་སྙད་དུ་ཕྱི་དོན་ཡོད་པའི་ལུང་རྣམས་དང་། འཆད་པར་འགྱུར་བའི་བློ་ཚུལ་གཉིས་པ་དང་། རང་རིག་བསྒྲུབ་པའི་གཞུང་རྣམས་ནི། ཕྱི་དོན་ཁས་བླངས་པ་དང་མ་བླངས་པ་ཙམ་མ་གཏོགས། མདོ་སེམས་གཉིས་ཆར་གྱི་ལུགས་ཡིན་པ་རྣམས་ནི། དངོས་བསྟན་གྱི་ཚད་འབྲས་མདོ་སེམས་གཉིས་ཆར་གྱི་ལུགས་ཡིན་པའི་ལུང་དུ་འགྱུར་རོ། །དེ་དང་འདྲ་བའང་གཞན་འདྲའང་རུང་། །ཞེས་པས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་སྟེ། དེ་དང་འདྲ་བ་ཞེས་པ་ནི། ཕྱི་དོན་དང་འདྲ་བ་མདོ་སྡེ་པའི་ལུགས་ཡིན་ལ། གཞན་འདྲ་ལ། ལྷས་མི་འདྲ་བ་ཞེས་བཤད་ཅིང་། སྔ་རབས་པ་ཁ་ཅིག གཞན་བག་ཆགས་དང་འདྲ་བ་ཞེས་བཤད་པ་དོན་གཅིག་པར་སྣང་སྟེ། རྣམ་རིག་པའི་ལུགས་ཡིན་པའི་ཕྱིར་རོ། །མདོར་ན་དེ་ཐམས་ཅད་ཀྱི་དོན་བསྡུས་ནས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས། ཉན་ཐོས་སྡེ་གཉིས་དང་སེམས་ཙམ་རྣམ་བདེན་བརྫུན་གྱི་ཚད་འབྲས་བཞི་བཤད་ཟིན་ནས། དེ་ལྟར་གྲུབ་མཐའ་བཞི་ལས། སློབ་དཔོན་ནི་ཕྱི་རོལ་གྱི་དོན་ཁས་ལེན་པ་ན་མདོ་སྡེ་པ་ལྟར་མཛད་ལ། ཤེས་བྱ་ནང་ལ་འཇུག་པ་ན་རྣམ་མེད་ཞལ་གྱིས་བཞེས་སོ། །གཉིས་ཀ་ལྟར་ཡང་དོན་དམ་པར་རང་རིག་གི་ཚད་འབྲས་ཡིན་ཏེ། རྣམ་འགྲེལ་ལས། རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །ཅེས་གསུངས་པས་སོ། །ཐ་སྙད་ཀུན་རྫོབ་ཏུ་མདོ་སྡེ་པ་ལྟར། །དོན་རིག་གི་ཚད་འབྲས་ཡིན་ཏེ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་ལ། གང་ལྟར་ཡང་བློ་ཚུལ་གཉིས་པ་ཡིན་ཏེ། དོན་རིག་ལྟར་ན་ཡང་། ཕྱི་རོལ་དོན་ལ་བརྟེན་ནས་ནི། །ཚུལ་གཉིས་བརྗོད་ཡིན། ཞེས་གསུངས་པས་དོན་ཤེས་པ་དང་། བློ་ཤེས་པའི་ཚུལ་གཉིས་ཡིན་ལ། རྣམ་རིག་པ་ལྟར་ན། ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་གསུངས་པས་སོ། །བློ་གཅིག་ལ་མ་རིག་པས་བསླད་པས་ཡུལ་དང་ཤེས་པའི་ཚུལ་གཉིས་ཡིན་ནོ། །ཁོ་བོ་ཅག་ཀྱང་ཆོས་ཀྱི་གྲགས་པའི་ཚུལ་འདིའི་རྗེས་འབྲང་ངོ་། །བོད་ཕལ་ཆེར་བྱེ་བྲག་ཏུ་སྨྲ་བའི་རྗེས་སུ་འབྲང་མོད། དེ་ནི་དངོས་པོ་སྟོབས་ཤུགས་ཀྱི་རིགས་པ་མ་ཤེས་པར་ཟད་དོ། །ཞེས་གསུངས་སོ། །རིགས་གཏེར་གྱི་དགོངས་པ་འདི་ལས་གཞན་དུ་འཆད་པ་རྣམས་ཀྱིས་ནི། རིགས་གཏེར་རྩ་འགྲེལ་གང་ན་ཡོད་སྟོན་དགོས་སོ། །འོ་ན་སྐབས་འདིའི་ཚད་འབྲས་ཇི་ལྟ་བུ་ཞེ་ན། སྔར་གྱི་དོན་རིག་གི་ཚད་འབྲས་གཉིས་ཀྱི་གཞལ་བྱ་དང་། ཚད་མ་གཞིར་བྱས་ནས་འབྲས་བུའི་སྐབས་སུ་ཐ་སྙད་དུ་ཕྱི་དོན་སྔོན་པོ་རིག་པ་ཡིན་ཡང་དཔྱད་ན་རང་གི་ངོ་བོ་རིག་པའི་མངོན་སུམ་འབྲས་བུ་ཞེས་སྦྱར་བ་ཉིད་དོ། །གསུམ་པ་ནི། རྒྱལ་དབང་བློས། རྣམ་པར་རིག་པ་ཙམ་གྱི་བཞིན་དུ་འཛིན་པའི་རྣམ་པ་འདོད་པ་ནི་མ་ཡིན་ཏེ། ཞེས་དང་། ལྷས་འཛིན་བདག་ཤེས་པའི་སྟེ། རྣམ་པར་རིག་པ་ཙམ་གྱི་ཕྱོགས་བཞིན་ནོ། །ཞེས་རྣམ་རིག་པ་དཔེར་བྱས་པ་དང་། ཤེས་བྱ་ནང་གིར་སྨྲ་བའི་ཕྱོགས་ཀྱི་དོགས་པ་བསུ་བའི་ཕྱིར། ཞེས་རྣམ་རིག་པ་ཕྱོགས་སྔར་བྱས་པའི་ཕྱིར་ན་རྣམ་རིག་པ་ལ་སྦྱོར་བ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། སེམས་ཙམ་པའི་ལུགས་ལ་ཕྱི་དོན་བཀག་ནས། རྣམ་རིག་པ་ཙམ་གྱི་ཚད་འབྲས་དང་། ཐ་སྙད་དུ་ཕྱི་དོན་ཁས་བླངས་པའི་ཚད་འབྲས་གཉིས་ལས། དང་པོ་ནི། བཟུང་རྣམ་གཞལ་བྱ་ལ། རང་རིག་འབྲས་བུ་བྱས་པའི་ཚད་འབྲས་དེ་ཉིད་ཡིན་པས། དེའི་ཕྱོགས་བཞིན་དུ་རང་རིག་འབྲས་བུ་ཡིན་ན་འཛིན་རྣམ་ཚད་མར་འགྱུར་རོ། །ཞེས་དོགས་པ་བསུ་ཞིང་དེའི་ལན་བཏབ་པའི་ཕྱིར་རོ། །དེ་ལས་གཞན་པའི་རྩོད་སྤོང་རྣམས་ནི། རང་ལུགས་ཀྱི་རྣམ་གཞག་རྟོགས་ན། རང་གྲོལ་དུ་འགྱུར་བས་འདིར་མ་སྨོས་སོ། །བཞི་པ་རྣམ་རིག་པའི་ཚད་འབྲས་ལ་དོགས་པ་དཔྱད་ནས། རང་རིག་པའི་ཚད་འབྲས་ངོས་བཟུང་བ་ནི། མདོར། དེ་ལྟར་རྣམ་པ་དུ་མ་རིག་པའི་ཤེས་པ་དུ་མ་ཉེ་བར་བླངས་པ་དེ་ལྟར་ཚད་མ་དང་། གཞལ་བྱ་ཉིད་དུ་ཉེ་བར་འདོགས་ཏེ་དེ་ཉིད་སྨྲས་པ། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་ནི་དེ་ཡི་འབྲས། །འཛིན་རྣམ་རིག་པ་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་དང་། དེའི་དོན་རྣམ་འགྲེལ་འདིར། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་པ་ནས། རང་རིག་ཅེས་ནི་རབ་ཏུ་བཤད། །ཅེས་པའི་བར་གསུངས་སོ། །དེ་ལ་བློ་བདག་ཅེས་སོགས་ཚིགས་བཅད་གསུམ་གྱིས། གཟུང་འཛིན་རིག་གསུམ་པོ་དོན་ལ་ཐ་དད་དུ་མེད་ཀྱང་། བློ་འཁྲུལ་པ་ལ་ཐ་དད་དུ་སྣང་བར་བསྟན། གཟུང་བ་འཛིན་པ་རིག་པ་དག །ཅེས་སོགས་ཚིགས་བཅད་གཅིག་གིས་སྣང་བ་དེ་ལ་བརྟེན་ནས། ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་བྱས་པ་བསྟན་ཏོ། །དེ་ལྟར་མ་ཡིན་ན་ཞེས་སོགས་ཚིགས་བཅད་གསུམ་གྱིས། གཟུང་འཛིན་རིག་གསུམ་གྱི་ནང་ནས། གཟུང་རྣམ་བདེན་མེད་དུ་བསྒྲུབ་པའི་རིགས་པ་བསྟན། དེས་ན་སྔར་ཚད་འབྲས་གཉིས་པའི་སྐབས་སུ་གཟུང་རྣམ་གཞལ་བྱར་བཞག་པ་ཡང་བདེན་བརྫུན་མ་ཕྱེ་བ་ཡིན་ཞིང་། རང་རིག་འབྲས་བུ་བཞག་པ་ཡང་དངོས་བརྟགས་མ་ཕྱེ་བ་ཡིན་པས། རྣམ་བདེན་བརྫུན་གཉིས་ཀའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་བཟུང་རྣམ་སྒྲོ་བཏགས་སུ་བསྒྲུབ་པས་དེ་ལ་ལྟོས་པའི་རང་རིག་བརྟགས་པ་བ་ཡིན་པ་རྣམ་བརྫུན་པའི་ལུགས་བསྒྲུབ་པའོ། །དེ་གསུམ་དོན་ལ་ཐ་དད་མེད་ཀྱང་འཁྲུལ་ངོར་ཐ་དད་དུ་སྣང་བ་ལ། རྩོད་པ་སྤོང་བ་ནི། ཆོས་མཐུན་པ་ཉིད་མཐོང་བ་ལས། །ཞེས་སོགས་ཚིགས་བཅད་གསུམ་མོ། །འོ་ན་རྣམ་བརྫུན་པའི་ལུགས་ཀྱི་རང་རིག་མཚན་ཉིད་པ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་ཇི་ལྟ་བུ་ཞེ་ན། དེ་ལ་བློ་ནི་ཡོངས་གཅོད་པ། །ཞེས་སོགས་ཚིགས་བཅད་བཞི་སྟེ། འདི་ནི་གཞུང་གི་སྐབས་རྣམ་བརྫུན་པའི་ཡིན་ཀྱང་། རང་རིག་ཁས་ལེན་པའི་རང་རིག་གི་ཚད་འབྲས་ཐམས་ཅད་ལ་སྦྱར་བར་བྱ་བ་ཡིན་ཏེ། རིགས་གཏེར་ལས། དེ་ལ་རང་རིག་ཚད་འབྲས་ནི། །རྣམ་གཞག་གྲུབ་མཐའ་ཕལ་ཆེར་མཐུན། །ཞེས་པའི་སྐབས་སུ་འདིའི་གཞུང་ཤེས་བྱེད་དུ་འདྲེན་པར་མཛད་པའི་ཕྱིར་རོ། །གསུམ་པ་བློ་ཚུལ་གཉིས་དང་རང་རིག་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་ལ་གཉིས་ཏེ། ཚུལ་གཉིས་བསྒྲུབ་པ་དང་། རང་རིག་བསྒྲུབ་པའོ། །དང་པོ་ལ་བཞི་སྟེ། གང་ཟག་གང་གི་ངོར་བསྒྲུབ། བློ་གང་གི་བསྒྲུབ། བསྒྲུབ་བྱ་ཚུལ་གཉིས་ཀྱི་ངོ་བོ། ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ནི། ཕྱི་དོན་ཁས་བླངས་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་ནི་སྔར་རྒོལ་མདོ་སྡེ་པ་དང་། ཕྱི་དོན་ཁས་མ་བླངས་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་ནི། སྔར་རྒོལ་སེམས་ཙམ་པས་ཕྱི་རྒོལ་བྱེ་བྲག་ཏུ་སྨྲ་བ་མན་ཆད་ཀྱི་ངོར་བསྒྲུབ་པ་ཡིན་ཏེ། བློ་རྣམ་མེད་དུ་འདོད་པའི་རྒོལ་བའི་ངོར་བསྒྲུབ་དགོས་པའི་ཕྱིར། གཉིས་པ་ནི། དོན་སྣང་གི་ཤེས་པ་ཐམས་ཅད་དེ་ལྟར་བསྒྲུབ་པ་ཡིན་ཏེ། དེ་ལ་རང་དུས་སུ་སྣང་བ་དེ་ཕྱི་དོན་ཡིན་པ་བཀག་ནས། ཤེས་པའི་ངོ་བོར་བསྒྲུབ་དགོས་པའི་ཕྱིར་རོ། །གསུམ་པ་ནི། ཡུལ་དང་ཡུལ་ཅན་གྱི་ཚུལ་གཉིས་ཙམ་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། ཕྱི་རྒོལ་ལ་གྲུབ་ཟིན་པའི་ཕྱིར། བློ་གཅིག་ཉིད་ལ་ཉམས་སུ་མྱོང་བ་འཛིན་རྣམ་གྱི་ཚུལ་དང་། ཡུལ་དུ་སྣང་བ་གཟུང་རྣམ་གྱི་ཚུལ་གཉིས་ལས། དང་པོ་དེ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། ཕྱི་རྒོལ་ལ་གྲུབ་ཟིན་པའི་ཕྱིར་རོ། །དེས་ན་ཕྱི་མ་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་དོན་རང་བཞིན་ཉིད་མ་གྲུབ། །དེ་ཡང་ཡང་དག་དྲན་ལས་གྲུབ། །ཅེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། སློབ་དཔོན་ཕྱོགས་གླང་གིས། ཡུལ་ཤེས་དེ་ཡི་ཤེས་པ་ཡིན། །ཞེས་དང་། དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཞེས་གསུངས་པའི་དོན་ལ་གཉིས་ཏེ། གཞུང་ལས་བསྟན་ཚུལ་སྤྱིར་བསྟན། དཀའ་བའི་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གཞུང་དང་པོ་ལ་བརྟེན་ནས་བསྒྲུབ་པ་དང་། གཞུང་ཕྱི་མ་བརྟེན་ནས་བསྒྲུབ་པ་གཉིས། དང་པོ་ནི། གཞུང་དེའི་དོན་ལ་ཕྱོགས་གླང་གིས་བཤད་པའི་རིགས་པ་གཉིས་དང་། ཆོས་གྲགས་ཀྱིས་བཤད་པའི་རིགས་པ་ལྔ་སྟེ་བདུན་ཡིན་པར་མངོན་ཏེ། ངེས་པར་བློ་དང་ལྷན་ཅིག་ཏུ། །ཞེས་པའི་སྔ་འགྲེལ་དུ་ལྷས་དེ་དེ་ལྟར་ན་ཡུལ་གྱི་ཤེས་པ་ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར། ངེས་པར་བློ་དང་ཞེས་བྱ་བ་ལ་སོགས་པས་བདག་ཉིད་ཀྱིས་རིགས་པ་གཞན་སྟོན་པར་མཛད་དོ། །ཞེས་དང་། འདིར་ཡང་སྐྱོན་ནི་སྔར་བཞིན་ནོ། །ཞེས་པའི་འགྲེལ་པར། ཡུལ་གྱི་ཤེས་པ་དེ་ཤེས་པ་ཞེས་བྱ་བ་ལ་སོགས་པ་བཤད་ན། རང་ཉིད་ཀྱིས་ཚུལ་གཉིས་རབ་ཏུ་བསྒྲུབ་པ་ཡིན་ནོ། །ཞེས་གསུངས་པའི་རིགས་པ་ཕྱི་མ་ལྔ་པོ་ཕྱོགས་གླང་གི་གཞུང་གི་དོན་ལ་ཆོས་གྲགས་ཀྱི་རིགས་པས་ཚུལ་གཉིས་བསྒྲུབ་པ་ཡིན་པར་གསལ་བའི་ཕྱིར་རོ། །གཉིས་པ་ནི། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་སོགས་ཀྱིས་སྟོན་ཏོ། །གཉིས་པ་ལ་བཞི་སྟེ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་འགོད་པའི་ཕྱིར་རྒོལ་ངོས་བཟུང་བ། དགོད་བྱའི་རྟགས་ཀྱི་ངོ་བོ་ངོས་བཟུང་། དེ་ཉིད་ཀྱི་ཚུལ་བསྒྲུབ། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། ཕྱི་དོན་ཁས་བླངས་པའི་ལྷན་ཅིག་དམིགས་ངེས་དང་། ཁས་མ་བླངས་པའི་ལྷན་ཅིག་དམིགས་ངེས་ཀྱི་རྟགས་གཉིས་ལས། དང་པོ་ནི། མདོ་སྡེ་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ། གཉིས་པ་ནི། སེམས་ཙམ་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་ཡིན་པས། གཉིས་ཀ་ཡང་བྱེ་བྲག་ཏུ་སྨྲ་བ་མན་ཆད་ཀྱི་ངོར་འགོད་པ་ཡིན་ཏེ། བློ་རྣམ་མེད་དུ་འདོད་པའི་རྒོལ་བའི་ངོར་འགོད་པའི་ཕྱིར་རོ། །གཉིས་པ་ལ་ཆོས་ཅན་གྱི་དོན་ནི། དོན་དུ་སྣང་བའི་དབང་ཤེས་དང་། དེ་ལ་རང་དུས་སུ་དོན་དུ་སྣང་བ་གཅིག་ཡིན་ནོ། །ཆོས་ཀྱི་དོན་ནི་རྣམ་ངེས་ལས། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང་། རྣམ་འགྲེལ་ལས། ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་གང་གིས་ནི་འགྲུབ་པར་འགྱུར། །ཞེས་པ་ལྟར་ན། རྫས་གཞན་བཀག་པ་བསྒྲུབ་བྱའི་ཆོས་ཡིན་ཞིང་། ཡང་རྣམ་འགྲེལ་ལས། སྔོན་པོར་སྣང་བ་མཐོང་བ་ཡིན། །ཞེས་དང་། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །ཞེས་པའི་འགྲེལ་པར། ལྷས་སྦྱོར་བ་ཡང་། གང་ཞིག་གང་དམིགས་པ་ན་དམིགས་པར་འགྱུར་བ་དེ་ནི་དེ་ཉིད་ཡིན་པར་འགྱུར་ཏེ། ཞེས་པ་ལྟར་ན། རྫས་གཅིག་ཡིན་པ་བསྒྲུབ་བྱའི་ཆོས་ཡིན་ཏེ། སྔ་མ་ནི་རྣམ་བརྫུན་པ་དང་། ཕྱི་མ་ནི་རྣམ་བདེན་པའི་དབང་དུ་བྱས་པའོ། །མཐུན་པའི་དོན་ནི། ཁ་ཅིག ཟླ་བ་གཉིས་སྣང་གི་དབང་ཤེས་དང་། དེ་ལ་རང་དུས་སུ་ཟླ་གཉིས་སུ་སྣང་བའི་རྣམ་པ་བཞིན་ཞེས་ཟེར་བ་མི་འཐད་དེ། དེ་ཉིད་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །དེས་ན་དབང་ཤེས་འཁྲུལ་པ་ལ་སྣང་བའི་ཟླ་གཉིས་ཀྱི་རྣམ་པ་བཞིན་ཞེས་པའི་དོན་ཡིན་ཏེ། དམིགས་བརྟག་ལས། རྫས་སུ་མེད་དེ་ཟླ་གཉིས་བཞིན། །ཞེས་དང་། རྣམ་འགྲེལ་ལས། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །ཞེས་དང་། དེའི་འགྲེལ་པར་ལྷས། དཔེར་ན་ཟླ་བ་གཅིག་ལ་མིག་འཁྲུལ་པ་ཅན་གྱིས། གཞན་གཉིས་འཛིན་པ་དེ་བཞིན་ཞེས་དང་། ཆོས་མཆོག་གིས། ཟླ་གཉིས་ཀྱང་ཕན་ཚུན་བཞིན་ནོ། །ཞེས་དང་། རིགས་གཏེར་ལས། རྫས་གཞན་ཡིན་ན་རྟགས་མི་སྲིད། །ཟླ་གཉིས་སྣང་བཞིན། ཞེས་ཟླ་གཉིས་སུ་སྣང་བ་ཁོ་ན་དཔེར་བཟུང་བའི་ཕྱིར་རོ། །གཏན་ཚིགས་ཀྱི་དོན་ནི་རྣམ་བརྫུན་པ་ལྟར་ན། ལྷན་ཅིག་པ་ནི་ཡུལ་དུས་ཅིག་ཅར་དུ་སྣང་བ་ཡིན་ལ། དམིགས་པ་ནི་འཛིན་པ་ཡིན་ལ། ངེས་པ་ནི་ཁྱབ་པ་ཡིན་ནོ། །རྣམ་བདེན་པ་ལྟར་ན། དམིགས་པ་ནི་མྱོང་བ་ཡིན་ལ་གཞན་སྔ་མ་དང་འདྲའོ། །དེས་ན་རྣམ་བརྫུན་པ་ལྟར་ན། དུས་མཉམ་ཐ་དད་དུ་སྣང་བའི་ཐ་སྙད་ཡུལ་ཡུལ་ཅན་གང་ཞིག ཅིག་ཅར་སྣང་བའམ་འཛིན་པས་ཁྱབ་པ། རྣམ་བདེན་པ་ལྟར་ན་མྱོང་བས་ཁྱབ་པའོ། །གསུམ་པ་ནི། ཕྱོགས་ཆོས་ནི། རང་རིག་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་ཅིང་། རྗེས་ཁྱབ་ནི། མཐུན་དཔེ་དབང་ཤེས་འཁྲུལ་པ་ལ་སྣང་བའི་ཟླ་གཉིས་ཀྱི་རྣམ་པའི་སྟེང་དུ་གྲུབ་སྟེ། གཏན་ཚིགས་ལྷན་ཅིག་དམིགས་ངེས་དང་། བསྒྲུབ་ཆོས་རྫས་གཞན་མ་ཡིན་པ་གཉིས་དེ་ལ་རྗེས་སུ་འགྲོ་བའི་ཕྱིར་རོ། །ལྡོག་ཁྱབ་ནི། མི་མཐུན་དཔེ་རྫས་གཞན་ལ་གཏན་ཚིགས་ལྷན་ཅིག་དམིགས་ངེས་འགོག་པར་བྱེད་དེ། སྤྱིར་ཐ་དད་ལ་དུས་མི་མཉམ་པ་དང་མཉམ་པ་གཉིས་ལས། དང་པོ་ནི། དུས་མི་མཉམ་པ་ཉིད་ལ་ལྷན་ཅིག་དམིགས་ངེས་ཁེགས་ལ། གཉིས་པ་ལ། ལྡོག་པ་ཐ་དད་དང་། རྫས་ཐ་དད་གཉིས་ལས། དང་པོ་ནི། འདིའི་མཐུན་དཔེ་ཡིན་ལ། ཕྱི་མ་ལ། ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་ཁེགས་ཏེ། དེ་གཉིས་དུས་མཉམ་རྫས་གཞན་ཡིན་པས་འབྲེལ་པ་མེད་པའི་ཕྱིར། བཞི་པ་རྩོད་པ་སྤོང་བ་ལ་གཉིས་ཏེ། རྟགས་ཀྱི་ཚུལ་ལ་རྩོད་པ་སྤོང་བ་དང་། སེམས་ཙམ་པའི་གྲུབ་མཐའ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དགེ་བསྲུངས་ན་རེ། ཁྱོད་ཀྱི་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་དེ་མི་འཐད་དེ། དེ་ལ་མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པའི་སྐྱོན་གསུམ་ཡོད་པའི་ཕྱིར་རོ། །དང་པོ་ནི། ལྷན་ཅིག་བཟུང་བས་གཉིས་འཛིན་བློ། །གཅིག་པར་འདོད་ན་དེ་མ་གྲུབ། །ཅེས་ཏེ། སྐྱེས་བུ་དུ་མས་ཕན་ཚུན་ཟླ་བ་གཅིག་ལ་དམིགས་པ་ན། ཕན་ཚུན་ཟླ་བ་འཛིན་པའི་ཤེས་པ་མ་དམིགས་ཀྱང་ཟླ་བ་གཅིག་དམིགས་པ་བཞིན་ནོ། །སྙམ་ན་སྐྱོན་མེད་དེ། སྐྱེས་བུ་དུ་མ་ལ་ཟླ་བ་གཅིག་སྣང་བ་ན་བག་ཆགས་མཐུན་པར་སད་པ་ཡིན་གྱི། ཟླ་བ་གཅིག་དུ་མར་སྣང་བ་མ་ཡིན་པའི་ཕྱིར། དཔེར་ན་སྐྱེས་བུ་དུ་མས་རྨི་ལམ་མཐུན་པར་རྨིས་པ་བཞིན་ནོ། །གཉིས་པ་ནི། གཏན་ཚིགས་འདི་འགལ་གང་གིས་ཕྱིར། །འཇིག་རྟེན་ན་ནི་ལྷན་ཅིག་སྒྲ། །གཞན་མ་ཡིན་པ་དག་ལ་མེད། །དེ་ཕྱིར་ལྡོག་པས་ཁྱབ་ཕྱིར་རོ། །ཞེས་ཏེ། ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་ནི་འགལ་ཏེ། ལྷན་ཅིག་ཡིན་ན་དུ་མ་ཡིན་དགོས། དུ་མ་ཡིན་ན་རྫས་གཞན་མིན་པ་འགལ་དགོས་པའི་ཕྱིར་རོ། །སྙམ་ན་སྐྱོན་མེད་དེ། འདིར་ལྷན་ཅིག་པའི་དོན་ནི། གཉིས་སུ་སྣང་ཡང་གཉིས་སུ་མི་བདེན་པ་ལ་འཇོག་པའི་ཕྱིར་རོ། །གསུམ་པ་ནི། ཐ་དད་ཡིན་ན་མ་ངེས་ཏེ། །སངས་རྒྱས་ཡེ་ཤེས་གཞན་སེམས་དང་། །སེམས་དང་སེམས་བྱུང་དག་གིས་ཀྱང་། །གཏན་ཚིགས་འདི་ནི་འཁྲུལ་ཕྱིར་རོ། །ཞེས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དང་། སོ་སྐྱེའི་ཤེས་པ་གཉིས་པོ་ཆོས་ཅན། རྫས་གཞན་མ་ཡིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། སེམས་དང་སེམས་བྱུང་དང་། སྣང་བ་དང་། གཟུགས་ཆོས་ཅན། རྫས་གཞན་མ་ཡིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་སྙམ་ན། ཐལ་བ་དང་པོའི་གཏན་ཚིགས་མ་གྲུབ་སྟེ། སོ་སྐྱེའི་ཤེས་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་དམིགས་པར་ཐལ། སོ་སྐྱེའི་ཤེས་པ་དམིགས་པའི་ཕྱིར། ཐལ་བ་གཉིས་པ་ལ་འདོད་དེ། མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་མཐའ་ལ་སེམས་དང་སེམས་བྱུང་རྫས་གཞན་དུ་མེད་པའི་ཕྱིར་རོ། །ཐལ་བ་གསུམ་པ་ནི། གཟུགས་དམིགས་པ་སྣང་བ་ལ་ལྟོས་པའི་གང་ཟག་གི་ངོར། དེ་གཉིས་རྫས་གཞན་མ་ཡིན་པར་འདོད་དེ། ལྕགས་གོང་དམར་འབར་བར་གྱུར་པ་བཞིན་ནོ། །གཟུགས་དམིགས་པ་སྣང་བ་ལ་མ་ལྟོས་པའི་བྱི་ལ་ལྟ་བུའི་ངོར། གཏན་ཚིགས་མ་གྲུབ་སྟེ། དེའི་གཟུགས་མ་དམིགས་པའི་ཚེ་སྣང་བ་དམིགས་པ་ལ་ཡང་ཡོད། སྣང་བ་དམིགས་པ་ན་གཟུགས་མ་དམིགས་པ་ཡང་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཕྱི་དོན་མེད་ན། ས་བོན་གྱིས་མྱུ་གུ་སྐྱེད་པ་སོགས་རྒྱུ་འབྲས་དང་། དུ་བའི་རྟགས་ལས་མེ་དཔོགས་པ་སོགས་ཤེས་བྱ་ཤེས་བྱེད་ཀྱི་རྣམ་གཞག་མེད་པར་འགྱུར་རོ། །ཞེ་ན། སྐྱོན་མེད་དེ། ཕྱི་རོལ་གྱི་དོན་མེད་ཀྱང་བག་ཆགས་བརྟན་པའི་ཤེས་པ་ལ་ས་བོན་དང་མྱུ་གུ་སྣང་བ་དང་། དུ་བ་དང་མེར་སྣང་བ་ལ་རྒྱུ་འབྲས་དང་ཤེས་བྱ་ཤེས་བྱེད་སོགས་འཇོག་པའི་ཕྱིར་ཏེ། འདི་ལྟར་ཁྱེད་རང་ཕྱི་དོན་ཡོད་པར་འདོད་པའི་ལུགས་ལ། ས་བོན་དང་མྱུ་གུ་དོན་གཞན་སྔ་ཕྱི་རྗེས་སུ་འགྲོ་ལྡོག་བྱས་དང་བྱས་པ་པོ་ལ་རྒྱུ་འབྲས་སུ་འཇོག་པ་དེ་བཞིན་དུ་ཕྱི་དོན་མེད་ཀྱང་བག་ཆགས་བརྟན་པའི་ཤེས་པ་ལ་ས་བོན་དུ་སྣང་བའི་རྣམ་རིག་དང་། མྱུ་གུ་སྣང་བའི་རྣམ་རིག་དོན་གཞན་སྔ་ཕྱི་རྗེས་སུ་འགྲོ་ལྡོག་བྱས་དང་བྱེད་པ་པོ་རྒྱུ་འབྲས་སུ་འཇོག་པའི་ཕྱིར་རོ། །གལ་ཏེ་མེ་དུ་སོགས་དེར་སྣང་བའི་རྣམ་རིག་ལ་འཇོག་ན་དུ་བའི་རྟགས་ལས་མེ་དཔོག་པ་མེད་པར་ཐལ། མེར་སྣང་གི་བློ་དེ་དུར་སྣང་གི་བློའི་འབྲས་བུ་ཡིན་པའི་ཕྱིར་ཏེ། དུར་སྣང་གི་བློ་དེ་མེར་སྣང་གི་བློས་སྔ་རོལ་ཏུ་གྲུབ་པའི་ཕྱིར་རོ། །གལ་ཏེ་མེར་སྣང་གི་བློ་དེ། དུར་སྣང་གི་བློའི་བག་ཆགས་སད་བྱེད་ཀྱི་རྐྱེན་ཡིན་པས་སྐྱོན་མེད་དོ་སྙམ་ན། དེ་ལྟར་ན་དུར་སྣང་གི་བློ་དེ་ཡང་མེར་སྣང་གི་བག་ཆགས་སད་བྱེད་ཀྱི་རྐྱེན་ཡིན་པས་རྒྱུ་རྟགས་སུ་བཀོད་ནས་འབྲས་བུ་བསྒྲུབ་པའི་གཏན་ཚིགས་སུ་འགྱུར་རོ་ཞེ་ན། དེའི་ལན་ལ་མེ་དུ་སོགས་རྒྱུ་འབྲས་སུ་འཇོག་པའི་ཚུལ་དང་། དེས་ན་འབྲས་རྟགས་ཀྱི་རྣམ་གཞག་འཐད་པའི་ཚུལ་གཉིས་ལས། དང་པོ་ནི། ལར་སྣང་གི་བག་ཆགས་ཀྱི་སྙིང་པོ་ཅན་གྱི་ལར་སྣང་གི་བློ་དེ་དུར་སྣང་གི་བློའི་རྒྱུ་ཡིན་པས་ཐ་སྙད་དུ་མེ་ལས་དུ་བ་སྐྱེས། ཞེས་འཇོག་པ་ཡིན་གྱི་ཕྱི་རོལ་དོན་དུ་གྱུར་པའི་མེ་ལས་དུ་བ་སྐྱེ་བ་མ་ཡིན་ཞིང་། མེར་སྣང་གི་བློ་ལས་དུར་སྣང་གི་བློ་སྐྱེ་བ་ཡང་མ་ཡིན་ཏེ། སེམས་རྒྱུད་དེར་རུང་བག་ཆགས་ཀྱི། །སྙིང་པོ་ཅན་ཉིད་དུ་བར་ནི། །སྣང་བའི་བློ་ནི་སད་བྱེད་པ། །དེས་ན་མེ་ལས་དུ་བ་ཡིན། །ཞེས་སོ། །གཉིས་པ་ནི། དུར་སྣང་གི་བློ་གསལ་བར་སད་པའི་རྟགས་ལས་ལར་སྣང་གི་བློའི་སྟེང་དུ་བག་ཆགས་གསལ་བ་སད་པ་ཅན་གྱི་མེར་སྣང་གི་བློ་སྐྱེད་པའི་ནུས་པ་ཡོད་པར་རྟོགས་པར་བྱེད་པ་སྟེ། དེ་ལའང་དུ་བར་སྣང་བའི་བློ། །བག་ཆགས་གསལ་བ་སད་པ་ཅན། །མེར་སྣང་བ་ཡི་བློ་ཉིད་ནི། །རྟོགས་འགྱུར་མེ་ཉིད་མ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་འགོད་པའི་ཚེ་དེ་ལྟར་དུ་འགོད་དམ་ཞེ་ན། མེ་དུ་སྣང་བ་ལས་གཞན་མེ་དུ་མ་གྲུབ་པ་འདོད་པ་ལྟར་ན། དུ་ལྡན་གྱི་ལར་སྣང་བར་ཆོས་ཅན། མེར་སྣང་བ་ཡོད་དེ། དུ་བ་སྣང་བ་ཡོད་པའི་ཕྱིར། ཞེས་འགོད་ཅིང་། གང་དག་མེ་དུ་ཡོད་ཅིང་། དེ་ཤེས་པའི་བདག་ཉིད་དུ་འདོད་པ་ལྟར་ན། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་འགོད་དོ། །སློབ་དཔོན་ཤཱཀྱ་བློ་ལ་སོགས་པ་ནི། ཕྱི་རོལ་གྱི་མེ་དཔོག་པ་ན་ད་ལྟར་བ་ཡིན་ལ། སེམས་ཀྱི་མེ་དཔོག་པ་ན་མ་འོངས་པ་ཡིན་ཞིང་། གེགས་མེད་ན་མི་བསླུ་བར་གཉིས་ཀ་མཚུངས་སོ། །དེས་ན་མེར་སྣང་གི་བློ་སྐྱེད་ནུས་པའི་ཤེས་པ་ལས་སྐྱེ་བའི་དུ་བ་སྣང་བའི་བློ་མེ་ལས་སྐྱེས། ཞེས་བརྗོད་ཀྱི་མེ་དངོས་ལས་མ་ཡིན་ནོ། །དེས་ན་རྒྱུ་ཆོས་དཔོག་པའི་འབྲས་རྟགས་ཡིན་ནོ། །ཞེས་གསུངས་སོ། །མངོན་སུམ་བརྟག་པའི་རབ་ཏུ་བྱེད་པ་སྟེ། རབ་བྱེད་དགུ་པ་བཤད་ཟིན་ཏོ།། ༈ །།གཉིས་པ་རྗེས་དཔག་ལ་གཉིས་ཏེ། རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གོ །དང་པོ་ལ་གཉིས་ཏེ། མཚན་ཉིད་དང་། རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། ཚུལ་གསུམ་ཚང་བའི་རྟགས་ལས་བསྒྲུབ་བྱ་རྟོགས་པའི་བློ་སྟེ། ཚད་མ་མདོར། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་བའོ། །ཞེས་སོ། །རང་དོན་རྗེས་དཔག་དང་། རྗེས་དཔག་ཚད་མ་རྣམས་ནི་མིང་གི་རྣམ་གྲངས་ཡིན་པས་མཚན་ཉིད་ལོགས་སུ་མི་དགོས་སོ། །གཉིས་པ་ལ་གཉིས་ཏེ། གང་གིས་རྟོགས་པའི་རྟགས་དང་། དེས་རྟོགས་པའི་བསྒྲུབ་བྱ་བཤད་པའོ། །དང་པོ་ལ་གཉིས་ཏེ། ལྟོས་གཞི་ཕྱོགས་གསུམ་བཤད་པ་དང་། དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་གསུམ་སྟེ། ཚུལ་དང་པོའི་ལྟོས་གཞི་ཕྱོགས། རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་དང་མི་མཐུན་ཕྱོགས། དེ་དག་ལྟོས་གཞིར་འཇོག་པའི་འཐད་པའོ། །དང་པོ་ནི། གལ་ཏེ་གཏན་ཚིགས་ཕྱོགས་ཀྱི་ཆོས་སུ་གྲུབ་ན་ཕྱོགཾས་ཆཾོས་གྲུབཾ་ནཾ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་ཞིང་། མ་གྲུབ་ན་ཕྱོགས་ཆོས་ཞེས་པའི་ཐ་སྙད་ཀྱང་མི་འཐད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྤྱིར་རྟོག་གེའི་བསྟན་བཅོས་ལས། ཕྱོགས་དང་། རྗེས་སུ་དཔག་བྱ་དང་། བསྒྲུབ་པར་བྱ་བ་ཞེས་གསུངས་པ་རྣམས་ནི་མིང་གི་རྣམ་གྲངས་ཡིན་པས། དེ་དག་ཤེས་འདོད་ཆོས་ཅན་དང་། བསྒྲུབ་བྱའི་ཆོས་ལ་བཏགས་མིང་དུ་འཇུག དེ་དག་གི་ཚོགས་དོན་ལ་དངོས་མིང་དུ་འཇུག་པ་ལས། འདིར་དང་པོའི་དབང་དུ་བྱས་པའི་ཕྱིར་རོ། །དེ་གཉིས་ལ་ཕྱོགས་ཀྱི་མིང་གིས་འདོགས་པའི་རྒྱུ་མཚན་ནི། ཕྱོགས་མཚན་ཉིད་པ་དེའི་ཕྱོགས་རེ་ཡིན་པའི་ཕྱིར་ཏེ། དཔེར་ན་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་ལྟ་བུའོ། །བཏགས་པའི་དགོས་པ་ལ་གཉིས་ལས། ཆོས་ལ་བསྒྲུབ་བྱར་བཏགས་པའི་དགོས་པ་ནི། ཁྱབ་པ་གཏན་ལ་འབེབས་པའི་སྐབས་སུ། གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ། །ཞེས་མ་སྨོས་པར། གཏན་ཚིགས་ཆོས་ཀྱི་རྗེས་འགྲོ་བ། །ཞེས་སྨོས་ན་འགལ་རྟགས་ཀྱང་དགག་བྱའི་ཆོས་ལ་རྗེས་སུ་འགྲོ་བས། རྟགས་ཡང་དག་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་བས་དེ་བསལ་བའི་ཆེད་དང་། སྐབས་འགའ་ཞིག་ཏུ་སྡེབ་སྦྱོར་སྦྱར་བདེ་བའི་ཆེད་ཡིན་ནོ། །ཆོས་ཅན་ལ་བསྒྲུབ་བྱར་བཏགས་པའི་དགོས་པ་ནི། རྟགས་ཚུལ་དང་པོ་གཏན་ལ་འབེབས་པའི་སྐབས་སུ་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་བཏགས་ནས་ཕྱོགས་ཀྱི་ཆོས་སུ་གྲུབ་པ་བརྟགས་ཚུལ་དང་པོ་ཡིན་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། དེ་ལྟར་མ་བཏགས་པར་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན། ཞེས་སྨྲས་ན་འཁྲུལ་གཞི་ཡོད་པའི་ཕྱིར་དང་། དེའི་མཐའ་རྣམས་བཀག་ན་རྩོད་པ་ཡུན་རིང་དུ་འགོར་བའི་ཕྱིར་དང་། ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན་ཞེས་དངོས་མིང་དུ་བརྗོད་ན་སྡེབ་སྦྱོར་ཉམས་པའི་ཕྱིར་རོ། །གཏན་ཚིགས་དང་པོ་གྲུབ་སྟེ། དེ་ལྟར་ན་མཐུན་དཔེའི་ཆོས་ཅན་གྱི་ཆོས་སུ་གྲུབ་པའང་རྟགས་ཚུལ་དང་པོ་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ། དེ་སྐྱེས་ན་མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་དང་པོ་གྲུབ་བམ་སྙམ་པའི་ལོག་རྟོག་སྐྱེ། དེ་སྐྱེས་ན་དེ་སྐོར་གྱི་རྟགས་ཡང་དག་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་བའི་ཕྱིར་རོ། །གཉིས་པའང་གྲུབ་སྟེ། གལ་ཏེ་ཆོས་ཅན་གྱི་ཆོས་སུ་གྲུབ་པ་ཞེས་པའི་ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་པ་ལ་གོ་སྟེ། མཐུན་དཔེའི་ཕྱོགས་ལ་ཡོད་པ་ཞེས་དང་། དེའི་ཆོས་ཁྱབ་པ་ཞེས་པས་དཔེའི་ཆོས་ཅན་ལ་ཡོད་པ་བསྟན་ཟིན་པའི་ཕྱིར་རོ་ཞེ་ན། མི་འཐད་དེ། དེ་ལྟར་ན་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན་ན། ཆོས་ཅན་དེའང་མཐུན་དཔེའི་ཆོས་ཅན་མིན་ནོ། །ཞེས་མཐའ་གཞན་འགོག་པའི་རིགས་པ་མ་སྨོས་ན་གྲུབ་བཞིན་དུ་སླར་ཡང་བསྣན་པ་དོགས་པར་འགྱུར་ཞིང་། སྨོས་ན་རྩོད་པ་ཡུན་རིང་དུ་འགོར་བའི་ཕྱིར་རོ། །གསུམ་པའང་གྲུབ་སྟེ། གལ་ཏེ་ཕྱོགས་ཆོས་ཞེས་བརྗོད་ན་བཏགས་མིང་དུ་འགྱུར། ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་འཁྲུལ་གཞི་ཡོད་པས་ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན་ཞེས་སྨོས་རིགས་ཏེ། འཁྲུལ་གཞི་མེད་ཅིང་རྟོགས་སླ་བའི་ཕྱིར་ཞེ་ན། མི་འཐད་དེ། དེ་ལྟར་ན་ཤེས་འདོད་ཆོས་ཅན་གྱི་ཆོས་རྗེས་འགྲོ་ལྡོག་པ་ཞེས་ཚུལ་གསུམ་བརྗོད་པ་ཡི་གེ་མི་མཉམ་པ་དང་། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །ཞེས་པའི་སྡེབ་སྦྱོར་ཉམས་པར་འགྱུར་བས་དེ་སྤང་བའི་ཆེད་ཡིན་པའི་ཕྱིར། མདོར་ན་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་བཏགས་ནས་ཕྱོགས་ཞེས་པ་དེ་ཆོས་ཅན། དགོས་པ་ཡོད་དེ། འཁྲུལ་གཞི་མེད་ཅིང་སྡེབ་སྦྱོར་ཉམས་པ་སྤངས་ནས་རྟགས་ཚུལ་དང་པོ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། དེས་ན་ཚུལ་དང་པོའི་ལྟོས་གཞི་ཕྱོགས་ནི་ཕྱོགས་བཏགས་པ་བ་ཤེས་འདོད་ཆོས་ཅན་ཡིན་པས་དེའི་མཚན་ཉིད་ནི་ཆོས་ཅན་གང་གི་སྟེང་དུ་གྲུབ་བསལ་མེད་པའི་བསྒྲུབ་བྱའི་ཆོས་ཀྱིས་དཔག་གཞིར་བཟུང་བ་སྟེ། བསྒྲུབ་བྱའི་ཆོས་ཅན་དང་། རྩོད་གཞིའི་ཆོས་ཅན་གྱི་མཚན་ཉིད་ཀྱང་དེ་ཉིད་དོ། །གཉིས་པ་རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་དང་། མི་མཐུན་ཕྱོགས་བཤད་པ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི། བོད་ཕལ་ཆེར་སྦྱོར་བ་སྐོར་གཅིག་གི་མཐུན་ཕྱོགས་དང་། མི་མཐུན་ཕྱོགས་གཉིས་དངོས་འགལ་ཡིན་པས་དེ་གཉིས་གང་རུང་མ་ཡིན་པའི་ཕྱོགས་ཕུང་པོ་གསུམ་པ་མེད་ཅིང་། ཤེས་འདོད་ཆོས་ཅན་ཡང་དག་གི་སྐབས་སུ་མཐུན་ཕྱོགས་དང་། འགལ་རྟགས་ཀྱི་སྐབས་སུ་མི་མཐུན་ཕྱོགས་དང་། མ་ངེས་པའི་སྐབས་སུ་ཅི་རིགས་པར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། དགག་སྒྲུབ་བློ་ངོར་བྱེད་པ་གང་ཞིག