Nitartha Digital Library
Tibetan
 
no previousཚད་མ་རིགས་པའི་གཏེར་གྱི་དཀའ་བའི་གནས་རྣམ་པར་བཤད་པ་སྡེ་བདུན་རབ་གསལ། no next

ཚད་མ་རིགས་པའི་གཏེར་གྱི་དཀའ་བའི་གནས་རྣམ་པར་བཤད་པ་སྡེ་བདུན་རབ་གསལ།

གཏན་ཚིགས་རིག་པའི་རྣམ་བཞག་འཆད་པ།

ཚད་མའི་དཀའ་བའི་གནས་རྣམ་པར་བཤད་པ་སྡེ་བདུན་གྱི་དགོངས་པ་རབ་ཏུ་གསལ་བའི་ཉི་མ། རིགས་པའི་གཏེར་གྱི་གཟུགས་ལ་ལྟ་བའི་མེ་ལོང་ཡང་དག་རིགས་པའི་གཞན་ཕན་འབྱུང་བའི་རྔ་སྒྲ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཤེས་རབ་རལ་གྲི་མདའ་གཞུའི་སྦྱོར་བ་ཡིས། །མི་ཤེས་རྨོངས་བའི་གཡུལ་ངོ་ཀུན་བཅོམ་ནས། །ཡང་དག་ལྟ་བའི་རྒྱལ་ཐབས་ལེགས་མཛད་པ། །ལྷ་མཆོག་གང་དེས་བདག་ཡིད་བྱིན་གྱིས་རློབས། །དྲི་མེད་བསྟན་པའི་ཕྱོགས་ཀྱི་ཁུར་བསྣམས་ནས། །ཕས་རྒོལ་ལོག་སྨྲ་དྲེགས་པའི་སྤྱི་བོ་ལ། །སྤོབས་པའི་གོམས་པ་འདོར་མཁས་གླང་པོ་མཆོག །རིགས་པའི་སྲོལ་འབྱེད་དེ་ལ་གུས་པས་འདུད། །ཀུན་ཏུ་བཟང་པོའི་འོད་ཟེར་ཆ་ཙམ་ཞིག །འཛམ་གླིང་སྐལ་བཟང་སྐྱེ་བོའི་ཡིད་མཁའ་ལ། །རྣམ་པར་ཤར་ཚེ་ཆོས་ཀྱི་གྲགས་པ་ཞེས། །སྙན་པའི་བ་དན་གཡོ་བ་དེ་ལ་འདུད། །གང་གིས་ལེགས་གསུངས་རིགས་པ་མི་ཟད་གཏེར། །ཐོགས་མེད་མཁྱེན་པས་ཇི་བཞིན་ཕྱེ་བ་ལ། །འཛིན་མའི་ཁྱོན་འདིར་འགྲན་ཟླ་མ་མཆིས་པ། །རྗེ་བཙུན་ས་སྐྱ་པ་ལ་གུས་ཕྱག་འཚལ། །འཇམ་དབྱངས་བླ་མའི་གསུང་རབ་ཡིད་བཞིན་ནོར། །བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེར་མཆོད་པ། །ཀུན་མཁྱེན་བླ་མའི་བར་དུ་བྱོན་པ་ཡི། །རྨད་བྱུང་བརྒྱུད་པའི་ཚོགས་ལའང་གུས་ཕྱག་འཚལ། །སྟོན་དང་བསྟན་པ་ཚད་མར་ལེགས་བསྒྲུབ་པ། །ཕྱོགས་ལས་རྣམ་རྒྱལ་ཕྱོགས་གླང་གྲགས་པའི་གཞུང་། །སྔོན་སྦྱངས་ཐུགས་དང་ལྷག་པའི་ལྷ་ཡི་མཐུས། །འཁྲུལ་མེད་གནད་ཀྱི་དོན་རྣམས་ཇི་བཞིན་དུ། །པཎ་ཆེན་འགྲོ་བའི་བླ་མས་ཕྱེ་བ་ཡི། །རྗེས་སུ་འབྲངས་ཏེ་ཁོ་བོའི་རྣམ་དཔྱོད་ཀྱིས། །བོད་བསྡུས་འཁྲི་ཤིང་དྲྭ་བ་ཚར་བཅད་ནས། །ངེས་དོན་ཟབ་མོའི་གདམས་པ་སྦྱིན་པར་བྱ། །འདི་ལ་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་བར་ཆད་ཞི་བའི་ཕྲིན་ལས་སྒྲུབས། །བསྟན་ལ་དགའ་བའི་ལྷ་རྣམས་གར་བྱེད་ཅིང་། །མེ་ཏོག་སིལ་མ་འཐོར་ལ་ཤིས་བརྗོད་མཛོད།། །།ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་དག་གིས། རིག་པའི་གནས་ལྔ་ལ་མཁས་པར་བྱ་དགོས་ཏེ། ཇི་སྐད་དུ། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་པས་སོ། །དེ་ལྟར་རིག་པའི་གནས་ལྔ་ལས། འདིར་གཏན་ཚིགས་རིག་པའི་རྣམ་བཞག་འཆད་པ་ལ་དོན་གསུམ་སྟེ། གཏན་ཚིགས་རིག་པའི་གཞུང་ལུགས་ངོས་བཟུང་། དེའི་སྲོལ་འབྱེད་ཇི་ལྟར་བྱུང་བའི་ཚུལ། ཁྱད་པར་འཕགས་པའི་ལུགས་བཤད་པའོ། །དང་པོ་ནི་ཐོག་མར་དགྲ་བཅོམ་པ་འཆོས་སྐྱོབས་ཀྱིས་བསྟན་བཅོས་སྨྲ་བའི་སྒོ་མཛད་པར་གྲགས་ཤིང་། དེའི་རྗེས་སུ་སློབ་དཔོན་དབྱིག་གཉེན་གྱིས་རྩོད་པ་སྒྲུབ་པ་མཛད་དོ། །འོ་ན་ཚད་མ་མདོ་ལས། རྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན། །ངེས་པར་སྙིང་པོ་མེད་པར་དགོངས། །ཞེས་གསུངས་པ་མ་ཡིན་ནམ་སྙམ་ན། དེ་ནི་སྔོན་གྱི་བྱེ་བྲག་སྨྲ་བའི་གྲུབ་མཐའ་ལ་གནས་ཤིང་། བློ་གྲོས་ཀྱི་ནུས་པ་མ་རྫོགས་པའི་ཚེ་བརྩམས་པས། ཕྱིས་སེམས་ཙམ་པའི་གྲུབ་མཐའ་ལ་གནས་ཤིང་བློ་གྲོས་ཀྱི་ནུས་པ་རྫོགས་པའི་ཚེ་བརྗོད་དོན་རང་ཉིད་ཀྱི་ཞལ་གྱིས་མི་བཞེས་པར་འགྲེལ་བཤད་ལས་བཤད་དོ། །སློབ་དཔོན་དབྱིག་གཉེན་ལ་བཀའ་བཞི་རང་ལས་མཁས་པའི་སློབ་མ་བཞི་ཡོད་པ་ལས། ཚད་མ་རང་ལས་མཁས་པར་གྲགས་པ་དཔལ་ལྡན་ཕྱོགས་ཀྱི་གླང་པོས་ཐོག་མར་དམིགས་པ་བརྟག་པ་ལ་སོགས་པ་བསྟན་བཅོས་ཐོར་བུ་བ་བརྒྱ་རྩ་བརྒྱད་བརྩམས་པར་གྲགས་པ་ལས། བོད་དུ་འགྱུར་བ་ལ་ཡང་། རླུང་གི་རབ་བྱེད་འགྲེལ་པ་དང་བཅས་པ། དམིགས་པ་བརྟག་པ་འགྲེལ་པ་དང་བཅས་པ། དུས་གསུམ་བརྟག་པ། རིགས་པ་ལ་འཇུག་པ། ཕྱོགས་ཆོས་དགུའི་འཁོར་ལོ་རྣམས་ཡོད་དོ། །དུས་ཕྱིས་དེ་དག་གི་བརྗོད་བྱ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཚད་མ་ཀུན་ལས་བཏུས་པ། མངོན་སུམ། རང་དོན་རྗེས་དཔག གཞན་དོན་རྗེས་དཔག དཔེ་དང་དཔེ་ལྟར་སྣང་བརྟག་པ། གཞན་སེལ་བརྟག་པ། ལྟག་ཆོད་བརྟག་པ་སྟེ་ལེའུ་དྲུག་གི་བདག་ཉིད་ཅན་བརྩམས་ཤིང་། འདི་ཉིད་མགོན་པོ་འཇམ་པའི་དབྱངས་ཀྱིས་ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་འགྱུར་བར་ལུང་བསྟན་ནོ། །དེ་ལ་འགྲེལ་བྱེད་དུ་མ་བྱུང་བའི་ནང་ནས། སློབ་དཔོན་དབང་ཕྱུག་སྡེ་ལས་ཕྱོགས་གླང་གི་ལུགས་གསན་པ་ཀུན་ཏུ་བཟང་པོའི་རྣམ་འཁྲུལ་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་ལེའུ་བཞིའི་བདག་ཉིད་ཅན་ལེའུ་དང་པོ་ལ་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་དང་། རྣམ་ངེས་རང་འགྲེལ་དང་བཅས་པ་དང་། རིགས་པའི་ཐིགས་པ་དང་། གཏན་ཚིགས་ཐིགས་པ་དང་། འབྲེལ་པ་བརྟག་པ་རང་འགྲེལ་དང་བཅས་པ་དང་། རྒྱུད་གཞན་གྲུབ་པ་དང་། རྩོད་རིགས་ཏེ་རབ་ཏུ་བྱེད་པ་སྡེ་བདུན་མཛད་དོ། །འདིར་བོད་སྔ་རབས་པ་རྣམས་དང་པོ་གསུམ་ལ་གཙོ་བོ་ལུས་ལྟ་བུ་དང་། ཕྱི་མ་བཞི་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་སུ་བཞེད་ཀྱང་། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ནི་རྣམ་འགྲེལ་རྩ་བ་ལྟ་བུ་དང་། གཞན་རྣམས་དེའི་འགྲེལ་པ་ལྟ་བུར་བཞེད་པར་མངོན་ནོ། །གཉིས་པ་ལ་གསུམ་སྟེ། འཕགས་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ། བོད་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ། དེ་དག་ལས་ཁྱད་པར་འཕགས་པའི་ལུགས་ངོས་བཟུང་བའོ། །དང་པོ་ནི་རྒྱལ་དབང་བློས་མདོའི་རང་འགྲེལ་ལ་འགྲེལ་བཤད་ཤླཽ་ཀ་སྟོང་ཕྲག་དགུ་པ་མཛད། སློབ་དཔོན་ལྷ་དབང་བློས་རྣམ་འགྲེལ་ལེའུ་གཉིས་པ་མན་གྱི་འགྲེལ་པ། ལེའུ་དང་པོའི་རང་འགྲེལ། བསྡོམས་པས་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་པ་དང་། དེ་གཉིས་ཀྱི་འགྲེལ་བཤད་ཤཱཀྱ་བློས་བམ་པོ་དྲུག་ཅུ་རྩ་གསུམ་པ་མཛད་དོ། །སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་ལེའུ་གཉིས་པ་མན་གྱི་འགྲེལ་པ་རྣམ་འགྲེལ་གྱི་རྒྱན་ཞེས་བྱ་བ་བམ་པོ་དྲུག་ཅུ་པ་དང་། དེའི་འགྲེལ་བཤད་རྒྱལ་བ་ཅན་གྱི་བམ་པོ་དྲུག་ཅུ་པ་དང་། ཉི་མ་སྦས་པས་བམ་པོ་བཅུ་དགུ་པ་དང་། ཡཱ་མ་རིས་ཀྱང་འགྲེལ་བཤད་མཛད་ཅིང་། ལེའུ་དང་པོའི་རང་འགྲེལ་ལ་བྲམ་ཟེ་བདེ་བྱེད་དགའ་བས་འགྲེལ་བཤད་དང་། འབྲེལ་བརྟག་གི་འགྲེལ་པ་མཛད་དོ། །རྣམ་ངེས་ལ་ཆོས་མཆོག་གི་འཐད་ལྡན་ཆེན་མོ་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་དང་། བཞི་བརྒྱ་དྲུག་ཅུ་རྩ་གསུམ་པ་དང་། རིགས་ཐིགས་ཀྱི་འགྲེལ་པ་ཆོས་མཆོག་ཆུང་བར་གྲགས་པ་དང་། སྔ་མའི་འགྲེལ་བཤད་ཁ་ཆེ་ཛྙཱ་ན་ཤྲཱིས་མཛད་དོ། །རིགས་ཐིགས། རྒྱུད་གཞན་གྲུབ་པ། གཏན་ཚིགས་ཐིགས་པ། འབྲེལ་བརྟག རྩོད་རིགས། དམིགས་བརྟག་གི་འགྲེལ་པ་དུལ་བ་ལྷས་མཛད་པ་དང་། རྩོད་རིགས་ཀྱི་འགྲེལ་པ་དོན་དམ་རྣམ་འབྱེད་ཤཱནྟི་པས་མཛད་པ་དང་། རིགས་ཐིགས་ཀྱི་འགྲེལ་པ་ཤླཽ་ཀ་སྟོང་བདུན་བརྒྱ་བདུན་ཅུ་རྩ་བདུན་པ་དང་། དེའི་ཕྱོགས་སྔ་མདོར་བསྡུས་པ་ཀཱ་མ་ལ་ཤཱི་ལས་མཛད་པ་དང་། དེའི་དོན་བསྡུས་ཛཱི་ན་མི་ཏྲས་མཛད་པ་དང་། དུལ་བ་ལྷས་མཛད་པའི་གཏན་ཚིགས་ཐིགས་པའི་རྒྱ་ཆེ་འགྲེལ་གྱི་འགྲེལ་བཤད་བྲམ་ཟེ་ཨ་ཙ་ཊས་མཛད་པ་རྣམས་ནི་མདོ་དང་། སྡེ་བདུན་གྱི་འགྲེལ་པ་འགྲེལ་བཤད་ཀྱི་དབང་དུ་བྱས་པའོ། །གཞན་ཡང་རྟོག་གེའི་བསྟན་བཅོས་ཐོར་བུ་བ་ལ། ཙནྡྲ་གོ་མིས་རིགས་པ་གྲུབ་པའི་སྒྲོན་མེ་དང་། ཤེས་རབ་འབྱུང་གནས་སྦས་པས་སེལ་བ་གྲུབ་པ་དང་། དེའི་འགྲེལ་པ་བྲམ་ཟེས་མཛད་པ་དང་། ཞི་བ་འཚོས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། དེའི་དཀའ་འགྲེལ་ཀ་ཤིས་མཛད་པ་སྟོང་ཕྲག་བཅོ་བརྒྱད་པ་དང་། ཛེ་ཏ་རིས་གཏན་ཚིགས་ཀྱི་དེ་ཁོ་ན་བསྟན་པ་དང་། ཆོས་དང་ཆོས་ཅན་གཏན་ལ་ཕབ་པ་དང་། བྱིས་པ་འཇུག་པའི་རྟོག་གེ་སྡེ་གསུམ་དང་། ཐར་པ་འབྱུང་གནས་ཀྱི་རྟོག་གེའི་སྐད་དང་། བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་རིགས་པའི་སྦྱོར་བ་དང་། ཛྙཱ་ན་ཤྲཱིས་རྒྱུ་དང་འབྲས་བུའི་ངོ་བོ་སྒྲུབ་པ་དང་། ཆོས་མཆོག་གི་ཚད་མ་བརྟག་པ་ཆེ་ཆུང་གཉིས། གཞན་སེལ་གྱི་རབ་ཏུ་བྱེད་པ། འཇིག་རྟེན་ཕ་རོལ་གྲུབ་པ། གླེགས་བམ་ཀློག་ཐབས། སྐད་ཅིག་མ་གྲུབ་པའི་རབ་བྱེད་འགྲེལ་པ་དང་བཅས་པ་རྣམས་དང་། བྱེ་བྲག་ཏུ་སྨྲ་བའི་བཙུན་པ་དགེ་བསྲུངས་ཀྱིས་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཚིག་ལེའུར་བྱས་པ། ཕྱི་རོལ་དོན་གྲུབ་ཀྱི་ཚིག་ལེའུར་བྱས་པ། ཐོས་པ་བརྟག་པའི་རབ་བྱེད། གཞན་སེལ་བརྟག་པའི་རབ་བྱེད་རྣམས་དང་། བྲམ་ཟེ་མུ་ཏིག་བུམ་པས་ལྷན་ཅིག་དམིགས་པ་ངེས་པ་གྲུབ་པ། ཤཱནྟི་པས་རྣམ་རིག་གྲུབ་པ་དང་། ནང་གི་ཁྱབ་པ་རྣམས་མཛད་དོ། །གཉིས་པ་ལ་གཉིས་ལས། བསྟན་པ་སྔ་དར་གྱི་དུས་སུ་བྱུང་ཚུལ་དང་། བསྟན་པ་ཕྱི་དར་གྱི་དུས་སུ་བྱུང་ཚུལ་ལོ། །དང་པོ་ནི། མཁན་པོ་ཞི་བ་འཚོ་དང་། མཁས་མཆོག་ཀཱ་མ་ལ་ཤཱི་ལས་ཚད་མའི་བཤད་སྲོལ་འཛུགས་པར་སྣང་ཡང་། དེང་སང་ནི་ཡིག་ཆ་ཙམ་ལས་བཤད་པའི་རྒྱུན་མི་སྣང་ངོ་། །གཉིས་པ་ནི་རྒྱལ་བས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས། པཎྜི་ཏ་གཞན་ཕན་བཟང་པོ་ལས་རྣམ་ངེས་དང་། ཁ་ཆེའི་རྟོག་གེ་པ་སྐལ་ལྡན་རྒྱལ་པོ་ལས་རྣམ་འགྲེལ་གསན་ནས་བོད་དུ་བཤད་པའི་སྲོལ་བརྩོན་པ་ཆེན་པོས་འཛུགས་པར་མཛད་པ་ལས། རྣམ་འགྲེལ་གྱི་བཤད་སྲོལ་ཆེར་དར་བར་མི་སྣང་ཞིང་། རྣམ་ངེས་ཀྱི་བཤད་སྲོལ་སྲས་ཀྱི་ཐུ་བོ་གྲོ་ལུང་པ་དང་། སྟོད་ལུང་རྒྱ་དམར་སོགས་ནས་བརྒྱུད་དེ། རིགས་པའི་དབང་ཕྱུག་ཕྱྭ་པ་ཆེན་པོས་གངས་རིའི་ཁྲོད་འདིར་ཤིན་ཏུ་དར་བར་མཛད་དོ། །འོན་ཀྱང་འདི་དག་ལ་སྤྱི་དངོས་པོ་བ་ཡོད་པ་སོགས་སྐལ་ལྡན་རྒྱལ་པོ་ནས་བརྒྱུད་པའི་ཕྱི་རོལ་པའི་སྒྲོས་འཆུགས་པ་འགའ་རེ་ཡང་སྣང་ཞིང་། བོད་ཀྱི་རིགས་པས་རང་དགར་བཏགས་པའི་སྒྲོས་ཡང་མང་དུ་སྣང་ངོ་། །དུས་ཕྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་སྐུ་འཁྲུངས་པ། མགོན་པོ་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་འོད་ཟེར་གྱིས་བློ་གྲོས་ཀྱི་པད་མོ་ཁ་བྱེ་བས། ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་བསྙེངས་པ་མི་མངའ་བའི་མཁྱེན་རབ་ཅན་དཔལ་ལྡན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ཐོག་མར་མཚུར་སྟོན་གཞོན་ནུ་སེང་གེའི་སྒྲོས་འཛིན་པ། རྩེགས་སྟོན་དབང་ཕྱུག་སེང་གེའི་དྲུང་དུ། ཚད་མ་རྣམ་པར་ངེས་པ་གསན། དེའི་ཚེ་ལྡོག་པ་ཤྭ་མངས་ཀྱི་སུལ་བཞིན་དུ་དོན་ལ་ཐ་དད་དུ་ཡོད་གསུངས་པ་ལ། རྒྱ་གར་གྱི་བཤད་སྲོལ་འདི་རང་མིན་བསམ་པ་བྱུང་གསུང་། དེ་ནས་རྩང་ཆུ་མིག་རིང་མོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་དྲུང་དུ་མཇལ་ཏེ། པཎ་ཆེན་གྱིས་ཚད་མ་ཆོས་མཆོག་གསུངས་པ་ལ་ཆོས་རྗེ་པས། བོད་དཔེ་བཀྲམ་ནས་གསན་ཏེ། སཾ་སྐྲི་ཏའི་སྐད་དུ་བསྐྱར་བས་དཔོན་སློབ་རྣམས་ངོ་མཚར་དུ་གྱུར་ནས་པཎྜི་ཏའི་མཚན་གསོལ། དེའི་ཚེ་ངེད་བོད་རྣམས་ལ་སྔོ་མ་ཡིན་ལས་ལོག་པའི་སྔོ་ཙམ་ཞེས་པ་གཅིག་ཡོད་ལགས་པ་བཞེད་ལགས་སམ་ཞུས་པས། པཎ་ཆེན་གྱི་ཞལ་ནས་ཙམ་ཙམ་མང་པོ་ངས་མི་ཤེས་སྔོན་པོ་དོན་ལ་ཡོད་གསུངས་པས། གཞན་སེལ་གྱི་གནས་ཐམས་ཅད་དེས་གོ་གསུང་། དེས་ན་བོད་འདིར་རིགས་གཏེར་གྱི་དགོངས་པ་ལ། སྔོན་པོ་དང་སྒྲ་ལ་སོགས་པ་རྟག་པ་ཡིན་ཞེས་འདོད་པ་ནི་གཞན་སེལ་གྱི་གནད་མ་གོ་བ་སྟེ་འོག་ཏུ་འཆད་དོ། །དེ་ནས་ཁ་ཆེན་པཎ་ཆེན་དེ་ཉིད་ཀྱི་དྲུང་དུ་ཚད་མ་རྣམ་འགྲེལ་ལེའུ་གསུམ་ཡིད་ཀྱི་ཤིང་རྟ་ལ་དགའ་བའི་རྗེས་སུ་འབྲང་བ་དང་། ལྷ་དབང་བློའི་འགྲེལ་པ་དང་། ཀུན་བཏུས་དང་སྦྱར་བའི་རྣམ་འགྲེལ་གྱི་བཤད་པ་དང་། རིགས་ཐིགས། དེའི་ཕྱོགས་སྔ་མདོར་བསྡུས་ཀཱ་མ་ལ་ཤཱི་ལས་མཛད་པ། རྒྱུད་གཞན་གྲུབ་པ་དང་། རྣམ་འགྲེལ་གྱི་རྒྱན་སྟོང་ཕྲག་བཅོ་བརྒྱད་པ་དང་། ཆོས་མཆོག་གིས་མཛད་པའི་ཚད་མ་གྲུབ་པའི་རབ་ཏུ་བྱེད་པ་དང་། བྲམ་ཟེའི་ཚད་མ་གྲུབ་པའི་རབ་ཏུ་བྱེད་པ་དང་། ཕྱོགས་གླང་གིས་མཛད་པའི་དམིགས་པ་བརྟག་པ་རྩ་འགྲེལ་དང་། རླུང་གི་རབ་བྱེད་རྩ་འགྲེལ་སོགས་གསན་ནོ། །པཎྜི་ཏ་དཱ་ན་ཤཱི་ལ་ལས་འགྲེལ་པ་བརྟག་པ་དང་། རྩོད་པའི་རིགས་པ་འགྲེལ་པ་དང་བཅས་པ་དང་། སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས་བྱས་པའི་བྱིས་པ་འཇུག་པའི་རབ་ཏུ་བྱེད་པ་དང་། ལྷན་གཅིག་དམིགས་ངེས་ལ་སོགས་པ་གསན། པཎྜི་ཏ་སཾ་ག་ཤྲཱི་ལས་རྣམ་འགྲེལ་ལེའུ་དང་པོའི་འགྲེལ་པ་དང་། ཡིད་ཀྱི་ཤིང་རྟའི་བཤད་པ་ཀུན་ལས་བཏུས་དང་སྦྱར་བ་དང་། བྲམ་ཟེའི་འགྲེལ་པ་དང་བཅས་པ་གསན་ནས་བསྒྱུར། ཡན་ལག་གི་བསྟན་བཅོས་རྩོད་རིགས་དང་། གཏན་ཚིགས་ཐིགས་པ་འགྲེལ་པ་དང་བཅས་པ་གསན་ནོ། །པཎྜི་ཏ་སུ་ག་ཏ་ཤྲཱི་ལས། རྣམ་འགྲེལ་ལེའུ་དང་པོའི་འགྲེལ་པ་སྟོང་ཕྲག་ཕྱེད་དང་བཞི་པ་དང་། ཐར་པ་འབྱུང་གནས་ཀྱིས་མཛད་པའི་རྟོག་གེའི་སྐད་དང་། དྲང་སྲོང་གཟེགས་ཟན་གྱིས་སྦྱར་བའི་རྟོག་གེའི་བསྟན་བཅོས་ལ་སོགས་པ་མང་དུ་གསན་ནོ། །དེ་དག་ཀྱང་བརྗོད་དོན་ཕྱིན་ཅི་མ་ལོག་པ་གཏན་ལ་བབས་ཏེ། སྡེ་བདུན་མདོ་དང་བཅས་པའི་དོན་ཕྱོགས་གཅིག་ཏུ་འགྲེལ་པ་ཚད་མ་རིགས་པའི་གཏེར་མཛད། སྲས་ཀྱི་ཐུ་བོ་ཤར་ནུབ་གུང་གསུམ། ཁང་གཉེན་ཞང་གསུམ་ལ་སོགས་པ་རྣམས་ལ་དགུང་ལོ་དྲུག་ཅུ་རེ་གསུམ་གྱི་བར་དུ་བཤད་པ་མཛད་པས་རྣམ་འགྲེལ་གྱི་བཤད་སྲོལ་དེང་སང་གི་བར་དུ་ཉི་མ་ལྟར་གསལ་བར་མཛད་དོ། །གསུམ་པ་དེ་ལས་ཁྱད་པར་འཕགས་པའི་ལུགས་ངོས་བཟུང་བ་ནི། བཤད་སྲོལ་དེ་དག་གི་ནང་ནས་རིགས་པའི་གཏེར་གྱི་བཤད་སྲོལ་འདི་ཉིད་ཁྱད་པར་འཕགས་ཏེ། འདི་ལ་རྒྱུའི་སྒོ་ནས་ཁྱད་པར་འཕགས་པ། འབྲས་བུའི་སྒོ་ནས། རྟགས་ཀྱི་སྒོ་ནས། འཆད་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་པ་དང་བཞི་ལས། དང་པོ་ནི། ཆོས་རྗེ་དེ་ཉིད་ཀྱི་ཞལ་ནས། སྐྱེ་བ་གཞན་དུ་སྦྱངས་པ་དང་། །མཁས་པ་དུ་མ་བསྟེན་པ་དང་། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །ཞེས་གསུངས་པ་ལྟར་རྒྱུ་གསུམ་ལས། དང་པོ་སྐྱེ་བ་གཞན་དུ་སྦྱངས་པ་ནི། ས་སྐྱར་ཆོས་གསུངས་པའི་ནམ་མཁར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། ཁྱོད་མི་ནས་མིར་གྱུར་པའི་སྐྱེ་བ་ཉི་ཤུ་རྩ་བདུན་གྱི་བར་དུ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏར་གྱུར་ཅིང་དེའི་བར་གྱི་བླ་མ་ང་ཡིན་ཞེས་སྒྲ་གྲགས་པ་དང་། ཕྱིས་སྐྱ་བོ་ཁ་གདངས་སུ་སྐྱེ་བ་ཉེར་ལྔའི་བར་གྱི་བླ་མ་ཡིན་ཞེས་པའི་སྒྲ་གྲགས་ཞེས་གསུངས་པའི་ཕྱིར། དོན་འདི་ཉིད་བསྟོད་པའི་ཚིག་ལས་ཀྱང་འབྱུང་ངོ་། །གཉིས་པ་མཁས་པ་དུ་མ་བསྟེན་པ་ནི་སྔར་བཤད་པ་ལྟར་དཔལ་ལྡན་ཆོས་ཀྱི་གྲགས་པ་ནས་བཟུང་སྟེ། ནང་པའི་པཎྜི་ཏ་བར་མ་ཆད་པའི་མན་ངག་མངའ་བ། ཁ་ཆེ་པཎ་ཆེན་དཔོན་སློབ་ལས་རྟོག་གེའི་གཞུང་ལུགས་རྣམས་གསན་པའོ། །གསུམ་པ་རྣམ་པར་དཔྱོད་པའི་བློ་གྲོས་ནི་རྗེ་བཙུན་རིན་པོ་ཆེ་ལ། ལམ་ཟབ་མོ་བླ་མའི་རྣམ་འབྱོར་ཞུས་པའི་དུས་སུ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཇམ་པའི་དབྱངས་སུ་གཟིགས་པས་ཆོས་ཐམས་ཅད་ཀྱི་གནད་ཕྱིན་ཅི་མ་ལོག་པར་གོ་བ་དང་། ཏིང་ངེ་འཛིན་དང་རྟོགས་པ་བསམ་གྱིས་མི་ཁྱབ་པ་བརྙེས་པ་དང་། རྒྱ་བོད་ཀྱི་རྒྱལ་པོ་དྲེགས་པ་ཅན་རྣམས་ཀྱང་འདུད་པ་ལ་སོགས་པ་ཆོས་དང་འཇིག་རྟེན་གྱི་དགེ་ལེགས་ཐམས་ཅད་ལྷུན་གྱིས་གྲུབ་ཅེས་གསུངས་ཤིང་། འདི་ཉིད་བསྟོད་པའི་ཚིག་ལས་ཀྱང་འབྱུང་ངོ་། །གཉིས་པ་འབྲས་བུའི་སྒོ་ནས་ཁྱད་པར་འཕགས་པ་ནི། འཆད་པ་དང་། རྩོམ་པ་དང་། རྩོད་པ་གསུམ་ལས། དང་པོ་ནི་སྔར་ཅུང་ཟད་བཤད་ཟིན་ཞིང་། གཉིས་པ་ནི་འོག་ཏུ་འཆད་པར་འགྱུར་ལ། གསུམ་པ་ནི་རྒྱ་གར་ལྷོ་ཕྱོགས་པ་འཕྲོག་བྱེད་དགའ་བོ་ལ་སོགས་པ་ཕྱི་རོལ་པའི་སྟོན་པ་དྲུག་གིས་རྩོད་པར་བརྩམས་ཏེ། མང་ཡུལ་སྐྱིད་གྲོང་གི་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དང་འདབ་འབྱོར་པའི་ཚོང་དུས་ན་བཞུགས་པའི་ཚེ་སྟོན་པ་དྲུག་པོ་དག་ལྷགས་པ་ན་རྒོལ་བ་ངན་པ་དེ་དག་རེ་རེ་ནས་སུན་ཕྱུང་སྟེ། ཕམ་པར་མཛད་ནས་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་ནས་སླར་ཡང་དེ་དག་ཐམས་ཅད་ཀྱི་ལྟ་བ་ངན་པའི་སྙེམས་པའི་དྲི་མ་མེད་པར་མཛད་དེ། རལ་པའི་ཁུར་བྲེགས་ཏེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། ངེས་པར་འབྱུང་བར་རིན་པོ་ཆེའི་འབྱོར་པ་དང་ལྡན་པའི་སྐབས་སུ། ཤཱཀྱའི་རྒྱལ་པོ་དེའི་བསྟན་པ་ལ་རྨ་འབྱིན་པ་གང་དག་བྱུང་བ་ན་སླར་ཡང་དེ་བཞིན་དུ་འདུལ་བར་བྱའོ་ཞེས་དགོངས་ཏེ་འདི་གསུངས་པ། རྒྱ་མཚོའི་གོས་ཅན་རྒྱ་མཚོའི་མཐའ་ཀླས་ས་ཆེན་འདི་ན་ལྷ་ཆེན་པོ། །འཕྲོག་བྱེད་བྲན་བྱེད་དེ་དག་ལྷར་བྱེད་ཐུབ་པ་དྲང་སྲོང་སྐར་དགའ་སོགས། །རྒྱས་པ་གྲོག་མཁར་བ་དང་གཟེགས་ཟན་རྐང་མིག་སེར་སྐྱའི་རྗེས་འཇུག་པ། །ཐོར་ཚུགས་ཤིང་ཤུན་ལོ་མའི་གོས་ཅན་ཐལ་བ་དབྱུག་གུ་ཀུ་ཤ་ཐོགས། །རལ་པའི་ཁུར་འཛིན་མཉྫུས་ལེགས་དཀྲིས་རི་དྭགས་གཡང་གཞིའི་སྟོད་གཡོགས་ཅན། །སོ་རིས་གསུམ་མཚན་རྩེ་མོ་ཅན་མཆོད་ཚངས་སྐུད་མཆོད་ཕྱིར་ཐོགས་པ་འཆང་། །རིག་བྱེད་ཀུན་སྦྱངས་ངེས་བརྗོད་འདོན་མཁས་སྒྲ་དང་སྡེབ་སྦྱོར་མཐར་སོན་པ། །བདག་ཏུ་ལྟ་བའི་ལྟ་བ་ལ་ལྟ་རྒྱུན་དུ་དཀའ་སྤྱོད་ང་རྒྱལ་ཅན། །དེ་ལྟའི་ཚུལ་ཅན་མུ་སྟེགས་གླང་ཆེན་རབ་ཏུ་མྱོས་པའི་ཀླད་འགེམས་པ། །དཔལ་ལྡན་སྨྲ་བའི་སེང་གེ་བློ་གྲོས་སྟོབས་ལྡན་རིགས་པའི་མཆེ་བ་ཅན། །བརྡ་སྤྲོད་བྱེད་གཞུང་ཡན་ལག་རབ་རྫོགས་བདེ་གཤེགས་བསྟན་པའི་རལ་པས་བརྗིད། །ལེགས་སྦྱར་ང་རོ་གཏན་ཚིགས་གད་རྒྱངས་ལྟག་ཆོད་སུན་འབྱིན་མིག་བགྲད་པ། །དེ་ལྟའི་རི་དྭགས་རྒྱལ་པོ་དེ། །དཔལ་ལྡན་ས་སྐྱའི་གངས་རིར་གནས། །བློ་ལྡན་རྣམས་ཀྱི་རི་དྭགས་སྐྱོང་། །རྒོལ་བ་ངན་པའི་ཝ་ཚོགས་འཇོམས། །ད་དུང་དུ་ཡང་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ནས། །བདེ་བར་གཤེགས་པའི་བསྟན་པའི་ཚུལ། །ཀུན་དགའི་རྒྱལ་མཚན་འཛིན་པར་ཤོག །ཞེས་གསུངས་ཤིང་། འདི་ཉིད་བསྟོད་པའི་ཚིག་ལས་ཀྱང་འབྱུང་ངོ་། །གསུམ་པ་རྟགས་ཀྱི་སྒོ་ནས་ཁྱད་པར་འཕགས་པ་ནི། གཞོན་ནུའི་དུས་སུ་མནལ་ལམ་དུ་ཕྲག་གོང་གཉིས་ནས་ཉི་ཟླ་གཉིས་ཤར་ཞིང་། དེའི་ཚེ་ཚད་མ་རྣམ་འགྲེལ་གྱི་མཆོད་བརྗོད་སཾ་སྐྲི་ཏའི་སྐད་དུ་བཏོན་པ་རྨིས་པ་དང་། དུས་ཕྱིས་ཕྱོགས་ཀྱི་གླང་པོ་གདན་སར་བསྐོས་པས་གཤེགས་པར་ཞུ་ཞེས་ཟེར་ནས་བྱོན་པས་ཕྱོགས་གླང་གི་ཕུག་པ་ཡིན་ཟེར་བའི་གླེགས་བམ་མང་པོ་དང་བཅས་པའི་ཕུག་པ་གཅིག་གི་ལྡེ་མིག་གཏད་ནས་ནང་དུ་བྱོན་པ་རྨི་ཞེས་གསུངས་པ་ལྟ་བུའོ།། །།བཞི་པ་འཆད་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་པ་ནི། འོ་ན་རིགས་པའི་གཏེར་གྱིས་རིགས་པའི་དབང་ཕྱུག་གཉིས་ཀྱི་གཞུང་ལུགས་རྣམས་ཇི་ལྟར་འཆད་པ་ཡིན་སྙམ་ན། འདི་ལ་རབ་བྱེད་བཅུ་གཅིག་ལས། རབ་བྱེད་དང་པོས་ནི་མདོ་དང་རྣམ་འགྲེལ་ངེས་གཉིས་ཀྱི་མངོན་སུམ་ལེའུའི་ཐོག་མར་གཞལ་བྱ་རང་སྤྱི་གཉིས་ཀྱི་རྣམ་བཞག་དང་། མངོན་སུམ་ལེའུར་གཟུང་ཡུལ་དང་། མངོན་སུམ་དང་རང་དོན་ལེའུ་གཉིས་ཆར་དུ་འཇུག་ཡུལ་སོགས་ཀྱི་རྣམ་བཞག་གསུངས་པ་རྣམས་ལ་སློབ་དཔོན་ཆོས་མཆོག་རྗེས་འབྲང་དང་བཅས་པ་རྣམས་གཟུང་ཡུལ་དང་སྣང་ཡུལ་དོན་གཅིག འཇུག་ཡུལ་དང་ཞེན་ཡུལ་དོན་གཅིག་ཏུ་འདོད་པ་བཀག་ནས། རང་མཚན་གཅིག་ཉིད་ཡུལ་ཅན་གྱི་བློ་སོ་སོ་ལ་ལྟོས་ནས་སྣང་ཡུལ་ཞེན་ཡུལ་འཇུག་ཡུལ་གསུམ་དུ་འགྱུར་ལ། རང་སྤྱི་གཉིས་སུ་གསུངས་པ་ཡང་རྟོགས་ཚུལ་གྱི་སྒོ་ནས་ཕྱེ་བ་ཡིན་གྱི་མཐར་ཐུག་རང་མཚན་གཅིག་ཏུ་འདུ་བའི་ཚུལ་དང་། དེ་ལ་ཡང་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་མང་དུ་ཡོད་པའི་ནང་ནས། འདིར་ནི་མདོ་སེམས་གཉིས་ཀྱི་གྲུབ་མཐའ་འཆད་པའི་སྐབས་ཡིན་པས་མདོ་སྡེ་པའི་ལུགས་ལ་གཟུང་ཡུལ་གྱི་རྣམ་བཞག་འཐད་པ་ཡིན་གྱི། སེམས་ཙམ་པའི་ལུགས་ལ་སེམས་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་མེད་པས། གཟུང་ཡུལ་གྱི་རྣམ་བཞག་མེད་དོ་ཞེས་པའི་ཚུལ་སྟོན། རབ་བྱེད་གཉིས་པས་ནི་ཡུལ་ཅན་གྱི་བློ་ལ་ཚད་མ་དང་ཚད་མིན་གཉིས་ལས། དང་པོ་ནི། རབ་བྱེད་ཐ་མ་བཞིའི་སྐབས་སུ་འཆད་པས། འདིར་ཚད་མིན་གྱི་བློ་ནི་མདོ་དང་། རྣམ་འགྲེལ་ངེས་ཀྱི་རང་དོན་ལེའུ་དང་། གཏན་ཚིགས་ཐིགས་པའི་གཏན་ཚིགས་ལྟར་སྣང་སྟོན་པའི་སྐབས་རྣམས་དང་། གཞན་དོན་ལེའུ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་འཆད་པའི་སྐབས་ཀྱི་གཏན་ཚིགས་ལྟར་སྣང་བདུན་པོ་རྣམས་ཀྱི་གཏན་ཚིགས་ལྟར་སྣང་གསུམ་ལ་བརྟེན་པའི་ཚད་མིན་གྱི་བློ་བསྟན་པ་དང་། མངོན་སུམ་ལྟར་སྣང་གི་སྐབས་སུ་རྟོག་མེད་མངོན་སུམ་ལྟར་སྣང་གི་རྣམ་བཞག་གསུངས་པ་རྣམས་ལ་བོད་སྔ་རབས་པ་རྣམས་ཚད་མིན་གྱི་བློ་ལྔར་གྲངས་ངེས་པར་འདོད་པ་རྣམས་བཀག་ནས་ཚད་མིན་གྱི་བློ་གསུམ་དུ་གྲངས་ངེས་པའི་ཚུལ་དང་། དེ་དག་སོ་སོའི་མཚན་ཉིད་དང་། དབྱེ་བ་ལ་སོགས་པ་བསྟན་ནོ། །རབ་བྱེད་གསུམ་པས་མདོ་དང་རྣམ་འགྲེལ་ངེས་ཀྱི་མངོན་སུམ་ལེའུའི་ཐོག་མར་སྤྱི་མཚན་གྱི་རྣམ་བཞག་དང་། རྣམ་འགྲེལ་གྱི་རང་དོན་ལེའུར་སྤྱི་དང་གཞི་མཐུན་གྱི་རྣམ་བཞག་གསུངས་པ་ལ། བྱེ་བྲག་པ་དང་། གྲངས་ཅན་པས་སྤྱི་གསལ་རྫས་གཅིག་དང་རྫས་ཐ་དད་དུ་འདོད་པ་བཀག་པ་དང་། མངོན་སུམ་ལེའུར་སྤྱི་དངོས་མེད་དུ་བསྒྲུབ་པའི་རིགས་པ་བརྒྱད་གསུངས་པ་རྣམས་ལ་བོད་སྔར་རབས་པ་རྣམས་སྤྱི་དང་དངོས་པོའི་གཞི་མཐུན་ཡོད་པར་འདོད་པ་རྣམས་བཀག་ནས། རྟོག་པའི་སྣང་བ་ལ་སྤྱི་དང་བྱེ་བྲག་འཇོག་པའི་ཚུལ་དང་། དེ་ལ་བརྟེན་ནས་འཇུག་ཡུལ་རང་མཚན་ཐོབ་པའི་ཚུལ་རྣམས་སྟོན་ནོ། །རབ་བྱེད་བཞི་པས་ནི་ཚད་མ་མདོར་གཞན་སེལ་བརྟག་པའི་ལེའུ་དང་། རྣམ་འགྲེལ་རང་དོན་ལེའུར་གཞན་སེལ་གྱི་རྣམ་བཞག་མང་དུ་གསུངས་པ་དང་། མངོན་སུམ་ལེའུར་སྤྱི་དངོས་མེད་དང་། མངོན་སུམ་རྟོག་བྲལ་དུ་སྒྲུབ་པའི་སྐབས་རྣམས་སུ་གཞན་སེལ་གྱི་རྣམ་བཞག་མང་དུ་གསུངས་པ་ལ་བོད་སྔ་རབས་པ་རྣམས་དང་རྒྱ་གར་བ་ཁ་ཅིག་དོན་རང་མཚན་ལ་གཞན་སེལ་དུ་འདོད་པ་རྣམས་བཀག་ནས། རྟོག་བློའི་འཇུག་ཚུལ་ལ་གཞན་སེལ་དུ་བཞག་པ་དང་། མདོ་དང་རྣམ་འགྲེལ་ངེས་ཀྱི་མངོན་སུམ་ཡང་དག་དང་ལྟར་སྣང་གི་སྐབས་སུ་རྟོག་མེད་ཀྱི་ཤེས་པའི་ཡུལ་སྣང་ཚུལ་བཤད་པ་རྣམས་ལ་སྣང་བར་འཇོག་པའི་ཚུལ་དང་། གཞན་སེལ་ཁས་བླངས་པ་ལ་ཕྱི་རོལ་པས་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བ་སོགས་ཀྱི་རྩོད་པ་ལྔ་སྤང་བ་བསྟན་ནོ། །རབ་བྱེད་ལྔ་པས་ནི་རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་ཡུལ་ལ་འཇུག་ཚུལ་གཅིག་པས་རྗོད་བྱེད་ཀྱི་སྒྲ་ཡང་ཡུལ་ལ་སེལ་བས་འཇུག་པ་ཡིན་པ་ལ་ཕྱི་རོལ་བ་རྣམས་འགའ་ཞིག་དོན་རང་མཚན་ལ་བརྡ་དངོས་སུ་སྦྱོར་བར་འདོད། འགའ་ཞིག་སྤྱི་དངོས་པོ་བ་ལ་བརྡ་དངོས་སུ་སྦྱོར་བར་འདོད་པ་རྣམས་རང་དོན་ལེའུར་སྒྲ་རྣམས་ཀྱིས་ནི་བརྡ་རྟགས་སྟོན་ཞེས་སོགས་དང་། མངོན་སུམ་ལེའུར་དབང་ཤེས་རྟོག་བྲལ་སྒྲུབ་པའི་སྐབས་རྣམས་དང་། གཞན་དོན་ལེའུར་བྱེ་བྲག་པས་གསོན་ལུས་བདག་བཅས་སུ་འདོད་པ་འགོག་པའི་སྐབས་རྣམས་སུ། རིགས་པའི་རྒྱལ་པོས་ཇི་ལྟར་བཀག་པའི་ཚུལ་དང་། དེའི་སྟེང་དུ་བོད་འགའ་ཞིག་རང་མཚན་སྒྲའི་དངོས་ཀྱི་བརྗོད་བྱར་འདོད་པ་རྣམས་བཀག་ནས། རྗོད་བྱེད་ཀྱི་སྒྲ་དངོས་སུ་གཞན་སེལ་ལ་འཇུག་པས། འཇུག་ཡུལ་རང་མཚན་ཐོབ་པའི་ཚུལ་དང་། སྤྱིར་བརྗོད་བྱ་རྗོད་བྱེད་ཆ་གཅིག་ལ་ཡང་འཆད་པའི་ཚེ་དངོས་ཀྱི་བརྗོད་བྱ་རྗོད་བྱེད་དང་ཞེན་པའི་བརྗོད་བྱ་རྗོད་བྱེད་བཞིར་ཕྱེ་ཞིང་། འཇུག་པའི་ཚེ་ན་རྣམ་དབྱེར་མེད་པའི་ཚུལ་དང་། དེ་ལ་ཕྱི་རོལ་པས་དངོས་པོའི་སྤྱི་བརྗོད་བྱར་འདོད་པ་དང་མཚུངས་པ་སོགས་ཀྱི་རྩོད་པ་ལྔ་སྤོང་བ་རྣམས་བསྟན་ནོ། །རབ་བྱེད་དྲུག་པས་ནི་རང་དོན་ལེའུའི་ཐོག་མར་རྟགས་ཀྱི་ལྡོག་ཁྱབ་གྲུབ་པ་ལ། རྟགས་ཆོས་ཀྱི་འབྲེལ་པ་གྲུབ་དགོས་པའི་སྒྲུབ་བྱེད་དང་། འབྲེལ་པ་དེ་དག་ཇི་ལྟར་ངེས་པའི་ཚུལ་དང་། གཞན་དོན་ལེའུར་ཡང་འབྲེལ་པ་ལ་ལྟོས་ནས་གཏན་ཚིགས་ཡང་དག་གཉིས་སུ་འགྱུར་བའི་ཚུལ་གསུངས་པ་དང་། གཞན་ཡང་འབྲེལ་བརྟག་ལས་འབྲེལ་པའི་རྣམ་བཞག་རྒྱས་པར་གསུངས་པ་རྣམས་ཀྱི་དོན་བསྡུས་ནས་དོན་ལ་འབྲེལ་པ་དགག བློ་ངོར་འབྲེལ་པ་བསྒྲུབ། འབྲེལ་པ་སྒྲུབ་བྱེད་ཀྱི་ཚད་མ་རྣམས་བསྟན་ནོ། །རབ་བྱེད་བདུན་པས་ནི་མདོ་དང་རྣམ་འགྲེལ་ངེས་ཀྱི་རང་དོན་ལེའུ་དང་། གཏན་ཚིགས་ཐིགས་པ་རྣམས་སུ་འགལ་དམིགས་ཀྱི་གཏན་ཚིགས་མང་དུ་གསུངས་པ་རྣམས་དང་། གཞན་དོན་ལེའུའི་མཇུག་ཏུ་འགལ་བའི་རྣམ་བཞག་གསུངས་པ་རྣམས་ཀྱི་དོན་ལ་བོད་སྔ་རབས་པ་རྣམས་ཐ་དད་གཞི་མཐུན་མི་སྲིད་པ་ཙམ་ལ་འགལ་བར་འདོད་པ་བཀག་ནས། འགལ་བའི་རྣམ་བཞག་ཀྱང་འགལ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་པར་བྱེད་པའི་གཏན་ཚིགས་ཡང་དག་གི་སྐབས་སུ་དགོས་པས་ན། ལྷན་ཅིག་མི་གནས་འགལ་ཡིན་ན་གཅིག་རྟགས་སུ་བཀོད་ནས་ཅིག་ཤོས་འགོག་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བ་ཅིག་དགོས་ཤིང་། ཕན་ཚུན་སྤང་འགལ་ལ་དངོས་འགལ་དང་དེས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་གཉིས་ལས་དང་པོ་ལ་གཅིག་རྟགས་སུ་བཀོད་ནས་ཅིག་ཤོས་འགོག་པར་བྱེད་པ་གཏན་ཚིགས་ཡང་དག་ཏུ་འགྱུར་བ་མེད་ཀྱང་། བརྒྱུད་འགལ་གྱི་འགལ་བ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་པར་བྱེད་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བར་བྱེད་པ་ལ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དགོས་སོ་ཞེས་བསྟན་ནོ། །རབ་བྱེད་བརྒྱད་པས་ནི་རྣམ་འགྲེལ་གྱི་ཚད་མ་གྲུབ་པའི་ལེའུར་ཚད་མའི་མཚན་ཉིད་མི་བསླུ་མ་ཤེས་དོན་གསལ་གཉིས་གསུངས་པ་དང་། ངེས་བྱེད་རང་ངེས་གཞན་ངེས་གསུངས་པ་དང་། མདོ་དང་། རྣམ་འགྲེལ་ངེས་ཀྱི་མངོན་སུམ་ལེའུའི་ཐོག་མར་གཞལ་བྱ་གཉིས་སུ་ངེས་པས། ཚད་མར་གཉིས་སུ་བསྒྲུབ་པའི་དོན་རྣམས་གཏན་ལ་ཕབ་པ་ལ། ཐོག་མར་མཚན་མཚོན་གཞི་གསུམ་སྤྱིའི་རྣམ་བཞག་བསྟན་ནས། མཚན་ཉིད་གཉིས་ཀྱི་འདོད་ཚུལ་ལ། ལྷ་དབང་བློ་དང་། རྒྱན། ཆོས་མཆོག བྲམ་ཟེའི་བཞེད་པ་རྣམས་བཀག་ནས་དེ་གཉིས་དོན་ལྡོག་གཅིག་ཏུ་བསྒྲུབ་པ་དང་། མཚན་ཉིད་དེ་ལྡན་གྱི་ཚད་མ་དེས་སྒྲོ་འདོགས་ཇི་ལྟར་གཅོད་པའི་ཚུལ་དང་། གྲངས་ངེས་ཀྱི་དོན་ལ་མཚོན་བྱའི་རབ་ཏུ་དབྱེ་བ་དང་། མཚན་གཞི་ལ་ལོག་རྟོག་དགག་པ་གཉིས་དང་། རང་ངེས་གཞན་ངེས་ཀྱི་དོན་ལ་མཚན་གཞི་ལ་མཚན་ཉིད་ངེས་པར་བྱེད་པའི་ཚད་མ་དང་། ཐུན་མོང་དུ་དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་རྣམས་བསྟན་ནོ། །རབ་བྱེད་དགུ་པས་ནི་མདོ་དང་རྣམ་འགྲེལ་ངེས་ཀྱི་མངོན་སུམ་ལེའུར་གསུངས་པའི་མངོན་སུམ་ཡང་དག མངོན་སུམ་ལྟར་སྣང་། ཚད་འབྲས་རྣམས་བསྟན་ཅིང་། ཞར་ལ་རྗེས་དཔག་གི་ཚད་འབྲས་ཡང་བསྟན་ནོ། །འདིར་མངོན་སུམ་སྤྱིའི་མཚན་ཉིད་ཐོག་མར་བསྟན་ནས་དབྱེ་བ་སོ་སོར་བཤད་པ་ནི་རྣམ་ངེས་ཀྱི་གོ་རིམ་དང་མཐུན་པར་སྣང་སྟེ་འོག་ཏུ་འཆད་དོ། །འདིའི་རྣལ་འབྱོར་མངོན་སུམ་གྱི་སྐབས་སུ་ཚད་མ་གྲུབ་པའི་ལེའུར་གསུངས་པའི་ཚད་མའི་སྐྱེས་བུའི་སྒྲུབ་བྱེད་ཀྱི་རིགས་པ་རྣམས་རྣལ་འབྱོར་མངོན་སུམ་གྱི་སྒྲུབ་བྱེད་དུ་སྦྱར་ནས་འཆད་པར་སྣང་སྟེ། ངོ་མཚར་རྨད་དུ་བྱུང་བའི་བཤད་པའོ། །རབ་བྱེད་བཅུ་པས་ནི་མདོ་དང་། རྣམ་འགྲེལ་ངེས་དང་། རིགས་ཐིགས་དང་གཏན་ཚིགས་ཐིགས་པ་རྣམས་སུ་གསུངས་པའི་གཏན་ཚིགས་ཡང་དག་དང་ལྟར་སྣང་གི་རྣམ་པར་བཞག་པ་རྣམས་དང་། གཞན་དོན་ལེའུ་དང་རིགས་སྒོ་ནས་གསུངས་པའི་བསྒྲུབ་བྱའི་རྣམ་གཞག་བསྟན་ནོ། །རབ་བྱེད་བཅུ་གཅིག་པས་ནི་རྩོད་རིགས་ནས་གསུངས་པའི་རྩོད་པའི་གནས་སྐབས་ཀྱི་གང་ཟག་གི་རབ་ཏུ་དབྱེ་བ་དང་། ཚར་གཅོད་ཉི་ཤུ་རྩ་གཉིས་དང་། མདོ་ནས་གསུངས་པའི་ལྟག་ཆོད་བཅུ་བཞི་དང་། རིགས་བརྟག་ལས་གསུངས་པའི་ལྟག་ཆོད་བཅུ་དང་། གཞུང་གསུམ་ཆར་གྱི་གཞན་དོན་ལེའུར་གསུངས་པའི་སྒྲུབ་པ་དང་སུན་འབྱིན་གྱི་རབ་ཏུ་དབྱེ་བ་རྣམས་བསྟན་ནོ། །ལྟག་ཆོད་ཉི་ཤུ་རྩ་བཞི་པོ་ནི་ཚར་བཅད་ཉི་ཤུ་རྩ་གཉིས་ཀྱི་ཐ་མ་ཡིན་ལ། དེ་ལྟ་བུའི་ཚར་བཅད་ཀྱི་གྲངས་ངེས་ནི་ཕྱི་རོལ་མུ་སྟེགས་བྱེད་ཀྱི་འདོད་པ་ཡིན་པས་བཀག་ནས་རྩོད་རིགས་ལས་གསུངས་པ་ལྟར་གཉིས་ལས་ཕྱེ་བའི་བཞིར་གྲངས་ངེས་པར་སྒྲུབ་པའོ། །ཕྱོགས་གླང་གྲགས་པའི་གཞུང་ལུགས་མཐའ་དག་གི་བརྗོད་བྱ་ཕྱོགས་གཅིག་ཏུ་བསྡེབས་ནས་འདི་ལྟར་འཆད་པ་ནི་དེ་དག་གི་དགོངས་པ་འགྲེལ་བ་གཞན་སུ་ལ་ཡང་མེད་པའི་ཕྱིར་ན་ལུགས་འདིའི་རྗེས་སུ་འབྲང་བ་ནི་སྐལ་བ་བཟང་བར་ཤེས་པར་བྱའོ། །

ཁྱད་པར་འཕགས་པའི་ལུགས་བཤད་པ།

གསུམ་པ་ཁྱད་པར་འཕགས་པའི་ལུགས་བཤད་པ་ལ་གཉིས་ཏེ། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་ཕབ་པ་དང་། ཤེས་བྱེད་ཚད་མའི་རང་བཞིན་བཤད་པའོ། །དང་པོ་ལ་གསུམ་སྟེ། ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་བློ། བློ་དེས་ཡུལ་རྟོགས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། ཡུལ་གྱི་མཚན་ཉིད་བློས་རིག་པར་བྱ་བའོ། །དེ་ལ་ཁ་ཅིག་དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་ཆོས་ཅན། ཡུལ་ཡིན་པར་ཐལ། བློས་རིག་པར་བྱ་བ་ཡིན་པའི་ཕྱིར་ཏེ། དབང་ཤེས་འཁྲུལ་པས་རིག་པར་བྱ་བ་ཡིན་པའི་ཕྱིར། རྩ་བར་འདོད་ན་ཡུལ་ལ་རང་སྤྱི་གཉིས་སུ་མ་ངེས་པར་ཐལ་ལོ། །དེས་ན་འཛིན་སྟངས་མ་འཁྲུལ་བའི་བློས་རིག་པར་བྱ་བ་དེ་ཡུལ་གྱི་མཚན་ཉིད་ཡིན་ཟེར་རོ། །དེ་ལ་གཞན་དག་ན་རེ། སྐྲ་ཤད་དེ་ཡུལ་ཡིན་ཡང་རང་སྤྱི་གཉིས་པོ་གང་རུང་ཡིན་མི་དགོས་ཏེ། བློ་ཡིན་ན། ཚད་མ་ཡིན་པས་མ་ཁྱབ་པ་བཞིན་དུ་ཡུལ་ཡིན་ན། གཞལ་བྱ་ཡིན་པས་མ་ཁྱབ་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་ཆོས་ཅན། ཡུལ་མིན་པར་ཐལ། རང་གི་ངོ་བོའི་སྒོ་ནས་ཡུལ་མ་ཡིན་ཅིང་གཞན་སེལ་གྱི་བློས་ཡུལ་དུ་བཞག་པ་ཡང་མིན་པའི་ཕྱིར། གཞན་དུ་ན་དོན་སྤྱི་དང་མེད་པ་གསལ་བ་གཉིས་པོ་ཡུལ་ཡིན་མིན་མཚུངས་པར་ཐལ། མེད་པ་གསལ་བ་དེ་ཡང་ཡུལ་ཡིན་པའི་ཕྱིར། འདོད་ན། ཤེས་བྱར་འཛིན་ཕྱིར་མེད་པ་ལ། །ཉེས་པ་དག་ཏུ་ཐལ་མི་འགྱུར། །ཞེས་གསུངས་པ་དང་འགལ་ལོ། །སྔ་མ་ཡང་མི་འཐད་དེ། སྐྲ་ཤད་ཆོས་ཅན། ཡུལ་ཡིན་པར་ཐལ། དབང་ཤེས་འཁྲུལ་པའི་ཡུལ་ཡིན་པའི་ཕྱིར། སྒྲ་མི་རྟག་པའི་དོན་སྤྱི་ཆོས་ཅན། འཛིན་སྟངས་མ་འཁྲུལ་བའི་བློས་རིག་པར་བྱ་བ་ཡིན་པར་ཐལ། ཡུལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་སྣང་ཡུལ་དུ་བྱེད་པའི་བློ་ཡིན་ན། སྣང་བརྟག་གཅིག་ཏུ་འཁྲུལ་པའི་བློ་ཡིན་པས་ཁྱབ་པའི་ཕྱིར། ཡང་སྒྲ་རྟག་པ་ཆོས་ཅན། ཡུལ་དུ་ཐལ། བློས་རིག་པར་བྱ་བ་ཡིན་པའི་ཕྱིར་ཏེ། སྒྲ་རྟག་འཛིན་རྟོག་པས་རིག་པར་བྱ་བ་ཡིན་པའི་ཕྱིར། ཞེས་པ་ལ་ཡང་སྔར་གྱི་སྐྱོན་སྤངས་དེ་ཉིད་དྲན་པར་བྱའོ། །གཉིས་པ་དབྱེ་བ་ལ་གསུམ་སྟེ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རྣམ་ངེས་ལས། ཚད་མ་གཉིས་ཀ་དངོས་པོ་ཡི། །ཡུལ་ཅན་སྣང་བ་ཐ་དད་པས། །གཅིག་ལ་དེ་མི་འཐད་པའི་ཕྱིར། །དོན་གྱི་དབྱེ་བ་བཤད་པ་ཡིན། །ཞེས་པའི་འགྲེལ་པར་སློབ་དཔོན་ཆོས་མཆོག་གིས་ཤེས་པ་རྣམས་ཀྱི་ཡུལ་ནི་རྣམ་པ་གཉིས་ཏེ་གཟུང་བ་དང་ཞེན་པའོ། །རྣམ་པར་རྟོག་པས་ནི་སྒྲོ་བཏགས་པའི་རང་བཞིན་འཛིན་ཅིང་དེ་དང་འདྲ་བའི་རང་གི་མཚན་ཉིད་ནི་ངེས་པར་བྱེད་པ་ཉིད་དོ། །དབང་པོའི་ཤེས་པས་ནི་སྐད་ཅིག་མ་འཛིན་ཅིང་། དེའི་སྟོབས་ཀྱིས་སྐྱེས་པའི་ངེས་པས་ནི་སྐད་ཅིག་མ་དེའི་རྒྱུན་མཐོང་ངོ་སྙམ་དུ་ངེས་པ་ཡིན་ནོ། །དེ་ལ་གཟུང་བའི་ཡུལ་ནི་ཐ་དད་ཀྱིས་འཇུག་པའི་ཡུལ་མིན་ཏེ། གཉིས་ཀས་ཀྱང་དེར་ཞེན་པའི་རང་གི་མཚན་ཉིད་ཀྱི་ཡུལ་ཁོ་ན་ལ་འཇུག་པའི་ཕྱིར་རོ་ཞེས་དང་། འོན་ཀྱང་མངོན་སུམ་གྱི་སྟོབས་ཀྱིས་སྐྱེས་པའི་ངེས་པས་གཟུང་བའི་སྐད་ཅིག་གང་ཡིན་པ་དེའི་རྒྱུན་ཡུལ་དུ་བྱེད་ལ། དེའང་ངེས་པར་བྱ་བའི་དོན་ཡིན་པ་དེས་ན་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཞེན་པར་བྱ་བའི་འཇུག་པའི་ཡུལ་ཁྱད་པར་མེད་པ་ཡིན་ནོ་ཞེས་རྟོག་མེད་མངོན་སུམ་དང་། རྟོག་པ་གཉིས་ཀ་ལ་ཞེན་ཡུལ་དང་གཟུང་ཡུལ་གཉིས་གཉིས་ཡོད་ཅིང་། གཟུང་ཡུལ་ལ་ཡང་དོན་སྤྱི་དང་རང་མཚན་གཉིས་ཀ་ཡོད་པར་བཤད་དོ། །དེའི་དགོངས་པ་ལ་བོད་སྔ་རབས་པ་རྣམས་གཟུང་ཡུལ་ལ་དོན་རང་མཚན་དང་། དོན་སྤྱི་དང་། མེད་པ་གསལ་བ་གསུམ་དུ་བཞེད་ཅིང་དེ་དག་གི་ཡུལ་ཅན་ཡང་མངོན་སུམ་དང་། རྟོག་པ་དང་། རྟོག་མེད་འཁྲུལ་པ་གསུམ་ཡོད་ལ། འོན་ཀྱང་མངོན་སུམ་ལ་ཞེན་ཡུལ་མེད་པས་གཟུང་ཡུལ་དང་འཇུག་ཡུལ་གཉིས་ཡོད། རྟོག་པ་ལ་ཡུལ་བཞི་ཆར་ཡོད་པ་ཡིན་ཞེས་བཞེད་དོ། །གཉིས་པ་ནི། སྣང་ཡུལ་དང་གཟུངས་ཡུལ་གཉིས་པོ་དོན་གཅིག་ཏུ་བྱས་ནས་རྟོག་པ་དང་རྟོག་མེད་འཁྲུལ་ཤེས་གཉིས་ལ་གཟུངས་ཡུལ་ཡོད་པ་འགོག་པ་ལ། བདག་ཉིད་ཆེན་པོས་རིགས་པའི་གཙོ་བོ་གཉིས་གསུངས་ཏེ། དང་པོ་ནི་འཁྲུལ་ཤེས་གཉིས་པོ་ཆོས་ཅན། མ་འཁྲུལ་བའི་ཤེས་པར་ཐལ། བཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་མ་ཁྱབ་སྟེ། ཐག་ཁྲ་ལ་སྦྲུལ་དུ་འཛིན་པའི་བློ་བཞིན་དུ་གཟུང་ཡུལ་ཡོད་ཀྱང་འཁྲུལ་ཤེས་ཡིན་པའི་ཕྱིར་རོ་སྙན་ན། མི་འཐད་དེ། ཐག་ཁྲ་འཛིན་པའི་བློ་དེ་ཐག་ཁྲ་གཟུང་དོན་དུ་བྱེད་པའི་དབང་ཤེས་ལ་བྱེད་པ་ཡིན་ནམ། དེའི་རྗེས་སུ་འདི་ནི་སྦྲུལ་ལོ་སྙམ་དུ་འཛིན་པའི་རྟོག་པ་ལ་བྱེད་པ་ཡིན། དང་པོ་ནི། མ་འཁྲུལ་བའི་ཤེས་པ་ཡིན་པས་འཁྲུལ་ཤེས་ཀྱི་དཔེར་མི་རུང་ལ། ཕྱི་མ་ནི་གཟུང་ཡུལ་མེད་པའི་རྒྱུ་མཚན་གྱིས་འཁྲུལ་ཤེས་ཡིན་པའི་ཕྱིར་རོ། །རིགས་པ་གཉིས་པ་ནི། དོན་སྤྱི་དང་མེད་པ་གསལ་བ་གཉིས་ཆོས་ཅན། མཐོང་རུང་གི་ཡུལ་ན་གནས་པའི་གང་ཟག་གཞན་གྱིས་ཀྱང་མཐོང་བར་ཐལ། རང་གི་ཡུལ་ཅན་གྱི་ཤེས་པ་ལས་རྫས་ཐ་དད་པའི་མཐོང་རུང་གི་ཡུལ་ཡིན་པའི་ཕྱིར། གལ་ཏེ་མཐོང་རུང་གི་དོན་ཡིན་ཡང་། གང་ཟག་གཞན་གྱིས་མི་མཐོང་སྟེ། ནང་གི་ལུས་བཞིན་ནོ་ཞེ་ན་དེ་ཡང་མི་འཐད་དེ། ནང་གི་ལུས་ནི་སྒྲིབ་བྱེད་དང་བཅས་པས་ཡོད་ཀྱང་མཐོང་རུང་མིན་པའི་ཕྱིར་རོ། །གཞན་ཡང་། དོན་སྤྱི་དང་མེད་པ་གསལ་བ་གཉིས་ཆོས་ཅན། རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པར་ཐལ། ཤེས་པ་ལས་རྫས་ཐ་དད་པའི་གཟུང་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། རྒྱུ་ཡི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །ཅེས་དང་། དེའི་འགྲེལ་པར། ལྷས། འདི་ལྟར་རྣམ་པར་འཇོག་ནུས་པའི་རྒྱུ་ཉིད་ནི་ཡུལ་ཡིན་ནོ་ཞེས་དང་། དུས་ཐ་དད་པས་ཇི་ལྟ་འཛིན། །ཞེ་ན་རིགས་པ་ཤེས་པ་ཡིས། །ཤེས་པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ཉིད་ལ་ནི་གཟུང་བར་ཤེས། །ཞེས་དང་། དེའི་འགྲེལ་པར་ལྷས་རྒྱུའི་ཁྱད་པར་ལས་གཞན་གཟུང་བ་ཞེས་བྱ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཤེ་ན་རིགས་པ་ཤེས་པས་རྒྱུ་ཉིད་ལ་ནི་གཟུང་བར་ཤེས། ཅི་འདྲ་བ་ཞིག་ཅེ་ན། ཤེས་པའི་རྣམ་པ་འཇོག་ནུས་པའི། ཡུལ་ཅན་གྱི་ཤེས་པ་ལ་རང་གི་རྣམ་པ་འཇོག་ནུས་པ་སྟེ། རང་དང་འདྲ་བའི་འབྲས་བུ་རྣམ་པར་ཤེས་པ་བསྐྱེད་པར་བྱེད་པ་ཁོ་ན་ཡུལ་ཉིད་དུ་གཟུང་བར་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་ཅེས་དང་། རྣམ་ངེས་ལས། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པ་ནི་རྒྱུ་མིན་ལ་རྒྱུ་མིན་པ་ནི་ཡུལ་ཡང་མ་ཡིན་ཏེ་ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་ཆོས་མཆོག་གིས་མངོན་སུམ་ལ་ཞེན་ཡུལ་ཡོད་པར་འདོད་པ་མི་འཐད་དེ། མངོན་སུམ་དེ་ཞེན་བློ་མིན་པའི་ཕྱིར། གལ་ཏེ་རྗོད་བྱེད་ཀྱི་སྒྲ་ལ་ཡང་ཞེན་ཡུལ་མེད་པར་མཚུངས་སོ་ཞེ་ན། ཞེན་པའི་བརྗོད་བྱ་ཞེས་པའི་ཐ་སྙད་འཐད་ཀྱི་སྒྲ་ལ་ཞེན་ཡུལ་ཞེས་པའི་ཐ་སྙད་མི་འཐད་ཞེས་པ་ཡང་རུང་མོད་ཀྱི་དེང་སང་ཞེན་ཡུལ་ཡོད་པ་ལྟར་ན་ཡང་དེ་ནི་མི་མཚུངས་ཏེ། མངོན་སུམ་དེ་འཇལ་བྱེད་མིན་ན། མངོན་སུམ་གྱི་ཡུལ་མེད་པས་མ་ཁྱབ་པར་ཐལ། སྒྲ་འཇལ་བྱེད་མ་ཡིན་ན། སྒྲའི་ཡུལ་མེད་པས་མ་ཁྱབ་པའི་ཕྱིར། མངོན་སུམ་གྱིས་རང་ཡུལ་ངེས་པ་ནི་འོག་ཏུ་འགོག་པར་འགྱུར་རོ།། །།གཉིས་པ་རང་ལུགས་བཞག་པ་ལ་ལྔ་སྟེ། ཡུལ་དུ་བྱས་ཚུལ་གྱི་སྒོ་ནས་དབྱེ་ན། སྣང་ཡུལ། གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་བཞི། འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས། འཇུག་ཡུལ་གྱི་སྒོ་ནས་མངོན་ལྐོག་གཉིས། ངོ་བོའི་སྒོ་ནས་བདེན་པ་གཉིས། མཐར་ཐུག་གི་གཞལ་བྱ་རང་མཚན་གཅིག་ཏུ་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཡུལ་བཞི་སྤྱིར་བསྟན་པ་དང་། ཡུལ་བཞི་སོ་སོའི་རྣམ་བཞག་གོ །དང་པོ་ལ་བཞི་སྟེ། གཞུང་གང་གིས་ཡུལ་བཞི་བསྟན་དཔྱད། ཆོས་གང་ཡུལ་བཞིར་འགྱུར་དཔྱད། ཡུལ་ཅན་གང་ལ་ཡུལ་བཞི་ཡོད་དཔྱད། ཡུལ་བཞིར་གྲངས་ངེས་པའི་ཚུལ་ལོ། །དང་པོ་ནི། ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །ཞེས་དང་། དེ་ཉིད་གཞན་ལས་ལོག་པར་ཡང་། །སྣང་སྟེ། ཞེས་པས་རྟོག་པའི་སྣང་ཡུལ་བསྟན། མངོན་སུམ་གྱི་ཡུལ་དུ་གྱུར་པའི་དོན་རང་མཚན་དང་ཤེས་པ་རང་མཚན་སྟོན་པའི་གཞུང་རྣམས་ཀྱིས་མངོན་སུམ་གྱི་སྣང་ཡུལ་བསྟན། རྣམ་ངེས་ལས། ཚད་མ་གཉིས་ཀ་དངོས་པོ་ཡི། །ཡུལ་ཅན་སྣང་བ་ཐ་དད་པས། །ཞེས་པས་ཚད་མ་གཉིས་ཀའི་སྣང་ཡུལ་བསྟན་ནོ། །མི་གཙང་ཟད་པར་ས་ལ་སོགས། །ཡང་དག་མིན་པའང་སྣང་བ་ཡི། །ཞེས་པས་རྟོག་མེད་འཁྲུལ་ཤེས་ཀྱི་སྣང་ཡུལ་བསྟན། རྒྱུ་ཡི་དངོས་པོ་མ་གཏོགས་པར། །གཟུང་བ་ཞེས་བྱ་ཅི་ཡང་མེད། །ཞེས་སོགས་སྔར་དྲངས་པའི་ལུང་རྣམས་ཀྱིས་གཟུང་ཡུལ་བསྟན། ཇི་བཞིན་མངོན་ཞེན་མ་ཡིན་ཕྱིར། །གཉིས་པ་འཁྲུལ་པ་ཡིན་པར་བཞེད། །ཅེས་པས་ཞེན་ཡུལ་བསྟན། ཅི་ནས་སྐྱེས་བུ་དོན་བྱེད་པར། །ནུས་པ་ཤེས་ནས་དེ་སྒྲུབ་ཕྱིར། །འཇུག་པར་འགྱུར་ཞེས་དོན་རྣམས་ལ། །བརྗོད་པར་བྱེད་པའང་སྦྱོར་བར་བྱེད། །ཅེས་པས་སྒྲ་ཡི་འཇུག་ཡུལ་བསྟན། དེ་ནི་བླང་དོར་འབྲས་ཅན་པས། །སྐྱེས་བུ་ཐམས་ཅད་འཇུག་པ་ཡིན། །ཞེས་དང་། གང་གི་བདག་ཉིད་མདུན་བྱས་ནས། །བསྒྲུབ་བྱ་དེ་འབྲས་འདོད་པ་ཅན། །སྐྱེས་བུ་འདི་ནི་འཇུག་པར་འགྱུར། །ཞེས་པས་སྐྱེས་བུའི་འཇུག་ཡུལ་བསྟན་ཅིང་། སྐྱེས་བུའི་འཇུག་ཡུལ་དེ་ཉིད་ལ་ཚད་མའི་འཇུག་ཡུལ་དུ་འཇོག་པ་ནི་གནད་ཀྱི་དོན་ནོ། །གཉིས་པ་ནི། ཆོས་ཐམས་ཅད་ཡུལ་ཅན་གྱི་བློ་སོ་སོ་ལ་ལྟོས་ནས། སྣང་ཡུལ། ཞེན་ཡུལ། འཇུག་ཡུལ་གསུམ་དུ་འགྱུར་ཏེ། ཆོས་ཡིན་ན། རང་སྣང་ཡུལ་དུ་བྱེད་པའི་བློ་དང་། ཞེན་ཡུལ་དུ་བྱེད་པའི་རྟོག་པ་དང་། འཇུག་ཡུལ་དུ་བྱེད་པའི་ཚད་མ་གསུམ་ཡོད་པས་ཁྱབ་པའི་ཕྱིར། གཟུང་ཡུལ་ནི་ཕྱིའི་སྐྱེ་མཆེད་ལྔ་པོ་ཁོ་ན་ལ་འཇོག་པ་ནི་མདོ་སྡེ་པའི་གྲུབ་མཐའ་འོ། །སེམས་ཙམ་པའི་ལུགས་ལ་ནི་གཟུང་ཡུལ་གྱི་རྣམ་བཞག་མེད་པ་ཡིན་ནོ། །གསུམ་པ་ནི། སྔ་རབས་པ་རྣམས། སྣང་ཡུལ་ཤེས་པ་ཀུན་ལ་ཡོད། །གཟུང་ཡུལ་དོན་རིག་མངོན་སུམ་དབང་། །ཞེན་ཡུལ་རྟོག་པའི་སྒོས་ཆོས་ཡིན། །འཇུག་ཡུལ་དོན་མཐུན་ཀུན་ལ་ཡོད། །ཞེས་གསུངས་པའི་བར་པ་གཉིས་འཐད་ཀྱང་དང་པོ་མི་འཐད་དེ། རྟོག་མེད་ལོག་ཤེས་ཀྱི་སྣང་ཡུལ་མེད་པའི་ཕྱིར་ཏེ། ཟླ་གཉིས་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་སྣང་ཡུལ་ཡིན་ཡང་ཟླ་གཉིས་མེད་པའི་ཕྱིར། ཕྱི་མ་ཡང་མི་འཐད་དེ། ཚད་མ་གཉིས་ཀྱིས་དྲངས་པའི་བཅད་ཤེས་རྣམས་དོན་མཐུན་དུ་འདོད་པར་སྣང་བས། དེ་གཉིས་ཀྱི་འཇུག་ཡུལ་མེད་པའི་ཕྱིར། གལ་ཏེ་ཡོད་ན་ཚད་མ་སྔ་མའི་འཇུག་ཡུལ་དེ་དེའི་འཇུག་ཡུལ་ཡིན་ནམ། ཚད་མ་སྔ་མའི་འཇུག་ཡུལ་གྱི་རིགས་འདྲ་ཕྱི་མ་དེ་དེའི་འཇུག་ཡུལ་ཡིན། དང་པོ་ལྟར་ན། དོན་གཅིག་ཡིན་ན་གཉིས་དོན་མེད། །ཅེས་པའི་རིགས་པས་གནོད་ཅིང་། གཉིས་པ་ལྟར་ན་བཅད་ཤེས་དང་དེ་འདྲེན་བྱེད་ཀྱི་ཚད་མ་གཉིས་པོ་དེ་ཚད་མ་ཡིན་མིན་གྱི་ཁྱད་པར་མེད་པར་འགྱུར་རོ། །མཁས་གྲུབ་གཡག་པས་རིགས་གཏེར་གྱི་དགོངས་པར་མཛད་ནས་རྟོག་པ་ལ་སྣང་ཡུལ་མེད་དེ། གལ་ཏེ་ཡོད་ན་རྟོག་པ་ཆོས་ཅན། རང་ཡུལ་སྣང་བས་འཇུག་པར་ཐལ། སྣང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར་ཞེས་གསུངས་པ་ནི་འོག་ཏུ་དངོས་མེད་སྣང་ཡུལ་དུ་མི་འགྱུར་བའི་གཞུང་རྣམས་དང་བསྒྲིགས་ན་འདྲ་བར་སྣང་ཡང་། སྣང་སེལ་གཉིས་སུ་ཕྱེ་བའི་སྣང་ཡུལ་དང་ཡུལ་བཞིར་ཕྱེ་བའི་སྣང་ཡུལ་དོན་མི་གཅིག་སྟེ། སྔ་མ་ནི་རྟོག་མེད་ཀྱི་ཤེས་པས་ཡུལ་མཐོང་ཚུལ་གྱི་ཁྱད་པར་ཡིན་ལ་ཕྱི་མ་ནི་དེར་སྣང་བ་ཙམ་ལ་འཇོག་པའི་ཕྱིར་རོ། །གཞན་དུ་ན་རྟོག་པ་ཆོས་ཅན། རང་ཡུལ་ལ་དངོས་དབང་གིས་འཇུག་པར་ཐལ། དངོས་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར་ཞེས་མཚུངས་སོ། །ཡང་རང་རིག་མངོན་སུམ་ཆོས་ཅན། ཁྱོད་ལ་སྣང་ཡུལ་ཡོད་པར་ཐལ། ཁྱོད་ལ་སྣང་སེལ་གཉིས་སུ་ཕྱེ་བའི་སྣང་ཡུལ་ཡོད་པའི་ཕྱིར་ཏེ། ཁྱོད་རང་ཡུལ་ལ་སྣང་བས་འཇུག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཁས་བླངས་ཏེ། དེ་ཆོས་ཅན། ཁྱོད་ལ་གཟུང་ཡུལ་ཡོད་པར་ཐལ། ཁྱོད་ལ་སྣང་ཡུལ་ཡོད་པའི་ཕྱིར། ཁྱབ་པ་ཁས་སོ། །དེས་ན་སྣང་སེལ་གཉིས་ཀྱིས་ཟླས་ཕྱེ་བའི་སྣང་ཡུལ་དང་། ཡུལ་བཞིའི་ནང་ཚན་དུ་གྱུར་པའི་སྣང་ཡུལ་དོན་གཅིག་པར་འདོད་ཅིང་། སྣང་ཡུལ་དང་གཟུང་ཡུལ་དོན་གཅིག་ཏུ་འདོད་པ་ནི་ཁས་བླངས་ནང་འགལ་ལོ། །རང་ལུགས་ནི་རྟོག་མེད་མ་འཁྲུལ་བའི་ཤེས་པ་ཐམས་ཅད་ལ་སྣང་ཡུལ་ཡོད་ཅིང་། རྟོག་མེད་འཁྲུལ་ཤེས་རྣམས་ལ་སྣང་ཡུལ་མེད་ལ། རྟོག་པ་ནི་ཕྱིན་ཅི་ལོག་མ་ལོག་ཐམས་ཅད་ལ་ཡང་སྣང་ཡུལ་ཡོད་དེ། རང་ལ་དངོས་སུ་སྣང་བའི་གཞན་སེལ་ཡོད་པའི་ཕྱིར་རོ། །གཟུང་ཡུལ་ནི་དོན་རིག་མངོན་སུམ་གཉིས་པོ་ཁོ་ན་ལ་ཡོད་ཅིང་། ཞེན་ཡུལ་རྟོག་པའི་སྒོས་ཆོས་ཡིན་པ་ཡང་རྟོག་པ་དོན་མཐུན་རྣམས་ལ་ཞེན་ཡུལ་ཡོད་པ་ཡིན་གྱི། རྟོག་པ་ལོག་ཤེས་རྣམས་ལ་ནི་མེད་དེ། དཔེར་ན་སྒྲ་རྟག་པ་དེ་སྒྲ་རྟག་འཛིན་རྟོག་པའི་ཞེན་ཡུལ་ཡིན་ཡང་དེ་མེད་པ་བཞིན་ནོ། །འཇུག་ཡུལ་ནི་ཚད་མ་དང་རྗོད་བྱེད་ཀྱི་སྒྲ་དོན་མཐུན་དང་། སྐྱེས་བུ་རྣམས་ལ་ཡོད་དོ། །བཞི་པ་ནི། ཡུལ་དེ་ལ་བཞིར་གྲངས་ངེས་ཏེ། རྟོག་མེད་ཤེས་པའི་འཇུག་ཡུལ་དང་། རྟོག་པ་ཚད་མའི་འཇུག་ཡུལ་དང་། རྟོག་པས་རང་ཡུལ་རྟོགས་ཚུལ་གྱི་དབང་དུ་བྱས་པ་དང་གསུམ་ལས། དང་པོ་ནི། ཡུལ་ཅན་གྱི་ཤེས་པ་ལ་རྫས་ཐ་དད་པའི་འཇུག་ཡུལ་དང་། ཡུལ་ཅན་གྱི་ཤེས་པ་དང་རྫས་གཅིག་པའི་འཇུག་ཡུལ་གཉིས་སུ་ངེས་ཤིང་། དང་པོ་ནི། གཟུང་ཡུལ། སྣང་ཡུལ། འཇུག་ཡུལ་གསུམ་ཆར་ཡིན། གཉིས་པ་ནི། སྣང་ཡུལ་དང་། འཇུག་ཡུལ་ཡིན། རྟོག་པ་ཚད་མའི་འཇུག་ཡུལ་ནི་ཞེན་ཡུལ་དང་འཇུག་ཡུལ་གཉིས་ཡིན། རྟོག་པས་ཡུལ་རྟོགས་ཚུལ་གྱི་དངོས་ཡུལ་ནི་སྣང་ཡུལ་ཁོ་ན་ཡིན་པའི་ཕྱིར་རོ། །གཉིས་པ་ཡུལ་བཞི་སོ་སོའི་རྣམ་བཞག་ལ་བཞི་ལས། དང་པོ་སྣང་ཡུལ་ལ་གཉིས་ཏེ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། ཁ་ཅིག་སྣང་ནས་རིག་པར་བྱ་བ་དེ་སྣང་ཡུལ་གྱི་མཚན་ཉིད་ཞེས་ཟེར་བ་ལ་གཞན་དག་ན་རེ། བུམ་པ་ཆོས་ཅན། བུམ་འཛིན་རྟོག་པའི་སྣང་ཡུལ་དུ་ཐལ། བུམ་འཛིན་རྟོག་པས་སྣང་ནས་རིག་པར་བྱ་བ་ཡིན་པའི་ཕྱིར་ཞེས་པའི་སྐྱོན་བརྗོད་པ་ཡང་ཡོད་དོ། །རང་ལུགས་ནི་དེས་རྣམ་པ་གཏད་པའི་སྒོ་ནས་སྣང་བའམ་རྣམ་མེད་དུ་དངོས་སུ་སྣང་བ་གང་རུང་དུ་གྱུར་པའི་ཡུལ་ལོ། །གཉིས་པ་དབྱེ་ན་རྟོག་མེད་ཤེས་པ་དང་། རྟོག་པའི་སྣང་ཡུལ་གཉིས་ལས། དང་པོ་ལ་རྣམ་པ་གཏད་པའི་སྒོ་ནས་སྣང་ཡུལ་དུ་འགྱུར་བ་དང་། རྣམ་པ་མ་གཏད་པའི་སྒོ་ནས་དེར་འགྱུར་བ་གཉིས། དང་པོ་ནི། དོན་རིག་མངོན་སུམ་གྱི་གཟུང་དོན་ལྟ་བུ། གཉིས་པ་ནི་རང་རིག་མངོན་སུམ་གྱི་མྱང་བྱ་ལྟ་བུའོ། །རྟོག་པའི་སྣང་ཡུལ་ནི་སྒྲ་མི་རྟག་པའི་དོན་སྤྱི་དེ་སྒྲ་མི་རྟག་པར་འཛིན་པའི་རྟོག་པའི་སྣང་ཡུལ་ཡིན་པ་ལྟ་བུའོ། །དངོས་མེད་སྣང་ཡུལ་དུ་མི་འགྱུར་བར་གསུངས་པ་ནི། སྣང་བའི་སྒོ་ནས་གཞལ་བྱ་མ་ཡིན་པ་ལ་དགོངས་སོ། །གཉིས་པ་གཟུང་ཡུལ་ལ་མཚན་ཉིད་ནི། རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཀྱི་ཕྱི་དོན་ནོ། །དེ་ལ་དབྱེ་ན། ཡུལ་ཅན་གྱི་སྒོ་ནས་དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་གྱི་གཟུང་ཡུལ་གཉིས། ཡུལ་གྱི་སྒོ་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའོ། །གསུམ་པ་ཞེན་ཡུལ་ལ་མཚན་ཉིད་ནི། རང་འཛིན་སྟངས་ཀྱི་གཙོ་བོར་བྱེད་པའི་བློས་ཞེན་ནས་རིག་པར་བྱ་བ། དེ་ལ་དབྱེ་ན་རྟོག་པ་ཚད་མའི་ཞེན་ཡུལ་དང་། བཅད་ཤེས་ཀྱི་ཞེན་ཡུལ་གཉིས། དང་པོ་ནི། རྗེས་དཔག་ཚད་མའི་འཇུག་ཡུལ་རྣམས་ཡིན་ནོ། །གཉིས་པ་ནི། ཚད་མ་གཉིས་ཀྱི་འཇུག་ཡུལ་དེ་ཉིད་དེས་དྲངས་པའི་བཅད་ཤེས་ཀྱི་ཞེན་ཡུལ་དུ་འགྱུར་བ་ལྟ་བུའོ། །བཞི་པ་འཇུག་ཡུལ་ལ་མཚན་ཉིད། དབྱེ་བ། འཇུག་ཡུལ་ཡིན་ན་རང་མཚན་ཡིན་པས་ཁྱབ་མ་ཁྱབ་དཔྱད་པ་དང་གསུམ་ལས། དང་པོ་ལ་ཁ་ཅིག བླང་དོར་བྱ་བའི་ཕྱིར་ཞུགས་པ་ན་མི་བསླུ་བ་ཞེས་ཟེར་བ་ནི་མི་འཐད་དེ། འཇུག་ཡུལ་ཡིན་ན། དེ་ནི་བླང་དོར་འབྲས་ཅན་པས། །སྐྱེས་བུ་ཐམས་ཅད་འཇུག་པ་ཡིན། །ཞེས་པར་དངོས་བསྟན་གྱི་འཇུག་ཡུལ་ཡིན་པས་ཁྱབ་པར་ཐལ། མཚན་ཉིད་དེ་འཐད་པའི་ཕྱིར། འདོད་ན། འཇུག་ཡུལ་ཡིན་ན་རང་མཚན་ཡིན་པས་ཁྱབ་པར་ཐལ་ལོ། །རང་ལུགས་ནི་ཡུལ་ཅན་དོན་མཐུན་གྱི་བྱེད་པ་འཇུག་པའི་གཞིར་གྱུར་པའི་ཡུལ་ལོ། །ཁོ་ན་རེ། སྔོན་པོ་དེ་ཆོས་ཅན། སྔོ་འཛིན་མངོན་སུམ་གྱིས་དྲངས་པའི་བཅད་ཤེས་ཀྱི་ཡུལ་དུ་ཐལ། དེའི་བྱེད་པ་འཇུག་པའི་གཞིར་གྱུར་པའི་ཡུལ་ཡིན་པའི་ཕྱིར་ཞེ་ན་མ་གྲུབ་སྟེ། སྔོན་པོ་དེ་ལ་བཅད་ཤེས་དེའི་སྔ་རོལ་དུ་ཚད་མས་བྱ་བ་བྱས་ཟིན་པའི་ཕྱིར་རོ། །གཉིས་པ་ནི། འཇུག་ཡུལ་ལ་ཡུལ་ཅན་གྱི་སྒོ་ནས་དབྱེ་ན་སྔར་བཤད་པ་ལྟར་གསུམ་ལས། དང་པོ་ཚད་མའི་འཇུག་ཡུལ་ལ་མངོན་སུམ་དང་རྗེས་དཔག་གི་འཇུག་ཡུལ་རྣམ་པ་གཉིས། དང་པོ་ལ་དོན་རིག་མངོན་སུམ་གྱི་འཇུག་ཡུལ་ནི་ཕྱི་རོལ་གྱི་དོན་རང་མཚན་དང་། རང་རིག་མངོན་སུམ་གྱི་འཇུག་ཡུལ་ནི་ཤེས་པ་རང་མཚན་དང་། རྣལ་འབྱོར་མངོན་སུམ་གྱི་འཇུག་ཡུལ་ནི་ཆོས་ཉིད་རྣམས་ཡིན་ནོ། །རྗེས་དཔག་གི་འཇུག་ཡུལ་ནི་རྟགས་ཡང་དག་གི་བསྒྲུབ་བྱ་རྣམས་ལ་འཇུག་གོ །སྒྲའི་འཇུག་ཡུལ་ནི་བ་ལང་རང་མཚན་པ་དེ་བ་ལང་ཞེས་པའི་སྒྲ་དོན་མཐུན་གྱི་འཇུག་ཡུལ་ཡིན་པ་ལྟ་བུའོ། །སྐྱེས་བུའི་འཇུག་ཡུལ་ནི་སྔ་མ་དེ་དག་ལས་ལོགས་སུ་མེད་དེ། ཚད་མ་དང་སྒྲ་ལ་བརྟེན་ནས་ཡུལ་ལ་འཇུག་པའི་ཕྱིར་རོ། །གསུམ་པ་ལ་ཁ་ཅིག་ན་རེ། དངོས་པོ་ཁོ་ན་འཇུག་ལྡོག་གི་ཡུལ་ཡིན་ཏེ། དེས་ཕན་གནོད་ནུས་པའི་ཕྱིར་ཏེ། སྨན་དང་དུག་ལ་སོགས་པ་བཞིན་ནོ། །དེ་ལྟར་ཡང་། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་དང་། ཚད་མ་གཉིས་ཀ་དངོས་པོ་ཡི། །ཡུལ་ཅན། ཞེས་དང་། རང་འགྲེལ་ལས། དེའི་སྒྲུབ་བྱེད་དུ་དཔྱོད་པ་ནི་དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་པའི་ཕྱིར། བདེ་བ་དང་སྡུག་བསྔལ་གྱི་སྒྲུབ་པར་བྱེད་པར་ཤེས་ནས་སྤོང་བ་དང་སྒྲུབ་པར་འདོད་པ་ཡིན་གྱི་འཕངས་པས་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དངོས་མེད་འཇུག་ལྡོག་གི་ཡུལ་མ་ཡིན་ཏེ། ཕན་གནོད་མི་ནུས་པའི་ཕྱིར། མོ་གཤམ་གྱི་བུ་བཞིན་ནོ། །དེ་ལྟར་ཡང་། དོན་བྱེད་ནུས་པ་མ་ཡིན་ལ། །དོན་གཉེར་བརྟག་པས་ཅི་ཞིག་བྱ། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་དགག་རྟགས་ལ་བརྟེན་པའི་རྗེས་དཔག་རྣམས་ལ་འཇུག་ཡུལ་མེད་པར་ཐལ། འཇུག་ཡུལ་ཡིན་ན། དངོས་པོ་ཡིན་དགོས་པའི་ཕྱིར། གལ་ཏེ་སྐྱོན་མེད་དེ། ས་ཕྱོགས་བུམ་མེད་དུ་རྟོགས་པ་ལྟ་བུ་དགག་གཞི་དངོས་པོར་ཡོད་པ་ལ་དགག་གཞི་དེ་ཉིད་འཇུག་ཡུལ་ཡིན་ལ། ནམ་མཁའ་དངོས་མེད་དུ་རྟོགས་པ་ལྟ་བུ་དགག་གཞི་དངོས་པོར་མེད་པ་རྣམས་ལ་ནི་དགག་ཆོས་དངོས་པོ་དེ་ཉིད་འཇུག་ཡུལ་ཡིན་པའམ། རྗེས་དཔག་གི་གཟུང་རྣམ་དེ་ཉིད་འཇུག་ཡུལ་དུ་འགྱུར་བའི་ཕྱིར་ཞེས་ཟེར་ན་དང་པོ་ནི་མི་འཐད་དེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་སྒྲ་ལ་ཚད་མར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། བུམ་པས་དག་པའི་ས་ཕྱོགས་དེ་རྗེས་དཔག་དེའི་སྔ་རོལ་ལྟ་བུ་ཚད་མ་གཞན་གྱི་འཇུག་ཡུལ་དུ་བྱས་ཟིན་པས་དེ་འཇུག་ཡུལ་དུ་བྱེད་པ་ལ་ས་ཕྱོགས་བུམ་མེད་དུ་རྟོགས་པའི་རྗེས་དཔག་དོན་མེད་པའི་ཕྱིར་རོ། །གཉིས་པ་ཡང་མི་འཐད་དེ། རྟག་དངོས་དེ་སྒྲ་རྟག་དངོས་མ་ཡིན་པར་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གསུམ་པ་ཡང་མི་འཐད་དེ། རྗེས་དཔག་གི་གཟུང་རྣམ་དེ་རྗེས་དཔག་དེ་ལ་ལྐོག་གྱུར་དུ་ཐལ་བའི་སྐྱོན་ཡོད་ཅིང་། དེ་ཡང་འདོད་ན། རང་བློ་རང་ལ་ལྐོག་གྱུར་ཡིན་པ་དཔྱོད་པ་པའི་ལུགས་ལ་གནས་པར་འགྱུར་རོ། །རང་ལུགས་ནི་ཚད་མ་ཡིན་ན། འཇུག་ཡུལ་ཡོད་པས་ཁྱབ་ཅིང་། སྔར་གྱི་ལུང་རྣམས་ཀྱི་དོན་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་འཇུག་ལྡོག་གི་ཡུལ་ལ་དགོངས་པ་ཡིན་ནོ། །འོ་ན་ཀུན་ཏུ་ཐ་སྙད་པའི་ཚད་མ་ཇི་ལྟ་བུ། དེ་ལས་གཞན་པའི་ཚད་མ་ཇི་ལྟ་བུ་ཞེ་ན། དང་པོ་ནི། ཕན་གནོད་ནུས་པ་ལ་འཇུག་ལྡོག་བྱེད་པའི་རྒྱུར་གྱུར་པའི་ཚད་མ་གྲུབ་མཐའ་ལ་ཞུགས་མ་ཞུགས་ཀུན་ལ་ཐུན་མོང་དུ་ཡོད་པ་དེའོ། །ཕྱི་མ་ནི་གྲུབ་མཐའ་ལ་ཞུགས་པ་རྣམས་ཀྱི་གནས་ལུགས་ཀྱི་དོན་ལ་ངེས་པ་འདྲེན་པའི་རྒྱུར་གྱུར་པའི་ཚད་མ་རྣམས་དང་། རྣལ་འབྱོར་མངོན་སུམ་རྣམས་ཡིན་ལ་འདིའི་འཇུག་ཡུལ་ལ་རང་མཚན་ཡིན་པ་དང་མ་ཡིན་པ་གཉིས་ཡོད་དོ། །གཉིས་པ་འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་སུ་ཕྱེ་བ་ལ་དོན་དྲུག་སྟེ། དབྱེ་གཞི། དབྱེ་ངོ་། འབྱེད་པའི་ཚུལ། ཕྱེ་བའི་དོན། གྲངས་ངེས་པ། སོ་སོའི་རང་བཞིན་ནོ། །དང་པོ་ནི། གཞལ་བྱ་ཙམ་མོ། །གཉིས་པ་ནི་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་གཉིས་སོ། །གསུམ་པ་ནི། ཐོབ་པ་འཇུག་པ་སྔོན་འགྲོ་ཅན། །འཇུག་པའི་གཞི་དེ་ཤེས་པ་ཡིན། །ཞེས་པ་ལྟར་དོན་མི་བསླུ་བར་ཐོབ་པ་ནི་དོན་ལ་འཇུག་པ་ལ་རག་ལས་ཤིང་། དེ་ཡང་དོན་དུ་ཤེས་པ་ལ་རག་ལས་ལ་ཤེས་པའི་ཚུལ་ལ་སྤྱིའི་རྣམ་པ་སྣང་བ་དང་། ཁྱད་པར་གྱི་རྣམ་པ་སྣང་བའི་སྒོ་ནས་ཤེས་པ་གཉིས་སུ་ཡོད་པས་གཉིས་སུ་ཕྱེ་བ་ཡིན་ནོ། །བཞི་པ་ནི། ཐ་དད་བཞིའི་ནང་ནས་དངོས་པོ་དང་དངོས་མེད་ལྟར་གཅིག་པར་བཀག་པའི་ཐ་དད་པ་ཡིན་ནོ། །ལྔ་པ་ནི། གཞལ་བྱ་ལ་འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་སུ་གྲངས་ངེས་ཏེ། འབྲས་བུའི་སྒོ་ནས་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་གཉིས། ངོ་བོའི་སྒོ་ནས་འདྲ་བ་ཐུན་མོང་གི་ཆོས་དང་། མི་འདྲ་བ་ཐུན་མོང་མ་ཡིན་པའི་ཆོས་གཉིས། ཡུལ་ཅན་སྒྲའི་སྒོ་ནས་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་མིན་གཉིས། ཡུལ་ཅན་ཤེས་པའི་སྒོ་ནས་རྟོག་པ་དང་རྟོག་མེད་ཤེས་པའི་དངོས་ཡུལ་གཉིས་སུ་ངེས་པའི་ཕྱིར། འདི་དག་གི་ཁྱབ་པ་དང་ཕྱོགས་ཆོས་སྒྲུབ་པའི་ཡན་ལག་རྣམས་ནི་གཞུང་ན་གསལ་ལོ། །དྲུག་པ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། རྣམ་བཞག་ལ་དཔྱད་པའོ། །དང་པོ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག་དོན་དམ་པར་དོན་བྱེད་ནུས་པ་དང་། མི་ནུས་པའི་ཆོས་གཉིས་དེ་གཉིས་ཀྱི་མཚན་ཉིད་དུ་འདོད་པ་ནི་མི་འཐད་དེ། དོན་དམ་དོན་བྱེད་ནུས་པ་གང་ཞེས་སོགས་ཀྱི་གཞུང་དེས་མདོ་སྡེ་པའི་ལུགས་ཀྱི་བདེན་གཉིས་ཀྱི་མཚན་ཉིད་དང་། རང་སྤྱི་གཉིས་ཀྱི་མཚན་གཞི་སྟོན་པ་ཡིན་གྱི། རང་སྤྱི་གཉིས་ཀྱི་མཚན་ཉིད་སྟོན་པ་མིན་པའི་ཕྱིར་ཏེ། ཡཱ་མ་རིས། ཞར་ལ་ཐེག་པ་ཐ་ཤལ་གྱི་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་བསྟན་པའི་ཕྱིར་རོ་ཞེས་གསུང་བའི་ཕྱིར། ཁ་ཅིག་ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་དེ་རང་གི་མཚན་ཉིད་ཡིན་ཞེས་བྱའི་རང་གི་མཚན་ཉིད་ཀྱི་མཚན་ཉིད་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན། མདུན་གྱི་སྡེ་གཟུགས་རང་མཚན་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། བདག་མེད་ཆོས་ཅན། མདུན་གྱི་སྡེ་གཟུགས་རང་མཚན་པ་ཡིན་པར་ཐལ། རང་ཡིན་པའི་ཕྱིར་ཞེས་སྨྲ་བ་ནི་རང་ལ་མཚུངས་ཏེ། བདག་མེད་ཆོས་ཅན། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོར་ཐལ། རང་ཡིན་པའི་ཕྱིར། གསུམ་ཆར་ཁས། ཁ་ཅིག་རང་མཚན་དང་སྤྱི་མཚན་གྱི་མཚན་ཉིད་ཞེས་འཇོག་དགོས་ཀྱི། རང་གི་མཚན་ཉིད་ཀྱི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ཀྱི་མཚན་ཉིད་ཞེས་འཇོག་ན་སྔར་བཤད་པའི་སྐྱོན་གནས་སོ་ཞེས་སྨྲ་བ་ཡང་བྱིས་པའི་གཏམ་སྟེ། གཞུང་ལས་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ཞེས་གསུངས་པའི་ཚིག་བསྡུས་པ་ལ་རང་མཚན་དང་སྤྱི་མཚན་ཞེས་པའི་ཐ་སྙད་བཞག་པ་ཙམ་ཡིན་པའི་ཕྱིར་ཏེ། མདོ་ལས། མཚན་ཉིད་གཉིས་གཞལ་བྱ་ཞེས་དང་། འདིར་ཡང་དེ་དག་རང་སྤྱིའི་མཚན་ཉིད་བཤད་ཅེས་སོ། །དེས་ན་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ནི་རང་དང་སྤྱི་མཚོན་བྱར་བྱས་ནས་དེ་མཚོན་པར་བྱེད་པ་ལ་འཇོག་པ་མ་ཡིན་གྱི། མཚོན་པར་བྱ་བ་རང་སྤྱི་གཉིས་ལ་འཇོག་པ་ཡིན་ཏེ། མཚན་ཉིད་ཀྱི་སྒྲ་བྱེད་སྒྲུབ་དང་ལས་སྒྲུབ་གཉིས་ལ་འཇུག་པ་ལས་འདིར་ལས་སྒྲུབ་ལ་འཇུག་པར་གསུངས་པའི་ཕྱིར་དང་། དབུ་མ་ཚིག་གསལ་ལས། རྟོག་གེ་བའི་འདོད་པ་བརྗོད་པ་ན་རང་མཚན་དང་སྤྱི་མཚན་ཞེས་པའི་མཚན་ཉིད་ཀྱི་སྒྲ་ལས་སྒྲུབ་ལ་སྦྱར་ནས་གསུངས་པའི་ཕྱིར། གཉིས་པ་ནི། འདྲ་དང་མི་འདྲ་ཉིད་ཕྱིར་དང་། །ཞེས་པས་རང་སྤྱི་གཉིས་ཀྱི་ཐུན་མོང་མ་ཡིན་པའི་དོན་ལྡོག་སྟོན་པས་དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་དང་། ཡུལ་དུས་རང་བཞིན་ཐུན་མོང་བར་སྣང་བའི་སྒྲོ་བཏགས་སོ། །ཡང་ན་ཐུན་མོང་མ་ཡིན་པར་གནས་པའི་དངོས་པོ་དང་། ཐུན་མོང་བར་སྣང་བའི་སྒྲོ་བཏགས་ཏེ། རྣམ་ངེས་ལས། དེ་ནི་ཐུན་མོང་མིན་པར་སྣང་བའི་དངོས་པོའི་རིགས་ཅན་ཏེ། རང་གི་མཚན་ཉིད་དོ་ཞེས་གསུངས་པའི་དངོས་ཤུགས་གཉིས་ལས་ཤེས་སོ། །གསུམ་པ་ནི། ཁ་ཅིག ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་དེ་དབུ་མ་ཐལ་འགྱུར་བའི་ལུགས་ལ་ཐ་སྙད་དུ་མེད་པར་ཐལ། དེ་དངོས་པོར་སྨྲ་བའི་ལུགས་ལ་རང་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་སྨྲ་བའི་ལུགས་ཀྱི་རང་མཚན་གྱི་དོན་ལྡོག་བཀག་པ་དེ་དབུ་མ་ཐལ་འགྱུར་བའི་ལུགས་ལ་དོན་དམ་བདེན་པ་ཡིན་པའི་ཕྱིར། དེས་ན་དོན་དམ་པར་དོན་བྱེད་ནུས་པ་དེ་རང་མཚན་གྱི་མཚན་ཉིད་ཡིན་ཟེར། མི་འཐད་དེ། སྔར་མེད་གསར་བྱུང་གི་དངོས་པོ་དེ་དེའི་ལུགས་ལ་ཐ་སྙད་དུ་ཡང་མེད་པར་ཐལ། དེ་དངོས་སྨྲ་བའི་ལུགས་ལ་སྐྱེ་བའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་སྨྲ་བའི་ལུགས་ཀྱི་སྐྱེ་བའི་དོན་ལྡོག་བཀག་པ་དེ་དབུ་མ་ཐལ་འགྱུར་བའི་ལུགས་ལ་དོན་དམ་བདེན་པ་ཡིན་པའི་ཕྱིར། རིམ་བཞིན་ཁས་བླངས་སོ། །གཞན་ཡང་དོན་དམ་པར་དོན་བྱེད་ནུས་པ་བཀག་པ་དེ་དབུ་མ་ཐལ་འགྱུར་བའི་ལུགས་ལ་དོན་དམ་བདེན་པ་ཡིན་པར་ཐལ། དོན་དམ་པར་དོན་བྱེད་ནུས་པ་དེ་དངོས་སྨྲ་བའི་ལུགས་ལ་རང་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། རང་མཚན་ལ་དབྱེ་ན། དོན་རང་མཚན་དང་། ཤེས་པ་རང་མཚན་གཉིས། དང་པོ་ལ་ཕྱི་དོན་བེམས་པོ་དང་། ནང་དོན་བེམས་པོ་གཉིས། དང་པོ་ལ་གཟུགས་སོགས་ཕྱིའི་སྐྱེ་མཆེད་ལྔ། གཉིས་པ་ལ་མིག་སོགས་ནང་གི་སྐྱེ་མཆེད་ལྔའོ། །ཤེས་པ་རང་མཚན་ལ་དབྱེ་ན་རྣམ་པར་ཤེས་པ་ཚོགས་དྲུག་འཁོར་དང་བཅས་པ་ཡོད་དོ། །སྤྱི་མཚན་ལ་དབྱེ་ན། བོད་སྔ་རབས་པ་རྣམས་ལྡོག་པ་མེད་དགག་གི་སྤྱི་དང་། བློའི་གཞན་སེལ་བའི་སྤྱི་གཉིས་གསུངས་ཀྱང་། གཞུང་ལས་བཤད་པ་ནི་དངོས་པོ་དངོས་མེད་གཉིས་ཀ་ལ་བརྟེན་པའི་སྤྱི་གསུམ་སྟེ། དངོས་དང་དངོས་མེད་གཉིས་ཀ་ལ། །བརྟེན་ཕྱིར་སྤྱི་དེའང་རྣམ་པ་གསུམ། །ཞེས་གསུངས་པའི་ཕྱིར། ཡང་གཅིག་ལ་ཐ་དད་དུ་འབྱེད་པའི་སྤྱི། ཐ་དད་གཅིག་ཏུ་སྡུད་པའི་སྤྱི། གཅིག་ལ་གཅིག་ཏུ་སྣང་བའི་སྤྱི། ཐ་དད་ལ་ཐ་དད་དུ་སྣང་བའི་སྤྱི་བཞིར་དབྱེར་རུང་སྟེ། གཞན་སེལ་ལ་དེ་ལྟར་ཕྱེ་བ་གང་ཞིག སྤྱི་དང་སྤྱི་མཚན་གཞན་སེལ་གསུམ་གནད་གཅིག་པའི་ཕྱིར་རོ། །གསུམ་པ་ལ་སྤྱི་དང་སྤྱི་མཚན་ལ་ཁྱད་པར་ཡོད་མེད་དཔྱད། དངོས་པོ་དང་རང་མཚན་ལ་ཁྱད་པར་ཡོད་མེད་དཔྱད། རང་མཚན་དང་དོན་དམ་བདེན་པ་ལ་ཁྱད་པར་ཡོད་མེད་དཔྱད། ཡུལ་དུས་རང་བཞིན་འདྲེས་མ་འདྲེས་ཀྱི་དོན་ལ་དཔྱད། རང་མཚན་གྱི་མཚན་གཞི་ལ་དཔྱད་པ་དང་ལྔ་ལས། དང་པོ་ནི། བོད་ཕལ་ཆེར་སྤྱི་དང་སྤྱི་མཚན་ལ་ཁྱད་པར་ཡོད་དེ། བུམ་པ་དེ་སྤྱི་ཡིན་ཡང་སྤྱི་མཚན་མ་ཡིན། ཤེས་བྱའི་ལྡོག་པ་དེ་སྤྱི་མཚན་ཡིན་ཡང་སྤྱི་མིན་པའི་ཕྱིར། དེ་སྒྲུབ་པ་ལ། བུམ་པ་ཆོས་ཅན། སྤྱི་ཡིན་པར་ཐལ། རང་གི་བྱེ་བྲག་དུ་མ་སྒྲུབ་པའི་ཕྱིར། སྤྱི་མཚན་མིན་པར་ཐལ། རང་མཚན་ཡིན་པའི་ཕྱིར་ཏེ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། ཤེས་བྱའི་ལྡོག་པ་ཆོས་ཅན། སྤྱི་མིན་པར་ཐལ། རང་གི་བྱེ་བྲག་དུ་མ་གྲུབ་པའི་ཕྱིར། སྤྱི་མཚན་དུ་ཐལ། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་ཡིན་པའི་ཕྱིར། དེས་ན་སྤྱི་ནི་བྱེ་བྲག་དུ་མ་གྲུབ་པའི་ཆོས་ལ་འཇོག་ལ། སྤྱི་མཚན་གི་རྟོག་པས་སྒྲོ་བཏགས་པའི་ཆོས་ལ་འཇོག་ཟེར། དེ་ནི་མི་འཐད་དེ། བུམ་པ་ཆོས་ཅན། སྤྱི་མཚན་དུ་ཐལ། བསལ་བ་དུ་མ་ལ་ཐུན་མོང་དུ་རྗེས་འགྲོ་བྱེད་པའི་ཕྱིར། གསུམ་ཆར་ཁས། བུམ་པ་ཆོས་ཅན། སྤྱི་མིན་པར་ཐལ། ཐུན་མོང་བ་མིན་པའི་ཕྱིར་ཏེ། རང་མཚན་ཡིན་པའི་ཕྱིར། ཤེས་བྱའི་ལྡོག་པ་ཆོས་ཅན། སྤྱི་ཡིན་པར་ཐལ། རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། ཡང་མཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་པར་དངོས་བསྟན་གྱི་ལྡོག་པ་དེ་ཡང་སྤྱི་མིན་པར་ཐལ། བྱས་པའི་ལྡོག་པ་དང་མི་རྟག་པའི་ལྡོག་པ་དེ་སྤྱི་མིན་པའི་ཕྱིར། རྟགས་ཁས། འདོད་ན། ཐ་དད་དངོས་རྣམས་ལ་བརྟེན་ནས་ཞེས་པའི་སྔ་འགྲེལ་དུ་སྤྱི་ཇི་ལྟ་བུ་ཞིག་ཡིན་པ་ནི་བཤད་ཟིན་ནོ། །ཞེས་པ་དེ་གང་ལ་སྙེགས་སྨྲ་དགོས་སོ། །དེང་སང་བོད་རྣམས། དངོས་པོ་ཡིན་ན། ཁྱོད་ཁྱོད་ཀྱི་ལྡོག་པ་མིན་པ་བུད། ཞེས་དང་། ཁྱོད་གཞི་གྲུབ་ན། ཁྱོད་ཀྱི་ལྡོག་པ་དེ་ཁྱོད་ཀྱི་ལྡོག་པ་ཡིན་པ་བུད་ཞེས་དང་། ཁྱོད་གཞི་གྲུབ་ན། ཁྱོད་ཀྱི་སྤྱི་དེ་ཁྱོད་ཀྱི་སྤྱི་ཡིན་པ་བུད་ཅེས་འབུད་པ་ནི། ཆོས་གྲགས་ཀྱིས་གང་བཀག་པ་དེ་སྙིང་ནད་དུ་བྱས་ནས་ཁས་ལེན་པ་ཡིན་པས། ཁོ་བོ་ནི་དེ་གསུམ་འགལ་ཁྱབ་ཏུ་འབུད་དོ། །དེས་ན་རང་ལུགས་ནི་སྤྱི་དང་སྤྱི་མཚན་ལ་ཁྱད་པར་མེད་དེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ཞེས་པའི་སྐབས་ཀྱི་སྤྱི་མཚན་དེ་ལས་ལོགས་སུ་གྱུར་པའི་སྤྱི་མ་གསུངས་པའི་ཕྱིར་ཏེ། སྤྱི་མཚན་གྱི་དབྱེ་བ་འཆད་པ་ན། དངོས་དང་དངོས་མེད་གཉིས་ཀ་ལ། །བརྟེན་ཕྱིར་སྤྱི་དེའང་རྣམ་པ་གསུམ། །ཞེས་སྤྱི་དང་སྤྱི་མཚན་ཁྱད་མེད་དུ་གསུངས་པའི་ཕྱིར། གཉིས་པ་ནི། ཁ་ཅིག དེ་གཉིས་ལ་ཁྱད་པར་ཡོད་དེ། རང་མཚན་ཡིན་ན་དངོས་པོ་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། བདག་མེད་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཁྱོད་ཡུལ་གྱི་གནས་ཚུལ་ལ་གྲུབ་པ་ཡིན་པའི་ཕྱིར་ཏེ། ཁྱོད་མངོན་སུམ་དུ་རྟོགས་པའི་བློ་དེ་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་བློ་ཡིན་པའི་ཕྱིར་ཞེ་ན། ཤེས་བྱ་ཐམས་ཅད་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྔར་བཞིན་འགྲེའོ། །ཁ་ཅིག དངོས་པོ་ཡིན་ན། རང་མཚན་ཡིན་པས་མ་ཁྱབ་སྟེ། དངོས་པོ་ཡིན་ན། དོན་དམ་པའི་དངོས་པོ་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། ཡོད་ན་དོན་དམ་པར་ཡོད་དགོས་པར་ཐལ། མ་གྲུབ་པ་དེའི་ཕྱིར། གཞན་ཡང་ཀུན་རྫོབ་པའི་དངོས་པོས་དངོས་པོའི་གོ་མི་ཆོད་པར་ཐལ། དངོས་པོ་ཡིན་ན་དོན་དམ་པའི་དངོས་པོ་ཡིན་དགོས་པའི་ཕྱིར་ཞེས་བཞེད་དོ། །དེ་ནི་མི་འཐད་དེ། གཞལ་བྱ་ཡིན་ན། དོན་དམ་པའི་གཞལ་བྱ་ཡིན་དགོས་པར་ཐལ། རང་མཚན་ཡིན་ན་དོན་དམ་པའི་རང་མཚན་ཡིན་དགོས་པའི་ཕྱིར། དོན་བྱེད་ནུས་པ་ཡིན་ན། དོན་དམ་པར་དོན་བྱེད་ནུས་པ་ཡིན་མི་དགོས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། མྱུ་གུ་བསྐྱེད་ན་དོན་དམ་པར་མྱུ་གུ་བསྐྱེད་མི་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། གལ་ཏེ་དེ་ཀུན་རྫོབ་བཞེས་པའི་གཞུང་གི་དོན་དེ་ཅི་སྟེ། དེ་ལྟར་འགྱུར་ཞེས་པས་འགོག་པ་མིན་པར་ཐལ་ལོ། །རང་ལུགས་ནི་དེ་གཉིས་ལ་ཁྱད་པར་མེད་དེ། དངོས་པོ་ཡིན་ན་དོན་བྱེད་ནུས་པ་ཡིན་དགོས། དེ་ཡིན་ན་དོན་དམ་པར་དོན་བྱེད་ནུས་པ་ཡིན་དགོས། དེ་ཡིན་ན། རང་མཚན་ཡིན་དགོས་ཤིང་། རང་མཚན་ཡིན་ན་ཡང་དེ་དག་ཡིན་དགོས་པའི་ཕྱིར་ཏེ། དེ་ནི་གཞན་ལས་ལོག་པ་ཡིན། །དེ་ནི་རྒྱུ་དང་འབྲས་བུར་བཤད། །དེ་ནི་རང་གི་མཚན་ཉིད་འདོད། །ཅེས་དང་། དོན་བྱེད་ནུས་པ་གང་ཡིན་པ། །དེ་ནི་དོན་དམ་ཡོད་པ་ཡིན། །ཞེས་དང་། དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་པའི་སྐབས་ཀྱི་ཁྱབ་སྒྲུབ་ལ། དོན་དམ་དོན་བྱེད་ནུས་པ་གང་ཞེས་པའི་གཞུང་སྦྱོར་བའི་འབྲེལ་ལས་ཀྱང་ཤིན་ཏུ་གསལ་བའི་ཕྱིར། ཇི་སྐད་བཤད་ལས་བཟློག་གང་ཡིན། །ཞེས་པར་ཡང་། དོན་བྱེད་མི་ནུས་པ་ལས་ལོག་པ་རང་མཚན་དུ་བསྟན་པའི་ཕྱིར་རོ། །འདི་དག་གི་ལུང་སྦྱོར་ཞིབ་པར་ནི་འོག་ཏུ་སྤྱི་དངོས་པོ་བ་འགོག་པའི་སྐབས་སུ་ལྟོས་ཤིག གསུམ་པ་ནི། ཁ་ཅིག་དེ་གཉིས་ལ་ཁྱད་པར་ཡོད་དེ། མདོ་སྡེ་པའི་ལུགས་ལ་ཡང་རགས་པ་རང་མཚན་པ་ཡོད་ཅིང་། དེ་དོན་དམ་པར་བདེན་པ་མེད་པའི་ཕྱིར་དང་། སེམས་ཙམ་པའི་ལུགས་ལ་གཟུང་འཛིན་གཉིས་མེད་ཀྱི་དེ་བཞིན་ཉིད་དེ་དོན་དམ་བདེན་པ་ཡིན་ཀྱང་། རང་མཚན་མིན་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། མདོ་སྡེ་པའི་ལུགས་ཀྱི་རགས་པ་རང་མཚན་པ་དེ་རྡུལ་ཕྲན་ཚོགས་པ་དབང་ཤེས་ལ་སྣང་བ་ལ་བྱེད་དམ། དབང་ཤེས་ལ་རྡུལ་ཕྲན་སྣང་བ་དེ་རྗེས་སུ་བྱུང་བའི་རྟོག་པས་རགས་པ་ལིང་པོ་གཅིག་ཏུ་གཟུང་བའི་རྟོག་པའི་དངོས་ཡུལ་ལ་བྱེད། དང་པོ་ལྟར་ན་དོན་དམ་བདེན་པ་མ་ཡིན་པ་གཏན་ཚིགས་མ་གྲུབ་སྟེ། དོན་དམ་པར་དོན་བྱེད་ནུས་པ་ཡིན་པའི་ཕྱིར། ཕྱི་མ་ལྟར་ན་རང་མཚན་ཡིན་པ་གཏན་ཚིགས་མ་གྲུབ་སྟེ། རྟོག་པའི་དངོས་ཡུལ་དུ་གྱུར་པའི་སྒྲོ་བཏགས་ཡིན་པའི་ཕྱིར། དེས་ན་རང་ལུགས་ལ། མདོ་སྡེ་པའི་ལུགས་ལ་དེ་གཉིས་ཁྱད་པར་མེད་དེ། རང་མཚན་དང་དོན་དམ་བདེན་པ་ཡིན་ན། དོན་དམ་པར་དོན་བྱེད་ནུས་པ་ཡིན་པས་ཁྱབ། ཕྱི་མ་དེ་ཡིན་ན་ཡང་སྔ་མ་དེ་གཉིས་ཀ་ཡིན་དགོས་པའི་ཕྱིར། སེམས་ཙམ་པའི་ལུགས་ལ་དེ་གཉིས་ལ་ཁྱད་པར་ཡོད་དེ། རང་མཚན་ཡིན་ན་དོན་དམ་བདེན་པ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། གཞན་དབང་དེ་རང་མཚན་ཡིན་ཡང་དོན་དམ་བདེན་པ་མིན་པའི་ཕྱིར། བཞི་པ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག ཡུལ་དུས་རང་བཞིན་འདྲེས་འཛིན་གྱི་རྟོག་པ་ལ་ཁྲ་བོ་སེར་སྐྱ་ལ་སོགས་པ་རང་བཞིན་འདྲེས་པ་ལྟ་བུར་སྣང་བ་དང་། ཤར་ཕྱོགས་ལ་ཡོད་པའི་ཆ་ནུབ་ཕྱོགས་ལ་ཡོད་པ་ལྟ་བུར་སྣང་བ་དང་། སྔ་དྲོ་ལ་ཡོད་པའི་ཆ་ཕྱི་དྲོ་ལ་ཡོད་པ་ལྟ་བུར་སྣང་བ་ཡིན་ལ། མ་འདྲེས་པའི་དོན་ཁྲ་བོ་ལ་ཡོད་པའི་ཆ་དེ་སེར་སྐྱ་ལ་མེད་པ་དང་། ཤར་ཕྱོགས་ན་ཡོད་པའི་ཆ་དེ་ནུབ་ཕྱོགས་ན་མེད་པ་དང་། སྔ་དྲོའི་དུས་ན་ཡོད་པའི་ཆ་དེ་ཕྱི་དྲོའི་དུས་ན་མེད་པ་ལ་བྱེད་པ་ཡིན་ཟེར་བ་ལ་གཞན་དག་ན་རེ། ཤེས་བྱ་དེ་ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པ་ཡིན་པར་ཐལ། ཁྲ་བོ་ལ་ཡོད་པའི་ཤེས་བྱ་དེ་སེར་སྐྱ་ལ་མེད། ཤར་ཕྱོགས་ན་ཡོད་པའི་ཤེས་བྱ་དེ་ནུབ་ཕྱོགས་ན་མེད། སྔ་དྲོ་ན་ཡོད་པའི་ཤེས་བྱ་དེ་ཕྱི་དྲོ་ན་མེད་པའི་ཕྱིར་ཞེས་བཀག་ནས། ཁོ་རང་གི་ལུགས་ལ་ཁྲ་བོ་ལ་ཡོད་ན་སེར་སྐྱ་ལ་མེད་པ། ཤར་ཕྱོགས་ན་ཡོད་ན་ནུབ་ཕྱོགས་ན་མེད་པ། སྔ་དྲོ་ལ་ཡོད་ན་ཕྱི་དྲོ་ལ་མེད་པ་དེ་མ་འདྲེས་པའི་དོན་ཡིན་ཟེར་རོ། །མི་འཐད་དེ། ཤེས་བྱ་ཆོས་ཅན། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པ་ཡིན་པར་ཐལ། ཁྲ་བོ་ལ་ཡོད་ན་སེར་སྐྱ་ལ་མེད་པ་སོགས་ཀྱི་ཕྱིར། མ་གྲུབ་ན། ཁྲ་བོའི་རྫས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་ཁྱབ་ན། ཁྲ་བོ་ལ་ཡོད་ན། སེར་སྐྱ་ལ་ཡོད་པ་བུད། གལ་ཏེ་ཁོ་ན་རེ། རྟགས་ཆོས་ཅན་ལ་འབྱར་རོ་ཞེ་ན། དངོས་པོ་ཆོས་ཅན། ཁྲ་བོ་ལ་ཡོད་ན་སེར་སྐྱ་ལ་མེད་པར་ཐལ། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པ་ཡིན་པའི་ཕྱིར། འདོད་ན། དེར་ཐལ། དངོས་པོ་ཁྲ་བོ་ལ་ཡོད་པ་གང་ཞིག དངོས་པོ་སེར་སྐྱ་ལ་ཡོད་པའི་ཕྱིར། གཉིས་པ་རང་ལུགས་ལ། འདྲེས་མ་འདྲེས་ཀྱི་དོན་བཤད་པ་དང་། དེ་གཞུང་ལས་བསྟན་ཚུལ་གཉིས། དང་པོ་ནི། བུམ་པ་ཆོས་ཅན། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པ་ཡིན་ཏེ། ཤར་ཕྱོགས་ན་ཡོད་པའི་ཁྱོད་ཀྱི་རྫས་དེ་ཤར་ཕྱོགས་ཁོ་ནར་ཡོད་ཀྱི་ནུབ་ཕྱོགས་ན་མེད་པའི་ཕྱིར་དང་། བརྡ་དུས་ན་ཡོད་པའི་ཁྱོད་ཀྱི་རྫས་དེ་བརྡ་དུས་ཁོ་ནར་ཡོད་ཀྱི་ཐ་སྙད་ཀྱི་དུས་ན་མེད་པའི་ཕྱིར་དང་། གསེར་བུམ་ལ་ཡོད་པའི་ཁྱོད་ཀྱི་རྫས་དེ་གསེར་བུམ་ཁོ་ན་ལ་ཡོད་ཀྱི་དངུལ་བུམ་ལ་མེད་པའི་ཕྱིར་རོ། །འདྲེས་པའི་དོན་ནི་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བའི་གཞན་སེལ་ཆོས་ཅན། ཁྱོད་ལ་ཡུལ་དུས་རང་བཞིན་འདྲེས་པར་སྣང་བ་ཞེས་པའི་རྒྱུ་མཚན་ཡོད་དེ། ཤར་ཕྱོགས་ཀྱི་བུམ་པ་དང་ནུབ་ཕྱོགས་ཀྱི་བུམ་པ་གཉིས་ཀ་ལ་ཁྱབ་པ་དང་། བརྡ་དུས་ཀྱི་བུམ་པ་དང་། ཐ་སྙད་ཀྱི་དུས་ཀྱི་བུམ་པ་གཉིས་ཀ་ལ་ཁྱབ་པ་དང་། གསེར་བུམ་དང་དངུལ་བུམ་གཉིས་ཀ་ལ་ཁྱབ་པའི་རྟོག་པས་སྒྲོ་བཏགས་ཡིན་པའི་ཕྱིར། གཉིས་པ་ནི། གཞན་ལ་གནས་པར་གྱུར་པ་ནི། །རང་གི་གནས་ལས་མི་གཡོ་ཞིང་། །ཞེས་པས་དངོས་སུ་སྤྱི་དངོས་པོ་བ་མེད་པར་བསྟན་ནས་ཤུགས་ལ་ཡུལ་མ་འདྲེས་པར་བསྟན་པ་ཡིན། དམ་པའི་དོན་གྱི་དོན་རྣམས་ནི། །རང་གི་འདྲེ་དང་ཐ་དད་མེད། །ཅེས་དང་། ཁྲ་བོ་ཡི་ནི་ངོ་བོ་གང་། །དེ་ནི་སེར་སྐྱ་ལ་ཡོད་མིན། །ཅེས་པས་རང་བཞིན་མ་འདྲེས་པར་བསྟན། དེ་ཚེ་རང་གི་མཚན་ཉིད་མེད། །ཅེས་དང་། ཕན་ཚུན་འདྲེ་བ་མེད་པ་ཡི། །ཡིག་ཆ་རིམ་ལྡན་ཇི་ལྟར་ན། །ཞེས་པས་དུས་མ་འདྲེས་པ་བསྟན་ནོ། །དེ་དག་དངོས་སུ་བསྟན་པའི་ཤུགས་ལ་འདྲེས་པ་བསྟན་པ་ཡིན་ཅིང་། ཁྱད་པར་དུ་ཡང་། ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །ཞེས་དང་། དེ་འབྲས་ཅན་མིན་ལས་ལྡོག་པ། །གཉིས་ཀ་ལ་ཡང་ཡོད་པ་ཡིན། །ཞེས་པས་ཡུལ་དང་རང་བཞིན་འདྲེས་པ་གཉིས་ཀ་བསྟན། གསལ་བ་རྣམས་ནི་ཐ་དད་ཀྱང་། །བྱ་བ་དེ་དང་དེ་བྱེད་པའི། །ཞེས་སོགས་ཀྱིས་དུས་འདྲེས་པ་བསྟན། ལྡོག་པ་ཀུན་ལ་ཡོད་པའི་ཕྱིར་ཞེས་སོགས་ཀྱིས་གསུམ་ཀ་བསྟན་པ་ཡིན་ནོ། །ལྔ་པ་རང་མཚན་གྱི་མཚན་གཞི་ལ་དགག་བཞག་གཉིས་ལས། དང་པོ་ནི། སྔ་རབས་པ་ཁ་ཅིག དངོས་པོ་ཐམས་ཅད་རང་མཚན་ཡིན་ཏེ། གཞན་དུ་ན་རང་མཚན་གྱི་མཚན་གཞི་རྙེད་པར་དཀའ་བའི་ཕྱིར་ཞེས་སྨྲ་བ་ལ་གཞན་དག་ན་རེ། དངོས་པོ་ཐམས་ཅད་ཆོས་ཅན། རང་མཚན་མིན་པར་ཐལ། སྤྱི་ཡིན་པའི་ཕྱིར། ཞེས་བཀག་ནས་ཁོ་རང་གི་ལུགས་ལ་མདུན་གྱི་སྡེ་གཟུགས་རང་མཚན་པ་དེ་དེ་ཡིན་ཅིང་། དེ་ལ་ཡང་རགས་པ་དང་ཕྲ་བ་གཉིས་ལས། དང་པོ་ནི། རང་མཚན་ཡིན་ཡང་དོན་དམ་བདེན་པ་མ་ཡིན་ལ། གཉིས་པ་ནི་རང་ལས་ཆུང་བའི་ཆ་ཤས་དབྱེར་མེད་པའི་རྡུལ་ཕྲ་རབ་ཡིན་ལ། དེ་ནི་རང་མཚན་དང་དོན་དམ་བདེན་པ་གཉིས་ཀ་ཡིན་ནོ་ཞེས་སྨྲའོ། །མི་འཐད་དེ། དངོས་པོ་སྤྱི་ཡིན་པ་གོང་དུ་བཀག་ཟིན་ཅིང་དེ་ལས་གཞན་དུ་ན་ལོག་པ་དང་། རྒྱུ་དང་འབྲས་བུ་ཡང་རང་མཚན་མིན་པར་ཐལ། དངོས་པོ་རང་མཚན་མིན་པའི་ཕྱིར། འདོད་ན། དེ་ནི་གཞན་ལས་ལོག་པ་ཡིན་ཞེས་སོགས་དང་འགལ་ལོ། །གཞན་ཡང་མེ་རང་མཚན་མིན་པར་ཐལ། དངོས་པོ་རང་མཚན་མིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེར་ཐལ། རང་འབྲས་སུ་གྱུར་པའི་དུ་བ་དོན་དམ་པར་བསྐྱེད་བྱེད་ཡིན་པའི་ཕྱིར་ཏེ། དེ་བསྐྱེད་བྱེད་ཡིན་པའི་ཕྱིར། མདུན་གྱི་སྡེ་གཟུགས་རང་མཚན་པ་ལ་གཉིས་སུ་ཡོད་པའི་རགས་པ་རང་མཚན་ཡིན་ཅིང་དོན་དམ་བདེན་པ་མིན་པ་མི་འཐད་དེ། རགས་པ་དེ་རིགས་མཐུན་གྱི་ཟླ་བཅས་ཀྱི་རྡུལ་ཕྲན་ཚོགས་པ་ལ་འཇོག་གམ། རྟོག་པས་ལིང་པོ་གཅིག་ཏུ་བཟུང་བ་ལ་འཇོག་ཅེས་རིགས་པས་དཔྱད་ནས་བཀག་ཟིན་པའི་ཕྱིར། གཉིས་པ་ནི། ཤེས་པ་སྐད་ཅིག་ཆ་མེད་དང་། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ཡིན་ལ། དང་པོ་དེ་དེ་ཡིན་ཏེ། རང་རིག་མངོན་སུམ་སྐད་ཅིག་མ་གཅིག་གིས་མྱང་བྱ་ཡིན་པའི་ཕྱིར། གཉིས་པ་དེ་དེ་ཡིན་ཏེ། དེས་རིས་མཐུན་གྱི་རྡུལ་ཕྲན་གྱི་ཟླ་དང་བཅས་པ་དེའི་ཚེ་རང་འབྲས་སུ་གྱུར་པའི་དབང་ཤེས་བསྐྱེད་པར་བྱེད་པ་ཡིན་པའི་ཕྱིར། རགས་པ་ལ་རིགས་མཐུན་གྱི་ཟླ་བཅས་ཀྱི་རྡུལ་ཕྲན་ཚོགས་པ་དེ་ཡང་དེ་ཡིན་ཏེ། དེས་རང་འབྲས་སུ་གྱུར་པའི་དབང་ཤེས་རྫས་གཅིག་བསྐྱེད་པར་བྱེད་པའི་ཕྱིར། རྗེས་ཀྱི་རྟོག་པས་ལིང་པོ་གཅིག་ཏུ་བཟུང་བ་དེ་དེ་མིན་ཏེ། རྟོག་པས་སྒྲོ་བཏགས་ཡིན་པའི་ཕྱིར། རྒྱུན་ཡང་དེ་མ་ཡིན་ཏེ། དེ་ལ་ཆ་ཤས་དུ་མ་ཡོད་པའི་ཆ་ཤས་རེ་རེ་རང་འབྲས་སུ་གྱུར་པའི་ཤེས་པ་རྫས་སོ་སོ་བ་རེ་བསྐྱེད་པར་བྱེད་པའི་ཕྱིར་དང་། ཆ་ཤས་ཐམས་ཅད་འདུས་ནས་རང་འབྲས་ཤེས་པ་རྫས་གཅིག་བསྐྱེད་པར་བྱེད་པ་མི་སྲིད་པའི་ཕྱིར། དེས་ན་མིང་ཚིག་ཡི་གེ་གསུམ་ཡང་དངོས་པོར་མེད་དེ། ཡི་གེའི་ཐུང་མཐའ་ཨ་ཐུང་ལྟ་བུ་གཅིག་ལ་ཡང་ཆ་ཤས་དུ་མ་ཡོད་ཅིང་། ཆ་ཤས་རེ་རེས་རང་འབྲས་ཉན་ཤེས་སྐད་ཅིག་རེ་རེ་བསྐྱེད་པར་བྱེད་པའི་ཕྱིར། དེ་ལས་གཞན་དུ་ན་ཡི་གེ་ཆོས་ཅན། སྒྲ་ཡིན་པར་ཐལ་ལོ། །འདོད་ན། རང་འབྲས་ཉན་ཤེས་སྐད་ཅིག་མ་གཅིག་བསྐྱེད་པར་བྱེད་པར་ཐལ་ལོ།། །།གཉིས་པ་འཇུག་ཡུལ་གྱི་སྒོ་ནས་དབྱེ་ན་མངོན་ལྐོག་གཉིས་ལ་དོན་གསུམ་སྟེ། མཚན་ཉིད། དབྱེ་བ། རྣམ་བཞག་གོ །དང་པོ་ལ་དགག་བཞག་གཉིས། དང་པོ་ལ་ཁ་ཅིག དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། མྱོང་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ་དང་། རྟགས་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ་ཞེས་ཟེར། མི་འཐད་དེ། སྔོན་པོ་ཆོས་ཅན། སྔོ་འཛིན་དབང་མངོན་གྱིས་མྱོང་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ་ཡིན་པར་ཐལ། དེ་ལ་མངོན་འགྱུར་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མིན་པར་ཐལ། དེས་ཁྱོད་མྱོང་བ་མི་སྲིད་པའི་ཕྱིར་ཏེ། ཁྱོད་བེམ་པོ་ཡིན་པའི་ཕྱིར། སྔོན་པོ་ཆོས་ཅན། སྔོ་འཛིན་དབང་མངོན་གྱིས་དྲངས་པའི་ངེས་ཤེས་ཀྱིས་རྟགས་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ་ཡིན་པར་ཐལ། དེ་ལ་ལྐོག་གྱུར་ཡིན་པའི་ཕྱིར་ཏེ། དེའི་ཞེན་ཡུལ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མིན་པར་ཐལ། དེས་རྟགས་ལ་མ་ལྟོས་པར་སྒྲོ་འདོགས་བཅད་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེས་མངོན་སུམ་གྱི་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ་ཡིན་པའི་ཕྱིར། ཡང་ཁ་ཅིག མངོན་སུམ་གྱིས་ཉམས་སུ་མྱོང་བའི་ཚུལ་གྱིས་རྟོགས་པར་བྱ་བ་དང་རྗེས་དཔག་གིས་དོན་སྤྱིའི་ཚུལ་གྱིས་རྟོགས་པར་བྱ་བ་དེ་གཉིས་ཀྱི་མཚན་ཉིད་ཡིན་ཟེར་མི་འཐད་དེ། སྔ་མ་ལ་སྔར་བཤད་པའི་སྐྱོན་གནས་ཤིང་། ཕྱི་མ་ལ་ཆོས་དེ་བློ་དེ་ལ་ལྐོག་གྱུར་ཡིན་ན། བློ་དེ་རྗེས་དཔག་ཡིན་དགོས་པར་ཐལ། མཚན་ཉིད་ཕྱི་མ་འཐད་པའི་ཕྱིར་འདོད་ན། སྔོན་འཛིན་དབང་མངོན་གྱིས་དྲངས་པའི་ངེས་ཤེས་དེ་རྗེས་དཔག་ཡིན་པར་ཐལ། སྔོན་པོ་དེ་དེ་ལ་ལྐོག་གྱུར་ཡིན་པའི་ཕྱིར། ཡང་ཁ་ཅིག མངོན་སུམ་གྱིས་དངོས་སུ་རྟོགས་པར་བྱ་བ་དང་། རྗེས་དཔག་གིས་དངོས་སུ་རྟོགས་པར་བྱ་བ་དེ་དེ་གཉིས་ཀྱི་མཚན་ཉིད་དུ་འདོད་པ་མི་འཐད་དེ། སྔོན་པོ་ཆོས་ཅན། སྔོ་འཛིན་དབང་མངོན་གྱིས་དངོས་སུ་རྟོགས་པར་བྱ་བ་ཡིན་པར་ཐལ། དེ་ལ་མངོན་འགྱུར་ཡིན་པའི་ཕྱིར་ཏེ། དེའི་གཟུང་ཡུལ་ཡིན་པའི་ཕྱིར། འདོད་ན། དེ་མིན་པར་ཐལ། སྔོ་འཛིན་དབང་མངོན་གྱི་དུས་ན་ཁྱོད་འགགས་ནས་མེད་པའི་ཕྱིར། གཉིས་པ་ལ་སྒྲ་མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་རྟོག་པའི་རྗེས་དཔག་གིས་དངོས་སུ་རྟོགས་པར་བྱ་བ་ཡིན་པར་ཐལ། དེ་ལ་ལྐོག་གྱུར་ཡིན་པའི་ཕྱིར་ཏེ། དེའི་འཇུག་ཡུལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་མཚན་ཡིན་པའི་ཕྱིར། ཡང་ཁ་ཅིག མངོན་སུམ་གྱིས་རྟོགས་པར་བྱ་བ་དང་། རྗེས་དཔག་གིས་རྟོགས་པར་བྱ་བ་དེ་གཉིས་ཀྱི་མཚན་ཉིད་ཡིན་ཟེར་བ་མི་འཐད་དེ། སྒྲ་མི་རྟག་པའི་དོན་སྤྱི་ཆོས་ཅན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལ་ལྐོག་འགྱུར་ཡིན་པར་ཐལ། དེས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེའི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་སྒྲུབ་པ་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། ཡང་ཁ་ཅིག མངོན་དུ་གྱུར་པའི་ཚུལ་གྱིས་རྟོགས་པར་བྱ་བ་དང་། ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པར་བྱ་བ་དེ་དེ་གཉིས་ཀྱི་མཚན་ཉིད་ཡིན་ཟེར་བ་ལ། གཞན་དག་ན་རེ། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སྣང་བའི་ཟླ་གཉིས་ཆོས་ཅན། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱིས་མངོན་དུ་གྱུར་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། དེ་ལ་མངོན་གྱུར་ཡིན་པའི་ཕྱིར་ཏེ། དེ་ལ་གསལ་བར་སྣང་བའི་ཕྱིར། རི་བོང་རྭ་ཆོས་ཅན། རི་བོང་རྭ་འཛིན་རྟོག་པས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། དེ་ལ་ལྐོག་གྱུར་ཡིན་པའི་ཕྱིར་ཏེ། དེའི་ཞེན་ཡུལ་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཡོད་པར་ཐལ་ལོ་ཞེས་བཀག་ནས། རང་ལུགས་ལ་དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། གསལ་བར་སྣང་བར་བྱ་བ་དང་། མི་གསལ་བར་སྣང་བར་བྱ་བ་ཞེས་ཟེར་བ་མི་འཐད་དེ། ལྐོག་གྱུར་ཡིན་ན། རྟོགས་པར་བྱ་བ་ཡིན་པས་མ་ཁྱབ་པར་ཐལ། རི་བོང་རྭ་འཛིན་རྟོག་པ་ལ་ལྐོག་གྱུར་ཡིན་ན། དེས་རྟོགས་པར་བྱ་བ་ཡིན་པས་མ་ཁྱབ་པའི་ཕྱིར། ཁྱབ་པ་རྩ་བའི་བསྒྲིག་མཚམས་གཉིས་པ་ལ་ཁས། ཡང་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སྣང་བའི་ཟླ་གཉིས་ཆོས་ཅན། མངོན་གྱུར་ཡིན་པར་ཐལ། གསལ་བར་སྣང་བར་བྱ་བ་ཡིན་པའི་ཕྱིར་ཏེ། གསལ་བར་སྣང་བར་ཡིན་པའི་ཕྱིར། མ་གྲུབ་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། ཁྱོད་ལ་སྣང་བའི་ཟླ་གཉིས་དེ་གསལ་བར་སྣང་བ་ཡིན་པར་ཐལ། ཁྱོད་ཟླ་གཉིས་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། སྒྲ་མི་རྟག་པའི་དོན་སྤྱི་ཆོས་ཅན། ཁྱོད་སྒྲ་མི་རྟག་རྟོགས་པའི་རྗེས་དཔག་ལ་ལྐོག་གྱུར་ཡིན་པར་ཐལ། དེ་ལ་མི་གསལ་བར་སྣང་བར་བྱ་བ་ཡིན་པའི་ཕྱིར། ཁྱབ་པ་བསྒྲིག་མཚམས་དང་བཅས་པ་ཁས། འདོད་མི་ནུས་ཏེ། ཁྱོད་དེའི་སྣང་ཡུལ་ཡིན་པའི་ཕྱིར། གཉིས་པ་ནི། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། དོན་སྤྱི་ལ་མ་ལྟོས་པར་རྟོགས་པར་བྱ་བ་དང་། དོན་སྤྱིའི་སྒོ་ནས་རྟོགས་པར་བྱ་བའོ། །གཉིས་པ་དབྱེ་བ་ལ་མངོན་གྱུར་གྱི་དབྱེ་བ་དང་། ལྐོག་གྱུར་གྱི་དབྱེ་བ་གཉིས། དང་པོ་ལ་ཡུལ་གྱི་སྒོ་ནས་དབྱེ་བ་དང་། ཡུལ་ཅན་གྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ། ཆོས་ཅན་དང་། ཆོས་ཉིད་གཉིས། དང་པོ་ལ་དོན་དང་ཤེས་པ་གཉིས་སོ། །ཡུལ་ཅན་གྱི་སྒོ་ནས་དབྱེ་བ་ལ། རྟོག་མེད་མ་འཁྲུལ་བའི་སྒོ་ནས་དབྱེ་བ་དང་། རྟོག་མེད་འཁྲུལ་ཤེས་ཀྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་དོན་རིག་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་ལ་མངོན་གྱུར་གསུམ་ལས། དང་པོ་ནི། གཟུགས་སོགས་དོན་ལྔའོ། །གཉིས་པ་ནི། ཤེས་པ་ཐམས་ཅད་དོ། །གསུམ་པ་ནི། ཆོས་ཉིད་ལྟ་བུའོ། །གཉིས་པ་ནི་ཟླ་གཉིས་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་མངོན་གྱུར་ཡིན་པ་ལྟ་བུའོ། །བློ་དེ་ལ་མངོན་གྱུར་ཡིན་ན། བློ་དེས་དོན་སྤྱི་ལ་མ་ལྟོས་པར་རྟོགས་པར་བྱ་བ་ཡིན་པས་ཁྱབ་པ་ནི་ཁས་མི་ལེན་ལ། སྔར་སྐྱོན་བརྗོད་པ་ནི་ཕ་རོལ་པོས་དེ་ལྟར་ཁས་ལེན་པའི་དབང་དུ་བྱས་པའོ། །གཉིས་པ་ལྐོག་གྱུར་གྱི་དབྱེ་བ་ལ། ཡུལ་དང་། ཡུལ་ཅན་གྱི་དབྱེ་བ་གཉིས་ལས། དང་པོ་ལ་སྔར་ལྟར་གསུམ་ལས། དང་པོ་ནི། བུམ་པ་དེ་བུམ་འཛིན་རྟོག་པ་ལ་ལྐོག་གྱུར་ཡིན་པ་དང་། ཤེས་པ་ནི་རང་རྒྱུད་ཀྱི་ཤེས་པ་དེ་གཞན་སེམས་ཤེས་པའི་མངོན་ཤེས་མེད་པའི་གང་ཟག་ལ་ལྐོག་གྱུར་ཡིན་པ་དང་། ཆོས་ཉིད་དེ་སོ་སྐྱེ་ལ་ལྐོག་གྱུར་ཡིན་པ་ལྟ་བུའོ། །ཡུལ་ཅན་གྱི་སྒོ་ནས་དབྱེ་བ་ལ་རྗེས་དཔག་གི་སྒོ་ནས་དབྱེ་བ་དང་། ཚད་མིན་གྱི་བློའི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་དངོས་སྟོབས་རྗེས་དཔག ཡིད་ཆེས་རྗེས་དཔག གྲགས་པའི་རྗེས་དཔག་ལ་ལྐོག་གྱུར་གསུམ་ནི། གཏན་ཚིགས་གསུམ་པོ་དེའི་སྒྲུབ་བྱ་ལྟ་བུའོ། །གཉིས་པ་ལ། བཅད་ཤེས། ལོག་ཤེས། ཐེ་ཚོམ་ལ་ལྐོག་གྱུར་གསུམ་ལས། དང་པོ་ནི། སྔོན་པོ་དེ་སྔོ་འཛིན་དབང་མངོན་གྱིས་དྲངས་པའི་ངེས་ཤེས་ལ་ལྐོག་གྱུར་ཡིན་པ་ལྟ་བུའོ། །གཉིས་པ་ནི། སྒྲ་རྟག་པ་དེ་སྒྲ་རྟག་འཛིན་རྟོག་པ་ལ་དེ་ཡིན་པ་ལྟ་བུའོ། །གསུམ་པ་ནི་སྒྲ་རྟག་མི་རྟག་གང་རུང་དེ་དེ་ལྟར་ཐེ་ཚོམ་ཟ་བའི་ཐེ་ཚོམ་མངོན་གྱུར་པ་ལ་དེ་ཡིན་པ་ལྟ་བུའོ། །དེས་ན་རྟོག་མེད་ལོག་ཤེས་ལ་མངོན་གྱུར་ཡིན་ན། མངོན་གྱུར་ཡིན་པས་མ་ཁྱབ་ཅིང་། རྟོག་པ་ལོག་ཤེས་ལ་ལྐོག་གྱུར་ཡིན་ན། ལྐོག་གྱུར་ཡིན་པས་མ་ཁྱབ་སྟེ། རྟོག་མེད་ལོག་ཤེས་ཀྱི་སྣང་ཡུལ་ཡིན་ན། ཡོད་པས་མ་ཁྱབ་པའི་ཕྱིར་དང་། རྟོག་པ་ལོག་ཤེས་ཀྱི་ཞེན་ཡུལ་ཡིན་ན། ཡོད་པས་མ་ཁྱབ་པའི་ཕྱིར། ཐེ་ཚོམ་ལ་ལྐོག་གྱུར་ཡིན་པ་ལ་ནི་དོན་ལ་གནས་པའི་ཕྱོགས་རྣམས་ལྐོག་གྱུར་ཡིན་ལ། གཅིག་ཤོས་ནི་ལྐོག་གྱུར་མ་ཡིན་ནོ། །ཡང་སྔ་རབས་པ་ཁ་ཅིག མིག་དབང་ལྟ་བུ་རྣམ་པ་ཐམས་ཅད་དུ་ལྐོག་གྱུར་ཡིན་པ་དང་། ཤེས་པ་ལྟ་བུ་རྣམ་པ་ཐམས་ཅད་དུ་མངོན་གྱུར་ཡིན་པ་དང་། ལ་དང་མེའི་ཚོགས་དོན་ལྟ་བུ་རེས་འགའ་མངོན་གྱུར། རེས་འགའ་ལྐོག་ཏུ་གྱུར་པ་དང་གསུམ་ཡོད་དོ་ཞེས་གསུངས་པ་ལ་གཞན་དག་ན་རེ། མིག་དབང་ཆོས་ཅན། ཀུན་མཁྱེན་ཡེ་ཤེས་ལ་ལྐོག་གྱུར་ཡིན་པར་ཐལ། རྣམ་པ་ཐམས་ཅད་དུ་ལྐོག་གྱུར་ཡིན་པའི་ཕྱིར། ཤེས་པ་དེ་མངོན་ཤེས་མེད་པའི་གང་ཟག་ལ་མངོན་གྱུར་ཡིན་པར་ཐལ། དེ་རྣམ་པ་ཐམས་ཅད་དུ་མངོན་གྱུར་ཡིན་པའི་ཕྱིར། ཞེས་སུན་འབྱིན་བརྗོད་པ་མི་འཐད་དེ། མིག་དབང་དེ་རྣམ་པ་ཐམས་ཅད་དུ་ལྐོག་གྱུར་ཡིན་པ་དེ་ཚུར་མཐོང་ལ་དགོངས་པའི་ཕྱིར་དང་། ཤེས་པ་རྣམ་པ་ཐམས་ཅད་དུ་མངོན་གྱུར་ཡིན་པ་རང་རྒྱུད་ལ་དགོངས་པའི་ཕྱིར་རོ། །གསུམ་པ་རྣམ་བཞག་ལ། མངོན་ལྐོག་གཉིས་འགལ་བར་འདོད་པའི་ལུགས་བརྗོད། དེ་གཉིས་མི་འགལ་བར་འདོད་པའི་ལུགས་བརྗོད། རང་གི་འདོད་པ་ངོས་བཟུང་བ་དང་གསུམ། དང་པོ་ནི། ཁ་ཅིག་དེ་གཉིས་འགལ་ཏེ། གང་ཞིག་གང་ལ་མངོན་དུ་གྱུར་པ་དེའི་ཚེ་ལྐོག་ཏུ་གྱུར་པ་མ་ཡིན་ལ། གང་ཞིག་གང་ལ་ལྐོག་ཏུ་གྱུར་པ་དེའི་ཚེ་མངོན་དུ་གྱུར་པ་མིན་པའི་ཕྱིར། གལ་ཏེ་དེ་གཉིས་མི་འགལ་ཏེ། སྐྱེས་བུ་ཐམས་ཅད་ལ་མངོན་དུ་གྱུར་པའི་ཆོས་དང་། ལྐོག་ཏུ་གྱུར་པའི་ཆོས་ནི་ཅུང་ཟད་ཀྱང་མེད་ལ། སྐྱེས་བུ་འགའ་ཞིག་ལ་མངོན་དུ་གྱུར་པ་དེ་གཞན་ལ་ལྐོག་ཏུ་གྱུར་པ་ཡོད་པའི་ཕྱིར་ཅེ་ན་ཚད་མ་དང་ཚད་མིན་གྱི་བློ་དེ་གཉིས་མི་འགལ་བར་ཐལ། ཡུལ་ཐམས་ཅད་ལ་ཚད་མ་དང་ཚད་མིན་གྱི་བློར་སོང་བ་ནི་ཅུང་ཟད་ཀྱང་མེད་ལ། ཡུལ་འགའ་ཞིག་ལ་ཚད་མར་སོང་བ་ན་ཡུལ་འགའ་ཞིག་ལ་ཚད་མིན་གྱི་བློར་སོང་བ་ཡོད་པའི་ཕྱིར་ཏེ། སྒྲ་རྟག་འཛིན་རྟོག་པ་དེ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ཡང་ཡུལ་ལ་ལོག་ཤེས་ཡིན་པའི་ཕྱིར་དང་། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་རང་གི་སྣང་ཡུལ་ལ་ལོག་ཤེས་ཡིན་ཡང་རང་གི་འཇུག་ཡུལ་ལ་ཚད་མ་ཡིན་པའི་ཕྱིར། འོན་ཀྱང་ཚད་མ་དང་ཚད་མིན་གྱི་བློ་གཉིས་སོ་སོར་ངེས་པ་ལྟར་དེ་གཉིས་སོ་སོར་ངེས་པ་ཡིན་ཏེ། རྟོགས་པ་པོ་གཅིག་ལ་ལྟོས་ནས་དེ་གཉིས་ཐ་དད་དུ་བཞག་པ་ཙམ་ཡིན་ཤིང་། དེ་ཡང་ད་ལྟར་གྱི་གནས་སྐབས་ལ་ལྟོས་ནས་བཞག་པ་ཡིན་གྱི་དུས་གཞན་ལ་ལྟོས་ནས་བཞག་པ་མ་ཡིན་ཏེ། སྐྱེས་བུ་གཅིག་ལ་སྔར་མངོན་དུ་གྱུར་པ་དེ་ཕྱིས་ལྐོག་ཏུ་གྱུར་པ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག་ན་རེ། དེ་གཉིས་མི་འགལ་ཏེ་གཞི་གཅིག་ལ་ལྟོས་ནས་འགལ་བས་འགལ་བའི་གོ་མི་ཆོད་པ་གང་ཞིག གཞི་སོ་སོ་ལ་ལྟོས་ནས་དེ་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དང་པོ་མ་གྲུབ་ན། རྒྱུ་འབྲས་གཉིས་ཀ་འགལ་བར་ཐལ། མེའི་འབྲས་བུ་ཡིན་ན། མེའི་རྒྱུ་མིན་དགོས་པའི་ཕྱིར། གཉིས་པ་མ་གྲུབ་ན་དེར་ཐལ། སྔོན་པོ་དེ་སྔོ་འཛིན་དབང་པོའི་མངོན་སུམ་ལ་མངོན་གྱུར་དང་། སྔོ་འཛིན་རྟོག་པ་ལ་ལྐོག་གྱུར་ཡིན་པའི་ཕྱིར། ཡང་དེ་གཉིས་མི་འགལ་ཏེ། ལྷས་མངོན་གྱུར་དང་ལྐོག་ཏུ་གྱུར་པའི་མཚན་ཉིད་ཡང་རྟོག་པ་པོ་དང་ད་ལྟར་གྱི་གནས་སྐབས་ལ་ལྟོས་པས་ཡིན་ནོ། །དེ་ལྟ་མིན་ན་ལྟ་བ་པོ་དང་སྣང་བ་དག་གི་གནས་སྐབས་ཀྱི་ཁྱད་པར་གཞན་དུ་གྱུར་པ་ན་མངོན་སུམ་དང་ལྐོག་ཏུ་གྱུར་པ་དག་རྣམ་པ་གཞན་དུ་གྱུར་པའི་ཕྱིར་མཚན་ཉིད་འཆོལ་བ་ཡིན་ནོ་ཞེས་དང་། ཤཱཀྱ་བློས་འཆོལ་བར་སྣང་བ་ཡིན་ཏེ། མངོན་སུམ་ཡང་ལྐོག་ཏུ་གྱུར་པའི་ཕྱིར་ལྐོག་ཏུ་གྱུར་པ་ཡང་གཞན་དུ་མངོན་དུ་གྱུར་པའི་ཕྱིར་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །གསུམ་པ་ནི། དེ་གཉིས་འགལ་བ་ཡིན་ཏེ། བློ་གཅིག་ལ་ལྟོས་ནས་ལྐོག་གྱུར་ཡིན་ན། ལྐོག་གྱུར་ཡིན་པས་མ་ཁྱབ་པའི་ཕྱིར་དང་། བློ་གཅིག་ལ་མངོན་གྱུར་ཡིན་ན། མངོན་གྱུར་ཡིན་པས་མ་ཁྱབ་པའི་ཕྱིར་དང་། གཞན་དུ་ན་མངོན་ལྐོག་གཉིས་པོ་གཅིག་ཡིན་ན། གཅིག་ཤོས་ཡིན་དགོས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །འགྲེལ་པ་གཉིས་ཀྱི་དགོངས་པ་ཡང་འདི་ཉིད་དུ་སྣང་སྟེ། མངོན་ལྐོག་གཉིས་པོ་དེ་རྟོགས་པ་པོ་གཅིག་གི་རྒྱུད་ཀྱི་དེ་ལྟར་གྱི་ཤེས་པ་གཉིས་ལ་ལྟོས་ནས་འཇོག་པའི་དོན་ཡིན་པའི་ཕྱིར་ཏེ། རྟོགས་པ་པོ་གཅིག་གི་རྒྱུད་ལ་ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་དང་། མདུན་གྱི་མེ་མཐོང་བའི་མངོན་སུམ་གཉིས་ཅིག་ཆར་དུ་ཡོད་པའི་ཚེ་ལའི་མེ་དེ་གང་ཟག་དེ་ལ་ལྐོག་གྱུར་དང་། མདུན་གྱི་མེ་དེ་གང་ཟག་དེ་ལ་ལྟོས་ནས་མངོན་གྱུར་ཡིན་པའི་ཕྱིར། འགྲེལ་པའི་དགོངས་པ་ཤེས་པ་གཅིག་ལ་ལྟོས་ནས་མངོན་ལྐོག་གཉིས་སུ་འཇོག་པ་ནི་གཏན་མིན་ཏེ། དེ་ལྟར་ན་མངོན་ལྐོག་གཉིས་གང་རུང་གཅིག་ལས་བཞག་ཏུ་མེད་པའི་སྐྱོན་ཡོད་པའི་ཕྱིར།

གྲུབ་མཐའ་སོ་སོའི་འདོད་ཚུལ་སྤྱིར་བསྟན་པ།

བཞི་པ་ངོ་བོའི་སྒོ་ནས་དབྱེ་བ་ལ་བདེན་པ་གཉིས་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་སྤྱིར་བསྟན་པ་དང་། མདོ་སེམས་གཉིས་ཀྱི་འདོད་ཚུལ་བྱེ་བྲག་ཏུ་བསྟན་པ་གཉིས། དང་པོ་ལ། བྱེ་བྲག་ཏུ་སྨྲ་བས་བཅོམ་པའམ་བློས་གཞིགས་པ་ན་དེར་འཛིན་གྱི་བློ་མི་འཇུག་པ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དེ། དཔེར་ན་བཅོམ་པ་ན་དེར་འཛིན་གྱི་བློ་མི་འཇུག་པ་དེ་བུམ་པ་ལྟ་བུ་དང་། བློས་རྡུལ་རྫས་བརྒྱད་སོ་སོར་ཕྱེ་བ་ན་དེར་འཛིན་གྱི་བློ་མི་འཇུག་པ་འཇིག་རྟེན་ན་གྲགས་པའི་ཆུ་ལྟ་བུའོ། །བཅོམ་པའམ་བློས་གཞིགས་པ་ན་དེར་འཛིན་གྱི་བློ་འཇུག་པ་དེ་དོན་དམ་བདེན་པའི་མཚན་ཉིད་དེ། དཔེར་ན་གཟུགས་ཀྱི་སྐྱེ་མཆེད་ལྟ་བུའོ་ཞེས་འདོད་དེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པར། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་པའི་ཕྱིར་རོ། །མདོ་སྡེ་པས། དོན་དམ་པར་དོན་བྱེད་ནུས་པ་དང་། མི་ནུས་པའི་ཆོས་དེ་དེ་གཉིས་ཀྱི་མཚན་ཉིད་དུ་འདོད་དེ། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་སོགས་གསུངས་པའི་ཕྱིར་རོ། །སེམས་ཙམ་པས་གང་ལ་དངོས་སུ་དམིགས་ནས་ཀུན་ནས་ཉོན་མོངས་པ་རྒྱས་སུ་རུང་བ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དང་། གང་ལ་དངོས་སུ་དམིགས་ནས་རྣམ་བྱང་རྒྱས་པས་ཁྱབ་པ་དེ་དོན་དམ་བདེན་པའི་མཚན་ཉིད་དུ་བཞེད་དེ། ཀུན་བཏུས་ལས། གང་ལ་དམིགས་ནས་ཀུན་ནས་ཉོན་མོངས་པ་འཕེལ་བར་འགྱུར་བའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ་ཞེས་དང་། གང་ལ་དམིགས་ནས་རྣམ་པར་བྱང་བ་འཕེལ་བར་འགྱུར་བའི་དམིགས་པ་ནི་དོན་དམ་དུ་ཡོད་པའོ་ཞེས་གསུངས་པའི་ཕྱིར། དབུ་མ་པས། མཐོང་བ་ཡང་དག་པའི་འཛིན་སྟངས་ཀྱི་བཟུང་བྱ་དེ་དོན་དམ་བདེན་པའི་མཚན་ཉིད་དེ། དཔེར་ན་འཕགས་རྒྱུད་ཀྱི་མཉམ་བཞག་གི་འཛིན་སྟངས་ཀྱི་བཟུང་བྱ་ལྟ་བུའོ། །མཐོང་བ་བརྫུན་པའི་འཛིན་སྟངས་ཀྱི་བཟུང་བྱ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དེ། དཔེར་ན་སོ་སྐྱེ་བློའི་དངོས་ཡུལ་ལྟ་བུའོ་ཞེས་བཞེད་དེ། འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། མཁས་པ་ཁ་ཅིག མདོ་སེམས་གཉིས་ཆར་གྱི་ལུགས་ལ་བདེན་གཉིས་ཀྱི་མཚན་གཞི་ལ་མི་མཐུན་པ་ཡོད་ཀྱང་། མཚན་ཉིད་ལ་མི་མཐུན་པ་བཞག་དཀའ་བས་རྟོག་པའི་དངོས་ཡུལ་ཕྱི་རོལ་ལྟར་སྣང་བ་དེ་སྒྲོ་བཏགས་ཤིང་གནས་ཚུལ་མཐོང་བ་ལ་སྒྲིབ་པས་ན་ཀུན་རྫོབ་དང་། སྒྲོ་མ་བཏགས་པར་ཡུལ་རང་ངོས་ནས་འབྲས་བུ་བསྐྱེད་པར་བྱེད་པའི་ངོ་བོ་གཅིག་པུ་དེ་ཉིད་ཡུལ་ཅན་གཅིག་ལ་མ་འཁྲུལ་བ་ཡིན་པས་དོན་དམ་བདེན་པ་ཡིན་ལ། དེ་ཉིད་ལ་གནས་ཚུལ་མ་གྲུབ་པར་སྒྲོ་བཏགས་པའི་ཆ་ནས་བཏགས་ཡོད་དང་། རིགས་པས་དཔྱད་བཟོད་དུ་གྲུབ་པས་རྫས་ཡོད་ཡིན་ལ། དེ་ཉིད་ལ་གསལ་བ་དུ་མ་ལ་ཐུན་མོང་དུ་རྗེས་སུ་འགྲོ་བཾ་སྤྱི་མཚན་དང་། རང་གི་ངོ་བོ་ཐུན་མོང་མ་ཡིན་པ་མ་འདྲེས་པར་སྣང་བས་རང་མཚན་དུ་འདོད་པའི་ཡིན་ནོ། །དེས་ན་དོན་དམ་པར་དོན་བྱེད་ནུས་པ་དོན་དམ་བདེན་པའི་མཚན་ཉིད་དང་། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན། གང་དག་དོན་དམ་དོན་བྱེད་ནུས་པ་གང་ཞེས་པས་བདེན་པ་གཉིས་ཀྱི་རྣམ་བཞག་མ་བསྟན་ཞེས་སྨྲ་བ་ནི་བབ་ཅོལ་ཡིན་ཏེ། དེའི་སྔ་འགྲེལ་དུ། ཡཱ་མ་རིས། ཞར་ལ་ཐེག་པ་ཐ་ཤལ་གྱི་བདེན་པ་གཉིས་ཀྱི་རྣམ་བཞག་བསྟན་པའི་ཕྱིར་ཞེས་གསུངས་པ་དང་། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །ཞེས་སོགས་དང་མཐུན་ཅིང་། བདེ་བར་གཤེགས་པའི་གསུང་རབ་གཏན་ལ་འབེབས་པ་ལ་གྲུབ་མཐའ་སྨྲ་བ་བཞི་ལས་གཞན་མེད་པའི་ཕྱིར། རགས་པ་དང་། རྒྱུན་དང་། སྤྱི་མཚན་རྣམས་ཀུན་རྫོབ་བདེན་པ་དང་། དོན་ཤེས་ཆ་མེད་ཀྱི་དངོས་པོ་རྣམས་དོན་དམ་བདེན་པ་ཡིན་ཞེས་མདོ་སེམས་སྨྲ་བའི་སེམས་དཔའ་ཆེན་པོ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱི་ལུགས་ཡིན་ལ། གང་དག་ཡོངས་གྲུབ་ལ་འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་སུ་ཕྱེ་ནས་འགྱུར་མེད་ཡོངས་གྲུབ་བཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་དོན་དམ་བདེན་པ་ཡིན་ནོ་ཞེས་པ་ནི་སེམས་ཙམ་པའི་གཞུང་ལུགས་གཞན་དང་བསྲེས་ན་འཐད་ཀྱང་། བསྲེ་ནུས་པའི་ངེས་པ་མེད་དེ། འདིར་ནི་སྔོན་པོ་མཐོང་བ་ན་སྔོན་པོའི་སྐྱེ་གནས་འཇིག་གསུམ་མཐོང་བ་དེ་དག་མིག་ཤེས་ཀྱི་ཡུལ་གཟུགས་ཀྱི་སྐྱེ་མཆེད་ཡིན་ལ་གཞན་ལས་ནི་ཡིད་ཤེས་ཀྱི་ཡུལ་ཆོས་ཀྱི་སྐྱེ་མཆེད་དུ་འདོད་པ་དང་འདྲའོ། །དེས་ན་མཁས་པ་ཆེན་པོ་རྣམས་ཀྱིས་རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་དང་། ལུང་གི་རྗེས་འབྲང་གི་སེམས་ཙམ་པ་གཉིས་སུ་བཞེད་ལ། དང་པོའི་ལུགས་ལ་དོན་དམ་བདེན་པ་ཡིན་ན། དོན་དམ་པར་དོན་བྱེད་ནུས་པས་ཁྱབ་ལ། གཞན་དུ་ན་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པ་མིན་པར་ཐལ་བ་དང་། རང་མཚན་ཡིན་ན་དོན་བྱེད་ནུས་པ་ཡིན་པས་མ་ཁྱབ་པར་ཐལ་བའི་ཕྱིར་རོ་ཞེས་བཞེད་དོ། །དེ་ལ་སྒྲོ་མ་བཏགས་པར་ཡུལ་རང་ངོས་ནས་རང་འབྲས་བསྐྱེད་པར་བྱེད་པའི་ངོ་བོ་གཅིག་པོ་དེ་མདོ་སེམས་གཉིས་ཆར་གྱི་ལུགས་ལ་དོན་དམ་བདེན་པར་འདོད་པ་མི་འཐད་དེ། སེམས་ཙམ་པའི་ལུགས་ལ་དེ་ཡིན་ན། དོན་དམ་བདེན་པ་ཡིན་པས་མ་ཁྱབ། དོན་དམ་བདེན་པ་ཡིན་ན་ཡང་དེ་ཡིན་པས་མ་ཁྱབ་པའི་ཕྱིར། དང་པོ་མ་གྲུབ་ན། གཟུང་འཛིན་གཉིས་སུ་སྣང་བ་ཙམ་གྱི་ཤེས་སྒྲིབ་རྣམ་རྟོག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལམ་སྒོམ་པའི་སྒོ་ནས་སྤང་བར་བྱ་བ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་ཀྱིས་མ་ངེས་སོ། །སེམས་ཙམ་པའི་ལུགས་ལ་དོན་དམ་པར་དོན་བྱེད་ནུས་པ་དོན་དམ་བདེན་པའི་མཚན་ཉིད་དུ་འདོད་པ་ཡང་རིགས་པ་དེ་ཉིད་ཀྱིས་ཁེགས་སོ། །སེམས་ཙམ་པའི་ལུགས་ལ་ཤེས་པ་སྐད་ཅིག་ཆ་མེད་ཁོ་ན་དོན་དམ་བདེན་པར་འདོད་པ་ཡང་མི་འཐད་དེ། དེ་ཡིན་ན་དོན་དམ་བདེན་པ་ཡིན་པ་མ་ཁྱབ་ཅིང་། དོན་དམ་བདེན་པ་ཡིན་ན་ཡང་དེ་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །དང་པོ་མ་གྲུབ་ན། གཞན་དབང་གིས་བསྡུས་པའི་ཤེས་པས་མ་ངེས་ལ། གཉིས་པ་མ་གྲུབ་ན། གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་ཀྱིས་མ་ངེས་སོ། །དོན་དམ་དོན་བྱེད་ནུས་པ་གང་ཞེས་པས། མདོ་སེམས་གཉིས་ཆར་གྱི་ཐུན་མོང་དུ་ཁས་ལེན་པའི་བདེན་གཉིས་ཀྱི་མཚན་ཉིད་བསྟན་པར་འདོད་པ་ཡང་མི་འཐད་དེ། ཡཱ་མ་རིས་བཤད་པའི་ལུགས་དེ་ཁྱེད་རང་ཡང་ཁས་ལེན་པའི་ཕྱིར། རིགས་པའི་རྗེས་འབྲང་གི་སེམས་ཙམ་པའི་ལུགས་ལ་གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་དོན་དམ་བདེན་པར་མི་འདོད་པ་ཡང་མི་འཐད་དེ། གཞུང་འདིར། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡི་ཡང་དེ་ཉིད་ཡིན། །ཞེས་གསུངས་པའི་ཕྱིར། གལ་ཏེ། དེས་ཡུལ་གྱི་གནས་ལུགས་ཙམ་སྟོན་པ་ཡིན་གྱི་དོན་དམ་བདེན་པ་སྟོན་པ་མིན་ནོ་ཞེ་ན། དེ་ནི་ཤིན་ཏུ་མི་འཐད་དེ། གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་ལུགས་ལ་ཡང་ཡུལ་གྱི་གནས་ལུགས་མཐར་ཐུག་ལ་གྲུབ་པའི་ཆོས་ཡིན་ན། དོན་དམ་བདེན་པ་ཡིན་དགོས་པའི་ཕྱིར་རོ། །དེའི་ལུགས་ལ། དེ་དོན་དམ་བདེན་པ་ཡིན་ན། གཞལ་བྱ་རང་སྤྱི་གཉིས་སུ་གྲངས་མ་ངེས་པར་ཐལ་བའི་སྐྱོན་ཡང་མེད་དེ། དེའི་ལུགས་ལ་གཉིས་སྟོང་གི་དེ་བཞིན་ཉིད་དེ་ཤེསཾ་པཾ་རང་མཚན་ཡིན་པའི་ཕྱིར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་སེམས་ཙམ་པའི་ལུགས་ལ་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས། ཡང་དག་རྫས་དངོས་རྟག་པ་ལགས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྫས་དང་། དངོས་པོ་དང་། རང་མཚན་ལ་འདུས་བྱས་དང་མི་རྟག་པས་ཁྱབ་པ་ནི་མདོ་སྡེ་པའི་ལུགས་ཡིན་གྱི། བྱེ་བྲག་ཏུ་སྨྲ་བ་དང་སེམས་ཙམ་པའི་ལུགས་མ་ཡིན་པ་ནི་གྲུབ་མཐའི་གནད་དོ། །གལ་ཏེ་གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་ཆོས་ཅན། སྒྲོ་བཏགས་སུ་ཐལ། སྤྱི་མཚན་ཡིན་པའི་ཕྱིར་སྙམ་ན། དེ་ནི་ཁྱེད་རང་ལ་ཡང་མཚུངས་ཏེ། དེ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། གཞལ་བྱ་གང་ཞིག རང་མཚན་མིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་གཞལ་བྱ་ཡིན་པར་ཐལ། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དེ་གཞལ་བྱ་ཡིན་པའི་ཕྱིར། ཁོ་བོ་ལ་ནི་སྐྱོན་དེ་མི་འཇུག་སྟེ། སེམས་ཙམ་པའི་ལུགས་ལ་དེ་བཞིན་ཉིད་སྤྱི་མཚན་དུ་ཁས་མ་བླངས་པའི་ཕྱིར་རོ། །ཡང་ཁ་ཅིག དོན་དམ་དོན་བྱེད་ནུས་པ་གང་། །ཞེས་པའི་གཞུང་གིས་མདོ་སེམས་གཉིས་ཆར་གྱི་ཐུན་མོང་བ་དང་། སེམས་ཙམ་པའི་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་བཞག་སྟོན་པ་མི་འཐད་དེ། སེམས་ཙམ་པའི་ལུགས་ལ། དོན་དམ་བདེན་པ་ཡིན་ན། དོན་བྱེད་ནུས་པར་འགལ་བའི་ཕྱིར་རོ། །གཞུང་དེ་མདོ་སེམས་གཉིས་ཆར་གྱི་ལུགས་ལ་སྦྱོར་བ་ཡིན་ན། ཡང་དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་ཡོད་པའི་མཚན་གཞི་སྟོན་པ་ཡིན་གྱི་བདེན་གཉིས་ཀྱི་མཚན་ཉིད་སྟོན་པ་མིན་ཏེ། སེམས་ཙམ་པའི་ལུགས་ལ་དོན་དམ་པར་དོན་བྱེད་ནུས་པ་དོན་དམ་བདེན་པའི་མཚན་གཞིར་མི་རུང་བའི་ཕྱིར། འོ་ན་རྣམ་རིག་པའི་ལུགས་ཀྱི་དེ་གཉིས་ཀྱི་རྣམ་བཞག་ཇི་ལྟ་བུ་ཞེ་ན། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། དོན་དམ་བདེན་པའི་མཚན་ཉིད་མཐར་ཐུག་གཅོད་པའི་རིགས་པས་དཔྱད་བཟོད་དུ་གྲུབ་ཅིང་། རིགས་ཤེས་དེ་དེ་ལ་ལྟོས་ཏེ་མཐར་ཐུག་གཅོད་པར་བྱེད་པའི་རིགས་ཤེས་ཚད་མར་སོང་བ། ཀུན་རྫོབ་བདེན་པའི་མཚན་ཉིད་ཐ་སྙད་པའི་ཚད་མས་རྙེད་པའི་སྙེད་དོན་གང་ཞིག ཐ་སྙད་པའི་ཚད་མ་དེ་ཁྱོད་ལ་ལྟོས་ཏེ་ཐ་སྙད་པའི་ཚད་མར་མ་སོང་བ། དབྱེ་བ་ལ་ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་འདུས་པ་ལས། གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བའི་ཆ་དང་། བྱས་མི་རྟག་ཐ་དད་དུ་སྣང་བའི་ཆ་ཀུན་བཏགས་དང་། གཉིས་སུ་སྣང་བའི་ཤེས་པ་འཁྲུལ་བ་རྣམས་གཞན་དབང་དང་། འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་རྣམས་ཡོངས་གྲུབ་ཡིན་ལ། དང་པོ་ནི། གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་དང་། གཉིས་པ་ནི་གཉིས་སྣང་དང་བྲལ་བའི་འཕགས་པའི་མཉམ་བཞག་ཡེ་ཤེས་སོ། །ཀུན་བཏགས། གཞན་དབང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་རྣམས་ཀུན་རྫོབ་བདེན་པ། འགྱུར་མེད་ཡོངས་གྲུབ་གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་དེ་ལ་རྣམ་པར་དག་པའི་དམིགས་པ། དོན་དམ་བདེན་པ། ཡུལ་གྱི་གནས་ལུགས་ཞེས་བྱའོ་ཞེས་འདོད་དོ། །མི་འཐད་དེ། སེམས་ཙམ་པ་དེ་དངོས་སྨྲ་བ་མིན་པར་ཐལ། དེས་དངོས་པོ་དང་བདེན་གྲུབ་ཀྱི་གཞི་མཐུན་ཁས་མི་ལེན་པའི་ཕྱིར། རྟགས་ཁས། མཚན་ཉིད་དང་དབྱེ་བ་ཡང་འགལ་ཏེ། གཉིས་སྣང་དང་བྲལ་བའི་འཕགས་རྒྱུད་ཀྱི་མཉམ་བཞག་ཡེ་ཤེས་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། དོན་དམ་པར་ཡོད་པའི་ཕྱིར། རྟགས་ཁས། གཉིས་པ་མ་གྲུབ་ན། དེར་ཐལ། མཐར་ཐུག་གཅོད་པའི་རིགས་ཤེས་དེ་ཁྱོད་ལ་ལྟོས་ཏེ་དོན་དམ་གཅོད་བྱེད་ཀྱི་ཚད་མར་སོང་བའི་ཕྱིར་ཏེ། ཁྱོད་དོན་དམ་པར་ཡོད་པའི་ཕྱིར། ཡང་དེ་ཆོས་ཅན། ཐ་སྙད་པའི་ཚད་མས་རྙེད་པའི་རྙེད་དོན་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ཐ་སྙད་པའི་ཚད་མ་དེས་ཡུལ་གྱི་གནས་ལུགས་རྙེད་པ་སྲིད་པར་ཐལ། འདོད་པ་གང་ཞིག དེ་ཡུལ་གྱི་གནས་ལུགས་ཡིན་པའི་ཕྱིར་ཏེ། དེ་ཡོངས་གྲུབ་ཡིན་པའི་ཕྱིར། རྟགས་ཁས། དེས་ན། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་པའི་གཞུང་འདིས་མདོ་སྡེ་པའི་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་པར་བཞག་པ་ཁོ་ན་བསྟན་པ་ཡིན་ཏེ། ཡཱ་མ་རིས་དེ་ལྟར་དུ་བཤད་པའི་ཕྱིར་དང་། རང་སྤྱི་གཉིས་དང་བདེན་པ་གཉིས་དོན་གཅིག་ཏུ་བསྟན་པའི་ཕྱིར་རོ། །མདོ་སེམས་གཉིས་ཀྱི་བདེན་གཉིས་ཀྱི་མཚན་གཞི་ལ། མདོ་སྡེ་པས་རང་མཚན་ཐམས་ཅད་དོན་དམ་བདེན་པ་དང་། སྤྱི་མཚན་ཐམས་ཅད་ཀུན་རྫོབ་བདེན་པར་འདོད་ཅིང་། སེམས་ཙམ་པས་ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་འདུས་པ་ལས། གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བའི་ཆ་ཀུན་བཏགས་ཡིན་ཏེ། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་སོགས་གསུངས་པའི་ཕྱིར། གཟུང་རྣམ་དང་། དེ་ལ་ལྟོས་པའི་འཛིན་རྣམ་གཞན་དབང་ཡིན་ཏེ། གཟུང་འཛིན་ཐ་དད་དུ་སྣང་བའི་ཤེས་པ་ཡིན་པའི་ཕྱིར། དེ་གཉིས་ཀྱིས་སྟོང་པའི་སྟོང་ཉིད་ནི་ཡོངས་གྲུབ་ཡིན་ཏེ། ཡུལ་གྱི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། དེས་ན་རྣམ་བརྫུན་པའི་ལུགས་ལ་ཀུན་བཏགས་དང་གཞན་དབང་ཀུན་རྫོབ་བདེན་པ་དང་། ཡོངས་གྲུབ་དོན་དམ་བདེན་པ་ཡིན་ནོ། །ལྔ་པ་མཐར་ཐུག་གི་གཞལ་བྱ་རང་མཚན་གཅིག་ཏུ་བསྡུ་བ་ལ་གཉིས་ཏེ། གཞལ་བྱ་ལ་རང་མཚན་གྱིས་ཁྱབ་མ་ཁྱབ་དཔྱད་པ་དང་། གཞལ་བྱ་རང་མཚན་གཅིག་པུར་གསུངས་པའི་དོན་བཤད་པའོ། །དང་པོ་ནི། ཁ་ཅིག་ན་རེ། གཞལ་བྱ་ལ་རང་མཚན་གྱིས་ཁྱབ་སྟེ། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་དང་། མེད་པ་གཞལ་བྱ་མིན་པའི་ཕྱིར། །གཅིག་ཉིད་ཅེ་ན་ཁོ་བོའང་འདོད། །ཅེས་དང་། རིགས་གཏེར་ལས། གཞལ་བྱ་རང་མཚན་གཅིག་ཁོ་ན། །ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་དགག་པ་ལ་ལུང་དང་། རིགས་པ་གཉིས་ལས། དང་པོ་ནི། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་དང་། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས་ཞེས་གཞལ་བྱ་ལ་གཉིས་སུ་གྲངས་ངེས་པར་བཤད་པ་དང་། རྣམ་ངེས་ལས། དངོས་པོའི་ཡུལ་ཅན་ཉིད་ནི་ཚད་མ་ཡིན་ཏེ། ཚད་མའི་མཚན་ཉིད་མི་བསླུ་བ་ཡིན་པའི་ཕྱིར། དེས་ན་འདི་ལའང་ཚད་མའི་མཚན་ཉིད་ཡོད་པས་མེད་པའང་གཞལ་བྱ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ལ་དངོས་མེད་རྟོགས་པའི་ཚད་མ་མེད་པར་ཐལ་བ། མ་ངེས་དང་པོ་འགལ་བར་ཐལ་བ་དང་། རིགས་ཤེས་མེད་དགག་ལ་ཚད་མིན་གྱི་བློར་ཐལ་བ་གསུམ་ལས། དང་པོ་ནི། དངོས་མེད་རྟོགས་པའི་ཚད་མ་མེད་པར་ཐལ། དེ་གཞལ་བྱ་མིན་པའི་ཕྱིར། འདོད་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་སྒྲུབ་བྱེད་གནོད་པ་ཅན་གྱི་རྟག་ལ་བརྟེན་པའི་རྗེས་དཔག་མེད་པར་ཐལ་ལོ། །གཉིས་པ་ནི། གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་སུ་ཐལ། དེ་སྐོར་གྱི་ཕྱོགས་ཆོས་གྲུབ་པ་གང་ཞིག་གཞལ་བྱ་ཡིན་ན་མི་རྟག་པ་ཡིན་དགོས་པའི་ཕྱིར། གསུམ་པ་ནི། གཅིག་དུ་བྲལ་གྱི་རྟགས་ལས་སྣང་བ་བདེན་མེད་དུ་རྟོགས་པའི་རྗེས་དཔག་དེ་སྣང་བའི་སྟེང་དུ་བདེན་པ་བཀག་ཙམ་གྱི་མེད་དགག་ལ་ཚད་མིན་གྱི་བློར་ཐལ། དེ་དེ་ལ་ཚད་མ་མིན་པའི་ཕྱིར། འདོད་མི་ནུས་ཏེ། གཅིག་དུ་བྲལ་གྱི་རྟགས་ལས་སྣང་བ་བདེན་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེས་ན་རང་ལུགས་ལ་གཞལ་བྱ་ཡིན་ན་རང་མཚན་ཡིན་པས་མ་ཁྱབ་སྟེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་སྒྲུབ་བྱེད་གཞུང་ལས་མང་དུ་གསུངས་པའི་ཕྱིར་དང་། སྤྱི་མཚན་གཞལ་བྱ་མིན་པ་དང་། རྗེས་དཔག་ཚད་མ་མ་ཡིན་པའི་གྲུབ་མཐའ་ནི་ཚུ་རོལ་མཛེས་པ་བའི་ལུགས་ཡིན་པས་ཆོས་ཀྱི་གྲགས་པས་བཀག་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་གཞལ་བྱ་རང་མཚན་གཅིག་ཏུ་གསུངས་པའི་དོན་ཇི་ལྟར་སྙམ་ན། སྤྱིར་རྟོག་གེའི་གཞུང་ལུགས་ལས་ཇེ་གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་གྲགས་པའི་ཚད་མ་ངོས་བཟུང་ནས། དེ་དང་འདྲ་བས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པ་སྐབས་ཀྱི་དོན་ཡིན་ཏེ། མི་བསླུ་མ་ཤེས་དོན་གསལ་ངོས་བཟུང་ནས་དེའི་འོག་ཏུ་དེ་ལྡན་བཅོམ་ལྡན་ཚད་མ་ཉིད་ཞེས་གསུངས་པའི་ཕྱིར། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་གྲགས་པའི་ཚད་མའི་དོན་ནི། རྣམ་ངེས་ལས། ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ངེས་པ་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ཞེས་པའི་སྐབས་ནས་བསྟན་པ་ལྟར་ཕན་གནོད་ནུས་པའི་ཡུལ་ལ་བླང་དོར་བྱེད་པའི་རྒྱུར་གྱུར་པའི་ཤེས་པ་ཡིན་ལ། དེ་ལྟ་བུའི་ཚད་མས་བླང་བྱའི་ཕན་པ་ནུས་པའི་ཡུལ་དང་། དོར་བྱའི་གནོད་པ་ནུས་པའི་ཡུལ་ནི་རང་མཚན་ཁོ་ན་ཡིན་ཏེ། རང་མཚན་ཁོ་ནས་ཕན་གནོད་ནུས་ཀྱི་སྤྱི་མཚན་གྱིས་དེ་མི་ནུས་པའི་ཕྱིར་ཏེ། དེ་ནི་བླང་དོར་འབྲས་ཅན་པས། །སྐྱེས་བུ་ཐམས་ཅད་འཇུག་པ་ཡིན། །ཞེས་དང་། དོན་བྱེད་ནུས་པ་མ་ཡིན་ལ། །དོན་གཉེར་བརྟག་པས་ཅི་ཞིག་བྱ། །ཞེས་གསུངས་པའི་ཕྱིར། རང་མཚན་གཅིག་ཉིད་ལ་དོན་རིག་མངོན་སུམ་འཇལ་བྱེད་དུ་འཇུག་པའི་ཚེ་གཟུང་ཡུལ་དང་། རྗེས་དཔག་འཇལ་བྱེད་དུ་འཇུག་པའི་ཚེ་ཞེན་ཡུལ་ཡིན་ལ། ཚད་མ་དེ་གཉིས་ལ་བརྟེན་ནས་སྐྱེས་བུ་འཇུག་པའི་ཚེ་མི་བསླུ་བས་ན་འཇུག་ཡུལ་ཡང་ཡིན་ཏེ། དོན་འདི་ལ་དགོངས་ནས་རིགས་གཏེར་རང་འགྲེལ་ལས། རང་མཚན་དེ་ཉིད་དངོས་སུ་འཇལ་ན་བཟུང་ཡུལ་ཡིན་ལ། ལྐོག་གྱུར་དུ་འཇལ་ན་ཞེན་ཡུལ་ཡིན་ཅིང་། གཉིས་ཀ་ཡང་སྐྱེས་བུ་འཇུག་ན་མི་བསླུ་བས་འཇུག་ཡུལ་ཡིན་ཏེ་ཞེས་གསུངས་སོ། །དངོས་སུ་འཇལ་ན་ཞེས་པའི་དོན་ཡང་མངོན་གྱུར་དུ་འཇལ་ན་ཞེས་པའི་དོན་ཡིན་པར་ཚིག་གྲོགས་ཀྱི་སྟོབས་ཀྱིས་ཤེས་སོ། །མདོར་ན་རང་མཚན་གཅིག་ཉིད་ལ་ཚད་མ་མངོན་རྗེས་གཉིས་འཇལ་བྱེད་དུ་འཇུག་པའི་ཚེ་འཇུག་ཚུལ་གྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་ཡོད་ཀྱང་འཇུག་ཡུལ་གྱི་གཞལ་བྱ་རང་མཚན་ཁོ་ན་ཡིན་པ་ནི་རང་གི་མཚན་ཉིད་གཅིག་གཞལ་བྱ་ཞེས་སོགས་ཀྱི་དགོངས་པ་འཁྲུལ་པ་མེད་པའོ། །གསུམ་པ་རྩོད་པ་སྤོང་བ་ལ་གཉིས་ཏེ། འཁྲུལ་ཤེས་ཡུལ་མེད་ལ་རྩོད་པ་སྤོང་བ་དང་། གཟུང་ཡུལ་རང་མཚན་ལ་རྩོད་པ་སྤོང་བའོ། །དང་པོ་ལ་བཞི་སྟེ། གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་བ་སྤང་བ། དོན་སྤྱི་དང་མེད་པ་གསལ་བ་ཡུལ་དུ་མཚུངས་པའི་རྩོད་པ་སྤང་བ། མྱོང་བ་དང་འགལ་བ་སྤང་བ། དགག་པ་ཚད་མས་མི་རྟོགས་པར་ཐལ་བ་སྤོང་བའོ། །དང་པོ་ནི། རང་མཚན་གཅིག་ཉིད་ལ་མངོན་རྗེས་གཉིས་འཇལ་བྱེད་དུ་འཇུག་པའི་ཚེ་འཇུག་ཡུལ་རང་མཚན་ཁོ་ན་ཡིན་ན་སློབ་དཔོན་ཕྱོགས་གླང་གིས་གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། རང་མཚན་གཅིག་ཉིད་རང་གི་ངོ་བོའི་སྒོ་ནས་རྟོགས་པ་དང་། གཞན་དོན་སྤྱིའི་སྒོ་ནས་རྟོགས་པའི་རྟོགས་ཚུལ་གཉིས་ཡོད་པས་རང་སྤྱི་གཉིས་སུ་བཞག་པ་ཡིན་པའི་ཕྱིར་ཏེ། རང་གི་ངོ་བོ་ལ་རང་མཚན་རང་ངོས་ནས་གཏད་པའི་རྣམ་པ་ལ་རང་གི་ངོ་བོར་བཞག་པ་དང་། རང་མཚན་ཉིད་ལ་རང་གི་ངོ་བོར་བཞག་པ་གཉིས་ལས། སྔ་མ་ནི་དོན་རང་མཚན་དང་། ཕྱི་མ་ནི་ཤེས་པ་རང་མཚན་གྱི་རང་གི་ངོ་བོའི་དོན་ཡིན་ལ་དེ་གཉིས་ཀ་བསྡུ་བའི་ཕྱིར་དུ་རང་གི་ངོ་བོ་ཞེས་གཞུང་ལས་གསུངས་སོ། །སྔ་མ་དེ་དོན་རང་མཚན་རང་གི་ངོ་བོར་མི་འཐད་དེ། དེ་ལས་རྫས་གཞན་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རང་མཚན་རང་ངོས་ནས་གཏད་པའི་རྣམ་པ་ཡིན་པས་རང་གི་ངོ་བོའི་མིང་གིས་བཏགས་པའི་ཕྱིར་རོ། །རྟོག་པ་ལ་སྣང་བའི་རྣམ་པ་དེ་རང་མཚན་རང་ངོས་ནས་མ་གཏད་པར་གཞན་བག་ཆགས་ཀྱིས་བཞག་པའི་རྣམ་པ་ཡིན་པས་གཞན་གྱི་ངོ་བོ་ཞེས་གསུངས་ཏེ། གནད་འདི་མ་ཤེས་ན། དེ་ནི་རང་གཞན་ངོ་བོ་ཡིས། །ཞེས་པའི་གཞུང་དོན་བསྐལ་བའི་བར་རྙེད་པ་མི་སྲིད་དོ། །གཉིས་པ་ནི། དོན་སྤྱི་དོན་ལ་མེད་ཀྱང་གཞལ་བྱ་ཡིན་ན་མེད་པ་གསལ་བ་ཡང་དེ་དང་མཚུངས་སོ་ཞེ་ན་སྐྱོན་མེད་དེ། སྔ་མ་ནི་རང་མཚན་མ་ཡིན་ཡང་དེ་ལ་བརྟེན་ནས་འཇུག་ཡུལ་རང་མཚན་ཐོབ་པ་ཡོད་ཅིང་། ཕྱི་མ་ནི་རང་གི་ངོ་བོ་རང་མཚན་མ་ཡིན་ཅིང་དེ་ལ་བརྟེན་ནས་འཇུག་ཡུལ་རང་མཚན་ཐོབ་པ་ཡང་མེད་པའི་ཕྱིར་རོ། །གསུམ་པ་ནི། སྣང་ཡུལ་གཉིས་རང་མཚན་མ་ཡིན་ན་ཤེས་པ་ལ་གསལ་བར་སྣང་བ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། རྟོག་པ་ལ་གསལ་བར་སྣང་བའི་རྣམ་པའི་ཆ་དང་། དེ་ལ་ཕྱི་རོལ་དོན་དུ་སྒྲོ་འདོགས་པའི་ཆ་གཉིས་ལས། དང་པོ་ནི། ཤེས་པ་དང་། ཕྱི་མ་ནི་སྤྱི་མཚན་ཡིན་པའི་ཕྱིར་ཏེ། རུང་ཡུལ་གནས་པས་མི་ཤེས་པ། །རང་ཉིད་ཤེས་ཕྱིར་དེ་ཤེས་ཡིན། །ཞེས་དང་། གལ་ཏེ་སྤྱི་ནི་ཤེས་ངོ་ཡི། །དོན་ཉིད་ཡིན་ན་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །ཞེས་དང་དེའི་འགྲེལ་པར་ལྷས། ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། སྤྱི་ཡང་རང་གི་མཚན་ཉིད་ཡིན་པར་འདོད་པ་དེ་ལྟར་ན་འགལ་བ་མེད་དོ། །དེ་ཡང་ཇི་ལྟར་སྤྱི་ཡིན་ཞེ་ན་བཤད་པ། དོན་གྱི་ངོ་བོ་ཉིད་ཀྱི་སྤྱི། ཡུལ་གྱི་ངོ་བོ་ཉིད་ཀྱི་སྒོ་ནས་དེ་སྤྱིར་རྣམ་པར་བཞག་པ་ཡིན་གྱི། ཤེས་པའི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །རྒྱུ་གང་གིས་དོན་གྱི་ངོ་བོ་ཉིད་ཀྱི་སྒོ་ནས་ཀྱང་དེའི་རྣམ་པར་བཞག་པ་ཉིད་ཡིན་ཞེ་ན་བཤད་པ། ཀུན་ལ་ངོ་བོ་མཚུངས་ཕྱིར་ཏེ། གསལ་བ་དོན་གྱི་བྱ་བ་བྱེད་པར་མཚུངས་པ་ཐམས་ཅད་ལ་དེར་སྣང་བ་མཚུངས་པ་ཡིན་ནོ། །རྗེས་སུ་འགྲོ་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ་ཞེས་གསུངས་པའི་ཕྱིར་རོ། །གཞུང་འདི་དག་གི་དོན་ནི་རྟོག་པ་ལ་སྣང་བའི་བཟུང་རྣམ་དེ་ཤེས་པ་རང་མཚན་ཡིན་པས་དོན་ལ་སྤྱི་མ་ཡིན་ཡང་། སྤྱིར་སྒྲོ་འདོགས་པའི་གཞི་ཡིན་པས་སྤྱིའི་ཐ་སྙད་ཀྱང་རུང་ཞིང་། དེ་གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ཡིན་ནམ་སྙམ་པའི་དོགས་པ་ཡོད་པས། དེ་དགག་པའི་ཆེད་དུ། ཤེས་ལས་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཞེས་དང་། སྤྱི་ཡི་བློ་ཡང་བསླད་པ་ཡིན། །ཞེས་སོགས་གསུངས་པར་ཤེས་པར་བྱའོ། །དེས་ན་འདི་དག་གི་དོན་དུ་བསམས་ནས་དོན་སྤྱི་ཤེས་པ་ཡིན་པར་འདོད་པ་ནི་གཞུང་དོན་རྟོགས་པའི་ནུས་པ་མེད་པའོ། །མདོར་ན་རིགས་གཏེར་ལས། རྟོག་པའི་གཟུགས་བརྙན་བརྗོད་ན་ནི། །རང་མཚན་བརྗོད་བྱར་འགྱུར་ཞེ་ན། །རང་མཚན་ལྡོག་པ་བརྗོད་བྱ་མིན། །འཁྲུལ་པས་བཏགས་པ་དངོས་མེད་ཡིན། །ཞེས་གསུངས་པའི་དོན་ཤེས་ན་འདི་མི་གོ་བའི་དོན་མེད་དོ། །བཞི་པ་ནི་དངོས་མེད་འཇལ་བྱེད་ཀྱི་ཚད་མ་མེད་པར་ཐལ། བླང་དོར་བྱེད་པའི་རྒྱུར་གྱུར་པའི་ཚད་མའི་འཇུག་ཡུལ་ཡིན་ན། རང་མཚན་ཡིན་དགོས་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། དངོས་མེད་འཇལ་བྱེད་ཀྱི་ཚད་མ་དེ་རང་མཚན་ཡོད་མེད་དཔྱོད་པར་བྱེད་པའི་ཕྱིར། དེ་དག་གིས་ནི། རིགས་གཏེར་ལས། ཡུལ་གཉིས་བཞེད་པས་གནོད་ཅེ་ན། །ཞེས་པ་ནས་སྒྲུབ་པའི་ཕྱིར་ན་འགལ་བ་མེད་ཞེས་པའི་བར་གྱི་ཚིགས་བཅད་ཕྱེད་དང་ལྔའི་དོན་མ་འཁྲུལ་བར་བཤད་ཟིན་ཏོ།། ༈ །།གཉིས་པ་ལ། རྩོད་པ་དང་། ལན་གཉིས། དང་པོ་ནི། བཟུང་ཡུལ་གྱི་གཞལ་བྱ་རང་མཚན་གཅིག་ཏུ་འདོད་པ་ནི་མི་འཐད་དེ། ཕྱི་རོལ་དོན་དུ་གྱུར་པའི་བཟུང་ཡུལ་ནི་མཁས་པས་བཀག ཤེས་པར་གྱུར་པའི་བཟུང་ཡུལ་མི་འདོད་པའི་ཕྱིར་ཅེ་ན། གཉིས་པ་ལ་གྲུབ་མཐའི་རྣམ་བཞག་སྤྱིར་བསྟན་པ་དང་། གཞན་གྱིས་བཏགས་པ་དགག་པ། བདེ་བར་གཤེགས་པའི་ལུགས་སྒྲུབ་པ་དང་གསུམ། དང་པོ་ནི། མུ་སྟེགས་ངོ་བོ་ཉིད་རྒྱུར་སྨྲ་བ་རྣམས་ཀྱིས་ངོ་བོ་ཉིད་རྒྱུར་འདོད་པ་དང་། དབང་ཕྱུག་པ་རྣམས་ཀྱིས་དབང་ཕྱུག་རྒྱུར་འདོད་པ་དང་། གྲངས་ཅན་པ་རྣམས་ཀྱིས་གཙོ་བོ་རྒྱུར་འདོད་པ་དང་། གཟེགས་ཟན་དང་ཉན་ཐོས་སྡེ་གཉིས་ཀྱིས་རྡུལ་ཕྲན་རྒྱུར་འདོད་པ་དང་། སེམས་ཙམ་པས་སྣང་བ་ཐམས་ཅད་སེམས་སུ་འདོད་པ་དང་། ངོ་བོ་ཉིད་མེད་པར་སྨྲ་བས་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་དང་བྲལ་བ་དང་། ཀུན་རྫོབ་ཏུ་དངོས་སྨྲ་བ་དེ་དག་དང་མཚུངས་ཀྱང་རུང་འཇིག་རྟེན་གྱི་གྲགས་པ་དང་མཚུངས་ཀྱང་རུང་བར་བཞེད་དོ། །གཉིས་པ་ནི་ངོ་བོ་ཉིད་རྒྱུར་འདོད་པ་ནི་མི་འཐད་དེ། རྒྱུ་མེད་ལས་སྐྱེ་བ་འགོག་པའི་རིགས་པས་གནོད་པའི་ཕྱིར། དབང་ཕྱུག་དང་གཙོ་བོ་རྒྱུར་འདོད་པ་ཡང་མི་འཐད་དེ། རྟག་པ་ལས་སྐྱེ་བ་འགོག་པའི་རིགས་པས་གནོད་པའི་ཕྱིར། གསུམ་པ་ལ་དགོངས་པ་ངོས་བཟུང་བ་དང་། དེ་ཉིད་སློབ་དཔོན་གྱིས་ཇི་ལྟར་གཏན་ལ་ཕབ་པ་དང་གཉིས་ལས། དང་པོ་ནི། བདེ་བར་གཤེགས་པས་ཐ་སྙད་ལ་འཇུག་པའི་ཚེ་རྡུལ་ཕྲན་ཞལ་གྱིས་བཞེས་ལ། འདི་ལ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་གཉིས་ཡོད་དོ། །ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ཚེ་སེམས་ཙམ་ཞལ་གྱིས་བཞེས་ལ་འདི་ལ་རྣམ་བདེན་རྫུན་གཉིས་ཡོད་དོ། །དོན་དམ་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ཚེ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ལ་འཇུག་པར་མཛད་དེ། འདི་ནི་དབུ་མའོ་གང་དག་རིགས་གཏེར་རང་འགྲེལ་གྱིས་ཁོངས་འདི་ལ་བརྟེན་ནས། རིགས་གཏེར་གྱི་ལུགས་ལ་རྣམ་འགྲེལ་གྱི་མཐར་ཐུག་གི་དགོངས་པ་དབུ་མར་སྐྱེལ་བ་ཡིན་ནོ་ཞེས་སྨྲ་བ་ནི་རང་ཉིད་བློ་གྲོས་རྩིང་བར་མཚོན་པའི་རྒྱལ་མཚན་འཛུགས་པ་སྟེ། གོང་དུ་ཕྱི་ནང་གི་གྲུབ་མཐའ་དུ་མ་བཤད་པའི་ནང་ནས་སྐབས་འདིར་སངས་རྒྱས་པའི་གྲུབ་མཐའ་ལ་བཞི་ཡོད་པར་བསྟན། བཞི་པོ་དེའི་ནང་ནས་ཀྱང་རྣམས་འགྲེལ་འདིར་མདོ་སེམས་གཉིས་ཀྱི་གྲུབ་མཐའ་གཏན་ལ་དབབ་པ་ས་བཅད་འོག་མ་དང་སྦྱོར་རྒྱུ་ཡིན་པས་འདི་འདྲའི་འཁྲུལ་པ་སྐྱེ་བའི་དོན་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་སངས་རྒྱས་པའི་གྲུབ་མཐའ་བཞི་ལས། སློབ་དཔོན་གྱིས་གང་གཏན་ལ་དབབ་པ་ཡིན་ཞེ་ན། འདི་ལ་དོན་རིག་དང་རྣམ་རིག་གཉིས་ལས། དང་པོ་ཁས་ལེན་པའི་ཚེ་བྱེ་བྲག་སྨྲ་བས་དབང་ཤེས་ཀྱིས་རང་དང་དུས་མཉམ་པའི་ཕྱི་དོན་རྣམ་མེད་རྗེན་ཆར་དུ་འཛིན་པར་འདོད་པ་དེ་བཀག་ནས་སྐད་ཅིག་སྔ་མར་རྐྱེན་གསུམ་ཚོགས་པ་ལས། སྐད་ཅིག་གཉིས་པར་དབང་ཤེས་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པ་ཙམ་ལས་ཕྱི་དོན་རྟོགས་པར་འདོད་པ་མདོ་སྡེ་པའི་གྲུབ་མཐའ་ཞལ་གྱིས་བཞེས་ཏེ། སློབ་དཔོན་ཉིད་ཀྱི་ཞལ་ནས། གལ་ཏེ་ཕྱི་རོལ་དཔྱོད་ལ་འཇུག་པ་ན། །ཁོ་བོས་མདོ་སྡེའི་སྐབས་ལ་རྣམ་པར་བརྟེན། །ཞེས་གསུངས་པར་གྲགས་སོ། །གཉིས་པ་རྣམ་རིག་ཞལ་གྱིས་བཞེས་པའི་ཚེ་རྣམ་བདེན་པས་དབང་ཤེས་ལ་རགས་པར་སྣང་བ་བདེན་གྲུབ་ཏུ་འདོད་པ་དེ་བཀྲུགས་ནས་རྣམ་མེད་ཞལ་གྱིས་བཞེས་ཏེ། དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན། ཞེས་སོགས་གསུངས་པའི་ཕྱིར། དེས་ན་སྐབས་འདིར་མདོ་སེམས་གཉིས་ལས་གོང་དུ་སྨྲས་པའི་རྩོད་པ་དེ་མདོ་སྡེ་པའི་དབང་དུ་བྱས་པ་ཡིན་ན་གཏན་ཚིགས་དང་པོ་མ་གྲུབ་སྟེ། དེའི་ལུགས་ལ་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ཉིད་བཟུང་ཡུལ་དུ་འཇོག་པའི་ཕྱིར་རོ། །སེམས་ཙམ་པའི་དབང་དུ་བྱས་ན་འདོད་པ་ཡིན་ཏེ། དེའི་ལུགས་ལ་བཟུང་ཡུལ་གྱི་དབང་དུ་བྱས་པའི་ཡུལ་དང་། ཡུལ་ཅན་གྲུབ་པ་མེད་པའི་ཕྱིར། དོན་འདི་ལ་དགོངས་ནས་རིགས་གཏེར་ལས། ཇི་སྲིད་ཕྱི་རོལ་ཁས་ལེན་པ། །དེ་སྲིད་རྒྱུ་ལ་བཟུང་ཡུལ་ཟེར། །ཤེས་བྱ་ནང་གིར་ཞུགས་པ་ན། །ཡུལ་དང་ཡུལ་ཅན་གྲུབ་པ་མེད། །ཞེས་གསུངས་སོ། །འཇུག་ཚུལ་གཞལ་བྱ་རང་སྤྱི་གཉིས་གསུངས་ཀྱང་། །འཇུག་པའི་གཞི་ནི་རང་མཚན་གཅིག་པུར་འདུས། །དེ་ལ་ཕྱི་རོལ་བཟུང་ཡུལ་མདོ་སྡེའི་ལུགས། །རྣམ་རིག་སྨྲ་ལ་བཟུང་ཡུལ་རྣམ་གཞག་མེད། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཤེས་བྱ་ཡུལ་གྱི་རྣམ་པར་བཞག་པ་ལེགས་པར་བཤད་ཟིན་ཏོ།། ༈ །།གཉིས་པ་ཤེས་བྱེད་ཀྱི་བློ་ལ། མཚན་ཉིད། དབྱེ་བསྡུ། དེ་དག་གི་དོན་གཏན་ལ་དབབ་པ་དང་གསུམ། དང་པོ་ནི། བློའི་མཚན་ཉིད་རིག་པ། ཤེས་པའི་མཚན་ཉིད་གསལ་ཞིང་མྱོང་བའོ། །ཁ་ཅིག ཡུལ་རིག་པ་བློའི་མཚན་ཉིད་དུ་འདོད་པ་མི་འཐད་དེ། དེ་ལྟར་ན་བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད་དུ་ཁས་བླང་དགོས་པས་བློ་དང་ཡུལ་གཉིས་རྟོགས་པ་ཕན་ཚུན་བརྟེན་པའི་སྐྱོན་ཡོད་པའི་ཕྱིར་དང་། ཡུལ་རིག་པའི་དོན་རང་ལས་གཞན་པའི་ཡུལ་རིག་པ་ལ་བྱེད་ན་རང་རིག་ལ་རང་ལས་གཞན་པའི་ཡུལ་མེད་པས་བློ་མ་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གཞན་ཡང་ཡུལ་རིག་པ་བློའི་མཚན་ཉིད་དུ་མི་འཐད་དེ། ཡུལ་དུ་འཇོག་པ་དེ་བློ་ལ་ལྟོས་ཀྱི་བློར་འཇོག་པ་ཡུལ་ལ་མི་ལྟོས་པའི་ཕྱིར་ཏེ། དེ་ཕྱིར་བློ་ལས་དོན་གྲུབ་ཀྱི། །དོན་ལས་ཇི་ལྟར་ཡང་དེ་མིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཡུལ་གྱི་སྒོ་ནས་དབྱེ་ན། རྟོག་བཅས་རྟོག་མེད་གཉིས། ངོ་བོའི་སྒོ་ནས་དབྱེ་ན་འཁྲུལ་པ་དང་མ་འཁྲུལ་པ་གཉིས། འཇུག་ཚུལ་གྱི་སྒོ་ནས་ཤིང་བཅད་པ་ལྟར་ཡུལ་ལ་མ་ཞུགས་པ་དང་། འཇུག་བཞིན་པ་དང་། ཞུགས་ཟིན་པ་གསུམ་མོ། །དེ་ལྟར་དབྱེ་སྒོ་གསུམ་པོ་དེ་ཡང་ལས་བྱེད་པ་པོ་བྱ་བའི་སྒོ་ནས་ཕྱེ་བ་ཡིན་གྱི། ཡུལ་ཅན་གྱི་སྒོ་ནས་རང་རིག་གཅིག་པུར་འདུས་ཏེ། གཉིས་སྣང་དང་བཅས་པའི་ཤེས་པ་ཡིན་ན། རང་གི་གཟུང་རྣམ་ལ་རང་རིག་མངོན་སུམ་ཡིན་དགོས། གཉིས་སྣང་ནུབ་པའི་ཤེས་པ་ཡིན་ན། རང་གི་ངོ་བོ་ལ་གཉིས་སྣང་ནུབ་པའི་རང་རིག་མངོན་སུམ་ཡིན་དགོས་པའི་ཕྱིར་རོ། །གསུམ་པ་ལ་དགག་བཞག་གཉིས་ལས། དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ལ་གཉིས་ཏེ། སྤྱིའི་དབྱེ་བསྡུ། ཚད་མིན་གྱི་བློ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྔོན་གྱི་མཁས་པ་ཕྱྭ་པ་སོགས་ན་རེ། བློ་རིགས་ཐམས་ཅད་ཐེ་ཚོམ། ལོག་ཤེས། སྣང་ལ་མ་ངེས་པ། བཅད་ཤེས། ཡིད་དཔྱོད། མངོན་སུམ་ཚད་མ། རྗེས་དཔག་ཚད་མ་དང་བདུན་དུ་འདུས་པ་ཡིན་ཏེ། བློ་དེ་ལ་རང་ཡུལ་མཐའ་ཅིག་ཏུ་འཛིན་མི་ནུས་པ་དང་། ནུས་པ་གཉིས་ལས། དང་པོ་ནི། ཐེ་ཚོམ། གཉིས་པ་ལ་ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་འཛིན་པ་དང་། མཐུན་པར་འཛིན་པ་གཉིས་ལས། དང་པོ་ལ་ལོག་ཤེས། གཉིས་པ་ལ་ལོག་ཕྱོགས་དང་འཛིན་སྟངས་མི་འགལ་བར་འཇུག་པ་དང་། འགལ་བར་འཇུག་པ་གཉིས་ལས། དང་པོ་ནི། སྣང་ལ་མ་ངེས་པ། གཉིས་པ་ལ་སྔར་རྟོགས་ཟིན་གྱི་དོན་ལ་འཇུག་པ་དང་། སྔར་མ་རྟོགས་པ་ལ་འཇུག་པ་གཉིས་ལས། དང་པོ་ནི། བཅད་ཤེས། གཉིས་པ་ལ། རྒྱུ་མཚན་ལ་མ་ལྟོས་པར་འཇུག་པ་དང་། རྒྱུ་མཚན་ལ་ལྟོས་ནས་འཇུག་པ་གཉིས་ལས། དང་པོ་ནི། ཡིད་དཔྱོད། གཉིས་པ་ལ་མྱོང་སྟོབས་ཀྱིས་འཇུག་པ་དང་། རྟགས་སྟོབས་ཀྱིས་འཇུག་པ་གཉིས་ལས། དང་པོ་ནི། མངོན་སུམ་ཚད་མ། གཉིས་པ་ནི་རྗེས་དཔག་ཚད་མའོ། །གཉིས་པ་ནི། ཚད་མིན་གྱི་བློ་ལྔ་པོ་རེ་རེ་ལ་ཡང་མཚན་ཉིད་དང་། དབྱེ་བ་གཉིས་གཉིས་ལས། དང་པོ་ཡིད་དཔྱོད་ལ་མཚན་ཉིད་ནི། རྟགས་ལ་མ་བརྟེན་པར་ལྐོག་གྱུར་གྱི་དོན་བདེན་པ་གསར་དུ་ངེས་པའི་རིག་པ། དབྱེ་ན། རྒྱུ་མཚན་མེད་པའི་ཡིད་དཔྱོད། རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད། རྒྱུ་མཚན་མ་ངེས་པའི་ཡིད་དཔྱོད་དང་གསུམ་ལས། དང་པོ་ནི། ཕ་མེས་ཀྱི་ཁྲོན་པ་རྙིང་པ་ན་ཆུ་ཡོད་དོ་སྙམ་དུ་འཛིན་པའི་བློ་ལྟ་བུའོ། །གཉིས་པ་ནི། མ་ངེས་པ་དང་། མ་གྲུབ་པའི་རྟགས་ལ་བརྟེན་ནས་སྒྲུབ་བྱ་བདེན་པ་མཐའ་གཅིག་ཏུ་འཛིན་པའི་བློ་ལྟ་བུའོ། །གསུམ་པ་ནི། ཚུལ་གསུམ་མ་ངེས་ཀྱང་བྱས་པའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུའོ། །སྣང་ལ་མ་ངེས་པའི་བློའི་མཚན་ཉིད། ལོག་ཕྱོགས་ཀྱི་སྒྲོ་འདོགས་དང་མི་འགལ་བར་དོན་རང་གི་མཚན་ཉིད་སྣང་བའི་བློ། དབྱེ་ན་ཡུལ་རྣམ་པ་མི་གསལ་བའི་དང་། ཡིད་མ་གཏད་པའི་དང་། འཁྲུལ་པའི་རྒྱུ་མཚན་གྱིས་ཟིན་པའི་སྣང་ལ་མ་ངེས་པའི་བློ་གསུམ་ལས། དང་པོ་ནི། ཚུར་མཐོང་གི་རྒྱུད་ཀྱི་སྔོ་འཛིན་དབང་པོའི་མངོན་སུམ་དེ་སྔོན་པོའི་སྐད་ཅིག་མ་ལ་སྣང་ལ་མ་ངེས་པ་ཡིན་པ་ལྟ་བུའོ། །གཉིས་པ་ནི། རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུགས་འཛིན་གྱི་མིག་ཤེས་ལྟ་བུའོ། །གསུམ་པ་ནི། ཡིད་ཉ་ཕྱིས་ལ་དངུལ་དུ་འཁྲུལ་པའི་གནས་སྐབས་ཀྱི་ཉ་ཕྱིས་འཛིན་པའི་མིག་ཤེས་ལྟ་བུའོ། །བཅད་ཤེས་ཀྱི་མཚན་ཉིད། སྔར་རྟོགས་ཟིན་བྱེད་པ་མ་ཉམས་པའི་དོན་ལ་ལོག་ཕྱོགས་ཀྱི་སྒྲོ་འདོགས་དང་འགལ་བར་འཇུག་པའི་རིག་པ། དབྱེ་ན་མངོན་སུམ་བཅད་ཤེས་དང་། རྟོག་པ་བཅད་ཤེས་གཉིས་ལས་དང་པོ་ནི། སྔོ་འཛིན་དབང་མངོན་སྐད་ཅིག་གཉིས་པ་མན་ཆད་ཡིན་ནོ། །གཉིས་པ་ནི། མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ངེས་ཤེས་དང་། རྗེས་དཔག་གི་རྗེས་སུ་སྐྱེས་པའི་དྲན་ཤེས་ལྟ་བུ་ཡིན་ནོ། །ཐེ་ཚོམ་དང་ལོག་ཤེས་ནི་ཕལ་ཆེར་མཐུན་པས་འོག་རང་ལུགས་ཀྱི་སྐབས་སུ་འཆད་དོ། །གཉིས་པ་དེ་དགག་པ་ལ། ཡིད་དཔྱོད་དགག་པ། སྣང་ལ་མ་ངེས་པ་དགག་པ། བཅད་ཤེས་དགག་པ་དང་གསུམ་ལས། དང་པོ་ལ། སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ལ་རྣམ་པར་བཏགས་ནས་དགག་པ། ཧ་ཅང་ཐལ་བ། ལོག་པ་དང་མཚུངས་པ་གསུམ་ལས། དང་པོ་ནི། སྒྲ་མི་རྟག་པར་ངེས་པའི་ཡིད་དཔྱོད་དེ་རྟགས་སུ་བཀོད་ཙམ་ལ་ལྟོས་སམ་མི་ལྟོས། གཉིས་པ་ལྟར་ན་དེ་ཆོས་ཅན། ཐེ་ཚོམ་དུ་ཐལ། མྱོང་བ་དང་རྟགས་གང་རུང་ལ་མ་ལྟོས་པར་དམ་བཅའ་ཙམ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་ངེས་ལས། ཡུལ་ལྟར་མི་རུང་བདག་ཉིད་ཀྱི་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་ཞེས་དང་། ཕྱོགས་ཀྱི་ཚིག་ལས་ནི་དོན་ལ་ཐེ་ཚོམ་དག་སྐྱེ་བར་མཐོང་གི ངེས་པ་ནི་མ་ཡིན་པའི་ཕྱིར་ན་དངོས་སུ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་དང་། རྣམ་འགྲེལ་ལས། མེད་ཅེས་བྱ་བའི་ཚིག་གིས་ཀྱང་། །དེ་མེད་ཁོ་ན་མི་འགལ་ཏེ། །ཅི་སྟེ་མེད་རིགས་དེ་བརྗོད་ན། །དེ་ཚེ་མེད་ཅེས་བྱ་བར་རྟོགས། །ཞེས་གསུངས་པའི་ཕྱིར། རྟགས་ལ་ལྟོས་ན་ཡང་དག་ལ་ལྟོས་སམ་ལྟར་སྣང་ལ་ལྟོས། དང་པོ་ལྟར་ན། དེ་ཆོས་ཅན། ཚད་མ་ཡིན་པར་ཐལ། རྟགས་ཡང་དག་ལ་བརྟེན་ནས་ལྐོག་གྱུར་བདེན་པ་བ་གསར་དུ་ངེས་པའི་རིག་པ་ཡིན་པའི་ཕྱིར། མ་ཁྱབ་ན། རྗེས་དཔག་དེ་ཡང་ཚད་མ་མིན་པར་ཐལ། མ་ཁྱབ་པ་དེའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། མ་རྟོག་ལོག་རྟོག་ཐེ་ཚོམ་གསུམ་ལས་མ་གཏོགས་པའི་ཚད་མིན་གྱི་བློ་མིན་པར་ཐལ། གཏན་ཚིགས་ལྟར་སྣང་གསུམ་པོ་གང་རུང་ལ་ལྟོས་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཁོ་ན་རེ། ཡིད་དཔྱོད་ཀྱི་རྟེན་གཞིར་གྱུར་པའི་གཏན་ཚིགས་དེ་གཏན་ཚིགས་ལྟར་སྣང་གསུམ་པོ་གང་རུང་མ་ཡིན་ནོ་ཞེ་ན། གཏན་ཚིགས་ལྟར་སྣང་བཞི་པ་ཡོད་པར་ཐལ། དེའི་རྟེན་གཞིར་གྱུར་པའི་གཏན་ཚིགས་དེ་གཏན་ཚིགས་ལྟར་སྣང་གསུམ་པོ་གང་རུང་མ་ཡིན་པའི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། གལ་ཏེ་ཁོ་ན་རེ། མ་གྲུབ་སྟེ། དེའི་རྟེན་གཞིར་གྱུར་པའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་ཡིན་ནོ་ཞེ་ན། ཚད་མ་གསུམ་པ་ཡོད་པར་ཐལ། དེ་རྗེས་དཔག་མིན་པའི་ཚད་མ་ཡིན་པའི་ཕྱིར། གསུམ་པ་ནི། རྟགས་ལ་མ་ལྟོས་པར་ལྐོག་གྱུར་གྱི་གཞལ་བྱ་དོན་དང་མི་མཐུན་པར་ངེས་པ་དེ་ཡིད་དཔྱོད་དུ་ཐལ། རྟགས་ལ་མ་ལྟོས་པར་ལྐོག་གྱུར་གྱི་གཞལ་བྱ་དོན་དང་མཐུན་པར་ངེས་པ་དེ་ཡིད་དཔྱོད་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། རྩ་བའི་མཚན་ཉིད་དང་འགལ་ལོ། །ཁོ་ན་རེ། མ་ཁྱབ་སྟེ། རྟགས་ལ་མ་ལྟོས་པར་ལྐོག་གྱུར་གྱི་གཞལ་བྱ་དོན་དང་མི་མཐུན་པར་ངེས་པ་དེ་ལོག་ཤེས་སུ་འདུས་པའི་ཕྱིར་ཞེ་ན། འོ་ན་གཅིག་ཤོས་དེ་ཚད་མའི་ཁོངས་སུ་འདུ་བར་མཚུངས་པས་ཡིད་དཔྱོད་མ་ཡིན་པར་འགྱུར་རོ། །གཉིས་པ་ལ། རྒྱུ་མཚན་མེད་པའི་ཡིད་དཔྱོད་དགག རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད་དགག ལུང་ལ་བརྟེན་པའི་ཤེས་པ་ཡིད་དཔྱོད་ཡིན་པ་དགག་པ་དང་གསུམ་ལས། དང་པོ་ནི། ཕ་མེས་ཀྱི་ཁྲོན་པ་རྙིང་པ་ན་ཆུ་ཡོད་དོ་སྙམ་པའི་བློ་ཆོས་ཅན། རྒྱུ་མཚན་མེད་པའི་ཡིད་དཔྱོད་མིན་པར་ཐལ། སྔར་ཆུ་ལེན་པ་མཐོང་བ་སོགས་རྒྱུ་མཚན་དུ་བྱས་པའི་ཕྱིར། གཉིས་པ་ནི། མཉན་བྱའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པ་ལྟ་བུ་ཐུན་མོང་མ་ཡིན་པའི་མ་ངེས་པའི་དང་། གཞལ་བྱའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པ་ལྟ་བུ་དངོས་ཀྱི་མ་ངེས་པ་དང་། ལྷ་བྱིན་གྱི་བུའི་རྟགས་ལས་ཁ་ཕྱིར་ལྟས་ཀྱི་ལྷ་བྱིན་གྱི་བུ་སྔོ་སངས་སུ་འཛིན་པ་ལྟ་བུ་ཡང་དག་ལྷག་ལྡན་ལ་བརྟེན་པའི་བློ་ཐམས་ཅད་ཡིད་དཔྱོད་དུ་ཐལ། རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད་དེ་ཡིད་དཔྱོད་ཡིན་པའི་ཕྱིར། མིག་ཤེས་ཀྱི་བཟུང་བྱའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པ་ཡང་ཡིད་དཔྱོད་དུ་ཐལ། རྒྱུ་མཚན་སྔ་མ་དེ་ཉིད་ཀྱི་ཕྱིར། གཉིས་ཆར་ལ་འདོད་ན། སློབ་དཔོན་གྱིས་ཕྱོགས་ལ་མཐུ་མེད་སོམ་ཉིད་དང་། །མི་འདོད་འདོད་པའི་ངེས་སྒྲུབ་བྱེད། །ཅེས་གསུངས་པ་དང་འགལ་ལོ། །གསུམ་པ་ནི། ལུང་ལ་བརྟེན་པའི་ཐོས་བྱུང་གི་ཤེས་པ་དེ་ཡིད་དཔྱོད་ཡིན་ནོ་ཞེ་ན། མི་འཐད་དེ། ལུང་དེ་ལ་སྒྲུབ་བྱེད་ཡོད་པའི་ལུང་དང་། གནོད་བྱེད་ཡོད་པའི་ལུང་དང་། གནོད་སྒྲུབ་གཉིས་ཀ་མེད་པའི་ལུང་གསུམ་ལས། དང་པོ་ལ་བརྟེན་ནས་རང་གི་ཞེན་དོན་ངེས་པའི་བློ་ནི་ཚད་མའི་ཁོངས་སུ་འདུས། གཉིས་པ་ལ་བརྟེན་པའི་བློ་ནི་ལོག་ཤེས་ཀྱི་ཁོངས་སུ་འདུས། གསུམ་པ་ལ་བརྟེན་པའི་བློ་ནི་ཞེན་དོན་ཡོད་པ་དང་མེད་པའི་བྱེ་བྲག་གིས་རིམ་བཞིན་ཐེ་ཚོམ་དང་མ་རྟོགས་པའི་བློའི་ཁོངས་སུ་འདུས་པའི་ཕྱིར། གཉིས་པ་སྣང་ལ་མ་ངེས་པ་དགག་པ་ལ། སྤྱིར་དགག་པ་དང་། སོ་སོར་དགག་པ་གཉིས་ལས། དང་པོ་ནི། མངོན་སུམ་ཡིན་ན་ཚད་མ་མ་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན། སྣང་ལ་མ་ངེས་པ་ཡིན་པས་ཁྱབ་པའི་ཕྱིར་ཏེ། མངོན་སུམ་གྱིས་རང་ཡུལ་ངེས་པ་མི་སྲིད་པའི་ཕྱིར། དེ་ལྟར་ཡང་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་ལས། ད་ནི་ཇི་ལྟར་མ་ངེས་པ་མངོན་སུམ་གྱིས་ཀྱང་བཟུང་བ་ཡིན་ཞེ་ན། མངོན་སུམ་ནི་གང་གི་ཡང་ངེས་པར་བྱེད་པ་མ་ཡིན་ཏེ། དེས་གང་ཞིག་འཛིན་པ་དེ་ཡང་ངེས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེར་སྣང་བས་སོ། །དེ་བས་ན་ངེས་པ་དང་མ་ངེས་པའི་དབང་གིས་མངོན་སུམ་གྱི་འཛིན་པ་དང་མི་འཛིན་པ་དག་མ་ཡིན་ཏེ་ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག དོན་རང་མཚན་སྣང་ཡུལ་དུ་བྱེད་པའི་བློ་གང་ཞིག དོན་དེ་ལ་སྒྲོ་འདོགས་དངོས་སུ་གཅོད་མི་ནུས་པ་དེ་སྣང་ལ་མ་ངེས་པའི་མཚན་ཉིད་ཡིན་ཟེར་བ་མི་འཐད་དེ། ཚུར་མཐོང་གི་རྒྱུད་ཀྱི་མངོན་སུམ་གྱིས་ཡུལ་ལ་སྒྲོ་འདོགས་དངོས་སུ་གཅོད་མི་ནུས་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་རང་ཡུལ་ལ་ངེས་ཤེས་དངོས་སུ་འདྲེན་མི་ནུས་པ་དེ་དེའི་མཚན་ཉིད་ཡིན་ཟེར་བ་མི་འཐད་དེ། གཞན་ལས་ངེས་ཀྱི་ཚད་མ་ཡིན་ན་སྣང་ལ་མ་ངེས་པ་ཡིན་དགོས་པར་ཐལ་བའི་ཕྱིར་རོ། །གཉིས་པ་ནི་བུམ་གཟུགས་འཛིན་པའི་དབང་མངོན་ཆོས་ཅན། བུམ་གཟུགས་ཀྱི་སྐད་ཅིག་མ་ལ་རྣམ་པ་མི་གསལ་བ་མིན་པར་ཐལ། དེ་ཁྱོད་ལ་རང་ངོས་ནས་རང་འདྲའི་རྣམ་པ་གཏོད་བྱེད་ཡིན་པའི་ཕྱིར་ཏེ། བུམ་གཟུགས་དེ་ཁྱོད་ལ་རང་ངོས་ནས་རང་འདྲའི་རྣམ་པ་གཏོད་བྱེད་ཡིན་པ་གང་ཞིག དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་སྐྱོན་མེད་དེ། དེ་ལ་ངེས་ཤེས་དངོས་སུ་འདྲེན་མི་ནུས་པའི་ཆ་ནས་འཇོག་པ་ཡིན་ནོ་ཞེ་ན། འོ་ན་འཁྲུལ་པའི་རྒྱུ་མཚན་ཅན་གྱི་སྣང་ལ་མ་ངེས་པ་ལས་ལོགས་སུ་ཡུལ་རྣམ་པ་མི་གསལ་བའི་སྣང་ལ་མ་ངེས་པ་བཞག་ཏུ་མེད་པར་ཐལ། ཁས་བླངས་གང་ཞིག དེ་ལ་ངེས་ཤེས་དངོས་སུ་འདྲེན་མི་ནུས་པ་དེ་འཁྲུལ་བའི་རྒྱུ་མཚན་གྱིས་ཟིན་པས་འདྲེན་མི་ནུས་པ་ཡིན་པའི་ཕྱིར། ཡིད་མ་གཏད་པའི་དང་། འཁྲུལ་བའི་རྒྱུ་མཚན་གྱིས་སྣང་ལ་མ་ངེས་པ་དེ་ཆོས་ཅན། ཚད་མིན་གྱི་བློ་མིན་པར་ཐལ། རང་ཡུལ་ལ་མ་འཁྲུལ་བའི་བློ་ཡིན་པའི་ཕྱིར་ཏེ། དབང་མངོན་ཡིན་པའི་ཕྱིར། གཞན་ཡང་རང་དོན་ལེའུར་བཤད་པའི་རྗེས་དཔག་ཡིན་ན། ཚད་མ་ཡིན་པས་མ་ཁྱབ་པར་ཐལ། མངོན་སུམ་ལེའུར་བཤད་པའི་མངོན་སུམ་ཡིན་ན། ཚད་མ་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་བཟུང་འཛིན་དབང་མངོན་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ཞེས་པར་དངོས་བསྟན་གྱི་མངོན་སུམ་ཡིན་པའི་ཕྱིར། གསུམ་པ་བཅད་ཤེས་དགག་པ་ལ། སྤྱིར་དགག་པ་དང་། མངོན་སུམ་བཅད་ཤེས་བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ནི། སྔོ་འཛིན་དབང་མངོན་གྱི་རྗེས་སུ་སྐྱེས་པའི་སྔོན་པོ་ངེས་པའི་ངེས་ཤེས་ཆོས་ཅན། ཁྱོད་ཚད་མིན་གྱི་བློ་གསུམ་པོ་གང་རུང་དུ་མ་འདུས་པའི་ཚད་མིན་གྱི་བློ་བཞི་པར་འཇོག་པ་མི་འཐད་པར་ཐལ། ཁྱོད་མ་རྟོགས་པའི་བློ་ཡིན་པའི་ཕྱིར་ཏེ། རང་རྒྱུ་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་འཇུག་པའི་བློ་གང་ཞིག དེ་རྟོགས་པའི་བྱ་བ་མི་བྱེད་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེར་ཐལ། ཁྱོད་ཀྱི་སྔ་རོལ་དུ་ཚད་མ་དེས་དེ་རྟོགས་པའི་བྱ་བ་བྱས་ཟིན་པའི་ཕྱིར། གལ་ཏེ་དེ་ཆོས་ཅན། མ་རྟོགས་པའི་བློ་མིན་པར་ཐལ། རང་རྒྱུ་ཚད་མ་སྔ་མས་རྟོགས་ཟིན་གྱི་དོན་ལ་འཇུག་པའི་ཕྱིར་ཞེ་ན། དཔལ་ལྡན་ཆོས་གྲགས་ཀྱི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་བྱས་པ་ཆོས་ཅན། དེ་སྐོར་གྱི་མ་གྲུབ་པའི་གཏན་ཚིགས་མིན་པར་ཐལ། དེ་སྐོར་གྱི་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། གཞན་ཡང་མངོན་སུམ་དང་རྗེས་དཔག་གིས་དྲངས་ནས་སྐྱེས་པའི་ངེས་ཤེས་དེ་ཚད་མིན་གྱི་བློ་གསུམ་ལས་ལོགས་སུ་གྱུར་པའི་བཅད་ཤེས་སུ་འཇོག་པ་དེ་སྔར་གྱི་ཚད་མའི་ཡུལ་འཛིན་པ་ཙམ་ལ་འཇོག་གམ། སྔར་གྱི་ཚད་མའི་ཡུལ་དེ། ད་ལྟར་གྱི་འདིའོ་སྙམ་པའི་བློ་ལ་འཇོག་གམ། ཕྱིས་ཀྱི་དྲན་པའི་རྟགས་ལས་སྔར་གྱི་མྱོང་བ་རྟོགས་པའི་བློ་ལ་འཇོག་གམ། དྲན་ཤེས་རང་གི་ངོ་བོ་རྟོགས་པའི་བློ་ལ་འཇོག གང་ལྟར་ཀྱང་ཚད་མིན་གྱི་བློ་བཞི་པར་མི་འཐད་དེ། དང་པོ་ནི་མ་རྟོགས་པའི་བློར་འདུས། གཉིས་པ་ནི་ལོག་ཤེས་སུ་འདུས། གསུམ་པ་ནི་རྗེས་དཔག་ཚད་མར་འདུས། བཞི་པ་ནི་རང་རིག་མངོན་སུམ་དུ་འདུས་པའི་ཕྱིར་རོ། །གཉིས་པ་ནི། སྔོ་འཛིན་དབང་མངོན་སྐད་ཅིག་གཉིས་པ་ཆོས་ཅན། བཅད་ཤེས་མིན་པར་ཐལ། བཅད་ཤེས་དང་ངོ་བོ། ཡུལ། དུས། འཛིན་སྟངས་འགལ་བའི་ཕྱིར་རོ། །དང་པོ་གྲུབ་སྟེ། ཁྱོད་ནི་རྟོག་བྲལ་གྱི་བློ། བཅད་ཤེས་ནི་རྟོག་པ་ཡིན་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། ཁྱོད་ཀྱི་ཡུལ་ནི་རང་མཚན་དང་། བཅད་ཤེས་ཀྱི་ཡུལ་ནི་སྒྲོ་འདོགས་ཡིན་པའི་ཕྱིར་རོ། །གསུམ་པ་གྲུབ་སྟེ། ཁྱོད་ཀྱིས་རང་ཡུལ་ད་ལྟར་བའི་ཚུལ་གྱིས་འཛིན། བཅད་ཤེས་ཀྱིས་རང་ཡུལ་འདས་པ་དྲན་པའི་ཚུལ་གྱིས་འཛིན་པའི་ཕྱིར། བཞི་པ་གྲུབ་སྟེ། ཁྱོད་རང་ཡུལ་གསལ་བར་སྣང་བའི་བློ། བཅད་ཤེས་ནི་རང་ཡུལ་མི་གསལ་བར་སྣང་བའི་བློ་ཡིན་པའི་ཕྱིར། གཞན་ཡང་ཚུར་མཐོང་གི་རྒྱུད་ཀྱི་སྔོ་འཛིན་དབང་མངོན་སྐད་ཅིག་གཉིས་པ་དེ་བཅད་ཤེས་ཡིན་པའི་དོན་དེ་སྔོན་པོ་སྐད་ཅིག་མ་དང་པོ་ལ་བྱེད་པ་ཡིན་ནམ། སྐད་ཅིག་མ་གཉིས་པ་ལ་ཡིན་ནམ། སྔོ་ཙམ་ལ་ཡིན། དང་པོ་ལྟར་ན་མི་འཐད་དེ། ཁྱོད་ལ་དེའི་རྣམ་པ་མི་སྣང་བའི་ཕྱིར། མ་གྲུབ་ན། སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །དོན་མཐོང་ཡོད་པ་མ་ཡིན་ཅིང་། །ཞེས་པའི་ཕྱོགས་སྔ་བཟུང་བར་འགྱུར་རོ། །གཉིས་པ་ལྟར་ན། དེ་ཁྱོད་ཀྱི་བཟུང་དོན་མིན་པར་འགྱུར་རོ། །གསུམ་པ་ལྟར་ན་སྔོ་འཛིན་དབང་མངོན་སྐད་ཅིག་མ་དང་པོ་དེ་ཡང་སྔོ་ཙམ་ལ་བཅད་ཤེས་སུ་འགྱུར་རོ། །གཉིས་པ་རང་གི་ལུགས་ལ། སྤྱིར་བློ་རིགས་དེ་ལ་ཚད་མ་དང་ཚད་མིན་གྱི་བློ་གཉིས་ལས། དང་པོ་ནི། འོག་ཏུ་འཆད་ཅིང་། གཉིས་པ་ལ། སྤྱིའི་མཚན་ཉིད། གྲངས་ཀྱི་དབྱེ་བསྡུ། སོ་སོའི་རྣམ་བཞག་གསུམ་ལས། དང་པོ་ནི། མི་བསླུ་བ་མ་ཡིན་པའི་ཤེས་པའོ། །ཁ་ཅིག་གསར་དུ་མི་བསླུ་བ་མ་ཡིན་པའི་ཤེས་པ་ལ་འཇོག་པ་ནི་མི་འཐད་དེ། གསར་དུ་ལ་རྣམ་བཅད་མེད་པའི་ཕྱིར་ཏེ། བཅད་ཤེས་དེ་མི་བསླུ་བའི་ཤེས་པ་མིན་པའི་ཕྱིར། གཉིས་པ་ལ་འཇུག་ཚུལ་གྱི་སྒོ་ནས་གསུམ་དུ་དབྱེ་བ་དང་། ངོ་བོའི་སྒོ་ནས་གཅིག་ཏུ་བསྡུ་བ་གཉིས་ལས། དང་པོ་ནི། ཚད་མིན་གྱི་བློ་དེ་ལ་འཇུག་ཚུལ་གྱི་སྒོ་ནས་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་དུ་ཡོད་དེ། ཡུལ་དེ་ལ་མ་རྟོགས་པ་ཙམ་དང་། དེ་ལ་རྩེ་གཉིས་སུ་འཇུག་པ་དང་། དེ་ལ་ཕྱིན་ཅི་ལོག་ཏུ་འཇུག་པ་གསུམ་དུ་ཡོད་པའི་ཕྱིར་ཏེ། གཏན་ཚིགས་ལྟར་སྣང་གི་བྱེད་པ་དེ་ལ་ཕྱོགས་རྟོགས་པའི་མཐུ་མེད་པ་དང་། དེ་ལ་སོམ་ཉི་བསྐྱེད་པ་དང་། དེ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་གསུམ་དུ་ངེས་པའི་ཕྱིར་ཏེ། ཕྱོགས་ལ་མཐུ་མེད་སོམ་ཉི་དང་། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། ངོ་བོའི་སྒོ་ནས་མ་རྟོགས་པའི་བློ་གཅིག་ཏུ་འདུས་པ་ཡིན་ཏེ། དེ་གསུམ་ཀས་ཀྱང་ཡུལ་གྱི་གནས་ལུགས་མ་རྟོགས་པར་མཚུངས་པའི་ཕྱིར། དེས་ན་ཚད་མིན་གྱི་བློ་གསུམ་ཀ་ངོ་བོའི་སྒོ་ནས་མ་རྟོགས་པའི་བློ་དང་། ཚད་མ་གཉིས་ཀ་ཡང་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དང་། གཞལ་བྱ་དེ་ཡང་མཐར་རང་མཚན་གཅིག་ཏུ་འདུས་པར་ཤེས་པར་བྱའོ། །གསུམ་པ་ལ་མ་རྟོགས་པའི་བློ། ལོག་ཤེས། ཐེ་ཚོམ་གསུམ། དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། རང་ཡུལ་དེ་དང་དེ་མིན་གང་རུང་དུ་རྟོགས་པས་སྟོང་པའི་ཤེས་པ། གཉིས་པ་ལ། རང་ཡུལ་དེ་ལ་གཏན་མ་ཞུགས་ནས་དང་། ཞུགས་ཀྱང་དཔྱད་པ་མ་རྫོགས་ནས་དང་། རྫོགས་ཀྱང་མ་རྙེད་ནས་མ་རྟོགས་པའི་བློ་གསུམ་ལས། དང་པོ་ནི། རྟོག་གེ་མི་ཤེས་པའི་གང་ཟག་གིས་ཚུལ་གསུམ་འཛིན་པའི་བློ་ལྟ་བུའོ། །གཉིས་པ་ནི། སྒྲ་རྟག་གམ་མི་རྟག་ཞེས་དྲིས་པ་ན་དེ་དཔྱོད་པར་བྱེད་པའི་བློ་ལྟ་བུའོ། །གསུམ་པ་ལ་རྟོགས་བྱའི་ཡུལ་མེད་ནས་དང་། རྟོགས་བྱེད་ཀྱི་བློ་བསླད་ནས་དང་། ཤེས་བྱའི་ཡུལ་མ་ཡིན་ནས་མ་རྙེད་པའི་བློ་དང་གསུམ་ལས། དང་པོ་ནི། བཅད་ཤེས་ལྟ་བུའོ། །གཉིས་པ་ནི། སྒྲ་རྟག་འཛིན་གྱི་འཁྲུལ་རྒྱུས་རྒྱུད་བསླད་པའི་གང་ཟག་གི་རྒྱུད་ཀྱི་རྟོག་པས་སྒྲའི་སྐད་ཅིག་མ་མ་རྟོགས་པ་ལྟ་བུའོ། །གསུམ་པ་ནི། ཡུལ་དུས་རང་བཞིན་གྱིས་བསྐལ་པའི་དངོས་པོ་མ་རྟོགས་པའི་བློ་ལྟ་བུའོ། །ལོག་ཤེས་ལ་གཉིས་ལས། དང་པོ་མཚན་ཉིད་ནི། རང་ཡུལ་གསལ་བར་སྣང་བའམ་འགལ་རྟགས་ལ་བརྟེན་ནས་རང་ཡུལ་མཐའ་གཅིག་ཏུ་འཛིན་ན་ཡང་རང་ཡུལ་ལ་དེ་མིན་གྱིས་གནོད་པའི་ཤེས་པ་ལྟ་བུའོ། །གཉིས་པ་དབྱེ་བ་ལ་རྟོག་པ་དང་། རྟོག་མེད་ལོག་ཤེས་གཉིས་ལས། དང་པོ་ནི། ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་ལྟ་བུ་རྣམ་པ་ལ་འཁྲུལ་པ་དང་། ད་ལྟར་གྱི་སྔོན་པོ་ལ་འདས་པའི་སྔོན་པོར་འཛིན་པ་ལྟ་བུ་དུས་ལ་འཁྲུལ་པ་དང་། ཤ་པ་དང་ཤུག་པ་གཉིས་རིགས་གཅིག་ཏུ་འཛིན་པ་ལྟ་བུ་ཡུལ་ལ་འཁྲུལ་པ་དང་གསུམ་མོ། །རྟོག་མེད་ལོག་ཤེས་ལ་ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་དབང་ཤེས་འཁྲུལ་པ་དང་། རྨི་ལམ་གསལ་སྣང་གི་ཤེས་པ་ལྟ་བུ་ཡིད་ཤེས་འཁྲུལ་པ་གཉིས་ཡོད་དེ། ཐེ་ཚོམ་ལ་ཡང་གཉིས་ལས། དང་པོ་མཚན་ཉིད་ལ་ཁ་ཅིག །དེར་འཛིན་ན་ཡང་དེ་མིན་སྲིད། །ཅེས་པའི་དོན་དུ་བསམས་ནས། དེར་འཛིན་ན་ཡང་དེ་མིན་སྲིད་པའི་བློ་ཟེར། མི་འཐད་དེ། སྒྲ་རྟག་པར་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། སྒྲ་རྟག་པར་འཛིན་པའི་བློ་གང་ཞིག སྒྲ་མི་རྟག་པ་ཡིན་པ་སྲིད་པའི་ཕྱིར། ཁ་ཅིག་དེ་བཅད་པའི་ཆེད་དུ། དེར་འཛིན་ན་ཡང་དེ་མིན་དུ་འཛིན་པ་སྲིད་པའི་བློ་ཟེར། མི་འཐད་དེ། དེ་བློ་རྫས་གཅིག་ལ་བྱེད་དམ་བློ་སྔ་ཕྱི་བ་ལ་བྱེད། དང་པོ་ལྟར་ན་ཐེ་ཚོམ་ཡིན་ན། དེ་མངོན་གྱུར་ཡིན་དགོས་པར་ཐལ། ཐེ་ཚོམ་ཡིན་ན་བློ་རྫས་གཅིག་གི་མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། གཉིས་པ་ལྟར་ན། སྒྲ་རྟག་པར་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། སྒྲ་རྟག་པར་འཛིན་པའི་བློ་གང་ཞིག དུས་ཕྱིས་སྒྲ་མི་རྟག་པར་འཛིན་པར་འགྱུར་བ་སྲིད་པའི་ཕྱིར། རང་ལུགས་ནི། དེར་འཛིན་ན་ཡང་དེ་འཛིན་པའི་བྱེད་པ་མ་ཉམས་པར་དེ་མིན་དུ་འཛིན་པ་སྲིད་པའི་རྟོག་པའོ། །གཉིས་པ་དབྱེ་བ་ལ། མངོན་གྱུར་བ་དང་། བག་ལ་ཉལ་གཉིས་ལས་དང་པོ་ནི། གང་ལ་ཐེ་ཚོམ་དངོས་སུ་ཞུགས་པ་སྟེ་སྦྱིན་སྲེག་བྱས་པ་ལས་མཐོ་རིས་ཐོབ་བམ་མི་ཐོབ་སྙམ་པ་ལྟ་བུའོ། །དབྱེ་ན་ཆ་མཉམ་པར་འཛིན་པ་དང་། ཤས་ཆེར་འཛིན་པ་གཉིས་ལས། དང་པོ་ནི། སྒྲ་རྟག་གམ་མི་རྟག་སྙམ་པ་ལྟ་བུའོ། །གཉིས་པ་ལ། དོན་འགྱུར་དང་དོན་མི་འགྱུར་གཉིས་ལས། དང་པོ་ནི། སྒྲ་རྟག་གམ་མི་རྟག ཕལ་ཆེར་མི་རྟག་ལས་ཆེ་སྙམ་པ་ལྟ་བུའོ། །གཉིས་པ་ནི། སྒྲ་རྟག་གམ་མི་རྟག་ཕལ་ཆེར་རྟག་ལས་ཆེ་སྙམ་པ་ལྟ་བུའོ། །གཉིས་པ་བག་ལ་ཉལ་ནི་སྒྲོམ་ནང་གི་ས་བོན་ལྟ་བུ་རྐྱེན་དང་ཕྲད་ན་རྩེ་གཉིས་སུ་འགྱུར་བ་སྟེ། དམ་བཅའ་ཙམ་ལ་བརྟེན་པ་ཕ་མེས་ཀྱི་ཁྲོན་པ་རྙིང་པ་ན་ཆུ་ཡོད་དོ་སྙམ་པ་དང་། དེ་ན་ཆུ་མེད་སྙམ་པ་དང་། མ་ངེས་པའི་རྟགས་ལ་བརྟེན་པའི་བློ་ཐམས་ཅད་དེ་ཡིན་ནོ། །ཁོ་ན་རེ། བྱས་རྟགས་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་ཐེ་ཚོམ་དུ་ཐལ། གཞལ་བྱའི་རྟགས་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་ཐེ་ཚོམ་ཡིན་པའི་ཕྱིར་ཅེ་ན་སྐྱོན་མེད་དེ། བྱས་རྟགས་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་བྱས་པ་དང་རྟག་པའི་གཞི་མཐུན་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པས་བཟློག་ལ། གཞལ་བྱའི་རྟག་ལས་སྒྲ་རྟག་པར་འཛིན་པའི་བློ་དེ་གཞལ་བྱ་དང་རྟག་པའི་གཞི་མཐུན་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པས་མི་ལྡོག་པའི་ཕྱིར་ཏེ། དེ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་རྒྱུ་མེད་པའི་ཕྱིར། གལ་ཏེ་གཞལ་བྱ་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པས་དེ་བཟློག་གོ་ཞེ་ན་མ་ཡིན་ཏེ། གཞལ་བྱ་དེ་དེ་སྒྲུབ་ཀྱི་རྟགས་མ་ཡིན་པར་ཤེས་ཀྱང་། གཞལ་བྱ་ལ་རྟག་མི་རྟག་གཉིས་སུ་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཡིད་དཔྱོད་མེད་ཅིང་བཅད་ཤེས་མ་རྟོགས་བློ། །སྣང་ལ་མ་ངེས་མངོན་སུམ་ལས་གཞན་མིན། །དེ་ཕྱིར་ཚད་མིན་བློ་རིགས་ཇི་སྙེད་ཀྱང་། །མ་རྟོགས་ལོག་ཤེས་ཐེ་ཚོམ་གསུམ་དུ་འདུས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཤེས་བྱེད་ཀྱི་བློ་བཤད་ཟིན་ཏོ།། ༈ །།གསུམ་པ་བློ་དེས་ཡུལ་རྟོགས་ཚུལ་ལ་བཞི་སྟེ། སྤྱི་དང་བྱེ་བྲག་གི་རྟོགས་ཚུལ། སྣང་བ་དང་སེལ་བའི་རྟོགས་ཚུལ། བརྗོད་བྱ་དང་རྗོད་བྱེད་ཀྱི་རྟོགས་ཚུལ། འགལ་བ་དང་འབྲེལ་པའི་རྟོགས་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཡུལ་དང་ཡུལ་ཅན་གྱི་རྣམ་བཞག་སྤྱིར་བསྟན། སྤྱི་དང་བྱེ་བྲག་གི་རྟོགས་ཚུལ་ཁྱད་པར་དུ་དཔྱད་པའོ། །དང་པོ་ནི། རང་མཚན། གསལ་བ། དངོས་པོ། རྫས། ལོག་པ། དོན་དམ་པ་རྣམས་དངོས་པོའི་དོན་དུ་མཐུན་ཏེ། དོན་བྱེད་ནུས་པ་དང་། ཕན་ཚུན་མ་འདྲེས་པར་གནས་པ་དང་། རྒྱུ་དང་འབྲས་བུར་གྲུབ་པ་དང་། སྐྱེས་བུ་ཐམས་ཅད་ཀྱིས་བླང་དོར་བྱ་བའི་འཇུག་ལྡོག་གི་ཡུལ་ཡིན་པའི་ཕྱིར་ཏེ། སྣང་བའང་གཞན་ལ་མི་བརྟེན་པས། །ཐ་དད་བྱེད་ཡིན་དེ་ཉིད་དོན། །དེ་ནི་གཞན་ལས་ལོག་པ་ཡིན། །དེ་ནི་རྒྱུ་དང་འབྲས་བུ་བཤད། །དེ་ནི་རང་གི་མཚན་ཉིད་འདོད། །དེ་ནི་བླང་དོར་འབྲས་ཅན་པས། །སྐྱེས་བུ་ཐམས་ཅད་འཇུག་པ་ཡིན། །ཞེས་གསུངས་པའི་ཕྱིར། གལ་ཏེ་ལོག་པ་དང་རྫས་དང་དངོས་པོ་ཡིན་ན། རང་མཚན་ཡིན་པས་མ་ཁྱབ་སྟེ། དེ་ལའང་གཞན་ལས་ལྡོག་པ་དང་། གཞན་ལས་ལོག་པ་ཞེས་བྱ་བའི་ཞེས་དང་། ཀུན་ལ་རྫས་དང་དངོས་བརྗོད་པའི། །ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གཞུང་གི་ཚིག་ཟིན་ལ་ཡོད་པའི་ལོག་པ་དང་། རྫས་དང་དངོས་པོ་རྣམས་ལ་དོན་ལ་ཡོད་པ་དང་། སེལ་བའི་ཡུལ་དུ་གྱུར་པ་གཉིས་ཡོད་པའི་ཕྱིར་རོ། །སྤྱི་མཚན་དང་། སྤྱི་དང་། གཞན་སེལ་དང་། ལྡོག་པ་དང་། རྣམ་བཅད་དང་། འདྲེས་པ་དང་། འབྲེལ་པ། ཀུན་རྫོབ་རྣམས་དོན་བྱེད་མི་ནུས་པར་མཚུངས་ཏེ། དོན་ལ་མི་གནས་པ་དང་། དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་དང་། རྣམ་རྟོག་གིས་སྒྲོ་བཏགས་པ་དང་། རང་གི་ངོ་བོ་མ་གྲུབ་པར་གཞན་སེལ་གྱི་བློས་བཞག་པར་མཚུངས་པའི་ཕྱིར་ཏེ། སྤྱི་ནི་དངོས་མེད་ངོ་བོ་ཡིན། །དེ་ཕྱིར་དེ་དབང་སྤྱོད་ཡུལ་མིན། །ཞེས་དང་། དེ་ཕྱིར་གཞན་སེལ་ཡུལ་ཅན་གྱི། །ཞེས་སོགས་དང་། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་སོགས་དང་། རྣམ་གཅོད་བརྗོད་པར་བྱེད་པར་གྲུབ། །ཞེས་སོགས་དང་། འདྲེས་པའི་དོན་གཅིག་གཅོད་པ་ན། །ཞེས་སོགས་དང་། འབྲེལ་བརྟག་ལས། དེས་ན་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཏུ་ན་མེད། །ཅེས་གསུངས་པའི་ཕྱིར། དེ་ལྟར་ན་སྔར་བཤད་པའི་རང་མཚན་སོགས་དང་། སྤྱི་སོགས་ནི་ཡུལ་དང་། རྟོག་པ་རྟོག་མེད་ནི་ཡུལ་ཅན་དང་། སྣང་བ་དང་སེལ་བ་ནི་འཛིན་སྟངས་སུ་ཤེས་པར་བྱའོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། རྣམ་གཞག་དང་གསུམ་ལས། དང་པོ་ལ་ཁ་ཅིག སྤྱིའི་མཚན་ཉིད། རང་གི་བྱེ་བྲག་དུ་མ་གྲུབ་པ་དང་། བྱེ་བྲག་གི་མཚན་ཉིད། ཁྱོད་ཆོས་དེ་ཡིན། ཁྱོད་ཆོས་དེ་ལ་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཅིང་ཆོས་དེ་ཡིན་པ་དུ་མ་གྲུབ་པ་ཞེས་བཞག་པ་ནི་ཁས་བླངས་ནང་འགལ་ཏེ། སྤྱིའི་མཚན་ཉིད་ལྟར་ན། རང་གི་བྱེ་བྲག་གཉིས་ཁོ་ན་གྲུབ་པ་དེ་ཡང་སྤྱིར་ཁས་ལེན་དགོས་པར་སྣང་ཞིང་། བྱེ་བྲག་གི་མཚན་ཉིད་ལྟར་ན། སྤྱི་ཡིན་ན། རང་གི་བྱེ་བྲག་གསུམ་ངེས་པར་གྲུབ་པར་ཁས་ལེན་དགོས་པར་སྣང་བའི་ཕྱིར་ཏེ། བྱེ་བྲག་གཅིག་མཚན་གཞིར་བཟུང་བའི་ཚེ་བྱེ་བྲག་གི་མཚན་ཉིད་ཀྱི་ཟུར་ཕྱི་མ་དེ་སྒྲུབ་དགོས་པའི་ཕྱིར་རོ། །དེས་ན་འདི་ལ་སྙིང་པོ་མེད་ཅིང་དངོས་སྐྱོན་བཏང་ན་རྗེན་ཆར་དུ་འགྲོ་བར་འདུག་ཀྱང་། ཁོ་བོའི་ཁ་ནས་དེ་འདྲ་བརྗོད་པར་ག་ལ་རུང་། དེས་ན་མ་འཁྲུལ་བའི་གནད་ནི་སྤྱིའི་མཚན་ཉིད་ཐུན་མོང་བར་སྣང་བའི་སྒྲོ་བཏགས། དབྱེ་ན། རིགས་སྤྱི། དོན་སྤྱི། ཚོགས་སྤྱི་དང་གསུམ། དང་པོའི་མཚན་ཉིད། རང་གི་གསལ་བ་རྣམས་ལ་ལྟོས་ནས་རིགས་མི་མཐུན་ལས་བཟློག་པའི་ལྡོག་པ་ཆིག་རྐྱང་དུ་སྣང་བའི་སྒྲོ་བཏགས་ཏེ། དཔེར་ན་བུམ་འཛིན་རྟོག་པ་ལ་བུམ་གསལ་རྣམས་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བའི་སྒོ་བཏགས་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། སྣང་རྟག་གཅིག་ཏུ་འཁྲུལ་པའི་སྒྲོ་བཏགས། དཔེར་ན་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ལ་ཕྱི་རོལ་བུམ་པར་སྒྲོ་བཏགས་པ་ལྟ་བུའོ། །གསུམ་པའི་མཚན་ཉིད། རྡུལ་རྫས་དུ་མ་འདུས་པ་ལ་རགས་པར་སྣང་བའི་སྒྲོ་བཏགས་དཔེར་ན་རྡུལ་རྫས་བརྒྱད་འདུས་པ་ལ་བུམ་པར་སྒྲོ་བཏགས་པ་ལྟ་བུའོ། །བྱེ་བྲག་གི་མཚན་ཉིད། རིགས་མི་མཐུན་དང་རིག་མཐུན་ལས་ཀྱང་ལྡོག་པའི་ལྡོག་པ་གཉིས་ཚོགས་སུ་སྣང་བའི་སྒྲོ་བཏགས། དཔེར་ན་ཤིང་འཛིན་རྟོག་པ་ལ་ཤ་པར་སྣང་བའི་སྒྲོ་བཏགས་ལྟ་བུའོ། །དེས་ན་ཆོས་དེའི་བྱེ་བྲག་ཡིན་ན། ཆོས་དེ་ཡིན་པས་མ་ཁྱབ་སྟེ། ཤིང་འཛིན་རྟོག་པ་ལ་སྣང་བའི་ཤ་པའི་དོན་སྤྱི་དེ་ཤིང་སྤྱི་ལ་ལྟོས་ནས་བྱེ་བྲག་ཡིན་ཀྱང་ཤིང་སྤྱི་མ་ཡིན་པ་བཞིན་ནོ། །ཁྱོད་ཆོས་དེའི་སྤྱི་ཡིན་ན། ཆོས་དེ་ཁྱོད་ཡིན་པས་ཀྱང་མ་ཁྱབ་སྟེ། ཤིང་གི་ལྡོག་པ་དེ་ཤིང་སྤྱི་ཡིན་ཀྱང་ཤིང་དེ་ཤིང་གི་ལྡོག་པ་མ་ཡིན་པ་བཞིན་ནོ། །བྱེ་བྲག་ཀྱང་སྒྲོ་བཏགས་ལ་འཇོག་པ་ནི་བདག་ཉིད་ཆེན་པོ་འདིའི་དགོངས་པར་སྣང་སྟེ། རྣམ་འགྲེལ་ལས། ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན། །དེས་ན་ཐ་དད་མིན་ལྟ་བུར། །དེ་ཉིད་གཞན་ལས་ལོག་པར་ཡང་། །སྣང་སྟེ་དེ་ལ་སྤྱི་དང་ནི། །གཞི་མཐུན་སྤྱོད་ཡུལ་ཅན་དག་གི །ཞེས་གསུངས་པའི་དོན་རིགས་གཏེར་ལས། གཞན་དང་རང་གི་དངོས་པོ་ལས། །ལྡོག་པར་བྱེད་པ་སྤྱི་བྱེ་བྲག །ཞེས་གསུངས་པས་བྱེ་བྲག་དང་གཞི་མཐུན་དོན་གཅིག་ཏུ་བྱེད་པའི་ཕྱིར་རོ། །འོ་ན། གཅིག་དང་བྲལ་ན་འབྲས་མེད་ཕྱིར། །བྱེ་བྲག་རྣམས་ལས་དེ་དག་འབྱུང་། །ཞེས་དང་། དེས་ན་བྱེ་བྲག་སྤྱི་ཆོས་ཐ། །དད་ཕྱིར་རྟགས་དང་རྟག་ཅན་ཉིད། །ཅེས་གསུངས་པ་དང་འགལ་ལོ་ཞེ་ན། སྔ་མ་ནི་གཞུང་གི་ཚིག་ཟིན་ལ་ཡོད་པའི་བྱེ་བྲག་ཅེས་པའི་སྒྲ་འགའ་ཞིག་རང་མཚན་ལ་འཇུག་པའི་དབང་དུ་བྱས་པ་སྟེ། དཔེར་ན་རྫས་དང་དངོས་པོའི་སྒྲ་འགའ་ཞིག་སེལ་ངོ་ལ་འཇུག་པ་བཞིན་ནོ། །ཕྱི་མ་ནི་རྟགས་སུ་སོང་ཚོད་ཀྱི་རྩོལ་བྱུང་དང་། ཆོས་ཅན་དུ་སོང་ཚོད་ཀྱི་རྩོལ་བྱུང་གི་སྒྲ་གཉིས་པོ་སྤྱི་དང་བྱེ་བྲག་ཡིན་པའི་དོན་ཡིན་ཅིང་། སོང་ཚོད་ཀྱི་རྟགས་ཆོས་དོན་གསུམ་སྒྲོ་བཏགས་ཡིན་པ་ནི་འོག་ཏུ་འཆད་དོ། །གཉིས་པ་དབྱེ་བ་ལ། ཐད་ཀའི་སྤྱི་དང་བྱེ་བྲག་དང་། གོང་མའི་སྤྱི་དང་བྱེ་བྲག་གཉིས་གཉིས་ཡོད་པར་གསུང་ཅིང་། འདི་དག་ཀྱང་རྟོག་པའི་སྣང་བ་ལ་འཇོག་ཚུལ་གཞུང་དོན་ཀྱི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ལ་གཉིས་ཏེ། རིགས་པས་དགག་པ་དང་། ལུང་གིས་དགག་པའོ། །དང་པོ་ལ་གསུམ་སྟེ། སྤྱི་གསལ་རྫས་གཞན་དུ་འདོད་པ་དགག སྤྱི་གསལ་རྫས་གཅིག་ཏུ་འདོད་པ་དགག སྤྱི་དངོས་མེད་དུ་འདོད་པའི་ཕྱོགས་གཞན་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། སྤྱི་ཆེན་པོ་ཡོད་པ་ཉིད་དང་། ཉེ་ཚེ་བའི་སྤྱི་བ་ལང་ཉིད་ལ་སོགས་པ་རྣམས་རང་གི་གསལ་བ་རྣམས་ལ་ཁྱབ་ཅིང་། རང་གི་གསལ་བ་རྣམས་དང་རྫས་ཐ་དད། རྟག་པ་དང་། ཆ་མེད་དང་། གསལ་བ་རྣམས་དང་འདུ་བ་ཐག་པ་ལྟ་བུས་སྦྲེལ་ནས་ཡོད་དེ། དཔེར་ན་བ་ལང་དུ་མ་ཐག་པ་གཅིག་གིས་སྦྲེལ་ཏེ་བཏགས་པ་བཞིན་ནོ། །དེ་ཉིད་གསལ་བ་རྣམས་ལ་སྒྲ་བློ་གཅིག་འཇུག་པའི་རྒྱུ་ཡང་ཡིན་ནོ་ཟེར་རོ། །དེ་འགོག་པ་ལ་གཞུང་ལས་མང་དུ་གསུངས་ཀྱང་། རིགས་པའི་གཙོ་བོ་ནི་ཤིང་གསལ་ཆོས་ཅན། ཁྱོད་ལས་རྫས་གཞན་པའི་ཁྱོད་ཀྱི་སྤྱི་དངོས་པོ་བ་མེད་དེ། དེ་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའོ། །གཉིས་པ་ལ་གྲངས་ཅན་པའི་འདོད་པ་བརྗོད་པ། དེ་དང་རིགས་གཅིག་པའི་གངས་ཅན་པའི་འདོད་པ་བརྗོད་པ། གཉིས་ཀ་ཕྱོགས་གཅིག་ཏུ་དགག་པའོ། །དང་པོ་ལ་གཉིས་ཏེ། གྲུབ་མཐའ་སྨྲ་བ་པོའི་མིང་གི་རྣམ་གྲངས། དེས་སྨྲས་པའི་གྲུབ་མཐའི་རྣམ་བཞག་གོ །དང་པོ་ནི། སྔོན་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་པའི་དུས་ན་དྲང་སྲོང་སེར་སྐྱ་ཞེས་བྱ་བ་གཅིག་བྱུང་ཞིང་། དེས་བསྟན་བཅོས་མང་དུ་བརྩམས་པའི་རྗེས་སུ་འབྲང་བ་རྣམས་ལ། ཤེས་བྱ་ཉི་ཤུ་རྩ་ལྔར་གྲངས་ངེས་པར་འདོད་པས་གྲངས་ཅན་པ་དང་། དྲང་སྲོང་སེར་སྐྱ་ལ་སྐྱབས་གནས་སུ་འཛིན་པས་སེར་སྐྱ་པ་དང་། རྣམ་འགྱུར་རྣམས་གཙོ་བོས་བྱས་པར་འདོད་པས་གཙོ་བོ་པ་དང་། རྣམ་འགྱུར་དང་གཙོ་བོ་རང་བཞིན་གཅིག་ཏུ་འདོད་པས་རང་བཞིན་གཅིག་པ་དང་། རྣམ་འགྱུར་རྣམས་རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པའི་བདག་ཉིད་དུ་འདོད་པས་ཡོན་ཏན་གསུམ་པ་དང་། བདག་ཤེས་རིག་གི་སྐྱེས་བུ་ལོངས་སྤྱོད་པ་པོར་འདོད་པས་ཤེས་རིག་པ་དང་། སྐྱེས་བུ་པ་རྣམས་ནི་མིང་གི་རྣམ་གྲངས་ཡིན་ནོ། །གཉིས་པ་ལ་ལྔ་སྟེ། ཤེས་བྱའི་དབྱེ་བ། སོ་སོའི་ངོ་བོ། དེ་དག་གི་བསྡུ་བ། རྒྱུ་འབྲས་སུ་འགྱུར་ཚུལ། འཆིང་གྲོལ་གྱི་རྣམ་བཞག་གོ །དང་པོ་ནི། ཤེས་བྱ་ལ་ཉི་ཤུ་རྩ་ལྔར་གྲངས་ངེས་ཏེ། བདག་དང་། རང་བཞིན་དང་། ཆེན་པོ་དང་། ང་རྒྱལ་དང་། དབང་པོ་བཅུ་གཅིག དེ་ཙམ་ལྔ། འབྱུང་བ་ལྔའོ། །གཉིས་པ་ལ། བདག་ནི་རྟག་པ། དངོས་པོ། གཅིག་པུ། ཆ་མེད་པ། རྣམ་འགྱུར་ཐམས་ཅད་ཀྱི་ཟ་བ་པོ་དང་ལོངས་སྤྱོད་པ་པོ། འཆིང་གྲོལ་གྱི་གནས་སྐབས་ཀུན་ཏུ་ཡོད་པ་སྟེ། དེ་ཉིད་ལ་ཤེས་པ་དང་། རིག་པ་དང་། སྐྱེས་བུ་ཞེས་ཀྱང་བྱའོ། །རང་བཞིན་ནི་རྣམ་འགྱུར་ཐམས་ཅད་བསྐྱེད་པར་བྱེད་པ་སྟེ། རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པའི་བདག་ཉིད་དོ། །དེ་ཉིད་ལ་རྒྱུ་དང་སྤྱི་དང་། གཙོ་བོ་ཞེས་ཀྱང་བྱའོ། །ཆེན་པོ་ནི་ཡུལ་ཤེས་གཉིས་ཀྱི་བར་ན་གནས་པ་རང་རྒྱུ་གཙོ་བོ་ལས་བྱུང་ཞིང་། རང་འབྲས་རྣམ་འགྱུར་ལྷག་མ་རྣམས་བསྐྱེད་པར་བྱེད་པ་སྟེ། དཔེར་ན་མེ་ལོང་ངོས་གཉིས་པའམ། ཤེལ་གྱི་ཁང་པ་ལྟ་བུའོ། །དེ་ཉིད་ལ་བློ་ཞེས་ཀྱང་བྱའོ། །ང་རྒྱལ་ནི་རྡུལ་ཤས་ཆེ་བའི་ང་རྒྱལ་དང་། མུན་པ་ཅན་གྱི་ང་རྒྱལ་དང་། སྙིང་སྟོབས་ཅན་གྱི་ང་རྒྱལ་གསུམ་མོ། །དབང་པོ་བཅུ་གཅིག་ནི། མིག རྣ་བ། སྣ། ལྕེ། ལུས་ཏེ་ནང་བློའི་དབང་པོ་ལྔ། ཁ། ལག་པ། རྐང་པ། བཤང་ལམ། འདོམས་ཀྱི་དབང་པོ་སྟེ། ཕྱི་ལས་ཀྱི་དབང་པོ་ལྔ། ཐམས་ཅད་ལ་ཁྱབ་པ་ཡིད་ཀྱི་དབང་པོ་དང་བཅུ་གཅིག་གོ །དེ་ཙམ་ལྔ་ནི། གཟུགས། སྒྲ། དྲི། རོ། རེག་བྱ་དེ་ཙམ་ལྔའོ། །འབྱུང་བ་ལྔ་ནི། ས་ཆུ་མེ་རླུང་ནམ་མཁའ་ལྔའོ། །གསུམ་པ་ལ་ཉི་ཤུ་རྩ་ལྔ་པོ་དེ་དག་བེམ་ཤེས་གཉིས་སུ་འདུས་ཏེ། བདག་ནི་ཤེས་པ་གཞན་རྣམས་ནི་བེམ་པོའོ། །ཡང་རྟག་མི་རྟག་གཉིས་སུ་ཡང་འདུས་ཏེ། དང་པོ་གཉིས་རྟག་པ་དང་། ཕྱི་མ་ཉི་ཤུ་རྩ་གསུམ་མི་རྟག་པའོ། །ཡང་རྒྱུ་འབྲས་ཀྱི་མུ་བཞིར་འདུས་ཏེ། རྒྱུ་འབྲས་གཉིས་ཀ་མ་ཡིན་པ། རྒྱུ་ཁོ་ན་ཡིན་པ། འབྲས་བུ་ཁོ་ན་ཡིན་པ། རྒྱུ་འབྲས་གཉིས་ཀ་ཡིན་པ་དང་བཞི་ལས། དང་པོ་ནི་སྐྱེས་བུའོ། །གཉིས་པ་ནི་རང་བཞིན་ནོ། །གསུམ་པ་ནི་དབང་པོ་བཅུ་གཅིག་དང་། འབྱུང་བ་ལྔའོ། །བཞི་པ་ནི་ཆེན་པོ་དང་། ང་རྒྱལ་དང་། དེ་ཙམ་ལྔ་དང་བདུན་ཏེ། དེ་ལྟར་ཡང་རྩ་བའི་རང་བཞིན་རྣམ་འགྱུར་མ་ཡིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་སོ། །བཞི་པ་ནི། རང་བཞིན་རྒྱུ་གང་ལས་ཀྱང་མ་བྱུང་ཞིང་དེ་ལས་ཆེན་པོ་སྐྱེའོ། །ཆེན་པོ་ལས་ང་རྒྱལ་གསུམ་འབྱུང་ངོ་། །ང་རྒྱལ་གསུམ་ལ་རྡུལ་ཤས་ཆེ་བའི་ང་རྒྱལ་ལས་དབང་པོ་བཅུ་གཅིག སྙིང་སྟོབས་ཤས་ཆེ་བའི་ང་རྒྱལ་ལས་དེ་ཙམ་ལྔ། མུན་པ་ཅན་གྱི་ང་རྒྱལ་ནི་དེ་གཉིས་ཀྱི་གྲོགས་བྱེད་པ་ཙམ་ཡིན་གྱི་འབྲས་བུ་ལོགས་ན་མེད་དོ། །དེ་ཙམ་ལྔ་ལས་འབྱུང་བ་ལྔ་སྐྱེའོ། །དེ་ལྟར་ཡང་། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་བཅུ་དྲུག་པོ་ཡི་ཚོགས་རྣམས་སྐྱེ། །དེ་ལྟར་བཅུ་དྲུག་འབྱུང་བ་དེ་ལས་ཀྱང་། །དེ་ཙམ་ལྔ་ལས་འབྱུང་བ་ཆེན་པོ་ལྔ། །ཞེས་སོ། །སྐྱེ་བའི་དོན་ཡང་སྔར་མེད་གསར་དུ་སྐྱེ་བ་ལ་མི་འདོད་ཀྱི། མངོན་པར་མི་གསལ་བ་གསལ་བའི་རང་བཞིན་དུ་གྱུར་པ་ཙམ་ལ་འདོད་དོ། །འཇིག་པའི་དོན་ཡང་སྔར་ཡོད་མེད་པར་སོང་བ་ལ་མི་འདོད་ཀྱི། གཙོ་བོའི་རང་བཞིན་དུ་ཞ་བ་ཙམ་ལ་འདོད་དོ། །ལྔ་པ་ནི། ཆེན་པོའི་ཕྱི་ངོས་ནས་རྣམ་འགྱུར་ཉི་ཤུ་རྩ་གཉིས་ཀྱི་གཟུགས་བརྙན་ཤར་བ་ལ་ལོངས་སྤྱད་བྱ་དང་། བཟའ་བྱར་བཟུང་ཞིང་ནང་ངོས་ནས་བདག་ཤེས་རིག་གི་སྐྱེས་བུའི་གཟུགས་བརྙན་ཤར་ཏེ། དེ་གཉིས་གཅིག་ཏུ་འཁྲུལ་ནས་ཡུལ་ལ་ལོངས་སྤྱོད་པའི་ཚེ་འཁོར་བ་ཞེས་བྱ་ལ་ནམ་ཞིག་སྐྱོ་བ་སྐྱེས་ཏེ་བསམ་གཏན་བསྒོམས་ནས་མངོན་ཤེས་ཀྱིས་བལྟས་པས་རྣམ་འགྱུར་གྱི་ཚོགས་རྣམ་གཙོ་བོས་སྤྲུལ་པའི་རྫུན་མར་ཤེས་ནས་ལོངས་སྤྱོད་པའི་ཚེ་གཙོ་བོ་སྐྱེངས་ཏེ་རྣམ་འགྱུར་གྱི་ཚོགས་རྣམས་གཙོ་བོའི་ཁུག་མར་བསྡུས་ཏེ་བདག་རྟག་པ་ཡན་གར་དུ་གནས་པའི་ཚེ་གྲོལ་བ་ཐོབ་ཅེས་ཐ་སྙད་བྱེད་དོ། །དེས་ན་འདིའི་ལུགས་ཀྱི་རྒྱུ་ཡིན་ན་སྤྱི་དང་གཙོ་བོ་ཡིན་པས་མ་ཁྱབ་ཀྱང་རང་བཞིན་ལ་ནི་དེ་གསུམ་གྱི་མིང་གི་རྣམ་གྲངས་སུ་འགྱུར་ལ། འབྲས་བུ་དང་རྣམ་འགྱུར་དང་། གསལ་བ་དང་། བྱེ་བྲག་རྣམས་ནི་མིང་གི་རྣམ་གྲངས་ཡིན་ཅིང་། དེ་རྣམས་ལ་སྤྱི་གཙོ་བོ་དེ་ཆ་མེད་རྫས་གཅིག་ཏུ་ཡོད་པར་འདོད་དོ། །གཉིས་པ་ནི། དེ་དང་མཐུན་པར་བོད་རྣམས་ཀྱང་། ཤ་པ་དང་ཤུགས་པ་ལ་སོགས་པའི་ཤིང་གསལ་རྣམས་ལ་ཁྱབ་པའི་ཤིང་ཙམ་དང་བཻ་ཌཱུརྻ་ལ་སོགས་པའི་སྔོན་པོ་ཐམས་ཅད་ལ་ཁྱབ་པའི་སྔོ་ཙམ་དོན་ལ་ཡོད་ཅིང་རང་གི་གསལ་བ་རྣམས་དང་རྫས་གཅིག་ཀྱང་ཡིན་ལ་དེས་མཚོན་ནས་དངོས་པོར་འགྱུར་པའི་སྤྱི་གསལ་ཐམས་ཅད་རྫས་གཅིག་ཡིན་ཟེར་རོ། །བདག་ཉིད་ཆེན་པོའི་ཞལ་ནས་ཀྱང་། གངས་ཅན་པ་དང་གྲངས་ཅན་མཐུན། །ས་སྐྱ་པ་དང་སེར་སྐྱ་འགལ། །ཞེས་གསུངས་པར་གྲགས་པ་ཡང་འདི་ལ་དགོངས་སོ། །གསུམ་པ་ལ་གསུམ་སྟེ། སྣང་རུང་མ་དམིགས་པའི་རྟགས་ཀྱིས་དགག་པ། རྣམ་པར་བརྟགས་ནས་དགག་པ། ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། ཤིང་གསལ་ཆོས་ཅན། ཁྱོད་དང་རྫས་གཅིག་པའི་ཁྱོད་ཀྱི་སྤྱི་དངོས་པོ་བ་མེད་པར་ཐལ། དེ་ཡོད་ན། ཁྱོད་འཛིན་དབང་མངོན་གྱིས་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར། གཉིས་པ་ལ། ངོ་བོ་ལ་བརྟགས་ནས། རྒྱུ་ལ་བརྟགས་ནས་སྐྱེ་འཇིག་ལ་བརྟགས་ནས་དགག་པ་དང་གསུམ་ལས། དང་པོ་ནི། ཤིང་སྤྱི་དེ་ཤ་པའི་རྫས་ཡིན་ནམ་མ་ཡིན། མིན་ན། དེ་ཆོས་ཅན། དེ་དང་རྫས་གཅིག་མིན་པར་ཐལ། དེའི་རྫས་མིན་པའི་ཕྱིར། ཡིན་ན། ཤུག་པ་དེ་ཤིང་མ་ཡིན་པར་ཐལ། ཤིང་དེ་ཤ་པའི་རྫས་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། གཞན་དུ་དངོས་པོ་ལས་ལྡོག་པ། །དངོས་པོར་མི་འགྱུར་འདི་འདི་ལས། །ཐ་དད་ཅེས་ནི་བརྗོད་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི། ཤིང་སྤྱི་དེ་ཤ་པའི་རྒྱུ་ལས་སྐྱེས་སམ་མ་སྐྱེས། མ་སྐྱེས་ན། དེ་ཆོས་ཅན། དེ་དང་རྫས་གཅིག་མིན་པར་ཐལ། དེའི་རྒྱུ་ལས་མ་སྐྱེས་པའི་ཕྱིར། ཁྱབ་སྟེ། འདིར་ཡང་། ཐ་དད་རྒྱུ་ཐ་དད་ལས་ཡིན། །ཅེས་དང་། རྣམ་ངེས་ལས། དེ་གྲུབ་ན་མ་གྲུབ་པའམ་རྒྱུ་ཐ་དད་པ་ནི་དེའི་རང་བཞིན་དུ་རིགས་པ་མ་ཡིན་ནོ། །དངོས་པོ་རྣམས་ཀྱི་ཐ་དད་པའམ་རྒྱུ་ཐ་དད་པ་ནི་འདི་ཁོ་ན་ཡིན་ཏེ། ཆོས་འགལ་བར་གནས་པའམ་རྒྱུ་ཐ་དད་པའོ། །དེས་ཀྱང་ཐ་དད་པར་མི་གྲུབ་ན་འགའ་ཡང་གང་ལས་ཐ་དད་པ་མེད་པས་རིལ་རྫས་གཅིག་ཏུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །སྐྱེས་ན་དེ་ཆོས་ཅན། ཤ་པའི་རྒྱུ་བཀག་ན་ཁྱོད་ཁེགས་པར་ཐལ། ཁྱོད་དེ་ལས་སྐྱེས་པའི་ཕྱིར། གསུམ་པ་ནི། ཤ་པ་སྐྱེ་འཇིག་བྱེད་པའི་ཚེ་ཤིང་སྤྱི་སྐྱེ་འཇིག་བྱེད་དམ་མི་བྱེད། མི་བྱེད་ན་དེ་ཆོས་ཅན། དེ་དང་རྫས་གཅིག་མིན་པར་ཐལ། དེ་སྐྱེ་འཇིག་བྱེད་པའི་ཚེ་ཁྱོད་སྐྱེ་འཇིག་མི་བྱེད་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་ལས། དེས་ན་ལྷན་ཅིག་སྐྱེ་བ་དང་འཇིག་པ་དག་དང་། ཐམས་ཅད་ལ་ཐམས་ཅད་ཉེ་བར་སྦྱོར་བར་འགྱུར་རོ། །དེ་ལྟ་མིན་ན་གཅིག་ཅེས་བྱ་བ་ཉིད་དུ་མི་འགྱུར་བའམ་མིང་ཐ་དད་པར་ཟད་དེ། དོན་ཁས་བླངས་ནས་དེ་སྐད་དུ་བརྗོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །བྱེད་ན་ཤ་པ་སྐྱེ་འཇིག་བྱེད་པའི་ཚེ་དེ་དང་ཡུལ་ཐ་དད་པའི་ཤིང་གསལ་རྣམས་དང་། དུས་ཐ་དད་པའི་ཤིང་གསལ་རྣམས་དང་། རྣམ་པ་ཐ་དད་པའི་ཤིང་གསལ་རྣམས་སྐྱེ་འཇིག་བྱེད་པར་ཐལ། དེ་རྣམས་དང་རྫས་གཅིག་པའི་ཤིང་སྤྱི་སྐྱེ་འཇིག་བྱེད་པའི་ཕྱིར། ཁྱབ་སྟེ། ཐ་དད་པ་མེད་ན་ཅིག་ཆར་སྐྱེ་འཇིག་འགྱུར་ཞེས་གསུངས་པའི་ཕྱིར། གསུམ་པ་ཧ་ཅང་ཐལ་བ་ལ། ཡན་ལག་ཅན་མི་ཁེགས་པར་ཐལ་བ། དབང་ཤེས་རྟོག་བཅས་སུ་ཐལ་བ། འགལ་བ་རྫས་གཅིག་ཏུ་ཐལ་བ་གསུམ་ལས། དང་པོ་ནི། ཤིང་གསལ་ཐམས་ཅད་ལ་ཁྱབ་པའི་ཤིང་སྤྱི་རྫས་གཅིག་པ་ཅིག་ཡོད་ན། མགོ་བོ་ལ་སོགས་པའི་ཡན་ལག་ཐ་དད་ལ་ཁྱབ་པའི་ཡན་ལག་རྫས་གཅིག་པ་ཅིག་ཡོད་པར་ཁས་བླངས་ན་ཅིས་འགོག གལ་ཏེ་དེ་མེད་དེ་དེ་ལ། །ལག་སོགས་གཡོ་ན་ཐམས་ཅད་དག །ཞེས་སོགས་ཀྱི་རིགས་པས་གནོད་པའི་ཕྱིར་ཏེ། གཡོ་མ་གཡོ་དང་སྒྲིབ་མ་སྒྲིབ་བསྒྱུར་མ་བསྒྱུར་ལ་སོགས་པའི་ཆོས་འགལ་བ་རྣམས་རྫས་གཅིག་ལ་མི་རུང་བའི་ཕྱིར་ཞེ་ན། ཤིང་གསལ་ཐམས་ཅད་ལ་ཁྱབ་པའི་ཤིང་སྤྱི་རྫས་གཅིག་པ་གཅིག་མེད་པར་ཐལ། དེ་ཡོད་ན་ཤ་པ་གཡོ་བ་ན་ཤུག་པ་དང་རྫས་གཅིག་པའི་ཤིང་སྤྱི་གཡོ་བ་དང་། ཤ་པ་སྒྲིབ་ན་ཤུག་པ་དང་རྫས་གཅིག་པའི་ཤིང་སྤྱི་སྒྲིབ་པ་དང་། ཤ་པ་མཚོན་གྱིས་བསྒྱུར་ན་ཤུག་པ་དང་རྫས་གཅིག་པའི་ཤིང་སྤྱི་མཚོན་གྱིས་བསྒྱུར་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ནི་ཤ་པ་འཛིན་པའི་དབང་མངོན་ཆོས་ཅན། ཤ་པ་དང་རྫས་གཅིག་པའི་ཤིང་སྤྱི་སྣང་ཡུལ་དུ་བྱེད་པར་ཐལ། ཤ་པ་དང་རྫས་གཅིག་པའི་ཆོས་ཐམས་ཅད་སྣང་ཡུལ་དུ་བྱེད་པའི་ཕྱིར་ཏེ། དེ་ལ་སྒྲུབ་པས་འཇུག་པའི་མངོན་སུམ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྟོག་པར་ཐལ། སྤྱི་སྣང་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་དོན་སྤྱི་ཡུལ་དུ་བྱེད་ན་རྟོག་པ་ཡིན་པས་ཁྱབ་ཀྱང་རིགས་སྤྱི་སྣང་ཡུལ་དུ་བྱེད་ན་རྟོག་པ་ཡིན་པས་མ་ཁྱབ་བོ་ཞེ་ན། དོན་སྤྱིར་མ་འདུས་པའི་རིགས་སྤྱི་འདོད་པ་ནི་ཆུར་མ་འདུས་པའི་རྒྱ་མཚོ་འདོད་པ་དང་མཚུངས་པས། སློབ་དཔོན་ངན་པའི་དུག་ཆུས་མྱོས་པའི་བླབ་ཆོལ་ཡིན་ཏེ། སྣང་རྟག་གཅིག་ཏུ་འཁྲུལ་པའི་སྒྲོ་བཏགས་ལས་མ་གཏོགས་པའི་རིགས་སྤྱི་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི་སྔོ་སེར་ལ་སོགས་པའི་རྫས་ཐ་དད་རྣམས་དང་། སྣང་མུན་ལ་སོགས་པའི་འགལ་བ་ཀུན་ཀྱང་རྫས་གཅིག་ཏུ་ཐལ། སྔོ་སེར་གཉིས་ཀ་དང་རྫས་གཅིག་ཡིན་པ་དང་། སྣང་མུན་གཉིས་ཀ་དང་རྫས་གཅིག་ཡིན་པ་ཡོད་པའི་ཕྱིར། གསལ་བ་དུ་མ་ལ་ཁྱབ་པའི་སྤྱི་རྫས་སུ་མ་གྲུབ་པར་མ་ཟད། ཡན་ལག་དུ་མ་འདུས་པ་ལ་ཡན་ལག་ཅན་དུ་བཞག་པ་དང་། སྐད་ཅིག་དུ་མ་འདུས་པ་ལ་རྒྱུན་དུ་བཞག་པ་དང་། ཡི་གེ་དང་། མིང་དང་ཚིག་རྣམས་ཀྱང་རྫས་སུ་མ་གྲུབ་བོ། །དེ་ལ་ཡན་ལག་ཅན་རྫས་སུ་མ་གྲུབ་སྟེ། དེ་རྫས་སུ་གྲུབ་ན་དེ་རང་གི་ཡན་ལག་རྣམས་དང་རྫས་གཅིག་དང་རྫས་ཐ་དད་གང་རུང་ཡིན་དགོས་པ་ལས། དེ་གང་རུང་མིན་པའི་ཕྱིར། རྫས་གཅིག་མིན་ཏེ། ཡིན་ན། ཡན་ལག་གཅིག་གཡོ་བ་ན་ཡན་ལག་གཞན་གཡོ་བར་འགྱུར་ཞིང་། དེ་གཡོ་ན་ཡན་ལག་གཞན་རྣམས་ཀྱང་གཡོ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། རྫས་ཐ་དད་མིན་ཏེ། ཡིན་ན། ཡན་ལག་ལས་མ་གཏོགས་པའི་ཡན་ལག་ཅན་གྱི་ལྕིད་ལྷག་ཡོད་དགོས་པ་ལས་དེ་ལྟར་ན་སྲང་དམའ་བའི་ཁྱད་པར་དག་མི་འཛིན་པའི་ཕྱིར་ཞེས་པའི་རིགས་པས་གནོད་པའི་ཕྱིར། རྒྱུན་ཡང་རྫས་སུ་མ་གྲུབ་སྟེ། རང་གི་ཆ་ཤས་སུ་གྱུར་པའི་སྐད་ཅིག་སྔ་ཕྱི་རྣམས་དང་རྫས་གཅིག་དང་རྫས་ཐ་དད་དཔྱད་པའི་རིགས་པས་གནོད་པའི་ཕྱིར། ཡི་གེ་ཡང་རྫས་སུ་མ་གྲུབ་སྟེ། གྲུབ་ན་རང་གི་ཆ་ཤས་སུ་གྱུར་པའི་སྐད་ཅིག་སྔ་ཕྱི་རྣམས་དང་རྫས་གཅིག་དང་རྫས་ཐ་དད་གང་རུང་ཡིན་དགོས་པ་ལས་མིན་པའི་ཕྱིར། སྔ་མ་གྲུབ་སྟེ། ཡི་གེའི་ཐུང་མཐའ་ཨ་ཐུང་ལྟ་བུ་གཅིག་ལ་ཡང་ཆ་ཤས་སྐད་ཅིག་སྔ་ཕྱི་དུ་མ་ཡོད་པའི་ཕྱིར་ཏེ། ཡི་གེའི་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། །དེ་ཡང་རིམ་གྱིས་རྡུལ་ཕྲན་ནི། །དུ་མ་དག་དང་འབྲེལ་བས་རྫོགས། །ཞེས་གསུངས་པའི་ཕྱིར། མིང་ཡང་རྫས་སུ་མ་གྲུབ་སྟེ། དེའི་རྩོམ་གཞི་ཡི་གེ་རྫས་སུ་མ་གྲུབ་པའི་ཕྱིར། ཚིག་ཀྱང་རྫས་སུ་མ་གྲུབ་སྟེ། དེའི་རྩོམ་གཞི་མིང་རྫས་སུ་མ་གྲུབ་པའི་ཕྱིར། དེ་དག་རྫས་སུ་མ་གྲུབ་ན་ཇི་ལྟར་འཇོག་སྙམ་ན། དབང་མངོན་གྱིས་ཡན་ལག་དུ་མ་སོ་སོར་བཟུང་བ་ན་རྗེས་ཀྱི་རྟོག་པས་འདི་ནི་ཡན་ལག་ཅན་ནོ་ཞེས་གཅིག་ཏུ་བཟུང་བའི་ཡུལ་གྱི་སྒྲོ་བཏགས་ནི་ཡན་ལག་ཅན་དང་། དབང་མངོན་གྱིས་སྐད་ཅིག་སྔ་ཕྱི་སོ་སོར་བཟུང་བ་ན་རྗེས་ཀྱི་རྟོག་པས་དེ་དག་གཅིག་ཏུ་བཟུང་བའི་ཡུལ་ནི་རྒྱུན་དང་། ཉན་ཤེས་མངོན་སུམ་གྱིས་སྒྲའི་སྐད་ཅིག་སྔ་ཕྱི་སོ་སོར་བཟུང་བ་ན་རྗེས་ཀྱི་རྟོག་པས་འདི་ནི་ཨའོ་སྙམ་དུ་བཟུང་བའི་ཡུལ་ལྟ་བུ་ནི་ཡི་གེ་དང་། རྣམ་པར་རྟོག་པས་ཡི་གེ་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་སྟོན་བྱེད་དུ་སྒྲོ་བཏགས་པ་ནི་མིང་དང་། མིང་དུ་མ་འདུས་པ་ལས་དོན་གྱི་ཁྱད་པར་སྟོན་བྱེད་དུ་སྒྲོ་བཏགས་པ་ནི་ཚིག་ཏུ་འཇོག་གོ །བུམ་པ་དང་སྣམ་བུ་ལ་སོགས་པ་ནི་རྫས་སུ་མ་གྲུབ་སྟེ། བུམ་པའི་རྡུལ་རྫས་བརྒྱད་པོ་རེ་རེ་ལ་ཡང་ཐུན་མོང་མ་ཡིན་པའི་འབྲས་བུ་རང་རང་གི་དབང་ཤེས་བསྐྱེད་པའི་ནུས་པ་དང་། ཐུན་མོང་བའི་འབྲས་བུ་ཆུར་སྐྱོར་བའི་དོན་བྱེད་ནུས་པ་གཉིས་ཡོད་པ་ལས་ཕྱི་མའི་གཞན་སེལ་ལ་བུམ་པར་འཇོག་པའི་ཕྱིར་དང་། སྒྲ་ནི་རྫས་སུ་གྲུབ་སྟེ། ཉན་ཤེས་མངོན་སུམ་གྱི་བཟུང་དོན་ལ་སྒྲར་འཇོག་པའི་ཕྱིར་རོ། །མདོར་ན་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་བུམ་པའི་མཚན་ཉིད་དུ་འཇོག་པའི་ཚེ་བུམ་པའི་རྡུལ་རྫས་གཞན་རྣམས་དང་ལྷན་ཅིག་ཏུ་ཚོགས་པའི་བུམ་པའི་དྲི་དེ་བུམ་པར་ཁས་ལེན་དགོས་ཏེ། དེ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པའི་ཕྱིར། དཔེར་ན་སྔོན་པོའི་རྡུལ་ཕྲན་གཞན་རྣམས་དང་ལྷན་ཅིག་ཏུ་ཚོགས་པའི་སྔོན་པོའི་རྡུལ་ཕྲན་རེ་རེས་ཀྱང་རང་འབྲས་དབང་ཤེས་བསྐྱེད་ནུས་པ་བཞིན་ནོ། །དེས་ན་ཐ་སྙད་དུ་བུམ་པ་ཆུ་སྐྱོར་བའི་དོན་བྱེད་ནུས་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །མཁས་པ་ཁ་ཅིག རྣམ་འགྲེལ་གྱི་དགོངས་པ་ལ་མིང་ཚིག་རྫས་སུ་མ་གྲུབ་ཀྱང་ཡི་གེ་རྫས་སུ་གྲུབ་སྟེ། མིང་ཚིག་གཉིས་ཀྱི་རྩོམ་གཞི་ཡིན་པའི་ཕྱིར་དང་། རང་རྒྱུ་ཀུན་སློང་ཤེས་པ་ལས་རིམ་བཞིན་དུ་སྐྱེས་པའི་ཕྱིར་དང་། རང་འབྲས་ཉན་ཤེས་རིམ་བཞིན་དུ་བསྐྱེད་བྱེད་ཡིན་པའི་ཕྱིར། དེས་ན་ཡི་གེའི་བདག་ཉིད་ཀུན་མཐའ་ཡང་ཅེས་པའི་གཞུང་གིས་ཡི་གེའི་ཐུང་མཐའ་ཨ་ཐུང་ལྟ་བུ་ལའང་སྐད་ཅིག་དུ་མ་ཡོད་པར་བསྟན་གྱི་ཆ་ཤས་རེ་རེ་བ་རྣམས་ཡི་གེ་མ་ཡིན་པར་མ་བསྟན་ནོ་ཞེས་བཞེད་དོ། །འོ་ན་མིང་ཆོས་ཅན། རྫས་སུ་གྲུབ་པར་ཐལ། ཚིག་གི་རྩོམ་གཞི་ཡིན་པའི་ཕྱིར། གསུམ་ཆར་ཁས་སོ། །ཡི་གེ་ཀུན་སློང་ཤེས་པ་ལས་ཞེས་སོགས་ཀྱི་གཞུང་ཡི་གེ་རྫས་སུ་གྲུབ་པའི་སྒྲུབ་བྱེད་དུ་མི་རུང་སྟེ། ལུང་དེའི་དོན་ནི་ཡི་གེའི་ཆ་ཤས་རེ་རེ་བ་རྣམས་ཀུན་སློང་ཤེས་པ་ལས་རིམ་བཞིན་སྐྱེ་བ་དང་། ཉན་ཤེས་རིམ་ཅན་དུ་བསྐྱེད་པའི་དོན་ཡིན་པའི་ཕྱིར་ཏེ། ཡི་གེའི་ཐུང་མཐའ་ཨ་ཐུང་ལྟ་བུའི་ཆ་ཤས་རྣམས་ཀྱང་ཉན་ཤེས་སྐད་ཅིག་མ་དུ་མས་རིམ་ཅན་དུ་ཐོས་པའི་ཕྱིར་ཏེ། བློ་ཡང་སྐད་ཅིག་དེ་ཡི་ཕྱིར། །ཡི་གེ་རིམ་གྱིས་རྟོགས་པར་འགྱུར། །ཞེས་གསུངས་པའི་ཕྱིར། ཡི་གེའི་ཆ་ཤས་རེ་རེ་བ་རྣམས་ཡི་གེ་ཡིན་པ་མི་འཐད་དེ། ཡི་གེའི་ཐུང་མཐའ་ཨ་ཐུང་ལྟ་བུ་གཅིག་ལ་ཆ་ཤས་དུ་མ་ཡོད་པའི་ཆ་ཤས་རེ་རེ་ཡང་མིག་འཛུམ་པའི་ཡུན་ཚད་དུ་གནས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །འོ་ན་སྔོན་པོའི་རྡུལ་ཕྲན་རེ་རེ་བ་ཡང་སྔོན་པོ་མིན་པར་མཚུངས་སོ་སྙམ་ན། དེ་ནི་ཐུགས་རྩིང་བའི་རྣམ་འགྱུར་ཏེ། སྔོན་པོའི་རྡུལ་ཕྲན་དུ་མ་ཅིག་ཆར་ཚོགས་ནས་རང་འབྲས་དབང་ཤེས་བསྐྱེད་པ་ཡིན་ལ། ཡི་གེའི་ཆ་ཤས་སྐད་ཅིག་སྔ་ཕྱི་རྣམས་ཅིག་ཆར་ཚོགས་ནས་རང་འབྲས་དབང་ཤེས་བསྐྱེད་པར་མི་སྲིད་པའི་ཕྱིར། ཆོས་ཀྱི་གྲགས་པའི་གཞུང་ལུགས་མ་དཀྲུགས་ཤིག གསུམ་པ་སྤྱི་དངོས་མེད་དུ་འདོད་པའི་ལུགས་གཞན་དགག་པ་ལ། དངོས་དང་། རྩོད་པ་སྤང་གཉིས་ལས། དང་པོ་ནི། ཁ་ཅིག་སྤྱི་ཡིན་ན་དངོས་མེད་ཡིན་དགོས་ཤིང་། རང་གི་བྱེ་བྲག་དུ་མ་གྲུབ་ན་སྤྱི་ཡིན་པས་ཁྱབ་པ་སྡེ་བདུན་གྱི་དགོངས་པ་ཡིན་ལ་དེས་ན་གཟུགས་སྒྲ་ལ་སོགས་པ་དང་། མེ་ཆུ་ལ་སོགས་པ་དང་། བུམ་སྣམ་ལ་སོགས་པ་ཐམས་ཅད་ཀྱང་རྟག་པ་ཡིན་ནོ་ཞེས་ཟེར་རོ། །འདི་དགག་པ་ལ། མངོན་སུམ་དང་། དངོས་སྟོབས་རྗེས་དཔག་དང་། ལུང་དང་། ཁས་བླངས་དང་། རང་ཚིག་གིས་གནོད་པ་དང་ལྔ་ལས། དང་པོ་ནི། སྒྲ་ཆོས་ཅན། ཉན་ཤེས་མངོན་སུམ་གྱིས་ཁྱོད་མཉན་བྱ་ཡིན་པར་མ་གྲུབ་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། འདོད་ན་སྒྲ་མཉན་བྱ་མིན་པ་དེ་ཉན་ཤེས་མངོན་སུམ་གྱི་བསལ་བ་མིན་པར་ཐལ་ལོ། །གཉིས་པ་ནི་སྒྲ་རྟག་པ་ཡིན་པ་ལ་དངོས་སྟོབས་རྗེས་དཔག་གིས་གནོད་དེ། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་གྲུབ་པའི་ཕྱིར། གསུམ་པ་ནི། གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་པའི་ཕྱིར་ཞེ་ན། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །ཅེས་དང་། གང་ཡོད་དེ་འཇིག་བུམ་པ་བཞིན། །སྒྲ་ཡང་ཡོད་ཅེས་རང་བཞིན་རྟགས། །ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་། རིག་བྱེད་པས་རིག་སྒྲ་རྟག་པར་འདོད་པ་དེ་དཔལ་ལྡན་ཆོས་གྲགས་ཀྱི་རིགས་པའི་རྣམ་གྲངས་དུ་མས་འགོག་པ་དེ་མི་འཐད་པར་ཐལ། རིག་སྒྲ་རྟག་པ་ཡིན་པ་དེ་དོན་ལ་གནས་པའི་ཕྱིར། བཞི་པ་ནི། གལ་ཏེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་སྒྲ་རང་མཚན་པ་དེ་མི་རྟག་པར་སྒྲུབ་པ་ཡིན་པས་གོང་དུ་གསུངས་པའི་ལུང་དང་འགལ་བའི་སྐྱོན་མེད་དོ་ཞེ་ན། འོ་ན་སྒྲའི་གཞན་སེལ་ལ་རང་མཚན་དུ་རློམ་པ་ལ་དགག་སྒྲུབ་དངོས་སུ་བྱེད་པ་ཡིན་ནམ། རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་པ་ཡིན། དང་པོ་ལྟར་ན། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་མི་སྒྲུབ་པར་སྒྲ་རང་མཚན་པ་མི་རྟག་པར་སྒྲུབ་པར་འདོད་པ་དང་ཁས་བླངས་འགལ་ཞིང་། ཕྱི་མ་ལྟར་ན་སོང་ཚོད་ཀྱི་རྟགས་ཆོས་དོན་གསུམ་གཞན་སེལ་དུ་འདོད་པ་དང་འགལ་ལོ། །གཞན་ཡང་རང་གི་ཚད་མར་ཁས་བླངས་པའི་གཞུང་ལུགས་ལས། རྫས་དང་ལྡོག་པ་སྤྱི་བྱེ་བྲག །སྒྲུབ་དང་གཞན་སེལ་རྟོག་མི་རྟོག །གཞན་དག་རྣམ་བཞག་གཞན་དུ་འཆད། །ཁོ་བོ་གཞུང་བཞིན་འཆད་པར་འདོད། །ཞེས་པའི་འགྲེལ་པར། རྫས་དང་སྤྱི་ནི་ཡུལ་དང་། རྟོག་པ་དང་རྟོག་མེད་གཉིས་བློ་དང་། སྣང་བ་དང་སེལ་བ་གཉིས་འཛིན་སྟངས་སུ་སོ་སོར་ངེས་པར་བཤད་པ་དང་འགལ་ཏེ། དངོས་པོ་དང་རྫས་ལ་སོགས་པ་རྣམས་སྤྱིར་ཁས་བླངས་པའི་ཕྱིར་རོ། །ལྷོ་པ་ཐམས་ཅད་མཁྱེན་པས་མཛད་པའི་ཆོས་རྗེའི་རྣམ་ཐར་ལས། ཁ་ཆེ་པཎ་ཆེན་གྱི་ཞལ་ནས། ཙམ་ཙམ་མང་པོ་ངས་མི་ཤེས་སྔོན་པོ་དོན་ལ་ཡོད་ཅེས་གསུངས་པས་གཞན་སེལ་གྱི་གནད་ཐམས་ཅད་གོ་བར་གསུངས་པ་དང་ཡང་འགལ་ཏེ། སྔོན་པོ་སྤྱིར་ཁས་བླངས་པའི་ཕྱིར་རོ། །འོ་ན་དེས་གཞན་སེལ་གྱི་གནད་ཐམས་ཅད་གོ་བའི་ཚུལ་ཇི་ལྟར་སྙམ་ན། སྔོན་པོ་དང་སྒྲ་ལ་སོགས་པ་རྣམས་དོན་རང་མཚན་གྱི་སྟེང་ནས་རང་རང་གི་གནས་ཚུལ་ཇི་ལྟ་བ་བཞིན་གནས་པས་དགག་སྒྲུབ་བྱར་མེད་ཀྱང་། སྔོན་པོ་སྔོ་མ་ཡིན་དང་། སྒྲ་རྟག་པ་ལ་སོགས་པར་སྒྲོ་འདོགས་པ་ཡོད་པས་སྒྲོ་འདོགས་ཇི་སྙད་ཡོད་པ་དེ་དག་བསལ་བའི་ཆེད་དུ་དགག་སྒྲུབ་བྱེད་པ་ཡིན་ལ་དེའི་ཚེ་སྒྲ་མི་རྟག་པར་སྒྲུབ་པས་གཞན་སེལ་གྱི་བློ་ངོའི་སྒྲ་རྟག་པ་དེ་བསལ་བ་ཡིན་ལ། དེ་ལ་ཡང་རྫས་དང་ལྡོག་པ་སོ་སོར་མ་ཕྱེ་བའི་སྒྲ་ཙམ་མི་རྟག་པར་བསྒྲུབ་ཅེས་པའི་དོན་ཡིན་ནོ། །དེས་ན་སྒྲ་རྟག་པར་འདོད་པ་དག་གིས་ནི། དོན་ལ་གནས་པའི་སྒྲ་དང་། སེལ་ངོའི་སྒྲ་གཉིས་གཅིག་ཏུ་བཟུང་བ་ཡིན་པས་འཇུག་པའི་ཚེ་དེ་ལྟར་རུང་ཡང་། གནས་ལུགས་འཆད་པའི་ཚེ་དེ་ལྟར་བྱས་ན་གཞན་སེལ་གྱི་གནད་མ་གོ་བ་སྟེ། བདག་ཉིད་ཆེན་པོའི་ཞལ་ནས། འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་པས་ཐོབ། །ཞེས་གསུངས་པའི་ཕྱིར། ལྔ་པ་ནི། སྒྲ་རྟག་ཅེས་སྨྲས་པ་ན། དངོས་སུ་སྒྲ་རྟག་པར་སྨྲས་ཤིང་། སྒྲ་ཞེས་སྨྲས་པའི་ཤུགས་ལ་མི་རྟག་པར་སྨྲས་པའོ། །གཉིས་པ་ནི། འོ་ན་ཤིང་རྫས་སུ་གྲུབ་ན། དེ་ཤ་པ་དང་རྫས་གཅིག་དང་རྫས་ཐ་དད་གང་ཡིན་ཅེ་ན། ཚད་མ་དེ་མངོན་སུམ་དང་རྗེས་དཔག་གང་ཡིན་ཅེས་འདྲི་བར་བྱའོ། །གལ་ཏེ་རྟོག་པར་གྱུར་པའི་ཚད་མ་རྗེས་དཔག་དང་། རྟོག་མེད་དུ་གྱུར་པའི་ཚད་མ་མངོན་སུམ་ཡིན་ཅིང་། དེ་གཉིས་ལས་གཞན་དུ་གྱུར་པའི་ཚད་མ་མེད་དོ་ཞེ་ན། འོ་ན་ཤ་པ་ཡིན་པར་གྱུར་པའི་ཤིང་དེ་ཤ་པ་དང་རྫས་གཅིག་དང་། ཤ་པ་མ་ཡིན་པའི་ཤིང་དེ་ཤ་པ་དང་རྫས་གཞན་ཡིན་ཅིང་། དེ་གཉིས་ལས་གཞན་དུ་གྱུར་པའི་ཤིང་མེད་དོ་ཞེས་མཚུངས་པ་བསྒྲེའོ། །གལ་ཏེ་ཤིང་ཆོས་ཅན། ཤ་པ་དང་རྫས་གཅིག་དང་རྫས་གཞན་གང་རུང་ཡིན་པར་ཐལ། ཁྱོད་དང་ཤ་པ་གཉིས་ཀ་རྫས་སུ་གྲུབ་པའི་ཕྱིར་ཞེ་ན། འོ་ན་ཚད་མ་ཆོས་ཅན། མངོན་རྗེས་གང་རུང་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། བསྐལ་པའི་བར་དུ་མཚུངས་སོ། །གལ་ཏེ་སྤྱི་གསལ་རྫས་གཅིག་དང་རྫས་ཐ་དད་དཔྱད་ནས་བཀག་པས་སྤྱི་རྫས་སུ་གྲུབ་པ་མི་ཁེགས་པར་ཐལ། རྫས་སུ་གྲུབ་ན་རྫས་གཅིག་དང་རྫས་ཐ་དད་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར་ཅེ་ན། འོ་ན་ཟླ་བ་གཉིས་སྣང་གི་དབང་ཤེས་དེ་མངོན་སུམ་དང་རྗེས་དཔག་གང་ཡིན་དཔྱད་ནས་བཀག་པས་དེ་ཚད་མ་ཡིན་པ་མི་ཁེགས་པར་ཐལ། ཚད་མ་ཡིན་ན་མངོན་རྗེས་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར། འདི་ལ་དེང་སང་གི་བྱིས་པ་བསོད་ནམས་དང་བློ་གྲོས་གཉིས་ཀ་མཉམ་དུ་དམན་ཞིང་། ཁྲེལ་དང་ངོ་ཚ་མཉམ་དུ་བོར། གཞུང་ལུགས་ཀྱི་དགོངས་པ་དང་འཇིག་རྟེན་ཕྱི་མ་གཉིས་མཉམ་དུ་དོར་བ་དུ་མ་དག་མགྲིན་ཅིག་ཏུ་ཚད་མའི་གྲངས་ངེས་ལ་ཁྱབ་པ་འཛིན་པ་ལ་ཕན་དུ་རེ་ནས་ཚད་མ་མངོན་སུམ་ཡིན་པར་སྨྲའོ། །སྒྲུབ་བྱེད་དྲིས་པས་ཚད་མ་ཆོས་ཅན། མངོན་སུམ་ཡིན་ཏེ། རང་མཚན་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། རང་མཚན་ཆོས་ཅན། ཚད་མ་ལ་གསལ་བར་སྣང་བར་ཐལ། ཚད་མའི་སྣང་ཡུལ་ཡིན་པའི་ཕྱིར་ཏེ། གཞི་གྲུབ་པའི་ཕྱིར། ཡང་གཞལ་བྱ་དེ་སྤྱི་མཚན་མ་ཡིན་པར་ཐལ། ཚད་མ་དེ་མངོན་སུམ་མིན་པའི་ཕྱིར། ཡང་ཚད་མ་ཆོས་ཅན། མངོན་སུམ་ཡིན་པར་ཐལ། མངོན་རྗེས་གང་རུང་གང་ཞིག རྗེས་དཔག་མིན་པའི་ཕྱིར། གང་ཞིག་མ་གྲུབ་ན། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་མ་ངེས་པར་ཐལ་ལོ་ཞེས་ཟེར་རོ། །འོ་ན་སྐྱེས་བུ་ཆོས་ཅན། འཕགས་པ་ཡིན་པར་ཐལ། བདག་མེད་མངོན་སུམ་དུ་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། མ་གྲུབ་ན། བདག་མེད་ཆོས་ཅན། སྐྱེས་བུས་མངོན་སུམ་དུ་རྟོགས་པར་ཐལ། སྐྱེས་བུའི་རྒྱུད་ཀྱི་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་ཏེ། གཞི་གྲུབ་པའི་ཕྱིར། རིམ་བཞིན་ཁས་བླངས་སོ། །གཉིས་པ་ལ་གཞལ་བྱ་དེ་སྤྱི་མཚན་མིན་པར་ཐལ། ཚད་མ་དེ་རྗེས་དཔག་མིན་པའི་ཕྱིར། སྒྲུབ་བྱེད་འདིའི་ཁྱབ་འབྲེལ་ལྟར་ན་འདི་དངོས་ཁས་ལེན་རིགས་སོ། །གསུམ་པ་ལ། སྐྱེས་བུ་ཆོས་ཅན། འཕགས་པར་ཐལ། སྐྱེ་འཕགས་གང་རུང་གང་ཞིག སོ་སྐྱེ་མིན་པའི་ཕྱིར། གང་ཞིག་མ་གྲུབ་ན། སྐྱེས་བུ་དེ་ལ་སྐྱེ་འཕགས་གཉིས་སུ་གྲངས་མ་ངེས་པར་མཚུངས་སོ། །འགྲོ་བ་ཆོས་ཅན། ངན་འགྲོ་ཡིན་པར་ཐལ། ངན་འགྲོ་དང་བདེ་འགྲོ་གང་རུང་གང་ཞིག བདེ་འགྲོ་མིན་པའི་ཕྱིར། དེ་ལ་སོགས་པ་མཐའ་ཡས་སོ། །དེས་ན་ཚད་མའི་གྲངས་ངེས་ལ་གནོད་ཀྱིས་དོགས་ནས་ཚད་མ་མངོན་སུམ་དུ་ཁས་ལེན་པ་ནི་ཕྱི་རོལ་པ་ལས་ཀྱང་དམན་ཏེ། ཕྱི་རོལ་པས་ཀྱང་ཡང་ན་རྗེས་དཔག་ཚད་མ་གཞི་མ་གྲུབ་པས་ཚད་མ་ཡིན་ན་མངོན་སུམ་ཡིན་པས་ཁྱབ་ཅེས་པ་དང་། ཡང་ན་ཁ་དོག་མི་རྟག་པར་རྟོགས་པའི་བློ་དང་ཁྱད་པར་མཐོང་བ་ངོ་ཤེས་ཀྱི་བློ་ལ་སོགས་པ་མངོན་རྗེས་གང་རུང་དུ་མ་འདུས་པའི་ཚད་མ་ཕུང་པོ་གསུམ་པར་འདོད་པའི་སྒོ་ནས་ཚད་མའི་གྲངས་ངེས་ལ་མཐོ་མཚམས་པར་སྣང་ཞིང་ཚད་མ་སྤྱི་ལྡོག་ནས་བཟུང་ནས་ཚད་མའི་གྲངས་ངེས་ལ་ཐོ་མཚམས་པ་སུ་ཡང་མ་བྱུང་བའི་ཕྱིར། དཔལ་ལྡན་ཆོས་གྲགས་ཀྱིས་ཀྱང་བཀག་པར་མ་ནུས་པའི་ལོག་སྨྲ་ཁྱོད་ནི་སུ་ཞིག་ཡིན། ཁོ་བོའི་ལུགས་ལ་ནི་སྔར་རྒོལ་དཔལ་ལྡན་ཆོས་གྲགས་དང་། ཕྱིར་རྒོལ་རིགས་པ་ཅན་པ་དང་བྱེ་བྲག་པ་ལ་སོགས་པའི་རྒོལ་བ་རྟོགས་ལྡན་རྣམས་ཀྱིས་གྲངས་ངེས་ཀྱི་རྣམ་བཞག་བྱེད་པའི་ཚེ་གྲངས་ངེས་ལ་ཁྱབ་པ་འཛིན་པ་གཞུང་ལུགས་ཀྱི་དགོངས་པ་སྟེ། དེ་དག་ནི་བློ་རྩེ་གཏད་མཚམས་མེད་པར་ཚིག་ཙམ་ལ་མངོན་པར་ཞེན་ནས་དགག་སྒྲུབ་ཀྱི་རྣམ་བཞག་མི་བྱེད་ཀྱི་མཚན་གཞི་འདི་འདྲ་བ་ཞིག་ཅེས་བཟུང་ནས་ཚད་མའི་གྲངས་ངེས་ཀྱི་ཁོངས་སུ་འདུས་མ་འདུས་ཀྱི་དགག་སྒྲུབ་བྱེད་པའི་ཕྱིར་རོ། །དེང་སང་གི་བྱིས་པ་དབྱེ་གཞི་གཅིག་ལ་ཡ་གྱལ་གྱི་གྲངས་ངེས་བྱེད་པའི་ཚེ་དབྱེ་གཞི་དེ་དབྱེ་བའི་ཡ་གྱལ་གང་དུ་འདུས་ཞེས་འདྲི་བ་རྣམས་ཀྱི་ངོར་རེ་ཞིག་ཚད་མ་ཡིན་ན་མངོན་རྗེས་གང་རུང་ཡིན་པས་མ་ཁྱབ་ཅེས་སྨྲ་དགོས་སོ། །དེའི་ཚེ་རྫས་སུ་གྲུབ་ན་རྫས་གཅིག་དང་རྫས་ཐ་དད་གང་རུང་ཡིན་པས་མ་ཁྱབ་ཀྱང་། གོང་དུ་སྤྱི་གསལ་རྫས་གཅིག་དང་རྫས་ཐ་དད་དཔྱད་ནས་དགག་པའི་ཉེས་པ་རྣམས་རང་ལ་མི་མཚུངས་ཏེ། གཞན་གྱིས་ནི་ཤིང་དེ་ཤིང་གསལ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ཡང་ཡིན་ལ། རྫས་སུ་གྲུབ་པ་ཡང་ཡིན་པའི་གཞི་མཐུན་དུ་ཁས་བླངས་ལ། ཁོ་བོས་ནི་ཤིང་རྫས་གྲུབ་ཏུ་ཁས་བླངས་ཀྱང་ཤིང་གསལ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ཁས་མ་བླངས་པའི་ཕྱིར་རོ། །འདི་ལ་ཡང་རྒོལ་བ་རྟོགས་ལྡན་གྱིས་འཇོག་ཚུལ་ནི་སྔར་བཞིན་ནོ། །ཡང་ཁ་ཅིག དངོས་པོ་གཞིར་བཞག་གི་སྤྱི་གསལ་རྣམས་རྫས་གཅིག་ཡིན་ཀྱང་གཞུང་ལས་སྤྱི་གསལ་རྫས་གཅིག་པ་བཀག་པ་རྣམས་རང་ལ་མི་མཚུངས་ཏེ། གཞན་གྱིས་ནི་ཕྱིས་ཡོད་ཆ་དང་ལྡན་པའང་མིན་ཅེས་པ་ལྟར་དུ་སྤྱི་ཆ་མེད་དུ་ཁས་བླངས་པས་སྤྱི་གསལ་གཉིས་པོ་ཆ་མེད་རྫས་གཅིག་ཏུ་ཁས་ལེན་དགོས་ཤིང་ཁས་ཀྱང་བླངས་པ་ཡིན་པས་དེ་བཀག་པ་ཡིན་གྱི་སྤྱི་གསལ་གཉིས་པོ་རྫས་གཅིག་ཡིན་པ་ཙམ་བཀག་པ་ནི་མ་ཡིན་ནོ་ཞེས་དང་། ཁ་ཅིག་དེ་གཉིས་དབྱེར་མེད་རྫས་གཅིག་ཡིན་པ་བཀག་པ་ཡིན་ནོ་ཞེས་དང་། ཁ་ཅིག་དེ་གཉིས་གྲུབ་བདེ་རྫས་གཅིག་དང་། ཁྱབ་མཉམ་རྫ་གཅིག་དང་། ཡིན་ཁྱབ་མཉམ་རྫས་གཅིག་ཡིན་པ་བཀག་པ་ཡིན་ནོ་ཞེས་ཟེར་བའི་ལུགས་ལྔ་ཡོད་པ་ལས། དང་པོ་ལ་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ཆོས་ཅན། སྔོན་པོའི་རྡུལ་ཕྲན་དང་ཆ་མེད་རྫས་གཅིག་ཡིན་པར་ཐལ། ཕྱོགས་ཀྱི་ཆ་མེད་གང་ཞིག དེ་དང་རྫས་གཅིག་ཡིན་པའི་ཕྱིར། གཉིས་པ་ལ་དབྱེར་མེད་རྫས་གཅིག་གི་དོན་དེ་རྫས་དབྱེར་མེད་པ་ལ་བྱེད་དམ། ལྡོག་པ་དབྱེར་མེད་པ་ལ་བྱེད། དང་པོ་ལྟར་ན་ཤིང་ཆོས་ཅན། ཤ་པ་དང་དབྱེར་མེད་རྫས་གཅིག་ཏུ་ཐལ། ཤ་པ་དང་རྫས་གཅིག་པ་གང་ཞིག རྫས་གཅིག་ཡིན་ན། རྫས་དབྱེར་མེད་ཡིན་དགོས་པའི་ཕྱིར། གཉིས་པ་ལྟར་ན་དེ་གཉིས་ལྡོག་པ་དབྱེར་མེད་ཡིན་པ་ཕྱི་རོལ་པས་ཀྱང་ཁས་མི་ལེན་པས་དེ་བཀག་པ་དོན་མེད་དོ། །གསུམ་པ་ལྟར་ན་གྲུབ་བདེ་རྫས་གཅིག་པའི་དོན་གང་ལ་བྱེད་ཅེས་དྲིས་པས། རྫས་གཅིག་པ་གང་ཞིག སྐྱེ་འཇིག་ཅིག་ཆར་དུ་བྱེད་པའོ་ཞེ་ན། ཤིང་ཆོས་ཅན། ཤ་པ་དང་གྲུབ་བདེ་རྫས་གཅིག་ཡིན་པར་ཐལ། དེ་དང་རྫས་གཅིག་པ་གང་ཞིག དེ་དང་སྐྱེ་འཇིག་ཅིག་ཆར་བྱེད་པའི་ཕྱིར། མ་གྲུབ་ན། ཤིང་ཆོས་ཅན། ཁྱོད་རྟག་པ་ཡིན་པར་ཐལ། ཁྱོད་ཤ་པ་དང་དུས་མཉམ་པའི་རྫས་གང་ཞིག ཤ་པ་ཞིག་པའི་ཚེ་ཁྱོད་མ་ཞིག་པར་གནས་པའི་ཕྱིར། དེས་ན་རྫས་གཅིག་ལ་གྲུབ་བདེ་རྫས་གཅིག་གིས་མ་ཁྱབ་པར་ཁས་བླངས་པ་དག་གིས་ནི་རྟག་དངོས་ཁས་བླང་དགོས་ཏེ། ད་ལྟ་རྫས་གཅིག་ཏུ་ཡོད་པའི་དངོས་པོ་གཉིས་སྐད་ཅིག་གཉིས་པར་གཅིག་ཞིག་ནས་གཅིག་ཤོས་གནས་པར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་ལྕགས་གོང་དམར་འབར་བར་སོང་བའི་ཚེ་ལྕགས་རྡུལ་དང་མེ་རྡུལ་རྫས་གཅིག་ཡིན་ན་ཕྱིས་ལྕགས་དམིགས་ནས་མེ་རྡུལ་མ་དམིགས་པ་མིན་ནམ་ཞེ་ན། དེ་ནི་རྒྱུན་དང་སྐད་ཅིག་མ་ཕྱེད་པའི་གཏམ་སྟེ། དམར་འབར་བར་སོང་བའི་དུས་ཀྱི་ལྕགས་རྡུལ་དང་མེ་རྡུལ་གཉིས་ཀ་ཡང་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་ཟིན་ལ། ཕྱིས་ཀྱི་ལྕགས་རྡུལ་དེ་སྔར་གྱི་མེ་རྡུལ་རྫས་གཅིག་ཏུ་ནི་ཁས་མ་བླངས་པའི་ཕྱིར་རོ། །བཞི་པ་དང་ལྔ་པ་ཡང་མི་འཐད་དེ། གྲངས་ཅན་པས་ཀྱང་སྤྱི་གསལ་ཁྱབ་མཉམ་དང་ཡིན་ཁྱབ་མཉམ་དུ་མི་འདོད་པའི་ཕྱིར་ཏེ། དེས་ཀྱང་བ་སྤྱི་ཡོད་ན་བ་ལང་དཀར་ཟལ་ཡོད་པས་ཁྱབ་པར་ཡང་མི་འདོད་ཅིང་། སྤྱི་གཙོ་བོ་དང་གསལ་བ་རྣམས་ཡིན་ཁྱབ་མཉམ་དུ་ཡང་མི་འདོད་པའི་ཕྱིར་རོ། །གཉིས་པ་ལུང་གིས་དགག་པ་ནི། རྣམ་འགྲེལ་ལས། སྤྱི་ཡི་བློ་ཡང་བསླད་པ་ཡིན། །ཞེས་བྱ་བ་དང་། རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱིས། །སྒྲ་ཡི་དོན་ནི་བཏགས་པ་ཡིན། །ཞེས་གསུངས་པ་དང་། སྤྱི་ནི་དངོས་མེད་ངོ་བོ་ཡིན། །དེ་ཕྱིར་དེ་དབང་སྤྱོད་ཡུལ་མིན། །དེས་ན་སྤྱི་ཡི་ཆོས་རྣམས་ནི། །མངོན་སུམ་མིན་པར་གྲུབ་པའི་ཕྱིར། །ཞེས་གསུངས་པ་དང་། ཕྱེད་དང་བཞི་པ་ལས། གཞན་ཡང་སྤྱི་དོན་གཞན་དུ་རྟོག་པ་འདི་རང་གི་རྟེན་ཙམ་ལ་ཡོད་པའམ། ནམ་མཁའ་ལ་སོགས་པ་དང་འདྲ་བར་ཐམས་ཅད་ན་ཡོད་པར་འགྱུར་གྲང་ན། དེ་ལ་གལ་ཏེ་རང་གི་རྟེན་ཙམ་ལ་ཡོད་པར་གྱུར་པ་དེའི་ཚེ་ས་ཕྱོགས་བུམ་པ་ལ་སོགས་པས་སྟོང་པ་དག་ཏུ་བུམ་པ་ལ་སོགས་པ་བྱུང་བ་ན་ཡུལ་ཐ་དད་པ་ཅན་གྱི་རྫས་ལ་ཡོད་པའི་སྤྱི་དེ་ནི་ཇི་ལྟར་དེ་དག་ལ་ཡོད་པར་འགྱུར་ཏེ། གང་གི་ཕྱིར་དེ་ནི་རྫས་སྔ་མ་ལས་སྐྱེ་བར་འགྱུར་བའི་རྫས་ལ་མི་འགྲོ་སྟེ་བྱེད་པ་མེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གང་གི་ཕྱིར་གཞན་ལ་གནས་པའི་དངོས་པོ་དེ་ལས་མི་གཡོ་བ་དེ་གཉིས་ཀའི་བར་ལ་ཁྱབ་པ་མ་ཡིན་པ་ནི་ཡུལ་ཐ་དད་པའི་དངོས་པོ་དང་ལྡན་པས་མ་ཡིན་ནོ་ཞེས་གསུངས་པ་དང་། དེས་ན་ལྷན་ཅིག་སྐྱེ་བ་དང་འཇིག་པ་དག་ལ་ཐམས་ཅད་ལ་ཐམས་ཅད་ཉེ་བར་སྦྱོར་བར་འགྱུར་རོ། །དེ་ལྟ་མིན་ན་གཅིག་ཅེས་བྱ་བ་ཉིད་དུ་མི་འགྱུར་བའམ། མིང་ཐ་དད་པར་ཟད་དེ་དོན་ཁས་བླངས་ནས་དེ་སྐད་དུ་བརྗོད་པའི་ཕྱིར་རོ་ཞེས་གསུངས་པ་དང་། ཡང་དེ་ལ་ཡང་སྐྱེ་བ་མེད་པས་འགའ་ཞིག་ལས་འོངས་པ་མེད་པ་དེ་ལྟ་ན་བླུན་པོ་ལས་འགལ་བའི་ཁུར་སུས་འདེགས་ནུས་ཞེས་དང་། གཞན་ཡང་འདིས་མི་རིགས་པ་ཅི་ཞིག་མངོན་པར་སྤྱད་ནས་དེ་ལྟར་དུབ་པ་མང་པོའི་སྤྱི་སྨྲ་བ་ལ་བརྟེན་པ་ཡིན་ཅེས་གསུངས་སོ། །གཞན་ཡང་བསྟན་བཅོས་རྩ་བར། བརྗོད་བྱ་ཉིད་དེ་དངོས་མ་ཡིན། །ཞེས་སོགས་སྤྱི་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་གསུངས་པ་དང་། དེ་མི་རུང་ཕྱིར་རང་བཞིན་མེད། །དེ་ནི་དངོས་མེད་མཚན་ཉིད་ཡིན། །ཞེས་དང་། དེའི་འགྲེལ་པར། ལྷས་མི་རུང་བ་ཉིད་ཀྱང་ཅིའི་ཕྱིར་དངོས་པོ་མེད་པ་ཡིན་ཞེ་ན། འདི་ལྟར་དངོས་མེད་མཚན་ཉིད་ཡིན། །འདི་ལྟ་སྟེ་དོན་བྱེད་པའི་ནུས་པ་ཐམས་ཅད་དང་བྲལ་བ་འདི་ནི་མེད་པའི་མཚན་ཉིད་ཡིན་ནོ། །སྤྱི་ལ་ཡང་ཡོད་པ་དེ་ལྟ་ན་དངོས་པོ་མེད་པའོ། །དེ་ལྟར་ན་སྤྱི་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བར་གནས་སོ་ཞེས་དང་། ཇི་སྐད་བཤད་པ་ལས་བཟློག་ཡིན། །དེ་ནི་རང་གི་མཚན་ཉིད་འདོད། །ཅེས་པའི་འགྲེལ་པར། ལྷས། ཇི་སྐད་དུ་བཤད་པ་ལས་བཟློག་པ་དང་། བརྗོད་པར་བྱ་བ་མ་ཡིན་པ་གང་ཡིན་པ༡་་དེ་ཉིད་དང་། གཞན་ཉིད་དུ་བརྗོད་པར་བྱ་བ་༢གཉིས་མེད་པའི་དོན་སྣང་བ་ཁྱད་པར་མེད་པའི་ཤེས་པའི་ཡུལ་མ་ཡིན་པ༣་མཚུངས་པ་མ་ཡིན་ཅིང་༤ཐུན་མོང་མ་ཡིན་པ་༥གང་ཡིན་པ། བརྡ་དྲན་པ་ལ་ལྟོས་པ་མེད་པའི་རྟོགས་པ་ཅན་༦དུ་རང་འཛིན་པའི་ཤེས་པ་ལ་གཞན་གྱི་ངོ་བོས་དབེན་པར་སྣང་བ་གང་ཡིན་པ་དང་༧། དོན་བྱེད་པར་ནུས་པ་གང་ཡིན་པ་༨་དེ་ནི་རང་གི་མཚན་ཉིད་ཡིན་པར་འདོད་དོ་ཞེས་དང་། དོན་བྱེད་ནུས་པ་གང་ཡིན་པ་དེ་ཉིད་དོན་དམ་ཡོད་པ་ཡིན་ཞེས་པའི་རང་འགྲེལ་དུ། དེ་བས་ན་ཁྱད་པར་བསྐྱེད་པར་བྱེད་པ་ཡིན་གྱི་སྤྱི་ནི་མ་ཡིན་ནོ་དེའི་ཕྱིར་དེ་ཁོ་ན་དངོས་པོ་ཡིན་ཏེ། དེ་ལྟར་དོན་བྱེད་ནུས་པ་གང་ཡིན་པ་དེ་ཉིད་དོན་དམ་པར་ཡོད་པ་ཡིན་ཞེས་པ་ནས་དངོས་པོ་ནི་ཁྱད་པར་ཁོ་ན་ཡིན་ཏེ། དེ་ཁོ་ན་ལས་དེ་གྲུབ་པའི་ཕྱིར་ཞེས་སོ། །དེའི་འགྲེལ་བཤད་དུ་ཤཱཀྱ་བློས། ཁྱད་པར་ཁོ་ན་བསྐྱེད་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་བསྐྱེད་པར་བྱེད་པ་དེ་ཉིད་ཀྱི་ཁྱད་པར་དེ་ཁོ་ན་དངོས་པོ་ཡིན་ཏེ། དངོས་པོ་དོན་དམ་པར་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་དང་། དེ་ཁོ་ན་ཉིད་ལས་ཞེས་བྱ་བ་ནི་ཁྱད་པར་ཉིད་ལས་སོ། །དེ་གྲུབ་པ་ནི་དོན་བྱེད་པར་གྲུབ་པའི་ཕྱིར་རོ་ཞེས་གསུང་། ལུང་དེ་དག་གིས་ནི་དངོས་པོ་ཡིན་ན་སྤྱི་མ་ཡིན་པས་ཁྱབ་ཅིང་། སྤྱི་ཡིན་ན་དངོས་མེད་ཡིན་པས་ཁྱབ་པར་བསྟན་ནོ། །རྫས་གཅིག་ཡིན་ན་སྐྱེ་འཇིག་ཅིག་ཆར་བྱེད་པས་ཁྱབ་པའི་ལུང་ནི། ཐ་དད་པ། མེད་ན་ཅིག་ཆར་སྐྱེ་འཇིག་འགྱུར། །ཞེས་པའི་རང་འགྲེལ་དུ། རང་བཞིན་ལ་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར། རང་གི་བདག་ཉིད་བཞིན་དུ་སྣ་ཚོགས་པའི་རྣམ་པར་དབྱེ་བ་སྐྱེ་བ་དང་གནས་པ་དང་། འགག་པ་ལ་སོགས་པར་མི་འགྱུར་རོ་ཞེས་དང་། དེའི་འགྲེལ་བཤད་དུ་ཤཱཀྱ་བློས་ཕན་ཚུན་ཐ་དད་པ་མེད་པའི་ཕྱིར། གཅིག་འཇིག་པ་ན་ཕན་ཚུན་ཐམས་ཅད་ཅིག་ཆར་འཇིག་པ་དང་། སྐྱེ་བ་ན་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ་ཞེས་དང་། སྣ་ཚོགས་པ་སྟེ་དངོས་པོའི་ཚོགས་ཐམས་ཅད་ཀྱིས་ཅིག་ཆར་རང་བཞིན་ལས་ཐ་དད་མེད་པའི་ཕྱིར། རྣམ་པར་དབྱེ་བ་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ཅིག་སྐྱེ་བ་ན་གཞན་མི་སྐྱེ་བ་དང་། གཅིག་གནས་པ་ན་གཞན་འགག་པ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་དབྱེ་བས་སྐྱེ་བ་ལ་སོགས་པར་མི་འགྱུར་གྱི་ཅིག་ཆར་ཉིད་དུ་འགྱུར་རོ། །རང་གི་བདག་ཉིད་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་གནས་སྐབས་ཀྱི་ཁྱད་པར་རྣམ་པར་དབྱེ་བ་སྐྱེ་བ་ལ་སོགས་པ་མ་ཡིན་པར་ལྟ་བུ་སྟེ། དེ་དང་འདྲ་བར་ཞེས་བྱ་བའི་དོན་ཏོ་ཞེས་དང་། སྣང་བའང་གཞན་ལ་མི་རྟེན་པས། །ཐ་དད་བྱེད་ཡིན་ཞེས་པའི་འགྲེལ་པར་འང་གི་སྒྲས་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་ལ་སོགས་པའི་ཁྱད་པར་དག་ཡིན་ནོ་ཞེས་དང་། དེའི་འགྲེལ་བཤད་དུ་ཤཱཀྱ་བློས། འང་གི་སྒྲས་ནི་སྐྱེ་བ་ལ་སོགས་པའི་ཐ་དད་པ་ཡང་ཐ་དད་བྱེད་པའོ་ཞེས་གསུངས་པ་རྣམས་སོ། །དེ་ལྟར་ལུང་གིས་དགག་པ་རྣམས་ནི་ཆོས་ཀྱི་གྲགས་པའི་གཞུང་ལུགས་ཁས་ལེན་བཞིན་དུ་སྤྱི་དངོས་པོ་བ་འདོད་པ་རྣམས་འགོག་པ་ཡིན་ལ། རིགས་པས་དགག་པ་རྣམས་ནི་དེ་དང་གྲངས་ཅན་གཉིས་ཀ་ཐུན་མོང་དུ་འགོགས་པ་ཡིན་ནོ། །དེ་ལ་གྲངས་ཅན་འགོག་པའི་ཚེ་ཤིང་སྤྱི་ཆོས་ཅན་དུ་བཟུང་ནས་ཤིང་གསལ་རྣམས་དང་རྫས་གཅིག་དང་རྫས་ཐ་དད་དཔྱད་ནས་དགག་པས་ཆོག་མོད་ཀྱི། བོད་དག་གིས་ཤིང་སྤྱི་དངོས་པོ་བར་མ་གྲུབ་ཀྱི་ཤིང་སྤྱི་དང་དངོས་པོའི་གཞི་མཐུན་ཡོད་པར་ཁས་ལེན་པ་ཡིན་ནོ་ཞེས་པའི་ཚིག་གི་སྒྲིབ་གཡོགས་ལྟར་ན་ཤིང་གསལ་རྣམས་ཀྱི་སྤྱིར་གྱུར་པའི་ཤིང་ཆོས་ཅན་དུ་བཟུང་ནས་དགག་པར་བྱའོ། །གཞན་ཡང་སྤྱི་དང་དངོས་པོའི་གཞི་མཐུན་ཡོད་ན། དེ་ཕྱིར་མཚུངས་ཉིད་སྤྱི་འདི་ལ། །དངོས་པོ་མེད་པའི་མཚན་ཉིད་ཡིན། །ཞེས་པའི་འགྲེལ་པར་ལྷས། གང་གི་ཕྱིར་དེ་ལྟར་སྤྱི་ཉིད་ཡིན་ལ་དངོས་པོའི་ངོ་བོ་ཉིད་མ་ཡིན་པ་དེའི་ཕྱིར་ན་མཚུངས་པ་ཉིད། སྤྱི་འདི་དངོས་མེད་མཚན་ཉིད་ཡིན། དངོས་པོ་ལ་མཚུངས་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ནི་མཇུག་བསྡུ་བའོ་ཞེས་དང་། དེ་ཉིད་ཀྱི་དོན། དེ་ནི་གཞན་ལས་ལོག་པ་ཡིན། །ཞེས་སོགས་ཀྱི་འགྲེལ་བཤད་དུ། ཤཱཀྱ་བློས། སྤྱི་ཞེས་བྱ་བའི་དངོས་པོར་གྱུར་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་གསུངས་པའི་དོན་དང་འགལ་མི་འགལ་སོམས་ཤིག གཉིས་པ་རང་ལུགས་ནི་ཁྱད་པར་གསུམ་ལྡན་གྱི་ཤིང་འཛིན་རྟོག་པའི་ངོར་ཤིང་མ་ཡིན་ལས་ལོག་པར་སྣང་བའི་གཞན་སེལ་ནི་སྤྱི་ཡིན་ཅིང་། དེ་ཉིད་ཤིང་གསལ་རྣམས་ལ་དོན་དམ་པར་མ་གྲུབ་ཀྱང་གཞན་སེལ་ཕྱིན་ཅི་མ་ལོག་པའི་བློ་ངོར་གྲུབ་པས་དེ་ལྟ་བུའི་སྤྱི་ཁེགས་ན་བྱེ་བྲག་ཁེགས་པ་དང་། བྱེ་བྲག་གྲུབ་ན་སྤྱི་གྲུབ་པས་དགག་སྒྲུབ་བྱེད་པ་ཡིན་ཏེ། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། །ཞེས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ནི་གལ་ཏེ་གཞན་སེལ་ལ་དགག་སྒྲུབ་བྱས་པས་རང་མཚན་རྟོགས་པར་མི་འགྱུར་ཏེ། གཞན་སེལ་ནི་དངོས་པོར་མེད་ལ་རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་མི་ནུས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གཞན་སེལ་ཕྱིན་ཅི་མ་ལོག་པའི་རྟོག་པས་དོན་དང་སེལ་བ་གཉིས་གཅིག་ཏུ་འཁྲུལ་ནས་དགག་བསྒྲུབ་བྱས་པས་འཇུག་ཡུལ་རང་མཚན་རྟོགས་པར་འགྱུར་བའི་ཕྱིར་རོ། །ཐ་དད་སྤྱི་ནི་སྣང་རུང་མེད་པས་ཁེགས། །གངས་ཅན་གྲངས་ཅན་རྫས་གཅིག་སྨྲ་བ་ནི། །ལུང་རིགས་བྱེ་བའི་ཟེར་གྱིས་བསལ་བྱས་ནས། །སེལ་བར་འདོད་པ་ས་སྐྱ་པ་ཡི་ལུགས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །སྤྱི་དང་བྱེ་བྲག་གི་རྟོགས་ཚུལ་བཤད་ཟིན་ཏོ།། །།