བློ་ངོར་ཕུང་པོ་གསུམ་པ་ཡོད་པའི་ཕྱིར་དང་། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡོད་པར་ཐལ་བའི་ཕྱིར་དང་། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་སྒྲུབ་པ་མ་ཡིན་པར་ཐལ་བའི་ཕྱིར་དང་། ཕྱོགས་ལ་ལྟོས་པའི་རྟགས་ཀྱི་ཚུལ་ཡང་གཉིས་སུ་ངེས་པ་ཐལ་བ་སོགས་རིགས་པ་དུ་མས་གནོད་པའི་ཕྱིར། ལུང་གིས་ཀྱང་གནོད་དེ། རྣམ་ངེས་ལས། རྣམ་པ་དེ་ལྟ་བུའི་སྒྲ་དེ་ནི་ཕྱོགས་ཉིད་ཡིན་གྱི། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་ནི་མ་ཡིན་ཏེ། རྣམ་པར་བརྟགས་པ་དང་། གཅིག་ཏུ་སོ་སོར་ངེས་པ་འགལ་བའི་ཕྱིར། ཞེས་གསུངས་སོ། །ལུང་འདིས་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱིས་སྟོང་མི་སྟོང་བརྟག་པའི་གཞི་དང་། མཐུན་ཕྱོགས་གང་ལ་རྟགས་སུ་སོང་བའི་རྒོལ་བས་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པར་ངེས་པ་དང་། མི་མཐུན་ཕྱོགས་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པར་ངེས་པའི་དགོས་པ་དག་བསྟན་ཏོ། །གཉིས་པ་ནི། ཚུལ་གསུམ་གྱི་ལྟོས་གཞིའི་ཕྱོགས་ལ་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་མ་ཡིན་པའི་ཕུང་པོ་གསུམ་པ་ཡོད་དེ། ཤེས་འདོད་ཆོས་ཅན་གྱིས་རྣམ་པར་བཏགས་པ་ཡིན་གྱིས། གཅིག་ཏུ་སོ་སོར་ངེས་པ་མ་ཡིན་པས་ཕུང་པོ་གསུམ་པ་ཡིན་པའི་ཕྱིར་དང་། མཐུན་ཕྱོགས་མི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱིས་བསྟན་པའི་ཕྱོགས་དང་། ཕྱོགས་ཆོས་ཞེས་པའི་ཚིག་ཟུར་གྱིས་བསྟན་པའི་ཕྱོགས་གསུམ་པོ་དེ་ཚུལ་གསུམ་གྱི་ལྟོས་གཞི་སོ་སོར་ཡིན་པའི་ཕྱིར་རོ། །དེས་ན་མཐུན་ཕྱོགས་ཀྱི་མཚན་ཉིད། གང་ལ་རྟགས་སུ་སོང་བའི་རྒོལ་བས་བསྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ལྡན་དུ་ངེས་པའི་སྒོ་ནས་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པའི་བློ་སྐྱེས་པའི་ཚེ་རྩོད་གཞི་དེ་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་གཟུང་དུ་རུང་བ། མི་མཐུན་ཕྱོགས་ཀྱི་མཚན་ཉིད། གང་ལ་རྟགས་སུ་སོང་བའི་རྒོལ་བས་བསྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པར་ངེས་པའི་སྒོ་ནས་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པའི་བློ་སྐྱེས་པའི་ཚེ། རྩོད་གཞི་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མི་མཐུན་པར་བཟུང་དུ་རུང་བའོ། །དབྱེ་ན་རྟགས་ཡང་དག་གི་མཐུན་ཕྱོགས་མི་མཐུན་ཕྱོགས། རྟགས་ལྟར་སྣང་གི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་དང་། དང་པོ་ལ། རྟགས་ཡང་དག་གི་མཐུན་ཕྱོགས་ཀྱི་མཚན་ཉིད། གང་ལ་རྟགས་སུ་སོང་བའི་རྒོལ་བས་བསྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པར་ངེས་པའི་སྒོ་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེས་པའི་ཚེ། རྩོད་གཞི་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་ངེས་སུ་རུང་བ། རྟགས་ཡང་དག་གི་མི་མཐུན་ཕྱོགས་ཀྱི་མཚན་ཉིད། བསྒྲུབ་བྱའི་ཆོས་ཀྱིས་སྟོང་པར་ངེས་པའི་སྒོ་ནས་ཞེས་དང་། རྩོད་གཞི་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མི་མཐུན་པར་ངེས་སུ་རུང་བ་ཞེས་སྦྱར། གཞན་འདྲ། དེ་ལ་དབྱེ་ན། རང་དོན་སྐབས་ཀྱི་རྟགས་ཡང་དག་གི་མཐུན་ཕྱོགས་མི་མཐུན་ཕྱོགས་དང་། གཞན་དོན་སྐབས་ཀྱི་རྟགས་ཡང་དག་གི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ལས། དང་པོ་ལ། བསྒྲུབ་ངག་ཡང་དག་ལ་མ་ལྟོས་པར་གློ་བུར་བའི་རྟགས་ལས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེས་པའི་ཚེ་ཞེས་སྦྱར། གཞན་འདྲ། ཕྱི་མ་ལ་གང་ལ་རྟགས་སུ་སོང་བའི་རྒོལ་བས་ཞེས་པའི་ཚབ་ཏུ་སྐབས་སུ་བབ་པའི་ཕྱིར་རྒོལ་གྱི་ཞེས་སྦྱར། གཞན་འདྲ། གཏན་ཚིགས་ལྟར་སྣང་གི་མཐུན་ཕྱོགས་ཀྱི་མཚན་ཉིད། གང་ལ་རྟགས་སུ་སོང་བའི་རྒོལ་བས་བསྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པར་ངེས་པའི་སྒོ་ནས་བསྒྲུབ་བྱར་མཐའ་གཅིག་ཏུ་འཛིན་པའི་ཚད་མིན་གྱི་བློ་སྐྱེས་པའི་ཚེ། རྩོད་གཞི་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་བཟུང་དུ་རུང་བ། གཏན་ཚིགས་ལྟར་སྣང་གི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ལ། བསྒྲུབ་བྱའི་ཆོས་ཀྱིས་སྟོང་པར་ངེས་པའི་སྒོ་ནས་ཞེས་དང་། དོན་མི་མཐུན་པར་བཟུང་དུ་རུང་བ་ཞེས་སྦྱར། གཞན་འདྲ། དབྱེ་ན་འགལ་རྟགས་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས། མ་ངེས་པའི་རྟགས་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས། དང་པོ་ལ་འགལ་རྟགས་ལ་བརྟེན་ནས་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་སྐྱེས་པའི་ཚེ་ཞེས་དང་། ཕྱི་མ་ལ་ངེས་པའི་རྟགས་ལ་བརྟེན་ནས་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པའི་ཐེ་ཚོམ་སྐྱེས་པའི་ཚེ་ཞེས་སྦྱར། གཞན་འདྲ། གལ་ཏེ་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པ་དང་། ཐེ་ཚོམ་འགལ་ལོ་སྙམ་ན་ཐེ་ཚོམ་བག་ལ་ཉལ་གྱི་གནད་གོ་ན་མི་འགལ་བ་ནི་བློ་བརྟག་པར་བཤད་ཟིན་ཏོ། །མ་གྲུབ་པའི་རྟགས་ལ་མཐུན་ཕྱོགས་མི་མཐུན་ཕྱོགས་མི་བརྩི་བ་ནི་རྟོག་གེ་པའི་གསང་ཚིག་སྟེ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་སྐབས་སུ་ཤེས་སོ། །འདི་དག་ཀྱང་གཞི་ལ་སྦྱར་བའི་ཚེ་དེ་བསྒྲུབ་ཀྱི་ཚིག་ལྷག་ཆད་མེད་པར་སྦྱར་ནས་ངེས་པར་བྱའོ། །འདི་ནི་རྣམ་ངེས་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་སྤྱིས་དོན་མཐུན་པའོ། །དེ་མེད་པ་ནི་མི་མཐུན་པའི་ཕྱོགས་ཆོས་སོ། །དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་པར་བཟུང་བའི་ཕྱིར་དང་། ཆོས་གཞན་ལ་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། གཞན་དགག་པའི་དོན་གྱི་ཕྱིར་རོ། །དེ་ལ་ཡོད་པར་གྲུབ་པ་སྡུད་པའི་ངེས་པར་བཟུང་བས་ནི་གཞན་རྣམ་པར་གཅོད་པ་ཡིན་ཏེ། དཔེར་ན་དང་པོ་རང་ལ་བུ་གཉིས་སྐྱེས་གྱུར་ཏེ། ན་ར་དང་ནི་སྲེད་མེད་བུ་ཉིད་དོ། །ཅེས་དང་། རིགས་གཏེར་ལས། ཕྱོགས་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས། །མཚུངས་དང་མི་མཚུངས་ཕྱོགས་གཉིས་ཡིན། །ཞེས་དང་། དེའི་རང་འགྲེལ་ལས། འདིར་ལན་དངོས་ནི་ཚང་བང་དུ་དུ་བ་མེ་དང་འབྲེལ་པར་ངེས་ནས་ལ་ལའང་དུ་བས་མེ་གྲུབ་པ་ན་མཐུན་དཔེ་མཐུན་ཕྱོགས་ཀྱི་ཐ་སྙད་དུ་འཇོག་གོ །དེས་ན་དུ་བ་དང་མེའི་འབྲེལ་པ་གྲུབ་པའི་ཚང་བང་འདི་དང་ལ་གཉིས་མེ་དང་ལྡན་པར་མཐུན་ནོ། །ཞེས་རྒོལ་བས་བསྒྲུབས་ནས་ཕྱིར་རྒོལ་ལ་སྟོན་པའི་ཕྱིར་འགལ་བ་མེད་དོ། །ཞེས་གསུངས་པའི་དོན་དེ་གངས་ཅན་འདིར་འདི་ཇི་ལྟ་བ་བཞིན་རྟོགས་པ་གཞན་མི་སྣང་ངོ་། །གསུམ་པ་རྩོད་པ་སྤང་བ་ལ། རྩོད་པ་དང་ལན་གཉིས་ལས། དང་པོ་ལ་གསུམ་སྟེ། ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བ། མ་ངེས་དང་པོ་འགལ་བར་ཐལ་བ། ཡང་དག་གི་རྩོད་གཞི་མི་མཐུན་ཕྱོགས་སུ་ཐལ་བ་དང་གསུམ་ལས། དང་པོ་ནི། ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་པའི་སྐྱོན་ཡོད་དེ། ཁྱབ་པ་ངེས་པ་ལ་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་དགོས། དེ་ངེས་པ་ལས་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པ་ངེས་དགོས་པའི་ཕྱིར། གཉིས་པ་ནི། གཞལ་བྱ་དེ་སྒྲ་རྟག་པར་བསྒྲུབ་པའི་མི་མཐུན་ཕྱོགས་ཁོ་ན་ལ་འཇུག་པར་ཐལ། སྒྲ་དང་རྟག་པར་ཆོས་མཐུན་པར་མེད་པའི་ཕྱིར། འདོད་ན། དེ་སྐོར་གྱི་འགལ་རྟགས་སུ་ཐལ་ལོ། །གསུམ་པ་ནི། སྒྲ་དེ་སྒྲ་མི་རྟག་པར་བསྒྲུབ་པའི་མི་མཐུན་ཕྱོགས་སུ་ཐལ། སྒྲ་དེ་སྒྲ་དང་མི་རྟག་པ་ཆོས་མི་མཐུན་པའི་ཕྱིར་ཏེ། རང་ཉིད་རང་དང་ཆོས་མཐུན་པ་མེད་པའི་ཕྱིར་ཞེ་ན། གཉིས་པ་ལན་ལ་གསུམ་ལས། དང་པོ་ནི། སྔར་དྲངས་པའི་འགྲེལ་པ་ཉིད་ཡིན་པས་མཚན་ཉིད་ཀྱི་ནང་དུ་བཀོད་ཟིན་པས་སྐྱོན་སྤོང་མི་དགོས་སོ། །གཉིས་པའི་ལན་ནི། ཕྱིར་རྒོལ་གྱི་ངོར་རྟག་པའི་གཞན་སེལ་ཡོད་པས་སྒྲ་དེ་དེ་དང་ཆོས་མཐུན་པར་སྣང་བས་སྐྱོན་མེད་དོ། །གསུམ་པའི་ལན་ནི། སྒྲ་མི་རྟག་པར་མ་ངེས་པའི་གོང་དུ་སྒྲ་རྟག་པར་ངེས་པ་མེད་པས་སྐྱོན་མེད་དོ། །གསུམ་པ་དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་ནི། ཤེས་འདོད་ཆོས་ཅན་དེ་ཕྱོགས་ཆོས་ཀྱི་ལྟོས་གཞི་ཡིན་ཏེ། རྟགས་ཤེས་འདོད་ཆོས་ཅན་ལ་དགོད་བྱ་ལྟར་གྲུབ་པ་དང་མ་གྲུབ་པའི་དབང་གིས་ཕྱོགས་ཆོས་གྲུབ་པ་དང་མ་གྲུབ་པར་འཇོག་པའི་ཕྱིར། མཐུན་ཕྱོགས་དེ་རྗེས་འགྲོའི་ཚུལ་གྱི་ལྟོས་གཞི་ཡིན་ཏེ། རྟགས་མཐུན་ཕྱོགས་ཁོ་ན་ལ་བསྒྲུབ་ཚུལ་ལྟར་མཐུན་པར་གྲུབ་པ་དང་མ་གྲུབ་པའི་དབང་གིས་རྗེས་འགྲོའི་ཚུལ་གྲུབ་པ་དང་མ་གྲུབ་པར་འཇོག་པའི་ཕྱིར། མི་མཐུན་ཕྱོགས་དེ་ལྡོག་ཚུལ་གྱི་ལྟོས་གཞི་ཡིན་ཏེ། རྟགས་མི་མཐུན་ཕྱོགས་ལ་བསྒྲུབ་ཚུལ་ལྟར་ལྡོག་པ་གྲུབ་པ་དང་མ་གྲུབ་པའི་དབང་གིས་ལྡོག་ཚུལ་གྲུབ་པ་དང་མ་གྲུབ་པར་འཇོག་པའི་ཕྱིར། གལ་ཏེ་རྟགས་ཡང་དག་གི་མི་མཐུན་ཕྱོགས་ཡིན་ན། ཡོད་པས་ཁྱབ་པར་ཐལ། རྟགས་ཡང་དག་ཡིན་ན། ལྡོག་ཚུལ་གྲུབ་དགོས། མི་མཐུན་ཕྱོགས་དེ་ལྡོག་ཚུལ་གྱི་ལྟོས་གཞི་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། བློའི་ཡུལ་དུ་བྱར་རུང་གི་རྟགས་ལས་བུམ་པ་ཤེས་བྱར་བསྒྲུབ་པའི་ཚེ་རི་བོང་རྭའི་སྟེང་དུ་ཤེས་བྱ་ལྡོག་པའི་སྟོབས་ཀྱིས་བློའི་ཡུལ་དུ་བྱར་རུང་ལྡོག་པ་དེ་ལྡོག་ཚུལ་གྱི་ལྟོས་གཞིར་འཇོག་པའི་ཕྱིར། ཡང་ཕྱོགས་གསུམ་པོ་དེ་ཚུལ་གསུམ་གྱི་ལྟོས་གཞི་ཡིན་ཏེ། རྟགས་སུ་བཀོད་ཚོད་ཀྱི་སྐྱོན་ཡོན་བརྩི་བའི་གཞི་ཡིན་པའི་ཕྱིར། གཉིས་པ་དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། རྟགས་ཡང་དག་དང་། རྟགས་ལྟར་སྣང་དང་། དེ་དག་གི་ངེས་པ་བསམ་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། མཚན་གཞི། མཚོན་བྱའི་རབ་ཏུ་དབྱེ་བའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་ངོས་བཟུང་བ་དང་། དེ་མཚན་ཉིད་དུ་ཇི་ལྟར་འགྲོ་བའི་ཚུལ་ལོ། །དང་པོ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི། མུ་སྟེགས་ཀྱི་སྟོན་པ་སྣོད་ཀྱི་རྗེ་ན་རེ། རྟགས་ཡང་དག་གི་མཚན་ཉིད། གཞན་དུ་མི་འཐད་པ་ཞེས་པའི་ཚུལ་གཅིག་ཡིན་ཞེས་དང་། བོད་ཁ་ཅིག ཕྱོགས་ཆོས་དང་རྗེས་འགྲོའི་ཚུལ་ལམ། ཕྱོགས་ཆོས་དང་ལྡོག་པའི་ཚུལ་ཏེ། ཚུལ་གཉིས་ཡིན་ཞེས་དང་། རིགས་པ་ཅན་པ་ཤེས་འདོད་ལ་མཐོང་བ་སྔ་མ་ཅན། མཐུན་ཕྱོགས་ལ་མཐོང་བ་ལྷག་མ་ཅན། མི་མཐུན་ཕྱོགས་ལ་མ་མཐོང་བ་སྤྱི་ལ་མ་མཐོང་བ། ཚད་མ་གཉིས་དང་འགལ་བ་མེད་པ་སྟེ། ཚུལ་བཞི་ཡིན་ཞེས་དང་། ཁ་ཅིག ཚུལ་གསུམ་དང་། ངེས་པ་སྟེ་བཞི་ཞེས་དང་། ཡང་ཁ་ཅིག ཚུལ་གསུམ་དང་། སོ་སོར་ངེས་པ་དང་། གནོད་པ་མེད་པའི་ཡུལ་ཅན་ཏེ་ལྔ་ཞེས་དང་། ཙ་ར་ཀ་པ་སོགས་ཚུལ་གསུམ་དང་། གནོད་པ་མེད་པའི་ཡུལ་ཅན་དང་། བརྗོད་པར་འདོད་པའི་གྲངས་གཅིག་པ་དང་། ངེས་པ་སྟེ་དྲུག་ཡིན་ཞེས་པ་རྣམས་ནི་མི་འཐད་དེ། ཚུལ་གསུམ་མ་ཚང་ན་བསྒྲུབ་བྱ་དཔོག་མི་ནུས་པས་རྟགས་ཡང་དག་ཏུ་མི་འགྱུར་ཞིང་། ཚུལ་གསུམ་ཚང་ན་མཚན་ཉིད་གཞན་རྣམས་དོན་མེད་པའི་ཕྱིར་རོ། །བོད་ཕལ་ཆེར། ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་ནི་མི་འཐད་དེ། ཕྱོགས་ཆོས་དེ་ཆས་ཁྱབ་པ་ནི། །ཞེས་འབྱུང་ན་དེ་ལྟར་འཐད་དུ་ཆུག་ཀྱང་། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་འབྱུང་བའི་ཕྱིར་དང་། རིགས་ཐིགས་ལས། ཚུལ་གསུམ་པ་ཅན་གྱི་རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང་། མཐུན་པའི་ཕྱོགས་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པར་ངེས་པའོ། །ཞེས་ཚུལ་གསུམ་པ་ཅན་གྱི་རྟགས་ནི་ཞེས་པས་རྟགས་ཡང་དག་གི་མཚན་ཉིད་དང་། ལྷག་མ་རྣམས་ཀྱིས་ཚུལ་གསུམ་སོ་སོའི་ངོ་བོ་ངོས་བཟུང་བ་ཡིན་པའི་ཕྱིར་དང་། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། །ཞེས་གཏན་ཚིགས་དེ་ཚུལ་གསུམ་ལྡན་པའི་གཞིར་གསུངས་ཀྱི་ཚུལ་གསུམ་ཉིད་དུ་མ་གསུངས་པའི་ཕྱིར་དང་། ཚད་མ་མདོར། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་སོགས་ཚུལ་གསུམ་ལྡན་པའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་གསུངས་ཀྱི། ཚུལ་གསུམ་པོ་དེ་རྟགས་ཡང་དག་གི་མཚན་ཉིད་དུ་གསུངས་པའི་གཞུང་གཅིག་ཀྱང་མི་སྣང་བའི་ཕྱིར་རོ། །གཉིས་པ་ལ། མཚན་ཉིད་དངོས་དང་། ཚུལ་གསུམ་སོ་སོའི་ངོ་བོ་གཉིས་ལས། དང་པོ་ནི། ཚུལ་གསུམ་ཚང་བའི་གཏན་ཚིགས་དང་། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་དང་། ཕྱོགས་ཆོས་དེ་ཆས་ཁྱབ་པའི་གཏན་ཚིགས་དང་། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས་པའི་གཏན་ཚིགས་རྣམས་གང་མཚན་ཉིད་དུ་བཞག་ཀྱང་ཁྱད་པར་མེད་དེ། ཚད་མ་མདོར། ཚུལ་གསུམ་རྟགས་ལས་ཞེས་དང་། རིགས་ཐིགས་ལས། ཚུལ་གསུམ་པ་ཅན་གྱི་རྟགས་ནི་ཞེས་དང་། འདིར་ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། གཏན་ཚིགས་ཞེས་དང་། རིགས་གཏེར་ལས། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས། །གཏན་ཚིགས་མཚན་ཉིད་སྐྱོན་མེད་ཡིན། །ཞེས་དང་། དེའི་རང་འགྲེལ་ལས། དེས་ན་ཕྱོགས་ཆོས་དེ་ཆས་ཁྱབ་པ་དང་། འབྲེལ་པ་གྲུབ་པ་དང་། ཚུལ་གསུམ་ངེས་པ་རྣམས་དོན་གཅིག་གོ །ཅེས་གསུངས་པའི་ཕྱིར། གཉིས་པ་ལ། མཚན་ཉིད་དང་། མཚན་གཞི་གཉིས་ལས། དང་པོ་ལ། ཕྱོགས་ཆོས་ཀྱི་མཚན་ཉིད། ཤེས་འདོད་ལ་རྟགས་འཛིན་པའི་ཚད་མས་དྲངས་པའི་ངེས་ཤེས་ཀྱིས། རྟགས་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་སྒོ་ནས་གཙོ་བོར་བསྒྲུབ་དགོས་པའི་རྟགས་ཀྱི་ཚུལ་ལོ། །རྗེས་འགྲོའི་ཚུལ་གྱི་མཚན་ཉིད། རྟགས་ཆོས་ཀྱི་འབྲེལ་པ་མཐོང་བའི་ཚད་མས་དྲངས་པའི་ངེས་ཤེས་ཀྱིས་རྟགས་སུ་དགོད་བྱ་མཐུན་ཕྱོགས་ཁོ་ན་ལ་བསྒྲུབ་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་སྒོ་ནས་གཙོ་བོར་བསྒྲུབ་དགོས་པའི་རྟགས་ཀྱི་ཚུལ་ལོ། །ལྡོག་ཚུལ་གྱི་མཚན་ཉིད། རྟགས་ཆོས་ཀྱི་འབྲེལ་པ་མཐོང་བས་ཚད་མས་དྲངས་པའི་ངེས་ཤེས་ཀྱིས་རྟགས་སུ་དགོད་བྱ་མི་མཐུན་ཕྱོགས་ལ་བསྒྲུབ་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ངེས་པའི་སྒོ་ནས་གཙོ་བོར་བསྒྲུབ་དགོས་པའི་རྟགས་ཀྱི་ཚུལ་ལོ། །གཉིས་པ་ལ། རྟགས་ཀྱི་ངོ་བོར་གྱུར་པའི་ཚུལ་གསུམ་དང་། བསྒྲུབ་ངག་གི་བསྟན་བྱར་གྱུར་པའི་ཚུལ་གསུམ་གཉིས་ལས། དང་པོ་ནི། ཚུལ་གསུམ་དུ་བ་ཁོ་ནའི་ཆོས། །དབྱེར་མེད་ཡིན་གྱི་ཆོས་གཞན་མེད། །ཅེས་པའི་གཞུང་གིས་བསྟན་པ་སྟེ། རྟགས་ཀྱི་མཚན་གཞི་བྱས་པའི་སྟེང་གི་ཆོས་ཅན་སྒྲས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཆ་དང་། མཐུན་ཕྱོགས་མི་རྟག་པ་ཁོ་ན་ལ་ཡོད་པའི་ཆ་དང་། མི་མཐུན་ཕྱོགས་རྟག་པ་ལ་མེད་པར་ངེས་པའི་ཆ་གསུམ་མོ། །གཉིས་པ་ནི། རྟགས་ཀྱི་མཚན་གཞི་གཞན་སེལ་ཡིན། །ཞེས་པའི་རང་འགྲེལ་དུ། དེ་ལ་རྩོད་གཞི་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པ་ནི་ཕྱོགས་ཆོས་སོ། །རྟགས་ཀྱི་རྗེས་སུ་བསྒྲུབ་བྱ་འགྲོ་བ་ནི་རྗེས་འགྲོའོ། །བསྒྲུབ་བྱའི་ཆོས་ལོག་སྟོབས་ཀྱིས་རྟགས་ལྡོག་པ་ནི་ལྡོག་པའོ། །ཞེས་པའི་གཞུང་གིས་བསྟན་ཏེ། སྒྲ་བྱས་པ་ཡིན་པ་དང་། བྱས་ན་མི་རྟག་པས་ཁྱབ་པ་དང་། རྟག་ན་མ་བྱས་པས་ཁྱབ་པ་གསུམ་མོ། །འོ་ན་བསྒྲུབ་ངག་གི་ངོ་བོར་གྱུར་པའི་ཚུལ་གསུམ་མ་བརྗོད་ན་དེ་ལ་དྲན་པ་སྐྱེད་མི་ནུས་པས་བསྒྲུབ་ངག་དོན་མེད་ཅིང་། བརྗོད་ན་དེ་གཉིས་ཀྱི་ཁྱད་པར་ཕྱེ་བ་དོན་མེད་དོ་ཞེ་ན། སྐྱོན་མེད་དེ། ཆོས་མཐུན་སྦྱོར་གྱི་བསྒྲུབ་ངག་གིས་རྗེས་ཁྱབ་མཐུན་དཔེའི་སྟེང་དུ་བརྗོད། ཆོས་མི་མཐུན་སྦྱོར་གྱི་བསྒྲུབ་ངག་གིས་ལྡོག་ཁྱབ་མི་མཐུན་དཔེའི་སྟེང་དུ་བརྗོད་པ་གང་རུང་གིས་རྟགས་ཀྱི་ངོ་བོར་གྱུར་པའི་རྗེས་སུ་འགྲོ་ལྡོག་ལ་དྲན་པ་བསྐྱེད་ནུས་པའི་ཕྱིར་རོ། །ཁ་ཅིག བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་གྱི་མཚན་གཞིར་བཟུང་བ་ནི་གཞུང་དང་འགལ་ཏེ། རིགས་ཐིགས་ལས། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་འགལ་བའོ། །ཞེས་དང་། རྣམ་ངེས་ལས། འོ་ན་རྟགས་ཚུལ་གཉིས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་། ལྡོག་པ་དག་ཕན་ཚུན་ཐ་དད་པའི་ཕྱིར་རོ། །དེ་དག་ནི་ངག་གཅིག་གིས་ཀྱང་བསྟན་པར་ནུས་པའི་ཕྱིར། སྦྱོར་བ་བསྡུས་པར་བརྗོད་ཀྱི་ཚུལ་བསྡུས་པ་ནི་མ་ཡིན་ནོ། །ཞེས་དང་། རིགས་གཏེར་ལས། དཔག་གཞིར་བཟུང་བ་ཤེས་འདོད་ཡིན། །དེ་ལ་གྲུབ་པ་ཕྱོགས་ཆོས་སོ། །ཞེས་པའི་རང་འགྲེལ་དུ། ཤེས་འདོད་ལ་རྟགས་མངོན་སུམ་མམ། རྗེས་སུ་དཔག་པ་ལས་གྲུབ་པ་ནི་ཚུལ་དང་པོ་ཕྱོགས་ཆོས་ཞེས་བྱ་བ་ཡིན་ནོ། །ཞེས་དང་། རྟགས་དང་བསྒྲུབ་བྱ་འབྲེལ་སྟོབས་ཀྱིས། །ཡོད་མེད་ངེས་པའི་རྗེས་འགྲོ་ལྡོག །ཅེས་པའི་རང་འགྲེལ་དུ། རྟགས་དང་བསྒྲུབ་བྱའི་འབྲེལ་པ་ཚད་མས་ངེས་ནས་རྟགས་ཀྱི་རྗེས་སུ་བསྒྲུབ་བྱ་འགྲོ་བ་རྗེས་འགྲོ། བསྒྲུབ་བྱའི་ཆོས་ལྡོག་ན་རྟགས་ལྡོག་པ་ནི་ལྡོག་པའི་ཚུལ་ལོ། །འདི་དག་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ངེས་པར་མི་ནུས་པས་དཔེའི་སྟེང་དུ་ངེས་པར་བྱའོ། །ཞེས་གསུངས་པས་སོ། །གསུམ་པ་རྩོད་པ་སྤང་བ་ནི། རིགས་གཏེར་ལས། ཚུལ་གཉིས་པ་དང་རྗེས་འགྲོ་ཡི། །ལྡོག་པ་འཕེན་པའི་སྐྱོན་གཉིས་མེད། །ཅེས་གསུངས་ཏེ། རང་འགྲེལ་ལས་ཤེས་པར་བྱའོ། །གཉིས་པ་དེ་མཚན་ཉིད་དུ་ཇི་ལྟར་འགྲོ་བའི་ཚུལ་ལ། ཚུལ་གསུམ་ངེས་རུང་ཙམ་ཞིག་དོན་རང་མཚན་ལ་ཡང་ཡོད་པས་གོ་བྱེད་དུ་འགྲོ་བ་ལ་ཚུལ་གསུམ་ངེས་པ་དགོས་ཏེ། དབང་ཤེས་ཀྱི་སྒྲ་ཡུལ་འཛིན་ནུས་ལ་མི་ཟེར་བ་ལྟར། རྟགས་ཀྱི་སྒྲ་ཡང་གོ་ནུས་ལ་མི་ཟེར་བར་གོ་བྱེད་ལ་གསུངས་པའི་ཕྱིར་རོ། །འདི་ལ་དགོངས་ནས་ཚད་མ་མདོར། རྗེས་དཔག་བྱ་དང་དེར་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ་ཞེས་དང་། དེའི་དོན་རྣམ་ངེས་ལས། ཐ་མར་སྨོས་པའི་ངེས་པ་ཉིད་ནི་ཚུལ་གསུམ་ཀ་ལ་བལྟ་བར་བྱའོ། །ཞེས་གསུངས་སོ། །འདིའི་རྩོད་པ་སྤོང་བ་ལ། ངེས་པ་ལ་རྣམ་བཅད་མེད་པར་སྤོང་བ། དོན་གྱི་ཆོས་སུ་མི་འཐད་པ་སྤོང་བ། ཧ་ཅང་ཐལ་བ་སྤོང་བ་དང་གསུམ་ལས། ཕྱི་མ་ལ་ཡང་ལྔར་ཡོད་པའི་གཉིས་པ་ནི། རང་འགྲེལ་ལས་འདི་ལྟར་གསུངས་ཏེ། གཉིས་པ་རྟགས་ལས་རྟགས་འཛིན་མི་སྐྱེ་བར་ཐལ་བ་ནི། ཚུལ་གསུམ་མ་ངེས་པའི་སྔར་རྟགས་མ་ཡིན་པས་དེ་ལས་རྟགས་འཛིན་སྐྱེས་པ་དེ་རྟགས་མ་ཡིན་པ་ལས་རྟགས་འཛིན་སྐྱེ་བར་འགྱུར་རོ། །འདོད་ན། དངོས་གང་ཅི་ལྟ་བུར་གྱུར་པ། །དེ་འདྲ་དེ་ནི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟ་ཡི། །དངོས་ལས་དེས་བསྐྱེད་རྟགས་ཅན་བློ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཁོ་བོ་ཅག་རྟགས་སུ་དགོད་བྱའི་ངོ་བོ་དུ་བ་དང་བྱས་པ་ལ་སོགས་པ་ལས་རྟགས་འཛིན་སྐྱེ་བར་འདོད་ཀྱི། རྟགས་ཀྱི་མཚན་ཉིད་ཚུལ་གསུམ་ངེས་པ་ལས་སྐྱེ་བར་མི་འདོད་དོ། །ཞེས་གསུངས་སོ། །དེ་དག་གི་དོན་འཆད་པ་ལ་སྤྱིར་རྟགས་འཛིན་སེམས་ལ་རྒྱ་བོད་ཀྱི་འདོད་པ་མི་འདྲ་བ་མང་དུ་འདུག་ན་ཡང་། བདག་ཉིད་ཆེན་པོ་འདིའི་དགོངས་པ་ཚུལ་བཞིན་དུ་བཤད་པ་ལ་བཞི་སྟེ། མཚན་ཉིད། མཚན་གཞི། སྐྱེ་ཚུལ། ལུང་དང་སྦྱར་བའོ། །དང་པོ་ནི། ཚུལ་གསུམ་ངེས་པའི་སྔོན་དུ་རྟགས་སུ་དགོད་བྱར་བཟུང་བའི་བཅད་ཤེས་གང་ཞིག རང་འབྲས་རྟགས་ཅན་རྗེས་དཔག་གི་བརྒྱུད་པའི་རྒྱུར་འགྱུར་བའོ། །གཉིས་པ་ནི། འབྲས་རྟགས་ལ་དུ་བ་མཐོང་བའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་དུ་བ་ངེས་པའི་བཅད་ཤེས་དང་། རང་བཞིན་གྱི་རྟགས་ལ་སྒྲ་འཛིན་མངོན་སུམ་གྱིས་སྒྲ་བྱས་པར་ངེས་པའི་ངེས་པ་རང་སྟོབས་ཀྱིས་དྲངས་ནུས་ན་མངོན་སུམ་དེའི་རྗེས་སུ་སྐྱེས་པའི་སྒྲ་བྱས་པར་ངེས་པའི་བཅད་ཤེས་ལྟ་བུ་དང་། རང་སྟོབས་ཀྱིས་དྲངས་མ་ནུས་ན་སྒྲ་བྱས་པར་རྟོགས་པའི་རྗེས་དཔག་གིས་དྲངས་པའི་བྱས་པ་འཛིན་པའི་བཅད་ཤེས་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་འཛིན་སེམས་སུ་འགྱུར་བ་ལྟ་བུའོ། །དགག་རྟགས་ལ་དག་འཛིན་དབང་པོའི་མངོན་སུམ་གྱིས་ཕྱོགས་འདི་ནི་དམིགས་སོ། །བུམ་པ་འདི་ནི་མ་དམིགས་སོ་སྙམ་པའི་རྟོག་པ་གཉིས་དྲངས་པའི་ཕྱི་མ་ལྟ་བུའོ། །གསུམ་པ་ནི། དུ་བ་ངེས་པའི་བཅད་ཤེས་དེས། དུ་བ་ཉིད་ལ་ལ་ཡོད་པའི་ཕྱོགས་ཆོས་དང་། མེ་དུའི་དེ་བྱུང་གི་འབྲེལ་པ་ངེས་པའི་ཁྱབ་པ་འཛིན་པའི་རྟོག་པ་གཉིས་དྲངས་ནས་དེ་ལྟ་བུའི་ཚུལ་གསུམ་བར་མ་ཆད་དུ་ངེས་པའི་ཚེ་བསྒྲུབ་ངག་ལ་མི་ལྟོས་པར་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་སྐྱེ་བའོ། །འདི་ནི་རང་དོན་རྟགས་ཀྱི་དབང་དུ་བྱས་པ་སྟེ། འདི་ལ་བར་དུ་གཅོད་བྱེད་ཀྱི་དྲན་པ་ནི་ཚུལ་གསུམ་ངེས་པའི་བློ་དེ་ཉིད་ལས་གཞན་མེད་དོ། །ཡང་རྟགས་ཀྱི་མཚན་གཞི་དུ་བ་ངེས་པའི་རྗེས་སུ་ཚུལ་གསུམ་གཞི་སོ་སོའི་སྟེང་དུ་ངེས་པ་དེ་བརྗེད་ཟིན་ནས། ཕྱིས་བསྒྲུབ་ངག་བཀོད་པའི་ཚེ་ཚུལ་གསུམ་དྲན་པའི་དྲན་པ་སྐྱེས་ནས་དེ་ལས་རྗེས་དཔག་སྐྱེ་བ་ཡིན་ནོ། །འདི་ལ་ཚུལ་གསུམ་ངེས་པའི་བློ་དང་དྲན་པ་གཉིས་ཆར་གྱིས་ཆོད་ཀྱང་གཉིས་ཀ་དྲན་པར་མཚུངས་པས་དྲན་པས་ཆོད་ཅེས་སྨོས་སོ། །རང་བཞིན་གྱི་རྟགས་ལ་ཡང་ཕལ་ཆེར་འདི་དང་འདྲ་ཞིང་། ཕྱོགས་ཆོས་རྟགས་ཀྱིས་བསྒྲུབ་དགོས་པའི་ཚེ་ཕྱོགས་ཆོས་རྟོགས་པའི་རྗེས་དཔག་གིས་དྲངས་པའི་བཅད་ཤེས་ཀྱི་རྗེས་སུ་ཚུལ་གསུམ་བར་མ་ཆད་དུ་ངེས་ན་རང་དོན་རྟགས་དང་། ཚུལ་གསུམ་གཞི་སོ་སོའི་སྟེང་དུ་ངེས་ནས་བརྗེད་ན་གཞན་དོན་སྐབས་ཀྱི་གཏན་ཚིགས་སུ་འགྱུར་བ་ཡང་སྔ་མ་དང་འདྲའོ། །དགག་རྟགས་ལ་རྟགས་འཛིན་སེམས་རྟགས་སུ་དགོད་བྱ་ཉིད་ལས་སྐྱེ་བའི་ངེས་པ་མེད་ཀྱང་། མཐར་རྒྱུ་ལས་འབྲས་བུ་བསྒྲུབ་པའི་གཏན་ཚིགས་སུ་སོང་བའི་ཚེ་གཏན་ཚིགས་དེ་ལས་སྐྱེ་བ་ནི་རྟོག་གེ་བའི་གསང་ཚིག་ཏུ་སྣང་ངོ་། །དེང་སང་ཚུལ་གསུམ་ཅིག་ཅར་དུ་དྲན་པ་འདོད་པ་ཞེས་པ་ནི་མ་བརྟགས་པ་སྟེ། རྩོད་གཞིའི་སྟེང་དུ་རྟགས་འཛིན་པའི་རྟོག་པ་དང་། དཔེའི་སྟེང་དུ་ཁྱབ་པ་འཛིན་པའི་རྟོག་པ་གཉིས་ཅིག་ཅར་དུ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །དེས་ན་རང་དོན་རྟགས་ལ་ནི་ཐོག་མར་ཁྱབ་པ་དྲན་ནས་དེའི་རྗེས་སུ་ཕྱོགས་ཆོས་དྲན་པ་ལས་རྗེས་དཔག་སྐྱེ་སྟེ། དུ་བ་གློ་བུར་དུ་མཐོང་བའི་ཚེ་དུ་བ་ཡོད་ན་ནི་མེ་ཡོད་པས་ཁྱབ། འདི་ནའང་དུ་བ་ཡོད་པའི་ཕྱིར་ན་མེ་ཡོད་དོ་སྙམ་དུ་ངེས་པའི་ཕྱིར་རོ། །གཞན་དོན་སྐབས་ལ་ཕྱོགས་ཆོས་སྔོན་འགྲོ་ཅན་ལ་ནི་ཕྱོགས་ཆོས་ཐོག་མར་དྲན་ཅིང་། ཁྱབ་པ་སྔོན་འགྲོ་ཅན་ལ་ནི་ཁྱབ་པ་ཐོག་མར་དྲན་ཏེ། དེ་གཉིས་ཀྱི་རྒྱུར་གྱུར་པའི་ཉན་ཤེས་རིམ་པ་དེ་ལྟར་དུ་སྐྱེ་བའི་ཕྱིར་རོ། །བཞི་པ་ནི། ཕྱོགས་གླང་གིས་རྟགས་འཛིན་སེམས་རྟོག་པ་མངོན་སུམ་ལྟར་སྣང་གི་དབྱེ་བར་བཤད་པ་དང་། དེ་དང་རྗེས་དཔག་གི་བར་དུ་དྲན་པས་ཆོད་པར་བཤད་པ་དང་། རྣམ་འགྲེལ་འདིར། རྟགས་ཀྱི་འབྲས་བུ་དང་། རྟགས་ཅན་རྗེས་དཔག་གི་རྒྱུར་གསུངས་པ་དང་། ལྷས་རྟགས་ཀྱི་མཚན་གཞི་དུ་བ་དང་། སྐྱེ་ལྡན་འཛིན་པའི་བློ་རྟགས་འཛིན་སེམས་སུ་གསུངས་པ་དང་། ཤས་རྟགས་ཀྱི་ཡུལ་ཅན་མངོན་སུམ་གྱི་ཕྱིས་བྱུང་བ་ཡིན་པར་གསུངས་པ་དང་། ཉི་སྦས་ཀྱིས་རྟགས་ཀྱི་ཤེས་པ་དངོས་པོའི་ཡུལ་ཅན་མ་ཡིན་པར་གསུངས་པ་དང་། སྔར་དྲངས་པའི་རིགས་གཏེར་རང་འགྲེལ་ལས། ཁོ་བོ་ཅག་རྟགས་སུ་དགོད་བྱའི་ངོ་བོ་དུ་བ་དང་བྱས་པ་སོགས་ལས་རྟགས་འཛིན་སྐྱེ་བར་འདོད་ཀྱི། རྟགས་ཀྱི་མཚན་ཉིད་ཚུལ་གསུམ་ངེས་པ་ལས་སྐྱེ་བར་མི་འདོད་དོ། །ཞེས་གསུངས་པ་རྣམས་ཀྱི་དོན་ལུགས་འདི་ཉིད་ཀྱི་སྟེང་དུ་གནས་པ་ནི་སྔོན་ཆད་གཞན་གྱིས་མ་མཐོང་བར་སྣང་ངོ་། །མདོར་ན། རྟགས་འཛིན་སེམས་ཁྱད་གཞི་འཛིན་པའི་བློ་དང་། ཚུལ་གསུམ་ངེས་པ་ཁྱད་ཆོས་འཛིན་པའི་བློ་ཡིན་པར་ཤེས་ན་ལུགས་འདི་རང་གྲོལ་དུ་འགྱུར་རོ། །གཉིས་པ་མཚན་གཞི་ནི། རིགས་གཏེར་ལས། རྟགས་ཀྱི་མཚན་གཞི་གཞན་སེལ་ཡིན། །ཞེས་གསུངས་ཏེ། སྒྲ་མི་རྟག་པར་བསྒྲུབ་པ་ལ་བྱས་པ་རྟགས་སུ་སོང་བའི་ཚེ། རང་མཚན་དང་སྒྲ་དོན་གང་རྟགས་ཡང་དག་ཡིན་ཞེ་ན། བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་འཛིན་པའི་རྟོག་ངོར་སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བའི་བྱས་པ་ཙམ་རྟགས་ཡང་དག་ཡིན་ཏེ། དེས་སྒྲ་དོན་རྟགས་ཡང་དག་ཏུ་མི་འཛིན། རང་མཚན་རྟགས་ཡང་དག་ཏུ་ཡང་མི་འཛིན་པར་བྱས་པ་ཙམ་རྟགས་ཡང་དག་ཏུ་འཛིན་པའི་ཕྱིར། རྗེས་ཀྱི་རྟོག་པས་སོ་སོར་ཕྱེ་བའི་ཚེ་རང་མཚན་རྟགས་ཡང་དག་མ་ཡིན་ཏེ། རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་མི་ནུས་པའི་ཕྱིར། སྒྲ་དོན་རྟགས་ཡང་དག་ཡིན་ཏེ། སྔར་གྱི་རྟོག་པ་ལ་སྣང་བའི་བྱས་པ་དེ་རྟགས་ཡང་དག་ཡིན་པ་གང་ཞིག དེ་ཉིད་སྒྲ་དོན་ལས་མ་འདས་པའི་ཕྱིར། དེས་ན་བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་འཛིན་པའི་རྟོག་པ་ལ་སྣང་བའི་བྱས་པ་དེ་ཉིད་གཞན་སེལ་ཡིན་པས་གཞན་སེལ་རྟགས་ཡང་དག་ཡིན་ནོ། །གསུམ་པ་མཚོན་བྱའི་རབ་ཏུ་དབྱེ་བ་ནི། གཞུང་ལས། མཚན་ཉིད་དེ་དང་ལྡན་པ་ཡི། །གཏན་ཚིགས་དབྱེ་སྒོ་དུ་མར་འགྱུར། །ཆོས་ཀྱི་གྲགས་པས་སྦྱོར་བ་ཡི། །སྒོ་ནས་གསུམ་དུ་ངེས་པར་མཛད། །ཅེས་དངོས་པོའི་སྒོ་ནས་དབྱེ་སྒོ་ལྔ། སྦྱོར་བའི་སྒོ་ནས་གཅིག་སྟེ་དྲུག་ཏུ་མཛད་ཀྱང་། གཏན་ཚིགས་ཀྱི་རིགས་མ་ལུས་པར་བསྡུས་པའི་དབང་དུ་བྱས་ན་དབྱེ་སྒོ་བཅུ་སྟེ། སྦྱོར་བའི་སྒོ་ནས། འཇུག་ཚུལ་གྱི་སྒོ་ནས། སྒྲུབ་བྱེད་ཀྱི་སྒོ་ནས། བསྒྲུབ་ཚུལ་གྱི་སྒོ་ནས། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས། འབྲེལ་པའི་སྒོ་ནས། རྟགས་སུ་དགོད་བྱའི་སྒོ་ནས། འགོད་ཚུལ་གྱི་སྒོ་ནས། རྒོལ་བའི་སྒོ་ནས། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། སྦྱོར་བའི་སྒོ་ནས་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་དུ་འདུས་ཏེ། དགག་རྟགས་ཐམས་ཅད་མཐར་སྣང་རུང་མ་དམིགས་པའི་གཏན་ཚིགས་སུ་འདུས་པས་དཔེ་གཅིག་གི་སྟེང་དུ་གཏན་ལ་འབེབས་ནུས། སྒྲུབ་རྟགས་གཉིས་དཔེ་སོ་སོའི་སྟེང་དུ་གཏན་ལ་འབེབས་དགོས་པའི་ཕྱིར་རོ། །འདི་ལ་རྣམ་འགྲེལ་ལས། མ་དམིགས་པའི་རྟགས་ལས་འཕྲོས་ནས་གཏན་ཚིགས་ལྟར་སྣང་རྒྱས་བཤད་མཇུག་ཏུ་བཤད་པའི་དབང་དུ་བྱས་ནས་འབྲས་རང་གི་གཏན་ཚིགས་ཐོག་མར་གསུངས་ལ། རྣམ་ངེས་ལས། འབྲས་རང་གི་རྟགས་ལས་འཕྲོས་ནས་རྟགས་ཆོས་ཀྱི་འབྲེལ་པ་སྒྲུབ་བྱེད་མཇུག་ཏུ་བཤད་པའི་དབང་དུ་བྱས་ནས་མ་དམིགས་པའི་གཏན་ཚིགས་ཐོག་མར་གསུངས་ཤིང་། རིགས་གཏེར་ལས་ཀྱང་གོ་རིམ་འདི་ལྟར་འབྱུང་ངོ་། །དེ་ལ་དང་པོ་མ་དམིགས་པའི་རྟགས་ཡང་དག་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས། དེ་ནི་དགག་རྟགས་ཡང་དག་གི་མཚན་ཉིད་ཀྱང་ཡིན་ཏེ། དེ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་པའི་མཚོན་བྱ་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། འོན་ཀྱང་མ་དམིགས་པའི་རྟགས་ཡང་དག་ནི་སྒྲུབ་བྱེད་ཀྱི་སྒོ་ནས་ཐ་སྙད་བྱས་པ་སྟེ། མ་དམིགས་པའི་གཏན་ཚིགས་ཐམས་ཅད་མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་འགོག་པར་མཚུངས་པའི་ཕྱིར་སྟེ། དགག་པ་ཉིད་ནི་ཐམས་ཅད་དུ། །མི་དམིགས་པ་ལས་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། དགག་རྟགས་ཡང་དག་ནི་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་ཐ་སྙད་བྱས་པ་སྟེ། བསྒྲུབ་བྱའི་ཆོས་དེ་དགག་པ་ཡིན་ན། རྟགས་སུ་དགོད་བྱ་དགག་སྒྲུབ་གང་ཡིན་ཀྱང་དགག་རྟགས་སུ་འགྱུར་བའི་ཕྱིར། དེ་ལ་ཁ་ཅིག་ན་རེ། བྱས་པ་ཆོས་ཅན། དགག་རྟགས་སུ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། སྒྲའི་སྟེང་དུ་རྟག་པ་འགོག་པ་ཚུལ་གསུམ་ཚང་བའི་ཕྱིར་ཞེ་ན། དེ་ཆོས་ཅན། དགག་རྟགས་ཡང་དག་ཏུ་ཐལ། སྒྲ་རྟག་པ་མ་ཡིན་པར་བསྒྲུབ་པའི་དགག་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་དབྱེ་བ་ལ། མི་སྣང་བ་མ་དམིགས་པའི་དགག་རྟགས་ཡང་དག་དང་། སྣང་རུང་མ་དམིགས་པའི་དགག་རྟགས་ཡང་དག་གཉིས། དང་པོ་ལ། མཚན་ཉིད། མཚན་གཞི། ཚུལ་གསུམ་ངེས་བྱེད། གསུངས་པའི་དགོས་པ་དང་བཞི་ལས། དང་པོ་ནི། རྩོད་གཞིའི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་སྒྲུབ་མི་ནུས་ཤིང་ཡོད་ངེས་སུ་འགོག་ནུས་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། གཉིས་པ་ནི། བོད་ཕལ་ཆེར་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། ཞེས་དང་། ཐ་སྙད་དོན་མཐུན་མི་འཇུག་སྟེ། །ཞེས་སོགས། ཚིག་ཟིན་ལ་འགོད་པ་ནི་བཀོད་ཚོད་དང་གྲུབ་ཚོད་ཀྱི་ཁྱད་པར་མ་ཕྱེ་བ་སྟེ། དེ་ལྟར་ན་རང་བཞིན་མ་དམིགས་པའི་རྟགས་ལ་ཡང་བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། ཞེས་སོགས་འགོད་དགོས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་ཏེ། མེད་ལ་མི་འཇུག་འབྲས་བུ་ཅན། །ཞེས་དང་། འཇུག་པར་མི་བྱེད་ཅེས་བྱ་བའི། །ཞེས་པའི་གཞུང་གི་གཏན་ཚིགས་དང་པོས་མཐར་དགག་བྱ་ཡོད་ངེས་ཀྱི་ཐ་སྙད་འགོག་པར་བསྟན་པ་ལྟར། རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ། །ཅེས་དང་། བརྡ་དྲན་བྱེད་པ་འབའ་ཞིག་གོ །ཞེས་པའི་གཏན་ཚིགས་གཉིས་པས་མཐར་དགག་བྱ་མེད་ངེས་ཀྱི་ཐ་སྙད་བསྒྲུབ་པར་བསྟན་པར་མཚུངས་པའི་ཕྱིར། དེས་ན་འགོད་ཚུལ་སྐྱོན་མེད་ནི་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་ངོར་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ཡོད་ངེས་མ་ཡིན་ཏེ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ནི་རང་བཞིན་གྱིས་སྐལ་བའི་སྐལ་དོན་གྱི་དབང་དུ་བྱས་ལ། ཡུལ་དང་དུས་ཀྱིས་སྐལ་བ་ལ་ཡང་སྦྱར་བར་བྱ་སྟེ། རྣམ་ངེས་ལས། སྐལ་དོན་གསུམ་ཀ་ལ་ཡང་སྦྱར་བར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཕྱོགས་ཆོས་མདུན་གྱི་གཞི་འདིར་མཐོང་བའི་དབང་ཤེས་དང་། དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་གྲུབ་སྟེ། དང་པོ་དེས་མདུན་གྱི་གཞི་འདི་དམིགས་སོ་སྙམ་པ་དང་། གཉིས་པ་དེས་འདིར་ཤ་ཟ་མ་དམིགས་སོ་སྙམ་པའི་ངེས་ཤེས་འདྲེན་པར་བྱེད་པའི་ཕྱིར། ཁྱབ་འབྲེལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་དང་། ཤ་ཟ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་གཉིས་རྒྱུ་འབྲས་སུ་ངེས་པས་གྲུབ་བོ། །བཞི་པ་ནི། གཞན་སྡེ་ཁ་ཅིག རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་རྟགས་མི་མཐུན་ཕྱོགས་ལ་མེད་པར་ངེས་པའི་ལྡོག་པ་གྲུབ་པ་དང་། རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་དང་དེ་གཉིས་ཀྱི་བར་གྱི་བར་དོའི་ལུས་དང་ངག་སྨྲ་བ་དང་། ཆགས་བྲལ་གྱི་གཞི་མཐུན་དབང་མངོན་གྱིས་མ་མཐོང་བའི་ཕྱིར་ན་མེད་པ་དང་། དཔྱོད་པ་བས་རྣལ་འབྱོར་མངོན་སུམ་དབང་མངོན་གྱིས་མ་མཐོང་བའི་ཕྱིར་ན་མེད་པར་འདོད་པ་རྣམས་དགག་པའི་ཆེད་དུ་ཡིན་ནོ། །ཇི་ལྟར་གསུངས་ཤེ་ན། དགག་བྱའི་ཆོས་དེ་གང་ཟག་དེ་དག་གི་ངོར་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་ནུས་ཀྱང་མེད་ངེས་སུ་བསྒྲུབ་མི་ནུས་ཏེ། དགག་བྱ་དེ་དག་གང་ཟག་དེ་ལ་སྐལ་དོན་ཡིན་པའི་ཕྱིར། གཉིས་པ་སྣང་རུང་མ་དམིགས་པའི་གཏན་ཚིགས་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་བསྒྲུབ་ནུས་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། གཉིས་པ་ལ་གཉིས་ཏེ། འབྲེལ་ཟླ་མ་དམིགས་པ་དང་། འགལ་ཟླ་དམིགས་པའི་གཏན་ཚིགས་ཡང་དག་གཉིས། དང་པོ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། རྣམ་གཞག་གོ །དང་པོ་ནི། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག དགག་བྱའི་ཆོས་ཀྱི་འབྲེལ་ཟླ་བཀག་པའི་མེད་དགག་རྟགས་སུ་སོང་བ། གཉིས་པ་ལ་རྒྱུ། ཁྱབ་བྱེད། རང་བཞིན། དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་དང་བཞི་ལས། རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག དགག་བྱའི་ཆོས་ཀྱི་རྒྱུ་བཀག་པའི་མེད་དགག་རྟགས་སུ་སོང་བ། དཔེར་ན། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག དགག་བྱའི་ཆོས་ཀྱི་བདག་ཉིད་གཅིག་པའི་ཁྱབ་བྱེད་བཀག་པའི་མེད་དགག་རྟགས་སུ་སོང་བ། དཔེར་ན། ཤིང་ཚད་མས་མ་དམིགས་པའི་བྲག་རྫོང་ན་ཆོས་ཅན། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག རྟགས་ཆོས་གཉིས་པོ་དེ་མཚན་ཉིད་དང་། མཚོན་བྱར་སོང་བ། དཔེར་ན། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ན་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག དགག་བྱའི་ཆོས་ཀྱི་དངོས་འབྲས་བཀག་པའི་མེད་དགག་རྟགས་སུ་སོང་བ། དཔེར་ན། དུ་བས་དབེན་པའི་རྩིག་སྐོར་ན་ཆོས་ཅན། དུ་བའི་དངོས་རྒྱུ་མེ་མེད་དེ། དངོས་འབྲས་དུ་བ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ལ། ཚུལ་གསུམ་ངེས་བྱེད། འགལ་མི་འགལ། གྲངས་ངེས་པ། གསུངས་པའི་དགོས་པ། རང་བཞིན་མ་དམིགས་པ་བྱེ་བྲག་ཏུ་བཤད་པ་དང་ལྔ་ལས། དང་པོ་ནི། རྒྱུ་མ་དམིགས་པའི་ཕྱོགས་ཆོས་ཕལ་ཆེར་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་པ་ཡིན་ཏེ། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་མཐོང་བའི་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེས་མེ་མེད་མཚན་དུས་ཀྱི་རྒྱ་མཚོ་འདི་ནི་དམིགས་སོ། །འདིར་མེ་མ་དམིགས་སོ་སྙམ་པའི་ངེས་ཤེས་གཉིས་འདྲེན་པར་བྱེད་པའི་ཕྱིར། གལ་ཏེ་མངོན་སུམ་གྱི་སྟོབས་ཀྱིས་མ་གྲུབ་ན། ཐ་སྙད་འབའ་ཞིག་བསྒྲུབ་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་གྲུབ་པ་ཡིན་ནོ། །ཁྱབ་འབྲེལ་དུ་བ་མེ་ལས་དེ་བྱུང་དུ་འབྲེལ་པར་རྟོགས་པའི་ཚད་མས་གྲུབ་པ་ཡིན་ཏེ། དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པའི་རྗེས་ཁྱབ་གྲུབ་ན། མེ་མེད་ན་དུ་བ་མེད་པས་ཁྱབ་པའི་ལྡོག་ཁྱབ་གྲུབ་པའི་ཕྱིར་ཏེ། ཅི་ལྟར་དངོས་ཉིད་བསྒྲུབ་པ་ལ། །ཞེས་སོགས་དང་། རྒྱུ་དང་ངོ་བོ་ལྡོག་ཉིད་ཀྱིས། །ཞེས་སོགས་གསུངས་པའི་ཕྱིར། ཁྱབ་བྱེད་མ་དམིགས་པའི་ཕྱོགས་ཆོས་གྲུབ་ཚུལ་སྔ་མས་རིགས་འགྲེ། ཁྱབ་འབྲེལ་ཤ་པ་ཤིང་དང་བདག་གཅིག་ཏུ་འབྲེལ་པར་རྟོགས་པའི་ཚད་མས་གྲུབ་སྟེ། སྒྲུབ་བྱེད་རིགས་འགྲེ། རང་བཞིན་མ་དམིགས་པའི་ཕྱོགས་ཆོས་ནི། དགག་གཞི་འཛིན་པའི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་པ་ཡིན་ཏེ། དེས་དེར་དེ་མ་དམིགས་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། ཁྱབ་འབྲེལ་ནི་དེ་སྐོར་གྱི་རྟགས་ཆོས་གཉིས་མཐར་བདག་གཅིག་ཏུ་འབྲེལ་པར་རྟོགས་པའི་ཚད་མས་གྲུབ་པ་ཡིན་ནོ། །དངོས་འབྲས་མ་དམིགས་པའི་ཕྱོགས་ཆོས་མངོན་སུམ་གྱི་བྱེད་པས་གྲུབ་སྟེ། དུ་བས་དབེན་པའི་རྩིག་སྐོར་མཐོང་བའི་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དེས་དེར་དུ་བ་མ་དམིགས་པ་ངེས་པའི་ཕྱིར། ཁྱབ་འབྲེལ་འགལ་དམིགས་དང་འདྲ་བས་འོག་ཏུ་འཆད་དོ། །གཉིས་པ་ནི། དེ་བཞི་འགལ་ཏེ། རྒྱུ་མ་དམིགས་པ་ཡིན་ན། རྟགས་ལོག་དང་ཆོས་ལོག་ལ་དེ་བྱུང་གི་འབྲེལ་པ་གྲུབ་དགོས། ཁྱབ་བྱེད་མ་དམིགས་པ་ཡིན་ན། རྟགས་ལོག་དང་ཆོས་ལོག་ལ་བདག་གཅིག་གི་འབྲེལ་པ་གྲུབ་དགོས། རང་བཞིན་མ་དམིགས་པ་ཡིན་ན། རྟགས་ལོག་དང་ཆོས་ལོག་ལ་མཚན་མཚོན་གྱི་འབྲེལ་པ་གྲུབ་དགོས། དངོས་འབྲས་མ་དམིགས་པ་ཡིན་ན། རྟགས་ལོག་དང་ཆོས་ལོག་ལ་དངོས་རྒྱུ་དངོས་འབྲས་ཀྱི་འབྲེལ་པ་གྲུབ་དགོས་པའི་ཕྱིར། གསུམ་པ་ནི། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་དེ་ལ་བཞི་པོ་དེར་གྲངས་ངེས་ཏེ། དེ་ལ་དགག་བྱའི་ཆོས་ཀྱི་རྒྱུ་བཀག་པ་དང་། རང་བཞིན་བཀག་པ་དང་། འབྲས་བུ་བཀག་པ་གསུམ་ལས། དང་པོ་ནི་རྒྱུ་མ་དམིགས་པ། གཉིས་པ་ལ། ལྡོག་པ་ཐ་དད་པའི་རང་བཞིན་བཀག་པ་དང་། ལྡོག་པ་གཅིག་པའི་རང་བཞིན་བཀག་པ་གཉིས་ལས། དང་པོ་ནི། ཁྱབ་བྱེད་མ་དམིགས་པ། གཉིས་པ་ནི། རང་བཞིན་མ་དམིགས་པ། གསུམ་པ་ལ་འབྲས་བུ་ཙམ་བཀག་པ་དང་། དངོས་འབྲས་བཀག་པ་གཉིས་ལས། དང་པོ་ནི། དགག་བྱ་མེད་ངེས་སུ་བསྒྲུབ་མི་ནུས་ཤིང་། གཉིས་པ་ནི། དངོས་འབྲས་མ་དམིགས་པ་ཡིན་པའི་ཕྱིར། བཞི་པ་ནི། འབྲས་བུ་སྡུག་བསྔལ་བདེན་པ་སྤོང་བ་ལ་རྒྱུ་ཀུན་འབྱུང་བདེན་པ་སྤོང་དགོས་སོ་ཞེས་ཤེས་པའི་ཕྱིར་དུ། རྒྱུ་མ་དམིགས་པ། སྤྱིར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སྤང་ན་འགྱུར་བའི་སྡུག་བསྔལ་ཡང་སྤངས་པས་ཁྱབ་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡང་སྤོང་དགོས་སོ་ཞེས་ཤེས་པའི་ཕྱིར་དུ་ཁྱབ་བྱེད་མ་དམིགས་པ་དང་། གྲངས་ཅན་པས་རྒྱུ་དུས་ན་འབྲས་བུ་ཡོད་པ་དང་། བྱེ་བྲག་པས་གསོན་ལུས་ལ་བདག་ཡོད་པ་འདོད་པ་སོགས་ལ་དེ་དག་མེད་དེ། ཡོད་ན་ཚད་མ་ལ་སྣང་དུ་རུང་དགོས་པ་ལས། ཚད་མ་ལ་མི་སྣང་བའི་ཕྱིར་ཞེས་ཤེས་པའི་ཕྱིར་དུ་རང་བཞིན་མ་དམིགས་པ་དང་། གྲངས་ཅན་པས་གཙོ་བོའི་སྒྲ་དོན་དངོས་པོའི་ཉེར་ལེན་ཅན་དུ་འདོད་པ་དགག་པའི་ཕྱིར་དུ་དངོས་འབྲས་སྣང་རུང་མ་དམིགས་པ་གསུངས་པ་ཡིན་ནོ། །ལྔ་པ་ལ་གསུམ་སྟེ། ཕྱིར་རྒོལ་ངོས་གཟུང་བ། རང་བཞིན་གྱི་རྟགས་སུ་བསྡུ་ཚུལ། ཐ་སྙད་འབའ་ཞིག་སྒྲུབ་ཏུ་འགྱུར་བའི་ཚུལ་ལོ། །དང་པོ་ནི། དོན་ལྡོག་མཐོང་ཡང་བརྡ་དྲན་པར་མི་ནུས་པའི་རྒོལ་བ་ཤིན་ཏུ་རྨོངས་པའི་ངོར་འགོད་པ་ཡིན་ཏེ། དེ་ནི་ཤིན་ཏུ་རྨོངས་དོན་ཏེ། །ཞེས་དང་། ཡུལ་ཡོད་ན་ཡང་རྨོངས་པས་འདིར། །གཞན་དག་རྗེས་སུ་མི་བརྗོད་པ། །གྲུབ་པ་དང་ནི་ཆོས་མཐུན་ལས། །བརྡ་དྲན་བྱེད་པ་འབའ་ཞིག་གོ །ཞེས་དང་། རིགས་གཏེར་ལས། རྨོངས་པ་ལ་ནི་བརྡ་དྲན་པའི། །ཐ་སྙད་བསྒྲུབ་ཀྱི་རྗེས་དཔག་དགོས། །ཞེས་གསུངས་སོ། །གཉིས་པ་ནི། རང་བཞིན་མ་དམིགས་པའི་གཏན་ཚིགས་ཐམས་ཅད་བཀོད་ཚོད་ལ་དགག་རྟགས་ཡིན་ཀྱང་། མཐར་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་ཏེ། མཐར་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་བསྒྲུབ་པའི་གཏན་ཚིགས་སུ་འདུས་པའི་ཕྱིར་ཏེ། རྒྱུ་ལས་འབྲས་བུ་བསྒྲུབ་པས་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་གསུངས་པས་སོ། །དེ་ཇི་ལྟ་བུར་ཞེ་ན། དག་འཛིན་དབང་མངོན་ཆོས་ཅན། བུམ་པ་མེད་ངེས་ཀྱི་ཐ་སྙད་འབྱུང་རུང་ཡིན་ཏེ། བུམ་པས་དག་པའི་ས་ཕྱོགས་འཛིན་པའི་ཚད་མ་ཡིན་པའི་ཕྱིར། ཞེས་སྔར་གྱི་བྱེད་པ་པོའི་ངོས་ནས་འགོད་པ་དེ་ཉིད་དོ། །དེང་སང་ཐམས་ཅད་མཐུན་པར་གཞུང་འདིའི་དོན་རྣམ་འཇོག་གི་རྒྱུ་ལས་རྣམ་གཞག་གི་འབྲས་བུ་ངེས་པ་ལ་འཆད་པ་ནི་མི་འཐད་དེ། དེ་ཙམ་གྱིས་རང་བཞིན་གྱི་རྟགས་སུ་མ་ངེས་པའི་ཕྱིར་དང་། གཞན་དོན་ལེའུར། གཅིག་དམིགས་ཉམས་སུ་མྱོང་བ་ལས། །ཞེས་སོགས་ཀྱི་གཞུང་དོན་མེད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། བུམ་པ་མེད་ངེས་ཀྱི་དོན་ལྡོག་བུམ་པ་ཚད་མས་མ་དམིགས་པས་གྲུབ་ཀྱང་བུམ་པ་མེད་ངེས་ཀྱི་བརྡ་སྦྱར་མི་ཤེས་པ་ལ་དེའི་བརྡ་འབའ་ཞིག་བསྒྲུབ་པར་བྱེད་པས་ཐ་སྙད་འབའ་ཞིག་བསྒྲུབ་ཀྱི་གཏན་ཚིགས་སུ་འཇོག་གོ །གཉིས་པ་འགལ་དམིགས་ཀྱི་གཏན་ཚིགས་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་བསྒྲུབ་ནུས་པའི་བསྒྲུབ་པ་རྟགས་སུ་སོང་བ། གཉིས་པ་ལ། ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས་ལས་དང་པོ་ལ། མཚན་ཉིད། དབྱེ་བ། རྣམ་གཞག་དང་གསུམ་ལས། དང་པོ་ནི། འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག ལྷན་ཅིག་མི་གནས་འགལ་ལ་བརྟེན་ནས་རང་གི་ཁྱབ་འབྲེལ་ངེས་དགོས་པ། གཉིས་པ་ལ། དགག་གཞག་གཉིས། དང་པོ་ལ་གཉིས་ཏེ། དབྱེ་ཚུལ་དགག་པ་དང་། སྦྱོར་བ་འགོད་ཚུལ་དགག་པའོ། །དང་པོ་ནི། སྔ་རབས་པ་ཁ་ཅིག གྲང་རེག་དང་། གྲང་རེག་གི་དངོས་རྒྱུ་དང་། གྲང་འབྲས་སྤུ་ལོང་བྱེད་དང་། དེའི་ཁྱབ་བྱ་བ་མོའི་རེག་པ་ལྟ་བུ་རེ་རེ་འགོག་པ་ལ། ཚ་རེག་དང་། ཚ་རེག་གི་དངོས་རྒྱུ་དང་། ཚ་རེག་གི་དངོས་འབྲས་དང་། དེའི་ཁྱབ་བྱ་ཙནྡན་གྱི་མེ་ལྟ་བུ་བཞི་ཆར་སྦྱོར་བས་བཅུ་དྲུག་ཏུ་འགྱུར་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་ཚ་རེག་གི་དངོས་རྒྱུ་རྟགས་སུ་བཀོད་ནས་གྲང་རེག་སྐོར་བཞི་འགོག་པའི་གཏན་ཚིགས་དེ་རྣམས་མི་འཐད་དེ། ཚ་རེག་གི་དངོས་རྒྱུ་ནི། རང་གི་སྐད་ཅིག་གཉིས་པར་མེ་སྐྱེད་ངེས་ཀྱི་རྒྱུ་ཡིན་པས་མེ་མ་ངེས་པར་དེ་ངེས་མི་ནུས་ལ། མེས་ཁྱད་པར་དུ་བྱས་པ་རྟགས་སུ་བཀོད་ན། མེ་རྟགས་སུ་སོང་བ་ཡིན་གྱི། དེ་ལྟ་བུ་རྟགས་སུ་སོང་བ་མ་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཅིག དགག་བྱའི་ཆོས་ལ་སྟོབས་ཆེན་པོ་སྦྱོར་བ་ནི། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་གོང་བུ་ཐམས་ཅད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུར་ཁས་བླངས་པ་དང་། མདོ་སྡེ་པས་ཚ་རེག་དང་གྲང་རེག་གང་དམིགས་པ་དེ་ཉིད་ཡོད་ཀྱི། གང་མ་དམིགས་པ་དེ་ཉིད་མེད་པའི་ཁྱད་པར་མ་ཕྱེད་པའོ། །ཁ་ཅིག གཏན་ཚིགས་ལ་མེ་སྟོབས་ཆེན་པོ་སྦྱོར་བ་ནི། ཚ་གྲང་གཉིས་པོ་ལྷན་ཅིག་མི་གནས་འགལ་དུ་སོང་བའི་ཚེ་གང་སྟོབས་ཆེ་བ་དེས་སྟོབས་ཆུང་བ་དེ་རྒྱུན་གཅོད་པར་བྱེད་པ་དང་། གཏན་ཚིགས་ཚད་མས་དམིགས་པ་ཉིད་ཀྱིས་དགག་བྱའི་ཆོས་མེད་པ་ཙམ་ཞིག་འགྲུབ་པའི་ཁྱད་པར་མ་ཕྱེད་པ་སྟེ། གཏན་ཚིག་མེ་སྟོབས་ཆུང་བ་ཚད་མའི་སྟོབས་ཀྱིས་ངེས་ན། རྒྱུ་མཚན་དེ་ཉིད་ཀྱིས་དེ་དང་སྟོབས་མཉམ་པའམ་སྟོབས་ཆེ་བའི་གྲང་རེག་མེད་པར་འགྲུབ་པའི་ཕྱིར་རོ། །དེང་སང་ཕལ་ཆེར། སྐད་ཅིག་གསུམ་ལ་དོན་འགལ་ལྡོག །ཅེས་གསུངས་པས། ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་ཅིག་ཅར་དུ་གནས་པ་ཙམ་ལ་བསམས་ནས་དགག་བྱའི་ཆོས་ལ་རྒྱུན་ཆགས་སྦྱོར་བའང་ཕྱོགས་ཆོས་ཚད་མས་དྲངས་པའི་བཅད་ཤེས་ཀྱིས་ངེས་དགོས་པའི་གནད་མ་རིག་པ་སྟེ། སྐད་ཅིག་གསུམ་པ་ལ་གནོད་བྱ་ལྡོག་པ་དེ་ཉིད་ཀྱི་ཕྱིར་རོ། །ཕྱོགས་ཆོས་ངེས་ན་གནོད་བྱ་ཙམ་མེད་པར་གྲུབ་སྟེ། གནོད་བྱེད་སྐྱེས་ནས་སྐད་ཅིག་གསུམ་ལོན་པའི་ཕྱིར་རོ། །བོད་ཕལ་ཆེར། ཆོས་ཅན་ལ་ཁྱབ་པ་ནོན་པ་ཞེས་དང་། གཏན་ཚིགས་ལ་ཁྱབ་པར་ནོན་པའི་དངོས་པོ་ཞེས་པའི་ཞིབ་ཆ་སྦྱོར་བ་ནི་ཚིག་འཁྲི་ལ་འཛེམ་པར་སྣང་ནའང་། དེས་ཀྱང་ཚིག་འཁྲི་གཅོད་མི་ནུས་ཏེ། ངག་ལས་ཤེས་པར་བྱའོ། །དེས་ན་རྒྱ་གར་མཁས་པའི་གཞུང་དང་། རིགས་གཏེར་རང་འགྲེལ་གྱི་དགོངས་པ་འགོད་ཚུལ་སྐྱོན་མེད་ནི། འགལ་ཟླ་ཚད་མའི་སྟོབས་ཀྱིས་ངེས་པའི་གཞི་རྒོལ་ཕྱིར་རྒོལ་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་ཆོས་ཅན་དུ་བཟུང་ནས་འགལ་ཟླ་ཅིག་ཤོས་མེད་དེ། འགལ་ཟླ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། ཞེས་འགོད་པ་སྟེ་འོག་ནས་འབྱུང་ངོ་། །གཉིས་པ་ནི། གཞུང་ལས་རྣམ་གཞག་མང་བཤད་ཀྱང་། །འགོག་ནུས་སྔ་མ་བཅུ་གཉིས་ཡིན། །ཞེས་གསུངས་ཏེ། ལེའུ་དང་པོའི་རང་འགྲེལ་དུ་བརྒྱད། རྣམ་ངེས་སུ་བཅུ། རིགས་ཐིགས་སུ་བཅུ་གཅིག་བཤད་ཀྱང་། བཅུ་གཉིས་སུ་འདུས་པ་ཡིན་ཏེ། འགལ་བའི་རང་བཞིན་དམིགས་པ་བཞི། འགལ་བའི་འབྲས་བུ་དམིགས་པ་བཞི། འགལ་བའི་ཁྱབ་བྱ་དམིགས་པ་བཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་བཞི་ནི། རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ། རྒྱུ་དང་འགལ་བའི་རང་བཞིན་དམིགས་པ། འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་བཞི་ནི་རིམ་པ་བཞིན། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། གྲང་རེག་དང་། གྲང་འབྲས་སྤུ་ལོང་བྱེད་དང་། གྲང་རེག་གི་དངོས་རྒྱུ་དང་། ཁ་བའི་རེག་པ་མེད་དེ། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། གཉིས་པ་བཞི་ནི། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ། ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་བཞི་ནི་རིམ་བཞིན། དུ་བ་དྲག་འཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཆོས་བཞི་འདྲ། དུ་བ་དྲག་འཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། གསུམ་པ་བཞི་ནི། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ། འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་བཞི་ནི་རིམ་བཞིན། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཆོས་བཞི་འདྲ། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། འདི་དག་ལ་དེང་སང་ཤེས་བྱ་ཆོས་ཅན་དུ་བཟུང་ནས་སྐྱོན་གཏོང་བ་ལྟ་བུ་ཞེ་འདོད་ལ་མི་སྙོགས་པའི་ཚིག་སྐྱོན་བཅད་དགོས་ན། ངེས་པའི་དངོས་པོ་ཡིན་པའི་ཕྱིར། །ཞེས་འགོད་དགོས་པ་འདྲ་སྟེ། འགོད་ཚུལ་ནི་སྐྱོན་ཅན་ཡིན་ནོ། །གསུམ་པ་རྣམ་གཞག་ལ། ཚུལ་གསུམ་ངེས་བྱེད། གྲངས་ངེས་པ། གསུངས་པའི་དགོས་པ་དང་གསུམ། དང་པོ་ལ། ཕྱོགས་ཆོས་མངོན་སུམ་གྱི་བྱེད་པས་གྲུབ། ཁྱབ་འབྲེལ་དངོས་སུ་བརྟགས་ཏེ་དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་དུ་ངེས་པ་དང་། མཐར་བདག་གཅིག་གི་འབྲེལ་པ་ལ་བརྟེན་ནས་ངེས་པ་ཡིན་ཏེ། འགལ་དམིགས་ཀྱི་གཏན་ཚིགས་ཐམས་ཅད་མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་འགོག་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ལ། ཙནྡན་གྱི་དུ་བས་གྲང་རེག་སྐོར་བཞི་འགོག་པའི་རང་བཞིན་དང་འགལ་བའི་ཁྱབ་བྱའི་འབྲས་བུ་དམིགས་པ་སོགས་བཞི་དང་བཅས་པས་བཅུ་དྲུག་ཏུ་འགྱུར་བ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་བྱིས་པའི་གཏམ་སྟེ། དུ་བ་དྲག་ཕྱུར་བས་འགོག་ནུས་པ་ནི་མེ་མ་མཐོང་བར་དུ་བ་མཐོང་བའི་དབང་དུ་བྱས་པ་ཡིན་ལ། ཙན་མེ་མ་ངེས་པ། ཙནྡན་གྱི་དུ་བ་ངེས་པར་མེད་ཅིང་། དེའི་ཚེ་ཙན་མེ་རྟགས་སུ་འགྱུར་བ་ཡིན་གྱི། ཙནྡན་གྱི་དུ་བ་རྟགས་སུ་འགྱུར་བ་མ་ཡིན་པའི་ཕྱིར། དེས་ན་བཞི་པོ་དེ་ཡང་མི་འཐད་ཅིང་། ཚ་རེག་གི་དངོས་རྒྱུ་རྟགས་སུ་བཀོད་པ་བཞི་པོ་ཡང་མི་འཐད་པས་བཅུ་གཉིས་སུ་གྲངས་ངེས་པ་ཡིན་ནོ། །གསུམ་པ་ནི། བདག་མེད་རྟོགས་པའི་ཤེས་རབ་སྐྱེས་ན་བདག་འཛིན་འགོག་ནུས་པས་དེ་སྤོང་བ་ལ་བདག་མེད་རྟོགས་པའི་ཤེས་རབ་སྐྱེ་དགོས་སོ། །ཞེས་ཤེས་པའི་ཆེད་ཡིན་ནོ། །གཉིས་པ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ལ། མཚན་ཉིད། དབྱེ་བ། རྣམ་གཞག་དང་གསུམ་ལས། དང་པོ་ནི། འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག ཕན་ཚུན་སྤངས་འགལ་ལ་བརྟེན་ནས་རང་གི་ཁྱབ་འབྲེལ་ངེས་དགོས་པའོ། །གཉིས་པ་ལ། ཁྱབ་བྱེད་འགལ་དམིགས་དང་། དེར་འདུས་པའི་ཚད་མའི་གནོད་འགལ་དམིགས་པ་གཉིས་ལས། དང་པོ་ནི། སྒྲ་ཆོས་ཅན། རྟག་དངོས་ཀྱིས་སྟོང་སྟེ། བྱས་པའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་པ་ནི། བྱས་པའམ་དངོས་པོའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྗེས་ཁྱབ་སྒྲུབ་བྱེད་ཀྱི་ལྟོས་མེད་ཀྱི་གཏན་ཚིགས་ཏེ། འདི་ལ་ཐལ་འགྱུར་གྱིས་ལོག་རྟོག་གི་དབལ་བཅོམ་པ་དང་། རང་རྒྱུད་ཀྱིས་ལྟོས་མེད་ལ་ངེས་ཤེས་སྐྱེད་པ་དང་། དེས་རྗེས་ཁྱབ་གྲུབ་པའི་ཚུལ་དང་གསུམ་ལས། དང་པོ་ནི། རང་སྡེ་མང་པོས་བཀུར་བ་སོགས། གཏན་ཚིགས་དེ་གཉིས་ལ་སྤྱིར་འཇིག་པས་ཁྱབ་ཀྱང་། གྲུབ་ཙམ་ནས་འཇིག་ངེས་མ་ཡིན་ཏེ། ཕྱིས་འབྱུང་གི་འཇིག་རྒྱུས་འཇིག་པར་བྱེད་དགོས་པའི་ཕྱིར། ཞེས་འདོད་པ་ལ། གང་དེ་དང་དེའི་ངོ་བོར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་དགོས་པ་དང་བཅས་པ་ཡིན་ན། དེ་དང་དེར་མ་ངེས་པས་ཁྱབ། དཔེར་ན། གོས་ཚོན་ཅན་བཞིན། བུམ་པ་འཇིག་པའང་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་པ་དང་བཅས་པར་ཁས་བླངས་སོ། །ཞེས་པ་ནི་ལྟོས་པས་ངེས་པ་འགོག་པའི་ཐལ་འགྱུར་ཡིན་ནོ། །གཉིས་པ་ནི། དེའི་རྗེས་སུ་གང་དེ་དང་དེའི་ངོ་བོར་ངེས་པ་ཡིན་ན། དེ་དང་དེར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་པ་མེད་པས་ཁྱབ། དཔེར་ན་མར་མེ་སྐད་ཅིག་མཐའ་མ་འཇིག་པ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་པ་མེད་པ་བཞིན། བུམ་པ་ཡང་འཇིག་ངེས་ཡིན་ནོ། །ཞེས་པ་ནི་ངེས་པས་ལྟོས་པ་འགོག་པའི་རང་རྒྱུད་ཡིན་ནོ། །གསུམ་པ་ནི། དེ་གྲུབ་པའི་ཚེ་གང་དེ་དང་དེར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་པ་མེད་པར་རྒྱུ་ལས་སྐྱེས་པ་ཡིན་ན། གྲུབ་ཙམ་ནས་དེའི་ངོ་བོར་ངེས་པས་ཁྱབ། དཔེར་ན། མྱུ་གུའི་རྒྱུ་ཚོགས་ཐ་མ་གྲུབ་ཙམ་ནས་མྱུ་གུ་སྐྱེད་ངེས་པ་བཞིན། བུམ་པའང་རང་རྒྱུ་ལས་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་པ་མེད་པར་བུམ་པའི་རྒྱུ་ལས་སྐྱེས་པ་ཡིན་ནོ། །ཞེས་པ་ནི་གཏན་ཚིགས་བྱས་པའམ་དངོས་པོ་ལ་ཡང་མཐར་འཇིག་པ་ཙམ་དུ་མ་ཟད་གྲུབ་ཙམ་ནས་འཇིག་པས་ཁྱབ་པའི་རྗེས་ཁྱབ་གྲུབ་ཚུལ་ཏེ། རང་བཞིན་གྱི་རྟགས་སོ། །འདི་དག་ལ་ཡང་སྔར་ངེས་པས་ལྟོས་པ་འགོག་པའི་ཚེ་སྤྱིར་འཇིག་ངེས་རྟགས་སུ་སོང་བ་ཙམ་དང་། ལྟོས་མེད་ཀྱིས་ངེས་པ་བསྒྲུབ་པའི་ཚེ་གྲུབ་ཙམ་ནས་འཇིག་ངེས་བསྒྲུབ་པ་ཡིན་པ་དང་། དེ་གཉིས་སྔར་རྒོལ་ལ་ཁྱད་པར་མེད་ཀྱང་། ཕྱིར་རྒོལ་ལ་ཁྱད་པར་ཡོད་པའི་ཚུལ་དང་གསུམ་རྒྱུད་རྣམ་འགྲེལ་གྱི་གཞུང་དང་སྦྱར་ཚུལ་དང་། སྐབས་འདིར་གཏན་ཚིགས་སུ་བགྲང་བ་ནི་བར་པ་ཁོ་ན་ཡིན་པའི་ཚུལ་རྣམས་ངག་ལས་ཤེས་པར་བྱའོ། །ས་པཎ་གྱི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པ་ནི་གཞན་སུ་ཡང་གང་ན་ཡང་མི་སྣང་ངོ་། །གསུམ་པ་ལ། ཚུལ་གསུམ་ངེས་བྱེད། གྲངས་ངེས་པ། གསུངས་པའི་དགོས་པ་དང་གསུམ་ལས། དང་པོ་ནི། སྔ་མའི་ཕྱོགས་ཆོས་རང་བཞིན་གྱི་རྟགས་དང་འདྲ། ཕྱི་མའི་ཕྱོགས་ཆོས་ཡང་ན་འདིར་ནི་མི་དམིགས་པའི་རྟགས་ལས་འཇིག་པ་གྲུབ་པ་ཡིན། ཞེས་པའི་རྗེས་དཔག་གི་སྟོབས་ཀྱིས་གྲུབ་བོ། །གཉིས་ཀའི་ཁྱབ་འབྲེལ་དངོས་སུ་ཕན་ཚུན་སྤངས་འགལ་ལ་བརྟེན་ནས་གྲུབ། མཐར་བདག་གཅིག་གི་འབྲེལ་པ་ལ་བརྟེན་ནས་གྲུབ་བོ། །གཉིས་པ་ནི། དེ་ལ་གཉིས་སུ་གྲངས་ངེས་པ་ནི་དངོས་པོའི་གྲངས་ངེས་མ་ཡིན་ཏེ། སྒྲ་ཆོས་ཅན། རྟག་པ་མ་ཡིན་ཏེ། བྱས་པའི་ཕྱིར། ཞེས་པ་ལྟ་བུ་དེ་གཉིས་སུ་མ་འདུས་པ་མཐའ་ཡས་པ་ཡོད་པའི་ཕྱིར་རོ། །དེས་ན་དགོངས་པ་ལ་ལྟོས་པའི་གྲངས་ངེས་ཡིན་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྗེས་ཁྱབ་བསྒྲུབ་པའི་ཆེད་དུ་སྔ་མ་དང་། རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་ཙམ་བསྒྲུབ་ནུས་ཀྱི། འབྱུང་ངེས་སུ་བསྒྲུབ་མི་ནུས་སོ་ཞེས་ཤེས་པའི་ཆེད་དུ་གཉིས་པ་གསུངས་སོ། །གསུམ་པ་ནི། བཤད་ཟིན་པ་དེ་ཉིད་དོ། །གཉིས་པ་རང་བཞིན་གྱི་གཏན་ཚིགས་ཡང་དག་ལ། མཚན་ཉིད། དབྱེ་བ། རྣམ་གཞག་དང་གསུམ་ལས། དང་པོ་ནི། རྩོད་གཞིའི་སྟེང་དུ་ཞེ་འདོད་ཀྱི་བསྒྲུབ་ཆོས་རང་དང་ངོ་བོ་དབྱེར་མེད་དུ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་བསྒྲུབ་པའི་གཏན་ཚིགས་སོ། །གཉིས་པ་ལ་རྟགས་ཀྱི་སྒོ་ནས་དབྱེ་བ་དང་། བསྒྲུབ་བྱའི་སྒོ་ནས་དབྱེ་བ་གཉིས། དང་པོ་ནི། རྣམ་འགྲེལ་ལས། རང་བཞིན་ཁྱད་པར་བྱེ་བྲག་ལ། །ལྟོས་པའམ་འོན་ཏེ་འབའ་ཞིག་པ། །ཞེས་དང་། རྣམ་ངེས་ལས། ཁྱད་པར་དག་དང་ལྟོས་པས་ཏེ། །ཞེས་གསུངས་ཏེ། འདི་གཉིས་ཀྱི་ཐ་སྙད་ལ་བོད་རྣམས་ཀྱིས་མི་འདྲ་བ་དུ་མ་མཛད་པར་སྣང་ན་ཡང་། གཞུང་ལུགས་འདིའི་ལུགས་ཀྱི་ཁྱད་པར་ལ་མ་ལྟོས་པའི་རང་བཞིན་གྱི་རྟགས་ཡང་དག་དང་། ཁྱད་པར་ལ་ལྟོས་པའི་རང་བཞིན་གྱི་རྟགས་ཡང་དག་གཉིས་ལས། དང་པོ་ནི། སྒྲ་མི་རྟག་པར་བསྒྲུབ་པ་ལ་ཡོད་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ལ། རང་གི་ཆོས་ཀྱི་བྱེ་བྲག་ལ་ལྟོས་པ་དང་། འབྲེལ་པ་གཞན་གྱི་ཆོས་ལ་ལྟོས་པ་གཉིས་ལས། དང་པོ་ལ་ལྟོས་པ་ཁོང་ན་ཡོད་པ་བྱས་པ་བཀོད་པ་ལྟ་བུ་དང་། ལྟོས་པ་དངོས་སུ་བརྗོད་པ་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་བཀོད་པ་གཉིས་སོ། །གཉིས་པ་ནི། སྐྱེ་བས་ཁྱད་པར་དུ་བྱས་པའི་ངོ་བོ་དབྱེར་མེད་བཀོད་པ་ལྟ་བུའོ། །གཉིས་པ་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་ན། དོན་བསྒྲུབ་དང་། ཐ་སྙད་བསྒྲུབ་གཉིས་ལས། དང་པོ་ནི། སྒྲ་མི་རྟག་པ་བསྒྲུབ་པ་ལ་བྱས་པ་བཀོད་པ་ལྟ་བུ་དང་། གཉིས་པ་ནི་སྐད་ཅིག་མ་བཀོད་པ་ལྟ་བུའོ། །འོ་ན་མུ་སྟེགས་བྱེད་གཏན་ཚིགས་གཞན་དུ་འདོད་པའི་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་བསྒྲུབ་པ་དང་། དུ་བའི་རྒྱུ་ནུས་པ་ཐོགས་མེད་ཀྱི་རྟགས་ལས་འདུས་བྱས་ཀྱི་དུ་བ་བསྒྲུབ་པ་རྣམས་གཏན་ཚིགས་གང་དུ་འདུས་ཞེ་ན། རང་བཞིན་གྱི་རྟགས་ཡང་དག་གི་ཁོངས་སུ་འདུའོ། །གསུམ་པ་རྣམ་གཞག་ལ། ཚུལ་གསུམ་ངེས་བྱེད་དང་། གསུངས་པའི་དགོས་པ་གཉིས་ལས། དང་པོ་ནི། འབྲེལ་པ་བརྟག་པའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ནི། ཆོས་ཀྱི་སྡོམ་བཞིའི་ནང་ནས་འདུས་བྱས་ཐམས་ཅད་མི་རྟག་པར་རྟོགས་པའི་ཆེད་ཡིན་ལ། དེའི་དགོས་པ་ནི་གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་ཐོབ་པའི་ཆེད་ཡིན་ཏེ། སྤྱིར་འདུས་བྱས་མི་རྟག་པར་རྟོགས་པས། བྱེ་བྲག་ཚེ་འདིར་མི་རྟག་པར་རྟོགས་ཤིང་། དེ་རྟོགས་པས་ཚེ་འདིའི་བདེ་བ་བསྒྲུབ་པའི་ཆེད་དུ་མི་དགེ་བ་མི་གསོག་ཅིང་། དགེ་བ་གསོག་པར་བྱེད། དེ་ལ་བརྟེན་ནས་ཕྱི་མ་མངོན་མཐོ་ཐོབ་པའི་ཕྱིར་དང་། འདུས་བྱས་མི་རྟག་པར་རྟོགས་པས་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་ཤིང་། དེ་རྟོགས་པས་འཁོར་བ་ལས་ངེས་པར་འབྱུང་བའི་ཐར་པ་ཐོབ་པའི་ཕྱིར་ཏེ། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་འབྲས་རྟགས་ལ། མཚན་ཉིད། དབྱེ་བ། རྣམ་གཞག་དང་གསུམ་ལས། དང་པོ་ནི། བསྒྲུབ་རྟགས་ཡང་དག་གང་ཞིག