སྣང་བ་དང་སེལ་བ་རྟོགས་ཚུལ།

གཉིས་པ་སྣང་བ་དང་སེལ་བ་རྟོགས་ཚུལ་ལ། འཇུག་ཚུལ་སྤྱིར་བསྟན་པ་དང་། སོ་སོའི་རང་བཞིན་ངེས་པར་བྱ་བ་གཉིས་ལས། དང་པོ་ནི། རྟོག་མེད་ཤེས་པ་རང་ཡུལ་ལ་སྣང་བའི་སྒོ་ནས་འཇུག་སྟེ། སྣང་བ་ཙམ་གྱིས་བྱ་བ་རྫོགས་པའི་ཕྱིར། རྟོག་པ་ཐམས་ཅད་ནི་རང་ཡུལ་ལ་སེལ་བའི་སྒོ་ནས་འཇུག་སྟེ། སྣང་བ་ཙམ་གྱིས་བྱ་བ་མི་རྫོགས་པར་རིགས་མི་མཐུན་སེལ་བའི་བྱ་བ་བྱེད་པའི་ཕྱིར། དེ་ལྟར་གཉིས་ལས། སྣང་བ་ལ་འཁྲུལ་མ་འཁྲུལ་གཉིས། སེལ་བ་ལ་ཕྱིན་ཅི་ལོག་མ་ལོག་གཉིས་སུ་ཡོད་དོ། །གཉིས་པ་ལ་གཉིས་ཏེ། སྣང་སེལ་གྱི་རྣམ་བཞག་དངོས། ཞར་ལ་སེལ་འཇུག་དང་སྒྲུབ་འཇུག་དཔྱད་པའོ། །དང་པོ་ལ་སྣང་བ་དང་། སེལ་བ་གཉིས་ལས། དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རྟོག་མེད་ཤེས་པས་རང་ཡུལ་མཐོང་ཚུལ་གྱི་ཁྱད་པར་རོ། །གཉིས་པ་ལ། རྟོག་མེད་འཁྲུལ་བའི་སྣང་བ་དང་། མ་འཁྲུལ་བའི་སྣང་བ་གཉིས་ལས། དང་པོ་ནི། མཚན་ཉིད། རང་མཚན་མེད་པ་གསལ་བར་སྣང་བའི་བཟུང་རྣམ། དབྱེ་ན་དབང་ཤེས་འཁྲུལ་པའི་སྣང་བ་དང་། ཡིད་ཤེས་འཁྲུལ་པའི་སྣང་བ་གཉིས་སོ། གཉིས་པ་རྟོག་མེད་མ་འཁྲུལ་བའི་སྣང་བ་ལ་མཚན་ཉིད། དབྱེ་བ། མཚན་གཞི་ལ་མཚན་ཉིད་སྒྲུབ་པ་དང་གསུམ་ལས། དང་པོ་ནི། རྟོག་མེད་མ་འཁྲུལ་བའི་ཤེས་པ་ལ་རང་དུས་སུ་གསལ་བར་སྣང་བའི་སྣང་བ། གཉིས་པ་ལ་དབྱེ་ན་རང་རིག་མངོན་སུམ་གྱི་སྣང་བ་དང་། དོན་རིག་མངོན་སུམ་གྱི་སྣང་བ་གཉིས་སོ། །གསུམ་པ་ལ་ཡུལ་གྱི་གནས་ལུགས། བློའི་འཛིན་སྟངས། བློ་དོན་མཐུན་པར་སྒྲུབ་པ་དང་གསུམ་ལས། དང་པོ་ནི། བྱེ་བྲག་ཏུ་སྨྲ་བས། སྔོན་པོ་དང་དེའི་མི་རྟག་པ་རྫས་ཐ་དད་དུ་འདོད་དེ་སྔོན་པོ་དེ་གཟུགས་ཀྱི་ཕུང་པོ་དང་དེའི་མི་རྟག་པ་དེ་ལྡན་མིན་འདུ་བྱེད་གང་ཞིག ཕུང་པོ་ལྔ་པོ་དེ་རྫས་གཅིག་མིན་པའི་ཕྱིར། མངོན་པ་ཀུན་ལས་བཏུས་ལས་སྔོན་པོ་རྫས་ཡོད་དང་། དེའི་མི་རྟག་པ་བཏགས་ཡོད་དུ་འདོད་ཀྱང་འདིར་ནི་བཻ་ཌཱུརྻ་ལ་སོགས་པའི་སྔོན་པོ་གཅིག་གི་སྟེང་དུ་བྱས་པ་དང་། མི་རྟག་པ་ལ་སོགས་པ་དོན་ལ་རྫས་གཞན་ལྟ་ཞོག ལྡོག་པའང་ཐ་དད་དུ་མེད་དེ། དེ་གསུམ་ཐ་དད་དུ་སྣང་བ་ནི་རྟོག་པ་ཁོ་ན་ལ་སྣང་བ་ཡིན་གྱི་རྟོག་མེད་ཀྱི་ཤེས་པ་ལ་གཅིག་ཏུ་སྣང་བའི་ཕྱིར་ཏེ། ཤ་པ་དང་ཤུག་པ་གཉིས་ལ་དོན་ལ་ཐུན་མོང་གི་ཆོས་ཅུང་ཟད་མེད་དེ། ཤ་པའི་རྫས་ཡིན་ན་ཤུག་པའི་རྫས་མིན་དགོས། ཤུག་པའི་རྫས་ཡིན་ན། ཤ་པའི་རྫས་མིན་དགོས་པའི་ཕྱིར། གཉིས་པ་ནི། སྔོན་པོའི་བྱས་མི་རྟག་གཉིས་དོན་ལ་རྫས་གཞན་དུ་མེད་པའི་རྒྱུ་མཚན་གྱིས་དབང་ཤེས་ལ་གཅིག་ཏུ་སྣང་བ་ཡིན་ཏེ། སྔོ་འཛིན་དབང་མངོན་ལ་སྔོན་པོར་སྣང་བའི་ཚེ་དེའི་བྱས་མི་རྟག་གཉིས་གཅིག་ཏུ་སྣང་བའི་ཕྱིར། ཤབ་ཤུག་གཉིས་དོན་ལ་རྫས་གཅིག་མིན་པའི་རྒྱུ་མཚན་གྱིས་རྟོག་མེད་ཤེས་པ་ལ་ཐ་དད་དུ་སྣང་བ་ཡིན་ཏེ། དེ་ལ་ཤ་པ་སྣང་བའི་ཚེ་ཤུག་པ་མི་སྣང་བ་ཡང་ཡོད། ཤུག་པ་སྣང་བའི་ཚེ་ཤ་པ་མི་སྣང་བ་ཡང་ཡོད་པའི་ཕྱིར་དང་། དེ་གཉིས་གཅིག་ཆར་སྣང་བའི་ཚེ་རྫས་ཐ་དད་དུ་སྣང་བའི་ཕྱིར་རོ། །གསུམ་པ་ལ། མཐུན་ཚུལ་དངོས། དེ་སྒྲུབ་བྱེད་ཀྱི་རྟགས་འགོད་པ། དེས་ན་མངོན་སུམ་མ་ངེས་པར་གྲུབ་པ་དང་གསུམ། དང་པོ་ནི། རྟོག་མེད་མ་འཁྲུལ་བའི་ཤེས་པ་དང་། དེའི་ཡུལ་ཕྱི་དོན་གཉིས་པོ་ཡུལ་ཡུལ་ཅན་མཐུན་པ་ཡིན་ཏེ། ཕྱི་དོན་རྫས་གཅིག་ཏུ་ཡོད་ན་དེ་ལ་ཡང་དེ་ལྟར་དུ་སྣང་བ་དང་། དེ་རྫས་ཐ་དད་དུ་ཡོད་ན་དེ་ལ་ཡང་རྫས་ཐ་དད་དུ་སྣང་བའི་ཕྱིར། གཉིས་པ་ནི། གང་ངོ་བོ་དབྱེར་མེད་ཀྱི་རྫས་གཅིག་ཡིན་ན། མངོན་སུམ་ལ་མཐོང་མ་མཐོང་གི་ཆ་གཉིས་མེད་པས་ཁྱབ། དཔེར་ན་བཻ་ཌཱུརྻ་མཐོང་བ་ན་དེའི་སྔོན་པོ་མཐོང་བ་བཞིན། བུམ་པ་དང་དེའི་བྱས་མི་རྟག་གསུམ་ཀྱང་ངོ་བོ་དབྱེར་མེད་ཀྱི་རྫས་གཅིག་ཡིན་ནོ་ཞེས་པ་བཞིན་ནོ། །དེའི་ཕྱོགས་ཆོས་ནི་ལྟོས་མེད་ཀྱི་གཏན་ཚིགས་དང་གནོད་པ་ཅན་གྱི་རྟགས་ཀྱིས་གྲུབ་པ་ཡིན་ནོ། །ཁྱབ་པ་ནི་བཻ་ཌཱུརྻ་མཐོང་བ་ན་དེའི་སྔོན་པོ་མཐོང་བ་ཉམས་སུ་མྱོང་བས་གྲུབ་པ་ལ་བརྟེན་ནས་གྲུབ་པ་ཡིན་ནོ། །གསུམ་པ་ནི། མངོན་གསུམ་གྱིས་རང་ཡུལ་ངེས་པ་མེད་དེ། དེས་ཡུལ་དེ་མཐོང་བ་ཙམ་གྱིས་ཡུལ་དེ་ལ་ཚད་མར་གྱུར་པའི་ཕྱིར་ཏེ། རང་འགྲེལ་ལས། ད་ནི་མ་ངེས་པ་ཇི་ལྟར་མངོན་སུམ་གྱིས་བཟུང་བ་ཡིན་ཞེ་ན་ཞེས་སོགས་དང་། རྣམ་ངེས་ལས། བདེ་བ་ལ་སོགས་པའི་བདག་ཉིད་རང་རིག་པ་བརྗོད་པ་དང་མ་འབྲེལ་བ་དེ་ནི་མངོན་སུམ་གྱི་ཚད་མའོ་ཞེས་དང་། རིགས་ཐིགས་ལས། དེ་ལ་དང་པོར་ཡུལ་ཐུན་མོང་མ་ཡིན་པ་མཐོང་བ་གང་ཡིན་པ་ཁོ་ན་ཚད་མའོ་ཞེས་གསུངས་པའི་ཕྱིར། གལ་ཏེ། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་རང་སྟོབས་ཀྱིས་ངེས་པ་འདྲེན་པ་དང་། གཞན་སྟོབས་ཀྱིས་ངེས་པ་འདྲེན་པ་ལ་དགོངས་པའི་ཕྱིར། རང་ཡུལ་མ་ངེས་ན་ཚད་མར་མི་འགྱུར་རོ་ཞེ་ན། འདིའི་ལན་ལ་ཁ་ཅིག མངོན་སུམ་ལ་རྟོག་པའི་ངེས་པ་མེད་ཀྱང་རྟོག་མེད་ཀྱི་ངེས་པ་ཡོད་པས་སྐྱོན་མེད་དོ་ཞེ་ན། རྟོག་མེད་ཀྱི་ངེས་པའི་དོན་གང་ལ་བྱེད། རང་ཡུལ་སྣང་བ་ཙམ་གྱི་ངེས་པ་ལ་བྱེད་དམ། སེལ་བའི་སྒོ་ནས་སྒྲོ་འདོགས་སེལ་བ་ལ་བྱེད། དང་པོ་ལྟར་ན་སྒྲ་འཛིན་མངོན་སུམ་གྱི་རྗེས་སུ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་རྗེས་དཔག་དོན་མེད་པར་ཐལ། དེས་སྒྲའི་མི་རྟག་པ་མཐོང་བ་ན་དེས་དེ་ངེས་པའི་ཕྱིར། གཉིས་པ་ལྟར་ན། སྒྲ་འཛིན་མངོན་སུམ་དེ་རྟོག་པར་ཐལ། དེ་སེལ་བའི་སྒོ་ནས་སྒྲོ་འདོགས་གཅོད་པར་བྱེད་པའི་བློ་ཡིན་པའི་ཕྱིར། རང་ལུགས་ལ་སྐྱོན་མེད་དེ། བུམ་འཛིན་དབང་པོའི་མངོན་སུམ་དེ་བུམ་པའི་གཟུགས་དང་བྱས་མི་རྟག་ལ་ཚད་མར་སོང་བ་ལ་ཁྱད་པར་མེད་ཀྱང་བུམ་གཟུགས་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པ་ཡིན་ཏེ། དེ་ལ་འགལ་རྐྱེན་འཁྲུལ་རྒྱུ་མེད་ཅིང་། མཐུན་རྐྱེན་གོམས་པ་རྒྱུན་རིང་བ་དང་། ཡིད་ཉེ་བར་གཏད་པ་ཡོད་པའི་ཕྱིར། དེའི་མི་རྟག་པ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པའི་ངེས་པ་མེད་དེ། དེ་ལ་འཁྲུལ་རྒྱུ་འདྲ་བ་གཞན་འབྱུང་སོགས་ཡོད་པའི་ཕྱིར་རོ། །གཉིས་པ་སེལ་བ་ལ། གཞུང་འགྲེལ་ལས་ཇི་སྐད་བཤད་པའི་ཚུལ། དེ་ལས་བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་པའི་ཚུལ། དེ་ལས་ས་སྐྱ་པའི་བཞེད་པ་ངོས་བཟུང་བ་དང་གསུམ་ལས། དང་པོ་ལ་གཞུང་ལས་བཤད་པའི་ཚུལ་དང་། འགྲེལ་པ་ལས་ཇི་སྐད་བཤད་པའི་ཚུལ་གཉིས། དང་པོ་ནི། ཚད་མ་མདོར་སེལ་བ་བརྟག་པའི་རབ་བྱེད་ཡོངས་སུ་རྫོགས་པ་གསུངས་ལ། རྣམ་འགྲེལ་འདིར་ལེའུ་དང་པོར། རང་བཞིན་གྱི་རྟགས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་སྒྲུབ་བྱེད་ལས་འཕྲོས་ནས་གཞན་སེལ་གྱི་རྣམ་བཞག་རྒྱས་པར་བཤད་པ་དང་། མངོན་སུམ་གྱི་ལེའུར་སྤྱི་དངོས་མེད་དུ་སྒྲུབ་པའི་སྐབས་དང་། མངོན་སུམ་རྟོག་བྲལ་དུ་སྒྲུབ་པའི་སྐབས་སུ་ཡང་གཞན་སེལ་གྱི་རྣམ་བཞག་རྒྱས་པར་བཤད་པ་དང་། གཞན་དོན་ལེའུར་ཡང་གཞན་སེལ་གྱི་རྣམ་བཞག་ཅུང་ཟད་བཤད་དོ། །གཉིས་པ་ལ་གཞན་སེལ་གསུམ་གྱི་རྣམ་བཞག་དང་། གཞན་སེལ་གཉིས་ཀྱི་རྣམ་བཞག་གཉིས་ལས། དང་པོ་ནི། མཁན་པོ་ཞི་བ་འཚོ་དང་། ཐར་པ་འབྱུང་གནས་དང་། ཤཱཀྱ་བློ་གསུམ་གྱི་བཞེད་པ་སྟེ། དེ་ཡང་ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་པས་མེད་དགག་གི་གཞན་སེལ་དང་། སྤྱི་ཡི་བློ་ཡང་བསླད་པ་ཡིན་ཞེས་པས་བློའི་གཞན་སེལ་དང་། མཐུན་དངོས་གཞན་གྱི་དངོས་དག་ལ། །ཞེས་སོགས་ཀྱིས་དོན་རང་མཚན་གྱི་གཞན་སེལ་བསྟན་པར་བཞེད་དོ། །དེ་ལ་ཞི་བ་འཚོས། འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་པ་དང་མེད་པའོ། །མ་ཡིན་པ་ཡང་རྣམ་གཉིས་ཏེ། །བློ་དང་དོན་གྱི་དབྱེ་བས་སོ། །ཞེས་གཞན་སེལ་ལ་མ་ཡིན་དགག་གི་གཞན་སེལ་དང་། མེད་དགག་གི་གཞན་སེལ་བ་གཉིས་ལས། མ་ཡིན་དགག་གི་སེལ་བ་ལ་ཡང་བློའི་སེལ་བ་དང་། དོན་གྱི་སེལ་བ་གཉིས་སྟེ། སེལ་བ་གསུམ་མོ། །དེ་ལ་དོན་གྱི་སེལ་བ་ངོས་འཛིན་པའི་དབང་དུ་མཛད་ནས། འཇིག་མེད་ལ་སོགས་དོན་རང་མཚན། །རང་བཞིན་གྱིས་གཞན་ལས་ཐ་དད། །ཅེས་དང་། བློའི་སེལ་བ་ངོས་འཛིན་པའི་དབང་དུ་མཛད་ནས། དེར་རྟེན་ཤེས་པའི་སྣང་བ་གང་། །དོན་གྱི་གཟུགས་བརྙན་རྟོག་པ་ཅན། །དོན་གྱི་བདག་ཉིད་མིན་པ་ལ། །དོན་ཅེས་བྱ་བར་ངེས་པ་ཡིན། །གཞན་དང་མ་འདྲེས་པར་ཡོད་པས། །རང་གི་མཚན་ཉིད་ཀྱང་དེའི་རྒྱུ། །ཞེས་དང་། མེད་དགག་གི་སེལ་བ་ངོས་འཛིན་པའི་དབང་དུ་མཛད་ནས། བ་ལང་འདི་ལ་བ་མིན་མེད། །མེད་པར་དགག་པ་ཉིད་ཡིན་ཅེས། །གཞན་སེལ་བ་ནི་རབ་གསལ་བ། །ཁོ་ནར་ཤེས་པར་བྱ་བ་ཡིན། །ཞེས་གསུངས་སོ། །དེ་དག་གི་དོན་ལ་དོན་གྱི་གཞན་སེལ་ནི་འཇིག་མེད་དེ་ཨ་རུ་ར་ལ་སོགས་པའི་དོན་རང་མཚན་རྣམས་རང་གི་ངོ་བོ་ཉིད་ཀྱིས་གཞན་དང་མ་འདྲེས་པར་གནས་པས་ན་གཞན་སེལ་ཞེས་བརྗོད་པ་ཡིན་ནོ། །བློའི་གཞན་སེལ་ལ་ཁ་ཅིག གཞུང་དེས་བ་ལང་འཛིན་པའི་རྟོག་པ་ལ་བ་ལང་དུ་སྣང་བའི་རྣམ་པ་ལ་བ་ལང་རང་མཚན་པར་སྒྲོ་བཏགས་པ་དེ་བློའི་གཞན་སེལ་དུ་བསྟན་ཞེས་ཟེར་བ་ནི་མི་འཐད་དེ། རང་གི་མཚན་ཉིད་ཀྱང་ཞེས་པ་དང་འགལ་བའི་ཕྱིར་རོ། །དེས་ན་གཞུང་དེས་ཁྱད་པར་གསུམ་ལྡན་གྱི་བ་ལང་འཛིན་པའི་རྟོག་པའི་བཟུང་རྣམ་དེ་ལ་བང་གི་བློའི་གཞན་སེལ་དུ་བསྟན་ཏེ། ཚིག་རྐང་དང་པོ་གཉིས་ཀྱིས་དེ་ལྟ་བུའི་རྟོག་པ་དེ་བ་ལང་རང་མཚན་པ་ལ་བརྒྱུད་ནས་སྐྱེས་པའི་རྒྱུའི་ཁྱད་པར་བསྟན། བར་པ་གཉིས་ཀྱིས་སྣང་རྟགས་གཅིག་ཏུ་འཁྲུལ་པ་ངོ་བོའི་ཁྱད་པར་བསྟན། དེའི་རྒྱུ་ཞེས་པས་བ་ལང་རང་མཚན་འཐོབ་པ་འབྲས་བུའི་ཁྱད་པར་དེ་བསྟན་པའི་ཕྱིར་སྟེ། རང་བཞིན་དེ་འཛིན་རྣམ་རྟོག་བློ། །དོན་མེད་ཀྱང་དེ་དོན་ཅན་འདྲ། །དེ་ཡི་འབྲས་ཅན་མིན་དོན་ལ། །ཐ་དད་མཐར་ཐུག་སྐྱེ་བ་གང་། །ཞེས་གསུངས་པ་དང་དོན་གཅིག་ཏུ་སྣང་བའི་ཕྱིར་རོ། །གཞན་དང་མ་འདྲེས་པར་ཡོད་པས་རང་གི་མཚན་ཉིད་ཀྱང་ཞེས་པས་ནི་དོན་གྱི་གཞན་སེལ་རང་མཚན་ཡིན་པར་མ་ཟད་བློའི་གཞན་སེལ་ཡང་རང་མཚན་ཡིན་པར་བསྟན་ནོ། །ཐར་པ་འབྱུང་གནས་ཀྱིས་རྟོག་གེའི་སྐད་ལས་ཀྱང་འདི་ཁོ་ན་བཞིན་དུ་འབྱུང་སྟེ། དེ་ཉིད་ལས་དོན་ནི་སེལ་བ་ཞེས་མངོན་པར་བརྗོད་པར་བྱ་སྟེ། འདིས་རིགས་མི་མཐུན་གཞན་བསལ་བར་བྱེད་དོ། །ཇི་ལྟར་སྣང་བའི་བློའི་རྣམ་པ་ཡང་སེལ་བ་སྟེ། བློའི་རྣམ་པ་འདིས་རིས་མི་མཐུན་སེལ་བར་བྱེད་དོ་ཞེས་སོ། །ཅི་ལྟ་བ་ནི་དེ་ཁོ་ན་ཉིད་བཟློག་པའི་མཚན་ཉིད་ཅན་མེད་པར་དགག་པའི་ངོ་བོ་ནི་སེལ་བ་སྟེ་ཞེས་གསུངས་ལ། དེའི་དོན་བུམ་པ་རང་མཚན་པ་ལ་གཞན་སེལ་ཞེས་བརྗོད་དེ། བུམ་པ་མ་ཡིན་པ་སེལ་བར་བྱ་བའི་གཞི་ཡིན་པའི་ཕྱིར། བུམ་འཛིན་རྟོག་པའི་བཟུང་རྣམ་ལ་གཞན་སེལ་ཞེས་བརྗོད་དེ། བུམ་པ་མ་ཡིན་པ་སེལ་བར་བྱེད་པ་པོ་ཡིན་པའི་ཕྱིར། བུམ་མིན་རྣམ་པར་བཅད་ཙམ་གྱི་མེད་དགག་ནི་གཞན་སེལ་ཡིན་ཏེ། བསལ་བྱ་རྣམ་པར་བཅད་ཙམ་གྱི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་པའི་དོན་ནོ། །ཤཱཀྱ་བློས། འདིར་གཞན་སེལ་བ་ནི་རྣམ་པ་གསུམ་སྟེ་རེ་ཤིག་གཅིག་ནི་འདི་ལས་གཞན་དང་སེལ་བར་བྱེད་པའི་ཕྱིར་རང་གི་མཚན་ཉིད་བཟློག་པ་ཁོ་ན་ཡིན་ནོ། །གང་གི་དབང་དུ་མཛད་ནས་མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་གསུངས་སོ། །འདི་ཡང་སྒྲ་དང་རྟགས་ལ་བརྟེན་པའི་ཐ་སྙད་ཀྱི་རྟེན་ཉིད་དུ་རྣམ་པར་བཞག་པ་ཡིན་གྱི་སྒྲས་བརྗོད་པར་བྱ་བ་ཉིད་དུ་མ་ཡིན་ཞེས་དང་། གཉིས་པ་ནི། གཞན་གཅོད་པའི་ཕྱིར་གཞན་རྣམ་པར་གཅོད་པ་ཙམ་ཡིན་ཅིང་། གང་སྔོན་གྱི་སློབ་དཔོན་དག་གིས་ཐམས་ཅད་ལ་ཁྱད་པར་མེད་པ་རྣམ་པར་བཞག་པ་ཙམ་ཡིན་གྱི་ཐམས་ཅད་ལ་དགག་པ་ཙམ་ལ་ཁྱད་པར་མེད་པའི་ཕྱིར་ཞེས་དང་། གསུམ་པ་ནི། གཞན་སེལ་བར་བྱེད་པའི་ཕྱིར་རྣམ་པར་རྟོག་པའི་བློ་ལ་སྣང་བ་ཡིན་ཏེ། གང་བསྟན་བཅོས་མཛད་པས་སྒྲའི་བརྗོད་པར་བྱ་བ་ཉིད་དུ་བཞེད་པ་ཞེས་པ་འདི་ཡིན་ནོ་ཞེས་གསུངས་སོ། །དེ་དག་གི་དོན་ཡང་བུམ་མིན་ལས་ལོག་པའི་བུམ་པ་རང་མཚན་པ་ལ་དོན་གྱི་གཞན་སེལ་ཞེས་བརྗོད་དེ། བུམ་པ་མ་ཡིན་པ་སེལ་བར་བྱ་བའི་གཞི་ཡིན་པའི་ཕྱིར། བུམ་པ་མ་ཡིན་པ་རྣམ་པར་བཅད་ཙམ་ལ་མེད་དགག་གི་གཞན་སེལ་ཞེས་བྱ་སྟེ། བུམ་མིན་རྣམ་པར་བཅད་ཙམ་གྱི་ངོ་བོ་ཡིན་ཅིང་བུམ་གསལ་རྣམས་ལ་རྗེས་སུ་འགྲོ་བའི་ཕྱིར། བུམ་པ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ནི་བློའི་གཞན་སེལ་ཡིན་ཏེ། བློ་ལ་དངོས་སུ་སྣང་བའི་སྒོ་ནས་བུམ་མིན་སེལ་བར་བྱེད་པ་པོ་ཡིན་པའི་ཕྱིར། དེ་ལ་དང་པོ་གཉིས་སྒྲའི་དངོས་ཀྱི་བརྗོད་བྱ་མ་ཡིན་ཅིང་ཕྱི་མ་དེ་སྒྲའི་དངོས་ཀྱི་བརྗོད་བྱར་བཞེད་དོ། །གཉིས་པ་གཞན་སེལ་གཉིས་ཀྱི་རྣམ་པར་བཞག་པ་ནི། སློབ་དཔོན་ཆོས་མཆོག་གི་སེལ་བ་སྒྲུབ་པར། གང་ཞིག་རྟོག་བཅས་བློའི་རང་བཞིན་ཅན་གྱིས་དབེན་པར་རབ་བརྟན་པ། བློ་མིན་ཕྱི་མིན་དེ་ཉིད་མིན། །སྒྲོ་བཏགས་གང་ཡིན་བརྗོད་པ་ཡི། །གང་ཞིག་དངོས་སམ་དངོས་ལས་གཞན། །ཞེས་དང་། འགར་ཡང་བརྗོད་པར་མི་ནུས་ཤིང་། །ཅེས་དང་། རྣམ་པར་རྟོག་པའི་ཡུལ་ནི་གཞན་སེལ་བ་ཡིན་ལ་ཞེས་དང་། དེའི་ཕྱིར་སེལ་བ་གཉིས་བརྗོད་པར་བྱ་བ་ཡིན་ཏེ། ངེས་པའི་རང་བཞིན་དང་རྣམ་པར་རྟོག་པའི་ཡུལ་ལོ་ཞེས་དང་། འཐད་ལྡན་ཆེན་མོར་ཡང་། མེད་པར་དགག་པའི་གཞན་སེལ་བ་དོན་གྱི་ཤུགས་ཀྱིས་རྣམ་པར་རྟོག་པའི་ཡུལ་དུ་གྱུར་པ་དེ་ཉེ་བར་བཟུང་ནས། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པའང་མིན། །ཞེས་བཤད་ལ་སྒྲོ་འདོགས་པའི་གཞན་སེལ་བ་དེ་དངོས་སུ་རྣམ་པར་རྟོག་པའི་ཡུལ་ཉེ་བར་བཟུང་ནས་སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། །ཅེས་གསུངས་སོ། །དེ་དག་གི་དོན་ནི་གཞན་སེལ་ལ། ངེས་པའི་རང་བཞིན་གྱི་གཞན་སེལ་དང་། རྣམ་པར་རྟོག་པའི་ཡུལ་དུ་གྱུར་པའི་གཞན་སེལ་གཉིས་སམ། ཡང་ན་མེད་པར་དགག་པའི་གཞན་སེལ་དང་། སྒྲོ་འདོགས་པའི་གཞན་སེལ་གཉིས་ལས། དང་པོ་ནི། དོན་གྱི་ཤུགས་ཀྱིས་རྣམ་པར་རྟོག་པའི་བཟུང་བྱར་གྱུར་པ་དེ་བུམ་མིན་རྣམ་པར་བཅད་ཙམ་ལྟ་བུའོ། །གཉིས་པ་ནི། དངོས་སུ་རྣམ་པར་རྟོག་པས་བཟུང་བྱ་སྟེ། བུམ་པར་སྣང་བའི་སྒྲོ་བཏགས་ལྟ་བུའོ། །བུམ་མིན་རྣམ་པར་བཅད་ཙམ་དེ་ལ་དོན་གྱི་ཤུགས་ཀྱིས་རྣམ་པར་རྟོག་པས་བཟུང་བྱར་གྱུར་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བུམ་འཛིན་རྟོག་པ་དེ་ལ་བུམ་མིན་རྣམ་པར་བཅད་ཙམ་གྱི་བུམ་པ་ཞེས་པའི་འཛིན་སྟངས་དངོས་སུ་མེད་ཀྱང་དེས་བུམ་པ་འཛིན་པ་དེ་བུམ་མིན་རྣམ་པར་བཅད་ཙམ་ལ་ལྟོས་པའི་ཕྱིར། བུམ་པར་སྣང་བའི་སྒྲོ་བཏགས་དེ་ལ་དངོས་སུ་རྣམ་པར་རྟོག་པས་བཟུང་བྱ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བུམ་འཛིན་རྟོག་པ་དེ་ལ་བུམ་པའོ་སྙམ་པའི་འཛིན་སྟངས་དངོས་སུ་ཡོད་པའི་ཕྱིར་རོ་ཞེས་པའི་དོན་ནོ། །དེ་ལྟར་ལུགས་བཞི་ལས། དང་པོ་གཉིས་ཀྱིས་ནི་རྟོག་པས་བུམ་པ་ཡུལ་དུ་བྱེད་པ་དེ་གཞན་སེལ་གྱི་སྒོ་ནས་བྱེད་པས་འཇུག་པའི་ཡུལ་བུམ་པ་རང་མཚན་པ་དེ་བུམ་པའི་དོན་རང་མཚན་གྱི་གཞན་སེལ། འཇུག་པར་བྱེད་པ་པོ་བུམ་འཛིན་རྟོག་པའི་གཟུང་རྣམ་དེ་བུམ་པའི་བློའི་གཞན་སེལ། བུམ་འཛིན་རྟོག་པས་བུམ་པ་ཡུལ་དུ་བྱེད་པ་ལ་བུམ་མིན་རྣམ་པར་བཅད་དགོས་པས་རྟོག་པས་བུམ་མིན་རྣམ་པར་བཅད་ཙམ་དེ་མེད་དགག་གི་གཞན་སེལ་དུ་བཞེད་དོ། །གཞན་སེལ་གསུམ་གྱི་རྣམ་བཞག་བྱེད་ན་འདི་ཉིད་དོན་ལ་གནས་ཏེ། གཞན་སེལ་གྱི་སྒོ་ནས་འཇུག་ཡུལ་རང་མཚན་ཐོབ་པར་བྱེད་པ་ལ། ཐོབ་བྱའི་ཡུལ། ཐོབ་བྱེད་ཀྱི་བློ། བློ་དེས་ཡུལ་དེ་ཐོབ་པ་ལ་དངོས་འགལ་རྣམ་པར་བཅད་པ་དང་གསུམ་དགོས་པ་ལས་གསུམ་ཆར་ལ་ཡང་གཞན་སེལ་གྱི་སྒྲ་འཇུག་པའི་ཕྱིར་རོ། །དེ་ལྟར་གསུམ་དུ་བཞག་པའི་དགོས་པ་ཡང་འཇུག་ཡུལ་རང་མཚན་ཐོབ་པར་བྱེད་པའི་གཞན་སེལ་ཕྱིན་ཅི་མ་ལོག་པ་དེ་ཡིན་ན། གཞན་སེལ་གསུམ་ཀ་ཚང་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་ཏེ། དོན་གྱི་གཞན་སེལ་མ་ཚང་ན་ཕྱི་མ་གཉིས་ཚང་ཡང་གཞན་སེལ་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར། དཔེར་ན། སྒྲ་རྟག་འཛིན་རྟོག་པ་བཞིན་ནོ། །ཕྱི་མ་གཉིས་ནི་འདི་དང་ཅུང་ཟད་མི་འདྲ་སྟེ། བུམ་འཛིན་རྟོག་པས་བུམ་པ་ཡུལ་དུ་བྱེད་པ་ལ་བུམ་མིན་རྣམ་པར་བཅད་པའི་སྒོ་ནས་བུམ་པར་སྣང་དགོས་ཤིང་བུམ་མིན་རྣམ་པར་བཅད་ཙམ་དེ་མེད་དགག་གི་གཞན་སེལ་དང་། བུམ་པར་སྣང་བ་དེ་བློའི་གཞན་སེལ་དུ་བཞེད་པའི་ཕྱིར། འདི་ནི་གཞུང་དང་ཅུང་ཟད་མི་མཐུན་ཏེ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར་ཞེས་པས་མེད་དགག་གི་གཞན་སེལ་དང་། སྤྱི་ཡི་བློ་ཡང་བསླད་པ་ཡིན། །ཞེས་པས་བློའི་གཞན་སེལ་བསྟན་པར་ཁྱེད་རང་གིས་ཁས་བླངས་ཤིང་། གཞུང་དང་པོས་བུམ་མིན་རྣམ་པར་བཅད་ཙམ་ཁོ་ན་བསྟན་པ་མ་ཡིན་པར་བུམ་པར་སྣང་བའི་སྒྲོ་བཏགས་ཡང་བསྟན་པའི་ཕྱིར་ཏེ། བུམ་གསལ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་དེ་བསྟན་པའི་ཕྱིར། གཞུང་ཕྱི་མས་བུམ་པར་སྣང་བའི་སྒྲོ་བཏགས་ཁོ་ན་བསྟན་པ་ཡང་མི་འཐད་དེ། དེས་བུམ་འཛིན་རྟོག་པ་དེ་འཁྲུལ་ཤེས་སུ་བསྟན་པའི་ཕྱིར། ཤཱཀྱ་བློས། ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་པས་དོན་གྱི་གཞན་སེལ་བསྟན་པར་འདོད་པ་ཡང་མི་འཐད་དེ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར་ཞེས་པས་མེད་དགག་གི་གཞན་སེལ་བསྟན་ན། དེས་ཀྱང་མེད་དགག་གི་གཞན་སེལ་བསྟན་དགོས་པའི་ཕྱིར། ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་པ་ལས་འཕྲོས་ནས་རང་འགྲེལ་ལས། ཡང་སྒྲ་དང་རྟགས་དག་གིས་རྣམ་པར་བཅད་པ་རྟོགས་པར་བྱེད་ཀྱི་སྒྲུབ་པས་དངོས་པོའི་རང་གི་ངོ་བོ་ཁོ་ན་ཡིན་ནོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན་ཞེས་གསུངས་པའི་ཕྱིར། གལ་ཏེ་ལྡོག་པ་གང་ལ་འབྱེད་པའི་གཞིར་གྱུར་པའི་ལྡོག་པ་ཅན་དེས་དོན་རང་མཚན་གྱི་གཞན་སེལ་བསྟན་པས་སྐྱོན་མེད་དོ་ཅེ་ན། དེ་ནི་དོན་ལ་འཐད་མོད་ཀྱི་རང་གི་མཚན་ཉིད་ལྡོག་པ་ཁོ་ན་ཡིན་ཏེ་ཞེས་པ་དང་ཡང་འགལ་ཏེ། རང་མཚན་ཡིན་ན། ལྡོག་པ་མིན་དགོས་པའི་ཕྱིར། གཞན་ཡང་བློའི་གཞན་སེལ་ཁོ་ན་བསྟན་བཅོས་མཛད་པས་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཉིད་དུ་རྣམ་པར་བཞག་པ་དེ་མི་འཐད་པར་ཐལ། རྣམ་གཅོད་བརྗོད་པར་བྱེད་པར་གྲུབ་ཞེས་པས་མེད་དགག་གི་གཞན་སེལ་སྟོན་པར་ཁྱེད་རང་གིས་ཁས་བླངས་པའི་ཕྱིར་རོ། །གཉིས་པ་དེ་དག་ལས་བོད་ཀྱིས་མཁས་པ་རྣམས་ཀྱི་བཞེད་པའི་ཚུལ་ལ། གཞན་སེལ་ཡིན་ན་མེད་དགག་གི་གཞན་སེལ་ཡིན་པས་ཁྱབ་པ་དང་། དེ་ཡིན་ན་མེད་དགག་དང་། བློའི་གཞན་སེལ་གང་རུང་ཡིན་པས་ཁྱབ་པ་དང་། དེ་ཡིན་ན་དོན་རང་མཚན་གྱི་གཞན་སེལ་ཡིན་པས་ཁྱབ་པ་དང་། ཆོས་དེའི་གཞན་སེལ་གསུམ་པོ་གང་རུང་དེས་ཆོས་དེའི་གཞན་སེལ་གྱི་གོ་ཆོད་ཀྱི། སྤྱིར་གཞན་སེལ་ཡིན་མིན་གྱི་དབྱེ་བ་ཡོད་པ་དང་། གཞི་གྲུབ་ན་གཞན་སེལ་ཡིན་པས་ཁྱབ་པར་འདོད་པ་དང་ལྔ་ལས། དང་པོ་ཁ་ཅིག་ན་རེ། མེད་དགག་གི་གཞན་སེལ་གྱི་མཚན་ཉིད། གཞན་སེལ་གང་ཞིག རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པ། མ་ཡིན་དགག་གི་གཞན་སེལ་གྱི་མཚན་ཉིད། གཞན་སེལ་གྱི་སྒྲས་བརྗོད་པའི་རྒྱུ་མཚན་དང་ལྡན་པ་གང་ཞིག དེ་འཕེན་པ། དབྱེ་ན་བློའི་གཞན་སེལ་དང་། དོན་གྱི་གཞན་སེལ་གཉིས་ལས། དང་པོའི་མཚན་ཉིད། མ་ཡིན་དགག་གི་གཞན་སེལ་གང་ཞིག རྟོག་པའི་སྣང་ཡུལ་དུ་གྱུར་པའོ། །མཚན་གཞི་ནི་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བའི་སྒྲོ་བཏགས་ལྟ་བུའོ། །གཉིས་པའི་མཚན་ཉིད། དེ་གང་ཞིག རྫས་སུ་གྲུབ་པའོ། །དེ་ལྟར་གསུམ་ཀ་ཡང་ཕན་ཚུན་འགལ་ཞིང་། གཞན་སེལ་ཡིན་ན། མེད་དགག་གི་གཞན་སེལ་ཡིན་དགོས་ཟེར་རོ། །མི་འཐད་དེ། མེད་དགག་ཡིན་ན། དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པས་ཁྱབ་པར་ཐལ། མེད་དགག་གི་གཞན་སེལ་ཡིན་ན། དེ་ཡིན་དགོས་པའི་ཕྱིར། འདོད་ན། ཀ་བ་ཁོ་ན་མེད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཀ་བ་ཁོ་ན་མེད་པའི་ཕྱིར། འདོད་མི་ནུས་ཏེ། དེས་ཀ་བ་ལས་གཞན་པའི་ཆོས་ཡོད་པ་འཕེན་པའི་ཕྱིར་རོ། །གཞན་ཡང་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བའི་སྒྲོ་བཏགས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་པར་བསྟན་པའི་ལྡོག་པ་དེ་ཡིན་པའི་ཕྱིར་ཏེ། སེལ་ངོར་རང་གིས་གསལ་བ་རྣམས་ལ་ཐུན་མོང་བར་སྣང་བའི་སྒྲོ་བཏགས་ཡིན་པའི་ཕྱིར་རོ། །གཉིས་པ་ལ་མཁས་པ་ཁ་ཅིག སྤྱིར་གཞན་སེལ་ལ་མེད་དགག་གི་གཞན་སེལ་སོགས་གསུམ་མཛད་པར་བཞེད་ཀྱང་། དོན་གྱི་གཞན་སེལ་ནི་རིགས་མི་མཐུན་སེལ་བར་བྱ་བའི་གཞི་ཡིན་པས་གཞན་སེལ་གྱི་མིང་གིས་བཏགས་པ་ཡིན་ནོ། །གཞན་སེལ་མཚན་ཉིད་པ་ནི་མེད་དགག་གི་གཞན་སེལ་དང་། བློའི་གཞན་སེལ་གཉིས་སུ་ངེས་པ་ཡིན་ཏེ། བློའི་རྣམ་པ་ལ་སྣང་ཚུལ་ཐ་དད་པའི་སྒོ་ནས། གཉིས་སུ་ཕྱེ་བ་ཡིན་པའི་ཕྱིར་ཏེ། རྟོགས་པ་ལ་རིགས་མི་མཐུན་རྣམ་པར་བཅད་ཙམ་དུ་སྣང་བ་མེད་དགག་གི་གཞན་སེལ་དང་། དེ་ལ་ཕྱི་རོལ་ལྟར་དུ་སྣང་བ་བློའི་གཞན་སེལ་ཡིན་པའི་ཕྱིར་ཞེས་གསུངས་སོ། །དེའི་དོན་བུམ་འཛིན་རྟོག་པ་ལ་བུམ་མིན་རྣམ་པར་བཅད་ཙམ་དུ་སྣང་བ་དང་། བུམ་པར་སྣང་བ་གཉིས་ལས། དང་པོ་མེད་དགག་གི་གཞན་སེལ་དང་། ཕྱི་མ་བློའི་གཞན་སེལ་ཡིན་པས་བློའི་གཞན་སེལ་སྒྲོ་བཏགས་ལ་འདོད་ན་ལུགས་འདི་ངོ་མཚར་རྨད་དུ་བྱུང་བ་ཡིན་ནའང་། བློའི་གཞན་སེལ་བློ་རང་ཉིད་ལ་འདོད་ན་སྔ་མས་མ་ངེས་སོ། །གསུམ་པ་ལ་ཁ་ཅིག ཞི་བ་འཚོའི་ལུགས་ལ་གཞན་སེལ་ཡིན་ན། དོན་རང་མཚན་ཡིན་པས་ཁྱབ་སྟེ། དེ་ཡིན་ན་དེ་མིན་རྣམ་པར་བཅད་ཙམ་གྱི་དོན་དེ་སེལ་ངོར་རྣམ་པར་བཅད་ཙམ་ཡིན་དགོས་པའི་ཕྱིར། དེས་ན་བློའི་གཞན་སེལ་དང་མེད་དགག་གི་གཞན་སེལ་ནི་གཞན་སེལ་བཏགས་པ་བ་ཡིན་ཟེར་མི་འཐད་དེ། བུམ་པར་སྣང་བའི་སྒྲོ་བཏགས་དེ་བུམ་འཛིན་རྟོག་པའི་སྣང་ཡུལ་མིན་པར་ཐལ། དེ་གཞན་སེལ་མ་ཡིན་པ་གང་ཞིག བུམ་པ་རང་མཚན་པ་དེ་དེའི་སྣང་ཡུལ་མིན་པའི་ཕྱིར། འདོད་ན་དེའི་སྣང་ཡུལ་མེད་པར་ཐལ། འདོད་པ་གང་ཞིག བུམ་པ་རང་མཚན་པ་དེ་དེའི་སྣང་ཡུལ་མིན་པའི་ཕྱིར། གཞན་ཡང་ཞི་བ་འཚོས་བུམ་མིན་རྣམ་པར་བཅད་ཙམ་གྱི་དོན་དེ་སེལ་ངོར་རྣམ་པར་བཅད་ཙམ་ལ་བྱེད་དམ། དོན་དེ་ལ་རྣམ་པར་བཅད་ཙམ་ལ་བྱེད། དང་པོ་ལྟར་ན་བུམ་མིན་རྣམ་པར་བཅད་ཙམ་གྱི་མེད་དགག་དེ་གཞན་སེལ་དུ་ཐལ། དེ་སེལ་ངོར་བུམ་མིན་རྣམ་པར་བཅད་ཙམ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་བུམ་པའི་མེད་དགག་གི་གཞན་སེལ་དེ་དོན་ལ་བུམ་མིན་རྣམ་པར་བཅད་པ་ཡིན་པར་ཐལ། ཞི་བ་འཚོས་དེ་བུམ་མིན་རྣམ་པར་བཅད་ཙམ་དུ་འདོད་པའི་ཕྱིར་ཏེ། བ་ལང་འདི་ལ་བ་མིན་མེད། །ཅེས་གསུངས་པའི་ཕྱིར། ལུགས་བཞི་པ་དེ་ལ་ཁ་ཅིག་ན་རེ། བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་དེ་བུམ་པའི་དོན་རང་མཚན་གྱི་གཞན་སེལ་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་སྒྲོ་བཏགས་བུམ་པའི་བློའི་གཞན་སེལ། བུམ་མིན་རྣམ་པར་བཅད་པའི་མེད་དགག་དེ་བུམ་པའི་ལྡོག་པ་མེད་དགག་གི་གཞན་སེལ་ཡིན་ནོ། །དེས་ན་བློའི་གཞན་སེལ་ཡིན་ན། སྒྲོ་བཏགས་ཡིན་པས་མ་ཁྱབ་སྟེ། ཁྱབ་ན་བློ་མ་ཡིན་ལས་ལོག་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། བློའི་དོན་རང་མཚན་གྱི་གཞན་སེལ་ཡིན་པའི་ཕྱིར་ཏེ། བློའི་སྟེང་དུ་ཡང་གཞན་སེལ་གསུམ་གྱི་རྣམ་བཞག་བྱེད་པའི་ཕྱིར། མེད་དགག་གི་གཞན་སེལ་ཡིན་ན། མེད་དགག་ཡིན་པས་མ་ཁྱབ་སྟེ། ཁྱབ་ན་མེད་དགག་འཛིན་པའི་རྟོག་པ་ལ་མེད་དགག་ཏུ་སྣང་བའི་སྒྲོ་བཏགས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། དེའི་སྟེང་དུ་ཡང་གཞན་སེལ་གསུམ་གྱི་རྣམ་བཞག་བྱེད་པའི་ཕྱིར། དོན་རང་མཚན་གྱི་གཞན་སེལ་ཡིན་ན། དོན་རང་མཚན་ཡིན་པས་མ་ཁྱབ་སྟེ། ཁྱབ་ན་དོན་རང་མཚན་འཛིན་པའི་རྟོག་པ་ལ་དོན་རང་མཚན་དུ་སྣང་བའི་སྒྲོ་བཏགས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། དེའི་སྟེང་དུ་ཡང་གཞན་སེལ་གསུམ་གྱི་རྣམ་བཞག་བྱེད་པའི་ཕྱིར། བུམ་པའི་དོན་རང་མཚན་གྱི་གཞན་སེལ་ཡིན་ན། དོན་རང་མཚན་ཡིན་པས་ཁྱབ་པ་དང་། དེའི་བློའི་གཞན་སེལ་ཡིན་ན། སྒྲོ་བཏགས་ཡིན་པས་ཁྱབ་པ་དང་། དེའི་མེད་དགག་གི་གཞན་སེལ་ཡིན་ན་མེད་དགག་ཡིན་པས་ཁྱབ་པ་ཡིན་ནོ་ཞེས་བཞེད་དོ། །དེ་ལ་གཞན་དག་ན་རེ། བུམ་པའི་མེད་དགག་འཛིན་པའི་རྟོག་པ་ལ་བུམ་པའི་མེད་དགག་ཏུ་སྣང་བ་ཆོས་ཅན། མེད་དགག་ཏུ་ཐལ། བུམ་པའི་མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར་ཏེ། བུམ་པའི་མེད་དགག་གི་བློའི་གཞན་སེལ་ཡིན་པའི་ཕྱིར་ཏེ། དེའི་སྟེང་དུ་ཡང་གཞན་སེལ་གསུམ་གྱི་རྣམ་བཞག་བྱེད་པའི་ཕྱིར། རིམ་བཞིན་ཁས་བླངས། དེས་གཞན་གཉིས་ལ་འགྲེའོ་ཞེས་ཟེར་རོ། །ཡང་ཁ་ཅིག་སྤྱིར་གཞན་སེལ་གྱི་མཚན་ཉིད། རྟོག་ངོར་རིགས་མི་མཐུན་རྣམ་པར་གཅོད་བྱེད་དུ་སྣང་བའི་སྒྲོ་བཏགས། དབྱེ་ན་དོན་གྱི་ངོས་ནས་བཞག་པའི་གཞན་སེལ། བློའི་ངོས་ནས་བཞག་པའི་གཞན་སེལ་དང་། བློས་དོན་གྱི་སྟེང་དུ་གཞན་སེལ་བའི་གཞན་སེལ་དང་གསུམ་ལས། དེ་ཡང་བུམ་པའི་སྟེང་དུ་མཚོན་ན། བུམ་པ་དེ་བུམ་པ་མ་ཡིན་པ་ལས་ལོག་པས་དོན་བུམ་པའི་ངོས་ནས་བཞག་པའི་བུམ་པའི་གཞན་སེལ། བུམ་འཛིན་རྟོག་པ་རང་ལ་སྣང་བའི་བུམ་པའི་རྣམ་པ་དེ་ལ་ཕྱི་རོལ་བུམ་པར་སྒྲོ་བཏགས་པ་དེ་བུམ་འཛིན་རྟོག་པའི་ངོས་ནས་བཞག་པའི་གཞན་སེལ། གཞན་འདོད་པ་ལྟར་གྱི་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ལ་ནི་མི་འཇོག་སྟེ། བུམ་པ་དེ་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་གང་ཞིག དེ་ཡིན་ན་སྒྲོ་བཏགས་ཡིན་དགོས་པའི་ཕྱིར། བུམ་པ་འཛིན་པའི་རྟོག་པས་དོན་བུམ་པའི་སྟེང་དུ་གཞན་སེལ་བའི་གཞན་སེལ་ནི་བུམ་པ་བུམ་མིན་རྣམ་པར་བཅད་ཙམ་ལྟ་བུའོ་ཞེས་ཟེར་རོ་མི་འཐད་དེ། དོན་གྱི་ངོས་ནས་བཞག་པའི་གཞན་སེལ་ཞེས་སོགས་ཀྱི་ཐ་སྙད་སྔར་དྲངས་པའི་འགྲེལ་པ་འགྲེལ་བཤད་དང་བཅས་པ་དང་། རིགས་གཏེར་ལས་མ་གསུངས་པའི་ཕྱིར་གཞན་ཡང་བུམ་པ་ཆོས་ཅན། བུམ་འཛིན་རྟོག་པའི་ངོར་རིགས་མི་མཐུན་རྣམ་པར་གཅོད་བྱེད་དུ་སྣང་བའི་སྒྲོ་བཏགས་ཡིན་པར་ཐལ། བུམ་པའི་གཞན་སེལ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། དོན་བུམ་པའི་ངོས་ནས་བཞག་པའི་གཞན་སེལ་ཀྱི་རྣམ་བཞག་མི་འཐད་པར་ཐལ། གཞན་སེལ་ཡིན་ན། བློའི་ངོས་ནས་བཞག་པའི་གཞན་སེལ་ཡིན་དགོས་ཀྱི། དོན་གྱི་ངོས་ནས་བཞག་པའི་གཞན་སེལ་མིན་དགོས་པའི་ཕྱིར་ཏེ། རིགས་གཏེར་ལས། གཞན་སེལ་བློ་ཡི་འཇུག་ཚུལ་ཡིན། །བེམ་པོའི་དོན་ལ་གཞན་སེལ་མེད། །ཅེས་གསུངས་པའི་ཕྱིར། བུམ་པ་བུམ་མིན་རྣམ་པར་བཅད་ཙམ་དེ་བུམ་འཛིན་རྟོག་པས་དོན་བུམ་པའི་སྟེང་དུ་གཞན་སེལ་བའི་གཞན་སེལ་མིན་པར་ཐལ། བུམ་པ་དེ་བུམ་མིན་རྣམ་པར་བཅད་ཙམ་གང་ཞིག དེ་ཡིན་ན། སྒྲོ་བཏགས་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། དང་པོ་མ་གྲུབ་ན། དེར་ཐལ། དེ་བུམ་མིན་རྣམ་པར་བཅད་ཙམ་ཡིན་པའི་ཕྱིར་ཏེ། དེ་བུམ་པ་མ་ཡིན་པ་ལས་ལོག་པའི་ཕྱིར་རོ། །ལུགས་ལྔ་པ་ཁ་ཅིག་ན་རེ། གཞི་གྲུབ་ན་གཞན་སེལ་ཡིན་དགོས་ཏེ། གཞི་གྲུབ་ན། རྟོག་པ་དོན་མཐུན་གྱི་ངོར་དགག་བྱ་རིགས་མི་མཐུན་དང་བྲལ་བར་སྣང་བས་ཁྱབ་པའི་ཕྱིར། དེས་ན་གཞན་སེལ་གྱི་མཚན་ཉིད། དོན་ལ་དགག་བྱ་རིས་མཐུན་དང་བྲལ་བར་གནས་པའམ་རྟོག་ངོར་དགག་བྱ་རིགས་མི་མཐུན་དང་བྲལ་བར་སྣང་བ་ཞེས་ཟེར། མི་འཐད་དེ། བ་ལང་གི་གཞན་སེལ་དེ་བ་ལང་འཛིན་པའི་ཚུར་མཐོང་གི་མངོན་སུམ་གྱི་སྣང་ཡུལ་ཡིན་པར་ཐལ། བ་ལང་རང་མཚན་པ་དེ་དེའི་སྣང་ཡུལ་གང་ཞིག བ་ལང་རང་མཚན་པ་དེ་ཡིན་ན། གཞན་སེལ་ཡིན་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟོག་པར་ཐལ། གཞན་སེལ་སྣང་ཡུལ་དུ་བྱེད་པའི་ཚུར་མཐོང་གི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། བ་ལང་འཛིན་པའི་རྟོག་པས་བ་ལང་གི་གཞན་སེལ་སྣང་ཡུལ་དུ་བྱེད་པ་དང་། བ་ལང་འཛིན་པའི་ཚུར་མཐོང་གི་རྒྱུད་ཀྱི་མངོན་སུམ་གྱིས་བ་ལང་རང་མཚན་པ་སྣང་ཡུལ་དུ་བྱེད་པའི་རྒྱུ་མཚན་གྱིས་དེ་གཉིས་རྟོག་པ་ཡིན་མིན་གྱི་ཁྱད་པར་ཡོད་པ་དཔལ་ལྡན་ཆོས་གྲགས་ཀྱི་རང་ལུགས་རྣམ་དག་ཡིན་པའི་ཕྱིར། གཞན་ཡང་དོན་རང་མཚན་གཞན་སེལ་ཡིན་པ་འོག་ཏུ་འགོག་གོ །གསུམ་པ་དེ་ལས་ས་སྐྱ་པའི་བཞེད་པ་ངོས་བཟུང་བ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དོན་རང་མཚན་གཅིག་ཉིད་རྟོག་པས་ཡུལ་དུ་བྱེད་པའི་ཚེ་གཞན་སེལ་གྱི་རྣམ་བཞག་དང་། རྟོག་མེད་ཀྱི་ཡུལ་དུ་བྱེད་པའི་ཚེ་སྣང་བའི་རྣམ་བཞག་བྱེད་པ་ཡིན་གྱི་གཞན་སེལ་གྱི་རྣམ་བཞག་དོན་མེད་པ་ཡིན་ཏེ། རང་ཡུལ་འཛིན་པ་རང་ཡུལ་གྱི་དངོས་འགལ་བཅད་པ་ལ་མི་ལྟོས་པའི་ཕྱིར་རོ། །རྟོག་པས་རང་མཚན་ཡུལ་དུ་བྱེད་པའི་ཚེ་ཡུལ་བུམ་པ་རང་མཚན། ཡུལ་ཅན་བུམ་འཛིན་རྟོག་པ། བུམ་འཛིན་རྟོག་པས་རང་ལ་སྣང་བའི་བཟུང་རྣམ་ལ་ཕྱི་རོལ་བུམ་པར་སྒྲོ་བཏགས་པ་ལྟ་བུ་གསུམ་གསུམ་དགོས་པ་ལས། དང་པོ་ནི། གཞན་སེལ་མཚན་ཉིད་པ་མ་ཡིན་ཏེ། བུམ་པའི་གཞན་སེལ་ཡིན་ན། བུམ་འཛིན་རྟོག་པའི་འཇུག་ཚུལ་ལ་ལྟོས་དགོས་པ་གང་ཞིག བུམ་པ་རང་མཚན་པ་དེ་བུམ་འཛིན་རྟོག་པའི་འཇུག་ཚུལ་ལ་མི་ལྟོས་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པའི་ཕྱིར། གཞན་དུ་ན་དེ་ཆོས་ཅན། རྟོག་མེད་ཤེས་པའི་སྣང་ཡུལ་ཏུ་ཐལ། དོན་རང་མཚན་ཡིན་པའི་ཕྱིར། འདོད་ན་གཞན་སེལ་ཡིན་པ་དང་འགལ་ལོ། །གཞན་ཡང་སྣང་སེལ་གཉིས་ཀྱི་ཟླས་ཕྱེ་བའི་སྣང་བ་དེ་དོན་རང་མཚན་གྱི་གནས་ལུགས་ལ་གྲུབ་པར་ཐལ། སེལ་བ་དེ་དོན་རང་མཚན་གྱི་གནས་ལུགས་ལ་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན་སྔོན་པོ་ཉེ་བར་ཡོད་པའི་ལོང་བ་དེ་ལ་སྔོན་པོ་གསལ་བར་སྣང་བར་ཐལ། སྔོན་པོ་གསལ་བར་སྣང་བ་དེ་སྔོན་པོའི་གནས་ལུགས་ལ་གྲུབ་པའི་ཕྱིར། དེས་ན་ཕྱི་རོལ་གྱི་དོན་རང་མཚན་ནི་སྣང་སེལ་གཉིས་ཀྱི་སྒོ་ནས་རྟོགས་པར་བྱ་བའི་གཞི་ཡིན་གྱི་སྣང་སེལ་གཉིས་ཀྱི་ཟླས་ཕྱེ་བའི་སྣང་བ་དང་སེལ་བ་ནི་གང་ཡང་མིན་ནོ། །ཉི་མའི་འོད་ཟེར་ལ་སྣང་བར་འཇོག་པ་ནི་འདིའི་སྣང་བ་དང་དོན་མི་གཅིག་གོ །མདོར་ན་དེ་ནི་རང་གཞན་ངོ་བོ་ཡི། །ཞེས་པའི་སྐབས་ཀྱི་རང་དང་སྣང་བ་དོན་གཅིག་ཡིན་ཅིང་། གཞན་དང་སེལ་བ་དོན་གཅིག་པ་ནི་གནད་ཀྱི་དོན་ཡིན་ཡང་། གཞན་དག་ལ་ནི་འདི་ལྟ་བུའི་ཟབ་དོན་རྟོགས་པའི་ནུས་པ་མི་སྣང་ངོ་། །འོ་ན་བུམ་འཛིན་རྟོག་པའི་བཟུང་རྣམ་དེ་སྣང་བ་ཡིན་ནམ། སེལ་བ་ཡིན་ཞེ་ན། དེ་ལ་ཤེས་པ་ཡིན་པའི་ཆ་དང་། ཕྱི་རོལ་བུམ་པར་སྒྲོ་བཏགས་པའི་ཆ་གཉིས་ལས། སྔ་མ་ནི་སྣང་བ་ཡིན་ཏེ། བུམ་འཛིན་རྟོག་པ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་སོང་བའི་ཡུལ་ཡིན་པའི་ཕྱིར། ཕྱི་མ་ནི་སེལ་བ་ཡིན་ཏེ། སྒྲོ་བཏགས་ཡིན་པའི་ཕྱིར། འདིར་ཡང་། གལ་ཏེ་སྤྱི་ནི་ཤེས་ངོ་ཡིན། །ཞེས་སོགས་གོང་དུ་དྲངས་པའི་རྩ་འགྲེལ་དྲན་པར་བྱའོ། །གཉིས་པ་ཡུལ་ཅན་བུམ་འཛིན་རྟོག་པ་དེ་ཡང་གཞན་སེལ་མཚན་ཉིད་པ་མ་ཡིན་ཏེ། བུམ་པའི་གཞན་སེལ་ཡིན་ན། བུམ་པ་ལ་རྗེས་སུ་འགྲོ་དགོས་པ་གང་ཞིག དེ་བུམ་པ་ལ་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །འདི་ལ་དགོངས་ནས། ཤེས་ལས་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཞེས་གསུངས་སོ། །འགྲེལ་པ་མཁན་པོ་དག་གིས་མཛད་པ་ལྟར་གཞན་སེལ་གསུམ་གྱི་ཟླས་ཕྱེ་བའི་བློའི་གཞན་སེལ་ཡང་འདི་ལ་དགོངས་པ་ཡིན་གྱི་སྒྲོ་བཏགས་སུ་ནི་མི་བཞེད་ལགས། སྒྲའི་གཞན་སེལ་དང་བློའི་གཞན་སེལ་གཉིས་ཀྱི་ཟླས་ཕྱེ་བའི་བློའི་གཞན་སེལ་ནི་གཞན་སེལ་མཚན་ཉིད་པར་བཞེད་དོ། །ལྡོག་པའི་གཞན་སེལ་ལ་མེད་དགག་གིས་ཁྱབ་པ་ནི་མི་བཞེད་དེ། འདི་ལ་བུམ་པའི་གཞན་སེལ་ལྟ་བུ་དགག་བྱ་མེད་དགག་བཅད་ནས་གྲུབ་པའི་རྣམ་པར་སྣང་བ་དང་། བུམ་མེད་ཀྱི་གཞན་སེལ་ལྟ་བུ་དགག་བྱ་སྒྲུབ་པ་བཅད་ནས་དགག་པའི་རྣམ་པར་སྣང་བ་གཉིས་ཡོད་པ་ལས་སྔ་མ་ནི་མ་ཡིན་དགག་གི་གཞན་སེལ་དང་། ཕྱི་མ་ནི་མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར་རོ། །དེས་ན་བུམ་འཛིན་རྟོག་པ་རང་ལ་སྣང་བའི་བཟུང་རྣམ་ལ་ཕྱི་རོལ་བུམ་པར་སྒྲོ་བཏགས་པ་ལྟ་བུ་རྟོག་པའི་བཟུང་རྣམ་དང་ཞེན་ཡུལ་གཉིས་པོ་གཅིག་ཏུ་འཁྲུལ་པའི་སྒྲོ་བཏགས་ལ་གཞན་སེལ་འཆད་པའི་ཚེ་གཞན་སེལ་མཚན་ཉིད་པ་དང་། སྤྱི་འཆད་པའི་ཚེ་སྤྱི་མཚན་ཉིད་པར་འཇོག་པའི་ཕྱིར་རོ། །དེ་ལ་འོག་ཏུ་འབྱུང་བའི་དབྱེ་བ་ཐམས་ཅད་ཡོད་པའི་ཚུལ་ནི། བློ་གྲོས་དང་ལྡན་པ་དག་གིས་ཆོས་ཀྱི་གྲགས་པའི་གཞུང་ལུགས་ཀྱི་སྟེང་དུ་ཞིབ་མོར་དཔྱད་ན་རྟོགས་པར་འགྱུར་རོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། གཞན་སེལ་གྱི་མཚན་ཉིད་དང་། དེའི་རང་བཞིན་ངེས་པར་བྱ་བ། སེལ་བ་ལ་རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ནི། ཡུལ་དེའི་དངོས་འགལ་བཅད་པའི་སྒོ་ནས་ཡུལ་དེར་སྣང་བའི་སྒྲོ་བཏགས་སོ། །དེ་ལ་དངོས་འགལ་བཅད་པ་དང་། རིགས་མི་མཐུན་བཅད་པ་དང་། དེ་མིན་བཅད་པ་རྣམས་ནི་དོན་གཅིག་ཅིང་། གཞན་སེལ་དང་། སེལ་བ་དང་། ལྡོག་པ་དང་། རྣམ་གཅོད་བཞི་པོ་ནི་དོན་ལྡོག་ཀྱང་གཅིག་ཉིད་ཡིན་པས་མཚན་ཉིད་གཅིག་གིས་མཚོན་ནུས་ལ། སྤྱི་དང་སྤྱི་མཚན་ནི་དེ་དག་དང་ཡིན་ཁྱབ་མཉམ་ཡིན་ཀྱང་དོན་ལྡོག་ནི་གཞན་ཚོལ་དགོས་སོ། །དངོས་འགལ་བཅད་པའི་དོན་ཡང་། བུམ་འཛིན་རྟོག་པ་དེ་ལ་བུམ་མིན་རྣམ་པར་བཅད་པའི་བུམ་པའོ་སྙམ་པའི་འཛིན་སྟངས་དངོས་སུ་མེད་ཀྱང་། རང་ལ་སྣང་བའི་བུམ་པའི་རྣམ་པ་དེ་ཕྱི་རོལ་བུམ་པར་ཞེན་པ་དེ་བུམ་མིན་རྣམ་པར་བཅད་པ་ལ་ལྟོས་པ་ཡིན་ཏེ། འདི་བུམ་པའོ་སྙམ་དུ་ཞེན་པ་ཡིན་གྱི་འདི་ཀ་བ་འོ་སྙམ་དུ་ཞེན་པ་མིན་པའི་ཕྱིར་རོ། །དེ་བཞིན་དུ་བུམ་པ་ཞེས་བརྗོད་པའི་སྒྲ་དངོས་འགལ་བཅད་ནས་འཇུག་པ་ཡང་བུམ་མིན་རྣམ་པར་བཅད་ནས་བུམ་པ་ཞེས་པའི་སྒྲ་དངོས་སུ་མེད་ཀྱང་། དེ་ལས་དོན་གོ་བ་བུམ་མིན་རྣམ་པར་བཅད་པ་ལ་ལྟོས་པ་ཡིན་ཏེ། བུམ་པ་ཞེས་པའི་སྒྲ་ཐོས་པའི་མཇུག་ཐོགས་སུ་བུམ་འཛིན་རྟོག་པ་སྐྱེ་བ་ཡིན་གྱི་ཀ་བ་སོགས་འཛིན་པའི་རྟོག་པ་མི་སྐྱེ་བའི་ཕྱིར་རོ། །འདི་ལ་དགོངས་ནས། སྒྲ་གཉིས་བྱེད་པའང་མ་ཡིན་ཏེ། །ཕན་ཚུན་ཡོད་པ་མིན་པའི་ཕྱིར། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། གཞན་སེལ་གྱི་རྣམ་བཞག དེའི་རབ་ཏུ་དབྱེ་བ། མཚན་གཞི་གཅིག་གི་སྟེང་དུ་གནད་མ་ལུས་པ་གཏན་ལ་དབབ་པའོ། །དང་པོ་ལ་ཡུལ་གྱི་གནས་ལུགས་དང་། བློའི་འཛིན་སྟངས་གཉིས་ལས། དང་པོ་ལ་གཞན་སེལ་གྱི་ཡུལ་ཅན་ནི། རྗོད་བྱེད་ཀྱི་སྒྲ་དང་། རྟོག་པ་གཉིས་ཡིན་ལ། དེ་གཉིས་ཀྱི་དངོས་ཡུལ་དངོས་པོར་མེད་ཅིང་། ཞེན་ཡུལ་རང་མཚན་ལ་བྱས་མི་རྟག་སོགས་དོན་ལ་ཐ་དད་མེད་པ་རྣམས་གཅིག་ཏུ་གནས། ཀ་བུམ་སོགས་དོན་ལ་རྫས་ཐ་དད་པ་རྣམས་གཞན་དང་འདྲེ་བ་མེད་པར་གནས་པ་ཡིན་ཏེ། འདིའི་ཞེན་ཡུལ་དུ་གྱུར་པའི་རང་མཚན་དང་། མངོན་སུམ་གྱི་སྣང་ཡུལ་དུ་གྱུར་པའི་རང་མཚན་གཉིས་དོན་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལ་བྱེ་བྲག་པ་སོགས་ན་རེ། བྱས་པ་དེ་སྒྲ་མི་རྟག་པར་བསྒྲུབ་པའི་གྲུབ་ཟིན་བསྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། བྱས་མི་རྟག་གཉིས་དོན་ལ་ཐ་དད་མེད་པའི་ཕྱིར། མི་རྟག་པ་ཆོས་ཅན། བུམ་པ་ལ་རྗེས་སུ་མི་འགྲོ་བར་ཐལ། སྒྲ་དང་དབྱེར་མེད་གཅིག་ཏུ་གནས་པའི་ཕྱིར་ཞེ་ན། དེའི་ལན་ལ་བློའི་འཇུག་ཚུལ་ཤེས་དགོས་པས། གཉིས་པ་བློའི་འཛིན་སྟངས་འཆད་པ་ལ། སྤྱིར་རྟོག་བློའི་འཛིན་སྟངས་དེ་ལ། ཐ་དད་ལ་གཅིག་ཏུ་འཛིན་པ། གཅིག་ལ་ཐ་དད་དུ་འཛིན་པ། ཐ་དད་ལ་ཐ་དད་དུ་འཛིན་པ། གཅིག་ལ་གཅིག་ཏུ་འཛིན་པ་དང་བཞི་ལས། ཕྱི་མ་གཉིས་གོ་སླ་ཞིང་། དང་པོ་གཉིས་འཆད་པ་ལ། ཐ་དད་ལ་གཅིག་ཏུ་འཛིན་པའི་རྟོག་པ་ལ་སྒྲོ་བཏགས་པའི་རྒྱུ། སྒྲོ་འདོགས་པའི་བློའི་རྣམ་པ། སྒྲོ་བཏགས་པའི་དགོས་པ་དང་གསུམ་ལས། དང་པོ་ནི། གཞན་སེལ་གྱི་བློ་ངོར་ཤིང་གསལ་རྣམས་ཡལ་ག་ལོ་འདབ་དང་ལྡན་པར་མཚན་ཉིད་གཅིག་པ་དང་། མེའི་གསལ་བ་རྣམས་བསྲེག་པའི་འབྲས་བུ་གཅིག་པ་ལ། འདི་ནི་ཤིང་ངོ་། །འདི་ནི་མེའོ་ཞེས་གཅིག་ཏུ་སྒྲོ་འདོགས་པ་ཡིན་ཏེ། དེ་ཕྱིར་གང་དང་གང་ལས་དོན། །ལྡོག་པ་དེ་ཡི་རྒྱུ་རྐྱེན་གྱི། །རིགས་དབྱེ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གཞན་སེལ་གྱི་ངོར་མཚན་ཉིད་གཅིག་པའི་ཡུལ་རྣམས་ལ་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་རྣམ་པར་རྟོག་པས་གཅིག་ཏུ་འཛིན་པ་ཡིན་ཏེ། ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །གང་གི་རང་གི་ངོ་བོ་ཡི། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཡུལ་དུས་ཐ་དད་པའི་གསལ་བ་རྣམས་ལ་དགག་སྒྲུབ་ཅིག་ཅར་རྟོགས་པའི་ཆེད་ཡིན་ཏེ། དཔེར་ན་ཤིང་མེད་ཅེས་བརྗོད་པ་ན་ཤིང་གསལ་ཐམས་ཅད་མེད་པར་གོ་བ་དང་། ཤིང་གསལ་གང་རུང་གཅིག་ཡོད་ཅེས་བརྗོད་པ་ན་ཤིང་ཡོད་པར་གོ་བ་བཞིན་ནོ། །འདི་ལ་དགོངས་ནས། འགའ་ཞིག་གཅིག་ཅར་ཀུན་རྟོགས་ཕྱིར། །ཞེས་གསུངས་སོ། གཉིས་པ་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། སྒྲའི་སྟེང་གི་སྒྲ་བྱས་མི་རྟག་གསུམ་དོན་ལ་གཅིག་ཡིན་ཀྱང་ལྡོག་པ་ཐ་དད་དུ་འབྱེད་པའི་རྒྱུ་མཚན་ཡོད་དེ། སྒྲ་དེ་དེ་གསུམ་མ་ཡིན་པ་ལས་ལོག་པར་དོན་ལ་གནས་པའི་ཕྱིར་ཏེ། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། སྒྲ་བྱས་མི་རྟག་གསུམ་པོ་དེ་རྗོད་བྱེད་ཀྱི་སྒྲས་ཐ་དད་དུ་བརྗོད་ཅིང་། རྟོག་པ་ལ་ཐ་དད་དུ་སྣང་བ་ལྟར་རྟོག་པ་དེ་ཉིད་ཀྱིས་དོན་ལ་ཡང་ཐ་དད་དུ་ཞེན་ཏེ། དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །ཞེས་སོགས་གསུངས་པའི་ཕྱིར། གསུམ་པ་ནི། རྣམ་པར་རྟོག་པས་སྒྲ་བྱས་མི་རྟག་པ་གསུམ་ལྡོག་པ་ཐ་དད་དུ་ཕྱེ་བ་ལ་དགོས་པ་ཡོད་དེ། དེ་ལྟར་ཕྱེ་ནས་རྟོག་ངོར་རྟགས་ཆོས་དོན་གསུམ་ཐ་དད་དུ་སྦྱར་བས་སྒྲ་མི་རྟག་པར་རྟོགས་པར་འགྱུར་བའི་ཕྱིར་ཏེ། ཆོས་དང་ཆོས་ཅན་རྣམ་གཞག་དང་ཞེས་པ་ནས། དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་པའི་བར་དང་། དེ་ཡི་ཁྱད་པར་གྱིས། །རྟོག་འགྱུར་བ་དག་རབ་ཏུ་བྱེད། །ཞེས་གསུངས་པའི་ཕྱིར། གནད་འདི་ཤེས་ན་སོང་ཚོད་ཀྱི་རྟགས་ཆོས་དོན་གསུམ་རང་མཚན་ཡིན་མིན་གྱི་དོགས་པ་སྐྱེ་བའི་གནས་མེད་དོ། །གཉིས་པ་དེའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། དབྱེ་བ་དངོས་དང་། སོ་སོའི་རྣམ་བཞག་གོ །དང་པོ་ལ་རྟེན་གྱི་སྒོ་ནས་དབྱེ་ན་ཡོད་པ་གཞན་སེལ་དང་། མེད་པ་གཞན་སེལ་གཉིས་སམ། ཡང་ན་དངོས་པོའི་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་གཉིས་སོ། །དེ་རེ་རེ་ལ་ཡང་ཡུལ་ཅན་སྒྲ་རྟོག་གི་སྒོ་ནས་གཉིས་གཉིས་སུ་འགྱུར་ཏེ། ཡོད་པ་སྒྲའི་གཞན་སེལ་དང་། ཡོད་པ་བློའི་གཞན་སེལ་གཉིས། མེད་པ་སྒྲའི་གཞན་སེལ་དང་། མེད་པ་བློའི་གཞན་སེལ་ཏེ་གཉིས་སོ། །དེ་བཞིན་དུ་དངོས་པོའི་དང་དངོས་མེད་ཀྱི་གཞན་སེལ་ལ་ཡང་འགྲེའོ། །འཛིན་སྟངས་ཀྱི་སྒོ་ནས་དབྱེ་ན། མ་ཡིན་དགག་གི་དང་། མེད་དགག་གི་གཞན་སེལ་གཉིས་སོ། །གཉིས་པ་ལ། དངོས་པོའི། དངོས་མེད་ཀྱི། མ་ཡིན་དགག་གི མེད་དགག་གི་གཞན་སེལ་བཞི་ལས། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ཀྱི་དང་པོ་ནི། རྟོག་ངོར་དོན་བྱེད་མི་ནུས་རྣམ་པར་བཅད་ནས་དངོས་པོར་སྣང་བའི་སྒྲོ་བཏགས། གཉིས་པ་ལ། མངོན་གྱུར་ལ་ངེས་པའི་དང་། ལྐོག་གྱུར་ལ་ངེས་པའི་གཞན་སེལ་གཉིས་ལས། དང་པོ་ནི། དོན་རང་མཚན་མངོན་སུམ་གྱིས་མཐོང་བའི་རྗེས་སུ་སྐྱེས་པའི་ངེས་ཤེས་ཀྱི་དངོས་ཡུལ་ལྟ་བུ་སྟེ། མཐོང་བ་འགའ་ལའང་ཤེས་པ་གང་། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་ནོ། །གཉིས་པ་ནི། མངོན་སུམ་གྱིས་དོན་རང་མཚན་མཐོང་བ་ལ་མ་ལྟོས་པར་སྒྲ་རྟོག་གི་དངོས་ཡུལ་དུ་གྱུར་པ་སྟེ། དབྱེ་ན་བདེན་པ་རྗེས་དཔག་གི་གཞན་སེལ། མི་བདེན་པ་ལོག་ཤེས་ཀྱི་གཞན་སེལ། གཉིས་ཀར་དོགས་པ་ཐེ་ཚོམ་གྱི་གཞན་སེལ་དང་གསུམ་ལས། དང་པོ་ནི། རྗེས་དཔག་གི་དངོས་ཡུལ་དུ་གྱུར་པའི་སྒྲུབ་བྱའི་དོན་སྤྱི་ལྟ་བུའོ། །གཉིས་པ་ནི། རྟོག་ངོར་ཡུལ་གྱི་གནས་ཚུལ་བཅད་པའི་སྒོ་ནས་གནས་ཚུལ་དང་མི་མཐུན་པར་སྣང་བའི་སྒྲོ་བཏགས་ཏེ། སྒྲ་རྟག་འཛིན་རྟོག་པ་ལ་སྒྲ་མི་རྟག་པ་བཅད་པའི་སྒོ་ནས་སྒྲ་རྟག་པར་སྣང་བ་ལྟ་བུའོ། །གསུམ་པ་ནི་ཐེ་ཚོམ་ཡང་རྟོག་པ་ལས་མ་འདས་པས་གང་ལ་དོགས་པ་དེ་དེ་མིན་རྣམ་པར་བཅད་པར་སྣང་བ་ལྟ་བུའོ། །གཉིས་པ་དངོས་མེད་ཀྱི་གཞན་སེལ་ལ། མཚན་ཉིད། དབྱེ་བ། དངོས་མེད་སྣང་ཡུལ་དུ་མི་འགྱུར་བའི་རྒྱུ་མཚན་དང་གསུམ། དང་པོ་ནི་རྟོག་ངོར་དོན་བྱེད་ནུས་པ་བཅད་ནས་དངོས་མེད་དུ་སྣང་བའི་སྒྲོ་བཏགས། གཉིས་པ་ནི། དགག་བྱ་ཤེས་བྱ་ལ་སྲིད་པ་བུམ་མེད་ཀྱི་གཞན་སེལ་ལྟ་བུ་དང་། དགག་བྱ་ཤེས་བྱ་ལ་མི་སྲིད་པ་རི་བོང་རྭ་མེད་ཀྱི་གཞན་སེལ་ལྟ་བུ་གཉིས་ཡོད་དོ། །གསུམ་པ་ལ། དངོས་མེད་སྣང་ཡུལ་དུ་མི་འགྱུར་བའི་འཐད་པ་དང་། དེ་ལ་རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། དངོས་མེད་དེ་རྣམ་པར་རྟོག་པས་གཞན་སེལ་བའི་སྒོ་ནས་ཡུལ་དུ་བྱེད་པ་ཡིན་གྱི། སྣང་བའི་སྒོ་ནས་ཡུལ་དུ་བྱེད་པ་མ་ཡིན་ཏེ། དགག་བྱ་དངོས་པོ་བསལ་བའི་སྒོ་ནས་ཤེས་བྱར་བཞག་པ་ཡིན་གྱི་རང་གི་ངོ་བོའི་སྒོ་ནས་གྲུབ་པ་མེད་པའི་ཕྱིར་ཏེ། ཤེས་བྱར་འཛིན་པ་མེད་པ་ལ། །ཉེས་པ་དག་ཏུ་ཐལ་མི་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་དངོས་པོ་དང་མཚུངས་པའི་རྩོད་སྤང་། ཚད་མ་དང་འགལ་བའི། གྲགས་པ་དང་འགལ་བའི། ལུང་དང་འགལ་བའི་རྩོད་པ་སྤོང་བ་བཞི་ཡོད་པ་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །གསུམ་པ་མ་ཡིན་དགག་གི་གཞན་སེལ་ལ་མཚན་ཉིད་དང་། མིང་གི་རྣམ་གྲངས་གཉིས་ལས། དང་པོ་ནི། རྟོག་ངོར་དགག་བྱ་མེད་དགག་རྣམ་པར་བཅད་ནས་སྒྲུབ་པའི་རྣམ་པར་སྣང་བའི་སྒྲོ་བཏགས་ཏེ། དཔེར་ན་བུམ་པའི་གཞན་སེལ་ལྟ་བུའོ། །གཉིས་པ་ནི། ལུགས་འདི་ལ་མ་ཡིན་དགག་གི་གཞན་སེལ་དང་། མ་ཡིན་དགག་དང་། སེལ་བའི་སྒྲུབ་པ་གསུམ་དོན་གཅིག་ཅིང་། འདི་ལ་དགག་བྱ་དངོས་སུ་བཅད་པ་དང་། དགག་བྱ་དངོས་སུ་མ་བཅད་པ་གཉིས་ཡོད་པ་ལས། དང་པོ་ནི། བུམ་དག་གི་ས་ཕྱོགས་ཀྱི་གཞན་སེལ་ལྟ་བུ་ཡིན་ལ། ཕྱི་མ་ནི་བསྟན་ཟིན་མ་ཐག་པའོ། །བཞི་པ་མེད་དགག་གི་གཞན་སེལ་ལ་མཚན་ཉིད། མིང་གི་རྣམ་གྲངས། དབྱེ་བ་དང་གསུམ་ལས། དང་པོ་ནི། རྟོག་ངོར་སྒྲུབ་པ་རྣམ་པར་བཅད་ནས་དགག་པའི་རྣམ་པ་ཅན་དུ་སྣང་བའི་སྒྲོ་བཏགས་སོ། །གཉིས་པ་ནི་མེད་དགག་གི་གཞན་སེལ་དང་། མེད་དགག་དང་། མེད་པ་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་རྣམས་ནི། མིང་གི་རྣམ་གྲངས་ཡིན་ཡང་ཕྱི་མ་གཉིས་ལ་དོན་ལྡོག་གཞན་དགོས་སོ། །གསུམ་པ་ནི་དགག་བྱ་ཡོད་མེད་ཀྱི་སྒོ་ནས་གཉིས་སུ་ཕྱེ་བ་ནི་དངོས་མེད་ཀྱི་གཞན་སེལ་གྱི་དབྱེ་བ་དང་འདྲའོ། །གསུམ་པ་མཚན་གཞི་གཅིག་གི་སྟེང་དུ་གནད་མ་ལུས་པ་གཏན་ལ་དབབ་པ་ལ། དགག་བྱ་བཅད་ཚུལ། མིང་གི་རྣམ་གྲངས། སོ་སོའི་སྒྲ་དོན། མཚན་གཞི་གཅིག་གི་སྟེང་དུ་བསྟན་པ་དངོས་དང་བཞི་ལས། དང་པོ་ནི་རྗོད་བྱེད་ཀྱི་སྒྲ་དང་། རྟོག་པ་ཡུལ་ལ་འཇུག་པའི་ཚེ་ཡུལ་གྱི་དངོས་འགལ་བཅད་ནས་འཇུག་དགོས་ཏེ། བུམ་པར་ཆུ་ལོང་ཅིག་ཅེས་པའི་སྒྲ་དེས་བུམ་པ་ལས་གཞན་ཁྱོར་བ་སོགས་སུ་ཆུ་ལེན་པ་དེ་མ་བཅད་ན་ཆུ་ལོང་ཅིག་ཅེས་བརྗོད་རིགས་ཀྱི་བུམ་པར་ཞེས་པའི་ཚིགས་སྨོས་པ་དགོས་པ་མེད་པའི་ཕྱིར་དང་། ཆུ་ལོང་ཅིག་ཅེས་པའི་སྒྲ་དེས་ཆུ་ལས་གཞན་ཕྱག་དར་ལ་སོགས་པ་ལེན་པ་མ་བཅད་ན་ལོང་ཅིག་ཅེས་བརྗོད་རིགས་ཀྱི་ཆུ་ཞེས་སྨོས་པ་དོན་མེད་པའི་ཕྱིར་དང་། དེ་བཞིན་དུ་ལོང་ཅིག་ཅེས་པའི་སྒྲ་དེས་ལེན་པ་ལས་གཞན་མི་ལེན་པར་རྣམ་པར་མ་བཅད་ན་ལོང་ཅིག་ཅེས་པའི་སྒྲ་བརྗོད་པ་ཡང་དོན་མེད་པའི་ཕྱིར་དང་། དེ་དག་འཛིན་པའི་རྟོག་པའི་འཇུག་ཡུལ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ཡང་གཞན་དུ་སྦྱོར་བ་དོན་མེད་འགྱུར། །ཞེས་པའི་རང་འགྲེལ་དུ་དཔེར་ན་བུམ་པས་ཆུ་ལོང་ཅིག་ཅེས་བྱ་བ་ལྟ་བུ་གལ་ཏེ་བུམ་པ་དང་སྙིམ་པས་ཆུ་ཅི་འདྲ་ཡང་རུང་བ་ཞིག་བླང་བར་འདོད་པར་གྱུར་ན་ནི་ཆུ་ལོང་ཅིག་ཅེས་བྱ་བ་ཁོ་ན་བརྗོད་པར་བྱ་བར་འགྱུར་གྱི་བུམ་པས་ཅེས་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཕྱག་དར་རམ། གཞན་གང་ཡང་རུང་བ་ཞིག་བླང་བར་དགོས་པར་འདོད་པ་ཞིག་ཏུ་གྱུར་ན་ནི་ལོང་ཅིག་ཅེས་བྱ་བ་བྱེད་པ་དང་ལས་ལ་འཕངས་པ་ཅན་ཁོ་ན་བརྗོད་པར་བྱ་བར་འགྱུར་རོ། །དེ་བཞིན་དུ་བླང་བའམ་སྒྲུབ་པར་བྱ་བའམ་སྒྲུབ་པར་བྱ་བ་མ་ཡིན་པ་གཞན་ཅུང་ཟད་ཅིག་ཡིན་པར་འདོད་ན་ནི། དེའི་ཚེ་ལོང་ཅིག་ཅེས་བྱ་བ་ཡང་བརྗོད་པར་བྱ་བ་མི་འགྱུར་ཏེ། ཚིག་དོན་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་བྱ་ལ་སོགས་པའི་ཚིག་ཐ་སྙད་དུ་འདོགས་པ་རྣམས་ལ་ཡང་རྣམ་པར་བཅད་པར་བྱ་བ་འགའ་ཞིག་ཡོད་པར་འགྱུར་ཏེ། གཞན་དུ་དོགས་པ་མེད་ན་སྦྱོར་བ་མི་རུང་བའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དངོས་འགལ་བཅད་པའི་ཆ་དེ་ཉིད་ལ། རྣམ་གཅོད་དང་། གཞན་སེལ་དང་། སེལ་བ་དང་། ལྡོག་པ་སྟེ། མིང་གི་རྣམ་གྲངས་བཞི་གསུངས་ཤིང་། དངོས་འགལ་བཅད་ནས་ཡུལ་དེར་སྣང་བའི་ཆ་ལ། སྤྱི་དང་། སྤྱི་མཚན་དང་། འདྲེས་པ་དང་། འབྲེལ་པ་ལ་སོགས་པའི་མིང་གི་རྣམ་གྲངས་དུ་མ་གསུངས་སོ། །གསུམ་པ་ནི། དངོས་འགལ་རྣམ་པར་བཅད་པས་རྣམ་གཅོད་ཞེས་བྱ་སྟེ། དེ་ཡིས་དེ་དག་རྣམས་ལས་འདི། །མི་གཅོད་ན་ནི་དེ་ཇི་ལྟར། །གལ་ཏེ་འདི་ལ་རྣམ་གཅོད་ཡོད། །ཅེས་དང་། རྣམ་པར་གཅོད་པ་འགའ་ཞིག་ཡོད་ཅེས་དང་། རྣམ་གཅོད་བརྗོད་པར་བྱེད་པར་གྲུབ། །ཅེས་གསུངས་པའི་ཕྱིར། གཞན་དངོས་འགལ་སེལ་བས་ན་གཞན་སེལ་དང་སེལ་བ་ཞེས་གསུངས་ཏེ། བསལ་བྱ་དངོས་སུ་སྨོས་པ་དང་། མ་སྨོས་པའི་ཁྱད་པར་རོ། །དེ་ལྟར་ཡང་། དེའི་ཕྱིར་གཞན་སེལ་ཡུལ་ཅན་གྱི། །ཞེས་དང་། དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན། །ཞེས་གསུངས་སོ། །དངོས་འགལ་ལས་ལྡོག་པས་ན་ལྡོག་པ་སྟེ། ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་སོགས་ལྡོག་པའི་ཐ་སྙད་མང་དུ་གསུངས་པའི་ཕྱིར་རོ། །གསལ་བ་རྣམས་ལ་རྗེས་སུ་འགྲོ་བས་ན་སྤྱི་དང་། ཐུན་མོང་བའི་རང་བཞིན་ཡིན་པས་ན་སྤྱི་མཚན་ཏེ། སྤྱི་ཡི་སྤྱོད་ཡུལ་དུ་བསྟན་ཏེ། །ཞེས་དང་། མདོ་ལས། མཚན་ཉིད་གཉིས་གཞལ་བྱ། ཞེས་གསུངས་པའི་ཕྱིར་རོ། །རྟོག་ངོར་འདྲེས་པ་ལྟ་བུར་སྣང་བས་ན་འདྲེས་པ་དང་། གཞན་དགག་བྱ་བཅད་པ་ལ་ལྟོས་པ་ལྟ་བུར་སྣང་བས་ན་འབྲེལ་པ་སྟེ། འདྲེས་པའི་དོན་གཅིག་གཅོད་པ་ན། །ཞེས་དང་། འབྲེལ་བརྟག་ལས། དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཉིད་དུ་མེད། །ཅེས་གསུངས་པའི་ཕྱིར། བཞི་པ་ནི། ཤིང་དང་ཤིང་མ་ཡིན་གྱི་གཞན་སེལ་གཉིས་པོ་མཚན་གཞིར་བྱས་ནས་སྔར་གྱི་དབྱེ་བ་ཐམས་ཅད་གཏན་ལ་དབབ་པར་བྱ་སྟེ། ཤིང་འཛིན་རྟོག་པ་ལ་ཤིང་དུ་སྣང་བའི་སྒྲོ་བཏགས་དེ་ཆོས་ཅན། རྣམ་གཅོད་ཞེས་བརྗོད་དེ། ཤིང་མིན་རྣམ་པར་བཅད་པ་ལ་ལྟོས་པའི་ཕྱིར་རོ། །འགྲེལ་པ་མཁན་པོ་དག་གིས་ལྡོག་པ་དང་། གཞན་སེལ་མཚན་ཉིད་པ་མེད་དགག་ཏུ་འདོད་པ་ནི་འདིས་འཁྲུལ་གཞི་བྱས་པར་སྣང་སྟེ། ཁོ་བོ་ནི་ཆོས་ཀྱི་གྲགས་པའི་གཞུང་ལུགས་ཀྱི་དཀྱིལ་དུ་ཞུགས་ནས་གད་མོ་འཆོར་རོ། །ཡང་དེ་ཆོས་ཅན། གཞན་སེལ་དང་སེལ་བ་ཞེས་བྱ་སྟེ། དངོས་འགལ་སེལ་བ་ལ་ལྟོས་པའི་ཕྱིར། ལྡོག་པ་ཞེས་བརྗོད་དེ། དངོས་འགལ་ལས་ལྡོག་པར་སྣང་བའི་ཕྱིར། སྤྱི་དང་སྤྱི་མཚན་ཞེས་བརྗོད་དེ། ཤིང་གསལ་རྣམས་ལ་ཐུན་མོང་དུ་རྗེས་འགྲོ་བྱེད་པར་སྣང་བའི་ཕྱིར། འདྲེས་པ་དང་འབྲེལ་པ་ཞེས་བརྗོད་དེ། ཤིང་གསལ་རྣམས་ཤིང་གི་དོན་གཅིག་ཏུ་སྣང་བའི་ཕྱིར། ཡོད་པ་གཞན་སེལ་དང་དངོས་པོའི་གཞན་སེལ་ཞེས་བརྗོད་དེ། ཤིང་གི་དོན་བྱེད་མི་ནུས་པ་བཅད་ནས་ཤིང་གི་དངོས་པོར་སྣང་བའི་ཕྱིར། སྒྲའི་གཞན་སེལ་དང་བློའི་གཞན་སེལ་ཞེས་བརྗོད་དེ། ཤིང་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར་དང་། ཤིང་འཛིན་རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར། རྟོག་པ་དེ་ཉིད་ཤིང་འཛིན་མངོན་སུམ་གྱིས་དྲངས་པ་ཡིན་ན། གཞན་སེལ་དེ་མངོན་གྱུར་ལ་ངེས་པའི་གཞན་སེལ་དང་། གཞན་དུ་ན་ལྐོག་གྱུར་ལ་ངེས་པའི་གཞན་སེལ་ཏེ། འདི་ལ་ཡང་ཤ་པའི་རྟགས་ལས་ཤ་པ་དང་ལྡན་པའི་གཞིར་ཤིང་ཡོད་པར་རྟོགས་པའི་ཚེ་སྔར་གྱི་གཞན་སེལ་དེ་ཉིད་བདེན་པ་ལ་འཇུག་པ་རྗེས་དཔག་གི་གཞན་སེལ་དང་། ཤིང་མེད་པ་ལ་ཡོད་པར་འཛིན་པའི་ཚེ་མི་བདེན་པ་ལ་འཇུག་པ་ལོག་པའི་གཞན་སེལ་དང་། ཤིང་ཡོད་མེད་ཐེ་ཚོམ་ཟ་བའི་ཚེ་གཉིས་ཀར་དོགས་པ་ཐེ་ཚོམ་གྱི་གཞན་སེལ་དུ་འགྱུར་རོ། །ཡང་དེ་ཆོས་ཅན། མ་ཡིན་དགག་གི་གཞན་སེལ་ཞེས་བརྗོད་དེ། མཚན་ཉིད་དེའི་ཕྱིར་རོ། །ཤིང་མིན་འཛིན་པའི་རྟོག་པ་ལ་ཤིང་མིན་དུ་སྣང་བའི་སྒྲོ་བཏགས་དེ་ཆོས་ཅན། རྣམ་གཅོད་ཅེས་བརྗོད་དེ། དགག་བྱ་ཤིང་རྣམ་པར་བཅད་པ་ལ་ལྟོས་པའི་ཕྱིར། དེ་བཞིན་དུ་གཞན་སེལ་དང་། སེལ་བ་དང་། ལྡོག་པ་གསུམ་པོ་ཡང་སྦྱར་བ་ཤེས་པར་བྱའོ། །སྤྱི་ལ་སོགས་པ་བཞི་པོ་ཡང་ཤིང་མིན་ཐམས་ཅད་ལ་རྗེས་འགྲོ་བྱེད་པ་སོགས་ཀྱི་སྒོ་ནས་ཤེས་པར་བྱའོ། །ཡང་དེ་ཆོས་ཅན། མེད་པ་གཞན་སེལ་དང་། དངོས་མེད་གཞན་སེལ་ཞེས་བརྗོད་དེ། ཤིང་གི་དོན་བྱེད་ནུས་པ་རྣམ་པར་བཅད་ནས་ཤིང་གི་དངོས་པོ་མེད་པར་སྣང་བའི་སྒྲོ་བཏགས་ཡིན་པའི་ཕྱིར། དེ་ལ་ཡང་གཉིས་ཡོད་པ་ལས། དགག་བྱ་ཤེས་བྱ་ལ་སྲིད་པའི་མེད་པ་གཞན་སེལ་ཡིན་ཏེ། འདིའི་དགག་བྱ་ཤིང་ཡོད་པའི་ཕྱིར། མེད་དགག་གི་གཞན་སེལ་ཞེས་ཀྱང་བརྗོད་དེ། དགག་བྱ་སྒྲུབ་པ་བཅད་ནས་དགག་པའི་རྣམ་པར་སྣང་བའི་སྒྲོ་འདོགས་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་རྟོག་པ་ཡུལ་ལ་འཇུག་པའི་ཚེ་གཞན་སེལ་གྱི་རྣམ་བཞག་གིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཚུལ་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །སྒྲུབ་དང་གཞན་སེལ་བློ་གྲོས་གསལ་ལྡན་པའི། །རྟོག་གེ་པ་དེ་ཤེས་བྱའི་དེ་ཉིད་ལ། །ཀུན་མཁྱེན་འདྲ་ཞེས་གསུངས་པའི་ལུང་བསྟན་དེས། །དེང་སང་དུས་ན་ཁོ་བོ་ཟིན་ནམ་སྙམ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།གསུམ་པ་རྩོད་པ་སྤོང་བ་ལ། སྤྱི་མེད་ན་བརྡ་སྦྱོར་བ་མི་སྲིད་པ་སྤང་བ། གཞན་སེལ་ཡིན་ན་ཕན་ཚུན་བརྟེན་པར་ཐལ་བ་སྤང་བ། བཅད་བྱ་མེད་པ་ལ་གཞན་སེལ་མི་འཇུག་པ་སྤང་བ། སེལ་བ་དངོས་པོར་གྲུབ་མ་གྲུབ་བརྟགས་ན་མི་འཐད་པ་སྤང་བ། སེལ་བ་ལ་སྤྱི་མེད་ན་གཞི་མཐུན་མི་སྲིད་པའི་རྩོད་པ་སྤང་བ་དང་ལྔ་ཡོད་པ་ནི། རྣམ་འགྲེལ་དང་། རིགས་གཏེར་གྱི་གཞུང་ཉིད་ཀྱིས་རྟོགས་པར་བྱའོ། །གཉིས་པ་ཞར་ལ་སེལ་འཇུག་དང་སྒྲུབ་འཇུག་གི་རྣམ་བཞག་དཔྱད་པ་ལ། དགག་བཞག་གཉིས་ལས། དང་པོ་ལ་ཁ་ཅིག སེལ་འཇུག་དང་། སྒྲུབ་འཇུག་གི་མཚན་ཉིད་རིམ་བཞིན། རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པ་དང་། དེ་མ་ཕྱེ་བར་འཇུག་པའོ། །དེ་ལ་གཞན་དག་ན་རེ། རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། སེལ་འཇུག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཡུལ་མ་ཡིན་པའི་ཡུལ་ཅིག་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་མེད་པར་ཐལ། ཡུལ་ཡིན་ན་ཁྱོད་ཀྱི་ཡུལ་ཡིན་དགོས་པའི་ཕྱིར། གཞན་ཡང་བུམ་འཛིན་རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། སེལ་འཇུག་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། རང་ཡུལ་ཀུན་ལ་འཇུག་པའི་ཕྱིར་ཅེ་ན། འོ་ན་བུམ་པའི་བྱས་པ་འཛིན་པའི་རྟོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་མིན་པར་ཐལ། བུམ་པའི་བྱས་པ་འཛིན་པ་དེས་དེའི་མི་རྟག་པ་མི་འཛིན་པའི་ཕྱིར། འོན་ཀྱང་ལུགས་སྔ་མ་དེ་མི་འཐད་དེ། དེ་ནི། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །ཞེས་པའི་དོན་དུ་བསམས་པ་ཡིན་ཀྱང་། གཞུང་དེས་གཅིག་ལ་ཐ་དད་དུ་འབྱེད་པའི་སྒྲ་རྟོག་ཁོ་ནའི་འཇུག་ཚུལ་བསྟན་པ་ཡིན་གྱི་སེལ་འཇུག་སྤྱིའི་འཇུག་ཚུལ་མ་བསྟན་པའི་ཕྱིར། གཞན་དུ་ན་ཤིང་གསལ་ཐམས་ཅད་ལ་དམིགས་ནས་ཤིང་ངོ་ཞེས་ཤིང་གི་སྤྱི་གཅིག་ཏུ་འཛིན་པའི་རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། སེལ་འཇུག་ཡིན་པའི་ཕྱིར། འདོད་ན། དེ་མིན་པར་ཐལ། ཤིང་གསལ་ཐམས་ཅད་ལ་དམིགས་ནས་ཤིང་གི་སྤྱི་གཅིག་ཏུ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། ཡང་ཁ་ཅིག ཆོས་དེའི་ཡུལ་ཅན་གང་ཞིག ཆོས་དེ་ཡུལ་དུ་བྱེད་པ་དེའི་ཚེ་ཆོས་དེ་དང་གྲུབ་པ་དེ་བདག་ཉིད་གཅིག་པའི་ཆོས་ཀུན་ཡུལ་དུ་བྱེད་པ་དེ། ཆོས་དེ་ལ་སྒྲུབ་འཇུག་ཡིན་པའི་མཚན་ཉིད། དེ་ལས་ལོག་པ་དེ་དེ་ལ་སེལ་འཇུག་ཡིན་པའི་མཚན་ཉིད་ཡིན་ཟེར་བ་ལ། གཞན་དག་ན་རེ། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པའི་ཡུལ་ཅན་དུ་ཐལ། ཁྱོད་དེ་ལ་སེལ་འཇུག་ཡིན་པའི་ཕྱིར་ཏེ། ཁྱོད་དེ་སྐོར་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། སྒྲ་དང་རྟགས་ཀྱི་རྣམ་པར་གཅོད་པ་ཙམ་རྟོགས་པར་བྱེད་ཀྱི་ཞེས་དང་། དེའི་ཕྱིར་དེ་ལྟར་རྟགས་སེལ་བའི། །ཡུལ་ཅན་ཡིན་པར་རབ་ཏུ་བསྒྲགས། །ཞེས་དང་། འདྲེས་པའི་དོན་གཅིག་གཅོད་པ་ན། །སྒྲའམ་རྟགས་ནི་གཅིག་པུ་ཡིན། །བྱ་བྱེད། ཅེས་ཟེར་མི་འཐད་དེ། རྟོག་བྲལ་མ་འཁྲུལ་བའི་རིག་པ་ཆོས་ཅན། ཁྱོད་སྔོ་འཛིན་དབང་མངོན་ཚད་མ་ཡིན་པ་ལ་སེལ་འཇུག་ཏུ་ཐལ། ཁྱེད་དེ་སྐོར་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར་ཏེ། ཁྱོད་མངོན་སུམ་གང་ཞིག དེ་ཁྱོད་ཀྱི་ཡུལ་ཡིན་པའི་ཕྱིར། ལུང་གསུམ་པོ་དེས་རྟགས་ལ་བརྟེན་པའི་རྗེས་དཔག་སེལ་འཇུག་ཏུ་བསྟན་པ་ཡིན་ཏེ། སྒྲས་ཟླས་ཕྱེ་བའི་རྟགས་སེལ་འཇུག་ཏུ་སྟོན་པའི་སྐབས་ཡིན་པའི་ཕྱིར། སྔ་མ་དེ་ཡང་མི་འཐད་དེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། བདག་མེད་དང་གྲུབ་བདེ་བདག་ཉིད་གཅིག་པའི་ཆོས་ཀུན་ཡུལ་དུ་བྱེད་ནུས་པར་ཐལ། དེ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར་ཏེ། མངོན་སུམ་ཡིན་པའི་ཕྱིར། འདོད་ན། དེ་དང་སྐྱེ་འཇིག་ཅིག་ཆར་དུ་བྱེད་པའི་ཆོས་ཀུན་ཡུལ་དུ་བྱེད་ནུས་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་མངོན་སུམ་གང་ཞིག དེ་མེད་པའི་ཕྱིར། ཁ་ཅིག ཆོས་དེའི་ཡུལ་ཅན་གང་ཞིག ཆོས་དེ་ལ་སྒྲུབ་པས་མི་འཇུག་པ་དེ་ཆོས་དེ་ལ་སེལ་འཇུག་ཡིན་པའི་མཚན་ཉིད། གང་ཞིག ཆོས་དེ་ལ་སེལ་བས་མི་འཇུག་པ་དེ། ཆོས་དེ་ལ་སྒྲུབ་འཇུག་གི་མཚན་ཉིད་ཟེར། མི་འཐད་དེ། ཚད་མ་ཆོས་ཅན། བུམ་པ་ལ་སེལ་འཇུག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དང་བུམ་པ་ལ་མངོན་སུམ་གྱི་གཞི་མཐུན་ཡོད་པའི་ཕྱིར། ཡང་དེ་ཆོས་ཅན། དེ་ལ་སྒྲུབ་འཇུག་ཏུ་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དང་དེ་ལ་རྟོག་པའི་གཞི་མཐུན་ཡོད་པའི་ཕྱིར། ཡང་ཁ་ཅིག ཤིང་ལ་འཇུག་པ་གང་ཞིག ཤིང་ཡུལ་དུ་བྱེད་པའི་ཚེ་དེ་དང་གྲུབ་བདེ་རྫས་གཅིག་པའི་ཆོས་ཀུན་ཡུལ་དུ་བྱེད་མི་ནུས་པའི་སྒྲ་རྟོག་གང་རུང་དེ། དེ་ལ་སེལ་འཇུག་གི་མཚན་ཉིད། གང་ཞིག་དེ་ཡུལ་དུ་བྱེད་པའི་ཚེ་དེ་དང་གྲུབ་བདེ་རྫས་གཅིག་པའི་ཆོས་ཀུན་ཡུལ་དུ་བྱེད་པའི་སྒོ་ནས་དེ་རང་མཚན་པ་སྣང་ཡུལ་དུ་བྱེད་པ་དེ་དེ་ལ་སྒྲུབ་འཇུག་ཡིན་པའི་མཚན་ཉིད། སྤྱིར་སེལ་འཇུག་དང་། སྒྲུབ་འཇུག་གི་མཚན་ཉིད་རིམ་བཞིན། རང་མཚན་དངོས་ཡུལ་དུ་མི་བྱེད་པར་སྤྱི་དངོས་ཡུལ་དུ་བྱེད་པའི་སྒྲ་རྟོག་གང་རུང་། རང་མཚན་དངོས་ཡུལ་དུ་བྱེད་པ་དང་། སྒྲ་རྟོག་གང་རུང་མ་ཡིན་པའི་གཞི་མཐུན་ཟེར། མི་འཐད་དེ། ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་ཆོས་ཅན། ལྗོན་ཤིང་ལ་ཟུར་ཕྱི་མ་དེར་ཐལ། དེ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར་ཏེ། དེ་ལ་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། འདོད་ན། དེ་ལ་མངོན་སུམ་དུ་ཐལ། དེ་ལ་དེ་ལྟར་ཡིན་པའི་དབང་ཤེས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་རྟོག་མེད་ལོག་ཤེས་ཡིན་པའི་ཕྱིར། གཞན་ཡང་ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། རང་མཚན་དངོས་ཡུལ་དུ་བྱེད་པར་ཐལ། སྒྲུབ་འཇུག་ཡིན་པའི་ཕྱིར་ཏེ། རྟོག་མེད་ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྟོག་མེད་ལོག་ཤེས་ཡིན་པའི་ཕྱིར། གཞན་ཡང་སྒྲུབ་འཇུག་གི་མཚན་ཉིད་ཀྱི་ཟུར་དུ་རང་མཚན་དངོས་ཡུལ་དུ་བྱེད་པ་ལས་ལོགས་སུ་སྒྲ་རྟོག་གང་རུང་མ་ཡིན་པའི་གཞི་མཐུན་ཞེས་ཟེར་བའི་མི་འཐད་དེ། རང་མཚན་དངོས་ཡུལ་དུ་བྱེད་ན་སྒྲ་རྟོག་གང་རུང་མིན་དགོས་པ་དོན་ལ་གནས་ཤིང་། ཁྱེད་རང་གིས་ཀྱང་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། དེ་ཕྱིར་གཞན་སེལ་ཡུལ་ཅན་གྱི། །ཞེས་དང་། རྣམ་གཅོད་བརྗོད་པར་བྱེད་པས་གྲུབ། །ཅེས་པས་སེལ་འཇུག་བསྟན་པ་ཡིན་པས་རིགས་མི་མཐུན་རྣམ་པར་བཅད་པའི་སྒོ་ནས་འཇུག་པའི་ཡུལ་ཅན་དེ་སེལ་འཇུག་གི་མཚན་ཉིད་ཡིན་ཏེ། རིགས་གཏེར་ལས། དངོས་འགལ་བཅད་ནས་འཇུག་པ་ནི། །གཞན་སེལ་ཡུལ་ཅན་ཡིན་པར་བཞེད། །ཞེས་གསུངས་པའི་ཕྱིར། དེ་ལ་འཛིན་པ་རང་དབང་ཅན་ཞེས་པས་སྒྲུབ་འཇུག་བསྟན་པ་ཡིན་པས། རིགས་མི་མཐུན་རྣམ་པར་བཅད་པ་ལ་མི་ལྟོས་པར་སྣང་བ་ཙམ་གྱི་སྒོ་ནས་འཇུག་པའི་ཡུལ་ཅན་དེ་སྒྲུབ་འཇུག་གི་མཚན་ཉིད་ཡིན་ནོ། །གཉིས་པ་ནི། སེལ་འཇུག་ལ་ངོ་བོའི་སྒོ་ནས་དབྱེ་ན། སྒྲ་རྟོག་གཉིས། འཇུག་ཚུལ་གྱི་སྒོ་ནས་དབྱེ་ན་སེལ་འཇུག་ཕྱིན་ཅི་ལོག་པ་དང་། མ་ལོག་པ་གཉིས། དང་པོ་ནི། སྒྲ་རྟོག་དོན་མི་མཐུན་དང་། གཉིས་པ་ནི་སྒྲ་རྟོག་དོན་མཐུན་རྣམས་ཡིན་ནོ། །སྒྲུབ་འཇུག་ལ་དབྱེ་ན་འཁྲུལ་མ་འཁྲུལ་གཉིས། དང་པོ་ནི། རྟོག་མེད་ལོག་ཤེས་རྣམས་དང་། གཉིས་པ་ནི་མངོན་སུམ་རྣམས་ཡིན་ནོ། །རྟོག་མེད་ཡུལ་ལ་སྣང་བའི་སྒོ་ནས་འཇུག །སྒྲ་རྟོག་དེ་མིན་བཅད་ནས་འཇུག་པའི་ཚེ། །དངོས་ཡུལ་དངོས་མེད་སེལ་བར་བཞག་པ་སྟེ། །རྟེན་སོགས་སྒོ་ནས་དབྱེ་ན་དུ་མར་འགྱུར། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །སྣང་བ་དང་སེལ་བའི་རྟོགས་ཚུལ་རྣམས་ལེགས་པར་བཤད་ཟིན་ཏོ།། ༈ །།གསུམ་པ་བརྗོད་བྱ་དང་རྗོད་བྱེད་ཀྱི་རྟོགས་ཚུལ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ལ་གཉིས་ཏེ། རང་མཚན་ཁོ་ན་བརྗོད་བྱ་ཡིན་པ་དགག སྤྱི་ཁོ་ན་བརྗོད་བྱ་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། དོན་རང་མཚན་བརྗོད་བྱ་ཡིན་པ་དགག ཤེས་པ་རང་མཚན་བརྗོད་བྱ་ཡིན་པ་དགག་པའོ། །དང་པོ་ནི། མུ་སྟེགས་བརྡ་སྤྲོད་པ་དང་། རང་སྡེ་གནས་མ་བུ་པའི་སྡེ་པ་ན་རེ། བུམ་པ་རང་མཚན་པ་དེ་བུམ་པ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ཏེ། བུམ་པ་འོན་ཅིག་ཅེས་བརྗོད་པ་ན་ཆུ་སྐྱོར་བའི་དོན་བྱེད་ནུས་པ་ལེན་པ་ལ་འཇུག་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། རང་མཚན་ལ་བརྡ་དངོས་སུ་སྦྱར་ན་བརྡ་མི་རྒན་པོས་རང་མཚན་རེ་རེ་བཞིན་དུ་བརྡ་སྦྱར་དགོས་པ་ལས། དེ་མི་ནུས་པའི་ཕྱིར་ཏེ། རང་མཚན་ཡུལ་དུས་རྣམ་པ་སོ་སོར་ངེས་པ་ནི་མཐའ་ཡས་པའི་ཕྱིར་རོ། །གཞན་ཡང་བརྡ་དུས་ཀྱི་བརྡའི་དངོས་ཡུལ་དེ་ཐ་སྙད་ཀྱི་དུས་ན་མེད་པར་ཐལ། རང་མཚན་ལ་བརྡ་དངོས་སུ་སྦྱར་བ་གང་ཞིག བརྡ་དུས་ཀྱི་རང་མཚན་དེ་ཐ་སྙད་ཀྱི་དུས་ན་མེད་པའི་ཕྱིར། འདོད་ན། བརྡ་དུས་སུ་བུམ་པ་ཞེས་པའི་བརྡ་དངོས་སུ་སྦྱར་བས་ཐ་སྙད་ཀྱི་དུས་སུ་བུམ་པ་གོ་བར་མི་འགྱུར་བར་ཐལ་ལོ། །གཞན་ཡང་བུམ་པ་འདས་པ་དང་མ་འོངས་པ་དེ་ཆོས་ཅན། ཁྱོད་ལ་བུམ་པ་ཞེས་པའི་བརྡ་དངོས་སུ་སྦྱོར་བ་མེད་པར་ཐལ། ཁྱོད་བུམ་པ་རང་མཚན་པ་མེད་པའི་ཕྱིར། གཞན་ཡང་བུམ་པ་ཞེས་པའི་སྒྲ་ལ་བརྟེན་ནས་བུམ་པ་རང་མཚན་གསལ་བར་སྣང་བའི་ཤེས་པ་སྐྱེ་བ་ཡིན་པར་ཐལ། བུམ་པ་རང་མཚན་པ་དེ་བུམ་པ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཐོས་པའི་ཉན་ཤེས་མངོན་སུམ་ལ་ཡང་བུམ་པ་རང་མཚན་གསལ་བར་མི་སྣང་། རྗེས་ཀྱི་ངེས་ཤེས་ལ་ཡང་དེ་གསལ་བར་མི་སྣང་བའི་ཕྱིར། དེ་དག་ཀྱང་རིམ་བཞིན། ཐ་དད་པ་དག་བསྟན་པ་ནི། །བཀའ་དང་མི་ནུས་འབྲས་མེད་ཕྱིར། །ཞེས་དང་། སྒྲ་རྣམས་ཀྱིས་ནི་བརྡ་རྟགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན། །ཞེས་དང་། འདས་དང་མ་འོངས་བརྗོད་བྱ་མིན། །དོན་དང་དེ་ནི་ཟད་ཕྱིར་རོ། །ཞེས་དང་། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །དབང་སོགས་འབྲས་བཅས་ཉིད་ཕྱིར་རོ། །ཞེས་དང་། དབང་པོའི་བྱ་བ་མེད་པ་ལ། །གཞན་ངག་ཙམ་གྱིས་སྣང་མེད་ཕྱིར། །ཞེས་གསུངས་པ་རྣམས་ཀྱི་རིགས་པ་ཡིན་ནོ། །བོད་ཁ་ཅིག ཆོས་གྲགས་ཀྱི་གཞུང་དེ་རྣམས་བཀག་པར་འདོད་ནས། རང་མཚན་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ཏེ། སྒྲ་མི་རྟག་ཅེས་པའི་ཚིག་དེས་རང་མཚན་དངོས་སུ་བརྗོད་པའི་ཕྱིར་ཏེ། དེས་སྒྲ་མི་རྟག་པ་དངོས་སུ་བརྗོད་པའི་ཕྱིར་ཏེ། དེས་དེ་དངོས་སུ་བསྟན་པའི་ཕྱིར་ཏེ། དེས་སྒྲ་རྟག་པ་མིན་པ་ཤུགས་ལ་བསྟན་པའི་ཕྱིར། ཡང་དམ་བཅའ་དེར་ཐལ། བུམ་པ་ཞེས་པའི་སྒྲ་དེས་བུམ་པ་དངོས་སུ་བརྗོད་པའི་ཕྱིར་ཏེ། དེ་བུམ་པའི་དངོས་མིང་ཡིན་པའི་ཕྱིར་ཞེས་ཟེར་རོ། །མི་འཐད་དེ། དངོས་སུ་བསྟན་ན་དངོས་སུ་བརྗོད་པས་མ་ཁྱབ་པའི་ཕྱིར་ཏེ། དངོས་སུ་བསྟན་པའི་དོན་ནི་སྒྲ་དེ་ལ་བརྟེན་ནས་དངོས་སུ་གོ་བའི་ཡུལ་ལ་འཇུག་ཅིང་། དངོས་སུ་བརྗོད་པའི་དོན་ནི། སྒྲ་དེ་ཐོས་པའི་ཉན་ཤེས་མངོན་སུམ་གྱི་རྗེས་སུ་བྱུང་བའི་རྟོག་པ་ལ་དངོས་སུ་སྣང་བ་ལ་བྱེད་པའི་ཕྱིར་རོ། །དེས་ན་བསྟན་ཚུལ་ལ་དངོས་བསྟན་དང་ཤུགས་བསྟན་གཉིས། བརྗོད་ཚུལ་ལ་དངོས་ཀྱི་བརྗོད་བྱ་དང་། ཞེན་པའི་བརྗོད་བྱ་གཉིས་སུ་ཕྱེ་བ་མ་འདྲེས་པར་ཤེས་པར་གྱིས་ཤིག དངོས་མིང་ཡིན་ན། དངོས་སུ་བརྗོད་པས་ཀྱང་མ་ཁྱབ་སྟེ། དངོས་མིང་གི་དོན་ནི་འདོད་རྒྱལ་ཐོག་མར་བརྡ་སྦྱར་བ་ལ་འཇོག་པའི་ཕྱིར་རོ། །གཞན་དུ་ན་སྒྲ་མི་རྟག་པ་དེ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་དངོས་ཡུལ་ཡིན་པར་ཐལ། དེ་དེ་ལྟར་སྒྲུབ་པའི་རྟགས་ཀྱིས་དངོས་ཀྱི་སྒྲུབ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། སེང་གེ་ཞེས་པའི་སྒྲ་དེས་རི་དྭགས་ཀྱི་རྒྱལ་པོ་དངོས་སུ་བརྗོད་པར་ཐལ། དེ་དེའི་དངོས་མིང་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། དེས་ན་དངོས་སུ་བསྟན་པ་དང་། དངོས་སུ་བརྗོད་པ་དང་། དངོས་མིང་གསུམ་དོན་མི་གཅིག་སྟེ། དང་པོ་ནི། བསྟན་ཚུལ་གྱི་དབང་དུ་བྱས་པ་དང་། གཉིས་པ་ནི་བརྗོད་ཚུལ་གྱི་དབང་དུ་བྱས་པ་དང་། གསུམ་པ་ནི་མིང་གི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག་ཤེས་པ་རང་མཚན་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱར་འདོད་པ་ཡང་མི་འཐད་དེ། རིགས་པ་སྔ་མ་ཐམས་ཅད་ཀྱིས་གནོད་པའི་ཕྱིར་རོ། །གཉིས་པ་སྤྱི་ཁོ་ན་བརྗོད་བྱ་ཡིན་པ་དགག་པ་ལ་གཉིས་ཏེ། རིགས་སྤྱི་ཁོ་ན་བརྗོད་བྱ་ཡིན་པ་དགག་པ་དང་། སྒྲ་དོན་གྱི་སྤྱི་ཁོ་ན་བརྗོད་བྱ་ཡིན་པ་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། དོན་རང་མཚན་དང་། ཤེས་པ་རང་མཚན་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ན། ཇི་སྐད་བཤད་པའི་རིགས་པས་གནོད་ཀྱང་གསལ་བ་རྣམས་དང་རྫས་གཞན་པའི་རིགས་སྤྱི་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ཏེ། དེ་གསལ་བ་རྣམས་ལ་སྒྲ་བློ་གཅིག་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། བ་གསལ་རྣམས་དང་རྫས་གཞན་པའི་བ་སྤྱི་ཆོས་ཅན། ཁྱོད་ལ་བ་ལང་ཞེས་པའི་བརྡ་སྦྱར་བ་ལ་དོན་མེད་པར་ཐལ། ཁྱོད་ལ་དེ་ལྟར་དུ་སྦྱར་བས་ཐ་སྙད་ཀྱི་དུས་སུ་བ་ལང་གོ་བར་མི་འགྱུར་ཏེ། དཔེར་ན་བུམ་པ་ལ་བརྡ་སྦྱར་བས་བ་ལང་མི་གོ་བ་བཞིན་ནོ། །གལ་ཏེ་སྐྱོན་མེད་དེ། སྤྱི་རྫས་གཞན་པ་དང་འབྲེལ་པའི་རང་མཚན་ལ་བརྡ་སྦྱོར་བའི་ཕྱིར་རོ་ཞེ་ན། འོ་ན་སྤྱི་རྫས་གཞན་པ་དོར་བའི་རང་མཚན་ལ་བརྡ་ཅིའི་ཕྱིར་མི་སྦྱོར་ཞེས་དྲིས་པས་དེ་མཐའ་ཡས་པའི་ཕྱིར་ཞེ་ན། འོ་ན་སྤྱི་རྫས་གཞན་པ་དང་འབྲེལ་པའི་རང་མཚན་ལ་ཡང་བརྡ་མི་སྦྱོར་བར་ཐལ། དེ་མཐའ་ཡས་པར་མཚུངས་པའི་ཕྱིར། གཉིས་པ་ལ་བོད་ཁ་ཅིག་ན་རེ། དོན་རང་མཚན་དང་། ཤེས་པ་རང་མཚན་དང་། དོན་ལ་ཡོད་པའི་སྤྱི་ཁོ་ན་བརྗོད་བྱ་ཡིན་ན། མུ་སྟེགས་བྱེད་ལ་བཀོད་པའི་སྐྱོན་ཡོད་ཀྱང་། རྟོག་པ་ལ་སྣང་བའི་དོན་སྤྱི་ཁོ་ན་དངོས་ཀྱི་བརྗོད་བྱ་ཡིན་པས་སྐྱོན་མེད་དོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། དོན་བུམ་པ་དང་། བུམ་པ་ཞེས་པའི་སྒྲ་དང་། བུམ་འཛིན་ཤེས་པ་ལས་རྫས་གཞན་པའི་བུམ་པར་སྣང་བའི་མིང་གི་རྣམ་པ་ཅན་དང་། ལྟོ་ལྡིར་བར་སྣང་བའི་མཚན་མའི་རྣམ་པ་ཅན་གྱི་བུམ་པའི་མིང་མཚན་ལྡན་མིན་འདུ་བྱེད་དེ་ཁོ་ན་བུམ་པ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ནོ་ཞེས་ཟེར་རོ། །མི་འཐད་དེ། བུམ་པའི་མིང་མཚན་ལྡན་མིན་འདུ་བྱེད་དེ་ཆོས་ཅན། ཁྱོད་ལ་བུམ་པ་ཞེས་པའི་བརྡ་སྦྱར་བ་དོན་མེད་པར་ཐལ། ཁྱོད་ལ་དེ་ལྟར་དུ་བརྡ་སྦྱར་བས་བུམ་པ་གོ་བར་མི་འགྱུར་བའི་ཕྱིར་ཏེ། དཔེར་ན་བུམ་པ་ལ་བརྡ་སྦྱར་བས་བ་ལང་གོ་བར་མི་འགྱུར་བ་བཞིན་ནོ། །གལ་ཏེ་སྐྱོན་མེད་དེ། དེ་དང་བུམ་པ་གཉིས་པོ་ལྟོ་བ་ལྡིར་བའི་རྣམ་པ་འདྲ་བས་དེ་གཉིས་གཅིག་ཏུ་འཁྲུལ་ནས་བུམ་པ་ལ་འཇུག་པའི་ཕྱིར་ཞེ་ན། འོ་ན་བུམ་པ་ཞེས་པའི་བརྡ་ལ་བརྟེན་ནས་བུམ་པ་ལ་འཇུག་པར་བྱེད་པའི་གང་ཟག་ཆོས་ཅན། ཁྱོད་ཡུལ་དུས་ཀུན་ཏུ་བུམ་པའི་མིང་མཚན་དེ་བུམ་པར་འཁྲུལ་པ་མ་ཡིན་པར་ཡུལ་དུས་འགའ་ཞིག་ཏུ་བུམ་པ་དེ་ཡང་བུམ་པའི་མིང་མཚན་དུ་འཁྲུལ་པ་ཡིན་པར་ཐལ། ཁྱོད་དེ་གཉིས་འདྲ་བའི་རྒྱུ་མཚན་གྱིས་གཅིག་ཏུ་འཁྲུལ་པ་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། གལ་ཏེ་དོན་ལ་ཚུལ་འདྲ་ལས། །འཁྲུལ་འཇུག་གྱུར་ན་དུས་ཀུན་དང་། །ཡུལ་ལ་འཁྲུལ་མིན། ཅེས་གསུངས་པས་སོ། །འདི་ལ་ཡུལ་ཀུན་ཏུ་དེ་གཉིས་གཅིག་ཏུ་འཁྲུལ་བ་མིན་ཏེ། ཡུལ་འགའ་ཞིག་ཏུ་དེ་གཉིས་སོ་སོར་ཤེས་པ་སྲིད་པའི་ཕྱིར། དུས་ཀུན་ཏུ་དེ་གཉིས་གཅིག་ཏུ་འཁྲུལ་པ་མ་ཡིན་པའི་སྒྲུབ་བྱེད་སྔ་མ་བཞིན་སྦྱར་བ་རིགས་གཏེར་རང་འགྲེལ་གྱི་དགོངས་པར་སྣང་ངོ་། །གཉིས་པ་རང་ལུགས་བཞག་པ་ལ་མཚན་ཉིད། དབྱེ་བ། དེའི་དོན་ངེས་པར་བྱ་བ་དང་གསུམ་ལས། དང་པོ་ནི། བརྗོད་བྱ་དང་། རྗོད་བྱེད་ཀྱི་མཚན་ཉིད་རིམ་བཞིན། བརྡ་ལས་གོ་བར་བྱ་བ་དང་། དོན་གོ་བར་བྱེད་པའི་བརྡའོ། །གཉིས་པ་ལ་གཉིས་ཏེ། བརྗོད་བྱ་རྗོད་བྱེད་ཀྱི་ཐུན་མོང་གི་དབྱེ་བ། རྗོད་བྱེད་ཀྱི་ཐུན་མོང་མ་ཡིན་པའི་དབྱེ་བའོ། །དང་པོ་ནི། བུམ་པ་ཞེས་པའི་སྒྲས་བུམ་པ་བརྗོད་པ་ལྟ་བུ་ལ་མཚོན་ན། འཆད་དུས་ཀྱི་བརྗོད་བྱ་རྗོད་བྱེད་གཉིས། འཇུག་དུས་ཀྱི་བརྗོད་བྱ་རྗོད་བྱེད་གཉིས་ལས། འཆད་དུས་ཀྱི་བརྗོད་བྱ་རྗོད་བྱེད་ལ་དངོས་ཀྱི་བརྗོད་བྱ་རྗོད་བྱེད་དང་། ཞེན་པའི་བརྗོད་བྱ་རྗོད་བྱེད་གཉིས། དངོས་ཀྱི་བརྗོད་བྱ་ནི། བུམ་པའི་དོན་སྤྱི་ལྟ་བུའོ། །དངོས་ཀྱི་རྗོད་བྱེད་ནི་བུམ་པ་ཞེས་བརྗོད་པའི་སྒྲ་སྤྱི་ལྟ་བུའོ། །ཞེན་པའི་བརྗོད་བྱ་ནི་བུམ་པ་རང་མཚན་ལྟ་བུ་དང་། ཞེན་པའི་རྗོད་བྱེད་ནི་བུམ་པ་ཞེས་བརྗོད་པའི་སྒྲ་རང་མཚན་ལྟ་བུའོ། །དེང་སང་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ན། རང་མཚན་མ་ཡིན་པས་ཁྱབ་པ་ཙམ་ཞིག་རིགས་གཏེར་ལ་ཞེ་སྨོན་བྱེད་པ་རྣམས་ཀྱིས་བློ་ལ་སྣང་ན་ཡང་དངོས་ཀྱི་རྗོད་བྱེད་ཡིན་ན། རང་མཚན་མ་ཡིན་པས་ཁྱབ་པ་ད་དུང་བློ་ལ་མི་ཤོང་བར་སྣང་ངོ་། །བདག་ཉིད་ཆེན་པོའི་དགོངས་པ་དེ་གཉིས་ལ་ཁྱད་པར་མེད་དེ། སྒྲ་ཐོས་པའི་ཉན་ཤེས་ཀྱི་རྗེས་སུ་བྱུང་བའི་རྟོག་པ་ལ་སྒྲ་འདིས་དོན་འདི་བརྗོད་པར་འདུག་གོ་སྙམ་པའི་རྗོད་བྱེད་དུ་སྣང་བ་ལ་དངོས་ཀྱི་རྗོད་བྱེད་དང་། བརྗོད་བྱར་སྣང་བ་ལ་དངོས་ཀྱི་བརྗོད་བྱར་འཇོག་པའི་ཕྱིར་རོ། །འཇུག་དུས་ཀྱི་བརྗོད་བྱ་ལ་དངོས་དང་ཞེན་པ་གཉིས་སུ་ཕྱེ་བ་མེད་དེ། འཇུག་པའི་ཚེ་རྟོག་པའི་དངོས་ཡུལ་དང་དོན་རང་མཚན་གཅིག་ཏུ་འཁྲུལ་ནས་འཇུག་པའི་ཕྱིར་རོ། །འཇུག་དུས་ཀྱི་རྗོད་བྱེད་ལ་ཡང་གཉིས་སུ་ཕྱེ་བ་མེད་དེ། དེའི་ཚེ་རྟོག་པ་ལ་སྣང་བའི་སྒྲ་སྤྱི་དང་། ཉན་ཤེས་ལ་སྣང་བའི་སྒྲ་རང་མཚན་པ་གཉིས་པོ་གཅིག་ཏུ་འཁྲུལ་ནས་འཇུག་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ངོ་བོའི་སྒོ་ནས་དབྱེ་བ། ཡུལ་གྱི་སྒོ་ནས་དབྱེ་བ། བྱེད་ལས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་བཞི་སྟེ། ཡི་གེ མིང་། ཚིག ངག་གོ །དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ལ་ཁ་ཅིག མིང་ཚིག་གཉིས་ཀའི་གསལ་བྱེད་དུ་གྱུར་པའི་སྐད་གདངས་ཀྱི་ངོ་བོའི་སྒྲ་རང་མཚན་པ་དེ་ཡི་གེའི་མཚན་ཉིད་ཡིན་ཞེས་ཟེར་བ་མི་འཐད་དེ། སྒྲའི་སྐད་ཅིག་སྔ་ཕྱི་ཉན་ཤེས་སྐད་ཅིག་སྔ་ཕྱི་སོ་སོས་བཟུང་བའི་རྗེས་སུ་རྣམ་པར་རྟོག་པས་དེ་དག་གཅིག་ཏུ་བཟུང་བའི་ཡུལ་ལ་ཡི་གེར་འཇོག་པའི་ཕྱིར་རོ། །གཞན་དུ་ན་ཉན་ཤེས་སྐད་ཅིག་མ་གཅིག་གིས་ཡི་གེ་ཅིག་ཅར་དུ་ཐོས་པར་ཐལ། ཉན་ཤེས་སྐད་ཅིག་མ་གཅིག་གིས་སྒྲ་རང་མཚན་ཅིག་ཆར་དུ་ཐོས་པའི་ཕྱིར། འདོད་ན། ཡི་གེ་རིམ་གྱིས་རྟོགས་པར་འགྱུར། །ཞེས་པའི་གཞུང་དང་འགལ་ལོ། །རང་ལུགས་ལ་རང་གི་ངོ་བོའི་སྒོ་ནས་བརྗོད་དོན་མི་སྟོན་པར་བརྗོད་དོན་སྟོན་པའི་མིང་ཚིག་གཉིས་ཀྱི་གཞིར་གྱུར་པའི་སྒྲའི་སྐད་ཅིག་དུ་མ་ཚོགས་པའི་བཏགས་ཡོད་དོ། །གཉིས་པ་ལ་འཕགས་ཡུལ་པ་ལྟར་ན། དབྱངས་ཡིག་བཅུ་བཞི་དང་། གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་སོ་བདུན་ཡོད་དེ། ཤཱནྟི་པས་འདིར་ནི་དབྱངས་ཡིག་བཅུ་བཞི་སྟེ། །གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །ཞེས་གསུངས་སོ། །བོད་ཡུལ་བ་ལྟར་ན། དབྱངས་ཡིག་བཞི་དང་། གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་ཡོད་དེ། དང་པོ་ནི། ཨི་དང་། ཨུ་དང་། ཨེ་དང་། ཨོ་དང་བཞིའོ། །གཉིས་པ་ནི་ཀ་ནས་ཨའི་བར་རོ། །མིང་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ལ་ཁ་ཅིག་ན་རེ། ཡི་གེ་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཙམ་སྟོན་པའི་མཉན་བྱ་ཅེས་དང་། གཞན་དག་ཡི་གེ་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་སྟོན་པའི་སྐད་ཅིག་དུ་མ་ཅན་གྱི་སྒྲ་ཞེས་ཟེར་བ་མི་འཐད་དེ། མིང་ཡིན་ན། སྒྲ་མིན་དགོས་པའི་ཕྱིར་རོ། །འདི་བསྒྲུབ་པ་ལ། རིགས་པ་དང་། ལུང་གཉིས་ལས། དང་པོ་ནི། བུམ་པའི་མིང་དེ་བུམ་པ་ཞེས་པའི་སྒྲ་ཐོས་པའི་ཉན་ཤེས་ལ་སྣང་བར་ཐལ། བུམ་པ་ཞེས་པའི་སྒྲ་དེ་དེའི་མིང་ཡིན་པའི་ཕྱིར། འདོད་ན། ཉན་ཤེས་ཆོས་ཅན། བུམ་པ་དང་ལྟོ་ལྡིར་བའི་མིང་དོན་གྱི་འབྲེལ་པ་སྣང་ཡུལ་དུ་བྱེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རྟོག་པར་ཐལ། བརྡ་འབྲེལ་སྣང་ཡུལ་དུ་བྱེད་པའི་ཚུར་མཐོང་གི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ནི་ཆོས་མངོན་པ་ལས་ཀྱང་མིང་ཚིག་ཡི་གེ་གསུམ་ལྡན་མིན་འདུ་བྱེད་ཡིན་པས་འདུ་བྱེད་ཀྱི་ཕུང་པོ་དང་། སྒྲ་ནི་གཟུགས་ཀྱི་ཕུང་པོར་བཤད་ལ། རིགས་པའི་བསྟན་བཅོས་ལས་ཀྱང་། ཚིག་སོགས་ཀུན་བཏགས་དངོས་མེད་ལ། །ཞེས་མིང་ཚིག་དངོས་མེད་དང་། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །ཅེས་སྒྲ་མི་རྟག་པར་བཤད་པས་དངོས་པོར་གྲུབ་བོ། །རང་ལུགས་ནི། ཡི་གེ་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཙམ་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱིའོ། །གཉིས་པ་དབྱེ་བ་ལ་དངོས་མིང་དང་བཏགས་མིང་གཉིས་ལས། ཁ་ཅིག དོན་དེ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་ཞིང་ཐ་སྙད་ཀྱི་དུས་སུ་དོན་དེ་འཁྲུལ་མེད་དུ་གོ་ནུས་ཀྱི་མཉན་བྱ་དེ་དོན་དེའི་དངོས་མིང་གི་མཚན་ཉིད། མཚན་གཞི་ནི་བུམ་པ་ཞེས་བརྗོད་པའི་སྒྲ་དེ་གསེར་བུམ་གྱི་དངོས་མིང་ཡིན་ཏེ། དེའི་མིང་ཡིན་པ་གང་ཞིག དེའི་བཏགས་མིང་མིན་པའི་ཕྱིར། མ་གྲུབ་ན། གསེར་བུམ་དེ་བུམ་པ་བཏགས་པ་བ་ཡིན་པར་ཐལ་ལོ། །དོན་དེ་དངོས་མིང་དུ་འཇུག་པའི་གཞི་དེ་དང་འདྲ་འབྲེལ་གང་རུང་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཕྱིས་རྗེས་གྲུབ་ཏུ་བརྡ་སྦྱར་བའི་མཉན་བྱ་དེ་དོན་དེའི་བཏགས་མིང་གི་མཚན་ཉིད་ཅེས་ཟེར་རོ། །དེ་ལ་གཞན་དག་ན་རེ། བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ལས་བུམ་པ་དོན་གཉེར་གྱི་སྐྱེས་བུ་དེ་དངུལ་བུམ་ལ་མི་འཇུག་པར་གསེར་བུམ་ཁོ་ན་ལ་འཇུག་པར་ཐལ། ཁྱོད་དེའི་དངོས་མིང་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལས་གཞན་པ་ཡོངས་སྤངས་ནས། །འཇུག་འགྱུར་ཞེས་ཀྱང་སྒྲ་བརྗོད་དོ། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། གཞུང་དེ་བརྡའི་ཡུལ་གྱི་དབང་དུ་བྱས་པ་ཡིན་གྱི་མིང་གི་ཡུལ་གྱི་དབང་དུ་བྱས་པ་མིན་པའི་ཕྱིར། གཞན་དུ་ན་སེང་གེ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ལས་རི་དྭགས་ཀྱི་རྒྱལ་པོ་ཁོ་ན་ལ་འཇུག་པར་ཐལ། ཁྱོད་དེའི་དངོས་མིང་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། ཁྱོད་སྐབས་འགའ་ཞིག་ཏུ་བྲམ་ཟེའི་ཁྱེའུ་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །ལུགས་སྔ་མ་ཡང་མི་འཐད་དེ། མིང་ཡིན་ན། སྒྲ་མིན་དགོས་པར་བཤད་ཟིན་པའི་ཕྱིར་རོ། །གཞན་ཡང་བུམ་པ་ཞེས་པའི་སྒྲ་ཆོས་ཅན། གསེར་བུམ་གྱི་དངོས་མིང་མིན་པར་ཐལ། དངུལ་བུམ་གྱི་དངོས་མིང་ཡིན་པའི་ཕྱིར། རྟགས་བསལ་ཁས། ཡང་ཁ་ཅིག དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། དོན་དེ་ཐུན་མོང་མ་ཡིན་པར་གོ་ནུས་ཀྱི་མིང་དང་། དོན་དེ་ཐུན་མོང་བར་གོ་ནུས་ཀྱི་མིང་ཞེས་ཟེར་ན། བུམ་པའི་དངོས་མིང་ཆོས་ཅན། བུམ་པ་ཐུན་མོང་མ་ཡིན་པར་གོ་ནུས་ཀྱི་མིང་ཡིན་པར་ཐལ། དེའི་དངོས་མིང་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། དེ་ལ་བརྡའི་དབང་གིས་འཇུག་པའི་ཕྱིར། ཁྱབ་སྟེ། བརྡ་ཡི་དབང་གིས་འཇུག་པ་ལ། །ཐུན་མོང་མིན་པ་ཉིད་ཀྱང་ཅི། །ཞེས་གསུངས་པའི་ཕྱིར། རང་ལུགས་ལ་དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། དོན་དེ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་ཞིང་ཐ་སྙད་ཀྱི་དུས་སུ་དོན་དེ་འཁྲུལ་མེད་དུ་གོ་ནུས་ཀྱི་མིང་དང་། དངོས་མིང་དུ་འཇུག་པའི་གཞི་དང་། དོན་དེ་འདྲ་འབྲེལ་གང་རུང་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཕྱིས་རྗེས་གྲུབ་ཏུ་བརྡ་སྦྱར་བའི་མིང་ངོ་། །དེ་ལྟར་ཡང་། ཇི་ལྟར་གྲགས་ལས་གྲུབ་གང་ཡིན། །དངོས་དང་དེ་དང་མཚུངས་པའི་ཕྱིར། །གང་ལ་དེ་སྐད་བརྗོད་ཕལ་པ། །ཞེས་གསུངས་སོ། །དེ་ལ་ཁ་ཅིག་ན་རེ། བུམ་པའི་དངོས་མིང་ཆོས་ཅན། བུམ་པ་འཁྲུལ་མེད་དུ་གོ་ནུས་ཀྱི་མིང་ཡིན་པར་ཐལ། བུམ་པའི་དངོས་མིང་ཡིན་པའི་ཕྱིར། འདོད་ན། བུམ་པའི་མིང་ལ་བརྟེན་པའི་རྟོག་པ་དེས་བུམ་པ་འཁྲུལ་མེད་དུ་གོ་བར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་དེ་ལ་འཁྲུལ་ཤེས་ཡིན་པའི་ཕྱིར་ཞེ་ན། མངོན་སུམ་ལ་མངོན་སུམ་དུ་སྣང་བའི་རྟོག་པ་ཆོས་ཅན། དེ་ལ་དེར་སྣང་བ་མིན་པར་ཐལ། དེ་ལ་རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། དོན་དེ་འཁྲུལ་མེད་དུ་གོ་ནུས་ཀྱི་མིང་མེད་པར་ཐལ། དོན་དེའི་མིང་ལ་བརྟེན་པའི་རྟོག་པ་ཡིན་ན། དོན་དེ་ལ་འཁྲུལ་ཤེས་ཡིན་དགོས་པའི་ཕྱིར། འདོད་མི་ནུས་ཏེ། འཁྲུལ་མེད་ཅན་ཤེས་དང་པོ་ཡི། །བརྡ་ཡི་སྤྱོད་ཡུལ་གང་ཡིན་དངོས། །ཞེས་གསུངས་པའི་ཕྱིར། དངོས་མིང་ལ་དབྱེ་ན་བཤད་པ་རྒྱུ་མཚན་ཅན་གྱི་དངོས་མིང་དང་། འཇུག་པ་རྒྱུ་མཚན་ཅན་གྱི་དངོས་མིང་གཉིས་ལས། དང་པོ་ནི། ཐམས་ཅད་མཁྱེན་པ་ཞེས་པ་ལྟ་བུ་དང་། གཉིས་པ་ནི། བུམ་པ་ཞེས་པ་ལྟ་བུའོ། །བཏགས་མིང་ལ་དབྱེ་ན། འདྲ་བ་རྒྱུ་མཚན་དུ་བྱས་པ་དང་། འབྲེལ་པ་རྒྱུ་མཚན་དུ་བྱས་པ་གཉིས་ལས། དང་པོ་ནི། གང་ཟག་འགའ་ཞིག་ལ་སེང་གེ་ཞེས་པ་དང་། སྨན་འགའ་ཞིག་ལ་བྱ་རོག་རྐང་ཞེས་པ་ལྟ་བུའོ། །གཉིས་པ་ལ་བདག་གཅིག་འབྲེལ་པ་རྒྱུ་མཚན་དུ་བྱས་པ་དང་། དེ་བྱུང་འབྲེལ་པ་རྒྱུ་མཚན་དུ་བྱས་པ་གཉིས་ལས། དང་པོ་ལ། སྤྱི་མིང་བྱེ་བྲག་ལ་བཏགས་པ་དང་། བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་དང་། ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ་དང་། ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པ་དང་བཞི་ལས། དང་པོ་ནི། མིག་ཤེས་ཀྱི་ཡུལ་ལ་གཟུགས་སུ་བཏགས་པ་ལྟ་བུའོ། །གཉིས་པ་ནི་རྐྱེན་གསུམ་ལས་སྐྱེས་པའི་ཤེས་པ་ལ་དབང་ཤེས་སུ་བཏགས་པ་ལྟ་བུའོ། །གསུམ་པ་ནི་ཡི་གེའི་ཆ་ཤས་ཀུན་སློང་གི་ཤེས་པ་ལས་སྐྱེས་ཤིང་ཉན་ཤེས་ཀྱིས་ཐོས་པ་ལ་ཡི་གེ་ཀུན་སློང་གི་ཤེས་པ་ལས་སྐྱེ་ཞིང་ཉན་ཤེས་ཀྱིས་ཐོས་པར་བཏགས་པ་དང་། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་ལྟ་བུའོ། །བཞི་པ་ནི་རྔའི་སྒྲ་དང་། ནས་ཀྱི་མྱུ་གུ་ཞེས་པ་ལྟ་བུའོ། །གཉིས་པ་ལ། རྒྱུ་མིང་འབྲས་བུ་ལ་བཏགས་པ་དང་། འབྲས་མིང་རྒྱུ་ལ་བཏགས་པ་གཉིས། དང་པོ་ནི། ཉི་མའི་འོད་ཟེར་ལ་ཉི་མར་བཏགས་པ་དང་། གཉིས་པ་ནི། སྒྲུབ་ངག་ཡང་དག་ལ་རྗེས་དཔག་ཏུ་བཏགས་པ་ལྟ་བུའོ། །ཡང་མིང་ལ་དབྱེ་ན་བཤད་པ་རྒྱུ་མཚན་ཅན་གྱི་མིང་དང་། འཇུག་པ་རྒྱུ་མཚན་ཅན་གྱི་མིང་གཉིས་ལས། དང་པོ་ནི། སངས་རྒྱས་ཞེས་པ་དང་། གཉིས་པ་ནི་ཤིང་ཞེས་པ་ལྟ་བུའོ། །འདི་གཉིས་མཚོ་སྐྱེས་ཞེས་པའི་མིང་ལྟ་བུ་ལ་མཚོན་ན་བཤད་འཇུག་གཉིས་ཀ་ཡོད་པ། དེ་གཉིས་ཀ་མེད་པ། བཤད་དུ་ཡོད་ལ་འཇུག་ཏུ་མེད་པ། འཇུག་ཏུ་ཡོད་ལ་བཤད་དུ་མེད་པ་དང་བཞི་ལས། དང་པོ་ནི། མཚོ་ལས་སྐྱེས་པའི་པད་མོ་ལྟ་བུའོ། །གཉིས་པ་ནི་རྡོ་བ་ལྟ་བུའོ། །གསུམ་པ་ནི། མཚོ་ལས་སྐྱེས་པའི་སྦལ་པ་ལྟ་བུའོ། །བཞི་པ་ནི་སྐམ་ལས་སྐྱེས་པའི་པད་མོ་ལྟ་བུའོ། །འདི་གཉིས་དངོས་མིང་དང་། བཏགས་མིང་གང་ཡིན་ཞེ་ན། བཤད་པ་རྒྱུ་མཚན་ཅན་གྱི་མིང་ལ་ནི་གཉིས་ཀ་ཡོད་ཅིང་། ཕྱི་མ་ནི་དངོས་མིང་ཁོ་ན་ཡིན་པར་མངོན་ནོ། །ཚིག་གི་མཚན་ཉིད་མིང་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཁྱད་པར་དང་བཅས་པ་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱིའོ། །ངག་ཚིག་གཉིས་ཀྱི་ཟླས་ཕྱེ་བའི་ངག་གི་མཚན་ཉིད། ཚིག་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཁྱད་པར་དང་བཅས་པ་དེ་ཡང་སྐྱེས་བུའི་འཇུག་ལྡོག་གི་ཡུལ་དུ་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱིའོ། །འདི་དང་ལུས་ངག་ཡིད་གསུམ་གྱི་ཟླས་ཕྱེ་བའི་ངག་གཉིས་དོན་མི་གཅིག་སྟེ། འདི་ནི་སྒྲ་སྤྱི་ཡིན་ལ་ཅིག་ཤོས་ནི་སྒྲ་རང་མཚན་པ་ཡིན་པའི་ཕྱིར་རོ། །ཡང་མིང་ཚིག་ངག་གསུམ་ཀ་ལ་དབྱེ་ན། དང་པོ་ངོ་བོ་བརྗོད་པ། གཉིས་པ་བྱ་བ། གསུམ་པ་བྱེད་པ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་པ། བདུན་པ་གནས་གཞི། བརྒྱད་པ་བོད་པ་བརྗོད་པ་སྟེ་བརྒྱད་དོ། །དང་པོ་ནི། ཤིང་ཞེས་པ་ལྟ་བུ། གཉིས་པ་ནི་ཤིང་དྲུང་དུ་འགྲོ་ཞེས་པ་ལྟ་བུའོ། །གསུམ་པ་ནི་ཤིང་གིས་མེ་བུས་ཞེས་པ་ལྟ་བུའོ། །བཞི་པ་ནི་ཤིང་ལ་ཆུ་དྲོངས་ཞེས་པ་ལྟ་བུའོ། །ལྔ་པ་ནི་ཤིང་ལས་འབྲས་བུ་འབྱུང་ཞེས་པ་ལྟ་བུའོ། །དྲུག་པ་ནི་ཤིང་གི་ཡལ་ག་ཞེས་པ་ལྟ་བུའོ། །བདུན་པ་ནི་ཤིང་སྟེང་ན་བྱ་ཚང་གནས་ཞེས་པ་ལྟ་བུའོ། །བརྒྱད་པ་ནི་ཀྱེ་ཤིང་ཁྱེར་ཤོག་ཅེས་པ་ལྟ་བུའོ། །དེ་དག་ལ་སྒྲ་རང་མཚན་པ་དང་། སྒྲ་སྤྱི་གཉིས་གཉིས་ལས། དང་པོ་ནི། ཞེན་པའི་རྗོད་བྱེད། གཉིས་པ་ནི་དངོས་ཀྱི་རྗོད་བྱེད་དེ་མིང་ཚིག་ངག་གསུམ་ཅི་རིགས་པའི་ཁོངས་སུ་འདུས་སོ། །གཉིས་པ་ཡུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ། རིགས་དང་ཚོགས་པ་བརྗོད་པའི་སྒྲའོ། །དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། བ་ལང་རྟ་མ་ཡིན་ཞེས་པའི་སྒྲ་མཚན་གཞི། ཆོས་ཅན་བརྗོད་པའི་སྒྲ་ཡིན་པར་མཚོན། སྨྲ་བ་པོ་དང་ཉན་པ་པོ་འདོད་པས་དམིགས་པའི་དོན་དེ་ཉིད་ཁྱད་ཆོས་སུ་སྟོན་པའི་མཉན་བྱ་ཡིན་པ། བ་ལང་གི་རྟ་མ་ཡིན་ཞེས་པའི་སྒྲ་མཚན་གཞི། ཆོས་བརྗོད་ཀྱི་སྒྲ་ཡིན་པར་མཚོན། སྨྲ་བ་པོ་དང་ཉན་པ་པོ་འདོད་པས་དམིགས་པའི་དོན་དེ་ཉིད་ཁྱད་གཞིར་སྟོན་པའི་མཉན་བྱ་ཡིན་པ་ཞེས་ཟེར་བ་མི་འཐད་དེ། བ་ལང་གི་རྟ་མ་ཡིན་ཞེས་བརྗོད་པའི་ཚེ་རྟ་མ་ཡིན་པ་དེ་བ་ལང་གི་ཁྱད་གཞིར་ཐལ། སྒྲ་དེ་སྨྲ་བ་པོ་དང་ཉན་པ་པོ་འདོད་པས་དམིགས་པའི་དོན་དེ་ཉིད་ཁྱད་གཞིར་སྟོན་པའི་མཉན་བྱ་ཡིན་པའི་ཕྱིར། འདོད་ན། བ་ལང་གི་དཀར་པོ་ཞེས་བརྗོད་པའི་ཚེ་དཀར་པོ་དེ་བ་ལང་གི་ཁྱད་གཞིར་ཐལ་ལོ། །ཡང་ཁ་ཅིག ཁྱད་པར་གཞན་སྤོང་བ་བརྗོད་པའི་མཉན་བྱ་དེ་ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད། ཁྱད་པར་གཞན་མི་སྤོང་བ་བརྗོད་པའི་མཉན་བྱ་དེ་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད་ཡིན་ཞེས་ཟེར་བ་ལ། གཞན་དག་ན་རེ། ཤེས་བྱ་ཐམས་ཅད་ཡོད་པ་ཡིན་ཞེས་པའི་སྒྲ་ཆོས་ཅན། ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཡོད་པ་དེ་ཤེས་བྱ་ཐམས་ཅད་ཀྱི་ཁྱད་ཆོས་སུ་གོ་བར་བརྗོད་པའི་སྒྲ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། གཞི་གྲུབ་ན་ཁྱོད་ཀྱི་བརྗོད་བྱ་ཡིན་དགོས་པའི་ཕྱིར་ཞེ་ན། སོར་མོ་ལྡན་པར་འགྱུར་ཞེས་པའི་སྒྲ་ཆོས་ཅན། ཆོས་བརྗོད་ཀྱི་སྒྲར་ཐལ། ལྡན་པ་དེ་སོར་མོའི་ཁྱད་ཆོས་སུ་གོ་བར་བརྗོད་པའི་སྒྲ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སོར་མོའི་ལྡན་པ་ཞེས་པའི་སྒྲ་དང་། སོར་མོ་ལྡན་པར་འགྱུར་ཞེས་པའི་སྒྲ་གཉིས་ལ་སོར་མོའི་ཁྱད་པར་གཞན་སྤོང་མི་སྤོང་གི་ཁྱད་པར་མེད་པར་ཐལ། དེ་གཉིས་ལ་ཆོས་བརྗོད་ཀྱི་སྒྲ་ཡིན་མིན་གྱི་ཁྱད་པར་མེད་པའི་ཕྱིར། ཡང་ཁ་ཅིག སྨྲ་བ་པོ་དང་ཉན་པ་པོས་འདོད་པས་དམིགས་པའི་དོན་དེ་ཉིད་ཁྱད་ཆོས་གཞན་རྣམས་ལས་དམིགས་ཀྱིས་བཀར་ནས་སྟོན་པའི་སྒྲ་དེ་དོན་དེ་ལ་ལྟོས་ནས་ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད། ཁྱད་པར་གཞན་རྣམས་མི་སྤོང་བར་དོན་དེ་གཞི་དེའི་ཁྱད་ཆོས་སུ་སྟོན་པའི་སྒྲ་དེ་གཞི་དེ་ལ་ལྟོས་ནས་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད་ཡིན་ཅེས་ཟེར་བ་ལ། གཞན་དག་ན་རེ། ཨུཏྤལ་ལ་སྔོན་པོ་ཞེས་པའི་སྒྲ་ཆོས་ཅན། ཁྱད་པར་གཞན་རྣམས་མི་སྤོང་བར་སྔོན་པོ་ཨུཏྤལ་ལའི་ཁྱད་ཆོས་སུ་སྟོན་པའི་སྒྲར་ཐལ། ཨུཏྤལ་སྔོན་པོ་ལ་ལྟོས་ནས་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར། འདོད་ན། དེས་ཨུཏྤལ་དམར་པོ་བརྗོད་བྱར་མི་སྤོང་བར་ཐལ། འདོད་པ་དེའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། དེས་ཁྱད་པར་གཞན་རྣམས་མི་སྤོང་བར་ཐལ། བུམ་པ་མི་རྟག་ཅེས་པའི་སྒྲ་དེས་ཁྱད་པར་གཞན་རྣམས་མི་སྤོང་བའི་ཕྱིར་ཏེ། དེས་བུམ་པའི་བྱས་པ་བརྗོད་བྱར་མི་སྤོང་བའི་ཕྱིར། སྔ་མ་ཡང་མི་འཐད་དེ། མི་རྟག་པ་ཞེས་པའི་སྒྲ་ཆོས་ཅན། མི་རྟག་པ་ལ་ལྟོས་ནས་ཆོས་བརྗོད་ཀྱི་སྒྲར་ཐལ། དེ་དེ་ལ་ལྟོས་ནས་མཚན་ཉིད་དེའི་ཕྱིར་ཏེ། མི་རྟག་པ་དམིགས་ཀྱིས་བཀར་ནས་སྟོན་པའི་སྒྲ་ཡིན་པའི་ཕྱིར་ཏེ། དེ་ཁོ་ན་སྟོན་པའི་སྒྲ་ཡིན་པའི་ཕྱིར། གཉིས་པ་ནི། ཁྱད་གཞི་དེའི་ཁྱད་པར་གྱི་ཆོས་གཞན་རྣམས་མི་སྤོང་བར་ཁྱད་གཞི་དེ་བརྗོད་པའི་སྒྲ་དེ་ཁྱད་གཞི་དེ་ལ་ལྟོས་ནས་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད། ཁྱད་གཞི་དེའི་ཁྱད་པར་གྱི་ཆོས་གཞན་རྣམས་སྤངས་ནས་ཁྱད་གཞི་དེའི་ཁྱད་ཆོས་འགའ་ཞིག་བརྗོད་པའི་སྒྲ་དེ་ཁྱད་གཞི་དེ་ལ་ལྟོས་ནས་ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད་ཡིན་ཏེ། ཁྱད་པར་གཞན་ནི་སྤོང་བ་དང་། །ཞེས་སོགས་དང་། ལ་ལར་སོར་མོའི་ལྡན་པ་ཞེས། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ལ་དགག་བཞག་གཉིས་ལས། དང་པོ་ལ་ཁ་ཅིག་ན་རེ། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། རྗོད་བྱེད་ཀྱི་སྒྲ་གང་ཞིག ཁྱོད་ཀྱི་ཞེན་པའི་བརྗོད་བྱ་ཡིན་ན། རིགས་སྤྱི་ཡིན་པས་ཁྱབ་པ་དང་། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པས་ཁྱབ་པ་ཞེས་ཟེར་བ་ནི་མི་འཐད་དེ། བུམ་པའི་གཟུགས་ཞེས་པའི་སྒྲ་ཆོས་ཅན། སྔ་མའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། བུམ་པ་ལ་ནུས་པ་དུ་མ་ཡོད་པའི་ནང་ནས་རང་འཛིན་གྱི་མིག་ཤེས་བསྐྱེད་པའི་ནུས་པ་བྱེ་བྲག་ཏུ་སྟོན་པའི་སྒྲ་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པའི་གཟུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རང་མཚན་ཡིན་པའི་ཕྱིར་རོ། །ཁམས་གོང་གི་དབང་པོ་གཟུགས་ཅན་པ་ཞེས་པའི་སྒྲ་ཆོས་ཅན། ཕྱི་མའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཁམས་གོང་གི་དབང་པོ་གཟུགས་ཅན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་ཞེས་བརྗོད་པའི་སྒྲའི་ཞེན་པའི་བརྗོད་བྱ་ཡིན་པར་ཐལ། ཁྱོད་རང་མཚན་ཡིན་པའི་ཕྱིར། རྩ་བར་འདོད་ན། ཁམས་གོང་ན་དྲི་རོ་གཉིས་ཡོད་པར་ཐལ་ལོ། །ཁ་ཅིག གང་ཞིག ཁྱོད་ཀྱི་ཚིག་ཟིན་གྱི་བརྗོད་བྱ་དེའི་བྱེ་བྲག་དུ་མ་གྲུབ་པ་དང་། གང་ཞིག ཁྱོད་ཀྱི་ཚིག་ཟིན་གྱི་བརྗོད་བྱ་དེ་རགས་པ་ཡིན་པ་ཞེས་ཟེར་བ་ལ། གཞན་དག་ན་རེ། ཚོར་བའི་ཕུང་པོ་ཞེས་པའི་སྒྲ་ཆོས་ཅན། ཕྱི་མའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། བརྗོད་བྱ་དུ་མ་བསྡོམས་ནས་སྟོན་པའི་སྒྲ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཚོར་བའི་ཕུང་པོ་དེ་རགས་པ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་བེམ་པོར་ཐལ་ལོ་ཞེས་ཟེར་རོ། །མི་འཐད་དེ། བརྗོད་བྱ་དུ་མ་ལ་རྗེས་སུ་འགྲོ་བའི་སྤྱི་ཡིན་ན། ཚོགས་སྤྱི་ཡིན་དགོས་པར་ཐལ། བརྗོད་བྱ་དུ་མ་བསྡོམས་ནས་སྟོན་པའི་སྒྲ་ཡིན་ན། ཚོགས་བརྗོད་ཀྱི་སྒྲ་ཡིན་དགོས་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། སྔ་མ་ཡང་མི་འཐད་དེ། མདུན་གྱི་བུམ་གཟུགས་གཅིག་པུ་ཞེས་པའི་སྒྲ་ཆོས་ཅན། སྔ་མའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། མདུན་གྱི་བུམ་པ་ལ་ནུས་པ་དུ་མ་ཡོད་པའི་ནང་ནས་རང་འཛིན་གྱི་མིག་ཤེས་བསྐྱེད་པའི་ནུས་པ་བྱེ་བྲག་ཏུ་སྟོན་པའི་སྒྲ་ཡིན་པའི་ཕྱིར། རྩ་བར་འདོད་ན། མདུན་གྱི་བུམ་གཟུགས་གཅིག་བུ་དེའི་བྱེ་བྲག་དུ་མ་གྲུབ་པར་ཐལ་ལོ། །རྡུལ་ཕྲ་རབ་ཞེས་པའི་སྒྲ་ཆོས་ཅན། ཕྱི་མའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག་དེ་ཉིད་ཀྱི་མཚན་ཉིད་རིམ་བཞིན། རྗོད་བྱེད་ཀྱི་སྒྲ་གང་ཞིག རྟོག་ངོར་རང་གི་བྱེ་བྲག་དུ་མ་ལ་ཁྱབ་པའི་སྤྱི་རྗོད་བྱེད་དུ་སྣང་བ་དང་། གང་ཞིག་རྟོག་ངོར་ཆོས་དུ་མ་བསྡོམས་ནས་རྗོད་བྱེད་དུ་སྣང་བ། དེ་གཉིས་ལ་མུ་བཞི་ལས། བུམ་པ་ཞེས་པའི་སྒྲ་ནི་རིག་བརྗོད་རྐྱང་པ། བུམ་པའི་གཟུགས་ཞེས་པའི་སྒྲ་ནི་རིགས་བརྗོད་དང་ཚོགས་བརྗོད་གཉིས་ཀ གླིང་འདིའི་རི་རབ་ཞེས་པའི་སྒྲ་ནི་ཚོགས་བརྗོད་རྐྱང་བ། རི་བོང་རྭ་ཞེས་པའི་སྒྲ་ནི་གཉིས་ཀ་མ་ཡིན་པའོ་ཞེས་ཟེར་རོ། །མི་འཐད་དེ། ཀ་བུམ་གཉིས་ཀ་ཞེས་པའི་སྒྲ་ཆོས་ཅན། སྔ་མའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གཞན་ལུགས་འགོག་པའི་སྐབས་སུ་ཁས་བླངས། འདོད་ན། ཀ་བུམ་གཉིས་ཀ་དེ་རང་གི་བྱེ་བྲག་དུ་མ་ལ་ཁྱབ་པའི་སྤྱི་ཡིན་པར་ཐལ་ལོ། །སེམས་བྱུང་ལྔ་བཅུ་རྩ་གཅིག་ཞེས་པའི་སྒྲ་དེ་ཆོས་ཅན། ཕྱི་མའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཁྱོད་ཀྱི་ཞེན་པའི་བརྗོད་བྱ་དང་བེམ་པོའི་གཞི་མཐུན་ཡོད་པར་ཐལ། ཡང་བུམ་པ་ཞེས་པའི་སྒྲ་དེ་རིགས་བརྗོད་ཀྱི་སྒྲ་རྐྱང་པ་མིན་པར་ཐལ། དེ་ལ་ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད་དེ་ཚང་བའི་ཕྱིར་ཏེ། གླིང་འདིའི་རི་རབ་ཅེས་པའི་སྒྲ་ལ་དེ་ཚང་བའི་ཕྱིར། བུམ་པའི་གཟུགས་ཞེས་པའི་སྒྲ་ཆོས་ཅན། ཚོགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། བུམ་པ་ལ་ནུས་པ་དུ་མ་ཡོད་པའི་ནང་ནས་རང་འཛིན་གྱི་མིག་ཤེས་བསྐྱེད་པའི་ནུས་པ་བྱེ་བྲག་ཏུ་སྟོན་པའི་སྒྲ་ཡིན་པའི་ཕྱིར། གཉིས་པ་ནི། རིགས་བརྗོད་ཀྱི་སྒྲའི་མཚན་ཉིད། རང་གི་ཞེན་པའི་བརྗོད་བྱ་དེའི་ཁྱད་ཆོས་སོ་སོ་བ་བརྗོད་བྱར་སྟོན་པའི་སྒྲ། དཔེར་ན་བུམ་པའི་གཟུགས་ཞེས་པ་ལྟ་བུ་སྟེ། དེ་སྤྱི་ཡན་ལག་ཏུ་བྱས་ཏེ། །བུམ་པ་ཡི་ནི་གཟུགས་སོ་ཞེས། །དེས་ནི་ཁྱད་པར་སྟོན་པར་བྱེད། །ཕྱོགས་འདིས་གཞན་ལའང་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད། རང་གི་ཞེན་པའི་བརྗོད་བྱ་དེ་རྡུལ་རྫས་སོ་སོ་བའི་ནུས་པ་བརྗོད་བྱར་སྤངས་ནས་རྡུལ་རྫས་ཚོགས་པའི་ནུས་པ་བརྗོད་བྱའི་གཙོ་བོར་སྟོན་པའི་སྒྲ། དཔེར་ན་བུམ་པ་ཞེས་པ་ལྟ་བུ་སྟེ། གཟུགས་སོགས་ནུས་པའི་ཁྱད་པར་ནི། །སྤོང་བས་དེ་མཚུངས་འབྲས་བུ་ཡི། །རྒྱུན་མིན་པ་ནི་རྣམ་གཅོད་ལ། །བུམ་པའི་སྒྲ་ནི་འཇུག་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེང་སང་གི་རྣམ་བཞག་དང་མི་མཐུན་ཡང་ཁོ་བོ་ནི་ཆོས་ཀྱི་གྲགས་པའི་གཞུང་ལ་ཚད་མར་བྱེད་ཅིང་རིགས་མཛོད་མཛད་པས་ཀྱང་འདི་བཞིན་དུ་བཀྲལ་ལོ། །གསུམ་པ་བྱེད་ལས་ཀྱི་སྒོ་ནས་དབྱེ་ན་མི་ལྡན་རྣམ་གཅོད་ཀྱི་ངག གཞན་ལྡན་རྣམ་གཅོད་ཀྱི་ངག་མི་སྲིད་ཀྱི་རྣམ་གཅོད་ཀྱི་ངག་དང་གསུམ་ལས། འདི་དག་ལ་ངག་དོན་མཐུན་ཡིན་ན། རྣམ་གཅོད་ཀྱི་ངག་གསུམ་གང་རུང་ཡིན་པས་ཁྱབ་མ་ཁྱབ་དཔྱད། ངག་གསུམ་གྱི་མཚན་ཉིད་ལ་དཔྱད། ཞར་ལ་བརྗོད་བྱ་དོན་གྱི་རྣམ་གཅོད་གསུམ་ངོས་བཟུང་བ་དང་གསུམ། དང་པོ་ནི། ཁ་ཅིག ཁྱབ་སྟེ། བློ་དོན་འགལ་ལས་རྣམ་བཟློག་ནས། །དོན་འགའ་ཞིག་ལ་འཇུག་བྱའི་ཕྱིར། །སྒྲ་ནི་རབ་ཏུ་སྦྱོར་བྱེད་དེ། །དེ་དོན་ངེས་པར་བཟུང་ཕྱིར་རོ། །ཞེས་དང་། གང་ཕྱིར་ངག་འབྲས་རྣམ་གཅོད་ཕྱིར། །ཞེས་དང་། ཚིག་ཀུན་ངེས་གཟུང་སྙིང་པོ་ཅན། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་ལ། གཞན་དག་ན་རེ། བུམ་པ་ཞེས་པའི་ངག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་དེ་ཆོས་ཅན། བུམ་པ་ལ་དེར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་བུམ་པའི་ཁྱད་ཆོས་སུ་སྟོན་པའི་ངག་ཡིན་པར་ཐལ། འདོད་པ་གང་ཞིག བུམ་པའི་དངོས་མིང་ཡིན་པའི་ཕྱིར། དེས་ན་ཁྱད་གཞི་རྐྱང་པར་བརྗོད་པའི་རྣམ་གཅོད་ཀྱི་ངག་མེད་ཅིང་། རྣམ་གཅོད་ཀྱི་ངག་ཡིན་ན། ཁྱད་གཞི་དང་ཁྱད་ཆོས་སྦྱར་ནས་སྟོན་པའི་ངག་ཡིན་པས་ཁྱབ་ཅེས་སྨྲའོ། །མི་འཐད་དེ། དེ་ཆོས་ཅན། རྣམ་གཅོད་ཀྱི་ངག་ཡིན་པར་ཐལ། བུམ་པ་བློ་ཡུལ་དུ་མི་འཆར་བ་རྣམ་པར་བཅད་ནས་བུམ་པ་བློ་ཡུལ་དུ་འཆར་བར་སྟོན་པའི་ངག་གང་ཞིག་བུམ་པའི་དངོས་མིང་ཡིན་པའི་ཕྱིར། རྟགས་ཕྱི་མ་དང་ཁྱབ་པ་ཁས། གཞན་ཡང་ཤེས་བྱ་ཞེས་པའི་ཚིག་དེ་ངེས་བཟུང་གི་སྙིང་པོ་ཅན་གྱི་ངག་མིན་པར་ཐལ། དེ་རྣམ་གཅོད་ཀྱི་ངག་མིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཤེས་བྱ་ལས་གཞན་པ་བློ་ཡུལ་དུ་འཆར་བ་རྣམ་པར་བཅད་ནས་ཤེས་བྱ་ཁོ་ན་བློ་ཡུལ་དུ་འཆར་བར་བྱེད་པའི་ངག་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དེས་ན་ཤེས་བྱ་ལ་སོགས་ཚིག །ཐ་སྙད་དུ་ནི་འཇོག་རྣམས་ལ། །རྣམ་པར་གཅོད་པ་འགའ་ཞིག་ཡོད། །ཅེས་གསུངས་སོ། །དེས་ན་བུམ་པ་ཞེས་པའི་ངག་དེ་མི་ལྡན་རྣམས་གཅོད་ཀྱི་ངག་ཡིན་ཏེ། བུམ་པ་བློ་ཡུལ་དུ་མི་ཆར་བ་རྣམ་པར་བཅད་ནས་དེ་བློ་ཡུལ་དུ་འཆར་བར་སྟོན་པའི་ངག་ཡིན་པའི་ཕྱིར། གཞན་ལྡན་རྣམ་གཅོད་ཀྱི་ངག་ཡིན་ཏེ། བུམ་པ་ལས་གཞན་པ་བློ་ཡུལ་དུ་འཆར་བ་རྣམ་པར་བཅད་ནས་དེ་བློ་ཡུལ་དུ་འཆར་བར་སྟོན་པའི་ངག་ཡིན་པའི་ཕྱིར། མི་སྲིད་རྣམ་གཅོད་ལ་ཡང་འགྲེའོ། །གཉིས་པ་ལ་ཁ་ཅིག ཁྱད་པར་ཁྱད་པར་ཅན་དག་དང་། །བྱ་བ་དག་ནི་ལྷན་ཅིག་བརྗོད། །ཅེས་པའི་དོན་དུ་བསམས་ནས་ངག་གསུམ་གྱི་མཚན་ཉིད་རིམ་བཞིན། ཁྱད་ཆོས་དང་ཁོ་ན་བ་ལྷན་ཅིག་ཏུ་སྦྱར་ནས་ཁྱད་ཆོས་དེ་ཁྱད་གཞི་དེ་ལ་མི་ལྡན་པ་རྣམ་པར་བཅད་ནས་དེ་དེ་ལ་ལྡན་ངེས་སུ་སྟོན་པའི་མཉན་བྱ་དང་། ཁྱད་གཞི་དང་ཁོ་ན་བ་ལྷན་ཅིག་ཏུ་སྦྱར་ནས་ཁྱད་ཆོས་དེ་ཁྱད་གཞི་དེ་ལས་གཞན་ལ་ལྡན་པ་རྣམ་པར་བཅད་ནས་དེ་དེ་ཁོ་ན་ལ་ལྡན་ངེས་སུ་སྟོན་པའི་མཉན་བྱ་དང་། བྱ་བ་སྲིད་པ་དང་ཁོ་ན་བ་ལྷན་ཅིག་ཏུ་སྦྱར་ནས་ཁྱད་ཆོས་དེ་ཁྱད་གཞི་དེ་ལ་མི་སྲིད་པ་རྣམ་པར་བཅད་ནས་དེ་དེ་ལ་སྲིད་པ་ཙམ་དུ་སྟོན་པའི་མཉན་བྱ་མཚན་གཞི་རིམ་བཞིན་སྒྲ་བྱས་པ་ཁོ་ན་ཡིན་ཞེས་པ་དང་། སྒྲ་ཁོ་ན་མཉན་བྱ་ཡིན་ཞེས་པ་དང་། བ་ལ་བེའུ་སྲིད་པ་ཁོ་ན་ཞེས་པའི་ངག་རྣམས་སོ་ཞེས་ཟེར་རོ། །དེ་ལ་ཁ་ཅིག ཁྱད་གཞི་དང་ཁྱད་ཆོས་ཕྱེད་བཤགས་ཀྱི་སྐྱོན་བརྗོད་པ་དང་། གཞན་དག་གཞན་དོན་སྒྲུབ་བྱ་ཡང་དག་ཡིན་ན། ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཡིན་པས་ཁྱབ་པ་ལ་མཚུངས་པས་སུན་འབྱིན་པ་སོགས་དུ་མ་སྣང་མོད་ཀྱང་འདིར་མ་བཀོད་དོ། །ཁ་ཅིག སྒྲ་ཁོ་ན་མཉན་བྱ་ཡིན་ཞེས་པའི་ངག་ཆོས་ཅན། མི་ལྡན་རྣམ་གཅོད་ཀྱི་ངག་ཏུ་ཐལ། མཉན་བྱ་དང་ཁོ་ན་ལྷན་ཅིག་ཏུ་སྦྱར་ནས་མཉན་བྱ་སྒྲ་ལ་མི་ལྡན་པ་རྣམ་པར་བཅད་ནས་དེ་དེ་ལ་ལྡན་ངེས་སུ་སྟོན་པའི་མཉན་བྱ་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཁོ་ན་བརྗོད་པའི་མཇུག་ཐོག་དེ་མ་ཐག་ཏུ་མཉན་བྱ་བརྗོད་པའི་ངག་ཡིན་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། ཁོ་ན་དང་མཉན་བྱ་སྦྱར་བའི་ངག་ཡིན་ན། མཉན་བྱ་དང་ཁོ་ན་སྦྱར་བའི་ངག་ཡིན་དགོས་པར་ཐལ། ཁྱབ་པ་ཕྱི་མ་དེའི་ཕྱིར། འདོད་ན་གངས་རི་སེང་གེ་ལ་གནས་པར་ཐལ། སེང་གེ་གངས་རི་ལ་གནས་པའི་ཕྱིར། མཚན་ཉིད་དེ་རྣམས་ཀྱང་མི་འཐད་དེ། ནག་པ་འཕོང་སྐྱེན་ཞེས་པའི་ངག་ཆོས་ཅན། དང་པོའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ནག་པ་དང་སྲིད་སྒྲུབ་གཉིས་ཀྱི་ནང་ནས་སྲིད་སྒྲུབ་འཕོང་སྐྱེན་ཞེས་པའི་ངག་ཆོས་ཅན། གཉིས་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། སྔོན་པོའི་མཚོ་སྐྱེས་སུ་འགྱུར་ཞེས་པའི་ངག་ཆོས་ཅན། གསུམ་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཐམས་ཅད་ཀྱི་རྟགས་གྲུབ་ཅིང་འདོད་པར་མི་ནུས་ཏེ། དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་དོན་ཉིད་ནི་རྟོགས་པར་འགྱུར། །གང་ཕྱིར་ངག་འབྲས་རྣམ་གཅོད་ཕྱིར། །དཔེར་ན་ནག་པ་འཕོང་སྐྱེན་པའམ། །སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། །སྔོན་པོ་མཚོ་སྐྱེས་འགྱུར་ཞེས་བཞིན། །ཞེས་གསུངས་པའི་ཕྱིར། རང་ལུགས་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། རིམ་བཞིན། རང་གི་ཞེན་པའི་བརྗོད་བྱ་དེ་བློ་ཡུལ་དུ་མི་འཆར་བ་རྣམ་པར་བཅད་ནས་བློ་ཡུལ་དུ་འཆར་བར་སྟོན་པའི་ངག་དང་། རང་གི་ཞེན་པའི་བརྗོད་བྱ་དེ་ལས་གཞན་པ་བློ་ཡུལ་དུ་འཆར་བར་རྣམ་པར་བཅད་ནས་དེ་ཁོ་ན་བློ་ཡུལ་དུ་འཆར་བར་སྟོན་པའི་ངག་དང་། རང་གི་ཞེན་པའི་བརྗོད་བྱ་དེ་མི་སྲིད་པ་རྣམ་པར་བཅད་ནས་དེ་སྲིད་པར་སྟོན་པའི་ངག་གོ །གཉིས་པ་ལ་ངེས་བཟུང་སྦྱར་བའི་རྣམ་གཅོད་ཀྱི་ངག་གསུམ་དང་། ངེས་བཟུང་མ་སྦྱར་བའི་རྣམ་གཅོད་ཀྱི་ངག་གསུམ་ལས། དང་པོ་ནི། རིམ་བཞིན། སྒྲ་བྱས་པ་ཁོ་ན་ཡིན་ཞེས་དང་། སྒྲ་ཁོ་ན་མཉན་བྱ་ཡིན་ཞེས་དང་། མཚོ་སྐྱེས་ལ་སྔོན་པོ་སྲིད་པ་ཁོ་ན་ཞེས་པའི་ངག་བཞིན་ནོ། །གཉིས་པ་ལ་ཁྱད་གཞི་རྐྱང་པའི་རྣམ་གཅོད་ཀྱི་ངག་གསུམ་དང་། ཁྱད་གཞི་དང་ཁྱད་ཆོས་སྦྱར་བའི་རྣམ་གཅོད་ཀྱི་ངག་གསུམ་ལས། དང་པོ་ནི་བུམ་པ་ཞེས་པའི་ངག་གཅིག་ལ་གསུམ་ཆར་ཚང་ངོ་། །ཕྱི་མ་ནི་ནག་པ་འཕོང་སྐྱེན་མི་སྐྱེན་དྲིས་པའི་ཚེ་ནག་པ་འཕོང་སྐྱེན་ཞེས་པའི་ངག་དང་། ནག་པ་དང་སྲིད་སྒྲུབ་གཉིས་གང་འཕོང་སྐྱེན་དྲིས་པའི་ཚེ་སྲིད་སྒྲུབ་འཕོང་སྐྱེན་ཞེས་པའི་ངག་དང་། མཚོ་སྐྱེས་ལ་སྔོན་པོ་སྲིད་མི་སྲིད་དྲིས་པའི་ཚེ་མཚོ་སྐྱེས་ལ་སྔོན་པོ་སྲིད་ཅེས་པའི་ངག་ལྟ་བུའོ། །གསུམ་པ་ཞར་ལ་བརྗོད་བྱ་དོན་གྱི་རྣམ་གཅོད་གསུམ་ངོས་བཟུང་བ་ལ། ཁྱད་གཞི་རྐྱང་པའི་རྣམ་གཅོད་གསུམ་དང་། ཁྱད་གཞི་དང་ཁྱད་ཆོས་སྦྱར་བའི་རྣམ་གཅོད་གསུམ་ལས། དང་པོ་ནི། བུམ་པ་གཅིག་ཉིད་ལ་གསུམ་ཆར་ཚང་བའོ། །གཉིས་པ་ལ་ཁ་ཅིག་བྱས་པ་དེ་སྒྲ་ལ་མི་ལྡན་རྣམ་གཅོད་དང་། མཉན་བྱ་དེ་སྒྲ་ལ་གཞན་ལྡན་རྣམ་གཅོད་དང་། མཉན་བྱ་དེ་སྒྲ་ལ་མི་སྲིད་རྣམ་གཅོད་ཡིན་ཞེས་ཁྱད་ཆོས་སོ་སོ་དང་སྦྱར་བ་ཡོད་ཀྱང་། ཁྱད་ཆོས་གཅིག་ཉིད་དང་སྦྱར་བའི་ཚེ་གསུམ་ཀ་ཚང་བ་ཅིག་དགོས་ཏེ། མཚན་མཚོན་རྣམ་དག་ཡིན་ན། བརྗོད་བྱ་དོན་གྱི་རྣམ་གཅོད་གསུམ་ཚང་དགོས་པའི་ཕྱིར། འོ་ན་ཇི་ལྟར་ཞེ་ན། མཉན་བྱ་དེ་སྒྲ་ལ་མི་ལྡན་རྣམ་གཅོད་ཡིན་ཏེ། སྒྲ་ཡིན་ན། མཉན་བྱ་ཡིན་དགོས་པའི་ཕྱིར། འདིས་མ་ཁྱབ་པ་སེལ་ལོ། །དེ་སྒྲ་ལ་གཞན་ལྡན་རྣམ་གཅོད་ཡིན་ཏེ། སྒྲ་མ་ཡིན་ན། མཉན་བྱ་མིན་དགོས་པའི་ཕྱིར། འདིས་ཁྱབ་ཆེས་པ་སེལ་ལོ། །དེ་སྒྲ་ལ་མི་སྲིད་པའི་རྣམ་གཅོད་ཡིན་ཏེ། མཉན་བྱ་དེ་སྒྲའི་མཚན་གཞི་ཐམས་ཅད་ལ་སྲིད་པའི་ཕྱིར་རོ། །འདིས་མི་སྲིད་པ་སེལ་ལོ། །འདི་ནི་ཕྱོགས་གླང་ཡབ་སྲས་ཀྱི་དགོངས་པ་ཡིན་ཏེ། ཕྱོགས་གླང་གི་མཚན་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་དང་། གཞན་དོན་སྒྲུབ་བྱ་ཡང་དག་གི་མཚན་ཉིད་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་བཞག་པ་ལ། དཔལ་ལྡན་ཆོས་གྲགས་ཀྱིས་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་སྤོང་བ་མཛད་ཅིང་། དེ་ཉིད་ཀྱི་དོན་བདག་ཉིད་ཆེན་པོ་པཎྜི་ཏས། མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ། །མཚན་ཉིད་ཀྱི་ནི་སྤྱི་སྐྱོན་ཡིན། །སྒྲ་དང་དོན་གྱི་རྣམ་གཅོད་ཀུན། །གསུམ་པོ་འདི་ལས་གཞན་ཡོད་མིན། །ཞེས་གསུངས་པའི་ཕྱིར། དེས་ན་རྗོད་བྱེད་སྒྲའི་རྣམ་གཅོད་གསུམ་མི་འགལ་བ་དེ་བཞིན་དུ། བརྗོད་བྱ་དོན་གྱི་རྣམ་གཅོད་གསུམ་ཡང་མི་འགལ་བ་ནི་གནད་དུ་ཤེས་པར་བྱའོ། །གསུམ་པ་དེའི་དོན་ངེས་པར་བྱ་བ་ལ་གསུམ་སྟེ། སྒྲའི་དངོས་ཀྱི་བརྗོད་བྱ་དངོས་པོར་མེད་པར་བསྟན་པ། གཞི་མེད་ལ་འཁྲུལ་ནས་བརྡ་སྦྱོར་བའི་ཚུལ། གཞི་མེད་ལ་བརྡ་སྦྱར་བས་རང་མཚན་ཐོབ་པའི་འཐད་པའོ། །དང་པོ་ནི། སྒྲའི་དངོས་ཀྱི་བརྗོད་བྱ་དངོས་པོར་མེད་དེ། ཤེས་བྱ་ཐམས་ཅད་དོན་རང་མཚན་དང་། ཤེས་པ་རང་མཚན་དང་། དོན་སྤྱི་དང་། སྒྲ་སྤྱི་དང་བཞིར་འདུས་པ་ལས། དང་པོ་གཉིས་ནི། དངོས་ཀྱི་བརྗོད་བྱ་མ་ཡིན་ཅིང་། ཕྱི་མ་གཉིས་པོ་དངོས་པོར་མེད་པའི་ཕྱིར་རོ། །གཉིས་པ་ནི། དོན་ལ་ཕྱི་རོལ་གྱི་དོན་དུ་མེད་ཀྱང་རྟོག་པས་ཕྱི་རོལ་གྱི་དོན་དུ་འཁྲུལ་པ་ལ་བརྡ་སྦྱོར་བར་བྱེད་པ་ཡིན་ཏེ། ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་པ་ལ་བུམ་པ་ཞེས་པའི་སྒྲ་ལས་བུམ་པར་སྣང་བའི་རྣམ་པ་སྐྱེ་ཞིང་རྣམ་པ་དེ་བུམ་པར་མེད་ཀྱང་བུམ་པར་འཁྲུལ་ནས་འདི་ནི་བུམ་པའོ་ཞེས་བརྡ་སྦྱོར་བར་བྱེད་པའི་ཕྱིར་རོ། །གནད་འདི་མ་ཟིན་པར་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ལ་སྔར་བཤད་པ་ལྟར་གྱི་བརྗོད་བྱ་ངོས་འཛིན་ཚུལ་མང་དུ་བྱུང་ཞིང་དཔལ་ལྡན་ཕྱོགས་གླང་ཡབ་སྲས་ཀྱི་རིགས་པ་ཤིན་ཏུ་ཞིབ་པའི་གནད་ཀྱང་འདིར་སྣང་ངོ་། །གསུམ་པ་ནི། སྣང་བརྟག་གཅིག་ཏུ་འཁྲུལ་པ་ལ་བརྡ་སྦྱར་བས་རང་མཚན་ཐོབ་པར་འགྱུར་ཏེ། བརྡའི་དུས་སུ་ཡང་སྣང་བརྟག་གཅིག་ཏུ་འཁྲུལ་ནས་བརྡ་སྦྱོར། ཐ་སྙད་ཀྱི་དུས་སུ་ཡང་སྣང་བརྟག་གཅིག་ཏུ་འཁྲུལ་ནས་འཇུག་པར་འགྱུར་བས་གང་རུང་ཅིག་ཐོབ་པ་གང་ཞིག སྒྲོ་བཏགས་ལ་ཐོབ་རྒྱུར་མེད་པའི་ཕྱིར་རོ། །གནད་འདི་ཡང་འཇམ་དབྱངས་བླ་མའི་ཞལ་སྔ་ནས། ཆོས་གཉིས་གཅིག་པ་མི་སྲིད་ཅིང་། །ལྡོག་ལ་ངོ་བོ་མ་གྲུབ་པས། །ལྡོག་པ་བརྗོད་པ་ཉིད་ཀྱིས་ནི། །ལོག་པའི་དངོས་པོ་གྲུབ་པར་གསུངས། །ཞེས་གསུངས་པས་སྐལ་བ་དང་ལྡན་ན་འདི་མི་གོ་བའི་དོན་མེད་དོ། །གསུམ་པ་རྩོད་པ་སྤོང་བ་ལ་དངོས་པོའི་སྤྱི་བརྗོད་བྱར་འདོད་པ་དང་མཚུངས་པ་སྤོང་བ་སོགས་ལྔ་གསུངས་པ་ནི་རིགས་པའི་གཏེར་གྱི་གཞུང་དོན་གྱི་སྐབས་སུ་ཤེས་པར་འགྱུར་རོ། །དངོས་ཀྱི་བརྗོད་བྱ་རྗོད་བྱེད་དངོས་པོར་མེད། །ཞེན་པའི་བརྗོད་བྱ་རྗོད་བྱེད་རང་མཚན་ཡིན། །དེ་ཡང་འཆད་ཚེ་ཡིན་གྱི་འཇུག་པའི་ཚེ། །གཅིག་ཏུ་འཁྲུལ་ནས་ཞུགས་པས་རང་མཚན་ཐོབ། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །བརྗོད་བྱ་རྗོད་བྱེད་ཀྱི་རྟོག་ཚུལ་བཤད་ཟིན་ཏོ།། ༈ །།

འབྲེལ་པ་དང་འགལ་བའི་རྟོགས་ཚུལ།

བཞི་པ་འབྲེལ་པ་དང་འགལ་བའི་རྟོགས་ཚུལ་ལ་གཉིས་ཏེ། འབྲེལ་བའི་རྣམ་བཞག་དང་། འགལ་བའི་རྣམ་བཞག་གོ །དང་པོ་ལ་གསུམ་སྟེ། དོན་ལ་འབྲེལ་པ་དགག བློ་ངོར་འབྲེལ་པ་སྒྲུབ། འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ལ་སྤྱིར་དགག་པ་དང་། སོ་སོར་དགག་པ་གཉིས་ལས། དང་པོ་ནི། དོན་ལ་འབྲེལ་པ་མེད་དེ། དངོས་པོ་ལ་ཡང་དོན་ལ་འབྲེལ་པ་མ་གྲུབ། དངོས་མེད་ལ་ཡང་དོན་ལ་འབྲེལ་པ་མ་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། དངོས་པོ་ལ་རང་གཞན་གཉིས་སུ་ཁ་ཚོན་ཆོད་ཅིང་རང་ནི་གཞན་ལ་མ་འདྲེས་པར་གནས། གཞན་ནི་རང་ལ་མ་འདྲེས་པར་གནས་པས་བར་ན་ཕུང་གསུམ་པ་མེད་པའི་ཕྱིར་རོ། །དེས་ན་དངོས་པོ་རང་མཚན་རྣམས་ལ་དོན་ལ་འབྲེལ་པ་མེད་དེ། གྲངས་ཅན་འདོད་པ་ལྟར་གྱི་དུ་མ་རང་བཞིན་གཅིག་ཏུ་འདྲེས་པ་ནི་མི་སྲིད་ལ། གསལ་བ་རང་མཚན་པ་གཅིག་ཉིད་རང་ཉིད་རང་ལ་འབྲེལ་པ་མེད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། གཞན་དབང་ཁོ་ནར་འབྲེལ་པ་ནི། །གྲུབ་ན་གཞན་དབང་ཅི་ཞིག་ཡོད། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཏུ་ན་མེད། །ཅེས་གསུངས་པའི་ཕྱིར། བོད་ཁ་ཅིག དངོས་མེད་ལ་དངོས་འབྲེལ་གྲུབ་སྟེ། གཞན་དུ་ན་གཅིག་དུ་བྲལ་གྱི་གཏན་ཚིགས་ལ་སྒྲུབ་ཆོས་དངོས་པོར་མེད་པས་དངོས་འབྲེལ་མི་སྲིད། དགག་ཆོས་དོན་ལ་མེད་པས་བཟློག་འབྲེལ་ཡང་མི་སྲིད་ན་འབྲེལ་པ་གཏན་མེད་ཀྱི་གཏན་ཚིགས་ཡང་དག་ཡོད་པར་འགྱུར་རོ། །དེས་ན་དངོས་མེད་ལ་དངོས་འབྲེལ་ཡོད་ཀྱང་དེ་ངེས་མི་ནུས་པས་བཟློག་འབྲེལ་ལ་བརྟེན་ནས་ངེས་པར་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །འདི་ནི་མི་འཐད་དེ། དངོས་མེད་ལ་བདག་ཉིད་གཅིག་པའི་དངོས་འབྲེལ་ཡོད་ན་རང་བཞིན་གྱི་དངོས་པོར་འགྱུར་ཞིང་། དེ་ལས་བྱུང་བའི་དངོས་འབྲེལ་ཡོད་ན་རྒྱུ་འབྲས་ཀྱི་དངོས་པོར་འགྱུར་བའི་ཕྱིར་རོ། །ཡང་དངོས་པོ་དང་དངོས་མེད་གཉིས་ཀ་ལ་འབྲེལ་པའི་མཚན་ཉིད་དོན་དམ་པར་མ་གྲུབ་སྟེ། འབྲེལ་པའི་མཚན་ཉིད་ནི། ཆོས་གང་ཞིག ཆོས་གཞན་མི་འདོར་བ་ཡིན་ལ་དངོས་པོ་རྣམས་ནི་ཕན་ཚུལ་འདྲེ་བ་མེད་པས་དོན་དམ་པར་ཆོས་གཞན་མི་འདོར་བ་དེ་མེད། དངོས་མེད་ནི་དངོས་པོར་མ་གྲུབ་པས་དེ་མེད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། འགལ་ཡང་འབྲེལ་བའི་མཚན་ཉིད་ནི། །གཉིས་ལ་གནས་ཀྱི་གཞན་དུ་མིན། །ཞེས་གསུངས་པའི་ཕྱིར་རོ། །འབྲེལ་པའི་སྒྲ་དོན་ཡང་དོན་དམ་པར་མ་གྲུབ་སྟེ། སངས་རྒྱས་པ་དང་ཕྱི་རོལ་པ་གཉིས་ཀས་འབྲེལ་བའི་སྒྲ་སམ་བྷནྡྷ་ཞེས་ཡང་དག་པར་བཅིངས་པའམ་པྲ་ཏི་བནྡྷ་ཞེས་པ་སོ་སོར་བཅིངས་ཤིང་གཉིས་ཕན་ཚུན་མི་གཏོང་བ་ལ་འདོད་ལ། དེ་ཡང་སྔར་ལྟར་དངོས་པོ་དང་དངོས་མེད་གཉིས་ལ་མ་གྲུབ་པའི་ཕྱིར། འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་མདོ་ལས། ཆོས་ཐམས་ཅད་འབྲེལ་པ་མེད་པ་ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། བདག་གཅིག་གི་འབྲེལ་པ་དོན་ལ་གྲུབ་པ་དགག དེ་བྱུང་གི་འབྲེལ་པ་དོན་ལ་གྲུབ་པ་དགག དེ་ལས་གཞན་པའི་འབྲེལ་པ་དགག་པའོ། །དང་པོ་ནི། ཤེས་བྱ་ཐམས་ཅད་དངོས་པོ་དང་དངོས་མེད་གཉིས་སུ་འདུས་པ་ལས་དངོས་མེད་ལ་བདག་གཅིག་གི་འབྲེལ་པ་དོན་ལ་མ་གྲུབ་སྟེ། དངོས་མེད་རང་ཉིད་དོན་ལ་མ་གྲུབ་པའི་ཕྱིར་རོ། །དངོས་པོ་ལ་བདག་གཅིག་གི་འབྲེལ་པ་དོན་ལ་མ་གྲུབ་སྟེ། དངོས་པོ་དེ་རྫས་ཐ་དད་དང་གཅིག་གཉིས་སུ་འདུས་པ་ལས་དང་པོ་ལ་བདག་གཅིག་འབྲེལ་པའི་དོན་མི་གནས། ཕྱི་མ་ལ་ལྡོག་པ་གཅིག་དང་ཐ་དད་གཉིས་ལས་དང་པོ་ལ་འབྲེལ་པའི་དོན་མི་གནས། ཕྱི་མ་ལ་ལྡོག་པ་ཐ་དད་དོན་ལ་ཡོད་ན་ལྡོག་པ་རྫས་སུ་གྲུབ་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱུ་འབྲས་ཀྱི་རྫས་ལ་འབྲེལ་པ་དགག རྒྱུ་འབྲས་ཀྱི་རིགས་ལ་འབྲེལ་པ་དགག་པའོ། །དང་པོ་ལ། རྒྱུ་འབྲས་རིམ་གྱིས་པ་ལ་འབྲེལ་བ་དགག་པ་དང་། རྐྱང་པ་ལ་འབྲེལ་པ་དགག་པ་དང་། ལྟོས་པ་ལ་འབྲེལ་པ་དགག་པ་དང་གསུམ་ལས། དང་པོ་ནི། རྫས་ཐ་དད་དུས་མཉམ་རྣམས་ལ་དེ་བྱུང་གི་འབྲེལ་པ་མི་སྲིད་ཅིང་། དུས་མི་མཉམ་པའི་མེ་དུ་ལྟ་བུ་ལ་ཡང་དེ་བྱུང་གི་འབྲེལ་པ་དོན་ལ་མ་གྲུབ་སྟེ། རྒྱུ་མེ་ཡོད་པའི་དུས་སུ་འབྲས་བུ་དུ་བ་མ་སྐྱེས་ནས་དངོས་པོར་མེད། འབྲས་བུ་དུ་བ་སྐྱེས་པའི་དུས་སུ་རྒྱུ་མེ་འགགས་ཟིན་ནས་དངོས་པོར་མེད་པས་གང་རུང་གཅིག་དངོས་པོར་ཡོད་པའི་ཚེ་གཅིག་ཤོས་དངོས་པོར་མེད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། རྒྱུ་དང་འབྲས་བུའི་དངོས་པོ་ཡང་། །དེ་གཉིས་ལྷན་ཅིག་མི་གནས་པས། །གཅིག་ལ་གནས་པ་ཅི་ལྟར་འགྲུབ། །གཉིས་ལ་མི་གནས་ཇི་ལྟར་འབྲེལ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ་འབྲེལ་པ་ནི་ཆོས་གཉིས་ལ་ལྟོས་མི་དགོས་ཀྱི་མེ་དུ་སོ་སོ་བ་རེ་རེའི་སྟེང་དུ་གཉིས་ཆར་གྱི་འབྲེལ་པ་གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ། འབྲེལ་མེད་ཀྱི་ཆོས་མེད་པར་ཐལ་བ་དང་། ཕན་ཚུན་ལྟོས་མེད་ཀྱི་མེ་དུ་སོ་སོ་བ་གཅིག་མཐོང་བ་ན་གཉིས་ཆར་གྱི་འབྲེལ་པ་ངེས་པར་ཐལ་བ་དང་། ཕན་ཚུལ་ལྟོས་པ་མེད་ཀྱང་རྒྱུ་འབྲས་ཡིན་ན། འབྲས་རྟགས་དང་རྒྱུ་མ་དམིགས་པའི་གཏན་ཚིགས་རྣམས་གོ་བྱེད་མིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། དེ་མེད་པར་ཡང་ཡོད་པའི་ཕྱིར། །གཅིག་ལ་འདུག་པ་འབྲེལ་པ་མེད། །ཅེས་གསུངས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཕན་འདོགས་པ་ལ་འབྲེལ་པ་དགག་པ། མེད་ན་མི་འབྱུང་བའི་འབྲེལ་པ་དགག་པའོ། །དང་པོ་ནི། གལ་ཏེ་མེ་ཕན་འདོགས་བྱེད་དང་དུ་བ་ཕན་གདགས་བྱ་ཡིན་པས་འབྲེལ་པ་ནི་དེ་གཉིས་ཀ་ལ་དོན་དམ་པར་འགྲུབ་བོ་ཞེ་ན། དེ་ནི་མ་ཡིན་ཏེ། ཕན་འདོགས་བྱེད་དང་གདགས་བྱ་གཉིས་གང་རུང་གཅིག་དངོས་པོར་ཡོད་པའི་ཚེ་ན་ཅིག་ཤོས་དངོས་པོར་མེད་པས་དངོས་པོ་དང་དངོས་མེད་ལ་དེ་བྱུང་གི་འབྲེལ་པ་བཀག་ཟིན་པའི་ཕྱིར་ཏེ། འབྲེལ་བརྟག་ལས། འདི་ན་གཞན་དུ་འདུག་པ་ན། །ཅི་སྟེ་དེ་གཉིས་གཅིག་ལ་ལྟོས། །ལྟོས་ལ་ཕན་པ་བྱེད་པར་འགྱུར། །མེད་ན་ཇི་ལྟར་ཕན་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རྒྱུ་ལ་མ་ལྟོས་པར་འབྲས་བུའི་ཐ་སྙད་མི་འབྱུང་བ་ཙམ་ལ་འབྲེལ་པར་འདོད་དོ་ཞེ་ན། རྭ་གཡས་གཡོན་དང་། ཕ་རོལ་ཚུ་རོལ་དང་། རིང་ཐུང་ལ་སོགས་པ་ཐམས་ཅད་ཀྱང་རྒྱུ་འབྲས་སུ་འགྱུར་ཏེ། རྭ་གཡས་པ་སོགས་ལ་མ་ལྟོས་པར་གཡོན་པ་སོགས་ཀྱི་ཐ་སྙད་མི་འབྱུང་བའི་ཕྱིར་ཏེ། འབྲེལ་བརྟག་ལས། ཅི་སྟེ་དོན་གཅིག་འབྲེལ་པའི་ཕྱིར། །དེ་གཉིས་རྒྱུ་འབྲས་ཉིད་ཡིན་ན། །གཉིས་ཉིད་ལ་སོགས་འབྲེལ་བའི་ཕྱིར། །གཡས་གཡོན་རྭ་ཡང་དེ་གཉིས་ཐོབ། །ཅེས་གསུངས་པའི་ཕྱིར། གཉིས་པ་རྒྱུ་འབྲས་ཀྱི་རིགས་ལ་འབྲེལ་པ་དགག་པ་ནི། རྒྱུ་འབྲས་རང་མཚན་པ་ལ་དེ་བྱུང་གི་འབྲེལ་པ་མ་གྲུབ་ཀྱང་། རྒྱུ་འབྲས་ཀྱི་རིགས་ལ་དེ་བྱུང་གི་འབྲེལ་པ་གྲུབ་བོ་ཞེ་ན་མི་འཐད་དེ། རྒྱུ་འབྲས་ཀྱི་རིགས་དེ་རྒྱུ་འབྲས་ཉིད་ལ་བྱེད་དམ། དེ་ལས་གཞན་པ་ལ་བྱེད། དང་པོ་ལྟར་ན་རྒྱུ་འབྲས་ལ། འབྲེལ་པ་དོན་ལ་གྲུབ་པ་བཀག་པའི་རིགས་པ་མཚུངས་ལ། ཕྱི་མ་ལྟར་ན། རིགས་དེ་རང་གི་བསལ་བ་རྣམས་དང་རྫས་ཅིག་ཡིན་ན། གྲངས་ཅན་པས་སྤྱི་གསལ་རྫས་གཅིག་ཏུ་འདོད་པ་འགོག་པའི་རིགས་པ་མཚུངས་ཅིང་། རྫས་གཞན་ཡིན་ན་བྱེ་བྲག་པས་སྤྱི་གསལ་རྫས་གཞན་དུ་འདོད་པ་འགོག་པའི་རིགས་པ་མཚུངས་པའི་ཕྱིར་རོ། །གསུམ་པ་དེ་ལས་གཞན་པའི་འབྲེལ་པ་དགག་པ་ནི། འདིས་ནི་ལྡན་དང་འདུ་བ་དང་། །ཁྱད་པར་དང་ནི་ཁྱད་པར་ཅན། །བྱེད་དང་ཕྲད་པ་ལ་སོགས་པ། །འབྲེལ་པར་འདོད་པ་བཀག་པ་ཡིན། །ཞེས་ཏེ། འདི་ལ་ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལ་ལྡན་པའི་འབྲེལ་པ་དང་། སྤྱི་ཤིང་ཙམ་རྟག་པའི་རྟེན་ལ་བྱེ་བྲག་ཙན་དན་ལ་སོགས་པ་མི་རྟག་པ་བརྟེན་པ་འཕྲོད་པ་འདུ་བའི་འབྲེལ་པ་དང་། བྱས་མི་རྟག་སོགས་རྫས་ཐ་དད་སྒྲ་དང་འབྲེལ་པའམ་ནོག་ལྐོག་ཤལ་སོགས་དཀར་ཟལ་དང་འབྲེལ་པའམ། ཐགས་ཀྱི་རྒྱུ་སྤུན་སྣམ་བུ་དང་འབྲེལ་བ་སོགས་དོན་གཅིག་ལ་འདུ་བའི་འབྲེལ་བ་དང་། དབྱུག་པས་དབྱུག་པ་ཅན་གོ་བ་སོགས་ཁྱད་པར་བྱེད་ཆོས་ཀྱི་འབྲེལ་པ་དང་། རྒྱུ་འགག་པ་དང་། འབྲས་བུ་ད་ལྟར་བ་གཉིས་ལ་སྦྱོར་བའི་འབྲེལ་པ་དང་། བདག་རྟག་པ་དང་། བྱ་བ་མི་རྟག་པ་གཉིས་ལ་བྱེད་པའི་འབྲེལ་པ་དང་། མིག་དང་གཟུགས་ལ་ཕྲད་པའི་འབྲེལ་པ་དང་། ཁུ་བྱུག་དང་ཁུ་རྟ་སོགས་ལ་རྗེ་ཁོལ་གྱི་འབྲེལ་བ་དང་། ངུར་བ་བཟའ་ཚོ་ལ་ཁྱོ་ཤུག་གི་འབྲེལ་པ་སོགས་རྣམ་པར་རྟོག་པས་སྤྲུལ་པ་དུ་མ་དོན་ལ་ཡོད་པར་འདོད་དོ། །གཉིས་པ་ནི། དེ་ནི་མི་འཐད་དེ། དོན་ལ་འབྲེལ་པ་གྲུབ་པ་ནི་སྔར་བཀག་ཟིན་ཅིང་། སེལ་ངོར་འབྲེལ་པ་གྲུབ་པ་ལ་གནོད་བྱེད་མེད་པ་རྣམས་ནི། སྔར་གྱི་གཉིས་པོ་དེར་འདུས་ལ། གནོད་བྱེད་ཡོད་པ་རྣམས་ལ་ནི་སེལ་ངོར་འབྲེལ་པ་མི་གྲུབ་པའི་ཕྱིར། ཇི་ལྟར་ཞེ་ན་འཁར་གཞོང་དང་རྒྱ་ཤུག་དུས་མཉམ་པ་ལ་ནི་འབྲེལ་བ་མ་གྲུབ་ཅིང་། སྐད་ཅིག་སྔ་མའི་འཁར་གཞོང་ལས་ཐུར་དུ་མི་ལྟུང་བའི་རྒྱ་ཤུག་ཕྱི་མ་སྐྱེ་བ་ནི་དེ་བྱུང་གི་འབྲེལ་པར་འདུས་པའི་ཕྱིར་དང་། བྱས་མི་རྟག་སོགས་སྒྲ་དང་འབྲེལ་པ་ནི་བདག་གཅིག་གི་འབྲེལ་བར་འདུས་པའི་ཕྱིར་དང་། ནོག་ལྐོག་ཤལ་སོགས་སྔ་མ་ལས་ཚོགས་པ་ཅན་གྱི་གོང་བུ་ཕྱི་མ་སྐྱེ་བ་ནི་དེ་བྱུང་གི་འབྲེལ་བར་འདུས་པའི་ཕྱིར་དང་། རྒྱུ་སྤུན་གྱི་དུས་སུ་སྣམ་བུ་ནི་སྣང་རུང་མ་དམིགས་པས་ཁེགས་ཤིང་། རྒྱུ་སྤུན་སྔ་མ་ལས་སྣམ་བུ་ཕྱི་མ་སྐྱེ་བ་ནི་དེ་བྱུང་གི་འབྲེལ་བར་འདུས་པའི་ཕྱིར་དང་། སྐྱེས་བུ་དང་དབྱུག་པ་དུས་མཉམ་པ་ལ་ནི་འབྲེལ་བ་མ་གྲུབ་ཅིང་། སྐད་ཅིག་སྔ་མའི་སྐྱེས་བུ་དང་དབྱུག་པ་ལས། དབྱུག་པ་ཅན་ཕྱི་མ་སྐྱེ་བ་ནི་དེ་བྱུང་གི་འབྲེལ་པར་འདུས་པའི་ཕྱིར་དང་། རྒྱུ་འགགས་པ་དང་འབྲས་བུ་ད་ལྟར་བ་ལ་འབྲེལ་པ་དོན་ལ་གྲུབ་པ་ནི་བཀག་ཟིན་ཅིང་། གཞན་སེལ་གྱི་བློས་སྦྲེལ་བ་ནི་དེ་བྱུང་གི་འབྲེལ་པར་འདུས་པའི་ཕྱིར་དང་། དེ་ལས་གཞན་པ་རྣམས་ལ་ནི་སེལ་ངོར་ཡང་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་བློ་ངོར་འབྲེལ་པ་སྒྲུབ་པ་ལ་གཉིས་ཏེ། བློས་ཇི་ལྟར་སྦྲེལ་བའི་ཚུལ་དང་། དེ་ལྟར་སྦྲེལ་བའི་འབྲེལ་བའི་རྣམ་བཞག་གོ །དང་པོ་ནི། ཇི་སྐད་བཤད་པའི་རིགས་པས་བདག་གཅིག་གི་འབྲེལ་པ་དོན་ལ་མ་གྲུབ་ཀྱང་བློ་ངོར་གྲུབ་སྟེ། དོན་བུམ་པ་གཅིག་ཉིད་ལ་ཐ་དད་དུ་འབྱེད་པའི་སྒྲ་རྟོག་གིས་ལྟོ་བ་ལྡིར་བ་མ་ཡིན་པ་དང་། སྐད་ཅིག་གིས་འཇིག་པ་མ་ཡིན་པ་དང་། རྒྱུས་སྐྱེད་པ་མ་ཡིན་པ་གསུམ་རྣམ་པར་བཅད་པའི་སྒོ་ནས་བུམ་པ་དང་། མི་རྟག་པ་དང་། བྱས་པའི་ལྡོག་པ་གསུམ་ཐ་དད་དུ་ཕྱེ་སྟེ། གཅིག་ཏུ་སྡུད་པའི་སྒྲ་རྟོག་གིས་བུམ་པ་འདི་ནི་མི་རྟག་སྟེ། བྱས་པའི་ཕྱིར་ཞེས་གཅིག་ཏུ་བཟུང་བའི་ཡུལ་ལ་བདག་ཅིག་འབྲེལ་པར་གྲུབ་པར་འཇོག་པའི་ཕྱིར། དེ་ཡང་རྣམ་རྟོག་རང་དགའ་བས་རྒྱུ་མཚན་མེད་པར་དབྱེ་བསྡུ་བྱེད་པ་མ་ཡིན་ཏེ། རྣམ་པར་རྟོག་པས་ལོག་པ་ཐ་དད་ལས་ལོག་པར་བརྟག་པ་ལྟར་དོན་ལ་ཡང་གནས་ཤིང་། འཇིག་རྟེན་ན་གྲགས་པ་ལྟར་དབྱེ་བསྡུ་བྱས་པས་འཇུག་ཡུལ་རང་མཚན་ཐོབ་པར་འགྱུར་བའི་ཕྱིར་ཏེ། མིང་དོན་གང་ལྡན་ཕན་ཚུན་དུ། །ཐ་དད་འདི་ཡི་ས་བོན་ཡིན། །ཞེས་དང་། འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །ཞེས་སོགས་གསུངས་པའི་ཕྱིར། དེ་བཞིན་དུ་སྔར་བཤད་པའི་རིགས་པས་དེ་བྱུང་གི་འབྲེལ་པ་དོན་ལ་མ་གྲུབ་ཀྱང་བློ་ངོར་གྲུབ་སྟེ། སྔར་གྱི་མེ་དང་ད་ལྟར་གྱི་དུ་བ་ལ་མངོན་སུམ་གྱིས་དྲངས་པའི་མ་དམིགས་པ་ཕྲུགས་གསུམ་ལ་སོགས་པས་ད་ལྟར་གྱི་དུ་བ་འདི་ནི་སྔར་གྱི་མེ་དེ་ལས་སྐྱེས་པའོ་ཞེས་སྦྲེལ་བར་བྱེད་པའི་ཡུལ་ལ་དེ་བྱུང་གི་འབྲེལ་བར་འཇོག་པའི་ཕྱིར་ཏེ། འབྲེལ་བརྟག་ལས། མངོན་སུམ་མ་དམིགས་པ་དག་ལས། །རྒྱུ་དང་འབྲས་བུའི་སྤྱོད་ཡུལ་རྣམས། །འབྲེལ་པའི་དོན་བཞིན་ཡང་དག་དོན། །སྟོན་པའི་རྣམ་རྟོག་ལོག་པ་ཡིན། །ཞེས་དང་། རྣམ་ངེས་ལས། དོན་དམ་པར་ནི་ཡོད་པ་ལ་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། འབྲེལ་པ་འདི་དག་ནི་བློས་བཀོད་པ་འབའ་ཞིག་ཏུ་ཟད་དོ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། འབྲེལ་པའི་མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། ཁ་ཅིག ཐ་དད་མེད་ན་མི་འབྱུང་བ། །ཞེས་དང་། ཁ་ཅིག ཁྱོད་ཆོས་དེ་ལས་ཐ་དད་ཆོས་དེ་ཁེགས་ན་ཁྱོད་ཁེགས་དགོས་པ་དེ། ཁྱོད་ཆོས་དེ་དང་འབྲེལ་པའི་མཚན་ཉིད་ཡིན་ཞེས་ཟེར་བ་མི་འཐད་དེ། རྟ་དང་འབྲེལ་མེད་རྫས་གཞན་དུ་གྱུར་པའི་བ་ལང་ཆོས་ཅན། ཁྱོད་རྟ་དང་འབྲེལ་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ལུང་རིགས་རང་ཚིག་གསུམ་གྱིས་གནོད་དེ། དང་པོ་ནི། མི་ལ་རྟ་མི་བདོག་ཅེས་ཏེ། ཕྱུགས་ཀྱང་བདོག་པ་མིན་ནམ་ཅི། །ཞེས་སོ། །གཉིས་པ་ནི། དེ་ཆོས་ཅན། རྟ་དང་དེ་བྱུང་དུ་འབྲེལ་པར་ཐལ། འདོད་པ་གང་ཞིག དེ་ལས་རྫས་གཞན་ཡིན་པའི་ཕྱིར། གསུམ་པ་ནི་རྟ་དང་འབྲེལ་མེད་རྫས་གཞན་ཞེས་པས་རྟ་དང་འབྲེལ་པ་མེད་པར་ཁས་བླངས་ཤིང་། དངོས་སུ་འབྲེལ་པར་ཁས་བླངས་པའོ། །རང་ལུགས་ནི། ཆོས་གང་ཞིག གཞན་སེལ་ཕྱིན་ཅི་མ་ལོག་པའི་བློ་ངོར་ཆོས་གཞན་མི་འདོར་བའོ། །གཉིས་པ་ནི། འབྲེལ་པའི་སྐད་དོད་ལ་བནྡྷ་ཞེས་འབྱུང་ལ། དེའང་སཾ་བནྡྷ་ཞེས་པ་ནི་ཡང་དག་པར་བཅིངས་པ་དང་། པྲ་ཏི་བནྡྷ་ཞེས་པ་ནི་སོ་སོར་བཅིངས་པ་སྟེ། གཞན་སེལ་གྱི་ངོར་ཆོས་གཉིས་མི་འབྲེལ་བར་བཅིངས་པས་ན་འབྲེལ་པའོ། །གསུམ་པ་ལ་གཉིས་ཏེ། དབྱེ་བ་དངོས་དང་། འབྲེལ་པ་གང་ལ་གནས་པའི་རྟེན་ངོས་གཟུང་བའོ། །དང་པོ་ལ་དབྱེ་གཞི། དབྱེ་ངོ་། །གང་གིས་འབྱེད་པའི་རྒྱུ་མཚན། ཅི་ལྟར་ཕྱེ་བའི་དོན། ཇི་སྙེད་ཕྱེ་བའི་གྲངས་ངེས་དང་ལྔ་ལས། དང་པོ་ནི། འབྲེལ་པ་ཙམ་མོ། །གཉིས་པ་ནི། བདག་གཅིག་གི་འབྲེལ་པ་དང་། དེ་བྱུང་གི་འབྲེལ་པ་གཉིས་སོ། །མཚན་ཉིད་རིམ་བཞིན། ཆོས་གང་ཞིག སེལ་ངོར་རང་བཞིན་གཅིག་པའི་སྟོབས་ཀྱིས་ཆོས་གཞན་མི་འདོར་བ་དང་། གང་ཞིག སེལ་ངོར་དེ་ལས་བྱུང་བའི་སྟོབས་ཀྱིས་ཆོས་གཞན་མི་འདོར་བའོ། །གསུམ་པ་ནི། རང་བཞིན་གཅིག་པ་དང་། དེ་ལས་བྱུང་བ་གཉིས་ཡོད་པའི་སྟོབས་ཀྱིས་སོ། །བཞི་པ་ནི། གཞི་སོ་སོ་ལ་ལྟོས་ནས་ངོ་བོ་གཅིག་ཡིན་ཏེ། དུ་བ་དེ་རང་གི་སྤྱི་ལ་ལྟོས་ནས་བདག་གཅིག་ཏུ་འབྲེལ། རང་གི་རྒྱུ་ལ་ལྟོས་ནས་དེ་བྱུང་དུ་འབྲེལ་བའི་ཕྱིར། གཞི་གཅིག་ལ་ལྟོས་ནས་ངོ་བོ་ཐ་དད་ཡིན་ཏེ། ཆོས་དེ་ལ་བདག་གཅིག་ཏུ་འབྲེལ་ན་དེ་ལ་དེ་བྱུང་དུ་འབྲེལ་པ་འགལ་བའི་ཕྱིར་རོ། །ལྔ་པ་ནི། འབྲེལ་པ་དེ་ལ་གཉིས་སུ་གྲངས་ངེས་ཏེ། ཤེས་བྱ་ཐམས་ཅད་ངོ་བོ་གཅིག་དང་ངོ་བོ་ཐ་དད་གཉིས་སུ་འདུས་པ་ལས་ངོ་བོ་གཅིག་ལ་འབྲེལ་པ་ཡོད་པ་རྣམས་ནི་བདག་གཅིག་འབྲེལ་དང་། ངོ་བོ་ཐ་དད་ལ་འབྲེལ་པ་ཡོད་པ་རྣམས་ནི་དེ་བྱུང་འབྲེལ་དུ་འདུས་པའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག་དངོས་མེད་ལ་རང་གི་ངོ་བོ་མ་གྲུབ་པས་འབྲེལ་པ་གཞག་ཏུ་མེད་ལ། དངོས་པོ་ལ་འབྲེལ་པ་འཇོག་པ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། འབྲེལ་པ་དོན་དམ་པ་ནི་གཉིས་ཀ་ལའང་གཞག་ཏུ་མེད་ཅིང་། བློས་བྱས་པ་ནི་དངོས་མེད་ལའང་གཞག་ཏུ་ཡོད་པའི་ཕྱིར་ཏེ། འབྲེལ་བརྟགས་ལས། འབྲེལ་པ་བློ་ཡིས་བྱས་པ་ནི། །མེད་པ་ལ་ཡང་གང་གིས་འགོག །ཅེས་གསུངས་པའི་ཕྱིར་རོ། །ཁ་ཅིག་རྫས་ལ་འབྲེལ་པ་གཞག་ཏུ་ཡོད་ཅིང་། རིགས་ལ་འབྲེལ་པ་གཞག་ཏུ་མེད་ཅེས་པའང་རིགས་པ་སྔ་མས་ཁེགས་སོ། །ཁ་ཅིག་སྐད་ཅིག་ལ་དེ་བྱུང་གི་འབྲེལ་པ་གཞག་ཏུ་མེད་དེ། དེ་ལ་ཕན་འདོགས་པའི་བྱ་བ་མེད་པའི་ཕྱིར་ཏེ། མདོ་ལས། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །ཅེས་དང་། འདིར་ཡང་། སྐད་ཅིག་ཉིད་ཕྱིར་བྱ་གང་ལས། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་ནི་མི་འཐད་དེ། སྐད་ཅིག་ལ་ཕན་འདོགས་པའི་བྱ་བ་ཡོད་ཀྱང་ཐ་མལ་པའི་བློས་ངེས་མི་ནུས་པའི་ཕྱིར་ཏེ། རྣམ་ངེས་ལས། དངོས་པོ་སྐད་ཅིག་མ་རྣམས་ནི་ཕན་འདོགས་པ་སྲིད་པའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ་གསུམ་སྟེ། མཚན་ཉིད་སྒྲུབ་པ། མཚན་གཞི་ངོས་གཟུང་བ། དེ་དག་གང་གིས་ངེས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། གཞུང་ལས་ཇི་ལྟར་བསྟན་པའི་ཚུལ་དང་། དེའི་དོན་ངེས་པར་བྱ་བའོ། །དང་པོ་ནི། རྣམ་ངེས་ལས། མེད་ན་མི་འབྱུང་བའི་འབྲེལ་པ་ཡོད་པ་ལས་གཞན་པའི་གཏན་ཚིགས་ནི་གཏན་ཚིགས་ལྟར་སྣང་ཁོ་ན་ཞེས་བྱ་སྟེ། ཞེས་གསུངས་པའི་རྟགས་ཡང་དག་ཡིན་ན། མེད་ན་མི་འབྱུང་གི་འབྲེལ་པ་ངེས་དགོས་ཏེ། རྟགས་ཡང་དག་ཡིན་ན། ལྡོག་ཚུལ་གྲུབ་དགོས་པས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་མི་གྲུབ་པར་སློབ་དཔོན་བཞེད་དེ། གལ་ཏེ་གྲུབ་ན། ལུང་དང་རིགས་པ་དང་ཁས་བླངས་འགལ་བའི་སྐྱོན་གསུམ་ཡོད་ལ། འབྲེལ་པ་གྲུབ་ན་རྟགས་གསུམ་ཆར་གྱི་ལྡོག་པ་གྲུབ། འབྲེལ་པ་དེ་ཡང་རྒྱུ་འབྲས་ངེས་བྱེད་དང་། རང་བཞིན་ངེས་བྱེད་ཀྱི་ཚད་མས་ངེས་པའི་ཕྱིར། གཏན་ཚིགས་དང་པོ་གྲུབ་པ་ནི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཞེས་སོགས་ཚིགས་བཅད་གསུམ་མོ། །གཉིས་པ་གྲུབ་པ་ནི། འཁྲུལ་པ་ཅན་གྱི་གཉེན་པོར་ནི་ཞེས་སོགས་ཚིགས་བཅད་དྲུག་གོ །གསུམ་པ་གྲུབ་པ་ནི། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ཞེས་སོགས་ཚིགས་བཅད་བརྒྱད་དོ། །བཞི་པ་གྲུབ་པ་ནི་རྒྱུ་དང་འབྲས་བུའི་དངོས་པོའམ་ཞེས་སོགས་ཚིགས་བཅད་གསུམ་མོ། །འོ་ན་རྟགས་གསུམ་ལ་འབྲེལ་པ་དེ་ཇི་ལྟར་ངེས་པར་བྱེད་ཅེ་ན། འབྲས་རྟགས་ལ་དེ་བྱུང་གི་འབྲེལ་པ་ངེས་པར་བྱེད་པ་ནི། མེའི་འབྲས་བུ་དུ་བ་སྟེ་ཞེས་སོགས་ཚིགས་བཅད་ལྔའོ། །རང་བཞིན་རྟགས་ལ་བདག་གཅིག་གི་འབྲེལ་པ་ངེས་པར་བྱེད་པ་ནི་རང་བཞིན་ལ་ཡང་མེད་མི་འབྱུང་ཞེས་པ་ནས་གཞན་ལའང་ངོ་བོ་ཉིད་ཀྱིས་འགྱུར་ཞེས་པའི་བར་རོ། །དེས་ན་དངོས་པོའི་ཡུལ་ཅན་གྱི་ཞེས་སོགས་ཚིགས་བཅད་གཅིག་ནི་གཉིས་ཆར་གྱི་དོན་བསྡུ་བའོ། །དེ་ལྟར་འབྲེལ་པ་གཉིས་ཀྱིས་དགག་རྟགས་ཀྱི་ལྡོག་པ་ཡང་གྲུབ་བོ་ཞེས་པ་ནི། འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །ཞེས་སོགས་སོ། །རང་བཞིན་གྱི་རྟགས་ལ་བདག་གཅིག་གི་འབྲེལ་པ་ངེས་པ་ལ་ཡང་བདག་གཅིག་གི་འབྲེལ་བ་གྲུབ་པའི་སྒྲུབ་བྱེད། གང་ངེས་པར་བྱ་བའི་བདག་གཅིག་གི་འབྲེལ་པ། གང་ལ་ངེས་པར་བྱ་བའི་རང་བཞིན་གྱི་གཏན་ཚིགས། དེ་ལ་འབྲེལ་པ་དེ་ངེས་པར་བྱེད་པའི་ཚད་མ་དང་བཞི་ལས། དང་པོ་ནི། རང་བཞིན་ལ་ཡང་མེད་མི་འབྱུང་ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ལ། དོན་ལ་བདག་གཅིག་གི་འབྲེལ་པ་མ་གྲུབ་པས་གཞན་སེལ་གྱི་བློས་སྒྲོ་བཏགས་པའི་ཚུལ་ལ་དོན་སྒྲ་གཅིག་ཉིད་ལ་མཉན་བྱ་མ་ཡིན་པ་དང་། མ་བྱས་པ་དང་། རྟག་པ་རྣམ་པར་བཅད་ནས་སྒྲ་བྱས་མི་རྟག་པའི་ལྡོག་པ་གསུམ་ཐ་དད་དུ་འབྱེད་པ་ལ་བདག་གཅིག་གི་འབྲེལ་པར་འཇོག་པའི་ཚུལ་དང་། གསལ་བ་རིགས་མཐུན་དུ་མ་ལ་སྤྱི་འཛིན་གྱི་བློས་སྤྱི་གཅིག་ཏུ་བཟུང་བའི་སྤྱི་དང་བྱེ་བྲག་ལ་བདག་གཅིག་གི་འབྲེལ་པར་འཇོག་པའི་ཚུལ་གཉིས་ལས། དང་པོ་ནི། གང་ཕྱིར་དངོས་ཀུན་རང་བཞིན་གྱི་ཞེས་པ་ནས། བྱ་བ་འདི་ལ་རྒྱུ་ཅི་ཡོད། །ཅེས་པའི་བར་རོ། །གཉིས་པ་ནི། ཐ་དད་དངོས་རྣམས་ལ་རྟེན་ནས། །ཞེས་པ་ནས། མར་མེའི་འོད་ལ་ནོར་བུ་བཞིན། །ཞེས་པའི་བར་རོ། །དེ་ལྟར་བྱས་ན་ཐ་དད་དངོས་རྣམས་ལ་བརྟེན་ནས་ཞེས་པའི་སྔ་འགྲེལ་དུ་སྤྱི་ཇི་ལྟ་བུ་ཞིག་ཡིན་པ་ནི་བཤད་ཟིན་ཏོ་ཞེས་པའི་དོན་ཡང་འདི་ལ་གནས་ཀྱི། སྔོན་ཆད་བོད་འདིར་འདི་སྦྱོར་ཤེས་པ་གཞན་མ་བྱུང་ངོ་། །དེ་ལ་དུ་མའང་འབྲས་གཅིག་ཅན་ཞེས་པ་ནས། སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ་ཞེས་པའི་བར་གྱིས་གཉིས་ཆར་གྱི་ཐུན་མོང་གི་རྣམ་བཞག་བསྟན་པ་ལས་ཆོས་དང་ཆོས་ཅན་རྣམ་བཞག་དང་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་ནི་དེ་ལྟ་བུའི་བདག་ཅིག་གི་འབྲེལ་པ་གཉིས་དོན་ལ་མ་གྲུབ་ཀྱང་རྣམ་བཞག་བྱས་པའི་དགོས་པ་བསྟན་ནོ། །དེ་ལ། དམ་པའི་དོན་ལ་འཇུག་བྱའི་ཕྱིར། །ཞེས་པའི་དོན། རིགས་གཏེར་ལས། གཅིག་ལ་ཐ་དད་དུ་འབྱེད་པའི་དགོས་པ་ལ་སྦྱར་བའི་ཚེ། གཅིག་ལ་གཅིག་ཏུ་མ་གཏོགས་པ། །རྟོགས་པ་བྱ་ཕྱིར་རྣམ་པར་ཕྱེ། །ཞེས་དང་། ཐ་དད་གཅིག་ཏུ་བསྡུས་པའི་དགོས་པ་ལ་སྦྱར་བའི་ཚེ། ཐ་དད་རྣམས་ལ་དགག་སྒྲུབ་ཀྱི། །བྱ་བ་ཕྱོགས་ཅིག་རྟོགས་པར་འགྱུར། །ཅེས་གསུངས་སོ། །སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །ཞེས་པ་ནས། དངོས་པོ་མེད་པས་ངེས་ཕྱིར་རོ། །ཞེས་པའི་བར་གྱིས་དེ་གཉིས་ཀྱི་ཐུན་མོང་གི་རྣམ་བཞག་སྒྲ་སེལ་བས་འཇུག་པའི་ཚུལ་བསྟན་ནོ། །དེ་ཕྱིར་གཞན་སེལ་ཡུལ་ཅན་གྱི། །ཞེས་སོགས་ཚིགས་བཅད་གཅིག་གིས་སྒྲ་རྟོག་གཉིས་ཀ་སེལ་བས་འཇུག་པའི་ཚུལ་བསྟན་ནོ། །དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར་ཞེས་པ་ནས་དེ་མེད་ཕྱིར་ན་མི་སྲིད་འགྱུར་ཞེས་པའི་བར་གྱིས་སྒྲ་རྟོག་འཇུག་པའི་ཡུལ་དེ་དག་ཀྱང་ཕྱི་རོལ་པས་འདོད་པ་ལྟར་གྱི་སྤྱི་དངོས་པོ་བ་མ་ཡིན་གྱི་རྣམ་པར་རྟོག་པས་སྒྲོ་བཏགས་པའི་ཡུལ་གཞན་སེལ་ཡིན་ཞེས་ཡུལ་སེལ་བའི་རྣམ་བཞག་བསྟན་ནོ། །དངོས་མེད་ངོ་བོ་མེད་པའི་ཕྱིར། །ཞེས་སོགས་ཚིགས་བཅད་ཅིག་གིས་ཞར་ལ་དངོས་མེད་ཀྱི་གཞན་སེལ་བསྟན། གསུམ་པ་གང་ལ་ངེས་པར་བྱ་བའི་རང་བཞིན་གྱི་རྟགས་ནི་རང་བཞིན་ཁྱད་པར་བྱེ་བྲག་ལ་ཞེས་པ་ནས། མ་བྱས་པས་ན་མི་འཇིག་བཞིན། །ཞེས་པའི་བར་གྱིས་བསྟན། བཞི་པ་དེ་ལ་འབྲེལ་བ་དེ་ངེས་པར་བྱེད་པའི་ཚད་མ་ལ་ལྟོས་མེད་ཀྱི་གཏན་ཚིགས་དང་། གནོད་པ་ཅན་གྱི་གཏན་ཚིགས་གཉིས་ལས། དང་པོ་ནི། རྒྱུ་མེད་ཕྱིར་ན་འཇིག་པ་ནི། །ཞེས་པ་ནས། གཞན་ལའང་ངོ་བོ་ཉིད་ཀྱིས་འགྱུར། །ཞེས་པའི་བར་གྱིས་བསྟན། གཉིས་པ་ནི། རིག་བྱེད་པ་འགོག་པའི་སྐབས་སུ་ཅི་རིགས་པ་འབྱུང་ཞིང་། ལྟོས་མེད་ཀྱི་འཇིག་པ་རྒྱུ་ལ་མི་ལྟོས་པའི་ཚུལ་རྒྱས་པ་ཡང་རིག་བྱེད་པ་འགོག་པའི་སྐབས་སུ་འབྱུང་ངོ་། །གཉིས་པ་ལ་གཉིས་ཏེ། བདག་ཅིག་གི་འབྲེལ་བ་ངེས་བྱེད་དང་། དེ་འབྱུང་གི་འབྲེལ་པ་ངེས་བྱེད་དོ། །དང་པོ་ལ། ཐ་སྙད་སྒྲུབ་ཀྱི་འབྲེལ་པ་ནི། མཚན་མཚོན་གཉིས་ཀྱང་མིང་དོན་གཅིག་ཏུ་འཁྲུལ་བ་ལ་བདག་གཅིག་པའི་བརྡ་ཆད་བྱས་པས་འགྲུབ་ཀྱི། དོན་ལ་ཅིག་ཏུ་མེད་ལ། སྤྱི་དང་བྱེ་བྲག་གི་འབྲེལ་པ་ཡང་ལྡོག་པ་ཆིག་རྐྱང་དང་། ལྡོག་པ་ཉིས་ཚོགས་ལ་བདག་ཅིག་པའི་བརྡ་ཆད་བྱས་པས་འགྲུབ་ཀྱི། དོན་ལ་རྫས་གཅིག་པ་བཀག་ཟིན་ཏོ། །དོན་སྒྲུབ་ཀྱི་འབྲེལ་པ་ནི། རྟག་ཆོས་སེལ་ངོར་ལྡོག་པ་ཐ་དད་ཡིན་ཀྱང་དོན་ལ་གཅིག་ཏུ་ཡོད་པར་གང་གིས་འགྲུབ་ཅེ་ན། འདི་ལ་རྩ་བའི་རྟགས་འགོད་པ་དང་། དེའི་ཚུལ་སྒྲུབ་པ་གཉིས་ལས། དང་པོ་ནི། རང་བཞིན་ཡོད་ཙམ་དང་། འབྲེལ་པ་ཅན་གྱི་ངོ་བོ་ཡང་། །ཞེས་དང་། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །ཅེས་སོགས་གཞུང་གི་གནས་སྐབས་ཕལ་ཆེར་དུ་ཡོད་པ་རྟགས་སུ་འགོད་པར་གསུང་ཞིང་། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་པའི་སྐབས་སུ་འབྲས་བུ་རྟགས་སུ་བཀོད་པ་དང་། ཡོད་པ་རྟགས་སུ་བཀོད་པ་གཉིས་གསུངས་སོ། །འདི་དག་གི་དོན་ལ་རིགས་གཏེར་རང་འགྲེལ་ལས། ཡོད་པའམ་བྱས་པ་གང་བཀོད་ཀྱང་རུང་མོད། འོན་ཀྱང་འགའ་ཞིག་རྡུལ་ཕྲན་དང་བདག་དང་དབང་ཕྱུག་དང་རིག་བྱེད་ཀྱི་སྒྲ་ལ་སོགས་པ་བྱས་པར་མི་འདོད་པས་ཁོའི་བློ་ངོར་རྟགས་མ་གྲུབ་ཀྱིས་དོགས་ནས་ཡོད་པའི་ཕྱིར་ཞེས་བཀོད་དེ་དེ་དག་ཡོད་པར་ཁོ་རང་ཡང་འདོད་པའི་ཕྱིར་རོ། །ཡང་ཡོད་པ་དེའང་རྒྱུ་རྐྱེན་གྱིས་བྱས་པ་མ་ཡིན་པ་ལ་མི་སྲིད་པའི་ཕྱིར་ཕྱིས་བྱས་པ་ཉིད་དུ་ཁོའི་བློ་ངོར་གྲུབ་ན་བྱས་པའི་ཕྱིར་ཞེས་བཀོད་པས་གྲུབ་བོ་ཞེས་གསུངས་སོ། །འདིར་ཁ་ཅིག སྒྲ་ཇི་བཞིན་དུ་ཡོད་ན་མི་རྟག་པས་ཁྱབ་པར་ཁས་ལེན་པ་ནི་བོད་ཀྱི་ཐ་སྙད་ལ་ཅུང་ཟད་མི་བདེ་སྟེ། སྒྲ་མི་རྟག་པར་སྒྲུབ་པ་ལ་རྟགས་སུ་བཀོད་པའི་ཡོད་པ་དང་། དངོས་པོ་གཉིས་རྒྱ་གར་ན་བྷ་བ་ཞེས་སྐད་དོད་གཅིག་ཏུ་ཡོད་པས་འགའ་ཞིག་ཏུ་དངོས་པོ་དང་། འགའ་ཞིག་ཏུ་ཡོད་པར་བསྒྱུར་བ་ཡིན་ཀྱང་སེལ་ངོར་ཡོད་པ་ལ་ཡང་ཡོད་པའི་ཐ་སྙད་སྔོན་གྱི་ལོཙྪ་བ་རྣམས་ཀྱིས་མང་དུ་གསུངས་པའི་ཕྱིར་ཏེ། སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས། །ཞེས་དང་། ལྡོག་པ་ཀུན་ལ་ཡོད་པའི་ཕྱིར། །ཞེས་དང་། ལྡོག་པ་མཚུངས་པ་ཉིད་དག་ནི། །ཡོད་ཉིད་ཅེས་དང་། རིགས་གཏེར་ལས་ཀྱང་། དེ་མིན་རང་བཞིན་ལས་ལྡོག་པ། །དངོས་པོ་ཀུན་ལ་ཡོད་པ་དེ། །ཞེས་གསུངས་པས་སོ། །ཁ་ཅིག དངོས་པོར་ཡོད་པའི་ཕྱིར་ཞེས་དང་། དོན་ལ་ཡོད་པའི་ཕྱིར་ཞེས་དང་། རང་གི་ངོ་བོ་ཡོད་པའི་ཕྱིར་ཞེས་བཀོད་པ་ཡོད་ཀྱང་དངོས་པོ་དང་ཡོད་པ་གཉིས་ཀ་བཀོད་ན་སྒྲ་ཟློས་པའི་སྐྱོན་ཡང་ཡོད་ཅིང་ཁྱད་པར་ལྟོས་པ་བའི་རྟགས་སུ་འགྱུར་བའི་སྐྱོན་ཡང་ཡོད་པས་དངོས་པོ་ཡིན་པའི་ཕྱིར་ཞེས་བཀོད་པ་ཉིད་དོན་ལ་གནས་ཏེ་འདི་ལ་དགོངས་ནས། རིགས་གཏེར་རང་འགྲེལ་ལས། ཡོད་པའི་མཚན་ཉིད་དོན་བྱེད་ནུས་པ་ཞེས། །ཆོས་ཀྱི་གྲགས་པས་གསུངས་པ་དེ་ཉིད་ཡིན་ནོ་ཞེས་གསུངས་སོ། །དེས་ན་གང་བྱས་པའམ་དངོས་པོ་ཡིན་ན། མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་པའམ་དངོས་པོ་ཡིན་ནོ་ཞེས་པའི་སྦྱོར་བ་གཉིས་ལས་སྔ་མ་ནི་ཁྱད་པར་ལྟོས་པ་བ་དང་། ཕྱི་མ་ནི་རང་བཞིན་དག་པ་པའོ། །གཉིས་པ་ལ་ཕྱོགས་ཆོས་སྒྲུབ་པ་དང་། ཁྱབ་པ་སྒྲུབ་པ་གཉིས་ལས། དང་པོ་ནི། སྒྲ་དེ་རང་རྒྱུ་ལས་སྐྱེས་པར་མངོན་སུམ་ཕྲུགས་གསུམ་ལ་སོགས་པས་ངེས་པར་བྱེད་ལ། དེའི་རྟགས་ལས་བྱས་པར་ངེས་པར་བྱེད་ཅིང་དོན་བྱེད་ནུས་པའི་རྟགས་ལས་དངོས་པོར་ངེས་པར་བྱེད་དོ། །གཉིས་པ་ལ་ལྟོས་མེད་ཀྱི་གཏན་ཚིགས་དང་གནོད་པ་ཅན་གྱི་གཏན་ཚིགས་གཉིས་ལས། དང་པོ་ནི། གང་རང་གི་རྒྱུ་ལས་གཞན་པ་ལ་མི་ལྟོས་པར་དེ་དེའི་ངོ་བོར་འགྱུར་ན་དེའི་ངོ་བོར་ངེས་པས་ཁྱབ། དཔེར་ན་རྒྱུ་ཚོགས་པ་སྐད་ཅིག་ཐ་མ་དེས་རང་གི་རྒྱུ་ལས་གཞན་ལ་མི་ལྟོས་པར་རང་འབྲས་བསྐྱེད་པ་བཞིན། བུམ་པ་ཡང་རང་གི་རྒྱུ་ལས་གཞན་ལ་མི་ལྟོས་པར་འཇིག་པ་ཡིན་ནོ་ཞེས་པའོ། །གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། བུམ་པ་འཇིག་པ་ཐོ་བ་སོགས་དང་། ཤིང་འཇིག་པ་མེ་ལ་ལྟོས་པའི་ཕྱིར་ཞེ་ན། དེ་འགོག་པ་ལ། ཆོས་དོན་གཞན་གྱི་རྒྱུ་མཚན་ཅན། །ཞེས་སོགས་དང་། མེ་ལས་དོན་གཞན་གྱུར་པ་དག །ཅེས་སོགས་གསུངས་སོ། །འདིར་འཇིག་པ་རྒྱུ་མེད་དུ་བཤད་པའི་དོན་ལ་འཇིག་པར་བྱ་རྒྱུའི་དངོས་པོ་བུམ་པ་ལྟ་བུ་ལ་བུམ་པའི་འཇིག་པར་བྱས་པ་སངས་རྒྱས་པའི་ལུགས་དང་། བུམ་པ་ཞིག་ནས་བུམ་པའི་དངོས་པོར་མེད་པ་ལ་བུམ་པའི་འཇིག་པར་བྱས་པ་བྱེ་བྲག་པའི་ལུགས་གཉིས་ལས། དང་པོ་ལ་སྦྱར་བའི་ཚེ་བུམ་པའི་རྒྱུ་ལས་གཞན་པའི་འཇིག་རྒྱུ་མེད་ཅེས་པའི་དོན་ཡིན་ལ། ཕྱི་མ་ལ་སྦྱར་བའི་ཚེ་རྒྱུ་གཏན་མེད་པའི་དོན་ཡིན་ནོ། །གཉིས་པ་གནོད་པ་ཅན་གྱི་གཏན་ཚིགས་ནི། དབང་ཕྱུག་པ་རྣམས་བྱ་རོག་ཕལ་ཆེར་ནག་པོ་ཡིན་ཀྱང་དཀར་པོ་སྲིད་པ་ལྟར། དངོས་པོ་ཕལ་ཆེར་མི་རྟག་པ་ཡིན་ཀྱང་དབང་ཕྱུག་ལ་སོགས་པའི་དངོས་པོ་འགའ་ཞིག་རྟག་པ་ཡིན་པས་གཏན་ཚིགས་དངོས་པོ་མི་མཐུན་ཕྱོགས་ལ་ཞུགས་ཅེས་ཟེར་བ་དང་། གྲངས་ཅན་པ་རྣམས་སྒྲ་ལ་སོགས་པའི་རྣམ་འགྱུར་གྱི་དངོས་པོ་གཙོ་བོས་བྱས་ཀྱང་རྟག་པ་ཡིན་པས་གཏན་ཚིགས་བྱས་པའི་མི་མཐུན་ཕྱོགས་ལ་ཞུགས་ཞེས་ཟེར་བའི་དང་པོ་འགོག་པ་ལ་གང་རིམ་དང་ཅིག་ཆར་གྱི་དོན་བྱེད་ནུས་པས་སྟོང་ན་དངོས་པོས་སྟོང་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། དབང་ཕྱུག་ལ་སོགས་པའི་རྟག་པ་ཡང་རིམ་དང་ཅིག་ཆར་གྱི་དོན་བྱེད་ནུས་པས་སྟོང་པ་ཡིན་ནོ་ཞེས་གཏན་ཚིགས་དངོས་པོ་དང་། མི་མཐུན་ཕྱོགས་རྟག་པའི་གཞི་མཐུན་ལ་གནོད་པ་སྟོན་པའོ། །འདིར་བཀོད་ཚོད་ལ་དབང་ཕྱུག་རྟག་པ་བཀོད་ཀྱང་སོང་ཚོད་ལ་དེའི་སྒྲ་དོན་ཆོས་ཅན་དུ་སོང་བས་མ་གྲུབ་པའི་སྐྱོན་མེད་དོ། །ཕྱི་མ་འགོག་པ་ལ་གང་དེ་རེས་འགའ་སྐྱེ་ན་རྟག་པས་སྟོང་པས་ཁྱབ། དཔེར་ན་མར་མེའི་སྐད་ཅིག་ཐ་མ་བཞིན། སྒྲ་ཡང་རེས་འགའ་སྐྱེ་བ་ཡིན་ནོ་ཞེས་གཏན་ཚིགས་བྱས་པ་དང་། མི་མཐུན་ཕྱོགས་རྟག་པའི་གཞི་མཐུན་ལ་གནོད་པ་སྟོན་པར་བྱེད་པའོ། །འོ་ན་དེ་གཉིས་གང་རུང་གིས་ཁྱབ་པ་སྒྲུབ་ནུས་པས་གཉིས་ཀ་བསྟན་མི་དགོས་སོ་ཞེ་ན། དེའི་ལན་ལ་ཁ་ཅིག གནོད་པ་ཅན་གྱི་ལམ་སྦྱོང་དུ་ལྟོས་མེད་ཀྱི་གཏན་ཚིགས་གསུངས་པ་ཡིན་ཏེ། གནོད་པ་ཅན་གྱིས་དངོས་པོ་ཐམས་ཅད་འཇིག་པར་སྒྲུབ་པར་བྱེད་ཅིང་དེའི་གོང་དུ་ལྟོས་མེད་ཀྱི་དངོས་པོ་ཐམས་ཅད་རང་གི་རྒྱུ་ལས་གཞན་པའི་རྒྱུ་ལ་ལྟོས་མེད་དུ་འཇིག་པར་སྒྲུབ་དགོས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། གཏན་ཚིགས་གཉིས་ཀྱི་བསལ་བྱའི་ལོག་རྟོག་སོ་སོར་ཡོད་པའི་ཕྱིར་ཏེ། དངོས་པོ་ཐམས་ཅད་འཇིག་པར་འདོད་པ་ལ་གནོད་པ་ཅན་གྱི་གཏན་ཚིགས་མི་འཇུག དངོས་པོ་ཐམས་ཅད་མི་འཇིག་པར་འདོད་པ་ལ་ལྟོས་མེད་ཀྱི་གཏན་ཚིགས་མི་འཇུག་པའི་ཕྱིར་རོ། །དེས་ན་ལོག་རྟོག་གཉིས་ཀྱི་གཉེན་པོར་གཏན་ཚིགས་གཉིས་སོ་སོར་གསུངས་པ་ཡིན་ཏེ། དངོས་པོ་ཐམས་ཅད་མི་འཇིག་པའི་ལོག་རྟོག་གི་གཉེན་པོར་གནོད་པ་ཅན་དང་། སྤྱིར་འཇིག་ཀྱང་རང་གི་རྒྱུ་ལས་ཕྱིས་བྱུང་བའི་འཇིག་རྒྱུ་དོན་གཞན་ལ་ལྟོས་ནས་འཇིག་པའི་ལོག་རྟོག་གི་གཉེན་པོར་ལྟོས་མེད་ཀྱི་གཏན་ཚིགས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་བྱུང་གི་འབྲེལ་པ་ངེས་བྱེད་ལ་གཉིས་ཏེ། ངེས་བྱའི་རྒྱུ་འབྲས་ངོས་བཟུང་བ་དང་། དེ་ཇི་ལྟར་ངེས་པའི་ཚུལ་ལོ། །དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། རྒྱུ་འབྲས་ཀྱི་མཚན་ཉིད་རིམ་བཞིན། རང་གི་དོན་གཞན་ཕྱི་མ་ལ་ཕན་བཏགས་སྟོབས་ཀྱིས་དེའི་རྗེས་སུ་འགྲོ་ལྡོག་བྱ་ས་དང་། རང་གི་དོན་གཞན་སྔ་མས་ཕན་བཏགས་སྟོབས་ཀྱིས་དེའི་རྗེས་སུ་འགྲོ་ལྡོག་བྱེད་པའོ། །གཉིས་པ་ལ། རྒྱུའི་དབྱེ་བ་དང་འབྲས་བུའི་དབྱེ་བ་གཉིས་ལས། དང་པོ་ལ་བྱེ་བྲག་ཏུ་སྨྲ་བས། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང་། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་རྒྱུ་ལ་དྲུག་ཏུ་འདོད་ཀྱང་འདིར་ནི། བྱེད་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། མཚུངས་ལྡན་གྱི་རྒྱུ་གསུམ་ནི་རྒྱུ་མཚན་ཉིད་པ་མ་ཡིན་ཏེ། བྱེད་རྒྱུ་ནི་ཕན་འདོགས་བྱེད་མིན་པའི་ཕྱིར་དང་། ཕྱི་མ་གཉིས་ནི་འབྲས་བུ་དང་དུས་མཉམ་ཡིན་པའི་ཕྱིར་རོ། །གཞན་གསུམ་ནི་འདིར་ཡང་རྒྱུར་ཁས་ལེན་དགོས་ཏེ། སྐལ་མཉམ་གྱི་རྒྱུ་དང་། རྣམ་སྨིན་གྱི་རྒྱུ་གཉིས་བཤད་ཅིང་ཀུན་འགྲོའི་རྒྱུ་ནི་སྐལ་མཉམ་གྱི་རྒྱུའི་ནང་དུ་བསྡུས་པའི་ཕྱིར་རོ། །དེས་ན་རྒྱུ་ལ་དབྱེ་ན་སྐལ་མཉམ་གྱི་རྒྱུ་དང་རྣམ་སྨིན་གྱི་རྒྱུ་གཉིས་སམ། ཉེར་ལེན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྒྱུ་གཉིས་སོ། །གཉིས་པ་ལ་བྱེ་བྲག་ཏུ་སྨྲ་བས་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ་དང་། བྲལ་བའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་སྟེ་འབྲས་བུ་ལྔར་འདོད་ཀྱང་འདིར་ནི་འབྲས་བུ་དང་པོ་གཉིས་བྱེ་བྲག་ཏུ་སྨྲ་བའི་ལུགས་ལྟར་ཁས་ལེན་ཅིང་། གསུམ་པ་ནི་འབྲས་བུའི་གོ་མི་ཆོད་དེ། དངོས་པོར་མེད་པའི་ཕྱིར། ལྔ་པ་དང་། བཞི་པ་ནི་ཁས་ལེན་ཀྱང་བྱེ་བྲག་ཏུ་སྨྲ་བའི་ལུགས་ལྟར་ཁས་མི་ལེན་ཏེ། རྒྱུ་འབྲས་དུས་མཉམ་པ་མེད་པའི་ཕྱིར་དང་། འདུས་བྱས་ཐམས་ཅད་ཕན་ཚུན་རྒྱུ་འབྲས་མིན་པའི་ཕྱིར། འོ་ན་དེ་གཉིས་ཀྱི་མཚན་གཞི་གང་ཞེ་ན་མཐོང་ལམ་སྐད་ཅིག་སྔ་མ་དེ་སྦྱོར་ལམ་ཆོས་མཆོག་ཆེན་པོའི་སྐྱེས་བུ་བྱེད་པའི་འབྲས་བུ་དང་སྣོད་ཀྱི་འཇིག་རྟེན་འདི་སེམས་ཅན་རྣམས་ཀྱི་སྤྱི་མཐུན་གྱི་ལས་ཀྱི་བདག་པོའི་འབྲས་བུ་ཡིན་པ་ལྟ་བུའོ། །གཉིས་པ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག ཚད་མ་ཕྲུགས་ལྔས་ངེས་ཏེ། དང་པོར་མེ་དུ་གཉིས་ཀ་མ་དམིགས་པའི་ཚད་མ། དེ་ནས་མེ་དམིགས་པའི་ཚད་མ། དེ་ནས་དུ་བ་དམིགས་པའི་ཚད་མ། དེ་ནས་མེ་མ་དམིགས་པའི་ཚད་མ། དེ་ནས་དུ་བ་མ་དམིགས་པའི་ཚད་མས་ངེས་པར་བྱེད་པའི་ཕྱིར་ཞེས་ཟེར་རོ། །མི་འཐད་དེ། གནས་སྐབས་རྗེས་སུ་འགྲོ་ལྡོག་ཕྲུགས་ལྔས་ཀྱང་རྒྱུ་འབྲས་སུ་ངེས་པར་བྱེད་མི་ནུས། རང་བཞིན་རྗེས་སུ་འགྲོ་ལྡོག་ཕྲུགས་གསུམ་གྱིས་ཀྱང་རྒྱུ་འབྲས་སུ་ངེས་པར་བྱེད་ནུས་པའི་ཕྱིར་རོ། །གཏན་ཚིགས་དང་པོ་གྲུབ་སྟེ། གཞན་དུ་ན་གནས་སྐབས་འགའ་ཞིག་ཏུ་རྔ་སྒྲ་དང་། ཉི་མའི་འོད་ཟེར་གཉིས་ཀ་མ་དམིགས། དེ་ནས་རྔ་སྒྲ་དམིགས། དེ་ནས་ཉི་མའི་འོད་ཟེར་དམིགས། དེ་ནས་རྔ་སྒྲ་མ་དམིགས། དེ་ནས་ཉི་མའི་འོད་ཟེར་མ་དམིགས་པ་ཡང་ཡོད་པས། དེ་གཉིས་ཀྱང་རྒྱུ་འབྲས་སུ་ཐལ་བའི་ཕྱིར་རོ། །གཏན་ཚིགས་གཉིས་པ་གྲུབ་སྟེ། རང་བཞིན་རྗེས་སུ་འགྲོ་ལྡོག་མ་དམིགས་པ་སྔོན་དུ་འགྲོ་བའི་རྗེས་འགྲོ་ཕྲུགས་གསུམ་དང་། དམིགས་པ་སྔོན་དུ་འགྲོ་བའི་ལྡོག་པ་ཕྲུགས་གསུམ་གང་རུང་གིས་རྒྱུ་འབྲས་སུ་ངེས་པར་བྱེད་ནུས་པའི་ཕྱིར་རོ། །གཞན་དུ་ཕྲུགས་ལྔ་ངེས་པར་དགོས་ན་རྒྱུ་འབྲས་ཡིན་ན། སྔོན་མཐའ་དང་། ཕྱི་མཐའ་གཉིས་ཀ་ངེས་དགོས་པར་ཐལ། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཡིན་ན། དང་པོར་རྒྱུ་འབྲས་གཉིས་ཀ་མ་དམིགས་པ་དང་། མཐར་ཡང་རྒྱུ་འབྲས་གཉིས་ཀ་མ་དམིགས་པ་དགོས་པའི་ཕྱིར། ཁ་ཅིག ཚད་མ་ཕྲུགས་གསུམ་གྱི་ངེས་ཚུལ་ལ། དམིགས་པ་སྔོན་དུ་འགྲོ་བའི་ལྡོག་པ་ཕྲུགས་གསུམ་ཁོ་ན་དགོས་པར་འདོད་པ་ཡང་མི་འཐད་དེ། རྒྱུ་འབྲས་སུ་ངེས་ན། སྔོན་མཐའ་མི་ངེས་པས་ཁྱབ་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ལ་སྔོན་མཐའ་མ་ངེས་པའི་རྒྱུ་འབྲས་ངེས་པར་བྱེད་པའི་ཚུལ་དང་། ཕྱི་མཐའ་མ་ངེས་པའི་རྒྱུ་འབྲས་ངེས་པར་བྱེད་པའི་ཚུལ་གཉིས་ལས། དང་པོ་ནི། དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་སྟེ། དང་པོར་འབྲས་བུ་དུ་བ་སྐྱེ་བ་མཐོང་། དེ་ནས་སྐྱེ་བྱེད་ཀྱི་རྒྱུ་མ་མཐོང་། དེ་ནས་བསྐྱེད་པའི་འབྲས་བུ་མ་མཐོང་བའི་གཞན་སེལ་གྱི་བློས་ངེས་པར་བྱེད་དོ། །ཕྱི་མ་ནི་མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ཏེ། དང་པོ་ས་ཕྱོགས་དག་པར་མེ་དུ་གཉིས་ཀ་སྣང་རུང་མ་དམིགས་པ་ལས་མེ་མཐོང་བའི་རྗེས་སུ་རྟོག་པས་མེའི་གཞན་སེལ་བཟུང་། དེ་ནས་དུ་བ་མཐོང་བའི་རྗེས་སུ་རྟོག་པས་དུ་བའི་གཞན་སེལ་བཟུང་ནས་ད་ལྟར་གྱི་དུ་བ་འདི་སྔར་གྱི་མེ་དེ་མེད་ན་མི་འབྱུང་ཞེས་རྟོག་བཅས་ཀྱི་བློས་འབྲེལ་པ་ངེས་པར་བྱེད་དོ། །གསུམ་པ་ནི། ཕྲུགས་གསུམ་གང་རུང་གིས་ངེས་ན་འབྲེལ་བརྟག་ལས། གང་ཞིག་མཐོང་ན་མ་མཐོང་མཐོང་། །དེ་མ་མཐོང་ན་མ་མཐོང་བ། །འབྲས་བུ་ཡིན་པ་ཉིད་དུ་ནི། །སྟོན་པའི་སྐྱེ་བོ་མེད་ཀྱང་ཤེས། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ་ངེས་བྱེད་གཉིས་ཆར་གྱི་དབང་དུ་བྱས་པའི་ཕྱིར་རོ། །དེས་ན་རང་བཞིན་རྗེས་སུ་འགྲོ་ལྡོག་གི་དབང་དུ་བྱས་ན་ཕྲུགས་གསུམ་གང་རུང་གིས་ངེས་པར་བྱེད་ནུས་ཏེ། རྒྱུ་ལ་བརྟེན་པའི་མཐའ་གསུམ་ཁེགས་ཤིང་། འབྲས་བུའི་མཚན་ཉིད་རྗེས་སུ་འགྲོ་ལྡོག་གཉིས་འགྲུབ་པའི་ཕྱིར་ཏེ། སྔར་མ་དམིགས་པས་རྒྱུ་གཞན་ལས་སྐྱེ་བ་ཁེགས་ཤིང་འབྲས་བུའི་ལྡོག་པ་འགྲུབ། སྔར་མེད་པ་དང་ཕྱིས་སྐྱེ་བ་དམིགས་པ་གཉིས་ཀྱིས་གཏན་མི་སྐྱེ་བ་དང་། རྒྱུ་མེད་ལས་སྐྱེ་བ་ཁེགས་ཤིང་། འབྲས་བུའི་རྗེས་འགྲོ་འགྲུབ་པའི་ཕྱིར་རོ། །གཉིས་པ་མཚན་གཞི་ངོས་བཟུང་བ་ནི། ཁ་ཅིག འབྲེལ་པ་དོན་རང་མཚན་གྱི་རྫས་སུ་འདོད་པ་མི་འཐད་དེ། དོན་རང་མཚན་ཕན་ཚུན་རྗེས་འགྲོ་མེད་པའི་ཕྱིར་རོ། །འགའ་ཞིག་སྒྲ་དོན་ཁོ་ན་ལ་འདོད་པ་ཡང་མི་འཐད་དེ། སྒྲ་དོན་དངོས་མེད་ལ་འབྲེལ་པ་བྱས་པས་རང་མཚན་གོ་བར་མི་ནུས་པའི་ཕྱིར་རོ། །རང་ལུགས་ནི་སྒྲ་དོན་ལ་རང་མཚན་དུ་འཁྲུལ་པའི་གཞན་སེལ་གྱི་བློས་དུ་བ་དང་། མེ་དང་། བྱས་པ་དང་། མི་རྟག་པ་ལ་སོགས་པར་བཟུང་བ་ཉིད་ཡིན་ཏེ། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡི་ངོ་བོ་ཉིད་དུ་རྟོགས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དེ་དག་གང་གིས་ངེས་པའི་ཚུལ་ལ་གཉིས་ཏེ། ཕྱོགས་རེས་ངེས་པ་གཞན་གྱི་ལུགས་དང་། གཉིས་ཀ་དགོས་པ་རང་གི་ལུགས་སོ། །དང་པོ་ལ་གཉིས་ལས་དཔྱོད་པས་ངེས་པ་ནི། ཁ་ཆེ་བདེ་བྱེད་དགའ་བ་ན་རེ། གནས་སྐབས་ཀྱི་འབྲེལ་པ་ཚད་མས་ངེས་ཀྱང་རང་བཞིན་གྱི་འབྲེལ་པ་དཔྱོད་པས་ངེས་དགོས་སོ་ཞེས་གསུངས་སོ། །ཚད་མས་ངེས་པ་ནི་ཉི་འོག་པའི་པཎྜི་ཏ་རྣམས་ཞལ་མཐུན་པར་སྔར་བཤད་པ་བཞིན་དུ་རྗེས་སུ་འགྲོ་ལྡོག་ངེས་པའི་ཚད་མས་འབྲེལ་པ་ངེས་པར་བྱེད་དེ། དཔེ་ལ་རྟགས་ཀྱི་མཚན་གཞི་འཛིན་པའི་ཚད་མ་དང་། དེ་མི་མཐུན་ཕྱོགས་ལ་འགོག་པའི་ཚད་མ་གཉིས་ཀྱིས་ཡོད་ན་ཡོད་པའི་རྗེས་འགྲོ་དང་། ལོག་ན་ལྡོག་པའི་ལྡོག་པ་གྲུབ་པས་སྤྱི་ཁྱབ་གྲུབ་པའི་ཕྱིར་རོ་ཞེས་གསུངས་སོ། །གཉིས་པ་ནི། ཚད་མ་ལ་མ་ལྟོས་པའི་དཔྱོད་པའང་གཞན་སེལ་ཕྱིན་ཅི་ལོག་སྲིད་པས་མི་ངེས་ལ། མངོན་སུམ་ཡང་མ་ངེས་ན་འཇུག་ལྡོག་གི་ཐ་སྙད་མི་གྲུབ། ངེས་ན་རྟོག་དཔྱོད་ལས་མ་འདས། རྗེས་དཔག་གིས་མི་མཐུན་ཕྱོགས་ལ་ཁེགས་ཀྱང་རྟོགས་དཔྱོད་མེད་ན་མཐུན་ཕྱོགས་དང་འབྲེལ་པ་མ་གྲུབ་པས་ཚད་མའི་སྟོབས་ཀྱིས་སྐྱེས་པའི་ངེས་པ་རྟོག་དཔྱོད་ཀྱིས་འབྲེལ་པ་ངེས་ཏེ། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། །ཞེས་དང་། དཔྱོད་པ་ནི་དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །གནས་ལུགས་དཔྱད་ཚེ་འབྲེལ་པ་མི་སྲིད་ཀྱང་། །རྟགས་ཀྱིས་བསྒྲུབ་བྱ་བསྒྲུབ་ཚེ་སེལ་བའི་ངོར། །འབྲེལ་པ་གཉིས་ཀྱིས་སྒྲུབ་རྟགས་རྗེས་འགྲོ་དང་། །དགག་པའི་རྟགས་ཀྱི་ལྡོག་པ་གྲུབ་པར་གྱུར། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །འབྲེལ་པའི་རྟོགས་ཚུལ་བཤད་ཟིན་ཏོ།། ༈ །།གཉིས་པ་འགལ་བའི་རྟོགས་ཚུལ་ལ་གཉིས་ཏེ། སྤྱིའི་མཚན་ཉིད་དང་། མཚན་གཞིའི་རབ་ཏུ་དབྱེ་བའོ། །དང་པོ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ནི། ཁ་ཅིག འགལ་བའི་མཚན་ཉིད་ཐ་དད་གཞི་མཐུན་མི་སྲིད་པའམ། གང་ཞིག་གྲུབ་ན་གང་ཞིག་བཀག་པ་ལ་མི་འཁྲུལ་བ་སྟེ། སྔོན་པོ་གྲུབ་ན་སྔོ་མིན་བཀག་པ་ལ་མི་འཁྲུལ་བ་ལྟ་བུའོ། །དབྱེ་ན་ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤང་འགལ་གཉིས། དང་པོའི་མཚན་ཉིད། གང་ཞིག་གང་གིས་དབེན་ཞིང་སྤང་གཉེན་ནུས་ལྡན་རྒྱུན་འགྲོགས་སུ་མི་རུང་བའམ། གང་ཞིག་གང་གིས་དབེན་ཅིང་ཕན་ཚུན་ཕྲད་ན་གནོད་བྱེད་དུ་འགྱུར་བའོ། །དེ་ཡང་སྟོབས་མཉམ་ན་གནོད་པ་མཉམ་སྟེ། མཉམ་དུ་ཤི་བ་ལྟ་བུའོ། །སྟོབས་མི་མཉམ་ན་སྟོབས་ཆེ་བས་གནོད་པ་ཆེ་བ་དང་། སྟོབས་ཆུང་བས་གནོད་པ་ཆུང་བ་བྱེད་དེ། ནུས་པ་འགལ་བའི་ཕྱིར་རོ། །གཉིས་པ་མཚན་ཉིད། ཆོས་གང་ཞིག་རང་གི་དགག་བྱས་དབེན་པའམ། གང་ཞིག་ཡིན་པ་གྲུབ་ན་དེ་མིན་བཀག་པ་ལ་མི་འཁྲུལ་བ་སྟེ། དཔེར་ན་སྔོན་པོ་ཡིན་པ་གྲུབ་ན་སྔོ་མིན་བཀག་པ་ལ་མི་འཁྲུལ་བ་ལྟ་བུའོ། །གལ་ཏེ་ཚ་གྲང་གཉིས་ཀྱི་རྒྱུན་ཕན་ཚུན་སྤང་འགལ་དུ་འགྱུར་རོ་ཞེ་ན་འདོད་དེ། ཚ་གྲང་གཉིས་ལ་འགལ་བ་གཉིས་ངོ་བོ་གཅིག་ཏུ་ཡོད་པར་ཆོས་མཆོག་ཆུང་བ་ལས་བཤད་པའི་ཕྱིར། ཁ་ཅིག་རྒྱུན་མི་ལྡོག་ཀྱང་ཞེས་པ་མཚན་ཉིད་ཀྱང་ཟུར་དུ་བསྣན་ནས། ལྷན་ཅིག་མི་གནས་འགལ་གཅོད་པར་འདོད་དོ། །དབྱེ་ན་དངོས་འགལ་དང་། བརྒྱུད་འགལ་གཉིས། དང་པོའི་མཚན་ཉིད། རྣམ་བཅད་དང་ཡོངས་གཅོད་གྲུབ་བདེ་རྫས་གཅིག་པའམ། གང་ཞིག་གང་གིས་དབེན་ཅིང་རང་གི་དགག་བྱ་རྣམ་པར་བཅད་ལྡོག་ཙམ་དུ་གནས་པ་སྟེ་གཞི་གཅིག་གི་སྟེང་དུ་སྔོ་མིན་བཀག་པས་སྔོན་པོ་གྲུབ་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། འགལ་ཟླ་གཉིས་ཀའམ་གང་རུང་ཅིག་རྣམ་བཅད་དང་ཡོངས་གཅོད་ཀྱིས་ཁྱད་པར་དུ་བྱས་པ་སྟེ། སྔོན་པོ་དང་སེར་པོ་ལྟ་བུའོ། །དབྱེ་ན་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དང་། མ་བྱས་པ་གཉིས་སོ། །དེ་དག་ཀྱང་རྫས་དང་ལྡོག་པ་འགལ་བའི་སྒོ་ནས་དྲུག་ཏུ་འགྱུར་ཏེ། རྫས་དངོས་འགལ་ནི་རྟག་པ་དང་མི་རྟག་པ་ལྟ་བུའོ། །རྫས་ལ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་ནི་རྟག་པ་དང་བྱས་པ་ལྟ་བུའོ། །མ་བྱས་པ་ནི་སྔོན་པོ་དང་། སེར་པོ་ལྟ་བུའོ། །ལྡོག་པ་དངོས་འགལ་ནི་མེད་དགག་ཡིན་མིན་དང་། གཏན་ཚིགས་ཡིན་མིན་ལྟ་བུའོ། །ལྡོག་པ་ལ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་ནི། མེད་དགག་དང་། ཤེས་བྱའི་ལྡོག་པ་ལྟ་བུ་དང་། གཏན་ཚིགས་མ་ཡིན་པ་དང་། བྱས་པའི་གཏན་ཚིགས་ལྟ་བུའོ། །མ་བྱས་པ་ནི་བྱས་ལྡོག་དང་། མི་རྟག་པའི་ལྡོག་པ་ལྟ་བུའོ་ཞེས་སྨྲའོ། །གཉིས་པ་ནི། དེ་དག་ནི་ཆོས་ཀྱི་གྲགས་པའི་དགོངས་པ་མ་ཡིན་ཏེ། དུ་བ་དེ་མེ་དང་འགལ་བ་དང་། བྱས་ལྡོག་དེ་མི་རྟག་པའི་ལྡོག་པ་དང་འགལ་བར་འགྱུར་ཏེ། དེ་ལ་འགལ་བའི་སྤྱིའི་མཚན་ཉིད་དང་། བྱེ་བྲག་ཕན་ཚུན་སྤང་འགལ་གྱི་མཚན་ཉིད་ཚང་བའི་ཕྱིར་རོ། །འདོད་ན། དུ་བ་དེས་མེ་འགོག་པ་དང་། སྒྲུབ་པ་གཉིས་ཀ་ནུས་པར་ཐལ་བ་དང་། བྱས་པ་དེས་མི་རྟག་པ་འགོག་པ་དང་སྒྲུབ་པ་གཉིས་ཀ་ནུས་པར་ཐལ། དེ་གཉིས་དེ་དག་ལ་འགལ་བ་དང་འབྲེལ་བའི་གཞི་མཐུན་ཡིན་པའི་ཕྱིར། མ་ཁྱབ་ན། འགལ་བ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་པ་དང་། འབྲེལ་པ་རྟགས་སུ་བཀོད་ནས་འབྲེལ་ཡུལ་སྒྲུབ་པའི་རྣམ་བཞག་མི་འཐད་པར་ཐལ་ལོ། །དུ་བ་ཆོས་ཅན། མེ་ལ་གནོད་བྱེད་དུ་ཐལ། མེ་དང་འགལ་བའི་ཕྱིར། ཁྱབ་སྟེ། རྣམ་ངེས་ལས། དེའི་ཕྱིར་སྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ལྷན་ཅིག་མི་གནས་འགལ་ཕན་ཚུན་སྤང་འགལ་གྱི་བྱེ་བྲག་ཏུ་འདོད་པ་ཡང་མི་འཐད་དེ། དེ་གཉིས་གང་ལ་གནས་པའི་ཡུལ་དང་བྱེད་པ་ཐ་དད་པའི་ཕྱིར་ཏེ། ལྷན་ཅིག་མི་གནས་འགལ་ནི་ཡུལ་འགལ་ཟླ་གཉིས་ཀ་དངོས་པོར་ཡོད་པ་ལ་གནས། བྱེད་པ་འགལ་ཟླ་ཡོད་པ་འགོག ཕན་ཚུན་སྤང་འགལ་ནི་ཡུལ་འགལ་ཟླ་གང་རུང་ཅིག་དངོས་པོར་མེད་པ་ལ་གནས། བྱེད་པ་འགལ་ཟླ་ཡིན་པ་འགོག་པའི་ཕྱིར་ཏེ། ཆོས་མཆོག་གིས། སྤངས་ཏེ་གནས་པའི་ངོ་བོ་ནི་བདག་ཉིད་གཅིག་ཏུ་འགལ་བའི་ཡིན་ནོ། །དེ་ལྟ་མིན་པའི་འགལ་བ་ནི་འདིས་བསྡུས་པ་མ་ཡིན་ཏེ། ལྷན་ཅིག་མི་གནས་པ་ནི་རང་བཞིན་གཉིས་ལ་གནས་པའི་ཕྱིར་དང་། འདི་ནི་གཅིག་པ་མེད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར། རྟག་པ་དང་མི་རྟག་པ་བཞིན་དུ་ཐ་དད་པ་ཉེ་བར་བཀོད་དོ་ཞེས་གསུངས་པས་སོ། །ལྷན་ཅིག་མི་གནས་འགལ་ཚུལ་ཕན་ཚུན་གནོད་བྱེད་དུ་འདོད་པ་ཡང་མི་འཐད་དེ། བདེན་འཛིན་དེ་བདེན་མེད་རྟོགས་པའི་ཤེས་རབ་ལ་གནོད་བྱེད་དུ་ཐལ་བའི་ཕྱིར་རོ། །བརྒྱུད་འགལ་ལ་དངོས་འགལ་གྱིས་ཁྱད་པར་དུ་མ་བྱས་པ་ཡོད་པ་ཡང་མི་འཐད་དེ། བརྒྱུད་འགལ་དུ་འཇོག་པ་དེ་དངོས་འགལ་ལ་རགས་ལས་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། ཤེས་བྱ་ཐམས་ཅད་གཅིག་དང་ཐ་དད་གཉིས་སུ་འདུས་པ་ལས། དང་པོ་ལ་འགལ་བ་བཞག་ཏུ་མེད་ཅིང་། གཉིས་པ་ལ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང་། གཅིག་པ་བཀག་པའི་ཐ་དད་དང་། རྫས་ཐ་དད་གསུམ་ལས་དང་པོ་ལ་བདག་གཅིག་གི་འབྲེལ་པ་འཇོག་པས་འགལ་བ་མི་སྲིད་ཅིང་། གཉིས་པ་ལ་ཕན་ཚུན་སྤང་འགལ་འཇོག་གོ །གསུམ་པ་ལ་གནོད་བྱ་གནོད་བྱེད་དང་། ཕན་བྱ་ཕན་བྱེད་དང་། ཕན་གནོད་གང་ཡང་མེད་པ་གསུམ་ལས། དང་པོ་ལ་ལྷན་ཅིག་མི་གནས་འགལ་འཇོག་སྟེ། ཚ་གྲང་ལྟ་བུའོ། །གཉིས་པ་ལ་དེ་བྱུང་གི་འབྲེལ་པ་འཇོག་སྟེ། མེ་དུ་ལྟ་བུའོ། །གསུམ་པ་ལ་འགལ་འགྲེལ་གང་ཡང་མེད་དེ། སྔོ་སེལ་ལྟ་བུའོ། །དེ་ལ་འགལ་བའི་མཚན་ཉིད་དུ། ཆོས་གང་ཞིག ཆོས་གཞན་ལ་གནོད་པར་བྱེད་པ་ཞེས་གསུངས་པ་ནི། གཞི་ལ་མ་བཀར་བའི་སྐྱ་རིས་ཙམ་ཡིན་ལ། གཞི་ལ་བཀར་ན་ཆོས་གང་ཞིག ཆོས་གཞན་ལ་གནོད་པར་བྱེད་པ་དེ་ཆོས་གཞན་དེ་དང་འགལ་བའི་མཚན་ཉིད་ཡིན་ནོ། །གསུམ་པ་ནི་ཁ་ཅིག་རྟོག་གེའི་གཞུང་ལས་གནས་སྐབས་འགའ་ཞིག་ཏུ་སྔོ་སེར་ལ་སོགས་པ་འགལ་བར་བཤད་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དེ་ནི་རྟ་དང་འབྲེལ་བའི་བ་ལང་ཞེས་འབྲེལ་བའི་མིང་གིས་བཏགས་པ་བཞིན་དུ་ཐ་དད་ཕན་ཚུན་ཡིན་པ་མི་སྲིད་པ་ཙམ་ལ་འགལ་བའི་མིང་གིས་བཏགས་པ་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག མཚན་ཉིད་དེ་མི་འཐད་དེ། ཆོས་གཅིག་ལ་འགལ་བ་བཞག་ཏུ་མེད་པའི་ཕྱིར་རོ། །དེས་ན་གནོད་བྱ་གནོད་བྱེད་དུ་གྱུར་པ་དེ་འགལ་བའི་མཚན་ཉིད་ཡིན་ཏེ། འགལ་བར་འཇོག་པ་ལ་ཆོས་གཉིས་དགོས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཚ་བ་དང་། གཤེར་བ་དེ་མེ་ཆུའི་མཚན་ཉིད་དུ་བཞག་ན་ཅིས་འགོག མི་འཐད་དེ། ཚ་བས་ཆུ་ལ་མ་ཁྱབ། གཤེར་བས་མེ་ལ་མ་ཁྱབ། དེ་གཉིས་ལྷན་ཅིག་ཏུ་ཚོགས་པ་མེད། མཚན་ཉིད་སོ་སོར་འཇོག་ན་མཚོན་བྱ་ཡང་སོ་སོར་འགྱུར་བའི་ཕྱིར་རོ་ཞེ་ན། སྔ་མ་ལ་ཡང་མཚུངས་ཏེ། གནོད་བྱེད་ཀྱིས་གནོད་བྱ་ལ་མ་ཁྱབ། གནོད་བྱས་གནོད་བྱེད་ལ་མ་ཁྱབ། དེ་གཉིས་ལྷན་ཅིག་ཏུ་ཚོགས་པ་ནི་མེད། མཚན་ཉིད་སོ་སོར་འཇོག་ན་མཚོན་བྱ་ཡང་སོ་སོར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཕན་བྱ་ཕན་བྱེད་དུ་གྱུར་པ་དེ་རྒྱུ་འབྲས་ཀྱི་མཚན་ཉིད་དུ་ཐལ་བ་སོགས་མཐའ་ཡས་པ་བརྗོད་པར་བྱའོ། །གནད་ཀྱི་དོན་ནི་དུ་བ་མཚན་གཞིར་བཟུང་ནས་མེ་དང་འབྲེལ་ཞེས་འཇོག་པ་བཞིན་དུ་གནོད་བྱེད་མཚན་གཞིར་བཟུང་ནས་གནོད་བྱ་དེ་དང་འགལ་ཞེས་འཇོག་དགོས་སོ། །འདི་ལ་ཡང་གཞི་ཅིག་གི་སྟེང་དུ་མ་བཟུང་བར་སྤྱི་ཙམ་གྱིས་དབང་དུ་བྱས་ན་ཕན་ཚུན་གནོད་བྱ་གནོད་བྱེད་ཡིན་པ་དང་། གནོད་བྱེད་ཁོ་ན་ཡིན་པ་དང་། གནོད་བྱ་ཁོ་ན་ཡིན་པ་དང་གསུམ་ཡོད་པ་ལས་དང་པོ་ནི། རྟག་མི་རྟག་ལྟ་བུའོ། །གཉིས་པ་ནི་བདག་མེད་རྟོགས་པའི་ཤེས་རབ་དེ་བདག་འཛིན་ལ་གནོད་བྱེད་ཁོ་ན་ཡིན་པ་ལྟ་བུའོ། །གསུམ་པ་ནི་དེ་ལས་བཟློག་པ་ལྟ་བུའོ། །གཞི་གཅིག་གི་སྟེང་དུ་ཕན་ཚུན་གནོད་བྱ་གནོད་བྱེད་ཡིན་པ་ནི་མི་སྲིད་དེ། བུམ་པའི་སྟེང་དུ་རྟག་པས་མི་རྟག་པ་ལ་གནོད་པ་མི་སྲིད་པའི་ཕྱིར་དང་། ནམ་མཁའི་སྟེང་དུ་མི་རྟག་པས་རྟག་པ་ལ་གནོད་པ་མི་སྲིད་པའི་ཕྱིར་རོ། །འདི་ནི་ཁོ་བོས་རྟོགས་སོ། །གཉིས་པ་མཚན་གཞིའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤང་འགལ་ལོ། །དང་པོ་ལ་བཞི་སྟེ། ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། འགལ་བ་ལ་གནས་པའི་ཡུལ། གནོད་བྱ་བཟློག་པའི་དུས། འགལ་བ་ངེས་བྱེད་ཀྱི་ཚད་མའོ། །དང་པོ་ལ་ཁ་ཅིག ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། དངོས་པོ་གཉིས་ལ་གནས་པའི་གནོད་བྱ་གནོད་བྱེད་ཅེས་ཟེར་བ་མི་འཐད་དེ། གནོད་བྱ་གནོད་བྱེད་ཚོགས་པའི་སྤྱི་མི་སྲིད་ཅིང་། ཡ་གྱལ་འགོད་ན་རྒྱུ་འབྲས་ཀྱི་མཚན་ཉིད་ལྟར་མ་ཁྱབ་བོ་ཞེས་གསུངས་པ་ལ། མཁས་པ་ཆེན་པོ་དག་གིས་ཀྱང་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད་བཀག་པར་དགོངས་ནས་འཇམ་པའི་དབྱངས་དེ་ལྟར་གསུངས་ཀྱང་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད་བཞག་དགོས་སོ་ཞེས་གསུངས་པ་ནི་འོང་མ་ཐང་བའི་གཏམ་སྟེ། འདིར་ཕ་རོལ་པོས་འགལ་བ་གནས་པའི་ཡུལ་གྱི་མཚན་ཉིད་བཞག་པ་འགོག་པ་ཡིན་གྱི་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད་འགོག་པ་མིན་པའི་ཕྱིར་རོ། །དེས་ན་རང་ལུགས་ལ་འགལ་བ་གནས་པའི་ཡུལ་གནོད་བྱ་གནོད་བྱེད་གཉིས་ལ་མཚན་ཉིད་སོ་སོར་འཇོག་ཅིང་། དེ་ལ་གནས་པའི་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། སྤྱི་གཅིག་ཏུ་འཇོག་པ་ནི་འཇམ་པའི་དབྱངས་ཀྱི་དགོངས་པ་སྟེ། རང་གི་རྒྱུན་མ་གཏུགས་པར་འབྱུང་བ་ན་ཆོས་གཞན་ཉེ་བས་ནུས་མེད་དུ་སྐྱེ་བ་དེ་ལྷན་ཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱའི་མཚན་ཉིད། རྒྱུན་མ་གཏུགས་པར་འབྱུང་བ་ཅན་གཞན་ནུས་མེད་དུ་སྐྱེད་པར་བྱེད་པ་དེ་ལྷན་ཅིག་མི་གནས་འགལ་གྱི་གཞིར་གྱུར་པའི་གནོད་བྱེད་ཀྱི་མཚན་ཉིད། ཆོས་གང་ཞིག ཆོས་གཞན་ཡོད་པ་ལ་གནོད་བྱེད་དེ། ཆོས་གཞན་དེ་དང་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། དབྱེ་ན་བློའི་ངོ་བོར་གྱུར་པའི་ལྷན་ཅིག་མི་གནས་འགལ་དང་། དོན་གྱི་ངོ་བོར་གྱུར་པའི་ལྷན་ཅིག་མི་གནས་འགལ་གཉིས། དང་པོ་ནི། ངེས་ཤེས་དང་སྒྲོ་འདོགས་ལྟ་བུའོ། །གཉིས་པ་ནི། ཚ་རེག་དང་། གྲང་རེག་ལྟ་བུའོ། །ཁ་ཅིག སྦྲུལ་དང་ནེའུ་ལེ་ལྟ་བུ་སྲོག་ཆགས་སུ་གྱུར་པའི་ལྷན་ཅིག་མི་གནས་འགལ་འདོད་པ་ནི་མི་འཐད་དེ། དེ་ལྟར་ན་ཁུ་བྱུག་དང་། ཁུ་རྟ་ལ་རྗེ་ཁོལ་གྱི་འབྲེལ་པ་གྲུབ་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ་དངོས་དང་། རྩོད་པ་སྤོང་བ་གཉིས་ལས། དང་པོ་ནི། ལྷན་ཅིག་མི་གནས་འགལ་ནི་ངོ་བོ་གཅིག་པ་དང་། འགལ་ཟླ་དངོས་པོར་མེད་པ་ལ་མི་གནས་ཏེ། ལྷན་ཅིག་མི་གནས་འགལ་གྱི་གནོད་བྱ་གནོད་བྱེད་གཉིས་ཀ་ཡང་དངོས་པོར་ཡོད་དགོས་པའི་ཕྱིར་རོ། །དེ་ཡང་རྒྱུན་ལ་ཡིན་གྱི་སྐད་ཅིག་ལ་ནི་མ་ཡིན་ཏེ་འདིའི་གནོད་བྱ་གནོད་བྱེད་ཀྱི་དོན་ནི་རྒྱུ་འབྲས་ལ་འཇོག་ལ་སྐད་ཅིག་མ་གཅིག་ལ་རྒྱུ་འབྲས་བཞག་ཏུ་མེད་པའི་ཕྱིར་རོ། །གཉིས་པ་ལ། ཡུལ་ལ་བཏགས་ན་མི་འཐད་པ་སྤོང་བ་དང་། རྫས་ལ་བཏགས་ན་མི་འཐད་པ་སྤོང་བ་གཉིས་ལས། དང་པོ་ནི། ལྷན་ཅིག་མི་གནས་པའི་འགལ་བ་གནས་པའི་ཡུལ་དངོས་པོར་མེད་པར་ཐལ། སྐད་ཅིག་ལ་དེ་བཞག་ཏུ་མེད་ཅིང་རྒྱུན་དངོས་པོ་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གནོད་བྱའི་སྐད་ཅིག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བ་ལ་རྒྱུན་དུ་སྒྲོ་བཏགས་པ་གང་ཞིག གནོད་བྱེད་དེས་གནོད་བྱའི་རྒྱུན་ལྡོག་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་གལ་ཏེ་ཚ་རེག་དང་གྲང་རེག་སྐད་ཅིག་མ་དང་པོ་ལ་ཕྲད་ན་ལྷན་ཅིག་མི་གནས་འགལ་མིན་ཅིང་། ཕྲད་མ་ཐག་ཏུ་བཅོམ་པ་ཡིན་ན། གནོད་བྱ་གནོད་བྱེད་དུས་མཉམ་པར་འགྱུར་རོ་ཞེ་ན། འདིའི་ལན་ལ་གཞན་ལན་དང་། རང་ལན་གཉིས་ལས། དང་པོ་ནི། གྲངས་ཅན་པ་རྣམས་ན་རེ། ཚ་རེག་དང་། གྲང་རེག་ཕྲད་པ་ན་གྲང་རེག་དེ་ཚ་རེག་གི་ནང་ན་ཉེ་བར་ཞི་ནས་ཡོད་པ་ཡིན་ནོ་ཟེར་རོ། །གཟེགས་ཟན་གྱི་རྗེས་འབྲང་ཁ་ཅིག་དེའི་ཚེ་གྲང་རེག་གི་འདུ་བའི་འབྲེལ་པ་ཞིག་པ་ཡིན་གྱི་དེའི་ངོ་བོ་ལ་གནོད་པ་མ་ཡིན་ཏེ། གྲང་རེག་རྟག་པ་ཡིན་པའི་ཕྱིར་ཞེས་ཟེར་རོ། །བྱེ་བྲག་པ་ན་རེ། དེའི་ཚེ་གྲང་རེག་གི་རྡུལ་ཚ་རེག་གི་རྡུལ་དུ་བསྒྱུར་བ་ཡིན་ནོ་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། དེ་གཉིས་ཕྲད་པ་ན་སྐོར་བ་བར་སྟོང་དང་བཅས་པར་ཡོད་ཅིང་རིགས་འདྲ་ཕྱི་མ་སྐྱེ་བའི་གོ་བཀག་པ་ཙམ་ལ་ལྷན་ཅིག་མི་གནས་འགལ་དུ་འཇོག་པ་ཡིན་ནོ་ཟེར་རོ། །དང་པོ་གཉིས་མི་འཐད་དེ། ཚ་རེག་དང་གྲང་རེག་ཕྲད་ནས་གྲང་རེག་གི་རྒྱུན་ཡོད་ན་དེ་གཉིས་ལྷན་ཅིག་མི་གནས་འགལ་མིན་པར་ཐལ་བའི་ཕྱིར་རོ། །གསུམ་པ་ཡང་མི་འཐད་དེ། རྡུལ་ཕྲན་རྟག་པར་འདོད་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། ཕྲད་པ་ཙམ་གྱིས་བཅོམ་པ་མ་ཡིན་ཏེ། ཚ་རེག་དང་ཕྲད་པའི་གྲང་རེག་སྐད་ཅིག་དང་པོ་དེས་གྲང་རེག་སྐད་ཅིག་མ་གཉིས་པ་བསྐྱེད་པའི་ཕྱིར་རོ། །ལྷན་ཅིག་མི་གནས་འགལ་མིན་པར་ཐལ་བའི་སྐྱོན་ཡང་མེད་དེ། སྐད་ཅིག་མ་དང་པོར་ཕྲད་ནས་གསུམ་པར་གྲང་རེག་གི་རྒྱུན་ལྡོག་པའི་ཕྱིར་རོ། །གསུམ་པ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག སྤང་གཉེན་གཉིས་བྱ་རྫོགས་ཀྱི་སྐད་ཅིག་གསུམ་གྱི་བར་དུ་ལྷན་ཅིག་ཏུ་གནས་ནས་གསུམ་པ་ལ་སྤང་བྱའི་རྒྱུན་ལྡོག་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག ད་ལྟ་ནས་སྤང་གཉེན་གཉིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་རྒྱུན་རིང་དུ་འགྲོགས་པ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། རྒྱུན་ཡུན་རིང་དུ་ལྷན་ཅིག་ཏུ་གནས་ན་ལྷན་ཅིག་མི་གནས་འགལ་ཡིན་པར་འགལ་བའི་ཕྱིར་རོ། །ཆོས་མཆོག་གིས་ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་ལ་གྲང་རེག་ནུས་མེད་དུ་སྐྱེ། ཤིན་ཏུ་མྱུར་ན་སྐད་ཅིག་གསུམ་པ་ལ་གྲང་རེག་གི་རྒྱུན་ལྡོག་ལྡོག་པ་བུལ་བའི་མུ་མཐའ་ནི་གཟུང་དུ་མེད་དོ་ཞེས་ཟེར་རོ། །མི་འཐད་དེ། སྐད་ཅིག་གཉིས་པ་ལ་གྲང་རེག་ནུས་མེད་དུ་སྐྱེ་བ་མི་འཐད་པར་ཐལ། ཚ་རེག་དང་ཕྲད་པའི་གྲང་རེག་སྐད་ཅིག་མ་གཉིས་པ་དེས་རིགས་འདྲ་ཕྱི་མ་སྐྱེད་པ་སྲིད་པའི་ཕྱིར། རྟགས་ཁས། གཉིས་པ་ལ་དོན་གྱི་ངོ་བོར་གྱུར་པའི་གནོད་བྱ་ལྡོག་པའི་དུས་དང་། བློའི་ངོ་བོར་གྱུར་པའི་གནོད་བྱ་ལྡོག་པའི་དུས་གཉིས་ལས། དང་པོ་ནི། ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་ཕྲད། དེ་གཉིས་ཕྲད་པའི་ཚེ་ཚ་རེག་སྐད་ཅིག་མ་དང་པོས་ལྷན་ཅིག་བྱེད་རྐྱེན་དང་། གྲང་རེག་སྐད་ཅིག་མ་དང་པོས་ཉེར་ལེན་བྱས་ནས་སྐད་ཅིག་གཉིས་པ་ལ་རིགས་འདྲ་ཕྱི་མ་བསྐྱེད་པའི་ནུས་པ་མེད་པའི་གྲང་རེག་སྐྱེ། སྐད་ཅིག་གསུམ་པ་ལ་གྲང་རེག་མི་སྐྱེ་བ་ལ་རྒྱུན་ལྡོག་པར་འཇོག་པ་ཡིན་ནོ། །འདི་ནི་དངོས་སུ་གནོད་པའི་དབང་དུ་བྱས་ཀྱི་རྒྱུད་ནས་གནོད་པའི་དབང་དུ་བྱས་ན་སྐད་ཅིག་དང་པོ་ལ་སྣང་བའི་དངོས་རྒྱུ་དང་། མུན་པ་ནུས་མེད་གཉིས་དངོས་སུ་ཕྲད་སྐད་ཅིག་གཉིས་པ་ལ་སྣང་བ་སྐྱེས་པ་དང་། མུན་པ་འགག་པ་དུས་མཉམ་མོ། །གཉིས་པ་ནི་སྐད་ཅིག་དང་པོ་ལ་ངེས་ཤེས་ཀྱི་དངོས་རྒྱུ་དང་། སྒྲོ་འདོགས་ནུས་མེད་གཉིས་དངོས་སུ་ཕྲད་སྐད་ཅིག་གཉིས་པ་ལ་ངེས་ཤེས་སྐྱེས་པ་དང་། སྒྲོ་འདོགས་ཀྱི་རྒྱུན་ལྡོག་པ་ཡིན་ནོ། །གསུམ་པ་ལ། དོན་གྱི་འགལ་བ་ལ་རྩོད་པ་སྤོང་བ་དང་། བློའི་འགལ་བ་ལ་རྩོད་པ་སྤོང་བ་གཉིས། དང་པོ་ནི། ཁ་ཅིག སྐད་ཅིག་མ་གསུམ་པ་ལ་ལྡོག་པའི་སྐད་ཅིག་དང་པོ་ཉིད་ལ་སྐད་ཅིག་གསུམ་མེད་ན་རྒྱུན་རྩོམ་པ་མི་སྲིད་ཅིང་། ཡོད་ན་ཐུག་མེད་དུ་འགྱུར་བས་སྐད་ཅིག་གསུམ་ལ་ལྡོག་པ་ཐུག་མེད་དུ་འགྱུར་རོ་ཞེ་ན། སྐད་ཅིག་དང་པོ་ལ་ཆ་ཤས་མེད་ཀྱང་རྒྱུན་རྩོམ་པ་འཐད་དེ། ཆ་མེད་ཀྱི་སྐད་ཅིག་ལས་སྐད་ཅིག་གཞན་སྐྱེ་བའི་ཕྱིར་རོ། །གལ་ཏེ་ཚ་རེག་དང་དུས་མཉམ་པའི་གྲང་རེག་དེ་གྲང་རེག་སྐད་ཅིག་གཉིས་པ་ནུས་ལྡན་དུ་བསྐྱེད་པའི་ནུས་པ་ཐོག་མེད་ཡིན་ན་ཚ་རེག་གིས་བཟློག་མི་ནུས་ཤིང་། ནུས་མེད་དུ་བསྐྱེད་པའི་ནུས་པ་ཐོགས་མེད་ཡིན་ན། ཚ་རེག་མི་དགོས་སོ་ཞེ་ན། སྤྱིར་གྲང་རེག་སྐད་ཅིག་དང་པོ་དེ་གྲང་རེག་སྐད་ཅིག་གཉིས་པ་ཙམ་གྱི་ནུས་པ་ཐོགས་མེད་ཡིན་གྱི་ནུས་ཅན་དང་ནུས་མེད་ཀྱི་ནུས་པ་ཐོགས་མེད་དུ་འགྱུར་བ་ནི་ལྷན་ཅིག་བྱེད་རྐྱེན་ལ་རག་ལས་ཏེ། ལྷན་ཅིག་བྱེད་རྐྱེན་ཚ་རེག་སྟོབས་ཆེན་ནུས་མེད་དུ་སྐྱེ། གྲང་རེག་སྟོབས་ཆེན་ནུས་ཅན་དུ་སྐྱེ་བའི་ཕྱིར་རོ། །གཉིས་པ་ནི། ངེས་ཤེས་དང་སྒྲོ་འདོགས་ལྷན་ཅིག་མི་གནས་འགལ་མིན་པར་ཐལ། སྒྲོ་འདོགས་མངོན་གྱུར་ནི་ཡུལ་གཞན་ལ་གཡེང་བ་ན་ཡང་ལྡོག་ལ་སྒྲོ་འདོགས་ཀྱི་ས་བོན་སྤོང་བའི་ནུས་པ་ནི་ངེས་ཤེས་ལ་ཡང་མེད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ངེས་ཤེས་སྐྱེས་པའི་སྟོབས་ཀྱིས་དེའི་བྱེད་པ་མ་ཉམས་པར་སྒྲོ་འདོགས་མི་སྐྱེ་བ་ཙམ་ལ་ལྷན་ཅིག་མི་གནས་འགལ་དུ་འཇོག་པའི་ཕྱིར་རོ། །བཞི་པ་ལ་གསུམ་སྟེ། དོན་ལ་འགལ་བ་དགག བློ་ངོར་འགལ་བ་སྒྲུབ། འགལ་བ་རྟགས་སུ་སྦྱོར་བའི་ཚུལ་ལོ། །དང་པོ་ནི། དོན་ལ་འགལ་བ་མ་གྲུབ་སྟེ། ལྷན་ཅིག་མི་གནས་འགལ་གྱི་གནོད་བྱེད་དང་གནོད་བྱ་གཉིས་ནི་རྒྱུ་འབྲས་ཡིན་པས་དེ་བྱུང་འབྲེལ་དོན་ལ་གྲུབ་པ་འགོག་པའི་རིགས་པ་རྣམས་ཀྱིས་ཁེགས་ལ། ཕན་ཚུན་སྤང་འགལ་གྱི་འགལ་ཟླ་གང་རུང་ཅིག་དངོས་པོར་མེད་པས་དངོས་པོར་མེད་པ་ལ་དོན་ལ་གྲུབ་པའི་འགལ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། བློ་ངོར་འགལ་བ་གྲུབ་སྟེ། གནོད་བྱེད་ནུས་ལྡན་དང་། གནོད་བྱ་ནུས་མེད་གཉིས་མངོན་སུམ་ཕྲུགས་གསུམ་གྱིས་རྒྱུ་འབྲས་སུ་ངེས་པར་བྱེད་ཅིང་། ཕན་ཚུན་སྤང་འགལ་གྱི་འགལ་ཟླ་གང་རུང་ཅིག་ཚད་མས་བཀག་ཅིང་ཅིག་ཤོས་ཚད་མས་གྲུབ་པ་ལ་འགལ་བར་སྒྲོ་འདོགས་པའི་ཕྱིར་རོ། །གསུམ་པ་ནི་འོག་ཏུ་འཆད་དོ། །གཉིས་པ་ཕན་ཚུན་སྤང་འགལ་ལ་གསུམ་སྟེ། གཅིག་དང་ཐ་དད་ཀྱི་རྣམ་བཞག ཐ་དད་ལ་འགལ་བ་འཇོག་པའི་ཚུལ། ཕན་ཚུན་སྤང་འགལ་ཉིད་བཤད་པའོ། །དང་པོ་ལ་ཐ་དད་ཀྱི་རྣམ་བཞག་དང་། གཅིག་གི་རྣམ་བཞག་གཉིས། དང་པོ་ལ་རྫས་ཐ་དད་ནི་རྒྱུ་རྐྱེན་ཐ་དད་ལས་སྐྱེས་པ་སྟེ། སཱ་ལུའི་མྱུ་གུ་དང་། ནས་ཀྱི་མྱུ་གུ་ལྟ་བུའོ། །ལྡོག་པ་ཐ་དད་ནི། ཤེས་པ་ལ་རྣམ་པ་ཐ་དད་དུ་སྣང་བ་སྟེ། བྱས་མི་རྟག་ལྟ་བུའོ། །གཉིས་པ་ལ་རྫས་གཅིག་ནི་རྒྱུ་རྐྱེན་གཅིག་ལས་སྐྱེས་པ་སྟེ་བྱས་མི་རྟག་ལྟ་བུའོ། །ལྡོག་པ་གཅིག་ནི་ཤེས་པ་ལ་རྣམ་པ་གཅིག་ཏུ་འཆར་བ་སྟེ། བྱས་པ་དང་བྱས་པ་ལྟ་བུའམ། ཚད་མ་དང་ཡང་དག་ཤེས་པ་ལྟ་བུའོ། །གཉིས་པ་ནི། ཐ་དད་ལ་ཕན་བྱ་དང་ཕན་བྱེད་དང་། གནོད་བྱ་གནོད་བྱེད་དང་། དེ་གཉིས་གང་ཡང་མིན་པ་གསུམ་ལས་བར་པ་ཉིད་ལ་འགལ་བ་འཇོག་གོ །གསུམ་པ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི་ཁ་ཅིག་ན་རེ། ཕན་ཚུན་གནོད་བྱ་གནོད་བྱེད་དུ་གྱུར་ཅིང་། འགལ་ཟླ་དངོས་པོར་མ་གྲུབ་པ་ཞེས་ཟེར་བ་མི་འཐད་དེ། གནོད་བྱ་གནོད་བྱེད་ཚོགས་པའི་སྤྱི་མི་སྲིད་ཅིང་། ཡ་རྒྱལ་མཚན་ཉིད་དུ་འཇོག་ན་ཅིག་ཤོས་ལ་མ་ཁྱབ་པའི་ཕྱིར་རོ། །རང་ལུགས་ནི་ཆོས་གང་ཞིག་ཆོས་གཞན་ཡིན་པ་ལ་གནོད་བྱེད་དེ། ཆོས་གཞན་དེ་དང་ཕན་ཚུན་སྤང་འགལ་གྱི་མཚན་ཉིད། གཉིས་པ་ལ་དངོས་འགལ་དང་། བརྒྱུད་འགལ་གཉིས། དང་པོའི་མཚན་ཉིད་ལ་ཁ་ཅིག རང་གི་དགག་བྱ་རྣམ་པར་བཅད་ལྡོག་ཙམ་དུ་གནས་པ་ཟེར་བ་མི་འཐད་དེ། སྔོན་པོ་ཆོས་ཅན། སྔོ་མིན་རྣམ་པར་བཅད་ལྡོག་ཙམ་དུ་གནས་པར་ཐལ། དེ་དང་དངོས་འགལ་ཡིན་པའི་ཕྱིར། འདོད་ན། སྔོ་འཛིན་རྟོག་པའི་སྣང་ཡུལ་དུ་ཐལ་ལོ། །ཁ་ཅིག་རྣམ་བཅད་ལ་དགག་བྱ་རྣམ་པར་བཅད་ནས་ཡོངས་གཅོད་ལ་དེར་གྲུབ་པ་ཞེས་ཟེར་བ་མི་འཐད་དེ། དངོས་པོ་ཆོས་ཅན། འདུས་མ་བྱས་དང་དངོས་འགལ་དུ་ཐལ། རྣམ་བཅད་ལ་འདུས་མ་བྱས་རྣམ་པར་བཅད་ནས་ཡོངས་གཅོད་ལ་འདུས་བྱས་སུ་གྲུབ་པའི་ཕྱིར། རང་ལུགས་ནི། ཆོས་གང་ཞིག ཆོས་གཞན་ཡིན་པ་ལ་དངོས་སུ་གནོད་བྱེད་དང་། བརྒྱུད་ནས་གནོད་བྱེད་དེ་རིམ་པ་བཞིན། ཆོས་གཞན་དེ་དང་དངོས་འགལ་དང་། བརྒྱུད་འགལ་གྱི་མཚན་ཉིད་དོ། །ཡང་ན་རང་མིན་དང་དངོས་འགལ་གྱི་མཚན་ཉིད་རང་མིན་འགོག་པའོ། །དཔེར་ན་རྟག་པ་དང་མི་རྟག་པ་ལྟ་བུའོ། །རང་མིན་གྱི་ཁྱབ་བྱེད་འགོག་པ་དེ་རང་མིན་གྱི་ཁྱབ་བྱེད་དེ་དང་བརྒྱུད་འགལ་གྱི་མཚན་ཉིད། དཔེར་ན་བྱས་པ་དང་རྟག་པ་དང་། དངོས་པོ་དང་རྟག་དངོས་དང་། ངེས་དངོས་དང་ལྟོས་བཅས་ལྟ་བུའོ། །བརྒྱུད་འགལ་ཡིན་ན། དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དགོས་པའི་དོན་ཡང་། དངོས་འགལ་གྱི་འགལ་ཟླ་གནོད་བྱེད་དེ་དང་ཡིན་ཁྱབ་མཉམ་དང་། དེའི་བྱེ་བྲག་ཐམས་ཅད་དངོས་འགལ་གྱི་གནོད་བྱ་དེ་དང་བརྒྱུད་འགལ་ཡིན་ལ། དངོས་འགལ་གྱི་གནོད་བྱ་དགག་པ་དེ་དང་ཡིན་ཁྱབ་མཉམ་དང་། དེའི་བྱེ་བྲག་ཐམས་ཅད་ནི་གནོད་བྱེད་དེ་དང་བརྒྱུད་འགལ་མིན་ཏེ། གནོད་བྱ་དེ་གནོད་བྱེད་དེ་དང་དངོས་འགལ་མིན་པའི་ཕྱིར་རོ། །རང་མིན་གྱི་ཁྱབ་བྱེད་འགོག་པའི་དོན་ཡང་བྱས་པའི་རང་མིན་ནི་མ་བྱས་པ་ཡིན་ལ་དེའི་ཁྱབ་བྱེད་ནི་རྟག་པ་ཡིན་པས་དེ་འགོག་པ་ཡིན་ནོ། །གལ་ཏེ་ཀ་བ་དང་བུམ་པ་ཕན་ཚུན་སྤང་འགལ་མ་ཡིན་ན། དེ་གཉིས་གཅིག་ཡིན་པ་གྲུབ་པས་ཅིག་ཤོས་ཡིན་པ་འགོག་མི་ནུས་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། བུམ་པ་ཡིན་པ་རྟགས་སུ་བཀོད་ནས་ཀ་བ་མིན་པར་སྒྲུབ་པའི་རྟགས་ཡང་དག་ནི་མེད་ཅིང་། བུམ་པ་ཡིན་པའི་རྒྱུ་མཚན་གྱིས་ཀ་བ་མིན་པར་གྲུབ་པ་ནི་དེ་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་སྟོབས་ཀྱིས་ཡིན་གྱི་ཕན་ཚུན་སྤང་འགལ་གྱི་སྟོབས་ཀྱིས་མིན་པའི་ཕྱིར་རོ། །དེས་ན་ཕན་ཚུན་སྤངས་ཏེ་གནས་པ་ཙམ་གྱི་དགག་བྱ་ནི་སྣང་རུང་མ་དམིགས་པའི་རྟགས་ཀྱིས་འགོག་སྟེ། འདི་ལྟར་བུམ་པ་ཆོས་ཅན། ཀ་བ་མ་ཡིན་ཏེ། ཀ་བར་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །ཕན་ཚན་སྤང་འགལ་ལ་དངོས་འགལ་གྱི་འགལ་ཟླ་རྟགས་སུ་བཀོད་ནས་ཅིག་ཤོས་འགོག་པའི་རྟགས་ཡང་དག་ནི་མེད་ཅིང་། དེས་ཁྱད་པར་དུ་བྱས་པའི་རྒྱུད་འགལ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་སྟེ། འདི་ལྟར་བུམ་པ་ཆོས་ཅན། རྟག་དངོས་མིན་ཏེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །དོན་ལ་འགལ་བ་མེད་ཀྱང་སེལ་བའི་ངོར། །ལྷན་ཅིག་མི་གནས་འགལ་དང་དངོས་འགལ་གྱིས། །ཁྱད་པར་བྱས་པའི་བརྒྱུད་འགལ་རྣམ་པ་གཉིས། །རྟགས་སུ་སྦྱར་བས་འགལ་ཟླ་འགོག་པར་ནུས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །འགལ་བའི་རྟོགས་ཚུལ་བཤད་ཟིན་ཏེ་ཤེས་བྱ་སྤྱི་ལྡོག་གནས་གཏན་ལ་དབབ་པ་བསྟན་ཟིན་ཏོ།། །།

ཤེས་བྱེད་ཚད་མའི་རང་བཞིན་བཤད་པ།

གཉིས་པ་ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ཀྱི་རྣམ་བཞག་དང་། མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་མཚན་མཚོན་གཞི་གསུམ་གྱི་རང་བཞིན། བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ། མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། ཤེས་བྱ་ལ་ཆོས་གསུམ་གྱིས་ཁྱབ་པར་བསྒྲུབ་པ། ཁྱབ་བྱེད་ཆོས་གསུམ་གྱི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ནི། ཤེས་བྱ་ཀུན་ལ་མཚན་ཉིད། མཚོན་བྱ། མཚན་གཞི་གསུམ་གྱིས་ཁྱབ་སྟེ། ཤེས་བྱའི་རྣམ་པ་གང་རུང་ཅིག་བློ་ཡུལ་དུ་འཆར་བ་ན་གཞན་དང་ཐུན་མོང་མ་ཡིན་པའི་རྣམ་པ་དང་། དེ་ཉིད་ལ་སྒྲ་བློ་མ་འཁྲུལ་བས་ཞེན་རུང་དང་། དེ་ཡང་གཞི་དང་བཅས་པར་འཆར་བའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། མཚན་ཉིད་ཀྱི་རྣམ་བཞག མཚོན་བྱའི་རྣམ་བཞག མཚན་གཞིའི་རྣམ་བཞག མཚན་ཉིད་དང་འབྲེལ་ནས་སོ་སོར་མཚོན་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་ལ་མཚན་ཉིད་མི་དགོས་པར་འདོད་པ་དགག་དགོས་པའི་མཚན་ཉིད་བཞག དེའི་བསལ་བྱ་སྐྱོན་ཅན་གྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། སྔ་རབས་པ་ཁ་ཅིག མཚན་ཉིད་ལ་མཚན་ཉིད་གཞན་མི་དགོས་ཏེ། དོན་ལྡོག་རྫས་ཡོད་ཡིན་པའི་ཕྱིར་དང་། གལ་ཏེ་དགོས་ན་ཐུག་མེད་དུ་འགྱུར་རོ་ཞེས་ཟེར་རོ། །གཞན་དག་མཚན་ཉིད་ལ་ཡང་མཚན་ཉིད་ཀྱི་དོན་དང་ཐ་སྙད་གཉིས་ལས། དོན་ལ་མཚན་ཉིད་གཞན་མི་དགོས་ཀྱང་དོན་དེ་མཚན་གཞིར་བཞག་ནས་མཚན་ཉིད་ཀྱི་ཐ་སྙད་དུ་སྒྲུབ་པ་ལ་མཚན་ཉིད་འཇོག་པ་ཡིན་ལ་དེ་རྫས་ཡོད་ཡིན་པའི་གཏན་ཚིགས་མ་གྲུབ་བོ་ཞེས་ཟེར་རོ། །འགའ་ཞིག་དོན་ལ་དགོས་ཀྱང་སྐྱོན་མེད་དེ། ཐ་སྙད་གཉིས་པའི་མཚན་ཉིད་བ་ལང་གི་ཐ་སྙད་ལ་མཚན་ཉིད་ནོག་སོགས་འདུས་པ་དགོས་པ་བཞིན་ནོ། །བ་ལང་གི་ཐ་སྙད་དེ་ཐ་སྙད་གཉིས་པའི་མཚན་ཉིད་ཡིན་ཏེ། ཐ་སྙད་གཉིས་པའི་ཞེན་ཡུལ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མཚོན་བྱ་ལ་ཡང་མཚོན་བྱ་གཞན་ཡོད་པར་འདོད་དོ། །འོ་ན་མཚན་ཉིད་ཀྱི་དོན་ལ་ཐུག་པ་ཡོད་ཀྱང་ཐ་སྙད་ཐུག་མེད་དུ་འགྱུར་རོ་ཞེ་ན། དེ་ནི་འདོད་དེ། དུ་ལྡན་ལ་མེ་ཡོད་དུ་བསྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་པའི་ཚེ་དུ་བ་གཏན་ཚིགས་སུ་མཚོན་པ་ལ་ཚུལ་གསུམ་ཚང་བ་རྟགས་སུ་བཀོད་ཅིང་ཚུལ་གསུམ་དང་པོ་གཏན་ཚིགས་སུ་བསྒྲུབ་པ་ལ་ཚུལ་གསུམ་གཉིས་པ་བཀོད་པ་སོགས་ཐུག་མེད་ཡིན་པ་བཞིན་ནོ་ཞེས་ཟེར་རོ། །འདི་ནི་མི་འཐད་དེ། རྣམ་འཇོག་གི་རྒྱུ་མཚན་ཉིད་མ་ངེས་པར་རྣམ་པར་བཞག་བྱའི་འབྲས་བུ་མཚོན་བྱ་ངེས་སམ་མ་ངེས། དང་པོ་ལྟར་ན་མཚན་ཉིད་མེད་ཀྱང་མཚོན་བྱ་གོ་བར་འགྱུར་བས་མཚན་ཉིད་ལ་དགོས་པར་མེད་པར་འགྱུར་ཞིང་། ཕྱི་མ་ལྟར་ན་མཚན་ཉིད་ཐུག་མེད་ཀྱི་ཕྱི་མ་ངེས་པ་མི་སྲིད་པས་མཐར་རྩ་བའི་མཚན་ཉིད་མ་ངེས་པར་འགྱུར་ལ་དེས་ན་མཚོན་བྱ་ཡང་མ་ངེས་པར་འགྱུར་བའི་ཕྱིར་རོ། །བྱེ་བྲག་ཏུ་ཐ་སྙད་མཚན་ཉིད་དུ་འདོད་པ་འགོག་པ་ལ་ཁ་ཅིག་ན་རེ། བ་ལང་གི་ཐ་སྙད་དེ་ཉིད་ལ་སྒྲ་བློ་མ་འཁྲུལ་བས་ཞེན་རུང་ཞིག་མེད་ན། ཤེས་བརྗོད་ལས་འདས་པར་འགྱུར་ཞིང་། ཡོད་ན་དེ་ཉིད་ཐ་སྙད་གཉིས་པ་ཡིན་པས་བ་ལང་གི་ཐ་སྙད་དེ་ཐ་སྙད་གཉིས་པའི་མཚན་ཉིད་དང་། ཐ་སྙད་གཉིས་པ་དེ་ཐ་སྙད་གསུམ་པའི་མཚན་ཉིད་ཡིན་པ་སོགས་ཐ་སྙད་ཐུག་མེད་ཡིན་ནོ་ཞེས་ཟེར་རོ། །འོ་ན་ཤིང་གི་མཚན་ཉིད་ཡལ་ག་ཡང་ཐུག་མེད་དུ་འགྱུར་བར་ཐལ། ཤིང་གི་མཚན་ཉིད་དུ་འདོད་པའི་ཡལ་ག་ལ་ཡང་ཡལ་ག་གཉིས་པ་མེད་ན་ཡལ་ག་ཤིང་མིན་པར་འགྱུར་ཞིང་། ཡོད་ན་དེ་ལ་ཡང་གསུམ་པ་དང་བཞི་པ་ལ་སོགས་པ་དགོས་པའི་ཕྱིར་རོ། །གཉིས་པ་ནི། རྒོལ་བ་མཁས་པས་གཏན་ཚིགས་དང་། མཚན་ཉིད་ཀྱི་དོན་ལྡོག་མཐོང་བ་ཙམ་གྱིས་ཐ་སྙད་འགྲུབ་པས་ཐ་སྙད་སྒྲུབ་ཀྱི་རྟགས་འགོད་མི་དགོས་ལ། རྒོལ་བ་བླུན་པོ་ལ་དེ་དག་གི་མཚན་ཉིད་རྟགས་སུ་བཀོད་ནས་ཐ་སྙད་སྒྲུབ་པའི་རྟགས་འགོད་དགོས་ཤིང་ཤིན་ཏུ་བླུན་པོ་ལ་ཚུལ་གསུམ་སོ་སོའི་ངོ་བོ་བཤད་པ་དང་། ནོག་ལྐོག་ཤལ་གྱི་དོན། གཉའ་བར་ཤ་འཕུངས་པ་དང་། མགྲིན་པར་ལྤགས་པ་འཕྱང་བ་ལ་སོགས་པ་བརྡ་དོན་སྤྲེལ་དགོས་པ་སྲིད་དོ། །དེ་ཙམ་བརྗོད་ཀྱང་མི་གོ་བ་ནི་ཐ་སྙད་སྒྲུབ་ཀྱི་ཡུལ་མ་ཡིན་ནོ། །འོ་ན་བླུན་པོ་ལ་ཐ་སྙད་ཅི་ལྟར་བསྒྲུབ་སྙམ་ན། དུ་བ་གཏན་ཚིགས་ཀྱི་ཐ་སྙད་དུ་བསྒྲུབ་པ་ལ། སྤྱིར་གཏན་ཚིགས་ཙམ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་གཏན་ཚིགས་ཀྱི་ཐ་སྙད་བསྒྲུབ་པ་གཉིས་ལས། དང་པོ་ནི། གང་ཚུལ་གསུམ་ཚང་བ་ཡིན་ན་གཏན་ཚིགས་ཡང་དག་ཡིན་པས་ཁྱབ། དཔེར་ན་བྱས་པ་བཞིན། དུ་བ་ཡང་ཚུལ་གསུམ་ཚང་བ་ཡིན་ནོ་ཞེས་འགོད་དོ། །འོ་ན་དེ་ལྟ་བུའི་ཚུལ་གསུམ་ཚང་བ་དེ་གཏན་ཚིགས་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། གང་ཚུལ་གསུམ་ཚང་བ་ལ་གཏན་ཚིགས་ཡང་དག་གི་བརྡ་སྦྱར་ཏེ། ཡལ་ག་དང་ལྡན་པ་ལ་ཤིང་གི་བརྡ་སྦྱར་བ་བཞིན་ཞེས་བརྡ་དྲན་པར་བྱས་པ་ཙམ་གྱིས་འགྲུབ་བོ། །སྦྱོར་བ་འདིར་གཏོགས་ལ་སྦྱར་བ་ཡང་གོ་སླའོ། །དེ་བཞིན་དུ་ལྐོག་ཤལ་མཚན་ཉིད་ཀྱི་ཐ་སྙད་དུ་སྒྲུབ་པ་ལ་ཡང་སྤྱི་དང་སྦྱོར་བ་འདིར་གཏོགས་གཉིས་ལས། དང་པོ་ནི། གང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཡིན་ན། མཚན་ཉིད་ཡིན་པས་ཁྱབ། དཔེར་ན་ལྟོ་ལྡིར་བ་བཞིན། ནོག་སོགས་འདུས་པ་ཡང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ཡིན་ནོ་ཞེས་འགོད་དོ། །དེ་ཉིད་མཚན་ཉིད་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན་གང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ལ་མཚན་ཉིད་ཀྱི་བརྡ་སྦྱར་ཏེ་ཡལ་ག་དང་ལྡན་པ་ལ་ཤིང་གི་བརྡ་སྦྱར་བ་བཞིན། ཞེས་བརྡ་དྲན་པ་ཉིད་ཀྱིས་འགྲུབ་བོ། །སྦྱོར་བ་འདིར་གཏོགས་ཀྱང་བྱེ་བྲག་ལ་བཀར་ཏེ་ཤེས་སླའོ། །དེ་ལྟར་ན་དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་པ་དང་། དཀར་ཟལ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་མཚན་ཉིད་དུ་བཀོད་པ་སྦྱོར་བ་དང་པོར་བྱས་པའི་ཚེ་བརྡ་དྲན་པ་གཉིས་པོ་སྦྱོར་བ་གསུམ་པར་འགྱུར་ཞིང་། དེའི་ཚེ་ཐ་སྙད་མཐར་ཐུག་པས་བཞི་པ་ཕན་ཆད་དགོས་པ་མེད་པའོ། །གཉིས་པ་དགོས་པའི་མཚན་ཉིད་བཞག་པ་ལ་ཡང་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག མཚན་ཉིད་ཀྱི་མཚན་ཉིད། མཚོན་བྱ་རྣམ་འཇོག་གི་རྒྱུ་མཚན་ཞེས་ཟེར་བ་ནི་མི་འཐད་དེ། རྟགས་ཡང་དག་གི་མཚན་ཉིད་ཀྱང་བསྒྲུབ་བྱ་གོ་བྱེད་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །འགའ་ཞིག་རྫས་ཡོད་ཆོས་གསུམ་ཚང་བའམ་མཚོན་བྱའི་དོན་ལྡོག་གཞི་ལ་གྲུབ་པ་ཡིན་ལ། ཆོས་གསུམ་ནི་སྤྱིར་མཚན་ཉིད་ཡིན་པ། རང་གི་མཚོན་བྱ་ལས་གཞན་གྱི་མཚན་ཉིད་མིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པའོ་ཞེས་ཟེར་བ་ནི་མི་འཐད་དེ། མཚན་ཉིད་ངེས་པ་མཚོན་བྱ་ངེས་པ་ལ་ལྟོས་པར་ཐལ་བའི་ཕྱིར་རོ། །གཉིས་པ་ནི་མཚན་ཉིད་ཀྱི་མཚན་ཉིད། དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་སྟེ་དངོས་འགལ་གཅོད་པ་ཞེས་པས་ནི་དེ་མིན་གཅོད་ལ། དོན་ལྡོག་ཅེས་པས་ནི་མཚོན་བྱ་དང་། མཚན་གཞི་གཉིས་གཅོད། གྲུབ་པ་ཞེས་པས་ནི་རང་མཚན་དང་དོན་སྤྱི་སོ་སོར་མ་ཕྱེ་བའི་ལྟོ་ལྡིར་བ་ཙམ་སྟོན་ཏེ། དོན་ལྡོག་ནི་དོན་སྤྱི་ཡིན་ལ། དེ་ཉིད་རང་མཚན་དང་དོན་སྤྱི་སོ་སོར་མ་ཕྱེ་བའི་ལྟོ་ལྡིར་བ་ཙམ་ལ་གྲུབ་པའི་ཕྱིར་རོ། །གསུམ་པ་དེའི་བསལ་བྱ་སྐྱོན་ཅན་གྱི་གྲངས་ངེས་ལ་དགག་བཞག་སྤང་གསུམ་ལས། དང་པོ་ནི། བོད་ཀྱི་རྟོག་གེ་བ་ཕྱི་རབས་པ་རྣམས། མཚན་ཉིད་ཀྱི་སྐྱོན་ཐམས་ཅད། རང་ལྡོག་རྫས་སུ་མ་གྲུབ། དོན་ལྡོག་གཞན་འགྱུར། མཚན་གཞི་ལ་མི་གནས་པ་གསུམ་དུ་འདུས་སོ། །དང་པོ་ནི། མཚན་ཉིད་གང་ཞིག རང་གི་ཐ་སྙད་ལས་རང་དབང་དུ་མ་གྲུབ་པ་སྟེ། དབྱེ་ན་བ་ལང་གི་མཚན་ཉིད་དུ་བ་ལང་བཀོད་པ་ལྟ་བུ་རང་གི་ཐ་སྙད་མཚན་ཉིད་དུ་བཀོད་པ་དང་། བ་ལང་གི་མགོ་བོ་བཀོད་པ་ལྟ་བུ་རང་གི་ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བཀོད་པ་གཉིས་དང་། དེ་བཞིན་དུ་གཞན་གྱི་ཐ་སྙད་དང་། གཞན་གྱི་ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བཀོད་པ་གཉིས་ཏེ་བཞིའོ། །གཉིས་པ་ནི། རང་གི་ཐ་སྙད་ལས་རང་དབང་དུ་གྲུབ་ཀྱང་གང་དུ་མཚོན་བྱའི་དོན་ལྡོག་མ་ཡིན་པའོ། །དབྱེ་ན་མི་སྲིད་པ་དང་། མ་ཁྱབ་པ་དང་། ཁྱབ་ཆེས་པ་དང་། ཁྱབ་མཉམ་པའི་དོན་ལྡོག་གཞན་འགྱུར་བཞི། དང་པོ་ནི། མཚོན་བྱ་དང་ལྡན་པའི་གཞི་ལ་ཡེ་མི་སྲིད་པ་སྟེ། དཔེར་ན་གསེར་ལྡན་རྟར་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པའམ། ཤེས་བྱ་མ་ཡིན་དགག་ཏུ་མཚོན་པ་ལ་སྒྲུབ་ཆོས་དོར་བ་བཀོད་པ་ལྟ་བུའོ། །གཉིས་པ་ནི། མཚོན་ལྡན་གྱི་ཕྱོགས་གཅིག་ལ་མེད་པ་དང་། གསུམ་པ་ནི། མཚོན་ལྡན་ལ་ཁྱབ་ཅིང་། མཚོན་ཆོས་མེད་པར་ཡང་ཞུགས་པ་དང་། བཞི་པ་ནི་མཚོན་ལྡན་དང་ཁྱབ་མཉམ་ཡང་མཚོན་ཆོས་ལས་ལྡོག་པ་གཞན་དུ་འགྱུར་བ་སྟེ་དཔེར་བརྗོད་རྣམས་ནི་གོ་སླའོ། །གསུམ་པ་ནི། མཚན་ཉིད་གང་ཞིག རང་གི་ཐ་སྙད་ལས་རང་དབང་དུ་གྲུབ་ཀྱང་གང་མཚོན་པར་བྱ་བའི་གཞི་ལ་ཇི་ལྟར་དགོད་བྱ་ལྟར་མ་གྲུབ་པའོ། །དབྱེ་ན་འགལ་ནས་མི་གནས་པ་དང་། ལྡོག་པ་ཐ་དད་མེད་ནས་མི་གནས་པ་དང་། དོན་ལྡོག་ཐ་དད་མེད་ནས་མི་གནས་པ་དང་། མཚན་གཞིའི་ཕྱོགས་གཅིག་ལ་མ་ཁྱབ་ནས་མི་གནས་པ་དང་བཞི། དང་པོ་ནི། རྟ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུ། གཉིས་པ་ནི། ནོག་སོགས་འདུས་པ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུ། གསུམ་པ་ནི། བ་ལང་བ་ལང་དུ་མཚོན་པ་དང་། བཞི་པ་ནི། སྲོག་ཆགས་ཙམ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུའོ་ཞེས་སྨྲའོ། །འདི་དགག་པ་ལ་གཉིས་ལས། རིགས་པས་མི་འཐད་པ་ནི། འདི་དག་སྦྱོར་བར་བཀོད་ནས་བརྩི་ན། མཚན་ཉིད་མཚོན་བྱ་དེ་ལས་དོན་ལྡོག་གཞན་དུ་གྱུར་པ་སྐྱོན་དུ་མི་འཐད་དེ། སྟོང་ཉིད་མེད་དགག་ཏུ་མཚོན་པ་ལ་སྒྲུབ་ཆོས་དོར་བ་བཀོད་པའི་ཚེ། སྒྲུབ་ཆོས་དོར་བ་མེད་དགག་གི་ཐ་སྙད་ལ་མི་སྲིད་པས་དོན་ལྡོག་གཞན་འགྱུར་དུ་ཐལ་བའི་ཕྱིར་རོ། །གལ་ཏེ་དོན་ལྡོག་གཞན་འགྱུར་གྱི་དོན། མཚན་གཞི་ལ་སྲིད་མི་སྲིད་ལ་བརྗོད་ཀྱི་མཚོན་བྱ་ཉིད་ཀྱི་ལྡོག་པ་ལ་བརྟེན་མི་བརྟེན་ལ་མི་འདོད་དོ་ཞེ་ན། འོ་ན་དོན་ལྡོག་གཞན་འགྱུར་དུ་འདོད་ཀྱང་མཚན་གཞི་ལ་མི་གནས་པར་འགྱུར་ཏེ། མཚན་གཞི་ལ་མི་སྲིད་པ་དེ་མཚན་གཞི་ལ་མི་གནས་པའི་སྐྱོན་དུ་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་སྦྱོར་བ་མ་བཀོད་པ་ལ་སྐྱོན་བརྩིའོ་ཞེ་ན། མཚན་གཞི་ལ་མི་གནས་པ་བཞི་པོ་སྐྱོན་དུ་མི་འཐད་དེ། བ་ལང་གི་མཚན་ཉིད་དུ་ནོག་སོགས་འདུས་པ་བཀོད་པ་སྐྱོན་མེད་ཡིན་པའི་ཕྱིར་རོ། །གཉིས་པ་གཞུང་གི་དགོངས་པ་མ་ཡིན་པ་ནི། འདི་དག་མཚན་ཉིད་ཀྱི་སྐྱོན་དུ་མི་འཐད་དེ། མདོ་དང་། སྡེ་བདུན་ལས་མཚན་ཉིད་ཀྱི་སྐྱོན་དུ་མ་བཤད་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། མཚན་ཉིད་ཀྱི་སྐྱོན་ཐམས་ཅད་མ་ཁྱབ། ཁྱབ་ཆེས། མི་སྲིད་གསུམ་དུ་འདུས་ཏེ། སྔར་གྱི་རང་ལྡོག་རྫས་སུ་མ་གྲུབ་པ་ལ་སོགས་པ་རྣམས་ལ་སྐྱོན་དུ་འགྱུར་བ་རྣམས་ནི་འདིར་འདུས་པའི་ཕྱིར་དང་། མཚན་ཉིད་ལ་དོན་གྱི་སྒོ་ནས་རྣམ་གཅོད་གསུམ་ཡོད་པ་བཞིན་དུ་སྒྲ་ཐམས་ཅད་ཀྱང་རྣམ་གཅོད་གསུམ་ལས་མ་འདས་པ་ལས། མི་ལྡན་རྣམ་གཅོད་ཀྱིས་མ་ཁྱབ་པ་སེལ། གཞན་ལྡན་རྣམ་གཅོད་ཀྱིས་ཁྱབ་ཆེས་པ་སེལ། མི་སྲིད་རྣམ་གཅོད་ཀྱིས་མི་སྲིད་པ་སེལ་བའི་ཕྱིར་དང་། སློབ་དཔོན་གྱིས་མཚན་ཉིད་ཀྱི་རྣམ་གཅོད་ཀྱི་སྐབས་སུ་ཁྱབ་ཆེས་པ་གཅོད་པ་ལ་དགོངས་ནས། བདག་ཉིད་ཚིག་ཕྲད་ངོ་བོའི་སྒྲ། །མ་བསལ་བ་དང་བཅས་པ་དག །ལྡོག་པ་སེལ་བར་བྱེད་པ་ཡིན། །ཞེས་དང་། མ་ཁྱབ་པ་གཅོད་པ་ལ་དགོངས་ནས། འདོད་སྒྲས་མ་ཁྱབ་སེལ་བར་བྱེད། །ཅེས་དང་། མི་སྲིད་པ་གཅོད་པ་ལ་དགོངས་ནས། སྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་སྐྱོན་ཅན་གསུམ་པོ་རེ་རེ་ལ་ཡང་མཚན་ཉིད་དང་། དབྱེ་བ་གཉིས་གཉིས་ལས། མ་ཁྱབ་པའི་སྐྱོན་ཅན་གྱི་མཚན་ཉིད། མཚན་ཉིད་གང་ཞིག མཚན་གཞིའི་ཕྱོགས་གཅིག་ལ་མ་གྲུབ་པའོ། །དབྱེ་ན། དངོས་པོ་ལ་དཔེར་བརྗོད་ན་བ་ལང་གི་མཚན་ཉིད་དུ་ནོག་ལྐོག་ཤལ་ཁྲ་བོ་བཀོད་པ་དང་། དངོས་མེད་ལ་མེད་དགག་གི་མཚན་ཉིད་རི་བོང་གི་རྭ་བཀོད་པ་དང་། གཉིས་ཀ་ལ་ཤེས་བྱའི་མཚན་ཉིད་དུ་རྒྱུས་སྐྱེད་པ་བཀོད་པ་ལྟ་བུའོ། །ཁྱབ་ཆེས་པའི་མཚན་ཉིད། མཚན་ཉིད་གང་ཞིག མཚན་གཞི་ལ་ཁྱབ་ཅིང་མཚོན་འདོད་མེད་པར་ཞུགས་པའོ། །དེ་ལ་གསུམ་ལས། དངོས་པོ་ལ་དཔེར་བརྗོད་ན་བ་ལང་གི་མཚན་ཉིད་དུ་མགོ་ལྡན་བཀོད་པ་ལྟ་བུའོ། །མི་སྲིད་པའི་སྐྱོན་ཅན་གྱི་མཚན་ཉིད། མཚན་ཉིད་གང་ཞིག མཚོན་འདོད་ལ་ཇི་ལྟར་དགོད་བྱ་ལྟར་མ་གྲུབ་པའོ། །དེ་ལ་གཉིས་ཏེ་རང་ལྡོག་མ་གྲུབ་ནས་མི་སྲིད་པ་དང་། རང་ལྡོག་གྲུབ་ཀྱང་མཚོན་འདོད་ལ་མི་སྲིད་པའོ། །དང་པོ་ལ། རང་གཞན་གྱི་ཐ་སྙད་དང་། ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བཀོད་པ་གཉིས། དེ་རེ་རེ་ལ་ཡང་གཉིས་གཉིས་ཏེ་བཞི་ཡོད་པ་ནི་སྔར་བཤད་པ་ལྟར་རོ། །གཉིས་པ་ལ་གསུམ་སྟེ། ངོ་བོ་ཐ་དད་མེད་ནས་མི་སྲིད་པ། རང་ལྡོག་ཐ་དད་མེད་ནས་མི་སྲིད་པ། དོན་ལྡོག་ཐ་དད་མེད་ནས་མི་སྲིད་པའོ། །དང་པོ་ལ་དངོས་པོའི་ཆོས་ལ་དཔེར་བརྗོད་ན་རྟ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པ་ལྟ་བུ་རྫས་ཐ་དད་པ་དང་། བྱས་པའི་མཚན་ཉིད་དུ་སྐད་ཅིག་མ་བཀོད་པ་ལྟ་བུ་ལྡོག་པ་ཐ་དད་པ་གཉིས་སོ། །དངོས་མེད་ཀྱི་ཆོས་ལ་དོན་སྤྱི་དངོས་མེད་དུ་མཚོན་པ་ལ་དབང་ཤེས་འཁྲུལ་པས་གཟུང་བྱ་བཀོད་པ་ལྟ་བུའོ། །གཉིས་ཀའི་ཆོས་ལ་ཤེས་བྱ་མེད་དགག་ཏུ་མཚོན་པ་ལ་བློའི་ཡུལ་དུ་བྱར་མི་རུང་བ་བཀོད་པ་ལྟ་བུའོ། །གཉིས་པ་རང་ལྡོག་ཐ་དད་མེད་ནས་མི་སྲིད་པ་ནི་མཚན་གཞིའི་ལྡོག་པ་ཉིད་མཚན་ཉིད་དུ་བཀོད་པ་སྟེ། དངོས་པོ་ལ་དཔེར་བརྗོད་ན་ལྐོག་ཤལ་བ་ལང་དུ་མཚོན་པ་ལ་ལྐོག་ཤལ་བཀོད་པ་ལྟ་བུ་སྟེ། གཞན་གཉིས་ནི་གོ་སླའོ། །གསུམ་པ་དོན་ལྡོག་ཐ་དད་མེད་ནས་མི་སྲིད་པ་ནི། རང་གི་མཚོན་བྱ་མཚན་གཞིར་བྱས་པ་ལ་མཚན་ཉིད་བཀོད་པ་སྟེ། དངོས་པོ་ལ་དཔེར་བརྗོད་ན་བ་ལང་ཉིད་བ་ལང་དུ་མཚོན་པ་ལ་ལྐོག་ཤལ་བཀོད་པ་ལྟ་བུ་དང་། དངོས་མེད་ལ་རྟག་པ་རྟག་པར་མཚོན་པ་ལ་འཇིག་མེད་བཀོད་པ་ལྟ་བུའོ། །གསུམ་པ་རྩོད་པ་སྤོང་བ་ནི། འདི་དག་མཚན་གཞིར་བཀོད་པ་ལ་སྐྱོན་བརྩིའམ། མ་བཀོད་པ་ལ་སྐྱོན་བརྩི་ཞེས་བརྟགས་པ་དེ་ཉིད་འདིར་ཡང་མཚུངས་སོ་ཞེ་ན་མི་མཚུངས་ཏེ། འདིར་ནི་སྐྱོན་ཐམས་ཅད་སྦྱོར་བ་བཀོད་པ་ལ་སྐྱོན་བརྩི་ལ་དེའི་ཚེ་དོན་ལྡོག་གཞན་འགྱུར་ཁྱོད་འདོད་པ་ལྟར་ཁས་མ་བླངས་པའི་ཕྱིར་རོ། །གཉིས་པ་མཚོན་བྱའི་རྣམ་བཞག་ལ་དགག བཞག སྤང་གསུམ་ལས། དང་པོ་ནི། ཁ་ཅིག དངོས་པོ་གཞིར་བྱས་ཀྱི་མཚན་མཚོན་དོན་ལ་རྫས་གཅིག་ཡིན་ཏེ། མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་སྒྲུབ་པ་དེ་རང་བཞིན་གྱི་གཏན་ཚིགས་ཡིན་པའི་ཕྱིར་ཞེས་ཟེར། འོ་ན་བ་ལང་ཞེས་པའི་མཚོན་བྱའི་ཐ་སྙད་དེ་མིང་གིས་ཁྱད་པར་དུ་བྱས་སམ་མ་བྱས། མ་བྱས་ན་མཚོན་བྱར་མི་འགྱུར་ཞིང་། བྱས་ན་ནོག་སོགས་འདུས་པ་འཛིན་པའི་དབང་མངོན་ཆོས་ཅན། བ་ལང་གི་མིང་སྣང་ཡུལ་དུ་བྱས་པའི་ཤེས་པ་ཡིན་པར་ཐལ། ནོག་སོགས་འདུས་པ་ལ་སྒྲུབ་པས་འཇུག་པའི་མངོན་སུམ་གང་ཞིག དེ་དང་བ་ལང་གི་མིང་གཉིས་པོ་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། རྟོག་པར་ཐལ་ལོ། །གཞན་ཡང་མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་སྒྲུབ་པའི་གཏན་ཚིགས་རྣམས་དོན་སྒྲུབ་ཀྱི་གཏན་ཚིགས་སུ་ཐལ། ཁས་བླངས་དེའི་ཕྱིར། གཞན་ཡང་དངོས་པོ་གཞིར་བྱས་ཀྱི་མཚོན་བྱ་རྣམས་རྫས་ཡོད་ཡིན་པར་ཐལ། ཁས་ལེན་གང་ཞིག མཚན་ཉིད་རྫས་ཡོད་ཡིན་པའི་ཕྱིར། ཡང་ཁ་ཅིག དོན་ལྡོག་ལ་སྒྲ་བློ་མ་འཁྲུལ་བས་ཞེན་རུང་དེ་ཐ་སྙད་ཀྱི་མཚན་ཉིད་ཡིན་ཅིང་། ཐ་སྙད་དེ་ཉིད་མཚོན་བྱའི་མཚན་གཞི་ཡིན་ཞེས་ཟེར་བ་མི་འཐད་དེ། བརྡའི་དུས་སུ་མཚོན་བྱ་མེད་པར་ཐལ། བརྡའི་དུས་སུ་ཐ་སྙད་མེད་པའི་ཕྱིར་ཏེ། དོན་ལྡོག་རྒྱུ་མཚན་དུ་བྱས་ནས་མིང་དུ་བཏགས་པ་ལས་ཕྱིས་མཚན་ཉིད་མཐོང་བའི་ཚེ་སྔར་གྱི་བརྡ་དྲན་པ་ལ་ཐ་སྙད་དུ་འཇོག་པའི་ཕྱིར་རོ། །གཉིས་པ་ནི། མཚོན་བྱའི་མཚན་ཉིད། རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ་པ་སྟེ། རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་རྒྱུ་མཚན་ཅན་གྱི་ཞེས་པ་ནི། ལྟོ་ལྡིར་བ་ལྟ་བུ་དོན་ལྡོག་རྒྱུ་མཚན་དུ་བྱས་པ་ཅན་གྱི་ཞེས་པའི་དོན་ནོ། །དེའི་སྒྲ་ནི་ལྟོ་ལྡིར་བ་རྒྱུ་མཚན་དུ་བྱས་ནས་བརྟགས་པའི་བུམ་པ་ཞེས་པའི་སྒྲ་ལྟ་བུའོ། །ཤེས་པ་ནི་སྒྲ་དེ་ལ་བརྟེན་ནས་མིང་སྒྲ་སྤྱི་དངོས་ཡུལ་དུ་བྱེད་པའི་རྟོག་པའོ། །གྲུབ་པ་ཞེས་པ་ནི་སེལ་ངོར་གྲུབ་པ་སྟེ། མིང་གི་ཡུལ་ཅན་གྱི་སྒྲ་རྟོག་གང་ལ་གྲུབ་པའི་གཞི་རང་མཚན་དང་སྒྲ་དོན་སོ་སོར་མ་ཕྱེ་བའི་བུམ་པ་ལྟ་བུའོ། །ལེགས་པར་དཔྱོད་ཅིག གསུམ་པ་ནི་མཚན་ཉིད་རྫས་ཡོད་དང་། མཚོན་བྱ་རྟགས་ཡོད་ཡིན་ན། ཕན་ཚུན་སྤངས་ཏེ་གནས་པ་ཡིན་པས་རང་བཞིན་གྱི་གཏན་ཚིགས་མི་འཐད་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། མཚན་ཉིད་ནོག་སོགས་འདུས་པ་དང་། མཚོན་བྱ་བ་ལང་གི་ཐ་སྙད་གཉིས་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་པས་གཅིག་ཏུ་བཟུང་ནས་གཞན་སེལ་ཕྱིན་ཅི་མ་ལོག་པའི་བློས་ལྡོག་པ་ཐ་དད་དུ་ཕྱེ་བ་ལ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་སྦྱར་བའི་ཕྱིར་རོ། །གསུམ་པ་མཚན་གཞིའི་རྣམ་བཞག་ལ་མཚན་ཉིད་དང་། དབྱེ་བ་གཉིས་དང་པོ་ནི། མཚན་ཉིད་ཀྱི་རྟེན་བྱེད་པའོ། །དེས་མཚོན་བྱའི་རྟེན་བྱེད་པ་ཡང་མཚོན་ནུས་ཏེ། མཚོན་བྱ་ནི་མཚན་ཉིད་རྒྱུ་མཚན་དུ་བྱས་ནས་མིང་དུ་གདགས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་བ་ལང་གི་མཚན་གཞིར་དཀར་ཟལ་བཟུང་བ་ལྟ་བུ་མཚན་གཞི་རྣམ་དག་དང་། བ་ལང་གི་མཚན་གཞིར་རྟ་བཟུང་བ་ལྟ་བུ་སྐྱོན་ཡོན་བརྩི་བའི་གཞིར་གྱུར་པ་གཉིས་སོ། །བཞི་པ་མཚན་ཉིད་དང་འབྲེལ་ནས་སོ་སོར་མཚོན་པའི་ཚུལ་ལ་གཉིས་ཏེ། ཇི་ལྟར་མཚོན་པའི་ཚུལ་དང་། ཕན་ཚུན་ངེས་པའི་རྣམ་བཞག་གོ །དང་པོ་ནི། ནོག་སོགས་འདུས་པ་དང་། བ་ལང་གི་ཐ་སྙད་དང་། དཀར་ཟལ་གསུམ་མཚན་གཞིར་བཟུང་ནས་སྤྱིར་མཚན་མཚོན་གཞི་གསུམ་དུ་མཚོན་པ་དང་། བྱེ་བྲག་ཏུ་སྦྱོར་བ་འདིར་གཏོགས་ཀྱི་ཆོས་གསུམ་དུ་མཚོན་པ་གཉིས་གཉིས་ཏེ་དྲུག་གོ །དེ་ལས་བཟློག་པ་ལ་བ་ལང་གི་ཐ་སྙད་དང་དཀར་ཟལ་མཚན་གཞིར་བཟུང་ནས་སྤྱིར་མཚན་ཉིད་མ་ཡིན་པ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚན་ཉིད་མ་ཡིན་པར་མཚོན་པ་གཉིས། དེ་བཞིན་དུ་ནོག་སོགས་འདུས་པ་དང་དཀར་ཟལ་མཚན་གཞིར་བཟུང་ནས་སྤྱིར་མཚོན་བྱ་མ་ཡིན་པ་དང་། བྱེ་བྲག་ཏུ་སྦྱོར་བ་འདིར་གཏོགས་ཀྱི་མཚོན་བྱ་མ་ཡིན་པར་མཚོན་པ་གཉིས། ནོག་སོགས་འདུས་པ་དང་བ་ལང་གི་ཐ་སྙད་མཚན་གཞིར་བཟུང་ནས་སྤྱིར་མཚན་གཞི་མ་ཡིན་པ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚན་གཞི་མ་ཡིན་པར་མཚོན་པ་གཉིས་ཏེ་དྲུག་གོ །དེ་ལྟར་དྲུག་ལས་བཞི་ནི་ཡང་དག་ཡིན་ཅིང་། དཀར་ཟལ་སྤྱིར་མཚན་ཉིད་མ་ཡིན་པར་མཚོན་པ་ནི་ཡང་དག་མ་ཡིན་ཏེ། བ་ལང་ཁྲ་བོ་མཚོན་པ་ལ་བ་ལང་དཀར་ཟལ་མཚན་ཉིད་དུ་བཀོད་པ་སྐྱོན་མེད་ཡིན་པ་སྲིད་པའི་ཕྱིར། ནོག་སོགས་འདུས་པ་དང་། བ་ལང་གི་ཐ་སྙད་སྤྱིར་མཚན་གཞི་མིན་པར་མཚོན་པ་ཡང་ཡང་དག་མིན་ཏེ། མཚན་གཞི་སྐྱོན་མེད་དུ་འགྱུར་བའི་སྐབས་སྲིད་པའི་ཕྱིར་རོ། །གཉིས་པ་ནི། མཚན་མཚོན་གྲངས་མཉམ་ངོ་བོ་གཅིག །རྫས་ཡོད་བཏགས་ཡོད་ཉིད་དུ་ངེས། །ཞེས་གསུངས་ཏེ། གྲངས་མཉམ་པ་ནི། དོན་ལྡོག་གི་དབང་དུ་བྱས་ཀྱི་རང་ལྡོག་ལ་གྲངས་མི་མཉམ་པ་ཡང་སྲིད་དོ། །ངོ་བོ་གཅིག་པ་ནི་གཅིག་ཏུ་སྡུད་པའི་རྟོག་པས་ངོ་བོ་གཅིག་ཏུ་འཛིན་པའོ། །རྫས་ཡོད་བཏགས་ཡོད་ཉིད་དུ་ངེས་པ་ནི་ཐ་དད་དུ་འབྱེད་པའི་རྟོག་པས་རྫས་ཡོད་དང་། བཏགས་ཡོད་དུ་འཛིན་པའོ། །མདོར་ན་ལྟོ་ལྡིར་བ་དང་། བུམ་པའི་མཚན་མཚོན་ལྟ་བུ་ལ་སོང་ཚོད་ཀྱི་མཚན་ཉིད་རྫས་ཡོད་དུ་སྣང་སྟེ། སེལ་ངོར་ལྟོ་ལྡིར་བར་སྣང་བའི་ཕྱིར་རོ། །སོང་ཚོད་ཀྱི་མཚོན་བྱ་བཏགས་ཡོད་དུ་སྣང་སྟེ། སེལ་ངོར་མིང་དུ་སྣང་བའི་ཕྱིར་རོ། །ངོ་བོ་གཅིག་ཏུ་ཡང་སྣང་སྟེ། ལྟོ་ལྡིར་བ་འདི་ནི་བུམ་པའོ་ཞེས་འཛིན་པའི་ཕྱིར་རོ། །རློམ་ཚོད་ལ་ནི་དེ་ལྟ་བུའི་དབྱེ་བ་མེད་དེ། རློམ་ཚོད་ཀྱི་མཚན་མཚོན་གཉིས་ཀ་ཡང་རང་མཚན་གཅིག་ཉིད་ཡིན་པའི་ཕྱིར་རོ། །གཞན་དག་ནི་བློ་ཁ་ཙམ་ཡང་མ་ཕྱོགས་པར་སྣང་ངོ་། །གཉིས་པ་བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ངོས་བཟུང་བ་དང་། དེས་སྒྲོ་འདོགས་ཇི་ལྟར་གཅོད་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། གཞན་གྱིས་བཏགས་པ་དགག རང་གི་ལུགས་བཞག དེ་ལ་རྩོད་པ་སྤོང་བའོ། །དང་པོ་ལ། རིགས་པའི་དབང་ཕྱུག་གིས། མི་སླུ་བའི་ཤེས་པ་དང་། མ་ཤེས་དོན་གསལ་གཉིས་ཚད་མའི་མཚན་ཉིད་དུ་བཤད་པ་ལ་ལྷ་ཤཱཀ་གཉིས་ཀྱིས་རེ་རེ་ཡང་ཚད་མའི་མཚན་ཉིད་ཡོངས་སུ་རྫོགས་པ་རེ་རེ་ཡིན་ཞིང་དེ་ཡང་དོན་ལྡོག་ཐ་དད་དུ་འདོད་དེ། ལྷའི་འགྲེལ་པར་དེ་ལྟར་ཚད་མའི་མཚན་ཉིད་མི་བསླུ་བ་ཅིག་བཤད་དོ། །མ་ཤེས་དོན་གྱིས་གསལ་བྱེད་ཀྱང་གཞན་མཚན་ཉིད་གཉིས་པ་ཡིན་ནོ་ཞེས་དང་། དེའི་འགྲེལ་བཤད་དུ་ཤཱས་གཞན་མཚན་ཉིད་གཉིས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱིས་དཔྱོད་པར་བྱེད་པས་འདི་ནི་གཅིག་ཡིན་ལ་འདི་ནི་གཞན་རྣམ་པ་གཉིས་པ་ཡིན་ནོ་ཞེས་གསུངས་པས་སོ། །རྒྱན་མཛད་པས་བཤད་ཡམ་གཉིས་ལས། དང་པོ་ནི། དོན་དམ་པའི་ཚད་མ་དང་། ཐ་སྙད་པའི་ཚད་མ་གཉིས་ལས། དང་པོ་ནི། མྱོང་བ་གཉིས་མེད་ཀྱི་ཤེས་པ་འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ཡུལ་དུ་གསལ་བར་ཉམས་སུ་མྱོང་བ་དེ་ཡིན་ལ། དེའི་མཚན་ཉིད་ནི་མ་ཤེས་དོན་གསལ་ཡིན་གྱི་མི་བསླུ་བ་མ་ཡིན་ཏེ། དཔྱད་པའི་དོན་ཐོབ་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པ་གཟུང་འཛིན་གཉིས་སུ་སྣང་བའི་བར་ལ་ཐ་སྙད་དུ་རུང་བ་ཡིན་ལ་དེའི་མཚན་ཉིད་ནི་མི་བསླུ་བའི་ཤེས་པ་ཡིན་ཏེ། བཅད་པའི་དོན་ཐོབ་པའི་ཕྱིར་རོ་ཞེས་བཞེད་དེ། རྒྱན་གྱི་འགྲེལ་པར། འདིར་དོན་གྱི་སྒྲས་ནི་དོན་དམ་པ་བརྗོད་པ་ཡིན་ཏེ། མ་ཤེས་དོན་གྱི་གསལ་བྱེད་ཅེས་བྱ་བའི་སྒྲས་ནི་དོན་དམ་པ་གསལ་བྱེད་ཅེས་བྱ་བའི་དོན་ཏོ་ཞེས་དང་། དེ་ལ་འདི་ནི་དོན་དམ་པའི་ཚད་མའི་མཚན་ཉིད་ཡིན་ལ་སྔ་མ་ནི་ཐ་སྙད་པའི་ཡིན་ནོ་ཞེས་གསུངས་པས་སོ། །རིགས་གཏེར་རང་འགྲེལ་ལས། ཐ་སྙད་པའི་ཚད་མའི་མཚན་ཉིད། མི་བསླུ་བ་དང་། མ་ཤེས་དོན་གསལ་ཚོགས་པ་དགོངས་པ་ཡིན་པར་གསུངས་སོ། །བཤད་ཡམ་གཉིས་པ་ནི། མི་བསླུ་བ་ཚད་མའི་མཚན་ཉིད་དུ་བཞག་པ་ལ། བཅད་ཤེས་ཀྱང་ཚད་མར་ཐལ་བའི་སྐྱོན་སྤོང་བའི་ཕྱིར་དུ་མ་ཤེས་དོན་གསལ་གསུངས་པས་གཉིས་ཀས་མཚན་ཉིད་ཡོངས་སུ་རྫོགས་པ་གཅིག་བསྟན་པར་བཞེད་དེ། རྒྱན་ལས། ཡང་ན་འདི་ཚད་མའི་མཚན་ཉིད་ཡིན་ནོ། །འདིས་གསལ་བར་བྱེད་པས་ན་གསལ་བྱེད་དེ། མ་ཤེས་པའི་དོན་གསལ་བར་བྱེད་པའི་ཤེས་པ་ཚད་མ་ཡིན་ནོ། །ཀུན་རྫོབ་པའི་ཤེས་པ་ནི་མ་ཤེས་པའི་དོན་གསལ་བར་བྱེད་པ་མིན་ཏེ། སོ་སོར་བཟུང་བའི་གཟུགས་ལ་སོགས་པ་ཉིད་རྣམ་པ་སྟོན་པའི་ཕྱིར་རོ་ཞེས་གསུངས་པས་སོ། །སློབ་དཔོན་ཆོས་མཆོག་གིས་རྣམ་ངེས་ལས་འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ་ཞེས་པའི་ཚིག་གསུམ་གྱིས་བསྟན་པའི་མི་བསླུ་བ་ཆོས་གསུམ་ལྡན་ཚད་མའི་མཚན་ཉིད་དུ་འདོད་དེ། ཆོས་གསུམ་ནི། ངོ་བོའི་ཁྱད་པར་དོན་ཐོབ་བྱེད་ཀྱི་ནུས་པ། ཡུལ་གྱི་ཁྱད་པར་བཟུང་བའམ་མ་བཟུང་བའི་དོན་ཅི་རུང་རུང་ཐོབ་པ་མིན་གྱི་ཡོངས་སུ་བཅད་པའི་འཇུག་ཡུལ་ཐོབ་པའོ། །བྱེད་པའི་ཁྱད་པར་དོན་ཡོངས་སུ་གཅོད་བྱེད་ལ་གནས་པའི་ནུས་པའོ། །དེ་ལ་ངོ་བོའི་ཁྱད་པར་གྱིས་དངོས་པོ་འཛིན་པ་ཚད་མའི་མཚན་ཉིད་ཡིན་པ་གཅོད། ཡུལ་གྱི་ཁྱད་པར་གྱིས་མི་སྲིད་པ་གཅོད། བྱེད་པའི་ཁྱད་པར་གྱིས་ཁྱབ་ཆེས་པ་གཅོད་ལ། མ་ཁྱབ་པ་གཅོད་པ་ཞིག་ཁ་བསྐང་ངོ་། །བདེན་པའི་དོན་རྟོགས་ནི་ཚད་མའི་བྱེད་པ་ཡིན་གྱི་མཚན་ཉིད་མ་ཡིན་ནོ་ཞེས་གསུང་ངོ་། །བྲམ་ཟེའི་རྗེས་སུ་འབྲང་བ་རྣམས་ནི་བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཏེ། དེ་ཡང་སྔར་མ་རྟོགས་པའི་དོན་ལ་འཛིན་སྟངས་མ་འཁྲུལ་བས་སྒྲ་འདོགས་སེལ་བའོ། །དེ་ཡང་ཁྱད་པར་གསུམ་ལྡན་ཏེ། ངོ་བོའི་ཁྱད་པར་ནི་བཟློག་ཕྱོགས་ཀྱི་སྒྲོ་འདོགས་སེལ་བ་ཙམ་ཡིན་གྱི་ཚད་མས་དགག་སྒྲུབ་དངོས་སུ་བྱེད་པ་ནི་མ་ཡིན་ནོ། །ཡུལ་གྱི་ཁྱད་པར་ནི་སྔར་མ་རྟོགས་པའི་དོན་ཡིན་ལ། དེ་ཡང་ཡུལ་དུས་རྣམ་པ་སོ་སོར་མ་ཕྱེ་བའི་རིགས་སྔར་མ་རྟོགས་པ་རྟོགས་པའོ། །འཛིན་སྟངས་ཀྱི་ཁྱད་པར་ནི་རང་གིས་སྒྲོ་མ་བཏགས་ཀྱི་དོན་ལ་མི་འཁྲུལ་བའོ། །ཁྱད་པར་གསུམ་ལ་བྱེད་པ་ཡང་གསུམ་སྟེ། ངོ་བོའི་ཁྱད་པར་སྒྲོ་འདོགས་སེལ་བའི་བྱེད་པས་གཅིག་གིས་གྲུབ་པ་གཅིག་གིས་མི་འགོག ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པའི་བྱེད་པས་གཅིག་གིས་གྲུབ་པ་གཅིག་གིས་མི་སྒྲུབ། འཛིན་སྟངས་ཀྱི་ཁྱད་པར་དོན་ལ་མི་འཁྲུལ་བའི་བྱེད་པས་གཅིག་གིས་གྲུབ་པ་དང་གཅིག་གིས་གྲུབ་པ་མི་འགལ་བ་ཡིན་ནོ་ཞེས་སྤྲོས་པ་དང་བཅས་པ་གསུང་ངོ་། །དེ་ལྟར་ལུགས་བཞི་ལས། དང་པོ་མི་འཐད་དེ། ཚད་མ་དེ་མཚོན་བྱའི་དོན་ཐ་དད་པ་གཉིས་ཡིན་པར་ཐལ། དེ་དོན་ལྡོག་ཐ་དད་པ་གཉིས་ཀྱིས་མཚོན་པར་བྱ་བ་ཡིན་པའི་ཕྱིར། གལ་ཏེ་གཞན་དོན་སྒྲུབ་བྱ་ཡང་དག་དེ་ཡང་མཚོན་བྱའི་དོན་ཐ་དད་པ་གཉིས་ཡིན་པར་ཐལ། དེ་དོན་ལྡོག་ཐ་དད་པ་གཉིས་ཀྱིས་མཚོན་པར་བྱ་བ་ཡིན་པའི་ཕྱིར་ཞེ་ན། གཏན་ཚིགས་མ་གྲུབ་སྟེ། རིགས་སྒོར། རིགས་མི་མཐུན་སེལ་བའི་དབང་དུ་བྱས་ནས་མཚན་ཉིད་ཀྱི་ཟུར་བསྡུས་ཏེ་བསྟན། ཀུན་བཏུས་ལས། ལོག་རྟོག་སེལ་བའི་དབང་དུ་བྱས་ནས་མཚན་ཉིད་ཀྱི་ཟུར་རྒྱས་པར་གསུངས་པ་ཙམ་ཡིན་གྱི། དོན་གྱི་དོན་ལྡོག་གཅིག་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་མངོན་སུམ་གྱིས་མཚན་ཉིད་དུ་རིགས་མི་མཐུན་སེལ་བའི་དབང་དུ་བྱས་ནས་མ་འཁྲུལ་བའི་ཤེས་པ་བཞག་པ་དང་། ལོག་རྟོག་སེལ་བའི་དབང་དུ་བྱས་ནས་དེའི་ཟུར་དུ་རྟོག་བྲལ་སྨོས་ཀྱང་དོན་ལྡོག་གཅིག་ཡིན་པ་བཞིན་ནོ། །གལ་ཏེ་མི་བསླུ་བའི་ཤེས་པ་དང་མ་ཤེས་དོན་གསལ་གཉིས་ཀྱང་དོན་ལྡོག་གཅིག་ཉིད་ཡིན་པས་སྐྱོན་མེད་དོ་ཞེ་ན། འོ་ན་མ་ཤེས་དོན་གསལ་དེ་མི་བསླུ་བའི་ཤེས་པ་ལས་མཚན་ཉིད་གཞན་མིན་པར་ཐལ། དེ་ལས་དོན་ལྡོག་གཞན་མིན་པའི་ཕྱིར་རོ། །འདོད་ན། གཞན་མཚན་ཉིད་གཉིས་པ་ཡིན་ཞེས་པ་དང་འགལ་ལོ། །རྒྱན་གྱི་བཤད་པ་སྔ་མ་ཡང་མི་འཐད་དེ། ཚད་མ་སྤྱིའི་མཚན་ཉིད་འཇོག་པའི་སྐབས་སུ་དོན་དམ་པའི་ཚད་མ་དང་ཐ་སྙད་པའི་ཚད་མ་གཉིས་སུ་ཕྱེ་ནས་མཚན་ཉིད་འཇོག་པ་མ་འབྲེལ་བའི་ཕྱིར་དང་། གཞན་དུ་ན་ཚད་མ་སྤྱིའི་མཚན་ཉིད་གང་ཡིན་ཞེས་དྲིས་པ་ན་མངོན་རྗེས་གཉིས་སུ་ཕྱེ་ནས་དེ་གཉིས་ཀྱི་མཚན་ཉིད་བཞག་པས་ཀྱང་ཚད་མ་སྤྱིའི་མཚན་ཉིད་བཞག་པའི་གོ་ཆོད་པར་ཐལ་བའི་ཕྱིར་རོ། །གཞན་ཡང་། རྣམ་འགྲེལ་འདིར་ཚད་མ་སྤྱིའི་མཚན་ཉིད་དངོས་སུ་སྟོན་པའི་གཞུང་མེད་པར་ཐལ། གཞུང་སྔ་ཕྱི་གང་གིས་ཀྱང་ཚད་མ་སྤྱིའི་མཚན་ཉིད་མ་བསྟན་པའི་ཕྱིར། བཤད་ཡམ་གཉིས་པ་དེ་བོད་ཕལ་ཆེར་གྱིས་འགྲེལ་པ་དེའི་དགོངས་པར་མཛད་པ་ལྟར་ཡིན་ན། མི་འཐད་དེ། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་པ་དང་། མ་ཤེས་དོན་གསལ་གཉིས་ཟློས་པའི་སྐྱོན་ཡོད་པའི་ཕྱིར་རོ། །འོན་ཀྱང་འགྲེལ་པ་དེའི་དགོངས་པ་སྔ་ཕྱི་གཉིས་ཀ་མཚན་ཉིད་ཡོངས་སུ་རྫོགས་པ་རེ་རེ་ཡིན་ཏེ། དེ་གཉིས་དོན་ལྡོག་གཅིག་ཡིན་པའི་ཕྱིར། འོ་ན་མཚན་ཉིད་ཕྱི་མ་ལ་བཅད་ཤེས་ཚད་མར་ཐལ་བ་གང་གིས་སྤོང་ཞེ་ན་རིགས་པ་སྔ་མས་སྤོང་ཞེས་པའི་དོན་དུ་མངོན་པས་དེ་ལྟར་ན་ཤིན་ཏུ་འཐད་དེ། འོག་རང་ལུགས་ཀྱི་སྐབས་སུ་འཆད་དོ། །ཆོས་མཆོག་གི་ལུགས་དེ་ཡང་མི་འཐད་དེ། མཚན་ཉིད་དུ་བཞག་པའི་ཚིག་དེ་ལ་མ་ཁྱབ་པ་གཅོད་པའི་ནུས་པ་ཡོད་ན་མ་ཁྱབ་པ་གཅོད་པ་གཞན་ནས་ཁ་བསྐང་བ་དོན་མེད་ཅིང་། མེད་ན་མཚན་ཉིད་སྐྱོན་ཅན་དུ་འགྱུར་བའི་ཕྱིར་རོ། །བདེན་པའི་དོན་རྟོགས་ཚད་མའི་བྱེད་པ་ཡིན་གྱི་མཚན་ཉིད་མིན་ཞེས་གཉིས་སུ་ཕྱེ་བ་ཡང་གཞུང་གི་དགོངས་པ་མ་ཡིན་ཏེ། མི་བསླུ་བའི་དོན་འཆད་པའི་སྐབས་སུ་ཡང་། དོན་བྱེད་ནུས་པར་གནས་པ་ནི། །ཞེས་དང་། མ་ཤེས་དོན་གསལ་གྱི་དོན་འཆད་པའི་སྐབས་སུ་ཡང་། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། བྲམ་ཟེའི་བཞེད་པ་ལ་ཡང་སྔར་མ་རྟོགས་པ་ལ་རྣམ་བཅད་མེད་པས་མི་དགོས་ཏེ། འཛིན་སྟངས་དོན་ལ་མ་འཁྲུལ་བ་དེ་ཡིན་ན། རྟོགས་ཟིན་གྱི་དོན་ལ་མི་འཇུག་པས་ཁྱབ་པའི་ཕྱིར། སྒྲོ་འདོགས་སེལ་བས་མངོན་སུམ་ལ་མ་ཁྱབ་སྟེ། མངོན་སུམ་ཡིན་ན་སྒྲོ་འདོགས་གཅོད་པར་འགལ་བའི་ཕྱིར་རོ། །བདེན་པའི་དོན་རྟོགས་ཀྱི་དོན་དེ་ནི་དོན་ཡིན་པ་བཞིན་རྟོགས་པ་ལ་བྱེད་ན་མི་སྲིད་དེ། མངོན་སུམ་གྱིས་ཀྱང་དོན་དང་འདྲ་བ་རྟོགས་པ་ལ་དོན་རྟོགས་པར་འཇོག་པའི་ཕྱིར་དང་། འབྲས་རྟགས་ལ་བརྟེན་པའི་རྗེས་དཔག་གིས་ཀྱང་དུ་བའི་རྒྱུར་གྱུར་པའི་མེ་བཟུང་བར་རློམ་ཡང་མེ་ཙམ་བཟུང་བའི་ཕྱིར། དེ་དག་གིས་ནི་རིགས་གཏེར་ལས། མི་བསླུ་མ་ཤེས་དོན་གསལ་གཉིས། །རྣམ་གྲངས་པའམ་ཕྱེ་སྟེ་སྨྲ། །མཚན་ཉིད་གཉིས་ཀྱིས་འཇོག་ན་ནི། །མཚོན་བྱ་དེ་ཡང་གཉིས་སུ་འགྱུར། །མཚན་མཚོན་གཉིས་སུ་འདོད་ན་ཡང་། །སྤྱི་མཚན་གཅིག་པ་མི་སྲིད་འགྱུར། །མ་ཁྱབ་གཅོད་ཚུལ་འདིར་མི་འཐད། །གཉིས་སུ་འབྱེད་པ་དགོངས་པ་མིན། །མི་དགོས་མ་ཁྱབ་མི་སྲིད་གསུམ། །བདེན་པའི་དོན་རྟོགས་འདོད་ན་ཡོད། །ཅེས་གསུངས་པའི་དོན་ལེགས་པར་བཤད་དོ། །ད་ནི་བོད་ཀྱི་འདོད་པ་ལ་དཔྱད་པར་བྱ་སྟེ། ཁ་ཅིག་ན་རེ། གཞུང་སྔ་ཕྱི་གཉིས་ཀྱི་མཚན་ཉིད་ཀྱི་ཟུར་རེ་རེ་བསྟན་པས་གཉིས་ཀ་སྡོམ་པ་ཚད་མའི་མཚན་ཉིད་ཡོངས་སུ་རྫོགས་པ་གཅིག་བསྟན་པ་ཡིན་ནོ། །དེས་ན་ཚད་མའི་མཚན་ཉིད་གསར་དུ་མི་བསླུ་བའི་རིག་པ་ཡིན་ལ་དེ་ཉིད་ལྷའི་དགོངས་པ་ཡང་ཡིན་ཏེ། གཞན་མཚན་ཉིད་གཉིས་པ་ཡིན་ནོ་ཞེས་པ་ནི་མཚན་ཉིད་ཀྱི་ཟུར་ལ་མཚན་ཉིད་ཀྱི་སྒྲས་བསྟན་པ་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་བསྟན་པ་ལ་མ་ཤེས་དོན་གསལ་མ་སྨོས་པའི་གོང་དུ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་སྤོང་མི་ནུས་པར་ཐལ། མི་བསླུ་བའི་ཤེས་པ་དེ་ཚད་མའི་མཚན་ཉིད་ཡོངས་རྫོགས་མིན་པའི་ཕྱིར། གལ་ཏེ། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པའི་སྐབས་ཀྱི་མངོན་སུམ་གྱི་མཚན་ཉིད་དེ་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་སྤོང་མི་ནུས་པར་ཐལ། རྟོག་བྲལ་གྱི་ཤེས་པ་དེ་མངོན་སུམ་གྱི་མཚན་ཉིད་ཡོངས་རྫོགས་མིན་པའི་ཕྱིར་ཞེ་ན། ཤིན་ཏུ་འདོད་དེ། མ་འཁྲུལ་བ་མ་སྨོས་པའི་གོང་དུ་རྟོག་བྲལ་གྱི་ཤེས་པ་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་སྤོང་བ་མ་མཛད་ཅིང་། མ་ཤེས་དོན་གསལ་མ་སྨོས་པའི་གོང་དུ་མི་བསླུ་བའི་ཤེས་པ་ལ་སྐྱོན་གསུམ་སྤོང་བར་མཛད་པའི་ཕྱིར་རོ། །གསར་དུ་མི་བསླུ་བའི་རིག་པ་ཞེས་པའི་གསར་དུ་ལ་རྣམ་བཅད་ཡང་མེད་དེ། རྟོགས་ཟིན་གྱི་དོན་ལ་འཇུག་པའི་བཅད་ཤེས་དེ་མི་བསླུ་བ་མིན་པའི་ཕྱིར་ཏེ། རྟོགས་ཟིན་གྱི་དོན་ལ་འཇུག་པས་རྟོགས་པའི་བྱ་བ་མི་བྱེད་པའི་ཕྱིར་རོ། །ལྷའི་དགོངས་པར་འདོད་པ་དང་འགལ་ཏེ། གསར་དུ་ཞེས་པའི་མཚན་ཉིད་ཀྱི་ཟུར་དེ་ཆོས་ཅན། ཚད་མའི་མཚན་ཉིད་ཀྱི་ཟུར་གཉིས་པ་དེ་ཡིན་པར་ཐལ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པའི་ཚད་མའི་མཚན་ཉིད་ཀྱི་ཟུར་དེ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཆོས་ཅན། ཚད་མའི་མཚན་ཉིད་ཀྱི་ཟུར་དང་པོ་དེ་མིན་པར་ཐལ། འདོད་པ་དེའི་ཕྱིར། བསལ་བ་ཁས། དེས་ན་ལྷའི་དགོངས་པ་ས་སྐྱ་པཎྜི་ཏས་ལོངས་སོ། །ཁ་ཅིག་གཞུང་ཕྱི་མས་མཚན་ཉིད་ཀྱི་ཟུར་དང་། མཚན་ཉིད་ཡོངས་སུ་རྫོགས་པ་གང་ཡང་སྟོན་པ་མ་ཡིན་པར་མི་བསླུ་བའི་ཆ་ཤས་ཙམ་སྟོན་པ་ཡིན་ཏེ། དོན་བྱེད་ནུས་པར་གནས་པ་དེ་མི་བསླུ་བ་ཡིན་པར་མ་ཟད་མ་ཤེས་དོན་གསལ་ཀྱང་མི་བསླུ་བའི་དོན་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར་རོ་ཞེས་དང་། གཞན་དག་སྔ་མས་ཡུལ་གྱི་མི་བསླུ་བ་དང་། ཕྱི་མས་ཡུལ་ཅན་གྱི་མི་བསླུ་བ་བསྟན་ཞེས་ཟེར་བ་ཡང་མི་འཐད་དེ། ཕྱི་མས་མི་བསླུ་བའི་ཆ་ཤས་ཙམ་བསྟན་ན་སྔོ་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་སྔོན་པོ་ངེས་པའི་ངེས་ཤེས་ཆོས་ཅན། ཚད་མར་ཐལ། མ་ཤེས་དོན་གསལ་ཡིན་པའི་ཕྱིར་ཞེས་པའི་རྩོད་པ་འབྲེལ་མེད་དུ་འགྱུར་བའི་ཕྱིར་རོ། །ཡང་ཁ་ཅིག གཞུང་སྔ་མས་ཚད་མའི་མཚན་ཉིད་ཡོངས་རྫོགས་བསྟན་པས་རང་ལས་རང་གི་ངོ་བོ་རྟོགས་ཞེས་པ་མན་ཆད་ཀྱིས་དབྱེ་བ་བསྟན་ཏེ། རང་ལས་ཞེས་སོགས་ཀྱིས་ཐ་སྙད་པའི་ཚད་མ་དང་། མ་ཤེས་དོན་གསལ་གྱིས་དོན་དམ་པའི་ཚད་མ་བསྟན་པས་སྐྱེས་འཕགས་གཉིས་ཀྱི་སྒོ་ནས་དབྱེ་བ་བསྟན། ཡུལ་གྱི་སྒོ་ནས་མངོན་རྗེས་གཉིས་སུ་དབྱེ་བ་ནི་གཞལ་བྱ་གཉིས་ཕྱིར་ཞེས་པ་མན་ཆད་ཀྱིས་བསྟན་ཞེས་ཟེར་བ་མི་འཐད་དེ། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པ་མན་ཆད་ཀྱིས་མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བསྟན་པའི་ཕྱིར་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་དོན་དམ་པའི་ཚད་མ་ཁོ་ན་བསྟན་པ་མིན་པའི་ཕྱིར་ཏེ། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག སྔ་མས་ཆོས་གྲགས་རང་ལུགས་ཀྱི་ཚད་མའི་མཚན་ཉིད་བསྟན་ནས་སློབ་དཔོན་ཕྱོགས་གླང་གིས་མ་ཤེས་དོན་གསལ་ཚད་མའི་མཚན་ཉིད་དུ་གསུངས་པ་དང་ཡང་དགོངས་པ་གཅིག་ཡིན་ནོ་ཞེས་སྟོན་པ་ལ་མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཞེས་པ་འདི་བྱུང་བ་ཡིན་ཏེ། ཞེས་དགོངས་ཕྱིར། ཞེས་གསུངས་པའི་ཕྱིར། དེ་ཉིད་རིགས་གཏེར་གྱི་དགོངས་པ་ཡང་ཡིན་ཏེ། རིགས་གཏེར་རང་འགྲེལ་ལས། སློབ་དཔོན་ཕྱོགས་ཀྱི་གླང་པོས་གཞུང་གི་ཆ་འགའ་ཞིག་ཏུ་མ་ཤེས་དོན་གསལ་དུ་གསུངས་ལ། དཔལ་ལྡན་ཆོས་ཀྱི་གྲགས་པས་དེ་གཉིས་དགོངས་པ་གཅིག་ཏུ་མཛད་ནས་བློ་དེ་དོན་དེ་ལ་མི་བསླུ་བ་ཉིད་ལ་བཞེད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་ཡང་མི་འཐད་དེ། འདིར་ཆོས་གྲགས་རང་ལུགས་ཀྱི་ཚད་མའི་མཚན་ཉིད་བཞག་ནས་ཕྱོགས་གླང་གི་དགོངས་པ་དང་མི་འགལ་བ་འཆད་པ་སྐབས་མ་ཡིན་པའི་ཕྱིར་ཏེ། ཕྱོགས་གླང་གི་དགོངས་པ་ཉིད་འཆད་པའི་སྐབས་ཡིན་པའི་ཕྱིར་དང་། ཞེས་དགོངས་ཕྱིར་ཞེས་པའི་དོན་ཡང་གཞུང་སྔ་ཕྱི་གཉིས་འགལ་བ་སྤོང་བ་མ་ཡིན་གྱི་མ་ཤེས་དོན་གསལ་གྱི་དོན་ཉིད་འཆད་པ་ཡིན་པའི་ཕྱིར་རོ། །རིགས་གཏེར་གྱི་དགོངས་པ་ནི་གཏན་མིན་ཏེ། ཕྱོགས་གླང་གི་གཞུང་གི་ཆ་འགའ་ཞིག་ཏུ་མ་ཤེས་དོན་གསལ་དུ་གསུངས་ཞེས་པའི་ཚིག་གི་ནུས་པས་གཞུང་གི་ཆ་འགའ་ཞིག་ཏུ་མི་བསླུ་བར་གསུངས་པར་གྲུབ་པའི་ཕྱིར་ཏེ། གཞན་དུ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་མ་ཤེས་དོན་གསལ་དུ་གསུངས་ལ་ཞེས་འབྱུང་རིགས་ཀྱི་གཞུང་གི་ཆ་འགའ་ཞིག་ཏུ་ཞེས་པ་ལ་དོན་མེད་པའི་ཕྱིར་རོ། །དཔལ་ལྡན་ཆོས་ཀྱི་གྲགས་པས་དེ་གཉིས་དགོངས་པ་གཅིག་ཏུ་མཛད་ནས་ཞེས་པའི་ཚིག་གི་ནུས་པས་མི་བསླུ་བའི་ཤེས་པ་སློབ་དཔོན་ཕྱོགས་གླང་གི་གཞུང་ལས་བཤད་པར་གྲུབ་སྟེ། དེ་གཉིས་ཞེས་པའི་ཚིག་འབྱུང་བའི་ཕྱིར་དང་། གཞན་དུ་ན་དེ་དང་ཞེས་པའི་ཚིག་འབྱུང་རིགས་པ་ལ་མ་བྱུང་བའི་ཕྱིར་རོ། །ཡང་ཁ་ཅིག གཞལ་བྱ་ལ་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་གྱི་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་ཡིན་པ་མི་འཐད་དེ། ཀུན་མཁྱེན་ཡེ་ཤེས་སྐད་ཅིག་གཉིས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། ཀུན་མཁྱེན་ཡེ་ཤེས་སྐད་ཅིག་མ་དང་པོ་དེས་གཞལ་བྱ་རྟོགས་ཟིན་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་གཞན་དག་ན་རེ། དེ་ནི་མི་འཐད་དེ། དེ་ལ་ཚད་མའི་དོན་ལྡོག་གསར་དུ་བ་དེ་མ་ཚང་བའི་ཕྱིར་ཞེས་ཟེར་བ་དེ་ནི་རང་ལུགས་དང་འགལ་ཏེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་འདི་ཚད་མའི་མཚན་ཉིད་ཡོངས་རྫོགས་ཅིག་མ་བསྟན་པར་ཐལ། དེས་ཚད་མའི་དོན་ལྡོག་གི་གཙོ་བོ་གསར་དུ་བ་དེ་མ་བསྟན་པའི་ཕྱིར་རོ། །འདོད་ན། དེས་ཆོས་གྲགས་རང་ལུགས་ཀྱི་ཚད་མའི་མཚན་ཉིད་ཡོངས་རྫོགས་བསྟན་པར་ཁས་བླངས་པ་དང་འགལ་ལོ། །བཅོམ་ལྡན་རིགས་རལ་ན་རེ། ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཅེས་པ་ལ་བརྟེན་ནས་མ་ཤེས་དོན་གསལ་ཚད་མའི་མཚན་ཉིད་དུ་གསུང་། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་པ་ལ་བརྟེན་ནས་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་གསུངས་པ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། གཞུང་སྔ་མ་དེས་སྔར་མ་ཤེས་པ་གསར་དུ་ཤེས་པ་ཙམ་ཤུགས་ལ་བསྟན་ཀྱང་དོན་སྔར་མ་ཤེས་པ་གསར་དུ་ཤེས་པ་མི་ཐོན་པས་འདིར་དོན་སྔར་མ་ཤེས་པ་གསར་དུ་ཤེས་པ་ཚད་མའི་མཚན་ཉིད་དུ་དངོས་སུ་བསྟན་པའི་གཞུང་གི་དོན་གཏན་ལ་འབེབས་པར་བྱེད་པའི་ཕྱིར་ཏེ། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན། ཞེས་གསུངས་པའི་ཕྱིར། གཞན་དུ་ན་མ་ཤེས་དོན་གསལ་སྔར་བསྟན་ནས་མི་བསླུ་བའི་ཤེས་པ་ཕྱིས་སྟོན་རིགས་པར་འགྱུར་ཏེ། ཚད་མའི་མདོའི་གཞུང་གཉིས་པོ་གོ་རིམ་དེ་ལྟར་དུ་འབྱུང་བའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། མི་བསླུ་མ་ཤེས་དོན་གསལ་གཉིས། །རང་མཚན་རྟོགས་པར་དོན་ལ་མཐུན། །ཐ་སྙད་པ་དང་དོན་དམ་པ། །གཉིས་ཀ་ལ་ཡང་གཉིས་པོ་འཇུག །མི་བསླུ་ལས་དང་བྱེད་པོ་དང་། །བྱ་བ་གསུམ་གྱི་བདག་ཉིད་ཅན། །ཞེས་གསུངས་པའི་དོན་འཆད་པ་ལ། གཞུང་སྔ་ཕྱི་གཉིས་ཀྱི་དགོངས་པ་བཤད། མི་བསླུ་བའི་དོན་བཤད། དེས་ན་ཚིག་གཞན་བསྣན་མི་དགོས་པར་གྲུབ་པ་དང་གསུམ་ལས། དང་པོ་ནི། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་ཚད་མ་མདོའི་གཞུང་ཀུན་གྱི་དགོངས་པར་གྱུར་པའི་ཚད་མའི་དོན་ལྡོག་བསྟན་ཏེ། ཚད་མ་མདོར་ཚད་མའི་གྲངས་ངེས་འཆད་པའི་སྐབས་སུ་ཡང་མི་བསླུ་བའི་ཤེས་པ་རྣམས་ཚད་མའི་གྲངས་ངེས་ཀྱི་ཁོངས་སུ་གཏོགས་ཤིང་། བསླུ་བའི་ཤེས་པ་རྣམས་དེའི་ཁོངས་སུ་མི་རྟོགས་པར་གསུངས་པ་དང་། མངོན་སུམ་གྱི་སྐབས་སུ་ཡང་རྟོག་མེད་ཀྱི་ཤེས་པ་གཞིར་བཞག་ལ་མི་བསླུ་བའི་ཤེས་པ་རྣམས་མངོན་སུམ་ཡང་དག་དང་། བསླུ་བའི་ཤེས་པ་རྣམས་མངོན་སུམ་ལྟར་སྣང་དུ་བཤད་པ་དང་། རྗེས་དཔག་གཉིས་ཀྱི་སྐབས་སུ་ཡང་བསྒྲུབ་བྱ་ལ་མི་བསླུ་བའི་གཏན་ཚིགས་རྣམས་གཏན་ཚིགས་ཡང་དག་དང་། བསྒྲུབ་བྱ་ལ་བསླུ་བའི་གཏན་ཚིགས་རྣམས་གཏན་ཚིགས་ལྟར་སྣང་དུ་བཤད་པའི་ཕྱིར། འོ་ན་མདོའི་དགོངས་པ་དེ་ལྟར་ཡིན་ན། ཕྱོགས་གླང་གི་གཞུང་གི་ཆ་འགའ་ཞིག་ཏུ་མ་ཤེས་དོན་གསལ་ཚད་མའི་མཚན་ཉིད་དུ་དངོས་སུ་གསུངས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དེ་གཉིས་དོན་ལྡོག་གཅིག་ཡིན་པའི་ཕྱིར། ཞེས་པ་ནི། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་སྟོན་ནོ། །དེ་ལྟར་བྱས་ན་འདིར་ཚད་མ་མདོའི་མཆོད་བརྗོད་འཆད་པའི་སྐབས་ཡིན་པས་མདོའི་དགོངས་པར་གྱུར་པའི་ཚད་མའི་དོན་ལྡོག་ཐོག་མར་སྟོན་པ་ཡང་སྐབས་སུ་བབ་སྟེ། བཅོམ་ལྡན་འདས་ཚད་མ་ཡིན་པ་ཡང་གཙོ་བོར་མི་བསླུ་བའི་སྒོ་ནས་བཞག་དགོས་པའི་ཕྱིར་རོ། །སྔ་ཕྱི་གཉིས་ཀ་ཡང་རང་མཚན་ཡོད་མེད་གང་རུང་དུ་རྟོགས་པར་དོན་ལ་མཐུན་སྟེ། མི་བསླུ་བའི་དོན་འཆད་པའི་སྐབས་སུ་ཡང་། དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་ཞེས་དང་། མ་ཤེས་དོན་གསལ་གྱི་དོན་འཆད་པའི་སྐབས་སུ་ཡང་། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་གསུངས་པའི་ཕྱིར། ཐ་སྙད་པའི་ཚད་མ་དང་དོན་དམ་པའི་ཚད་མ་གཉིས་ཀ་ལ་ཡང་མི་བསླུ་མ་ཤེས་དོན་གསལ་གཉིས་ཀ་འཇུག་སྟེ། དེ་གཉིས་དོན་ལྡོག་གཅིག་ཡིན་པའི་ཕྱིར་རོ། །གཉིས་པ་ལ། བྱེད་པ་པོ་གང་གིས་མི་བསླུ་བ། ལས་གང་ལ་མི་བསླུ་བ། ཚུལ་ཇི་ལྟར་མི་བསླུ་བ་དང་གསུམ་ལས། དང་པོ་ནི། ཤེས་པ་དོན་ཇི་ལྟར་གནས་པ་ལྟར་ཡོད་པ་ལ་ཡོད་པར་ཤེས། མེད་པ་ལ་མེད་པར་ཤེས་པ་དེ་ཉིད་མི་བསླུ་བའོ། །གཉིས་པ་ནི། དོན་རང་མཚན་ཡོད་པས་དེ་ལ་འཇུག་ན་དོན་བྱེད་ནུས་པ་ལ་མི་བསླུ། དོན་རང་མཚན་མེད་པས་དེ་ལས་ལྡོག་ན་དོན་བྱེད་མི་ནུས་པ་ལ་མི་བསླུ་བའོ། །གསུམ་པ་ནི། རང་མཚན་ལ་ཞུགས་ན་དེ་ཐོབ་པ་ལ་མི་བསླུ། རང་མཚན་མེད་པས་དེ་ལས་ལྡོག་ན་དེ་མེད་པ་ལ་མི་བསླུ་བའོ། །དེས་ན་དངོས་པོ་ཐམས་ཅད་ལ་སྐབས་འདིར་བསྟན་གྱི་ཡུལ་གྱི་མི་བསླུ་བ་དེ་ཚང་སྟེ། རང་ཉིད་གཞལ་བྱར་བཞག་པའི་ཚེ་དོན་བྱེད་ནུས་པར་གནས་པའི་ཕྱིར་རོ། །བཅད་ཤེས་དང་ཐེ་ཚོམ་ལ་བྱ་བའི་མི་བསླུ་བ་ཚང་བ་སྲིད་དེ། དེས་རང་མཚན་ལ་ཞུགས་པས་རང་མཚན་ཐོབ་པ་སྲིད་པའི་ཕྱིར་རོ། །འོན་ཀྱང་བྱེད་པ་པོའི་མི་བསླུ་བ་མ་ཚང་སྟེ། དེ་ཡིན་ན། འཛིན་སྟངས་མ་འཁྲུལ་བ་ཡིན་དགོས་པ་ལས་བཅད་ཤེས་ནི་ཚད་མ་སྔ་ཕྱིའི་བཟུང་བའི་ཡུལ་གཅིག་ཏུ་འཛིན་པས་འཛིན་སྟངས་འཁྲུལ་པ་ཡིན་པའི་ཕྱིར། དེས་ན་ཡུལ་གྱི་མི་བསླུ་བ་དང་། བྱ་བའི་མི་བསླུ་བ་ཙམ་གྱིས་འདིའི་མི་བསླུ་བའི་གོ་མི་ཆོད་དེ། འདིའི་མི་བསླུ་བ་ཡིན་ན། ཆོས་གསུམ་ལྡན་དགོས་པའི་ཕྱིར་རོ། །གསུམ་པ་ནི། མི་བསླུ་བའི་ཤེས་པ་ཙམ་གྱིས་ཚད་མའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། འདིའི་མི་བསླུ་བ་ལ་ཆོས་གསུམ་ལྡན་དགོས་པའི་བྱེད་པ་པོའི་མི་བསླུ་བ་ལ་གསར་རྟོགས་ཀྱི་དོན་ཚང་བའི་ཕྱིར་རོ། །དེས་ན་གསར་དུ་ཞེས་པའི་ཚིག་སྨོས་མི་དགོས་ཏེ། དེ་ལ་རྣམ་བཅད་མེད་ཅིང་ཟློས་པའི་སྐྱོན་ཡོད་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། བཅད་ཤེས་འདིར་བསྟན་གྱི་མི་བསླུ་བ་མ་ཡིན་པར་བསྟན་ཟིན་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། བྱེད་པ་པོའི་མི་བསླུ་བ་ལ་གསར་རྟོགས་ཀྱི་དོན་ཚང་བར་བསྟན་ཟིན་པའི་ཕྱིར་རོ། །དེས་ན་རྣམ་ངེས་ལས། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་བསླུ་བ་མེད་པའི་ཕྱིར་རོ་ཞེས་དང་། འདིར་ཡང་། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། བསམ་པ་ལ་ནི་བསླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །ཅེས་དང་། བསླུ་མེད་ཕྱིར་ཏེ་ཚད་མ་ཉིད། །ཅེས་དང་། བསླུ་བ་མེད་ཅན་གང་ཡིན་ཏེ། །སྒོམ་བྱུང་མངོན་སུམ་ཚད་མར་འདོད། །ཅེས་དང་། བསླུ་བའི་ཕྱིར་རོ་དེ་དོན་དུའང་། །ཚད་མ་ཉིད་ནི་བཀག་པ་སྟེ། །ཞེས་སོགས་རྣམ་འགྲེལ་ངེས་ཀྱི་གཞུང་རྣམས་ཀྱིས་མི་བསླུ་བ་ཚང་མ་ཚང་གི་སྒོ་ནས་ཚད་མ་ཡིན་མིན་གྱི་རྣམ་བཞག་མཛད་པར་སྣང་གི་གསར་དུ་ཞེས་པའི་ཚིག་བསྣན་པ་མི་སྣང་བའི་ཕྱིར་དང་། རིགས་གཏེར་རྩ་འགྲེལ་ལས་ཀྱང་། འདི་ཁོ་ན་གསུངས་ཤིང་དེའི་རྗེས་སུ་འབྲང་བའི་སྔོན་གྱི་མཁས་པ་འགའ་ཞིག་གིས་ཀྱང་འདི་བཞིན་དུ་མཛད་པས་བཅད་ཤེས་མི་བསླུ་བའི་ཤེས་པར་བྱས་ནས་གསར་དུ་ཞེས་པའི་ཚིག་བསྣན་པ་ནི་གཞུང་ལུགས་ཆེན་པོའི་དགོངས་པ་འཆུགས་པས་རྒྱང་རིང་དུ་དོར་བར་བྱའོ། །གསུམ་པ་རྩོད་པ་སྤོང་བ་ནི། བྱེད་པ་པོ་གང་གིས་མི་བསླུ་བ་དེ་ཤེས་པ་ཡིན་པས་ཤེས་པ་སྨོས་པ་ལ་དགོས་པ་མེད་པར་འགྱུར་རོ་ཞེ་ན། དེ་ལ་རྒྱན་མཛད་པས། ཕྱི་རོལ་པ་འགའ་ཞིག་དབང་པོ་གཟུགས་ཅན་པ་ཚད་མར་འདོད་པའི་ལོག་རྟོག་སེལ་བའི་ཆེད་དུ་སྨོས་པ་ཡིན་ཅེས་དང་། ཤཱཀྱ་བློས། ཡུལ་གྱི་མི་བསླུ་བ་ཚད་མར་ཐལ་བ་སྤོང་བའི་ཕྱིར་དུ་སྨོས་པ་ཡིན་ཞེས་ཟེར་བའི་ཕྱི་མ་འདི་ཅུང་ཟད་མི་འཐད་པ་ཡིན་ཏེ། ཡུལ་གྱི་མི་བསླུ་བ་དེ་སྐབས་འདིའི་མི་བསླུ་བ་མིན་པའི་ཕྱིར་ཏེ། གཞན་དུ་ན་རབ་རིབ་ཅན་གྱི་དབང་ཤེས་ཆོས་ཅན། སྐབས་འདིའི་མི་བསླུ་བ་ཡིན་པར་ཐལ། ཡུལ་གྱི་མི་བསླུ་བ་ཡིན་པའི་ཕྱིར་ཏེ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྟོགས་མེད་ལོག་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། བསླུ་བའི་ཕྱིར་རོ་དེ་དོན་དུའང་། །མངོན་སུམ་ལྟར་སྣང་གཉིས་སུ་བཤད། །ཅེས་གསུངས་པའི་ཕྱིར། རང་ལུགས་ལ། ལོག་རྟོག་སེལ་བ་དང་། རིགས་མི་མཐུན་སེལ་བའི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། བྱེ་བྲག་ཏུ་སྨྲ་བས་དབང་པོ་གཟུགས་ཅན་པ་ཚད་མར་འདོད་པའི་ལོག་རྟོག་ཡོད་པས་དེ་སེལ་བའི་ཆེད་དུ་ཡིན་ཏེ། བློ་ནི་ཚད་མ་ཉིད་ཅེས་གསུངས་པའི་ཕྱིར། གཉིས་པ་ནི་སྐྱེས་བུ་ཚད་མ་དང་། ལུང་ཚད་མ་གཉིས་ཚད་མ་མ་ཡིན་པ་སེལ་བའི་ཆེད་དུ་ཡིན་ཏེ། དེ་གཉིས་ལ་ཡང་མི་བསླུ་བ་གསུམ་པོ་དེ་ཡོད་པའི་ཕྱིར་རོ། །དེའི་ཚེ་བྱེད་པ་པོ་གང་གིས་མི་བསླུ་བ་ནི་ཉེས་ཟད་ཀྱི་གང་ཟག་དང་། དེས་སྨྲས་པའི་ཚིག་ཡིན་ལ། སྔར་བཤད་པ་ནི་ཤེས་པ་ཚད་མའི་དབང་དུ་བྱས་པའོ། །མདོར་ན། ཚད་མ་ཞེས་པའི་སྒྲ་འཇུག་པའི་ཡུལ་ལ། ཤེས་པ་ཚད་མ་དང་། སྐྱེས་བུ་ཚད་མ་དང་། ལུང་ཚད་མ་གསུམ་ལས། གསུམ་ཆར་ལ་ཡང་མི་བསླུ་བའི་ཆོས་གསུམ་པོ་དེ་ཚང་བའི་ཆ་ནས་ཚད་མར་བཞག་ལ། ཐོག་མར་ཤེས་པ་ཚད་མ་ངོས་བཟུང་ནས་དེའི་དོན་ཚང་བའི་ཆ་ནས་སྐྱེས་བུ་ཚད་མ་སྒྲུབ་སྟེ། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །སྐྱེས་བུ་ཚད་མར་གྲུབ་ནས་ལུང་ཚད་མར་བསྒྲུབ་སྟེ། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །མི་བསླུ་མ་ཤེས་དོན་གསལ་གཉིས་རང་མཚན་རྟོག་པར་དོན་ལ་མཐུན་ན་དངོས་མེད་འཇལ་བའི་ཚད་མ་ལ་མ་ཁྱབ་པའི་སྐྱོན་ཡོད་དོ་ཞེ་ན་སྐྱོན་མེད་དེ། དེས་ཡུལ་རང་མཚན་མེད་པར་གཞལ་བས་དོན་བྱེད་མི་ནུས་པར་མི་བསླུ་བའི་ཕྱིར་རོ། །དུང་དཀར་པོ་སེར་འཛིན་གྱི་དབང་ཤེས་དང་། ལྗོན་ཤིང་འགྲོར་སྣང་གི་དབང་ཤེས་ཆོས་ཅན། ཚད་མར་ཐལ། མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན་མ་གྲུབ་སྟེ། དེས་དུང་སེར་པོ་དང་ལྗོན་ཤིང་འགྲོ་བར་འཛིན་པ་གང་ཞིག དེ་ལྟར་དུ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་དེས་སྒྲོ་འདོགས་སེལ་བའི་ཚུལ་ལ་གསུམ་སྟེ། བཅད་བྱ་སྒྲོ་འདོགས་ཀྱི་རང་བཞིན། གཅོད་བྱེད་ངེས་པའི་རང་བཞིན། དེས་དེ་ཇི་ལྟར་ངེས་པའི་ཚུལ་ལོ། །དང་པོ་ལ་མཚན་ཉིད་ནི། གནས་ལུགས་ཀྱི་དོན་ལ་མཐའ་གཞན་དུ་རྟོག་པའི་ཞེན་བློ། དབྱེ་ན། རྟོག་པ་ལོག་ཤེས་དང་། ཐེ་ཚོམ་གཉིས་སུ་ཡོད་པ་ཡིན་གྱི་རྟོག་མེད་ལོག་ཤེས་རྣམས་ནི་དེ་མ་ཡིན་ཏེ། སྒྲོ་འདོགས་དང་ངེས་ཤེས་གཉིས་ཀ་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཆར་མི་འབྱུང་བ་གང་ཞིག ཟླ་བ་གཉིས་སྣང་གི་དབང་ཤེས་དང་ཟླ་གཉིས་མེད་པར་ངེས་པའི་ངེས་ཤེས་གཉིས། གང་ཟག་གཅིག་གི་རྒྱུད་ལ་ཅིག་ཆར་དུ་འབྱུང་བའི་ཕྱིར། གཉིས་པ་ལ་མཚན་ཉིད་ནི། རང་ཡུལ་དོན་དང་མཐུན་པར་མཐའ་གཅིག་ཏུ་འཛིན་པའི་རྟོག་པ་གང་ཞིག དེར་འཛིན་གྱི་བྱེད་པ་མ་ཉམས་པར་དེ་མིན་དུ་འཛིན་པ་མི་སྲིད་པ། དངོས་བཏགས་མ་ཕྱེ་བའི་སྒོ་ནས་དབྱེ་ན། ཡང་དག་པའི་ངེས་པ་དང་། ལོག་པའི་ངེས་པ་གཉིས། དང་པོ་ནི། སྒྲ་མི་རྟག་པར་ངེས་པའི་ངེས་ཤེས་ལྟ་བུ། གཉིས་པ་ནི། སྒྲ་རྟག་འཛིན་གྱི་ལོག་རྟོག་ལྟ་བུའོ། །ཕྱི་མ་ནི་ངེས་ཤེས་ཀྱི་བསལ་བྱར་གྱུར་པའི་སྒྲོ་འདོགས་ཡིན་པས་ངེས་པ་བཏགས་པ་བ་ཡིན་ནོ། །ངོ་བོའི་སྒོ་ནས་དབྱེ་ན་ཚད་མར་གྱུར་པའི་ངེས་པ་དང་། ཚད་མ་མ་ཡིན་པའི་ངེས་པ་གཉིས། དང་པོ་ནི། རྗེས་དཔག་ཐམས་ཅད། གཉིས་པ་ནི་མངོན་སུམ་དང་རྗེས་དཔག་གིས་དྲངས་ནས་སྐྱེས་པའི་ངེས་ཤེས་ལྟ་བུའོ། །མངོན་སུམ་རྣམས་ནི་གཅོད་བྱེད་ངེས་པའི་རང་བཞིན་མ་ཡིན་སྟེ། རང་ཡུལ་སྣང་བ་ཙམ་གྱིས་བྱ་བ་རྫོགས་པ་ཡིན་པས་རང་ཡུལ་ངེས་པ་མི་སྲིད་པའི་ཕྱིར། གསུམ་པ་ལ། ཀུན་ཏུ་ཐ་སྙད་པའི་ཚད་མ་ནི་རང་མཚན་ཡོད་མེད་ལ་འཇུག་ལྡོག་བྱེད་པ་ཡིན་ཏེ། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཅེས་གསུངས་པའི་ཕྱིར། འོ་ན་རང་སྟོབས་ཀྱིས་ངེས་ཤེས་འདྲེན་པར་བྱེད་པ་ཡིན་ནམ་ཅེ་ན། ཚད་མ་འགའ་ཞིག་རང་སྟོབས་ཀྱིས་ངེས་ཤེས་འདྲེན་པར་བྱེད་པ་ཡིན་ཞིང་། འགའ་ཞིག་རང་ལས་ཕྱིས་བྱུང་བའི་ཚད་མ་གཞན་གྱི་སྟོབས་ཀྱིས་འདྲེན་པར་བྱེད་པ་ཡིན་ནོ། །ངེས་ཤེས་ཀྱིས་སྒྲོ་འདོགས་བཅད་པའི་དོན་ཡང་། སྒྲོ་འདོགས་ཀྱི་ས་བོན་རྒྱུན་གཅོད་པའི་ནུས་པ་ནི་ངེས་ཤེས་ལ་མེད་ལ། སྒྲོ་འདོགས་མངོན་གྱུར་པ་ནི་ཡིད་ཡུལ་གཞན་ལ་ཡེངས་པས་ཀྱང་མི་འབྱུང་བས་ངེས་ཤེས་སྐྱེས་ནས་དེའི་བྱེད་པ་མ་ཉམས་པར་སྒྲོ་འདོགས་འབྱུང་མི་སྲིད་པ་ལ་ངེས་ཤེས་ཀྱིས་སྒྲོ་འདོགས་གཅོད་པར་འཇོག་པ་ཡིན་ནོ། །གསུམ་པ་མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པ་ལ་བཞི་སྟེ། མཚོན་བྱའི་དབྱེ་བ། མཚན་གཞི་ལ་ལོག་རྟོག་དགག་པ། མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པ། དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལོ། །དང་པོ་ལ་དྲུག་སྟེ། གང་ལ་དབྱེ་བའི་གཞི། གང་དབྱེ་བའི་ངོ་བོ། གང་གིས་འབྱེད་པའི་རྒྱུ་མཚན། ཇི་ལྟར་ཕྱེ་བའི་དོན། ཇི་སྙེད་ཕྱེ་བའི་གྲངས་ངེས། ཕྱེ་བ་སོ་སོའི་སྒྲ་དོན་ནོ། །དང་པོ་ལ། བོད་ཁ་ཅིག ཚད་མ་དབྱེ་གཞི་ཡིན་གྱི་ཡང་དག་ཤེས་པ་དབྱེ་གཞི་མ་ཡིན་ཏེ། བཅད་ཤེས་དང་། ཡིད་དཔྱོད་ཀྱང་ཡང་དག་ཤེས་པ་ཡིན་པས། དབྱེ་གཞི་རྒྱ་ཆེས་པའི་སྐྱོན་ཡོད་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། ཚད་མ་མ་ཡིན་པ་ལ་ཡང་དག་ཤེས་པ་བཀག་པའི་ཕྱིར་རོ། །སློབ་དཔོན་ཆོས་མཆོག་གི་དོན་བྱེད་པར་སྣང་བའི་ཚད་མ་དང་། དོན་བྱེད་ནུས་པ་ལ་རབ་ཏུ་འཇུག་པའི་ཚད་མ་གཉིས་ལས། དང་པོ་ནི། མེས་བཙོ་བསྲེག་གི་དོན་བྱེད་པར་སྣང་བ་ལྟ་བུ་སྐྱེས་བུའི་དོན་སྒྲུབ་ཀྱི་དངོས་ཀྱི་རྒྱུར་གྱུར་པ་ཡིན་ལ། ཕྱི་མ་ནི་མེ་དང་ཆུ་ལ་སོགས་པ་རྐྱང་པ་སྣང་བ་སྐྱེས་བུའི་དོན་སྒྲུབ་ཀྱི་བརྒྱུད་པའི་རྒྱུར་གྱུར་པའོ། །དེ་ལ་དང་པོ་ནི། དབྱེ་གཞི་མ་ཡིན་ཏེ། མི་བསླུ་བར་རང་ཉིད་ཀྱིས་ངེས་ཟིན་པས་བསྟན་བཅོས་སུ་དཔྱོད་བྱ་མིན་པའི་ཕྱིར་དང་། མངོན་སུམ་ཁོ་ནར་ངེས་པས་མངོན་རྗེས་གཉིས་མེད་པའི་ཕྱིར་རོ། །དེས་ན་ཕྱི་མ་ཁོ་ན་དབྱེ་གཞི་ཡིན་ནོ་ཞེས་གསུངས་པ་མི་འཐད་དེ། སྤྱི་དབྱེ་གཞིར་མི་རུང་བར་བྱེ་བྲག་ཕྱེ་ནས་དབྱེ་གཞིར་དགོས་ན་མངོན་སུམ་ལ་སོགས་པའི་དབྱེ་བ་ཐམས་ཅད་ལ་ཡང་དེ་ལྟར་དགོས་པས་ཧ་ཆང་ཐལ་བའི་ཕྱིར་རོ། །རང་ལུགས་ནི་ཚད་མ་དང་ཡང་དག་ཤེས་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་གཉིས་ཀ་ཡང་དབྱེ་གཞིར་རིགས་ཏེ། འདིར། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་ཚད་མ་དང་། རྣམ་ངེས་ལས། ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ་ཞེས་ཡང་དག་ཤེས་པ་དབྱེ་གཞིར་བཤད་པའི་ཕྱིར་རོ། །གཉིས་པ་ནི། མངོན་སུམ་དང་རྗེས་དཔག་གཉིས་སོ། །གསུམ་པ་ནི། གཞལ་བྱ་རྟོགས་པའི་ཚུལ་ལ་མྱོང་བ་ལ་བརྟེན་ནས་རྟོག་པའི་ཚུལ་དང་། རྟགས་ལ་བརྟེན་ནས་རྟོགས་པའི་ཚུལ་གཉིས་སམ། རང་གི་ངོ་བོའི་སྒོ་ནས་རྟོགས་པའི་ཚུལ་དང་། གཞན་གྱི་ངོ་བོའི་སྒོ་ནས་རྟོགས་པའི་ཚུལ་གཉིས་ཡོད་པའི་ཕྱིར། མངོན་སུམ་གྱི་རང་མཚན་རང་གི་ངོ་བོའི་སྒོ་ནས་རྟོགས་པའི་དོན་ལ་དོན་རིག་མངོན་སུམ་གྱིས་དོན་རང་མཚན་རང་གི་ངོ་བོའི་སྒོ་ནས་རྟོགས་པའི་རང་གི་ངོ་བོ་ནི་དོན་རང་མཚན་གྱིས་གཏད་པའི་རྣམ་པ་ཡིན་ལ། རང་རིག་མངོན་སུམ་གྱིས་ཤེས་པ་རང་མཚན་རང་གི་ངོ་བོའི་སྒོ་ནས་རྟོགས་པའི་རང་གི་ངོ་བོ་ནི་ཤེས་པ་རང་མཚན་ཉིད་དོ། །རྗེས་དཔག་གིས་རང་མཚན་གཞན་གྱི་ངོ་བོའི་སྒོ་ནས་རྟོགས་པའི་གཞན་གྱི་ངོ་བོ་ནི་རྗེས་དཔག་ལ་སྣང་བའི་དོན་གྱི་རྣམ་པ་ཉིད་ལ་དོན་རང་མཚན་དུ་ཞེན་པ་སྟེ། གཞན་གྱི་ངོ་བོར་འཇོག་པའི་རྒྱུ་མཚན་ནི་དོན་རང་ངོས་ནས་གཏད་པ་མ་ཡིན་པར་གཞན་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན་པའི་ཕྱིར་རོ། །བཞི་པ་ནི། མངོན་རྗེས་གཉིས་བུམ་སྣམ་ལྟར་རྫས་ཐ་དད་པ་ཡིན་ནམ། དངོས་པོ་དང་དངོས་མེད་ལྟར་གཅིག་པ་བཀག་པའི་ཐ་དད་ཡིན་ནམ། བྱས་མི་རྟག་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ནམ། ཟླ་བ་དང་། བསིལ་ཟེར་ཅན་ལྟར་རྣམ་གྲངས་ཀྱི་ཐ་དད་ཡིན་ཞེ་ན། ཛྙ་ན་ཤྲཱི་ན་རེ། གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། མངོན་སུམ་ནི་ཉམས་སུ་མྱོང་བའི་ཆ་ཤེས་པ་ཡིན་པས་དངོས་པོ་དང་། རྗེས་དཔག་ནི་རྣམ་པར་རྟོག་པ་དྲི་མའི་ཆ་ཡིན་པས་གཟུང་ཡུལ་དངོས་པོར་མེད་པས་དེས་འཇལ་བྱེད་ཀྱི་རྗེས་དཔག་ཀྱང་དངོས་པོར་མེད་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། གཉིས་ཀ་དངོས་པོ་ཡིན་པའི་ཕྱིར་དང་། རྗེས་དཔག་གི་གཟུང་ཡུལ་དངོས་པོར་མེད་པའི་ཆ་ནས་འཁྲུལ་ཤེས་ཡིན་ལ། འཁྲུལ་ཤེས་དེ་ཉིད་དངོས་པོ་ཡིན་པའི་ཕྱིར་རོ། །ཁ་ཅིག་ཡུལ་གཅིག་ལ་ལྟོས་ནས་གཅིག་ཏུ་འདོད་པ་ཡང་མི་འཐད་དེ། རྟོག་པ་དང་རྟོག་མེད་གཉིས་ཡུལ་གཅིག་མིན་པའི་ཕྱིར་རོ། །ཁ་ཅིག་ཡུལ་ཐ་དད་ལ་ལྟོས་ནས་ངོ་བོ་ཐ་དད་དུ་འདོད་པ་ཡང་མི་འཐད་དེ། རྗེས་དཔག་སྤྱིར་མངོན་སུམ་དང་ངོ་བོ་ཐ་དད་དང་། བྱེ་བྲག་རང་རིག་མངོན་སུམ་དང་ངོ་བོ་ཐ་དད་ཡིན་ན། དེ་ཤེས་པ་མིན་པར་ཐལ་བའི་ཕྱིར་རོ། །དེས་ན་མངོན་རྗེས་གཉིས་བློའི་ངོ་བོར་གཅིག་ཡིན་ཏེ། རྗེས་དཔག་ཉིད་ལ་མངོན་སུམ་ངོ་བོ་གཅིག་ཏུ་ལྡན་པའི་ཕྱིར་རོ། །ཡུལ་ལ་ལྟོས་ནས་མངོན་རྗེས་གཉིས་སུ་འཇོག་སྟེ། ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་དེ་ལ་དང་མེའི་ཚོགས་དོན་ལ་ལྟོས་ནས་རྗེས་དཔག་ཡིན་ལ། རང་གི་ངོ་བོ་ལ་ལྟོས་ནས་མངོན་སུམ་ཡིན་པའི་ཕྱིར། གལ་ཏེ་རྗེས་དཔག་དེ་ཡུལ་ལ་ལྟོས་ནས་རྗེས་དཔག་མིན་པར་ཐལ། ཡུལ་ལ་ལྟོས་ནས་མངོན་སུམ་ཡིན་པའི་ཕྱིར། ཡང་བྱེ་བྲག་རང་རིག་མངོན་སུམ་དང་ངོ་བོ་གཅིག་ཡིན་ན་མངོན་སུམ་དང་ངོ་བོ་གཅིག་ཡིན་དགོས་ན། དེ་ཆོས་ཅན། མངོན་སུམ་དང་ངོ་བོ་ཐ་དད་ཡིན་པར་ཐལ། དབང་མངོན་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར་ཞེ་ན། སྐྱོན་དང་པོ་མེད་དེ། ཡུལ་ལ་ལྟོས་ནས་ཐ་དད་ཡིན་ཞེས་པའི་དོན་རྗེས་དཔག་དེ་རྗེས་དཔག་ལ་རང་རིག་མངོན་སུམ་དུ་སོང་བའི་ཚེ་རྗེས་དཔག་དེ་ཡུལ་ལ་ལྟོས་ནས་རང་རིག་མངོན་སུམ་དུ་འཇོག་པ་མིན་པའི་ཕྱིར་ཏེ། དེའི་ཚེ་རྗེས་དཔག་དེ་རྗེས་དཔག་གི་ཡུལ་དུ་མི་འཇོག་པའི་ཕྱིར་རོ། །སྐྱོན་གཉིས་པ་ཡང་མེད་དེ། བྱེ་བྲག་ཤ་པ་དང་ངོ་བོ་གཅིག་ཡིན་ན། ཤིང་ཙམ་དང་ངོ་བོ་གཅིག་ཡིན་དགོས་ཀྱང་། ཤ་པ་དང་ངོ་བོ་ཐ་དད་ཡིན་ན། ཤིང་ཙམ་དང་ངོ་བོ་ཐ་དད་ཡིན་མི་དགོས་པའི་ཕྱིར་རོ། །ལྔ་པ་ནི། རང་སྡེ་ཁ་ཅིག ཚད་མ་ལ་མངོན་སུམ། རྗེས་དཔག ལུང་ཚད་མ་གསུམ་སུ་གྲངས་ངེས་པར་འདོད་པ་དང་། སློབ་དཔོན་ཟླ་བས་དེའི་སྟེང་དུ། དཔེ་ཉེར་འཇལ་གྱི་ཚད་མ་དང་བཞིར་གྲངས་ངེས་པ་དང་། ཕྱི་རོལ་པ་ཁ་ཅིག དེའི་སྟེང་དུ་དོན་གྱིས་གོ་བ་དང་། དངོས་པོ་མེད་པའི་ཚད་མ་སོགས་གྲངས་མང་དུ་འདོད་ན་འདིར་མངོན་རྗེས་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གང་ཞེ་ན། འདི་ལ་གཉིས་སུ་གྲངས་ངེས་པ་ལ་སྒྲུབ་བྱེད་ཡོད་ཅིང་གནོད་བྱེད་མེད་པ་དང་། གྲངས་གཞན་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པ་དང་བཞི་ལས། དང་པོ་ནི། མདོར། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་ཚད་མ་གཉིས་སུ་གྲངས་ངེས་པའི་སྒྲུབ་བྱེད་དུ་གཞལ་བྱ་གཉིས་སུ་ངེས་པ་ཙམ་ཞིག་གསུང་ཅིང་། དེ་ཉིད་འདིར། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་སོ། །འདིའི་ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་སྒྲུབ་པ་དང་། ཁྱབ་པ་སྒྲུབ་པ་གཉིས་ལས། དང་པོ་ནི། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ཏེ། འབྲས་བུའི་སྒོ་ནས་དོན་བྱེད་ནུས་མི་ནུས་ཀྱི་ཆོས་གཉིས། རང་གི་ངོ་བོའི་སྒོ་ནས་འདྲ་བ་ཐུན་མོང་བ་དང་། མི་འདྲ་བ་ཐུན་མོང་མ་ཡིན་པའི་ཆོས་གཉིས། ཡུལ་ཅན་སྒྲའི་སྒོ་ནས་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པ་དང་། མ་ཡིན་པ་གཉིས། ཡུལ་ཅན་ཤེས་པའི་སྒོ་ནས་རྟོག་པའི་སྣང་ཡུལ་དང་། རྟོག་མེད་ཤེས་པའི་སྣང་ཡུལ་གཉིས་སུ་ངེས་པའི་ཕྱིར་ཞེས་པ་ནི། དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་སོགས་ཀྱིས་སྟོན་ཏོ། །འོ་ན་རང་སྤྱི་གཉིས་ཀྱི་མཚན་གཞི་ནི་གང་། ངོ་བོ་ཇི་ལྟ་བུ། ཐ་དད་དུ་ཕྱེ་བའི་དོན་གང་ཞེ་ན། བདེན་པ་གཉིས་པོ་དེ་མཚན་གཞི་ཡིན་ནོ་ཞེས་པ་ནི། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་སོགས་སོ། སྤྱི་མཚན་གྱི་ངོ་བོ་དངོས་པོར་མེད་ཅིང་། དངོས་པོར་ཡོད་པ་ནི་རང་མཚན་ཡིན་ནོ་ཞེས་པ་ནི། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་སོགས་སོ། །རང་མཚན་གཅིག་ཉིད་ལ་འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་སུ་ཕྱེ་བ་ཡིན་ནོ་ཞེས་པ་ནི། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་སོ། །གཉིས་པ་ཁྱབ་པ་སྒྲུབ་པ་ནི་གཞལ་བྱ་ལ་གཉིས་སུ་ངེས་ན་ཚད་མ་ལ་གཉིས་སུ་ངེས་པས་ཁྱབ་སྟེ། གཞལ་བྱ་རང་མཚན་གཅིག་ཉིད་ལ་ཚད་མ་གཉིས་འཇལ་བྱེད་དུ་འཇུག་པའི་ཚེ་གཉིས་ཆར་གྱི་འཇུག་ཡུལ་རང་མཚན་ཁོ་ན་ཡིན་ཀྱང་། འཇུག་ཡུལ་དེ་རྟོགས་པའི་ཚུལ་ལ་མངོན་གྱུར་དུ་རྟོགས་པའི་ཚུལ་དང་། ལྐོག་གྱུར་དུ་རྟོགས་པའི་ཚུལ་གཉིས་ལས། མངོན་གྱུར་དུ་རྟོགས་པའི་བློ་ནི་མངོན་སུམ་དང་། དེའི་སྣང་ཡུལ་རང་མཚན་དང་། ལྐོག་གྱུར་དུ་རྟོགས་པའི་བློ་ནི་རྗེས་དཔག་དང་། དེའི་སྣང་ཡུལ་སྤྱི་མཚན་ཡིན་པའི་ཕྱིར་ཞེས་པ་ནི། གང་ལ་དོན་གྱི་ནུས་པ་ལས། །ཞེས་སོགས་སོ། །གཉིས་པ་ལ་གྲངས་ཉུང་བའི་གནོད་བྱེད་མེད་པ་དང་། གྲངས་མང་བའི་གནོད་བྱེད་མེད་པ་གཉིས་ལས། དང་པོ་ནི། རྒྱང་འཕེན་པ་ན་རེ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་མི་འཐད་དེ། ཚད་མ་མངོན་སུམ་གཅིག་པུར་ངེས་པའི་ཕྱིར་ཏེ། རྗེས་དཔག་ཚད་མ་མིན་པའི་ཕྱིར། ཞེས་འདོད་པ་དེ་འགོག་པར་བྱེད་པའི་གཞུང་མདོར་སྐབས་འདིར་མ་གསུངས་ཀྱང་། སློབ་དཔོན་གྱིས་གྲངས་གཞན་འགོག་པ་ལ་གྲངས་མང་ཉུང་གཉིས་ཀ་འགོག་དགོས་པར་དགོངས་ནས་འདིར་ཁ་བསྐང་བ་ནི། མེད་པ་གཞལ་བྱ་མིན་པའི་ཕྱིར། །གཅིག་ཉིད་ཅེ་ན་ཁོ་བོའང་འདོད། །ཅེས་སོགས་གསུངས་སོ། །གཉིས་པ་ལ། བྱེ་བྲག་པ་དང་། རིག་པ་ཅན་པ་སོགས་ན་རེ། ཚད་མ་ལ་གཉིས་སུ་གྲངས་ངེས་པ་མི་འཐད་དེ། ཁ་དོག་མི་རྟག་པར་རྟོགས་པའི་བློ་དེ་ཚད་མ་ཡིན་ཀྱང་མངོན་རྗེས་གཉིས་སུ་མ་འདུས་པའི་ཕྱིར་ཞེས་སྨྲ་བ་དེ་འགོག་པ་ལ། མདོར། དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ནོ། །ཞེས་གསུང་ཤིང་། དེའི་དོན་འདིར་ཡང་། སྐྱོན་འདི་ཐལ་བར་མི་འགྱུར་ཏེ། །ཞེས་སོགས་གསུངས་སོ། །གྲངས་ཅན་པ་རྣམས་ངོ་ཤེས་ཀྱི་བློ་དེ་ཚད་མ་གཉིས་སུ་མ་འདུས་པའི་ཕུང་པོ་གསུམ་པར་འདོད་པ་འགོག་པ་ནི། མདོར། ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་གསུངས་ཤིང་། དེའི་དོན་འདིར་ཡང་། སྐད་ཅིག་སོ་སོར་ཐ་དད་ཕྱིར། །ཞེས་སོགས་གསུངས་སོ། །གཉིས་པ་གྲངས་གཞན་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པ་ལ། ཚད་མ་ལ་གྲངས་གཞན་དགག་པ་དང་། གྲངས་གཞན་ལ་ཚད་མ་དགག་པ་གཉིས་ལས། དང་པོ་ནི། རྒྱང་འཕེན་པས་རྗེས་དཔག་ཚད་མ་མ་ཡིན་པས་ཚད་མ་མངོན་སུམ་གཅིག་པོར་འདོད་པ་ལ་ཁས་བླངས་ཀྱིས་གནོད་པ་དང་། དངོས་སྟོབས་རིགས་པས་གནོད་པ་གཉིས་ལས་དང་པོ་ནི། རྣམ་ངེས་ལས། ཚད་དང་ཅིག་ཤོས་གཅིག་བཞག་དང་། །གཞན་བློ་རྟོགས་པར་བྱེད་ཕྱིར་དང་། །གཞན་དག་འགོག་པར་བྱེད་ཕྱིར་ཡང་། །ཚད་མ་གཞན་ནི་སྲིད་པ་ཉིད། །ཅེས་གསུངས་སོ། །གཉིས་པ་ནི། དགག་སྒྲུབ་ཀྱི་རྩ་བ་འགལ་འབྲེལ་གདོན་མི་ཟ་བར་ཁས་བླངས་དགོས་པས་དེ་ངེས་བྱེད་ཀྱི་བློ་རྗེས་དཔག་ཚད་མར་གྲུབ་སྟེ། དེ་ལྟར་ཡང་། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལ་ཚད་མ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་སྒྲ་བྱུང་གི་ཚད་མ་ལ་ཚད་མ་དགག་པ། ཁ་དོག་མི་རྟག་པར་ངེས་པའི་བློ་ལ་ཚད་མ་དགག་པ། ངོ་ཤེས་ཀྱི་བློ་ལ་ཚད་མ་དགག་པ། དེ་ཚུལ་གཞན་ལ་བསྒྲེ་བ་དང་བཞི་ལས། དང་པོ་ནི། སྒྲ་བྱུང་གི་ཚད་མ་དེ་ཚད་མ་གཉིས་སུ་མ་འདུས་པའི་ཚད་མ་ཕུང་པོ་གསུམ་པ་ཡིན་ན། དེ་རྗོད་བྱེད་ཀྱི་ཚིག་གི་རྟགས་ལས་བརྗོད་བྱའི་དོན་དཔོག་པ་ལ་བྱེད་དམ། ཀུན་སློང་གི་བསམ་པ་དཔོག་པ་ལ་བྱེད། དང་པོ་ལྟར་ན་ཚད་མ་ཡིན་པ་མི་སྲིད་དེ། རྗོད་བྱེད་ཀྱི་ཚིག་དེ་བརྗོད་བྱའི་དོན་ལ་མེད་ན་མི་འབྱུང་བའི་འབྲེལ་པ་མ་གྲུབ་པའི་ཕྱིར་ཏེ། སྐྱེས་བུ་ཙམ་གྱི་ཚིག་འཁྲུལ། སྐྱེས་བུ་ཁྱད་པར་ཅན་གྱི་ཚིག་རྟོགས་པར་དཀའ། སྐྱེས་བུས་མ་བྱས་པའི་ཚིག་མི་སྲིད་པའི་ཕྱིར་ཞེས་པ་ནི། སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ་ཞེས་སོགས་ཀྱིས་སྟོན་ནོ། །གཉིས་པ་ལྟར་ན། མངོན་རྗེས་གཉིས་སུ་མ་འདུས་པའི་གཏན་ཚིགས་མ་གྲུབ་སྟེ། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར་རོ། །འོ་ན་དེའི་རྟེན་གཞི་གཏན་ཚིགས་ཇི་ལྟར་ཞེ་ན། བུམ་པ་ཞེས་པའི་ཚིག་ཆོས་ཅན། བརྗོད་འདོད་ཀྱི་ཀུན་སློང་སྔོན་དུ་སོང་སྟེ། རྗོད་བྱེད་ཀྱི་ཚིག་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་སྟེ། སྒྲ་ལས་བྱུང་བ་ཡང་། མངོན་པར་འདོད་པ་སྟོན་ཕྱིར་རོ། །ཞེས་དང་། དེ་དག །སྨྲ་པོའི་བསམ་པ་སྟོན་པར་བྱེད། །ཅེས་པ་རྣམས་ཀྱིས་སྟོན་ཏོ། །འདི་ལ་ཡང་སློབ་དཔོན་ཆོས་མཆོག་ནི། སྨྱོ་གཉིད་གོམས་དང་རྗེས་ཟློས་ནོར། །ཅེས་པའི་གནས་སྐབས་ལྔ་བྲལ་གྱི་ཚིག་དགོས་པར་བཞེད་ཀྱང་བརྗོད་དོན་གྱི་རྣམ་པ་ཤར་བའི་བརྗོད་འདོད་ཁྱད་པར་ཅན་བསྒྲུབ་པ་ལ་དགོས་ཀྱི་ཀུན་སློང་ཙམ་བསྒྲུབ་པ་ལ་མི་དགོས་པ་མངོན་ནོ། །འདི་ལ་ཁ་ཅིག ཐམས་ཅད་མཁྱེན་པའི་ཚིག་ལ་ཀུན་སློང་མེད་པས་མ་ངེས་སོ་ཞེས་པ་ནི་མི་འཐད་དེ། དེ་ལ་ཡང་ཀུན་སློང་སྙིང་རྗེ་ཡོད་པས་ཀུན་སློང་ལ་རྟོག་པས་མ་ཁྱབ་པའི་ཕྱིར་ཏེ། ཤཱས། འོན་ཀྱང་ཆགས་པ་དང་བྲལ་བ་ལ་སྨྲ་བའི་རྒྱུ་ནི་མེད་པ་མ་ཡིན་ཏེ། སྨྲ་བ་གཞན་གྱི་དོན་གྱི་ཕྱིར། དེའི་དོན་སྒྲུབ་པའི་བསམ་པས་དེ་བརྗོད་པར་འདོད་པ་ཉིད་ནི་སྙིང་རྗེའི་བདག་ཉིད་ཁོ་ན་ཡིན་པ་དེས་ན་དེ་ནི་སྙིང་རྗེའི་རང་བཞིན་ཉིད་ཀྱིས་བསྟན་ནོ་ཞེས་དང་། རྒྱན་ལས་ཀྱང་། དོན་ཀུན་གསལ་བ་ཉིད་དུ་ནི། །ཞེས་ཀྱང་བརྗོད་འདོད་འཇུག་འགྱུར་ཏེ། །གོམས་ཕྱིར་དེ་ལ་བརྗོད་འདོད་ནི། །གང་ལས་མེད་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །གཉིས་པ་ལ། ཁ་དོག་མི་རྟག་པར་ངེས་པའི་བློ་དེ་ཚད་མ་གཉིས་སུ་མ་འདུས་པའི་ཕུང་པོ་གསུམ་པ་ཡིན་ན། དེ་བྱས་རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པའི་བློ་ལ་བྱེད་དམ། ཁ་དོག་འཛིན་པའི་མངོན་སུམ་གྱི་རྗེས་སུ་བྱུང་བའི་ཁ་དོག་མི་རྟག་པར་ངེས་པའི་ངེས་ཤེས་ལ་བྱེད། དང་པོ་ལྟར་ན་ཚད་མ་གཉིས་སུ་མ་འདུས་པ་མ་གྲུབ་སྟེ། རྗེས་དཔག་ཚད་མ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་ཚད་མ་ཡིན་པ་མི་གྲུབ་སྟེ། བཅད་ཤེས་ཡིན་པའི་ཕྱིར། གསུམ་པ་ནི། ངོ་ཤེས་ཀྱི་བློ་ཚད་མ་གཉིས་སུ་མ་འདུས་པའི་ཕུང་པོ་གསུམ་པ་ཡིན་པ་མི་འཐད་དེ། དེ་ཚད་མ་མིན་པའི་ཕྱིར་རོ། །བཞི་པ་ནི། དོན་གྱིས་གོ་བའི་ཚད་མ་དང་། དཔེ་ཉེར་འཇལ་གྱི་ཚད་མ་སོགས་ཚད་མ་གཉིས་སུ་མ་འདུས་པའི་ཚད་མ་ཇི་སྙེད་འདོད་པ་ཐམས་ཅད་ཀྱང་མི་འཐད་དེ། ཚད་མ་ཡིན་པ་རྣམས་ནི་མངོན་རྗེས་གཉིས་ཀྱི་ཁོངས་སུ་འདུས་ཤིང་། དེར་མ་འདུས་པ་རྣམས་ཚད་མ་མིན་པའི་ཕྱིར་ཏེ། མྱོང་བ་ལ་བརྟེན་ནས་རྟོགས་པའི་ཚུལ་དང་། རྟགས་ལ་བརྟེན་ནས་རྟོགས་པའི་ཚུལ་ལས་གཞན་པའི་གཞལ་བྱ་རྟོགས་ཚུལ་གསུམ་པ་མེད་པའི་ཕྱིར་རོ། །དྲུག་པ་ནི། སྤྱིར་མིང་ལ་བརྗོད་བྱའི་སྒོ་ནས་དབྱེ་ན་ལྷས་སྦྱིན་ཞེས་པ་ལྟ་བུ་མིང་ལ་ལྟོས་པ་དང་། ཤིང་ཞེས་པ་ལྟ་བུ་རིགས་ལ་ལྟོས་པ་གཉིས་སོ། །ངོ་བོའི་སྒོ་ནས་དབྱེ་ན་ཐམས་ཅད་མཁྱེན་པ་ཞེས་པ་ལྟ་བུ་བཤད་པ་རྒྱུ་མཚན་དུ་བྱས་པའི་མིང་དང་། བུམ་པ་ཞེས་པ་ལྟ་བུ་འཇུག་པ་རྒྱུ་མཚན་དུ་བྱས་པའི་མིང་གཉིས་སོ། །འདི་ལ་བཤད་འཇུག་འགལ་བ་དང་། མི་འགལ་བ་དང་། འགལ་ཞིང་མི་འགལ་བ་གསུམ་ལས། དང་པོ་ནི། བྱེའུ་ཏིལ་འཐུང་ཞེས་པ་ལྟ་བུ་དང་། བྱ་ལུག་རྫི་མོ་ཞེས་པ་ལྟ་བུའོ། །གཉིས་པ་ནི། ཐམས་ཅད་མཁྱེན་པ་ཞེས་པ་དང་། མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །གསུམ་པ་ནི། འགལ་འདུ་མུ་གསུམ་པ་སྟེ། དཔེར་ན་མཚོ་སྐྱེས་ཞེས་པ་ལྟ་བུ་ལ་མཚོན་ན། འཇུག་པ་ནི་པདྨ་ལ་འཇུག་ལ་བཤད་ན་མཚོ་ལས་སྐྱེས་པའི་ཕྱིར་མཚོ་སྐྱེས་སོ། །དེ་ལ་གསུམ་ལས། མཚོ་ལས་སྐྱེས་པའི་པད་མོ་ལ་བཤད་འཇུག་གཉིས་ཀ་ཡོད་ཅིང་། སྐམ་ལས་སྐྱེས་པའི་པད་མོ་ལ་འཇུག་ཏུ་ཡོད་ཅིང་བཤད་དུ་མེད་ལ། མཚོ་ལས་སྐྱེས་པའི་སྦལ་པ་ལ་བཤད་དུ་ཡོད་ཀྱང་འཇུག་ཏུ་མེད་དོ། །འོ་ན་སྐམ་ལས་སྐྱེས་པའི་ལྡོང་དུམ་ལྟ་བུ་བཤད་འཇུག་གཉིས་ཀ་མེད་པའི་མུ་བཞི་པ་ཅིའི་ཕྱིར་མི་བགྲང་ཞེ་ན་སྐྱོན་མེད་དེ། དེ་ནི་མཚོ་སྐྱེས་ཀྱི་མིང་ལ་མི་ལྟོས་པའི་ཕྱིར་རོ། །དེ་བཞིན་དུ་མངོན་སུམ་ལ་མུ་གསུམ་དང་། རྗེས་དཔག་ལ་མུ་གཅིག་སྟེ། མངོན་སུམ་གྱི་སྐད་དོད་དུ་པྲ་ཏི་ཨཀྵ་ཞེས་པའི་པྲ་ཏི་ནི་སོ་སོ་དང་། ཨཀྵ་ནི་དབང་པོ་ལ་འཇུག་པས་དབང་པོ་སོ་སོ་ལ་བརྟེན་པས་ན་མངོན་སུམ་ཞེས་པར་འགྱུར་ལ། དེ་ཡང་མངོན་སུམ་དང་པོ་གཉིས་ལ་བཤད་འཇུག་གཉིས་ཀ་ཡོད་ཅིང་། ཕྱི་མ་གཉིས་ལ་འཇུག་ཏུ་ཡོད་ཀྱང་བཤད་དུ་མེད། དབང་ཤེས་འཁྲུལ་པ་རྣམས་ལ་བཤད་དུ་ཡོད་ཀྱང་འཇུག་ཏུ་མེད་པའི་ཕྱིར་དང་། རྗེས་དཔག་གི་སྐད་དོད་དུ་ཨ་ནུ་མཱ་ཎ་ཞེས་འབྱུང་བའི་ཨ་ནུ་ནི་ཕྱིས་སམ་རྗེས་ལ་འཇུག་ཅིང་མཱ་ཎ་ནི་འཇལ་བ་ལ་འཇུག་པས་ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས་པའི་རྗེས་སུ་བསྒྲུབ་བྱ་འཇལ་བའི་དོན་གྱིས་ན་རྗེས་དཔག་ཞེས་བཤད་འཇུག་གཉིས་ཀ་ཡོད་པའི་མུ་ཡིན་པའི་ཕྱིར། གཉིས་པ་མཚན་གཞི་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། མངོན་སུམ་གྱི་མཚན་གཞི་ལ་ལོག་རྟོགས་དགག་པ་དང་། རྗེས་དཔག་གི་མཚན་གཞི་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་མ་ཡིན་པ་ལ་ཡིན་པར་རྟོག་པ་དགག་པ་དང་། ཡིན་པ་ལ་མིན་པར་རྟོག་པ་དགག་པ་གཉིས། དང་པོ་ལ་ཡུལ་ལ་འཁྲུལ་པ་དང་། དུས་ལ་འཁྲུལ་པ་དང་། རྣམ་པ་ལ་འཁྲུལ་པ་མངོན་སུམ་དུ་རྟོག་པ་དགག་པ་གསུམ་ལས། དང་པོ་ནི། ཁ་ཅིག ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་དེ་ནོར་བུ་རང་མཚན་པ་ལ་མངོན་སུམ་གྱི་ཚད་མར་འདོད་པ་མི་འཐད་དེ། ནོར་བུ་རང་མཚན་པས་རང་ངོས་ནས་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར་རོ། །འདི་བློ་རིགས་གང་ཡིན་དཔྱད་པ་ལ་འགྲེལ་པ་རྣམས་ལས་ཇི་ལྟར་བཤད་པའི་ཚུལ། འཐད་མི་འཐད་སོ་སོར་དཔྱད་པ། སྐབས་དོན་ངོས་བཟུང་བ་དང་གསུམ་ལས། དང་པོ་ལ་རྗེས་དཔག་ཏུ་བཞེད་པ་དང་། མངོན་སུམ་དུ་བཞེད་པ་དང་། ལོག་ཤེས་སུ་བཞེད་པ་དང་གསུམ། དང་པོ་ནི། ལྷ་ཤཱཀ་གཉིས་ཀྱིས་ནོར་བུའི་འོད་ཀྱི་རྟགས་ལས་གཞི་དེར་ནོར་བུ་ཡོད་པར་རྟོགས་པའི་རྗེས་དཔག་ཏུ་བཞེད་དེ། ལྷས་བཟློག་པའི་སྦྱོར་བ་དང་པོ་ལ་ནོར་བུའི་འོད་ལ་ནོར་བུའི་བློས་མ་ངེས་ཞེས་དང་། ཤཱས་བཟློག་པའི་སྦྱོར་བ་དང་པོ་ཞེས་བྱ་བ་ནི་གང་ཚད་མ་ཡིན་པ་དེ་ནི་འཁྲུལ་པར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། ནོར་བུའི་འོད་ལ་ནོར་བུའི་བློས་མ་ངེས་པ་ཡིན་ཏེ། འཁྲུལ་པ་ཉིད་ནའང་ནོར་བུའི་དངོས་པོ་ལ་མི་བསླུ་བའི་སྒོ་ནས་ཚད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་མི་བསླུ་བའི་ཕྱིར་ཚད་མ་ཡིན་ནོ་ཞེས་བྱ་བ་ཚད་མ་སྤྱིའི་མཚན་ཉིད་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་ལ་ཡང་ཡོད་པ་ཡིན་ནོ་ཞེས་དང་། ལྐོག་ཏུ་གྱུར་པའི་དོན་གཞན་འབྲེལ་པ་ལ་ཡང་བརྟེན་པ་ཡིན་ན། རྗེས་སུ་དཔག་པ་ཡིན་ནོ་ཞེས་དེ་མ་ཐག་ཉིད་དུ་རྣམ་པར་འཇོག་པར་འགྱུར་རོ། །འདིར་ཡང་། ནོར་བུའི་འོད་ཀྱི་འབྲེལ་པ་དེའི་འབྲས་བུ་ཉིད་ལས་ནོར་བུའི་འོད་དེ་ལ་ནོར་བུར་ཇི་ལྟར་འཁྲུལ་པ་སྐྱེ་བར་འགྱུར་རོ། །དེ་བས་ན་འབྲས་བུའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པ་ཉིད་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། རྒྱན་མཛད་པ་དཔོན་སློབ་ཀྱིས་མངོན་སུམ་དུ་བཞེད་དེ། རྒྱན་ལས། དེ་ཕྱིར་ནོར་བུའི་འོད་ལ་ནི། །ནོར་བུར་ཤེས་པའི་ཤེས་པ་ནི། །དེ་ཉིད་དུ་ན་མངོན་སུམ་མམ། །ཡང་ན་རྗེས་དཔག་ཉིད་དུ་ངེས། །ཞེས་དང་། དེ་ནི་མངོན་སུམ་ཚད་མ་ཉིད། །ཇི་ལྟར་འཁྲུལ་པ་དེ་འདྲ་ཡིན། །མི་བསླུ་བ་ན་ཚད་མ་ཉིད། །འཁྲུལ་དང་མ་འཁྲུལ་གང་དུ་དོགས། །ཞེས་མངོན་སུམ་དུ་འདོད་པ་དོགས་སྤོང་དང་བཅས་པ་གསུངས་ཤིང་། འགྲེལ་བཤད་གཉིས་ཀས། དེ་ཉིད་དུ་ན་མངོན་སུམ་མམ། །ཞེས་བྱ་བ་ནི་རང་གི་འདོད་པའོ། །ཡང་ན་རྗེས་དཔག་ཉིད་དུ་ངེས། །ཞེས་བྱ་བ་ནི་ཤཱཀྱ་བློ་འདོད་པའོ་ཞེས་དང་། ཉི་མ་སྦས་པས་ཀྱང་། འོན་ཏེ་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ཚད་མ་གང་ཞེ་ན། དེ་ནི་མངོན་སུམ་ཚད་མ་ཉིད་དོ། །འོ་ན་མངོན་སུམ་འཁྲུལ་པར་ཇི་ལྟར་འགྱུར་ཞེ་ན། དེ་ནི་མི་བདེན་ཏེ། འཁྲུལ་པའམ་མ་འཁྲུལ་ཡང་རུང་སྟེ་བསླུ་བ་མེད་པ་ཉིད་ཚད་མ་ཡིན་ནོ་ཞེས་གསུངས་སོ། །གསུམ་པ་ནི། ཆོས་མཆོག་གིས་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་ཤེས་པ་དང་། མར་མེའི་འོད་ལ་ནོར་བུར་འཛིན་པའི་ཤེས་པ་གཉིས་ལོག་ཤེས་སུ་མཚུངས་པས་འཇུག་ཡུལ་ཐོབ་པའི་དོན་མི་བྱེད་པར་མཚུངས་ཀྱང་འཇུག་ཡུལ་ཐོབ་པའི་དོན་བྱེད་པའི་ཚད་མ་གཞན་གྱི་རྟེན་བྱེད་པ་དང་མི་བྱེད་པའི་ཁྱད་པར་ཡོད་པར་བཞེད་དེ། འཐད་ལྡན་ལས་ནོར་བུའི་འོད་དང་མར་མེའི་འོད་ལ་ནོར་བུར་ཤེས་པ་གང་ཡིན་པ་དེ་དག་ལོག་པའི་ཤེས་པ་བསླུ་བ་ཉིད་དུ་ནི་ཁྱད་པར་ཡོད་པ་མ་ཡིན་ཏེ། གཉིས་ཀས་ཀྱང་ཞེན་པར་བྱས་པའི་ཡུལ་མི་ཐོབ་པའི་ཕྱིར་རོ་ཞེས་དང་། ཇི་ལྟར་འདི་དག་རང་གི་ཡུལ་ལ་བསླུ་བར་ཁྱད་པར་མེད་ཀྱང་དོན་བྱེད་ནུས་པ་ཐོབ་པའི་རྒྱུ་མཚན་གྱིས་ཤེས་པའི་རྒྱུ་ཡིན་པ་དང་མ་ཡིན་པའི་ཁྱད་པར་ཡོད་པ་ཡིན་ཏེ། གཅིག་ནོར་བུ་དང་བརྒྱུད་ནས་འབྲེལ་བའི་ཕྱིར་ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་ལུགས་གསུམ་ལས་དང་པོ་མི་འཐད་དེ། ནོར་བུའི་འོད་ཀྱི་རྟགས་ལས་གཞི་དེར་ནོར་བུ་ཡོད་པ་རྟོགས་པའི་རྗེས་དཔག་དེ་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་ཡིན་པར་ཐལ། དེ་ལྟར་འཛིན་པའི་བློ་དེ་རྗེས་དཔག་ཡིན་པའི་ཕྱིར། འདོད་ན། དུ་བའི་རྟགས་ལས་དུ་ལྡན་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་དེ་དུ་བ་མེར་འཛིན་པའི་བློ་ཡིན་པར་ཐལ་ལོ། །གཞུང་གི་དགོངས་པ་ཡང་མ་ཡིན་ཏེ། རྗེས་དཔག་ཐམས་ཅད་འཁྲུལ་པའི་ཕྱིར་ན་ཚད་མ་མ་ཡིན་ཅེས་པའི་ལན་དུ་རྗེས་དཔག་གི་ཆ་ཤས་འགའ་ཞིག་འཁྲུལ་ཡང་ཚད་མ་ཡིན་པ་བཞིན་ནོ་ཞེས་བཀོད་པ་ལ་འབྲེལ་མེད་པའི་ཕྱིར། ལུགས་གཉིས་པ་ཡང་མི་འཐད་དེ། ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་དེ་ནོར་འོད་མཐོང་བའི་དབང་ཤེས་ལ་བྱེད་དམ། རྗེས་ཀྱི་འདི་ནི་ནོར་བུའོ་སྙམ་དུ་འཛིན་པའི་བློ་ལ་བྱེད། དང་པོ་ལྟར་ན་མི་འཐད་དེ། དེས་ནོར་བུའི་འོད་ལ་ནོར་བུར་འཛིན་པ་མེད་པའི་ཕྱིར་ཏེ། ཐག་ཁྲ་མཐོང་བའི་དབང་ཤེས་དེས་ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང་མི་འཐད་དེ། དེ་ནི་རྟོག་པ་ཡིན་པས་མངོན་སུམ་དུ་འགལ་བའི་ཕྱིར་རོ། །གཞུང་གི་དགོངས་པ་ཡང་མ་ཡིན་ཏེ། རྗེས་དཔག་ཐམས་ཅད་འཁྲུལ་བའི་ཕྱིར་ན་ཚད་མ་མིན་པར་འདོད་པ་ལ་མངོན་སུམ་གྱི་ཆ་ཤས་འགའ་ཞིག་ལོག་ཤེས་ཡིན་ཡང་ཚད་མ་ཡིན་པ་བཞིན་ནོ་ཞེས་བཀོད་པ་ལ་འབྲེལ་མེད་པའི་ཕྱིར་རོ། །འུ་ཡུག་པས་རྒྱན་གྱི་དགོངས་པར་མཛད་ནས་མཛོད་ཕུགས་ན་ནོར་བུ་ཡོད་པའི་འོད་སྒོ་གསེབ་ན་ཤར་བ་ན་ནོར་བུའི་འོད་མཐོང་བའི་དབང་ཤེས་དེ་ནོར་བུ་ལ་གཞན་ངེས་ཚད་མ་དང་། ནོར་འོད་ལ་རང་ངེས་ཚད་མ་ཡིན་ཞེས་བཞེད་པ་ཡང་མི་འཐད་དེ། དབང་ཤེས་དེ་ནོར་བུ་ལ་གཞན་ངེས་ཚད་མ་མིན་པའི་ཕྱིར་ཏེ། དེ་ལ་ཚད་མ་མིན་པའི་ཕྱིར་རོ། །ལུགས་གསུམ་པ་གཞུང་ལ་སྦྱར་བའི་ཚེ་འཐད་པ་ནི་རང་ལུགས་ཀྱི་སྐབས་སུ་འབྱུང་ངོ་། །གསུམ་པ་ནི། མཛོད་ཕུགས་ན་ནོར་བུ་ཡོད་པའི་འོད་སྒོ་གསེབ་ཏུ་ཤར་བ་ན་ནོར་འོད་མཐོང་བའི་དབང་ཤེས་སྐྱེ་ཞིང་དེ་ནི་མངོན་སུམ་ཡིན་ཏེ། དོན་རང་མཚན་གྱིས་རང་ངོས་ནས་རང་འདྲའི་རྣམ་པ་གཏད་པའི་དབང་ཤེས་ཡིན་པའི་ཕྱིར། འཁྲུལ་རྒྱུ་མེད་པའི་ཚེ་ནོར་འོད་ལ་རང་ངེས་ཚད་མ་ཡིན་ཏེ། དེའི་ཚེ་ནོར་འོད་ལ་ནོར་འོད་དུ་ངེས་པའི་ངེས་ཤེས་རང་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཕྱིར། འཁྲུལ་རྒྱུ་ཡོད་པའི་ཚེ་ནོར་འོད་ལ་གཞན་ངེས་ཚད་མ་ཡིན་ཏེ། དེའི་ཚེ་ནོར་འོད་ལ་ནོར་བུར་འཛིན་པའི་ལོག་ཤེས་འདྲེན་པའི་ཕྱིར་རོ། །ངེས་ཤེས་དྲངས་པའི་ཚེ་དེ་ཉིད་རྟགས་འཛིན་སེམས་སུ་སོང་ནས་ནོར་འོད་ཀྱི་རྟགས་ལས་གཞི་དེར་ནོར་བུ་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ཡིན་ལ། ལོག་ཤེས་དྲངས་པའི་ཚེ། དེས་མངོན་སུམ་དང་རྗེས་དཔག་གི་རྟེན་བྱེད་པའང་སྲིད་དེ། ལོག་ཤེས་ཀྱི་སྒོ་ནས་ནོར་བུ་ཐོབ་པའི་ཆེད་དུ་རྒྱུག་པས་ནོར་བུའི་མདུན་དུ་སླེབས་པ་ན་ནོར་བུ་མཐོང་བའི་དབང་མངོན་སྐྱེ་ཞིང་ལོག་ཤེས་ཀྱི་རྒྱུན་དེ་ཉིད་ལ་ཡིད་གཏད་པ་ན་ཡུལ་གྱི་སྤུ་རིས་ཕྱེད་ནས་ནོར་འོད་དུ་ངེས་པའི་ངེས་ཤེས་སུ་འགྱུར་སྲིད་པས་དེའི་ཚེ་སྔར་བཞིན་དུ་རྗེས་དཔག་སྐྱེ་བའི་ཕྱིར་རོ། །དེས་ན་ནོར་འོད་ལ་ནོར་བུར་འཛིན་པའི་ཤེས་པ་དང་། སྒྲོན་འོད་ལ་ནོར་བུར་འཛིན་པའི་ཤེས་པ་གཉིས་ཚད་མ་ཡིན་མིན་གྱི་ཁྱད་པར་ཡོད་པ་ཡང་མ་ཡིན་ཏེ། གཉིས་ཀ་ཚད་མ་མིན་པར་མཚུངས་པའི་ཕྱིར། འཇུག་ཡུལ་ཐོབ་པའི་དོན་བྱེད་པ་དང་། མི་བྱེད་པའི་ཁྱད་པར་ཡོད་པ་ཡང་མ་ཡིན་ཏེ། གཉིས་ཀས་འཇུག་ཡུལ་མི་ཐོབ་པར་མཚུངས་པའི་ཕྱིར་དང་། གཞུང་ལས་ཀྱང་། ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་གསུངས་ཀྱི། འཇུག་ཡུལ་ཐོབ་མི་ཐོབ་ཀྱི་ཁྱད་པར་ཡོད་པར་མ་གསུངས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དང་། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་གཉིས་འཁྲུལ་པ་ཡིན་མིན་གྱི་ཁྱད་པར་མེད་ཀྱང་ཚད་མ་ཡིན་མིན་གྱི་ཁྱད་པར་ཡོད་དེ། དཔེར་ན་ནོར་འོད་ལ་ནོར་བུར་འཛིན་པའི་བློ་དང་། སྒྲོན་འོད་ལ་ནོར་བུར་འཛིན་པའི་བློ་གཉིས་ལོག་ཤེས་སུ་ཁྱད་པར་མེད་ཀྱང་འཇུག་ཡུལ་ཐོབ་པའི་ཚད་མ་གཞན་གྱི་རྟེན་བྱེད་པ་དང་མི་བྱེད་པའི་ཁྱད་པར་ཡོད་པ་བཞིན་ནོ་ཞེས་པ་ནི་རྩ་བའི་དགོངས་པ་བླ་ན་མེད་པ་སྟེ། དོན་ལ་རྟོན་པ་དག་གིས་དཔྱོད་མཛོད་ཅིག གཉིས་པ་ནི། ཁ་ཅིག་ནམ་ཕྱེད་ལ་ཉིན་ཕྱེད་དུ་འཁྲུལ་ནས་ཉིན་ཕྱེད་ཀྱི་བུ་ཚ་རྨིས་པའི་རྨི་ལམ་གྱི་ཤེས་པ་དེ་ཉིན་ཕྱེད་ཀྱི་བུ་ཚ་ལ་མངོན་སུམ་གྱི་ཚད་མར་འདོད་པའང་མི་འཐད་དེ། ཉིན་ཕྱེད་ཀྱི་བུ་ཚ་དེས་རང་ངོས་ནས་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར་རོ། །གསུམ་པ་ནི་ཁ་ཅིག དུང་དཀར་སེར་འཛིན་གྱི་དབང་ཤེས་དེ་དུང་གི་ཁ་དོག་ལ་འཁྲུལ་ཡང་དབྱིབས་ལ་མངོན་སུམ་གྱི་ཚད་མ་དང་། ལྗོན་ཤིང་འགྲོར་སྣང་གི་དབང་ཤེས་དེ་ལྗོན་ཤིང་སྡོད་པའི་ཆ་ལ་འཁྲུལ་ཡང་ལྗོན་ཤིང་རང་མཚན་པ་ལ་མངོན་སུམ་གྱི་ཚད་མར་འདོད་པའང་མི་འཐད་དེ། དུང་གི་དབྱིབས་དང་ལྗོན་ཤིང་རང་མཚན་པ་ལ་མངོན་སུམ་གྱི་ཚད་མ་ཡིན་ན། དེ་གཉིས་དང་གྲུབ་བདེ་རྫས་གཅིག་པའི་དུང་གི་ཁ་དོག་དང་། ལྗོན་ཤིང་སྡོད་པའི་ཆ་ལ་ཡང་མངོན་གྱི་ཚད་མ་ཡིན་དགོས་པའི་ཕྱིར་རོ། །ཡང་ཁ་ཅིག དུང་དཀར་འཛིན་པའི་མིག་ཤེས་དེ་དུང་གི་རེག་བྱ་འཇམ་པ་དང་། ལྕི་བ་ལ་མངོན་སུམ་གྱི་ཚད་མ་དང་། མེ་ཆུའི་ཁ་དོག་མཐོང་བའི་མིག་ཤེས་དེས་དེ་གཉིས་ཀྱི་རེག་བྱ་ཚ་བ་དང་། གཤེར་བ་ལ་ཡང་མངོན་སུམ་གྱི་ཚད་མ་ཡིན་ཞེས་ཟེར་བ་མི་འཐད་དེ། རིག་བྱ་འཛིན་པའི་རྣམ་ཤེས་བསྐྱེད་པ་ལ་ལུས་དབང་དོན་མེད་པར་ཐལ། མིག་ཤེས་དེ་རེག་བྱ་ལ་ཚད་མ་ཡིན་པའི་ཕྱིར། འོ་ན་དུང་གི་ཁ་དོག་མིག་ཤེས་ཀྱིས་མཐོང་བའི་རྗེས་སུ་འདི་ལ་རེག་བྱ་འདི་དང་འདི་ཡོད་དོ་ཞེས་པའི་བློ་སྐྱེ་བ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་མངོན་སུམ་མ་ཡིན་ཏེ། སྐྱེ་མཆེད་ཀྱི་རྫས་གཞན་ལས་དུས་མཉམ་པའི་སྐྱེ་མཆེད་ཀྱི་རྫས་གཞན་དཔོག་པ་རྒྱུ་ཆོས་རྗེས་སུ་དཔོག་པའི་རྗེས་དཔག་ཡིན་པའི་ཕྱིར་རོ། །གཉིས་པ་ཡིན་པ་ལ་མ་ཡིན་པར་རྟོགས་པ་དགག་པ་ནི། ཁ་ཅིག སྒོ་རྒྱབ་ཀྱི་བུམ་པ་ལ་མཛོད་ཕུགས་ཀྱི་བུམ་པར་འཁྲུལ་དུས་ཀྱི་སྒོ་རྒྱབ་ཀྱི་བུམ་པ་འཛིན་པའི་མིག་ཤེས་ལྟ་བུ་ཡུལ་ལ་འཁྲུལ་པ་དང་། སྔ་དྲོའི་བུམ་པ་ལ་ཕྱི་དྲོ་བུམ་པར་འཁྲུལ་ནས་སྔ་དྲོའི་བུམ་པ་འཛིན་པའི་མིག་ཤེས་ལྟ་བུ་དུས་ལ་འཁྲུལ་པ་དང་། བུམ་པའི་དམར་པོ་ལ་སྣམ་བུའི་དམར་པོར་འཁྲུལ་ནས་བུམ་པའི་དམར་པོར་འཛིན་པའི་མིག་ཤེས་ལྟ་བུ་རྣམ་པ་ལ་འཁྲུལ་པ་དང་གསུམ། སྒོ་རྒྱབ་ཀྱི་བུམ་པ་སོགས་དོན་རང་མཚན་གསུམ་པོ་ལ་མངོན་སུམ་གྱི་ཚད་མ་མ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། དོན་རང་མཚན་གསུམ་པོ་དེས་ཤེས་པ་གསུམ་པོ་དེ་ལ་རང་ངོས་ནས་རང་འདྲའི་རྣམ་པ་གཏད་པའི་ཕྱིར། གལ་ཏེ་ཟླ་བ་གཉིས་སྣང་གི་དབང་ཤེས་དེ་ཡང་མངོན་སུམ་ཚད་མར་ཐལ་ལོ་ཞེ་ན། མི་མཚུངས་ཏེ། བུམ་པའི་དམར་པོ་སྣམ་བུའི་དམར་པོ་མ་ཡིན་པར་ངེས་ནས་དེ་སྣམ་བུའི་དམར་པོར་འཛིན་པའི་བློ་སྐྱེ་བ་མི་སྲིད་ཅིང་། ཟླ་གཉིས་མེད་པ་ངེས་ཀྱང་ཟླ་བ་གཉིས་སྣང་གི་ཤེས་པ་སྐྱེ་བ་སྲིད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྗེས་དཔག་ཡིན་པ་ལ་མ་ཡིན་པར་རྟོག་པ་དགག མིན་པ་ལ་ཡིན་པར་རྟོག་པ་དགག་པའོ། །དང་པོ་ནི། ཁ་ཅིག ནོར་བུའི་འོད་ཀྱི་རྟགས་ལས་གཞི་དེར་ནོར་བུར་ཡོད་པར་རྟོགས་པའི་བློ་ནི་རྗེས་དཔག་ཚད་མ་མིན་ཏེ། ནོར་བུ་རྟགས་སུ་བཀོད་ན་རྟགས་དང་རྟགས་ཅན་མེད། ནོར་འོད་རྟགས་སུ་བཀོད་ན་མ་གྲུབ། འོད་ཙམ་རྟགས་སུ་བཀོད་ན་མ་ངེས་པའི་ཕྱིར་ཞེའོ། །འོ་ན་སཱ་ལུའི་མྱུ་གུའི་རྟགས་ལས་གཞི་དེར་སཱ་ལུའི་ས་བོན་ཡོད་པར་རྟོགས་པའི་རྗེས་དཔག་ཚད་མ་མི་སྲིད་པར་ཐལ། སཱ་ལུའི་ས་བོན་རྟགས་སུ་བཀོད་ན་རྟགས་དང་རྟགས་ཅན་མེད། སཱ་ལུའི་མྱུ་གུ་རྟགས་སུ་བཀོད་ན་མ་གྲུབ། མྱུ་གུ་ཙམ་རྟགས་སུ་བཀོད་ན་མ་ངེས་པའི་ཕྱིར། འདོད་ན། དུ་བའི་རྟགས་ལས་ལ་མེ་ཡོད་དུ་དཔོག་པ་སོགས་འབྲས་རྟགས་ཕལ་ཆེར་འཁྲུལ་བར་འགྱུར་རོ། །གཉིས་པ་ནི། ཁ་ཅིག དུ་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་རྟག་པའི་མེ་ཡོད་པར་རྟོགས་པའི་བློ་དེ་རྗེས་དཔག་ཚད་མར་འདོད་པ་དང་། ཁ་ཅིག་ཡན་ལག་ཅན་གྱི་ལ་ལ་ཆོས་ཅན། རྟག་པའི་མེ་ཡོད་དེ། དོན་དམ་པའི་དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་རློམ་ཚོད་ལ་འཁྲུལ་ཡང་སོང་ཚོད་ལ་མ་འཁྲུལ་བ་ཡིན་ཟེར་བ་མི་འཐད་དེ། དེ་སྐོར་གྱི་ཚུལ་གསུམ་མ་གྲུབ་པའི་ཕྱིར། གལ་ཏེ་རྟག་པའི་མེ་དང་། དོན་དམ་པའི་དུ་བ་མ་གྲུབ་ཀྱང་། མེ་ཙམ་དང་། དུ་ཙམ་གྲུབ་པས་སྐྱོན་མེད་དོ་སྙམ་ན་མི་འཐད་དེ། ཁྱད་པར་བྱེད་ཆོས་རྟག་པའི་མེ་དང་དོན་དམ་པའི་དུ་བ་མ་གྲུབ་ན། དེས་ཁྱད་པར་དུ་བྱས་པའི་མེ་ཙམ་དང་དུ་ཙམ་ཡང་མ་སྒྲུབ་དགོས་པའི་ཕྱིར་རོ། །