རྩོད་གཞིའི་སྟེང་དུ་ཞེ་འདོད་ཀྱི་བསྒྲུབ་ཆོས་རང་ལས་རྫས་གཞན་དུ་ཡོད་པ་བསྒྲུབ་པའོ། །གཉིས་པ་ལ་བོད་རྣམས། རྒྱུ་དངོས་བསྒྲུབ་ཀྱི་འབྲས་རྟགས། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས། རྒྱུ་སྔོན་སོང་བསྒྲུབ་པའི་འབྲས་རྟགས། རྒྱུའི་ཁྱད་པར་བསྒྲུབ་པའི་འབྲས་རྟགས། རྒྱུ་ཡོད་ཙམ་བསྒྲུབ་པའི་འབྲས་རྟགས་དང་ལྔར་མཛད་ཀྱང་། འདི་པའི་ལུགས་ཀྱི་འབྲས་རྟགས་ལ་དངོས་དང་། ཆ་མཐུན་ཁོངས་སུ་བསྡུ་བ་གཉིས། དང་པོ་ནི། འབྲས་རྟགས་ཐམས་ཅད་རྒྱུ་སྔོན་སོང་བསྒྲུབ་པ་ཡིན་ཀྱང་། བསྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། རྒྱུའི་ལྡོག་པ་བསྒྲུབ་པའི་འབྲས་རྟགས། རྒྱུ་སྔོན་སོང་བསྒྲུབ་པའི་འབྲས་རྟགས། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་གསུམ་ལས། དང་པོ་ནི། དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་མེ་ཙམ་བསྒྲུབ་པ་ལྟ་བུའོ། །གཉིས་པ་ནི། ཚིག་ཙམ་གྱི་རྟགས་ལས་རིག་བྱེད་ཀྱི་ཚིག་སྐྱེས་བུས་བྱས་པར་བསྒྲུབ་པ་དང་། ནམ་མཁའི་དུ་བའི་རྟགས་ལས་མདུན་གྱི་ནམ་མཁའི་དུ་བ་མེ་སྔོན་སོང་དུ་བསྒྲུབ་པ་ལྟ་བུའོ། །གསུམ་པ་ནི། ངག་སྨྲ་བའི་རྟགས་ལས་ངག་སྨྲ་བའི་སྐྱེས་བུ་ལྷ་སྦྱིན་གྱི་བརྗོད་འདོད་ཀྱི་རྣམ་པར་ཤར་བར་བསྒྲུབ་པ་དང་། དུ་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་བུད་ཤིང་གི་འགྱུར་བ་ཡོད་པར་བསྒྲུབ་པ་དང་། དུ་བ་དྲག་ཕྱུར་བའི་རྟགས་ལས་དེ་དང་ལྡན་པའི་ལ་ལ་མེ་ད་ལྟ་བ་ཡོད་པར་བསྒྲུབ་པ་དང་། མཚན་མོ་ནགས་མེ་འབར་བའི་རྟགས་ལས་དེ་འདྲ་བའི་རི་ལ་དུ་བ་ཡོད་པར་བསྒྲུབ་པ་དང་། བུ་རམ་གྱི་རོ་ད་ལྟ་བའི་རྟགས་ལས་ཁ་ནང་བུ་རམ་གོང་བུ་ལ་བུ་རམ་གྱི་གཟུགས་ད་ལྟ་བ་ཡོད་པར་བསྒྲུབ་པ་སོགས་སོ། །བོད་ཀྱིས་བྱས་པའི་དབྱེ་བ་ཕྱི་མ་གཉིས་ནི་རྒྱུ་སྔོན་སོང་བསྒྲུབ་ཀྱི་འབྲས་རྟགས་ཀྱི་ཁོངས་སུ་བསྡུ་བར་བྱའོ། །གཉིས་པ་ཆ་མཐུན་ཁོངས་སུ་བསྡུ་བ་ནི། མུ་སྟེགས་བྱེད་རྟགས་ལོག་པར་འདོད་པ། ཆུ་སྐྱར་གྱི་རྟགས་ལས་ཆུ་དང་། ཆུ་མི་གཡོ་བ་དང་། རྒྱ་ཤུག་གནས་པའི་རྟགས་ལས་རྟེན་བརྟན་པ་དཔོག་པ་སོགས་ནི། དོན་གཞན་ཆུ་སྔ་མ་དང་རྟེན་སྔ་མས་ཕན་འདོགས་པའི་ཕྱིར་ན་འབྲས་རྟགས་ཀྱི་ཁོངས་སུ་བསྡུ་བའོ། །གསུམ་པ་རྣམ་གཞག་ལ་ཚུལ་གསུམ་ངེས་བྱེད་དང་། གསུངས་པའི་དགོས་པ་གཉིས། དང་པོ་ནི། འབྲས་རྟགས་ཀྱི་ཕྱོགས་ཆོས་ཕལ་ཆེར་མངོན་སུམ་གྱིས་འགྲུབ་སྟེ། དུ་ལྡན་ལའི་སྟེང་གི་དུ་བ་མཐོང་བའི་མངོན་སུམ་དེས། དུ་ལྡན་གྱི་ལ་ལ་དུ་བ་ཡོད་པར་ངེས་པའི་ངེས་ཤེས་རང་སྟོབས་ཀྱིས་དྲངས་པ་ལྟ་བུའོ། །རྗེས་དཔག་གིས་གྲུབ་པའང་ཡོད་དེ། དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ཀྱིས་བཀའ་བརྒྱད་སྟོང་པ་རང་གིས་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་སོང་དུ་བསྒྲུབ་པའི་ཕྱོགས་ཆོས་དེ་རྗེས་དཔག་གིས་གྲུབ་པའི་ཕྱིར། ཁྱབ་འབྲེལ་ནི། དེ་བྱུང་གི་འབྲེལ་བ་ངེས་པ་ལ་བརྟེན་ནས་གྲུབ་བོ། །གཉིས་པ་ནི། དཔྱོད་པ་པས་དངོས་པོ་རྣམས་རིགས་མི་མཐུན་གྱི་རྒྱུ་ལས་བྱུང་བར་འདོད་པའི་ལོག་རྟོག་གི་གཉེན་པོར་རྒྱུའི་ལྡོག་པ་བསྒྲུབ་པའི་འབྲས་རྟགས་གསུངས་པ་ཡིན་ཏེ། དེས་དུ་བ་དེ་མེ་ལས་སྐྱེ་ཞིང་མེ་མེད་བརྒྱ་བྱིན་གྱི་སྤྱི་བོ་ལས་མི་སྐྱེ་བར་བསྟན་པའི་ཕྱིར་རོ། །རྒྱང་འཕེན་པས་སྐྱེས་མ་ཐག་པའི་རིག་པ་དེ་རིག་པ་སྔ་མ་སྔོན་དུ་མ་སོང་བ་དང་། དཔྱོད་པ་པས་རྣལ་འབྱོར་མངོན་སུམ་བྱུང་ཟིན་མེད་པ་དང་། བྱེ་བྲག་ཏུ་སྨྲ་བས་རྒྱུ་འབྲས་དུས་མཉམ་ཡོད་པར་འདོད་པའི་ལོག་རྟོག་གི་གཉེན་པོར་རྒྱུ་སྔོན་སོང་བསྒྲུབ་ཀྱི་འབྲས་རྟགས་གསུངས་ཏེ། དེས་རིག་པ་ཡིན་ན་རིག་པ་སྔ་མ་སྔོན་དུ་སོང་བ་དང་། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་ན། བསྟན་དོན་རྟོགས་པའི་རྣལ་འབྱོར་མངོན་སུམ་སྔོན་དུ་སོང་བ་དང་། འབྲས་བུ་ཡིན་ན་རང་རྒྱུ་སྔོན་དུ་སོང་དགོས་པར་བསྟན་པའི་ཕྱིར། དབང་ཕྱུག་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དབང་ཕྱུག་གིས་བྱས་པར་འདོད་པའི་ལོག་རྟོག་གི་གཉེན་པོར་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་གསུངས་པ་ཡིན་ཏེ། དེས་དངོས་པོ་ཐམས་ཅད་རང་གི་ཉེར་ལེན་དང་། ལྷན་ཅིག་བྱེད་རྐྱེན་ལས་བྱུང་བ་ཡིན་གྱི། དེ་ལས་གཞན་པའི་བྱེད་པ་པོ་མེད་པའི་ཕྱིར། གཉིས་པ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་དང་། རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས། མཚན་ཉིད་རིམ་བཞིན། རྟགས་ཡང་དག་གང་ཞིག རང་གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མཐའ་དག་ལ་འགོད་བསྒྲུབ་ཀྱི་ཚུལ་དང་མཐུན་པར་ངེས་པ་དང་། མ་ངེས་པའོ། །དང་པོ་ལ། རང་བཞིན་དང་མ་དམིགས་པའི་རྟགས་ཡང་དག་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། བུམ་པ་ཚད་མས་མ་དམིགས་པའི་ཤར་གཞི་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །ཕྱི་མ་ལ་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་ལས། དང་པོ་ནི། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་སྒྲུབ་བྱེད་ཀྱི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། དངོས་པོ་སྟོབས་ཤུགས། ཡིད་ཆེས། གྲགས་པའི་རྟགས་ཡང་དག་དང་གསུམ་ལས། དང་པོ་ནི། སྔར་བཤད་པའི་འབྲས་རང་མ་དམིགས་པའི་རྟགས་གསུམ་ལས། རང་དོན་ལེའུར་དངོས་པོ་སྟོབས་ཤུགས་ཀྱི་གཏན་ཚིགས་གཙོ་བོར་སྟོན་པས་འདི་གསུམ་གྱི་རྣམ་གཞག་འབའ་ཞིག་སྟོན་པའི་གནད་ཀྱང་དེ་ཡིན་ནོ། །ཕྱི་མ་གཉིས། གཞན་དོན་ལེའུར། དེ་ལ་ཁས་བླངས་འབྲས་རྟགས་ཏེ། །འགྲོ་ལ་གྲགས་པ་རང་བཞིན་རྟགས། །ཞེས་པས་སྟོན་པས། ཡིད་ཆེས་ཀྱི་རྟགས་ཡང་དག་ལ། མཚན་ཉིད། མཚན་གཞི། དཔྱད་གསུམ་གྱིས་དག་པའི་དོན་དང་གསུམ་ལས། དང་པོ་ནི། རང་གི་ཞེ་འདོད་ཀྱིས་བསྒྲུབ་བྱ་ཤིན་ལྐོག་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་འབྲས་རྟགས་གང་ཞིག ལུང་ཚིགས་རྟགས་སུ་སོང་བའོ། །གཉིས་པ་ནི། བཀའ་བརྒྱད་སྟོང་པ་ཆོས་ཅན། རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་པ་སྟེ། བསྟན་དོན་ལ་མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གསུམ་ཡོད་པ་ལས། དང་པོ་གཉིས་ལུང་ཚིག་གི་རྟགས་ཀྱིས་བསྒྲུབ་པ་རྣམ་འགྲེལ་གཞན་དོན་ལེའུར་རྒྱས་པར་བཀག་པས་ན། ཞེ་འདོད་ཤིན་ཏུ་ལྐོག་གྱུར་བསྒྲུབ་པའོ། །འདི་ལ་སྔ་རབས་པ་དག་ཡིད་ཆེས་ལ་རང་ཚིག་དང་ལུང་ཚིག་གཉིས་ཡོད་པས་དེ་གཉིས་རྟགས་སུ་སོང་བའི་ལུང་ཚིག་གཉིས་ཡོད་པར་འདོད་པ་དང་། ཕྱི་མ་དག་རྒྱུ་མཚན་མེད་པར་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་དུ་དབྱེ་བར་འདོད་པ་ནི་སྤྱི་དོན་དུ་བཀག་ཟིན་ཏོ། །གསུམ་པ་ནི། མངོན་གྱུར་སྟོན་པ་ལ་མངོན་སུམ་གྱིས་གནོད་པ་མེད། ལྐོག་གྱུར་གྱི་གཙོ་བོ་འཕགས་པའི་བདེན་བཞི་སྟོན་པ་ལ། དངོས་སྟོབས་རྗེས་དཔག་གིས་གནོད་པ་མེད། ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་རང་ཚིག་དངོས་ཤུགས་དང་། ཁས་བླངས་སྔ་ཕྱི་འགལ་བ་མེད་པ་སྟེ། འདིའི་ཆོས་ཅན་དུ་གཟུང་བར་བྱ་བ་ལ་གཞལ་བྱའི་གནས་གསུམ་ཆར་སྟོན་པ་ཞིག་དགོས་པའི་ཕྱིར་ཏེ། དང་པོ་གཉིས་ཚད་མ་གཉིས་ཀྱིས་གནོད་པ་མེད་པའི་སྤྱི་ལ་ཤིན་ལྐོག་སྟོན་པའི་སྐབས་དེར་བསྟན་དོན་ལ་མི་བསླུ་བར་བསྒྲུབ་པ་སྐབས་ཀྱི་དོན་ཡིན་པའི་ཕྱིར་རོ། །གསུམ་པ་གྲགས་པའི་གཏན་ཚིགས་ཡང་དག་ལ། གྲགས་པ་དངོས་རྟགས་ཕྱེ་བ་དང་། གྲགས་རྟགས་ངོས་བཟུང་བ་གཉིས་ལས། དང་པོ་ནི། གྲགས་པ་མཚན་ཉིད་པ་ཡིན་ན། རྗོད་བྱེད་ཀྱི་སྒྲ་ཡིན་དགོས་ཏེ། དེ་ཡིན་ན་དོན་ཐམས་ཅད་བརྗོད་རུང་ཡིན་དགོས་པའི་ཕྱིར། དོན་ཐམས་ཅད་རྗོད་བྱེད་ཀྱི་སྒྲས་བརྗོད་རུང་ཡིན་པ་དེ་གྲགས་པ་བཏགས་པ་བ་ཡིན་ཏེ། གྲགས་པའི་ཡུལ་ལ་གྲགས་པའི་མིང་གི་བཏགས་པ་ཡིན་པའི་ཕྱིར། དཔེར་ན་མངོན་རྗེས་གཉིས་ཀྱི་ཡུལ་གྱིས་གནོད་པ་ལ་མངོན་རྗེས་གཉིས་ཀྱིས་གནོད་ཅེས་བཏགས་པ་བཞིན་ནོ། །དེ་ལྟར་ཡང་ཐ་སྙད་ལས་ནི་སྐྱེས་པ་ཡི། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད། །མངོན་སུམ་སོགས་ཀྱི་གཞལ་བྱ་ཡང་། །འཇལ་བྱེད་སྒྲ་སྒྲོ་བཏགས་ནས་བརྗོད། །ཅེས་གསུངས་སོ། །གྲགས་པ་བཏགས་པ་བ་འདི་ལ་གཞུང་ལས་སྒྲ་བྱུང་གི་གྲགས་པ་ཞེས་བརྗོད་དོ། །གཉིས་པ་ལ། ཡུལ་རུང་བར་བསྒྲུབ་པ་དང་། ཡུལ་ཅན་རུང་བར་བསྒྲུབ་པ་གཉིས་ལས། དང་པོ་ནི། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་ཡིན་ཏེ། རྟོག་ཡུལ་ན་ཡོད་པའི་ཕྱིར། གཉིས་པ་ནི། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། དོན་ཐམས་ཅད་ལ་འཇུག་ཏུ་རུང་སྟེ། འདོད་པའི་དབང་གིས་འཇུག་པའི་སྒྲ་ཡིན་པའི་ཕྱིར། ཞེས་པའོ། །བཞི་པ་བསྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། དོན་བསྒྲུབ་ཀྱི་གཏན་ཚིགས་ཡང་དག་དང་། ཐ་སྙད་བསྒྲུབ་ཀྱི་གཏན་ཚིགས་ཡང་དག་གཉིས། འདི་གཉིས་གཞུང་ལུགས་འདིའི་ལུགས་ཀྱི་རང་བཞིན་གྱི་རྟགས་ཀྱི་དབྱེ་བར་བཞེད་ཀྱང་། རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པར། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་དག་ནི་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ། །ཞེས་རང་བཞིན་མ་དམིགས་པའི་གཏན་ཚིགས་ཐ་སྙད་འབའ་ཞིག་བསྒྲུབ་དང་། རྒྱུ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་གཉིས་དོན་དང་ཐ་སྙད་གཉིས་ཀ་བསྒྲུབ་པའི་གཏན་ཚིགས་ཡིན་པར་གསུང་པ་ལ་བརྟེན་ནས་དབྱེ་སྒོ་ལོགས་སུ་བྱས་པའོ། །དེ་ལྟར་ན་རང་བཞིན་གྱི་རྟགས་ལ་འདི་གཉིས་སུ་ཕྱེ་བ་ནི། འབྲས་རྟགས་ལས་ཁྱད་པར་དུ་བྱས་པ་སྟེ། འབྲས་རྟགས་ཡིན་ན་དོན་བསྒྲུབ་ཀྱི་གཏན་ཚིགས་ཡིན་དགོས་པའི་ཕྱིར་རོ། །ལྔ་པ་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། དགག་རྟགས་ཡང་དག་དང་། སྒྲུབ་རྟགས་ཡང་དག་གཉིས། དང་པོ་ནི། སྔར་བཤད་པའི་མ་དམིགས་པའི་གཏན་ཚིགས་རྣམས་སོ། །ཕྱི་མ་ནི། འབྲས་རང་གི་གཏན་ཚིགས་རྣམས་སོ། །དྲུག་པ་འབྲེལ་པའི་སྒོ་ནས་དབྱེ་ན། བདག་གཅིག་གི་འབྲེལ་པ་ལ་བརྟེན་པ་དང་། དེ་བྱུང་གི་འབྲེལ་པ་ལ་བརྟེན་པའི་གཏན་ཚིགས་གཉིས། དང་པོ་ནི། དངོས་འབྲས་བདག་གཅིག་གི་འབྲེལ་པ་ལ་བརྟེན་པ་དང་། ལྡོག་འབྲེལ་བདག་གཅིག་གི་འབྲེལ་པ་ལ་བརྟེན་པ་གཉིས། དང་པོ་ནི། རང་བཞིན་གྱི་གཏན་ཚིགས་རྣམས་སོ། །གཉིས་པ་ནི། ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་རྣམས་སོ། །གཉིས་པ་ལ། དངོས་འབྲས་དེ་བྱུང་འབྲེལ་ལ་བརྟེན་པ་དང་། ལྡོག་འབྲེལ་དེ་བྱུང་འབྲེལ་ལ་བརྟེན་པ་གཉིས། དང་པོ་ནི། འབྲས་རྟགས་རྣམས་དང་། གཉིས་པ་ནི། རྒྱུ་མ་དམིགས་པའི་གཏན་ཚིགས་རྣམས་སོ། །འོ་ན་འགལ་དམིགས་ཀྱི་གཏན་ཚིགས་རྣམས་འབྲེལ་བ་གང་ལ་བརྟེན་ཞེ་ན། མཐར་བདག་གཅིག་གི་འབྲེལ་པ་ལ་བརྟེན་ཏེ། མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་མེད་ངེས་སུ་བསྒྲུབ་པར་མཚུངས་པའི་ཕྱིར་རོ། །བདུན་པ་རྟགས་སུ་འགོད་བྱའི་སྒོ་ནས་དབྱེ་ན། མེད་དགག་རྟགས་སུ་སོང་བ་དང་། མ་ཡིན་དགག་རྟགས་སུ་སོང་བ་གཉིས། དང་པོ་ནི། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་རྣམས་སོ། །ཕྱི་མ་ནི། འགལ་ཟླ་དམིགས་པའི་གཏན་ཚིགས་དང་། འབྲས་རང་གི་གཏན་ཚིགས་རྣམས་སོ། །བརྒྱད་པ་འགོད་ཚུལ་གྱི་སྒོ་ནས་དབྱེ་ན། འགོད་ཚུལ་ཡིན་འགོད་དང་། ཡོད་འགོད་གཉིས། དང་པོ་ལ། བསྒྲུབ་ཚུལ་ཡིན་བསྒྲུབ་དང་། ཡོད་བསྒྲུབ་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། ཕྱི་མ་ནི། བར་སྣང་གི་དུ་བ་སྔོ་ལོང་པོ་འདི་ཆོས་ཅན། རང་རྒྱུ་མེ་སྔོན་དུ་སོང་སྟེ། དུ་བ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལ། བསྒྲུབ་ཚུལ་ཡིན་བསྒྲུབ་དང་། ཡོད་བསྒྲུབ་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། ཡོད་པའི་ཕྱིར་ཞེས་དང་། ཕྱི་མ་ནི། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །དགུ་པ་རྒོལ་བའི་སྒོ་ནས་དབྱེ་ན། རང་དོན་སྐབས་ཀྱི་རྟགས་ཡང་དག་དང་། གཞན་དོན་སྐབས་ཀྱི་རྟགས་ཡང་དག་གཉིས། དང་པོའི་མཚན་ཉིད། སྔར་རྒོལ་གྱིས་ཕྱིར་རྒོལ་གྱི་ངོར་མ་བཀོད་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། དཔེར་ན་དུ་བ་གློ་བུར་བའི་རྟགས་ལས་དེ་མ་ཐག་ཏུ་མེ་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེས་པའི་ཚེ་དུ་བ་ལྟ་བུའོ། །ཕྱི་མའི་མཚན་ཉིད། སྔར་རྒོལ་གྱིས་ཕྱིར་རྒོལ་གྱི་ངོར་བཀོད་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། དཔེར་ན་སྔར་རྒོལ་རྣམ་དག་གིས་ཕྱིར་རྒོལ་རྣམ་དག་གི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་བྱས་པ་ལྟ་བུའོ། །བཅུ་པ་བརྗོད་འདོད་ཀྱི་སྒོ་ནས་དབྱེ་ན། རྣམ་ངེས་ལས། འགལ་རྟགས་ཀྱི་སྐབས་སུ་དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱེད་པའི་ཕྱིར། དེ་ཐ་དད་དུ་བྱེད་དོ། །ཞེས་གསུངས་པ་ལ་བརྟེན་ནས། རིགས་གཏེར་ལས། དངོས་ཤུགས་ཆོས་དང་ཆོས་ཅན་གྱི། །འགལ་བ་བརྗོད་འདོད་སྟོབས་ཀྱིས་ཡིན། །ཞེས་གསུངས་པའི་དབྱེ་བ་དེ་གཏན་ཚིགས་ཡང་དག་ལ་སྦྱར་ན། ལ་ལར་དངོས་སུ་བརྗོད་པའི་གཏན་ཚིགས་ཡང་དག ལ་ལར་བརྗོད་པའི་ཤུགས་ཀྱི་གཏན་ཚིགས་ཡང་དག་ཏུ་འགྱུར་བ་དང་། ལ་ལར་ཆོས་བརྗོད་པ་དང་། ལ་ལར་ཆོས་ཅན་བརྗོད་པའི་སྒོ་ནས་གཏན་ཚིགས་ཡང་དག་ཏུ་འགྱུར་བ་བཞི་ནི་རིམ་པ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། བུམ་པ་ཆོས་ཅན། རང་འབྲས་ཐམས་ཅད་ཅིག་ཅར་དུ་སྐྱེད་བྱེད་མ་ཡིན་ཏེ། རྐྱེན་ལ་ལྟོས་ནས་རང་འབྲས་སྐྱེད་བྱེད་ཡིན་པའི་ཕྱིར་ཞེས་དང་། སྒྲ་ཆོས་ཅན། མི་རྟག་པ་ལས་དོན་གཞན་མ་ཡིན་ཏེ། བྱས་པའི་ཕྱིར་ཞེས་དང་། མི་རྟག་པའི་སྒྲ་ཆོས་ཅན། ཡོད་དེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་ལྟར་ཡང་རྣམ་ངེས་ལས། འགལ་བ་བཞིན་དུ་གཏན་ཚིགས་ཀྱང་། །ཅི་སྟེ་ཐ་མི་དད་ཅེ་ན། །རྣམ་པར་དབྱེ་བ་སུ་ཡིས་འགོག །ཅེས་དང་། དེའི་དོན་རིགས་གཏེར་ལས། ཡང་དག་ལ་ཡང་མཚུངས་ཞེ་ན། །བྱེད་པ་མཚུངས་ཕྱིར་བཏང་སྙོམས་མཛད། །ཅེས་གསུངས་སོ། །གཉིས་པ་གཏན་ཚིགས་ལྟར་སྣང་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཚུལ་གསུམ་མ་ཚང་བའི་གཏན་ཚིགས་སོ། །གཉིས་པ་ལ། མ་གྲུབ་པ་དང་། མ་ངེས་པ་དང་། འགལ་བའི་གཏན་ཚིགས་གསུམ། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་སོ། །གཉིས་པ་ལ། དོན་ལ་མ་གྲུབ་པ་དང་། བློ་ངོར་མ་གྲུབ་པ་དང་། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པ་གསུམ། དང་པོ་ལ་གསུམ་སྟེ། ཆོས་ཅན་གྱི་ངོ་བོ་མ་གྲུབ་པ། རྟགས་ཀྱི་ངོ་བོ་མ་གྲུབ་པ། དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པའོ། །དང་པོ་ལ་ཡང་གཉིས་ལས། ཐོག་མར་ཆོས་ཅན་གྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ་ནི། བདག་ཆོས་ཅན། ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། གཏན་ཚིགས་གང་བཀོད་ཀྱང་འདྲའོ། །གཉིས་པ་སྲིད་ཀྱང་རྩོད་གཞིར་མ་གྲུབ་པ་ནི། སྒྲ་ཆོས་ཅན། མཉན་བྱ་ཡིན་ཏེ། ཞེས་པའམ། མཉན་བྱ་མ་ཡིན་ཏེ་རྟགས་གང་བཀོད་ཀྱང་འདྲའོ། །གཉིས་པ་ལ་གཉིས་ལས། དང་པོ་མི་སྲིད་ནས་མ་གྲུབ་པ་ནི། སྐྱེས་བུ་འདི་ཆོས་ཅན། བདག་དང་བཅས་པ་ཡིན་ཏེ། བདག་གི་ཡོན་ཏན་དང་ལྡན་པའི་ཕྱིར་ཞེས་པའམ། རི་བོང་རྭས་ཕུག་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་སྲིད་ཀྱང་ཤེས་འདོད་དང་མ་འབྲེལ་ནས་མ་གྲུབ་པ་ལ་གཉིས། དང་པོ་ངོ་བོ་མ་ཡིན་ནས་མ་གྲུབ་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལྡོག་པ་ཐ་དད་མེད་ནས་མ་གྲུབ་པ་ལ་གཉིས་ལས། གཞི་རྟགས་ཐ་དད་མེད་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་དང་། ཆོས་རྟགས་ཐ་དད་མེད་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཞི་ཆོས་ཐ་དད་མེད་པ་ནི། སྔར་གྱི་རྩོད་གཞིར་མ་གྲུབ་པའི་ཁོངས་སུ་འདུས་པ་ལ་དགོངས་ནས་ལོགས་སུ་དབྱེ་བ་མ་མཛད་དོ། །གསུམ་པ་དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པ་ལ་གཉིས་ཏེ། རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང་། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པའོ། །དང་པོ་ལ་རིགས་སྤྱི་ཆོས་ཅན་དུ་བཞག་པ་དང་། ཚོགས་སྤྱི་ཆོས་ཅན་དུ་བཞག་པ་གཉིས་ལས། དང་པོ་ནི། ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཉལ་བའི་ཕྱིར་ཞེས་པ་ལྟ་བུ་སྟེ། ཉལ་བའི་དོན་ལོ་མ་འཁུམས་པ་ལ་བྱེད་ན་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པའམ། གཉིད་ལོག་པ་ལ་བྱེད་ན་རྟགས་ཀྱི་ངོ་བོ་མ་གྲུབ་པའམ། གྲུབ་མཐའ་ལ་ལྟོས་ནས་ཕྱིར་རྒོལ་ལ་མ་གྲུབ་པ་ཉིད་དོ། །ཡང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་ཞེས་བཀོད་པ་ན། རྩོལ་བྱུང་དེ་སྒྲའི་བྱེ་བྲག་བྱེད་པ་ལྕེ་རྐན་ལས་བྱུང་བའི་སྒྲ་ལ་གྲུབ་ཀྱང་། ཆུ་སྒྲ་དང་། རླུང་སྒྲ་སོགས་ལ་མ་གྲུབ་པས་རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་སྟེ། འདི་སྐྱོན་ཅན་མ་ཡིན་པར་གསུངས་པ་ནི་སྔ་མ་ཉལ་བའི་རྟགས་ཀྱིས་ཤིང་ཐམས་ཅད་སེམས་ལྡན་དུ་བསྒྲུབ་པ་རྒོལ་བའི་ཞེ་འདོད་ཡིན་པས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པས་སྐྱོན་ཡིན་ལ། འདི་ནི་རྩོལ་བྱུང་གི་རྟགས་ཀྱིས་སྒྲ་ཐམས་ཅད་མི་རྟགས་པར་བསྒྲུབ་པ་རྒོལ་བའི་ཞེ་འདོད་མ་ཡིན་པས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་སྐྱོན་མ་ཡིན་ཞེས་པར་མངོན་ནོ། །གཉིས་པ་ནི། ཚུལ་གསུམ་ཆོས་ཅན། གཏན་ཚིགས་ཡང་དག་ཡིན་ཏེ། འདིས་གཏན་ཚིགས་ཡང་དག་ཏུ་མཚོན་ནུས་པའི་ཕྱིར། ཞེས་བཀོད་པ་ན། ཚུལ་གསུམ་རེ་རེ་ལ་མ་གྲུབ་པ་ལྟ་བུ་སྟེ། འདིར་ཡང་སྐྱོན་ཅན་མ་ཡིན་པར་གསུངས་པ་ནི། རྒོལ་བས་ཚུལ་གསུམ་ཆར་ཚོགས་པ་སྟེ་དེ་ལྟར་བསྒྲུབ་པར་འདོད་ཀྱི། རེ་རེ་བ་བསྒྲུབ་པར་མི་འདོད་པས། རེ་རེ་བ་མ་གྲུབ་པ་ལ་སྐྱོན་མ་ཡིན་པར་མངོན་ནོ། །གཉིས་པ་ལའང་། རིགས་སྤྱི་རྟགས་སུ་བྱས་པ་དང་། ཚོགས་སྤྱི་རྟགས་སུ་བྱས་པའི་ཚེ་མཚུངས་པ་གཉིས་ལས། དང་པོ་ལ། གྲུབ་མ་གྲུབ་མཚུངས་པ་ནི། སྒྲ་ཙམ་ཆོས་ཅན་དུ་བཟུང་ནས་རྟག་པ་རྟགས་སུ་བཀོད་ན་མ་གྲུབ་པ་བཞིན། རྟག་པ་ཆོས་ཅན་དུ་བཟུང་ནས་བྱས་པ་རྟགས་སུ་བཀོད་ན་ཡང་མ་གྲུབ་པ་ཉིད་དེ། འདི་སྐྱོན་ཅན་ནོ། །གྲུབ་པར་མཚུངས་པ་ནི། སྒྲ་ཆོས་ཅན་དུ་བཟུང་ནས་བྱས་པ་རྟགས་སུ་བཀོད་ན་སྒྲའི་བྱས་པ་གྲུབ། སྒྲ་མ་ཡིན་གྱི་བྱས་པ་མ་གྲུབ་ཀྱང་། བྱས་ཙམ་གྲུབ་པས་མི་སྐྱོན་པ་བཞིན་ནོ། །སྒྲ་ཙམ་གྱི་ཕྱོགས་གཅིག་ལ་རྩོལ་བྱུང་གྲུབ། ཕྱོགས་གཅིག་ལ་མ་གྲུབ་ཀྱང་རྩོལ་བྱུང་ཙམ་གྲུབ་པས་མི་སྐྱོན་པ་ཡིན་ཏེ། སྔར་གྱི་དེ་ཉིད་ཀྱི་གཞུང་འཛུགས་པའོ། །གཉིས་པ་ཚོགས་སྤྱི་རྟགས་སུ་བྱས་པའི་ཚེ་མཚུངས་པ་ནི། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན་དུ་བཟུང་ནས་རྟོག་བྲལ་མ་འཁྲུལ་བ་རྟགས་སུ་བཀོད་པ་ན། ཡ་གྱལ་རྟོག་བྲལ་གྲུབ་ཀྱང་མ་འཁྲུལ་བ་མ་གྲུབ་པས་རྟོག་བྲལ་མ་འཁྲུལ་བའི་ཚོགས་པ་མ་གྲུབ་པ་བཞིན། ཚོགས་སྤྱི་ཚུལ་གསུམ་ཚོགས་པ་ཆོས་ཅན་དུ་བཟུང་ནས་འདི་ཙམ་གྱིས་རྟགས་སུ་མཚོན་ནུས་པ་བཀོད་པ་ན། རྟགས་དེ་ཚོགས་པའི་ཕྱོགས་གཅིག་ཕྱོགས་ཆོས་རྐྱང་པ་ལ་མ་གྲུབ་པས་ཚོགས་པའི་ངོ་བོ་མ་གྲུབ་པར་མཚུངས་པ་སྟེ། ཕྱོགས་ཆོས་ཀྱི་སྐྱོན་ཡིན་མིན་ནི་མི་མཚུངས་སོ། །གཉིས་པ་བློ་ངོར་མ་གྲུབ་པ་ལ་གསུམ་སྟེ། ཆོས་ཅན་ལ་ཐེ་ཚོམ་ཟ་བ་དང་། རྟགས་ལ་ཐེ་ཚོམ་ཟ་བ་དང་། དེ་གཉིས་ཀྱི་འབྲེལ་པ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའོ། །དང་པོ་ལ་གཉིས་ལས། ངེས་རུང་མེད་ནས་ཐེ་ཚོམ་ཟ་བ་ནི། ཤ་ཟའི་བུམ་པ་ཆོས་ཅན་དུ་བཞག་པ་དང་། ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་ནི། ནོར་བུའམ་སྒྲོན་མེར་མ་ངེས་པ་ན་ནོར་བུ་ཆོས་ཅན་དུ་བཞག་པ་ལྟ་བུ་སྟེ། རྟགས་ཆོས་གང་བཀོད་ཀྱང་འདྲའོ། །གཉིས་པ་ལའང་ངེས་རུང་མེད་ནས་ཐེ་ཚོམ་ཟ་བ་ནི། བུམ་པ་ཆོས་ཅན་མི་རྟག་སྟེ། འདོད་ཆགས་དང་བྲལ་བས་བྱས་པའི་ཕྱིར་ཞེས་དང་། ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་ནི། དུ་བ་དང་རླངས་པ་གང་རུང་མ་ངེས་པའི་ཚེ། སྐྱ་རྫས་དང་ལྡན་པའི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ལ་གཉིས་ལས། ངེས་རུང་མེད་ནས་ཐེ་ཚོམ་ཟ་བ་ནི། སྔོན་གྱི་དགེ་བ་ཆོས་ཅན། ཡོད་དེ། ད་ལྟར་གྱི་བདེ་བའི་རྒྱུ་ཡིན་པའི་ཕྱིར། ཞེས་དང་། ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་ནི། རི་སུལ་གསུམ་གྱི་དབུས་མ་ན་ཆོས་ཅན། རྨ་བྱ་ཡོད་དེ། རྨ་བྱའི་སྒྲ་གྲགས་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་རྒོལ་བ་ལ་ལྟོས་ནས་མ་གྲུབ་པ་ལ། སྔར་རྒོལ་དང་། ཕྱིར་རྒོལ་ལ་མ་གྲུབ་པ་གཉིས་ལས། དང་པོ་ནི། གྲངས་ཅན་པས་བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་བཀོད་པ་ལྟ་བུའོ། །གཉིས་པ་ནི། གཅེར་བུ་པས་སངས་རྒྱས་པའི་ངོར་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར་ཞེས་པའོ། །འདི་ལ་ཡང་འཆི་བའི་དོན་ཚེ་དང་སྲོག་འདོར་བ་ལ་བྱེད་ན་རྟགས་ཀྱི་ངོ་བོ་མ་གྲུབ། གྲུབ་མཐའ་ལ་ལྟོས་ན་ཕྱིར་རྒོལ་སངས་རྒྱས་པ་ལ་མ་གྲུབ་པའོ། །མདོར་ན་རྟགས་སུ་དགོད་བྱའི་དོན་རྩོད་གཞིའི་སྟེང་དུ་རྒོལ་ཕྱིར་རྒོལ་གཉིས་ཀྱི་མཐུན་སྣང་དུ་གྲུབ་ན། སྒྲ་མཐུན་སྣང་དུ་མ་གྲུབ་ཀྱང་། ཕྱོགས་ཆོས་གྲུབ་སྟེ། དཔེར་ན་སངས་རྒྱས་པས། བྱེ་བྲག་པའི་ངོར། འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན་མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་འབྱུང་བཞིའི་རྡུལ་ཕྲན་ལ་ལུས་ཅན་གྱི་སྒྲ་དེ་མིང་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཀྱི་མཚན་ཉིད་བྱེ་བྲག་པ་ལ་མ་གྲུབ་ཀྱང་། ལུས་ཅན་གྱི་དོན་རེག་བྱ་ཅན་གྲུབ་པས་རྟགས་ཡང་དག་ཏུ་འགྱུར་བ་བཞིན་ནོ། །རྟགས་ཀྱི་དོན་མ་གྲུབ་ན། སྒྲ་གྲུབ་ཀྱང་གཏན་ཚིགས་ཡང་དག་ཏུ་མི་འགྱུར་ཏེ། སྔར་བཤད་པའི་གྲངས་ཅན་པ་དང་། གཅེར་བུ་པས་སངས་རྒྱས་པའི་ངོར་བཀོད་པའི་གཏན་ཚིགས་གཉིས་ལྟ་བུའོ། །མ་གྲུབ་པའི་གཏན་ཚིགས་ཐམས་ཅད་བསྡུ་ན་དོན་ལ་མ་གྲུབ་པ་ལ་གཉིས་ལས་ཕྱེ་བའི་དྲུག བློ་ངོར་མ་གྲུབ་པ་ལ་གསུམ་ལས་ཕྱེ་བའི་དྲུག་སྟེ། བཅུ་གཉིས་སུ་འདུས་པ་ཡིན་ཏེ། ཆོས་དང་ཆོས་ཅན་གྱི་ཕྱོགས་རེ་ལ་མ་གྲུབ་པ་ལ་སྐྱོན་དུ་འགྲོ་བའི་ཆ་རྣམས་ནི་རྟགས་ཀྱི་ངོ་བོ་མ་གྲུབ་པར་འདུས། གྲུབ་མཐའ་ལ་ལྟོས་པའི་སྐྱོན་དུ་འགྲོ་བའི་ཆ་རྣམས་ནི་ཆོས་ཅན་ནམ་རྟགས་ཀྱི་ངོ་བོ་མ་གྲུབ་པར་འདུས་པའི་ཕྱིར་རོ། །གཉིས་པ་མ་ངེས་པའི་གཏན་ཚིགས་ལ། མཚན་ཉིད། དབྱེ་བ། མཚན་གཞི་སོ་སོའི་དོན་དང་གསུམ་ལས། དང་པོ་ནི། གང་ལ་རྟགས་སུ་སོང་བའི་རྒོལ་བས་ཁྱབ་པའི་ཚུལ་རྣལ་མ་དང་ཕྱིན་ཅི་ལོག་གང་རུང་དུ་མ་ངེས་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས། གཉིས་པ་ལ་གཉིས་སུ་འགྱུར་བའི་ཚུལ། དེའི་རྒྱུ་མཚན་ལ་རྩོད་པ་སྤོང་བ། དཔེ་དང་རྩོད་གཞིར་འགྱུར་བའི་ཚུལ་དང་གསུམ། དང་པོ་ལ། མ་ངེས་པའི་གཏན་ཚིགས་ལ་ཤེས་འདོད་ཆོས་ཅན་ལས་གཞན་ལ་མི་འཇུག་པའི་ཚེ་ཐུན་མོང་མ་ཡིན་པའི་གཏན་ཚིགས། གཞན་ལ་འཇུག་པའི་ཚེ་ཐུན་མོང་བའི་གཏན་ཚིགས། གཉིས་པ་ལ་ཁ་ཅིག ཤེས་འདོད་ཆོས་ཅན་ལས་གཞན་པའི་དོན་གང་ལ་བྱེད། ལྡོག་པ་གཞན་ལ་བྱེད་དམ། རྫས་གཞན་ལ་བྱེད། དང་པོ་ལྟར་ན། མཉན་བྱ་སྒྲ་མི་རྟག་པར་བསྒྲུབ་པའི་ཐུན་མོང་མ་ཡིན་པའི་གཏན་ཚིགས་མ་ཡིན་པར་ཐལ། མཉན་བྱ་སྒྲ་ལས་ལྡོག་པ་གཞན་རྔ་སྒྲ་སོགས་ལ་འཇུག་པའི་ཕྱིར། ཕྱི་མ་ལྟར་ན་བྱས་སྟོང་དེ་སྐད་ཅིག་གིས་སྟོང་པ་དོན་བྱེད་ནུས་པས་སྟོང་པར་བསྒྲུབ་པའི་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཡིན་པར་ཐལ། དེ་སྐད་ཅིག་གིས་སྟོང་པ་ལས་རྫས་གཞན་ལ་མི་འཇུག་པའི་ཕྱིར་ཞེ་ན། དེ་གཉིས་ཀའི་དོན་མ་ཡིན་ཏེ་རྟགས་སུ་གཟུང་བྱ་དེ་ཤེས་འདོད་ལས་གཞན་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་ངེས་པར་ནུས་པ་ལ་ཐུན་མོང་བ་དང་། མི་ནུས་པ་ལ་ཐུན་མོང་མ་ཡིན་པར་འཇོག་པའི་ཕྱིར། གསུམ་པ་ལ། ངོ་བོ་ཐ་དད་ལ་དཔེ་དང་རྩོད་གཞིར་འགྱུར་བའི་ཚུལ་དང་། ངོ་བོ་གཅིག་ལའང་གཞན་སེལ་གྱི་འཇུག་ཚུལ་གྱི་དཔེ་དང་རྩོད་གཞིར་འགྱུར་བའི་ཚུལ་གཉིས་ལས། དང་པོ་ནི། མེ་དང་མི་རྟག་པར་བསྒྲུབ་པ་ན་ལ་དང་། སྒྲ་རྩོད་གཞི་དང་། ཚང་བང་དང་བུམ་པ་དཔེར་འགྱུར་བ་ལྟ་བུའོ། །གཉིས་པ་ལ། ཐ་སྙད་གྲུབ་མ་གྲུབ་ཀྱིས་འགྱུར་བ་དང་། སྤྱི་དང་བྱེ་བྲག་གིས་འགྱུར་བ་གཉིས་ལས། དང་པོ་ནི། བུམ་ལྡོག་ཆོས་ཅན། གཞན་སེལ་གྱི་ཐ་སྙད་བྱར་རུང་སྟེ། དངོས་འགལ་བཅད་ནས་འཇུག་པར་བྱ་བ་ཡིན་པའི་ཕྱིར། མི་རྟག་པའི་ལྡོག་པ་བཞིན། གཉིས་པ་ལ་གཉིས་ལས། ཁྱབ་ཆེ་ཆུང་ནི། ཤེས་བྱ་ཙམ་ཆོས་ཅན། རང་བཞིན་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། དཔེར་ན་དངོས་མེད་ཀྱི་ཤེས་བྱ་བཞིན། ཞེས་པ་ལྟ་བུའོ། །གལ་ཏེ་སྤྱི་དང་བྱེ་བྲག་རྩོད་གཞི་དང་དཔེར་རུང་ན་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ན་སྒྲ་ཙམ་རྩོད་གཞི་དང་། རྔ་སྒྲ་དཔེར་རུང་བར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། དངོས་མེད་ཀྱི་ཤེས་བྱའི་སྟེང་དུ་སྔར་གྱི་ཁྱབ་འབྲེལ་ངེས་ནས་ཤེས་བྱ་ཙམ་གྱི་སྟེང་དུ་མ་ངེས་པ་ཡོད་པའི་ཕྱིར། རྔ་སྒྲའི་སྟེང་དུ་མཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་ནས་སྒྲ་ཙམ་གྱི་སྟེང་དུ་མ་ངེས་པ་མི་སྲིད་པའི་ཕྱིར་ཏེ། ཤེས་བྱ་ཙམ་འཛིན་པའི་ཚད་མས་གཅིག་དང་དུ་བྲལ་མ་གྲུབ་ཅིང་། སྒྲ་ཙམ་འཛིན་པའི་ཚད་མས་མཉན་བྱ་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲའི་བྱས་པ་མ་ཡིན་པའི་ཕྱིར། དཔེར་ན་རྔ་སྒྲ་བཞིན་ནོ། །ཞེས་པ་ཡང་བྱེ་བྲག་དཔེར་འགྱུར་བའོ། །གཉིས་པ་ཁྱབ་མཉམ་པ་ནི། མངོན་སུམ་ཆོས་ཅན། ཤེས་པ་ཡིན་ཏེ། བེམ་པོ་ལས་ལོག་ནས་རིག་པའི་ངོ་བོར་སྐྱེས་པའི་ཕྱིར། རང་རིག་མངོན་སུམ་བཞིན། ཞེས་བཀོད་པ་ན། མངོན་སུམ་རྩོད་གཞི་དང་། རང་རིག་དཔེར་འགྱུར་བའོ། །མདོར་ན་གཞན་སེལ་གྱི་སྒོ་ནས་བློ་ངོར་གྲུབ་མ་གྲུབ་ཀྱི་ཁྱད་པར་ཡོད་ན་རྫས་དང་ལྡོག་པའམ། སྤྱི་དང་བྱེ་བྲག་གམ། མཚན་ཉིད་དང་། མཚོན་བྱ་གང་ཡིན་ཡང་རུང་སྟེ། གང་བློ་ངོར་བསྒྲུབ་སླ་བ་དཔེར་བྱས་ཏེ། དཀའ་བ་རྩོད་གཞིར་འགྱུར་བ་ཐམས་ཅད་ལ་དེ་ལྟར་ཤེས་པར་བྱའོ། །གསུམ་པ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་ངེས་པ་དང་། ཐུན་མོང་བའི་མ་ངེས་པའོ། །དང་པོ་ལ་མཚན་ཉིད་ནི། མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མ་མཐོང་བ། དབྱེ་ན། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མེད་ནས་མ་མཐོང་བ། གཉིས་ཀ་ལ་ཡོད་ཀྱང་མ་མཐོང་བ། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་བཞི་ནི་རིམ་པ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་དང་། སྐྱེས་བུ་འདི་ཆོས་ཅན། ལྷ་ལས་ཚེ་འཕོས་ཏེ། མིག་དང་ལྡན་པའི་ཕྱིར་ཞེས་དང་། རིག་སྒྲ་རྟག་པར་འདོད་པའི་རྒོལ་བའི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། རིག་བྱེད་ཀྱི་སྒྲ་བཞིན་ཞེས་དང་། ནམ་མཁའ་ཆོས་ཅན། རྟག་སྟེ། མ་བྱས་པའི་ཕྱིར། རིག་བྱེད་ཀྱི་སྒྲ་བཞིན་ཞེས་པ་ལྟ་བུའོ། །གཉིས་པ་ལ། མཚན་ཉིད་ནི། མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མཐོང་བ། དབྱེ་ན། དངོས་ཀྱི་མ་ངེས་པ་དང་། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གཉིས། དང་པོའི་མཚན་ཉིད། ཐུན་མོང་གི་མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མཐོང་བ། དབྱེ་ན། ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་མཐོང་བ། མཐུན་ཕྱོགས་ལ་ཁྱབ་བྱེད། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་མཐོང་བ། མི་མཐུན་ཕྱོགས་ལ་ཁྱབ་བྱེད། མཐུན་ཕྱོགས་ལ་རྣམ་གཉིས་སུ་མཐོང་བ། ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་མཐོང་བ་རྣམས་རིམ་པ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར་ཞེས་དང་། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར་ཞེས་དང་། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར་ཞེས་དང་། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །འདི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་དོན་ཡང་། བྱེ་བྲག་པས་འབྱུང་བཞིའི་རྡུལ་ཕྲན་རྟག་པ་དང་། རེག་བྱ་ཅན་གྱི་གཞི་མཐུན་དུ་ཁས་བླངས་པའི་དབང་དུ་བྱས་པའོ། །གཉིས་པ་ལ་མཚན་ཉིད་ནི། གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མཐོང་། ཅིག་ཤོས་ལ་མ་མཐོང་བ། དབྱེ་ན། ཡང་དག་ལྷག་ལྡན་དང་། འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གཉིས། དང་པོའི་མཚན་ཉིད། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་ལ་མཐོང་། མི་མཐུན་ཕྱོགས་ལ་མ་མཐོང་ཡང་མི་མཐུན་ཕྱོགས་ལ་མེད་པར་མ་ངེས་པའོ། །དབྱེ་ན། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། མེད་ཀྱང་མི་འགལ་བ། འགལ་ཡང་མ་ངེས་པ་གསུམ་ནི་རིམ་པ་བཞིན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ཀུན་མཁྱེན་མ་ཡིན་ཏེ། ངག་སྨྲ་བའི་ཕྱིར། ཁ་ཕྱིར་བལྟས་ཀྱི་སྐྱེས་བུ་འདི་ཆོས་ཅན། སྔོ་བསངས་ཡིན་ཏེ། ལྷ་བྱིན་གྱི་བུ་ཡིན་པའི་ཕྱིར། བྱས་པ་དང་རྟག་པ་འགལ་བར་མ་ངེས་པའི་རྒོལ་བའི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མི་མཐུན་ཕྱོགས་ལ་མཐོང་མཐུན་ཕྱོགས་ལ་མ་མཐོང་ཡང་མཐུན་ཕྱོགས་ལ་མེད་པར་མ་ངེས་པའོ། །དབྱེ་ན། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། མེད་ཀྱང་མི་འགལ་བ། འགལ་ཡང་མ་ངེས་པ་གསུམ་ནི་རིམ་པ་བཞིན། སྔར་གྱི་གསུམ་པོ་དེའི་བསྒྲུབ་ཆོས་ལྡོག་པའོ། །ཡང་མ་ངེས་པའི་གཏན་ཚིགས་སྤྱི་ལ་ལྷག་ལྡན་དུ་འཇོག་པའི་རྒྱུ་མཚན་ནི། བསྒྲུབ་བྱ་ལ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པས་ན་ལྷག་ལྡན་དུ་འཇོག་ལ། སྐབས་འདིའི་ལྷག་ལྡན་ནི་ཡང་དག་དང་འགལ་བར་འགྱུར་བ་ལ་ལྷག་མ་དང་ལྡན་པས་ན་ལྷག་ལྡན་དུ་འཇོག་གོ །གསུམ་པ་འགལ་བའི་གཏན་ཚིགས་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་ཁྱབ་པའི་ཚུལ་ཕྱིན་ཅི་ལོག་ཏུ་ངེས་པའོ། །གཉིས་པ་ལ། དངོས་པོའི་སྒོ་ནས་དབྱེ་བ་དང་། བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་དང་། དབྱེ་བ་གཞན་དུ་འདོད་པ་དགག་པ་དང་གསུམ་ལས། དང་པོ་ལ། འབྲེལ་བའི་དབང་གིས་གཉིས་སུ་དབྱེ་བ་དང་། སྦྱོར་བ་ལ་ལྟོས་ནས་གསུམ་དུ་དབྱེ་བ་གཉིས། དང་པོ་ནི། རང་བཞིན་འགལ་བ་དང་། འབྲས་བུ་འགལ་བའི་གཏན་ཚིགས་གཉིས་སུ་འདུས་ཏེ་མ་དམིགས་པའི་གཏན་ཚིགས་ཐམས་ཅད་མཐར་བདག་གཅིག་གི་འབྲེལ་བ་ལ་བརྟེན་པས། དེའི་འགལ་བ་ཡང་འབྲེལ་བའི་སྒོ་ནས་རང་བཞིན་འགལ་བར་འདུས་པའི་ཕྱིར་རོ། །དེ་ལ་རང་བཞིན་འགལ་བ་ནི། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། འབྲས་བུ་འགལ་བ་ནི། དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །འདི་ནི་འབྲས་བུ་འགལ་བ་དང་། མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རང་བཞིན་འགལ་བ་གཉིས་ཀྱི་དཔེར་བརྗོད་རྟོགས་པའི་ཆེད་དུ་ཡིན་གྱི། འབྲས་བུ་འགལ་བར་སོང་ཚུལ་ནི། དུང་སྒྲ་ཐོས་པའི་ཉན་ཤེས་མ་འཁྲུལ་བ་ཆོས་ཅན། རང་རྒྱུ་སྒྲ་རྟག་པ་སྔོན་དུ་སོང་སྟེ། རྩོལ་བྱུང་མ་འཁྲུལ་བའི་ཉན་ཤེས་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་པ་ནི། གཏན་ཚིགས་ཡང་དག་ལ་སྦྱོར་བའི་སྒོ་ནས་གསུམ་དུ་འབྱེད་ན། དེ་དག་བཟློག་པའི་འགལ་རྟགས་ཀྱང་གསུམ་དུ་འགྱུར་ཏེ། སྔར་གྱི་གཉིས་པོ་དེའི་སྟེང་དུ་བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། སྣང་རུང་གི་བུམ་པ་ཡོད་དེ། སྣང་རུང་གི་བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་རྣམས་སོ། །གཉིས་པ་བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། ཆོས་མཆོག་རྗེས་འབྲང་དང་བཅས་པས། སློབ་དཔོན་གྱིས། དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱེད་པའི་ཕྱིར། དེས་ཐ་དད་དུ་བྱེད་དོ། །ཞེས་གསུངས་པའི་དོན་དུ་བསམ་ནས་ཆོས་དང་ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་རྟགས་གཉིས། ཁྱད་པར་འགོག་པའི་འགལ་རྟགས་གཉིས་ཏེ་བཞི་ནི་རིམ་པ་བཞིན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། དངོས་གྱུར་གྱི་ནམ་མཁའ་ཆོས་ཅན། རྟག་སྟེ། འདུས་མ་བྱས་ཡིན་པའི་ཕྱིར་ཞེས་དང་། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་དོ། །འདུས་ཤིང་བསགས་པའི་ཕྱིར་ཞེས་དང་། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར། ཞེས་པ་ལྟ་བུའོ། །ཞེས་འདོད་དོ། །དེ་དག་ནི་མི་འཐད་དེ། ཆོས་ཅན་གྱི་ངོ་བོ་འགོག་ན་ཕྱོགས་ཆོས་མི་འགྲུབ་ལ། ཕྱོགས་ཆོས་མ་གྲུབ་ན་འགལ་རྟགས་སུ་མི་འཐད་པའི་ཕྱིར་རོ། །དཔེར་བརྗོད་གཞན་གསུམ་པོ་ཡང་མི་འཐད་དེ། འདི་དག་བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་ཙམ་ཡིན་གྱི། ཆོས་དང་ཆོས་ཅན་གྱི་འགོག་ཚུལ་གྱི་སྒོ་ནས་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འགལ་བ་བརྗོད་ཚུལ་ལ། བརྗོད་འདོད་ཀྱི་སྒོ་ནས་དབྱེ་ན་བཞི་སྟེ། ལ་ལ་དངོས་སུ་འགལ་བར་བརྗོད་པ་ནི། མི་རྟག་པའི་སྒྲ་རྟག་ཅེས་པ་ལྟ་བུ་སྟེ། གཏན་ཚོགས་བྱས་པ་བཀོད་ན་དངོས་སུ་འགོག་པའི་འགལ་རྟགས་སུ་འགྱུར་རོ། །ལ་ལ་བརྗོད་པའི་ཤུགས་ཀྱིས་འགལ་བའི་བརྗོད་པ་ནི་རྟག་པ་བྱེད་པ་པོ་ཡིན་ཞེས་པ་ལྟ་བུ་སྟེ། གཏན་ཚིགས་རིམ་དང་ཅིག་ཅར་གྱིས་དོན་བྱེད་ནུས་པས་སྟོང་པའི་ཕྱིར་ཞེས་འགོད་ན་ཤུགས་ཀྱིས་འགོག་པའི་འགལ་རྟགས་སུ་འགྱུར་རོ། །ལ་ལ་ཆོས་ཀྱི་ཁྱད་པར་གྱི་སྒོ་ནས་འགལ་བ་བརྗོད་པ་ནི། མིག་ལ་སོགས་པ་གཞན་གྱི་དོན་བྱེད་ཅེས་པ་ལྟ་བུ་སྟེ། གཏན་ཚིགས་འདུས་བསགས་བཀོད་ན། ཆོས་ཀྱི་ཁྱད་པར་འགོག་པའི་འགལ་རྟགས་སུ་འགྱུར་རོ། །ལ་ལ་ཆོས་ཅན་གྱི་ཁྱད་པར་གྱི་སྒོ་ནས་འགལ་བ་བརྗོད་པ་ནི། གཞན་གྱི་དོན་བྱེད་པའི་མིག་ལ་སོགས་པ་ཡོད་ཅེས་པ་ལྟ་བུ་སྟེ། གཏན་ཚིགས་འདུས་བསགས་བཀོད་ན། ཆོས་ཅན་གྱི་ཁྱད་པར་འགོག་པའི་འགལ་རྟགས་སུ་འགྱུར་རོ། །འདི་དག་ཀྱང་དགག་བྱའི་དོན་གྱི་སྒོ་ནས་དབྱེ་བ་མ་ཡིན་ཏེ། འདོད་པ་ལ་ཕྱིན་ཅི་ལོག་ཏུ་ནི་གཉིས་ཀ་མཚུངས་པའི་ཕྱིར་རོ། །གསུམ་པ་ནི། ཡང་དག་ལ་ཡང་མཚུངས་ཤེ་ན། །བྱེད་པ་ཆུང་ཕྱིར་བཏང་སྙོམས་མཛད། །ཅེས་གསུངས་ཏེ། སྔར་བཤད་ཟིན་ཏོ། །གསུམ་པ་དབྱེ་བ་གཞན་དུ་འདོད་པ་དགག་པ་ནི། གྲངས་ཅན་པས། མིག་སོགས་ཆོས་ཅན། གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་བསགས་ཡིན་པའི་ཕྱིར། དཔེར་ན་མལ་ཆ་དང་སྟན་ལ་སོགས་པ་བཞིན། ཞེས་པའི་གཏན་ཚིགས་དེ་ཆོས་ཅན་མིག་ལ་སོགས་པའི་སྟེང་དུ་ཞེ་འདོད་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པ་ལྡོག་པ་བསྒྲུབས་པས་ཞེ་འདོད་འགོག་པའི་འགལ་རྟགས་ཞེས་པ་སྔ་མ་གཉིས་ལས་གཞན་གསུམ་པ་ཞིག་ཅི་ཕྱིར་མི་འདོད་ཅེ་ན། མ་ཡིན་ཏེ་ངག་ཏུ་བརྗོད་པ་དང་། ཞེ་བས་འདོད་པ་གཉིས་བསྒྲུབ་བྱར་ཁྱད་པར་མེད་པས་སྔར་གྱི་ཆོས་དང་ཆོས་ཅན་གྱི་འགལ་བ་གཉིས་ཀྱི་ཁོངས་སུ་འདུས་པའི་ཕྱིར་རོ། །གསུམ་པ་གཏན་ཚིགས་དེ་དག་གི་ངེས་པ་ལ་གཉིས་ཏེ། མཐའ་གཞན་འགོག་པའི་ངེས་པ་དང་། དེ་དག་གི་ནུས་པ་ངེས་པའོ། །དང་པོ་ནི། རྟགས་སུ་བཀོད་ཚོད་ལ་བཞིར་གྲངས་ངེས་ཏེ། རྟགས་ཕྱོགས་ཀྱི་ཆོས་སུ་མ་གྲུབ་པ་དང་། གྲུབ་པ་གཉིས་ལས། དང་པོ་ནི། མ་གྲུབ་པའི་རྟགས་ལྟར་སྣང་། གཉིས་པ་ལ། བསྒྲུབ་བྱ་བསྒྲུབ་པར་ངེས་པ། འགོག་པར་ངེས་པ། གཉིས་ཀ་མ་ངེས་པ་དང་གསུམ་ལས། དང་པོ་ནི། ཡང་དག གཉིས་པ་ནི། འགལ་བ། གསུམ་པ་ནི། མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྟགས་སུ་བཀོད་པ་བཞི་པོ་དེ་ལ་ནུས་པ་ཡང་བཞི་ཡོད་དེ། མ་གྲུབ་པས་ཆོས་ཅན་གྱི་སྟེང་དུ་ཐེ་ཚོམ་ཡང་བསྐྱེད་མི་ནུས། མ་ངེས་པས་ཐེ་ཚོམ། འགལ་བས་མི་འདོད་པའི་ངེས་པ། ཡང་དག་གིས་འདོད་པའི་ངེས་པ་བསྐྱེད་པའི་ཕྱིར་ཏེ། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུས། ཕྱོགས་ལ་མཐུ་མེད་སོམ་ཉི་དང་། །མི་འདོད་འདོད་པའི་ངེས་སྒྲུབ་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་དེས་རྟོགས་པའི་བསྒྲུབ་བྱ་ནི། རིགས་གཏེར་ལས། སྐབས་འདིར་བཤད་ཀྱང་། རབ་བྱེད་ཀྱི་གཞུང་ངོ་སྙམ་པ་དང་། རྟེན་འབྲེལ་གྱི་ཆེ་བས་གཞན་ཐུན་མོང་དུ་བཤད་པར་བྱའོ། །རང་དོན་རྗེས་དཔག་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་པ་བཤད་ཟིན་ཏོ། །གཉིས་པ་གཞན་དོན་རྗེས་དཔག་ལ་མདོ་དང་རྣམ་འགྲེལ་ལས་གཞན་དོན་གྱི་ངག་དང་། གཞན་དོན་བསྒྲུབ་བྱ་དང་། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གསུམ་རིམ་པ་བཞིན་དུ་བཤད་ཀྱང་། འདིར་རིགས་གཏེར་ལས་གཞན་དོན་བསྒྲུབ་བྱ་གཏན་ཚིགས་ཀྱི་འོག་ཏུ་བཤད་པ་དང་བསྟུན་ནས་འཆད་པ་ལ་གཉིས་ཏེ། རྟོགས་པར་བྱ་བའི་བསྒྲུབ་བྱ་བཤད་པ། རྟོགས་པར་བྱེད་པའི་གཞན་དོན་རྗེས་དཔག་བཤད་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་འགོད་པ། མཚན་གཞི་ངོས་གཟུང་བ། ཕྱོགས་ལ་གནོད་པའི་བསལ་བ་བརྗོད་པའོ། །དང་པོ་ནི། བསྒྲུབ་བྱ་དང་། རྗེས་སུ་དཔག་བྱ་དང་། རྟགས་ཀྱི་ནུས་ཡུལ་དང་། རྟགས་ཅན་དང་། ཕྱོགས་རྣམས་མིང་གི་རྣམ་གྲངས་ཡིན་པས་མཚན་ཉིད་གཅིག་གིས་མཚོན་ཏེ། རྒོལ་བས་བསྒྲུབ་བྱར་ཁས་བླངས་པའོ། །དེ་ཡང་མདོའི་མཚན་ཉིད་ཀྱི་ཟུར་དང་པོ་བཞི་པོ་རིགས་སྒོ་ནས་གསུངས་པའི་བསྒྲུབ་བྱར་ཁས་བླངས་པར་འདུས་པར་གསུངས་ལ་དེ་ལ་མ་བསལ་བ་ཚང་མ་ཚང་གི་བྱེ་བྲག་གིས་ཡང་དག་དང་ལྟར་སྣང་དུ་འགྱུར་རོ། །འདིར་བསྒྲུབ་བྱ་ཡང་དག་གི་དབང་དུ་བྱས་ནས། མཚན་ཉིད་ཀྱི་རྣམ་བཅད་ལ་ལྟོས་ཏེ་ལྔར་བསྟན་པ། ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་བསྒྲུབ་པ། དེ་དག་ལ་རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ནི། མདོ་ལས། ངོ་བོ་ཁོ་ན་བསྟན་བྱ་བ། །བདག་ཉིད་འདོད་དང་མ་བསལ་བ། །ཞེས་ཆོས་ལྔ་ལྡན་དུ་གསུངས་ཏེ། དེ་དག་རེ་རེ་ལ་ཡང་དོན་དང་རྣམ་བཅད་ངོས་གཟུང་བ་གཉིས་གཉིས་ལས། དང་པོ་ངོ་བོའི་དོན་ནི་བསྒྲུབ་བྱར་བཟུང་བ་ན་ཚད་མས་གྲུབ་པ་དྲན་རུང་མེད་པ་ཞེས་གསུངས་ཏེ། ཚད་མས་གྲུབ་པ་དྲན་རུང་ནི། ཚད་མའི་སྟོབས་ཀྱིས་ངེས་ཤེས་ཀྱིས་ངེས་ཟིན་པ་ད་ལྟར་ཚིག་བརྗོད་པ་ཙམ་གྱིས་དོན་དྲན་པ་སྟེ་དེ་ནི་བསྒྲུབ་བྱར་མི་འགྱུར་བས་དེ་མ་ཡིན་པ་ཅིག་དགོས་ཞེས་པའོ། །དེའི་རྣམ་བཅད་ནི། དམ་བཅས་ཙམ་ཉིད་ན་ཐ་སྙད་དུ་ཚད་མས་གྲུབ་ཟིན་གཅོད་པ་སྟེ། ཐ་སྙད་དུ་ཚད་མས་གྲུབ་ན་ཚད་མས་དྲངས་པའི་ངེས་པ་བློའི་ཐ་སྙད་བཅད་ཤེས་ཀྱིས་ངེས་པ་གཅིག་དགོས་པའི་ཕྱིར་རོ། །དོན་དམ་པ་ཚད་མས་གྲུབ་ཟིན་པ་ནི་མི་གཅོད་དེ། ཕྱིར་རྒོལ་གྱི་རྒྱུད་ཀྱི་སྒྲ་འཛིན་མངོན་གསུམ་དེས་དོན་དམ་པ་སྒྲ་མི་རྟག་པ་གྲུབ་པའི་ཕྱིར་རོ། །འདོད་པའི་དོན་ནི་ངག་ཏུ་མ་བརྗོད་ཀྱང་ཞེས་པས་བསྒྲུབ་བྱར་འདོད་པའོ། །དེའི་རྣམ་བཅད་ནི་མུ་སྟེགས་བྱེད་དག་རྒོལ་བས་མ་བརྗོད་ཅིང་། ཕྱིར་རྒོལ་གྱིས་དངོས་སུ་མ་ཐོས་ན་བསྒྲུབ་བྱ་མ་ཡིན་པར་བསམས་ནས། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པར་གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར། མལ་ཆ་དང་སྟན་ལ་སོགས་པ་བཞིན་ཞེས་བརྗོད་པ་ན་གཞན་དོན་གྱི་མིང་གི་བཏགས་ནས་བདག་ཤེས་རིག་གི་སྐྱེས་བུའི་དོན་བྱེད་པར་བསྒྲུབ་པ་རྒྱུ་ཐབས་ཀྱི་སྦྱོར་བ་ལ་ཞེ་འདོད་མ་ཡིན་པ་གཞན་དོན་བྱེད་པ་བསྒྲུབ་བྱར་འདོད་པ་གཅོད་དོ། །དེའི་དགོས་པ་ཡང་བདག་དོན་བྱེད་པ་དཔེ་ལ་རྗེས་འགྲོ་མེད་པས་བསྒྲུབ་བྱ་སྐྱོན་ཅན་ཡིན་ཅེས་བསྟན་པའི་ཆེད་དེ། སློབ་དཔོན་དབྱིག་གཉེན་གྱིས། བདག་གཞན་ཅེ་ན་དེ་མ་གྲུབ་ཅེས་གསུངས་པ་ལྟར་རོ། །ཚུལ་དེ་གཉིས་ཀྱི་སྦྱོར་བ་ལ་ཡང་རྗེས་འགྲོ་མེད་པའི་སྐྱོན་བསྟན་ཏེ། རྒྱང་འཕེན་པས་བུམ་པ་ཆོས་ཅན། མངོན་པར་གསལ་བའི་སེམས་པ་ཅན་གྱི་ལུས་ཀྱི་མཚན་ཉིད་ཀྱི་སྐྱེས་བུ་དང་བུམ་པ་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཡིན་ཏེ། ཨུཏྤལ་མ་ཡིན་པའི་ཕྱིར། རྩིག་པ་བཞིན་ཞེས་བཀོད་པ་ལ་དེ་ལྟ་བུའི་སྐྱེས་བུའི་གཉིས་པ་དང་བཅས་པ་ཞེ་འདོད་ཀྱི་བསྒྲུབ་ཆོས་ཡིན་ཅིང་དེ་དཔེ་རྩིག་པ་ལ་རྗེས་འགྲོ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཕྱོགས་དང་མཐུན་ཕྱོགས་ལས་གང་ཡང་རུང་བ་ཡིན་པའི་ཕྱིར། ཞེས་བྱ་བའང་བསལ་ཏེ། དེ་གཉིས་ཚོགས་པའི་སྤྱི་བཀོད་ན་ཕྱོགས་ཆོས་དང་རྗེས་འགྲོ་གཉིས་ཀ་མེད། གང་རུང་གི་སྤྱི་འགོད་ན་ཅིག་ཤོས་མེད་པའི་ཕྱིར་རོ། །བདག་ཉིད་ཀྱི་དོན་ནི་རྒོལ་བས་ཁས་བླངས་པའི་བསྟན་བཅོས་ནས་བཤད་པ་ཐམས་ཅད་སྐབས་ཀྱི་བསྒྲུབ་བྱ་མ་ཡིན་པས་རྒོལ་བ་བདག་ཉིད་འདོད་པ་དེ་ཉིད་སྐབས་ཀྱི་བསྒྲུབ་བྱ་ཡིན་ཅེས་པའི་དོན་ནོ། །དེའི་རྣམ་བཅད་ནི། ཁ་ཅིག་བསྟན་བཅོས་ལས་བཤད་པར་མཐོང་བ་ཐམས་ཅད་བསྒྲུབ་བྱ་ཡིན་པས་དེ་ལ་གནོད་ནའང་གཏན་ཚིགས་དང་དམ་བཅའི་སྐྱོན་ཡིན་ཏེ། དཔེར་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་བསྟན་བཅོས་ནས་སྒྲ་ནམ་མཁའི་ཡོན་ཏན་དུ་བཤད་པ་དང་འགལ་བའི་གཏན་ཚིགས་དང་དམ་བཅའི་སྐྱོན་དུ་འགྱུར་ཞེས་ཟེར་བ་གཅོད་དོ། །དེའི་རྒྱུ་མཚན་ཡང་དངོས་པོ་སྟོབས་ཤུགས་ཀྱི་རིགས་པ་ལུང་ལ་མི་ལྟོས་པར་སྒྲ་མི་རྟག་པ་དངོས་སྟོབས་ཀྱི་ཚད་མས་གྲུབ་པའི་ཚེ་ལུང་དོན་གང་གིས་ཀྱང་མི་གནོད་ལ། དངོས་སྟོབས་རྗེས་དཔག་གིས་ལུང་དོན་ལ་ཕར་དཔྱད་པའི་དགོས་པ་ནི་གཞལ་བྱའི་གནས་གསུམ་ཆར་འཕོ་བ་ན་རིགས་པ་དང་མི་འགལ་བའི་ལུང་ཁས་ལེན་པའི་ཆེད་ཡིན་པའི་ཕྱིར་རོ། །ཁོ་ནའི་དོན་ནི་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀ་མ་ཡིན་གྱི་བསྒྲུབ་བྱ་ཁོ་ནར་འདོད་པ་ཞེས་པའོ། །དེའི་རྣམ་བཅད་ནི། བསྟན་བྱའི་སྒྲ་རུས་གསུམ་ཆར་ལ་འཇུག་ལ། འདི་ནི་བྱས་པའི་སྒྲ་གཙོ་བོ་ཡིན་ཅིང་། རང་ཉིད་དང་འདོད་པ་གཉིས་དེའི་ཁྱད་པར་ཡིན་པས་གཙོ་བོའི་ཞར་ལ་གཉིས་པོ་ཡང་འབྱུང་བར་འགྱུར་བ་ལ་འཇུག་ལ། དེ་ལྟར་ན་དེ་གཉིས་དཔེར་མ་གྲུབ་པ་ལ་ཡང་། ཁྱབ་ཆེས་པས་དེ་གཉིས་ཀྱང་དམ་བཅར་འགྱུར་བ་བཅད་པའི་ཆེད་ཡིན་ནོ། །གལ་ཏེ་ཀ་ཏའི་རྐྱེན་ད་ལྟར་བ་ལ་འཇུག་པས་འདོད་པའི་སྒྲ་ད་ལྟར་བ་ལ་འགྱུར་ལ། དེས་ན་ཁྱབ་ཆེས་པ་མེད་དོ་ཅེ་ན། ཕྱོགས་ཀྱི་མཚན་ཉིད་འཆད་པའི་སྐབས་འདིར། འདོད་པའི་བྱིངས་ཨེཥྚ་བ་ཡིན་ལ་དེ་ལ་ཀུན་བཏུས་སུ་ནིཥྚ་ཡན་ལག་མ་ཡིན་པས་མ་འོངས་པ་ན་བསྟན་བྱ་གཅོད་མི་ནུས། རིགས་སྒོར་ནིཥྚ་ཡན་ལག་ཡིན་པས་དེ་གཅོད་ནུས་ཞེས་གསུངས་སོ། །ཚིགས་ལྔའི་གོ་རིམ་ལ་ཀུན་བཏུས་སུ་འདོད་པ་ལས། བདག་ཉིད་ཐོག་མར་སྨོས་པ་ནི་རྒོལ་བ་བདག་ཉིད་འདོད། ཅེས་འདོད་པ་པོ་བདག་ཉིད་དང་སྦྱར་བའི་ཆེད་ཡིན་ལ། རྣམ་འགྲེལ་ལས། དེ་ལས་བཟློག་ཏེ་གསུངས་པ་ནི། འདོད་པའི་དོན་ཞེ་འདོད་སྐབས་ཀྱི་བསྒྲུབ་བྱར་བསྟན་པ་ན་རྒོལ་བས་ཁས་བླངས་པའི་ལུང་དོན་ཐམས་ཅད་ཀྱང་རྒོལ་བས་ཞེ་འདོད་ཡིན་པས་སྐབས་ཀྱི་བསྒྲུབ་བྱར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བདག་ཉིད་ཀྱིས་བསྒྲུབ་བྱར་ཁས་བླངས་པ་གཅིག་དགོས་ཞེས་འཕྲོས་ཚུལ་ཤེས་པའི་ཆེད་དུ་ཡིན་ཏེ། གཞུང་ལུགས་འདིར་ཡང་དེའི་དབང་དུ་བྱས་པའོ། །བསྟན་བྱ་བ་ཞེས་པའི་དོན་རང་འགྲེལ་ལས། ཡང་ན་རྟགས་ཀྱིས་བསྟན་བྱ་བ་ཞེས་ཚིག་སྡུད་པས་མི་འགལ་ལོ། །ཞེས་གསུངས་ཏེ། དེ་ལྟར་ན་རྟགས་ལ་བརྟེན་ནས་གང་ལ་བསྒྲུབ་བྱར་སོང་བའི་སེལ་བའི་བློའི་ཡུལ་དུ་བསྟན་པར་བྱ་བ་ཞེས་པའི་དོན་ཏེ། རང་དོན་དང་གཞན་དོན་བསྒྲུབ་བྱ་གཉིས་ཀ་ལ་ཡང་འཇུག་གོ །དེ་ཡང་སྒྲ་མི་རྟག་པ་མཐོང་བས་མངོན་སུམ་ལ་ནི་སྒྲ་མི་རྟག་པས་རང་ངོས་ནས་རྣམ་པ་གཏད་པས་རྟགས་ཀྱིས་སྟོན་མི་དགོས་ལ། དེ་རྟོགས་པའི་རྗེས་དཔག་ལ་ནི་ཚུལ་གསུམ་ཚང་བའི་རྟགས་ཀྱིས་སྟོན་ཞེས་པ་སྟེ། སྒྲ་ལས་བྱུང་བ་ཡང་། མངོན་པར་འདོད་པ་སྟོན་ཕྱིར་རོ། །ཞེས་གསུངས་པའི་སྟོན་པ་ཞེས་པའི་ཚིག་རྟགས་དང་བསྒྲུབ་བྱ་ཐམས་ཅད་ལ་སྦྱར་བའི་དབང་དུ་བྱས་པའོ། །ཡང་ན་ཞེས་པ་འདམ་གཅན་གྱི་ཚིག་ཡིན་པས། ཕྱོགས་ཚིག་བསྒྲུབ་ངག་གི་ཡན་ལག་ཏུ་འདོད་པ་ལྟར་ན། བསྒྲུབ་ངག་གིས་དངོས་སུ་བསྟན་པར་བྱ་བ་ཞེས་འདོད་པ་ལྟར་འདིར་ཡང་ཐོག་མར་བསྒྲུབ་བྱ་དངོས་སུ་བརྗོད་ནས་དེའི་འོག་ཏུ་བསྒྲུབ་ངག་གི་སྒོ་ནས་ཚད་མའི་ཡུལ་དུ་བསྟན་པར་བྱ་བ་ཞེས་པ་སྟེ། དེ་ལྟར་ན་གཞན་དོན་སྐབས་ཀྱི་བསྒྲུབ་བྱ་ཁོ་ན་ལ་འཇུག་གོ །རིགས་གཏེར་རང་འགྲེལ་ལས། གལ་ཏེ་ཕྱོགས་ཀྱི་ཚིག་སྒྲུབ་བྱེད་མ་ཡིན་པས་བསྟན་བྱ་བ་མི་འཐད་དོ་ཞེ་ན། མི་འགལ་ཏེ། ཁྱེད་བསྒྲུབ་བྱ་ཁ་ཐོག་ཏུ་འབྱིན་པར་འདོད་པ་ལྟར་ནའང་བསལ་བ་བཞི་མ་ཞུགས་པ་ཅིག་བསྟན་པར་བྱའོ། །ཞེས་དགོངས་ཏེ། རྣམ་ངེས་ལས། གལ་ཏེ་བསྟན་པར་བྱ་བ་ཡིན་དུ་ཆུག་ན་ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་པས་ཤེས་སོ། །མ་བསལ་བའི་དོན་ནི་བསལ་བ་བཞི་མ་ཞུགས་པའོ། །དེའི་རྣམ་གཅད་ནི་བསལ་བ་བཞི་ཞུགས་པ་བསྒྲུབ་བྱར་ཁས་བླངས་སུ་མི་རུང་བས་དེ་གཅོད་པའོ། །གཉིས་པ་ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་བསྒྲུབ་པ་ནི། རིགས་སྒོར། བསྒྲུབ་བྱར་འདོད་པ་ཕྱོགས་ཡིན་ནོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་ཕྱོགས་ཀྱི་མཚན་ཉིད། བསྒྲུབ་བྱ་ཁས་བླངས་པ་ཉིད་ཡིན་ནོ། །དེ་ཡང་རིགས་སྒོའི་གཞུང་ཁ་ཅིག་ལས། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་འགྱུར་བ་འགལ་བའི་དོན་གྱིས་མ་བསལ་བ་དེ་ཡང་ཕྱོགས་ཡིན་ནོ་ཞེས་འབྱུང་བ་ལྟར་ན་བསྒྲུབ་བྱར་ཁས་བླངས་པ་ནི། ཕྱོགས་ཙམ་གྱི་མཚན་ཉིད་ཡིན་ལ། དེ་ཡང་ངག་ཏུ་འགྱུར་བ་ལ་ཚད་མས་མ་བསལ་བ་ཅིག་དགོས་ཞེས་པའི་དོན་ཏེ། རྣམ་འགྲེལ་ལས། ངོ་བོ་ཚིག་ཕྲད་བདག་ཉིད་འདོད། །ཚིག་གིས་དེ་ཡིས་མཚན་ཉིད་བཞི། །ཞེས་མདོ་ནས་གསུངས་པའི་ཟུར་དང་པོ་བཞི་ལོགས་སུ་བཀར་ནས་དེ་ཉིད་བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། ཅེས་རིགས་སྒོ་ནས་གསུངས་པའི་བསྒྲུབ་བྱར་ཁས་བླངས་པར་འདུས་ལ། དེ་གཉིས་ཀ་ཡང་ཡང་དག་ཏུ་འགྱུར་བ་ལ་ཚད་མས་མ་བསལ་བ་ཅིག་དགོས་ཞེས་པ་ནི། ཁས་བླངས་དེ་ཡང་ཚད་མ་ནི། །ངག་གིས་བཀག་མེད་ཡིན་པར་འདོད། །ཅེས་སོགས་ཀྱི་གཞུང་གིས་འཆད་པའི་ཚུལ་དང་འབྱོར་རོ། །ཡང་རང་འགྲེལ་ལས། རིགས་སྒོའི་ལུང་དྲངས་པའི་ཚེ། བསྒྲུབ་བྱ་འདོད་པ་ཕྱོགས་ཡིན་ནོ། །ཞེས་པ་ཙམ་ལས་མི་སྣང་ཞིང་། རྣམ་གཅད་ལ་ལྟོས་ནས་ལྔ། ཡོངས་གཅོད་ལ་ལྟོས་ནས་གཅིག་ཏུ་བསྒྲུབ་པ་ཞེས་པའི་ཚིག་འགྲོས་ལྟར་ན། མདོའི་ལྔ་ཆར་ཡང་རིགས་སྒོའི་གཅིག་པུ་དེ་ཉིད་དུ་འདུས་ཞེས་པའི་དོན་དུ་སྣང་བས། དེ་ལྟར་ན་ཕྱོགས་ཡང་དག་གི་མཚན་ཉིད། བསྒྲུབ་བྱར་ཁས་བླངས་སུ་རུང་བ་ཞེས་པར་སྣང་སྟེ། རང་འགྲེལ་ཉིད་ལས། མ་བསལ་བ་ནི་བསལ་བ་བཞི་མ་ཞུགས་པའོ། །དེའི་རྣམ་གཅོད་ནི་བསལ་བ་བཞི་ཞུགས་པ་བསྒྲུབ་བྱར་ཁས་བླངས་སུ་མི་རུང་བས་དེ་གཅོད་པའོ། །ཞེས་དང་། འོན་ཀྱང་བསྒྲུབ་བྱའི་མཚན་གཞི་རུང་བའི་ཚོགས་དོན་རྟོགས་པའི་བསྒྲུབ་བྱ་རྟོགས་པར་བརྗོད་དོ་ཞེས་གསུངས་པས་ཤེས་སོ། །དེ་ལྟར་ན་རྣམ་འགྲེལ་ལས། མཚན་ཉིད་བཞི་ལོགས་སུ་བཀར་བ་ནི་མ་བསལ་བ་རིགས་སྒོའི་དོགས་གཅོད་དང་ལྷན་ཅིག་ཏུ་འཆད་པའི་དབང་དུ་བྱས་ལ། བདག་ཉིད་ཚིག་ཕྲད་ངོ་བོའི་སྒྲ། །ཞེས་སོགས་ཚིགས་བཅད་གཅིག་གིས་མཚན་ཉིད་ལྔ་ཆར་གྱི་མ་ཁྱབ་ཁྱབ་ཆེས་སེལ་ཚུལ་སྨོས་ནས། བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །ཅེས་པས་རུང་བ་དོན་གྱིས་ཚང་བའི་དབང་དུ་བྱས་ནས་སྔར་གྱི་ལྔ་ཆར་ཡང་རིགས་སྒོའི་གཅིག་པུ་དེ་ཉིད་དུ་འདུས་ཏེ། རིགས་མི་མཐུན་ཚད་མས་བསལ་བ་ལ་ནི། ཚད་མས་གནོད་པས་རུང་བའི་དོན་མ་ཚང་ཞིང་། གཞན་བཞི་ལ་བསྒྲུབ་བྱར་ཁས་བླངས་བྱའི་དོན་མ་ཚང་བའི་ཕྱིར་ཞེས་པ་ནི་ཚིག་རྐང་ཕྱི་མ་གསུམ་གྱིས་སྟོན་ནོ། །དེ་ལྟར་བསྒྲུབ་བྱར་ཁས་བླངས་སུ་རུང་བ་དེ་ཡང་ཚད་མས་མ་བསལ་བ་ཡིན་ཏེ། ཚད་མས་བསལ་བ་ནི་བསྒྲུབ་བྱར་ཁས་བླངས་སུ་མི་རུང་བའི་ཕྱིར་ཞེས་པ་ནི། ཁས་བླངས་དེ་ཡང་ཚད་མ་ནི། །ཞེས་སོགས་ཀྱིས་སྟོན་ཏེ། སྔར་གྱི་རང་འགྲེལ་གྱི་ལུང་དྲངས་པ་དང་ཤིན་ཏུ་འབྱོར་རོ། །རྣམ་དཔྱོད་དང་སྐལ་བ་གཉིས་ཀ་དང་ལྡན་པ་དག་གི་དགའ་སྟོན་མཛོད་ཅིག གང་རུང་གཅིག་མ་ཚང་ན་མ་ཐོབ་ཉེན་ཡོད་དོ། །གསུམ་པ་དེ་དག་ལ་རྩོད་པ་སྤོང་བ་ལ་གསུམ་ལས། དང་པོ་མ་ཁྱབ་པ་སྤོང་བ་ནི། རང་དོན་སྐབས་ཀྱི་སྒྲུབ་བྱ་ལ་མ་ཁྱབ་སྟེ། ཁས་བླངས་པ་མེད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དེའི་ཚེ་དངོས་སུ་ཁས་བླངས་པ་མེད་ཀྱང་སྒྲུབ་བྱེད་གློ་བུར་བ་ཡིན་པས་བསྒྲུབ་བྱའང་གློ་བུར་དུ་འདོད་པ་ཉིད་ཡིན་པས་ཤུགས་ལ་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ཁྱབ་ཆེས་པ་སྤོང་བ་ནི། སྐབས་སུ་མ་བབ་པ་དམ་བཅས་པ་ལ་ཁྱབ་ཆེས་ཏེ། དཔེར་ན་སྒྲ་རྟག་གམ་མི་རྟག་དྲིས་པ་ན་ལ་མེ་དང་ལྡན་ནོ་ཞེས་དམ་བཅས་པའང་བསྒྲུབ་བྱར་ཐལ་བའི་ཕྱིར་རོ། །འདོད་ན་དེ་ཚར་གཅད་པའི་གནས་མ་ཡིན་པར་འགྱུར་རོ་ཞེ་ན། བསྒྲུབ་བྱར་ཁས་བླངས་ན་བསྒྲུབ་བྱར་ཡིན་མོད་ཀྱི་ཆ་གཞན་གྱི་སྒོ་ནས་ཚར་གཅད་པ་མི་འགལ་ལོ། །གསུམ་པ་རྟགས་ལ་མཚུངས་པ་སྤོང་བ་ནི། བསྒྲུབ་བྱ་ལ་ཁས་བླངས་པ་དགོས་པ་ལྟར་རྟགས་ལ་ཡང་ཁས་བླངས་པ་ཅི་སྟེ་མི་དགོས་ཞེ་ན་མི་མཚུངས་ཏེ། ཚུལ་གསུམ་གྲུབ་ན་ཁས་མ་བླངས་ཀྱང་རྟགས་སུ་འགྱུར་ལ། མ་གྲུབ་ན་ཁས་བླངས་ཀྱང་མི་འགྱུར་ཞིང་། བསྒྲུབ་བྱ་ལ་ནི་དངོས་སམ་ཤུགས་ཀྱིས་ཁས་བླངས་ནས་རྟགས་ཀྱིས་བསྒྲུབ་པའི་ཕྱིར་རོ། །མདོར་བསྡུ་ན་བསྒྲུབ་བྱའམ་ཕྱོགས་ཡང་དག་གི་མཚན་ཉིད་མདོ་ལྟར་ན་ངོ་བོའི་དོན་སོགས་ཆོས་ལྔ་ཚང་ཞིང་རྟགས་ཀྱིས་བསྟན་པར་བྱ་བ། རིགས་སྒོ་ལྟར་ན་བསྒྲུབ་བྱར་ཁས་བླངས་སུ་རུང་བའོ། །དབྱེ་ན་རང་དོན་བསྒྲུབ་བྱ་ཡང་དག་དང་། གཞན་དོན་བསྒྲུབ་བྱ་ཡང་དག་གཉིས་ལས། མཚན་ཉིད་རིམ་བཞིན། སྔར་རྒོལ་གྱིས་ཕྱིར་རྒོལ་གྱི་ངོར་བསྒྲུབ་བྱར་མ་བཟུང་བ་གང་ཞིག་ཅེས་དང་། བཟུང་བ་གང་ཞིག་ཅེས་པའི་མཇུག་ཏུ་གཞུང་གཉིས་ཀྱི་དོན་སོ་སོར་འགོད་དོ། །གཞུང་གཉིས་ཀྱི་དོན་ལྡོག་སོ་སོ་བ་ནི་མ་ཡིན་ཏེ། ལོག་རྟོག་དང་རིགས་མི་མཐུན་གཉིས་ཀ་སེལ་བ་དང་རིགས་མི་མཐུན་རྐྱང་པ་སེལ་བའམ། རྣམ་གཅད་ལ་ལྟོས་པའམ། ཡོངས་གཅོད་ལ་ལྟོས་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་མཚན་གཞི་ངོས་བཟུང་བ་ནི། འོ་ན་བསྒྲུབ་བྱའི་མཚན་གཞི་ཆོས་དང་ཆོས་ཅན་རང་མཚན་གྱི་ཚོགས་དོན་ནམ་བརྟགས་པའི་ཚོགས་དོན་གང་ཡིན་ཞེ་ན། བརྟགས་པའི་ཚོགས་དོན་མ་ཡིན་ཏེ། སྒྲ་དོན་རྐྱང་པ་ལ་དགག་སྒྲུབ་བྱས་པས་རང་མཚན་གོ་བ་མི་འགྱུར་བའི་ཕྱིར་རོ། །དངོས་པོའི་ཚོགས་དོན་ཡང་མ་ཡིན་ཏེ། རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་མི་ནུས་པའི་ཕྱིར་རོ། །དེས་ན་དེ་གཉིས་སོ་སོར་མ་ཕྱེ་བར་སྒྲ་དོན་ལ། རང་མཚན་དུ་འཁྲུལ་པའི་ཚོགས་དོན་ཉིད་བསྒྲུབ་བྱའི་མཚན་གཞི་ཡིན་ཏེ། བློས་རང་མཚན་དུ་རློམ་པའི་སྒོ་ནས་སྒྲ་དོན་ལ་དགག་སྒྲུབ་དངོས་སུ་བྱེད་པའི་ཕྱིར་རོ། །དེ་ཡང་སྒྲ་དང་མི་རྟག་པའི་ཚོགས་དོན་བསྒྲུབ་བྱའི་མཚན་གཞི་ཡིན་ཅེས་བརྗོད་པའི་ཚེ་སྒྲ་དེ་ཡང་སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བ་ཡིན་ཅིང་། མི་རྟག་པ་དེ་ཡང་སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བ་ཡིན་ཏེ། གལ་ཏེ་ཕྱེ་ན་སྒྲའི་སྒྲ་དོན་དང་མི་རྟག་པའི་སྒྲ་དོན་གྱི་ཚོགས་དོན་བསྒྲུབ་བྱ་ཡིན་ཞེས་པའམ། སྒྲ་རང་མཚན་དང་མི་རྟག་པ་རང་མཚན་གྱི་ཚོགས་དོན་བསྒྲུབ་བྱ་ཡིན་ཞེས་པ་འགྱུར་ལ། དེ་ལ་ནི་སྔར་བཤད་པ་ལྟར་གྱི་སྐྱོན་གནས་པའི་ཕྱིར་ཞེས་པའོ། །འདིས་མཚོན་ནས་བུམ་པ་ཞེས་པའི་སྒྲས་བུམ་པ་བརྗོད་ཅེས་པ་ལ་བརྗོད་བྱ་རྗོད་བྱེད་གཉིས་ཀ་ཡང་། སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བ་སྟེ་གཞན་དུ་ཡང་ན་དངོས་ཀྱི་བརྗོད་བྱ་རྗོད་བྱེད་ཁོ་ནར་འགྱུར་ཞིང་། ཡང་ན་ཞེན་པའི་བརྗོད་བྱ་རྗོད་བྱེད་ཁོ་ནར་འགྱུར་བའི་ཕྱིར་རོ། །འདི་གོ་བ་ཤིན་ཏུ་གནད་ཆེ་བ་སྣང་ངོ་། །གསུམ་པ་ཕྱོགས་ལ་གནོད་པའི་བསལ་བ་ལ་གཉིས་ཏེ། སྤྱིའི་རྣམ་གཞག་དང་། སོ་སོའི་རང་བཞིན་ནོ། །དང་པོ་ལ་མཚན་ཉིད། དབྱེ་བསྡུ། རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་གྲུབ་པའོ། །དེའང་དཔེར་མཚོན་ན་སྒྲ་རྟག་པ་ཆོས་ཅན། ཁྱོད་ལ་མཚན་ཉིད་དེ་ཚང་སྟེ། ཁྱོད་ཀྱི་སྒྲུབ་བྱེད་གཏན་ཚིགས་དང་དཔེ་ལ་སོགས་པའི་སྐྱོན་ལ་མ་ལྟོས་པར་སྒྲ་མི་རྟག་པ་དེས་ཁྱོད་དངོས་སུ་སེལ་ནུས་པའི་ཆ་ནས་ཁྱོད་ཕྱོགས་ལྟར་སྣང་དུ་སོང་བ་ཡིན་པའི་ཕྱིར། དེ་ཉིད་གྲུབ་སྟེ། སྒྲ་མི་རྟག་པ་དེ་ཁྱོད་དང་དངོས་འགལ་གང་ཞིག