རྗེས་དཔག་གི་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པ།

གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ་གསུམ་སྟེ། གཞུང་ལས་བསྟན་པའི་ཚུལ། མཁས་པ་རྣམས་ཀྱིས་བཀྲལ་བའི་ཚུལ། འཐད་པའི་ཕྱོགས་ངོས་བཟུང་བའོ། །དང་པོ་ནི། ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་དང་། མཚན་གཞི་མངོན་རྗེས་གཉིས་སུ་ངེས་ན་མཚན་གཞི་དེ་གཉིས་ཀྱི་སྟེང་དུ་མཚན་ཉིད་མི་བསླུ་བའི་ཤེས་པ་ཡོད་པར་རང་ལས་ངེས་པ་ཡིན་ནམ། གཞན་ལས་ངེས་པ་ཡིན། དང་པོ་ལྟར་ན་འགའ་ཡང་ཚད་མ་དང་ཚད་མིན་གྱི་མཚན་ཉིད་ལ་རྨོངས་པ་མེད་པས་བསྟན་བཅོས་ལས་དེ་གཉིས་ཀྱི་མཚན་ཉིད་བསྟན་པ་དོན་མེད་པར་འགྱུར་ཞིང་། གཉིས་པ་ལྟར་ན། དེ་ལ་ཡང་ངེས་བྱེད་གཞན་དགོས་པས་ངེས་བྱེད་ཐུག་མེད་དུ་འགྱུར་རོ་ཞེ་ན། དེའི་ལན་ལ། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །བསྟན་བཅོས་རྨོངས་པ་བཟློག་བྱེད་ཡིན། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། གཞན་ངེས་ཁོ་ནར་འདོད་པའི་ལུགས། རང་ངེས་ཁོ་ནར་འདོད་པའི་ལུགས། གཉིས་ཀ་ཡོད་པར་འདོད་པའི་ལུགས་སོ། །དང་པོ་ནི། བྲམ་ཟེས། ཚད་མ་ལས་སྟོན་གྲུབ་ན་ཡང་། །ཚད་མ་དེ་ཉིད་ལས་མ་ཡིན། །ཞེས་ཚད་མ་གཉིས་ཀྱིས་རང་རང་གི་འཇུག་ཡུལ་ངེས་པར་བྱེད་ཀྱང་མཚན་ཉིད་མི་བསླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་མི་བྱེད་པས་ཚད་མའི་རྗེས་སུ་སྐྱེས་པའི་བློ་དཔྱོད་པ་ཞེས་བྱ་བས་སྤྱིའི་མཚན་ཉིད་དང་། འགལ་འབྲེལ་ལ་སོགས་པ་ངེས་པར་བྱེད་པས་ན་ཚད་མའི་མཚན་ཉིད་ནི་གཞན་ཁོ་ན་ལས་ངེས་པར་བྱེད་དོ་ཞེས་བཞེད་དོ། །གཉིས་པ་ནི་ཁ་ཅིག གཞན་ངེས་ཚད་མ་མི་སྲིད་དེ། ངེས་བྱའི་ཚད་མ་དང་། ངེས་བྱེད་ཀྱི་ཚད་མ་གཉིས་ཡུལ་གཅིག་ཡིན་ན། ཚད་མ་ཕྱི་མ་དོན་མེད་ཅིང་། ཐ་དད་ཡིན་ན་ཡུལ་གཞན་དངོས་པོར་གྲུབ་པས་གཞན་དངོས་པོར་གྲུབ་པར་མི་འགྱུར་བའི་ཕྱིར་དང་། གཞན་ངེས་སུ་འདོད་པའི་ཚད་མ་དེས་སྒྲོ་འདོགས་མི་གཅོད་ན་ཚད་མ་མ་ཡིན་ཅིང་། གཅོད་ན་རང་ངེས་ཚད་མར་འགྱུར་བའི་ཕྱིར། ངེས་ན་ཚད་མ་ཡིན་ན་རང་ངེས་ཚད་མ་ཡིན་པས་ཁྱབ་བོ་ཞེས་ཟེར་རོ། །གསུམ་པ་ལ། ཡུལ་ཅན་གྱི་སྒོ་ནས་འབྱེད་པའི་ཚུལ་དང་། ཡུལ་གྱི་སྒོ་ནས་འབྱེད་པའི་ཚུལ་གཉིས། དང་པོ་ལ་མཚོན་བྱའི་སྒོ་ནས་འབྱེད་པའི་ཚུལ་དང་། མཚན་ཉིད་ཀྱི་སྒོ་ནས་འབྱེད་པའི་ཚུལ་གཉིས། དང་པོ་ནི། ལོ་ཙཱ་བ་སོགས་ཁ་ཅིག རང་ཉིད་ཚད་མ་ཡིན་པའི་ཐ་སྙད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་དང་མི་ནུས་པ་ལ་རང་ངེས་གཞན་ངེས་སུ་འཇོག་གོ་ཞེས་ཟེར་རོ། །གཉིས་པ་ནི་ཁ་ཅིག ཡུལ་གྱི་སྒོ་ནས་འབྱེད་པ་མ་ཡིན་ཏེ། ཡུལ་ལ་སྒྲོ་འདོགས་མི་གཅོད་ན་ཚད་མ་མ་ཡིན་ཅིང་། གཅོད་ན་རང་ངེས་སུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཡུལ་ཅན་གྱི་སྒོ་ནས་འབྱེད་པའི་ཚུལ་ལ་ཡང་མཚན་གཞི་དང་། མཚོན་བྱའི་སྒོ་ནས་འབྱེད་པ་ཡང་མིན་ཏེ། མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་འཆད་པའི་སྐབས་ཡིན་པའི་ཕྱིར། དེས་ན་མཚན་ཉིད་ཀྱི་སྒོ་ནས་འབྱེད་དགོས་པས་རང་ཉིད་མི་བསླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་དང་། གཞན་སྟོབས་ཀྱིས་འདྲེན་པ་ལ་རང་ངེས་གཞན་ངེས་སུ་འཇོག་གོ་ཞེས་ཟེར་རོ། །གཉིས་པ་ནི། ཁ་ཅིག ཡུལ་གྱི་སྒོ་ནས་འབྱེད་པ་ཡིན་ཏེ། རང་གི་འཇུག་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་དང་། གཞན་སྟོབས་ཀྱིས་འདྲེན་པ་ལ་རང་ངེས་གཞན་ངེས་སུ་འཇོག་གོ་ཞེས་ཟེར་རོ། །དེ་ལྟར་ལུགས་གསུམ་ལས་ཕྱེ་བའི་ལྔ་ཡོད་པ་ལས་དང་པོ་མི་འཐད་དེ། འགྲེལ་པ་ཐམས་ཅད་མཐུན་པར་རྗེས་དཔག་རང་ངེས་ཚད་མར་བཤད་པའི་ཕྱིར་དང་། ཚད་མ་གཉིས་པོ་རང་གི་གཞལ་བྱ་ཇི་ལྟར་གཞལ་བ་ལྟར་གནས་པ་ལ་ངེས་པར་རང་སྟོབས་ཀྱིས་འདྲེན་ནུས་ན་རང་ཉིད་དེ་ལ་མི་བསླུ་བ་ལ་ཡང་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར་རོ། །ལུགས་གཉིས་པ་ཡང་མི་འཐད་དེ། མངོན་སུམ་འགའ་ཞིག་རང་ཡུལ་གྱི་རྫས་མཐའ་དག་སྣང་ཡང་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པར་རྗེས་ཀྱི་རྟོག་པས་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་ཡོད་པའི་ཕྱིར་དང་། ལྷས། དཔྱོད་པ་པས་ཚད་མ་ཡིན་ན་རང་ངེས་ཚད་མ་ཡིན་པས་ཁྱབ་པར་འདོད་པ་བཀག་ནས། ཁྱེད་རང་གང་དུ་འདོད་ཅེ་ན། ཁོ་བོ་ནི་མཐའ་གཅིག་ཏུ་རང་ངེས་སུ་ཡང་མི་འདོད་དེ། ཚད་མ་འགའ་ཞིག་ནི་གཞན་ལས་ངེས་པ་ཡིན་པའི་ཕྱིར། མཐའ་གཅིག་གཞན་ངེས་སུ་ཡང་མི་འདོད་དེ། ཚད་མ་འགའ་ཞིག་ནི་རང་ངེས་ཡིན་པའི་ཕྱིར་ཞེས་བཤད་པའི་ཕྱིར་རོ། །ལུགས་གསུམ་པ་ཡང་མི་འཐད་དེ། རྒྱང་འཕེན་གྱི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། རང་ཉིད་ཚད་མ་ཡིན་པའི་ཐ་སྙད་ལ་འཁེངས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་ཐལ། རང་ངེས་ཚད་མ་ཡིན་པའི་ཕྱིར། འདོད་ན། རྒྱང་འཕེན་པ་དེས་རང་རྒྱུད་ཀྱི་རྗེས་དཔག་ཚད་མ་ཡིན་པའི་ཐ་སྙད་ངེས་པར་ཐལ་ལོ། །བཞི་པ་ཡང་མི་འཐད་དེ། ཚད་མ་ཕྱི་མ་དོན་མེད་པ་དང་། ཚད་མ་སྔ་མ་ཚད་མ་མ་ཡིན་པ་དང་། རྗེས་དཔག་ལ་ཡང་གཉིས་སུ་དབྱེར་རུང་བར་ཐལ་བའི་སྐྱོན་གསུམ་ཡོད་པའི་ཕྱིར། དང་པོ་ནི། ཚད་མ་སྔ་མས་དྲངས་པའི་ཚད་མ་སྔ་མའི་གཞལ་བྱ་ངེས་པའི་ངེས་ཤེས་དེས་ཚད་མ་སྔ་མ་དེ་གཞན་བྱ་ལ་མི་བསླུ་བར་ངེས་སམ་མི་ངེས། དང་པོ་ལྟར་ན། ཚད་མ་ཡིན་ན། རང་ངེས་ཚད་མ་ཡིན་དགོས་པར་ཐལ། ཚད་མ་ཡིན་ན། རང་གི་གཞལ་བྱ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པས་ཁྱབ་པ་གང་ཞིག རང་གི་གཞལ་བྱ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ན་རང་ཉིད་མི་བསླུ་བ་ལ་ཡང་ངེས་པ་རང་སྟོབས་ཀྱིས་འདྲེན་དགོས་པའི་ཕྱིར་རོ། །རྟགས་གཉིས་ཆར་ཁས་བླངས། གཉིས་པ་ལྟར་ན། རང་ངེས་ཚད་མས་དྲངས་པའི་དེའི་གཞལ་བྱ་ངེས་པའི་ངེས་ཤེས་དེས་རང་ངེས་ཚད་མ་དེ་གཞལ་བྱ་ལ་མི་བསླུ་བར་མ་ངེས་པར་ཐལ། ཁས་བླངས་དེ་གང་ཞིག དེ་ལྟ་བུའི་ངེས་ཤེས་དེས་རང་ངེས་ཚད་མ་དེ་གཞལ་བྱ་ལ་མི་བསླུ་བར་ངེས་པའི་ནུས་པ་ལས་གཞན་པའི་ནུས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་དམར་འབར་བ་འཛིན་པའི་མངོན་སུམ་ཆོས་ཅན། དམར་འབར་བ་མེའི་ཁ་དོག་ཡིན་པའི་ཆ་དེ་ལ་ཚད་མ་མིན་པར་ཐལ། དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་མིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ངེས་བྱེད་ཀྱི་ཚད་མ་ཕྱི་མ་དེས་ཁྱོད་དེ་ལ་ཚད་མ་ཡིན་པར་ངེས་པར་བྱེད་པ་མ་ཡིན་པར་ཐལ་ལོ། །གསུམ་པ་ནི། རྗེས་དཔག་ལ་ཡང་རང་ངེས་གཞན་ངེས་གཉིས་སུ་འབྱེད་རིགས་པར་ཐལ། རང་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཚད་མ་དེ་ལ་གཉིས་སུ་འབྱེད་རིགས་པའི་ཕྱིར། ལུགས་ལྔ་པ་ནི་མཚན་ཉིད་ཀྱི་སྒོ་ནས་འབྱེད་པའི་ཚུལ་དང་དོན་གཅིག་པས་རང་ལུགས་ཀྱི་སྐབས་སུ་འབྱུང་ངོ་། །གསུམ་པ་འཐད་པའི་ཕྱོགས་ངོས་བཟུང་བ་ལ་བདུན་ཏེ། གཞུང་གང་གིས་རང་ངེས་གཞན་ངེས་སུ་འཇོག་པའི་ཚུལ། ཡུལ་ཅན་གང་གིས་རང་ངེས་གཞན་ངེས་སུ་འཇོག་པའི་ཚུལ། ཡུལ་གང་ལ་དེ་གཉིས་འཇོག་པའི་ཚུལ། མཚན་ཉིད་དང་མཚན་གཞི་ངོས་བཟུང་བ། ཚད་མ་ལ་དེ་གཉིས་ཀྱིས་ཁྱབ་མ་ཁྱབ་དཔྱད། ཤེས་བྱེད་ཀྱི་ལུང་དང་སྦྱར་བ། རྩོད་པ་སྤོང་བའོ། །དང་པོ་ནི། ཚད་མ་སྤྱིའི་མཚན་ཉིད་སྟོན་པ་ལ་མཚན་ཉིད་དངོས་ནི། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་བསྟན། དེ་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་སྤོང་བ་ནི། སྒྲ་ལས་བྱུང་བ་ཡང་ཞེས་སོགས་ཀྱིས་བསྟན། མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་ནི། རང་ལས་རང་གི་ངོ་བོ་རྟོགས། །ཞེས་སོགས་ཀྱིས་བསྟན་ནོ། །དེ་ལ་མདོ་ལས། མཚན་གཞི་མངོན་རྗེས་གཉིས་སུ་གྲངས་ངེས་པར་བསྒྲུབས་ཟིན་ཅིང་། འདིར་ཡང་མངོན་སུམ་ལེའུའི་སྐབས་སུ་འཆད་པར་འགྱུར་བས་མཚན་གཞི་དེ་གཉིས་ཀྱི་སྟེང་དུ་མཚན་ཉིད་མི་བསླུ་བ་དང་། ཤེས་པ་གཉིས་ཡོད་པར་གང་ལས་ངེས་ཤེ་ན། ཚད་མས་དྲངས་པའི་ངེས་ཤེས་ཀྱིས་ངེས་པ་ཡིན་ནོ། །ངེས་ཤེས་དེ་ཡང་རང་སྟོབས་ཀྱིས་དྲངས་པ་ཡིན་ནམ། གཞན་སྟོབས་ཀྱིས་དྲངས་པ་ཡིན་ཅེ་ན། ཤེས་པ་ཡོད་པའི་ཆ་ལ་རང་སྟོབས་ཀྱིས་འདྲེན་ནུས་པ་ཡིན་ནོ་ཞེས་པ་ནི། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པ་སྟེ། རང་ལས་ཞེས་པ་ནི་རང་མྱོང་རང་རིག་མངོན་སུམ་ལས་ཞེས་པའི་དོན་ཡིན་ལ། རང་གི་ངོ་བོ་ཞེས་པ་ནི་ཤེས་པའི་དོན་ལྡོག་གསལ་བའི་ཆ་དེའོ། །རྟོགས་ཞེས་པ་ནི་ངེས་པ་འདྲེན་ནུས་ཀྱི་ཚུལ་གྱིས་རྟོགས་ཞེས་པའི་དོན་ཏེ། མདོར་བསྡུ་ན། ཀུན་ཏུ་ཐ་སྙད་པའི་ཚད་མ་ཡིན་ན། དེའི་མཚན་ཉིད་ཀྱི་ཟུར་གཉིས་ལས་ཤེས་པའི་ཆ་དེ་ལ་རང་ངེས་ཚད་མ་ཡིན་པས་ཁྱབ་ཞེས་པའི་དོན་ནོ། །དེ་ཡང་ཤེས་པའི་དོན་ལ་ཡིན་གྱི་ཐ་སྙད་ལས་ནི་མ་ངེས་ཏེ་འོག་ཏུ་འཆད་དོ། །མི་བསླུ་བ་ཡོད་པ་ལ་རང་སྟོབས་ཀྱིས་འདྲེན་པ་ཡང་ཡོད། གཞན་སྟོབས་ཀྱིས་འདྲེན་པ་ཡང་ཡོད་ཅེས་པ་ནི། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་པ་སྟེ། ཐ་སྙད་ནི་ངེས་པ་བློའི་ཐ་སྙད་ངེས་ཤེས་ཡིན་ལ། དེ་ལས་སྔར་གྱི་ཚད་མ་དེ་ཚད་མའི་དོན་ལྡོག་མི་བསླུ་བ་ཉིད་དུ་ངེས་པར་བྱེད་ཀྱི་ཚད་མའི་ཐ་སྙད་ནི་མ་ཡིན་ནོ། །ངེས་ཤེས་དེ་རང་སྟོབས་ཀྱིས་འདྲེན་པ་ལ་རང་ངེས་དང་། རང་ལས་ཕྱིས་བྱུང་བའི་ཚད་མ་གཞན་གྱིས་འདྲེན་པ་ལ་གཞན་ངེས་སུ་འཇོག་པས་མཚན་ཉིད་ཀྱི་ཟུར་མི་བསླུ་བ་ལ་ལྟོས་པའི་རང་ངེས་གཞན་ངེས་གཉིས་ཀ་ཡང་གཞུང་འདི་ཁོ་ནས་བསྟན་ནོ། །དེང་སང་ཚིག་རྐང་སྔ་མས་རང་ངེས་ཁོ་ན་དང་། ཕྱི་མས་གཞན་ངེས་ཁོ་ན་སྟོན་པར་འདོད་པ་ནི་གང་ལ་ལྟོས་ནས་རང་ངེས་གཞན་ངེས་སུ་འཇོག་པའི་གཞི་མ་ཕྱེད་པར་རི་བོང་ཅལ་གྱི་རྗེས་སུ་འབྲང་བ་སྟེ། རང་གི་ངོ་བོ་ཞེས་དང་། ཚད་མ་ཞེས་རང་ངེས་གཞན་ངེས་སུ་འཇོག་པའི་གཞི་སོ་སོར་གསུངས་པའི་ཕྱིར་རོ། །མདོར་ན་ཚིག་རྐང་སྔ་མས་མཚན་ཉིད་ཀྱི་ཟུར་ཤེས་པའི་དོན་ལ་རང་ངེས་ཁོ་ན་ཡིན་པ་དང་། ཕྱི་མས་མཚན་ཉིད་ཀྱི་ཟུར་མི་བསླུ་བ་ལ་རང་ངེས་གཞན་ངེས་གཉིས་ཡོད་པར་བསྟན་པ་ནི་དཔལ་ལྡན་ཆོས་ཀྱི་གྲགས་པའི་དགོངས་པ་ཡིན་མིན་བྱིས་པ་དག་གིས་མི་ཕྱེད་པར་འདུག་ན་ཡང་མཁའ་འགྲོ་ཆོས་སྐྱོང་ལ་དཔང་པོ་འཆོལ་མཛོད་ཅིག གཉིས་པ་ནི། བློའི་རྫས་དེ་ཉིད་ཀྱིས་ངེས་པ་ལ་རང་ངེས་དང་། བློའི་རྫས་གཞན་གྱིས་ངེས་པ་ལ་གཞན་ངེས་སུ་འཇོག་པ་ནི་མིན་ཏེ། དེ་ལྟར་ན་མངོན་སུམ་ཐམས་ཅད་གཞན་ངེས་སུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེས་ན་བློའི་རྫས་དེ་ཉིད་ཀྱིས་རང་སྟོབས་ཀྱིས་དྲངས་པའི་ངེས་ཤེས་དང་། ཚད་མ་གཞན་གྱི་སྟོབས་ཀྱིས་དྲངས་པའི་ངེས་ཤེས་གཉིས་ནི་ངེས་བྱེད་ཀྱི་བློའོ། །གསུམ་པ་ནི། སྔོ་འཛིན་དབང་མངོན་ལྟ་བུ་ལ་མཚོན་ན། ཡུལ་སྔོན་པོ། མཚན་གཞི་སྔོ་འཛིན་དབང་མངོན། མཚོན་བྱ་ཚད་མ། མཚན་ཉིད་མི་བསླུ་བ་དང་བཞི་ལས། མཚན་གཞི་དང་མཚོན་བྱའི་སྒོ་ནས་མི་འབྱེད་པར་བསྟན་ཟིན་ཅིང་ཡུལ་དང་མཚན་ཉིད་ཀྱི་སྒོ་ནས་འབྱེད་པ་ནི་དོན་གཅིག་སྟེ། མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་འཆད་པའི་སྐབས་ཡིན་པས་འཇུག་ཡུལ་ལ་མི་བསླུ་བའི་སྒོ་ནས་འབྱེད་དགོས་ཤིང་། འཇུག་ཡུལ་ལ་མི་བསླུ་བ་ངེས་པ་ལ་ཡང་འཇུག་ཡུལ་ཉིད་ངེས་དགོས་པའི་ཕྱིར་རོ། །བཞི་པ་ནི། རང་ངེས་ཚད་མའི་མཚན་ཉིད། ཚད་མ་གང་ཞིག རང་གི་གཞལ་བྱའི་དོན་ལ་ངེས་པ་རང་སྟོབས་ཀྱིས་དྲངས་པས་རང་མྱོང་རང་རིག་མངོན་སུམ་གྱིས་རང་ཉིད་རང་གི་གཞལ་བྱ་ལ་མི་བསླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་དང་། གཞན་ངེས་ཚད་མའི་མཚན་ཉིད། ཚད་མ་གང་ཞིག རང་གི་གཞལ་བྱའི་དོན་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པས་རང་མྱོང་རང་རིག་མངོན་སུམ་གྱིས་རང་ཉིད་རང་གི་གཞལ་བྱ་ལ་མི་བསླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པར་མཚན་མ་གཞན་གྱི་སྟོབས་ཀྱིས་འདྲེན་དགོས་པ། དཔེར་ན་དག་འཛིན་དབང་མངོན་དེས་ས་ཕྱོགས་སུ་བུམ་པ་མེད་པའི་དོན་ལ་ངེས་པ་རང་སྟོབས་ཀྱིས་དྲངས་པས་དེ་མྱོང་རང་རིག་མངོན་སུམ་དེས་དབང་མངོན་གྱིས་བུམ་པ་མ་དམིགས་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་བཞིན་ནོ། །མཚན་གཞི་ལ་རྗེས་དཔག་ཐམས་ཅད་ནི་རང་ངེས་ཚད་མ་ཁོ་ན་ཡིན་ཏེ། ཚུལ་གསུམ་ཚང་བའི་རྟགས་ལས་སྒྲུབ་བྱ་མ་ངེས་ན་རྗེས་དཔག་ཏུ་མི་འགྱུར་ཞིང་། ངེས་ན་བསྒྲུབ་བྱ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར་རོ། །འདི་ལ་དགོངས་ནས་ལྷ་ཤཱཀ་ཆོས་མཆོག་གི་འགྲེལ་པ་གསུམ་ཆར་ལས་རྗེས་དཔག་རང་ངེས་ཁོ་ནར་བཤད་དོ། །མངོན་སུམ་ལ་བཞི་ལས། ཁ་ཅིག རྣལ་འབྱོར་མངོན་སུམ་ནི་རང་ངེས་ཚད་མ་ཡིན་ཏེ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། འདིའི་བློ་གྲོས་ཆེན་པོ་ནི་མངོན་སུམ་གྱི་མཐོང་བའི་དོན་ལ་འཁྲུལ་རྒྱུ་མེད་པས་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་ལ་འཇོག་པ་ཡིན་གྱི་རྣལ་འབྱོར་མངོན་སུམ་ཁོ་ན་ལ་འཇོག་པ་སྐབས་དོན་མིན་པའི་ཕྱིར་དང་། སངས་རྒྱས་འཕགས་པའི་རྒྱུད་ལ་ངེས་ཤེས་མེད་པས་དེའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་གྱིས་ངེས་ཤེས་འདྲེན་པ་མི་སྲིད་པའི་ཕྱིར་རོ། །དེས་ན་རྣལ་འབྱོར་མངོན་སུམ་ལ་རང་ངེས་གཞན་ངེས་གང་ཡང་མེད་པ་སྲིད་ཅིང་། འཕགས་པ་རྟོག་བཅད་ཀྱི་རྣལ་འབྱོར་མངོན་སུམ་ནི་རང་ངེས་ཁོ་ནའོ། །རང་རིག་མངོན་སུམ་ནི་རང་ངེས་ཁོ་ན་ཡིན་ཏེ། རང་གི་འཇུག་ཡུལ་གྱི་གཙོ་བོ་ཤེས་པའི་དོན་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། འཇུག་ཡུལ་གྱི་རྫས་ཐམས་ཅད་ལ་རང་ངེས་ཚད་མ་མ་ཡིན་ཏེ། རྟག་འཛིན་གྱི་འཁྲུལ་རྒྱུས་རྒྱུད་བསླད་པའི་གང་ཟག་གི་རྒྱུད་ཀྱི་རང་རིག་མངོན་སུམ་དེས་ཤེས་པའི་སྐད་ཅིག་མ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པའི་ཕྱིར། འཇུག་ཡུལ་གྱི་ཐ་སྙད་ལ་ཡང་རང་ལས་ངེས་ཀྱིས་མ་ཁྱབ་སྟེ། རྒྱང་འཕེན་གྱི་རྒྱུད་ཀྱི་རྗེས་དཔག་ཉམས་མྱོང་གི་རང་རིག་མངོན་སུམ་དེས་རྗེས་དཔག་གི་ཐ་སྙད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པའི་ཕྱིར། ཡིད་ཀྱི་མངོན་སུམ་ནི་རྒྱུན་མེད་པས་དེ་མ་ཐག་ཏུ་ངེས་ཤེས་འདྲེན་མི་ནུས་པའི་ཕྱིར་ན་གཞན་ངེས་ཀྱི་ཚད་མ་ཁོ་ན་ཡིན་ཏེ། རང་རིག་དང་། ཡིད་མངོན་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་པའོ། །དབང་པོའི་མངོན་སུམ་ལ་ཆོས་མཆོག་གིས་དོན་བྱེད་སྣང་གི་མངོན་སུམ་ནི་གོམས་པ་ཅན་གྱི་མངོན་སུམ་ཡིན་པས་རང་ངེས་དང་། འཇུག་པར་བྱེད་པའི་མངོན་སུམ་ནི་འཁྲུལ་རྒྱུ་མེད་ན་རང་ངེས་དང་། ཡོད་ན་གཞན་ངེས་ཡིན་ཅིང་འདི་ལ་གསུམ་ཡོད་པར་བཞེད་དོ། །རིགས་གཏེར་ལས། དོན་བྱེད་སྣང་གི་མངོན་སུམ་དང་། གོམས་པ་ཅན་གྱི་མངོན་སུམ་སོ་སོར་ཕྱེ་ནས་དེ་གཉིས་རང་ངེས་དང་འཁྲུལ་རྒྱུ་ཅན་གྱི་སྟེང་དུ། དང་པོ་པ་དང་ཡིད་མ་གཏད་པ་གཉིས་བསྣན་པས་གཞན་ངེས་ཀྱི་ཚད་མར་བཞེད་དོ། །དེ་ལ་དོན་བྱེད་སྣང་གི་མངོན་སུམ་ནི་མེས་བཙོ་བསྲེག་གི་དོན་བྱེད་བཞིན་པར་སྣང་བའི་མེ་འཛིན་དབང་མངོན་ལྟ་བུའོ། །གོམས་པ་ཅན་ནི་མངོན་སུམ་ཡུལ་ལ་ཡུན་རིང་དུ་གོམས་པས་སྤུ་རིས་ཟིན་པའི་མངོན་སུམ་ལྟ་བུའོ། །དང་པོ་བ་ནི་དངོས་པོ་འགའ་ཞིག་གི་རིགས་འདྲ་སྔར་མ་མཐོང་བ་གསར་དུ་མཐོང་བ་སྟེ། བ་མིན་དང་པོར་མཐོང་བའི་མངོན་སུམ་ལྟ་བུའོ། །ཡིད་མ་གཏད་པ་ནི་རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུགས་འཛིན་དབང་མངོན་ལྟ་བུའོ། །འཁྲུལ་རྒྱུ་ཅན་ནི་རྐྱེན་གསུམ་ལས་དངོས་སུ་སྐྱེས་ཀྱང་ཕྱི་ནང་གི་འཁྲུལ་རྒྱུ་འགའ་ཞིག་གིས་གེགས་བྱེད་པས་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པ་སྟེ། དེ་ལ་དབྱེ་ན་སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས། སྣང་བ་ཉིད་ཀྱང་གཞན་ལས་ངེས་པ་དང་གསུམ། དེ་རེ་རེ་ཡང་དོན་ཚན་བཞི་བཞིའི་སྒོ་ནས་གཏན་ལ་དབབ་ན་དང་པོ་ལ་མཚན་གཞི་ནི། དོན་ལ་མེ་ཡིན་ཅིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་དམར་འབར་བ་འཛིན་པའི་དབང་མངོན་ལྟ་བུའོ། །དེ་དམར་འབར་བ་མེའི་ཁ་དོག་ཡིན་པའི་ཆ་ལ་ཚད་མ་ཡིན་ཏེ། དེ་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། དེ་ལ་གཞན་ངེས་ཡིན་ཏེ། ཡུལ་ཐག་རིང་བ་དང་། སྒྱུ་མའི་མེ་དང་། ནོར་བུའི་འོད་ལ་སོགས་པའི་འཁྲུལ་རྒྱུས་རང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་པའི་ཕྱིར། ངེས་བྱེད་ཀྱི་ཚད་མ་ནི་ཕྱིས་མེའི་མདུན་དུ་ཕྱིན་ནས་བཙོ་བསྲེག་གི་དོན་བྱེད་པར་མཐོང་བའི་སྟོབས་ཀྱིས་སམ། མངོན་སུམ་ཡུན་རིང་དུ་གོམས་པས་སྤུ་རིས་ཟིན་པའི་སྟོབས་ཀྱིས་སམ། དུ་བ་སྐྱེ་བར་མཐོང་བའི་རྟགས་ལས་མེ་ཡོད་པར་རྟོགས་པའི་རྗེས་དཔག་གི་སྟོབས་ཀྱིས་སམ། མེའི་དྲི་ལ་སོགས་པ་སྐྱེ་མཆེད་ཀྱི་རྫས་གཞན་གྱི་རྟགས་ལས་མེ་ཡོད་པར་རྟོགས་པའི་རྗེས་དཔག་གི་སྟོབས་ཀྱིས་ངེས་པར་བྱེད་དོ། །གཉིས་པ་ལ་མཚན་གཞི་ནི། དོན་ལ་ཤ་པ་ཡིན་ཅིང་རྟོག་པས་ཤ་པ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་ཡལ་ག་ལོ་འདབ་དང་བཅས་པ་འཛིན་པའི་དབང་མངོན་ལྟ་བུ་སྟེ། ཆོས་གཞན་གསུམ་ནི་སྔ་མ་ལས་དཔགས་ཏེ་ཤེས་པར་བྱའོ། །གསུམ་པ་ལ་མཚན་གཞི་ནི། ཁ་ཅིག ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་ལྟ་བུའོ་ཞེས་ཟེར་བ་མི་འཐད་དེ། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པ་དེས་སྒྲ་འཛིན་ཉན་ཤེས་སྐྱེ་བའི་ནུས་པ་ཉམས་པར་བྱས་པའི་ཕྱིར་ཏེ། དོན་གཞན་ཆགས་ཞེས་ནུས་ཉམས་ཚེ། །ཤེས་པ་སྐྱེ་བ་མ་མཐོང་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྟོགས་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུགས་འཛིན་མིག་ཤེས་ལྟ་བུ་སྟེ། འདི་ལ་ཡང་ཆོས་གཞན་གསུམ་ནི་སྔ་མ་ལ་དཔགས་ཏེ་ཤེས་པར་བྱའོ། །ལྔ་པ་ནི། ཚད་མ་ཡིན་ན། རང་ངེས་གཞན་ངེས་གང་རུང་གིས་མ་ཁྱབ་སྟེ། དེ་གཉིས་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་ཤིང་རྣལ་འབྱོར་མངོན་སུམ་ནི་ཀུན་ཏུ་ཐ་སྙད་པའི་ཚད་མ་མིན་པའི་ཕྱིར་རོ། །ཀུན་ཏུ་ཐ་སྙད་པའི་ཚད་མའི་དོན་ཡང་རྣམ་ངེས་ལས། ཕན་པ་དང་མི་ཕན་པ་ཐོབ་པ་དང་། སྤོང་བ་ནི་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ན་ཞེས་གསུངས་པ་ལྟར། ངེས་པ་བློའི་ཐ་སྙད་ངེས་ཤེས་དྲངས་པའི་སྒོ་ནས་རང་མཚན་ཡིན་མིན་ལ་འཇུག་ལྡོག་བྱེད་པ་ཡིན་ལ། རྣལ་འབྱོར་མངོན་སུམ་ནི་འཕགས་པ་རྟོག་བཅས་ཀྱི་རྒྱུད་ལ་ངེས་ཤེས་དྲངས་པ་སྲིད་ཀྱང་འཕགས་པ་རྟོག་བྲལ་དང་། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་གྱིས་ངེས་ཤེས་དྲངས་པ་མི་སྲིད་པའི་ཕྱིར་རོ། །འོ་ན་དེ་དག་གིས་རང་མཚན་ཡོད་མེད་ལ་འཇུག་ལྡོག་ཇི་ལྟར་བྱེད་སྙམ་ན། སྤྱིར་ངེས་པ་དྲངས་པའི་སྒོ་ནས་བྱེད་ཚུལ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བྱེད་ཚུལ་དང་། འཇུག་ལྡོག་བྱེད་ཚུལ་བརྗོད་པར་མི་ནུས་པ་དང་གསུམ་ལས། དང་པོ་ནི། སོ་སྐྱེ་དང་འཕགས་པ་རྟོག་བཅས་ཀྱི་ཚད་མ་རྣམས་སོ། །གཉིས་པ་ནི། འཕགས་པ་རྟོག་བྲལ་གྱི་ཚད་མ་རྣམས་སོ། །གསུམ་པ་ནི། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་མོ། །དེ་ལྟར་བྱས་ན་སྤྱིར་མཚན་མའི་དོན་ནི་རང་མཚན་ཡོད་མེད་ལ་འཇུག་ལྡོག་བྱེད་པ་ཡིན་ཅིང་། དེ་ལ་གསུམ་ལས། ངེས་པ་བློའི་ཐ་སྙད་ངེས་ཤེས་དྲངས་པ་ལ་ཀུན་ཏུ་ཐ་སྙད་པའི་ཚད་མར་འཇོག་པ་ནི། རྣམ་འགྲེལ་ལས། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་གསུངས་པའི་དོན་ནི། དེ་ལྟར་གསུམ་ཡོད་པར་ཡང་རིགས་གཏེར་ལས། སོ་སོ་སྐྱེ་བོའི་ཚད་མ་ནི། །ངེས་པ་ཉིད་ལ་འཇུག་ལྡོག་བྱེད། །འཕགས་པ་རྟོག་དང་བྲལ་བ་རྣམས། །ཏིང་ངེ་འཛིན་ལས་བྱེད་པར་གསུངས། །བསམ་གྱིས་མི་ཁྱབ་ཡེ་ཤེས་ཅན། །དེ་ཡི་མཁྱེན་པ་དཔག་མི་ནུས། །ཞེས་གསུངས་སོ། །དྲུག་པ་ནི། ལྷས་མངོན་སུམ་ཉིད་ལ་འཁྲུལ་པའི་རྒྱུ་སྣ་ཚོགས་པ་ཉིད་ཀྱིས་བསླུ་བར་སྲིད་པའི་ཕྱིར། དེའི་དོན་གྱིས་དོན་བྱེད་པའི་ཡུལ་ཅན་གྱི་ཚད་མ་ཕྱི་མ་འཇུག་པས་ཚད་མ་ཉིད་དུ་རྟོགས་པར་བྱ་བའི་རྗེས་སུ་དཔག་པ་ལ་མ་ཡིན་ནོ། །དེ་ལྟར་དེའི་རང་བཞིན་ཅན་ནམ་འབྲས་བུའི་རྟགས་དངོས་པོའི་རང་བཞིན་ཉིད། དངོས་པོའི་འབྲས་བུ་ཉིད་དུ་ངེས་པ་ནི། རྟགས་ཅན་གྱི་ཤེས་པའི་རྒྱུ་ཡིན་པས་ན། དེ་ལྟ་བུར་གྱུར་པའི་དངོས་པོ་མེད་པར་རྗེས་སུ་དཔག་པ་ཡོད་པ་མ་ཡིན་པའི་ཕྱིར། ཕྱིས་ཀྱི་ཚད་མ་འཇུག་པ་ལ་ལྟོས་པ་མིན་ནོ། །གཞན་དག་ཏུ་ནི་མངོན་སུམ་དང་། དེར་སྣང་བ་དག་སྐྱེ་བའི་ཚེ་ཁྱད་པར་ངེས་པ་མེད་པ་ན་ཕྱིས་ཀྱི་ཚད་མ་འཇུག་པས་མི་བསླུ་བར་རིག་པར་བྱའོ་ཞེས་དང་། ཤཱས་ཀྱང་ཇི་ལྟར་ཡོངས་སུ་བཅད་པ་བཞིན་དུ་དེ་ལ་ངེས་པ་བསྐྱེད་པར་བྱེད་པ་དེ་ལྟར་རང་ཉིད་ཀྱིས་ཚད་མ་ཡིན་པ་དེའི་ཕྱིར་ཐུག་པ་མེད་པ་མིན་ནོ། །དང་པོའི་མེ་དང་ཆུར་སྣང་བའི་ཤེས་པ་ཡང་གོམས་པ་མེད་ན་རང་རྒྱུད་ཀྱི་ཚད་མ་ཉིད་ཀྱིས་བཟུང་དུ་ཟིན་ན་ཡང་འཁྲུལ་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཕྱིས་ངེས་པ་བསྐྱེད་པའི་ནུས་པ་མེད་པས་དེ་བས་ན་དེ་ལ་ཕྱིས་ཀྱི་ཚད་མ་འཇུག་པས་ཚད་མ་ཉིད་དུ་རྣམ་པར་བཞག་པ་དེ་ལྟར་ན་གཞན་ལས་ཚད་མ་ཡིན་ནོ། །དེ་ཡང་གོམས་པ་ཡོད་ཅིང་གསལ་བ་ཅན་ཐོབ་པ་ན་རང་ཉིད་ལས་ཡིན་ཏེ་ཇི་སྐད་བཤད་པ་ལྟ་བུའོ། །དེ་བས་ན་མངོན་སུམ་ནི་རང་དང་གཞན་ལ་ཚད་མ་ཡིན་ལ། རྗེས་སུ་དཔག་པ་ནི་རང་ཉིད་ལས་ཡིན་ནོ་ཞེས་བྱ་བར་གནས་སོ་ཞེས་དང་། ཆོས་མཆོག་གིས། ནུས་པ་ངེས་པ་ཡང་། རྗེས་སུ་དཔག་པ་དང་། དོན་བྱེད་པར་སྣང་བའི་མངོན་སུམ་ནི་རང་ཁོ་ན་ལས་འགྱུར་རོ་ཞེས་དང་། འཇུག་པར་བྱེད་པའི་མངོན་སུམ་ཡང་། ལ་ལ་ནི་རང་ཁོ་ན་ལས་འགྱུར་ཏེ། འཁྲུལ་པའི་དོགས་པ་མཐའ་དག་བསལ་ནས་རང་བཞིན་གྱི་ཁྱད་པར་ཁོང་དུ་ཆུད་པ་གང་ཡིན་པའོ། །ལ་ལ་ནི་གཞན་ཁོ་ན་ལས་འགྱུར་ཏེ། འཁྲུལ་རྒྱུ་ཅན་དང་ཞེས་དང་། དེ་དག་དང་མཐུན་པར་རིགས་གཏེར་ལས་ཀྱང་། དོན་རིགས་གཉིས་དང་རང་རིག་དང་། །རྗེས་སུ་དཔག་རྣམས་རང་ལས་ངེས། །དང་པོ་པ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས། །དོན་བྱེད་པ་དང་གོམས་པ་ཅན། །རྗེས་སུ་དཔག་པས་ངེས་པར་བྱེད། །ཞེས་གསུངས་སོ། །བདུན་པ་ནི་ཁ་ཅིག་ན་རེ། ངེས་བྱའི་ཚད་མ་དང་། ངེས་བྱེད་ཀྱི་ཚད་མ་གཉིས་ཡུལ་གཅིག་ན་ཚད་མ་ཕྱི་མ་བཅད་ཤེས་སུ་འགྱུར་ཞིང་། ཐ་དད་ནི། ཡུལ་གཞན་དངོས་པོར་གྲུབ་པས་གཞན་དངོས་པོར་གྲུབ་པར་མི་འགྱུར་རོ་ཟེར་བ་ལ། གཞན་དག་ན་རེ། འཇུག་ཡུལ་གཅིག་དང་སྣང་ཡུལ་ཐ་དད་ཡིན་པས་སྐྱོན་གཉིས་ཀ་ལས་གྲོལ་ཞེས་ཟེར་བ་ནི་མི་འཐད་དེ། ཚད་མ་སྔ་མའི་འཇུག་ཡུལ་རྟག་པར་ཐལ་བ་དང་། ཚད་མ་ཕྱི་མ་བཅད་ཤེས་སུ་ཐལ་བ་དང་། མངོན་སུམ་གྱི་འཇུག་ཡུལ་དང་སྣང་ཡུལ་དོན་གཞན་དུ་མེད་པས་ཁས་བླངས་འགལ་བའི་སྐྱོན་གསུམ་ཡོད་པའི་ཕྱིར། དེས་ན་རང་ལུགས་ནི་ཚད་མ་སྔ་ཕྱི་གཉིས་འཇུག་ཡུལ་རྒྱུན་གཅིག་ལ་རྫས་ཐ་དད་དུ་ཡོད་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །ཁ་ཅིག་གཞན་ངེས་ཚད་མར་འདོད་པའི་ཚད་མ་དེས་རང་ཡུལ་ལ་སྒྲོ་འདོགས་མི་གཅོད་ན་ཚད་མ་མིན་ཅིང་། གཅོད་ན་རང་ངེས་སུ་འགྱུར་རོ་ཞེ་ན་སྐྱོན་མེད་དེ། མངོན་སུམ་ཡུལ་ལ་ཚད་མར་འགྱུར་བ་སྒྲོ་འདོགས་གཅོད་པ་ལ་མི་ལྟོས་པའི་ཕྱིར། ཡང་ཁ་ཅིག་གྲངས་ཅན་གྱི་རྒྱུད་ཀྱི་བདེ་བ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། རང་ཉིད་རང་གི་གཞལ་བྱ་ལ་མི་བསླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་ཐལ། རང་ངེས་ཚད་མ་ཡིན་པའི་ཕྱིར། འདོད་ན། དེས་དྲངས་པའི་ངེས་ཤེས་དེས་གྲངས་ཅན་གྱི་རྒྱུད་ཀྱི་རང་རིག་མངོན་སུམ་དེ་དེའི་རྒྱུད་ཀྱི་བདེ་བ་ལ་མི་བསླུ་བར་ངེས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། གྲངས་ཅན་པ་དེ་རང་རིག་མངོན་སུམ་གྱིས་བདེ་བ་མི་མྱོང་བར་བདེན་ཞེན་གྱིས་འདོད་པའི་རྒོལ་བ་མིན་པར་ཐལ་ལོ་ཞེ་ན། འོ་ན་རྒྱང་འཕེན་པ་དེ་རྗེས་དཔག་ཚད་མའི་གཞལ་བྱ་མེད་པར་བདེན་ཞེན་གྱིས་འདོད་པའི་རྒོལ་བ་མིན་པར་ཐལ། དེའི་རྒྱུད་ཀྱི་ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་དེས་ལ་དང་མེའི་ཚོགས་དོན་ངེས་པའི་ཕྱིར། ཡང་ཁ་ཅིག རྒྱང་འཕེན་གྱི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། རང་གི་གཞལ་བྱ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་ཐལ། རང་ངེས་ཚད་མ་ཡིན་པའི་ཕྱིར། འདོད་ན། དེས་དྲངས་པའི་ངེས་ཤེས་དེས་དེའི་རྒྱུད་ཀྱི་རྗེས་དཔག་གི་གཞལ་བྱ་ངེས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། རྒྱང་འཕེན་པ་དེ་རྗེས་དཔག་གི་གཞལ་བྱ་མེད་པར་བདེན་ཞེན་གྱིས་འདོད་པའི་རྒོལ་བ་མིན་པར་ཐལ་ལོ་ཞེ་ན། འོ་ན་དེ་དེར་ཐལ། དེའི་རྒྱུད་ཀྱི་རྗེས་དཔག་དེས་རང་གི་གཞལ་བྱ་ངེས་པའི་ཕྱིར། ཡང་ཁ་ཅིག རྒྱང་འཕེན་གྱི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། རང་མྱོང་རང་རིག་མངོན་སུམ་དེས་རང་ཉིད་རང་གི་གཞལ་བྱ་ལ་མི་བསླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་ཐལ། རང་ངེས་ཚད་མ་ཡིན་པའི་ཕྱིར། འདོད་ན། སྔར་བཞིན་ནོ་ཞེ་ན། དེ་ལ་ཡང་སུན་འབྱིན་སྔ་མ་བཞིན་དུ་ཤེས་པར་བྱའོ། །བཞི་པ་དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལ་གཉིས་ཏེ། དགག་སྒྲུབ་ཀྱི་རྣམ་བཞག་སྤྱིར་བསྟན་པ་དང་། དེའི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། སྤྱིར་མངོན་སུམ་གྱི་ཡུལ་ལ་སྒྲུབ་པ་དང་། རྟོག་པའི་ཡུལ་ལ་དགག་པར་འཇོག་པའི་ཚེ་སྒྲུབ་པ་དང་རང་མཚན་དོན་གཅིག་ཅིང་། དགག་པ་དང་གཞན་སེལ་དོན་གཅིག་པས་འདིའི་དགག་པ་ལ་མེད་དགག་དང་། མ་ཡིན་དགག་གཉིས་སུ་ཡོད་དེ། རྣམ་ངེས་ལས། མ་ཡིན་པར་དགག་པ་གཅིག་པུ་ནི་དགག་པའི་ཡུལ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་མེད་པར་དགག་པ་ཡང་ཡིན་ལ་ཞེས་གསུངས་པས་སོ། །ཚད་མའི་སྟོབས་ཀྱིས་དགག་སྒྲུབ་བྱེད་པའི་དངོས་ཡུལ་ལ་སྒྲུབ་པ་དང་དགག་པར་འཇོག་པའི་ཚེ་གཉིས་ཀ་ཡང་གཞན་སེལ་ཁོ་ན་ཡིན་ཏེ། མངོན་སུམ་ནི་དོན་རང་མཚན་སྣང་བ་ཙམ་ཡིན་པས་དགག་སྒྲུབ་བྱེད་མི་ནུས་ཀྱི་དེས་དྲངས་པའི་ངེས་ཤེས་དང་། རྗེས་དཔག་གིས་དགག་སྒྲུབ་བྱེད་པའི་ཕྱིར་ཏེ། སྒྲུབ་དང་དགག་པ་མ་གཏོགས་པར། །སྒྲ་ལས་བྱུང་བའི་ཐ་སྙད་གཞན། །ཡོད་མིན་ཞེས་གསུངས་པས་སོ། །འདིའི་སྒྲུབ་པ་ནི་སེལ་བའི་སྒྲུབ་པ་ཡིན་ལ། དེ་དང་མ་ཡིན་དགག་དོན་གཅིག་ཅིང་འདིའི་དགག་པ་དང་མེད་དགག་དོན་གཅིག་གོ །གཉིས་པ་ལ་གཉིས་ཏེ། དགག་སྒྲུབ་ཀྱི་རྣམ་དབྱེ་དང་། དེ་ཚད་མས་རྟོགས་ནས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལོ། །དང་པོ་ལ་དབྱེ་གཞི་ནི། དགག་སྒྲུབ་སྔ་མ་ལྟར་ན་ཆོས་ཙམ་ཡིན་ལ། ཕྱི་མ་ལྟར་ན་སེལ་ངོར་ཡོད་པའི་ཆོས་ཙམ་མོ། །དབྱེ་ངོ་ནི་དགག་སྒྲུབ་གཉིས་སོ། །ཕྱེ་བའི་དོན་ནི་ཁ་ཅིག་གཅིག་པ་བཀག་པའི་ཐ་དད་ཡིན་ཟེར་བ་མི་འཐད་དེ། སྣང་བའི་སྒྲུབ་པ་དངོས་པོར་ཡོད་ཀྱང་། སེལ་བའི་སྒྲུབ་པ་དངོས་པོར་མེད་པའི་ཕྱིར་རོ། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡང་མ་ཡིན་ཏེ། དགག་སྒྲུབ་གཉིས་ངོ་བོ་མི་གཅིག་པའི་ཕྱིར་རོ། །དེས་ན་སྔ་མ་གཅིག་པ་བཀག་པའི་ཐ་དད་ཡིན་ཀྱང་། ཕྱི་མ་དགག་བྱའི་སྒོ་ནས་འབྱེད་དེ། དགག་བྱ་དགག་པ་བཅད་པ་ལ་སྒྲུབ་པ་དང་། སྒྲུབ་པ་བཅད་པ་ལ་དགག་པར་འཇོག་པའི་ཕྱིར་རོ། །ཇི་སྙེད་ཕྱེ་བའི་གྲངས་ངེས་ལ་ཁ་ཅིག ཡུལ་ཅན་ལ་རྟོག་པ་རྟོག་མེད་གཉིས་སུ་ངེས་ཤིང་། ཡུལ་ལ་རྣམ་པ་དང་བཅས་མ་བཅས་གཉིས་སུ་ངེས་པས་དགག་སྒྲུབ་གཉིས་སུ་ངེས་ཞེས་ཟེར་བ་མི་འཐད་དེ། ཡུལ་ཅན་དེས་སེལ་ངོའི་དགག་སྒྲུབ་གཉིས་ལ་མ་ཁྱབ་པའི་ཕྱིར་དང་། རྣམ་པ་དང་བཅས་མ་བཅས་ཀྱང་བློའི་འཛིན་སྟངས་ཡིན་གྱི་ཡུལ་གྱི་གནས་ལུགས་མིན་པའི་ཕྱིར་རོ། །ཁ་ཅིག དགག་བྱ་རྣམ་པར་བཅད་པ་ལ་མི་ལྟོས་པར་རང་གི་རྣམ་པ་རང་དབང་དུ་བློ་ཡུལ་དུ་འཆར་བའི་སྒོ་ནས་རྟོགས་པར་བྱ་བ་དང་། མི་འཆར་བའི་སྒོ་ནས་རྟོགས་པར་བྱ་བ་གཉིས་སུ་ངེས་པས་དགག་སྒྲུབ་གཉིས་སུ་ངེས་ཞེས་ཟེར་བ་ཡང་མི་འཐད་དེ། སེལ་ངོའི་དགག་སྒྲུབ་གཉིས་ཀ་ཡང་དགག་བྱ་རྣམ་པར་བཅད་པ་ལ་ལྟོས་པའི་ཕྱིར་རོ། །རང་ལུགས་ནི། སྤྱིར་ཆོས་ཙམ་ལ་དགག་སྒྲུབ་གཉིས་སུ་གྲངས་ངེས་ཏེ། རྫས་དང་ལྡོག་པ་གཉིས་སུ་ངེས་པའི་ཕྱིར་རོ། །སེལ་ངོའི་ཆོས་ལ་ཡང་དགག་སྒྲུབ་གཉིས་སུ་ངེས་ཏེ། ཡོད་པ་གཞན་སེལ་དང་། མེད་པ་གཞན་སེལ་གཉིས་སུ་ངེས་པའི་ཕྱིར་རོ། །སོ་སོའི་ངོ་བོ་ལ་ཁ་ཅིག སྒྲུབ་པའི་མཚན་ཉིད་དགག་བྱ་རྣམ་པར་བཅད་པ་ལ་མི་ལྟོས་པར་རང་གི་རྣམ་པ་རང་དབང་དུ་བློ་ཡུལ་དུ་འཆར་བའི་སྒོ་ནས་རྟོགས་པར་བྱ་བ། དབྱེ་ན་སྣང་བའི་སྒྲུབ་པ་དང་། སེལ་བའི་སྒྲུབ་པ་གཉིས་སམ། ཡིན་པའི་སྒྲུབ་པ་དང་། ཡོད་པའི་སྒྲུབ་པ་གཉིས་སོ། །དགག་པའི་མཚན་ཉིད་དེའི་དོན་སྤྱི་འཆར་བ་དེ་མིན་སྒྲུབ་པའི་དོན་སྤྱི་འཆར་བ་ལ་ལྟོས་པའམ་བློས་དགག་བྱ་བཅད་པའི་སྒོ་ནས་རྟོགས་པར་བྱ་བའི་ཆོས། ཆོས་ཉིད་དང་དོན་དམ་བདེན་པ་གཉིས་པོ་རིགས་མི་མཐུན་དངོས་སུ་བཅད་པ་མེད་ཀྱང་དེའི་དོན་སྤྱི་འཆར་བ་དགག་བྱ་སྤྲོས་པ་བཀག་པ་ལ་ལྟོས་པས་དགག་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་བུམ་པའི་དོན་སྤྱི་ཆོས་ཅན། སྒྲུབ་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། བུམ་འཛིན་རྟོག་པས་བུམ་མིན་རྣམ་པར་བཅད་པའི་སྒྲོ་འདོགས་ཡིན་པའི་ཕྱིར། དགག་པའི་མཚན་ཉིད་དེ་ཡང་མི་འཐད་དེ། སེལ་བའི་སྒྲུབ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་ཕྱི་མ་དེའི་ཕྱིར། དོན་དམ་བདེན་པ་དགག་པར་འདོད་པ་ཡང་གྲུབ་མཐའི་སྐབས་མ་ཕྱེད་པ་སྟེ། མདོ་སྡེ་པའི་ལུགས་ལ་དོན་དམ་བདེན་པ་ཡིན་ན། རང་མཚན་ཡིན་དགོས་པའི་ཕྱིར་རོ། །རང་ལུགས་ནི། སྒྲུབ་པའི་མཚན་ཉིད། བློས་ཡོངས་གཅོད་དུ་རྟོགས་པར་བྱ་བ། དབྱེ་ན། སྣང་བའི་སྒྲུབ་པ་དང་། སེལ་བའི་སྒྲུབ་པ་གཉིས། དང་པོའི་མཚན་ཉིད། རྟོག་མེད་ཀྱི་ཤེས་པས་ཡོངས་གཅོད་དུ་རྟོགས་པར་བྱ་བ། མཚན་གཞི་ནི། དེའི་སྣང་ཡུལ་དུ་གྱུར་པའི་རང་མཚན་རྣམས་སོ། །གཉིས་པའི་མཚན་ཉིད། རྟོག་བློས་ཡོངས་གཅོད་དུ་རྟོགས་པར་བྱ་བའི་སྒྲོ་བཏགས། མཚན་གཞི་ནི། ཡོད་པ་གཞན་སེལ་རྣམས་སོ། །དགག་པ་ལ་གཉིས་ལས། སྣང་བའི་སྒྲུབ་པའི་ཟླས་ཕྱེ་བའི་དགག་པའི་མཚན་ཉིད། བློས་རྣམ་བཅད་དུ་རྟོགས་པར་བྱ་བ། དབྱེ་ན། མ་ཡིན་དགག་དང་། མེ་དགག་གཉིས། དང་པོའི་མཚན་ཉིད། རྟོག་བློས་དགག་བྱ་དགག་པ་རྣམ་པར་བཅད་ནས་ཡོངས་གཅོད་དུ་རྟོགས་པར་བྱ་བ། འདི་དང་སེལ་བའི་སྒྲུབ་པ་དོན་གཅིག་གོ །གཉིས་པའི་མཚན་ཉིད། རྟོག་བློས་དགག་བྱ་སྒྲུབ་པ་རྣམ་པར་བཅད་ནས་རྣམ་བཅད་ཙམ་དུ་རྟོགས་པར་བྱ་བ། འདི་དང་མེད་དགག་དོན་གཅིག་གོ །རིགས་གཏེར་རང་འགྲེལ་ལས། དགག་བྱ་རྣམ་པར་བཅད་ནས་ཆོས་གཞན་འཕེན་པ་དང་། མི་འཕེན་པ་འདི་གཉིས་ཀྱི་མཚན་ཉིད་གསུངས་པའི་དགོངས་པ་ནི་འདི་ཉིད་ཡིན་ཏེ། དགག་བྱ་རྣམ་པར་བཅད་པ་ཡང་སེལ་ངོར་ཡིན་ཅིང་། ཆོས་གཞན་འཕེན་པ་དང་མི་འཕེན་པ་ཡང་སེལ་ངོར་ཡིན་པའི་ཕྱིར་དང་། སེལ་ངོའི་དགག་སྒྲུབ་གཉིས་དང་། མེད་དགག་མ་ཡིན་དགག་གཉིས་དོན་གཅིག་པར་གསུངས་པའི་ཕྱིར་རོ། །ཆོས་གཞན་འཕེན་པ་ལ་ཡང་དགག་བྱ་ཚིག་ཟིན་ལ་བཅད་པའི་སྒོ་ནས་ཆོས་གཞན་འཕེན་པ་དང་། ཚིག་ཟིན་ལ་མ་བཅད་ཀྱང་དོན་ལ་བཅད་ནས་ཆོས་གཞན་འཕེན་པ་གཉིས་ལས། དང་པོ་ནི། རྟོག་པ་ལ་སྣང་བའི་བུམ་དག་གི་ས་ཕྱོགས་ལྟ་བུའོ། །གཉིས་པ་ནི། རྟོག་པ་ལ་སྣང་བའི་བུམ་པ་ལྟ་བུའོ། །དགག་བྱ་ཚིག་ཟིན་ལ་བཅད་པ་མེད་ཀྱང་བྱས་ལྡོག་དང་མི་རྟག་པའི་ལྡོག་པ་ལྟ་བུ་ཆོས་ཅན་ཡན་གར་བའི་གཞན་སེལ་རྣམས་ཆོས་ཅན་དེ་སྒྲུབ་པ་ཡིན་ན། མ་ཡིན་དགག་ཏུ་བཞེད་པ་ནི་བདག་ཉིད་ཆེན་པོ་འདིའི་དགོངས་པ་སྟེ། སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་དགག་པ་སྒྲུབ་ཕྱིར་རོ། །ཞེས་གསུངས་པ་འདི། མ་ཡིན་དགག་གི་ཤེས་བྱེད་དུ་རིགས་གཏེར་ལས་དྲངས་ཤིང་། འདིའི་མ་ཡིན་དགག་ནི་འབྲས་རང་གི་རྟགས་ཀྱི་སྒྲུབ་ཆོས་ལ་འཇོག་པ་སྐབས་ཀྱི་དོན་ཡིན་པའི་ཕྱིར་རོ། །ས་སྐྱ་པཎྜི་ཏའི་ཐུགས་དགོངས་རྫོགས་པར་གྱུར་ཅིག སེལ་བའི་སྒྲུབ་པའི་ཟླས་ཕྱེ་བའི་དགག་པའི་མཚན་ཉིད། བློས་དགག་བྱ་སྒྲུབ་པ་རྣམ་པར་བཅད་ནས་རྣམ་བཅད་ཙམ་དུ་རྟོགས་པར་བྱ་བ་སྟེ། འདི་དང་མེད་དགག་གཉིས་མཚན་ཉིད་གཅིག་གིས་མཚོན་པར་བྱ་བ་ཡིན་ནོ། །གཉིས་པ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ནི། སྔོན་གྱི་མཁས་པ་ཕྱྭ་པ་ཆེན་པོ་སོགས་ན་རེ། དངོས་རྟོགས་དང་། ཤུགས་རྟོགས་ཀྱི་མཚན་ཉིད་རིམ་བཞིན། དོན་དེ་ཉིད་ཀྱི་རྣམ་པ་སྣང་བའི་སྒོ་ནས་སྒྲ་འདོགས་གཅོད་པ་དང་། གཞན་གྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པའོ། །དེའང་དངོས་ཡུལ་དེ་རྟོགས་པ་ཉིད་ན་ཤུགས་ཀྱིས་སྒྲོ་འདོགས་གཅོད་པས་བློ་སྔ་ཕྱིའི་རིམ་པ་མེད་དོ། །དེས་དགག་སྒྲུབ་བྱེད་པའི་ཚུལ་ལ། སྒྲུབ་པ་ལ་དཔེར་བརྗོད་ན། རྗེས་དཔག་གིས་ལ་མེ་ལྡན་དུ་དངོས་སུ་གཞལ་བ་ན་བདག་ཉིད་མེ་འཇལ་དུ་ཤུགས་ལ་རྟོགས་པ་དང་། རྟག་པ་ལ་བྱས་པ་དགག་པ་དངོས་སུ་རྟོགས་པ་ན་དྲན་བཞིན་པའི་བྱས་པ་ལ་མི་རྟག་པས་ཁྱབ་པ་ཤུགས་ལ་རྟོགས་པའོ། །མངོན་སུམ་ལ་གཉིས་ལས། རང་རིག་གིས་བློ་དེ་འཛིན་དུ་དངོས་སུ་གྲུབ་པས་ཡུལ་དེར་སྣང་དུ་ཤུགས་ལ་འགྲུབ་ཅིང་། གཞན་རིག་གིས་ཡུལ་དེར་སྣང་དུ་དངོས་སུ་གྲུབ་པས་བློ་དེ་འཛིན་དུ་ཤུགས་ལ་འགྲུབ་བའོ། །དགག་པ་ལ་དཔེར་བརྗོད་ན། ལྡོག་པ་ཉིས་ཚོགས་འཛིན་པ་ལ་ཚིག་རྐྱང་འཛིན་པས་ཁྱབ་པས་རིགས་ཀྱི་སྤྱི་ཚིག་རྐྱང་འཛིན་པ་དངོས་སུ་ཁེགས་ན། བྱེ་བྲག་ཉིས་ཚོགས་འཛིན་པ་ཤུགས་ལ་ཁེགས་པ་སྟེ། ཁྱད་པར་བྱེད་ཆོས་དབྱུག་པ་ཁེགས་པས་བྱས་ཆོས་དབྱུག་པ་ཅན་ཁེགས་པ་བཞིན་ནོ་ཞེས་གསུངས་སོ། །འདི་མི་འཐད་དེ། རྗེས་དཔག་ཆོས་ཅན། ཤུགས་རྟོགས་ཀྱི་ཚད་མར་ཐལ། མཚན་ཉིད་དེའི་ཕྱིར། སྐྱོན་མེད་དེ། ཡུལ་གང་ལ་སྒྲོ་འདོགས་གཅོད་པ་དེ་ལ་ཤུགས་རྟོགས་ཀྱི་ཚད་མ་ཡིན་ནོ་ཞེ་ན། ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། ལའི་སྟེང་གི་མེ་ལ་ཤུགས་རྟོགས་ཚད་མར་ཐལ། དོན་གཞན་གྱི་རྣམ་པ་ཤར་བའི་སྒོ་ནས་དེ་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་བློ་ཡིན་པའི་ཕྱིར། སྔ་ཕྱི་གཉིས་ཆར་གྱི་གཏན་ཚིགས་གྲུབ་སྟེ། མེ་འཛིན་དབང་མངོན་དེ་མེ་རང་གི་རྣམ་པ་ཤར་བའི་སྒོ་ནས་དེ་ལ་སྒྲོ་འདོགས་དངོས་སུ་གཅོད་བྱེད་ཀྱི་བློ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེ་ནི་རང་གཞན་ངོ་བོ་ཡི། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད། །ཅེས་གསུངས་པའི་ཕྱིར། གལ་ཏེ་རྗེས་དཔག་རྟགས་ལ་ལྟོས། ཤུགས་རྟོགས་རྟགས་ལ་མི་ལྟོས་པས་སྐྱོན་མེད་དོ་ཅེ་ན། འོ་ན་ཤུགས་རྟོགས་དེ་འབྲེལ་པ་ལ་ལྟོས་སམ་མི་ལྟོས། དང་པོ་ལྟར་ན། རྗེས་དཔག་ལས་མ་འདས་ལ། ཕྱི་མ་ལྟར་ན་ཚད་མ་གསུམ་པ་ཡོད་པར་འགྱུར་རོ། །རྗེས་དཔག་གིས་ལ་མེ་ཡོད་དུ་དངོས་སུ་གྲུབ་པས་རང་ཉིད་མེ་འཇལ་དུ་ཤུགས་ལ་གྲུབ་པ་ཡང་མི་འཐད་དེ། ལ་མེ་ཡོད་དུ་རྟོགས་པའི་བློ་དེ་ཉིད་མེ་འཇལ་གྱི་བློ་ཡིན་གྱི་དེ་ལས་གཞན་ཤུགས་ལ་གྲུབ་རྒྱུའི་བློ་མེད་པའི་ཕྱིར། གལ་ཏེ་རང་ཉིད་མེ་འཇལ་ཡིན་པ་ལ་ཤུགས་རྟོགས་ཚད་མ་ཡིན་ན། དེ་ལ་མངོན་སུམ་ཡིན་ནམ། རྗེས་དཔག་ཡིན། དང་པོ་ལྟར་ན། དེ་ལ་དོན་རིག་མངོན་སུམ་ཡིན་ནམ། རང་རིག་མངོན་སུམ་ཡིན། དང་པོ་ལྟར་ན་མི་འཐད་དེ། རང་གི་ངོ་བོ་ལ་དོན་རིག་མངོན་སུམ་དུ་འགྱུར་བའི་ཤེས་པ་མི་སྲིད་པའི་ཕྱིར། ཕྱི་མ་ལྟར་ན་དེ་ཆོས་ཅན། དེ་ལ་ཤུགས་རྟོགས་ཚད་མ་མིན་པར་ཐལ། དེ་ཁྱོད་ཀྱི་སྣང་ཡུལ་ཡིན་པའི་ཕྱིར་ཏེ། ཁྱོད་དེ་ལ་རང་རིག་མངོན་སུམ་ཡིན་པའི་ཕྱིར། རྗེས་དཔག་ཡིན་ན། ལ་མེ་ཡོད་དུ་རྟོགས་པའི་བློ་དེ་ཆོས་ཅན། རང་ཉིད་མེ་འཇལ་ཡིན་པ་དེ་ཁྱོད་ལ་ལྐོག་གྱུར་ཐལ། ཁྱོད་དེ་ལ་རྗེས་དཔག་ཡིན་པའི་ཕྱིར། འདོད་ན། རང་བློ་རང་ལ་ལྐོག་ཏུ་གྱུར་པར་ཐལ་ལོ། །དེ་ལ་སོགས་པའི་རིགས་པ་མཐའ་ཡས་པ་ནི་རིགས་གཏེར་རང་འགྲེལ་ལས་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། ཡུལ་དགག་སྒྲུབ་ཀྱི་དབྱེ་བ་དང་། དེ་ཚད་མས་རྟོགས་ནས་དགག་བྱ་འགོག་པའི་ཚུལ་ལོ། །དང་པོ་ནི། འདིར་སེལ་ངོའི་དགག་སྒྲུབ་ཁོ་ན་འཆད་པས། སྒྲུབ་པ་ལ་སེལ་ངོའི་དོན་དང་། ཤེས་པ་གཉིས། དང་པོ་ལ་དོན་ཡིན་པ་དང་། ཡོད་པ་གཉིས། ཕྱི་མ་ལ་ཤེས་པ་ཡིན་པ་དང་། ཡོད་པ་གཉིས་ཏེ་བཞིའོ། །དགག་པ་ལ་ཡང་སེལ་ངོར་དོན་དགག་པ་དང་། ཤེས་པ་དགག་པ་གཉིས། དང་པོ་ལ་དོན་མ་ཡིན་པ་དང་། མེད་པ་གཉིས། ཕྱི་མ་ལ་ཤེས་པ་མིན་པ་དང་། མེད་པ་གཉིས་ཏེ་བཞིའོ། །གཉིས་པ་ནི། སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་གམ། མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཀྱིས་སྒྲུབ་པའམ་མ་ཡིན་དགག་གྲུབ་པ་ཡིན་ཏེ། སྒྲ་རྟག་འཛིན་གྱི་འཁྲུལ་རྒྱུ་དང་བྲལ་བའི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དེས། སྒྲ་མི་རྟག་པར་ངེས་པའི་ཚེ་སྒྲ་མི་རྟག་པར་གྲུབ་པའི་ཐ་སྙད་བྱེད། འཁྲུལ་རྒྱུ་ཡོད་ན་ཕྱིས་རྟགས་ལས་ངེས་ཚེ་སྒྲ་མི་རྟག་པར་གྲུབ་པའི་ཐ་སྙད་བྱེད་པའི་ཕྱིར། དགག་རྟགས་ལ་བརྟེན་པའི་རྗེས་དཔག་གམ་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཀྱིས་དགག་པ་གྲུབ་པ་ཡིན་ཏེ། རྒོལ་བ་མཁས་པས་དག་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཀྱི་ས་ཕྱོགས་སུ་བུམ་པ་མེད་པར་ངེས་པའི་ཚེ་བུམ་པས་དག་པའི་ཐ་སྙད་བྱེད། རྒོལ་བ་རྨོངས་པས་བུམ་པ་ཚད་མས་མ་དམིགས་པའི་རྟགས་ལས་ས་ཕྱོགས་སུ་བུམ་པ་མེད་པར་ངེས་པའི་ཚེ་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་དག་པའི་ཐ་སྙད་བྱེད་པའི་ཕྱིར། འོ་ན་བདེ་བ་སྡུག་བསྔལ་ཡིན་པ་དང་། གཟུགས་འཛིན་སྒྲ་འཛིན་སོགས་ཀྱི་ངོ་བོ་ཡིན་པ་གང་གིས་ཁེགས་པ་ཡིན་ཅེ་ན། རང་རིག་མངོན་སུམ་གྱི་བྱེད་པས་ཁེགས་ཏེ། བདེ་བ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དེས་ཉམས་སུ་མྱོང་བྱ་བདེ་བར་ངེས་པ་ན་བདེ་བ་སྡུག་བསྔལ་ཡིན་པ་ཁེགས་པའི་ཐ་སྙད་བྱེད་པའི་ཕྱིར། ཡང་གཟུགས་འཛིན་མིག་ཤེས་སྐྱེས་པའི་ཚེ། སྒྲ་འཛིན་ཉན་ཤེས་མི་སྐྱེ་བ་ན་དེ་ཡོད་པར་གང་གིས་འགོག་ཅེ་ན། འབྲས་བུ་ངེས་ཤེས་མ་དམིགས་པའི་རྟག་ཀྱིས་ཁེགས་ཏེ། འཁྲུལ་རྒྱུ་མེད་པ་དང་ཡིད་གཏད་པས་ངེས་ཤེས་སྐྱེ་དགོས་པ་ལས་མ་སྐྱེས་པའི་ཕྱིར་ཏེ། དེའི་གནས་སྐབས་ཀྱི་རྟོག་པ་ཐམས་ཅད་ངེས་ཤེས་ཀྱི་རང་བཞིན་དུ་འགྱུར་དགོས་པ་ལས་མ་སོང་བའི་ཕྱིར། གཞན་དུ་ན་རྟོག་གཉིས་ཅིག་ཆར་དུ་འཇུག་པར་ཐལ་ལོ། །ཡང་བུམ་པས་དག་པའི་ས་ཕྱོགས་སུ་བུམ་པ་ཡོད་པར་གང་གིས་ཁེགས་པ་ཡིན་ཅེ་ན། དག་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་བྱེད་པས་ཁེགས་པ་ཡིན་ཏེ། དེ་ལྟ་བུའི་རང་རིག་མངོན་སུམ་དེས་ས་ཕྱོགས་འདི་ནི་དམིགས་སོ། །བུམ་པ་མ་དམིགས་སོ་སྙམ་པའི་ངེས་ཤེས་གཉིས་གཉིས་འདྲེན་པར་བྱེད་པའི་ཕྱིར། མདོར་ན། དགག་བྱ་སྔར་ཡོད་བསལ་བ་མ་ཡིན་གྱི་སྔར་མེད་པ་ལ་མེད་པར་ཤེས་པ་ལ་དགག་བྱ་འགོག་པའི་ཐ་སྙད་བྱེད་པ་ཡིན་ལ། དེ་ཡང་དགག་བྱ་ཚད་མས་མ་དམིགས་པ་ལས་གཞན་དུ་ཡོད་པ་མ་ཡིན་ཏེ། དགག་པ་ཉིད་ནི་ཐམས་ཅད་དུ། །མི་དམིགས་པ་ལས་འགྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། མངོན་སུམ་ཤུགས་རྟོགས་མེད་ན་སློབ་དཔོན་གྱིས་གཞུང་གི་ཆ་འགར་ཤུགས་ལས་རྟོགས་པའམ་དོན་གྱིས་གོ་བ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་མངོན་སུམ་གྱི་བྱེད་པའམ་ཚུལ་གསུམ་གོམས་པ་ལས་གློ་བུར་བའི་རྗེས་དཔག་སྐྱེ་བ་ལ་དགོངས་ཏེ། རྣམ་ངེས་ལས། རང་གིས་གྲུབ་པ་མ་ཡིན་པ་ཐམས་ཅད་ནི་བདག་ཉིད་དང་འབྲེལ་བས་སྒྲུབ་པར་བྱེད་པ་མི་འཁྲུལ་བ་གཞན་ལ་ལྟོས་པའི་ཕྱིར། མངོན་སུམ་མ་ཡིན་པའི་ཚད་མ་ནི་རྗེས་སུ་དཔག་པ་ལས་གཞན་ཡོད་པ་མིན་ནོ་ཞེས་གསུངས་པ་ལྟར་རོ། །མི་བསླུ་མ་ཤེས་དོན་གསལ་དོན་ལྡོག་ཅིག །མཚན་གཞི་མངོན་རྗེས་གཉིས་ལ་མི་བསླུ་བ། །རང་གཞན་གཉིས་ལས་ངེས་ཤིང་ཤེས་པ་ནི། །རང་ལས་ངེས་པའི་བྱེད་པས་དགག་སྒྲུབ་བྱེད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་སྤྱིའི་མཚན་ཉིད་ལེགས་པར་བཤད་ཟིན་ཏོ།། །།

མངོན་སུམ་ཚད་མ་བཤད་པ།

གཉིས་པ་མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ། མངོན་སུམ་དང་། རྗེས་དཔག་གོ །དང་པོ་ལ་གསུམ་སྟེ། མངོན་སུམ་ཡང་དག ལོག་ཕྱོགས་མངོན་སུམ་ལྟར་སྣང་། ཚད་མ་དང་འབྲས་བུའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། མཚོན་བྱའི་དབྱེ་བ། མཚན་གཞི་སོ་སོའི་དོན་ཏོ། །དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཕྱྭ་པ་སོགས་མངོན་སུམ་དང་། མངོན་སུམ་ཚད་མ་སོ་སོར་ཕྱེ་ནས་དང་པོའི་མཚན་ཉིད། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ། ཕྱི་མའི་མཚན་ཉིད། སྔར་མ་རྟོགས་པའི་དོན་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པ་ཞེས་གསུངས་པ་མི་འཐད་དེ། གཉིས་སུ་ཕྱེ་བ་གཞུང་ལས་མ་བཤད་པའི་ཕྱིར་དང་། སྔར་མ་རྟོགས་པ་ལ་རྣམ་བཅད་མེད་ཅིང་། སྒྲོ་འདོགས་གཅོད་པ་མངོན་སུམ་གྱི་རང་ལྡོག་ལ་མི་སྲིད་པའི་ཕྱིར། གཉིས་པ་ལ། མཚན་ཉིད་དངོས་དང་། དེའི་དོན་ངེས་པར་བྱ་བ་གཉིས་ལས། དང་པོ་ནི། ལོག་རྟོག་སེལ་བའི་དབང་དུ་བྱས་ན་རྟོག་བྲལ་མ་འཁྲུལ་བའི་རིག་པའམ། རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན་མ་འཁྲུལ་བའི་རིག་པ་དེ་མངོན་སུམ་གྱི་མཚན་ཉིད་ཡིན་ཞིང་། དེ་ཉིད་མངོན་སུམ་ཚད་མའི་མཚན་ཉིད་ཀྱང་ཡིན་ཏེ། རྣམ་ངེས་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་གསུངས་ཤིང་། དེ་ཉིད་ཚད་མ་ཡིན་པའི་དབང་དུ་བྱས་ནས་མངོན་སུམ་ཚད་མ་ལ་མཚན་ཉིད་གཞན་མ་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། རྟོག་བྲལ་གྱི་དོན་ངེས་པར་བྱ་བ། མ་འཁྲུལ་བའི་དོན་ངེས་པར་བྱ་བ། གཉིས་ཀའི་དོན་ངེས་པར་བྱ་བའོ། །དང་པོ་ལ། བྲལ་བྱ་རྟོག་པ་ངོས་བཟུང་བ་དང་། དེ་དང་བྲལ་བའི་ཚུལ་གཉིས་ལས། དང་པོ་ནི། སྤྱིར་གསུང་རབ་རྣམས་ལས། རྟོག་པ་ལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་དང་། སེམས་རྩིང་བའི་རྣམ་པ་ཅན་གྱི་རྟོག་པ་དང་། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་གསུམ་གསུངས་པ་ལས། དང་པོ་ནི། བྲལ་བྱ་རྟོག་པ་མ་ཡིན་ཏེ། སོ་སྐྱེའི་དབང་ཤེས་ཐམས་ཅད་དེ་ཡིན་པའི་ཕྱིར་རོ། །གཉིས་པ་ཡང་མིན་ཏེ། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་ལ་བརྟེན་པའི་རྣལ་འབྱོར་མངོན་སུམ་དེ་དེ་དང་བཅས་པའི་ཕྱིར། དེས་ན་གསུམ་པ་ཉིད་ལ་འཇོག་སྟེ། འདིར་ཡང་། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་དང་། རྣམ་ངེས་ལས། རྟོགས་པ་དེ་ཡང་གང་ཞེ་ན། རྟོག་པ་མངོན་པར་བརྗོད་ཅན་གྱི་ཤེས་པ། རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བའི་ཤེས་པ་སྟེ། དེ་དང་བྲལ་བའོ་ཞེས་གསུངས་པའི་ཕྱིར། འོ་ན་རྣམ་ངེས་ལས། རུང་བ་སྨོས་པའི་དགོས་པ་གང་ཞེ་ན། འདི་ལ་རྒྱ་གར་བ་ཁ་ཅིག་བརྡ་ལ་མ་བྱང་བའི་བྱིས་པའི་རྒྱུད་ཀྱི་རྟོག་པ་བསྡུ་བའི་ཆེད་དུ་ཡིན་ཏེ། སྒྲ་དོན་འཛིན་པའི་བློ་དེས་དེ་ལ་མ་ཁྱབ་པའི་ཕྱིར། ཞེས་སྨྲ་བ་ནི་ཅིག་ཤོས་ལ་ཡང་མཚུངས་ཏེ། རུང་བ་འཛིན་པའི་བློ་དེས་བརྡ་བྱང་རྒན་པོའི་རྒྱུད་ཀྱི་རྟོག་པ་ལ་མ་ཁྱབ་པའི་ཕྱིར་རོ། །གལ་ཏེ་རུང་བ་འཛིན་པའི་རིགས་ལ་འཇོག་པས་སྐྱོན་མེད་ཅེ་ན། སྔ་མ་ལ་ཡང་མཚུངས་ཏེ། འདྲེས་པར་འཛིན་པའི་རིགས་ལ་འཇོག་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། སྒྲ་དོན་འདྲེས་པ་དེ་ཡང་དོན་ལ་འདྲེས་པ་མ་ཡིན་གྱི། རྟོག་ངོར་འདྲེས་པར་སྣང་དུ་རུང་ཞེས་པའི་དོན་ཡིན་ནོ། །དེས་ན་དེ་གཉིས་དོན་ལྡོག་གཞན་མིན་པས་གང་བཟུང་ཀྱང་ཁྱད་པར་མེད་དེ། འདི་ལ་དགོངས་ནས་རྣམ་འགྲེལ་ལས། འདྲེས་པ་འཛིན་པ་དང་། རྣམ་ངེས་ལས། རུང་བ་འཛིན་པ་གསུངས་སོ། །མདོར་ན། འདིར་བསྟན་གྱི་བྲལ་བྱ་རྟོག་པའི་མཚན་ཉིད། སྒྲ་དོན་འདྲེས་པ་འཛིན་པའི་ཞེན་བློ་དང་། སྒྲ་དོན་འདྲེས་རུང་འཛིན་པའི་ཞེན་བློ་དང་། སྒྲ་དོན་འཛིན་པའི་ཞེན་བློ་དང་། དོན་སྤྱི་འཛིན་པའི་ཞེན་བློ་རྣམས་ཁྱད་པར་མེད་པར་ཤེས་པར་བྱའོ། །གཉིས་པ་ནི། ཁ་ཅིག་རྟོག་པའི་རྫས་དང་བྲལ་བ་ལ་འདོད་པ་མི་འཐད་དེ། རྟོག་མྱོང་རང་རིག་མངོན་སུམ་དེ་རྟོག་བྲལ་མིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གཞན་དག་རྟོག་པའི་ལྡོག་པ་དང་བྲལ་བ་ལ་འདོད་པ་མི་འཐད་དེ། རྗེས་དཔག་དེ་ཡང་རྟོག་བྲལ་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། རང་ལུགས་ནི། རང་ལྡོག་ལ་རྟོག་པའི་མཚན་ཉིད་མི་བསྟེན་པ་སྟེ། དེའི་དོན་ཡང་རང་མཚན་གཞིར་བཟུང་བའི་ཚེ་སྔར་གྱི་མཚན་ཉིད་དེ་མ་ཚང་ངོ་། །གཉིས་པ་ནི། ཁ་ཅིག རྣམ་རིག་པ་ལྟར་མི་བསླུ་བ་ལ་འདོད་པ་ནི་མི་འཐད་དེ། རྗེས་དཔག་ཡང་མི་བསླུ་བ་ཡིན་པའི་ཕྱིར། ཁ་ཅིག དོན་བདེན་པ་ཡུལ་དུ་བྱེད་པ་ལ་འདོད་པ་ཡང་མི་འཐད་དེ། དོན་བདེན་པ་འཇུག་ཡུལ་དུ་བྱེད་པ་ལ་འདོད་ན། རྗེས་དཔག་ཡང་མ་འཁྲུལ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་དང་། གཞུང་ཡུལ་དུ་བྱེད་པ་ལ་འདོད་ན། རང་རིག་དང་རྣམ་འབྱོར་མངོན་སུམ་ལ་མ་ཁྱབ་པའི་ཕྱིར་རོ། །ཁ་ཅིག གཟུང་དོན་ལ་མ་འཁྲུལ་བ་ལ་འདོད་པ་ཡང་མི་འཐད་དེ། སྐྱོན་སྔ་མ་དེ་ཉིད་གནས་པའི་ཕྱིར་རོ། །རང་ལུགས་ནི། རྣམ་ངེས་ལས། དེ་ལ་མ་འཁྲུལ་བ་ནི་རབ་རིབ་དང་། མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པའི་འཁྲུལ་པ་ལ་སོགས་པས་འཁྲུལ་པར་མ་བསྐྱེད་ཅིང་ཞེས་གསུངས་པ་ལྟར་དབང་པོ་དང་། ཡུལ་དང་། བྱ་བ་ལ་སོགས་པའི་འཁྲུལ་རྒྱུས་འཁྲུལ་པར་མ་བསྐྱེད་པའོ། །འོ་ན་རྟོག་པ་ཡང་མ་འཁྲུལ་བར་འགྱུར་ཏེ། འཁྲུལ་རྒྱུ་དེ་དག་གིས་འཁྲུལ་པར་མ་སྐྱེད་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། འཁྲུལ་པ་ལ་སོགས་ཞེས་པའི་སོགས་ཁོངས་ནས། ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་བསྒྲུབ་པ། །ཞེས་དང་། གང་དེ་འཁྲུལ་པ་ཐོག་མེད་པའི། །དུས་ཅན་མཐོང་གོམས་ཀྱིས་སྤྲུལ་ཡིན། །ཞེས་པའི་སྐབས་ནས་བསྟན་པའི་འཁྲུལ་རྒྱུ་དེ་འདྲེན་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་རྟོག་བྲལ་དང་མ་འཁྲུལ་བ་གཉིས་ཀ་ཡང་རིགས་མི་མཐུན་སེལ་བ་ལ་དགོས་སམ། ལོག་རྟོག་སེལ་བའི་དབང་དུ་བྱས་པ་ཡིན་ཞེ་ན། ཁ་ཅིག གཉིས་ཀ་ཡང་རིགས་མི་མཐུན་སེལ་བའི་དབང་དུ་བྱས་པ་ཡིན་ཞེས་ཟེར་བ་མི་འཐད་དེ། རྟོག་པ་ཡིན་ན་འཁྲུལ་ཤེས་ཡིན་དགོས་པའི་ཕྱིར་རོ། །དེས་ན་ཡང་དག་པར་ན་མ་འཁྲུལ་བའི་ཤེས་པས་རིགས་མི་མཐུན་མཐའ་དག་སེལ་ནུས་ཀྱང་རྟོག་བྲལ་སྨོས་པ་ནི་བྱེ་བྲག་པ་དང་། རིགས་པ་ཅན་པ་སོགས་དབང་ཤེས་རྟོག་པ་དང་བཅས་བཞིན་དུ་མ་འཁྲུལ་བར་འདོད་པའི་ལོག་རྟོག་དང་། ཁ་ཅིག འཇུག་ཡུལ་ལ་མ་འཁྲུལ་བས་ཀྱང་འཁྲུལ་བའི་གོ་ཆོད་པས་རྗེས་དཔག་ཀྱང་མ་འཁྲུལ་བ་ཡིན་ནོ་སྙམ་པའི་ལོག་རྟོག་བཟློག་པའི་ཆེད་དུ་སྨོས་པ་ཡིན་ནོ། །འོ་ན་སེམས་ཙམ་པས་ཚུར་མཐོང་གི་དབང་ཤེས་ཐམས་ཅད་ཐོག་མ་མེད་པའི་བག་ཆགས་ཀྱི་སྟོབས་ཀྱིས་གཟུང་འཛིན་གཉིས་སུ་འཁྲུལ་པར་སྐྱེས་པར་འདོད་པས་ཚུལ་མཐོང་གི་དབང་ཤེས་མ་འཁྲུལ་བར་མི་འདོད་པར་འགྱུར་ལ། དེ་ལྟར་ན་རྟོག་བྲལ་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་མི་འདོད་པར་འགྱུར་རོ་ཞེ་ན། འདིའི་ལན་ལ་ཁ་ཅིག མཚན་ཉིད་དེ་མདོ་སྡེ་པ་ཁོ་ནའི་དབང་དུ་བྱས་པར་འདོད་པ་དང་། ཁ་ཅིག མཚན་ཉིད་དེ་ལྟར་ཁས་ལེན་ཀྱང་མ་འཁྲུལ་པའི་དོན་བག་ཆགས་བརྟན་འབྱུང་གི་བློ་ལ་བྱེད་པས་སྐྱོན་མེད་པར་འདོད་པ་དང་། ཁ་ཅིག མཚན་ཉིད་དེ་ཁས་བླངས་ཀྱང་ཚུར་མཐོང་གི་དབང་ཤེས་ཐམས་ཅད་འཁྲུལ་པ་ཡིན་པས་མངོན་སུམ་མ་ཡིན་པར་འདོད་པ་དང་གསུམ་ལས། དང་པོ་མི་འཐད་དེ། རྣམ་རིག་པའི་ལུགས་ལ་མངོན་སུམ་གྱི་མཚན་ཉིད་ལོགས་སུ་མ་གསུངས་པའི་ཕྱིར་རོ། །གཉིས་པ་ཡང་མི་འཐད་དེ། བག་ཆགས་བརྟན་མི་བརྟན་ལ་བདེན་བརྫུན་དང་ཚད་མ་ཡིན་མིན་གྱི་རྣམ་བཞག་ནི་ཐ་སྙད་ཀྱི་རྣམ་བཞག་ཡིན་གྱི་དོན་དམ་གྱི་དབང་དུ་བྱས་པ་མིན་པའི་ཕྱིར་དང་། གཞན་དུ་ན་རྗེས་དཔག་ཉིད་ཀྱང་བག་ཆགས་བརྟན་པས་མ་འཁྲུལ་བར་ཁས་བླངས་དགོས་པས་ནང་འགལ་བའི་ཕྱིར་རོ། །གསུམ་པ་ཡང་མི་འཐད་དེ། སེམས་ཙམ་པའི་ལུགས་ལ་ཚུར་མཐོང་གི་དབང་ཤེས་ལ་རང་རིག་མངོན་དུ་སོང་བའི་ཆ་རྣམས་མངོན་སུམ་དུ་ཁས་ལེན་དགོས་པའི་ཕྱིར་རོ། །དེས་ན་འཇམ་དབྱངས་བླ་མའི་དགོངས་པ་ནི་རྣམ་རིག་པའི་ལུགས་ལ་མཚན་ཉིད་དེ་ལྟར་ཁས་ལེན་ཀྱང་མ་འཁྲུལ་བའི་དོན་དེ་ལྟར་ཁས་མི་ལེན་ཏེ། རིགས་གཏེར་རང་འགྲེལ་ལས། ཁ་ཅིག་རྣམ་རིག་པའི་གྲུབ་མཐའ་ལྟར་མི་བསླུ་བ་ལ་འདོད་པ་དང་ཞེས་གསུངས་པས་མི་བསླུ་བ་མ་འཁྲུལ་བའི་དོན་དུ་བྱེད་པ་རྣམ་རིག་པའི་གྲུབ་མཐར་གྲུབ་པའི་ཕྱིར་རོ། །འོ་ན་རྗེས་དཔག་ཀྱང་མ་འཁྲུལ་བར་འགྱུར་ཏེ། མི་བསླུ་བ་ཡིན་པའི་ཕྱིར་རོ་ཞེ་ན། ཤེས་པ་རང་ལས་རྫས་གཞན་པའི་གཞལ་བྱ་ལ་མི་བསླུ་བ་ཡིན་པ་ནི་གཏན་ཚིགས་མ་གྲུབ་ཅིང་རང་གི་རྫས་སུ་གྱུར་པའི་གཞལ་བྱ་ལ་ནི་མ་འཁྲུལ་བ་ཡིན་པ་ནི་རང་རིག་མངོན་སུམ་དུ་འགྱུར་བས་སྐྱོན་ག་ལ་གནས། མདོ་སྡེ་པའི་ལུགས་ལ་ནི་མི་མཚུངས་ཏེ། རྗེས་དཔག་ཀྱང་ཕྱི་རོལ་གྱི་དོན་ལ་ཚད་མར་འདོད་པའི་ཕྱིར་རོ། །སྐལ་བ་དང་ལྡན་པ་དག་ལེགས་པར་དཔྱོད་ཅིག སྐལ་མེད་ཀྱི་མཆུ་ལ་མི་སྐྲག་གོ །གཉིས་པ་མཚོན་བྱའི་དབྱེ་བ་ལ་ལྔ་སྟེ། གང་ལས་དབྱེ་བའི་གཞི། གང་དབྱེ་བའི་ངོ་བོ། གང་གིས་འབྱེད་པའི་རྒྱུ་མཚན། ཇི་ལྟར་ཕྱེ་བའི་དོན། ཇི་སྙེད་ཕྱེ་བའི་གྲངས་ངེས་སོ། །དང་པོ་ནི། མ་འཁྲུལ་བའི་ཤེས་པ་ཙམ་མོ། །གཉིས་པ་ནི། དབང་པོ་དང་། ཡིད་དང་། རང་རིག་དང་། རྣམ་འབྱོར་གྱི་མངོན་སུམ་སྟེ་བཞིའོ། །གསུམ་པ་ནི། ཡུལ་གྱི་སྒོ་ནས་ཡུལ་གཞན་རིག་པ་དོན་རིག་གི་མངོན་སུམ་གཉིས། རང་རིག་པ་རང་རིག་གི་མངོན་སུམ། རང་གཞན་མེད་པར་རིག་པ་རྣལ་འབྱོར་མངོན་སུམ་མོ། །རྟེན་གྱི་སྒོ་ནས་དབང་པོ་ལ་བརྟེན་པ་དོན་རིག་གཉིས། གཞན་དབང་ཙམ་ལ་བརྟེན་པ་རང་རིག ཏིང་ངེ་འཛིན་ལ་བརྟེན་པ་རྣལ་འབྱོར་མངོན་སུམ་མོ། །གང་ཟག་གི་སྒོ་ནས་སོ་སྐྱེའི་མངོན་སུམ་དང་། འཕགས་པའི་མངོན་སུམ་གཉིས་སོ། །བཞི་པ་ནི། གཅིག་པ་བཀག་པའི་ཐ་དད་མིན་ཏེ། བཞི་ཀ་ཡང་དངོས་པོ་ཡིན་པའི་ཕྱིར། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཙམ་ཡང་མིན་ཏེ། མངོན་སུམ་གཞན་གསུམ་རྫས་ཐ་དད་ཡིན་པའི་ཕྱིར། རྫས་ཐ་དད་ཀྱང་མ་ཡིན་ཏེ། མངོན་སུམ་གཞན་གསུམ་པོ་རང་རིག་མངོན་སུམ་དང་ངོ་བོ་གཅིག་པའི་ཕྱིར། དེས་ན། མངོན་སུམ་གཞན་གསུམ་པོ་རྫས་ཐ་དད་དང་། དེ་གསུམ་རང་རིག་མངོན་སུམ་དང་། ངོ་བོ་གཅིག་ལ་ཡུལ་གྱི་སྒོ་ནས་ཐ་དད་ཡིན་ནོ། །ལྔ་པ་ནི། ཁ་ཅིག་མངོན་སུམ་ལ་བཞིར་ཕྱེ་བ་ནི་རིགས་པས་མཐའ་གཞན་བཀག་པའི་གྲངས་ངེས་མིན་ཏེ། ཡིད་མངོན་ཚད་མ་མ་ཡིན་པས་གྲངས་ཉུང་བ་མི་ཁེགས་པའི་ཕྱིར་དང་། སྤྱན་དང་མངོན་ཤེས་སོགས་མངོན་སུམ་ལྔ་པ་ཡོད་པས་གྲངས་མང་བ་མི་ཁེགས་པའི་ཕྱིར་རོ། །དེས་ན་དགོས་པའི་དབང་གིས་བཞག་པ་ཡིན་ཏེ། རིགས་པ་ཅན་པ་དབང་མངོན་ཚད་མ་མ་ཡིན་པར་འདོད་པ་དང་། རྣ་བ་མ་ཕུག་པ་ཡིད་མངོན་ཚད་མ་མི་འདོད་པ་དང་། བྱེ་བྲག་པ་དང་། བྱེ་བྲག་ཏུ་སྨྲ་བ་རང་རིག་མི་འདོད་པ་དང་། རྒྱང་འཕེན་པ་རྣལ་འབྱོར་མངོན་སུམ་མི་འདོད་པས་ལོག་རྟོག་དེ་བཞི་དགག་པའི་ཆེད་དུ་བཞིར་ཕྱེ་བ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། ཡིད་མངོན་ཚད་མ་མ་ཡིན་ན་རྣ་བ་མ་ཕུག་པས་དེ་ལྟར་འདོད་པའི་ལོག་རྟོག་དགག་མི་ནུས་པའི་ཕྱིར་དང་། སྤྱན་དང་མངོན་ཤེས་ནི་རང་རིག་མངོན་སུམ་དང་རྣལ་འབྱོར་མངོན་སུམ་གང་རུང་གི་ཁོངས་སུ་འདུས་པའི་ཕྱིར་རོ། །ཁ་ཅིག མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཞེས་པའི་སྒྲ་ཇི་བཞིན་དུ་བཞིར་ཕྱེ་བ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་མ་ཡིན་ཏེ། དེས་རང་རིག་མངོན་སུམ་མི་འདོད་པའི་ཕྱིར། སེམས་ཙམ་པའི་ལུགས་མ་ཡིན་ཏེ། དེས་དབང་མངོན་དང་ཡིད་མངོན་མི་འདོད་པའི་ཕྱིར། དེས་ན་མདོ་སྡེ་པ་ཁོ་ནའི་ལུགས་སོ་ཞེས་ཟེར་བ་ཡང་མི་འཐད་དེ། དམིགས་བརྟག་ལས། སེམས་ཙམ་པའི་ལུགས་ལ་དབང་མངོན་གྱི་རྐྱེན་གསུམ་བཤད་པས་དབང་མངོན་ཁས་བླང་དགོས་ཤིང་། དབང་མངོན་འདོད་ན་ཡིད་མངོན་འདོད་དགོས་པར་རིགས་གཏེར་རང་འགྲེལ་ཉིད་ལས་བཤད་པའི་ཕྱིར་རོ། །ཁ་ཅིག གཞུང་དེའི་དོན་སྣང་ཡུལ་ལ་མ་འཁྲུལ་པའི་མངོན་སུམ་གྱི་དབང་དུ་བྱས་པ་ཡིན་ཞེས་གསུངས་པ་ཡང་མི་འཐད་དེ། དབང་ཡིད་ཀྱི་མངོན་སུམ་གཉིས་གང་ལ་མངོན་སུམ་དུ་སོང་བའི་སྣང་ཡུལ་དེ་ལ་མ་འཁྲུལ་བར་རྣམ་རིག་པས་ཀྱང་ཁས་ལེན་དགོས་པའི་ཕྱིར་རོ། །འོ་ན་གཞུང་འདིའི་དགོངས་པ་ཇི་ལྟར་ཞེ་ན། ཐ་སྙད་ཀྱི་དབང་དུ་བྱས་ན་དབང་ཡིད་ཀྱི་མངོན་སུམ་གཉིས་པོ་ཕྱི་རོལ་གྱི་དོན་ལ་ཚད་མར་རྣམ་རིག་པས་ཁས་བླངས་ཀྱང་འདིར་བསྟན་གྱི་གྲངས་ངེས་ནི་དོན་དམ་གནས་ལུགས་ལ་དཔྱོད་པའི་དབང་དུ་བྱས་པ་ཡིན་ལ། དེའི་ཚེ་དབང་ཡིད་ཀྱི་མངོན་སུམ་གཉིས་ཕྱི་རོལ་གྱི་དོན་ལ་ཚད་མར་འགྱུར་བ་མི་སྲིད་པའི་ཕྱིར་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཁོ་ན་འགྱུར་བས་མངོན་སུམ་དང་པོ་གསུམ་ངོ་བོའི་སྒོ་ནས་ཀྱང་གཅིག་ཅིང་། ཡུལ་གྱི་སྒོ་ནས་ཀྱང་གཅིག་པས་རང་རིག་མངོན་སུམ་དུ་བཞག་ལ། རྣལ་འབྱོར་མངོན་སུམ་ནི་ཡུལ་ཆོས་ཉིད་ལ་ཚད་མ་ཡིན་པས་རང་རིག་མངོན་སུམ་དང་ངོ་བོ་གཅིག་ཀྱང་ཡུལ་གྱི་སྒོ་ནས་ཐ་དད་དུ་བཞག་གོ །མདོ་སྡེ་པའི་ལུགས་ལ་བཞི་ཆར་ཡང་ཡུལ་གྱི་སྒོ་ནས་ཐ་དད་ཡིན་ཏེ། རང་རིག་མངོན་སུམ་ནི་ཤེས་པ་དང་། དབང་མངོན་ནི་ཕྱི་རོལ་གྱི་དོན་དང་། ཡིད་མངོན་ནི་དེའི་ཡུལ་ལས་རྫས་གཞན་པའི་ཕྱི་རོལ་གྱི་དོན་དང་། རྣལ་འབྱོར་མངོན་སུམ་ནི་ཡང་དག་པའི་དོན་ལ་ཚད་མར་འཇོག་པ་ནི་གནས་ལུགས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ཡང་རིགས་གཏེར་རང་འགྲེལ་ལས། མངོན་སུམ་གྱི་གྲངས་ངེས་པ་ནི། མདོ་སྡེ་པའི་ལུགས་ལ་བརྟེན་ནས་ཕྱི་རོལ་གྱི་དོན་ཞལ་གྱིས་བཞེས་པའི་ཚེ་ཡུལ་གྱི་སྒོ་ནས་བཞིར་ཕྱེ་སྟེ། མདོ་ལས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་དོ་ཞེས་གསུངས་པའི་དགོངས་པ་ཡིན་ནོ་ཞེས་དང་། བྱེ་བྲག་ཏུ་སྨྲ་བ་རང་རིག་མི་འདོད་པས་མངོན་སུམ་གསུམ་ཡིན་ནོ། །རྣམ་རིག་པའི་ལུགས་ལྟར་ན། རང་རིག་པ་དང་རྣལ་འབྱོར་གྱི་མངོན་སུམ་གཉིས་ལས་གཞན་མི་སྲིད་པ་དཔལ་ལྡན་གྲགས་པའི་དགོངས་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་བྱས་ན་ཚད་འབྲས་གཉིས་པའི་སྐབས་སུ་དབང་ཤེས་ཀྱི་ཚད་འབྲས་བཞག་པའི་ཚེ་རང་རིག་འབྲས་བུར་གསུངས་པ་དང་། དམིགས་བརྟག་ལས། སེམས་ཙམ་རང་ལུགས་ཀྱི་དབང་མངོན་གྱི་རྐྱེན་གསུངས་པ་དང་། རིགས་གཏེར་རྩ་འགྲེལ་ལས། ཡུལ་གྱི་སྒོ་ནས་མངོན་སུམ་ལ་བཞིར་ཕྱེ་བའི་ཚེ་ཕྱི་དོན་ཁས་བླང་དགོས་པས་མདོ་སྡེ་པ་ཁོ་ནའི་ལུགས་གསུངས་པ་རྣམས་གནད་གཅིག་ཏུ་རྟོགས་པར་འགྱུར་བས་རིགས་གཏེར་རྩ་བའི་ཚིག་རྐང་གཉིས་པོ་དེའི་འགོར། ཡུལ་གྱི་སྒོ་ནས་ཞེས་པའི་ཚིག་འདི་སྦྱར་ཤེས་ན་གནད་ཐམས་ཅད་རང་གྲོལ་དུ་ཤེས་པར་འགྱུར་རོ། །ཁ་ཅིག མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཞེས་པ་མི་འཐད་དེ། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཡིད་མངོན་མེད་པའི་ཕྱིར་སྟེ། མཛོད་ལ་སོགས་པའི་གཞུང་གི་ཆ་གང་དུའང་མ་གསུངས་པའི་ཕྱིར། རིགས་པས་ཀྱང་མི་གྲུབ་སྟེ། དེ་ལུང་གིས་བསྒྲུབ་དགོས་པའི་ཕྱིར། སེམས་ཙམ་པས་དབང་མངོན་དང་ཡིད་མངོན་ཚད་མ་མིན་པར་འདོད་པ་ཡང་མི་འཐད་དེ། དེ་ལྟར་ན་དེས་བག་ཆགས་བརྟན་པའི་དབང་ཤེས་དང་། མི་བརྟན་པའི་དབང་ཤེས་གཉིས་ཚད་མ་ཡིན་མིན་ཁྱད་པར་མེད་པར་འདོད་དགོས་པ་ལས་དེ་གཉིས་ཚད་མ་ཡིན་མིན་གྱི་ཁྱད་པར་ཡོད་པར་རྣམ་ངེས་ལས་བཤད་པའི་ཕྱིར་ཏེ། ཉེ་བར་བསླད་པའི་བག་ཆགས་མཚམས་སྦྱོར་བ་མེད་པའི་སྐྱོན་གྱིས་མི་མཁས་པས་ཀྱང་ཐ་སྙད་ལ་ཡིད་བརྟན་དུ་མེད་པར་མཐོང་བའི་ཕྱིར་གཅིག་ནི་ཚད་མ་མིན་པར་བརྗོད་ལ། གཞན་ནི་བག་ཆགས་བརྟན་པའི་ཕྱིར་འཁོར་བ་ཇི་སྲིད་པར་མི་འབྲལ་བར་རྗེས་སུ་འབྲེལ་བ་ནི་ཐ་སྙད་ལ་མི་བསླུ་བ་ལ་ལྟོས་ནས་འདིར་ཚད་མ་ཡིན་ནོ། །འདི་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཚུར་མཐོང་གི་རྒྱུད་ཀྱི་མངོན་སུམ་ཡིན་ན། དབང་མངོན་ཡིན་དགོས་པར་ཐལ། དེའི་ལུགས་ལ་ཚུར་མཐོང་གི་རྒྱུད་ལ་མངོན་སུམ་གཞན་གསུམ་པོ་གང་རུང་མེད་པའི་ཕྱིར། འདོད་ན། ཚུར་མཐོང་གི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་མ་ངེས་སོ། །མཛོད་ལས་མ་གསུངས་པ་ཡང་མ་གྲུབ་སྟེ། དྲུག་པོ་འགགས་མ་ཐག་པ་ཡིད་དབང་དུ་བཤད་ཅིང་དེ་ལ་བརྟེན་པའི་ཡིད་ཤེས་མ་འཁྲུལ་བ་ཅིག་ཡོད་པའི་ཕྱིར་རོ། །རྣམ་རིག་པའི་ལུགས་ལ་ཐ་སྙད་དུ་ཡུལ་ལ་ཚད་མར་རྣམ་ངེས་ལས་བཤད་ན། ཡུལ་ལ་ཚད་མ་ཡིན་པས་ཀྱང་མ་ཁྱབ་སྟེ། གཞན་དུ་ན་བག་ཆགས་བརྟན་འབྱུང་གི་དབང་ཤེས་ཆོས་ཅན། ཕྱི་དོན་ལ་ཚད་མ་ཡིན་པར་ཐལ། ཐ་སྙད་དུ་ཕྱི་དོན་ལ་ཚད་མ་ཡིན་པའི་ཕྱིར་ཏེ། རང་ལ་སྣང་བའི་གཟུང་རྣམ་དེ་ཐ་སྙད་དུ་ཕྱི་དོན་ཡིན་པའི་ཕྱིར་ཏེ། དེས་དྲངས་པའི་ངེས་ཤེས་ཀྱི་གཟུང་རྣམ་དེ་ལ་ཕྱི་དོན་གྱི་ཐ་སྙད་བྱེད་པའི་ཕྱིར། སོ་སྐྱེའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེ་མངོན་སུམ་གང་དུ་འདུ་ཞེ་ན། མངོན་སུམ་ཡིན་པའི་ཆ་ནི་རང་རིག་མངོན་སུམ་དུ་འདུས་ཏེ། གཟུང་འཛིན་ལས་གྲོལ་བའི་ཕྱིར་དང་། རང་གི་སེམས་ཀྱི་སྣང་བ་ཉིད་དེ་ལྟར་གསལ་བའི་ཕྱིར་རོ། །སྤྱན་དང་མངོན་ཤེས་གཞན་རྣམས་གང་དུ་འདུ་ཞེ་ན། སོ་སྐྱེའི་རྒྱུད་ཀྱི་དབང་ཤེས་ཀྱིས་བསྡུས་པ་རྣམས་ལ་མངོན་སུམ་ཡིན་པའི་ཆ་ནི་རང་རིག་མངོན་སུམ་དང་། འཕགས་རྒྱུད་ཀྱི་ཤེས་རབ་དང་། ཆོས་ཀྱི་སྤྱན་དང་། ཟག་པ་ཟད་པ་ཤེས་པའི་མངོན་ཤེས་རྣམས་རྣལ་འབྱོར་མངོན་སུམ་དུ་འདུས་པ་ཡིན་ནོ། །གསུམ་པ་མཚན་གཞི་སོ་སོའི་དོན་ལ་བཞི་ལས། དང་པོ་དབང་མངོན་ལ་བཞི་སྟེ། མཚོན་པར་བྱེད་པའི་མཚན་ཉིད། མཚན་གཞིའི་དབྱེ་བ། མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ། མཚོན་བྱའི་སྒྲ་དོན་ནོ། །དང་པོ་ལ་སྔ་རབས་པ་ཁ་ཅིག དབང་ཤེས་ཀྱི་མཚན་ཉིད། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་སྐྱེས་པའི་ཡུལ་རིག་པ། དབང་མངོན་གྱི་མཚན་ཉིད། དེ་ལས་སྐྱེས་པའི་གཟུང་དོན་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ། དབང་མངོན་ཚད་མའི་མཚན་ཉིད། དེ་ལས་སྐྱེས་ཤིང་སྔར་མ་རྟོགས་པའི་དོན་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པའི་རིག་པའོ་ཞེས་ཟེར་བ་མི་འཐད་དེ། གཉིས་སུ་ཕྱེ་བ་གཞུང་ལས་མ་བཤད་པ་སོགས་སྔར་བཞིན་ནོ། །ཁ་ཅིག དེ་ལས་དངོས་སུ་སྐྱེས་པའི་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཞེས་པ་ཡང་མི་འཐད་དེ། དབང་མངོན་ཉམས་མྱོང་གི་རང་རིག་མངོན་སུམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དབང་མངོན་དེ་དེ་ལས་དངོས་སུ་སྐྱེས་པ་གང་ཞིག ཁྱོད་དང་དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། རང་ལུགས་ནི། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་གང་ཞིག རྟོག་བྲལ་མ་འཁྲུལ་བའོ། །གཉིས་པ་ལ་བདག་རྐྱེན་གྱི་སྒོ་ནས་མིག་གི་དབང་པོའི་མངོན་སུམ་ནས་ལུས་ཀྱི་དབང་པོའི་མངོན་སུམ་གྱི་བར་ལྔ། དམིགས་རྐྱེན་གྱི་སྒོ་ནས་གཟུགས་འཛིན་དབང་མངོན་ནས་རེག་འཛིན་དབང་མངོན་གྱི་བར་ལྔ། དེ་མ་ཐག་རྐྱེན་གྱི་སྒོ་ནས་རང་ངེས་དབང་མངོན་དང་། གཞན་ངེས་དབང་མངོན་གཉིས་སོ། །གསུམ་པ་ལ་བཞི་སྟེ། དབང་པོ་ལས་སྐྱེས་པའི་དང་། གཞན་རིག་གི་ཤེས་པའི་དང་། རྟོག་བྲལ་གྱི་དང་། མ་འཁྲུལ་བའི་དོན་ངེས་པར་བྱ་བའོ། །དང་པོ་ལ་བདག་རྐྱེན་དབང་པོ་ངོས་གཟུང་བ་ལ། ཆོས་མངོན་པ་ལས། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་འབྱུང་འགྱུར་གྱི་གཟུགས་ཟར་མའི་མེ་ཏོག་དང་། གྲོ་ག་བཅུས་པ་དང་། མོ་ཁབ་གཤིབས་པ་དང་། ཟླ་བ་བཀས་པ་དང་། བྱ་རེག་ན་འཇམ་གྱི་ལྤགས་པ་ལྟ་བུ་ཡོད་པར་བཤད་དོ། །ཁ་ཅིག ཀུན་གཞི་ལ་གནས་པའི་དབང་ཤེས་བསྐྱེད་པའི་ནུས་པ་ཞིག་སྟེ། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་གསུངས་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། ཀུན་གཞི་ཁས་ལེན་པའི་ངེས་པ་མེད་ཅིང་། ལེན་ན་ཡང་དེ་སེམས་ཙམ་པའི་ལུགས་ཡིན་པའི་ཕྱིར་རོ། །རིགས་གཏེར་རང་འགྲེལ་ལས། གྲུབ་མཐའ་འགའ་ཞིག་ལ་གྲགས་པའི་དབང་པོ་མི་གྲུབ་ཀྱང་། རྟེན་གཟུགས་ཅན་འདི་དག་ལ་ཡོད་པའི་ཡུལ་ལྔ་ལ་འཛིན་ནུས་ཤིག་ཡིན་ཏེ། ལྷན་ཅིག་བྱེད་པའང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་གསུངས་པས་སོ། །དེ་ལས་སྐྱེས་པར་རྗེས་འགྲོའི་སྒོ་ནས་འགྲུབ་སྟེ།་་་་ ༈ འདི་ལྟར་དབང་དོན་བར་མ་ཆོད་དང་། འབྲས་བུ་དབང་ཤེས་གཉིས་ཀ་མ་དམིགས་པ་ལས་དབང་དོན་བར་མ་ཆོད་དམིགས་པའི་རྗེས་སུ་ཡུལ་འཛིན་པའི་རྣམ་ཤེས་དམིགས་པས་དེ་ལ་ཡོད་པའི་ནུས་པ་ཞིག་ལ་བརྟན་པར་འགྲུབ་སྟེ། མེ་དུ་བཞིན་ནོ། །ཡང་ན་ལྡོག་པས་ཀྱང་འགྲུབ་བོ་ཞེས་གསུངས་པའི་དོན་ནི། རྐྱེན་གཞན་ཚང་ཡང་དབང་རྟེན་འདི་དག་ལ་ཡོད་པའི་ནུས་པ་ཞིག་མ་ཚང་ན་དབང་ཤེས་མི་འབྱུང་བའི་རྟགས་ལས་ནུས་པ་དེ་ཡོད་པར་གྲུབ་ཅིང་། ནུས་པ་དེ་ཡང་བེམ་ཤེས་གང་རུང་ལས་མ་འདས་པ་ལས། ཤེས་པར་མི་འཐད་དེ། དབང་ཤེས་ཡིན་ན། དབང་ཤེས་མ་སྐྱེས་པའི་སྔར་ནས་ཡོད་པས་ཐུག་མེད་དུ་འགྱུར་ཞིང་། ཡིད་ཤེས་ཡིན་ན། དབང་རྟེན་འདི་དག་ལ་བརྟེན་མི་དགོས་པའི་ཕྱིར་རོ། །དེའི་ཕྱིར་བེམ་པོར་གྲུབ་པས་གཟུགས་ཅན་ཙམ་ཞིག་ཁས་བླངས་ཀྱི། ཟར་མའི་མེ་ཏོག་ལྟ་བུ་སོགས་རེ་ཞིག་རིགས་པས་མི་གྲུབ་པས། རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་རྣམས་ཀྱིས་ཁས་མི་ལེན་པ་ནི་གནད་ཀྱི་དོན་ཏོ། །གཉིས་པ་ནི། རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་འདོད་པ་མདོ་སེམས་གཉིས་ཀ་མཐུན་ཀྱང་། མདོ་སྡེ་པས། དབང་པོའི་མངོན་སུམ་དུ་འཇོག་པ་ནི་ཕྱི་རོལ་གྱི་ཡུལ་ལ་ལྟོས་ནས་འཇོག་དགོས་པས་གཞན་རིག་གི་ཤེས་པར་འདོད་ལ། སེམས་ཙམ་པས་རང་ལས་གཞན་པའི་ཡུལ་ལ་ཚད་མར་མ་སོང་བས་རང་རིག་ཉིད་དུ་འདོད་དེ། དེས་ན་གཞན་རིག་མེད་པའི་ཕྱིར། །རང་རིག་འབྲས་བུ་ཡིན་པར་འདོད། །ཅེས་པ་ལྟར་རོ། །གསུམ་པ་ནི། ཚད་མ་མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་དམ་བཅའ་ཙམ་གསུངས་ཤིང་། རྣམ་འགྲེལ་འདིར། འཁྲུལ་རྒྱུ་མེད་ན་མངོན་སུམ་གྱིས་འགྲུབ་པ་དང་། འཁྲུལ་རྒྱུ་ཡོད་ན་རྟགས་ཀྱིས་བསྒྲུབ་པ་གཉིས་ལས། ཕྱི་མ་ལ། སྤྱིར་རིགས་པ་མང་དུ་ཡོད་ཀྱང་། །དེ་ཕྱིར་དབང་པོ་ལས་སྐྱེས་བློ། །ཐམས་ཅད་ཁྱད་པར་ཡུལ་ཅན་ཡིན། །ཞེས་པ་སྟེ། དབང་མངོན་ཆོས་ཅན། རྟོག་བྲལ་ཡིན་ཏེ། རང་མཚན་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར་ཞེས་པའོ། །བཞི་པ་ནི། དབང་མངོན་ཆོས་ཅན། མ་འཁྲུལ་བ་ཡིན་ཏེ། འཁྲུལ་རྒྱུས་འཁྲུལ་པར་བསྐྱེད་པ་མ་ཡིན་གྱི་དོན་རང་མཚན་གྱིས་རང་ངོས་ནས་རང་འདྲའི་རྣམ་པ་གཏད་པའི་ཤེས་པ་ཡིན་པའི་ཕྱིར་ཞེས་པའོ། །བཞི་པ་ལ། སྒྲ་དོན་སྤྱིར་བསྟན་པ་དང་། དེ་ལས་འཕྲོས་ནས་རྐྱེན་གསུམ་གྱི་རྣམ་བཞག་གཉིས་ལས། དང་པོ་ནི། དབང་མངོན་དེ་རྐྱེན་གསུམ་ཆར་ལས་སྐྱེས་པར་མཚུངས་ཀྱང་། དམིགས་རྐྱེན་དང་། དེ་མ་ཐག་རྐྱེན་གྱི་སྒོ་ནས་ཐ་སྙད་མི་བྱེད་པར་བདག་རྐྱེན་གྱི་སྒོ་ནས་སྤྱིར་དབང་མངོན་དང་། བྱེ་བྲག་ཏུ་མིག་ཤེས་ལ་སོགས་པའི་ཐ་སྙད་བྱེད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། སྤྱིར་རྟོག་ལྡན་བརྡ་སྦྱར་བའི་དགོས་པ་ནི། ཐ་སྙད་ཀྱི་དུས་སུ་དོན་དེ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པ་ལས། བདག་རྐྱེན་གྱི་སྒོ་ནས་དབང་མངོན་ཞེས་པའི་ཐ་སྙད་ལས་མངོན་སུམ་བཞིའི་དང་པོ་བདེ་བླག་ཏུ་གོ་ནུས་ཏེ། དབང་པོ་གཟུགས་ཅན་པ་དེ་མངོན་སུམ་བཞིའི་དང་པོ་དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་པའི་ཕྱིར། དཔེར་ན། རྔ་དེ་རྔ་སྒྲའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་རྒྱུ་མཚན་གྱིས་རྔ་སྒྲ་ཞེས་དང་། ནས་ཀྱི་ས་བོན་དེ་ནས་མྱུག་གི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་རྒྱུ་མཚན་གྱིས་ནས་མྱུག་ཅེས་པའི་ཐ་སྙད་བྱས་པ་བཞིན་ནོ། །དམིགས་རྐྱེན་དང་། དེ་མ་ཐག་རྐྱེན་གྱི་སྒོ་ནས་ཐ་སྙད་བྱས་ན་མངོན་སུམ་བཞིའི་དང་པོ་བདེ་བླག་ཏུ་གོ་བར་མི་ནུས་ཏེ། གཟུགས་དེ་གཟུགས་འཛིན་དབང་མངོན་དང་། ཡིད་མངོན་གཉིས་ཀའི་ཐུན་མོང་བའི་དམིགས་རྐྱེན་དང་། ཡིད་ཀྱི་རྣམ་པར་ཤེས་པ་དེ་དབང་ཤེས་ལྔ་ཆར་གྱི་ཐུན་མོང་བའི་དེ་མ་ཐག་རྐྱེན་ཡིན་པའི་ཕྱིར་རོ། །དཔེར་ན་དབྱུག་གུའི་སྒྲ་ཞེས་པས་རྔ་སྒྲ་དང་། ཆུ་ལུད་ཀྱི་མྱུ་གུ་ཞེས་པས་ནས་མྱུག་ཐུན་མོང་མ་ཡིན་པར་གོ་མི་ནུས་པ་བཞིན་ནོ། །དེ་ལྟར་ཡང་། མདོར། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་དང་། རྣམ་འགྲེལ་ལས། གོ་བར་བྱེད་པ་ཉིད་མཐོང་ནས། །ཞེས་སོགས་ཚིགས་བཅད་གསུམ་དང་། རིགས་གཏེར་ལས། དབང་པོ་ཐུན་མོང་མིན་རྒྱུའི་ཕྱིར། །དབང་ཤེས་ཡིན་ཏེ་རྔ་སྒྲ་བཞིན། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། རྐྱེན་གསུམ་སྤྱིའི་རྣམ་བཞག་དང་། རྐྱེན་གསུམ་སོ་སོའི་རྣམ་བཞག་གོ །དང་པོ་ལ་གསུམ་སྟེ། གཞུང་གཞན་ལས་བཤད་པའི་ཚུལ། སློབ་དཔོན་ཉིད་ཀྱི་དགོངས་པ་དཔྱད་པ། ཞར་ལ་དབང་ཤེས་འཁྲུལ་པ་ལ་དམིགས་རྐྱེན་ཡོད་མེད་དཔྱད་པའོ། །དང་པོ་ནི། མཛོད་ལས། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང་། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་རྒྱུ་དྲུག་དང་། རྩ་བ་ཤེས་རབ་ཀྱི་དངོས་སྨྲ་བའི་འདོད་པ་བརྗོད་པའི་སྐབས་སུ། རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་རྐྱེན་བཞི་ལས་འབྲས་བུ་སྐྱེ་བར་གསུངས་སོ། །དེ་ལ་རྒྱུའི་རྐྱེན་ནི། བྱེད་རྒྱུ་མ་གཏོགས་པའི་རྒྱུ་གཞན་ལྔ་དང་། དེ་མ་ཐག་རྐྱེན་ནི། སེམས་སེམས་བྱུང་ད་ལྟར་བ་རྒྱུན་འགག་ཁ་མ་མ་ཡིན་པ་རྣམས་སོ། །དམིགས་རྐྱེན་ནི། ཆོས་ཐམས་ཅད་དོ། །བདག་རྐྱེན་ནི། བྱེད་རྒྱུ་ལ་འཇོག་སྟེ། མཛོད་ལས། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །དམིགས་པ་ཆོས་རྣམས་ཐམས་ཅད་དེ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་སོ། །འོ་ན་དངོས་པོ་རྣམས་རྐྱེན་གང་དང་གང་ལས་སྐྱེས་ཞེ་ན། སེམས་སེམས་བྱུང་རྣམས་རྐྱེན་བཞི་ཀ་དང་། སྙོམས་འཇུག་ནི་དམིགས་རྐྱེན་མ་གཏོགས་པའི་རྐྱེན་གསུམ་དང་། དེ་ལས་གཞན་པའི་དངོས་པོ་རྣམས་རྒྱུའི་རྐྱེན་དང་། བདག་རྐྱེན་གཉིས་ལས་སྐྱེས་པ་ཡིན་ཏེ། མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེས། །ཞེས་སོ། །གཉིས་པ་ནི། འདིར་ནི་དབང་མངོན་གྱི་དངོས་རྒྱུ་ལ་རྐྱེན་གསུམ་དུ་གྲངས་ངེས་ཏེ། རྣམ་ངེས་ལས། དེ་ལ་བདེ་བ་ལ་སོགས་པ། །ཡུལ་མེད་པར་ནི་སྐྱེ་བ་མིན་ཏེ། །བདག་ཉིད་ཇི་ལྟ་བའི་ཡུལ་དང་རྗེས་སུ་འབྲེལ་བའི་བདེ་བ་ལ་སོགས་པ་རྣམས་དེ་ཚོགས་པ་མེད་པར་མི་འབྱུང་བའི་ཕྱིར་རོ། །དབང་པོ་མེད་པར་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པ་དང་རྗེས་སུ་འབྲེལ་པ་ཅན་རྣམས་དེའི་ཡུལ་ཅན་གྱི་དབང་པོ་དང་བྲལ་བ་ལ་མ་མཐོང་བའི་ཕྱིར་ལ། དབང་པོ་ཉམས་པ་མེད་པ་ལ་ཉེ་བར་གནས་པ་ན་ཡང་འབྱུང་བའི་ཕྱིར་རོ། །ཡིད་ལ་བྱེད་པ་མེད་པར་ཡང་མ་ཡིན་ཏེ། གཉིས་ཀ་ཚོགས་ཀྱང་གཉིད་ལ་སོགས་པས་བསླད་པའི་བློ་ཅན་ལ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་སྐྱེ་བ་ལ་ནི་རྒྱུའི་ཚོགས་པ་འདི་དག་ཙམ་ཁོ་ནར་ཟད་དོ་ཞེས་དང་། འདིར་ཡང་། དེ་ཡང་དབང་པོ་དོན་དམ་བློ། །ཡང་ན་ཡིད་བྱེད་སྔ་མར་འགྱུར། །རྒྱུ་འབྲས་ཚོགས་པ་འདི་དག་ལས། །འབྲེལ་པ་ཅན་གཞན་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་རྒྱུའི་རྐྱེན་གཏན་ནས་མི་འདོད་པ་ཡིན་ནམ་ཞེ་ན། རྐྱེན་གསུམ་ཉིད་རྒྱུའི་རྐྱེན་དུ་འདོད་དེ། རྟག་ཏུ་དེ་ཡི་རྗེས་འཇུག་ཕྱིར། །གང་ཞིག་ཡོད་པས་ཕན་འདོགས་བྱེད། །དེ་རྒྱུ་ཞེས་པའི་རྒྱུའི་དོན་དེ་རྐྱེན་གསུམ་ལ་ཚང་བའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བས་ཀྱང་རྐྱེན་གསུམ་ལས་གཞན་པའི་རྒྱུའི་རྐྱེན་མི་འདོད་དོ་ཞེ་ན། མ་ཡིན་ཏེ། རྒྱུའི་རྐྱེན་ནི་བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་ལ་འདོད་ཅིང་། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་གཉིས་ལ་མཚུངས་པ་དེ་མ་ཐག་རྐྱེན་ཚང་བ་སྲིད་ཀྱང་ལྷན་ཅིག་འབྱུང་བའི་རྒྱུ་དང་མཚུངས་ལྡན་གྱི་རྒྱུ་གཉིས་འབྲས་བུ་དང་དུས་མཉམ་ཡིན་པས་དེ་མ་ཐག་རྐྱེན་དུ་འགྱུར་མི་སྲིད་ཅིང་། རྣམ་སྨིན་གྱི་རྒྱུ་ནི་རྒྱུད་རྒྱུ་ཡིན་པས་རྐྱེན་གསུམ་གང་རུང་མ་ཡིན། བདག་རྐྱེན་གྱི་དོན་བྱེད་རྒྱུ་ལ་འདོད་ཅིང་། བྱེད་རྒྱུའི་དོན་ནི་རང་ལས་གཞན་པའི་ཆོས་ཐམས་ཅད་ལ་འདོད་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག དབང་ཤེས་འཁྲུལ་པ་ལ་དམིགས་རྐྱེན་མེད་དེ། ཡིད་ཀྱི་བློ་ལ་དོན་གྱིས་བརྟགས། །རབ་ཏུ་གྲུབ་པ་ཡོད་མིན་ཕྱིར། །ཞེས་དང་། སྐྲ་སྣང་དོན་མེད་ཅན་ཡིན་ནོ་ཞེས་གསུངས་པའི་ཕྱིར། རིགས་པས་ཀྱང་གྲུབ་སྟེ། དེ་ལ་རང་ངོས་ནས་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། ལུང་དང་པོ་ནི། ཡིད་བློ་རྟོག་པ་ལ་གཟུང་དོན་ཡོད་པ་འགོག་པའི་སྐབས་ཡིན་པའི་ཕྱིར་དང་། ལུང་གཉིས་པས་དེའི་གཟུང་དོན་མེད་པར་བསྟན་གྱི། དམིགས་རྐྱེན་མེད་པར་མ་བསྟན་པའི་ཕྱིར་རོ། །རིགས་པའི་སྒྲུབ་བྱེད་ཀྱང་མི་འཐད་དེ། དམིགས་རྐྱེན་ཡིན་ན་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་དགོས་ཀྱང་རང་ངོས་ནས་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་མི་དགོས་པའི་ཕྱིར་རོ། །དེས་ན་དབང་ཤེས་འཁྲུལ་པ་ལ་དམིགས་རྐྱེན་ཡོད་དེ། མར་མེའི་རྩེ་མོ་དེ་མར་མེའི་རྩེ་མོ་ཕྲ་སྒོར་བ་འཛིན་པའི་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར་ཏེ། དེའི་དངོས་རྒྱུར་གྱུར་པའི་ཕྱིའི་སྐྱེ་མཆེད་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་པར་ཤེས་པ་སྐྱེད་པ་ལ་རྒྱུའི་ཚོགས་པ་འདི་དག་ཙམ་ཁོ་ནར་ཟད་དོ་ཞེས་གསུངས་པའི་ཕྱིར། དེའི་དངོས་རྒྱུ་ཡིན་ཏེ། དེའི་རྒྱུ་ཡིན་པ་གང་ཞིག དེ་གཉིས་ཀྱི་བར་དུ་ཆོས་གཞན་གྱིས་མ་ཆོད་པའི་ཕྱིར། དང་པོ་གྲུབ་སྟེ། མར་མེ་ཙམ་གྱིས་ཡོད་པའི་ཕྱིར། །གཉིས་ཀ་དག་ཀྱང་རྒྱུ་མ་ཡིན། །ཞེས་གསུངས་པའི་ཕྱིར། མདོར་ན་དབང་ཤེས་མ་འཁྲུལ་བའི་གཟུང་དོན་དེ་ཉིད་སྤྱིར་རྣམ་པ་གཏོད་བྱེད་དང་། བྱེ་བྲག་ཏུ་རང་འདྲའི་རྣམ་པ་གཏོད་བྱེད་ཡིན་པས་གཟུང་དོན་དང་། དམིགས་རྐྱེན་གཉིས་ཀ་ཡིན་ལ། ཟླ་གཅིག་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་རྣམ་པ་གཏོད་བྱེད་ཙམ་ཡིན་གྱི་རང་འདྲའི་རྣམ་པ་གཏོད་བྱེད་མིན་པས་དམིགས་རྐྱེན་ཡིན་ཀྱང་གཟུང་དོན་མ་ཡིན་པ་ནི་ཁྱད་པར་རོ། །དེ་ཡང་སྤྱིར་དབང་ཤེས་འཁྲུལ་པའི་འཛིན་སྟངས་ཀྱི་ཡུལ་དང་། དམིགས་ཡུལ་གཉིས་ལས། དང་པོ་ནི་མེད་དེ། གཞན་དུ་ན་དུང་དཀར་པོ་སེར་པོ་ཡིན་པ་དང་། ཟླ་གཅིག་ཟླ་གཉིས་ཡིན་པ་སོགས་ཡོད་པར་ཐལ་བའི་ཕྱིར་རོ། །ཕྱི་མ་ནི་ཡོད་དེ། དེའི་དངོས་རྒྱུར་གྱུར་པའི་ཕྱིའི་སྐྱེ་མཆེད་ཡོད་པའི་ཕྱིར་རོ། །འོ་ན་སྐྲ་ཤད་འཛག་སྣང་གི་དབང་ཤེས་ཀྱི་དམིགས་རྐྱེན་གང་ཡིན་ཞེ་ན། ཤེས་པ་དེ་སྐྱེ་བ་སྣང་བ་ལ་ལྟོས་པ་རྣམས་ནི་སྣང་བ་དེ་ཉིད་ཡིན་ཏེ། དེའི་དངོས་རྒྱུར་གྱུར་པའི་ཕྱི་དོན་ཡིན་པའི་ཕྱིར་རོ། །རིགས་གཏེར་རང་འགྲེལ་ལས། དུང་དང་ལྗོན་པ་དང་། ཟླ་བ་གཉིས་ལ་སོགས་པའང་ཡུལ་རང་མཚན་དང་། དབང་པོ་སྐྱོན་ཅན་ལས་ཤེས་པ་འཁྲུལ་བ་སྐྱེ་བས་ཞེས་གསུངས་པའི་དོན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་མཚུངས་པ་དེ་མ་ཐག་རྐྱེན་ལ་བཞི་སྟེ། མཚོན་པར་བྱེད་པའི་མཚན་ཉིད། མཚོན་བྱའི་སྒྲ་དོན། དེས་བཞག་པའི་ལག་རྗེས། མཚན་གཞི་ལ་དོགས་པ་བཅད་པའོ། །དང་པོ་ལ་ཁ་ཅིག གཞུང་ལུགས་གཞན་ལས། དབང་ཤེས་འགགས་མ་ཐག་པ་འདས་པ་དེ་དེ་མ་ཐག་རྐྱེན་ཡིན་ཀྱང་འདིར་ཤེས་པ་ད་ལྟར་བ་དེ་མ་ཐག་རྐྱེན་ཡིན་པས་ཁྱད་ཡོད་ཅེས་གསུངས་པ་མི་འཐད་དེ། མངོན་པ་གོང་འོག་གཉིས་ཆར་ལས། འགགས་མ་ཐག་པ་ཞེས་གསུངས་ཀྱང་ཤེས་པ་ད་ལྟར་བ་མཚུངས་པ་དེ་མ་ཐག་རྐྱེན་དུ་འདོད་པ་འདི་དང་དོན་གཅིག་པའི་ཕྱིར་རོ། །འོ་ན་དེར་འགགས་མ་ཐག་པ་ཞེས་པའི་ཚིག་གི་ཁྱད་པར་གསུངས་ནས་འདིར་མ་གསུངས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདི་དང་མངོན་པ་གོང་འོག་གཉིས་ཆར་གྱི་ལུགས་ལ་མཚུངས་པ་དེ་མ་ཐག་རྐྱེན་ཡིན་ན་རང་འབྲས་ཀྱི་སྔ་རོལ་དུ་བྱུང་བར་མཚུངས་ཀྱང་། མངོན་པ་གོང་འོག་གི་ལུགས་ལ་སྤྱིར་རྒྱུ་འབྲས་དུས་མཉམ་པ་ཡོད་པས་དེ་ལས་ཁྱད་པ་དུ་བྱ་བའི་ཕྱིར་དུ་འགགས་མ་ཐག་པ་ཞེས་པའི་ཚིག་གི་ཁྱད་པར་སྨོས་ལ་འདིར་ནི་རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན་ཞེས་པའི་ཚུལ་གྱིས་རྒྱུ་ཡིན་པ་ཙམ་གྱིས་འབྲས་བུ་དེའི་སྔ་རོལ་དུ་བྱུང་བར་གྲུབ་པས་འགགས་མ་ཐག་པ་ཞེས་པའི་ཚིག་གི་ཁྱད་པར་སྨོས་མི་དགོས་སོ། །དེས་ན་མཚུངས་པ་དེ་མ་ཐག་རྐྱེན་གྱི་མཚན་ཉིད། རིག་པ་གང་ཞིག ཆོས་གཞན་གྱིས་བར་མ་ཆོད་པར་རང་འབྲས་སུ་གྱུར་པའི་རིག་པ་གཙོ་བོར་གསལ་རིག་ཏུ་སྐྱེད་བྱེད་དོ། །ཁ་ཅིག སྙོམས་འཇུག་གཉིས་ཀྱི་འཇུག་སེམས་དེ་ལྡང་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་མིན་པར་ཐལ། དེ་གཉིས་ཀྱི་བར་དུ་ཆོས་གཞན་གྱིས་ཆོད་པའི་ཕྱིར་ཞེས་བཀག་ནས། རང་ལུགས་ལ་རིག་པ་གང་ཞིག ཤེས་པ་གཞན་གྱིས་བར་མ་ཆོད་པར་རང་འབྲས་སུ་གྱུར་པའི་རིག་པ་མྱོང་བ་གསལ་རིག་ཏུ་གཙོ་བོར་སྐྱེད་བྱེད་ཅེས་ཟེར་བ་མི་འཐད་པ་ནི་འོག་ཏུ་འབྱུང་ངོ་། །གཉིས་པ་ནི། རྒྱུ་འབྲས་གཉིས་ཤེས་པར་མཚུངས་པས་ན་མཚུངས་པ། ཆོས་གཞན་གྱིས་བར་མ་ཆོད་པས་ན་དེ་མ་ཐག་པ། སྐྱེད་པར་བྱེད་པས་ན་རྐྱེན་ནོ། །བྱེ་བྲག་ཏུ་སྨྲ་བས་ནི། ཤེས་པ་སྔ་མ་གཅིག་ཉིད་ཀྱིས་རང་འབྲས་སུ་གྱུར་པའི་མཚུངས་ལྡན་ཐམས་ཅད་ཀྱི་དེ་མ་ཐག་རྐྱེན་བྱེད་པས་ན་འདིའང་གནད་དུ་ཆེ་བར་སྣང་སྟེ། དེ་མ་ཐག་རྐྱེན་གྱི་སེམས་བྱུང་ཉུང་ངུས། འབྲས་བུར་གྱུར་པའི་སེམས་བྱུང་མང་པོ་བསྐྱེད་པ་ཡོད་པའི་ཕྱིར་རོ། །གསུམ་པ་ནི། སྤྱིར་ཤེས་པ་ཙམ་ལ་མྱོང་བ་གསལ་རིག་ཡོད་པ་དེ་ཤེས་པ་སྔ་མས་བཞག་པའི་ལག་རྗེས་ཡིན་པས་དབང་མངོན་གྱི་སྟེང་གི་མྱོང་བ་གསལ་རིག་གི་ཆ་དེ་དེའི་རྐྱེན་གསུམ་གྱི་ནང་ནས་མཚུངས་པ་དེ་མ་ཐག་རྐྱེན་གྱིས་བཞག་པའི་ལག་རྗེས་ཡིན་ཏེ། དེའི་རྒྱུ་ཡོད། དེ་ལས་གཞན་པའི་རྒྱུ་མི་འཐད་པའི་ཕྱིར་ཏེ། རྐྱེན་གཞན་གཉིས་པོ་དེ་རང་ཉིད་མྱོང་བའི་ཆོས་སུ་མེད་པས་མྱོང་བ་གསལ་རིག་གཙོ་བོར་སྐྱེད་བྱེད་དུ་མི་འཐད་པའི་ཕྱིར་རོ། །བཞི་པ་ནི། འོ་ན་སྙོམས་འཇུག་གཉིས་ལ་སོགས་པ་སེམས་མེད་པའི་གནས་སྐབས་ལྔའི་ལྡང་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གང་ཞེ་ན། ཁ་ཅིག དང་པོའི་འཇུག་སེམས་དེ་ཉིད་ཡིན་ཏེ། ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་ཡོད། དེ་ལས་གཞན་པའི་རྒྱུ་མེད་པའི་ཕྱིར་ཏེ། རྐྱེན་གཞན་གཉིས་པོ་ནི་རང་ཉིད་བེམ་པོ་ཡིན་པའི་ཕྱིར། ཐོགས་མེད་སྐུ་མཆེད་ལྟར་ཀུན་གཞི་དང་ཉོན་ཡིད་ལ་འདོད་པ་ཡང་མི་འཐད་དེ། སློབ་དཔོན་འདིའི་ལུགས་ལ་འཇུག་ཤེས་དྲུག་ལས་གཞན་པའི་ཀུན་གཞི་དང་ཉོན་ཡིད་མེད་པའི་ཕྱིར། གནས་སྐབས་དེ་ན་སེམས་མི་གསལ་བ་ཡོད་པས་དེ་ལ་འདོད་པ་ཡང་མི་འཐད་དེ། རྒྱུད་གཞན་གྲུབ་པ་ལས། རང་ལུགས་བློ་སྔོན་འགྲོ་བ་ཡིས། །བྱ་བ་མཐོང་ནས་གཞན་ལ་དེ། །འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར། །ཞེས་གསུངས་པ་ལྟར། སེམས་ཡོད་ན་དེའི་རྟགས་ངག་སྨྲ་བརྗོད་དང་། ལུས་གཡོ་འགུལ་སོགས་ཡོད་པར་ཐལ་བའི་ཕྱིར་རོ། །ལུང་དང་ཡང་འགལ་ཏེ། ཉི་ཤུ་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་གསུངས་པའི་ཕྱིར། དེས་ན་དེ་མ་ཐག་པའི་དོན་ཡང་རང་རྒྱུད་ཀྱི་ཤེས་པ་གཞན་གྱིས་བར་མ་ཆོད་པ་ལ་བྱེད་པ་ཡིན་གྱི་ཆོས་གཞན་གྱི་བར་མ་ཆོད་པ་ལ་བྱེད་པ་ནི་མ་ཡིན་ནོ་ཞེས་འདོད་དོ། །དེ་ནི་མི་འཐད་དེ། གནས་སྐབས་ལྔ་ལས་ལྡང་མ་ཐག་པའི་དབང་མངོན་དེ་ཆོས་ཅན། ཁྱོད་ཀྱི་རྐྱེན་གསུམ་ཅིག་ཆར་དུ་ཚོགས་པ་མི་སྲིད་པར་ཐལ། ཁྱོད་ཀྱི་དམིགས་རྐྱེན་དང་བདག་རྐྱེན་གང་རུང་ཡིན་ན། ཁྱོད་ཀྱི་དངོས་རྒྱུ་ཡིན་དགོས། ཁྱོད་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་དེ་ཡིན་ན། ཁྱོད་ཀྱི་དངོས་རྒྱུ་མིན་དགོས་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། གནས་སྐབས་ལྔའི་འཇུག་སེམས་དེ་ལྡང་སེམས་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར་ཞེ་ན། གནས་སྐབས་ལྔའི་འཇུག་སེམས་ཆོས་ཅན། གནས་སྐབས་ལྔ་ལས་ལྡང་མ་ཐག་པའི་དབང་མངོན་གྱི་དངོས་རྒྱུར་གྱུར་པའི་དམིགས་རྐྱེན་དང་དུས་ཉམས་ཡིན་པར་ཐལ། དེའི་དངོས་རྒྱུར་གྱུར་པའི་དེ་མ་ཐག་རྐྱེན་ཡིན་པའི་ཕྱིར། དེས་ན་སེམས་མེད་པའི་གནས་སྐབས་ལྔ་ལ་སོགས་པ་ན་སེམས་མི་གསལ་བ་ཡོད་པས། དེ་ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་ཡིན་ནོ། །སེམས་མི་གསལ་བ་ཡོད་དེ། དེའི་གནས་སྐབས་ན་ལུས་རུལ་བ་ལ་སོགས་པར་ཐལ་བའི་སྐྱོན་སྤོང་དུ། བྱེ་བྲག་ཏུ་སྨྲ་བས་རྣམ་པར་ཤེས་པའི་ཐོབ་པ་ཡོད་པ་དང་། ཐོགས་མེད་སྐུ་མཆེད་ལ་སོགས་པས་ཀུན་གཞིའི་རྣམ་ཤེས་པ་ཡོད་པར་འདོད་ཀྱང་མདོ་སྡེ་པའི་སྐབས་འདིར་ནི་ཐོབ་པ་དང་། ཚོགས་དྲུག་ལས་གཞན་པའི་ཀུན་གཞི་ཁས་མི་ལེན་ལ། དེ་ཉིད་ལ་ཀུན་གཞིར་འཇོག་ན་ནི། ཡིད་ཀྱི་ཤེས་པ་ལས་མ་འདས་པའི་ཕྱིར་རོ། །སྔར་གྱི་རིགས་པས་མི་གནོད་དེ། རྒྱུ་བཀག་པས་འབྲས་བུ་ཁེགས་པ་རིགས་པའི་ཚུལ་ཡིན་གྱི། འབྲས་བུ་བཀག་པས་རྒྱུ་ཁེགས་པ་རིགས་པའི་ཚུལ་མིན་པའི་ཕྱིར་རོ། །གཞན་དུ་ན་བསམ་གཏན་བཞི་པའི་དངོས་གཞི་ལ་མཉམ་པར་བཞག་པའི་སོ་སྐྱེ་ལ་སེམས་མེད་པར་ཐལ། ངག་སྨྲ་བརྗོད་དང་། ལུས་གཡོ་འགུལ་སོགས་མེད་པའི་ཕྱིར་ཏེ། དབུགས་ཀྱི་རྒྱུ་བ་ཙམ་ཡང་མེད་པའི་ཕྱིར། གཟུགས་མེད་ཁམས་པའི་གང་ཟག་ལ་ཡང་སེམས་མེད་པར་ཐལ། ངག་སྨྲ་བརྗོད་སོགས་མེད་པའི་ཕྱིར། ཉི་ཤུ་པའི་ལུང་གིས་ཀྱང་མི་གནོད་དེ། དེ་ནི་ཀུན་གཞི་ཁས་ལེན་པའི་སེམས་ཙམ་པའི་སྐབས་ཡིན་པའི་ཕྱིར་རོ། །ད་ནི་འདི་དཔྱད་པར་བྱ་སྟེ། འདོད་གཟུགས་གང་རུང་ནས་ཤི་འཕོས་ནས་གཟུགས་མེད་ཁམས་སུ་སྐྱེས། དེ་ནས་ཤི་འཕོས་ནས་འདོད་གཟུགས་གང་རུང་དུ་སྐྱེས་པའི་ལུས་སྐད་ཅིག་དང་པོ་དེའི་དངོས་ཀྱི་ཉེར་ལེན་གང་ཞེ་ན། དེ་ཡང་འདོད་པ་ནས་ཤི་འཕོས་པ་ལྟ་བུ་ལ་སྦྱར་ན་ཁ་ཅིག་འདོད་གཟུགས་སྐད་ཅིག་ཐ་མ་ཡིན་ནོ་ཞེས་ཟེར། ཁ་ཅིག་གཟུགས་མེད་ཁམས་ན་གཟུགས་མེད་པ་དེ་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་གྱི་གཟུགས་ཡོད་པས་དེའི་གཟུགས་སྐད་ཅིག་ཐ་མ་དེ་ཉིད་ཡིན་ཏེ། འདོད་པའི་གཟུགས་ཐ་མ་དེ་འགགས་ནས་ཡུན་རིང་དུ་ལོན་པས་དངོས་ཀྱི་ཉེར་ལེན་དུ་མི་རུང་ཞིང་བེམ་ཤེས་གཉིས་ཕན་ཚུན་ཉེར་ལེན་བྱེད་པ་ཡང་མེད་པའི་ཕྱིར་ཞེས་ཟེར་རོ། །ཁ་ཅིག་བེམ་ཤེས་གཉིས་ཕན་ཚུན་ཉེར་ལེན་བྱེད་པ་ཡང་ཡོད་དེ། མདོ་ལས། ལུས་དང་སེམས་ནི་ཕན་ཚུན་རྗེས་སུ་བྱེད་པ་ཅན་ནོ་ཞེས་གསུངས་པའི་ཕྱིར། དེས་ན་གཟུགས་མེད་ཁམས་པའི་འཆི་འཕོ་ཁ་མའི་ཤེས་པ་དེ་ཉིད་ཡིན་ཏེ་མཛོད་ལས། གཟུགས་མེད་པ་ན་གཟུགས་མེད་དོ། །གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །ཁ་ཅིག གཟུགས་མེད་ཁམས་པའི་གང་ཟག་གི་རྒྱུད་ཀྱི་གཟུགས་ཀྱི་བག་ཆགས་སམ་ས་བོན་དེ་ཉིད་ཡིན་ལ། ཤེས་པས་བེམ་པོའི་ཉེར་ལེན་བྱེད་པར་ཐལ་བའི་ཉེས་པ་ཡང་མེད་དེ། བག་ཆགས་དེ་ཉིད་ལྡན་མིན་འདུ་བྱེད་ཡིན་གྱི་ཤེས་པར་ཡང་མི་འདོད་པའི་ཕྱིར་ཞེས་ཟེར་རོ། །དེ་ལྟར་ལུགས་བཞི་ལས་དང་པོ་མི་འཐད་དེ། དང་པོར་འདོད་པ་ནས་འཆི་འཕོ་ཁ་མའི་གང་ཟག་དེ་ཆོས་ཅན། ཁྱོད་གཟུགས་མེད་ཁམས་སུ་སྐྱེ་བ་དངོས་སུ་མི་ལེན་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་དབང་པོ་ལྔ་པོ་དེ་ཕྱིས་ཀྱི་འདོད་པའི་དབང་པོ་ལྔའི་དངོས་ཀྱི་ཉེར་ལེན་ཡིན་པའི་ཕྱིར། གལ་ཏེ་གཟུགས་མེད་དུ་སྐྱེ་བ་དངོས་སུ་ལེན་ན་དེ་ཆོས་ཅན། ཁྱོད་འདོད་པ་དང་། གཟུགས་མེད་དུ་ཅིག་ཆར་དུ་སྐྱེ་བ་ལེན་པར་ཐལ། ཁས་བླངས་དེ་གང་ཞིག ཁྱོད་ཀྱི་མིག་སོགས་དབང་པོ་ལྔ་པོ་དེ་ཕྱིས་ཀྱི་འདོད་པའི་མིག་སོགས་དབང་པོ་ལྔ་པོ་དེའི་དངོས་ཀྱི་ཉེར་ལེན་ཡིན་པའི་ཕྱིར། གལ་ཏེ། འདོད་པར་དངོས་སུ་མི་སྐྱེ་བར་གཟུགས་མེད་དུ་དངོས་སུ་སྐྱེ་ན་སྔར་གྱི་འདོད་པའི་དབང་པོ་ལྔ་པོ་དེ་གཟུགས་མེད་ནས་འཆི་འཕོ་ཁ་མའི་སེམས་དེ་སྐྱེས་ཀྱི་བར་དུ་གནས་པ་ཡིན་ནམ། དེའི་སྔ་རོལ་དུ་འགག་པ་ཡིན། དང་པོ་ལྟར་ན་རྟག་པར་འགྱུར་ཞིང་། གཉིས་པ་ལྟར་ན། དེ་ཆོས་ཅན། ཕྱིས་ཀྱི་འདོད་པའི་དབང་པོ་ལྔའི་དངོས་ཀྱི་ཉེར་ལེན་མིན་པར་ཐལ། ཕྱིས་ཀྱི་འདོད་པའི་དབང་པོ་ལྔའི་དངོས་ཀྱི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་སེམས་ཀྱི་དུས་སུ་འགགས་ཟིན་པའི་ཕྱིར། གསུམ་པ་ཡང་མི་འཐད་དེ། ཕྱོགས་གླང་ཡབ་སྲས་ཀྱིས་གཟུགས་སེམས་གཉིས་ཕན་ཚུན་ཉེར་ལེན་བྱེད་པ་རྒྱས་པར་བཀག་པའི་ཕྱིར་དང་། གཞན་དུ་ན་རྒྱང་འཕེན་པས་རྣམ་ཤེས་འབྱུང་བའི་ཉེར་ལེན་ལས་བྱུང་བ་འགོག་མི་ནུས་པར་ཐལ་བའི་ཕྱིར་རོ། །བཞི་པ་ཡང་མི་འཐད་དེ། བེམ་ཤེས་གཉིས་ལས་མ་གཏོགས་པའི་ལྡན་མིན་འདུ་བྱེད་རྫས་གྲུབ་པ་ཡོད་པ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་གྱི་མདོ་སྡེ་པའི་ལུགས་མིན་པའི་ཕྱིར་དང་། ལྡན་མིན་འདུ་བྱེད་བེམ་པོའི་ཉེར་ལེན་དུ་རུང་ན་ཤེས་པའི་ཉེར་ལེན་དུ་རུང་བར་མཚུངས་ཤིང་། དེ་ཡང་འདོད་ན། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་པ་དང་འགལ་ལོ། །དེས་ན་ལུགས་གཉིས་པ་ལྟར་གཟུགས་མེད་ཁམས་པའི་གང་ཟག་གི་རྒྱུད་ཀྱི་གཟུགས་ཕྲ་བ་དེ་ཉིད་དེའི་ཉེར་ལེན་ཡིན་ཏེ། དེའི་ཉེར་ལེན་ཡོད་ཅིང་གཞན་མེད་པའི་ཕྱིར་དང་། རྒྱན་མཛད་པ་རྗེས་འབྲང་དང་བཅས་པ་ཡང་འདི་ཉིད་བཞེད་པའི་ཕྱིར་རོ། །འོ་ན་ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། ལུས་གཞན་བསྐྱེད་པའི་རྒྱུ་ཉིད་ཡིན། །ཞེས་པའི་དོན་ཇི་ལྟར་ཞེ་ན། དེའི་དོན་ནི་འདོད་པ་ནས་འདོད་པར་སྐྱེ་བའི་ཚེ་གཟུགས་སྐད་ཅིག་ཐ་མ་དེ་ཕྱིས་ཀྱི་གཟུགས་སྐད་ཅིག་དང་པོའི་ཉེར་ལེན་ཡིན་ཅིང་། འདོད་པ་ནས་གཟུགས་མེད་དུ་སྐྱེ་བའི་ཚེ་སྔར་གྱི་འདོད་པའི་གཟུགས་དེས་གཟུགས་མེད་ཁམས་པའི་གང་ཟག་གི་རྒྱུད་ལ་གཟུགས་ཀྱི་བག་ཆགས་བཞག་པའི་སྒོ་ནས་ཕྱིས་ཀྱི་གཟུགས་ཕྲ་བ་དེ་སྐྱེད་པར་བྱེད་ཞེས་པའི་དོན་ཏེ། རྒྱན་མཛད་པས། ལུས་གཞན་སྐྱེ་བ་ལ་ནི་ཚེ་འདིའི་སྐྱེ་མཆེད་ལྔ་ཡིན་ནོ། །གཟུགས་མེད་པའི་ཁམས་ནས་ཤི་འཕོས་པ་རྣམས་ཀྱིས་ནི་ལུས་སྐྱེས་པ་ལ་ཡང་དེ་ཉིད་འདུ་བྱེད་པ་པོ་ཉིད་ཀྱི་རྒྱུ་ཡིན་ནོ་ཞེས་དང་། ཡཱ་མ་རིས། དེ་ལྟར་ན་འོ་ན་གཟུགས་མེད་པའི་ཁམས་ནས་འཆི་འཕོས་པ་ལས་ལུས་ཇི་ལྟར་སྐྱེ་ཞེ་ན། གཟུགས་མེད་པའི་ཁམས་ནས་ཞེས་གསུངས་སོ། །དེ་ཉིད་ཅེས་བྱ་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔའོ། །ཇི་ལྟར་ཞེ་ན་འདུ་བྱེད་པ་པོ་ཉིད་ཀྱིས་ཏེ། བག་ཆགས་འཛིན་པར་བྱེད་པ་ཉིད་ཀྱིས་སོ། །འབྱུང་བར་འགྱུར་བའི་སྲིད་པ་ལ་ལྟོས་ནས་སྔར་བྱུང་བ་ནི་བདག་ཉིད་ཀྱིས་ཡིན་པར་བརྗོད་དོ་ཞེས་དང་། རྒྱལ་བ་ཅན་གྱིས། བག་ཆགས་ལས་གཞན་པའི་སྐྱེ་མཆེད་ལྔའི་དབང་གིས་དུས་ཕྱིས་ལུས་དང་བཅས་པར་འབྱུང་བར་བསྟན་པ་ནི་ཞེས་དང་། ཉི་མ་སྦས་པས་གཟུགས་མེད་ཁམས་ནས་ཤི་འཕོས་པའི་ལུས་ཅན་རྣམས་ཀྱི་ལུས་སྐྱེ་བ་ཡང་དེ་ཉིད་ཀྱི་ལུས་སྐྱེ་མཆེད་ལྔས་འདུས་བྱས་པའི་བག་ཆགས་རྒྱུར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་བདག་རྐྱེན་ལ་མཚན་ཉིད། མཚན་གཞི། མཚན་གཞི་ལ་མཚན་ཉིད་ངེས་བྱེད། སྒྲ་དོན་དང་བཞི་ལས། དང་པོ་ནི། རང་གི་བདག་འབྲས་སུ་གྱུར་པའི་དབང་མངོན་ཡུལ་སོ་སོར་འཛིན་ནུས་པའི་ཆ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རྐྱེན་དེ། རང་གི་བདག་འབྲས་སུ་གྱུར་པའི་དབང་མངོན་གྱི་བདག་རྐྱེན་གྱི་མཚན་ཉིད་དོ། །གཉིས་པ་ནི། དབང་རྟེན་འདིའི་ནང་ན་ཡོད་པའི་དབང་མངོན་ཡུལ་སོ་སོར་འཛིན་ནུས་སུ་བསྐྱེད་པར་བྱེད་པའི་གཟུགས་ཅན་ཞིག་སྟེ། དབང་རྟེན་འདིའི་ནང་ན་ཡོད་པར་ཡང་རྐྱེན་གཞན་རྣམས་ཚོགས་ཀྱང་མིག་བཙུམས་ན་གཟུགས་མི་མཐོང་ཞིང་ཕྱེ་ན་མཐོང་བ་ལས་གྲུབ་བོ། །གསུམ་པ་ནི། མཚན་གཞི་དེ་ལ་མཚན་ཉིད་དེ་ཚང་སྟེ། མིག་གི་རྣམ་པར་ཤེས་པས་གཟུགས་རྟོགས་སྒྲ་མ་རྟོགས་པའི་ཁྱད་པར་འདི་ལ་རྒྱུ་གཅིག་ཡོད་མཚུངས་པ་དེ་མ་ཐག་རྐྱེན་དང་དམིགས་རྐྱེན་གཉིས་དེའི་རྒྱུར་མི་རུང་བའི་ཕྱིར་རོ། །དེ་མ་ཐག་རྐྱེན་དེའི་རྒྱུར་མི་རུང་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དེས་དབང་ཤེས་ལྔ་ཆར་གྱི་དེ་མ་ཐག་རྐྱེན་བྱེད་པ་སྲིད་པས་དེས་གཟུགས་རྟོགས་སྒྲ་མ་རྟོགས་པའི་ཁྱད་པར་འབྱེད་མི་ནུས་པའི་ཕྱིར། དམིགས་རྐྱེན་ཡང་དེའི་རྒྱུར་མི་རུང་སྟེ། ཡུལ་གཟུགས་སྒྲ་གཉིས་ཉེ་བར་ཡོད་ཀྱང་མིག་བཙུམས་པ་ན་གཟུགས་འཛིན་མིག་ཤེས་མི་སྐྱེ་བའི་ཕྱིར་རོ། །འོ་ན་མིག་གི་རྣམ་པར་ཤེས་པས་སྔོན་པོ་རྟོགས་ལ་སེར་པོ་མ་རྟོགས་པའི་ཁྱད་པར་དེ་ཡང་དམིགས་རྐྱེན་གྱིས་འབྱེད་པ་མིན་པར་ཐལ་ལོ་ཞེ་ན། མི་མཚུངས་ཏེ། རྐྱེན་གཞན་རྣམས་ཚོགས་ནས་སྔོ་སེར་གཉིས་ཉེ་བར་ཡོད་ན། དེ་གཉིས་འཛིན་མི་འཛིན་གྱི་ཁྱད་པར་མེད་ལ། གཟུགས་སྒྲ་གཉིས་ཉེ་བར་ཡོད་ཀྱང་མིག་གི་རྣམ་པར་ཤེས་པས་གཟུགས་འཛིན་གྱི་སྒྲ་མི་འཛིན་པའི་ཕྱིར་རོ། །བཞི་པ་ནི། གང་གི་དབང་གིས་དབང་ཤེས་ཀྱི་སྟེང་གི་ཡུལ་འཛིན་ནུས་རང་དབང་དུ་བསྐྱེད་པར་བྱེད་པས་ན་བདག་རྐྱེན་ནོ། །སོ་སོར་ཕྱེ་ན་གང་གི་དབང་གིས་གཟུགས་ཀྱི་སྐྱེ་མཆེད་འཛིན་ནུས་རང་དབང་དུ་བསྐྱེད་པར་བྱེད་པས་ན་གཟུགས་འཛིན་དབང་མངོན་གྱི་བདག་རྐྱེན་ཏེ་དེས་གཞན་རྣམས་ལ་འགྲེའོ། །གསུམ་པ་དམིགས་རྐྱེན་ལ་མཚན་ཉིད་དང་། མཚན་གཞི་གཉིས་ལས། དང་པོ་ནི། རྣམ་ཤེས་དེའི་སྟེང་གི་ཡུལ་གྱི་རྣམ་པའི་ཆ་གཙོ་བོར་དངོས་སུ་སྐྱེད་བྱེད་དེ་རྣམ་ཤེས་དེའི་དམིགས་རྐྱེན་གྱི་མཚན་ཉིད། དོན་རིགས་མངོན་སུམ་གྱི་སྟེང་གི་དོན་གྱི་རྣམ་པའི་ཆ་གཙོ་བོར་དངོས་སུ་སྐྱེད་བྱེད་དེ་དོན་རིག་མངོན་སུམ་གྱི་དམིགས་རྐྱེན་གྱི་མཚན་ཉིད་དོ། །གཉིས་པ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དངོས་པོ་ཐམས་ཅད་དམིགས་རྐྱེན་ཡིན་ཏེ། རང་ལ་དམིགས་པའི་རྣམ་ཤེས་བསྐྱེད་པའི་དོན་བྱེད་ནུས་པའི་ཕྱིར། དེ་ཕྱིར་དེ་ནི་ཤེས་ཙམ་གྱི། །དོན་བྱེད་པར་ཡང་མི་རུང་ངོ་། །ཞེས་རང་ལ་དམིགས་པའི་རྣམ་ཤེས་བསྐྱེད་མི་ནུས་ན་དོན་བྱེད་མི་ནུས་པར་བཤད་པའི་ཕྱིར། དེས་ན་དངོས་པོ་ལ་བེམ་ཤེས་གཉིས་ལས། དང་པོ་ལ་ཕྱི་དོན་དང་ནང་དོན་གཉིས། དང་པོ་ནི། དོན་རིག་མངོན་སུམ་གྱི་དམིགས་རྐྱེན། གཉིས་པ་ནི་རྣལ་འབྱོར་མངོན་སུམ་གྱི་དམིགས་རྐྱེན། ཤེས་པ་ནི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་དམིགས་རྐྱེན་ཡིན་ནོ། །གཉིས་པ་ནི། དོན་རིག་མངོན་སུམ་གྱི་དམིགས་རྐྱེན་དེ་ལ་ཡུལ་གྱི་སྒོ་ནས་གཟུགས་སོགས་དོན་ལྔ། ཡུལ་ཅན་གྱི་སྒོ་ནས་དབང་མངོན་གྱི་དམིགས་རྐྱེན་དང་། ཡིད་མངོན་གྱི་དམིགས་རྐྱེན་གཉིས་སོ། །འདི་དག་རགས་པ་དང་རྡུལ་ཕྲན་གང་ལ་འཇོག་ཅེ་ན། འདི་ལ་མཁས་པ་སྔ་མའི་བཤད་པའི་རྣམ་གྲངས་དགོད་པ་དང་། འཐད་པའི་ཕྱོགས་ངོས་བཟུང་བ་དང་གཉིས་ལས། དང་པོ་ནི། ཁ་ཅིག ཕྱི་དོན་དེ་ལ་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། དེས་བརྩམས་པའི་རགས་པ་གཉིས་ལས། དང་པོ་ནི། དོན་རིག་མངོན་སུམ་གྱི་དམིགས་རྐྱེན་མ་ཡིན་ཏེ་དེ་ལ་རྣམ་པ་གཏོད་མི་ནུས་པའི་ཕྱིར། གཉིས་པས་རྣམ་པ་གཏོད་ནུས་པས་དམིགས་རྐྱེན་ཡིན་ཏེ། རྡུལ་ཕྲན་དེ་དག་གང་གིས་ན། །རགས་པར་སྣང་བ་དེ་འདྲར་བྱེད། །ཅེས་དབང་ཤེས་ལ་རགས་པའི་རྣམ་པ་སྣང་བར་བསྟན་ཅིང་། རྣམ་པ་དེ་རགས་པས་གཏད་དགོས་པའི་ཕྱིར་རོ། །གཞན་ཡང་དབང་མངོན་གྱི་དམིགས་རྐྱེན་ཆོས་ཅན། རགས་པ་ཡིན་ཏེ། དབང་ཤེས་མ་འཁྲུལ་བས་རགས་པར་དམིགས་པའི་ཕྱིར། ཁྱབ་སྟེ། བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། །དོན་དམཾ་སྣ་ཚོགས་ངོ་བོ་ཉིད། །ཅེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །ཡང་ཁ་ཅིག རྡུལ་ཕྲན་ཁྱད་པར་ཅན་དེ་དབང་མངོན་གྱི་དམིགས་རྐྱེན་ཡིན་ཏེ། ལག་སོགས་གཡོན་ཐམས་ཅད་དག །ཅེས་སོགས་ཀྱིས་རགས་པ་ཡན་ལག་རྫས་སུ་གྲུབ་པ་བཀག་ཅིང་རྒྱན་གྱིས་ཀྱང་ཡན་ལག་རྣམས་དོན་དམ་པ་དང་། ཡན་ལག་ཅན་ཀུན་རྫོབ་པ་ཡིན་ན། ཁྱད་པར་ཅན་མིན་གཞན་ཡོད་ནི། །སྒྲུབ་ན་གྲུབ་པ་སྒྲུབ་པ་ཉིད། །ཅེས་རགས་པ་ཡན་ལག་ཅན་སྒྲོ་བཏགས་ཀུན་རྫོབ་པར་བཤད་པའི་ཕྱིར་རོ། །རྡུལ་ཕྲན་ཁྱད་པར་ཅན་དེས་དབང་ཤེས་ལ་རགས་པའི་རྣམ་པ་གཏད་པ་ཡིན་ཏེ། རྡུལ་ཕྲན་དེ་དག་གང་གིས་ན། །རགས་པར་སྣང་བ་དེ་འདྲར་བྱེད། །ཅེས་དབང་ཤེས་ལ་རགས་པའི་རྣམ་པར་སྣང་བར་བཤད་པའི་ཕྱིར་ཞེས་ཟེར་རོ། །ཡང་མཁས་པ་ཁ་ཅིག རྡུལ་ཕྲན་ཁྱད་པར་ཅན་དེ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ཅིང་། དེས་དབང་ཤེས་ལ་རྡུལ་ཕྲན་གྱི་རྣམ་པ་གཏད་པ་ཡང་ཡིན་ལ། ཁྱད་པར་ཅན་གྱི་དོན་ཡང་རྡུལ་ཕྲན་གཞན་དང་འདབ་མ་འབྲེལ་བར་སོ་སོར་གནས་པའི་རྡུལ་ཕྲན་རྣམས་ནི་རྣམ་པ་གཏོད་མི་ནུས་པས་ཁྱད་པར་ཅན་མིན་ལ། རྡུལ་ཕྲན་གཞན་དང་འདབས་འབྲེལ་དུ་གནས་པ་ན་རང་གི་སྐད་ཅིག་སྔ་མས་ཉེར་ལེན་དང་། རྡུལ་ཕྲན་གཞན་གྱི་སྐད་ཅིག་སྔ་མས་ལྷན་ཅིག་བྱེད་རྐྱེན་བྱས་ནས་དབང་ཤེས་ལ་རྣམ་པ་གཏོད་ནུས་པའི་རྡུལ་ཕྲན་དུ་སྐྱེས་པ་ནི་ཁྱད་པར་ཅན་ཡིན་ནོ། །དེས་རྡུལ་ཕྲན་གྱི་རྣམ་པ་གཏད་པས་དབང་ཤེས་ལ་རྡུལ་ཕྲན་སོ་སོའི་རྣམ་པ་སྣང་བ་ཡིན་གྱི་རགས་པའི་རྣམ་པ་སྣང་བ་ནི་མ་ཡིན་ཏེ། རགས་པ་ནི་རྗེས་ཀྱི་རྟོག་པས་སྤུ་རིས་མ་ཟིན་པས་ལིང་བོ་གཅིག་ཏུ་སྒྲོ་བཏགས་པ་ཙམ་ཡིན་པའི་ཕྱིར་ཞེས་གསུངས་སོ། །གཉིས་པ་ནི། རྡུལ་ཕྲན་ལས་མ་གཏོགས་པའི་རགས་པ་དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་ཏེ། རྡུལ་ཕྲན་ལས་མ་གཏོགས་པའི་རགས་པ་ཆོས་ཀྱི་གྲགས་པས་ཡང་ཡང་བཀག་པའི་ཕྱིར་རོ། །རྡུལ་ཕྲན་ལ་ཡང་རིགས་མཐུན་གྱི་ཟླ་མེད་པའི་རྡུལ་ཕྲན་ཡན་གར་བ་དང་། རིས་མཐུན་གྱི་ཟླ་དང་བཅས་པ་གཉིས་ལས། དང་པོ་ནི། དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་ཏེ་རྣམ་པ་གཏོད་ནུས་ཀྱི་རྡུལ་ཕྲན་ཁྱད་པར་ཅན་དུ་མ་སྐྱེས་པའི་ཕྱིར། ཕྱི་མ་ལ་ཡང་། རིགས་མཐུན་གྱི་རྡུལ་ཕྲན་གཞན་དང་འདབས་འབྲེལ་དུ་གནས་པ་ཙམ་གྱིས་དབང་ཤེས་ཀྱི་དམིགས་རྐྱེན་དུ་འགྱུར་བ་མ་ཡིན་གྱི་རིགས་མཐུན་གྱི་རྡུལ་ཕྲན་ཇི་ཙམ་ཚོགས་པས་རང་འཛིན་དབང་ཤེས་བསྐྱེད་ནུས་པའི་གནས་སྐབས་ཀྱི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་རེ་རེ་བཞིན་དུ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ཏེ། དབང་ཤེས་ལ་རྣམ་པ་གཏོད་ནུས་ཀྱི་རྡུལ་ཕྲན་ཁྱད་པར་ཅན་དུ་སྐྱེས་པའི་ཕྱིར་རོ། །དབང་ཤེས་ཀྱི་དམིགས་རྐྱེན་རྡུལ་ཕྲན་ཡིན་ཀྱང་། རྡུལ་ཕྲན་ཁྱད་པར་ཅན་དགོས་ཀྱི་ཁྱད་པར་ཅན་མིན་པའི་རྡུལ་ཕྲན་དབང་ཤེས་ཀྱི་དམིགས་རྐྱེན་མིན་པ་འདི་ལ་དགོངས་ནས། མདོ་ལས། རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པ་ཡིན་ནོ་ཞེས་དང་། ཀུན་ལས་བཏུས་ལས། དེ་དོན་དུ་མས་བསྐྱེད་པའི་ཕྱིར། །རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན། །ཞེས་དང་། དེ་རྫས་དུ་མས་བསྐྱེད་པར་བྱ་བའི་ཕྱིར་ན་རང་གི་སྐྱེ་མཆེད་ལ་སྤྱིའི་སྤྱོད་ཡུལ་ཅན་ཞེས་བརྗོད་ཀྱི་ཐ་དད་པ་ལ་ཐ་མི་དད་པར་རྟོགས་པ་ལས་ནི་མ་ཡིན་ནོ་ཞེས་དང་། དབྱིག་གཉེན་གྱིས། འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི་རྫས་ཀྱི་རང་གི་མཚན་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དག་གི་རྟེན་དང་དམིགས་པ་ནི་བསགས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྡུལ་ཕྲ་རབ་ནི་མི་མཐོང་བའི་ཕྱིར་བསྟན་དུ་མེད་པ་ཡིན་ནོ་ཞེས་དང་། འདིར་ཡང་དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་དང་། ཤེས་ཏེ་གཅིག་ལ་ངེས་མིན་ཕྱིར། །ཅེས་གསུངས་སོ། །དེ་ཡང་རྡུལ་ཕྲན་ཁྱད་པར་ཅན་གྱི་དོན་ནི་སྔར་བཤད་ཟིན་ཅིང་། ཁྱད་པར་ཅན་མིན་པ་ནི་རྡུལ་ཕྲན་ཇི་སྙེད་འདུས་ཀྱང་དབང་ཤེས་བསྐྱེད་མི་ནུས་པ་ལ་འཇོག་གི་རྡུལ་ཕྲན་རེ་རེ་བ་ཁོ་ནར་ནི་མ་ངེས་སོ། །རྡུལ་ཕྲན་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ཀྱང་དབང་ཤེས་ལ་རགས་པའི་རྣམ་པ་གཏད་པ་ཡིན་གྱི་རྡུལ་ཕྲན་གྱི་རྣམ་པ་གཏད་པ་ནི་མ་ཡིན་ཏེ། དབང་ཤེས་ལ་རགས་པའི་རྣམ་པ་སྣང་ཞིང་རྡུལ་ཕྲན་གྱི་རྣམ་པ་མི་སྣང་བའི་ཕྱིར་རོ། །གལ་ཏེ་རགས་པ་རྟོག་པས་སྒྲོ་བཏགས་པ་ཡིན་པས་དབང་ཤེས་ལ་སྣང་བ་མི་འཐད་དོ་སྙམ་ན། ཤིན་ཏུ་བདེན་མོད་ཀྱི་རགས་པའི་རྣམ་པ་དང་རགས་པ་དོན་མི་གཅིག་པའི་ཕྱིར་ཏེ། སྔ་མ་ནི་གཟུང་རྣམ་ཡིན་ཅིང་། ཕྱི་མ་ནི་སྒྲོ་བཏགས་ཡིན་པའི་ཕྱིར་རོ། །གཉིས་པ་ཡིད་ཀྱི་མངོན་སུམ་ལ་གསུམ་སྟེ། ངོ་བོ་ངོས་བཟུང་བ། རང་བཞིན་གཏན་ལ་དབབ་པ། རྩོད་པ་སྤོང་བའོ། །དང་པོ་ལ་མཚན་ཉིད་དང་དབྱེ་བ་ལ་དཔྱད་པ། རྐྱེན་གསུམ་ལ་དཔྱད་པ་གཉིས་ལས། དང་པོ་ལ་ཁ་ཅིག ཡིད་མངོན་གྱི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་བའི་རིག་པ། དབྱེ་ན་དོན་རིག་ཡིད་མངོན་དང་། རང་རིག་ཡིད་མངོན་གཉིས། མཚན་ཉིད་རིམ་བཞིན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལས་སྐྱེས་པའི་མ་འཁྲུལ་བའི་གཞན་རིག་གི་ཤེས་པ་དང་། རང་རིག་གི་ཤེས་པ། དང་པོ་ལ་དབྱེ་ན་གཟུགས་འཛིན་ཡིད་མངོན་སོགས་ལྔ། གཉིས་པ་ལ་གཞན་སེམས་ཤེས་པའི་མངོན་ཤེས་དང་། ཡིད་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་སོགས་པ་རྣམས་སུ་ཡོད་དོ། །དེ་སྒྲུབ་པ་ནི། གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། ཡིད་མངོན་ཡིན་ཏེ། ཡིད་ཤེས་དང་མངོན་སུམ་གྱི་གཞི་མཐུན་ཡིན་པའི་ཕྱིར་ཞེས་ཟེར་རོ། །མི་འཐད་དེ། སློབ་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། སློབ་པའི་དབང་མངོན་ཆོས་ཅན། རྣལ་འབྱོར་མངོན་སུམ་ཡིན་པར་ཐལ། རྣལ་འབྱོར་པའི་ཤེས་པ་དང་མངོན་སུམ་གྱི་གཞི་མཐུན་ཡིན་པའི་ཕྱིར། ཁྱབ་པ་ཁས། དབང་མངོན་ཡིན་ན། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པས་མ་ཁྱབ་པར་ཐལ། ཡིད་མངོན་ཡིན་ན། ཡིད་ཀྱང་དོན་དང་ཞེས་པའི་སྐབས་སུ་དངོས་སུ་བསྟན་པས་མ་ཁྱབ་པའི་ཕྱིར། རྟགས་ཁས། རང་ལུགས་ནི། ཡིད་མངོན་གྱི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དང་དེ་མ་ཐག་རྐྱེན་ཡིད་དབང་ལས་དངོས་སུ་སྐྱེས་ཤིང་གཟུང་དོན་ཅན་གྱི་རྟོག་བྲལ་མ་འཁྲུལ་བའི་ཤེས་པ། དབྱེ་ན་གཟུགས་འཛིན་ཡིད་མངོན་སོགས་ལྔའོ། །གཉིས་པ་ལ་གསུམ་སྟེ། བདག་རྐྱེན། དེ་མ་ཐག་རྐྱེན། དམིགས་རྐྱེན་ནོ། །དང་པོ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་སྤྱིར་བསྟན་པ་དང་། ཡིད་མངོན་གྱི་བདག་རྐྱེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། རྣམ་ཤེས་ཚོགས་བརྒྱད་དུ་འདོད་པ་ལྟར་ན། ཉིན་ཡིད་ལ་འདོད་དེ། ཆོས་མངོན་པའི་མདོ་ལས། རྣམ་པར་ཤེས་པ་ནི་ཡིད་ལས་བྱུང་བའོ་ཞེས་དང་། བསྡུ་བ་ལས། རྣམ་པར་ཤེས་པ་ནི་ཡིད་ལ་བརྟེན་པའོ་ཞེས་དང་། ཐེག་བསྡུས་ལས། ལྔ་པོ་དག་དང་འདྲ་བ་དང་། །ཞེས་དབང་པོའི་རྣམ་པར་ཤེས་པ་ལྔ་ལ་ཐུན་མོང་མ་ཡིན་པའི་བདག་རྐྱེན་རེ་ཡོད་པ་དང་འདྲ་བར་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་ཐུན་མོང་མ་ཡིན་པའི་བདག་རྐྱེན་དགོས་པས་དེ་ནི་ཉོན་ཡིད་ལས་འོས་མེད་པའི་ཕྱིར་ཞེས་བཞེད་དོ། །རྣམ་ཤེས་ཚོགས་དྲུག་ཏུ་འདོད་པ་ལྟར་ན། ཚོགས་དྲུག་པོ་དེ་ཉིད་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་ཡིན་ཏེ། དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །ཅེས་དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བསྒྲུབ་པའི་ཕྱིར་དུ་རྣམ་ཤེས་ཚོགས་དྲུག་ལ་ཡིད་ཀྱི་ཁམས་ཞེས་གཅིག་ཏུ་བཞག་ནས་ཁམས་བཅོ་བརྒྱད་དུ་བཤད་པའི་ཕྱིར་རོ། །འདི་ལ་མངོན་པ་གོང་འོག་ལས། འགགས་མ་ཐག་པ་ཞེས་གསུངས་པའི་དོན་ནི་བཤད་ཟིན་ཅིང་། ཚོགས་བདུན་དུ་འདོད་པ་ལྟར་ན་ཡང་། ཉོན་ཡིད་མེད་པའི་གནས་སྐབས་སུ་འདི་ཉིད་ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མིན་པའི་བདག་རྐྱེན་དུ་འདོད་དགོས་ཏེ། གཞན་དུ་ན། འཇིག་རྟེན་ལས་འདས་པའི་ལམ་གྱི་སྐབས་སུ་ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མེད་པར་ཐལ་བའི་ཕྱིར་རོ། །འདི་ལ་དགོངས་ནས་ཀུན་བཏུས་སུ། ཡིད་ལ་ཉོན་ཡིད་དང་། དྲུག་པོ་འགགས་མ་ཐག་པ་གཉིས་གསུངས་སོ། །གཉིས་པ་ནི། དབང་ཤེས་རྒྱུན་ལྡན་དུ་འབྱུང་བའི་ཚེ་དབང་པོའི་རྣམ་པར་ཤེས་པ་ལྔ་ཡིད་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་ཏེ། ཡིད་མངོན་ཡིན་ན། དོན་རིག་ཡིད་མངོན་ཡིན་དགོས་ཞིང་ཡིད་ཀྱི་རྣམ་པར་ཤེས་པས་དོན་རིག་ཡིད་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་མི་ནུས་པའི་ཕྱིར་ཏེ། དེའི་དེ་མ་ཐག་རྐྱེན་དང་། བདག་རྐྱེན་གཉིས་རྫས་གཅིག་པ་གང་ཞིག དེ་མ་ཐག་རྐྱེན་དེ་དབང་ཤེས་ཉིད་དུ་རྣམ་འགྲེལ་ངེས་གཉིས་ཆར་ལས་བཤད་པའི་ཕྱིར། གཉིས་པ་ནི། ཇི་སྐད་བཤད་པའི་ཡིད་མངོན་གྱི་བདག་རྐྱེན་དུ་གྱུར་པའི་དབང་ཤེས་དེ་ཡིད་མངོན་ཡུལ་འཛིན་ནུས་སུ་བསྐྱེད་པའི་ཆ་ནས་དེའི་བདག་རྐྱེན་དང་། མྱོང་བ་གསལ་རིག་ཏུ་བསྐྱེད་པའི་ཆ་ནས་དེ་མ་ཐག་རྐྱེན་དུ་འཇོག་སྟེ། རྣམ་ངེས་ལས། དབང་ཤེས་དེ་མ་ཐག་རྐྱེན་ལས། །བྱུང་ཞིང་ཞེས་དང་། འདིར་ཡང་། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཞེས་དེ་མ་ཐག་རྐྱེན་ངོས་བཟུང་ནས། དེའི་དེ་མ་ཐག་རྐྱེན་ངོས་ཟིན་ན་བདག་རྐྱེན་ངོས་ཟིན་པ་ལ་དགོངས་ནས་བདག་རྐྱེན་སྟོན་བྱེད་ཀྱི་གཞུང་ལོགས་སུ་མ་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དབང་མངོན་སྐད་ཅིག་མ་གཅིག་ལས་མི་སྐྱེ་བའི་ཚེ་ཡིད་མངོན་མི་སྐྱེ་ཞིང་། དབང་མངོན་རྒྱུན་ལྡན་དུ་འབྱུང་བའི་ཚེ་དབང་མངོན་སྐད་ཅིག་མ་གཉིས་པ་ཕན་ཆད་དང་གྲངས་མཉམ་པར་ཡིད་མངོན་ཡང་སྐྱེ་བས་དེའི་ཚེ་ཡིད་མངོན་གྱི་དམིགས་རྐྱེན་ནི་དབང་མངོན་སྐད་ཅིག་དང་པོའི་གཟུང་དོན་ནི་མ་ཡིན་ཏེ། དེ་ཡིད་མངོན་གྱི་དེ་མ་ཐག་རྐྱེན་གྱི་དུས་སུ་འདས་ཟིན་པའི་ཕྱིར་ཏེ། སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །དོན་མཐོང་ཡོད་པ་མ་ཡིན་ཞིང་། །ཞེས་གསུངས་པའི་ཕྱིར། དེས་ན་དབང་མངོན་སྐད་ཅིག་དང་པོའི་གཟུང་དོན་གྱི་རིགས་འདྲ་སྐད་ཅིག་གཉིས་པ་དེ་ཡིད་མངོན་སྐད་ཅིག་དང་པོ་དང་། དབང་མངོན་སྐད་ཅིག་མ་གཉིས་པ་གཉིས་ཀའི་གཟུང་དོན་ཡིན་ཏེ། དེས་དམིགས་རྐྱེན་དང་། དབང་མངོན་སྐད་ཅིག་དང་པོས་བདག་རྐྱེན་དང་། དེ་མ་ཐག་རྐྱེན་བྱས་པ་ལས་ཡིད་མངོན་སྐད་ཅིག་དང་པོ་སྐྱེ། ཡང་དེས་དམིགས་རྐྱེན་དང་། དབང་མངོན་སྐད་ཅིག་དང་པོ་དང་དུས་མཉམ་པའི་དབང་པོ་གཟུགས་ཅན་པས་བདག་རྐྱེན་བྱས་པ་ལས། དབང་མངོན་སྐད་ཅིག་གཉིས་པ་སྐྱེ་བའི་ཕྱིར་ཏེ། མདོར། ཡིད་ཀྱང་དོན་དང་ཞེས་དང་། རྣམ་ངེས་ལས། དེ་དོན་དེ་མ་ཐག །འཛིན་པར་བྱེད་པ་ཡིད་ཀྱང་ངོ་། །ཞེས་དང་། འདིར་ཡང་ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད་ཅེས་གསུངས་པའི་ཕྱིར། གཉིས་པ་རང་བཞིན་གཏན་ལ་དབབ་པ་ལ། སྐྱེ་བའི་ཚུལ། དེ་ཚད་མར་སྒྲུབ་པ། སྐྱེ་བའི་གནས་སྐབས་ལ་དཔྱད་པ་དང་གསུམ། དང་པོ་ནི། དབང་མངོན་ལྔ་འགགས་པའི་རྗེས་སུ་ཡིད་མངོན་ལྔ་ཅིག་ཆར་སྐྱེའམ་མི་སྐྱེ། མི་སྐྱེ་ན་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་མི་གྲུབ་པར་འགྱུར་ཞིང་། སྐྱེ་ན་གང་ཟག་གཅིག་རྒྱུད་དུ་མར་ཐལ་ལོ་ཞེ་ན། དེ་ལྟར་སྐྱེ་ཡང་གང་ཟག་གཅིག་རྒྱུད་དུ་མར་ཐལ་བའི་སྐྱོན་མེད་དེ། ནང་དུ་རང་རིག་གི་རྒྱུན་གཅིག་གིས་བསྡུས་པའི་ཕྱིར། གཞན་དུ་ན་དབང་མངོན་ལྔ་དང་རྟོག་པ་ཅིག་ཆར་སྐྱེ་བའི་ཚེ་གང་ཟག་གཅིག་རྒྱུད་དུ་མར་ཐལ་བའི་སྐྱོན་ཡོད་དོ། །འོ་ན་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཁ་ནང་བལྟས་ལ་རང་རིག་གི་རྒྱུན་གཅིག་ཡིན་པའི་ཕྱིར། གཉིས་པ་ནི། ཡིད་ཀྱི་མངོན་སུམ་དེ་ཚད་མ་ཡིན་ཏེ། དོན་བདེན་པ་ལ་ཤེས་པ་མ་འཁྲུལ་བས་བཟུང་བའི་ཕྱིར། འོན་ཀྱང་མངོན་སུམ་གཞན་བཞིན་དུ་རང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་ཏེ་རྒྱུན་མེད་པའི་ཕྱིར་རོ། །དེས་ན་འཇིག་རྟེན་གྱི་ཐ་སྙད་དུ་ཚད་མ་ཡིན་ནོ་ཞེས་ཐ་སྙད་མི་བྱེད་དེ། དཔེར་ན་དབང་ཤེས་ཀྱི་ཡུལ་རྡུལ་ཕྲ་རབ་ཡིན་ཡང་ཐ་སྙད་དུ་ཡུལ་གྱི་ཐ་སྙད་མི་བྱེད་པ་བཞིན་ནོ། །གསུམ་པ་ལ་རྒྱ་གར་མཁས་པའི་བཤད་པའི་རྣམ་གྲངས་འགོད། འཐད་པའི་ཕྱོགས་ངོས་བཟུང་། དེ་ལ་རྩོད་པ་སྤང་བ་དང་གསུམ་ལས། དང་པོ་ལ། རྒྱན་གྱིས། གོམས་ལས་མདུན་ན་གནས་པ་ལ། །འདི་འོ་ཞེས་སོགས་ཤེས་པ་གང་། །མངོན་དུ་བྱེད་ཕྱིར་དེ་ལ་ནི། །ཡིད་ཀྱི་མངོན་སུམ་ཡིན་པར་འདོད། །ཅེས་ཡིད་མངོན་ནི་གོམས་པའི་དབང་གིས་མདུན་ན་གནས་པ་ལ་འདིའོ་སྙམ་པའི་བློ་མངོན་དུ་བྱེད་པ་དང་། ཡིད་དབང་ལས་སྐྱེས་པ་དང་། གསལ་བར་སྣང་བའི་ཁྱད་པར་གསུམ་ལྡན་ཡིན་ལ། སྐྱེ་བའི་ཚུལ་ནི་དང་པོར་དབང་མངོན་སྐད་ཅིག་མ་གཅིག དེ་ནས་ཡིད་མངོན་སྐད་ཅིག་མ་གཅིག དེ་ནས་དབང་མངོན་སྐད་ཅིག་མ་གཉིས་པ་སྐྱེ་བ་སོགས་འགོ་དབང་མངོན་གྱིས་འཛིན་ཅིང་། མཇུག་ཡིད་མངོན་གྱིས་བརྟུལ་ལོ་ཞེས་བཞེད། ཁ་ཅིག་རིགས་གཏེར་རང་འགྲེལ་ལས། འདི་རྒྱན་གྱི་བཞེད་པར་བཀོད་པ་མི་འཐད་དེ། རྒྱན་གྱི་འགྲེལ་པར་མ་བཤད་པའི་ཕྱིར་ཞེས་ཟེར་བ་ནི་སྐྱོན་དུ་མི་འཇུག་སྟེ། བླ་མ་བརྒྱུད་པའི་མན་ངག་ལས་རྒྱན་གྱི་བཞེད་པར་གསུངས་པ་དེ་བཀོད་པ་ཡིན་གྱི། འགྲེལ་པར་བཤད་པ་བཀོད་པ་མིན་པའི་ཕྱིར་རོ། །ཆོས་མཆོག་གིས་དབང་མངོན་གྱི་རྒྱུན་རྫོགས་པའི་མཇུག་ཏུ་ཡིད་མངོན་སྐད་ཅིག་མ་གཅིག་སྐྱེ་བ་ཡིན་གྱི། སྔ་རོལ་དུ་མིན་ཏེ། མིག་གཟུགས་ལ་འཇུག་པའི་གནས་སྐབས་ཀྱི་གཟུགས་གསལ་བར་སྣང་བའི་ཤེས་པ་ཐམས་ཅད་མིག་ཤེས་ཡིན་པའི་ཕྱིར་ཏེ། གཞན་དུ་ན་མིག་ཤེས་ཀྱི་མཚན་གཞི་རྙེད་པར་དཀའ་བའི་ཕྱིར་ཞེས་བཞེད་དེ། ཆོས་མཆོག་ཆུང་བ་ལས་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་མིག་གི་བྱ་བ་འདས་པའི་ཚེ་མངོན་སུམ་དུ་བྱེད་དོ། །མིག་བྱེད་པ་དང་ལྡན་པའི་ཚེ་གཟུགས་ཤེས་པ་གང་ཡིན་པ་ཐམས་ཅད་མིག་ལ་བརྟེན་པ་ཁོ་ན་ཡིན་ཏེ། དེ་ལྟར་མིན་ན། རྣམ་པར་ཤེས་པ་འགའ་ཡང་མིག་ལ་བརྟེན་པ་མེད་པར་འགྱུར་རོ་ཞེས་གསུངས་སོ། །ཡང་ཡིད་ཀྱི་མངོན་སུམ་ལུང་ཚད་མ་ཁོ་ནས་གྲུབ་ཀྱི་དངོས་སྟོབས་ཚད་མས་མ་གྲུབ་པར་བཞེད་དེ། དེ་ཉིད་ལས། གྲུབ་པའི་མཐའ་ལས་རབ་ཏུ་གྲགས་པའི་མིང་གི་ཐ་སྙད་བྱས་པ་ནི་ཡིད་ཀྱི་མངོན་སུམ་གྲུབ་པའི་མཐའ་ལས་རབ་ཏུ་གྲགས་པ་སྟོན་པར་བྱེད་པ་སྟེ། ཡིད་ཀྱི་མངོན་སུམ་བསྒྲུབ་པ་ལ་ཚད་མ་གཞན་བཙལ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །ཇི་ལྟར་ན་མངོན་སུམ་གྱི་དབྱེ་བར་བཀོད་ཅེ་ན། གལ་ཏེ་ཡིད་ཀྱི་མངོན་སུམ་ཡོད་ན་དེའི་མཚན་ཉིད་འདིའོ་ཞེས་མདོ་མཛད་པས་གྲུབ་པའི་མཐའ་ལས་རབ་ཏུ་གྲགས་པ་ཁས་བླངས་པ་ལ་རྩོད་པ་བྱས་པ་བཟློག་པའི་དོན་དུ་ཡིན་ཏེ། མདོ་ལས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ་ཞེས་བྱ་བ་འདི་ཙམ་ཞིག་འདིའི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །བྲམ་ཟེ་ཆེན་པོས། དང་པོར་དབང་མངོན་སྐད་ཅིག་མ་གཅིག་ཁོ་ན་སྐྱེ་ཞིང་དེའི་རྗེས་སུ་དབང་མངོན་གྱི་རྒྱུན་མ་རྫོགས་ཀྱི་བར་དུ་དབང་མངོན་དང་ཡིད་མངོན་གྲངས་མཉམ་དུ་སྐྱེ་བ་ཡིན་ལ། དབང་མངོན་དེ་རང་གི་རིགས་འདྲ་སྔ་མ་ལས་བྱུང་བས་རྒྱུན་ཡོད་ཅིང་། ཡིད་མངོན་དེ་རང་གི་རིགས་འདྲ་སྔ་མ་ལས་མ་བྱུང་བར་དེ་མ་ཐག་རྐྱེན་དབང་མངོན་ལས་བྱུང་བས་རྒྱུན་མེད་པ་ཡིན་ནོ་དེའི་ཚེ་ཁ་ཕྱིར་བལྟས་ལ་དོན་རིག་གི་འགྲོས་གཉིས། ནང་བལྟས་ལ་རང་རིག་གི་འགྲོས་གཅིག་སྟེ། མངོན་སུམ་གྱི་འགྲོས་གསུམ་པར་བཞེད་དོ། །དེ་ལྟར་ལུགས་གསུམ་ལས་རྒྱན་གྱི་ཡིད་མངོན་གྱི་ངོ་བོའི་འདོད་ཚུལ་མི་འཐད་དེ། ཡིད་མངོན་དེས་ཡུལ་མདུན་ན་གནས་པ་མངོན་དུ་བྱེད། དབང་མངོན་གྱིས་མི་བྱེད་པ་ཡིན་ན། ཡུལ་མདུན་ན་གནས་པ་མངོན་དུ་བྱེད་པའི་དོན་དེ་ཡུལ་སྣང་བ་ལ་བྱེད་དམ། ཡུལ་ངེས་པའི་བྱ་བ་བྱེད་པ་ལ་བྱེད། དང་པོ་ལྟར། རྣམ་མེད་རྗེན་ཆར་དུ་སྣང་བ་ལ་བྱེད་ན་མདོ་སྡེ་པས་བཀག་ཅིང་། ཡུལ་གྱིས་གཏད་པའི་རྣམ་པ་སྣང་བ་ལ་བྱེད་ན། དབང་མངོན་ལ་ཡང་མཚུངས་ཏེ། དེ་ལ་ཡང་ཡུལ་གྱིས་གཏད་པའི་རྣམ་པ་སྣང་བའི་ཕྱིར་རོ། །གཉིས་པ་ལྟར་ན་ཡིད་མངོན་ཆོས་ཅན། རྟོག་པར་ཐལ། ཡུལ་ངེས་པའི་བྱ་བ་བྱེད་པའི་བློ་ཡིན་པའི་ཕྱིར། དབང་མངོན་དང་། ཡིད་མངོན་གྲངས་མཉམ་སྤེལ་ནས་སྐྱེ་བ་ཡང་མི་འཐད་དེ། གྲངས་མཉམ་ཞིང་རྒྱུན་མེད་པར་མཚུངས་པ་ལ་ངེས་དཀའ་སླ་དང་། ཡུལ་ལ་ངེས་པ་འདྲེན་ནུས་མི་ནུས་ཀྱི་ཁྱད་པར་མི་འཐད་པའི་ཕྱིར་རོ། །གཞན་ཡང་དབང་མངོན་སྐད་ཅིག་མ་དང་པོའི་རྐྱེན་གསུམ་པོ་དེས་རང་འབྲས་དབང་མངོན་དངོས་སུ་བསྐྱེད། དེ་དང་དུས་མཉམ་པའི་དབང་མངོན་གྱི་རྐྱེན་གསུམ་པོ་དེས་རང་འབྲས་དབང་མངོན་དངོས་སུ་མི་སྐྱེད་པའི་ཁྱད་པར་འཐད་པར་ཐལ། དབང་མངོན་སྐད་ཅིག་དང་པོའི་འཇུག་ཐོག་དེ་མ་ཐག་ཏུ་ཡིད་མངོན་སྐྱེ། དབང་མངོན་མི་སྐྱེ་བའི་ཁྱད་པར་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་རང་འབྲས་དབང་མངོན་གྱི་དངོས་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ཆོས་མཆོག་གི་བཞེད་པ་ལ་ངོ་བོ་མི་འཐད་པ་དང་། སྐྱེ་ཚུལ་མི་འཐད་པ་གཉིས་ལས། དང་པོ་ནི། ཡིད་མངོན་གྱི་རྐྱེན་གསུམ་དང་། སྐྱེ་ཚུལ་དངོས་སྟོབས་ཚད་མས་མི་གྲུབ་པར་ཐལ། ཡིད་མངོན་དངོས་སྟོབས་ཚད་མས་མི་གྲུབ་པའི་ཕྱིར། གལ་ཏེ་དེ་དག་ཀྱང་ལུང་ཚད་མ་ཁོ་ནས་གྲུབ་བོ་ཞེ་ན། མི་འཐད་དེ། རྐྱེན་གསུམ་ལུང་ཚད་མས་གྲུབ་ཏུ་ཆུག་ཀྱང་། ཡིད་མངོན་རྒྱུན་མཐར་སྐྱེ་བའི་ཚུལ་སྟོན་པའི་ལུང་རྣམ་དག་མ་གྲུབ་པའི་ཕྱིར། གཞན་ཡང་མུ་སྟེགས་རྣ་བ་མ་ཕུག་པའི་ངོར་ཡིད་མངོན་ཚད་མས་མི་གྲུབ་པར་ཐལ། དེའི་ངོར་དེ་དངོས་སྟོབས་ཚད་མས་ཀྱང་མི་གྲུབ། ལུང་ཚད་མས་ཀྱང་མི་གྲུབ་པའི་ཕྱིར། རྟགས་དང་པོ་ཁས། གཉིས་པ་གྲུབ་སྟེ། དེས་ཡིད་མངོན་སྟོན་པའི་ལུང་རྣམས་ལུང་ཚད་མར་མི་འདོད་པའི་ཕྱིར། གཉིས་པ་ལ་མར་མེའི་སྐད་ཅིག་ཐ་མ་འཛིན་པའི་ཡིད་མངོན་ཁོ་ན་སྐྱེས་ནས་དབང་མངོན་མི་སྐྱེ་བ་ཡིན་ནམ། དེ་ལས་བཟློག་པ་ཡིན་ནམ། དེ་གཉིས་ཅིག་ཆར་དུ་སྐྱེ་བ་ཡིན་ནམ། དེ་འཛིན་པའི་དབང་མངོན་རྫོགས་པའི་མཐར་ཡིད་མངོན་སྐྱེ་བ་ཡིན། དང་པོ་ལྟར་ན་མི་འཐད་དེ། འདི་ལྟར་རྟགས་མེད་བྱིས་པ་ཡི། །སྐྱེས་བོས་ཕྱིས་འབྱུང་བ་དང་ནི། །འབྲེལ་མེད་མར་མེ་ལ་སོགས་ཀྱི། །འཇིག་པ་མཐོང་བས་ཡོངས་གཅོད་ཉིད། །ཅེས་གསུངས་པའི་ཕྱིར་དང་། མར་མེའི་སྐད་ཅིག་ཐ་མའི་དུས་སུ་དེའི་རྐྱེན་གསུམ་ཚང་བའི་ཕྱིར། གཉིས་པ་ལྟར་ན། མར་མེ་དང་། དེ་འཛིན་དབང་མངོན་རྒྱུན་འགག་པར་འགྱུར་བའི་མར་མེ་འཛིན་པའི་དབང་མངོན་ཡིན་ན། རང་གི་རྒྱུན་འགགས་པའི་མཐར་ཡིད་མངོན་མི་སྐྱེ་བས་ཁྱབ་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། དབང་མངོན་གྱི་རྒྱུན་རྫོགས་པའི་མཐར་ཡིད་མངོན་སྐྱེ་བ་དང་འགལ་ལོ། །གསུམ་པ་ལྟར་ན་མིག་བྱེད་པ་དང་ལྡན་པའི་གནས་སྐབས་ཀྱི་གཟུགས་གསལ་སྣང་ཅན་གྱི་ཤེས་པ་ཐམས་ཅད་མིག་ཤེས་སུ་འདོད་པ་དང་འགལ་ལོ། །བཞི་པ་ལྟར་ན། མར་མེའི་སྐད་ཅིག་ཐ་མ་འཛིན་པའི་ཡིད་མངོན་ཆོས་ཅན། མར་མེའི་སྐད་ཅིག་ཐ་མ་དེ་ཁྱོད་ཀྱི་གཟུང་དོན་ཡིན་པར་ཐལ། ཁྱོད་ཀྱི་གཟུང་དོན་ཡོད། དེ་ལས་གཞན་པའི་ཁྱོད་ཀྱི་གཟུང་དོན་མི་འཐད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དང་དེའི་བར་མར་མེའི་སྐད་ཅིག་ཐ་མ་འཛིན་པའི་དབང་མངོན་གྱིས་ཆོད་པའི་ཕྱིར། རྟགས་ཁས། རྗེས་འབྲང་ཁ་ཅིག སྐྱོན་དེ་སྤོང་བར་འདོད་ནས་ཡིད་མངོན་རྒྱུན་མཐར་སྐྱེ་བ་དེ་དམིགས་རྐྱེན་རྒྱུན་ལྡན་དུ་འབྱུང་བའི་དབང་དུ་བྱས་ཀྱི་དམིགས་རྐྱེན་རྒྱུན་འགག་ཁ་མ་འཛིན་པའི་ཡིད་མངོན་སྐྱེ་བ་མེད་དོ་ཞེས་སྨྲའོ། །མི་འཐད་དེ། དམིགས་རྐྱེན་རྒྱུན་ལྡན་དུ་འབྱུང་བའི་གནས་སྐབས་ཀྱི་དབང་མངོན་རྒྱུན་རྫོགས་པའི་མཐར་ཡིད་མངོན་སྐྱེ། རྒྱུན་མ་རྫོགས་པའི་ཚེ་ཡིད་མངོན་མི་སྐྱེ་བའི་ཁྱད་པར་ཡོད་ན་རྒྱུན་མ་རྫོགས་པའི་ཚེ་ཡིད་མངོན་གྱི་རྐྱེན་གསུམ་མ་ཚང་བར་ཐལ་བའི་ཕྱིར་རོ། །གལ་ཏེ་རྐྱེན་ཚང་ཡང་དབང་མངོན་རྒྱུན་ལྡན་དུ་འབྱུང་བས་དེ་སྐྱེ་བའི་གེགས་བྱེད་པ་ཡིན་ནོ་ཞེ་ན་མི་འཐད་དེ། ཡིད་མངོན་གྱི་རྐྱེན་གསུམ་ནི་དེའི་དངོས་རྒྱུ་ཡིན་ལ་དངོས་རྒྱུས་དངོས་འབྲས་བསྐྱེད་པ་ལ་སུས་ཀྱང་གེགས་མི་ནུས་པའི་ཕྱིར་རོ། །གཞན་དུ་ན་དེའི་ཚེ་དབང་མངོན་རྒྱུན་ལྡན་དུ་འབྱུང་བ་དེས་སྤྱིར་ཡིད་ཀྱི་རྣམ་ཤེས་སྐྱེ་བ་ལ་གེགས་བྱེད་པ་ཡིན་ནམ། རྟོག་མེད་ཀྱི་ཡིད་ཀྱི་རྣམ་ཤེས་སྐྱེ་བ་ལ་གེགས་བྱེད་པ་ཡིན། དང་པོ་ལྟར་ན་མིག་ཤེས་ལ་གཟུགས་གསལ་བར་སྣང་བའི་ཚེ་འདི་ནི་གཟུགས་སོ་སྙམ་དུ་འཛིན་པའི་རྟོག་པ་སྐྱེ་བ་མེད་པར་ཐལ་ལོ། །གཉིས་པ་ལྟར་ན། དེས་ཡིད་རྟོག་སྐྱེ་བ་ལ་གེགས་བྱེད་མི་ནུས་ན། རྟོག་མེད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་ལ་གེགས་བྱེད་ཇི་ལྟར་ནུས་ཏེ་མི་ནུས་སོ། །གཞན་ཡང་ལོང་བའི་རྒྱུད་ལ་གཟུགས་གསལ་སྣང་ཅན་གྱི་ཡིད་མངོན་ཡོད་པར་ཐལ་ཏེ། གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་རྒྱུན་ལྡན་དུ་འབྱུང་ཞིང་། གཟུགས་འཛིན་དབང་མངོན་འགགས་པའི་རྗེས་སུ་གཟུགས་འཛིན་ཡིད་མངོན་འབྱུང་བའི་ཕྱིར། འདོད་ན། དེ་ཕྱིར་ལོང་བས་མཐོང་བ་མིན་ཞེས་སོགས་དང་འགལ་ལོ། །ཁ་ཅིག་དབང་མངོན་སྐད་ཅིག་གཉིས་པ་དེ་བདག་རྐྱེན་ཡིད་དབང་ལས་སྐྱེས་པས་ཡིད་མངོན་དང་། བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་སྐྱེས་པས་དབང་མངོན་ཡིན་པས་ལྡོག་པའི་སྒོ་ནས་འབྱེད་པ་ཡིན་ཞེས་ཟེར་བ་མི་འཐད་དེ། ཟླ་བ་གཉིས་སྣང་གི་དབང་ཤེས་སྐད་ཅིག་གཉིས་པ་དེ་བདག་རྐྱེན་ཡིད་དབང་ལས་སྐྱེས་པས་ཡིད་ཤེས་འཁྲུལ་པ་ཡིན་པར་ཐལ་བའི་ཕྱིར་རོ། །དབང་པོའི་རྣམ་པར་ཤེས་པ་སྐད་ཅིག་གཉིས་པའི་འཁོར་གྱི་ཚོར་བ་དེས་སེམས་ཚོར་ཡིན་པར་ཐལ། དེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལུས་ཚོར་ཡིན་པའི་ཕྱིར་རོ། །གཉིས་པ་ནི་མདོ་ལས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ་ཞེས་དང་། ཚད་མ་མདོར། ཡིད་ཀྱང་དོན་དང་ཞེས་དང་། དེའི་འགྲེལ་བར། ཡིད་ཀྱང་གཟུགས་ལ་སོགས་པ་ལ་དམིགས་ཤིང་ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་སྟེ། རྟོག་པ་མེད་པ་འབའ་ཞིག་གོ་ཞེས་དང་། དེའི་དོན་རྣམ་ངེས་ལས། དབང་ཤེས་དེ་མ་ཐག་རྐྱེན་ལས། །བྱུང་ཞིང་དེ་དོན་དེ་མ་ཐག །འཛིན་པར་བྱེད་པ་ཡིད་ཀྱང་ངོ་། །ཞེས་གསུངས་པ་རྣམས་ཀྱི་དོན་གཏན་ལ་དབབ་པ་ལ། སྐྱེ་ཚུལ་ངོས་བཟུང་བ་དང་། མངོན་སུམ་སོགས་ཀྱི་འགྲོས་བརྩི་བ་གཉིས། དང་པོ་ནི། དབང་མངོན་སྐད་ཅིག་དང་པོ་དང་དུས་མཉམ་པའམ་སྔ་རོལ་དུ་སྐྱེ་བ་མ་ཡིན་ཏེ། ཡིད་མངོན་ཡིན་ན། རང་གི་དེ་མ་ཐག་རྐྱེན་དབང་མངོན་ལས་འབྱུང་དགོས་པར་བཤད་པའི་ཕྱིར། དེས་ན་དབང་མངོན་སྐད་ཅིག་དང་པོའི་རྗེས་སུ་བྱུང་ཞིང་དེ་ལ་ཡང་དབང་མངོན་གྱི་རྒྱུན་རྫོགས་པའི་མཐར་འབྱུང་བ་ནི་མ་ཡིན་ཏེ། ཆོས་མཆོག་ལ་བརྗོད་པའི་སྐྱོན་གནས་པའི་ཕྱིར། རྒྱུན་མ་རྫོགས་པར་འབྱུང་བ་ལ་ཡང་རྒྱན་ལྟར་སྤེལ་མར་འབྱུང་བ་མ་ཡིན་པས་དུས་མཉམ་པར་འབྱུང་བ་ཡིན་ལ་ཚུལ་ནི་དབང་མངོན་སྐད་ཅིག་དང་པོས་བདག་རྐྱེན་དང་དེ་མ་ཐག་རྐྱེན་བྱས། དེ་དང་དུས་མཉམ་པའི་ཕྱི་དོན་གྱིས་དམིགས་རྐྱེན་བྱས་ནས་དབང་མངོན་སྐད་ཅིག་གཉིས་པ་དང་དུས་མཉམ་པར་ཡིད་མངོན་སྐད་ཅིག་དང་པོར་རྫས་ལོགས་སུ་སྐྱེ་བ་ཡིན་ལ། དེ་ནས་བརྩམས་ཏེ་དབང་མངོན་གྱི་རྒྱུན་མ་རྫོགས་པར་གྲངས་མཉམ་དུ་སྐྱེ་བ་ཡིན་ནོ། །གཉིས་པ་ནི། དེའི་ཚེ་མངོན་སུམ་གྱི་འགྲོས་བརྩི་ན་འགྲོས་གསུམ་དུ་འགྱུར་ཏེ། ཁ་ཕྱིར་བལྟས་ལ་དབང་མངོན་དང་། ཡིད་མངོན་གྱི་འགྲོས་གཉིས། ནང་བལྟས་ལ་དེ་གཉིས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་འགྲོས་གཅིག་ཡོད་པའི་ཕྱིར། དམིགས་རྐྱེན་གྱི་འགྲོས་ལྔར་འགྱུར་ཏེ། རྐྱེན་གསུམ་ཚན་པ་ལྔ་ཅིག་ཆར་དུ་ཡོད་པའི་ཚེ་དབང་མངོན་སྐད་ཅིག་གཉིས་པ་ལྔ་དང་། ཡིད་མངོན་སྐད་ཅིག་དང་པོ་ལྔ་སྟེ་བཅུ་སྐྱེ་ཡང་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་དང་། གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོ་གཉིས་དམིགས་རྐྱེན་གྱི་སྒོ་ནས་གཟུགས་འཛིན་པའི་མངོན་སུམ་གཅིག་ཏུ་འཇོག་པའི་ཕྱིར་རོ། །དེའི་ཚེ་ཡིད་བྱེད་ཀྱི་འགྲོས་བསྣན་ན་བདུན་དུ་འགྱུར་ཏེ། ཡིད་བྱེད་ཀྱི་སྒོ་ནས་རང་ངེས་གཞན་ངེས་གཉིས་སུ་ངེས་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤོང་བ་ལ། མུ་སྟེགས་བྱེད་ཀྱི་རྩོད་པ་སྤོང་བ། འབྲེལ་བྱེད་གཞན་གྱི་རྩོད་པ་སྤོང་བ། བོད་རྣམས་ཀྱི་རྩོད་པ་སྤོང་བ་དང་གསུམ། དང་པོ་ནི། སྔར་མྱོང་བ་ནི་འཛིན་པ་ན། །ཞེས་སོགས་ཏེ། གཞུང་དོན་ལས་ཤེས་པར་བྱའོ། །གཉིས་པ་ནི། རྒྱན་ལ་བརྗོད་པའི་སྐྱོན་གྱིས་མི་གནོད་དེ། ཡིད་མངོན་གྱིས་ཡུལ་ངེས་པའི་བྱ་བ་མི་བྱེད་ཅིང་སྤེལ་མར་མི་སྐྱེ་བའི་ཕྱིར་རོ། །ཆོས་མཆོག་ལ་བརྗོད་པའི་སྐྱོན་གྱིས་མི་གནོད་དེ། དབང་མངོན་གྱི་རྒྱུན་མ་རྫོགས་པར་སྐྱེ་བ་ཡིན་གྱི་རྒྱུན་རྫོགས་པའི་མཐར་མི་སྐྱེ་བའི་ཕྱིར། མིག་བྱེད་པ་དང་ལྡན་པའི་ཚེ་གཟུགས་གསལ་སྣང་ཅན་གྱི་ཤེས་པ་ཐམས་ཅད་དམིགས་ཤེས་མ་ཡིན་ན། མིག་ཤེས་ཀྱི་མཚན་གཞི་མི་རྙེད་པར་ཐལ་བས་མི་གནོད་དེ། གཞན་དུ་ན་ཡིད་བྱེད་པ་དང་ལྡན་པའི་གཟུགས་གསལ་སྣང་ཅན་གྱི་ཤེས་པ་ཐམས་ཅད་ཡིད་མངོན་མ་ཡིན་ན། ཡིད་མངོན་གྱི་མཚན་གཞི་མི་རྙེད་པར་ཐལ་བར་མཚུངས་ཤིང་མིག་ཤེས་ལ་གཟུགས་གསལ་བར་སྣང་བའི་ཚེ་ཏིང་ངེ་འཛིན་ལ་གཟུགས་གསལ་བར་སྣང་བ་ཡང་མེད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ལ། འགྲོས་གསུམ་གྱི་ཐ་སྙད་མི་འཐད་པར་ཐལ་བ་སྤོང་བ། རིགས་མཐུན་གྱི་ཤེས་པ་དུ་མ་ཅིག་ཆར་དུ་སྐྱེ་བ་མི་འཐད་པ་སྤོང་བ། རྒྱུ་གཅིག་གིས་འབྲས་བུ་རིགས་མི་མཐུན་དུ་མ་ཅིག་ཆར་བསྐྱེད་པར་ཐལ་བ་སྤོང་བ། ངེས་ཤེས་འདྲེན་མི་འདྲེན་གྱི་ཁྱད་པར་མེད་པ་སྤོང་བ་དང་བཞི་ལས། དང་པོ་ནི། ཉ་དབོན་པོ་ན་རེ། འགྲོས་གསུམ་གྱི་ཐ་སྙད་མི་འཐད་དེ། ཕྱིར་བལྟས་ལ་དོན་རིག་གི་འགྲོས་གཉིས་ཡོད་པ་ལྟར་ནང་ལྟས་ལ་དེ་གཉིས་ཉམས་སུ་མྱོང་བའི་རང་རིག་གི་འགྲོས་གཉིས་ཏེ་ཡང་ན་འགྲོས་བཞིར་འགྱུར་ཞིང་། ནང་བལྟས་ལ་དེ་གཉིས་རང་རིག་ཏུ་གཅིག་པ་ལྟར། ཕྱིར་བལྟས་ལ་ཡང་དེ་གཉིས་དོན་རིག་ཏུ་གཅིག་པས་ཡང་ན་འགྲོས་གཉིས་སུ་འགྱུར་བའི་ཕྱིར་ཞེ་ན། འོ་ན་མངོན་སུམ་ལ་བཞིར་དབྱེ་བ་ཡང་མི་འཐད་པ་ཐལ། དབང་ཡིད། རྣལ་འབྱོར་མངོན་སུམ་གསུམ་དེ་གསུམ་ཉམས་སུ་མྱོང་བའི་རང་རིག་གསུམ་སྟེ་ཡང་ན་དྲུག་ཏུ་འགྱུར། དེ་གསུམ་རང་རིག་ཏུ་གཅིག་ན་སྔ་མ་གསུམ་དོན་རིག་ཏུ་གཅིག་པས་ཡང་ན་འགྲོས་གཉིས་སུ་འགྱུར་བའི་ཕྱིར། དེས་ན་ཚུར་མཐོང་ལ་དེའི་ཚེ་རྣལ་འབྱོར་མངོན་སུམ་མ་གཏོག་པའི་མངོན་སུམ་ལེའུར་བཤད་པའི་མངོན་སུམ་གསུམ་ཅིག་ཆར་དུ་སྐྱེ་བས་མངོན་སུམ་བཞིའི་ནང་ནས་མངོན་སུམ་གསུམ་གྱི་འགྲོས་ཚང་ཞེས་པའི་དོན་ཡིན་གྱི་སྤྱིར་འགྲོས་གསུམ་དུ་མ་ངེས་ཏེ། དམིགས་རྐྱེན་སོགས་ཀྱི་འགྲོས་བརྩི་ན་ལྔ་དང་བདུན་དུ་ཡང་གསུངས་པའི་ཕྱིར། གཉིས་པ་ནི། གང་ཟག་གཅིག་གི་རྒྱུད་ལ་ཤེས་པ་རིགས་མཐུན་དུ་མ་ཅིག་ཆར་དུ་སྐྱེ་བ་ཡོད་པར་ཐལ། དབང་མངོན་དང་ཡིད་མངོན་ཅིག་ཆར་དུ་སྐྱེ་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་གཉིས་བདག་རྐྱེན་དབང་པོ་གཟུགས་ཅན་པ་དང་། ཡིད་དབང་ལས་སྐྱེས་པས་རིགས་མི་མཐུན་པའི་ཕྱིར་རོ། །འོ་ན་ཡིད་ཀྱི་རྣམ་པར་ཤེས་པ་རིགས་མཐུན་དུ་མ་ཅིག་ཆར་དུ་སྐྱེ་བར་འགྱུར་ཏེ། ཡིད་མངོན་ལྔ་ཅིག་ཆར་དུ་སྐྱེ་བའི་ཕྱིར། འདོད་ན་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ལུང་དོན་ནི། གང་ཟག་གཅིག་གི་རྒྱུད་ལ་ཡིད་ཀྱི་རྣམ་ཤེས་དུ་མ་རྒྱུན་ལྡན་ཅིག་ཆར་དུ་མི་སྐྱེ་བའི་དོན་ཡིན་ཅིང་། ཡིད་མངོན་ལ་རྒྱུན་མེད་པའི་ཕྱིར། གསུམ་པ་ནི། དབང་མངོན་སྐད་ཅིག་དང་པོས་དབང་མངོན་གཉིས་པ་དང་། ཡིད་མངོན་སྐད་ཅིག་དང་པོ་གཉིས་ཅིག་ཆར་དུ་བསྐྱེད་པ་མི་འཐད་པར་ཐལ། དེ་གཉིས་རིགས་མི་མཐུན་ཡིན་པ་གང་ཞིག འབྲས་བུ་རིགས་མི་མཐུན་པ་རྒྱུ་གཅིག་ལས་འབྱུང་བ་མེད་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། ཡིད་བློ་རྟོག་པ་གཅིག་གིས་རྟོག་མེད་ཀྱི་དབང་བློ་དང་། ཡིད་བློ་རྟོག་པ་གཉིས་ཀའི་ཉེར་ལེན་བྱེད་པ་སྲིད་པའི་ཕྱིར་རོ། །བཞི་པ་ནི། དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་དུ་དབང་མངོན་དང་ཡིད་མངོན་གྲངས་མཉམ་དུ་སྐྱེ་ན་དེ་གཉིས་ལ་ངེས་པ་འདྲེན་ནུས་མི་ནུས་ཀྱི་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། འདིའི་ལན་དུ་རིགས་གཏེར་ལས། དབང་པོ་གཟུགས་ཅན་ལས་དབང་སྐྱེ། །དེས་ན་དབང་ཤེས་རྒྱུན་བཅས་ཡིན། །ཡིད་དབང་ལས་ནི་ཡིད་དབང་མིན། །དེ་ཡི་ཕྱིར་ན་དེ་རྒྱུན་མེད། །ཅེས་དང་། དེའི་རང་འགྲེལ་ལས། དབང་པོ་གཟུགས་ཅན་གྱི་སྐད་ཅིག་སྔ་མ་ལས་གཟུགས་ཅན་གྱི་སྐད་ཅིག་ཕྱི་མ་སྐྱེ་བས་མུ་སྟེགས་པའི་རྒྱུན་ལྟ་བུ་རྟག་པ་མེད་ཀྱང་རིགས་འདྲ་སྐྱེ་བ་བར་མ་ཆད་པའི་རྒྱུན་ཡོད་ལ། ཡིད་ཀྱི་དབང་པོ་ནི་དབང་ཤེས་སྔ་མ་འགགས་མ་ཐག་པ་ཙམ་ཡིན་པས་ཡིད་ཀྱི་དབང་པོ་གཞན་ལས་གཞན་མི་སྐྱེ་བས་རྒྱུན་མེད་པའི་ཕྱིར། སོ་སོ་སྐྱེ་བོས་མཚམས་སྦྱོར་མ་ནུས་པས་རང་ལས་ངེས་མ་ནུས་པ་ཡིན་ནོ་ཞེས་གསུངས་པའི་དོན་ལ་ཁ་ཅིག སྒྲ་ཇི་བཞིན་ཉིད་དུ་ཡིད་དབང་ལས་ཡིད་དབང་མི་སྐྱེ་བ་རིགས་གཏེར་གྱི་དགོངས་པར་བྱས་ནས་དེ་འགོག་པ་ནི་ཁས་བླངས་མེད་པའི་དགག་པ་ལ་དགའ་བ་ཙམ་དུ་ཟད་དེ། ཡིད་དབང་ལས་ཡིད་དབང་མི་སྐྱེ་བ་རིགས་གཏེར་གྱི་དགོངས་པ་མ་ཡིན་པའི་ཕྱིར། ཁ་ཅིག དེ་ཉིད་དགོངས་པར་བྱས་ནས་སྒྲུབ་པར་བྱེད་པ་ཡང་མི་འཐད་དེ། དབང་པོའི་རྣམ་པར་ཤེས་པ་ཉིད་ཡིད་དབང་ཡིན་ཅིང་དབང་ཤེས་སྔ་མ་ལས་ཕྱི་མ་སྐྱེ་བའི་ཕྱིར། ཁ་ཅིག ཡིད་མངོན་གྱི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་སྔ་མ་ལས་ཕྱི་མ་མི་སྐྱེ་བ་དགོངས་པར་འདོད་པ་ཡང་མི་འཐད་དེ། དབང་མངོན་སྐད་ཅིག་རེ་རེ་བཞིན་དུ་ཡིད་མངོན་གྱི་བདག་རྐྱེན་ཡིན་པའི་ཕྱིར་རོ། །ཁ་ཅིག ཡིད་མངོན་དུ་གྱུར་པའི་ཡིད་དབང་ལས་ཡིད་མངོན་དུ་གྱུར་པའི་ཡིད་དབང་མི་སྐྱེ་བའི་དོན་དུ་འདོད་པ་ཡང་ཚིག་གི་དོན་ལ་མ་ཞུགས་ཏེ། དེ་ལྟར་ན་དབང་པོ་གཟུགས་ཅན་ལས་དབང་སྐྱེ་ཞེས་པའི་དོན་ཡང་དབང་མངོན་དུ་གྱུར་པའི་དབང་པོ་གཟུགས་ཅན་ལས་དབང་མངོན་དུ་གྱུར་པའི་དབང་པོ་གཟུགས་ཅན་སྐྱེ་ཞེས་པ་ལ་སྦྱར་དགོས་པར་ཐལ་བའི་ཕྱིར་རོ། །དེས་ན་དགོངས་པ་འདི་ལྟར་ཡིན་ཏེ། དབང་མངོན་ལ་རྒྱུན་ཡོད་དེ། དབང་མངོན་ལ་དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་ལས་ལོགས་སུ་གྱུར་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་སྔ་མ་ལས་ཕྱི་མ་སྐྱེ་བའི་ཕྱིར། ཡིད་མངོན་ལ་རྒྱུན་མེད་དེ་ཡིད་མངོན་གྱི་དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་ལས་ལོགས་སུ་གྱུར་པའི་བདག་རྐྱེན་ཡིད་དབང་སྔ་མ་ལས་ཕྱི་མ་སྐྱེ་བ་མེད་པའི་ཕྱིར། ཁྱབ་སྟེ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་གྱི་རྒྱུན་དེ་དབང་མངོན་གྱི་རྒྱུན་ཡིན་གྱི་ཡིད་མངོན་གྱི་རྒྱུན་མིན་པའི་ཕྱིར། སྔ་མའི་གཏན་ཚིགས་གྲུབ་སྟེ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་དང་། བདག་རྐྱེན་གཉིས་རྫས་གཅིག་ཡིན་པའི་ཕྱིར། དེས་ན་དབང་མངོན་གྱི་རྐྱེན་གསུམ་ལ་རྫས་རྒྱུན་མི་འདྲ་བ་གསུམ་སོ་སོར་ཡོད་ཅིང་། དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་དེ་དབང་མངོན་རང་གི་རྫས་རྒྱུན་ཡིན་པས་དབང་མངོན་ལ་རྒྱུན་ཡོད་ལ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་དང་། དམིགས་རྐྱེན་གཉིས་ལ་རྫས་རྒྱུན་སོ་སོར་ཡོད་ཀྱང་དེ་མ་ཐག་རྐྱེན་དང་། བདག་རྐྱེན་གཉིས་ལ་རྫས་རྒྱུན་སོ་སོར་མེད་ཅིང་དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་དེ་ཡང་དབང་མངོན་གྱི་རྫས་རྒྱུན་ཡིན་གྱི་ཡིད་མངོན་རང་གི་རྫས་རྒྱུན་མིན་པས་རྒྱུན་མེད་པ་ནི་བདག་ཉིད་ཆེན་པོའི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །འོན་ཀྱང་འདི་རྟོགས་པ་ས་སྐྱ་པཎྜི་ཏའི་རྗེས་སུ་ཁོ་བོ་ལས་གཞན་མ་བྱུང་ངོ་། །གསུམ་པ་རང་རིག་མངོན་སུམ་ནི་ཚད་མ་མདོར། ཆགས་ལ་སོགས། །རང་རིག་རྟོག་པ་མེད་པ་ཅན། །ཞེས་པ་རྩ་འགྲེལ་གྱི་དོན་གཏན་ལ་དབབ་པས་མཚན་ཉིད། མཚན་གཞི། རྣམ་བཞག་ལ་དཔྱད་པ་དང་གསུམ། དང་པོ་ནི། ཁ་ཅིག རང་ཡུལ་གཉིས་སྣང་ནུབ་པའི་ཚུལ་གྱིས་རིག་པའི་ཤེས་པ་ཞེས་དང་། གཞན་དག་རང་གི་མྱོང་བྱ་གཉིས་སྣང་ནུབ་པའི་ཚུལ་གྱིས་རིག་པའི་ཤེས་པ་ཞེ་ན། དང་པོ་ལ། འཕགས་རྒྱུད་ཀྱི་ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཡེ་ཤེས་དེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། རྣལ་འབྱོར་མངོན་སུམ་ཡིན་ན། རང་རིག་མངོན་སུམ་ཡིན་དགོས་པར་ཐལ་ལོ། །གཉིས་ཀ་ལ་རང་ལས་རྒྱང་ཆད་ལྟར་དུ་སྣང་བའི་གཟུང་རྣམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། དེ་འདྲ་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་གཟུང་རྣམ་ཆོས་ཅན། ཁྱོད་མྱོང་རང་རིག་མངོན་སུམ་ཡོད་པར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རང་ཡུལ་རང་ལས་རྒྱང་ཆད་ལྟར་དུ་སྣང་བའི་ཕྱིར། ཁ་ཅིག མདོ་སྡེ་པའི་ལུགས་ལ་རང་གི་བདག་ཉིད་དུ་གྱུར་པའི་ཡུལ་རིག་པའི་ཤེས་པ་དང་། སེམས་ཙམ་པའི་ལུགས་ལ་རང་གི་གཟུང་ཡུལ་རིག་པའི་ཤེས་པ་ཞེ་ན། དང་པོ་ལ་སྔོ་འཛིན་དབང་མངོན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། རང་གི་བདག་ཉིད་དུ་གྲུབ་པའི་གཟུང་རྣམ་རིག་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ཡང་མི་འཐད་དེ། སྤྱིར་སེམས་ཙམ་པའི་ལུགས་ལ་བཟུང་ཡུལ་མེད་ཅིང་བྱེ་བྲག་རང་རིག་མངོན་སུམ་ལ་གཟུང་ཡུལ་མེད་པའི་ཕྱིར། ཁ་ཅིག ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་ཞེས་པ་ཡང་མི་འཐད་དེ། རྣམ་མཁྱེན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་མ་ངེས་པའི་ཕྱིར། ཁ་ཅིག ཁ་ནང་དུ་ཕྱོགས་པའི་ཤེས་པ་ཞེ་ན། སྔོ་འཛིན་དབང་མངོན་དྲན་པའི་དྲན་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རང་ལུགས་ནི། རང་གི་ངོ་བོ་མྱོང་བྱེད་ཀྱི་འཛིན་རྣམ་མོ། །གཉིས་པ་ནི། ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ཀྱང་རང་ལྡོག་ནས་རང་རིག་མངོན་སུམ་མ་ཡིན་པས་ཤེས་པ་ཐམས་ཅད་ཀྱི་མྱོང་བ་གསལ་རིག་གི་ཆ་དེ་རང་རིག་མངོན་སུམ་གྱི་མཚན་གཞི་ཡིན་ལ། དེ་ལ་གཉིས་སྣང་དང་བཅས་པ་དང་། གཉིས་སྣང་མེད་པའི་རང་རིག་མངོན་སུམ་གཉིས་ལས། དང་པོ་ནི། བློ་གཅིག་ཉིད་གཟུང་རྣམ་དང་། འཛིན་རྣམ་གཉིས་སུ་སྣང་བ་ན་གཟུང་བར་སྣང་བ་མྱོང་བྱ་དང་། འཛིན་པར་སྣང་བ་མྱོང་བྱེད་དུ་སྣང་བའི་གནས་སྐབས་ཀྱི་གཟུང་རྣམ་ལ་ལྟོས་པའི་རང་རིག་དེ་ཉིད་ཡིན་ལ། གཉིས་པ་ནི། གཟུང་རྣམ་དང་། འཛིན་རྣམ་དང་། གཟུང་འཛིན་གཉིས་སྟོང་གི་ཤེས་པ་སོགས་ཤེས་པ་ཐམས་ཅད་ཀྱི་སྟེང་གི་རང་གི་ངོ་བོ་མྱོང་ཙམ་དུ་སྐྱེས་པའི་ཆ་དེ་ཉིད་དོ། །གསུམ་པ་ལ། ཤེས་པ་ཡིན་ན་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པས་ཁྱབ་མ་ཁྱབ་དཔྱད། རང་རིག་དང་གཞན་རིག་འགལ་མི་འགལ་དཔྱད། རང་རིག་ལ་ཡུལ་ཡོད་མེད་དཔྱད་པ་དང་གསུམ། དང་པོ་ནི། སྔ་རབས་པ་ཁ་ཅིག་ན་རེ། གཉིས་སྣང་ཅན་གྱི་ཤེས་པ་དེ་ལ་རང་གི་ངོ་བོ་གསལ་ཙམ་གྱི་ཆ་དང་། ཡུལ་གཞན་རིག་པའི་ཆ་གཉིས་ལས། དང་པོ་ནི། འཛིན་རྣམ་ཡིན་པས་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ལ། ཕྱི་མ་ནི་གཟུང་རྣམ་ཡིན་པས་རང་གི་ངོ་བོ་ལ་རང་རིག་མངོན་སུམ་མ་ཡིན་ནོ་ཞེས་སྨྲའོ། །འོ་ན་བྱེ་བྲག་པས། སངས་རྒྱས་པའི་ངོར་ཚོར་བ་བདེ་སོགས་ཆོས་ཅན། རང་གི་ངོ་བོ་མི་རིག་པར་ཐལ། ཡུལ་གཞན་མི་རིག་པའི་ཕྱིར་ཞེས་པ་འདི་ལ། འདོད་ལན་འདེབས་རིགས་པར་ཐལ་བ་དང་། སྔོ་འཛིན་དབང་མངོན་ཆོས་ཅན། སྔོན་པོ་མི་རིག་པར་ཐལ། རང་གི་ངོ་བོ་མི་རིག་པའི་ཕྱིར་ཞེས་པ་འདིར་རང་རིག་མེད་པར་འདོད་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མིན་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། རྣམ་ངེས་ལས། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་དང་། འདིར། ཅི་སྟེ་རང་དངོས་མི་རིག་ན། །ཇི་ལྟར་གཞན་གྱི་ངོ་བོ་རིག །ཅེས་གསུངས་པ་དང་འགལ་ལོ། །དར་ཊཱིཀ་པ་ན་རེ། ཤེས་པ་ཡིན་ན། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པས་ཁྱབ་ན་བུམ་འཛིན་རྟོག་པ་དེ་རང་གི་ངོ་བོ་གཟུང་རྣམ་དང་། འཛིན་རྣམ་དང་། དེ་གཉིས་གང་ཡང་མ་ཡིན་པའི་རང་གི་ངོ་བོ་གང་ལ་རང་རིག་མངོན་སུམ་ཡིན། དང་པོ་ལྟར་ན། དེ་ཆོས་ཅན། རང་རིག་མངོན་སུམ་ཡིན་པར་ཐལ། དེའི་ཕྱིར། གཉིས་པ་ལྟར་ན་དེ་ཆོས་ཅན། རང་གི་ངོ་བོ་གཟུང་རྣམ་ལ་རང་རིག་མངོན་སུམ་ཡིན་པར་ཐལ། ཁས་བླངས་གང་ཞིག རང་གི་ངོ་བོ་གཟུང་རྣམ་དང་རང་གི་ངོ་བོ་འཛིན་རྣམ་གཉིས་པོ་དེ་ཡུལ་དུས་རང་བཞིན་གང་ལ་ལྟོས་ནས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། སྔར་ལྟར་རོ། །གསུམ་པ་ལྟར་ན་མི་འཐད་དེ། དེ་གཉིས་གང་ཡང་མ་ཡིན་པའི་རང་གི་ངོ་བོ་མེད་པའི་ཕྱིར་ཞེས་ཟེར་བ་ལ་གཞན་དག་ན་རེ། བུམ་འཛིན་མངོན་སུམ་གྱི་གཟུང་རྣམ་དང་འཛིན་རྣམ་གཉིས་པོ་དེ་ཡུལ་དུས་རང་བཞིན་གང་ལ་ལྟོས་ནས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པར་ཐལ། བུམ་པ་ཡོད་པ་གང་ཞིག ཁས་བླངས་དེའི་ཕྱིར། འདོད་ན། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་ཡང་དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པར་ཐལ་ལོ་ཞེས་པའི་སྐྱོན་བརྗོད་པ་ནི་མི་འཇུག་སྟེ། དེ་ཡུལ་ལ་ལྟོས་ནས་གྲུབ་བདེ་རྫས་གཅིག་ཡིན་ན། ཡུལ་ཐམས་ཅད་དུ་དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པས་མ་ཁྱབ་པའི་ཕྱིར། ཁ་ཅིག དེ་གཉིས་གང་ཡང་མ་ཡིན་པའི་བུམ་འཛིན་རྟོག་པ་རང་གི་ངོ་བོ་མ་གྲུབ་པ་གཏན་ཚིགས་མ་གྲུབ་སྟེ། བུམ་འཛིན་རྟོགས་པ་དེ་དེ་ཡིན་པའི་ཕྱིར་ཞེས་ཟེར་བ་ནི་སྤྱི་སྐྱོན་ཙམ་དུ་སྣང་ངོ་། །དེས་ན་ལུགས་སྔ་མ་ལ་ཁས་བླངས་འགལ་བ་ཡོད་དེ། དེས་ན་གཞན་རིག་མེད་པའི་ཕྱིར་ཞེས་པའི་སྐབས་ཀྱི་རང་རིག་དེ་ཡིན་ན། རང་རིག་མངོན་སུམ་ཡིན་དགོས་པར་ཐལ། རང་གི་ངོ་བོ་གཟུང་རྣམ་ལ་རང་རིག་མངོན་སུམ་ཡིན་ན། རང་རིག་མངོན་སུམ་ཡིན་དགོས་པའི་ཕྱིར་རོ། །ཁྱབ་སྟེ། དེའི་སྐབས་སུ་གཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་གཅིག་བསྟན་པའི་ཕྱིར། རང་ལུགས་ལ་ཤེས་པ་ཡིན་ན། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པས་ཁྱབ་པར་སྒྲུབ་པ་ལ་ལུང་རིགས་གཉིས་ལས། དང་པོ་ནི། མདོར། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེར་རྟོག་ཕྱིར། །ཞེས་དང་། འདིར་རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་དང་། རྒྱན་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདིར་བདག་ཉིད་རིག་པ་ཡིན། །ཞེས་སོགས་མཐའ་ཡས་ཏེ། ཚིག་མང་དུ་དོགས་ནས་མ་སྤྲོས་སོ། །གཉིས་པ་ལ། རང་མྱོང་ཡིན་པ་ལ་སྒྲུབ་བྱེད་དགོད། རང་མྱོང་མ་ཡིན་པ་ལ་གནོད་བྱེད་བསྟན་པ་གཉིས། དང་པོ་ནི། སྔོ་འཛིན་དབང་མངོན་དེ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ཏེ། དེའི་མྱང་བྱར་གྱུར་པའི་རྣམ་པ་དེ་སྔོ་འཛིན་དབང་མངོན་གྱི་བདག་ཉིད་ཡིན་པའི་ཕྱིར་ཏེ། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་གསུངས་པས་སོ། །ཡང་དེ་ཡིན་ཏེ། ཕྱིས་ཀྱི་དྲན་ཤེས་ཀྱི་རྟགས་ལས། སྔོ་འཛིན་དབང་མངོན་ལ་རང་དུས་སུ་མྱོང་བྱེད་ཡོད་པར་གྲུབ་ཅིང་། མྱོང་བྱེད་རྫས་གཞན་པ་མེད་པའི་ཕྱིར་ཏེ། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་གསུངས་པས་སོ། །གཉིས་པ་ནི། བདེ་བ་སོགས་ལ་མྱོང་བྱེད་རྫས་གཞན་པ་གཅིག་ཡོད་པར་ཐལ། དེ་ལ་མྱོང་བྱེད་ཡོད། དེས་རང་གི་ངོ་བོ་དེ་མ་མྱོང་བའི་ཕྱིར། འདོད་ན། རང་དང་དུས་མཉམ་པའི་ཤེས་པ་རྫས་གཞན་པས་མྱོང་བ་ཡིན་ནམ། ཕྱིས་བྱུང་བའི་ཤེས་པ་རྫས་གཞན་པས་མྱོང་བ་ཡིན་དང་པོ་ལྟར་ན། དོན་གང་ཉེ་བས་བློ་དང་ནི། །ཞེས་སོགས་ཀྱི་རིགས་པ་དྲན་པར་བྱའོ། །གཉིས་པ་ལྟར་ན། རིམ་གྱིས་འཛིན་ན་དེ་མྱོང་བ། །ཞེས་སོགས་ཀྱི་རིགས་པ་དྲན་པར་བྱའོ། །གཞན་ཡང་བུམ་འཛིན་རྟོག་པ་དེ་རང་གི་ངོ་བོ་ལ་ཁ་ནང་དུ་བལྟས་པ་མི་སྲིད་པར་ཐལ། དེ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་མིན་པའི་ཕྱིར། འདོད་ན། ཤེས་པ་མིན་པར་ཐལ་ལོ། །གལ་ཏེ་བུམ་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ་ཁ་ནང་དུ་བལྟས་ཤིང་། བུམ་འཛིན་རྟོག་པ་དེ་ཁ་ཕྱིར་བལྟས་པ་ཁོ་ན་ཡིན་པས་སྐྱོན་མེད་དོ་ཞེ་ན། འོ་ན་ཁ་ཕྱིར་བལྟས་ལ་རྟོག་པ་ཡིན། ནང་བལྟས་ལ་རང་རིག་ཡིན་པའི་ཤེས་པ་མི་སྲིད་པར་ཐལ། རྟོག་པ་ཡིན་ན། ཁ་ནང་དུ་བལྟས་པ་མིན་པས་ཁྱབ་པའི་ཕྱིར། འདོད་ན། རྟོག་པའང་རང་རིག་ཉིད་དུ་འདོད། །ཞེས་སོགས་ཀྱི་གཞུང་ལ་ཕྱོགས་བཤད་དུ་མ་སོང་བའི་འབྲུ་སྣོན་མཛོད། ཁ་ཅིག རྟོག་པའི་ངོ་བོ་ཆོས་ཅན། རྫས་སུ་གྲུབ་པར་ཐལ། ཁྱོད་ལ་རང་རིག་མངོན་སུམ་དུ་སོང་བའི་ཤེས་པ་ཡོད་པའི་ཕྱིར་ཞེས་པ་ལ་འདོད་ལན་ཐེབས་པས་སྐྱོན་མེད་དོ། །ཡང་རྟོག་པ་ཆོས་ཅན། རྟོག་པ་དེ་ཁྱོད་ལ་གསལ་བར་སྣང་བ་དང་། ཁྱོད་ཀྱི་སྣང་ཡུལ་ཡིན་པར་ཐལ། ཁྱོད་རྟོག་པ་ལ་མངོན་སུམ་ཡིན་པའི་ཕྱིར། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། ཕྱི་དོན་ཡིན་པར་ཐལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་གཞལ་བྱར་གྱུར་པའི་རང་མཚན་ཡིན་པའི་ཕྱིར། རྟགས་ཁས། ཡང་སྒྲ་རྟག་འཛིན་རྟོགས་པ་ཆོས་ཅན། སྒྲ་རྟག་འཛིན་རྟོག་པ་ལ་ཚད་མར་ཐལ། དེ་ལ་རང་རིག་མངོན་སུམ་ཡིན་པའི་ཕྱིར། འདོད་ན། དེ་ཁྱོད་ཀྱི་འཇུག་ཡུལ་དུ་ཐལ། འདོད་པ་དེའི་ཕྱིར། འདོད་ན། ལོག་ཤེས་མིན་པར་ཐལ་ལོ་ཞེ་ན། འདི་དག་གི་ལན་ལ་ཁོ་བོ་ནི། རྟོག་པ་དེ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ཀྱང་སྤྱིར་རྟོག་པ་ལ་རང་རིག་མངོན་སུམ་དུ་ནི་ཁས་མི་ལེན་ཏེ། རྟོག་པ་ལ་རྟོག་པར་འགྱུར་བ་སྲིད་པའི་ཕྱིར། མ་གྲུབ་ན། རྟོག་པ་ཆོས་ཅན། རྟོག་པ་དེ་ཁྱོད་ལ་རྟོག་པར་འགྱུར་བ་སྲིད་པར་ཐལ། ཁྱོད་རྟོག་པའི་ཞེན་ཡུལ་དུ་འགྱུར་བ་སྲིད་པའི་ཕྱིར། གལ་ཏེ་རང་གི་ངོ་བོ་ཆོས་ཅན། རྟོག་པ་དེ་ཁྱོད་ལ་རང་རིག་མངོན་སུམ་མིན་པར་ཐལ། རྟོག་པ་དེ་ཁྱོད་ལ་རྟོག་པར་འགྱུར་བ་སྲིད་པའི་ཕྱིར་ཏེ། ཁྱོད་རྟོག་པའི་ཞེན་ཡུལ་དུ་འགྱུར་བ་སྲིད་པའི་ཕྱིར་ཞེ་ན། དེ་ནི་ཆོས་ཅན་སྐྱོན་ཅན་ཏེ། བུམ་པ་དེ་རང་འབྲས་བསྐྱེད་བྱེད་ཡིན་ནམ་མ་ཡིན། མ་ཡིན་ན་ཧ་ཅང་ཐལ་ཞིང་། ཡིན་ན། རང་འབྲས་ཆོས་ཅན། བུམ་པ་དེ་ཁྱོད་བསྐྱེད་བྱེད་མིན་པར་ཐལ། བུམ་པ་དེ་ཁྱོད་ཀྱི་རྒྱུན་མིན་པའི་ཕྱིར་ཏེ། བུམ་པ་མེད་ན་ཁྱོད་མེད་པས་མ་ཁྱབ་པའི་ཕྱིར་ཞེས་མཚུངས་སོ། །རང་གི་ངོ་བོ་ལ་གསལ་སྣང་ཅན་གྱི་ཤེས་པ་ཡིན་ན། རང་གི་ངོ་བོ་དེ་རང་གི་སྣང་ཡུལ་ཡིན་པས་ནི་མ་ཁྱབ་སྟེ། རང་གི་ངོ་བོ་ལ་ཁ་ནང་དུ་བལྟས་ན་རང་གི་ངོ་བོ་དེ་རང་གི་སྣང་ཡུལ་ཡིན་པས་མ་ཁྱབ་པའི་ཕྱིར། དེས་ན་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་གཞལ་བྱར་ཁས་ལེན་ཡང་མི་དགོས་ཏེ། དེ་དེ་ལ་མངོན་སུམ་མིན་པའི་ཕྱིར་རོ། །གཉིས་པ་ནི་ཁ་ཅིག དེ་གཉིས་མི་འགལ་ཏེ། སྔོ་འཛིན་དབང་མངོན་དེ་རང་གི་ངོ་བོ་ལ་རང་རིག་དང་། སྔོན་པོ་ལ་གཞན་རིག་ཡིན་པའི་ཕྱིར་དང་། ཤེས་པ་ཡིན་ན། རང་རིག་ཡིན་དགོས་པའི་ཕྱིར་ཞེ་ན། འོ་ན་རང་རིག་མངོན་སུམ་དང་། དོན་རིག་མངོན་སུམ་ཡང་མི་འགལ་བར་ཐལ། སྔོ་འཛིན་དབང་མངོན་དེ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དང་། སྔོན་པོ་ལ་དོན་རིག་མངོན་སུམ་ཡིན་པའི་ཕྱིར། རང་ལུགས་ནི་དེ་གཉིས་འགལ་ཏེ། ཆོས་གཅིག་ལ་གཞན་རིག་གི་ཤེས་པ་ཡིན་ན། གཞན་རིག་ཡིན་པས་མ་ཁྱབ་ཅིང་། རང་གི་ངོ་བོ་ལ་རང་རིག་ཡིན་ན། རང་རིག་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །དེས་ན་མདོ་སྡེ་པའི་ལུགས་ལ་དབང་ཡིད་ཀྱི་མངོན་སུམ་གཉིས་པོ་དེ་གང་ལ་མངོན་སུམ་དུ་སོང་བའི་ཡུལ་རང་ལས་རྫས་གཞན་པ་ཡོད་པས་དོན་རིག་མངོན་སུམ་ཡིན་གྱི་རང་རིག་མངོན་སུམ་མ་ཡིན་ལ། རྣམ་རིག་པའི་ལུགས་ལ་དེ་གཉིས་མངོན་སུམ་དུ་སོང་བའི་ཡུལ་རང་ལས་རྫས་གཞན་མེད་པས་རང་རིག་མངོན་སུམ་དུ་ཁས་ལེན་ནོ། །དེ་ལྟར་བྱས་ན་རྣམ་རིག་པའི་ལུགས་ལ་མངོན་སུམ་གཉིས་སུ་ངེས་པ་དང་། དམིགས་བརྟག་ལས། དབང་མངོན་གྱི་རྐྱེན་གསུམ་སེམས་ཙམ་རང་ལུགས་ཀྱི་དབང་དུ་བྱས་ནས་ངོས་བཟུང་མཛད་པ་མི་འགལ་ཤིང་། ཚད་འབྲས་གཉིས་པར་དབང་ཤེས་ཀྱི་ཚད་འབྲས་ལ་ཡང་རང་རིག་འབྲས་བུར་བཞག་པ་རྣམས་དོན་གཅིག་ཏུ་འདུས་པ་འབྱུང་ངོ་། །གསུམ་པ་ནི། ཁ་ཅིག་རིགས་གཏེར་རང་འགྲེལ་ལས། རང་རིག་ལ་ཡུལ་མེད་པར་བཤད་པ་སྒྲ་ཇི་བཞིན་དུ་དགོངས་པར་བྱས་ནས་རང་རིག་མངོན་སུམ་ལ་ཡུལ་མེད་པར་སྨྲ་བ་ནི་བདག་ཉིད་ཆེན་པོའི་དགོངས་པ་མིན་ཏེ། རང་རིག་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དེས་རང་རིག་མངོན་སུམ་འཇུག་ཡུལ་ལ་མི་བསླུ་བར་ངེས་པར་བཞེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། རྟོག་པ་དེ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་འཇོག་ཀྱང་། རྟོག་པ་དེ་རྟོག་པའི་རང་རིག་མངོན་སུམ་དུ་སོང་བའི་ཡུལ་མ་ཡིན་པས་རྟོག་པ་རང་རིག་མངོན་སུམ་དུ་སོང་བའི་ཡུལ་མེད་ཅེས་པའི་དོན་ཡིན་གྱི་རྟོག་མྱོང་རང་རིག་མངོན་སུམ་གྱི་ཡུལ་མེད་པ་ནི་མ་ཡིན་ཏེ། རྟོག་པ་དེ་དེའི་ཡུལ་ཡིན་པའི་ཕྱིར་ཏེ། དེ་དེའི་འཇུག་ཡུལ་ཡིན་པའི་ཕྱིར། བཞི་པ་རྣལ་འབྱོར་མངོན་སུམ་ནི། བདེ་བར་གཤེགས་པས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་ཅེས་གསུངས་པ་དང་། ཀུན་བཏུས་སུ། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་གསུངས་པ་དང་། རྣམ་འགྲེལ་ལས། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་བསྒོམ་བྱུང་ཡིན། །ཞེས་གསུངས་པའི་དོན་གཏན་ལ་དབབ་པ་ལ། རང་བཞིན་ངོས་བཟུང་བ། ཡུལ་ལ་ཚད་མར་འགྱུར་ཚུལ། སྒྲུབ་བྱེད་ཀྱི་རིགས་པ་དང་གསུམ། དང་པོ་ལ། མཚན་ཉིད། དབྱེ་བ། རྒྱུ་བསམ་པ་དང་གསུམ། དང་པོ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི། སྔ་རབས་པ་ཁ་ཅིག་ན་རེ། ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བའི་ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ་དེ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། སྔར་མ་རྟོགས་པའི་ཡང་དག་པའི་དོན་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པའི་རིག་པ་དེ་རྣལ་འབྱོར་མངོན་སུམ་ཚད་མའི་མཚན་ཉིད་ཞེས་ཟེར་བ་ནི་གཉིས་སུ་འབྱེད་པ་གཞུང་ལས་མ་བཤད་པ་སོགས་ཀྱི་སྒོ་ནས་བཀག་ཟིན་ཏོ། །ཁ་ཅིག རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡང་དག་པའི་དོན་བསྒོམས་པ་ལས་བྱུང་ཞིང་། ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་རིགས་པ་ཞེས་དང་། ཁ་ཅིག་རང་གི་བདག་རྐྱེན་ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བའི་རྟོག་བྲལ་མ་འཁྲུལ་བའི་རིགས་པ་ཞེས་ཟེར་རོ། །དང་པོ་ལ། རྣམ་མཁྱེན་སྐད་ཅིག་མ་གཉིས་པ་ཆོས་ཅན། ཟུར་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རྣམ་མཁྱེན་སྐད་ཅིག་མ་དང་པོའི་གནས་སྐབས་ན་ཡང་དག་པའི་དོན་སྒོམ་པ་ཡོད་པར་ཐལ་ལོ། །གཉིས་པ་ལ། བདག་མེད་པའི་དོན་བསྒོམས་པ་ལས་བྱུང་བའི་བྱང་སེམས་སྦྱོར་ལམ་པའི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གསལ་ཆོས་ཅན་གྱིས་འགྲུབ། གཉིས་པ་ལ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡང་དག་པའི་དོན་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཡང་དག་པའི་དོན་ལ་མ་འཁྲུལ་བའི་རིག་པའོ། །གསུམ་པ་ལ། ཁ་ཅིག་ན་རེ། མི་འཐད་དེ། ཡང་དག་པའི་དོན་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་དེ་ཡིད་དབང་མིན་པའི་ཕྱིར་རོ་ཞེས་ཟེར་རོ། །སྐྱོན་མེད་དེ། འདིར་སེམས་སེམས་བྱུང་རྫས་གཅིག་ཡིན་པས་རྣམ་པར་ཤེས་པ་ཡིད་དབང་དུ་སོང་ཕྱིན་དེའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ཀྱང་དེར་འགྱུར་བ་ཡིན་པའི་ཕྱིར། གཉིས་པ་ལ། རྟེན་གྱི་སྒོ་ནས། ཉན་ཐོས། རང་རྒྱལ། ཐེག་ཆེན་འཕགས་པའི་རྣལ་འབྱོར་མངོན་སུམ་གསུམ། དེ་ལ་སློབ་མི་སློབ་ཀྱི་སྒོ་ནས་ལྔར་འགྱུར་ཏེ། ཉན་ཐོས་སློབ་པ་དང་མི་སློབ་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་གཉིས། རང་རྒྱལ་མི་སློབ་པའི་རྣལ་འབྱོར་མངོན་སུམ། ཐེག་ཆེན་སློབ་པ་དང་མི་སློབ་པའི་རྣལ་འབྱོར་མངོན་སུམ་གཉིས་སྟེ་ལྔར་འགྱུར་བའི་ཕྱིར་རོ། །དེ་ལ་ཡང་སྣང་བཅས་དང་། སྣང་མེད་ཀྱི་སྒོ་ནས་བཅུར་འགྱུར་ཏེ། ལྔ་པོ་རེ་རེ་ལ་ཡང་། མཉམ་བཞག་དང་། རྗེས་ཐོབ་ཀྱིས་བསྡུས་པའི་རྣལ་འབྱོར་མངོན་སུམ་གཉིས་གཉིས་སུ་ཡོད་པའི་ཕྱིར། རིགས་གཏེར་རང་འགྲེལ་ལས། སྣང་བཅས་ལ་ཉན་ཐོས་ཀྱི་སློབ་པ་ནི་བསམ་གཏན་གྱི་སེམས་ཐོབ་ན་མངོན་པར་ཤེས་པ་འཆར་ལ། མ་ཐོབ་ན་མི་འཆར་ཞིང་། མི་སློབ་པ་ལའང་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་ལ་མངོན་པར་ཤེས་པ་ལྔ་མེད་ལ། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་རིམ་པ་བཞིན་སྟོང་གཉིས་གསུམ་དང་། གྲངས་མེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་མཐོང་སྟེ། མཛོད་ལས། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །ཞེས་གསུངས་པའི་སོ། །ཞེས་གསུངས་པའི་དོན་ལ་འཕགས་རྒྱུད་ཀྱི་མངོན་ཤེས་དང་པོ་ལྔ་སྣང་བཅས་རྣལ་འབྱོར་མངོན་སུམ་དུ་འཇོག་པར་སྣང་བས་མངོན་ཤེས་དེ་དག་ཀྱང་དབང་ཤེས་མིན་པར་བསམ་གཏན་གྱི་སས་བསྡུས་ཀྱི་མིག་དང་རྣ་བའི་དབང་པོ་བསྐྱེད་པའི་རྒྱུར་གྱུར་པའི་ཡིད་ཀྱི་ས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ལ་ལྷའི་མིག་གི་མངོན་ཤེས་དང་། རྣ་བའི་མངོན་ཤེས་སུ་འཇོག་དགོས་པ་འདྲའོ། །གསུམ་པ་ལ། ཡེ་ཤེས་གཉིས་ཀྱི་རྒྱུ། དེ་མཐར་ཕྱིན་པའི་དུས། ཐབས་ལ་ལྟོས་པ་འབྲས་བུའི་ཁྱད་པར་རོ། །དང་པོ་ནི། བདག་མེད་རྟོགས་པའི་ཤེས་རབ་དེས་ཉེར་ལེན་དང་། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་འགྲུབ་ཅིང་། དེ་ལས་བཟློག་པས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་འགྲུབ་པ་ཡིན་ནོ། །གཉིས་པ་ལ། ཉན་ཐོས་ཀྱི་རྣལ་འབྱོར་མངོན་སུམ་མཐར་ཕྱིན་པའི་དུས་ནི་བརྩོན་འགྲུས་མྱུར་བས་ཚེ་གསུམ་ལ་མཐར་ཕྱིན་པ་ཡིན་ཏེ། མྱུར་བར་སྲིད་པ་གསུམ་གྱིས་ཐར། །ཞེས་གསུངས་པའི་ཕྱིར། རང་རྒྱལ་གྱི་རྣལ་འབྱོར་མངོན་སུམ་བསྐལ་པ་བརྒྱས་མཐར་ཕྱིན་པ་ཡིན་ཏེ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་གསུངས་པའི་ཕྱིར། ཐེག་ཆེན་གྱི་རྣལ་འབྱོར་མངོན་སུམ་བསྐལ་པ་གྲངས་མེད་གསུམ་གྱིས་མཐར་ཕྱིན་པ་ཡིན་ཏེ། དེ་གྲངས་མེད་གསུམ་ལ་སངས་རྒྱས། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཉན་རང་དགྲ་བཅོམ་པའི་རྣལ་འབྱོར་མངོན་གསུམ་གྱིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མ་རྟོགས་ཏེ། དེས་མ་རིག་པའི་བག་ཆགས་མ་སྤངས་པའི་ཕྱིར་ཏེ། ཐབས་སྙིང་རྗེ་དམན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱི་རྣལ་འབྱོར་མངོན་སུམ་གྱིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་ཏེ། དེས་མ་རིག་པའི་བག་ཆགས་སྤངས་པའི་ཕྱིར་ཏེ། ཐབས་སྙིང་རྗེ་ཆེན་པོ་བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པར་བྱས་པའི་ཕྱིར། དེ་ལྟར་ཡང་། རྣམ་པ་དུ་མར་ཐབས་མང་པོ། །ཞེས་སོགས་དང་། ཉོན་མོངས་མེད་དང་ནད་མེད་དང་། །ཞེས་སོགས་ཀྱིས་བསྟན་ནོ། །གཉིས་པ་ཡུལ་ལ་ཚད་མར་འགྱུར་ཚུལ་ལ་ཁ་ཅིག རྣམ་མཁྱེན་སྐད་ཅིག་མ་དང་པོ་ཚད་མ་དང་། གཉིས་པ་བཅད་ཤེས་སུ་འདོད་པ་མི་འཐད་དེ། མངོན་སུམ་ཐམས་ཅད་རྟོག་བྲལ་མ་འཁྲུལ་པའི་ཤེས་པར་གྲུབ་པས་ཚད་མར་གྲུབ་པ་བཞིན་དུ་འདིར་ཡང་ཚད་མ་ཡིན་པའི་ཕྱིར། འོ་ན་རྣལ་འབྱོར་མངོན་སུམ་གྱི་རང་ཡུལ་མ་ངེས་ན་རང་མཚན་ཡོད་མེད་ལ་འཇུག་ལྡོག་བྱེད་པ་མི་སྲིད་ཅིང་། དེས་ན་རྟོག་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སོ་སོ་སྐྱེ་བོའི་ཚད་མས་རང་སྟོབས་དང་། གཞན་སྟོབས་གང་རུང་གིས་ངེས་པ་དྲངས་པའི་སྒོ་ནས་འཇུག་ལྡོག་བྱེད་ཅིང་། འཕགས་པ་རྟོག་པའི་བག་ཆགས་དང་མ་བྲལ་བ་རྣམས་རང་བཞིན་དུ་གནས་པའི་ཚེ་སོ་སྐྱེ་དང་འདྲ་ལ། སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་ལ་སོགས་པ་ལ་གནས་པའི་ཚེ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇུག་ལྡོག་བྱེད་པ་ཡིན་ལ། རྟོག་པའི་བག་ཆགས་དང་བྲལ་བ་རྣམས་ཏིང་ངེ་འཛིན་ཁོ་ནའི་སྟོབས་ཀྱིས་འཇུག་ལྡོག་བྱེད་པ་ཡིན་ནོ། །འོ་ན་སངས་རྒྱས་ཀྱི་ཡེ་ཤེས་དེས་འདས་པ་དང་མ་འོངས་པ་མཁྱེན་ནམ་མི་མཁྱེན་ཅེ་ན། སྔ་རབས་པ་ཁ་ཅིག དེས་ད་ལྟར་བ་དངོས་སུ་མཁྱེན་ཅིང་། འདས་མ་འོངས་ཤུགས་ལ་མཁྱེན་པ་ཡིན་ཞེས་དང་། ཁ་ཅིག དེ་གཉིས་ཀྱི་རྣམ་པ་ཤར་བའི་སྒོ་ནས་མཁྱེན་པ་ཡིན་ཞེས་དང་། ཁ་ཅིག སངས་རྒྱས་ཀྱི་ས་ན་ཡེ་ཤེས་མེད་པ་ཡིན་ཞེས་ཟེར། མི་འཐད་དེ། མངོན་སུམ་ཤུགས་རྟོགས་བཀག་ཟིན་ཅིང་། འདས་མ་འོངས་ཀྱིས་རང་ངོ་ནས་རྣམ་པ་གཏད་པ་ཡིན་ན། དེ་གཉིས་རྫས་སུ་གྲུབ་པར་འགྱུར་ཞིང་། བག་ཆགས་ཀྱི་དབང་གིས་རྣམ་པ་ཤར་ན་ཡུལ་ཅན་རྟོག་པར་འགྱུར་རོ། །ཕྱི་མ་ལྟར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་པར་ཐལ་ལོ། །དེས་ན་དེས་ཤེས་བྱ་མཁྱེན་ཚུལ་ཚུར་མཐོང་གི་བློས་དཔག་པར་མི་ནུས་ཏེ། དེས་དེ་མཁྱེན་ཚུལ་བསམ་གྱིས་མི་ཁྱབ་པར་གནས་པའི་ཕྱིར། གསུམ་པ་སྒྲུབ་བྱེད་ཀྱི་རིགས་པ་ལ། ངོ་བོ་སྒྲུབ་པ། མཚན་ཉིད་སྒྲུབ་པ། གྲུབ་པ་ལ་མི་འཐད་པ་སྤང་བ་དང་གསུམ། དང་པོ་ལ་འདས་པ་བྱུང་ཟིན་པ་སྒྲུབ་པ་དང་། མ་འོངས་པ་ན་འབྱུང་འགྱུར་བསྒྲུབ་པ་གཉིས་ལས། དང་པོ་ནི། ཚིག་གི་ཁྱད་པར་ངེས་གྱུར་ན། །སྔོན་བྱུང་བ་ཡང་དཔག་པར་ནུས། །ཞེས་གསུངས་ཏེ། རྒྱན་གྱིས་གང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཅིང་འགལ་བ་མེད་ན་ཡུལ་དེ་མངོན་སུམ་དུ་རྟོགས་པས་ཁྱབ། དཔེར་ན་རང་རང་གི་ཡུལ་འཆད་པ་བཞིན། གཞུང་འབུམ་པ་ལ་སོགས་པ་རྩོམ་པ་པོ་རྣམས་ཀྱང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཅིང་འགལ་བ་མེད་པ་ཡིན་ནོ་ཞེས་པའི་རྟགས་ལ་བརྟེན་ནས་ཡུལ་རྟོགས་པའི་རྣལ་འབྱོར་མངོན་སུམ་སྔོན་དུ་སོང་བར་གྲུབ་བོ། །འོ་ན་ཚིག་གི་ཁྱད་པར་ངེས་པའི་ཚུལ་ཇི་ལྟ་བུ། དེ་ལས་སྔོན་བྱུང་དཔག་པའི་ཚུལ་ཇི་ལྟར་སྙམ་ན། དང་པོ་ལ་ཚིག་ངོས་གཟུང་བ། དེའི་ཁྱད་པར་ངོས་གཟུང་བ། དེ་ངེས་པའི་ཚུལ་གཟུང་བ་དང་གསུམ། དང་པོ་ནི། བདེ་བར་གཤེགས་པའི་གསུང་རབ་རྣམས་སོ། །གཉིས་པ་ནི། གཞལ་བྱའི་གནས་གསུམ་སྟོན་པ་ལ་ཚད་མ་གསུམ་དང་འགལ་བ་མེད་པའོ། །གསུམ་པ་ནི། མངོན་གྱུར་སྟོན་པ་ལ་མངོན་སུམ་དང་འགལ་བ་མེད་པ་ཙམ་ནི་འདིའི་ཚིག་གི་ཁྱད་པར་མ་ཡིན་ཏེ། དེ་ནི་འཇིག་རྟེན་ཕལ་པ་དང་ཕྱི་རོལ་པ་ལ་ཡང་ཡོད་པའི་ཕྱིར་རོ། །ལྐོག་གྱུར་འགའ་ཞིག་སྟོན་པ་ལ་དངོས་སྟོབས་རྗེས་དཔག་དང་འགལ་བ་མེད་པ་ཙམ་ཡང་འདིའི་ཚིག་གི་ཁྱད་པར་མ་ཡིན་ཏེ། སྔ་མ་དང་མཚུངས་པའི་ཕྱིར། དེས་ན་ལྐོག་གྱུར་གྱི་གཙོ་བོ་བདེན་པ་བཞི་ཇི་ལྟར་བསྟན་པ་ལྟར་དངོས་སྟོབས་ཚད་མས་ངེས་པ་ཉིད་ལ་འདིའི་ཚིག་གི་ཁྱད་པར་དུ་འཇོག་དགོས་ཏེ། མདོའི་མཆོད་བརྗོད་ལུགས་བཟློག་ཏུ་འཆད་པའི་སྐབས་སུ་སྐྱོབ་པའི་རང་བཞིན་དེ་གཞལ་བྱ་ལྐོག་གྱུར་གྱི་གཙོ་བོ་བདེན་བཞི་ཇི་ལྟར་བསྟན་པ་ལྟར་དངོས་སྟོབས་ཚད་མས་གྲུབ་པ་ལ་བཤད་པའི་ཕྱིར། དེ་ལས་སྔོན་བྱུང་དཔག་པའི་ཚུལ་ནི་བཀའ་བརྒྱད་སྟོང་པ་ལྟ་བུ་ཆོས་ཅན། ཤིན་ལྐོག་ལ་མི་བསླུ་བར་གྲུབ་སྟེ། གཞལ་བྱའི་གནས་གསུམ་ཆར་བརྗོད་བྱར་སྟོན་པ་གང་ཞིག ལྐོག་གྱུར་གྱི་གཙོ་བོ་བདེན་པ་བཞི་ལ་མི་བསླུ་བར་གྲུབ་པའི་ཕྱིར། དེས་ན་དེ་ཆོས་ཅན། རང་གི་བརྗོད་བྱ་ཤིན་ལྐོག་རྟོགས་པའི་རྣལ་འབྱོར་མངོན་སུམ་སྔོན་དུ་སོང་སྟེ། རང་གི་བརྗོད་བྱ་ཤིན་ལྐོག་ལ་མི་བསླུ་བའི་ལུང་ཡིན་པའི་ཕྱིར་ཞེས་པའི་རྟགས་ལ་བརྟེན་ནས་རྣལ་འབྱོར་མངོན་སུམ་སྔོན་བྱུང་དཔག་པར་ནུས་ཏེ། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཉིད། །ཅེས་དང་། སྐྱོབ་ལས་དེ་ཉིད་དང་བསྟན་དང་། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །ཅེས་སོ། གཉིས་པ་ལ་རྟག་འགོད་པ་དང་། ཚུལ་སྒྲུབ་པ་གཉིས། དང་པོ་ནི། དེ་ཕྱིར་ཡང་དག་ཡང་དག་མིན། །ཞེས་སོགས་དང་། འདི་ལྟར་གོམས་པ་སྔ་མ་དང་། །ཞེས་སོགས་ཀྱིས་སྟོན་ཏེ། སྟོང་ཉིད་སྒོམ་པའི་བློ་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་གོམས་པར་བྱས་ན་གོམས་བྱའི་དོན་ལ་གསལ་སྣང་འབྱུང་བར་ངེས་ཏེ། རྟེན་བརྟན། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར། དེ་བསྒོམ་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཕྱོགས་ཆོས་སྒྲུབ་པ་དང་། ཁྱབ་པ་སྒྲུབ་པའོ། །དང་པོ་ལ། རྟེན་བརྟན་པ་སྒྲུབ་པ། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་སྒྲུབ་པ། དེ་བསྒོམ་པ་སྒྲུབ་པ་དང་གསུམ། དང་པོ་ལ་རིག་པའི་སྔོན་མཐའ་ཐུག་མེད་དུ་སྒྲུབ་པ་དང་། ཕྱི་མཐའ་ཐུག་མེད་དུ་སྒྲུབ་པ་གཉིས་ལས། དང་པོ་ནི། དེ་ཕྱིར་ངེས་པར་གང་ཉིད་ཀྱི། །ཞེས་སོགས་དང་། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་པ་སྟེ། སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། འདིའི་ཕྱོགས་ཆོས་རང་རྒྱུད་ལ་མྱོང་བས་གྲུབ་ཅིང་། ཁྱབ་པ་སྒྲུབ་པ་ལ། ཚུ་རོལ་མཛེས་པ་བ་རྣམས་ན་རེ། སྐྱེས་མ་ཐག་པའི་རིག་པ་དེ་རིག་པ་སྔ་མ་སྔོན་དུ་སོང་བ་མ་ཡིན་ཏེ། སྐྱེ་བ་སྔ་མ་མེད་པའི་ཕྱིར་ཞེ་ན་འདིའི་ལན་དུ། ཚད་མ་གྲུབ་པའི་ལེའུར་གསུངས་པའི་སྐྱེ་བ་སྔ་མ་མེད་པ་འགོག་པའི་རིགས་པ་རྣམས་སྦྱར་བར་བྱའོ། །གཉིས་པ་ལ། བདག་འཛིན་དང་བཅས་པའི་གསལ་བ་ཐུགས་མེད་དུ་སྒྲུབ་པ་དང་། བདག་འཛིན་མེད་པའི་གསལ་བ་ཐུགས་མེད་དུ་སྒྲུབ་པ་གཉིས། དང་པོ་ནི། དེ་ཕྱིར་བློ་གནས་པ་ཡི་རྟེན། །ཞེས་སོགས་ཚིགས་རྐང་དྲུག་གིས་སྟོན་ཏེ། བདག་འཛིན་དང་བཅས་པའི་འཆི་ཁ་མའི་རིག་པ་ཆོས་ཅན། རིག་པ་ཕྱི་མར་མཚམས་སྦྱོར་བར་ངེས་ཏེ། རིག་པ་ཕྱི་མར་མཚམས་སྦྱོར་བའི་རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི་ཕྱིར། རྒྱུ་ཚོགས་ཚང་བ་ནི་བདག་འཛིན་ལས་བྱུང་བའི་ལས་ཉོན་གཉིས་ཚང་བ་ཡིན་ལ། གེགས་མེད་པ་ནི་བདག་མེད་རྟོགས་པའི་ཤེས་རབ་མེད་པའོ། །འདི་ཉིད་ངེས་པར་བྱ་བ་ལ། འཁོར་བའི་རྒྱུའི་གཙོ་བོ་འཇིག་ཚོགས་ལ་ལྟ་བའི་མ་རིག་པ་ཡིན་ཅིང་། དེ་ཉིད་ཀྱི་གཉེན་པོ་ལ་ཕྱོགས་རེ་མགོ་གནོན་གྱི་གཉེན་པོ་དང་། མཐའ་དག་དཔྱིས་འབྱིན་གྱི་གཉེན་པོ་གཉིས་ལས། དང་པོ་ནི། ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ་སོགས་དང་། ཕྱི་མ་ནི་བདག་མེད་རྟོགས་པའི་ཤེས་རབ་ཡིན་པས་ལེའུ་གཉིས་པར་ལམ་བདེན་སྟོན་པའི་སྐབས་སུ་བདག་འཛིན་འཁོར་བའི་རྒྱུའི་གཙོ་བོ་དང་། བདག་མེད་རྟོགས་པའི་ཤེས་རབ་གཉེན་པོའི་གཙོ་བོར་བསྒྲུབ་པའི་རིགས་པ་གསུངས་པ་རྣམས་སྦྱར་བར་བྱའོ། །གཉིས་པ་ནི། འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །ཞེས་ཏེ། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་ཚེ་འདིར་རིག་པ་ཕྱི་མར་མཚམས་སྦྱོར་བའི་རྒྱུ་ཚོགས་ཚང་སྟེ། བདག་འཛིན་མེད་ཀྱང་སྔ་མའི་ལས་ཀྱི་དབང་གིས་སྦྱོར་བ་ཡིན་པའི་ཕྱིར། ཐེག་ཆེན་དགྲ་བཅོམ་པ་རིག་པ་སྔ་མ་རིག་པ་ཕྱི་མར་མཚམས་སྦྱོར་བར་ངེས་པ་ཡིན་ཏེ། དེའི་རྒྱུ་སྙིང་རྗེ་ཆེན་པོ་ཡོད་པའི་ཕྱིར། འོ་ན་ལྷག་མེད་དུ་མྱ་ངན་ལས་འདའ་བའི་ཚེ་རིག་པ་ཕྱི་མར་མཚམས་སྦྱོར་བ་མེད་པས་རྟེན་བརྟན་པ་མི་གྲུབ་བོ་ཞེ་ན། འདིའི་ལན་དུ་ཁ་ཅིག རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་རྣམས་ནི་ལྷག་མེད་ཀྱི་གནས་སྐབས་སུ་ཡང་རིག་པ་སྔ་མ་ཕྱི་མར་མཚམས་སྦྱོར་བ་ཡོད་པར་འདོད་པ་ཡིན་ནོ་ཞེས་པ་ནི་གྲུབ་མཐའི་སྐབས་མ་ཕྱེད་ཅིང་། རིག་པ་ཕྱི་མར་མཚམས་སྦྱོར་བའི་རྒྱུ་ཡང་ངོས་མ་ཟིན་པ་སྟེ། རང་སྡེ་དངོས་སྨྲ་བ་གསུམ་ཆར་གྱིས་མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་ཕྱིར་དང་། རིག་པ་ཕྱི་མར་མཚམས་སྦྱོར་བའི་རྒྱུ་ལ་ཟག་བཅས་ཀྱི་ལས་དང་། ཉོན་མོངས་པ་དང་། བརྩེ་བ་སྙིང་རྗེ་ཆེན་པོ་གསུམ་གསུངས་པ་ལས་ཐེག་དམན་གྱི་ལྷག་མེད་མྱང་འདས་ཀྱི་སྐབས་སུ་དེ་གསུམ་ཆར་མེད་པའི་ཕྱིར་རོ། །མདོར་ན་བྱེ་བྲག་ཏུ་སྨྲ་བས་ལོངས་སྐུ་ཁས་མི་ལེན་པས་ཐེག་པ་ཆེ་ཆུང་གི་དགྲ་བཅོམ་འཆི་ཁ་མའི་རིག་པ་གཉིས་ཀ་རིག་པ་ཕྱི་མར་མཚམས་མི་སྦྱོར་བར་འདོད་ལ། མདོ་སེམས་གཉིས་ཀྱི་ཐེག་པ་འོག་མའི་འདོད་ཚུལ་སྔ་མ་དང་འདྲ་ཞིང་། ཐེག་ཆེན་ལ་ལོངས་སྐུ་ཁས་ལེན་པས་རྣམ་པ་ཐམས་ཅད་དུ་རིག་པ་ཕྱི་མར་མཚམས་སྦྱོར་བར་བཞེད་དོ། །འོ་ན་སྔར་གྱི་ལན་ཇི་ལྟར་ཞེ་ན། འདིར་རྟེན་བརྟན་པ་ནི་སོ་སྐྱེའི་བདག་མེད་རྟོགས་པའི་བློ་དེ་རྣལ་འབྱོར་མངོན་སུམ་མ་བྱུང་གི་བར་དུ་རྟེན་བརྟན་པར་སྒྲུབ་པ་ཡིན་གྱི་དེ་སྐྱེས་ནས་རྟེན་བརྟན་པར་སྒྲུབ་པ་ལ་དགོས་པ་མེད་དེ། གོམས་པས་གྲུབ་པ་མེད་ཅེ་ན། །ཞེས་པའི་ལན་དུ་རྟེན་བརྟན་པར་བསྒྲུབ་པའི་ཕྱིར་རོ། །གཉིས་པ་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་བསྒྲུབ་པ་ནི། སེམས་ལ་བརྩེ་སོགས་གོམས་སྐྱེ་བ། །ཞེས་སོགས་ཏེ། བརྩེ་བ་སྙིང་རྗེ་ཆེན་པོ་དང་བདག་མེད་རྟོགས་པའི་བློ་ཆོས་ཅན། ཁྱོད་གོམས་པ་ལས་རང་གི་ངང་གིས་ཁྱད་པར་དུ་འགྱུར་ཏེ། ཁྱོད་གོམས་པ་ལས་སེམས་ཀྱི་སྟེང་དུ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར། འདི་དང་གོམས་ཟིན་ལུས་ཀྱི་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པ་གཉིས་དོན་གཅིག་པས་སྔ་རབས་པ་རྣམས་རྟགས་མགོ་སོ་སོར་བྱེད་པ་ནི་དོན་མེད་དོ། །གསུམ་པ་དེ་བསྒོམ་པ་ནི། རང་རིག་མངོན་སུམ་གྱིས་འགྲུབ་བོ། །གཉིས་པ་ཁྱབ་པ་སྒྲུབ་པ་ནི། རྟེན་བརྟན་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུརཾ་ཏེ་བསྒོམ་པ་ཡིན་ན། གོམས་བྱའི་དོན་ལ་གསལ་སྣང་འགྱུར་བར་ངེས་པས་ཁྱབ་སྟེ། དེ་ལྟ་བུའི་བློ་དེ་གསལ་སྣང་མ་བྱུང་གི་བར་དུ་འགལ་རྐྱེན་གྱི་གེགས་མེད་པ་ཡིན་པའི་ཕྱིར། དཔེར་ན་འདོད་འཇིག་གོམས་པའི་བློ་བཞིན་ནོ། །གཉིས་པ་མཚན་ཉིད་སྒྲུབ་པ་ནི། རྟོག་བྲལ་དང་མ་འཁྲུལ་བ་གཉིས་ཀ་ཡང་ཡང་དག་པའི་དོན་ལ་གསལ་སྣང་ཐོབ་པས་འགྲུབ་སྟེ། སྤྱིར་གསལ་བར་སྣང་བས་རྟོག་མེད་འགྲུབ་ཅིང་། བྱེ་བྲག་ཡང་དག་པའི་དོན་གསལ་བར་སྣང་བས་མ་འཁྲུལ་བ་འགྲུབ་པའི་ཕྱིར་རོ། །གསུམ་པ་གྲུབ་པ་ལ་མི་འཐད་པ་སྤོང་བ་ལ། སྤངས་པ་ཕུན་ཚོགས་མི་འཐད་པ་སྤོང་བ་དང་། ཡེ་ཤེས་ཕུན་ཚོགས་མི་འཐད་པ་སྤོང་བ་གཉིས། དང་པོ་ནི། ཉོན་མོངས་གཏན་ནས་སྤངས་པའི་སྤངས་པ་མེད་དེ། དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སྤོང་མི་ནུས་པ་དང་། ནུས་ཀྱང་སྤོང་བའི་ཐབས་མེད་པ་དང་། ཡོད་ཀྱང་མི་ཤེས་པ་དང་། ཤེས་ཀྱང་སྤངས་པ་སླར་ལྡོག་པའི་ཕྱིར་ཞེས་རྩོད་པའི་རིག་བཞི་ལས། ལན་གྱི་རིགས་ཀྱང་བཞི་སྟེ། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །ཞེས་སོགས་དང་། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་སོགས་དང་། རྒྱུ་ཡི་རང་བཞིན་ངེས་པ་ཡིས། །ཞེས་སོགས་དང་། བདག་ལྟའི་ས་བོན་སྤངས་པའི་ཕྱིར། །ཞེས་སོགས་སོ། །གཉིས་པ་ལ། གོམས་པ་མི་སྲིད་པ་སྤོང་བ་དང་། སྲིད་ཀྱང་ཐམས་ཅད་མཁྱེན་པ་མི་སྲིད་པ་སྤོང་བ་གཉིས། དང་པོ་ནི། སྙིང་རྗེ་ཆེན་པོ་དང་། སྟོང་ཉིད་རྟོགས་པའི་བློ་གོམས་པ་ལས་མཐའ་མེད་དུ་འཕེལ་བ་མི་འཐད་དེ། མཆོངས་པ་གོམས་པ་ལས་མཐའ་མེད་དུ་མི་འཕེལ་བ་དང་། ཆུ་བསྲོས་པ་ལས་མེར་མི་འགྱུར་བ་དང་། གསེར་གྱི་ཞུ་བ་སླར་ཡང་ལྡོག་པ་བཞིན་ཞེས་པའི་རྩོད་པའི་རིགས་གསུམ་ལས། ལན་གྱི་རིགས་ཀྱང་གསུམ་སྟེ། སེམས་ལ་བརྩེ་སོགས་གོམས་སྐྱེ་བ། །ཞེས་སོགས་དང་། བརྩེ་རང་ས་བོན་ལས་བྱུང་བ། །ཞེས་སོགས་དང་། སླར་ལྡོག་རུང་བར་འགྱུར་བྱས་གང་། །ཞེས་སོགས་སོ། །གཉིས་པ་ནི། དེ་གཉིས་གོམས་པས་སེམས་རྒྱུད་དེའི་རང་བཞིན་དུ་འགྱུར་བ་སྲིད་ཀྱང་། ཐམས་ཅད་མཁྱེན་པ་མེད་དེ། ཤེས་བྱའི་གྲངས་མཐའ་མེད་པའི་ཕྱིར། ཞེ་ན། དེའི་ལན་ནི་དགོས་པའི་དོན་ཀུན་མཁྱེན་པས་ཐམས་ཅད་མཁྱེན་པ་བསྒྲུབ་པ་དང་། དེ་ལ་བརྟེན་ནས་ཤེས་བྱའི་དོན་ཀུན་མཁྱེན་པས་ཐམས་ཅད་མཁྱེན་པ་སྒྲུབ་པ་གཉིས། དང་པོ་ནི། མི་ཤེས་སྟོན་པར་བྱེད་པ་ལ། །ཞེས་སོགས་ཚིགས་བཅད་བཞིའོ། །གཉིས་པ་ནི་མདོར། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་དང་། འདིར། བླང་དང་དོར་བྱའི་དེ་ཉིད་ནི། །ཞེས་སོགས་སོ། །དེང་སང་དགོས་པའི་དོན་ཀུན་མཁྱེན་པའི་ཐམས་ཅད་མཁྱེན་པར་དངོས་སྟོབས་ཀྱི་རིགས་པས་བསྒྲུབས་ནས་དེ་གྲུབ་པའི་ཚེ། མཚན་གཞི་དེ་ཉིད་ཤེས་བྱའི་དོན་ཀུན་མཁྱེན་པའི་ཐམས་ཅད་མཁྱེན་པར་སྒྲུབ་པའི་གནད་མ་རྟོགས་པར་སྔ་མའི་མཚན་གཞིར་བྱང་སེམས་མཐོང་ལམ་པ་བཟུང་བ་ནི་གཞུང་ལུགས་འདིའི་དོན་ལ་བློ་ཁ་མ་ཕྱོགས་པའོ། །མངོན་སུམ་ཡང་དག་བཤད་ཟིན་ཏོ།། ༈ །།གཉིས་པ་བཟློག་ཕྱོགས་མངོན་སུམ་ལྟར་སྣང་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། འཁྲུལ་པའི་ཤེས་པའོ། །གཉིས་པ་ལ། རྟོག་པ་དང་། རྟོག་མེད་མངོན་སུམ་ལྟར་སྣང་གཉིས། དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཁ་ཅིག རྟོག་པ་མངོན་སུམ་ལྟར་སྣང་གི་མཚན་ཉིད་སྒྲ་དོན་འདྲེས་འཛིན་གྱི་ཞེན་བློ་ཞེས་ཟེར་བ་ནི་མ་རྟོགས་པ་སྟེ། རྟོག་པ་གཞིར་བཞག་ནས་མངོན་སུམ་ལྟར་སྣང་གི་དོན་ལྡོག་འཆད་དགོས་པའི་ཕྱིར་རོ། །རང་ལུགས་ནི་རྟོག་པ་འཁྲུལ་པའི་ཤེས་པའོ། །གཉིས་པ་ལ་དགོས་པའི་སྒོ་ནས། ངོ་བོའི་སྒོ་ནས། སྣང་ཡུལ་གྱི་སྒོ་ནས། འཛིན་སྟངས་ཀྱི་སྒོ་ནས། འཛིན་ཚུལ་གྱི་སྒོ་ནས་དབྱེ་བ་དང་ལྔ། དང་པོ་ནི། མདོ་མཛད་པས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱའོ། །ཞེས་དྲུག་ཏུ་གསུངས་པའི་འཁྲུལ་པའི་ཤེས་པ་ནི་སྨིག་རྒྱུ་ལ་ཆུར་འཛིན་པ་དང་། ཐག་ཁྲ་ལ་སྦྲུལ་དུ་འཛིན་པའི་བློ་ལྟ་བུའོ། །ཀུན་རྫོབ་པའི་ཤེས་པ་ནི་བ་ལང་གི་སྤྱི་འཛིན་པའི་རྟོག་པ་ལྟ་བུའོ། །རྗེས་དཔག་དང་། རྗེས་སུ་དཔག་པ་ལས་བྱུང་བ་གཉིས་ནི་རྟགས་ལ་བརྟེན་པའི་དབང་དུ་བྱས་པ་སྟེ། སྔ་མ་ནི་རྟགས་འཛིན་སེམས་དང་། ཕྱི་མ་ནི་རྟགས་ཅན་རྗེས་དཔག་ཡིན་པར་རྒྱལ་དབང་བློས་གསུངས་སོ། །དྲན་པ་དང་། མངོན་འདོད་གཉིས་ནི་རྟགས་ལ་མ་བརྟེན་པའི་དབང་དུ་བྱས་པ་སྟེ། སྔ་མ་ནི་འདས་པའི་དོན་དྲན་པའི་དྲན་ཤེས་དང་། ཕྱི་མ་ནི་མ་འོངས་པའི་དོན་མངོན་པར་འདོད་པའི་བློའོ། །དེ་དག་དཔལ་ལྡན་གྲགས་པས་གསུམ་དུ་བསྡུས་པའི་ཚུལ་ནི་ཀུན་རྫོབ་པའི་ཤེས་པ་ལ་བརྡ་བརྟེན་ཅན་གྱི་རྟོག་པ་དང་། འཁྲུལ་པའི་ཤེས་པ་ལ་དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་དང་། ཕྱི་མ་བཞི་ལ་ལྐོག་ཏུ་གྱུར་པའི་དོན་ཅན་གྱི་རྟོག་པ་ཞེས་གསུངས་སོ། །དེ་དག་མངོན་སུམ་ལྟར་སྣང་དུ་བསྟན་པའི་དགོས་པ་ནི། དང་པོ་གཉིས་རིགས་པ་ཅན་པས་དབང་ཤེས་སུ་འདོད་པའི་ལོག་རྟོག་ཡོད་པས་དེ་བསལ་བའི་ཕྱིར་དུ་བསྟན་པ་ཡིན་ལ། ཕྱི་མ་བཞི་མངོན་སུམ་མ་ཡིན་པར་ཕྱི་རོལ་པས་ཀྱང་གྲུབ་མོད། སྔ་མ་གཉིས་ནི་དབང་ཤེས་མ་ཡིན་པར་བསྒྲུབ་པའི་མཐུན་དཔེ་སྒྲུབ་པའི་ཆེད་ཡིན་ཏེ། དབང་སྐྱེས་མིན་པར་གྲུབ་དོན་དུ། །གཉིས་བཤད་འཁྲུལ་པ་མཐོང་ཕྱིར་རོ། །ཞེས་སོ། །གཉིས་པ་ལ། ངེས་ཤེས་དང་སྒྲོ་འདོགས་གཉིས་སུ་ཡོད་དེ་སྔར་བཤད་ཟིན་ཏོ། །གསུམ་པ་ལ་སྔ་རབས་པ་རྣམས་ཀྱིས་སྒྲ་སྤྱི་རྐྱང་པ་འཛིན་པ། དོན་སྤྱི་རྐྱང་པ་འཛིན་པ། སྒྲ་སྤྱི་དང་དོན་སྤྱི་གཉིས་ཀ་འཛིན་པ་དང་གསུམ་དུ་བྱས་ནས་དང་པོ་ནི། བརྡ་ལ་མ་བྱང་བའི་གང་ཟག་གི་རྒྱུད་ཀྱི་སྒྲ་སྤྱི་འཛིན་པའི་རྟོག་པ་ལྟ་བུའོ། །གཉིས་པ་ནི། དེའི་རྒྱུད་ཀྱི་དོན་སྤྱི་འཛིན་པའི་རྟོག་པ་ལྟ་བུའོ། །གསུམ་པ་ནི། བརྡ་བྱང་རྒན་པོའི་རྒྱུད་ཀྱི་རྟོག་པ་ལྟ་བུ་ཞེས་གསུངས་ཀྱང་འདི་དག་ནི་རྟོག་པ་ཡིན་ན་སྒྲ་དོན་འདྲེས་པ་འཛིན་པས་མ་ཁྱབ་པའི་ལུགས་སུ་སྣང་བས་སྔར་བཀག་ཟིན་ཏོ། །དེས་ན་སྣང་ཡུལ་གྱི་སྒོ་ནས་དབྱེ་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུ་གཞན་སེལ་ཕྱིན་ཅི་མ་ལོག་པའི་བློ་དང་། སྒྲ་རྟག་འཛིན་རྟོག་པ་ལྟ་བུ་གཞན་སེལ་ཕྱིན་ཅི་ལོག་གི་བློ་གཉིས་སུ་དབྱེར་རུང་ངོ་། །བཞི་པ་ལ་གཅིག་ལ་གཅིག་ཏུ་འཛིན་པ། ཐ་དད་ལ་ཐ་དད་དུ་འཛིན་པ། གཅིག་ལ་ཐ་དད་དུ་འབྱེད་པ། ཐ་དད་གཅིག་ཏུ་སྡུད་པའི་རྟོག་པ་དང་བཞི་སྟེ། གཞན་སེལ་གྱི་སྐབས་སུ་བཤད་ཟིན་ཏོ། །ལྔ་པ་ལ་དོན་སྦྱོར་རྟོག་པ་དང་། སྒྲ་སྦྱོར་རྟོག་པ་གཉིས། དང་པོ་ནི། ཁྱད་གཞི་དང་ཁྱད་ཆོས་སྦྱར་ནས་འཛིན་པ་སྟེ། སྐྱེས་བུ་འདི་ནི་དབྱུག་པ་ཅན་ནོ་སྙམ་དུ་འཛིན་པའི་བློ་ལྟ་བུའོ། །འདི་ལ་རིགས་སོགས་སྦྱོར་བའི་རྟོག་པ་དང་། འབྲེལ་པའི་རྟོག་པ་གཉིས་ལས། དང་པོ་ནི། ཁྱད་པར་དང་ནི་ཁྱད་པར་གཞི། །ཞེས་སོགས་དང་། ཕྱི་མ་ནི། དབང་པོས་འཕྲོད་འདུ་འཛིན་མེད་ཕྱིར། །ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟ་བུའོ། །གཉིས་པ་ནི་བརྡ་དུས་ཀྱི་མིང་དང་ཐ་སྙད་དུས་ཀྱི་དོན་གཉིས་སྦྱར་ནས་འཛིན་པ་སྟེ། བརྡ་དྲན་པ་ཡི་རྒྱུ་ཅན་གྱི། །ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟ་བུའོ། །གཉིས་པ་རྟོག་མེད་མངོན་སུམ་ལྟར་སྣང་ལ། རང་ལུགས་ཀྱི་འཆད་ཚུལ་བསྟན་པ་དང་། གཞན་ལུགས་ཀྱི་འཆད་ཚུལ་དགག་པ་གཉིས། དང་པོ་ལ་མཚན་ཉིད་ནི་རྟོག་མེད་འཁྲུལ་པའི་ཤེས་པའོ། །དབྱེ་ན་དབང་ཤེས་འཁྲུལ་པ་དང་། ཡིད་ཤེས་འཁྲུལ་པ་གཉིས། དང་པོ་ནི། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལྟ་བུ་སྟེ། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་པས་སྟོན་ཏོ། །གཉིས་པ་ནི། རྨི་ལམ་གསལ་སྣང་གི་ཤེས་པ་ལྟ་བུ་སྟེ། གཉིད་ལོག་པའམ་སད་པ་ན། །གསལ་བར་སྣང་བ་ཅན་བློ་གང་། །དེ་ནི་རྟོག་མེད་ཞེས་པས་བསྟན་ཏོ། །གཞན་ཡང་ཡིད་མངོན་གྱི་སྐྱེ་ཚུལ་ལྟར་ན། ཟླ་གཉིས་གསལ་སྣང་གི་དབང་ཤེས་སྐད་ཅིག་མ་དང་པོས་དེ་མ་ཐག་རྐྱེན་དང་བདག་རྐྱེན་བྱས། དེ་དང་དུས་མཉམ་པའི་ཟླ་གཅིག་གིས་དམིགས་རྐྱེན་བྱས་ན་ཟླ་གཉིས་གསལ་སྣང་གི་ཡིད་ཤེས་སྐྱེ་བར་ཁས་ལེན་དགོས་པར་སྣང་ངོ་། །གཉིས་པ་ནི། མདོའི་འགྲེལ་བྱེད་ཁ་ཅིག མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་པས། རྟོག་མེད་མངོན་སུམ་ལྟར་སྣང་བསྟན་པ་མིན་ཏེ། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་རྟོག་བྲལ་གྱི་ཤེས་པ་མངོན་སུམ་གྱི་མཚན་ཉིད་དུ་བཤད་པའི་ཕྱིར། དེས་ན་གཞུང་དེས། ཟླ་གཉིས་དང་སྐྲ་ཤད་གསལ་བར་སྣང་བའི་ཤེས་པ་ཡིད་རྟོག་ཡིན་པས་རྟོག་པ་མངོན་སུམ་ལྟར་སྣང་དུ་བསྟན་པ་ཡིན་ལ། འོན་ཀྱང་རྟོག་པ་མངོན་སུམ་ལྟར་སྣང་ལས་ལོག་སུ་བཀར་བའི་དགོས་པ་ནི་དེ་དག་གསལ་སྣང་ཅན་གྱི་ཤེས་པ་ཡིན་པས་རྟོག་མེད་ཡིན་ནོ་སྙམ་པའི་ལོག་རྟོག་བསལ་བའི་ཆེད་དུ་ཡིན་ནོ་ཞེས་ཟེར་རོ། །འདི་དགག་པ་ལ་ལུང་དང་། རིགས་པ་གཉིས་ལས། དང་པོ་ནི། སློབ་དཔོན་དབྱིག་གཉེན་གྱིས། ཉན་ཐོས་པ་དག་གི་རྡུལ་ཕྲན་དབང་ཤེས་ཀྱི་དམིགས་པ་ཡིན་པ་འགོག་པའི་སྐབས་སུ་གཞན་དུ་ན་དབང་པོ་གཟུགས་ཅན་པའང་སྔོན་པོ་དང་ཟླ་བ་གཉིས་ལ་སོགས་པ་སྣང་བའི་ཤེས་པའི་རྒྱུ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ལ་མགོ་མཚུངས་ཀྱི་རིགས་པས་དགག་པ་དང་། ཧ་ཅང་ཐལ་བས་དགག་པ་གཉིས། དང་པོ་ནི། དབང་བརྟེན་གང་ཡིན་གལ་ཏེ་གང་། །ཞེས་སོགས་ཀྱི་སྟོན་ནོ། །གཉིས་པ་ལ། བདག་རྐྱེན་དབང་པོ་བསླད་པའི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་ཐལ་བ། བརྗོད་པ་སྒྲ་ལ་བརྟེན་ནས་སྐྱེ་བར་ཐལ་བ། རང་ཡུལ་འཛིན་པ་བརྡ་ལ་ལྟོས་པར་ཐལ་བ། རང་ཡུལ་གསལ་བར་མི་སྣང་བར་ཐལ་བ་དང་བཞི་ཡོད་པ་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོག་པར་བྱའོ། །མངོན་སུམ་ལྟར་སྣང་བཤད་ཟིན་ཏོ།། །།