དེ་དངོས་སྟོབས་ཀྱི་ཚད་མས་གྲུབ་པའི་ཕྱིར། ཞེས་པ་སྟེ་འོག་མ་རྣམས་ལའང་དེ་བཞིན་དུ་གོ་བར་བྱའོ། །ཁ་ཅིག་ཚད་མས་བསལ་བ་གཞི་མ་གྲུབ་པས། མཚན་མཚོན་གྱི་རྣམ་གཞག་མི་རུང་ངོ་ཞེས་སྨྲ་བ་ནི། མེད་པ་གཞན་སེལ་གྱི་རྣམ་གཞག་མ་ཤེས་པར་ཟད་དེ། དངོས་པོར་གྲུབ་པའི་ཆོས་རྣམས་ལ་ཡང་དགག་སྒྲུབ་སྒྲ་དོན་ལ་བྱེད་པ་ལྟར། དངོས་མེད་རྣམས་ལ་ཡང་དགག་སྒྲུབ་སྒྲ་དོན་ལ་བྱེད་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། བསལ་བའི་རབ་ཏུ་དབྱེ་བ་རིགས་སྒོར་ལྔར་གསུངས་པ་དེ་ཉིད། ཀུན་བཏུས་སུ་བཞིར་བསྡུས་ནས་གསུངས་པ་དེའི་དགོངས་པ་སློབ་དཔོན་གྱིས། ཡང་དག་ངེས་ལྡན་བརྗོད་འདོད་པ། །ཞེས་སོགས་ཀྱི་ཁས་བླངས་པ་དང་། རང་ཚིག་གི་བསལ་བ་གཉིས་ཡིད་ཆེས་ཀྱི་བསལ་བ་ཞེས་གཅིག་ཏུ་སྡུད་པའི་རྒྱུ་མཚན་དང་དགོས་པ་གཉིས་ཀ་གསུངས་སོ། །འདིར་ཡང་དེའི་དབང་དུ་བྱས་ནས་བཤད་ན་བསལ་བ་ལ་བཞིར་གྲངས་ངེས་ཏེ། ཡུལ་གྱི་སྒོ་ནས་རྗེས་དཔག་ལ་གསུམ་དུ་དབྱེ་བའི་ཕྱིར་ཏེ། རྗེས་དཔག་ལ་རྟགས་ཀྱི་ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ་དང་། དངོས་པོ་སྟོབས་ཤུགས་ཀྱིས་གྲུབ་པ་གཉིས་ལས། དང་པོ་ལའང་། རང་གིས་ཁས་བླངས་པ་དང་། ཐམས་ཅད་ཀྱིས་ཁས་བླངས་པ་གཉིས་སུ་འགྱུར་བའི་ཕྱིར་རོ། །དེ་ཡང་ཚུར་བསྡུ་ན་དངོས་སྟོབས་ཀྱི་བསལ་བ་དང་། ཁས་བླངས་ཀྱི་བསལ་བ་གཉིས་སུ་འདུས་ཏེ། མངོན་སུམ་དང་། དངོས་སྟོབས་རྗེས་དཔག་གཉིས་ནི། དངོས་སྟོབས་ཀྱི་ཚད་མ་ཡིན་ལ། ཕྱི་མ་གཉིས་ནི། ཁས་བླངས་པ་ཙམ་གྱིས་དེ་ལས་བྱུང་བ་དང་དེའི་བདག་ཉིད་དུ་སྒྲོ་བཏགས་ནས་དེའི་བསལ་བ་ཡང་ཁས་བླངས་ཀྱི་བསལ་བར་བཞག་པའི་ཕྱིར་རོ། །གསུམ་པ་ནི། རྗེས་དཔག་གི་བསལ་བ་ལ་གསུམ་དུ་དབྱེ་བ་བཞིན་དུ། མངོན་སུམ་གྱི་བསལ་བ་ལ་ཡང་དབྱེར་རུང་བས་དྲུག་ཏུ་འགྱུར་ཏེ། ཟླ་གཉིས་མེད་དོན་ཞེས་ཟེར་བ་ལ་ཟླ་བ་གཉིས་སྣང་མངོན་སུམ་དུ་ཁས་བླངས་པས་བསལ་བ་དང་། སྒྲས་བརྗོད་མི་རུང་ལ་བརྗོད་རུང་དུ་འཛིན་པའི་མངོན་སུམ་གྱི་བསལ་བ་དང་། གྲགས་པའི་མངོན་སུམ་གྱི་བསལ་བའང་ཡོད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཟླ་བ་གཉིས་སྣང་མངོན་སུམ་མ་ཡིན་པ་ལ་མངོན་སུམ་དུ་ཁས་བླངས་པས་སེལ་བ་ནི་ཚིག་ལས་དོན་གྱི་རྣམ་པ་དཔོག་པའི་འབྲས་རྟགས་ལ་བརྟེན་པའི་རྗེས་དཔག་གི་སེལ་བ་ཡིན་ཅིང་བརྗོད་རུང་མངོན་སུམ་གྱིས་མི་གྲུབ་པས། གྲགས་པའི་མངོན་སུམ་གྱི་བསལ་བའང་མི་འཐད་པའི་ཕྱིར་རོ། །གཉིས་པ་སོ་སོའི་རང་བཞིན་ལ་གཉིས་ཏེ། ཆོས་ཀྱི་ངོ་བོ་ལ་གནོད་པའི་བསལ་བ་བཤད་པ། ཆོས་ཀྱི་ཁྱད་པར་སོགས་ལ་གནོད་པའི་བསལ་བ་བཤད་པའོ། །དང་པོ་ནི་མདོར། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པ་རང་རྟེན་ལའོ། །ཞེས་པ་རྩ་འགྲེལ་གྱིས་བསལ་བ་བཞི་གསུངས་ཏེ། མངོན་སུམ་དང་། དངོས་སྟོབས་རྗེས་དཔག་དང་། ཡིད་ཆེས་དང་། གྲགས་པའི་བསལ་བའོ། །དང་པོ་མངོན་སུམ་གྱི་བསལ་བའི་མཚན་ཉིད་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་མྱོང་སྟོབས་ཀྱིས་གྲུབ་པ་སྟེ། དཔེར་ན་སྒྲ་མཉན་བྱ་མ་ཡིན་ཞེས་དམ་བཅས་པ་ན་ཞེན་དོན་དེ་ཉིད་ལྟ་བུའོ། །བསྒྲུབ་ཚུལ་ནི་སྔ་མ་ལ་དཔགས་ཏེ་ཤེས་པར་བྱ་ཞིང་། རྣམ་འགྲེལ་ལས། གནོད་ཚུལ་རྒྱས་པར་མངོན་སུམ་ལེའུར་བསྟན་ཟིན་པ་ལ་དགོངས་ནས། གཞན་དོན་ལེའུར་མདོའི་དོན་དང་མཉན་བྱ་སྨོས་པའི་དགོས་པ་བཤད་པའི་སྒོ་ནས་ཅུང་ཟད་བཤད་དོ། །གཉིས་པ་དངོས་སྟོབས་རྗེས་དཔག་གི་བསལ་བའི་མཚན་ཉིད་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ། དངོས་སྟོབས་རྗེས་དཔག་གིས་གྲུབ་པ་སྟེ། རྣམ་འགྲེལ་ལས། གནོད་ཚུལ་རྒྱས་པར་རང་དོན་ལེའུར་བསྟན་ཟིན་པ་ལ་དགོངས་ནས། གཞན་དོན་ལེའུར་མ་གསུངས་ལ། འོན་ཀྱང་རང་རྟེན་གྱི་དགོས་པ་བཤད་པ་ནི་རྗེས་དཔག་སུམ་ཆར་གྱི་ཐུན་མོང་བ་ཡིན་ནོ། །གསུམ་པ་ཡིད་ཆེས་ཀྱི་བསལ་བ་ལ་མཚན་ཉིད། དབྱེ་བ། དེ་དག་གི་དོན་ལ་དཔྱད་པ་དང་གསུམ་ལས། དང་པོ་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་ཡིད་ཆེས་རྗེས་དཔག་གིས་གྲུབ་པའོ། །གཉིས་པ་ལ་རིགས་སྒོར་གསུངས་པ་ལྟར། ཁས་བླངས་ཀྱི་བསལ་བ་དང་། རང་ཚིག་གི་བསལ་བ་གཉིས་ལས། དང་པོ་ནི། དཀར་ཆོས་སྤྱད་པ་ལས། མ་འོངས་པ་ན་བདེ་བ་མི་འབྱུང་བར་དམ་བཅས་པ་ན་དེའི་ཞེན་དོན་ལྟ་བུ་དང་། གཉིས་པ་ནི། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ། །ཞེས་དམ་བཅས་པ་ན་དེའི་ཞེན་དོན་ལྟ་བུའོ། །གསུམ་པ་ལ་གསུམ་སྟེ། ཁས་བླངས་དང་རང་ཚིག་གི་ཁྱད་པར། དེ་འགལ་ན་དམ་བཅའ་འཇིག་པ། དེས་ན་གཞན་དོན་ལ་སྒྲ་སྐྱོན་དུ་འགྱུར་བའོ། །དང་པོ་ལ་སྔ་རབས་པ་དག ཡིད་ཆེས་པའི་ལུང་དང་འགལ་བ་དང་། རྒོལ་བ་རང་གི་ངག་དང་འགལ་བ་ཞེས་ཟེར་མོད། རྣམ་ངེས་ལས། འོ་ན་འདི་དག་ལ་དབྱེ་བ་ཅི་ཡོད། ཅུང་ཟད་ཀྱང་མེད་དོ། །འོ་ན་ཅི་ལྟར་སོ་སོར་བརྗོད་ཅེ་ན། ངག་གི་དབྱེ་བས་དེ་ལྟར་འགྱུར་རོ། །ཞེས་གསུངས་པས། སློབ་དཔོན་ནི་ངག་གི་དབྱེ་བར་བཞེད་དོ། །ཁས་བླངས་དང་འགལ་བ་ནི་སྔར་དམ་བཅས་པ་དང་། ཕྱིས་བརྗོད་པ་གཉིས་འགལ་བ་སྟེ། དཔེར་ན་སྔ་མར་དམ་བཅས་ནས་ཕྱིས་མོ་གཤམ་དུ་བརྗོད་པའི་ཚེ་སྔར་གྱི་དམ་བཅའ་དེ་དང་འགལ་བས་མོ་གཤམ་ཡིན་པ་ཁས་བླངས་ཀྱི་བསལ་བར་འགྱུར་བ་དང་། རང་ཚིག་དང་འགལ་བ་ནི། དམ་བཅས་པའི་དོན་དེ་ཉིད་ལས་དཔག་ན་འགལ་བ་སྟེ། དཔེར་ན་རྗེས་དཔག་ཚད་མ་མ་ཡིན་ཞེས་བརྗོད་པའི་ཚེ་སྤྱིར་གཞལ་བྱ་བདེན་པ་བཀག་ནས། བྱེ་བྲག་ཚིག་དེ་ཉིད་ཀྱི་བརྗོད་བྱར་གྱུར་པའི་གཞལ་བྱ་ཁས་ལེན་པས་སྔ་མ་དང་འགལ་བས་གཞལ་བྱ་ཕྱི་མ་རང་ཚིག་གི་བསལ་བར་འགྱུར་བ་ལྟ་བུའོ། །འདི་གཉིས་ཀ་ལ་ཀུན་བཏུས་སུ། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་དཔེ་གཅིག་གསུངས་ལ། རིགས་སྒོར་ལུང་དང་འགལ་བ་ལ་དཔེར་བརྗོད་གཞན་དུ་གསུངས་པའི་དོན། རྣམ་ངེས་ལས། ཆོས་ནི་ཚེ་འཕོས་ནས་བདེ་བ་སྟེར་བ་བྱེད་པ་མ་ཡིན་ནོ། །ཞེས་པ་ལ་བཤད་དོ། །གཉིས་པ་ནི། དམ་བཅས་པའི་དོན་ནི། རང་གི་བསམ་པ་ཡོད་པར་བསྟན་པ་ཡིན་ལ། རང་ཚིག་དངོས་ཤུགས་འགལ་བའམ། ཁས་བླངས་སྔ་ཕྱི་འགལ་བ་ལྟ་བུ་གཞི་གཅིག་ལ་བསྡུས་ན་རྩི་ངན་པའི་ཞོ་ལྟར་རང་གི་ངང་གིས་འདོད་པ་འཇིག་པ་ཡིན་ནོ། །གསུམ་པ་ནི། དེས་ན་བརྗོད་པ་སྐྱོན་ཅན་གྱིས། །རྩོད་པའི་སྐབས་སུ་ཕམ་པ་བསྐྱེད། །ཅེས་ཏེ། ཚིག་སྐྱོན་ཅན་བརྗོད་པ་ཉིད་ཀྱིས་གཞན་དོན་རྗེས་དཔག་ལ་ཀླན་ཀར་འགྱུར་བའོ། །བཞི་པ་གྲགས་པའི་བསལ་བ་ལ་གཉིས་ལས། དང་པོ་མཚན་ཉིད་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་གྲགས་པའི་རྗེས་དཔག་གིས་གྲུབ་པའོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། བསྡུས་ཏེ་བཤད་པ་དང་། ཕྱེ་སྟེ་བཤད་པའོ། །དང་པོ་ནི། དོན་ཐམས་ཅད་འདོད་རྒྱལ་བའི་སྒྲས་བརྗོད་རུང་དུ་གྲུབ་སྟེ། བརྡ་སྤྲོད་པ་དག་སྒྲ་དོན་ལ་དངོས་པོའི་འབྲེལ་པ་འདོད་པ་ནི་བརྗོད་བྱ་རྗོད་བྱེད་བརྟགས་པའི་སྐབས་སུ་བཀག་ཟིན་ཅིང་། སྒྲ་ཐམས་ཅད་བརྗོད་འདོད་ཀྱི་དབང་གི་འཇུག་པ་ཡང་གཞན་སེལ་གྱི་སྐབས་སུ་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། མདོའི་ཚིག་འགོད་པ་དང་། དེའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ནི་མེད་ལ་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན་བསལ་བ་དེ་ཡང་ཕྱོགས་མ་ཡིན་ཏེ། དཔེར་ན་རི་བོང་ཅན་ཆོས་ཅན། ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། བཤད་ཚུལ་དང་པོ་དང་། གཉིས་པ་དང་། དེ་དག་གི་དགོངས་པ་དཔྱད་པའོ། །དང་པོ་ལ་གཉིས་ཏེ། གཞན་གྱིས་བཏགས་པ་དགག་པ་དང་། རང་གི་འཐད་པ་བརྗོད་པའོ། །དང་པོ་ལ་ཕྱོགས་སྔ་མ་བརྗོད་པ་ནི། བརྡ་སྤྲོད་པ་དག་ན་རེ། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་སྟེ། ཡོད་པའི་ཕྱིར་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་ཐུན་མོང་མ་ཡིན་པར་འགྱུར་བ་ནི་གཏན་ཚིགས་འདི་ལ་མཐུན་དཔེ་མེད་པས་ཐུན་མོང་མ་ཡིན་པ་ཡིན་ཏེ། དཔེར་ན་གང་བཞག་པའི་ཆོས་དེ་ལའང་ཟླ་བའི་སྒྲས་བརྗོད་དུ་རུང་བའི་ཕྱིར་རོ། །དེས་ན་རྟགས་ཀྱི་གཙོ་བོ་ཡོད་པ་ལ་ཡང་རྗེས་འགྲོ་མེད་ན། རྟགས་ཕལ་པ་དེ་ལས་གཞན་གང་བཀོད་ཀྱང་རྗེས་འགྲོ་མེད་པའི་ཐུན་མོང་མ་ཡིན་པར་འགྱུར་བ་སྨོས་ཅི་དགོས་ཏེ། ཡོད་པ་དཔེར་བརྗོད་པའི་འབྲས་བུའང་འདི་ཉིད་ཡིན་ནོ། །གཉིས་པ་འགལ་བར་འགྱུར་བ་ནི། གཏན་ཚིགས་དེ་ཉིད་འགལ་བ་ཡིན་ཏེ། ཡོད་ན་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བས་ཁྱབ་པའོ། །དེས་ན་ལུང་ཚིག་དུམ་བུ་དང་པོའི་དོན་བརྡ་སྤྲོད་པའི་རྟགས་ཐུན་མོང་མ་ཡིན་པར་བསྟན་པ་དང་། ཕྱི་མའི་དོན་འགལ་བར་བསྟན་པའོ། །གཉིས་པ་འཐད་པ་བརྗོད་པ་ལ་གཉིས་ཏེ། བརྗོད་རུང་གི་གྲགས་པ་དང་། སྒྲ་ལས་བྱུང་བའི་གྲགས་པ་ངོས་བཟུང་བའོ། །དང་པོ་ནི། འཇིག་རྟེན་ཡུལ་ལུགས་ཀྱི་དཔྱོད་པ་ལས་བྱུང་བ་འདོད་རྒྱལ་བའི་སྒྲས་བརྗོད་དུ་རུང་བ་ཉིད་ལ་བརྗོད་རུང་གི་གྲགས་པ་ཞེས་བརྡ་མཛད་དེ། ཐ་སྙད་ལས་ནི་སྐྱེས་པ་ཡིས། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད། །ཅེས་གསུངས་པས་སོ། །བརྗོད་རུང་དེས་དོན་ཐམས་ཅད་ལ་ཁྱབ་སྟེ། ཡུལ་དུས་རྣམ་པ་གང་ཡིན་ཡང་རུང་སྔར་བརྡ་བྱས་སམ་མ་བྱས་ཀྱང་རུང་། ཐུན་མོང་དུ་གྲགས་སམ་མ་གྲགས་ཀྱང་རུང་སྟེ། སྒྲས་བརྗོད་རུང་ཐམས་ཅད་ལ་གྲུབ་པས་བརྗོད་རུང་བསྒྲུབ་པའི་གཏན་ཚིགས་ཐུན་མོང་བར་དགོངས་པའི་ཕྱིར་རོ། །གལ་ཏེ་རུང་བ་ཙམ་གྲུབ་མོད་ཀྱི། སྔར་ཟླ་བར་མ་གྲགས་པ་བུམ་པ་སོགས་ལ་ཟླ་བ་ཞེས་པའི་སྒྲ་ལ་ལྟོས་ནས་གྲགས་པ་མིང་འདོགས་པ་དེ་འཇིག་རྟེན་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། འཚེད་པའི་ནུས་པ་ཡོད་པ་ལ་འཚེད་པ་དང་བཏུང་དུ་རུང་བ་ལ་བཏུང་བ་ཞེས་བརྗོད་པ་བཞིན་གྲགས་རུང་ལ་གྲགས་པའི་བརྡ་མཛད་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་སྒྲ་ལས་བྱུང་བའི་གྲགས་པ་ལ་གཉིས་ལས། དང་པོ་སྒྲ་བྱུང་གི་གྲགས་པ་ངོས་བཟུང་བ་ནི། སྔར་གྱི་བརྗོད་རུང་གི་གྲགས་པ་དེ་ཉིད་ལ་སླར་ཡང་སྒྲ་ལས་བྱུང་བའི་གྲགས་པ་ཞེས་དེའི་མིང་གིས་བརྗོད་པའི་དགོས་པ་ནི། སྒྲས་བརྗོད་རུང་ཙམ་དོན་ཐམས་ཅད་ལ་གྲུབ་མོད་ཀྱི། བརྡ་ལ་བརྟེན་པ་དང་། བརྡ་དེ་ཡང་བརྗོད་འདོད་ལ་བརྟེན་ནས་གྲུབ་ན། གྲགས་པའང་གྲུབ་བོ་ཞེས་བསྟན་པའི་ཕྱིར་དུ་ཡིན་ཏེ། སྒྲ་ལ་ལྟོས་པ་ལ་སྒྲ་ལས་བྱུང་བ་ཞེས་གསུངས་པས་སོ། །དེ་ལྟར་ན་གྲགས་པས་གྲུབ་པའི་ཡུལ་ཅན་ནི། རྗེས་དཔག་ཡིན་པས་རྗེས་དཔག་གི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་མི་སྲིད་པས་དེའི་ལོག་ཕྱོགས་བརྗོད་མི་རུང་ཕྱོགས་མ་ཡིན་ཞེས་པའོ། །གཉིས་པ་བཤད་ཚུལ་གཉིས་པ་ལ་གསུམ་ལས། དང་པོ་རྗེས་དཔག་ལས་གྲགས་པ་ཡུལ་ཐ་དད་པར་བསྒྲུབ་པ་ནི། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ནི་མེད་ལ། ཞེས་གསུངས་པའི་དོན། བརྡ་སྤྲོད་པའི་བསྒྲུབ་བྱ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་དུ་མི་རུང་བ་དེ་ལ་དངོས་སྟོབས་རྗེས་དཔག་མེད་པར་སྟོན་ལ། དེས་དངོས་སྟོབས་ལས་གྲགས་པའི་རྗེས་དཔག་ཡུལ་ཐ་དད་དུ་ཡང་སྟོན་ཏེ། བརྗོད་མི་རུང་སྒྲ་དོན་ཡིན་པས་དངོས་སྟོབས་རྗེས་དཔག་མི་འཇུག་པར་བསྟན་པའི་ཕྱིར་རོ། །བོད་དག་བརྗོད་རུང་ལ་དངོས་སྟོབས་རྗེས་དཔག་མེད་པའི་དོན་དུ་འཆད་པ་ནི་ནོར་ཏེ། དེ་ལྟར་ན་བཤད་ཚུལ་གཉིས་པའི་ཚེ། ལུང་དེ་བརྡ་སྤྲོད་པའི་གཏན་ཚིགས་འགོད་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གཉིས་པ་དེ་ལ་གཞན་གྱིས་བཏགས་པ་དགག་པ་ལ་གཉིས་ལས། དང་པོ་བརྡ་སྤྲོད་པའི་རྟགས་ཐུན་མོང་མ་ཡིན་པར་འགྱུར་བ་ནི་བཤད་ཚུལ་དང་པོའི་སྐབས་དང་འདྲའོ། །གཉིས་པ་རང་སྡེའི་བཤད་ཚུལ་མི་འཐད་པ་ནི། མདོའི་འགྲེལ་བྱེད་ཁ་ཅིག སློབ་དཔོན་གྱིས་ལུང་དེ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ཁོ་ན་ལ་དཔེ་མེད་པའི་དབང་དུ་བྱས་ནས་གསུངས་པ་ཡིན་ནོ་ཞེས་འདོད་པ་ནི་མི་འཐད་དེ། དེ་ལ་དཔེ་མེད་དུ་ཆུག་ཀྱང་ད་ཏྲིག་ཤིང་མ་ཡིན་པ་ལ་ཡང་གྲགས་པས་གནོད་པའི་ཕྱིར་རོ། །གསུམ་པ་སློབ་དཔོན་གྱི་དགོངས་པ་དཔྱད་པ་ནི། སྤོས་སྦྱོར་ལས། ག་པུར་དང་། བཅུད་ལེན་ལས་དངུལ་ཆུ་ལ་སོགས་པ་ལ་ཡང་ཟླ་བའི་སྒྲ་འཇུག་པ་མཐོང་བས། ཟླ་སྒྲ་ཐུན་མོང་བར་གྲུབ་ལ་ཐུན་མོང་བའི་སྒྲ་གཅིག་ལ་གྲུབ་ན་དེ་ཉིད་དཔེར་བྱས་ནས་གཞན་ལའང་འཇུག་ཏུ་རུང་བ་ནི། དངོས་པོའི་སྟོབས་ཀྱིས་གྲུབ་སྟེ། དེས་ན་རྒྱུ་མཚན་ཅན་གྱི་སྒྲ་དོན་ཐམས་ཅད་ལ་འཇུག་ཏུ་རུང་བ་འགོག་པ་ནི་གྲགས་པ་དང་མི་འགལ་ཡང་འདོད་རྒྱལ་བའི་སྒྲ་དོན་ཐམས་ཅད་ལ་འཇུག་རུང་འགོག་པ་ནི། གྲགས་པ་དང་འགལ་ཞེས་བྱ་བར་དགོངས་སོ། །མདོར་ན་བཤད་ཚུལ་དང་པོས་བརྡ་སྤྲོད་པའི་གཏན་ཚིགས་དེ་ལ་གྲགས་པའི་རྗེས་དཔག་མེད་ཅེས་དང་། བཤད་ཚུལ་གཉིས་པས་དངོས་སྟོབས་རྗེས་དཔག་མེད་ཅེས་སྟོན་ཏེ། ཐུན་མོང་མ་ཡིན་པའི་ཕྱིར་ཞེས་པ་ནི་གཉིས་ཀ་ལ་འདྲའོ། །འདི་ཇི་ལྟ་བ་བཞིན་དུ་རྟོགས་པ་གངས་ཅན་འདིར་གཞན་མི་སྣང་ངོ་། །གསུམ་པ་དེ་དག་གི་དགོངས་པ་དཔྱད་པ་ལ་གཉིས་ཏེ། གཞན་གྱི་ལུགས་དགག་པ་དང་། རང་གི་ལུགས་བརྗོད་པའོ། །དང་པོ་ནི། སྔ་རབས་པ་ཁ་ཅིག གྲགས་པ་ལ་བརྡའི་གྲགས་པ་དང་། ཐ་སྙད་ཀྱི་གྲགས་པ་གཉིས་ལས། དང་པོ་ལ་ཡང་དངོས་ཀྱི་བརྗོད་རུང་དང་། ཞེན་པའི་བརྗོད་རུང་གཉིས་སུ་ཕྱེ་ནས་དངོས་ཀྱི་བརྗོད་རུང་དོན་སྤྱི་དང་། ཞེན་པའི་བརྗོད་རུང་དངོས་པོར་བྱས་ཏེ། མདོའི་བཤད་ཚུལ་དང་པོས་ཞེན་པའི་བརྗོད་རུང་གི་གྲགས་པ་དང་། ཕྱི་མས་དངོས་ཀྱི་བརྗོད་རུང་གི་གྲགས་པ་གཉིས་འཆད་པ་ཡིན་ནོ་ཞེས་འདོད་པ་ནི་མི་འཐད་དེ། འཆད་པའི་ཚེ་གཉིས་སུ་དབྱེར་ཡོད་ཀྱི། འཇུག་པའི་ཚེ་གཉིས་སུ་དབྱེར་མེད་ཅིང་། རྟགས་ལས་བསྒྲུབ་བྱ་རྟོགས་པ་ཡང་འཇུག་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྔ་མས་སྒྲ་བྱུང་གྲགས་པ་ལ། །རྗེས་དཔག་མེད་ཕྱིར་མི་ཁེགས་པའམ། །ཡང་ན་དེ་ལ་འགལ་ཟླ་མེད། །དེས་ན་ངེས་ཕྱིར་གནོད་བྱེད་ཡིན། །ཕྱི་མ་གྲགས་པའི་རྗེས་དཔག་ལས། །ཡུལ་གྱི་དབྱེ་བ་བསྟན་པ་ཡིན། །དེ་ལྟར་ཤེས་ན་གྲགས་པ་ཡི། །བསལ་བ་མཁས་པའི་དགོངས་པ་འགྲུབ། །ཞེས་པ་སྟེ་སྔར་ལེགས་པར་བཤད་ཟིན་ཏོ། །གཉིས་པ་ཆོས་ཀྱི་ཁྱད་པར་སོགས་ལ་གནོད་པའི་བསལ་བ་ལ་གཉིས་ཏེ། བཤད་བྱའི་མདོ་འགོད། མདོའི་དོན་བཤད་པའོ། །དང་པོ་ནི། མདོ་ལས། མངོན་སུམ་དོན་དང་ཞེས་སོགས། རྩ་འགྲེལ་གྱི་མཇུག་ཐོགས་དེ་མ་ཐག་ཏུ་འདི་ཡང་ཆོས་ཀྱི་རང་གི་ངོ་བོ་དང་འགལ་བ་སེལ་བའི་སྒོ་ཙམ་ཞིག་བསྟན་པ་ཡིན་ལ། ཕྱོགས་འདིས་ནི་ཕྱོགས་དང་ཆོས་ཅན་གྱི་ཁྱད་པར་དང་ཆོས་ཅན་རང་གི་ངོ་བོ་སེལ་བར་བྱེད་པའང་རིག་པར་བྱ་སྟེ། དཔེར་ན་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་རྫས་གཞན་མ་ཡིན་ཏེ། སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་རོ། །ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་མ་ཡིན་ཏེ། མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་དང་རྫས་དག་རྫས་དང་རྫས་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་ངག་ཐམས་ཅད་བརྫུན་པའི་དོན་ཅན་ཡིན་ནོ་ཞེས་བྱ་བ་འདི་ནི། ངག་དང་ངག་གི་བདག་ཉིད་བརྫུན་པའི་དོན་ཅན་ཉིད་དུ་ཡོད་པ་གང་ཡིན་པ་དེ་བརྫུན་པ་ཉིད་ཡིན་ན་གལ་ཏེ་ངག་དང་བརྫུན་པ་དག་ཐམས་ཅད་སེལ་བར་བྱེད་པ་སྟེ། དེ་ལྟར་ན་གཉིས་ཀའི་རང་གི་ངོ་བོ་སེལ་བར་བྱེད་པ་ཡིན་ནོ། །ཅི་སྟེ་ངག་གི་བདག་ཉིད་ཀྱི་བརྫུན་པ་ཉིད་ཀྱི་སེལ་བ་དེ་ལྟ་ན་གཉིས་ཀའི་ཁྱད་པར་བསལ་བ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། གནོད་ཡུལ་གྱི་དམ་བཅའ་ལྟར་ངོས་བཟུང་བ་དང་། དེ་ལ་གནོད་བྱེད་ཀྱི་རིགས་པ་བསྟན་པའོ། །དང་པོ་ནི། བྱེ་བྲག་པས་མངོན་སུམ་གྱིས་མཐོང་དུ་རུང་ཞིང་སྒྲིབ་ཐོགས་ལ་སོགས་པའི་བྱ་བ་བྱེད་པར་མཐོང་བས་རགས་པ་ཡན་ལག་ཅན་དེ་རང་གི་ཡན་ལག་ལ་མེད་པའི་ཆོས་གསུམ་དང་ལྡན་པའི་སྒོ་ནས་རང་གི་ཡན་ལག་རྣམས་ལས་རྫས་གཞན་དུ་དམ་བཅས་པ་ཡིན་ནོ། །ཆོས་གསུམ་ནི་ཡོན་ཏན་ལྕིད་ལྷག་པོ་དང་། དེའི་འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་། དེ་གཉིས་འཕྲོད་པ་འདུ་བའི་རྒྱུ་དང་གསུམ་མོ། །དེས་ན་རང་འདོད་པའི་ཆོས་གསུམ་ཡན་ལག་ཅན་གྱི་རྫས་བསྒྲུབ་པར་འདོད་ནས་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ནོ། །ཞེས་དང་། ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་ཡིན་ནོ་ཞེས་དང་། རྫས་ནི་ཡོད་པ་ཡིན་ནོ་ཞེས་དམ་བཅའི་ཚུལ་ཅུང་ཟད་མི་འདྲ་བ་གསུམ་བཅས་པ་ཡིན་ནོ། །དེས་ན་བྱེ་བྲག་པས་མངོན་སུམ་གྱིས་མཐོང་དུ་རུང་བའི་ཡན་ལག་ཅན་རགས་པ་ནི་རང་གི་ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ལྷག་པོ་སོགས་ཆོས་གསུམ་གྱིས་ཁྱད་པར་དུ་བྱས་པའི་སྒོ་ནས་ཡན་ལག་ལས་རྫས་གཞན་ཡིན་ཅེས་པའི་དམ་བཅའ་ནི་སྐབས་འདིར་བསྟན་གྱི་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ལྟར་སྣང་ཡིན་པས་མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་རགས་པ་ནི་ཆོས་ཅན་གྱི་ངོ་བོ་དང་། རང་གི་ཡན་ལག་ལས་རྫས་གཞན་པ་ནི་ཆོས་ཀྱི་ངོ་བོ་དང་། ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ལྷག་པོ་སོགས་ཆོས་གསུམ་ནི་དམ་བཅའ་དེའི་ཆོས་ཀྱི་ཁྱད་པར་ཡིན་ཞིང་། འདིར་ཆོས་གསུམ་པོ་ཉིད་ལ་གཙོ་བོར་གནོད་པ་སྟོན་པས་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ཞེས་བྱའོ། །དམ་བཅའ་གཉིས་པའི་དོན་ནི། མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་རྣམས་ནི་ཆོས་ཅན་གྱི་ངོ་བོ་ཡིན་ལ། ཡན་ལག་ཅན་ལས་རྫས་གཞན་པ་ནི་ཆོས་ཅན་གྱི་ཁྱད་པར་ཡིན་ཏེ། འདིར་རྫས་གཞན་ལ་གཙོ་བོར་གནོད་པ་སྟོན་པས་ཆོས་ཅན་གྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ཞེས་བྱའོ། །འདིར་ཡན་ལག་ཞེས་པ་ཡན་ལག་གསུམ་པ་ཡན་ལག་དང་ཡན་ལག་ཅན་གྱི་གཞི་མཐུན་དེ་ཉིད་ཡིན་ལ། ཡན་ལག་ཅན་ལས་ཞེས་པ་རང་གིས་བརྩམས་པའི་ཡན་ལག་ཅན་ཡན་ལག་བཞི་པ་དེ་ཉིད་མ་ཡིན་གྱི་རང་རྩོམ་བྱེད་ཡན་ལག་གཉིས་པ་ལ་ཡན་ལག་ཅན་དང་པོར་འཇོག་པ་དེ་ཉིད་ཡིན་ཏེ། རྒྱལ་དབང་བློས་ཡན་ལག་ཕ་རོལ་པོ་དེ་ལས་ཞེས་པའི་དོན་ཏོ། །དམ་བཅའ་གསུམ་པ་ནི་འདིར་རྫས་ཙམ་ནི་ཆོས་ཅན་ཡིན་ལ། ཡོན་ཏན་གཞན་གྱི་རྟེན་བྱེད་པ་ནི་དེའི་ངོ་བོ་སྟེ། དེའི་དོན་ལྡོག་ཏུ་བྱེ་བྲག་པས་འདོད་པའི་ཕྱིར་རོ། །མདོར་ན་རིགས་པ་སྔ་མ་གསུམ་གྱིས་རིམ་པ་ལྟར་ཆོས་གསུམ་དང་། ཡན་ལག་ལ་རྫས་གཞན་དང་། རྫས་ཀྱི་དོན་ལྡོག་ལ་གནོད་པ་སྟོན་པའི་ཚུལ་ཤེས་ན་གནད་ཐམས་ཅད་རང་གྲོལ་དུ་འགྱུར་རོ། །དམ་བཅའ་བཞི་པའི་དོན་ནི་འོག་ཏུ་འཆད་དོ། །གཉིས་པ་ལ་བཞི་སྟེ། ཆོས་ཀྱི་ཁྱད་པར་ལ། ཆོས་ཅན་གྱི་ཁྱད་པར་ལ། ཆོས་ཅན་རང་གི་ངོ་བོ་ལ། དེ་གཉིས་ཀའི་ངོ་བོ་དང་ཁྱད་པར་ལ་གནོད་ཚུལ་བཤད་པའོ། །དང་པོ་ལ། རྗེས་དཔག མངོན་སུམ། ཁས་བླངས། རང་ཚིག གྲགས་པས་གནོད་ཚུལ་དང་ལྔ་ལས། དང་པོ་ནི། མདོ་ལས། སྲང་དམའ་བའི་ཁྱད་པར་དག་མི་འཛིན་པའི་ཕྱིར་ཞེས་རང་རྒྱུད་དངོས་སུ་བསྟན་ཅིང་འདིར་སྲང་ནི་དམའ་བ་དག་ཏུ་འགྱུར་ཞེས། ཐལ་འགྱུར་དངོས་སུ་བསྟན་པའི་དོན་ནི་འདི་ལྟར་བྱ་སྟེ། ལྕིད་མཉམ་གྱི་འཇིམ་རིལ་བཅུ་ཚན་གཉིས་ལ་བཅུ་ཚན་གཅིག་བསྲེས་ནས་སྲང་ལ་གཞལ། ཅིག་ཤོས་མ་བསྲེས་པར་སྲང་ལ་གཞལ་བའི་ཚེ་ན་བསྲེས་པའི་འཇིམ་གོང་དེ་ཆོས་ཅན། མ་བསྲེས་པར་ཅིག་ཅར་སྲང་ལ་བཅལ་བའི་བཅུ་ཚན་དེ་ལས་ཁྱོད་སྲང་མགོ་ཐུར་དུ་དམའ་བར་འགྱུར་བར་ཐལ། མ་བསྲེས་པའི་དུས་སུ་ཁྱོད་དང་དེ་གཉིས་སྲང་གྲངས་མཉམ་པ་གང་ཞིག ཁྱོད་ལ་རང་གི་ཡན་ལག་ལ་མེད་པའི་ཡན་ལག་ཅན་གྱི་ལྕིད་ལྷག་པོ་ཡོད། ཅིག་ཤོས་ལ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་ཐལ་འགྱུར་གྱིས་བསྲེས་པའི་འཇིམ་གོང་དེ་ལ་ཡན་ལག་ལ་མེད་པའི་ལྕིད་ཀྱི་ཡོན་ཏན་དོན་གཞན་ཡོད་པའི་ལོག་རྟོག་གི་དབལ་བཅོམ་ནས་ཤེས་འདོད་ཞུགས་པ་ན་སྔར་གྱིས་བསྲེས་པའི་འཇིམ་གོང་དེ་ཆོས་ཅན། རང་གི་ཡན་ལག་ལ་མེད་པའི་ཡན་ལག་ཅན་གྱི་ལྕིད་ལྷག་པ་མེད་དེ། དེས་སྐྱེད་པའི་འབྲས་བུ་སྲང་མགོ་ཐུར་དུ་འགྲོ་བའི་བྱ་བ་མེད་པའི་ཕྱིར། ཞེས་པའི་དངོས་འབྲས་མ་དམིགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གི་ཡོན་ཏན་ལྕིད་ལྷག་ཁེགས། དེ་ཁེགས་པའི་འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་། དེ་གཉིས་ཀྱི་འཕྲོད་པ་འདུ་བའི་རྒྱུ་ཁེགས། འབྲེལ་ཡུལ་དེ་གསུམ་ཁེགས་པས། འབྲེལ་ཆོས་ཡན་ལག་ལས་རྫས་གཞན་ཡིན་པ་ཁེགས་ཏེ། དེས་ན་མེད་ན་མི་འབྱུང་བའི། །ཁྱད་པར་གཞན་ལ་གནོད་པ་ཡིན། །ཞེས་སོ། །གཉིས་པ་ནི། གཟུགས་སོགས་ལྷག་དང་ལྷག་ལྕིད་བཞིན། །ཞེས་སོགས་ཏེ། ཡན་ལག་ཅན་ལ་ཡན་ལག་ལ་མེད་པའི་ཡོན་ཏན་གཟུགས་དྲི་སོགས་ཡོད་ན་མངོན་སུམ་གྱིས་དམིགས་དགོས་པ་ལས། མངོན་སུམ་གྱིས་མ་དམིགས་པ་ན་མངོན་སུམ་གྱིས་གནོད་ཅེས་པའོ། །གསུམ་པ་ནི། ཡན་ལག་ཅན་ལ་ལྕིད་ཀྱི་ཡོན་ཏན་ལྷག་པོ་ཡོད་པས། དེའི་འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་ལྡན་པ་ཡང་། ཁས་བླངས་ཤིང་འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་ལྡན་ཀྱང་སྲང་ལས་མི་རྟོགས་པར་ཁས་བླངས་པས་ཁས་བླངས་འགལ་བ་ཡིན་ནོ། །བཞི་པ་ནི། ཡན་ལག་ཅན་ལ་རང་གི་ཡན་ལག་ལས། རྫས་གཞན་དུ་འབྱེད་པར་བྱེད་པའི་ཆོས་གསུམ་ཡོད་པར་དངོས་སུ་སྨྲས་ཤིང་ཡན་ལག་དང་ཡན་ལག་ཅན་དུ་སྨྲ་བའི་ཤུགས་ལ། རང་གི་ཡན་ལག་ལས་རྫས་གཞན་དུ་འབྱེད་པར་བྱེད་པའི་ཆོས་གསུམ་མེད་པར་དམ་བཅས་པས། རང་ཚིག་དངོས་ཤུགས་འགལ་བ་ཡིན་ནོ། །ལྔ་པ་ནི། ཡན་ལག་ཅན་ལ་རང་གི་ཡན་ལག་ལ་མེད་པའི་ཆོས་གསུམ་ཡོད་ཅེས་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་མེད་པས་གནོད་པའོ། །གཉིས་པ་ལ་ཡང་ལྔ་ལས། དང་པོ་རྗེས་དཔག་གིས་གནོད་ཚུལ་ནི། ཡན་ལག་ཆོས་ཅན་དུ་བཟུང་བའི་ཚེ། རྡུལ་ཕྲན་གསུམ་འདུས་པའི་གོང་བུ་ཡན་ལག་གསུམ་པའི་མིང་ཅན་དེ་ཡིན་ལ། དེའི་ཚེ་ཡན་ལག་ཅན་ནི་རང་གིས་བརྩམས་པའི་ཡན་ལག་ཅན་གྱི་རྡུལ་ཕྲན་གཉིས་འདུས་པའི་ཡན་ལག་ཅན་དང་པོ་དེ་ཉིད་ཡིན་ལ། ཡན་ལག་ཅན་ཆོས་ཅན་དུ་བཟུང་བའི་ཚེ་བར་སྔར་གྱི་ཡན་ལག་དེ་དང་ཁྱད་པར་མེད་དེ་དེ་ཡན་ལག་དང་ཡན་ལག་ཅན་གྱི་གཞི་མཐུན་ཡིན་པའི་ཕྱིར་རོ། །དེའི་ཚེ་ཡན་ལག་ལས་རྫས་གཞན་མ་ཡིན་ཞེས་པ་དང་། སྔར་ཡན་ལག་ཅན་ལས་རྫས་གཞན་མ་ཡིན་ཞེས་པ་གཉིས་ཀྱང་གནད་གཅིག་སྟེ། སྔར་གྱི་ཡན་ལག་ཅན་དང་པོ་དེ་ཡན་ལག་དང་ཡན་ལག་ཅན་གྱི་གཞི་མཐུན་ཡིན་པའི་ཕྱིར་རོ། །ཇི་ལྟར་གནོད་པའི་ཚུལ་ནི། མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་ཅན་རྣམས་ཆོས་ཅན། ཡན་ལག་ཅན་ཕ་རོལ་པོ་དེ་ལས་རྫས་གཞན་དུ་མངོན་སུམ་གྱིས་དམིགས་པར་ཐལ། དེ་ལས་རྫས་གཞན་གང་ཞིག མངོན་སུམ་གྱིས་མཐོང་རུང་ཡིན་པའི་ཕྱིར། རྟགས་གཉིས་ཆར་ཁས་བླངས་ཤིང་འདོད་ན་མངོན་སུམ་གྱིས་བསལ། ཁྱབ་པ་ཚད་མས་གྲུབ་པས་དེ་ལྟ་བུའི་ཐལ་འགྱུར་གྱི་ལོག་རྟོག་གི་དབལ་བཅོམ་ནས་ཤེས་འདོད་ཞུགས་པ་ན་དེ་ཆོས་ཅན་དེ་ལས་རྫས་གཞན་དུ་མེད་དེ། དེ་ལས་རྫས་གཞན་དུ་མངོན་སུམ་གྱིས་སྣང་རུང་མ་དམིགས་པའི་ཕྱིར། ཞེས་རང་བཞིན་མ་དམིགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གི་རགས་པ་ཡན་ལག་ཅན་དེ་ཡན་ལག་ཅན་དང་པོ་ལས་རྫས་གཞན་ཡིན་པ་དངོས་སུ་ཁེགས་པའོ། །འདིར་ཆོས་གསུམ་ལྡན་ལ་གནོད་པ་སྟོན་པ་ནི་སྐབས་ཀྱི་དོན་མ་ཡིན་ཏེ་དམ་བཅའ་སྔ་མའི་སྐབས་སུ་ཆོས་གསུམ་ལྡན་ལ་དངོས་སུ་གནོད་པས་རྫས་གཞན་ཤུགས་ལ་ཁེགས་པ་ཡིན་ཞིང་། འདིར་ནི་རྫས་གཞན་ལ་དངོས་སུ་གནོད་པ་སྟོན་པའི་སྐབས་ཡིན་པས་ཤེས་འདོད་གཅིག་ལ་གནོད་པ་འདྲ་ཡང་དངོས་སུ་གནོད་ཡུལ་མི་འདྲ་བའི་ཕྱིར་རོ། །གཉིས་པ་མངོན་སུམ་གྱིས་གནོད་ཚུལ་ནི། དེ་ལས་རྫས་གཞན་དུ་མངོན་གསུམ་གྱིས་མ་དམིགས་པ་ལ་མངོན་སུམ་གྱིས་གནོད་པར་བཞག་པ་སྟེ། གཟུགས་སོགས་ལྷག་དང་ལྷག་ལྕིད་བཞིན། །ཞེས་པའི་སྐབས་སུ་ཡོན་ཏན་ལྷག་པོ་མངོན་སུམ་གྱིས་མ་དམིགས་པས་འདི་ཡང་མཚོན་པའོ། །གསུམ་པ་ཁས་བླངས་ཀྱིས་གནོད་ཚུལ་ནི། རགས་པ་ཡན་ལག་ཅན་དེ་མངོན་སུམ་གྱིས་མཐོང་རུང་དང་དེ་ཡན་ལག་ཅན་དང་པོ་ལས་རྫས་གཞན་དུ་ཡོད་ཀྱང་དེ་ལས་རྫས་གཞན་དུ་མངོན་སུམ་གྱིས་མ་མཐོང་བར་ཁས་བླངས་པས་འགལ་བའོ། །བཞི་པ་རང་ཚིག་གིས་གནོད་ཚུལ་ནི། དངོས་སུ་ཡན་ལག་དང་ཡན་ལག་ཅན་རྫས་གཞན་དུ་སྨྲ་ཞིང་། དུས་མཉམ་པའི་ཡན་ལག་དང་ཡན་ལག་ཅན་དུ་དམ་བཅས་པའི་ཤུགས་ལ་རྫས་གཞན་མ་ཡིན་པར་ཁས་བླངས་པས་རང་ཚིག་དངོས་ཤུགས་འགལ་བའོ། །ལྔ་པ་གྲགས་པས་གནོད་ཚུལ་ནི། ཡན་ལག་དང་ཡན་ལག་ཅན་རྫས་གཞན་ཡིན་ཞེས་པའི་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་མེད་པའོ། །གསུམ་པ་ཆོས་ཅན་གྱི་ངོ་བོ་ལ་གནོད་ཚུལ་ལ། འདིར་རྫས་ནི་ཡན་ལག་ཅན་གྱི་རྫས་ཁོ་ན་མ་ཡིན་ཏེ། ཡན་ལག་དང་ཡན་ལག་ཅན་གྱི་རྫས་གཉིས་ཀ་ཡང་། བྱེ་བྲག་པས་འབྱུང་བཞིའི་རྫས་སུ་འདོད་ལ། འདིར་རྫས་ནི་རྫས་དགུ་ཆར་ལ་འཇུག་པའི་ཕྱིར་རོ། །རྫས་དེའི་ངོ་བོའམ་དོན་ལྡོག་ནི། ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པ་ཡིན་པ་ལ་དེ་ལ་ཇི་ལྟར་གནོད་པའི་ཚུལ་ནི། ཡོན་ཏན་རྫས་སུ་ཐལ་བ་དང་། རྫས་རྫས་མ་ཡིན་པར་ཐལ་བ་གཉིས་སུ་གསུངས་ཏེ། ཡོན་ཏན་དང་རྫས་གཉིས་འབྲེལ་མེད་རྫས་གཞན་ཡིན་པར་ཐལ། དེ་གཉིས་དུས་མཉམ་རྫས་གཞན་ཡིན་པའི་ཕྱིར། འདོད་ན། ཡོན་ཏན་ཆོས་ཅན། རྫས་སུ་ཐལ། རྫས་ལ་མ་བརྟེན་པར་རང་དགར་གནས་པ་ཡིན་པའི་ཕྱིར། རྫས་ཆོས་ཅན། རྫས་མ་ཡིན་པར་ཐལ། ཡོན་ཏན་དོན་གཞན་གྱི་རྟེན་མི་བྱེད་པའི་ཕྱིར། ཞེས་པའོ། །བཞི་པ་ཆོས་དང་ཆོས་ཅན་གཉིས་ཀའི་ངོ་བོ་དང་། ཁྱད་པར་ལ་གནོད་ཚུལ་ལ་ངོ་བོའི་སྐབས་སུ་ངག་དང་། བརྫུན་པ་དག་ཐམས་ཅད་དུ་སེལ་བ་དེ་ལྟ་ན་ཞེས་གནོད་ཡུལ་དངོས་སུ་སྨོས་པ་དང་། ཁྱད་པར་གྱི་སྐབས་སུ་ཅི་ཏེ་ངག་གི་བདག་ཉིད་ཀྱི་བརྫུན་པ་ཉིད་ཀྱིས་སེལ་བ་དེ་ལྟར་ན་ཞེས་གནོད་བྱེད་དངོས་སུ་སྨོས་པའི་དོན་ནི། ཡུལ་ལ་འཇུག་པའི་ངག་ཙམ་ནི་ཆོས་ཅན་གྱི་ངོ་བོ། བརྫུན་ཚིག་ཡིན་པ་ཆོས་ཀྱི་ངོ་བོ། ངག་སྨྲ་བ་ཆོས་ཅན་གྱི་ཁྱད་པར། སྤྱིར་བརྗོད་དོན་སྟོན་པ་ནི་ཆོས་ཀྱི་ཁྱད་པར་རོ། །དེ་ལ་གནོད་ཚུལ་ནི་རིམ་པ་ལྟར། ཡུལ་ལ་འཇུག་པའི་ངག་མི་སྲིད་པར་ཐལ། བདེན་ཚིག་མི་སྲིད་པའི་ཕྱིར་ཞེས་དང་། ངག་སྨྲ་བ་བརྫུན་ཚིག་ཡིན་པ་ཉིད་ཀྱང་མི་འཐད་པར་ཐལ། དེ་བརྗོད་པའི་ཚིག་ཀྱང་བརྫུན་པའི་དོན་ཅན་ཡིན་པའི་ཕྱིར་ཞེས་དང་། དེ་ལྟ་བུའི་ངག་དེ་ཆོས་ཅན། ངག་སྨྲ་བའི་རང་ཚིག་རྣམ་དག་མ་ཡིན་པར་ཐལ། བརྫུན་པའི་དོན་ཅན་ཡིན་པའི་ཕྱིར་ཞེས་དང་། ཡང་དེ་ཆོས་ཅན། བརྗོད་དོན་མི་སྟོན་པར་ཐལ། བརྫུན་པའི་དོན་ཅན་ཡིན་པའི་ཕྱིར་ཞེས་པའོ། །གཉིས་པ་རྟོགས་པར་བྱེད་པ་གཞན་དོན་རྗེས་དཔག་ལ་གསུམ་སྟེ། གཞན་དོན་རྗེས་དཔག་གི་མཚན་ཉིད། ངག་སྨྲ་བ་པོའི་གང་ཟག་གི་རྣམ་གཞག རྩོད་པའི་སྐབས་ཀྱི་ངག་གི་རབ་ཏུ་དབྱེ་བའོ། །དང་པོ་ནི། སྔར་རྒོལ་རང་གིས་མཐོང་བའི་རྟགས་ཀྱི་ཚུལ་གསུམ། སྐབས་སུ་བབ་པའི་ཕྱིར་རྒོལ་ལ་སྒྲ་སྐྱོན་དང་བྲལ་བར་སྟོན་པར་བྱེད་པའི་ངག་གོ །འདི་དང་བསྒྲུབ་ངག་ཡང་དག་གཉིས་མིང་གི་རྣམ་གྲངས་ཡིན་པས། མཚན་ཉིད་སྔ་མ་དེ་ཉིད་ཀྱིས་གཉིས་ཀ་མཚོན་ནུས་ཤིང་། དེ་ལ་རྗེས་དཔག་གི་མིང་གིས་འདོགས་པའི་རྒྱུ་མཚན་ནི། གཞན་ཕྱིར་རྒོལ་གྱི་རྒྱུད་ལ་རྗེས་དཔག་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ན། འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པའོ། །གཉིས་པ་ལ་གསུམ་སྟེ། སོ་སོའི་མཚན་ཉིད། རྒྱལ་ཕམ་གྱི་རྣམ་གཞག དེ་ལ་དཔང་པོས་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། སྔར་རྒོལ་དང་། ཕྱིར་རྒོལ་དང་། དཔང་པོ་གསུམ་གྱི་མཚན་ཉིད་རིམ་པ་བཞིན། སྒྲུབ་བྱེད་བརྗོད་པར་ཁས་ལེན་པའི་དང་། སུན་འབྱིན་བརྗོད་པར་ཁས་ལེན་པའི་དང་། དེ་གཉིས་རྒྱལ་ཕམ་བརྗོད་པར་ཁས་ལེན་པའི་གང་ཟག་གོ །གཉིས་པ་ནི། རྒོལ་ཕྱིར་རྒོལ་གཉིས་པོ་གང་སྐྱོན་ཅན་བརྗོད་པ་དེ་ཚར་བཅད་པའི་གནས་དང་། སྐྱོན་མེད་བརྗོད་པ་དེ་རྗེས་སུ་གཟུང་བའི་གནས་ཡིན་ལ། དེ་ཡང་རྒོལ་བས་སྒྲུབ་བྱེད་ཡང་དག་པ་བཀོད་པ་ལ་ཕྱིར་རྒོལ་གྱིས་སྐྱོན་མ་བརྗོད་ན་ཕྱིར་རྒོལ་ཕམ་ལ། རྒོལ་བས་སྒྲུབ་བྱེད་ལྟར་སྣང་བཀོད་པ་ལ་ཕྱིར་རྒོལ་གྱིས་སྐྱོན་ཡང་དག་པར་བརྗོད་ན་རྒོལ་བ་ཕམ་ཞིང་། དེས་སྒྲུབ་བྱེད་ལྟར་སྣང་བཀོད་ཀྱང་ཕྱིར་རྒོལ་གྱིས་སྐྱོན་མི་བརྗོད་པའམ་སྐྱོན་ལྟར་སྣང་བརྗོད་ཀྱང་རྒོལ་བས་ཚར་བཅད་འབྱིན་མ་ཤེས་ན། དེ་གཉིས་ཀ་ལ་རྒྱལ་ཕམ་མེད་དེ། སྐྱོན་ཅན་ཡིན་ཡང་བསྒྲུབ་པ་དང་སུན་འབྱིན་ཤེས་པའི་ཕྱིར་དང་། རྒྱལ་ཕམ་གྱི་རྣམ་གཞག་རྒོལ་བ་གཉིས་ཀྱི་སྤོབས་པ་འཇོམས་ནུས་མི་ནུས་ལ་རག་ལས་པའི་ཕྱིར་རོ། །གསུམ་པ་ལ། སྤྱིར་ཚར་གཅད་པ་དང་། རྗེས་སུ་བཟུང་བའི་ཚུལ་དང་། བྱེ་བྲག་ཏུ་ཚར་བཅད་ཀྱི་གནས་གཏན་ལ་དབབ་པ་དང་གསུམ་ལས། དང་པོ་ནི། འཕྲོག་དང་སྦྱིན་པའི་འཇིག་རྟེན་པ། །ཚར་བཅད་པ་དང་རྗེས་འཛིན་འདོད། །གྲུབ་མཐའི་བླང་དོར་བྱེད་པ་ལ། །དམ་པའི་ཚར་བཅད་རྗེས་འཛིན་འདོད། །ཅེས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། འཐད་པ་བརྗོད་པ་དང་། འཁྲུལ་པ་དགག་པའོ། །དང་པོ་ནི། སྔར་རྒོལ་ཚར་གཅད་ཀྱི་གནས་ལ་བསྒྲུབ་པའི་ཡན་ལག་མི་བརྗོད་པ་དང་། ཡན་ལག་མ་ཡིན་པ་བརྗོད་པ་གཉིས་དང་། ཕྱིར་རྒོལ་ཚར་བཅད་ཀྱི་གནས་ལ་སྐྱོན་མི་བརྗོད་པ་དང་། སྐྱོན་མ་ཡིན་པ་བརྗོད་པ་གཉིས་ཏེ་བཞི་ཡོད་དེ། རྩོད་རིགས་ལས། བསྒྲུབ་པའི་ཡན་ལག་མི་བརྗོད་ཅིང་། །སྐྱོན་མིན་བརྗོད་པ་གཉིས་པོ་དང་། །ཚར་བཅད་པ་ཡི་གནས་ཡིན་གྱི། །གཞན་ནི་མི་རིགས་ཕྱིར་མི་འཐད། །ཅེས་གསུངས་པས་སོ། །གཉིས་པ་ལ་གཉིས་ཏེ། གངས་ཅན་པའི་ལུགས་དགག་པ་དང་། རྐང་མིག་གི་ལུགས་དགག་པའོ། །དང་པོ་ནི། རྒོལ་བ་ལ་ནི་གསུམ་གཉིས་དྲུག །ཕྱིར་རྒོལ་ལ་ཡང་གསུམ་གཉིས་དྲུག །དཔང་པོ་ལ་གསུམ་ཀུན་ལ་གཅིག །གངས་ཅན་པ་དག་བཅུ་དྲུག་འདོད། །ཚར་བཅད་ཡིན་ན་གཉིས་པོར་འདུས། །མིན་ན་ཚར་བཅད་ཉིད་མ་ཡིན། །དཔང་པོ་ལ་ནི་ཚར་བཅད་མེད། །ཅི་ནས་བྱེད་ན་ཧ་ཅང་ཐལ། །ཞེས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ནི། རྐང་མིག་པ་དག དམ་བཅའ་ལ་གནོད་དམ་བཅའ་གཞན། །ཞེས་སོགས་ཚར་བཅད་ཉི་ཤུ་རྩ་གཉིས་འདོད་པ་ནི་མི་འཐད་དེ། ཚར་བཅད་ཡིན་པ་རྣམས་ནི་སྔར་གྱི་བཞི་པོ་དེར་འདུས་ལ། དེ་ལས་གཞན་པ་རྣམས་ནི་ཚར་བཅད་ཀྱི་གནས་མ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། གང་ཟག་དང་། དགོས་པ་དང་། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། གང་ཟག་གསུམ་ལ་བརྗོད་ཚུལ་དྲུག །ཅེས་ཏེ། སྔར་རྒོལ་ལ་དོན་གྱི་དངོས་པོ་འཇོག་པ་དང་། སྐྱོན་སྤོང་གི་ངག་གཉིས། ཕྱིར་རྒོལ་ལ་འདོད་པའི་འདྲི་བ་དང་། སྐྱོན་བརྗོད་པའི་ངག་གཉིས། དཔང་པོ་ལ་རྗེས་སུ་བརྗོད་པ་དང་། རྣམ་པར་དབྱེ་བའི་ངག་གཉིས་ཏེ་དྲུག གཉིས་པ་ལ་གཉིས་ཏེ། རང་གི་འདོད་པ་བསྒྲུབ་པ་བསྒྲུབ་པའི་ངག་དང་། གཞན་གྱི་འདོད་པ་སུན་འབྱིན་པའི་ངག་གོ །དང་པོ་ལ་གཉིས་ཏེ། བསྒྲུབ་ངག་ཡང་དག་དང་། བསྒྲུབ་ངག་ལྟར་སྣང་ངོ་། །དང་པོ་ལ། མཚན་ཉིད། ངག་སྦྱོར་བའི་ཚུལ། ངག་གི་བྱེད་པ། དབྱེ་བ་དང་བཞི་ལས། དང་པོ་ནི། གཞན་དོན་རྗེས་དཔག་གི་མཚན་ཉིད་དེས་འདི་ཡང་མཚོན་ནུས་ཏེ་སྔར་བཤད་ཟིན་ཏོ། །གཉིས་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་སྔ་རབས་པའི་ལུགས་དགག་པ་དང་། གངས་ཅན་པའི་ལུགས་དགག་པ་གཉིས། དང་པོ་ནི། ངག་ཡན་ལག་ལྔ་ལྡན་དུ་སྦྱོར་ཏེ་འདི་ལྟར་སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་སྒྲ་མི་རྟག་གོ །ཞེས་སྦྱོར་རོ། །དེ་ཡང་སྒྲ་མི་རྟག་སྟེ། ཞེས་པས་དམ་བཅའ། བྱས་པའི་ཕྱིར་ཞེས་པའི་གཏན་ཚིགས། དཔེར་ན་བུམ་པ་བཞིན་ཞེས་པས་དཔེ། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས་ཞེས་པ་ཉེ་སྦྱོར། དེའི་ཕྱིར་སྒྲ་མི་རྟག་གོ་ཞེས་པས་མཇུག་སྡུད་བསྟན་པར་འདོད་དོ། །དེ་ནི་མི་འཐད་དེ། འདི་རྒྱས་པ་ཡིན་ལ། སྤྱི་ཁྱབ་བརྗོད་པ་མ་ཚང་ཞིང་དམ་བཅའ་དང་། ཉེ་སྦྱོར་དང་། མཇུག་སྡུད་གསུམ་ལྷག་པའི་ཕྱིར་རོ། །སྤྱི་ཁྱབ་བརྗོད་པ་མ་ཚང་བའི་དོན་ནི། འདི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཆོས་མཐུན་སྦྱོར་གྱི་བསྒྲུབ་ངག་ཡང་དག་ཡིན་པས་གང་བྱས་ན་མི་རྟག་པས་ཁྱབ། ཅེས་པ་ལྟ་བུ་དངོས་སུ་བརྗོད་དགོས་པ་ལས། དེ་མ་ཚང་པའི་དོན་ནོ། །གཉིས་པ་ནི། བོད་ཁ་ཅིག ཡན་ལག་གཉིས་ལྡན་པའི་ལ་ལའང་དུ་བ་ཡོད་པས་ཞེས་དང་། སྒྲ་ཡང་བྱས་པས་ཞེས་པ་ལྟ་བུ་རྣམ་དབྱེ་གསུམ་པ་སྦྱོར་བ་དང་། འགའ་ཞིག་ལ་ལའང་དུ་བ་ཡོད་པའི་ཕྱིར་ཞེས་དང་། སྒྲ་ཡང་བྱས་པའི་ཕྱིར་ཞེས་པ་ལྟ་བུ་རྣམ་དབྱེ་ལྔ་པ་སྦྱོར་བ་ནི་མི་འཐད་དེ། དེ་ལྟ་བུའི་ངག་འཕྲོ་ཅན་དེས་དམ་བཅའ་འདྲེན་པས་དུ་བ་ཡོད་པས་མེ་ཡོད་ཅེས་དང་། བྱས་པའི་ཕྱིར། མི་རྟག་ཅེས་དམ་བཅའ་བརྗོད་དགོས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེའི་དམ་བཅའ་བརྗོད་མི་དགོས་ཏེ། དེ་དོན་གྱིས་གོ་བའི་ཕྱིར་རོ་སྙམ་ན། དོན་གྱིས་གོ་ཡང་ཚིག་དེའི་ནུས་པ་མ་རྫོགས་པས་དུ་བ་ཡོད་པས་ཅི། བྱས་པའི་ཕྱིར་ཅི་ཡིན་ཞེས་སླར་འདྲི་དགོས་ལ་རྒོལ་བའི་ངག་མ་རྫོགས་པ་ལ་ཕྱིར་རྒོལ་གྱི་ངག་ཞུགས་ན། སྨྲ་བ་པོའི་སྐྱོན་དུ་རྩོད་རིགས་ལས་གསུངས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། རྒོལ་བ་བླུན་པོ་ལ་སྦྱོར་བའི་ཚུལ་དང་། མཁས་པ་ལ་སྦྱོར་བའི་ཚུལ་གཉིས་ལས། དང་པོ་ནི། དཔེའི་སྟེང་དུ་ཁྱབ་པ་དྲན་ཡང་སྤྱི་ཁྱབ་དྲན་པར་མ་ནུས་པའི་རྒོལ་བ་བླུན་པོ་ལ་ནི་ཚིག་ཉུང་ཞིང་དོན་རྒྱས་པའི་བསྒྲུབ་ངག་ཡན་ལག་གཉིས་ལྡན་པ་སྦྱོར་དགོས་ཏེ། དེས་ཚུལ་གསུམ་ཆར་ལ་དྲན་པ་སྐྱེད་དགོས་པའི་ཕྱིར་རོ། །དེས་ན་སྐབས་འདི་བླུན་པོ་ནི་བུམ་པའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཚད་མའི་སྟོབས་ཀྱིས་ངེས་ཀྱང་གང་བྱས་ན་མི་རྟག་པས་ཁྱབ་པ་དྲན་མི་ནུས་པ་ལ་བྱ་བ་ཡིན་གྱི། དཔེའི་སྟེང་དུ་ཁྱབ་འབྲེལ་མི་ཤེས་པ་ནི་མ་ཡིན་ཏེ། དཔེའི་སྟེང་དུ་ཁྱབ་འབྲེལ་མི་ཤེས་ན། དཔེར་ན་བུམ་པ་བཞིན་ཞེས་བརྗོད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །གལ་ཏེ། དཔེའི་སྟེང་དུ་ཁྱབ་འབྲེལ་ཤེས་ཀྱང་བརྗེད་པ་ཡིན་ནོ་སྙམ་ན་དེ་ཡང་མ་ཡིན་ཏེ། བརྗེད་ན་དཔེར་མི་རུང་བའི་ཕྱིར་ཏེ། གལ་ཏེ་བརྗེད་ཕྱིར་སྐྱོན་མེད་ན། །དེ་ཉིད་ཕྱིར་ན་དཔེ་མ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་རྒོལ་བ་ལ་ངག་གཉིས་ལྡན་པ་དགོས་ཀྱང་ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གཉིས་ཀ་ནི་མི་དགོས་ཏེ། དེ་གཉིས་གང་རུང་ཅིག་དངོས་སུ་བརྗོད་པས་ཅིག་ཤོས་ལ་ཡང་དྲན་པ་སྐྱེ་བར་འགྱུར་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་གསུངས་པས་སོ། །དེ་ལ་ཡང་ཆོས་མཐུན་སྦྱོར་དང་། མི་མཐུན་སྦྱོར་གང་བཀོད་ཀྱང་ཁྱད་པར་མེད་ཅིང་། ཕྱོགས་ཆོས་སྔོན་འགྲོ་ཅན་དང་། ཁྱབ་པ་སྔོན་འགྲོ་ཅན་གང་བཀོད་ཀྱང་ཁྱད་པར་མེད་དེ། དེ་ཐམས་ཅད་ཀྱིས་ཀྱང་རྩོད་གཞིའི་སྟེང་དུ་ཚུལ་གསུམ་གཞི་མཐུན་དུ་དྲན་པའི་དྲན་ཤེས་བསྐྱེད་པར་ནུས་པའི་ཕྱིར་ཏེ། རིགས་གཏེར་རང་འགྲེལ་ལས། བསྒྲུབ་པའི་ངག་ནི་ཕ་རོལ་གྱིས་མ་རྟོགས་པ་རྟོགས་པར་བྱེད་པའམ། ཕྱོགས་ཆོས་དང་ཁྱབ་པ་རེས་འཇོག་ཏུ་རྟོགས་ཀྱང་གཞི་མཐུན་དུ་མ་དྲན་པ་དྲན་པར་བྱེད་པའི་ངག་ཡིན་ནོ་ཞེས་གསུངས་པས་སོ། །དེ་ལ་ཕྱོགས་ཆོས་དང་ཁྱབ་པ་རེས་འཇོག་ཏུ་རྟོགས་པ་ནི་སྒྲའི་སྟེང་དུ་བྱས་པ་ངེས་པ་དང་། བུམ་པའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ངེས་པ་ལྟ་བུ་ཡིན་ལ། གཞི་མཐུན་དུ་དྲན་པ་ནི། སྒྲ་ཉིད་ཀྱི་སྟེང་དུ་བྱས་པ་དང་བྱས་ན་མི་རྟག་པའི་ཁྱབ་པ་གཉིས་ཀ་དྲན་པའོ། །འོ་ན་སྔར་ཚུལ་གསུམ་ཅིག་ཅར་དུ་དྲན་པ་མི་སྲིད་པར་ཁས་བླངས་པ་དང་འགལ་ལོ་ཞེ་ན། ནང་དུ་བློ་གྲོས་རྩིང་པའི་རྣམ་འགྱུར་ཕྱི་རོལ་དུ་སྟོན་པ་ཁྱོད་རྣ་བ་བླགས་ཏེ་ཉོན་ཅིག སྒྲའི་སྟེང་དུ་ཚུལ་གསུམ་གཞི་མཐུན་དུ་དྲན་པ་དང་། ཅིག་ཅར་དུ་དྲན་པ་གཉིས་དོན་གཏན་མི་གཅིག་སྟེ། གཞི་མཐུན་དུ་དྲན་པ་ནི་སྒྲ་བྱས་པར་ཡང་དྲན་ཞིང་སྒྲའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཡང་དྲན་པ་གཉིས་ཤེས་པ་གཞན་གྱིས་བར་མ་ཆོད་པར་རིགས་རྒྱུན་གཅིག་ལ་དྲན་པ་ཙམ་ཡིན་ལ། དེ་ཙམ་གྱིས་དེ་གཉིས་ཅིག་ཅར་དུ་དྲན་པར་མི་འགྲུབ་པའི་ཕྱིར་རོ། །འདི་ལ་དགོངས་ནས་རིགས་གཏེར་རང་འགྲེལ་ལས། རང་དོན་གྱི་སྐབས་སུ་རྟོག་གཉིས་ཅིག་ཅར་མི་འཇུག་པས་ཚུལ་གསུམ་ཅིག་ཅར་དུ་དྲན་པ་མི་སྲིད་པར་གསུངས་ཤིང་། གཞན་དོན་གྱི་སྐབས་སུ་ཚུལ་གསུམ་གཞི་མཐུན་དུ་དྲན་པར་གསུངས་སོ། །ཕྱོགས་ཆོས་སྔོན་འགྲོ་ཅན་དང་། ཁྱབ་པ་སྔོན་འགྲོ་ཅན་གཉིས་ཀ་ལ་ཡང་མཐའ་རྟེན་རྫོགས་པའི་ཚིག་ཏུ་སྦྱར་དགོས་ཏེ། དཔེར་ན་ཕྱོགས་ཆོས་སྔོན་འགྲོ་ཅན་ལ་ཚང་བང་བཞིན་ནོ། །བུམ་པ་བཞིན་ནོ་ཞེས་ཁྱབ་པ་ལ་མཐའ་རྟེན་སྦྱོར་བ་དང་། ཁྱབ་པ་སྔོན་འགྲོ་ཅན་ལ་ལ་ལའང་དུ་བ་ཡོད་དོ། །སྒྲ་ཡང་བྱས་སོ་ཞེས་ཕྱོགས་ཆོས་ལ་མཐའ་རྟེན་སྦྱོར་རོ། །གཉིས་པ་མཁས་པ་ལ་སྦྱོར་བའི་ཚུལ་ནི། དཔེའི་སྟེང་དུ་ཁྱབ་འབྲེལ་ཤེས་པའི་ཚེ། སྤྱི་ཁྱབ་དྲན་ནས་ཁར་འབྱིན་པའི་མཁས་པ་ལ་ནི། འོ་ན་སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུ་ཕྱོགས་ཆོས་རྐྱང་པ་བརྗོད་པས་ཀྱང་འགྲུབ་བོ། །ཚོགས་སུ་ཁྱབ་པ་ངག་ཏུ་མི་བརྗོད་ན། མཁས་སུ་ཟིན་ཡང་སྐབས་དེར་བསྒྲུབ་པའི་ངག་རྫོགས་པར་སྦྱར་དགོས་ཏེ། མ་རྫོགས་ན་ཀླན་ཀར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ནི། རྣམ་ངེས་ལས། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ནི་ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པ་ཡིན་གྱི་དོན་གྱི་ནི་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་བརྗོད་པ་མ་ཡིན་པས་སྨྲ་བ་པོ་ལ་ཀླན་ཀར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་དོན་དུ་སྣང་བར་མཛད་དོ། །དེ་བཞིན་དུ་ཕྱོགས་ཆོས་དྲན་ཞིང་། ཁར་འབྱིན་པའི་མཁས་པ་ལ་ཁྱབ་པ་རྐྱང་པ་བརྗོད་པའི་སྒྲུབ་ངག་ཀྱང་ཡོད་དེ། སྔ་མ་དང་མཚུངས་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤོང་བ་ནི། ཀུན་ལས་བཏུས་ལས། རང་གིས་ངེས་བཞིན་གཞན་དག་ལ། །ངེས་པ་སྐྱེད་པར་འདོད་པ་ཡིན། །ཕྱོགས་ཆོས་དང་ནི་འབྲེལ་པ་དང་། །བསྒྲུབ་བྱ་བརྗོད་བྱ་གཞན་རྣམས་སྤངས། །ཞེས་ཕྱོགས་ཆོས་དང་། འབྲེལ་པ་དང་། བསྒྲུབ་བྱ་གསུམ་པོ་ཟླས་ཕྱེ་ནས་གསུམ་ཀ་བརྗོད་པར་བཤད་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། ཕྱོགས་ཆོས་དང་འབྲེལ་པ་ཡིས་བསྒྲུབ་བྱ་བརྗོད་ཅེས་རྣམ་དབྱེ་གསུམ་པ་དེའི་སྐྱེས་བུའི་བསྡུ་བ་ཡིན་ཞིང་། དེའི་ཚེ་བསྒྲུབ་བྱ་བསྒྲུབ་བྱའི་ཆོས་ལ་འཇུག་པའི་ཕྱིར་རོ། །གསུམ་པ་ངག་གི་བྱེད་པ་ནི། ཕྱིར་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་པའི་ཆེད་ཡིན་ནོ། །འོ་ན་ངག་དེ་རྗེས་དཔག་གི་དངོས་རྒྱུ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ངག་དེ་ལས་ཉན་ཤེས་མངོན་སུམ་སྐྱེ། དེ་ལས་དྲན་ཤེས་སྐྱེ། དེ་ལས་རྗེས་དཔག་སྐྱེ་བའི་ཕྱིར་རོ། །བསྒྲུབ་ངག་ཐོས་པའི་ཉན་ཤེས་ལས་དྲན་ཤེས་སྐྱེ་བའི་ཚུལ་ལ་ཡང་རིམ་པ་གསུམ་སྟེ། ཕྱོགས་ཆོས་སྔོན་འགྲོ་ཅན་ལ་དང་པོར་ཕྱོགས་ཆོས་དྲན་པའི་དྲན་ཤེས། དེ་ནས་སྤྱི་ཁྱབ་དྲན་པའི་དྲན་ཤེས། དེ་ནས་རྩོད་གཞིའི་སྟེང་དུ་ཁྱབ་པ་དྲན་པའི་དྲན་ཤེས་སྐྱེ་ལ། དེ་ཉིད་ཀྱི་རྩོད་གཞི་ལ་བསྒྲུབ་ཆོས་འཛིན་པའི་བློ་ནི་རྗེས་དཔག་ཉིད་དོ། །ཁྱབ་པ་སྔོན་འགྲོ་ཅན་ལ་དང་པོ་སྤྱི་ཁྱབ་དྲན་པའི་དྲན་ཤེས། དེ་ནས་ཕྱོགས་ཆོས་དྲན་པའི་དྲན་ཤེས། དེ་ནས་ཕྱི་མ་སྐྱེ་བའི་ཚུལ་ནི་སྔར་ལྟར་རོ། །བསྒྲུབ་ངག་ལ་བརྟེན་ནས་དཔེའི་སྟེང་དུ་ཁྱབ་འབྲེལ་གསར་དུ་དྲན་པ་ནི་མི་སྐྱེ་སྟེ། བསྒྲུབ་ངག་གི་སྔ་རོལ་དུ་དེ་དྲན་ཟིན་མ་བརྗེད་པ་དགོས་པའི་ཕྱིར་རོ། །ཕྱོགས་ཆོས་རྐྱང་པ་ཅན་དང་། ཁྱབ་པ་རྐྱང་པ་ཅན་གྱི་བསྒྲུབ་ངག་ལ་ཡང་སྔར་གྱི་དྲན་ཤེས་གསུམ་གྱི་དང་པོ་བསྒྲུབ་ངག་གི་གོང་དུ་སྐྱེས་ཟིན་ནས། ཕྱི་མ་སྐྱེ་བའི་ཚུལ་བསྒྲུབ་ངག་གཉིས་ལ་སོ་སོར་སྦྱར་བར་བྱའོ། །བཞི་པ་ནི། ཕྱིར་རྒོལ་དེ་ལ་བློའི་བྱེ་བྲག་གིས་གསུམ་དུ་འགྱུར་ཏེ། ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་དྲན་རུང་མེད་པ། གཉིས་ཀ་དྲན་ཟིན་པ། དྲན་རུང་ཡོད་ཀྱང་མ་དྲན་པའོ་དེ་ལ་སྔ་མ་གཉིས་ནི་བསྒྲུབ་ངག་འགོད་པའི་ཡུལ་མ་ཡིན་ཏེ། དང་པོ་ལ་བསྒྲུབ་ངག་འགོད་ཀྱང་རྗེས་དཔག་སྐྱེད་མི་ནུས། གཉིས་པ་ལ། རྗེས་དཔག་གི་དངོས་རྒྱུ་ཚང་བའི་བསྒྲུབ་ངག་འགོད་མི་དགོས་པའི་ཕྱིར་རོ། །གསུམ་པ་ལ། ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་དྲན་རུང་ཡོད་ཀྱང་མ་དྲན་པ་དང་། ཕྱོགས་ཆོས་དྲན་ལ་ཁྱབ་པ་མ་དྲན་པ་དང་། ཁྱབ་པ་དྲན་ལ་ཕྱོགས་ཆོས་མ་དྲན་པ་གསུམ་ལས། དང་པོ་ལ། ཆོས་མཐུན་སྦྱོར་དང་། ཆོས་མི་མཐུན་སྦྱོར་གྱི་བསྒྲུབ་ངག་ཡང་དག་གཉིས། གཉིས་པ་ལ། ཕྱོགས་ཆོས་ཁར་འབྱིན་ན། འོ་ན་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་ཞེས་རྗེས་ཁྱབ་རྐྱང་པ་བརྗོད་པ་དང་། ཡང་འོ་ན་གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། ཞེས་ལྡོག་ཁྱབ་རྐྱང་པ་བརྗོད་པ་དང་གཉིས། གསུམ་པ་ལ། ཁྱབ་པ་ཁར་འབྱིན་ན། འོ་ན་སྒྲ་ཡང་བྱས་སོ་ཞེས་ཕྱོགས་ཆོས་རྐྱང་པ་ཅན་གྱི་བསྒྲུབ་ངག་སྟེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པ་བསྒྲུབ་པ་ལྟ་བུའི་ཕྱིར་རྒོལ་ལ་ལྟོས་ནས་བསྒྲུབ་ངག་ཡང་དག་ལྔར་འགྱུར་བ་འདི་ནི་འཇམ་དབྱངས་བླ་མའི་བཞེད་པའོ། །གཉིས་པ་བསྒྲུབ་ངག་ལྟར་སྣང་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། བསྒྲུབ་ངག་ཏུ་བཀོད་པ་གང་ཞིག སྒྲུབ་བྱེད་སྐྱོན་ཅན་བརྗོད་པའོ། །གཉིས་པ་ལ། དོན་སྐྱོན་ཅན། བློ་སྐྱོན་ཅན། སྒྲ་སྐྱོན་ཅན་གྱི་བསྒྲུབ་ངག་ལྟར་སྣང་གསུམ་ལས། དང་པོ་ནི། ཚུལ་གསུམ་མ་ཚང་བའི་གཏན་ཚིགས་བརྗོད་པ་སྟེ། སྒྲ་མིག་ཤེས་ཀྱིས་གཟུང་བྱ་ཡིན་ནོ། །ཞེས་པ་ལྟ་བུ་མ་གྲུབ་པ་བརྗོད་པ་དང་། གཞལ་བྱ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་བོ་ཞེས་པ་ལྟ་བུ་མ་ངེས་པ་བརྗོད་པ་དང་། བྱས་ན་རྟག་པས་ཁྱབ་བོ་ཞེས་པ་ལྟ་བུ་འགལ་བ་བརྗོད་པ་དང་གསུམ་མོ། །གཉིས་པ་ནི། ཚུལ་གསུམ་ཚང་ཡང་སྔར་རྒོལ་རང་ཉིད་ཀྱིས་མ་གྲུབ་པ་བརྗོད་པ་སྟེ། ཚུལ་གསུམ་ཆར་མ་གྲུབ་པ་བརྗོད་པ། ཁྱབ་པ་མ་གྲུབ་པ་བརྗོད་པ། ཕྱོགས་ཆོས་མ་གྲུབ་པ་བརྗོད་པ་དང་གསུམ་མོ། །གསུམ་པ་ནི། ཚུལ་གསུམ་ཚང་ཞིང་སྔར་རྒོལ་གྱིས་གྲུབ་ཀྱང་བརྗོད་ཚུལ་ལ་སྐྱོན་ཆགས་པ་སྟེ། ངག་ཡན་ལག་ལྔ་ལྡན་ལྟ་བུ་ལྷག་ཆད་གཉིས་ཀའི་སྐྱོན་དང་བཅས་པ་དང་། ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་དངོས་སུ་བརྗོད་དགོས་པའི་རྒོལ་བའི་ངོར། གང་རུང་ཅིག་བརྗོད་པ་ལྟ་བུ་དང་ཆད་པའི་སྐྱོན་ཆགས་པ་དང་། ཡན་ལག་གཉིས་ལྡན་བརྗོད་ཀྱང་ཚིག་མཐར་རྣམ་དབྱེ་གསུམ་པ་དང་ལྔ་པ་སྦྱར་བ་ལྟ་བུ་བརྗོད་ཚུལ་ལ་སྐྱོན་ཆགས་པ་དང་གསུམ་མོ། །གཉིས་པ་སུན་འབྱིན་གྱི་ངག་ལ། སུན་འབྱིན་ཡང་དག་དང་། སུན་འབྱིན་ལྟར་སྣང་གཉིས་སོ། །དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ལ། སྐྱོན་ལ་སྐྱོན་དུ་བརྗོད་པས་སྐྱོན་ཅན་གོ་བར་བྱེད་པའི་ངག་གོ །གཉིས་པ་ལ་དབྱེ་སྒོ་གསུམ་ལས། ཡུལ་གྱི་སྒོ་ནས་དབྱེ་ན་རྟགས་ཀྱི་སྐྱོན་ལ། མཚན་ཉིད་ཀྱི་སྐྱོན་ལ། དམ་བཅའི་སྐྱོན་ལ་སྐྱོན་དུ་བརྗོད་པའི་སུན་འབྱིན་ཡང་དག་དང་གསུམ་མོ། །ངོ་བོའི་སྒོ་ནས་དབྱེ་ན། དོན་སྐྱོན་ལ། བློ་སྐྱོན་ལ། སྒྲ་སྐྱོན་ལ་སྐྱོན་དུ་བརྗོད་པའི་སུན་འབྱིན་ཡང་དག་དང་གསུམ་མོ། །བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། རྣལ་མ་དང་། ཐལ་འགྱུར་གཉིས་སོ། །གཉིས་པ་སུན་འབྱིན་ལྟར་སྣང་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། སུན་འབྱིན་དུ་བཀོད་པ་གང་ཞིག སྐྱོན་ལ་སྐྱོན་དུ་མ་བརྗོད་པས་སྐྱོན་ཅན་གོ་བར་བྱེད་མི་ནུས་པའི་ངག གཉིས་པ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཕྱི་རོལ་པས་ཚར་གཅད་ཉེར་གཉིས། ལྟག་ཆོད་ཉེར་བཞིར་འདོད་པ་ནི་སྔར་བཀག་ཟིན་ལ། གཙང་ནག་པས། རྟགས་ཀྱི་སྐྱོན། མཚན་ཉིད་ཀྱི་སྐྱོན། དམ་བཅའི་སྐྱོན་མ་ཡིན་པ་ལ་སྐྱོན་དུ་བརྗོད་པ་དང་། དོན་གྱི་སྐྱོན་དང་། བློའི་སྐྱོན་དང་། སྒྲའི་སྐྱོན་མ་ཡིན་པ་ལ་སྐྱོན་དུ་བརྗོད་པ་དང་དྲུག་གོ །ཞེས་ཟེར་བ་ནི་མི་འཐད་དེ། རྒོལ་པས་སྒྲུབ་བྱེད་ཡང་དག་བཀོད་པ་ལ། དེ་ལ་ཕྱོགས་སྣ་ཚོགས་ནས་སྨད་དམ། རང་ལ་བསྟོད་དམ། འབྲེལ་མེད་གཞན་འཆད་ན་ཡང་དེ་དག་ཏུ་མི་འདུ་བའི་ཕྱིར་རོ། །གཉིས་པ་ནི། རྩོད་རིགས་ལས་གསུངས་པ་ལྟར། རྩ་བའི་དབྱེ་བ། སྐྱོན་མི་བརྗོད་པ་དང་། སྐྱོན་མ་ཡིན་པ་བརྗོད་པ་གཉིས་ཡིན་ལ། ནང་གསེལ་གྱི་དབྱེ་བ་ནི་བསམ་གྱིས་མི་ཁྱབ་སྟེ། རྣམ་ངེས་ལས། ལོག་པའི་ལན་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། རང་རྒྱུད་ཀྱི་ངག་དང་། ཐལ་འགྱུར་གྱི་ངག་གོ །དང་པོ་ནི། བསྒྲུབ་ངག་དང་དོན་གཅིག་པས་གོང་དུ་བཤད་ཟིན་ཏོ། །གཉིས་པ་ལ་གཉིས་ཏེ། ཐལ་བའི་རྣམ་གཞག་དང་། ལན་འདེབས་པའི་ཚུལ་ལོ། །དང་པོ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ནི། རིགས་པའི་དབང་ཕྱུག་ཕྱྭ་བའི་བཞེད་པ་ལ་ཐལ་འགྱུར་དུ་བཀོད་ཚད་བཅུ་བཞིར་དབྱེ་བ་དང་། དེ་ལ་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བ་དང་། ཡང་དག་ལ་སྒྲུབ་བྱེད་འཕེན་པ་དང་མི་འཕེན་པ་གཉིས་སུ་དབྱེ་བ་དང་གསུམ་ལས། དང་པོ་ནི། ཐལ་འགྱུར་བཞི་ལས་བཅུ་བཞི་ཞེས། །ཁ་བ་ཅན་པ་དེ་ལྟར་འདོད། །ཅེས་པ་ལྟར་རྩ་བའི་དབྱེ་བ་བཞི་ནི། རྟགས་ཁྱབ་གཉིས་ཀ་མ་གྲུབ་པ། རྟགས་འབའ་ཞིག་མ་གྲུབ་པ། ཁྱབ་པ་འབའ་ཞིག་མ་གྲུབ་པ། གཉིས་ཀ་གྲུབ་པ་སྟེ་བཞིའོ། །དང་པོ་ནི། དཔེར་ན་སངས་རྒྱས་པའི་ངོར་སྒྲ་ཆོས་ཅན། གཞལ་བྱ་མ་ཡིན་པར་ཐལ། རྟག་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། གཉིས་ཀ་ཚད་མས་ཀྱང་མ་གྲུབ། ཁས་ཀྱང་མི་ལེན་པའོ། །གཉིས་པ་ནི། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། སྒྲ་ཆོས་ཅན། རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །བཞི་པ་ལ། གཉིས་ཀ་ཚད་མ། གཉིས་ཀ་ཁས་བླངས། རྟགས་ཚད་མ་ཁྱབ་པ་ཁས་བླངས། རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ་པ་དང་བཞི་ལས། དང་པོ་ནི། སངས་རྒྱས་པའི་ངོར། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། འདི་ནི་འདོད་ལན་ཐེབས་པས་ལྟར་སྣང་ཡིན་ལ། སྒྲ་རྟག་པར་ཁས་ལེན་པ་ལ། ཐལ་འགྱུར་ཏེ་རྟགས་ཁྱབ་གཉིས་ཀ་ཚད་མ། དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་འབབ་པའི་ཐལ་འགྱུར་ཡང་དག་སྟེ་གཉིས་སོ། །གཉིས་པ་ནི། སྒྲ་མིག་ཤེས་ཀྱི་གཟུང་བྱ་དང་དེ་ལ་རྟག་པས་ཁྱབ་པར་འདོད་པ་ལ། སྒྲ་ཆོས་ཅན། རྟག་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། སྒྲ་མི་རྟག་པར་ཚད་མས་ངེས་པ་ལ་འཕངས་ན་དམ་བཅའ་ལ་ཚད་མས་བསལ་བཞུགས་པ་དང་། ཚད་མས་མ་ངེས་པར་ཁས་བླངས་པ་ཙམ་ལ་འཕངས་ནས། ཁས་བླངས་ཀྱི་བསལ་བ་དང་། གཉིས་ཀ་མེད་ན་བསལ་བ་ཡེ་མེད་དེ་གསུམ་མོ། །གསུམ་པ་ནི། བྱས་ན་རྟག་པས་ཁྱབ་པ་སྨྲ་བ་ལ། སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་སྟེ། འདི་ལ་ཡང་དམ་བཅའ་ལ་བསལ་བ་ཡོད་མེད་ཀྱི་སྒོ་ནས་གསུམ་དུ་འགྱུར་རོ། །བཞི་པ་ནི། སྒྲ་རྟག་པར་སྨྲ་བ་ལ། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པ་སྟེ། འདི་ལ་ཡང་བསལ་བ་ཡོད་མེད་ཀྱི་བྱེ་བྲག་གིས་སྔར་ལྟར་གསུམ་དུ་འགྱུར་རོ། །གཉིས་པ་ནི། བཟློག་པར་ནུས་དང་མི་ནུས་ལས། །ཡང་དག་ལྟར་སྣང་བདུན་བདུན་ཡིན། །ཞེས་པ་ལྟར། ཐལ་བ་བཅུ་བཞི་པོ་ལ་རྟགས་དང་ཁྱབ་པ་གཉིས་ཀ་མ་གྲུབ་པ་ནི། གཉིས་ཀ་མ་གྲུབ་པས་ལན་ཐེབས་ལ། རྟགས་འབའ་ཞིག་མ་གྲུབ་པ་ནི། རྟགས་མ་གྲུབ་པ་དང་། ཁྱབ་པ་འབའ་ཞིག་ལ་མ་གྲུབ་པ་ནི། ཁྱབ་པ་མ་གྲུབ་པས་ལན་ཐེབས་སོ། །གཉིས་ཀ་ཚད་མ་དམ་བཅའ་ལ་བསལ་བ་ཡེ་མེད་དང་། གཉིས་ཀ་ཁས་བླངས་དམ་བཅའ་ལ་བསལ་བ་ཡེ་མེད་དང་། རྟགས་ཚད་མ། ཁྱབ་པ་ཁས་བླངས། དམ་བཅའ་ལ་བསལ་བ་ཡེ་མེད་དང་། རྟགས་ཁས་བླངས། ཁྱབ་པ་ཚད་མ། དམ་བཅའ་ལ་བསལ་བ་ཡེ་མེད་དེ་བཞི་པོ་འདོད་པས་ལན་ཐེབས་པས་བདུན་པོ་ལྟར་སྣང་ངོ་། །གཉིས་ཀ་ཚད་མ་ལ་དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་དང་། གཉིས་ཀ་ཁས་བླངས་ལ་འདོད་པ་ལ་ཚད་མ་དང་། ཁས་བླངས་ཀྱི་བསལ་བ་གཉིས་དང་། རྟགས་ཚད་མ། ཁྱབ་པ་ཁས་བླངས་འདོད་པ་ལ་ཚད་མ་དང་། ཁས་བླངས་ཀྱི་བསལ་བ་གཉིས་དང་། རྟགས་ཁས་བླངས། ཁྱབ་པ་ཚད་མ་འདོད་པ་ལ། ཚད་མ་དང་ཁས་བླངས་ཀྱི་བསལ་བ་གཉིས་ཏེ་བདུན་ནི་ལན་གྱིས་བཟློག་པར་མི་ནུས་པས་ཡང་དག་གོ །གསུམ་པ་ནི། དྲུག་དང་ཕྱེད་ཀྱིས་མི་འཕེན་ལ། །བདུན་པའི་ཕྱེད་ཀྱིས་འཕེན་ཞེས་ཟེར། །ཞེས་པ་ལྟར། རྟགས་ཁྱབ་གཉིས་ཀ་ཚད་མ། དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པའི་ཐལ་འགྱུར་དང་། ཁྱབ་པ་ཚད་མ། རྟགས་ཁས་བླངས་ལ། དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པའི་ཐལ་འགྱུར་གཉིས་ཀྱིས་ནི་སྒྲུབ་བྱེད་ཡང་དག་མི་འཕེན་ཏེ། རང་རྒྱུད་དུ་བྱས་པའི་ཚེ་ཕྱོགས་ཆོས་མི་གྲུབ་པའི་ཕྱིར་རོ། །རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་པའི་ཐལ་འགྱུར་ཡང་དག་གཉིས། རྟགས་ཚད་མ་ལ་ཁྱབ་པ་ཁས་བླངས་ཀྱིས་གྲུབ་པའི་ཐལ་འགྱུར་ཡང་དག་གཉིས་ཏེ། བཞི་ནི། སྒྲུབ་བྱེད་ཡང་དག་མི་འཕེན་ཏེ། རང་རྒྱུད་དུ་བྱས་པའི་ཚེ། སྔ་མ་གཉིས་ཀྱི་ཁྱབ་པ་མ་ངེས་ཤིང་། ཕྱི་མ་གཉིས་ཀྱི་ཁྱབ་པ་འགལ་བའི་ཕྱིར། དེས་ན་བདུན་པ་ལ། སྒྲ་རྟག་པར་ཁས་བླངས་པ་ལྟ་བུ། ཆོས་ཅན་ཚད་མས་གྲུབ་པའི་ཐལ་འགྱུར་གྱིས་ནི་སྒྲུབ་བྱེད་ཡང་དག་འཕེན་ལ། རྟག་པའི་སྒྲ་རྟག་པར་ཁས་བླངས་པ་ལྟ་བུ། ཆོས་ཅན་ཚད་མས་མ་གྲུབ་པའི་ཐལ་འགྱུར་གྱིས་ནི་སྒྲུབ་བྱེད་ཡང་དག་མི་འཕེན་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་དེ་དགག་པ་ལ། རྩ་བའི་དབྱེ་བ་བཞི་དགག་པ་དང་ཡན་ལག་གི་དབྱེ་བ་བཅུ་བཞི་དགག་པ་གཉིས་ལས། དང་པོ་ནི། རང་རྒྱུད་ལ་ཡང་མཚུངས་ཕྱིར་དང་། །རྟགས་མེད་ཁྱབ་པ་འགལ་ཕྱིར་དང་། །ལྟག་ཆོད་ངེས་པ་མི་རུང་ཕྱིར། །ཐལ་འགྱུར་བཞིར་དབྱེར་མི་འཐད་དོ། །ཞེས་གསུངས་ཏེ། རང་རྒྱུད་ཀྱི་གཏན་ཚིགས་དེ་ལ་རྩ་བའི་དབྱེ་བ་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་སོགས་བཞིར་དབྱེ་བ་འཐད་པར་ཐལ། ཐལ་འགྱུར་ལ་དེ་ལྟར་དུ་འཐད་པའི་ཕྱིར། གལ་ཏེ། རང་རྒྱུད་ཀྱི་གཏན་ཚིགས་ལ་རྩ་བའི་དབྱེ་བ་ཡང་དག་དང་། ལྟར་སྣང་གཉིས་སུ་དབྱེ་བས་བཞིར་མི་འཐད་དོ་ཞེ་ན། ཐལ་འགྱུར་ལ་ཡང་རྩ་བའི་དབྱེ་བ་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བས་བཞིར་དབྱེ་བ་མི་འཐད་པར་མཚུངས་སོ། །ཡང་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་དེ་ཐལ་འགྱུར་གྱི་རྩ་བའི་དབྱེ་བ་བཞིའི་ནང་ཚན་དུ་འཇོག་པ་མི་འཐད་དེ། རྟགས་མ་གྲུབ་ན། ཁྱབ་པ་གྲུབ་མ་གྲུབ་དཔྱོད་པ་བླུན་པོའི་རྣམ་ཐར་ཡིན་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་ཀྱང་། ཁྱབ་པ་གྲུབ་པ་སྲིད་པའི་ཕྱིར་རོ། །ཞེ་ན། མི་འཐད་དེ། ལྟག་ཆོད་ཀྱི་ངེས་པ་ལྟར་རྟགས་ཕྱེད་མ་གྲུབ་པ་དང་། ཁྱབ་པ་ཕྱེད་མ་གྲུབ་པ་སོགས་མཐའ་མེད་དུ་ཐལ་བའི་ཕྱིར་རོ། །གཉིས་པ་ནི། མ་གྲུབ་གཉིས་སུ་ཕྱེ་བ་ལྷག །འགལ་བའི་ཐལ་འགྱུར་ལྟར་སྣང་ཆད། །རྟགས་མེད་ཁྱབ་པ་གྲུབ་པ་འཁྲུལ། །དེས་ན་ཐལ་འགྱུར་བཅུ་བཞི་མིན། །ཞེས་གསུངས་ཏེ། རྟགས་མ་གྲུབ་པ་ལས་ལོགས་སུ། རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་ཞེས་གཉིས་སུ་འབྱེད་པ་མི་འཐད་པར་ཐལ། དེ་གཉིས་ཀ་ལ་ཡང་རྟགས་མ་གྲུབ་ཅེས་པའི་ལན་གཅིག་གིས་ཆོག་པའི་ཕྱིར་རོ། །ཁྱབ་པ་འགལ་བའི་སྒོ་ནས་ལན་ཐེབས་པའི་ཐལ་འགྱུར་ལྟར་སྣང་ཆད་དེ། སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཡང་དག་གཉིས་ནི་ལན་གྱིས་བཟློག་པར་མི་ནུས་ཤིང་། ལྟར་སྣང་དེ་ནི་འདོད་ལེན་ཐེབས་པའི་རྒྱུ་མཚན་གྱིས་ལྟར་སྣང་དུ་སོང་བའི་ཕྱིར་རོ། །གལ་ཏེ་རྟགས་མ་གྲུབ་ཀྱང་ཁྱབ་པ་གྲུབ་པ་སྲིད་དོ་ཞེས་ཟེར་ན། དེ་ལྟ་བུའི་ཐལ་འགྱུར་སྐྱོན་ཅན་གྱི་རྣམ་གཞག་བྱེད་པ་མི་འཐད་དེ། ཐལ་འགྱུར་ཡང་དག་དང་ལྟར་སྣང་གཉིས་ནི་ལན་གྱིས་བཟློག་པར་མི་ནུས་པ་དང་། ནུས་པའི་སྒོ་ནས་འཇོག་ལ། རྟགས་མ་གྲུབ་ཅེས་པའི་ལན་གྱིས་བཟློག་ཟིན་པའི་རྗེས་སུ་ཁྱབ་པ་གྲུབ་པ་སྲིད་ཅེས་ཟེར་བ་ནི་སྲོག་མེད་ཀྱང་དབང་པོ་གཞན་ཚང་བ་སྲིད་ཅེས་ཟེར་བ་ལྟར་སྣང་འཁྲུལ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཐལ་འགྱུར་ཡང་དག་གི་མཚན་ཉིད། ཁས་བླངས་ཀྱི་རྟགས་ལས་མི་འདོད་པ་ཐལ་བ་འཕེན་པའི་སྒོ་ནས་ཕྱིར་རྒོལ་གྱི་གྲུབ་མཐའ་སྐྱོན་ཅན་སུན་འབྱིན་ནུས་ཀྱི་ཐལ་ངག་གོ །བོད་དག་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ལ་རྟགས་ཕ་རོལ་གྱིས་ཁས་བླངས་པ་མི་དགོས་ཞེས་སྨྲ་བ་ནི། རྒྱ་གར་གྱི་རྟོག་གེ་པའི་ལུགས་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང་། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག དེ་དག་གི་དཔེར་བརྗོད་བཤད་པའོ། །དང་པོའི་མཚན་ཉིད། དངོས་སུ་ཐལ་བ་འཕངས་པས་བཟློག་ན། ཚུལ་གསུམ་ཚང་བའི་གཏན་ཚིགས་འཕེན་པའི་ཐལ་ངག་གོ །འདི་ལ་ཆོས་གསུམ་ལྡན་ཞིག་དགོས་ཏེ། རྟགས་ཕྱིར་རྒོལ་གྱི་བདེན་ཞེན་གྱིས་ཁས་ལེན་པ། ལྡོག་ཁྱབ་ཚད་མས་གྲུབ་པ་གཞི་གྲུབ་ཅིང་། དམ་བཅའ་ལ་ཚད་མས་བསལ་བཞུགས་པའོ། །དེ་ཉིད་དངོས་སུ་རྟགས་ཚད་མས་མ་གྲུབ་པའི་ཕྱིར་བསྒྲུབ་པའི་ངག་མ་ཡིན་ཡང་བཟློག་ན་བསྒྲུབ་ངག་ཡང་དག་ཏུ་འགྱུར་ཏེ། ཚུལ་གསུམ་ཚང་བ་བརྗོད་པའི་ཕྱིར་རོ། །རང་རྒྱུད་ཇི་ལྟར་འཕེན་པའི་ཚུལ་ནི། རང་རྒྱུད་ཀྱི་ཁྱབ་པ་ནི་ཐལ་བའི་ཁྱབ་པ་བཟློག་པས་འཕེན་མོད། ཕྱོགས་ཆོས་ལ། ཁ་ཅིག་དུ་བ་མེད་པར་ཐལ། ཞེས་ཐལ་བའི་དམ་བཅའ་བརྗོད་པས་འཕེན་ཞེས་ཟེར་བ་ནི། མི་འཐད་དེ། བསྒྲུབ་པའི་ངག་ལྟར་འདིར་ཡང་དམ་བཅའ་བརྗོད་ན་ལྷག་པས་ཚར་བཅད་ཡིན་པའི་ཕྱིར་རོ། །ཁ་ཅིག་ཐལ་བའི་རྟགས་ཀྱིས་སྟོན་ཏེ། མེ་མེད་པའི་ཕྱིར། ཞེས་བརྗོད་པས་བསྒྲུབ་བྱ་དུ་མེད་ལ་དམིགས་པའི་བློ་འཕེན་ལ། དེ་ལ་ཡིད་གཏད་པས་བཟློག་པ་དུ་ཡོད་གོ་བར་བྱེད་དོ་ཞེས་ཟེར་བའང་མི་འཐད་དེ། དུ་མེད་ལ་ཡིད་གཏད་པས་དུ་ཡོད་གོ་ན་ཧ་ཅང་ཐལ་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། ཐལ་བའི་ངག་ལས་རང་རྒྱུད་ཀྱི་དོན་འཕེན་མོད། ངག་བཟློག་པ་ལྟར་མི་འཕེན་ཏེ། འདི་ལྟར་མེ་མེད་པའི་རྟགས་ཁས་བླངས་པར་མ་བརྗོད་ན་ཐལ་འགྱུར་གྱི་ཕྱོགས་ཆོས་མི་འགྲུབ་ལ་བརྗོད་ན་དེ་བཟློག་པའི་ཚེ་རང་རྒྱུད་ཀྱི་བསྒྲུབ་བྱ་བརྗོད་དགོས་པས་ངག་ལྷག་པར་འགྱུར་བའི་ཕྱིར། གཉིས་པ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། ཐལ་འགྱུར་ཡང་དག་གང་ཞིག ལྡོག་ན་དོན་གྱིས་ཚུལ་གསུམ་ཚང་བའི་གཏན་ཚིགས་མི་འཕེན་པའོ། །གསུམ་པ་དེ་དག་གི་དཔེར་བརྗོད་བཤད་པ་ལ། སྒྲུབ་བྱེད་མི་འཕེན་པའི་ཐལ་གྱུར་ཡང་དག་གི་དཔེར་བརྗོད་དང་། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་དཔེར་བརྗོད་གཉིས་ལས། དང་པོ་ནི། རང་བཞིན་འབྲས་བུ་མཚན་ཉིད་དེ། །མི་དམིགས་གསུམ་གྱིས་བསྒྲུབ་མི་འཕེན། །ཞེས་ཏེ། ལུགས་འདི་ལ་སྤྱིར་གཏན་ཚིགས་ཡང་དག་ལ་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་གཉིས། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་བཞི། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་བཅུ་གཉིས། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་གཏན་ཚིགས་གཉིས་ཏེ་ཉི་ཤུར་གྲངས་ངེས་ལ། ཐལ་འགྱུར་ལ་ཡང་དེ་དག་གི་མིང་ཅན་གྱི་ཐལ་འགྱུར་ཉི་ཤུར་གྲངས་ངེས་སོ། །དེ་ལ་བུམ་པ་མེད་པར་ཐལ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་རང་བཞིན་མ་དམིགས་པའི་ཐལ་འགྱུར་དང་། དུ་བའི་དངོས་རྒྱུ་མེད་པར་ཐལ། དུ་བ་མེད་པའི་ཕྱིར། ཞེས་དངོས་འབྲས་མ་དམིགས་པའི་ཐལ་འགྱུར་དང་། བ་ལང་མ་ཡིན་པར་ཐལ། ནོག་སོགས་འདུས་པ་མ་ཡིན་པའི་ཕྱིར། ཞེས་ཁྱབ་བྱེད་མ་དམིགས་པའི་ནང་ཚན་མཚན་ཉིད་མ་དམིགས་པ་གསུམ་གྱིས་སྒྲུབ་བྱེད་མི་འཕེན་ཏེ། བུམ་པ་ཡོད་པ་ལ་སོགས་པ་གསུམ་པོ་དེ་ཚད་མས་གྲུབ་ན། བུམ་པ་ཚད་མས་དམིགས་པ་ལ་སོགས་པ་དེ་དག་ཀྱང་གྲུབ་པས། རང་རྒྱུད་ལ་ཤེས་འདོད་མེད་ཅིང་། དེ་དག་ཚད་མས་མ་གྲུབ་ན་ཐལ་འགྱུར་གྱི་དམ་བཅའ་ལ་ཚད་མས་བསལ་བ་མ་ཞུགས་པས། རང་རྒྱུད་ཀྱི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་རོ། །དེས་ན་ཐལ་འགྱུར་འདི་གསུམ་གྱི་ཆོས་ཅན་ལ་བུམ་པས་དག་པའི་ས་ཕྱོགས་དང་། དུ་བས་དབེན་པའི་རྩིག་སྐོར་དང་། རྟ་ལྟ་བུར་འཛིན་པར་བྱེད་པ་ནི་རིགས་གཏེར་གྱི་དགོངས་པ་མ་ཡིན་ཏེ། རིགས་གཏེར་རང་འགྲེལ་ལས། བུམ་པ་ལ་སོགས་པ་ཚད་མས་གྲུབ་ན་དམིགས་པར་ཡང་གྲུབ་པས་ཤེས་འདོད་མེད་ལ། མ་གྲུབ་ན། ཐལ་བའི་ངག་ལས་བསལ་བ་མེད་ཅིང་རང་རྒྱུད་ཀྱི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་རོ། །ཞེས་དམ་བཅའ་ལ་ཚད་མས་གསལ་བཞུགས་དགོས་པར་གསུངས་པའི་ཕྱིར་དང་། གཞན་དུ་ན་གཏན་ཚིགས་ཡང་དག་ཉི་ཤུ་པོ་ཐམས་ཅད་ལ་དེ་ལྟ་བུའི་ཐལ་འགྱུར་རེ་རེ་རུང་བས་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཉི་ཤུར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེས་ན་རྟགས་ཕ་རོལ་པོས་ཁས་བླངས་པའི་དབང་དུ་བྱས་ནས་བུམ་པ་ཡོད་པའི་ས་ཕྱོགས་དང་། དུ་བ་ཡོད་པའི་ས་ཕྱོགས་དང་། བ་ལང་ཡིན་པའི་གཞི་གོང་བུ་རྭ་ཅན་ལྟ་བུ་ཆོས་ཅན་དུ་བཟུང་བར་ཤེས་པར་བྱའོ། །ལྷག་མ་ཡང་དག་གཏན་ཚིགས་ཀུན། །སྒྲུབ་བྱེད་འཕེན་པ་ཤེས་པར་བྱ། །ཞེས་ཏེ་ཁྱབ་བྱེད་མ་དམིགས་པའི་ནང་ཚན་མཚན་ཉིད་མ་དམིགས་པ་མ་གཏོགས་ཁྱབ་བྱེད་མ་དམིགས་པ་གཞན་རྣམས་དང་། སྔར་གྱི་གསུམ་པོ་དེའི་ལྷག་མར་གྱུར་པའི་ཡང་དག་གི་གཏན་ཚིགས་བཅུ་བདུན་གྱི་ཐལ་འགྱུར་ཡང་དག་བཅུ་བདུན་ཏེ་བཅོ་བརྒྱད་པོས་ནི་སྒྲུབ་བྱེད་འཕེན་པར་ཤེས་པར་བྱའོ། །རིགས་གཏེར་ལས། ཐལ་འགྱུར་གྱི་སྒྲུབ་བྱེད་འཕེན་པ་འཆད་པའི་སྐབས་སུ། ལྷག་མ་ཡང་དག་གཏན་ཚིགས་ཀུན། །སྒྲུབ་བྱེད་འཕེན་པ་ཤེས་པར་བྱ། །ཞེས་གསུངས་པའི་གནད་ཀྱང་། ཡང་དག་གི་གཏན་ཚིགས་ཉི་ཤུའི་མིང་ཅན་གྱི་ཐལ་འགྱུར་ཡང་དག་ཉི་ཤུ་ཡོད་པ་ལ། སྒྲུབ་བྱེད་འཕེན་མི་འཕེན་གཉིས་སུ་ཕྱེ་བ་ལ་དགོངས་པ་ཡིན་གྱི། དེང་སང་བོད་དག་གིས་གཏན་ཚིགས་ཡང་དག་ཐམས་ཅད་ལ་བསྒྲུབ་བྱའི་ཆོས་ལ་ཐལ་ཞེས་པའི་ཚིག་སྦྱར་བའི་ཚེ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་དང་། རྟགས་ལོག་ལ་ཐལ་དང་། ཆོས་ལོག་ལ་ཕྱིར་སྦྱར་བའི་ཚེ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བས་རེ་རེ་ལ་ཡང་གཉིས་གཉིས་ཡོད་པར་འདོད་པའི་ལུགས་དེ་ལུགས་མཆོག་འདི་ལ་སྦྱར་དུ་མི་རུང་ངོ་། །དེས་ན་འདི་ལ་ལྡོག་པ་རང་རིག་འཕེན་པའི་ཐལ་འགྱུར་བཞི། གཞན་རིགས་འཕེན་པའི་ཐལ་འགྱུར་བཅུ་བཞི་འབྱུང་སྟེ། ཡང་དག་གི་གཏན་ཚིགས་ཉི་ཤུའི་མིང་ཅན་གྱི་ཐལ་འགྱུར་ཡང་དག་ཉི་ཤུ་ཡོད་པ་ལ། ཁྱབ་བྱེད་མ་དམིགས་པ་ལ་གཉིས་སུ་ཕྱེ་ནས། མཚན་ཉིད་མ་དམིགས་པ་ནི་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་གཅིག་གི་གྲངས་འཛིན། གཞན་རྣམས་ཀྱིས་ནི་སྒྲུབ་བྱེད་འཕེན་པའི་ཐལ་གྱུར་གཅིག་གི་གྲངས་འཛིན་པས་མི་འཕེན་པ་ལ་གསུམ་དང་། འཕེན་པ་ལ་བཅོ་བརྒྱད་འབྱུང་བའི་གནད་ཀྱང་འདི་ཉིད་ཡིན་པའི་ཕྱིར་དང་། རིགས་གཏེར་རང་འགྲེལ་ཧོར་པར་གྱི་རྩ་འགྲེལ་གཉིས་ཆར་ལས་འདི་ཁོ་ན་བཞིན་འབྱུང་བའི་ཕྱིར་རོ། །དེ་ལ་ལྡོག་པ་རང་རིག་འཕེན་པ་བཞི་ནི། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞི་ཆོས་ཅན། མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་རེག་ཡོད་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་དེ་ཆོས་ཅན། གྲང་རེག་མེད་དེ། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་དང་། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། བ་མོའི་རེག་པ་ཡོད་པའི་ཕྱིར། ཞེས་ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པ་དང་། དུ་བ་དྲག་ཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། དུ་བ་དྲག་ཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར་ཞེས་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པ་དང་། བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། རང་གི་འཇིག་པ་རང་རྒྱུ་ལས་ཕྱིས་བྱུང་བའི་འཇིག་རྒྱུད་གཞན་ལ་ལྟོས་པའི་ཕྱིར་ཞེས་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པའོ། །ལྡོག་པ་གཞན་རིག་འཕེན་པའི་ཐལ་འགྱུར་བཅུ་བཞི་ནི། རྒྱུ་མ་དམིགས་པ་དང་འབྲས་བུ་དམིགས་པ་ཕན་ཚུན་བཟློག་པ་གཉིས། ལྷན་ཅིག་མི་གནས་འགལ་གྱི་སྐོར་ནས་དགུ། ཕན་ཚུན་སྤངས་འགལ་གྱི་སྐོར་ལ་གཅིག རང་བཞིན་དང་ཁྱབ་བྱེད་མ་དམིགས་པ་ཕན་ཚུན་བཟློག་པ་གཉིས་རྣམས་སོ། །དང་པོ་གཉིས་ནི། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་ན་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར་ཞེས་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་མ་དམིགས་པའི་རང་རྒྱུད་འཕེན་པ་དང་། དུ་ལྡན་གྱི་ལ་ལ་ཆོས་ཅན། དུ་བ་མེད་པར་ཐལ། མེ་མེད་པའི་ཕྱིར། ཞེས་རྒྱུ་མ་དམིགས་པའི་ཐལ་འགྱུར་གྱིས་འབྲས་བུའི་གཏན་ཚིགས་འཕེན་པའོ། །ལྷན་ཅིག་མི་གནས་འགལ་གྱི་སྐོར་དགུ་ལ། འགལ་བའི་རང་བཞིན་དམིགས་པའི་སྐོར་གསུམ་ནི། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། བ་མོའི་རེག་པ་ཡོད་པའི་ཕྱིར། ཞེས་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར། ཞེས་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་རེག་གི་དངོས་རྒྱུ་ཡོད་པའི་ཕྱིར། ཞེས་རང་བཞིན་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར་གྱིས་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པའོ། །འགལ་བའི་འབྲས་བུ་དམིགས་པའི་སྐོར་གསུམ་ནི། དུ་བ་དྲག་ཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། དུ་བ་དྲག་ཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། བ་མོའི་རེག་པ་ཡོད་པའི་ཕྱིར། ཞེས་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་རེག་གི་དངོས་རྒྱུ་ཡོད་པའི་ཕྱིར། ཞེས་རྒྱུ་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར་གྱིས། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་རེག་ཡོད་པའི་ཕྱིར་ཞེས་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པའོ། །འགལ་བའི་ཁྱབ་བྱ་དམིགས་པའི་སྐོར་གསུམ་ནི། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་རེག་ཡོད་པའི་ཕྱིར་ཞེས་ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་གྱུར་གྱིས་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར། ཞེས་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་རེག་གི་དངོས་རྒྱུ་ཡོད་པའི་ཕྱིར། ཞེས་ཁྱབ་བྱེད་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར་གྱིས་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་རྣམས་སོ། །ཕན་ཚུན་སྤངས་འགལ་གྱི་སྐོར་ནས་གཅིག་ནི། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་དངོས་ཡིན་པའི་ཕྱིར། ཞེས་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་ཁྱབ་བྱེད་འགལ་བ་དམིགས་པའི་རང་རྒྱུད་འཕེན་པའོ། །ཁྱབ་བྱེད་མ་དམིགས་པ་དང་། རང་བཞིན་ཕན་ཚུན་བཟློག་པ་གཉིས་ནི། ཤ་པ་དང་ལྡན་པའི་ཤར་གཞིར་ཆོས་ཅན། ཤ་པ་མེད་པར་ཐལ། ཤིང་མེད་པའི་ཕྱིར། ཞེས་ཁྱབ་བྱེད་མ་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་གྱི་གཏན་ཚིགས་འཕེན་པ་དང་། ཤིང་མེད་ཀྱི་བྲག་རྫོང་ན་ཆོས་ཅན། ཤིང་ཡོད་པར་ཐལ། ཤ་བ་ཡོད་པའི་ཕྱིར། ཞེས་རང་བཞིན་གྱི་ཐལ་འགྱུར་གྱིས་ཁྱབ་བྱེད་མ་དམིགས་པའི་རང་རྒྱུད་འཕེན་པའོ། །དཔེར་བརྗོད་འདི་དག་ཀྱང་ཐ་སྙད་བདེ་བའི་ཕྱིར་དུ་ཐལ་བའི་དམ་བཅའ་བཀོད་པ་ཡིན་གྱི། ཐལ་ངག་སྐྱོན་མེད་ནི་མ་ཡིན་ཏེ། ཐལ་བའི་དམ་བཅའ་དངོས་སུ་བརྗོད་པའི་ཕྱིར་རོ། །དཔེར་ན་རང་རྒྱུད་ཀྱི་རྟགས་ཀྱི་དཔེར་བརྗོད་ལ་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཟུང་བ་ལྟ་བུའོ། །འོ་ན་ཐལ་ངག་སྐྱོན་མེད་གང་ཞེ་ན། ཐོག་མར་སྤྱི་གཅིག་བསལ་བ་དུ་མ་དང་དོན་ལ་འབྲེལ་བའི་ཕྱིར་དུ་མར་ཐལ་ཞེས་དང་། ལ་ལ་མེ་མེད་པའི་ཕྱིར། དུ་བ་མེད་པར་ཐལ། ཞེས་ཐལ་འགྱུར་གྱི་དམ་བཅའ་བཀོད་ལ། ཅིའི་ཕྱིར་ཞེས་འདྲི་ན། ཐལ་ངག་འདི་ལྟར་འགོད་དེ། གང་བསལ་བ་དུ་མ་དང་འབྲེལ་བ་ཡིན་ན། དུ་མ་ཡིན་པས་ཁྱབ། དཔེར་ན་སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། སྤྱི་གཅིག་པོ་ཡང་བསལ་བ་དུ་མ་དང་དོན་ལ་འབྲེལ་ལོ་ཞེས་ཆོས་མཐུན་སྦྱོར་དང་། གང་དུ་མ་མི་སྲིད་པ་དེ་དུ་མ་དང་མ་འབྲེལ་བས་ཁྱབ། དཔེར་ན་རི་བོང་གི་རྭ་བཞིན་དུ་མ་དང་དོན་ལ་འབྲེལ་བར་ཁས་བླངས་པའི་སྤྱི་ཡང་དུ་མར་མི་སྲིད་དོ་ཞེས་མི་མཐུན་སྦྱོར་དང་། ཡང་གང་མེ་མེད་ན་དུ་བ་མེད་པས་ཁྱབ། དཔེར་ན་ཆུ་ཀླུང་བཞིན། ལ་ལའང་མེ་མེད་པར་ཁས་བླངས་སོ། །ཞེས་ཆོས་མཐུན་སྦྱོར་དང་། གང་དུ་བ་ཡོད་ན་མེད་ཡོད་པས་ཁྱབ། དཔེར་ན་ཚང་བང་བཞིན། མེ་མེད་དུ་ཁས་བླངས་པའི་ལ་ལའང་དུ་བ་ཡོད་དོ་ཞེས་ཆོས་མི་མཐུན་སྦྱོར་འགོད་དོ། །འོ་ན་འདི་ཆོས་མཐུན་སྦྱོར་དང་རང་རྒྱུད་ཀྱི་ངག་ཁྱད་མེད་དུ་འགྱུར་རོ་སྙམ་ན། ཁྱད་པར་ཤིན་ཏུ་ཆེ་སྟེ། འདིར་ནི་ཕ་རོལ་པོས་ཁས་བླངས་པའི་མེ་མེད་པའི་དུ་ལྡན་གྱི་ལ་ཆོས་ཅན་དུ་བཟུང་བ་ཡིན་ལ། རང་རྒྱུད་ཀྱི་སྐབས་སུ་ནི་ཕྱིར་རྒོལ་གྱི་མེ་ཡོད་མེད་གང་དུ་ཡང་མ་ངེས་པའི་དུ་ལྡན་གྱི་ལ་ཙམ་ཆོས་ཅན་དུ་བཟུང་བའི་ཕྱིར་རོ། །གསུམ་པ་རྩོད་པ་སྤོང་བ་ནི། གལ་ཏེ་གཞན་གྱིས་ཁས་བླངས་པ་ཙམ་རྟགས་སུ་རུང་ན་རང་རྒྱུད་ལ་ཡང་མཚུངས་ལ། མི་རུང་ན་ཐལ་འགྱུར་ལ་ཡང་མི་རུང་ངོ་ཞེ་ན། རང་རྒྱུད་ལ་གཞན་གྱིས་ཁས་བླངས་པ་ཙམ་རྟགས་སུ་མི་རུང་སྟེ། རང་རྒྱུད་ཀྱི་གཏན་ཚིགས་དེ་སྔར་རྒོལ་རང་ཉིད་ཀྱིས་མ་གྲུབ་ན། བསྒྲུབ་བྱ་བསྒྲུབ་མི་ནུས་པའི་ཕྱིར་རོ། །ཐལ་འགྱུར་ལ་གཞན་གྱིས་ཁས་བླངས་ཙམ་རྟགས་སུ་རུང་སྟེ། གཞི་གཅིག་གི་སྟེང་དུ་ཁྱབ་བྱེད་དེ་མེད་བཞིན་དུ་ཁྱབ་བྱ་དེ་ཡོད་པར་འདོད་པ་ལ་འགལ་བ་བརྗོད་པའི་སྒོ་ནས་ལོག་རྟོགས་བཟློག་པ་ཙམ་ཡིན་པའི་ཕྱིར་རོ། །དཔེར་ན་རིགས་པ་ཅན་པས་སྤྱི་དེ་ཆ་མེད་གཅིག་ཡིན་ཀྱང་། བསལ་བ་དུ་མ་དང་དོན་ལ་འབྲེལ་བ་དང་། ཡན་ལག་ཅན་དེ་ཆ་མེད་རྫས་གཞན་ཡིན་ཀྱང་། ཡན་ལག་དུ་མ་དང་དོན་ལ་འབྲེལ་བར་འདོད་པ་དང་། གྲངས་ཅན་པས། སྒྲ་བྱས་པ་ཡིན་ཀྱང་། རྟག་པར་འདོད་པ་དང་། འགའ་ཞིག་གིས་གཞི་འགར་དུ་བ་ཡོད་ཀྱང་མེ་མེད་པར་འདོད་པ་རྣམས་ལ་འགལ་བ་བརྗོད་པའི་སྒོ་ནས་ལོག་རྟོག་བཟློག་པ་ལྟ་བུའོ། །གཉིས་པ་ལན་འདེབས་པའི་ཚུལ་ལ། དགག་བཞག་གཉིས་ལས་དང་པོ་ནི། ཁ་ཅིག་ཐལ་འགྱུར་གྱི་ལན་ལ། ཁྱབ་པ་མ་གྲུབ་པ་དང་། རྟགས་མ་གྲུབ་པ་དང་། འདོད་ཐོག་དང་གསུམ་དུ་ངེས་ཞེས་ཟེར་བ་མི་འཐད་དེ། འོ་ན་ཁྱབ་པ་འགལ་བ་དང་། མ་ངེས་པ་གཉིས་ཀ་ལ་ཁྱབ་པ་མ་གྲུབ་ཅེས་པའི་ལན་གཅིག་གིས་ཆོག་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཁྱབ་པ་མ་གྲུབ་པ་དང་། རྟགས་མ་གྲུབ་པ་གཉིས་ཀ་ལ། མ་གྲུབ་ཅེས་པའི་ལན་གཅིག་གིས་ཆོག་པར་ཐལ་ལོ། །གལ་ཏེ། དེ་གཉིས་མ་གྲུབ་པར་མཚུངས་ཀྱང་། ཁྱབ་པ་མ་གྲུབ་པ་དང་། རྟགས་མ་གྲུབ་པ་ཞེས་སོ་སོར་མ་ཕྱེ་ན་ངོས་མི་ཟིན་པས་རྩོད་པ་མི་བདེའོ། །ཞེ་ན། དེ་ནི་སྔ་མ་ལའང་མཚུངས་སོ། །ཡང་ཁྱབ་པ་འགལ་བ་ལ། ཁྱབ་པ་མ་གྲུབ་ཅེས་པའི་ལན་བཏབ་ན་འཁྲུལ་པར་འགྱུར་ཏེ། སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར། ཞེས་པ་ལ། ཁྱབ་པ་མ་གྲུབ་ཅེས་པའི་ལན་བཏབ་ན་བྱས་པ་ལ་རྟག་པ་སྲིད་པར་ཤུགས་ལ་ཁས་ལེན་དགོས་པའི་ཕྱིར་ཏེ། ཤེས་བྱ་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་པ་ནི། དེས་ན་མཁས་པས་ཐལ་འགྱུར་ལན། །རྣམ་པར་ཐར་པའི་སྒོ་བཞིས་གདབ། །ཅེས་ཏེ། ཐལ་འགྱུར་གྱི་ལན་ནི། འགལ་བ་དང་། མ་ངེས་པ་དང་། མ་གྲུབ་པ་དང་། འདོད་པ་གྲུབ་པ་སྟེ་སྒོ་བཞིའོ། །ལན་གྱིས་བཟློག་པར་མི་ནུས་ན། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། བདག་ལ་བསྟོད་ཅིང་། གཞན་ལ་སྨོད་པ་དང་། གླུ་གར་དང་། བཞད་གད་དག་གིས་རིགས་པ་བསུབ་པ་ནི་ཐབས་རྡུགས་པ་ཡིན་པས། བདེན་པའི་རྗེས་སུ་འབྲང་བ་དམ་པའི་རྣམ་ཐར་ཡིན་ཏེ། དེ་ལྟ་བུའི་བསྒྲུབ་པ་དང་སུན་འབྱིན་གྱིས་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་འཛིན་ནུས་པའི་ཕྱིར་རོ། །སྐྱེ་དང་སྐྱེ་བར་ལེགས་བཤད་གོམས་པ་དང་། །ཚེ་འདིར་མཁས་པ་དུ་མ་བསྟེན་པ་དང་། །རྣམ་དཔྱོད་བློ་གྲོས་མཚུངས་པ་མེད་པ་ཡིས། །ཤེས་བྱ་ཀུན་ལ་མི་འཇིགས་གནས་ཐོབ་པ། །སྲོལ་འབྱེད་འགྲན་མེད་དེ་ཡི་རྗེས་འབྲང་ནས། །སྡེ་བདུན་གནད་ཀྱི་དགོངས་པ་ཇི་བཞིན་དུ། །མ་ནོར་གསལ་བར་བྱེད་པའི་ལེགས་བཤད་འདི། །སངས་རྒྱས་ཀུན་དངོས་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་དགའི་མཚན་ཅན་བླ་མའི་བཞེད་དོན་རྣམས། །ལེགས་པར་སྐོང་ཞིང་བྱིན་རླབས་འཇུག་ཕྱིར་དང་། །རང་ཉིད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་དང་། །གཟུར་གནས་བློ་ལྡན་རྣམས་ལ་ཕན་ཕྱིར་སྦྱར། །དེ་ལས་བྱུང་བའི་དགེ་ཚོགས་འོད་ཟེར་གྱི། །དྲྭ་བ་སྟོང་ལྡན་བསྟན་པའི་མཁའ་ཁྱབ་ནས། །ལོག་སྨྲའི་མུན་པ་མཐའ་དག་རྒྱང་སྲིང་སྟེ། །མཁའ་མཉམ་འགྲོ་ལ་ལམ་བཟང་སྟོན་པར་ཤོག། ༈ །།སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པ་ཚད་མ་རིགས་པའི་གཏེར་གྱི་དོན་གསལ་བར་བྱེད་པ། ཟབ་དོན་གནད་ཀྱི་ཁ་འབྱེད་ཅེས་བྱ་བ་འདི་ནི་སྨྲ་བའི་དམ་པ་ཀུན་མཁྱེན་སངས་རྒྱས་འཕེལ་གྱི་གསུང་ལས་ལེགས་པར་སྦྱངས་ཤིང་། འཇམ་པའི་དབྱངས་ཀྱི་ངོ་བོ་དཔལ་ལྡན་ས་སྐྱ་པཎྜི་ཏའི་གསུང་རབ་ལ་ངེས་པ་གཏིང་ནས་རྙེད་པའི་སྟོབས་ཀྱིས། རིགས་གཞུང་གི་དགོངས་པ་འགྲེལ་པ་ལ། དེང་སང་འགྲན་ཟླ་དང་བྲལ་བ་རིགས་པར་སྨྲ་བ་བསོད་ནམས་སེངྒེས་སྐལ་བ་དང་ལྡན་པ་དུ་མས་ཡང་ཡང་བསྐུལ་བའི་ངོར། ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡེ་གེ་པ་ནི་གཞོན་ནུ་བཟང་པོས་བགྱིས་པའོ།། །།སརྦ་མངྒ་ལཾ།། །། ༄༅། །རྒྱ་གར་སྐད་དུ། ཧེ་ཏུ་ཙཀྲ་ཧ་སརྦ། བོད་སྐད་དུ། རྟགས་ཀྱི་འཁོར་ལོ་གཏན་ལ་དབབ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཁྲུལ་པའི་དྲྭ་བ་འཇོམས་མཛད་པ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །རྟགས་ཀྱི་ཚུལ་གསུམ་འཁོར་ལོ་ཡིས། །གཏན་ལ་དབབ་པར་བཤད་པར་བྱ། །རྗེས་སུ་དཔག་པར་བྱ་བ་ལ། །ཡོད་དང་མེད་དང་གཉིས་ཀ་དང་། །ཡོད་པ་ལ་ནི་ཡང་དག་སྟེ། །མེད་པ་གཉིས་ཀ་མ་གྲུབ་ཡིན། །ཐེ་ཚོམ་གཉིས་ཏེ་མ་གྲུབ་བཞི། །མ་གྲུབ་སྦྱོར་བ་དེ་བཞིན་དུ། །མཐུན་པའི་ཕྱོགས་ལ་ཡོད་པ་དང་། །མེད་པ་དེ་བཞིན་གཉིས་ཀ་དང་། །མི་མཐུན་ཕྱོགས་ལའང་དེ་བཞིན་ནོ། །གསུམ་ལ་རྣམ་པ་གསུམ་གསུམ་སྟེ། །སྟེང་འོག་གཉིས་ལ་ཡང་དག་གནས། །ལོགས་ལ་འགལ་བ་རྣམ་གཉིས་ཏེ། །ཟུར་བཞི་དངོས་ཀྱི་མ་ངེས་པ། །དབུས་ན་ཐུན་མོང་མིན་པའོ། །གཞལ་བྱ་བྱས་དང་མི་རྟག་དང་། །བྱས་དང་མཉན་བྱ་རྩོལ་ལས་བྱུང་། །མི་རྟག་རྩོལ་བྱུང་རེག་བྱ་མིན། །དགུ་པོ་འདི་ནི་རྟགས་སོགས་ལའོ། །རྟག་དང་མི་རྟག་རྩོལ་བྱུང་དང་། །རྟག་དང་རྟག་དང་རྟག་པ་དང་། །རྩོལ་བྱུང་མིན་དང་མི་རྟག་རྟག །རྟག་པ་ལ་ནི་བསྒྲུབ་པ་འགོད། །སྟེང་འོག་མི་མཐུན་ལོགས་དང་སྦྱར། །ཡང་དག་གཏན་ཚིགས་གཉིས་ཡིན་ནོ། །ལོགས་དང་མི་མཐུན་སྟེང་འོག་སྦྱར། །འགལ་བའི་གཏན་ཚིགས་གཉིས་ཡིན་ནོ། །ཟུར་བཞི་ཐད་སོར་བསྣོལ་མ་སྦྱར། །ཐུན་མོང་མ་ངེས་རྣམ་པ་བཞི། །ལོགས་གཉིས་ཐད་ཀར་སྦྱར་བས་ནི། །ཐུན་མོང་མ་ཡིན་མ་ངེས་པའོ། །རྟགས་ཀྱི་འཁྲུལ་འཁོར་རྣམ་དགུ་ཡི། །དཔེ་ཡི་རྣམ་པ་འདི་ལྟར་ཏེ། །ནམ་མཁའ་བུམ་དང་བུམ་ནམ་མཁའ། །བུམ་པ་ཀློག་དང་ནམ་མཁའ་བཞིན། །ནམ་མཁའ་བུམ་དང་མཁའ་བུམ་དང་། །མཁའ་དང་བུམ་པ་ཀློག་བཞིན་དང་། །ཀློག་དང་ནམ་མཁའ་བུམ་པ་བཞིན། །བུམ་པ་གློག་དང་ནམ་མཁའ་བཞིན། །ནམ་མཁའ་རྡུལ་ཕྲན་ལས་བུམ་བཞིན། །དེ་ནི་ངེས་པའི་དབང་བྱས་ཡིན། །ཐེ་ཚོམ་ཟ་བའི་ལུགས་ལ་ནི། །ཡོད་དང་མེད་དང་ཡོད་མེད་དང་། །ཕྱོགས་གཅིག་མཐའ་དག་སྦྱར་བ་འོ། །རྟགས་ཀྱི་འཁོར་ལོ་གཏན་ལ་ཕབ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།གཉིས་པ་ལ་གསུམ་སྟེ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་། སྤྱིར་གཏན་ཚིགས་ཀྱི་རབ་ སྟེང་ལྟར་གསུམ།་་་་་༼སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་དང་། མི་མཐུན་ཕྱོགས་བུམ་པ་སྟེ་གཉིས་ཀ་ལ་ཁྱབ་བྱེད།༽ ༼སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། མཐུན་ཕྱོགས་བུམ་པ་ལ་ཡོད་ངེས་པའོ། །མི་མཐུན་ཕྱོགས་ནམ་མཁའ་ལ་མེད་ངེས་པའོ། །༽ ༼སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་སྟེ། མི་རྟག་ཡིན་པའི་ཕྱིར། མཐུན་ཕྱོགས་བུམ་པ་ལ་ཁྱབ་བྱེད། མི་མཐུན་ཕྱོགས་གློག་དང་ནམ་མཁའ་གཉིས་ལ་ཆ་གཉིས་པ།༽ བར་ལྟར་གསུམ།་་་་་༼སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་ལ་མེད་ངེས་པ། མི་མཐུན་ཕྱོགས་བུམ་པ་ལ་ཡོད་ངེས་པའོ། །༽ ༼སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ། མི་མཐུན་ཕྱོགས་བུམ་པ་གཉིས་ཀ་ལ་མེད་ངེས་པའོ། །༽ ༼སྒྲ་ཆོས་ཅན། རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་ལ་མེད་ངེས། མི་མཐུན་ཕྱོགས་བུམ་པ་དང་གློག་གཉིས་ལ་རིམ་བཞིན་ཆ་གཉིས་པའོ། །༽ འོག་ལྟར་གསུམ།་་་་་༼སྒྲ་ཆོས་ཅན། རྩོལ་བ་ལས་མ་བྱུང་སྟེ། འཇིག་པའི་ཕྱིར། མཐུན་ཕྱོགས་དང་གློག་དང་ནམ་མཁའ་གཉིས་ལ་ཆ་གཉིས། མི་མཐུན་ཕྱོགས་བུམ་པ་ལ་ཡོད་པར་ངེས་པའོ། །༽༼དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། མཐུན་ཕྱོགས་བུམ་པ་དང་གློག་གཉིས་ལ་ཆ་གཉིས། མི་མཐུན་ཕྱོགས་ནམ་མཁའ་ལ་མེད་པར་ངེས་པའོ། །༽༼སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་དང་། རྡུལ་ཕྲན་ལ་རིམ་བཞིན་ཆ་གཉིས་དང་། མི་མཐུན་ཕྱོགས་ལུས་དང་བུམ་པ་ལ་རིམ་བཞིན་ཆ་གཉིས།༽ དབྱེ། བྱེ་བྲག་ཕྱོགས་ཆོས་ཅན་གྱི་དབྱེ་བ་བཤད་པའོ། །དང་པོ་ནི། འཁྲུལ་པའི་དྲྭ་བ་འཇོམས་མཛད་པ། །ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི། རྗེས་སུ་དཔག་པར་བྱ་བ་ལ། །ཞེས་སོགས་ཚིག་རྐང་ལྔ་སྟེ། སྤྱིར་རྟགས་སུ་བཀོད་ཙམ་ལ་རྩོད་གཞི་ལ་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གསུམ་ལས། དང་པོ་ལ། ཕྱོགས་ཆོས་ཅན་དང་། ཕྱི་མ་གཉིས་ཐེ་ཚོམ་ཟ་བ་གཉིས་དང་བཅས་པ་ལ། མ་གྲུབ་པར་བཞག་ཅེས་པའོ། །གསུམ་པ་ལ་གཉིས་ཏེ། ངེས་པའི་དབང་དུ་བྱས་པ་དང་། ཐེ་ཚོམ་ཟ་བའི་དབང་དུ་བྱས་པའོ། །དང་པོ་ལ་གསུམ་སྟེ། དགུར་དབྱེ་བའི་ཚུལ་དང་། འཁོར་ལོ་བྲིས་ནས་རྟགས་རིགས་ངོས་གཟུང་བ། སྦྱོར་བའི་དོན་ངོས་གཟུང་བའོ། །དང་པོ་ནི། མ་གྲུབ་སྦྱོར་བ་དེ་བཞིན་དུ། །ཞེས་སོགས་ཚིག་རྐང་ལྔ་སྟེ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལ་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། གཉིས་ཆར་དང་གསུམ་ལས། དེ་རེ་རེ་ལ་ཡང་མི་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། གཉིས་ཀ་གསུམ་སྟེ་དབྱེ་བས་དགུར་འགྱུར་སྟེ། རྣམ་ངེས་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། །སྟེང་འོག་གཉིས་ལ་ཡང་དག་གནས། །ཞེས་སོགས་ཚིགས་བཅད་གཅིག་སྟེ། འཁོར་ལོ་ལིང་ཚེ་དགུར་བྲིས་ནས་སྟེང་ལྟར་གསུམ་ལ་མཐུན་ཕྱོགས་ལ་ཡོད་པ་གསུམ། བར་ལྟར་གསུམ་ལས་མཐུན་ཕྱོགས་ལ་མེད་པ་གསུམ། འོག་ལྟར་གསུམ་ལ་མཐུན་ཕྱོགས་ལ་རྣམ་གཉིས་པ་གསུམ་བྲིས་ནས་བལྟས་པའི་ཚེ། འདི་དག་གི་གཟུགས་བརྙན་རང་ཤུགས་ཀྱིས་འཆར་རོ། །གསུམ་པ་ལ་བཞི་སྟེ། གཏན་ཚིགས་དགུ་ངོས་བཟུང་བ་དང་། བསྒྲུབ་ཆོས་དགུ་ངོས་གཟུང་བ་མི་མཐུན་ཕྱོགས་དང་སྦྱོར་བའི་ཚུལ། མཐུན་ཕྱོགས་མི་མཐུན་ཕྱོགས་ངོས་གཟུང་བའོ། །དང་པོ་ནི། གཞལ་བྱ་བྱས་དང་མི་རྟག་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། དང་པོ་གསུམ་མཐུན་ཕྱོགས་ལ་ཡོད་པ་གསུམ། བར་པ་གསུམ་མཐུན་ཕྱོགས་ལ་མེད་པ་གསུམ། ཐ་མ་གསུམ་མཐུན་ཕྱོགས་ལ་རྣམ་གཉིས་པ་གསུམ་སྟེ། འོག་མ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། རྟག་དང་མི་རྟག་རྩོལ་བྱུང་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཅན་གོ་སླ་བ་ལ་དགོངས་ནས་དངོས་སུ་མ་བཀོད་དོ། །གསུམ་པ་ནི། སྟེང་འོག་མི་མཐུན་ལོགས་དང་སྦྱར། །ཞེས་སོགས་ཚིགས་བཅད་གཉིས་སོ། །བཞི་པ་ནི། རྟགས་ཀྱི་འཁྲུལ་འཁོར་རྣམ་དགུ་ཡི། །ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། འཁོར་ལོ་མཐོང་བས་ཤེས་པར་འགྱུར་རོ། །གཉིས་པ་ནི། ཐེ་ཚོམ་ཟ་བའི་ལུགས་ལ་ནི། །ཞེས་སོགས་ཚིག་རྐང་གསུམ་མོ། །གསུམ་པ་ལ་བཞི་སྟེ། རྟགས་དགུ་སྨོས་པའི་དགོས་པ། ལྟར་སྣང་གི་སྐབས་སུ་མ་གྲུབ་པ་མི་སྟོན་པའི་རྒྱུ་མཚན། ཡང་དག་གི་སྐབས་སུ་མ་དམིགས་པའི་གཏན་ཚིགས་མི་སྟོན་པའི་རྒྱུ་མཚན། ཕྱོགས་གཉིས་ཀ་ལ་རྣམ་གཉིས་པའི་མ་ངེས་པ་ལ་དོགས་པར་དཔྱད་པའོ། །དང་པོ་ནི། ཚད་མ་མདོར། གང་ཕྱིར་གཏན་ཚིགས་དག་དང་ནི། །དེར་སྣང་ཕལ་ཆེར་ཕྱོགས་ཆོས་ཉིད། །དེས་ན་གཏན་ཚིགས་སོགས་དོན་གྱི། །སྔོན་དུ་དེ་དབྱེ་བསྟན་པར་བྱ། །ཞེས་དང་། རྣམ་ངེས་ལས། བདེ་བླག་ཏུ་བཟུང་བའི་ཕྱིར་ཞེས་དང་། རྣམ་འགྲེལ་ལས། གཏན་ཚིགས་རབ་ཏུ་དབྱེ་བའི་དོན། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ནོ། །གཉིས་པ་ནི། གཏན་ཚིགས་ཀྱི་འཁོར་ལོའི་སྐབས་འདིར་མ་གྲུབ་པའི་གཏན་ཚིགས་མི་སྟོན་པའི་རྒྱུ་མཚན་ཡོད་དེ། འདི་དག་ནི་གཏན་ཚིགས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་ཡོད་མེད་ཀྱི་བྱེ་བྲག་ཞིབ་ཏུ་ཕྱེ་ནས་ཡང་དག་ཏུ་འགྱུར་བ་ལ་མཐུན་ཕྱོགས་ལ་ཡོད་པར་ངེས་ཤིང་། མི་མཐུན་ཕྱོགས་ལ་གཏན་མེད་པ་གཅིག་དགོས་སོ། །ཞེས་ཤེས་པའི་ཆེད་ཡིན་པ་གང་ཞིག མ་གྲུབ་པའི་གཏན་ཚིགས་ནི་ཕྱོགས་ཆོས་མ་གྲུབ་པ་དེ་ཉིད་ཀྱིས་སྐྱོན་ཅན་དུ་སོང་ཟིན་པས་མཐུན་ཕྱོགས་ལ་ཡོད་མེད་དཔྱོད་པ་དོན་མེད་པའི་ཕྱིར་རོ། །འདི་ལ་དགོངས་ནས་རིགས་གཏེར་ལས། རྟགས་མེད་ཁྱབ་པ་འགལ་ཕྱིར་དང་། །ཞེས་དང་། འགྲེལ་པར། རྟགས་མ་གྲུབ་ན་ཕྱོགས་ལ་མཐུ་མེད་པའི་ཕྱིར། ཁྱབ་པ་གྲུབ་མ་གྲུབ་དཔྱོད་པ་བླུན་པོའི་རྣམ་ཐར་ཡིན་ཏེ། ཞེས་གསུངས་པ་ཡང་གནད་ཀྱི་དོན་དུ་ཤེས་པར་བྱའོ། །གསུམ་པ་ནི། འདིར་ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པ་ནི། ཁྱབ་པ་བརྗོད་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཆེད་ཡིན་ལ། དགག་རྟགས་ཀྱི་ཁྱབ་པ་ནི། བསྒྲུབ་རྟགས་གཉིས་ཀྱི་ཁྱབ་པའི་ཁོངས་སུ་འདུས་པས་ལོགས་སུ་མི་སྟོན་ཏེ། རྒྱུ། ཁྱབ་བྱེད། མ་དམིགས་པའི་གཏན་ཚིགས་ཀྱི་ལྡོག་ཁྱབ་ནི་འབྲས་རང་གི་རྟགས་ཀྱི་རྗེས་འགྲོ་དེ་ཉིད་ཡིན་ཅིང་། རང་བཞིན་མ་དམིགས་པའི་གཏན་ཚིགས་ནི། བཀོད་ཚོད་ལ་དེ་ལྟར་བཀོད་ཀྱང་སོང་ཚོད་ལ་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་དུ་བསྒྲུབ་པའི་གཏན་ཚིགས་ཡིན་པས་རང་བཞིན་གྱི་རྟགས་ཀྱི་ཁོངས་སུ་འདུས་པའི་ཕྱིར་དང་། དགག་རྟགས་གཞན་ཐམས་ཅད་ནི་སྦྱོར་བ་འགོད་ཚུལ་ཐ་དད་ཀྱང་། རང་བཞིན་མ་དམིགས་པའི་གཏན་ཚིགས་ཀྱི་ཁོངས་སུ་འདུས་པའི་ཕྱིར། རྒྱུ་ལས་འབྲས་བུ་བསྒྲུབ་པས་ན། །ཞེས་པའི་དོན་རྣམ་འཇོག་གི་རྒྱུ་ལས་རྣམ་གཞག་གི་འབྲས་བུ་བསྒྲུབ་པ་ལ་འཆད་པ་ནི། གཅིག་དམིགས་ཉམས་སུ་མྱོང་བ་ལས། །ཞེས་སོགས་ཀྱི་གཞུང་ལ་འབྲུ་མ་ཐེབ་པའི་སྐྱོན་ནོ། །འདི་དག་གི་རྣམ་གཞག་རྒྱས་པ་ནི་གཞུང་དོན་གྱི་སྐབས་སུ་ཤེས་པར་བྱའོ། །བཞི་པ་ནི། སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་པ་འདི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་རྣམ་གཉིས་མི་འཐད་དེ། རེག་བྱ་ཅན་དང་རྟག་པའི་གཞི་མཐུན་མེད་པའི་ཕྱིར། ཞེས་པ་འདི་ནི་རྒོལ་བའི་དབང་དུ་བྱས་པས་སྐྱོན་མེད་དེ། རྒོལ་བ་བྱེ་བྲག་པས། རྡུལ་ཕྲན་དེ་རེག་བྱ་ཅན་དང་རྟག་པའི་གཞི་མཐུན་དུ་འདོད་པའི་ཕྱིར་རོ། །ཕྱོགས་ཆོས་ཅན་གྱི་གཏན་ཚིགས་འདི་དག་རང་དོན་གྱི་སྐབས་སུ་བསྟན་རིགས་པ་ལས་ཅིའི་ཕྱིར་གཞན་དོན་གྱི་སྐབས་སུ་བསྟན་ཞེ་ན། དེའི་ལན་དུ། རྗེས་སུ་དཔག་པར་བཤད་ཟིན་ཏོ། །གཏན་ཚིགས་བརྗོད་བྱ་རྟོགས་དོན་དུ། །རབ་ཏུ་དབྱེ་བ་ཙམ་བཤད་དེ། །ཞེས་གསུངས་ཏེ། གཞན་དོན་རྗེས་དཔག་གིས་ཚུལ་གསུམ་ཕྱིན་ཅི་མ་ལོག་པར་བརྗོད་པའི་སྒོ་ནས། གཞན་ལ་བསྟན་པའི་ཆེད་ཡིན་པས་ཤིན་ཏུ་ཡང་འཐད་དོ། །རང་གི་མཐོང་བའི་ཚུལ་གསུམ་བརྗོད་པ་ཡིས། །བསྒྲུབ་བྱ་ལྐོག་གྱུར་གཞན་ལ་སྟོན་པ་ལ། །བརྗོད་ཚུལ་རྟོགས་ཕྱིར་ཕྱོགས་ཆོས་ཅན་གྱི་ནི། །གཏན་ཚིགས་རབ་ཏུ་དབྱེ་བ་ཤེས་པར་དགོས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཞན་དོན་རྗེས་དཔག་བཤད་ཟིན་ཏོ།། །།འདི་བསྒྲུབ་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།