ཚད་མ་དང་འབྲས་བུ་བཤད་པ།

གསུམ་པ་ཚད་མའི་འབྲས་བུ་ལ་གཉིས་ཏེ། ཚད་འབྲས་གང་ལས་འཕྲོས་པའི་ཚུལ་དང་། དེ་ལས་འཕྲོས་པའི་ཚད་འབྲས་ཀྱི་རྣམ་བཞག་གོ །དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། བླང་དང་དོར་བྱའི་དངོས་པོ་ཡི། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང་། །ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོགས་པ་ཐ་དད་ཕྱིར། །ཞེས་པའི་སྐབས་སུ། ལྷས་ཆོད་པའི་ཚད་འབྲས་དང་། མ་ཆོད་པའི་ཚད་འབྲས་གཉིས་གསུངས་པའི་ཕྱི་མ་འཆད་པ་ལ་ཚད་འབྲས་ཀྱི་གཞུང་འདི་དག་བྱུང་བ་ཡིན་ནོ་ཞེས་ཟེར་བ་ནི། རྣམ་འགྲེལ་ལས་གསུངས་པའི་ཚད་འབྲས་ཀྱི་འཕྲོས་ཚུལ་དེ་ལྟར་རུང་ཡང་། མདོ་ནས་གསུངས་པའི་ཚད་འབྲས་ཀྱི་འཕྲོས་ཚུལ་ད་དུང་ཚོལ་དགོས་པས་མི་འཐད་དོ། །ཁ་ཅིག ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པའི་སྐབས་སུ། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བསྟན་པ་དེ་མཚན་ཉིད་རྣམ་དག་ཏུ་རྟོགས་པའི་ཕྱིར་དུ་ཚད་འབྲས་ཀྱི་གཞུང་རྣམས་བྱུང་བ་ཡིན་ཏེ། གཞུང་འདི་དག་གིས་ཚད་མ་དང་གཞལ་བྱ་རྟོགས་པ་དོན་གཞན་མིན་པར་བསྒྲུབ་པས་ཚད་མས་གཞལ་བྱ་རྟོགས་པར་གྲུབ། དེ་གྲུབ་པས་དེ་གཞལ་བྱ་ལ་མི་བསླུ་བར་གྲུབ། དེས་མཚན་ཉིད་རྣམ་དག་ཏུ་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར་ཞེས་ཟེར་རོ། །དེ་ཡང་མི་འཐད་དེ། སྔར་གྱི་སྐྱོན་ལས་མ་འདས་ཤིང་གཞལ་བྱ་རྟོགས་པ་སྒྲུབ་བྱེད་དུ་བྱས་ནས་གཞལ་བྱ་མི་བསླུ་བ་སྒྲུབ་བྱར་བྱེད་པ་ནི་སྐབས་ཀྱི་དོན་མིན་པའི་ཕྱིར་རོ། །གཉིས་པ་ནི། མདོའི་དབང་དུ་བྱས་ན། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་དང་། རྣམ་འགྲེལ་འདིར། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་སྐབས་སུ་ཚད་མ་ལ་གཉིས་སུ་གྲངས་ངེས་པའི་སྒྲུབ་བྱེད་དུ། གཞལ་བྱ་ལ་གཉིས་སུ་གྲངས་ངེས་པ་བཀོད་པ་ན་ཚད་མ་གཉིས་པོ་དེས་གཞལ་བྱ་གཉིས་པོ་དེ་ལ་བྱ་བའམ་འབྲས་བུ་ཅི་ཞིག་བྱེད་པའི་རྒྱུ་མཚན་གྱིས་གཞལ་བྱའི་གྲངས་ངེས་ཀྱིས་ཚད་མའི་གྲངས་ངེས་འགྲུབ་པ་ཡིན་ཞེ་ན། ཚད་མ་གཉིས་པོ་དེས་གཞལ་བྱ་གཉིས་པོ་དེ་རྟོགས་པའི་བྱ་བ་བྱེད་དེ། མངོན་སུམ་གྱིས་རང་མཚན་རང་གི་ངོ་བོའི་སྒོ་ནས་རྟོགས། རྗེས་དཔག་གིས་རང་མཚན་གཞན་སྤྱིའི་ཚུལ་གྱིས་རྟོགས་ཤིང་། དེའི་དངོས་ཡུལ་ལ་སྤྱི་མཚན་དུ་འཇོག་པའི་ཕྱིར་ཞེས་པ་སྟེ། རྣམ་ངེས་ལས། ཡང་ཚད་མ་འདིའི་འབྲས་བུ་གང་ཞིག་ཡིན། གཞལ་བྱ་རྟོགས་པའོ། །དེ་ནི་ཤེས་པ་ཡིན་ལ། དེ་ཡང་འབྲས་བུ་ཡིན་པའི་ཕྱིར། ད་ནི་ཚད་མ་གང་ཞིག་ཡིན། གང་ལས་བར་ཆད་མེད་པར་གཞལ་བྱ་རྟོགས་པ་འདིའི་དེ་ཉིད་འགྲུབ་པའོ་ཞེས་སོ། །མངོན་སུམ་གྱིས་རང་མཚན་རང་གི་ངོ་བོའི་སྒོ་ནས་རྟོགས་པར་སྟོན་པ་མངོན་སུམ་གྱི་ལེའུ། རྗེས་དཔག་གིས་རང་མཚན་གཞན་སྤྱིའི་སྒོ་ནས་རྟོགས་པར་སྟོན་པ་རང་དོན་དང་། གཞན་དོན་གྱི་ལེའུ་ཡིན་པ་ལས། དང་པོ་ལ་ཡང་རྟོག་བྱེད་ཀྱི་མངོན་སུམ་དེ་ཇི་ལྟ་བུ། རྟོག་བྱའི་རང་མཚན་ནི་གང་། དེས་དེ་རྟོགས་པའི་སྒྲུབ་བྱེད་ཅི་ཞེ་ན། དང་པོ་སྟོན་པ་ནི། མངོན་སུམ་བཞི་ཆར་གྱི་སྐབས་སུ་རྟོག་བྲལ་བསྒྲུབ་པའི་རིགས་པ་རྣམས་དང་། མངོན་སུམ་ལྟར་སྣང་གིས་དོན་གྱི་མ་འཁྲུལ་བ་སྟོན་པ་རྣམས་སོ། །གཉིས་པ་སྟོན་པ་ནི། དབང་མངོན་གྱི་སྐབས་སུ་རྡུལ་ཕྲན་ཁྱད་པར་ཅན་དམིགས་རྐྱེན་དུ་སྒྲུབ་པ་དང་། ཡིད་མངོན་གྱི་སྐབས་སུ་དབང་མངོན་གྱི་གཟུང་དོན་གྱི་སྐད་ཅིག་གཉིས་པ་གཟུང་དོན་དུ་བསྟན་པ་དང་། རང་རིག་གི་སྐབས་སུ་མྱང་བྱ་ཤེས་པར་བསྒྲུབ་པ་དང་། རྣལ་འབྱོར་མངོན་སུམ་གྱི་སྐབས་སུ་ཡུལ་གྱི་གཙོ་བོ་ཡང་དག་པའི་དོན་དུ་བསྒྲུབ་པ་རྣམས་སོ། །གསུམ་པ་སྟོན་པ་ནི། ཚད་འབྲས་ཀྱི་གཞུང་རྣམས་ཏེ། དོན་རིགས་མངོན་སུམ་གྱིས་དོན་རང་མཚན་རྟོགས་ཏེ། དེའི་རྣམ་ལྡན་དུ་སྐྱེས་པའི་ཕྱིར་ཞེས་པ་ནི་ཚད་འབྲས་དང་པོའི་གཞུང་དང་། རང་རིག་མངོན་སུམ་གྱིས་ཤེས་པ་རང་མཚན་རྟོགས་ཏེ། དེ་མྱོང་བའི་ངོ་བོར་སྐྱེས་པའི་ཕྱིར་ཞེས་པ་ནི་ཚད་འབྲས་གཉིས་པའི་གཞུང་རྣམས་སོ། །ཚད་འབྲས་དང་པོའི་སྐབས་སུ། དོན་གྱི་རྣམ་ལྡན་དུ་སྐྱེས་པའི་རྒྱུ་མཚན་གྱིས་དོན་རྟོགས་པར་འཇོག་པའི་ཤེས་པ་དེ་ཡང་རང་ལ་དངོས་སུ་སྣང་བ་དེ་ཉིད། ཤེས་པ་རང་གི་བདག་ཉིད་ཡིན་པས་དོན་ལ་རང་རིག་འབྲས་བུ་ཡིན་ནོ་ཞེས་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་ཀྱི་གཞུང་རྣམས་སོ། །ཚད་འབྲས་གཉིས་པའི་སྐབས་སུ་གཟུང་འཛིན་རིགས་གསུམ་ལ་ཚད་འབྲས་གཞལ་གསུམ་དུ་འཇོག་པ་དེ་ཡང་བློ་འཁྲུལ་པའི་ངོར་གཟུང་འཛིན་རིགས་གསུམ་ཐ་དད་དུ་སྣང་བ་ཙམ་ལ་འཇོག་པ་ཡིན་གྱི་དོན་ལ་ཐ་དད་དུ་ཡོད་པ་མ་ཡིན་ནོ་ཞེས་པ་ནི། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་སོགས་ཀྱི་གཞུང་རྣམས་སོ།། །།གཉིས་པ་ལ་གསུམ་སྟེ། ཚད་འབྲས་གསུངས་པའི་དགོས་པ། དགོས་པ་ཅན་གྱི་ཚད་འབྲས་དངོས། རྣམ་བཞག་དེ་ཉིད་ངེས་པར་བྱ་བའོ། །དང་པོ་ལ་གཉིས་ཏེ། རྣམ་བཅད་ཀྱི་དགོས་པ་དང་། ཡོངས་གཅོད་ཀྱི་དགོས་པའོ། །དང་པོ་ལ་སྤྱིའི་དགོས་པ་དང་། སོ་སོའི་དགོས་པ་གཉིས། དང་པོ་ནི། ཕྱི་རོལ་པས་བྱ་བྱེད་རྫས་གཞན་དུ་འདོད་པ་འགོག་པའོ། །གཉིས་པ་ནི། རང་གཞན་གྱི་སྡེ་པ་ཁ་ཅིག དབང་ཤེས་ལ་དོན་གྱི་རྣམ་པ་མ་ཤར་བ་དང་། རང་རིག་མེད་པར་འདོད་པས་དེ་གཉིས་འགོག་པ་རིམ་པ་ལྟར་ཚད་འབྲས་དང་པོ་དང་གཉིས་པའི་གཞུང་རྣམས་སོ། །གཉིས་པ་ནི། ཚད་མས་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་བསྟན་པའི་སྒོ་ནས་གཞལ་བྱ་རྟོགས་པ་ཚད་མའི་རང་བཞིན་དུ་བསྟན་པའི་ཆེད་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཚད་འབྲས་སྤྱིའི་རྣམ་བཞག་དང་། ཚད་འབྲས་སོ་སོའི་རྣམ་བཞག་གོ །དང་པོ་ལ་གསུམ་སྟེ། ཚད་འབྲས་རྫས་གཞན་དུ་འདོད་པའི་ལུགས་དགག རྫས་གཞན་མ་ཡིན་པར་འདོད་པའི་ལུགས་བཞག དེ་ལ་རྩོད་པ་སྤོང་བའོ། །དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། རྣམ་འགྲེལ་ལས། དེ་ཕྱིར་མཐོང་དང་དབང་འབྲེལ་དང་། །ཁྱད་པར་གྱི་ནི་བློ་དེ་དག །ཅེས་ཚད་མ་དངོས་སུ་བསྟན་ཅིང་། དེ་ཉིད་རིགས་གཏེར་ལས། ལྟ་དང་ངེས་པ་ཚད་འབྲས་དང་། །ཕྲད་དང་དོན་རྟོགས་ཚད་འབྲས་འདོད། །ཁྱད་པར་ཁྱད་པར་ཅན་དེར་སྨྲ། །ལ་ལ་དབང་ཤེས་ཚད་འབྲས་འདོད། །ཅེས་ཚད་མ་དང་འབྲས་བུ་གཉིས་ཀ་བསྟན་ཏོ། །དེ་ཡང་ཕྱི་རོལ་པ་རྣམས་བྱ་བྱེད་རྫས་གཞན་དང་། ཚད་མ་དང་འབྲས་བུ་བསྐྱེད་བྱ་སྐྱེད་བྱེད་དང་། བློ་ལ་དོན་གྱི་རྣམ་པ་མ་ཤར་བར་འདོད་པ་འདྲ་ལ། མི་འདྲ་བའི་ཁྱད་པར་ནི་དཔྱོད་པ་བས་དང་པོར་དོན་ལ་ལྟ་བའི་རྟོག་མེད་ཀྱི་ཤེས་པ་ནི་ཚད་མ་དེའི་རྗེས་སུ་བྱུང་བའི་དངོས་ཆོས་དང་རིགས་ལ་སོགས་པའི་ཁྱད་པར་ལ་ཞེན་པའི་བློ་ནི་འབྲས་བུར་འདོད་དོ། །དེ་ལྟར་ཡང་། དང་པོར་དོན་ལ་ལྟ་བ་པོ། །ཤེས་པ་རྟོག་པ་མེད་པ་ཅན། །བྱིས་དང་ལྐུགས་སོགས་བློ་འདྲ་བ། །དག་པ་དངོས་ལས་སྐྱེས་པ་སྟེ། །དེ་ནི་ཚད་མ་ཉིད་དུ་འདོད། །དེ་ཡི་འོག་ཏུ་བློ་གང་ཞིག །དངོས་ཆོས་རིགས་ལ་སོགས་རྣམས་སུ། །བློ་ནི་ཞེན་པར་བྱེད་པ་གང་། །དེ་ནི་འབྲས་བུ་ཉིད་དུ་འདོད། །ཅེས་བཤད་དོ། །རིགས་པ་ཅན་པས་དབང་པོ་དང་དོན་ཕྲད་པ་ཚད་མ། དེའི་རྗེས་སུ་བྱུང་བའི་དོན་རྟོགས་པའི་བློ་འབྲས་བུ་ཡིན་ལ། དེའི་དོན་ཡང་དབང་པོ་དོན་གང་དང་འབྲེལ་པ་དེ་ཉིད་རྟོགས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །འབྲེལ་བའི་ཚུལ་ལ་མིག་དབང་དང་རྫས་བུམ་པ་ལ་སྦྱོར་བའི་འབྲེལ་པ། དེ་དང་བུམ་པའི་གཟུགས་ལ་སྦྱོར་བར་འདུ་བའི་འབྲེལ་པ། དེ་དང་བུམ་པའི་ཡོད་པ་ཉིད་ཀྱི་སྤྱི་ལ་སྦྱོར་བར་འདུ་བ་འདུས་པའི་འབྲེལ་པ། རྣ་བའི་དབང་པོ་དང་སྒྲ་ལ་འདུ་བའི་འབྲེལ་པ། དེ་དང་སྒྲའི་ཡོད་པ་ཉིད་ཀྱི་སྤྱི་ལ་འདུ་བ་འདུས་པའི་འབྲེལ་བ། སྐྱེས་བུ་དང་དབྱུག་པ་ལ་ཁྱད་པར་བྱེད་ཆོས་ཀྱི་འབྲེལ་པ་དང་དྲུག་འདོད་དོ། །བྱེ་བྲག་པས། ཡོན་ཏན་ལ་སོགས་པ་ཁྱད་པར་འཛིན་པའི་བློ་ཚད་མ། ཁྱད་པར་ཅན་རྫས་འཛིན་པའི་བློ་འབྲས་བུར་འདོད་དོ། །བྱེ་བྲག་ཏུ་སྨྲ་བས་དབང་པོ་གཟུགས་ཅན་པ་ཚད་མ། དེ་ལས་བྱུང་བའི་དོན་རྟོགས་པའི་ཤེས་པ་འབྲས་བུར་འདོད་དོ། །གཉིས་པ་ལ་སྤྱིར་དགག་པ་དང་། སོ་སོར་དགག་པ་གཉིས། དང་པོ་ནི། དེ་དག་མི་འཐད་དེ། ཚད་མར་འདོད་པ་དེ་དག་གིས་འབྲས་བུར་འདོད་པ་དེ་དག་སྒྲུབ་པར་མི་ནུས་པའི་ཕྱིར་ཏེ། དེ་གཉིས་རྫས་གཞན་ཡིན་པའི་ཕྱིར། གཉིས་པ་ནི། དཔྱོད་པ་བའི་ཚད་འབྲས་མི་འཐད་དེ། བློ་ལ་དོན་གྱི་རྣམ་པ་མ་ཤར་བར་དོན་ལ་ལྟ་བ་མི་འཐད་པའི་ཕྱིར། བྱེ་བྲག་པའི་ཚད་འབྲས་དེ་ཡང་མི་འཐད་དེ། ཡོན་ཏན་ལ་སོགས་པ་འཇལ་བའི་བློ་དེས་ཡོན་ཏན་དང་རྫས་གཉིས་བཟུང་མ་བཟུང་གི་ཁྱད་པར་མེད་པའི་ཕྱིར་ཏེ། དེ་གཉིས་ཀྱི་རྣམ་པ་མ་ཤར་བར་མཚུངས་པའི་ཕྱིར། ཡང་ཚད་མ་དང་འབྲས་བུ་གཉིས་ཡུལ་ཐ་དད་ཡིན་ནམ་གཅིག་ཡིན། དང་པོ་ལྟར་ན་དེ་གཉིས་ཚད་འབྲས་མིན་པར་ཐལ་ལོ། །ཕྱི་མ་ལྟར་ན་བློ་ཕྱི་མ་ལ་དགོས་པ་མེད་པར་ཐལ་ལོ། །རིགས་པ་ཅན་པའི་ཚད་འབྲས་དེ་ཡང་མི་འཐད་དེ། མིག་གི་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་ཀྱིས་བུམ་པའི་གཟུགས་རྟོགས་པའི་ཚེ་དེའི་དྲི་ཡང་རྟོག་པར་ཐལ། ཁྱོད་ཀྱི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་དེ་དེ་གཉིས་དང་འཕྲད་པར་ཁྱད་པར་མེད་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བའི་ཚད་འབྲས་ཀྱང་མི་འཐད་དེ། མིག་དབང་ཆོས་ཅན། ཁྱོད་ཀྱིས་སྔོན་པོ་རྟོགས་པ་དང་། སེར་པོ་རྟོགས་པའི་དོན་རྟོགས་སོ་སོར་འབྱེད་མི་ནུས་པར་ཐལ། ཁྱོད་སེར་པོ་རྟོགས་པའི་དབང་ཤེས་དང་། སྔོན་པོ་རྟོགས་པའི་དབང་ཤེས་གཉིས་ཀྱི་རྒྱུ་ཡིན་པར་ཁྱད་པར་མེད་པའི་ཕྱིར། གཉིས་པ་ནི། ཡུལ་ཅན་ཚད་མའི་བྱེད་པ་འཇུག་པའི་གཞི། བྱེད་པ་དངོས། བྱེད་པ་འཇུག་པའི་རྒྱུ་མཚན་ཏེ། ཚད་མའི་སྟེང་གི་བྱ་བྱེད་ལས་གསུམ་ལ་ཚད་འབྲས་གཞལ་གསུམ་དུ་འཇོག་པ་ཡིན་ལ། དེ་ཡང་གཞལ་བྱ་ནི་བྱེད་པ་འཇུག་པའི་གཞི་སྟེ་སྔོན་པོ་ལྟ་བུའོ། །འབྲས་བུ་ནི་བྱེད་པ་དངོས་ཏེ། སྔོན་པོ་རྟོགས་པ་ལྟ་བུའོ། །ཚད་མ་ནི་བྱེད་པ་འཇུག་པའི་རྒྱུ་མཚན་ཏེ། སྔོན་པོའི་རྣམ་པ་ཤར་བ་ལྟ་བུའོ། །དེས་ན་ཚད་མ་དང་འབྲས་བུ་གཉིས་རྣམ་པར་བཞག་འཇོག་གི་འབྲས་བུ་ཡིན་གྱི། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ནི་མ་ཡིན་ཏེ། མདོའི་རང་འགྲེལ་ལས། འདི་ལ་ཕྱི་རོལ་པ་རྣམས་ཀྱི་བཞིན་དུ་ཚད་མ་ལས་འབྲས་བུ་དོན་གཞན་དུ་གྱུར་པ་ནི་མེད་ཀྱི་ཞེས་དང་། འདིར་ཡང་། དེ་རྣམ་བཞག་ལ་བརྟེན་ནས་ནི། །ཆ་དག་བསྒྲུབ་བྱ་སྒྲུབ་བྱེད་བཞག །ཅེས་དང་། རིགས་གཏེར་ལས། དེས་ན་རྣམ་པར་བཞག་འཇོག་གི །རྒྱུ་འབྲས་གཉིས་ལ་ཚད་འབྲས་འདོད། །ཅེས་སོ། །སྐབས་འདིར་ཚད་མ་དང་། སྒྲུབ་བྱེད་དང་། བྱེད་པ་དང་། མཚན་ཉིད་དང་། རྣམ་པར་འཇོག་བྱེད་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཅིང་། འབྲས་བུ་དང་། བསྒྲུབ་བྱ་དང་། བྱ་བ་དང་། མཚོན་བྱ་དང་། རྣམ་པར་བཞག་བྱ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། ལས་ནི་གཙོ་བོར་གཞལ་བྱ་ལ་འཇུག་ཅིང་སྐབས་འགའ་ཞིག་ཏུ་བྱ་བ་ལ་འཇུག་པ་ཡང་ཡོད་དེ། ལས་ཀུན་གྱི་ནི་སྒྲུབ་བྱེད་དག །ཅེས་པའི་སྐབས་ཀྱི་ལས་བྱ་བ་ལ་འཇུག་པའི་ཕྱིར། དེས་ན་སྐབས་འདིར་གཞལ་བྱ་ལ་དོན་དང་ཤེས་པ་གཉིས། འབྲས་བུ་ལ་དོན་རིག་དང་། རང་རིག་གཉིས། ཚད་མ་ལ་གཟུང་རྣམ་དང་འཛིན་རྣམ་གཉིས་སུ་ངེས་ལ། འཛིན་རྣམ་ཚད་མར་བྱས་པའི་ཚེ་འབྲས་བུ་རང་རིག་ཏུ་ངེས་ཀྱང་། གཟུང་རྣམ་ཚད་མར་བྱེད་པའི་ཚེ། འབྲས་བུ་དོན་རིག་ཏུ་མ་ངེས་ཏེ། གཟུང་རྣམ་ཚད་མར་བྱས་ནས་དོན་རྟོགས་པར་བསྒྲུབ་པའི་ཚེ། འབྲས་བུ་ལ་དོན་རིག་འབྱུང་ཞིང་། རང་ལ་དངོས་སུ་སྣང་བའི་རྣམ་པ་རྟོགས་པར་སྒྲུབ་པའི་ཚེ་འབྲས་བུ་ལ་རང་རིག་འབྱུང་བའི་ཕྱིར། ཅིའི་ཕྱིར་རྣལ་འབྱོར་མངོན་སུམ་གྱི་ཚད་འབྲས་མ་བཤད་ཅེ་ན། ཚད་འབྲས་འདི་དག་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་པ་སྟེ། རང་ངེས་གཞན་ངེས་བཞིན་ནོ། །གསུམ་པ་ནི། ཚད་འབྲས་གཉིས་དོན་གཞན་མ་ཡིན་ན། དེ་གཉིས་བསྒྲུབ་བྱ་སྒྲུབ་བྱེད་དུ་མི་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྤྱིར་བསྒྲུབ་བྱ་སྒྲུབ་བྱེད་ལ་རྟགས་ཀྱི་བསྒྲུབ་བྱ་སྒྲུབ་བྱེད། བསྐྱེད་བྱ་སྐྱེད་བྱེད་ཀྱི་སྒྲུབ་བྱ་སྒྲུབ་བྱེད། རྣམ་པར་བཞག་འཇོག་གི་བསྒྲུབ་བྱ་སྒྲུབ་བྱེད་གསུམ་ཡོད་པ་ལས་ཁྱོད་འདོད་པ་ལྟར་དུ་བསྐྱེད་བྱ་སྐྱེད་བྱེད་ལ་འདོད་ན། དོན་གཞན་མ་ཡིན་པ་སྐྱོན་དུ་འགྱུར་ན་ཡང་། འདིར་རྣམ་པར་བཞག་འཇོག་ལ་འདོད་པས་སྐྱོན་དུ་མི་འགྱུར་བར་ཡོན་ཏན་དུ་འགྱུར་བའི་ཕྱིར། དེའི་རྒྱུ་མཚན་ཡང་སྤྱིར་སྒྲུབ་བྱེད་གསུམ་པོ་གང་རུང་ཡིན་པ་ཙམ་གྱིས་བསྒྲུབ་བྱ་ཐམས་ཅད་ཀྱི་སྒྲུབ་བྱེད་མ་ཡིན་གྱི་སྒྲུབ་བྱེད་གང་ལས་བསྒྲུབ་བྱ་འབྲས་བུ་དེ་སྒྲུབ་ནུས་པ་སྒྲུབ་བྱེད་དུ་འདོད་པ་ཡིན་པས་འདིར་ཡང་སྒྲུབ་བྱེད་གང་ལས་འབྲས་བུ་གཞལ་བྱ་རྟོགས་པ་སྒྲུབ་ནུས་པ་དེ་སྒྲུབ་བྱེད་ཡིན་ནོ་ཞེས་པ་ནི། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ཚད་འབྲས་སོ་སོའི་རྣམ་བཞག་ལ་བཞི་སྟེ། དོན་རིག་སྨྲ་བའི་ཚད་འབྲས། རྣམ་རིག་སྨྲ་བའི་ཚད་འབྲས། དོན་རིག་གི་ཚད་འབྲས་ལ་དོགས་པ་བཅད་ནས་དཔྱད་ན་རང་རིག་འབྲས་བུར་བསྟན་པ། རྣམ་རིག་གི་ཚད་འབྲས་ལ་དོགས་པ་བཅད་ནས་རང་རིག་མཚན་ཉིད་པའི་ཚད་འབྲས་ངོས་བཟུང་བའོ། །དང་པོ་ལ་མདོ་ལས་ཇི་ལྟར་གསུངས་པའི་ཚུལ། རྣམ་འགྲེལ་ལས་ཇི་ལྟར་བསྟན་པའི་ཚུལ། དེ་དག་གི་དོན་གཏན་ལ་དབབ་པ་དང་གསུམ་ལས། དང་པོ་ནི། ཚད་མ་མདོར། བྱ་དང་བཅས་པ་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། །ཚད་མ་ཉིད་དུ་འདོགས་པ་སྟེ། །བྱ་བ་མེད་པའང་མ་ཡིན་ནོ། །ཞེས་དང་། དེའི་རང་འགྲེལ་ལས། འདི་ལ་ཕྱི་རོལ་པ་རྣམས་ཀྱི་བཞིན་དུ་ཚད་མ་ལས་འབྲས་བུ་དོན་གཞན་དུ་གྱུར་པ་ནི་མེད་ཀྱི། འབྲས་བུར་གྱུར་པའི་ཤེས་པ་ཉིད་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པ་དང་བྱ་བ་དང་བཅས་པ་དེ་ཉེ་བར་བླངས་ནས་ཚད་མ་ཉིད་འདོགས་པ་སྟེ་བྱ་བ་མེད་པ་མ་ཡིན་ནོ། །དཔེར་ན་འབྲས་བུ་རྒྱུ་དང་རྗེས་སུ་མཐུན་པར་སྐྱེས་པ་ལ་རྒྱུའི་གཟུགས་འཛིན་ཞེས་བརྗོད་པས་བྱ་བ་མེད་པ་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། འདི་ལ་ཕྱི་རོལ་པ་རྣམས་ཀྱི་ཞེས་སོགས་ཀྱི་དོན་ནི་འདིར་ཚད་འབྲས་གཉིས་དོན་གཞན་མ་ཡིན་ཏེ། འབྲས་བུ་དེ་གང་གིས་སྒྲུབ་ནུས་པའི་སྒྲུབ་བྱེད་དེ་ལ་ཚད་མར་འདོད་པའི་ཕྱིར་ཞེས་པ་ཡིན་ལ། དེ་ནི། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་སོགས་ཤླཽ་ཀ་གཅིག་གིས་སྟོན་ནོ། །འབྲས་བུར་གྱུར་པའི་ཤེས་པ་ཞེས་སོགས་ཀྱི་དོན་ནི་འབྲས་བུ་ལས་དོན་གཞན་པའི་ཚད་མ་མེད་ཀྱང་། ཡུལ་གྱི་རྣམ་པ་ཤར་བ་ལ་ཚད་མར་འཇོག་ཞེས་པ་ཡིན་ལ། དེ་ནི། དེ་ལ་ཉམས་མྱོང་ཙམ་དུ་ནི། །ཞེས་པ་ནས། དེས་ན་འབྲས་བུ་དོན་གཞན་མིན། །ཞེས་པའི་བར་གྱིས་སྟོན་ནོ། །བྱ་བ་དང་བཅས་པ་དེ་ཞེས་སོགས་ཀྱི་དོན་ནི་བློ་གཅིག་ཉིད་ལ་ཚད་འབྲས་གཉིས་འཇོག་སྟེ། བློ་གཅིག་ཉིད་ལ་དོན་རྟོགས་པ་བྱ་བ་དང་། དོན་གྱི་རྣམ་པ་ཤར་བ་བྱ་བ་དང་བཅས་པ་གཉིས་ལས། དོན་གྱི་རྣམ་པ་ཤར་བ་དེ་ཉེ་བར་བླངས་ནས་ཚད་མ་དང་། དོན་རྟོགས་པ་དེ་ཉེ་བར་བླངས་ནས་འབྲས་བུ་བཞག་པའི་ཕྱིར་ཞེས་པ་ཡིན་ལ། དེ་ནི་དེ་ཡི་བདག་ཉིད་འཛིན་པ་དེ། །ཞེས་པ་ནས། དེ་ཡི་དབང་གིས་དེར་བཞག་ཕྱིར། །ཞེས་པའི་བར་གྱིས་སྟོན་ནོ། །དཔེར་ན་ཞེས་པ་མན་ཆད་ཀྱི་དོན་ནི། དོན་གྱི་རྣམ་པ་ཤར་བའི་དོན་ཡང་དོན་དང་འདྲ་བར་སྐྱེས་པའི་ཡིན་ལ། དོན་དང་འདྲ་བར་སྐྱེས་པ་དེ་ཉིད་ཀྱིས་དོན་རྟོགས་པར་ཡང་སྒྲུབ་ནུས་ཏེ། དཔེར་ན་ཕའི་གཟུགས་དང་འདྲ་བར་སྐྱེས་པ་ལ་ཕའི་གཟུགས་འཛིན་ཞེས་བརྗོད་པའི་ཕྱིར། ཞེས་པའི་དོན་ཡིན་ལ། དེ་ནི་དཔེར་ན་འབྲས་བུ་རྒྱུ་རྣམས་ཀྱི་ཞེས་སོགས་ཤླཽ་ཀ་གཅིག་གིས་སྟོན་ནོ། །འདི་ལ་ཕྱི་རོལ་པ་རྣམས་ཀྱི་བཞིན་དུ་ཚད་མ་ལས་འབྲས་བུ་དོན་གཞན་དུ་གྱུར་པ་ནི་མེད་ཀྱི་ཞེས་པ་ལ་འཕྲོས་ནས། ཕྱི་རོལ་པས་ཚད་འབྲས་རྫས་གཞན་དུ་འདོད་པའི་ཚུལ། དེ་འགོག་བྱེད་ཀྱི་རིགས་པ། དེའི་ལན་དགག་པ་རྣམས་ནི། དེ་ཕྱིར་མཐོང་དང་དབང་འབྲེལ་དང་། །ཞེས་པ་ནས། སྒྲོ་འདོགས་པས་ནི་འཇུག་ཕྱིར་རོ། །ཞེས་པའི་བར་གྱིས་སྟོན་ནོ། །གསུམ་པ་ལ་བཞི་སྟེ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་། སྐབས་སུ་བབ་པའི་དོགས་པ་བཅད་པའོ། །དང་པོ་ནི། ཁ་ཅིག དབང་ཤེས་ལ་རང་དུས་སུ་སྣང་བ་ཕྱི་རོལ་གྱི་དོན་དུ་ཁས་ལེན་བཞིན་དུ། ཕྱི་རོལ་གྱི་དོན་གཞལ་བྱ་ཞེས་དང་། གཟུགས་སོགས་ཕྱི་རོལ་གྱི་དོན་གཞལ་བྱ་ཞེས་སོགས་བཞག་ཏུ་ནི་མི་རུང་སྟེ། མདོ་སྡེ་པའི་ལུགས་ལ། དབང་མངོན་གྱིས་ཕྱི་དོན་མ་གྲུབ་པའི་ཕྱིར་ཏེ། དབང་ཤེས་ལ་རང་དུས་སུ་སྣང་བ་ཕྱི་དོན་ཡིན་པ་དང་། ཕྱི་དོན་ཡོད་པར་རྟགས་ཀྱིས་སྒྲུབ་དགོས་པའི་ཕྱིར་དང་། དེ་ལས་གཞན་དུ་ན། སེམས་ཙམ་པས་ཕྱི་དོན་མེད་པར་ཁས་བླངས་པ་ལ། མདོ་སྡེ་པས་མངོན་སུམ་གྱི་བསལ་བ་སྟོན་རིགས་པ་ལས་མ་བསྟན་པར། འབྲས་བུ་རྣམ་ཤེས་ལྡོག་པའི་རྟགས་ཀྱིས་སྒྲུབ་པའི་ཕྱིར་རོ། །དེས་ན་འདིར་ཕྱི་དོན་གཞལ་བྱ་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ནི་མདོ་སེམས་གང་གི་ལུགས་ལ་ཡང་མི་རུང་སྟེ། སེམས་ཙམ་པས་ཐ་སྙད་དུ་ཡང་ཕྱི་དོན་ཁས་མི་ལེན། མདོ་སྡེ་པའི་ལུགས་ལ་དབང་མངོན་གྱིས་ཕྱི་དོན་མ་གྲུབ་པའི་ཕྱིར་རོ། །འོ་ན་ཚད་འབྲས་ཀྱི་རྣམ་བཞག་ཇི་ལྟར་ཞེ་ན། སྔོན་པོ་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་བའི་སྒོ་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། སྔོན་པོ་རྟོགས་པའི་ཚད་མ་འབྲས་བུ་ཞེས་ཟེར་རོ། །མི་འཐད་དེ། ཕྱི་དོན་དེ་ཚུར་མཐོང་གི་མངོན་སུམ་ལ་མངོན་གྱུར་མིན་པར་ཐལ། དེས་ཕྱི་དོན་མ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེ་ལ་རང་ངོས་ནས་རང་འདྲའི་རྣམ་པ་གཏོད་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། གང་ལ་དོན་གྱི་ནུས་པ་ལས། །རྗེས་འགྲོ་ལྡོག་པ་ཅན་གྱི་བློ། །དེ་ལ་འཛིན་པར་རང་དབང་ཅན། །ཞེས་གསུངས་པའི་ཕྱིར་རོ། །ཕྱི་དོན་རྟོགས་པའི་ཚུར་མཐོང་གི་རྒྱུད་ཀྱི་ཚད་མ་ཡིན་ན། ཕྱི་དོན་ལྐོག་གྱུར་དུ་རྟོགས་པས་ཁྱབ་པར་ཐལ། ཕྱི་དོན་མངོན་གྱུར་དུ་རྟོགས་པའི་ཚུར་མཐོང་གི་རྒྱུད་ཀྱི་ཚད་མ་མེད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཡིན་ན་ཕྱི་དོན་གྱིས་རང་ངོས་ནས་རང་འདྲའི་རྣམ་པ་མ་གཏད་པས་ཁྱབ་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། དེ་ལས་གཞན་དངོས་དབང་པོ་འདས། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། དོན་རིག་གང་ཡིན་སོ་སོ་རིག །ཅེས་པའི་སྐབས་སུ། མདོ་སྡེ་པས་དབང་མངོན་གྱིས་དོན་རིག་པ་སྒྲུབ་བྱེད་དང་བཅས་པ་བརྗོད་པ་མིན་པར་ཐལ། དེའི་ལུགས་ལ་དབང་མངོན་གྱིས་ཕྱི་དོན་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་ཕྱི་དོན་དུ་གྱུར་པའི་སྔོན་པོ་འཛིན་པའི་མིག་ཤེས་མ་འཁྲུལ་བ་ཆོས་ཅན། ཕྱི་དོན་སྔོན་པོ་རྟོགས་པའི་ཚད་མར་ཐལ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། གལ་ཏེ་དབང་མངོན་གྱིས་ཕྱི་དོན་རྟོགས་ཀྱང་ཕྱི་དོན་གཞལ་བྱར་བྱེད་པ་མི་འཐད་དེ་དབང་མངོན་གྱིས་སྔོན་པོ་ཕྱི་དོན་ཡིན་པའི་ཆ་དེ་མ་རྟོགས་པའི་ཕྱིར་རོ་ཞེ་ན་མི་འཐད་དེ། སྔོན་པོ་དང་སྔོན་པོའི་སྟེང་གི་ཕྱི་དོན་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར་རོ། །འོ་ན་དབང་མངོན་གྱིས་ཕྱི་དོན་གྲུབ་ན། རྣམ་ཤེས་ལྡོག་པ་ལས་གྲུབ་འགྱུར། །ཞེས་རྟགས་ཀྱིས་སྒྲུབ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སེམས་ཙམ་པས། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་དབང་ཤེས་ལ་རང་དུས་སུ་ཕྱི་རོལ་དོན་དུ་སྣང་བ་དེ་དབང་ཤེས་རང་གི་གཟུང་རྣམ་ཡིན་ཞིང་། དེ་ལས་གཞན་པའི་སྔོན་པོ་མེད་པར་བསྟན་པ་ན་རང་དུས་སུ་སྣང་བ་དེ་གཟུང་རྣམ་ཡིན་ཀྱང་དེ་བསྐྱེད་པར་བྱེད་པའི་སྔོན་པོ་ཡོད་དེ། གཞན་དུ་ན་སྔོན་པོ་ཚད་མས་མ་དམིགས་པའི་ས་ཕྱོགས་ན་ཡང་སྔོ་འཛིན་མིག་ཤེས་མ་འཁྲུལ་པ་ཡོད་པར་ཐལ་ཞེས་པའི་ཚུལ་གྱིས་སྒྲུབ་པ་ཡིན་གྱི། མདོ་སྡེ་པ་རང་ལུགས་ལ་ཕྱི་དོན་མངོན་སུམ་གྱིས་མ་གྲུབ་པས་རྟགས་ཀྱིས་སྒྲུབ་པ་ནི་མ་ཡིན་ནོ། །ཁ་ཅིག་དོན་གཞལ་བྱ། དོན་དང་འདྲ་བ་ཚད་མ། དོན་རྟོགས་པ་འབྲས་བུ་ཞེས་འདོད་པ་ལ། གཞན་དག་ན་རེ། མི་འཐད་དེ། མདོ་སྡེ་པའི་ལུགས་ལ་དོན་རྟོགས་ཚད་མའི་འཇོག་བྱེད་ཡིན་ན། དོན་འདྲ་བ་ཁྱད་པར་གསུམ་ལྡན་ཡིན་དགོས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། དོན་རྟོགས་ཚད་མ་ཡིན་ན། ངེས་ཤེས་འདྲེན་ནུས་ཡིན་པས་མ་ཁྱབ་པའི་ཕྱིར། སྔ་མ་ཡང་མི་འཐད་དེ། དོན་དང་འདྲ་བ་ཙམ་གྱིས་དོན་རྟོགས་པར་འཇོག་མི་ནུས་པའི་ཕྱིར། མ་གྲུབ་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། ཟླ་གཉིས་རྟོགས་པར་ཐལ། ཟླ་གཉིས་དང་འདྲ་བའི་ཕྱིར་རོ། །ཁ་ཅིག དེ་བཅད་པར་འདོད་ནས། དོན་གཞལ་བྱ། དོན་གྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དོན་རྟོགས་པའི་ཚད་མ་འབྲས་བུའོ་ཞེས་དང་། དོན་དངོས་སུ་རྟོགས་པའི་ཚད་མ་འབྲས་བུ་ཞེས་ཟེར་བ་མི་འཐད་དེ། འདིར་དངོས་བསྟན་གྱི་ཚད་འབྲས་ཡིན་ན། མངོན་སུམ་གྱི་ཚད་འབྲས་ཡིན་དགོས་པ་གང་ཞིག དོན་དེའི་རྣམ་པ་ཤར་ནས་དོན་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་ན། དོན་དེ་ལ་མངོན་སུམ་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་སྒྲ་མི་རྟག་པ་ལ་མངོན་སུམ་དུ་ཐལ་ལོ། །གཞན་ཡང་དེ་ལྟ་བུའི་ཚད་འབྲས་ཀྱི་རྣམ་བཞག་དེ་མི་འཐད་དེ། འདིར་མི་བསླུ་བའི་དོན་གཞལ་བྱ་རྟོགས་པ་འབྲས་བུར་བྱས་ནས་དེའི་སྒྲུབ་བྱེད་འགོད་པའི་སྐབས་ཡིན་གྱི་གསར་དུ་མི་བསླུ་བའི་རིག་པས་ཚད་མ་མཚོན་པའི་སྐབས་མིན་པའི་ཕྱིར་རོ། །ཆོས་དེའི་རྣམ་པ་ཤར་ནས་ཆོས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ་ཆོས་དེ་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་ཡིན་པར་ཡང་མི་འཐད་དེ། གཟུང་རྣམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་གཟུང་རྣམ་གྱི་ཡང་རྣམ་པ་ཤར་བར་འགྱུར་ཞིང་། དེ་ཡང་འདོད་ན། རྣམ་པ་ཐུག་མེད་དུ་འགྱུར་རོ། །དར་ཊཱིཀ་པ་ན་རེ། ཚད་འབྲས་དང་པོའི་སྐབས་ཀྱི་ཚད་འབྲས་འདི་མདོ་སེམས་གཉིས་ཆར་གྱི་ཐུན་མོང་དུ་ཁས་ལེན་ཏེ། འདིར་སྔོ་ཙམ་གཞལ་བྱར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཅིག་སྟོན་པ་གང་ཞིག དེ་མདོ་སེམས་གཉིས་ཆར་གྱིས་ཁས་ལེན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་བྱ་རོག་གིས་ཟོས་པར་འགྱུར་རོ། །ཚད་འབྲས་གཉིས་པའི་སྐབས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་སེམས་ཙམ་པ་ཁོ་ན་ཁས་ལེན་པ་ཡིན་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། ཚད་འབྲས་གཉིས་པའི་སྐབས་སུ་ཡང་སྔོ་ཙམ་གཞལ་བྱར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཅིག་བསྟན་པའི་ཕྱིར་རོ། །རྟགས་ཁྱབ་ཁས། གཞན་ཡང་། དབུ་མ་རྩ་བ་ཤེས་རབ་ཀྱི་སྐབས་ཀྱི་ལྟ་བ་དེ་དབུ་སེམས་གཉིས་ཀྱི་ཐུན་མོང་དུ་ཁས་ལེན་པར་ཐལ། དེར་བདག་མེད་གཉིས་ཀྱི་ལྟ་བ་བསྟན་པ་གང་ཞིག བདག་མེད་གཉིས་ཀྱི་ལྟ་བ་དེ་དབུ་སེམས་གཉིས་ཀྱིས་ཐུན་མོང་དུ་ཁས་ལེན་པའི་ཕྱིར་རོ། །ཁ་ཅིག་ན་རེ། སྔོན་པོ་གཞལ་བྱ། སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། སྔོན་པོ་རྟོགས་པའི་ཚད་མ་འབྲས་བུ་ཞེས་པ་ནི་ཚད་མ་སྤྱིའི་ཚད་འབྲས་སྔོན་པོ་གཞལ་བྱ། དེ་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཚད་མ། དེ་ལ་མངོན་སུམ་འབྲས་བུ་ཞེས་པ་ནི་མངོན་སུམ་གྱི་ཚད་འབྲས། སྒྲ་མི་རྟག་པ་གཞལ་བྱ། རང་གི་རྟེན་གཞི་རྟགས་ཡང་དག་ལ་བརྟེན་ནས་སྒྲ་མི་རྟག་པ་ལ་ཞེན་རིག་ཚད་མ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མ་འབྲས་བུ་ཞེས་པ་ནི་རྗེས་དཔག་གི་ཚད་འབྲས། སྐབས་འདིར་དོན་རིག་མངོན་སུམ་གྱི་ཚད་འབྲས་སྐབས་སུ་བབ་པས་དེའི་ཚད་འབྲས་ནི། སྔོན་པོ་གཞལ་བྱ། སྔོན་པོ་ལས་དངོས་སུ་སྐྱེས་ཤིང་སྔོན་པོའི་རྣམ་པར་ཤར་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་གཟུང་རྣམ་ཚད་མ། སྔོན་པོ་གཟུང་དོན་དུ་བྱས་པ་ལས་བྱུང་བའི་དོན་རིག་མངོན་སུམ་འབྲས་བུ། མཚན་ཉིད་དེ་དོན་འདྲ་བ་ཁྱད་པར་གསུམ་ལྡན་གྱི་དོན་ཡང་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ཚད་མ་སྤྱི་དང་མངོན་སུམ་དང་། རྗེས་དཔག་གི་ཚད་འབྲས་ཀྱི་རྣམ་བཞག་དེ་རྣམས་མི་འཐད་དེ། དེ་གསུམ་གྱི་མཚན་མཚོན་ཚད་འབྲས་སུ་བྱས་ནས་གཞལ་བྱ་ཟུར་ནས་བསྣན་པ་ཙམ་ཞིག་ལ་ཚད་འབྲས་ཀྱི་གཞུང་འདི་ཙམ་དོན་མེད་པའི་ཕྱིར་རོ། །དོན་རིག་མངོན་སུམ་གྱི་ཚད་འབྲས་དེ་ཡང་མི་འཐད་དེ། གསར་དུ་མི་བསླུ་བ་མཚན་ཉིད་དུ་འཇོག་པ་སྐབས་ཀྱི་དོན་མིན་ལ། ཡིན་ན་ཡང་མཚོན་བྱའི་ནང་དུ་ཚད་མའི་ཐ་སྙད་མེད་པས་མཚན་ཉིད་ཀྱི་ནང་དུ་དེའི་ཐ་སྙད་མི་དགོས་པའི་ཕྱིར་དང་། རྣམ་པ་ཤར་བ་དང་གཟུང་རྣམ་ལ་ཟློས་པའི་སྐྱོན་ཡང་ཡོད་པའི་ཕྱིར་དང་། སྔོན་པོ་ལས་དངོས་སུ་སྐྱེས་པ་དང་། སྔོན་པོ་གཟུང་དོན་དུ་བྱས་པ་ལས་བྱུང་བ་གཉིས་ལ་ངེས་དཀའ་སླའི་ཁྱད་པར་མེད་པའི་ཕྱིར་དང་། འདིར་དོན་རིག་མངོན་སུམ་གྱིས་དོན་རྟོགས་པ་འབྲས་བུར་འཇོག་པའི་སྐབས་ཡིན་གྱི། སྔོན་པོ་གཟུང་དོན་དུ་བྱས་པ་ལས་བྱུང་བ་འབྲས་བུར་འཇོག་པའི་སྐབས་མིན་པའི་ཕྱིར་རོ། །མཚན་ཉིད་དེ་དོན་འདྲ་བ་ཁྱད་པར་གསུམ་ལྡན་གྱི་དོན་དུ་འདོད་པ་ཡང་མི་འཐད་དེ། སྔོན་པོ་ལས་དངོས་སུ་སྐྱེས་པ་དང་སྔོན་པོའི་རྣམ་པ་ཤར་བ་གཉིས་ཁྱད་ཆོས་དང་པོ་གཉིས་སུ་འཐད་ཀྱང་། སྔོན་པོ་ལ་གསར་དུ་མི་བསླུ་བའི་གཟུང་རྣམ་དེ་ཁྱད་པར་ཕྱི་མའི་དོན་དུ་མི་འཐད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཉན་ཐོས་སྡེ་གཉིས་ཀྱི་གཟུང་འཛིན་གྱི་རྣམ་བཞག མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་དམ་བཅའ། སྐབས་སུ་བབ་པའི་ཚད་འབྲས་དངོས་སོ། །དང་པོ་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་ནི། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། ནམ་མཁའ་འགོག་པ་གཉིས་དག་སྟེ། །འདུས་མ་བྱས་གསུམ་པོ་ནི་རྟག །འདུས་བྱས་བདག་གིས་ཀུན་སྟོང་ལ། །བྱེད་པ་པོ་མེད་སྐད་ཅིག་མ། །མིག་ལས་སྐྱེས་བློ་རྣམ་མེད་ཅིང་། །མངོན་སུམ་རིག་པ་རྡུལ་གྱི་ཚོགས། །བློ་ལྡན་ཞེས་བྱ་ཁ་ཆེ་ཡི། །བྱེ་བྲག་སྨྲ་བའི་གཞུང་དུ་བཤད། །ཅེས་གསུངས་པའི་དོན་ནི། ཤེས་བྱ་གཞི་ལྔ་ཆར་རྫས་སུ་གྲུབ་ཅིང་། དེ་ལ་རྟག་པའི་རྫས་དང་། མི་རྟག་པའི་རྫས་གཉིས་ལས། འདུས་མ་བྱས་གསུམ་པོ་ནི་རྟག་རྫས་དང་། འདུས་བྱས་ཕུང་པོ་ལྔ་ནི་མི་རྟག་པ་ཡིན་ནོ། །དེ་ཡང་བདག་གིས་ཀུན་ཏུ་སྟོང་སྟེ། དོན་གཞན་གྱི་བདག་དང་། ངོ་བོར་གྱུར་པའི་བདག་མེད་པའི་ཕྱིར་རོ། །དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་ནི་མེད་དེ། རང་གི་རྒྱུ་ཙམ་ལས་སྐྱེས་པའི་ཕྱིར་རོ། །མི་རྟག་པ་ཡིན་ཏེ། སྐད་ཅིག་གིས་སྐྱེ་འཇིག་བྱེད་པའི་ཕྱིར། དབང་ཤེས་ལ་དོན་གྱི་རྣམ་པ་ཤར་བ་མེད་ཅིང་། དབང་ཤེས་ཀྱིས་མངོན་སུམ་དུ་རིག་པ་སྟེ་རང་དུས་སུ་སྣང་བ་ནི་རྡུལ་གྱི་ཚོགས་ཏེ་ཕྱི་དོན་ཡིན་ཞེས་པའི་དོན་ནོ། །འདིའི་ལུགས་ལ་ཡུལ་གཟུང་བ་དང་། ཡུལ་ཅན་འཛིན་པ་དང་། ཡུལ་ཅན་གྱིས་ཡུལ་འཛིན་པའི་ཚུལ་དང་གསུམ་ལས། དང་པོ་ནི། གཟུགས་སོགས་དོན་ལྔའོ། །གཉིས་པ་ནི། དབང་པོ་ལྔ་དང་སེམས་སེམས་བྱུང་ཐམས་ཅད་ཡུལ་ཅན་ཡིན། དབང་པོ་གཟུགས་ཅན་པ་དེས་དོན་མཐོང་བ་དང་ཐོས་པ་སོགས་ཡིན་གྱི་དབང་ཤེས་ཀྱིས་དོན་མཐོང་བ་སོགས་མིན་ཏེ། བར་ཆད་སོགས་ཡོད་ན་ཡང་མཐོང་བར་ཐལ་བའི་ཕྱིར་རོ། །དབང་ཤེས་ཀྱིས་དོན་ལ་དམིགས་པ་ཡིན་གྱི་དབང་པོ་གཟུགས་ཅན་པས་དོན་ལ་དམིགས་པ་སོགས་མ་ཡིན་ཏེ། རྟོགས་དཔྱོད་དང་བཅས་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། རྡོ་ཁབ་ལེན་གྱིས་ལྕགས་ལེན་པ་ལྟར་དུ་དབང་ཤེས་ཀྱིས་དོན་ལྔ་རྣམ་མེད་རྗེན་ཆར་དུས་མཉམ་ཐུག་ཕྲད་དུ་འཛིན་པ་ཡིན་ནོ། །དེས་ན་འདིའི་ཚད་འབྲས་ཀྱི་རྣམ་བཞག་ལ་གཟུགས་སོགས་རྣམ་མེད་ཐུག་ཕྲད་པའི་དོན་དངོས་གཞལ་བྱ། དོན་མཐོང་བའི་དབང་པོ་གཟུགས་ཅན་པ་ཚད་མ། དོན་རྟོགས་མཚན་ཉིད་པའི་དབང་ཤེས་འབྲས་བུ་ཡིན་པས་ཚད་འབྲས་གཞལ་གསུམ་དུས་མཉམ་རྫས་ཐ་དད་པ་ཁོ་ན་ཡིན་ནོ། །མདོ་སྡེ་པའི་ལུགས་ནི། དེ་ཉིད་ལས། མཐོང་བ་དབང་པོའི་ཡུལ་མིན་ཏེ། །ཤེས་པ་རྣམ་པ་བཅས་པ་སྐྱེ། །ནམ་མཁའ་མོ་གཤམ་བུ་འདྲ་ལ། །འགོག་པ་ནམ་མཁའ་དང་འདྲའོ། །འདུས་བྱས་བེམ་པོ་ཡོད་མིན་ལ། །དུས་གསུམ་དག་ཀྱང་ཁས་མི་ལེན། །བསགས་པའི་གཟུགས་མེད་མིན་ཞེས་པ། །མདོ་སྡེ་པ་ཡི་མཁས་རྣམས་སོ། །ཞེས་གསུངས་ལ། དེའི་དོན་ནི། དབང་ཤེས་ཀྱིས་རང་དུས་སུ་མཐོང་བའི་ཕྱི་རོལ་རྒྱང་ཆད་ལྟར་སྣང་བ་ནི་དབང་ཤེས་ཀྱི་གཟུང་ཡུལ་དུ་གྱུར་པའི་ཕྱི་དོན་མ་ཡིན་ཏེ། དབང་ཤེས་ཕྱི་དོན་གྱི་རྣམ་པ་དང་བཅས་པར་སྐྱེས་པ་གཟུང་རྣམ་ཡིན་པའི་ཕྱིར་རོ། །ནམ་མཁའ་ནི་གཞན་སེལ་གྱི་བློས་ཐོགས་བཅས་ཀྱི་གཟུགས་གསལ་བའི་སྒོ་ནས་ཤེས་བྱར་འཛིན་པ་ཡིན་གྱི་རྟག་པ་ཞེས་བྱ་བའི་རང་གི་ངོ་བོ་གྲུབ་པ་མེད་པ་ནི་མོ་གཤམ་གྱི་བུ་དང་འདྲ་ལ། འགོག་པ་གཉིས་ཀྱང་ནམ་མཁའ་དང་འདྲ་བར་ཤེས་པར་བྱའོ། །བྱེ་བྲག་ཏུ་སྨྲ་བ་འདུས་མ་བྱས་གསུམ་རྟག་རྫས་སུ་འདོད་ལ། འདིར་ནི་མི་རྟག་པ་བསལ་ཙམ་ལ་རྟག་པར་འཇོག་ན་མོ་གཤམ་བུ་ཡང་རྟག་པ་ཡིན་ལ། རྟག་པ་ཞེས་བྱ་བའི་རང་གི་ངོ་བོ་གྲུབ་པ་ལ་རྟག་པར་འཇོག་ན། འདུས་མ་བྱས་གསུམ་ཡང་རྟག་པ་མ་ཡིན་ཏེ། རང་གི་ངོ་བོའི་སྒོ་ནས་གྲུབ་ན་མི་རྟག་པ་ཡིན་དགོས་པའི་ཕྱིར་རོ། །རྒྱུ་རྐྱེན་ཚོགས་ནས་བདག་གིས་འབྲས་བུ་འདི་བསྐྱེད་པར་བྱའོ་སྙམ་པའི་བློ་སྔོན་དུ་བཏང་ནས་འདུས་བྱས་པའི་བེམ་པོ་ནི་ཡོད་པ་མ་ཡིན་ཏེ། བེམ་པོ་རྒྱུ་རྐྱེན་ཚོགས་པ་ཙམ་ལས་འབྱུང་བའི་ཕྱིར་རོ། །དུས་གསུམ་པོ་དག་ཀྱང་དངོས་པོར་ཁས་མི་ལེན་ཏེ། ད་ལྟར་བ་དངོས་པོར་ཡོད་ཀྱང་འདས་མ་འོངས་གཉིས་དངོས་པོར་མེད་པའི་ཕྱིར་རོ། །འོན་ཀྱང་རྡུལ་ཕྲན་བསགས་པའི་གཟུགས་མེད་པ་མ་ཡིན་ཏེ། དབང་ཤེས་ཀྱི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཡིན་ན། རྡུལ་ཕྲན་དུ་མ་ཚོགས་དགོས་པའི་ཕྱིར་རོ། །གཉིས་པ་ནི། མདོ་སྡེ་པ་ལ་ཐུན་མོང་མ་ཡིན་པའི་དམ་བཅའ་ལྔ་ཡོད་པ་ལས། དམ་བཅའ་དང་པོ་ནི། སྔོ་འཛིན་དབང་མངོན་ལ་རང་དུས་སུ་རྒྱང་ཆད་ལྟར་སྣང་བ་དེ་ཤེས་པ་ཡིན་ལ། དེ་ཡང་རྣམ་བདེན་པ་ལྟར་ཤེས་པ་ཉིད་དེ་ལྟར་སྣང་བ་མ་ཡིན་གྱི། ཕྱི་དོན་ལྐོག་ན་མོས་ཚུར་བཞག་པའི་རྣམ་པ་སྣང་བའོ། །དམ་བཅའ་གཉིས་པ་ནི། ཕྱི་དོན་ལྐོག་ན་མོ་རྒྱུ་དང་། ཕྱི་དོན་གྱི་རྣམ་པ་ཅན་གྱི་ཤེས་པ་འབྲས་བུར་འདོད་པའོ། །དམ་བཅའ་གསུམ་པ་ནི། འཛིན་པ་རྟོག་པ་དང་། རྟོག་མེད་འཁྲུལ་ཤེས་རྣམས་ནི་སྣང་ཡུལ་དངོས་པོར་མེད་ཅིང་ཡུལ་ཅན་འཁྲུལ་པ་ཡིན་ལ། འཛིན་པ་རྟོག་མེད་ཀྱི་མངོན་སུམ་རྣམ་སྣང་ཡུལ་དངོས་པོར་གྲུབ་ཅིང་ཡུལ་ཅན་མ་འཁྲུལ་བ་ཡིན་ནོ། །དེ་ལ་ཡང་ཤེས་པ་ཉམས་སུ་མྱོང་བའི་མྱོང་བྱེད་ཀྱི་རང་རིག་མངོན་སུམ་དང་། ཡུལ་གཞན་ལ་དམིགས་པའི་དམིགས་བྱེད་ཀྱི་གཞན་རིག་མངོན་སུམ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཏེ། སྔོ་འཛིན་དབང་མངོན་དེ་རང་གི་གཟུང་རྣམ་ལ་ལྟོས་ཏེ་མྱོང་བྱེད་ཀྱང་རང་རིག་མངོན་སུམ་དང་། སྔོན་པོ་ལ་ལྟོས་ནས་དམིགས་བྱེད་ཀྱི་གཞན་རིག་མངོན་སུམ་ཡིན་པའི་ཕྱིར་ཏེ། དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །དོན་དང་འདྲ་བ་དམིགས་པ་སྟེ། །རང་ཉིད་གསལ་བ་བདག་མྱོང་ཡིན། །ཞེས་སོ། །དམ་བཅའ་བཞི་པ་ནི། ཕྱི་དོན་ལ་ཡང་རགས་པ་དང་ཕྲ་བ་གཉིས་ལས། རགས་པ་ནི་ཀུན་རྫོབ་བདེན་པ་ཡིན་ཏེ། ཟླ་བཅས་ཀྱི་རྡུལ་ཕྲན་ཚོགས་ནས་དབང་ཤེས་ལ་རང་འདྲའི་རྣམ་པ་གཏད་པའི་རྗེས་སུ་རྟོག་པའི་ལིང་པོ་གཅིག་ཏུ་བཟུང་བ་ལ་རགས་པར་འཇོག་པའི་ཕྱིར་རོ། །གཉིས་པ་ནི། དོན་དམ་ཡིན་ཏེ། དབང་ཤེས་བསྐྱེད་པའི་ནུས་པ་ནི་དེ་ལ་གནས་པའི་ཕྱིར་རོ། །དམ་བཅའ་ལྔ་པ་ནི། ཕྱི་དོན་དང་དེ་རྟོགས་པའི་མངོན་སུམ་གཟུང་འཛིན་ཡིན་པ་ཡང་ཐ་སྙད་ཙམ་དུ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ། དེ་གཉིས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཡིན་པས་དོན་དམ་པར་འབྲེལ་པ་མེད་པའི་ཕྱིར་རོ། །དེས་ན་དབང་ཤེས་ཀྱི་ཕྱི་དོན་དངོས་སུ་འཛིན་པ་ཡང་མིན་ཏེ། ཕྱི་དོན་དང་དངོས་སུ་ཕྲད་པ་མེད་པའི་ཕྱིར་ཏེ། ཕྱི་རོལ་དོན་ནི་དངོས་སུ་མིན། །ཞེས་སོ། །གསུམ་པ་ནི། འདི་ནི་དོན་དང་འབྲེལ་བྱེད་པ། །དོན་གྱི་ངོ་བོ་ལས་གཞན་མིན། །དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །ཅེས་དང་། དེ་ཡི་བདག་ཉིད་འཛིན་པ་སྟེ། །དོན་རྟོགས་པ་ཡི། ཞེས་པའི་གཞལ་བྱ་ཞེས་པ་དང་། དོན་ཞེས་པ་རྣམས་ཀྱིས་གཞལ་བྱ་སྟོན། དོན་གྱི་ངོ་བོ་ཞེས་དང་། གཞལ་བྱའི་རང་བཞིན་ཞེས་དང་། དོན་གྱི་བདག་ཉིད་ཅེས་པ་རྣམས་ཀྱིས་ཚད་མ་སྟོན། གཞལ་བྱ་རྟོགས་པ་ཡི་ཞེས་དང་། དོན་རྟོགས་པ་ཡི་ཞེས་པ་རྣམས་ཀྱིས་འབྲས་བུ་སྟོན་ཏེ། འདི་ལ་དགོངས་ནས་ཆོས་མཆོག་གི་དོན་གཞལ་བྱ། དོན་དང་འདྲ་བ་ཚད་མ། དོན་རྟོགས་པ་འབྲས་བུ་ཞེས་པ་ནི་དང་པོའོ་ཞེས་གསུངས་སོ། །གཞལ་བྱ་ལ་ཡང་ཕྱི་རོལ་གྱི་དོན་དང་། ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་དང་། སྔོན་པོ་ལྐོག་ན་མོ་དང་། སྔོན་པོ་རྣམས་གང་གཞལ་བྱར་བྱས་ཀྱང་ཁྱད་པར་མེད་དོ། །འདིར་ཚད་མ་ལ་དོན་གྱི་ངོ་བོ་དང་དོན་གྱི་བདག་ཉིད་དུ་གསུངས་པ་ནི་དོན་གྱི་རང་ངོས་ནས་གཏད་པའི་རྣམ་པ་ལ་དགོངས་པ་ཡིན་གྱི་སྒྲ་ཇི་བཞིན་པར་ནི་མི་བཟུང་ངོ་། །འབྲས་བུའི་སྐབས་སུ་གཞལ་བྱ་རྟོགས་པ་དང་། དོན་རྟོགས་པའི་ཚད་མ་ཞེས་སྒྲ་ཇི་བཞིན་པ་ནི་མི་རུང་སྟེ། དེ་དག་ནི་རྗེས་དཔག་ལ་ཡོད་པའི་ཕྱིར་རོ། །དོན་དངོས་སུ་རྟོགས་པའི་ཚད་མ་འབྲས་བུ་བྱེད་པ་ཡང་མི་འཐད་དེ། མདོ་སྡེ་པའི་ལུགས་ལ་དབང་ཤེས་ཀྱི་དོན་དངོས་སུ་མ་རྟོགས་པའི་ཕྱིར་རོ། །དོན་རྟོགས་པའི་མངོན་སུམ་འབྲས་བུར་བྱས་པའི་ཚེ་རྟོགས་བྲལ་མ་འཁྲུལ་བའི་རིག་པ་ཚད་མར་འཇོག་པ་ཡང་མི་འཐད་དེ། མངོན་སུམ་གྱིས་དོན་རྟོགས་པ་སྒྲུབ་པའི་སྐབས་ཡིན་གྱི་མངོན་སུམ་ཡིན་པའི་སྒྲུབ་བྱེད་འགོད་པའི་སྐབས་མིན་པའི་ཕྱིར། དེས་ན་འདིའི་ཚད་འབྲས་ནི་སྔོན་པོ་གཞལ་བྱ། རང་གི་གཟུང་དོན་སྔོན་པོའི་སྟོབས་ལས་སྔོན་པོའི་རྣམ་ལྡན་དུ་སྐྱེས་པའི་ཤེས་པ་ཚད་མ། སྔོན་པོ་རྟོགས་པའི་མངོན་སུམ་འབྲས་བུའོ། །འདིར་ནི་འདིར་བསྟན་གྱི་ཚད་འབྲས་གང་རུང་ཡིན་ན་དོན་རིག་མངོན་སུམ་ཡིན་པས་ཁྱབ་པའི་དབང་དུ་བྱས་ཀྱི། གཞུང་གི་བསྟན་ཚོད་ལྟར་ན། སྔོན་པོ་གཞལ་བྱ། སྔོ་འཛིན་དབང་པོའི་མངོན་སུམ་བཟུང་དོན། སྔོན་པོའི་སྟོབས་ལས་སྔོན་པོའི་རྣམ་ལྡན་དུ་སྐྱེས་པ་ཚད་མ། སྔོ་འཛིན་དབང་པོའི་མངོན་སུམ་གྱིས་སྔོན་པོ་རྟོགས་པ་འབྲས་བུ་ཞེས་པར་སྣང་ངོ་། །གསུམ་པ་རྩོད་པ་སྤོང་བ་ནི། ཁ་ཅིག་སྔོ་འཛིན་དབང་པོའི་མངོན་སུམ་སྔོན་པོ་ལྐོག་ན་མོ་དང་འདྲ་ན་ཤ་ཟ་དང་འདྲ་བར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། འདིར་འདྲ་བའི་དོན་ནི་རྣམ་པ་ཤར་བ་ཡིན་ལ་དེ་ལ་སྔོན་པོའི་རྣམ་པ་ཤར། ཤ་ཟའི་རྣམ་པ་མ་ཤར་བའི་ཕྱིར་རོ། །ཁ་ཅིག དབང་ཤེས་ཕྱི་དོན་ལྐོག་ན་མོ་དང་འདྲ་བ་མི་འཐད་དེ། ཕྱི་དོན་ལྐོག་ན་མོ་ཚད་མས་མ་ཤེས་ན་འདྲ་བར་མི་ཤེས་ལ། ཚད་མས་གྲུབ་ན་མངོན་སུམ་དང་རྗེས་དཔག་གང་གིས་གྲུབ། དང་པོས་གྲུབ་པ་མི་འཐད་དེ། མངོན་སུམ་ལྐོག་གྱུར་ལ་མི་འཇུག་པའི་ཕྱིར། གཉིས་པས་གྲུབ་པ་ཡང་མི་འཐད་དེ། དེ་ཡོད་པར་སྒྲུབ་བྱེད་ཀྱི་རྟགས་ཡང་དག་མེད་པའི་ཕྱིར་ཞེ་ན། དེ་ནི་མི་འཐད་དེ། ལྐོག་ན་མོའི་དོན་ལྐོག་གྱུར་མིན་པའི་ཕྱིར་ཏེ། ལྐོག་ན་མོ་ནི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལ་འཇོག་ལ། དེ་ཡིན་ན་བློ་དེ་ལ་ལྐོག་གྱུར་དུ་འགལ་བའི་ཕྱིར་རོ། །སྒྲུབ་བྱེད་ཀྱི་རྟགས་མེད་པ་ཡང་མ་གྲུབ་སྟེ། རྒྱུ་གཞན་དག་ནི་ཡོད་ན་ཡང་། །དབང་པོའི་བློ་རྣམས་མེད་པའི་ཕྱིར། །ཐ་དད་རྒྱུ་ནི་རྗེས་དཔོག་འགྱུར། །ཞེས་པ་འདི་ལུགས་འདིའི་ཕྱི་དོན་སྒྲུབ་བྱེད་ཡིན་པའི་ཕྱིར་རོ། །བཞི་པ་སྐབས་སུ་བབ་པའི་དོགས་པ་བཅད་པ་ལ་ཡུལ་རྟོགས་པ་ལ་རྣམ་པ་ཤར་དགོས་མི་དགོས་དཔྱད། དཔྱད་ན་དོན་རྟོགས་མཚན་ཉིད་པ་ཡོད་མེད་དཔྱད་པ་གཉིས་ལས། དང་པོ་ནི། ཁ་ཅིག ཡུལ་རྟོགས་པ་ལ་ཡུལ་གྱི་རྣམ་པ་ཤར་དགོས་པ་རང་རིག་མངོན་སུམ་ལ་ཡང་རང་ཡུལ་དུ་གྱུར་པའི་ཤེས་པ་དེའི་རྣམ་པ་ཤར་བ་ཡིན་ཏེ། གཞན་དུ་ན། དབང་ཤེས་ལ་ཡང་རང་ཡུལ་གྱི་རྣམ་པ་མ་ཤར་བར་མཚུངས་པའི་ཕྱིར་ཏེ། འདི་ལྟར། སྐྱེས་བུ་གཅིག་གི་གཟུགས་ལ་དགྲ་གཉེན་གཉིས་ཀྱིས་བལྟ་བའི་ཚེ་དེའི་གཟུགས་ཆོས་ཅན། མཛེས་མི་མཛེས་ཀྱི་གཞི་མཐུན་དུ་ཐལ། དགྲ་གཉེན་གཉིས་ཀྱི་མིག་ཤེས་ལ་མཛེས་མི་མཛེས་སུ་སྣང་བ་གང་ཞིག དེ་གཉིས་ཀྱིས་རྣམ་མེད་རྗེན་ཆར་དུ་རྟོགས་པར་མཚུངས་པའི་ཕྱིར་ཞེ་ན། ཁྲ་འཛིན་དབང་ཤེས་ལ་ཁྲ་བོར་རགས་པར་སྣང་བའི་རྣམ་པ་ཆོས་ཅན། རྫས་སྣ་ཚོགས་ཡིན་པར་ཐལ། རང་མྱོང་རང་རིག་མངོན་སུམ་ལ་རྫས་སྣ་ཚོགས་སུ་སྣང་བ་གང་ཞིག དེས་རྣམ་མེད་རྗེན་ཆར་དུ་རྟོགས་པའི་ཕྱིར། ཡང་གཟུགས་འཛིན་དབང་མངོན་ཆོས་ཅན། ཁྱོད་ཀྱིས་གཟུགས་རྟོགས་ལ་སྒྲ་མ་རྟོགས་པའི་ཁྱད་པར་མི་འཐད་པར་ཐལ། ཁྱོད་ལ་དེ་གཉིས་ཀྱི་རྣམ་པ་མ་ཤར་བར་མཚུངས་པའི་ཕྱིར། མིག་ཤེས་ཀྱི་འཛིན་རྣམ་ཆོས་ཅན། ཁྱོད་ཀྱིས་མིག་ཤེས་ཀྱི་གཟུང་རྣམ་རྟོགས། ཉན་ཤེས་ཀྱི་གཟུང་རྣམ་མ་རྟོགས་པའི་ཁྱད་པར་མི་འཐད་པར་ཐལ། ཁྱོད་ལ་དེ་གཉིས་ཀྱི་རྣམ་པ་མ་ཤར་བར་མཚུངས་པའི་ཕྱིར་རོ། །དེས་ན་ཡུལ་རྟོགས་པ་ལ་ཡུལ་གྱི་རྣམ་པ་ཤར་དགོས་ཤིང་། རྣམ་ཤར་གྱི་དོན་ཡང་རང་རྒྱུ་ལས་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པ་ལ་མདོ་སེམས་གཉིས་ཆར་གྱིས་འདོད་ཀྱང་། སྔོ་འཛིན་དབང་མངོན་སྔོན་པོའི་རྣམ་ལྡན་ཡིན་པ་དེ་མདོ་སྡེ་པས་ཕྱི་དོན་སྔོན་པོ་ལས་སྐྱེས་པ་དང་། སེམས་ཙམ་པས་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ནི་ཁྱད་པར་རོ་ཞེས་ཟེར་རོ། །མི་འཐད་དེ། འཛིན་རྣམ་ལ་ཤར་བའི་གཟུང་རྣམ་གྱི་རྣམ་པ་དེ་གཟུང་རྣམ་གྱི་རྫས་ཡིན་ནམ། དེ་ལས་རྫས་གཞན་ཡིན། དང་པོ་ལྟར་ན་འཛིན་རྣམ་ཆོས་ཅན། ཁྱོད་ལ་གཟུང་རྣམ་གྱི་རྣམ་པ་མ་ཤར་བར་ཐལ། ཁྱོད་ལ་ཤར་བའི་རྣམ་པ་ཡིན་ན། གཟུང་རྣམ་གྱི་རྫས་ཡིན་དགོས་པའི་ཕྱིར། དཔེར་ན་བྱེ་བྲག་ཏུ་སྨྲ་བས། སྔོ་འཛིན་དབང་མངོན་ལ་སྔོན་པོའི་རྣམ་པ་མ་ཤར་བའི་རྒྱུ་མཚན་དེ་ལ་སྔོན་པོར་སྣང་བའི་རྣམ་པ་དེ་ཕྱི་དོན་སྔོན་པོའི་རྫས་ཡིན་པ་ལས་གཞན་མེད་པ་བཞིན་ནོ། །གཉིས་པ་ལྟར་ན། དེ་གཟུང་རྣམ་གྱིས་གཏད་པར་འགྱུར་ཞིང་། དེ་ཡང་འདོད་ན། གཟུང་རྣམ་དང་འཛིན་རྣམ་རྒྱུ་འབྲས་སུ་ཐལ་བའི་སྐྱོན་གནས་སོ། །གཞན་ཡང་འཛིན་རྣམ་ལ་གཟུང་རྣམ་གྱི་རྣམ་པ་དེའི་རྣམ་པ་ཤར་རམ་མ་ཤར། ཤར་ན་རྣམ་པ་ཐུག་མེད་དུ་འགྱུར་ཤིང་། མ་ཤར་ན་གཟུང་རྣམ་གྱི་རྣམ་པ་ཆོས་ཅན། འཛིན་རྣམ་ལ་ཁྱོད་ཀྱི་རྣམ་པ་ཤར་བར་ཐལ། ཁྱོད་དེའི་ཡུལ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། དེས་ན་ཡུལ་རྟོགས་པ་ལ་ཡུལ་གྱི་རྣམ་པ་ཤར་དགོས་པར་བཤད་པ་ནི་གཞན་རིག་གི་ཤེས་པའི་དབང་དུ་བྱས་པ་ཡིན་གྱི་ཤེས་པ་ཐམས་ཅད་ཀྱི་དབང་དུ་བྱས་པ་མ་ཡིན་ཏེ། རྣམ་པ་ཤར་བ་ལ་གཞལ་བྱ་རང་ངོས་ནས་གཏད་པའི་རྣམ་པ་ཤར་བ་དང་། བག་ཆགས་ཀྱི་དབང་གིས་རྣམ་པ་ཤར་བ་དང་། བདག་རྐྱེན་དབང་པོ་བསླད་པའི་སྒོ་ནས་རྣམ་པ་ཤར་བ་གསུམ་ལས། དང་པོ་ནི། དོན་རིག་མངོན་སུམ་ཁོ་ན་དང་། གཉིས་པ་ནི། རྟོག་པ་ཐམས་ཅད་དང་། གསུམ་པ་ནི། དབང་ཤེས་འཁྲུལ་པ་རྣམས་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ། ཁ་ཅིག དཔྱད་ན་དབང་ཤེས་ཀྱིས་དོན་འཛིན་ན། དབང་ཤེས་དང་ཕྱི་དོན་དུས་མཉམ་མམ་མི་མཉམ། མཉམ་ན་དབང་ཤེས་ཀྱིས་དོན་མ་རྟོགས་པར་ཐལ། དོན་གྱི་དབང་ཤེས་ལ་བྱ་བ་གང་ཡང་མ་བྱས་པའི་ཕྱིར་ཏེ། གཞན་དུ་ན་ཐམས་ཅད་ཀྱི་ཐམས་ཅད་འཛིན་པར་ཐལ་བའི་ཕྱིར་རོ། །མི་མཉམ་ན་དབང་ཤེས་ཡོད་པའི་དུས་སུ་དོན་འགག་ཟིན་པས་མི་འཛིན་ལ། དོན་ཡོད་པའི་དུས་སུ་དབང་ཤེས་མ་སྐྱེས་པས་མི་འཛིན་ཏེ། མ་སྐྱེས་ཀྱང་འཛིན་ན་རི་བོང་གི་རྭ་ཡང་འཛིན་བྱེད་དུ་ཐལ་བའི་ཕྱིར་རོ། །དེས་ན་དཔྱད་ན་དབང་ཤེས་ཀྱིས་དོན་འཛིན་པ་མི་འཐད་དེ། དབང་ཤེས་ཀྱིས་དོན་རྟོགས་པ་སོགས་ཡུལ་ཡུལ་ཅན་གྱི་རྣམ་བཞག་འདི་དག་ཀྱང་བྱ་བྱེད་ལ་ལྟོས་ནས་འཇོག་ལ་བྱ་བྱེད་བདེན་པ་བ་མ་གྲུབ་པའི་ཕྱིར། དབང་ཤེས་ཀྱིས་དོན་རྟོགས་པའི་རྣམ་བཞག་ནི་འཇིག་རྟེན་ན་ཇི་ལྟར་གྲགས་པ་ལྟར་དུ་ཐ་སྙད་བྱས་པ་ཡིན་ཏེ། དཔེར་ན་བུ་ཕའི་གཟུགས་དང་འདྲ་བར་སྐྱེས་པ་ལ་ཕའི་གཟུགས་འཛིན་ཞེས་བརྗོད་པ་ལྟར་དོན་དང་འདྲ་བར་སྐྱེས་པ་ལ་དོན་རྟོགས་ཞེས་བརྗོད་པའི་ཕྱིར་ཏེ། བདག་ཉིད་བྱེད་པོ་མིན་ན་ཡང་། །དེ་ཡི་དབང་གིས་དེར་བཞག་ཕྱིར། །ཞེས་སོགས་གསུངས་པའི་ཕྱིར་ཞེས་བཞེད་དོ། །དེ་ལ་ཁ་ཅིག་ན་རེ། དཔྱད་ན་ཕྱི་དོན་མ་གྲུབ་པར་ཐལ། དཔྱད་ན་ཕྱི་དོན་ཚད་མས་མ་གྲུབ་པའི་ཕྱིར། རྟགས་ཁས། གཞན་ཡང་དཔྱད་ན་ཕྱི་དོན་འཇལ་བྱེད་ཀྱི་ཚད་མ་མེད་པར་ཐལ། དཔྱད་ན་ཕྱི་དོན་ཚད་མས་མ་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། དཔྱད་ན་ཕྱི་དོན་བདེན་པར་གྲུབ་པའི་ཕྱིར་རོ་ཞེས་ཟེར་ན། དཔྱད་ན་དུ་བ་མ་གྲུབ་པར་ཐལ། དཔྱད་ན་དུ་བ་མེའི་འབྲས་བུར་མ་གྲུབ་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དཔྱད་ན་དུ་བ་མེ་ལ་རག་མ་ལས་པའི་ཕྱིར་ཏེ། དཔྱད་ན་དུ་བ་མེ་ལས་སྐྱེས་ཟིན་པའི་ཕྱིར། དེ་ལྟར་ཡང་རང་གི་རྒྱུ་ལས་གྲུབ་པའི་ཕྱིར། འབྲས་བུ་རག་ལས་མེད་པར་ཡང་། །རྟོག་པ་ཡིས་ནི་འབྲེལ་བར་བྱེད། །ཅེས་གསུངས་སོ། །གཞན་ཡང་དཔྱད་ན་མེ་ལས་སྐྱེས་པའི་དུ་བ་མ་གྲུབ་པར་ཐལ། དཔྱད་ན་དུ་བ་མེ་ལས་མི་སྐྱེ་བའི་ཕྱིར། འདོད་མི་ནུས་ཏེ། འདི་དང་ཕྱི་དོན་འཇལ་བྱེད་ཀྱི་ཚད་མ་གཉིས་བདེན་པར་གྲུབ་མ་གྲུབ་མཚུངས་པའི་ཕྱིར་རོ། །དེས་ན་མདོ་སྡེ་པའི་ལུགས་ལ། དཔྱད་ན་དབང་ཤེས་ཀྱིས་ཕྱི་དོན་འཛིན་ན། ཕྱི་དོན་གཞལ་བྱར་བྱས་པའི་ཚེ་དཔྱད་ན་དོན་རིག་འབྲས་བུར་འགྱུར་བས་ཚད་འབྲས་གསུམ་པའི་བསྟན་བྱའི་གཙོ་བོ་དང་འགལ་བར་འགྱུར་རོ། །ཁོ་བོ་ནི། འཇིག་རྟེན་རྒྱུ་གཟུགས་འཛིན་ཞེས་བརྗོད། །ཅེས་དང་། རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །ཅེས་པའི་རྗེས་སུ་འབྲངས་ནས་འཇིག་རྟེན་གྱི་ཐ་སྙད་ལ་ལྟོས་ནས་དབང་ཤེས་ཀྱིས་ཕྱི་དོན་འཛིན་པ་དང་། མདོ་སྡེ་པ་རང་གི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པས་དཔྱད་པའི་ཚེ་ཤེས་པ་རང་གི་ངོ་བོ་འཛིན་པ་འདི་གཉིས་སྨྲའོ། །གཉིས་པ་རྣམ་རིག་སྨྲ་བའི་ཚད་འབྲས་ལ་གསུམ་སྟེ། མདོ་ལས་ཇི་ལྟར་བཤད་པའི་ཚུལ། རྣམ་འགྲེལ་ལས་ཇི་ལྟར་བསྟན་པའི་ཚུལ། དེ་དག་གི་དོན་གཏན་ལ་དབབ་པའོ། །དང་པོ་ནི། མདོར། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་དང་། དེའི་འགྲེལ་པར། ཤེས་པ་ནི་གཉིས་སུ་སྣང་བ་སྐྱེ་སྟེ། རང་གི་སྣང་བ་དང་། ཡུལ་གྱི་སྣང་བའོ། །སྣང་བ་དེ་གཉིས་ལས་རང་རིག་པ་དེ་ནི་འབྲས་བུའོ་ཞེས་པ་འདི་དཔྱད་པའི་ཚེ་གཟུང་རྣམ་གཞལ་བྱར་བྱས་ནས་རང་རིག་འབྲས་བུར་བསྟན་ནོ། །ཡང་། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་དང་། དེའི་འགྲེལ་པར། གང་གི་ཚེ་ཤེས་པ་ཡུལ་དང་བཅས་པ་དོན་ཡིན་པ་དེའི་ཚེ་དེ་དང་རྗེས་སུ་མཐུན་པའི་རང་རིག་པ་ལས་འདོད་པའམ་མི་འདོད་པའི་དོན་རྟོགས་པར་འགྱུར་རོ་ཞེས་པ་འདིས་ཐ་སྙད་དུ་ཕྱི་དོན་གཞལ་བྱར་བྱས་ནས་དོན་རིག་འབྲས་བུར་བསྟན་ནོ། །གཉིས་པ་ལ་གཉིས་ཏེ། དཔྱད་ན་རང་རིག་འབྲས་བུར་བསྟན་པ་རྩ་འགྲེལ་གྱི་དོན་འགྲེལ་བ་དང་། ཐ་སྙད་དུ་དོན་རིག་འབྲས་བུར་བསྟན་པ་རྩ་འགྲེལ་གྱི་དོན་འགྲེལ་བའོ། །དང་པོ་ལ། དབང་ཤེས་ལ་རང་དུས་སུ་སྣང་བའི་ཕྱི་དོན་གྱིས་གཏད་པའི་འབྲས་བུ་ཡིན་པ་བཀག་ནས་རང་རིག་འབྲས་བུར་བསྟན་པ་དང་། དབང་ཤེས་ལ་རང་དུས་སུ་སྣང་བ་ཕྱི་དོན་ཡིན་པ་བཀག་ནས་རང་རིག་འབྲས་བུར་བསྟན་པ་གཉིས་ལས། དང་པོ་ལ། དོན་རིགས་འབྲས་བུ་ཡིན་པའི་སྒྲུབ་བྱེད་དྲིས་ནས་འགོག་པ་ནི། དོན་རིག་གང་ཡིན་ཞེས་སོགས་ཚིགས་བཅད་དྲུག་གོ །དེས་ན་གཟུང་འཛིན་རྫས་གཞན་མེད་པར་གྲུབ་པ་ནི། དེ་ཡི་མྱོང་དེ་བདག་ཉིད་དེ། །ཞེས་སོགས་ཚིགས་བཅད་གཉིས་སོ། །དེ་ལ་རྩོད་པ་སྤོང་བ་ལ། གྲགས་པ་དང་འགལ་བ་སྤང་བ་ནི། དེ་ཡི་དངོས་དེ་སྔོ་སོགས་ཕྱིར། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གོ །མྱོང་བ་དང་འགལ་བ་སྤོང་བ་ནི། ཇི་ལྟར་དེ་ཡི་བདག་ཉིད་ཕྱིར། །ཞེས་སོགས་ཚིགས་བཅད་གཉིས་སོ། །མཐོང་བ་དང་འགལ་བ་སྤོང་བ་ནི། གང་ཚེ་གཟུང་འཛིན་རྣམ་ཕྱེ་བའི། །ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་སོ། །གཟུང་འཛིན་རྫས་གཞན་མེད་པས་རང་རིག་འབྲས་བུར་གྲུབ་པ་ནི། དེས་ན་ཞེས་སོགས་ཚིག་རྐང་གཉིས་སོ། །མདོར་ན་དེ་ཡན་ཆད་ཀྱིས་མདོ་སྡེ་པས་དབང་ཤེས་ལ་རང་དུས་སུ་སྣང་བའི་གཟུང་རྣམ་དེ་ཕྱི་དོན་མ་ཡིན་ཀྱང་ཕྱི་དོན་གྱིས་རང་ངོས་ནས་གཏད་པའི་རྣམ་པ་ཡིན་པས་གཞན་རིག་གི་ཤེས་པར་འདོད་པ་དེ་བཀག་ནས་རིག་བྱ་དོན་གཞན་མེད་པས་རང་རིག་འབྲས་བུར་བསྟན་པའོ། །ད་ནི་གཉིས་པ་དབང་ཤེས་ལ་རང་དུས་སུ་སྣང་བ་ཕྱི་དོན་ཡིན་པ་བཀག་ནས་རང་རིག་འབྲས་བུར་སྒྲུབ་པ་ལ། ཕྱི་དོན་ཡིན་པའི་སྒྲུབ་བྱེད་དྲིས་ནས་འགོག་པ་ནི། གལ་ཏེ་ཕྱི་རོལ་མྱོང་གྱུར་ན། །ཞེས་སོགས་ཚིགས་བཅད་གསུམ་མོ། །དེ་ལ་རྩོད་པ་སྤོང་བ་ནི། འདིར་འགའ་ཞིག་ནི་འགའ་ཞིག་གི །ཞེས་སོགས་ཚིགས་བཅད་གཅིག་གོ །དེས་ན་སྣང་བ་བློ་གཅིག་ཉིད། ཚུལ་གཉིས་སུ་སྣང་བའི་གཟུང་རྣམ་ཡིན་གྱི། ཕྱི་དོན་མ་ཡིན་པ་རང་རིག་འབྲས་བུ་གྲུབ་པ་ནི། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་སོགས་ཚིགས་བཅད་གཅིག་གོ །མདོར་ན་འདི་དག་གིས་བྱེ་བྲག་ཏུ་སྨྲ་བས་དབང་ཤེས་ལ་རང་དུས་སུ་སྣང་བའི་རྣམ་པ་ཉིད་ཕྱི་དོན་དུ་འདོད་པ་བཀག་ནས་དེ་ཉིད་གཟུང་རྣམ་ཡིན་པས་ན་རང་རིག་འབྲས་བུར་བསྟན་ཏེ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་རྩ་འགྲེལ་ལ་ཉན་ཐོས་སྡེ་གཉིས་སོ་སོར་བཀག་ནས་རང་རིག་འབྲས་བུར་བྱས་པའི་བཤད་པ་ཡོངས་རྫོགས་མཛད་པ་སྟེ། སྔོན་ཆད་གཞན་གྱི་བློ་ཡུལ་དུ་མ་གྱུར་པར་སྣང་ངོ་། །གཉིས་པ་ཐ་སྙད་དུ་དོན་རིག་འབྲས་བུར་བསྟན་པ་རྩ་འགྲེལ་གྱི་དོན་འགྲེལ་པ་ནི། གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །ཞེས་སོགས་ཚིགས་བཅད་གསུམ་སྟེ། ཚིགས་བཅད་དང་པོས་ནི། ཐ་སྙད་དུ་ཕྱི་དོན་གཞལ་བྱ། གཟུང་རྣམ་ཚད་མ། དོན་རིག་འབྲས་བུར་བྱས་པའི་རྣམ་རིག་པའི་ལུགས་ཀྱི་ཚད་འབྲས་གཉིས་པ་བསྟན་ཏེ། ལྷའི་འགྲེལ་པར། དེས་ནི་དོན་དང་འདྲ་བ་ནི་ཚད་མ་ཡིན་ཅིང་། དོན་མྱོང་བ་ནི་འབྲས་བུ་ཡིན་པ་དེ་ལྟར་ན་རྣམ་པར་རྟོག་པ་གཉིས་པ་བཤད་པ་ཡིན་ནོ་ཞེས་སོ། །འདི་ནི་སྔར་གྱི་རང་རིག་གི་ཚད་འབྲས་ལ་ལྟོས་ཏེ་གཉིས་པ་ཡིན་པས་སེམས་ཙམ་པའི་ལུགས་སུ་གྲུབ་སྟེ། མྱོང་བ་ཉིད་ནི་འབྲས་བུ་ཡིན། །ཞེས་པའི་འགྲེལ་པར། ལྷས། དེ་དེ་ལྟར་ན་གཟུང་བའི་རྣམ་པ་ནི་གཞལ་བྱ་ཡིན་ཅིང་བདག་ཉིད་ཉམས་སུ་མྱོང་བ་ནི་འབྲས་བུ་ཡིན་ལ། འཛིན་པའི་རྣམ་པ་ནི་སྒྲུབ་པར་བྱེད་པ་དེ་ལྟར་ན་དོན་མེད་པ་ལ་འབྲས་བུའི་རྟོག་པ་འདི་ནི་གཅིག་ཡིན་ནོ་ཞེས་གསུངས་པས་སོ། །གང་ཚེ་ཤེས་ཆ་དོན་དུ་ནི། །ཞེས་སོགས་ཚིགས་བཅད་གཅིག་གིས་ཚད་འབྲས་དེ་ཉིད་ཀྱི་དོན་ལ་ཕྱི་དོན་མེད་ཀྱང་ཐ་སྙད་དུ་ཕྱི་དོན་གཞལ་བྱ་ཡིན་པའི་སྒྲུབ་བྱེད་སྟོན་ཏེ། འདིའི་འགྲེལ་པར་ལྷས། ཡུལ་དུ་སྣང་བ་དོན་གྱི་སྟོང་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་དང་། གཟུང་བའི་རྣམ་པ་ལ་དོན་དུ་ཐ་སྙད་འདོགས་པའི་ཕྱིར་རོ་ཞེས་སོ། །གལ་ཏེ་འདི་དག་འདོད་རྣམས་དང་། །ཞེས་སོགས་ཚིགས་བཅད་གཅིག་གིས་ཐ་སྙད་དུ་གཟུང་རྣམ་ཚད་མ་དང་དོན་རིགས་འབྲས་བུར་བསྟན་ཅིང་། དེ་ཡང་རྣམ་རིག་པའི་ལུགས་ཏེ། འདིའི་འགྲེལ་པར། ལྷས། ཞེས་བྱ་བས་ནི་རྣམ་པར་རིག་པ་ཙམ་ཉིད་ཀྱི་འབྲས་བུའི་རྟོག་པ་འདི་བཤད་དོ་ཞེས་སོ། །རྒྱ་གར་བ་འགའ་ཞིག་དང་། བོད་དག་རྣམ་རིག་པའི་ལུགས་ལ་དོན་ལ་ཕྱི་དོན་མེད་ཀྱང་ཐ་སྙད་དུ་ཡོད་པའི་ཚུལ་མ་རྟོགས་ནས། འདིའི་ཚིགས་བཅད་དང་པོ་ཚད་འབྲས་དང་པོའི་དོན་བསྡུ་ཡིན་པ་ལྷའི་དགོངས་པར་འདོད་པ་ནི་རྣམ་པར་འཁྱམས་ཏེ། ཚིགས་བཅད་གསུམ་ཆར་གྱིས་དོན་རིག་འབྲས་བུར་བསྟན་པར་མཚུངས་པས་ཚིགས་བཅད་ཕྱི་མ་གཉིས་ཀྱང་ཚད་འབྲས་དང་པོའི་དོན་བསྡུར་འགྱུར་ལ། དེ་ལྟར་ན་གོང་དུ་བཤད་པའི་འགྲེལ་པ་དང་འགལ་བའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། མདོ་སྡེ་པའི་ལུགས་ཀྱི་ཚད་འབྲས་དགག རྣམ་རིག་པའི་ལུགས་ཀྱི་ཚད་འབྲས་སྒྲུབ། དེས་གྲུབ་པའི་ཚད་འབྲས་དངོས་སོ། །དང་པོ་ལ་གསུམ་སྟེ། གཞལ་བྱ་ཕྱི་དོན་དགག ཚད་མ་དོན་འདྲ་བ་དགག འབྲས་བུ་དོན་རྟོགས་དགག་པའོ། །དང་པོ་ལ། བྱེ་བྲག་ཏུ་སྨྲ་བས་འདོད་པ་ལྟར་གྱི་དབང་ཤེས་ལ་རང་དུས་སུ་སྣང་བའི་ཕྱི་དོན་ཡིན་པ་དགག་པ་ནི་འོག་ཏུ་འཆད་པར་འགྱུར་བས། འདིར་མདོ་སྡེ་པའི་ལུགས་ཀྱི་ཕྱི་དོན་ལྐོག་ན་མོ་དགག་པ་ལ་ཕྱི་དོན་ཡོད་པ་ལ་སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པ་གཉིས་ལས། དང་པོ་ནི། ཕྱི་དོན་མངོན་སུམ་གྱིས་མ་སྒྲུབ་སྟེ། དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ནི་ཤེས་པའི་རྫས་ཡིན་ལ། དེ་ལས་གཞན་པའི་ཕྱི་དོན་ཚད་མས་མ་དམིགས་པའི་ཕྱིར་རོ། །རྗེས་དཔག་གིས་ཀྱང་མ་གྲུབ་སྟེ། མངོན་སུམ་གྱི་མ་གྲུབ་པའི་ཕྱི་དོན་དེ་ཡོད་པ་སྒྲུབ་པའི་རྟགས་ཡང་དག་མེད་པའི་ཕྱིར། གཉིས་པ་ནི། ཕྱི་དོན་ཡོད་ན། ཕྱི་དོན་དེ་རགས་པ་ལིང་པོ་གཅིག་ཏུ་ཡོད་དམ། རྡུལ་ཕྲན་དུ་མའི་ངོ་བོར་ཡོད། དང་པོ་ལྟར་ན་མི་འཐད་དེ། སྒྲིབ་པ་དང་མ་སྒྲིབ་པ་དང་། གཡོ་བ་དང་མི་གཡོ་བ་དང་ཚོན་གྱིས་བསྒྱུར་བ་དང་མ་བསྒྱུར་བ་ལ་སོགས་པ་འགལ་བ་འདུས་པའི་ཕྱིར་རོ། །གཉིས་པ་ལྟར་ན། འདི་དགག་པ་ལ་རྡུལ་ཕྲན་གྱིས་རགས་པ་རྩོམ་པའི་ཚུལ་བརྗོད་པ་དང་། འགོག་བྱེད་ཀྱི་རིགས་པ་དངོས་དང་། ལུང་དང་འགལ་བ་སྤང་བ་གསུམ་ལས། དང་པོ་ནི། བྱེ་བྲག་པ་རྣམས་ན་རེ། རྡུལ་ཕྲན་རྟག་པ་དུ་མ་ལྷན་ཅིག་ཏུ་འདུས་ནས་ལྡན་པ་དོན་གཞན་དངོས་སུ་བསྐྱེད་ཅིང་། དེས་ཡན་ལག་ཅན་གྱི་རགས་པ་རྩོམ་པ་ཡིན་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དབུས་རྡུལ་གཅིག་ལ་ཕྱོགས་དྲུག་གི་རྡུལ་གྱིས་བསྐོར་བའི་ཚེ་ཕན་ཚུན་རེག་པ་མེད་པས་བར་སྟོང་དང་བཅས་པ་ཡིན་ཏེ། གལ་ཏེ་རེག་ན། རྡུལ་ཕྲན་གཅིག་ལ་རེག་པའི་ངོས་དེ་ཉིད་ཀྱིས་རྡུལ་ཕྲན་གཞན་རྣམས་ལ་རེག་ན། རྡུལ་ཕྲན་ཇི་སྙེད་ཚོགས་ཀྱང་རྡུལ་ཕྲན་ལས་བོང་ཚོད་ཆེ་རུ་མ་སོང་ཞིང་། མ་རེག་ན་ཕྱོགས་ཀྱི་ཆ་ཤས་དང་བཅས་པར་ཐལ་བའི་ཕྱིར་རོ། །དེས་ན་བར་སྟོང་དང་བཅས་པ་ཡིན་ཀྱང་སྡུད་བྱེད་ཀྱི་རླུང་གིས་ཕྱོགས་གཅིག་ཏུ་བསྡུས་པ་ལ་རགས་པ་རྩོམ་པར་འཇོག་པ་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ་རྣམས་ནི་རྡུལ་ཕྲན་རྣམས་རེག་པའི་ཚུལ་གྱིས་རགས་པ་རྩོམ་ན་སྔར་བཤད་པའི་སྐྱོན་གནས་པས་རེག་པ་མེད་ཅིང་། བར་སྟོང་དང་བཅས་པ་ཡང་མིན་ཏེ། རྡུལ་ཕྲན་གཞན་འཇུག་པའི་གོ་རྙེད་པས་བུམ་པ་ལ་སོགས་པའི་ཆུ་མི་ཐུབ་པར་ཐལ་བའི་ཕྱིར་རོ། །དེས་ན་རིགས་མཐུན་གྱི་རྡུལ་ཕྲན་རྣམས་ཕན་ཚུན་འདབས་འབྲེལ་དུ་གནས་ནས་རེག་པ་མེད་ཅིང་བར་སྟོང་མེད་པར་རང་འབྲས་བསྐྱེད་པའི་རྡུལ་ཕྲན་ཁྱད་པར་ཅན་དུ་གྱུར་པ་ལ་རགས་པ་རྩོམ་པར་འཇོག་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་ལུང་གིས་དགག་པ་དང་། རིག་པས་དགག་པ་གཉིས། དང་པོ་ནི། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པས་ཕྱི་དོན་ཡོད་པ་ལ་གནོད་དོ། །གལ་ཏེ་ལུང་དེས་དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ཤེས་པར་བསྟན་པ་ཡིན་གྱི། དེ་ལས་ལོགས་སུ་གྱུར་པའི་ཕྱི་དོན་ཡོད་པ་མ་བཀག་གོ་ཞེ་ན། མི་འཐད་དེ། ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བསྟན་ཏོ། །ཞེས་གསུངས་པས་སོ། །གཉིས་པ་ནི། ཉི་ཤུ་པ་ལས། དྲུག་གིས་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཅེས་དང་། དབུ་མ་རྒྱན་ལས། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །ལྟ་བའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང་། །གལ་ཏེ་དེ་ཉིད་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ཇི་ལྟར་ཡང་། །ས་ཆུ་ལ་སོགས་རྒྱས་འགྱུར་རམ། །ཅེས་གསུངས་ཏེ། རྡུལ་ཕྲན་རྣམས་རེག་པའི་ཚུལ་གྱིས་རགས་པ་རྩོམ་པ་ལ་དྲུག་གིས་ཅིག་ཆར་བསྐོར་བའི་རིགས་པ་འཇུག་པར་མ་ཟད་མ་རིགས་པའི་ཚུལ་གྱིས་རགས་པ་རྩོམ་པ་ལ་ཡང་དྲུག་གི་ཅིག་ཆར་བསྐོར་བའི་རིག་པ་འཇུག་སྟེ། འདི་ལྟར་དབུས་ཀྱི་རྡུལ་གཅིག་ལ་ཕྱོགས་དྲུག་གི་རྡུལ་གྱིས་བསྐོར་བའི་ཚེ་དབུས་རྡུལ་ཤར་རྡུལ་ལ་ལྟ་བའི་ངོས་ནས་ཕྱོགས་གཞན་རྣམས་ཀྱི་རྡུལ་ལ་ལྟ་བའམ་མི་ལྟ། ལྟ་ན་ཕྱོགས་གཞན་རྣམས་ཀྱི་རྡུལ་ཤར་རྡུལ་གྱི་གོ་ས་ན་ཡོད་པར་འགྱུར་ལ། འདོད་ན། རྡུལ་ཕྲན་ལས་བོང་ཚོད་ཆེར་མ་སོང་བར་འགྱུར་རོ། །མི་ལྟ་ན་ཆ་དང་བཅས་པར་འགྱུར་རོ། །གཞན་ཡང་སྔོ་སོགས་ཕྱི་རོལ་དུ་སྣང་འདི་ཆོས་ཅན། བདེན་པར་མ་གྲུབ་སྟེ། བདེན་པའི་གཅིག་དང་དུ་མར་མ་གྲུབ་པའི་ཕྱིར། དེ་བཞིན་དུ་ཕྱི་དོན་ལྐོག་ན་མོ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མར་མ་གྲུབ་པའི་ཕྱིར། ཞེས་པའི་རིགས་པས་གནོད་དོ། །གསུམ་པ་ནི། ཕྱི་རོལ་གྱི་དོན་མེད་ན། བཅོམ་ལྡན་འདས་ཀྱིས་མདོ་ལས། གཟུགས་ཀྱི་ཕུང་པོ་དང་། གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཡོད་པར་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དོན་སྨྲ་བ་རྣམས་རྣམ་རིག་གི་ཚུལ་ལ་འཇུག་པའི་ཆེད་དུ་དགོས་པའི་དབང་གིས་གསུངས་པ་ཡིན་ཏེ། ཉི་ཤུ་པ་ལས། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། དགོས་པའི་དབང་གིས་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་བསྟན་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཚད་མ་དོན་འདྲ་བ་དགག་པ་ལ། འདྲ་ཡུལ་ལ་བརྟགས་ནས་དགག འདྲ་ཚུལ་ལ་བརྟགས་ནས་དགག འདྲ་བ་ཉིད་ཀྱང་མ་གྲུབ་པ་དང་གསུམ་ལས། དང་པོ་ནི། དབང་ཤེས་དེ་ཕྱི་དོན་དང་འདྲ་ན། ཕྱི་དོན་རྡུལ་ཕྲན་དང་འདྲའམ། རགས་པ་དང་འདྲ། དང་པོ་ལྟར་ན་མི་འཐད་དེ། རྡུལ་ཕྲན་ནི་ངོ་བོ་ཕྲ་ཞིང་གྲངས་མང་བར་གནས་ལ། དབང་ཤེས་ལ་རགས་པ་ལིང་པོ་གཅིག་གི་རྣམ་པ་ཤར་བའི་ཕྱིར་ཏེ། རྡུལ་ཕྲན་དེ་དག་གང་གིས་ན། །རགས་པར་སྣང་བ་དེ་འདྲར་བྱེད། །ཅེས་སོ། །གཉིས་པ་ལྟར་ན། རགས་པ་ཆ་མེད་དང་འདྲའམ་ཆ་བཅས་དང་འདྲ། དང་པོ་ལྟར་ན་མི་འཐད་དེ། རགས་པ་ཆ་མེད་བཀག་ཟིན་པའི་ཕྱིར། གཉིས་པ་ལྟར་ན་ཡང་མི་འཐད་དེ། རགས་པ་ཆ་བཅས་རྫས་སུ་མ་གྲུབ་པས་དེའི་རྒྱུར་མི་འཐད་པའི་ཕྱིར། གཉིས་པ་ནི། དབང་ཤེས་དེ་ཕྱི་དོན་དང་འདྲ་ན། དེ་བདག་ཉིད་ཀུན་གྱིས་འདྲའམ། ཆ་འགའ་ཞིག་གིས་འདྲ། དང་པོ་ལྟར་ན། དབང་ཤེས་བེམ་པོར་འགྱུར་ཏེ། དེ་དེ་དང་བདག་ཉིད་ཀུན་གྱིས་འདྲ་བའི་ཕྱིར། བདག་ཉིད་ཀུན་གྱིས་འདྲ་ན་ནི། །ཤེས་པ་ཤེས་པ་ཉིད་མིན་འགྱུར། །ཞེས་སོ། གཉིས་པ་ལྟར་ན། སྔོར་སྣང་དབང་ཤེས་ཀྱིས་སེར་པོ་རྟོགས་པར་འགྱུར་ཏེ། དེ་དང་ཆ་འགའ་ཞིག་གིས་འདྲ་བའི་ཕྱིར། ཆ་འགའ་ཞིག་གིས་མཚུངས་ན་ནི། ཐམས་ཅད་ཐམས་ཅད་ཀྱིས་མྱོང་འགྱུར། །གསུམ་པ་ནི། འདྲ་བ་ཉིད་མ་གྲུབ་སྟེ། འདྲ་བའི་དོན་སྔར་ཚད་མས་རྟོགས་ཟིན་པའི་དོན་དང་། ཕྱིས་མཐོང་བའི་དོན་འདྲ་བར་བཟུང་བ་ལ་འཇོག་དགོས་པ་ལས་སྔར་ཕྱི་དོན་མཐོང་བ་མེད་པའི་ཕྱིར་རོ། །གསུམ་པ་འབྲས་བུ་དོན་རྟོགས་དགག་པ་ནི། དབང་ཤེས་ཀྱིས་དོན་རིག་ན་དོན་རྟོགས་པར་གང་གིས་འཇོག དོན་ལས་སྐྱེ་པས་འཇོག་གམ། འདྲ་བས་འཇོག་གམ། དེ་གཉིས་ཚོགས་པས་འཇོག་གམ། ངེས་པ་འདྲེན་ནུས་པ་དང་གསུམ་ཚོགས་པས་འཇོག དང་པོ་ལྟར་ན། དབང་ཤེས་ཆོས་ཅན། དབང་པོ་གཟུགས་ཅན་པ་རྟོག་པར་ཐལ། དེ་ལས་སྐྱེས་པའི་ཕྱིར། གཉིས་པ་ལྟར་ན་སྔར་བཀག་ཟིན་ཏོ། །གསུམ་པ་ལྟར་ན་སྔོ་འཛིན་དབང་མངོན་སྐད་ཅིག་མ་གཉིས་པ་ཆོས་ཅན། སྔོ་འཛིན་དབང་མངོན་སྐད་ཅིག་མ་དང་པོ་རྟོགས་པར་ཐལ། དེ་ལས་སྐྱེས་པ་གང་ཞིག དེ་དང་སྔོན་པོའི་རྣམ་ལྡན་དུ་མཚུངས་པའི་ཕྱིར། བཞི་པ་ལྟར་ན་མི་འཐད་དེ། དོན་ཚད་མས་མ་རྟོགས་པས་དེ་ལ་ངེས་པ་འདྲེན་པ་མི་འཐད་པའི་ཕྱིར་རོ། །གཉིས་པ་རྣམ་རིག་པའི་ལུགས་ཀྱི་ཚད་འབྲས་བསྒྲུབ་པ་ལ་གཉིས་ཏེ། སྒྲུབ་བྱེད་དངོས་དང་། རྩོད་པ་སྤོང་བའོ། །དང་པོ་ལ་གསུམ་སྟེ། སྣང་བ་སེམས་སུ་བསྒྲུབ། སེམས་སྐད་ཅིག་མར་བསྒྲུབ། སྐད་ཅིག་ཆ་མེད་དུ་བསྒྲུབ་པའོ། །དང་པོ་ལ། གསལ་ཞིང་རིག་པའི་རྟགས་དང་། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་བསྒྲུབ་པ་གཉིས་ལས། དང་པོ་ནི། སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་འདི་ཆོས་ཅན། ཤེས་པ་ཡིན་ཏེ། གསལ་ཞིང་རིག་པ་ཡིན་པའི་ཕྱིར། གཉིས་པ་ནི། སྔོར་སྣང་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བ་གཉིས་ཆོས་ཅན། རྫས་གཞན་མིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། རིགས་པ་དེ་ཉིད་ཀྱིས་དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ཤེས་པའི་རྫས་དང་། དེ་ལས་ལོགས་སུ་གྱུར་པའི་ཕྱི་དོན་མེད་པར་གྲུབ་པས་རྣམ་རིག་གི་ཚུལ་སྒྲུབ་པ་ནི་རྣམ་བདེན་པའི་དབང་དུ་བྱས་པ་ཡིན་གྱི། རྣམ་བརྫུན་པས་ནི་དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ཕྱི་རོལ་དོན་དང་ཤེས་པ་གང་དུ་ཡང་མི་བདེན་པས་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་ལྟར་དོན་ལ་མེད་ཀྱང་ཐོག་མ་མེད་པའི་མཐོང་བ་གོམས་པའི་བག་ཆགས་ཀྱི་དབང་གིས་སྣང་བའི་སྒྲོ་བཏགས་ཡིན་པས་གཟུང་རྣམ་བདེན་པར་མ་གྲུབ་ལ། དེ་མ་གྲུབ་པས་དེ་ལ་ལྟོས་པའི་འཛིན་པ་ཡང་བདེན་པར་མ་གྲུབ་ཅིང་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཁོ་ན་བདེན་གྲུབ་ཏུ་བཞེད་དོ། །གཉིས་པ་ནི། སེམས་ཆོས་ཅན། སྐད་ཅིག་གིས་འཇིག་པ་ཡིན་ཏེ། རང་རྒྱུ་ལས་ཕྱིས་བྱུང་བའི་འཇིག་རྒྱུ་གཞན་ལ་ལྟོས་མེད་དུ་འཇིག་པའི་ཕྱིར། གསུམ་པ་ནི། ཆ་བཅས་འགོག་པས་གྲུབ་སྟེ། འདི་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ནི་ཁ་ཅིག སྐད་ཅིག་ཐམས་ཅད་སྐྱེ་གནས་འཇིག་གསུམ་གྱི་ཆ་དང་བཅས་པ་ཡིན་ལ། དེ་གསུམ་རེ་རེ་ཡང་སྐྱེ་གནས་འཇིག་གསུམ་གྱི་ཆ་དང་བཅས་པ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར། དེས་ན་སྐད་ཅིག་གིས་ཆ་ཤས་ཐུག་པ་མེད་པས་སྐད་ཅིག་ཆ་མེད་མི་སྲིད་དོ་ཞེས་ཟེར། གཉིས་པ་ལ། རྣམ་པར་བརྟགས་ནས་དགག ཧ་ཅང་ཐལ་བས་དགག ལུང་དང་འགལ་བས་དགག་པ་དང་གསུམ་ལས། དང་པོ་ནི། དུས་ཀྱི་ཐུང་མཐའ་ཡོད་དམ་མེད། ཡོད་ན་སྐད་ཅིག་ཆ་མེད་མེད་པ་དང་འགལ། མེད་ན་དུས་ཐམས་ཅད་རིང་པོ་ཡིན་པའི་རྒྱུ་མཚན་གྱིས་མེད་པ་ཡིན་ནམ། དུས་གཏན་མེད་པའི་རྒྱུ་མཚན་གྱིས་མེད་པ་ཡིན། དང་པོ་ལྟར་ན་མི་འཐད་དེ། ལྟོས་ས་ཐུང་ངུ་མེད་པར་དེ་ལ་ལྟོས་པའི་རིང་པོ་མེད་པའི་ཕྱིར། གཉིས་པ་ལྟར་ན། སྐད་ཅིག་ཐམས་ཅད་སྐྱེ་གནས་འཇིག་གསུམ་དང་བཅས་པར་འགལ་ལོ། །ཡང་བགོས་པས་ཐུང་དུ་སོང་མ་སོང་བརྟགས་ན་ཡང་མི་འཐད་དེ། སྐད་ཅིག་གིས་སྐྱེ་གནས་འཇིག་གསུམ་པོ་སྐད་ཅིག་ལས་ཐུང་དུ་སོང་ངམ་མ་སོང་། སོང་ན་སྐད་ཅིག་ཆ་མེད་པ་དང་འགལ། མ་སོང་ན་དེ་གསུམ་པོ་སྐད་ཅིག་གི་ཆ་ཤས་སྔ་ཕྱི་མིན་པར་ཐལ། དབྱེ་གཞི་སྐད་ཅིག་ལ་ལྟོས་ནས་ཐུང་དུ་མ་སོང་བའི་ཕྱིར། ཡང་དངོས་རྒྱུ་ནུས་པ་ཐོགས་མེད་ལ་བརྟགས་ན་ཡང་མི་འཐད་དེ། དངོས་རྒྱུ་ནུས་པ་ཐོགས་མེད་དེ་སྐད་ཅིག་ཆ་དང་བཅས་པ་ཡིན་ནམ་མིན། མིན་ན་སྐད་ཅིག་ཆ་མེད་མེད་པ་དང་འགལ། ཡིན་ན། དངོས་རྒྱུ་ནུས་པ་ཐོགས་མེད་སྐད་ཅིག་མ་དང་པོ་དེ་དངོས་རྒྱུ་མ་ཡིན་པར་འགྱུར་ཏེ། དེ་དང་འབྲས་བུའི་བར་དུ་དངོས་རྒྱུ་སྐད་ཅིག་མ་ཕྱི་མས་ཆོད་པའི་ཕྱིར། གཉིས་པ་ནི། སྐད་ཅིག་མ་གཅིག་ཁོ་ན་ཡིན་པ་མི་སྲིད་པར་ཐལ། སྐད་ཅིག་མ་ཐམས་ཅད་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར། འདོད་ན། སྐད་ཅིག་མ་གསུམ་མེད་པར་ཐལ། སྐད་ཅིག་མ་གཅིག་མེད་པའི་ཕྱིར། གཞན་ཡང་བསྐལ་པ་དང་སྐད་ཅིག་མ་གཉིས་ཡུན་རིང་ཐུང་མཉམ་པར་ཐལ། ཆ་ཤས་ཐུག་མེད་དུ་མཚུངས་པའི་ཕྱིར། དངོས་པོ་ཡིན་ན། རྟག་པ་ཡིན་དགོས་པར་ཐལ། དངོས་པོ་ཡིན་ན་སྐྱེ་གནས་འཇིག་གསུམ་གྱི་བར་སྡོད་པས་ཁྱབ་པའི་ཕྱིར། ད་ལྟར་གྱི་སྐད་ཅིག་དེ་རང་གི་སྐད་ཅིག་གཉིས་པར་གནས་སམ་མི་གནས། མི་གནས་ན་སྐད་ཅིག་ཆ་མེད་མེད་པ་དང་འགལ། གནས་ན་རྟག་པར་ཐལ་ལོ། །དེས་ན་སྐད་ཅིག་ཆ་མེད་མེད་པར་འདོད་པ་ནི་ཆོས་ཀྱི་གྲགས་པའི་དངོས་སྟོབས་ཀྱི་རིགས་པ་མ་ཤེས་པར་ཟད་དོ། །གསུམ་པ་ནི། རྣམ་ངེས་ལས། ཐ་མའི་གནས་སྐབས་ན་ཡོངས་སུ་འགྱུར་བ་མེད་པའི་ཕྱིར་སྐད་ཅིག་ལ་ནི་ཆ་ཤས་མེད་དོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ལ་གསུམ་སྟེ། སྣང་བ་སེམས་སུ་བསྒྲུབ་པ་ལ་རྩོད་པ་སྤང་བ། སེམས་སྐད་ཅིག་ཏུ་སྒྲུབ་པ་ལ་རྩོད་པ་སྤང་བ། སྐད་ཅིག་ཆ་མེད་དུ་སྒྲུབ་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། རྡུལ་ཕྲན་དང་ཤེས་པ་སྐད་ཅིག་མཚུངས་པའི་རྩོད་པ་སྤང་བ། བདེན་བརྫུན་དང་འཁྲུལ་མ་འཁྲུལ་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་གཉིས་མེད་མཚུངས་ཡིན་ཏེ། དྲུག་གིས་ཅིག་ཆར་སྦྱར་བའི་རིགས་པས་རྡུལ་ཕྲན་འཇིག་པ་ལྟར། སློབ་དཔོན་འཕགས་པས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་པའི་རིགས་པས་ཤེས་པ་སྐད་ཅིག་ཆ་མེད་འཇིག་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། དུས་གསུམ་ཅིག་ཆར་དུ་སྐྱེ་ན་ད་ལྟར་གྱི་ཤེས་པ་དེ་འདས་མ་འོངས་ཀྱི་ཆ་དང་བཅས་པ་ཡིན་ཡང་དུས་གསུམ་ཅིག་ཆར་དུ་མི་སྐྱེ་བའི་ཕྱིར་ན། ད་ལྟར་གྱི་ཤེས་པ་དེ་འདས་མ་འོངས་ཀྱི་དངོས་པོའི་ཆ་དང་བཅས་པ་མ་ཡིན་ཏེ། འདས་མ་འོངས་དངོས་པོར་མེད་པའི་ཕྱིར་དང་། རྡུལ་ཕྲན་ཅིག་ཆར་དུ་མ་ཚོགས་ན་རགས་པ་མི་རྩོམ་ཞིང་ཅིག་ཆར་དུ་ཚོགས་ན་དབུས་ཀྱི་རྡུལ་ཕྲན་དེ་ཆ་བཅས་སུ་འགྱུར་བའི་ཕྱིར་རོ། །ད་ལྟར་གྱི་ཤེས་པ་སྐད་ཅིག་མ་ལ་ཡང་དེ་ལྟར་དུ་མཚུངས་སོ་ཞེ་ན་མ་ཡིན་ཏེ། ཤེས་པ་སྐད་ཆིག་ཆ་མེད་ད་ལྟར་སྐྱེས་ཙམ་ལས་གཞན་པའི་ཆ་དང་བཅས་པ་མིན་པའི་ཕྱིར། འོ་ན་འཕགས་པའི་ལུང་དེས་ཤེས་པ་སྐད་ཅིག་མ་ཆ་མེད་བཀག་པ་མ་ཡིན་ནམ་ཞེ་ན། དེས་ནི་ཉན་ཐོས་པ་དག་གིས་དུས་གསུམ་རྫས་ཡོད་དུ་འདོད་པ་བཀག་པ་ཡིན་གྱི་སྐད་ཅིག་ཆ་མེད་ནི་འགོག་མི་ནུས་ཏེ། འདས་མ་འོངས་ཀྱི་བར་དུ་ད་ལྟར་གྱི་ཤེས་པ་སྐད་ཅིག་མ་བཅུག་ཀྱང་འདས་མ་འོངས་ཀྱི་དངོས་པོའི་ཆ་དང་བཅས་པར་མི་འགྱུར་བའི་ཕྱིར་ཏེ། བློས་ཆ་དང་བཅས་པར་རློམ་ཡང་ཆོས་རང་དགའ་བས་དོན་མི་འཇིག་པའི་ཕྱིར། དཔེར་ན་རི་བོང་གི་རྭ་གཉིས་ཀྱི་བར་དུ་བུམ་པ་བཅོམ་པར་རློམ་ཡང་བུམ་པ་འཇིག་པར་མི་འགྱུར་བ་བཞིན་ནོ། །གཉིས་པ་ནི། གལ་ཏེ་དུང་དཀར་སེར་གཉིས་བདེན་བརྫུན་གྱི་ཁྱད་པར་མི་འཐད་པར་ཐལ། དེར་སྣང་བ་ནི་ཤེས་པ་ཡིན་ལ། དེ་ལས་ལོགས་སུ་གྱུར་པའི་དུང་དཀར་སེར་ནི་མེད་པའི་ཕྱིར་རོ། །དེ་གཉིས་འཛིན་པའི་དབང་ཤེས་ལ་འཁྲུལ་མ་འཁྲུལ་གྱི་ཁྱད་པར་མི་འཐད་པར་ཐལ། དེ་གཉིས་ཀྱི་ཡུལ་བརྫུན་པར་མཚུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དུང་དཀར་པོར་སྣང་བ་ནི་བག་ཆགས་བརྟན་པའི་ཤེས་པའི་སྣང་བ་ཡིན་ལ། དུང་སེར་པོར་སྣང་བ་ནི་བག་ཆགས་མི་བརྟན་པའི་ཤེས་པའི་སྣང་བ་ཡིན་པས་ཐ་སྙད་དུ་བསླུ་མི་བསླུའི་ཁྱད་པར་ཡོད་པའི་ཕྱིར་ན། ཡུལ་གཉིས་ལ་ཐ་སྙད་དུ་བདེན་བརྫུན་དང་། ཡུལ་ཅན་གཉིས་ལ་ཐ་སྙད་དུ་ཚད་མ་ཡིན་མིན་གྱི་རྣམ་བཞག་འཇོག་པའི་ཕྱིར་ཏེ། རྣམ་ངེས་ལས། གཞན་ནི་བག་ཆགས་བརྟན་པའི་ཕྱིར་འཁོར་བ་ཇི་སྲིད་བར་མི་འབྲལ་བར་རྗེས་སུ་འབྲེལ་བ་ནི་ཐ་སྙད་ལ་མི་བསླུ་བ་ལ་ལྟོས་ནས་འདིར་ཚད་མ་ཡིན་ནོ། །འདི་ནི་ཀུན་ཏུ་ཐ་སྙད་པའི་རང་བཞིན་བརྗོད་པ་ཡིན་ཏེ་ཞེས་དང་། དེའི་དོན་རིགས་གཏེར་ལས། བག་ཆགས་བརྟན་དང་མི་བརྟན་པས། །བདེན་དང་བརྫུན་པའི་རྣམ་བཞག་མཛད། །ཅེས་གསུངས་པས་སོ། །གཉིས་པ་ནི། གལ་ཏེ་ཞག་དང་ཟླ་བ་དང་ལོ་དང་བསྐལ་པ་ལ་སོགས་པའི་རྣམ་བཞག་མི་འཐད་པར་ཐལ། སྐད་ཅིག་ལས་ལོགས་སུ་གྱུར་པའི་རྒྱུན་རྫས་སུ་གྲུབ་པ་མེད་པའི་ཕྱིར་ཞེ་ན། འདིའི་ལན་ལ་ཁ་ཅིག དེ་དག་ཀྱང་སྐད་ཅིག་མ་ཡིན་ཏེ། རང་གྲུབ་དུས་ཀྱི་སྐད་ཅིག་མ་གཉིས་པར་འཇིག་པའི་ཕྱིར། དེས་ན་སྐད་ཅིག་ལ་དུས་ཀྱི་ཐུང་མཐའ་ལ་སྐད་ཅིག་ཏུ་བྱས་པ་དང་། རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་མི་སྡོད་པ་ལ་སྐད་ཅིག་ཏུ་བྱས་པ་གཉིས་ལས་ཤེས་པ་སྐད་ཅིག་ནི་དང་པོའི་དབང་དུ་བྱས། ཞག་སོགས་ནི་གཉིས་པའི་དབང་དུ་བྱས་པས། དེ་དག་དངོས་པོ་ཡིན་ཀྱང་དོན་དམ་པའི་དངོས་པོ་ནི་མ་ཡིན་ནོ་ཞེས་ཟེར་བ་ནི་མི་འཐད་དེ། དངོས་པོ་ཡིན་ན། དོན་དམ་པའི་དངོས་པོ་ཡིན་པས་མ་ཁྱབ་པ་བཀག་ཟིན་པའི་ཕྱིར་རོ། །རང་ལུགས་ཀྱི་ལན་ནི་ཞག་ལ་སོགས་པ་དེ་དག་ནི་སྐད་ཅིག་དུ་མ་མཐུད་པ་ལས་རྣམ་པར་རྟོག་པས་རྒྱུན་དུ་སྒྲོ་བཏགས་པ་ཙམ་ཡིན་པས་རྫས་སུ་མ་གྲུབ་པས་སྐྱོན་མེད་དོ། །གསུམ་པ་ནི། ཤེས་པ་སྐད་ཅིག་ཆ་མེད་ཡོད་ན་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་གྲུབ་པར་མཚུངས་སོ་ཞེ་ན། མི་མཚུངས་པར་བསྟན་ཟིན་ཏོ། །ཡང་ཆ་མེད་ཀྱི་དངོས་པོ་ཡོད་པར་ཐལ་ལོ་ཞེ་ན། འདོད་དེ། དུས་ཀྱིས་བསྡུས་པའི་དངོས་པོ་རྣམས་ནི། ད་ལྟ་སྐྱེས་ཙམ་ལས་གཞན་པའི་འདས་མ་འོངས་ཀྱི་ཆ་མེད་པའི་ཕྱིར་རོ།། ༈ །།གསུམ་པ་དེས་གྲུབ་པའི་ཚད་འབྲས་དངོས་ལ། དོན་དམ་རང་རིག་གི་ཚད་འབྲས་དང་། ཐ་སྙད་དོན་རིག་གི་ཚད་འབྲས་གཉིས། དང་པོ་ལ། དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། ཤེས་པ་རང་གི་བདག་ཉིད་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུ་ཞེས་འདོད་པ་ལ། གཞན་དག་ན་རེ། སྔོར་སྣང་དབང་ཤེས་ཆོས་ཅན། རང་རིག་ཡིན་པར་ཐལ། འཛིན་རྣམ་ཡིན་པའི་ཕྱིར་ཏེ། རང་རྒྱུ་ལས་ཡུལ་འཛིན་བྱེད་དུ་སྐྱེས་པའི་རྣམ་པ་ཡིན་པའི་ཕྱིར་ཞེ་ན། དབང་ཤེས་འཁྲུལ་པ་ལ་སྣང་བའི་ཟླ་གཉིས་ཀྱི་རྣམ་པ་ཆོས་ཅན། རང་རིག་ཡིན་པར་ཐལ། རང་རྒྱུ་ལས་ཡུལ་རིག་བྱེད་དུ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཡང་སྔོར་སྣང་དབང་ཤེས་ཆོས་ཅན། འཛིན་རྣམ་ཡིན་པར་ཐལ། ཤེས་པའི་བྱེ་བྲག་ཡིན་པའི་ཕྱིར་ཞེ་ན། གཟུང་རྣམ་ཐམས་ཅད་ཆོས་ཅན་འཛིན་རྣམ་ཡིན་པར་ཐལ། ཤེས་པའི་བྱེ་བྲག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུང་རྣམ་དེ་རང་ལས་ཕྱི་རོལ་རྒྱང་ཆད་ཀྱི་ཡུལ་རྟོགས་ཚུལ་གྱི་སྒོ་ནས་འཇོག འཛིན་རྣམ་དེ་ལ་མ་ལྟོས་པར་འཇོག་པའི་ཕྱིར་ཏེ། དོན་གཞན་མིན་ཕྱིར་ཕྱི་རོལ་ལ། །འཛིན་བདག་ལྟོས་པར་བྱ་བ་མིན། །ཞེས་གསུངས་པའི་ཕྱིར། གཞན་ཡང་། གཞན་རིགས་ཐམས་ཅད་རང་རིག་ཡིན་པར་ཐལ། གཟུང་རྣམ་ཐམས་ཅད་འཛིན་རྣམ་ཡིན་པའི་ཕྱིར། ཁ་ཅིག གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུ་ཞེས་པའི་ཚད་འབྲས་དེ་ཚད་འབྲས་གཉིས་པའི་བསྟན་བྱའི་གཙོ་བོ་དང་། སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་ཚད་འབྲས་ཡིན་ཞེས་ཟེར་བ་ནི་མི་འཐད་དེ། མདོ་སྡེ་པས་ཀྱང་དེ་ཁས་ལེན་པའི་ཕྱིར་ཏེ། འདི་ནི་ཀུན་ལ་སྦྱར་བར་བྱ། །ཞེས་དང་། རིགས་གཏེར་ལས། དེ་ལ་རང་རིག་ཚད་འབྲས་ནི། །རྣམ་བཞག་གྲུབ་མཐའ་ཕལ་ཆེར་མཐུན། །ཞེས་གསུངས་པས་སོ། །འོ་ན་སློབ་དཔོན་ཆོས་མཆོག་གིས་དེ་ཚད་འབྲས་གཉིས་པའི་སྐབས་ཀྱི་ཚད་འབྲས་དང་། རིགས་གཏེར་ལས་རྣམ་བདེན་པའི་ཚད་འབྲས་སུ་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། སེམས་ཙམ་པའི་ལུགས་ལ་དབང་ཤེས་ཀྱི་ཚད་འབྲས་འཇོག་པའི་ཚེ་གཟུང་རྣམ་ལས་གཞན་པའི་གཞལ་བྱ་མེད་ལ། མདོ་སྡེ་པའི་ལུགས་ལ་དེའི་ཚེ་གཟུང་རྣམ་ལས་གཞན་པའི་གཞལ་བྱ་ཕྱི་དོན་ཡོད་པས་ཕྱི་དོན་མེད་པའི་གཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་ལ་དགོངས་པའི་ཕྱིར་རོ། །ཁ་ཅིག ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུ་ཞེས་བྱ་བ་མི་འཐད་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་དེ་སྔོ་འཛིན་དབང་མངོན་གྱི་གཟུང་རྣམ་ཡིན་ནམ་མ་ཡིན། མིན་ན། འདིར་གཟུང་རྣམ་གཞལ་བྱར་གསུངས་པའི་དོན་དུ་མ་སོང་ཞིང་། གཞན་ཡང་དེ་ཆོས་ཅན། ཕྱི་དོན་ཡིན་པར་ཐལ། སྔོ་འཛིན་དབང་མངོན་གྱི་གཞལ་བྱར་གྱུར་པའི་སྔོན་པོ་གང་ཞིག དེ་དང་ལྷན་ཅིག་དམིགས་ངེས་མིན་པའི་ཕྱིར། རྟགས་གཉིས་ཆར་ཁས། གཟུང་རྣམ་ཡིན་ན། སྔོ་འཛིན་དབང་མངོན་ཆོས་ཅན། ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་དེ་ཁྱོད་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མིན་པར་ཐལ། ཁྱོད་དེ་དང་རྫས་གཅིག་ཡིན་པའི་ཕྱིར། རྟགས་བསལ་ཁས། ཡང་སྔོ་འཛིན་དབང་མངོན་དེ་དེ་ལ་རང་རིག་ཡིན་ནམ་གཞན་རིག་ཡིན། དང་པོ་ལྟར་ན། དེའི་རྣམ་པ་ཤར་བ་དང་འགལ་ཞིང་། གཉིས་པ་ལྟར་ན་སྔོ་འཛིན་དབང་མངོན་དེ་སྔོ་འཛིན་དབང་མངོན་གྱི་བདག་ཉིད་དུ་གྱུར་པའི་སྔོན་པོ་ལ་གཞན་རིག་ཏུ་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། དེ་དེ་ལ་མངོན་སུམ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་ལ་གཞན་རིགས་མིན་པར་ཐལ། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པའི་ཕྱིར། གཉིས་པ་ནི། རིགས་གཏེར་རང་འགྲེལ་ལས། སེམས་ཙམ་པའི་ལྟར་ན། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང་། །འཇལ་བྱེད་འབྲས་བུར་གནས་པ་འདི། །ཇི་ལྟར་སྣང་བ་བཞིན་དུ་བྱས། །ཅེས་གསུངས་པ་ལྟར། རྣམ་བཅས་པ་དག་གཟུང་བར་སྣང་བ་གཞལ་བྱ། དེ་འཛིན་པར་སྣང་བ་ཚད་མ། རང་རིག་མཚན་ཉིད་པ་འབྲས་བུར་འདོད་པ་གཞལ་བྱ་དང་ཚད་འབྲས་བདེ་སྡུག་མྱོང་བ་ལྟར་དུས་དང་ངོ་བོ་གཅིག་ཏུ་འདོད་དོ། །རྣམ་བརྫུན་པ་དོན་དུ་སྣང་བའི་སྒྲོ་བཏགས་གཞལ་བྱ། དེ་འཛིན་པའི་ཤེས་པ་ཚད་མ། རང་རིག་བཏགས་པ་བའི་ཐ་སྙད་འབྲས་བུར་འདོད་པས་གཞལ་བྱ་དང་། ཚད་འབྲས་གཉིས་སྐྲ་སོགས་སྣང་བ་ལྟར་གཅིག་པ་བཀག་པར་འདོད་དོ་ཞེས་གསུངས་པའི་དོན་ལ། སྤྱིར་གཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་མདོ་སེམས་གཉིས་ཆར་གྱིས་འདོད་ཀྱང་། གཟུང་རྣམ་ལ་མི་འདྲ་བའི་ཁྱད་པར་ཡོད་དེ། མདོ་སྡེ་པས་ཕྱི་རོལ་དོན་ལས་སྐྱེས་པའི་སྒོ་ནས་དེའི་རྣམ་པ་ཤར་བ་ལ་གཟུང་རྣམ་དང་། རྣམ་བདེན་པས་ཕྱི་དོན་མེད་ཀྱང་བག་ཆགས་ཀྱི་དབང་གིས་ཤེས་པ་ཉིད་གཟུང་བར་སྣང་བ་ལ་གཟུང་རྣམ་དུ་འདོད་པའི་ཕྱིར་རོ། །དེས་ན་རྣམ་བདེན་པས་དེ་ཉིད་གཞལ་བྱར་བྱས་ནས་དེ་ཡོངས་སུ་གཅོད་པར་བྱེད་པའི་འཛིན་རྣམ་ཚད་མ་དང་། དེ་ཉམས་སུ་མྱོང་བའི་རང་རིག་མཚན་ཉིད་པ་འབྲས་བུར་འདོད་དོ། །གཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་རྣམ་བདེན་པ་ལ་སྦྱར་བ་ཡང་འདི་ལ་དགོངས་ཏེ། ཚད་འབྲས་གཉིས་པའི་སྐབས་ཀྱི་གཟུང་རྣམ་དེ་ཕྱི་དོན་མེད་ཀྱང་བག་ཆགས་ཀྱི་དབང་གིས་ཤེས་པ་ཉིད་གཟུང་འཛིན་གཉིས་སུ་སྣང་བའི་གཟུང་རྣམ་ཡིན་པའི་ཕྱིར་ཏེ། འདིར་འགག་ཞིག་ནི་འགའ་ཞིག་གི །བག་ཆགས་རབ་ཏུ་སད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །ཞེས་གསུངས་པས་སོ། །རྣམ་བརྫུན་པས་དོན་དུ་སྣང་བའི་གཟུང་རྣམ་སྒྲོ་བཏགས་གཞལ་བྱ། དེ་དངོས་སུ་འཛིན་པའི་ཤེས་པ་ཚད་མ། དེ་ཉམས་སུ་མྱོང་བར་སྣང་བའི་རང་རིག་བཏགས་པ་བ་འབྲས་བུར་བཞེད་དོ། །དེ་དངོས་སུ་འཛིན་པའི་ཤེས་པ་དེ་གཟུང་རྣམ་སྒྲོ་བཏགས་དེ་རང་མིན་པས་དེ་ལ་རང་རིག་བཏགས་པ་བ་ཡིན་ཀྱང་། རང་གི་ངོ་བོ་ལ་རང་རིག་མཚན་ཉིད་པ་ཡིན་ཏེ། རང་བདག་ཡུལ་དུ་བཞག་པ་ན། །ཞེས་པའི་སྐབས་ནས་བསྟན་པའི་རང་རིག་མཚན་ཉིད་པའི་ཚད་འབྲས་དེ་རྣམ་བརྫུན་པས་ཀྱང་ཁས་ལེན་པའི་ཕྱིར་རོ། །མདོར་ན་གཟུང་རྣམ་ཤེས་པར་བདེན་པ་མདོ་སྡེ་པ་དང་རྣམ་བདེན་པ་གཉིས་ཀྱི་ལུགས་དང་། དོན་ཤེས་གང་དུ་ཡང་མི་བདེན་པ་རྣམ་བརྫུན་པའི་ལུགས་སུ་རྟོགས་ན་གཟུང་རྣམ་གཞལ་བྱར་བྱས་པའི་ཚེ་འབྲས་བུ་ལ་རང་རིག་མཚན་ཉིད་པ་དང་བཏགས་པ་བ་འབྱུང་བའི་ཁྱད་པར་ལ་རྨོངས་པ་མེད་པར་འགྱུར་ཞིང་། དེང་སང་གཟུང་རྣམ་ཡིན་ན་ཤེས་པ་ཡིན་པས་ཁྱབ་པ་རྣམ་བརྫུན་པའི་ལུགས་སུ་སྨྲ་བ་དེ་དག་གིས་ནི་བསྐལ་པའི་བར་དུ་འབད་ཀྱང་དོན་དེ་རྟོགས་པར་མི་འགྱུར་ལ། རྣམ་བདེན་བརྫུན་གྱི་ཁྱད་པར་ལ་ཡང་རྨོངས་པར་འགྱུར་རོ། །གཉིས་པ་ནི། རྣམ་བདེན་བརྫུན་གཉིས་ཀས་ཀྱང་ཐ་སྙད་དུ་ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་གཞལ་བྱ། བག་ཆགས་བརྟན་བྱུང་གི་ཤེས་པ་ལ་སྔོན་པོ་གསལ་བར་སྣང་བའི་གཟུང་རྣམ་ཚད་མ། ཐ་སྙད་དུ་ཕྱི་དོན་སྔོན་པོ་རིག་པའི་དོན་རིག་མངོན་སུམ་འབྲས་བུར་བཞེད་དེ། འདི་བསྒྲུབ་པ་ལ། ལུང་གིས་བསྒྲུབ་པ་དང་། རིགས་པས་བསྒྲུབ་པ་དང་། ཐ་སྙད་ཀྱི་དོན་བཤད་པ་དང་གསུམ་ལས། དང་པོ་ནི། དམིགས་བརྟག་ལས། ནང་གི་ཤེས་པའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་དེ། །དོན་ཉིད་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་པའི་ཚིག་རྐང་དང་པོ་གཉིས་ཀྱིས་ཐ་སྙད་དུ་ཕྱི་དོན་དུ་འཇོག་པའི་གཞི་ངོས་བཟུང་ནས་དོན་ཉིད་ཅེས་པས་ཐ་སྙད་དུ་དོན་ཉིད་དུ་འཇོག་པར་བསྟན། རྣམ་ཤེས་ངོ་བོའི་ཕྱིར་ཞེས་པས་དོན་ལ་ཤེས་པ་རང་གི་ངོ་བོ་ཡིན་པར་བསྟན། ཚིག་རྐང་ཐ་མས་ཐ་སྙད་དུ་མེད་ན་མི་འབྱུང་གི་འབྲེལ་པ་གྲུབ་པས་དམིགས་རྐྱེན་གྱི་མིང་གིས་བཏགས་པར་བསྟན་ནོ། །དེ་བཞིན་དུ་རྣམ་ངེས་ལས། དོན་གནས་པ་ནི་རང་རིག་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རང་རིག་པ་ཡིན་ཡང་འབྲས་བུ་ལས་འདི་ནི་དོན་རིག་པ་ཡིན་པར་བལྟའོ་ཞེས་དང་། རྣམ་འགྲེལ་ལས། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་པའི་དོན་ཡང་ཐ་སྙད་དུ་དོན་རིག་ཏུ་འཇོག་པའི་དབང་ཤེས་འདི་ཉིད་ལ་རང་དུས་སུ་སྣང་བ་དེ་དོན་ལ་ཤེས་པ་རང་གི་ངོ་བོ་ཡིན་ཡང་དབང་ཤེས་དེའི་འབྲས་བུ་ངེས་ཤེས་ཀྱི་བློ་ངོར་ཕྱི་རོལ་གྱི་དོན་ཡིན་པས་ཐ་སྙད་དུ་དོན་དུ་འཇོག་ཅེས་པ་སྟེ། འབྲས་བུ་ལས་ཞེས་པ་ནི་དབང་ཤེས་ཀྱི་འབྲས་བུ་ངེས་ཤེས་ཡིན་པའི་ཕྱིར་རོ། །གང་ཚེ་ཤེས་ཆ་དོན་དུ་ནི། །བཞག་ཕྱིར་ཞེས་དང་། དེ་ཉིད་དོན་དུ་རྣམ་པར་ངེས། །ཞེས་པ་རྩ་འགྲེལ་སྔར་དྲངས་པ་རྣམས་ཀྱིས་ཀྱང་ཐ་སྙད་དུ་ཕྱི་དོན་གཞལ་བྱར་བསྟན་ཅིང་། དེ་ཐམས་ཅད་ཀྱི་དོན་བསྡུས་ནས། རིགས་གཏེར་རང་འགྲེལ་ལས། ཐ་སྙད་ཀུན་རྫོབ་ཏུ་མདོ་སྡེ་པ་ལྟར་དོན་རིག་ཚད་འབྲས་ཡིན་ཏེ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་ལ་གང་ལྟར་ཡང་བློ་ཚུལ་གཉིས་པ་ཡིན་ཏེ། ཞེས་གསུངས་སོ། །གཉིས་པ་ནི། གྲུབ་མཐའ་སྨྲ་བ་ཐམས་ཅད་ལ་གནས་ལུགས་དཔྱོད་པའི་རིག་ངོར་འཇོག་པའི་རྣམ་བཞག་དང་། འཇིག་རྟེན་གྱི་ཐ་སྙད་ལ་ཇི་ལྟར་གྲགས་པ་ལྟར་འཇོག་པའི་ཚུལ་གཉིས་ཡོད་པས་འདིར་ཡང་དེ་གཉིས་ངེས་པར་དགོས་ལ། དེ་ལ་བློ་ཚུལ་གཉིས་དང་རང་རིག་སྒྲུབ་པའི་རིག་པས་དཔྱད་པའི་ཚེ་དབང་ཤེས་ལ་རང་དུས་སུ་སྣང་བ་དེ་ཕྱིར་དོན་ཡིན་པ་ཁེགས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་དེ་ཉིད་ལ་ཕྱི་དོན་གྱི་རྣམ་བཞག་བྱེད་དེ། གང་ཕྱིར་ཇི་ལྟར་དོན་བདག་དེ། །ཤེས་ལ་གནས་པ་དེ་ལྟ་བུ། །འདི་ནི་དེ་ལྟར་གནས་སོ་ཞེས། །ངེས་བྱེད་བདག་ཉིད་རིག་པ་ཡིན། །ཞེས་གསུངས་པ་ལྟར། དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ཉིད་ལ་འཇིག་རྟེན་པ་རྣམས་ཀྱིས་གཙང་མི་གཙང་དང་སྔོན་པོ་ཡིན་མིན་སོགས་ཀྱི་ཐ་སྙད་བྱེད་པའི་ཕྱིར། ཐ་སྙད་དུ་ཕྱི་དོན་ཡིན་པ་འདི་ལ་ཡང་བག་ཆགས་བརྟན་པའི་ཤེས་པ་དགོས་པར་རྣམ་ངེས་ཀྱི་ལུང་གིས་ཤེས་སོ། །གསུམ་པ་ནི། འོ་ན་ཐ་སྙད་ཀྱི་དོན་གང་ཞེ་ན། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་ཚད་མ་གཉིས་ཀྱིས་དྲངས་པའི་ངེས་ཤེས་ལ་ངེས་པ་བློའི་ཐ་སྙད་དང་། ངེས་ཤེས་དེས་དྲངས་པའི་རྗོད་བྱེད་ཀྱི་སྒྲ་རྣམས་ལ་བརྗོད་པ་སྒྲའི་ཐ་སྙད་དུ་འཇོག་སྟེ། དེ་ལྟ་བུའི་ངེས་ཤེས་དྲངས་པའི་ཚད་མ་ལ་ཀུན་ཏུ་ཐ་སྙད་པའི་ཚད་མར་འཇོག་པ་ནི་རྣམ་ངེས་ལས་གསལ་བར་འབྱུང་ཞིང་། དེའི་དོན་རིགས་གཏེར་ལས། ཅི་ལྟ་བ་བཞིན་དུ་འབྱུང་གི་བོད་གཞན་རྣམས་ལ་ཚིག་ཙམ་ཡང་མི་སྣང་ན་དོན་ལྟ་ཅི་སྨོས་སོ། །འདི་ལྟ་བུའི་ཐ་སྙད་ངོས་ཟིན་ན་དངོས་པོ་སྨྲ་བའི་ལུགས་ལ་ཐ་སྙད་དུ་ཡོད་ན། ཡོད་པས་མ་ཁྱབ་པ་དང་། དབུ་མ་པའི་ལུགས་ལ་ཁྱབ་པ་ནི་གནས་ལུགས་དཔྱོད་པའི་རིག་ངོར་ཡོད་པ་ཁས་ལེན་མི་ལེན་གྱི་ཁྱད་པར་ཡིན་པ་ཡང་རྟོགས་པར་འགྱུར་རོ།། །།གསུམ་པ་དོན་རིག་གི་ཚད་འབྲས་ལ་དོགས་པ་བཅད་ནས་དཔྱད་ན་རང་རིག་འབྲས་བུར་བསྟན་པ་ལ་གསུམ་སྟེ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ། རྣམ་འགྲེལ་ལས་ཇི་ལྟར་བསྟན་པའི་ཚུལ། དེ་དག་གི་དོན་གཏན་ལ་དབབ་པའོ། །དང་པོ་ནི། མདོ་ལས། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱས་པ་དེའི་ཚེ། ཡུལ་དུ་སྣང་བ་ཉིད་འདི་ཡི། །ཚད་མ་དེ་ཡིས་འཇལ་བར་བྱེད། །ཇི་ལྟ་ཇི་ལྟར་ཡུལ་གྱི་རྣམ་པ་དཀར་པོ་དང་དཀར་པོ་མ་ཡིན་པ་ལ་སོགས་པ་ཤེས་པ་ལ་སྣང་བ་ན་དེ་དང་དེའི་ངོ་བོ་ཡུལ་དང་བཅས་པ་འཇལ་བར་བྱེད་དེ། དེ་ལྟར་རྣམ་པ་དུ་མ་རིག་པའི་ཤེས་པ་དུ་མ་ཉེ་བར་ཁས་བླངས་པ་དེ་ལྟར་དེ་ལྟར་ཚད་མ་དང་གཞལ་བྱ་ཉིད་དུ་ཉེ་བར་འདོགས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་བྱ་བ་དང་བྲལ་བའི་ཕྱིར་རོ་ཞེས་གསུངས་ཏེ། དེའི་དོན་ནི། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པས་རྣམ་རིག་གི་ཚད་འབྲས་དང་ཐུན་མོང་དུ་འབྲས་བུར་བསྟན། གང་གི་ཚེ་ཞེས་སོགས་ཀྱིས་ཕྱི་དོན་གཞལ་བྱར་བསྟན། ཡུལ་དུ་སྣང་བ་ཉིད་འདི་ཡི། །ཚད་མ་ཞེས་པ་རྩ་འགྲེལ་གྱིས་གཟུང་རྣམ་ཚད་མར་བསྟན། དེ་ཡིས་འཇལ་བར་བྱེད། །ཅེས་དང་། །འགྲེལ་པར། དེ་དང་དེའི་ངོ་བོ་ཡུལ་དང་བཅས་པ་འཇལ་བར་བྱེད་དེ། ཞེས་སོགས་ཀྱིས་གཟུང་རྣམ་ཚད་མ་ཡིན་པའི་རྒྱུ་མཚན་བསྟན། ཆོས་ཐམས་ཅད་ནི་བྱ་བ་དང་བྲལ་བའི་ཕྱིར་ཞེས་པས་དངོས་སུ་དཔྱད་ན་ཕྱི་དོན་རིག་པའི་བྱ་བ་མེད་པར་བསྟན་ནས་ཤུགས་ལ་རང་རིག་འབྲས་བུར་བསྟན་ནོ། །གཉིས་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་ཚིགས་བཅད་བཅུ་གཉིས་ཏེ། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱས་པ་དེའི་ཚེ་ཞེས་དང་། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་དོན་སྟོན་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་ཚིགས་བཅད་ལྔའོ། །ཡུལ་དུ་སྣང་བ་ཉིད་འདི་ཡི། །ཞེས་སོགས་ཀྱི་དོན་སྟོན་པ་ནི། དེ་ཚེ་དོན་སྣང་འདི་ཉིད་ནི། །ཞེས་སོགས་ཚིགས་བཅད་ཕྱེད་དང་བཞིའོ། །དེ་ལ་རྩོད་པ་སྤོང་བ་ནི། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་སོ། །དེ་ལྟར་རྣམ་པ་དུ་མ་ཞེས་སོགས་ཀྱི་དོན་སྟོན་པ་ནི། དེ་དང་འདྲ་བའམ་གཞན་འདྲའང་རུང་། །ཞེས་སོགས་ཚིགས་བཅད་གཅིག་གོ །ཆོས་ཐམས་ཅད་ནི་བྱ་བ་དང་བྲལ་བའི་ཕྱིར་རོ་ཞེས་པའི་དོན་སྟོན་པ་ནི། ཇི་ལྟར་རྣམ་པ་འགའ་ཞིག་ལྟར། །ཞེས་སོགས་ཚིགས་བཅད་གཅིག་གོ །དེས་ན་གཞུང་འདི་དག་དོན་ཚན་གསུམ་དུ་འགྱུར་ཏེ། ཕྱི་དོན་གཞལ་བྱ་ལ་རང་རིག་འབྲས་བུར་འཇོག་པའི་རྒྱུ་མཚན། རང་རིག་འབྲས་བུ་ལ་གཟུང་རྣམ་ཚད་མར་འཇོག་པའི་རྒྱུ་མཚན། གཟུང་རྣམ་ཚད་མ་ལ་ཕྱི་དོན་གཞལ་བྱར་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ནི། ཕྱི་དོན་གཞལ་བྱར་བྱས་པའི་ཚེ་རང་ལ་སྣང་བའི་རྣམ་པ་དེ་ཉིད་རིག་པ་ཡིན་གྱི་ཕྱི་དོན་དངོས་སུ་རིག་པ་མ་ཡིན་ཏེ། གལ་ཏེ་རིག་ན་ཕྱི་དོན་དེ་མཛེས་མི་མཛེས་དུ་མའི་གཞི་མཐུན་དུ་ཐལ་བའི་ཕྱིར་རོ་ཞེས་པ་ནི། ཕྱི་རོལ་ཞེས་སོགས་ཚིགས་བཅད་གཅིག་གོ །དེའི་འདོད་པ་ལ་གནོད་པ་སྟོན་པ་ནི། ཁས་བླངས་ན་ཡང་ཞེས་སོགས་ཚིགས་བཅད་གསུམ་མོ། །རྒྱུ་མཚན་དེས་ན་ཕྱི་དོན་གཞལ་བྱར་བྱས་པའི་ཚེ་ཡང་རང་རིག་འབྲས་བུར་རིགས་སོ་ཞེས་པ་ནི། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི། དེའི་ཚེ་ཡང་གཟུང་རྣམ་ཚད་མ་ཡིན་ནོ་ཞེས་སྟོན་པ་ནི། དེ་ཚེ་དོན་སྣང་འདི་ཉིད་ནི། །ཞེས་སོགས་ཚིགས་བཅད་གཅིག་གོ །དེའི་རྒྱུ་མཚན་ཚད་མ་དེས་ཐ་སྙད་དུ་ཕྱི་དོན་རྟོགས་པ་ཅིག་བསྒྲུབ་དགོས་པ་ལས། གཟུང་རྣམ་གྱིས་ནུས་པ་ཡིན་གྱི་འཛིན་རྣམ་གྱིས་ནུས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། གང་ཕྱིར་ཇི་ལྟར་དོན་བདག་དེ། །ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་མོ། །དེ་ལ་ཚད་འབྲས་གཉིས་ཡུལ་ཐ་དད་དུ་ཐལ་བ་སྤང་བ། སྔར་དོན་རིག་འབྲས་བུར་བཤད་པ་དང་འགལ་བ་སྤོང་བ་གཉིས་ནི། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །ཞེས་སོགས་དང་། རང་གི་ངོ་བོ་དཔྱོད་པ་ན། །ཞེས་སོགས་སོ། །གསུམ་པ་ནི། དེ་ལྟར་ཕྱི་དོན་དངོས་སུ་མི་རིག་པར་ཕྱི་དོན་གྱི་རྣམ་པ་རིག་པ་ཙམ་ཡིན་ན། ཅིའི་ཕྱིར་ཕྱི་དོན་གཞལ་བྱར་འཇོག་ཅེ་ན། ཕྱི་དོན་དེ་དང་འདྲ་བ་མདོ་སྡེ་པའི་ལུགས་ལྟར་རམ། གཞན་བག་ཆགས་དང་འདྲ་བ་རྣམ་རིག་པའི་ལུགས་ལྟར་ཡང་རུང་ཐ་སྙད་དུ་དབང་ཤེས་ལ་ཕྱི་དོན་དུ་སྣང་བའི་རྒྱུ་ཐ་སྙད་དུ་ཕྱི་དོན་ཉིད་ཡིན་པས་ཕྱི་དོན་གཞལ་བྱར་འཇོག་ཅེས་པ་ནི། དེ་དང་འདྲ་བའམ་གཞན་འདྲའང་རུང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། སྔ་མ་ལྟར་ན་རྣམ་པ་གཏོད་བྱེད་ཀྱི་རྒྱུ་དང་། ཕྱི་མ་ལྟར་ན་སྣང་བའི་དམིགས་རྐྱེན་གྱི་དོན་ནོ། །འོ་ན་དཔྱད་ན་དབང་ཤེས་ཀྱིས་དོན་མི་རིག་པར་འགྱུར་རོ་ཞེ་ན། འདོད་དེ། མདོ་སྡེ་པ་ལྟར་ན་དེ་གཉིས་རྒྱུ་འབྲས་ཡིན་པས་གཅིག་དངོས་པོར་ཡོད་པའི་ཚེ་ཅིག་ཤོས་དངོས་པོར་མེད་པའི་ཕྱིར་དང་། རྣམ་རིག་པ་ལྟར་ན་ཕྱི་དོན་ཉིད་མ་གྲུབ་པའི་ཕྱིར་ཞེས་པ་ནི། ཇི་ལྟར་རྣམ་པ་འགའ་ཞིག་ལྟར། །ཞེས་སོགས་ཚིགས་བཅད་གཅིག་གོ །ལྷས་ནི། དོན་རིག་དེ་བདག་ཉིད་ཕྱིར་རོ། །ཞེས་པ་ཡན་ཆད་ཀྱིས་ཚད་འབྲས་རྫོགས་པར་བསྟན་ཟིན་ནས་ཚིགས་བཅད་ཕྱི་མ་གཉིས་ནི་ཞར་བྱུང་དུ་བཞེད་དོ། །གསུམ་པ་ལ་གསུམ་སྟེ། གཞུང་འགྲེལ་རྣམས་ལས་བསྟན་པའི་ཚུལ། སྔོན་གྱི་མཁས་པ་རྣམས་ཀྱིས་དཔྱད་པའི་ཚུལ། འཐད་པའི་ཕྱོགས་ངོས་བཟུང་བའོ། །དང་པོ་ནི། མདོར། གང་གི་ཚེ་ཞེས་སོགས་དང་། འདིར། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་དང་། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །ཞེས་དང་། དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་པ་རྣམས་ཀྱིས་ཕྱི་དོན་གཞལ་བྱར་བསྟན། མདོར། ཡུལ་དུ་སྣང་བ་ཉིད་འདི་ཡི། །ཚད་མ་ཞེས་དང་། འདིར། དེ་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན་ཞེས་པ་རྣམས་ཀྱིས་གཟུང་རྣམ་ཚད་མར་བསྟན། མདོར། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་དང་། འདིར། རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །ཞེས་པ་རྣམས་ཀྱིས་རང་རིག་འབྲས་བུར་བསྟན། འདི་ལ་དགོངས་ནས་ཆོས་མཆོག་གིས་འདིར་ནི་དོན་གྱི་ཚུལ་གཉིས་པ་དོན་གཞལ་བྱ། གཟུང་རྣམ་ཚད་མ། རང་རིག་འབྲས་བུ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ་ཞེས་གསུངས་ཤིང་། བོད་སྔ་མ་རྣམས་ཀྱང་དངོས་བསྟན་གྱི་ཚད་འབྲས་འདི་ཁོ་ན་ལྟར་བཞེད་ཀྱང་། བོད་ཕྱི་མ་འགའ་ཞིག་གིས་བཞེད་པའི་ཚད་འབྲས་ནི་གཞུང་ན་མི་སྣང་ངོ་། །གཉིས་པ་ལ་ལྔ་སྟེ། སངས་རྒྱས་པའི་གྲུབ་མཐའ་མིན་པའི་ལུགས། གྲུབ་མཐའ་སྨྲ་བ་བཞི་པོ་གང་རུང་མིན་པར་ཕྱོགས་གླང་ཡབ་སྲས་ཀྱིས་དངོས་སྟོབས་རིགས་པས་བཞག་པའི་ལུགས། མདོ་སྡེ་པ་ཁོ་ནའི་ལུགས། སེམས་ཙམ་པའི་ལུགས། མདོ་སེམས་གཉིས་ཆར་གྱི་ལུགས་སུ་འདོད་པའོ། །དང་པོ་ནི། ཁ་ཅིག ཚད་འབྲས་གསུམ་པ་འདི་སངས་རྒྱས་པའི་གྲུབ་མཐའ་མིན་པར་བྱེད་པ་པོ་སེམས་ཙམ་པས་མདོ་སྡེ་པ་ཁ་དྲངས་པའི་ཕྱིར་དུ་བཀོད་པ་ཡིན་ཏེ། ཁ་དྲངས་པའི་ཚུལ་ཡང་ཕྱི་དོན་དངོས་སུ་མི་འགོག་པར་དབང་ཤེས་ཀྱིས་ཕྱི་དོན་རིག་པའི་ཚུལ་འགོག་པ་ཡིན་ཏེ། དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ཕྱི་དོན་གྱིས་གཏད་པ་བཀག་པས་ཕྱི་དོན་ཤུགས་ལ་ཁེགས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། འོ་ན་ཕྱི་དོན་དངོས་སུ་མི་འགོག་པའི་རྒྱུ་མཚན་ཅི་ཡིན། དེ་བཀག་ན་མདོ་སྡེ་པ་ཁ་དྲང་བར་མི་ནུས་པའི་ཕྱིར་ཞེ་ན། དེ་ལྟར་ན་དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ཕྱི་དོན་གྱིས་གཏད་པ་དངོས་སུ་བཀག་པ་ཡང་མི་འཐད་པར་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་འདྲའི་ཚད་འབྲས་དེ་ཆོས་ཅན། ཁྱོད་བྱེད་པ་པོ་སེམས་ཙམ་པས་མདོ་སྡེ་པ་དྲང་པའི་ཆེད་དུ་བཀོད་པ་ཡང་མི་འཐད་པར་ཐལ། ཁྱོད་མདོ་སྡེ་པས་ཀྱང་མི་འཐད་པར་རྟོགས། སེམས་ཙམ་པས་ཀྱང་མི་འཐད་པར་རྟོགས་པའི་ཕྱིར། རྟགས་གཉིས་ཆར་ཁས། གཉིས་པ་ནི། ཁ་ཅིག་ཚད་འབྲས་གསུམ་པ་འདི་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་ཡང་ལུགས་མིན་ཅིང་། ཕྱོགས་གླང་ཡབ་སྲས་ཀྱིས་དངོས་སྟོབས་ཀྱི་རིགས་པས་བཞག་པའི་ཚད་འབྲས་ཡིན་ནོ་ཞེས་འདོད་པ་ལ་ཉ་དབོན་གྱིས་སངས་རྒྱས་པའི་གྲུབ་མཐའ་བཞིའི་ལུང་ལས་མེད་པར་འདོད་པ་ལ་རྡོ་རྗེ་སྙིང་པོ། ཨཱརྻ་དེ་བ། ཛེ་ཏ་རི། ལྷན་ཅིག་སྐྱེས་པའི་རྡོ་རྗེ། མཻ་ཏྲི་པ། བྱང་ཆུབ་བཟང་པོ་སོགས་ཀྱིས་བཤད་པས། འབྲས་རྟོགས་གསུམ་པ་འདི་དེ་བཞི་གང་གི་ཡང་ལུགས་མིན་པ་ལ་གནོད་ཅིང་། ཞེས་གསུངས་པ་འདི་ཉིད་ཀྱིས་ཁེགས་སོ། །གཞན་ཡང་ཕྱོགས་གླང་ཡབ་སྲས་ལ་བསྐུར་པ་བཏབ་པའི་སྐྱོན་ཡང་ཡོད་དེ། དེ་གཉིས་ཀྱིས་དངོས་སྟོབས་རིགས་པས་གྲུབ་པའི་ཚད་འབྲས་དེ་སངས་རྒྱས་པའི་གྲུབ་མཐའ་བཞི་པོ་གང་རུང་གི་ལུགས་མིན་པའི་ཕྱིར་རོ། །གསུམ་པ་ནི་ཁ་ཅིག ཕྱི་དོན་གཞལ་བྱ། གཟུང་དོན་གྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དཔྱད་ན་རང་རིག་འབྲས་བུ་ཡིན་ཡང་མ་དཔྱད་ན་དོན་རིགས་འབྲས་བུ་ཞེས་དང་། ཡང་གཞལ་བྱ་དང་ཚད་མ་འདྲ་བ་ལ། རང་ལ་སྣང་བ་དེ་ཉིད་དངོས་སུ་མྱོང་བའི་རང་རིག་འབྲས་བུ་མདོ་སྡེ་པ་ཁོ་ནའི་ལུགས་ཡིན་པར་གང་གིས་འགྲུབ་ན། ཕྱི་དོན་གཞལ་བྱར་བྱས་པས་སེམས་ཙམ་པའི་ལུགས་མིན་ལ། དཔྱད་ན་རང་རིག་འབྲས་བུར་བཤད་པས་བྱེ་བྲག་ཏུ་སྨྲ་བ་དང་། དབུ་མ་པའི་ལུགས་མིན་པས་མདོ་སྡེ་པའི་ལུགས་ཡིན་པ་ཤུགས་ལ་གྲུབ་པའི་ཕྱིར་དང་། འཐད་ལྡན་ལས། འདིར་འཐད་པ་འདི་ཕྱི་རོལ་གྱི་དོན་འགོག་པར་འདོད་པ་ནི་མིན་ནོ་ཞེས་དང་། ལྷས། དེ་ཚེ་དོན་སྣང་འདི་ཉིད་ནི། །ཞེས་པའི་སྔ་འགྲེལ་དུ། གང་གི་ཚེ་འདི་ལྟར་ཕྱི་རོལ་གྱི་དོན་ལ་ཡང་རང་རིག་པ་འབྲས་བུར་བརྗོད་པ་ཞེས་དང་། ཛྙཱ་ན་ཤྲཱིས་དེ་ལྟར་ཕྱི་རོལ་གྱི་དོན་ཁས་བླངས་ནས་ཚད་མ་ལ་སོགས་པ་སྨྲས་ཀྱི་ཞེས་གསུངས་པའི་ཕྱིར། འོ་ན་ཚད་འབྲས་དང་པོ་དང་ཁྱད་པར་ཅི་ཡོད་ཅེ་ན། དེར་ཚད་འབྲས་རྫས་གཞན་འགོག་པ་གཙོ་བོ་ཡིན་ལ། འདིར་ནི་བྱེ་བྲག་ཏུ་སྨྲ་བས་དབང་ཤེས་ལ་དོན་གྱི་རྣམ་པ་མ་ཤར་བ་འགོག་པ་གཙོ་བོ་ཡིན་ནོ་ཞེས་བཞེད་དོ། །དེ་ལ་མདོ་སྡེ་པ་ཁོ་ན་ལ་སྦྱོར་བ་ནི་ཅུང་ཟད་མི་འཐད་དེ། འདི་མདོ་སེམས་གཉིས་ཆར་གྱི་དཔྱད་པ་དང་མ་དཔྱད་པའི་ཚད་འབྲས་སོ་སོར་འབྱེད་བྱེད་ཡིན་པའི་ཕྱིར་དང་། མདོ་སྡེ་པ་ཁོ་ནའི་ལུགས་ཡིན་ན། དོན་རིག་གི་ཚད་འབྲས་རྫོགས་ནས་རྣམ་རིག་གི་ཚད་འབྲས་མ་བྱུང་གི་བར་དེར་འབྱུང་རིག་པའི་ཕྱིར་རོ། །ཕྱི་དོན་གཞལ་བྱར་བཤད་པ་ཙམ་གྱིས་སེམས་ཙམ་པའི་ལུགས་མིན་པར་ཡང་མི་འགྲུབ་སྟེ། དེས་ཀྱང་ཐ་སྙད་དུ་ཕྱི་དོན་གཞལ་བྱར་འདོད་པའི་ཕྱིར་རོ། །གཟུང་དོན་གྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་གཟུང་རྣམ་ཚད་མར་བྱེད་པ་ཡང་མི་འཐད་དེ། འདིར་མི་བསླུ་བ་དང་རྟོགས་པ་བསྒྲུབ་བྱར་བྱས་ནས་དེའི་སྒྲུབ་བྱེད་འགོད་པའི་སྐབས་ཡིན་གྱི། དེ་སྒྲུབ་བྱེད་དུ་བྱས་ནས་བསྒྲུབ་བྱ་གཞན་སྒྲུབ་པའི་སྐབས་མིན་པའི་ཕྱིར་རོ། །དཔྱད་ན་རང་རིག་ཡིན་ཡང་མ་དཔྱད་ན་དོན་རིག་འབྲས་བུར་འདོད་པ་ཡང་མི་འཐད་དེ། དེ་ལྟར་ན་རང་རིག་འབྲས་བུ་ཡིན་པ་ཞར་བྱུང་དང་། དོན་རིག་འབྲས་བུ་ཡིན་པ་གཙོ་བོར་འགྱུར་བས་ཚད་འབྲས་གསུམ་པའི་དངོས་བསྟན་དང་འགལ་བའི་ཕྱིར་རོ། །འོ་ན་རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་པ་དང་འགལ་ལོ་ཞེ་ན། མིན་ཏེ། གཞུང་དེས་ཚད་འབྲས་གཉིས་པོ་ཡུལ་ཐ་དད་པའི་རྩོད་པ་སྤོང་བ་ཙམ་ཡིན་གྱི་སྐབས་འདིའི་འབྲས་བུ་སྟོན་པ་མིན་པའི་ཕྱིར་རོ། །བཞི་པ་ལ་ལུགས་ལྔ་ལས། དང་པོ་ནི། ཁ་ཅིག་ཐ་སྙད་པའི་ཚད་འབྲས་དང་། དོན་དམ་པའི་ཚད་འབྲས་གཉིས་ལས། དང་པོ་ནི། དོན་གཞལ་བྱ། དོན་གྱི་རྣམ་པ་ཅན་གྱི་གཟུང་རྣམ་ཚད་མ། དོན་རིག་པ་འབྲས་བུ་ཡིན་ཏེ། དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་གསུངས་པའི་ཕྱིར། མདོ་སྡེ་པ་དང་ཁྱད་པར་མེད་པ་མ་ཡིན་ཏེ། དེ་ནི་དཔྱད་ན་ཕྱི་རོལ་གྱི་དོན་དང་དེ་རིག་པའི་ཤེས་པ་འདོད་པ་ཡིན་ལ། འདིར་ནི་མ་དཔྱད་པའི་ཚེ་ཕྱི་རོལ་གྱི་དོན་དང་དེ་རིག་པའི་ཤེས་པ་འདོད་པའི་ཕྱིར་རོ། །གཉིས་པ་ནི། ཕྱི་དོན་མེད་པའི་ཕྱིར་ན་ཤེས་པ་རང་གི་བདག་ཉིད་གཞལ་བྱ། དེ་ཡོངས་སུ་གཅོད་པའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུ་ཡིན་ནོ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟ་བུའི་ཚད་འབྲས་གཉིས་ཀ་ཡང་ཚད་འབྲས་གསུམ་པའི་དངོས་བསྟན་གྱི་ཚད་འབྲས་མིན་པའི་ཕྱིར་ཏེ། དངོས་བསྟན་ལ་ཕྱི་དོན་གཞལ་བྱ་ལ་གཟུང་རྣམ་ཚད་མ་དང་རང་རིག་འབྲས་བུར་བཤད་པའི་ཕྱིར། ལུགས་གཉིས་པ་ནི། ཁ་ཅིག་འདིར་ཕྱི་དོན་གཞལ་བྱར་བྱེད་པ་ནི་མི་འཐད་དེ། སེམས་ཙམ་རང་ལུགས་ལ་ཕྱི་དོན་ཡོད་དམ་མེད། ཡོད་ན་སེམས་ཙམ་པས་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཁས་མི་ལེན་པར་འགྱུར་ཤིང་། མེད་ན་དེ་ལྟ་བུའི་ཚད་འབྲས་ཀྱི་རྣམ་བཞག་དེ་འཐད་ལྡན་མིན་པར་ཐལ། གཞལ་བྱ་ལ་ཚད་མས་གནོད་པའི་ཕྱིར་རོ། །མདོ་སྡེ་པ་ལ་སྦྱོར་བ་ཡང་མི་འཐད་དེ། འདིར་སྔོན་པོ་གཞལ་བྱ་ལ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུར་བཤད་པའི་ཕྱིར་རོ། །དེས་ན་ཚད་འབྲས་ཀྱི་རྣམ་བཞག་ནི་སྔོན་པོ་གཞལ་བྱ། རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གཟུང་རྣམ་ཚད་མ། རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུའོ། །ཚད་འབྲས་དེ་ལྟར་དུ་བཞག་པ་ལ་རང་རིག་རང་ལྡོག་ནས་འབྲས་བུར་བཞག་བྱུང་སྙམ་ནས་དོགས་པ་གསུམ་སྐྱེ་བར་འགྱུར་ཏེ། སྔོར་སྣང་དབང་ཤེས་རིག་པ་འབྲས་བུ་ཡིན་ན། དེ་ཡོངས་སུ་གཅོད་པ་འཛིན་རྣམ་ཡིན་པས་འཛིན་རྣམ་ཚད་མར་འགྱུར་བ་དང་། གཟུང་རྣམ་ཚད་མ་ཡིན་ན། གཟུང་རྣམ་ནི་ཕྱི་རོལ་གྱི་དོན་ལ་འཇུག རང་རིག་ནི་ཤེས་པ་རང་གི་ངོ་བོ་ལ་འཇུག་པས་ཚད་འབྲས་གཉིས་ཡུལ་ཐ་དད་ལ་འཇུག་པར་འགྱུར་བ་དང་། སྔོན་པོ་གཅིག་གཉིས་གཞལ་བྱ་ལ་ཚད་འབྲས་དང་པོར་སྔོན་པོ་རིག་པ་འབྲས་བུ་དང་འདིར་རང་རིག་འབྲས་བུར་བཤད་པ་འགལ་ལོ་ཞེ་ན། རང་རིག་རང་ལྡོག་ནས་འབྲས་བུར་བཤད་ན་འཛིན་རྣམ་ཚད་མར་འཇོག་དགོས་ཏེ། རང་རིག་ནི་འཛིན་རྣམ་ཁོ་ནས་ཡིན་གྱི་གཞན་གྱིས་མིན་པའི་ཕྱིར་རོ། །འོན་ཀྱང་རང་གི་བདག་ཉིད་དུ་གྱུར་པའི་ཡུལ་རིག་པ་འབྲས་བུ་ཡིན་པས་དེ་ནི་གཟུང་རྣམ་གྱིས་བཞག་ནུས་ཏེ། དེ་ལ་ཡུལ་གྱི་རྣམ་པ་ཤར་བའི་ཕྱིར། ཚད་འབྲས་གཉིས་ཡུལ་ཐ་དད་ལ་འཇུག་པར་ཡང་མི་འགྱུར་ཏེ། ཚད་མ་དེས་རང་གི་བདག་ཉིད་དུ་གྱུར་པའི་ཡུལ་གཅོད་པར་བྱེད་ཅིང་འབྲས་བུ་དེས་ཀྱང་རང་གི་བདག་ཉིད་དུ་གྱུར་པའི་ཡུལ་རིག་པའི་ཕྱིར་རོ། །ཚད་འབྲས་དང་པོ་དང་མི་འགལ་ཏེ། དེར་ནི་སྔོར་སྣང་དབང་ཤེས་ཀྱི་ལག་རྗེས་ལ་སྔོན་པོ་རིག་གོ་སྙམ་པའི་ངེས་ཤེས་བསྐྱེད་པར་བྱེད་དོ་ཞེས་ཤེས་པའི་ཆེད་དུ་སྔོན་པོ་རིག་པ་འབྲས་བུར་བཤད་ལ། འདིར་ནི་གནས་ཚུལ་སེམས་པའི་བློ་ངོར་སྔོར་སྣང་དབང་ཤེས་ཀྱིས་རིག་བྱར་གྱུར་པའི་སྔོན་པོ་དེ་ཤེས་པ་རང་གི་བདག་ཉིད་ཡིན་ནོ་ཞེས་ཤེས་པའི་ཆེད་དུ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུར་བཤད་པ་ཡིན་ནོ་ཞེས་ཟེར་རོ། །མི་འཐད་དེ། སྔོན་པོ་གཞལ་བྱ་ལ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུར་བཤད་པས་མདོ་སྡེ་པའི་ལུགས་མ་ཡིན་ཞེས་པ་ཡང་མི་འཐད་དེ། མདོ་སྡེ་པས་ཀྱང་མ་དཔྱད་ན་དོན་རིག་འབྲས་བུ་དང་དཔྱད་ན་རང་རིག་འབྲས་བུར་འདོད་པའི་ཕྱིར་ཏེ། ཤེས་པ་ལ་རང་དུས་སུ་སྣང་བའི་རྣམ་པ་འདི་ཤེས་པ་རང་གི་བདག་ཉིད་དུ་འདོད་ཕྱིར། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོའི་རྣམ་པ་ཤར་བ་ཚད་མར་བྱེད་པ་ཡང་མི་འཐད་དེ། སྔོན་པོ་ཤེས་པ་དེའི་བདག་ཉིད་ཡིན་ན། དེ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུར་འགལ་བའི་ཕྱིར་རོ། །རང་རིག་རང་ལྡོག་ནས་འབྲས་བུར་བཞག་ན་འཛིན་རྣམ་ཁོ་ནས་དེ་འཇོག་དགོས་པ་ཡང་མི་འཐད་དེ། གཟུང་རྣམ་གཞལ་བྱར་བཞག་པའི་ཚེ་དེ་ལྟར་ཡིན་ཀྱང་སྔོན་པོ་གཞལ་བྱར་བཞག་པའི་ཚེ་སྔོན་པོའི་རྣམ་པ་ཤར་བའི་སྒོ་ནས་དེ་ལྟར་བཞག་པའི་ཕྱིར། འདི་སེམས་ཙམ་པའི་ལུགས་སུ་བྱེད་པ་དང་ཚད་འབྲས་དང་པོ་ལྟར་དོན་རིག་འབྲས་བུར་བྱེད་དགོས་པར་འགྱུར་ཞེས་དོགས་པ་སྐྱེ་བ་འགལ་ཏེ། སེམས་ཙམ་པའི་ལུགས་ཡིན་ན། དེ་ལྟར་དུ་དོགས་པ་སྐྱེ་བའི་གཞི་མེད་པའི་ཕྱིར་རོ། །ལུགས་གསུམ་པ་ནི། མཁས་པ་ཁ་ཅིག ཚད་འབྲས་གསུམ་པ་འདི་མདོ་སྡེ་པའི་ལུགས་ཡིན་པ་མི་འཐད་དེ། མདོ་སྡེ་པས་ནི་ཕྱི་དོན་བདེན་པར་འདོད་པས་དཔྱད་ན་དོན་རིག་འབྲས་བུ་ཡིན་ལ་འདིར་ནི་དོན་རིག་འབྲས་བུར་འཇོག་པ་རིགས་པས་དཔྱད་ན་མི་འཐད་པར་གསུངས་པའི་ཕྱིར། དེས་ན་རྣམ་རིག་པའི་ལུགས་སུ་སྦྱོར་བ་འདི་འཐད་པར་མངོན་ཏེ། དེ་ལ་ཡང་ལུགས་གཉིས་ལས། དང་པོ་ཐ་སྙད་པ་དང་དོན་དམ་པ་གཉིས་སུ་འབྱེད་པའི་ལུགས་དེ་མི་འཐད་དེ། རྣམ་རིག་པའི་ལུགས་ལ་ཕྱི་དོན་མེད་པའི་ཕྱིར་རོ། །ཡང་དེ་བཀག་ནས་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཀྱང་འཐད་པར་མི་མངོན་ཏེ། སེམས་ཙམ་པའི་ལུགས་ལ། ཡུལ་སྔོ་སེར་སོགས་དང་། ཡུལ་ཅན་དབང་ཡིད་ཀྱི་མངོན་སུམ་གྲུབ་ན་ཚུལ་འདི་ངོ་མཚར་རྨད་དུ་བྱུང་བའི་བཤད་པར་འདུག་ནའང་སྔོ་སེར་སོགས་གྲུབ་མ་གྲུབ་ཕྱི་རོལ་གྱི་དོན་དང་བརྟག་པ་མཚུངས་པའི་ཕྱིར་རོ། །དེས་ན་སྔར་སྨྲས་ཟིན་གྱི་དགོངས་པ་ལྟར་སློབ་དཔོན་ཆོས་མཆོག་གིས་ཀྱང་གསུམ་པ་འདི་ལ་ཕྱི་རོལ་གྱི་དོན་གཞལ་བྱ། གཟུང་རྣམ་ཚད་མ། རང་རིག་འབྲས་བུའོ་ཞེས་གསུངས་པ་ལྟར་རོ། །དེ་ཉིད་བསྟན་བཅོས་མཛད་པའི་དགོངས་པའང་ཡིན་ནོ། །འོ་ན་ཕྱི་རོལ་གྱི་དོན་གཞལ་བྱར་འཇོག་གམ་ཞེ་ན། འདི་རང་རྒྱུད་དུ་ཁས་ལེན་པ་ནི་མིན་གྱི། འོ་ན་ཅི་ཞེ་ན། ཕྱི་རོལ་གྱི་དོན་མེད་མོད་གལ་ཏེ་ཡོད་དུ་ཆུག་ནའང་ཞེས་པ་ནི་ཕྱི་རོལ་གྱི་དོན་གཞལ་བྱར་མི་འཐད་མོད། གལ་ཏེ་གཞལ་བྱར་ཁས་ལེན་ནའང་ཕྱི་རོལ་གྱི་དོན་མི་རིག་གི་རང་གི་བདག་ཉིད་དུ་གྱུར་པའི་རྣམ་པ་ཙམ་ཞིག་རིག་གོ་ཞེས་སྒྲུབ་བྱེད་ཀྱི་ཚད་མ་བཀག་པའི་སྒོ་ནས་ཕྱི་རོལ་གྱི་དོན་ཤུགས་ཀྱིས་འགོག་པར་མངོན་ཏེ། དེ་ལྟར་ཡང་ལྷ་དབང་བློས། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །ཞེས་པའི་འགྲེལ་པར་དོན་གཞལ་བྱར་ཁས་ལེན་པར་བྱེད་ན་ཡང་ཞེས་གསུངས་ཤིང་། དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་པའི་འགྲེལ་པར། དེ་ཡང་གཞན་མི་འདོད་མོད་ཀྱི་དགག་པར་བཞེད་ནས་བསྟན་པ་ཡིན་ནོ་ཞེས་སོགས་སྔར་དྲངས་པ་ལྟར་གསུངས་ཤིང་། གཞུང་གི་འཕྲོས་དང་གོ་རིམ་ལས་དེ་ལྟར་གསལ་བའི་ཕྱིར་རོ། །དེས་ན་འདིར་ཚད་མས་གྲུབ་པའི་ཚད་འབྲས་ཀྱི་རྣམ་བཞག་གསུམ་པ་ཞིག་མི་འཇོག་པས། སྔོན་གྱི་མཁས་པ་ཐམས་ཅད་ཀྱིས་ཀྱང་མདོ་སྡེ་པ་དང་སེམས་ཙམ་རྣམ་བདེན་བརྫུན་གྱི་ལུགས་ཀྱི་ཚད་འབྲས་ཙམ་ཞིག་གསུངས་ཀྱི། འདིར་བསྟན་པའི་འབྲས་རྟོགས་གསུམ་པ་ཞེས་བྱ་བ་ཅུང་ཟད་ཀྱང་མི་བཞེད་དོ། །ལྷས་ཀྱང་། མྱོང་བ་ཉིད་ནི་འབྲས་བུ་ཡིན། །ཞེས་པའི་རྗེས་སུ་དོན་མེད་པ་ལ་འབྲས་བུའི་རྣམ་པར་རྟོག་པ་འདི་ནི་གཅིག་ཡིན་ནོ་ཞེས་དང་། རྣམ་བཞག་གསུམ་པ་ལ་དེ་ལྟར་ན་རྣམ་པར་རྟོག་པ་གཉིས་པ་བཤད་པ་ཡིན་ནོ་ཞེས་གསུངས་པས་ན། གསུམ་པས་ནི་སེམས་ཙམ་པའི་ལུགས་སུ་གསལ་བར་གསུངས་པས་ཀྱང་། ཕྱི་རོལ་གྱི་དོན་ཡོད་དུ་ཆུག་ནའང་ཞེས་བརྟག་པ་མཐའ་བཟུང་གི་ཚུལ་དུ་ཁས་བླངས་པ་ཡིན་ནོ། །རྣམ་ངེས་ལས་ཀྱང་། དོན་གྱི་ངོ་བོ་ཇི་ལྟ་བ་བཞིན་དུ། རྣམ་པ་འཇོག་པ་ནི་མ་ཡིན་ཏེ། ཤེས་པ་ཐམས་ཅད་རྣམ་པ་གཅིག་ཏུ་ཐལ་བའི་ཕྱིར་རོ། །རྣམ་པ་ནི་དུ་མར་རིགས་ཏེ། གང་གི་ཕྱིར་རང་བཞིན་གཅིག་ཉིད་གཅིག་གིས་ནི་ཡིད་དུ་འོང་བར་མཐོང་། གཞན་གྱིས་ནི་ཡིད་དུ་མི་འོང་བར་མཐོང་བའི་ཕྱིར་རོ་ཞེས་པ་དང་། འདིར་ཡང་། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་པ་དང་དོན་གཅིག་སྟེ། དེ་དག་གིས་ནི་ཤེས་པ་དོན་དང་འདྲ་བའི་ཆ་བཀག་ལ། རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། །ཇི་ལྟར་རྣམ་པ་འགའ་ཞིག་ལྟར། །ཞེས་སོགས་རྩོད་ལན་གྱིས་ནི་དོན་གྱིས་ཤེས་པ་བསྐྱེད་པའི་ཆ་བཀག་ནས་ཕྱི་རོལ་གཞལ་བྱའི་མཚན་ཉིད་དུ་འདྲ་བ་བསྐྱེད་བྱེད་ཅེས་འདོད་པ་མདོ་སྡེ་པའི་གྲུབ་མཐའི་གཙོ་བོ་དེ་གཞུང་འདི་དག་གིས་ལེགས་པར་བཀག་པ་ཡིན་པས། ཅི་ལྟར་བྱས་ནས་མདོ་སྡེ་པའི་ལུགས་སུ་འཆད། དེས་ན་རྣམ་རིག་པའི་ལུགས་ཡིན་པ་འོས་མེད་ཀྱིས་གྲུབ་བོ་ཞེས་བཞེད་དོ། །འདི་ལའང་དཔྱད་དུ་ཡོད་དེ། མདོ་སྡེ་པས་ཕྱི་དོན་བདེན་པར་འདོད་པས་དཔྱད་ན་དོན་རིག་འབྲས་བུར་འདོད་པ་ཡང་མི་འཐད་དེ། དེས་མེ་དུ་བདེན་པར་འདོད་ཀྱང་དཔྱད་ན་དུ་བ་མེ་འབྲས་སུ་མི་འདོད་པའི་ཕྱིར་རོ། །སེམས་ཙམ་པས་ཐ་སྙད་དུ་ཕྱི་དོན་གཞལ་བྱར་བྱས་པའི་ཚད་འབྲས་འདོད་པ་དང་ཕྱི་དོན་ཁས་མི་ལེན་པ་གཉིས་མི་འགལ་ཏེ། ལུགས་དེ་ལ་ཐ་སྙད་དུ་ཕྱི་དོན་ཡོད་ན་ཕྱི་དོན་ཡོད་པས་མ་ཁྱབ་པར་བཤད་ཟིན་པའི་ཕྱིར་རོ། །སེམས་ཙམ་པའི་ལུགས་ལ་སྦྱར་བའི་ཚེ་ཕྱི་དོན་མེད་མོད་གལ་ཏེ་ཡོད་ན་ཡང་ཞེས་བརྟག་པ་མཐའ་བཟུང་གི་ཚུལ་ཡིན་པ་ཡང་མི་འཐད་དེ། གཞལ་བྱ་དེ་ཚད་འབྲས་དེའི་སྐབས་ཀྱི་ཚད་མས་གྲུབ་པ་ཅིག་དགོས་ཀྱི་བརྟག་པ་མཐའ་བཟུང་གི་གཞལ་བྱ་ལ་ཚད་འབྲས་འཇོག་པ་དོན་མེད་པའི་ཕྱིར་རོ། །ཕྱི་དོན་གཞལ་བྱར་བྱས་པའི་ཚད་འབྲས་དེ་རྩ་བའི་དགོངས་པ་ཡིན་པ་དང་། ཚད་མས་གྲུབ་པའི་ཚད་འབྲས་གསུམ་པའི་རྣམ་བཞག་མེད་པ་ཡང་འགལ་ཏེ། རྩ་བའི་དགོངས་པ་ཡིན་ན་ཚད་མས་གྲུབ་དགོས་པའི་ཕྱིར་རོ། །སྔོན་གྱི་མཁས་པ་རྣམས་ཀྱིས་མདོ་སྡེ་པ་དང་སེམས་ཙམ་རྣམ་བདེན་བརྫུན་གྱི་ཚད་འབྲས་ཙམ་གསུངས་ཀྱི་འདིར་བསྟན་པའི་འབྲས་རྟོགས་གསུམ་པའི་རྣམ་བཞག་མ་གསུངས་ཞེས་པ་ཡང་རང་ལུགས་དང་འགལ་ཏེ། ཆོས་མཆོག་གིས་གསུམ་པ་འདི་ལ་ཞེས་སོགས་གསུངས་པ་དེ་རང་གིས་ཀྱང་ཁས་བླངས་པའི་ཕྱིར་རོ། །རྣམ་བཞག་གསུམ་པ་ལ་དེ་ལྟར་ན་རྣམ་པར་རྟོག་པ་གཉིས་པ་བཤད་པ་ཡིན་ནོ་ཞེས་ལྷས་གསུངས་པར་བཤད་པ་ཡང་རྣམ་བཞག་གསུམ་པ་འབྲས་རྟོགས་གསུམ་པ་ལ་བྱེད་པ་ཡིན་ན་ནི། ལྷས་འབྲས་རྟོགས་གསུམ་པའི་ཐ་སྙད་དངོས་སུ་གསུངས་པས་གནོད་དོ། །རྣམ་འགྲེལ་ངེས་ཀྱི་གཞུང་དེ་དག་གིས་དབང་ཤེས་ལ་སྣང་བའི་མཛེས་མི་མཛེས་ཀྱི་རྣམ་པ་དེ་དོན་གྱིས་གཏད་པ་བཀག་པ་ཡིན་གྱི། ཤེས་པ་དོན་དང་འདྲ་བ་ཙམ་བཀག་པ་མ་ཡིན་ཏེ། གཞུང་དེར་ཕྱི་རོལ་གྱི་ཡུལ་གཅིག་དབང་ཤེས་གཉིས་ལ་རྣམ་པ་ཐ་དད་དུ་སྣང་བར་བཤད་ཅིང་། དེ་སེམས་ཙམ་པའི་ལུགས་ལ་མི་རུང་བའི་ཕྱིར་རོ། །ལུགས་བཞི་པ་ནི། མཁས་པ་ཁ་ཅིག འདི་སེམས་ཙམ་པའི་ལུགས་ཡིན། དེ་ལ་རྟོག་ངོ་དང་ཡིན་ལུགས་ཀྱི་ཚད་འབྲས་གཉིས་ལས། དང་པོ་ནི། རྟོག་པ་ལོག་ཤེས་ཀྱི་ངོར་ཕྱི་དོན་གཞལ་བྱ། དེའི་ངོར་ཕྱི་དོན་གྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེའི་ངོར་ཕྱི་དོན་དངོས་སུ་རྟོག་པའི་ཚད་མ་འབྲས་བུ། གཉིས་པ་ནི། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་གཞལ་བྱ་ཞེས་སོགས་བཞེད་དོ། །མི་འཐད་དེ། དེ་གཉིས་ཀ་ཡང་འདིའི་དངོས་བསྟན་གྱི་ཚད་འབྲས་མིན་པའི་ཕྱིར་ཏེ། དངོས་བསྟན་ལ་ཕྱི་དོན་གཞལ་བྱ་ལ་རང་རིག་འབྲས་བུར་བཤད་པའི་ཕྱིར་རོ། །སྤྱིར་སེམས་ཙམ་པའི་ཚད་འབྲས་ལ། རྟོག་ངོ་དང་ཡིན་ལུགས་གཉིས་སུ་འཐད་ཀྱང་དང་པོ་ལ་རྟོག་པ་ལོག་ཤེས་ཞེས་པའི་ཚིག་གི་ཁྱད་པར་སྣོན་པ་མི་འཐད་དེ། རྟོག་པ་ལོག་ཤེས་ལ་སྣང་བའི་ཚད་འབྲས་ཀྱི་རྣམ་བཞག་རིག་པའི་བསྟན་བཅོས་ལས་གཏན་ལ་དབབ་པར་མི་ནུས་པའི་ཕྱིར་རོ། །ལྔ་པ་ནི་ཁ་ཅིག་ན་རེ། རྒྱན་གྱིས། མ་དཔྱད་ཤིན་ཏུ་དཔྱད་སོགས་ཀྱི། །དབྱེ་བས་ཐ་སྙད་འདི་རྣམ་གསུམ། །ཞེས་པའི་དོན་དུ་བསམས་ནས་ཚད་འབྲས་གསུམ་ཆར་སེམས་ཙམ་པའི་ལུགས་ཡིན་ཅིང་། དང་པོ་ནི། མ་དཔྱད་པ་དང་། གཉིས་པ་ནི། ཅུང་དཔྱད་པ་དང་། གསུམ་པ་ནི། ཤིན་ཏུ་དཔྱད་པའི་ཚད་འབྲས་ཡིན་ནོ། །གཞན་དུ་ན་ཆོས་གྲགས་ལ་ནང་འགལ་ཡོད་པར་འགྱུར་ཏེ། ཚད་འབྲས་དང་པོས་དོན་རིགས་འབྲས་བུར་བསྟན་ཅིང་། གཉིས་པས་དེ་བཀག་ནས་རང་རིག་འབྲས་བུར་བསྟན་པའི་ཕྱིར་ཞེས་སྨྲའོ། །འོ་ན་སངས་རྒྱས་ལ་ནང་འགལ་ཡོད་པར་འགྱུར་ཏེ། མདོ་འགའ་ཞིག་ཏུ་ཕྱི་དོན་ཡོད་པར་བཤད་ཅིང་། མདོ་འགའ་ཞིག་ཏུ་ཕྱི་དོན་བཀག་ནས་རྣམ་རིག་ཙམ་དུ་བསྟན་པའི་ཕྱིར་རོ། །སེམས་ཙམ་པས་ཅུང་ཟད་དཔྱད་པའི་ཚེ་གཟུང་རྣམ་གཞལ་བྱ་དང་། ཤིན་ཏུ་དཔྱད་པའི་ཚེ་ཕྱི་དོན་གཞལ་བྱར་ཁས་བླངས་པར་ཐལ། དམ་བཅའ་དེའི་ཕྱིར། གལ་ཏེ་འབྲས་བུའི་སྒོ་ནས་འཇོག་གོ་ཞེ་ན། མི་འཐད་དེ། འབྲས་བུ་རང་རིག་ཏུ་མཚུངས་པའི་ཕྱིར་རོ། །ལྔ་པ་ནི། ཁ་ཅིག འདི་མ་དཔྱད་པའི་ཚེ་མདོ་སྡེ་པ་དང་། དཔྱད་པའི་ཚེ་སེམས་ཙམ་པའི་ཚད་འབྲས་ཡིན་ནོ་ཞེས་སྨྲའོ། །འོ་ན་ཚད་འབྲས་གསུམ་ཆར་དེ་ལྟར་ཡིན་ནམ། རང་རིག་འབྲས་བུར་ཡིན་པ་དེ་ལྟར་ཡིན། དང་པོ་ལྟར་ན་མི་འཐད་དེ། མདོ་སྡེ་པས་མ་དཔྱད་པའི་ཚེ་རང་རིག་འབྲས་བུར་མི་འདོད་པའི་ཕྱིར་དང་། སེམས་ཙམ་པས་དཔྱད་པའི་ཚེ་ཕྱི་དོན་གཞལ་བྱར་མི་འདོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང་མི་འཐད་དེ། མདོ་སེམས་གཉིས་ཆར་གྱིས་དཔྱད་པའི་རང་རིག་འབྲས་བུར་འདོད་པའི་ཕྱིར་རོ།། །།གསུམ་པ་འཐད་པའི་ཕྱོགས་ངོས་བཟུང་བ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། རྩོད་པ་སྤོང་བའོ། །དང་པོ་ནི། རྣམ་ངེས་ལས། གང་གི་ཕྱིར་རང་བཞིན་གཅིག་ཉིད་ལ་གཅིག་གིས་ཡིད་དུ་འོང་བར་མཐོང་ལ་གཞན་གྱིས་ནི་ཡིད་དུ་མི་འོང་བར་མཐོང་བའི་ཕྱིར་རོ་ཞེས་དང་། གཞན་ལ་ཡང་ཐ་དད་པ་མེད་པའི་སྒྲ་དང་དྲི་ལ་སོགས་པའི་ཁྱད་པར་གྱིས་སྲོག་ཆགས་ཀྱི་བྱེ་བྲག་རྣམས་ཀྱི་དབང་པོ་ཉིད་ཀྱི་བདེ་བ་མི་སྐྱེད་པའི་ཕྱིར་རོ་ཞེས་ཕྱི་རོལ་ཡུལ་གཅིག་ཉིད་ཀྱིས་དབང་ཤེས་སོ་སོ་ལ་རྣམ་པ་ཐ་དད་དུ་གཏོད་པར་བཤད་པས་སེམས་ཙམ་ཁོ་ནའི་ལུགས་མ་ཡིན་ལ། སེམས་ཙམ་པའི་ཚད་འབྲས་ཀྱི་སྐབས་སུ་བཤད་ཅིང་ལུགས་དེ་ལ་ཐ་སྙད་དུ་ཕྱི་དོན་གཞལ་བྱར་འཐད་པས་མདོ་སྡེ་ཁོ་ནའི་ལུགས་ཀྱང་མ་ཡིན་ནོ། །དེ་གཉིས་ལས་གཞན་པའི་རང་ལུགས་ཀྱི་གྲུབ་མཐའ་བསྟན་བཅོས་འདིར་མི་འབྱུང་བས། དངོས་བསྟན་གྱི་ཚད་འབྲས་འདི་མདོ་སེམས་གཉིས་ཀའི་ལུགས་སུ་གྲུབ་བོ། །འོན་ཀྱང་ཕྱི་དོན་གཞལ་བྱར་འཇོག་ཚུལ་ལ་ཁྱད་པར་ཡོད་ཅིང་། དེའི་སྟོབས་ཀྱིས་གཟུང་རྣམ་ལ་ཡང་ཁྱད་པར་ཡོད་པས་རང་རིག་གི་མྱང་བྱ་ལ་ཡང་ཁྱད་པར་ཡོད་པ་ནི། སྔར་ཡང་བཤད་ཟིན་ཅིང་ད་དུང་ཡང་འཆད་པར་འགྱུར་རོ།། །།གཉིས་པ་ལ་སྡོམ་ནི། གཞུང་གི་སྐབས་དང་གཞལ་བྱ་ཡང་སྒྲ་དང་། །ཚད་མ་འབྲས་བུ་དཔྱད་དང་མ་དཔྱད་དང་། །ཡིད་ཆེས་ལུང་ལས་མདོ་སེམས་གཉིས་ཀ་ལ། །འབྲས་རྟོགས་ཚུལ་འདི་འཐད་པར་ཁོ་བོས་མཐོང་། །ཞེས་པ་སྟེ། འདི་ལ་དོན་ཚན་བདུན་ལས། དང་པོ་གཞུང་གི་སྐབས་གཉིས་ཀ་ལ་སྦྱར་བ་ནི། མདོ་སྡེ་པ་ཁོ་ནའི་ལུགས་ཡིན་ལ། དོན་རིག་ཚད་འབྲས་རྫོགས་ནས་རྣམ་རིག་པའི་ཚད་འབྲས་མ་བྱུང་གི་བར་དེར་འབྱུང་རིགས་ཏེ། མདོ་སྡེ་པའི་དོན་རིག་གི་ཚད་འབྲས་ཁོ་ན་ལ་དོགས་པ་གཅོད་བྱེད་ཡིན་ཅིང་། སེམས་ཙམ་པའི་ལུགས་མེད་པའི་ཕྱིར་རོ། །སེམས་ཙམ་པ་ཁོ་ནའི་ལུགས་ཡིན་ན། རང་རིག་ཅེས་ནི་རབ་ཏུ་བཤད། །ཅེས་པའི་འོག་ཏུ་འབྱུང་རིགས་ཏེ། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་སོགས་ཀྱི་གཞུང་དེ་གཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་ལ་དོགས་པ་གཅོད་བྱེད་ཡིན་པས་གཞུང་འདིས་བར་དུ་བཅད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དེས་ན་མདོ་སྡེ་པའི་ལུགས་ཀྱི་ཕྱི་དོན་གཞལ་བྱ་ལ་དོན་རིག་འབྲས་བུར་བྱས་པའི་ཚད་འབྲས་དང་། རྣམ་རིག་པའི་ལུགས་ཀྱི་གཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུར་བྱས་པའི་ཚད་འབྲས་དང་། ཐ་སྙད་དུ་ཕྱི་དོན་གཞལ་བྱ་ལ་ཐ་སྙད་དུ་དོན་རིགས་འབྲས་བུར་བྱས་པའི་ཚད་འབྲས་གཉིས་ཏེ་གསུམ་བཤད་ཟིན་པའི་རྗེས་སུ་ཚད་འབྲས་འདི་འབྱུང་བས་གཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུ་ཡིན་པར་མ་ཟད། ཕྱི་དོན་གཞལ་བྱར་བྱས་པ་གཉིས་པོ་ལ་ཡང་རྗེས་ཀྱི་ངེས་ཤེས་ཀྱི་ཞེན་ངོ་ལ་ལྟོས་ནས་དོན་རིག་འབྲས་བུར་བཞག་པ་ཡིན་གྱི། འོག་ནས་འཆད་པའི་བློ་ཚུལ་གཉིས་དང་རང་རིག་བསྒྲུབ་པའི་རིགས་པས་དཔྱད་ན། རང་རིག་འབྲས་བུ་རིགས་ཏེ། དབང་ཤེས་ཀྱི་རང་དུས་སུ་སྣང་བ་འདི་ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་གཟུང་རྣམ་ཡིན་པའི་ཕྱིར་རོ་ཞེས་སྟོན་པས་འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །གཉིས་པ་གཞལ་བྱ་གཉིས་ཀ་ལ་སྦྱར་བ་ནི། མདོ་སྡེ་པའི་ལུགས་ལ་ཕྱི་དོན་ལྐོག་ན་མོ་གཞལ་བྱ་དང་། རྣམ་རིག་པའི་ལུགས་ལ་ཐ་སྙད་དུ་ཕྱི་དོན་གཞལ་བྱར་འཐད་པའི་ཚུལ་སྔར་བཤད་ཟིན་པས་འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །གསུམ་པ་ཡང་སྒྲ་གཉིས་ཀ་ལ་སྦྱར་བ་ནི། མདོ་སྡེ་པ་ལ་སྦྱར་བའི་ཚེ་གཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུར་མ་ཟད་ཕྱི་དོན་གཞལ་བྱ་ལ་ཡང་ཞེས་སྦྱར་ལ། རྣམ་རིག་པ་ལ་སྦྱར་བའི་ཚེ་རིགས་པས་དཔྱད་པའི་ཚེ་ཕྱི་དོན་མེད་མོད་ཐ་སྙད་དུ་ཕྱི་དོན་ཡོད་ན་ཡང་ཞེས་སྦྱར་བར་བྱ་བ་ཡིན་པས་འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །བཞི་པ་ཚད་མ་གཉིས་ཀ་ལ་སྦྱར་བ་ནི། ཕྱི་དོན་གཞལ་བྱར་བྱས་པའི་ཚེ་གཟུང་རྣམ་ཚད་མ་ཡིན་པར་མདོ་སེམས་གཉིས་ཆར་གྱིས་ཁས་ལེན་དགོས་ཏེ། སྔ་མས་ཕྱི་དོན་ལྐོག་ན་མོ་གཞལ་བྱར་བྱས་པའི་ཚེ་དེས་བཞག་པའི་རྣམ་པ་ཚད་མར་འདོད་ཅིང་། ཕྱི་མས་ཐ་སྙད་དུ་ཕྱི་དོན་གཞལ་བྱར་བྱས་པའི་ཚེ་ཐ་སྙད་དུ་དོན་རིག་པར་འཇོག་དགོས་ལ། དེ་ཡང་དོན་གྱི་རྣམ་པ་ཅན་གྱི་གཟུང་རྣམ་ཁོ་ནས་འཇོག་ནུས་ཀྱི་གཞན་གྱིས་མི་ནུས་པའི་ཕྱིར་རོ། །འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །ལྔ་པ་འབྲས་བུ་གཉིས་ཀ་ལ་སྦྱར་བ་ནི། དཔྱད་ན་རང་རིག་འབྲས་བུ་ཡིན་པ་ཡང་མདོ་སེམས་གཉིས་ཆར་གྱི་ལུགས་ཏེ། མདོ་སྡེ་པས། ཕྱི་དོན་གཞལ་བྱར་བྱས་པའི་ཚེ་ཚུལ་གཉིས་གྲུབ་པར་འདོད་ཅིང་ཚུལ་གཉིས་གྲུབ་པས་རང་རིག་གྲུབ་པའི་ཕྱིར་ཏེ། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར་དང་། རྣམ་རིག་པ་ལ། གཟུང་འཛིན་རྫས་གཞན་མེད་པས་དཔྱད་ན་རང་རིག་འབྲས་བུ་ཡིན་པ་ལས་འོས་མེད་པའི་ཕྱིར། འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །དྲུག་པ་དཔྱད་མ་དཔྱད་གཉིས་ཀ་ལ་སྦྱར་བ་ནི། མདོ་སེམས་གཉིས་ཆར་གྱིས་ཀྱང་དབང་ཤེས་ལ་རང་དུས་སུ་སྣང་བ་འདི་མ་དཔྱད་ན་ཕྱི་དོན་ཡིན་པ་དང་། དཔྱད་ན་ཤེས་པ་རང་གི་ངོ་བོར་འདོད་པར་ཁྱད་པར་མེད་དེ། མདོ་སྡེ་པས་ནི་ཕྱི་དོན་ལྐོག་ན་མོའི་རྣམ་དབྱེ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ངེས་ཤེས་དེས་ཀྱང་སྤྱིར་ཕྱི་རོལ་གྱི་དོན་ངེས་པར་འདོད་ཅིང་། རྣམ་རིག་པས་ནི་བག་ཆགས་བརྟན་འབྱུང་གི་དབང་ཤེས་ཀྱིས་དྲངས་པའི་ངེས་ཤེས་ཀྱི་ངོར་དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ཕྱི་དོན་ཡིན་པར་འདོད་པའི་ཕྱིར་དང་། གཉིས་ཀས་ཀྱང་དཔྱད་པའི་ཚེ་གཟུང་རྣམ་དུ་འདོད་པའི་ཕྱིར་རོ། །འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །བདུན་པ་ཡིད་ཆེས་པའི་ལུང་གཉིས་ཀ་ལ་སྦྱར་བ་ནི། སྔར་དྲངས་པའི་དབང་ཤེས་ཀྱི་ཡུལ་དུ་ཐུན་མོང་བ་ཡོད་པའི་རྣམ་ངེས་ཀྱི་ལུང་དང་། རྣམ་རིག་པའི་ལུགས་ལ་ཐ་སྙད་དུ་ཕྱི་དོན་ཡོད་པའི་ལུང་རྣམས་དང་། འཆད་པར་འགྱུར་བའི་བློ་ཚུལ་གཉིས་པ་དང་རང་རིག་སྒྲུབ་པའི་གཞུང་རྣམས་ནི་ཕྱི་དོན་ཁས་བླངས་པ་དང་མ་བླངས་པ་ཙམ་མ་གཏོགས་མདོ་སེམས་གཉིས་ཆར་གྱི་ལུགས་ཡིན་པ་རྣམས་ནི་དངོས་བསྟན་གྱི་ཚད་འབྲས་མདོ་སེམས་གཉིས་ཆར་གྱི་ལུགས་ཡིན་པའི་ལུང་དུ་འགྱུར་རོ། །དེ་དང་འདྲ་བའམ་གཞན་འདྲའང་རུང་། །ཞེས་པས་ཀྱང་གཉིས་ཀའི་ལུགས་སུ་གསལ་ཏེ། དེ་དང་འདྲ་བ་ཞེས་པ་ནི་ཕྱི་དོན་དང་འདྲ་བ་མདོ་སྡེ་པའི་ལུགས་ཡིན་ལ། གཞན་འདྲ་ལ། ལྷས་མི་འདྲ་བ་ཞེས་བཤད་ཅིང་། སྔ་རབས་པ་ཁ་ཅིག གཞན་བག་ཆགས་དང་འདྲ་བ་ཞེས་བཤད་པ་དོན་གཅིག་པར་སྣང་སྟེ། རྣམ་རིག་པའི་ལུགས་ཡིན་པའི་ཕྱིར་རོ། །མདོར་ན་དེ་ཐམས་ཅད་ཀྱི་དོན་བསྡུས་ནས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས། ཉན་ཐོས་སྡེ་གཉིས་དང་སེམས་ཙམ་རྣམ་བདེན་བརྫུན་གྱི་ཚད་འབྲས་བཞི་བཤད་ཟིན་ནས། དེ་ལྟར་གྲུབ་མཐའ་བཞི་ལས་སློབ་དཔོན་ནི་ཕྱི་རོལ་གྱི་དོན་ཁས་ལེན་པ་ན་མདོ་སྡེ་པར་མཛད་ལ། ཤེས་བྱ་ནང་ལ་འཇུག་པ་ན་རྣམ་མེད་ཞལ་གྱིས་བཞེས་སོ། །གཉིས་ཀ་ལྟར་ཡང་དོན་དམ་པར་རང་རིག་ཚད་འབྲས་ཡིན་ཏེ། རྣམ་འགྲེལ་ལས། རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །ཅེས་གསུངས་པས་སོ། །ཐ་སྙད་དུ་ཀུན་རྫོབ་ཏུ་མདོ་སྡེ་པ་ལྟར་དོན་རིག་ཚད་འབྲས་ཡིན་ཏེ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་ལ། གང་ལྟར་ཡང་བློ་ཚུལ་གཉིས་པ་ཡིན་ཏེ། དོན་རིག་ལྟར་ན་ཡང་། ཕྱི་རོལ་དོན་ལ་བརྟེན་པ་ནི། །ཚུལ་གཉིས་བརྗོད་ཡིན། ཞེས་གསུངས་པས་དོན་ཤེས་པ་དང་བློ་ཤེས་པའི་ཚུལ་གཉིས་ཡིན་ལ། རྣམ་རིག་པ་ལྟར་ན་ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་གསུངས་པས་བློ་གཅིག་ལ་མ་རིག་པས་བསླད་པས་ཡུལ་དང་ཤེས་པའི་ཚུལ་གཉིས་ཡིན་ནོ། །ཁོ་བོ་ཅག་ཀྱང་ཆོས་ཀྱི་གྲགས་པའི་ཚུལ་འདིའི་རྗེས་སུ་འབྲང་ངོ་། །བོད་ཕལ་ཆེར་བྱེ་བྲག་ཏུ་སྨྲ་བའི་རྗེས་སུ་འབྲང་མོད། དེ་ནི་དངོས་པོ་སྟོབས་ཤུགས་ཀྱི་རིགས་པ་མ་ཤེས་པར་ཟད་དོ་ཞེས་གསུངས་སོ། །རིགས་གཏེར་གྱི་དགོངས་པ་འདི་ལས་གཞན་དུ་འཆད་པ་རྣམས་ཀྱིས་ནི་རིགས་གཏེར་རྩ་འགྲེལ་གང་ན་ཡོད་སྟོན་དགོས་སོ། །འོ་ན་སྐབས་འདིའི་ཚད་འབྲས་ཇི་ལྟ་བུ་ཞེ་ན། སྔར་གྱི་དོན་རིག་གི་ཚད་འབྲས་གཉིས་ཀྱི་གཞལ་བྱ་དང་ཚད་མ་བཞིར་བྱས་ནས། འབྲས་བུའི་སྐབས་སུ་ཐ་སྙད་དུ་ཕྱི་དོན་སྔོན་པོ་རིག་པ་ཡིན་ཡང་དཔྱད་ན་རང་གི་ངོ་བོ་རིག་པའི་མངོན་སུམ་འབྲས་བུ་ཞེས་སྦྱར་བ་ཉིད་དོ། །གསུམ་པ་ནི། རྒྱལ་དབང་བློས། རྣམ་པར་རིག་པ་ཙམ་གྱི་བཞིན་དུ་འཛིན་པའི་རྣམ་པ་འདོད་པ་ནི་མ་ཡིན་ཏེ་ཞེས་དང་། ལྷས། འཛིན་བདག་ཤེས་པའི་སྟེ་རྣམ་པར་རིག་པ་ཙམ་གྱི་ཕྱོགས་བཞིན་ནོ་ཞེས་རྣམ་རིག་པ་དཔེར་བྱས་པ་དང་། ཤས། ཤེས་བྱ་ནང་གི་སྨྲ་བའི་ཕྱོགས་ཀྱི་དོགས་པ་བསུ་བའི་ཕྱིར། ཞེས་རྣམ་རིག་པ་ཕྱོགས་སྔར་བྱས་པའི་ཕྱིར་ན་རྣམ་རིག་པ་ལ་སྦྱོར་བ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། སེམས་ཙམ་པའི་ལུགས་ལ་ཕྱི་དོན་བཀག་ནས་རྣམ་པར་རིག་པ་ཙམ་གྱི་ཚད་འབྲས་དང་། ཐ་སྙད་དུ་ཕྱི་དོན་ཁས་བླངས་པའི་ཚད་འབྲས་གཉིས་ལས། དང་པོ་ནི། གཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུར་བྱས་པའི་ཚད་འབྲས་དེ་ཉིད་ཡིན་པས། དེའི་ཕྱོགས་བཞིན་དུ་རང་རིག་འབྲས་བུ་ཡིན་ན། འཛིན་རྣམ་ཚད་མར་འགྱུར་རོ་ཞེས་དོགས་པ་བསུ་ཞིང་དེའི་ལན་བཏབ་པའི་ཕྱིར་རོ། །དེ་ལས་གཞན་པའི་རྩོད་སྤོང་རྣམ་ནི་རང་ལུགས་ཀྱི་རྣམ་བཞག་རྟོགས་ན་རང་གྲོལ་དུ་འགྱུར་བས་འདིར་མ་སྨོས་སོ།། །།བཞི་པ་རྣམ་རིག་པའི་ཚད་འབྲས་ལ་དོགས་པ་བཅད་ནས་རང་རིག་མཚན་ཉིད་པའི་ཚད་འབྲས་ངོས་བཟུང་བ་ནི། མདོར། དེ་ལྟར་རྣམ་པ་དུ་མ་རིག་པའི་ཤེས་པ་ཉེ་བར་བླངས་པ་དེ་ལྟར་ཚད་མ་དང་གཞལ་བྱ་ཉིད་དུ་ཉེ་བར་འདོགས་ཏེ། དེ་ཉིད་སྨྲས་པས། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་ནི་དེ་ཡི་འབྲས། །འཛིན་རྣམ་རིག་པའོ་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་དང་། དེའི་དོན་རྣམ་འགྲེལ་འདིར། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཅེས་པ་ནས། རང་རིག་ཅེས་ནི་རབ་ཏུ་བཤད། །ཅེས་པའི་བར་གསུངས་སོ། །དེ་ལ་བློ་བདག་ཅེས་སོགས་ཚིགས་བཅད་གསུམ་གྱིས་གཟུང་འཛིན་རིག་གསུམ་པོ་དོན་ལ་ཐ་དད་དུ་མེད་ཀྱང་བློ་འཁྲུལ་པ་ལ་ཐ་དད་དུ་སྣང་བར་བསྟན། གཟུང་བ་འཛིན་པ་རིག་པ་དག །ཅེས་སོགས་ཚིགས་བཅད་གཅིག་གིས་སྣང་བ་དེ་ལ་བརྟེན་ནས་ཚད་འབྲས་གཞལ་གསུམ་གྱི་རྣམ་བཞག་རྒྱས་པར་བསྟན། དེ་ལྟ་མིན་ན་ཞེས་སོགས་ཚིགས་བཅད་གསུམ་གྱིས་གཟུང་འཛིན་རིག་གསུམ་གྱི་ནང་ནས་གཟུང་རྣམ་བདེན་མེད་དུ་སྒྲུབ་པའི་རིག་པ་བསྟན། དེས་ན་སྔར་ཚད་འབྲས་གཉིས་པའི་སྐབས་སུ་གཟུང་རྣམ་གཞལ་བྱར་བྱས་པ་ཡང་བདེན་བརྫུན་མ་ཕྱེ་བ་ཡིན་ཞིང་། རང་རིག་འབྲས་བུར་བཞག་པ་ཡང་དངོས་བཏགས་མ་ཕྱེ་བ་ཡིན་པས་རྣམ་བདེན་རྫུན་གཉིས་ཀའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་གཟུང་རྣམ་སྒྲོ་བཏགས་སུ་བསྒྲུབ་པས་དེ་ལ་ལྟོས་པའི་རང་རིག་བཏགས་པ་བ་ཡིན་པའི་རྣམ་བརྫུན་པའི་ལུགས་བསྒྲུབ་པའོ། །དེ་གསུམ་དོན་ལ་ཐ་དད་དུ་མེད་ཀྱང་འཁྲུལ་ངོར་ཐ་དད་དུ་སྣང་བ་ལ་རྩོད་པ་སྤོང་བ་ནི། ཆོས་མཐུན་པ་ཉིད་མཐོང་བ་ལས། །ཞེས་སོགས་ཚིགས་བཅད་གསུམ་མོ། །འོ་ན་རྣམ་བརྫུན་པའི་ལུགས་ཀྱི་རང་རིག་མཚན་ཉིད་པ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཇི་ལྟ་བུ་ཞེ་ན། དེ་ལ་བློ་ནི་ཡོངས་གཅོད་པ། །ཞེས་སོགས་ཚིགས་བཅད་བཞི་སྟེ། འདི་ནི་གཞུང་གི་སྐབས་རྣམ་བརྫུན་པའི་ཡིན་ཀྱང་། རང་རིག་ཁས་ལེན་པའི་རང་རིག་གི་ཚད་འབྲས་ཐམས་ཅད་ལ་སྦྱར་བར་བྱ་བ་ཡིན་ཏེ། རིགས་གཏེར་ལས། དེ་ལ་རང་རིག་ཚད་འབྲས་ནི། །རྣམ་བཞག་གྲུབ་མཐའ་ཕལ་ཆེར་མཐུན། །ཞེས་པའི་སྐབས་སུ་འདིའི་གཞུང་ཤེས་བྱེད་དུ་འདྲེན་པར་མཛད་པའི་ཕྱིར་རོ། །གསུམ་པ་རྣམ་བཞག་དེ་ཉིད་ངེས་པར་བྱ་བ་ལ་གསུམ་སྟེ། གཟུང་རྣམ་དང་འཛིན་རྣམ་ངོས་བཟུང་བ། རྣམ་བདེན་བརྫུན་གྱི་ཁྱད་པར། བློ་ཚུལ་གཉིས་དང་རང་རིག་སྒྲུབ་བྱེད་ཀྱི་རིག་པ་བཤད་པའོ། །དང་པོ་ནི། དོན་རིག་གི་ཚད་འབྲས་གཉིས་ཀྱི་སྐབས་སུ་གཟུང་རྣམ་ཚད་མ་དང་། རང་རིག་གི་ཚད་འབྲས་ཀྱི་སྐབས་སུ་འཛིན་རྣམ་ཚད་མར་བསྟན་ན་དེ་གཉིས་ཀྱི་ངོ་བོ་གང་ཞེ་ན། དབང་ཤེས་ལ་རང་དུས་སུ་ཕྱི་རོལ་རྒྱང་ཆད་ལྟར་དུ་སྣང་བ། འཇིག་རྟེན་པ་རྣམས་ཀྱི་ཕྱི་རོལ་དོན་གྱི་ཐ་སྙད་བྱེད་པའི་སྣང་བ་འདི་ཉིད་གཟུང་རྣམ་ཡིན་ལ། དེ་ཉིད་མདོ་སྡེ་པ་རྣམས་ཀྱིས་ཕྱི་རོལ་དོན་གྱིས་བཏད་པར་འདོད་ཅིང་། སེམས་ཙམ་པ་རྣམས་ཀྱི་གཏོད་བྱེད་ཀྱི་ཕྱི་དོན་མེད་པར་བག་ཆགས་ཀྱི་དབང་གིས་ཤེས་པ་ཉིད་གཟུང་བར་སྣང་བར་འདོད་དོ། །འཛིན་རྣམ་ནི་ཡུལ་གྱི་རྣམ་པ་དེ་འཛིན་བྱེད་དུ་སྣང་ཞིང་ནང་དུ་སེམས་གདུང་དུ་མྱོང་བ་འདི་ཡིན་ནོ། །དེ་ལ་འཇིག་རྟེན་པ་རྣམས་ཀྱིས་ལོངས་སྤྱོད་བྱེད་ཀྱི་བདག་ཏུ་སྒྲོ་འདོགས་པར་བྱེད་ཀྱི། ལོངས་སྤྱོད་བྱའི་གཟུང་བར་སྒྲོ་འདོགས་པ་ནི་མེད་དོ། །བྱེ་བྲག་ཏུ་སྨྲ་བས་དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ཉིད་ཕྱི་དོན་མཚན་ཉིད་པར་འདོད་པས། དབང་ཤེས་ཀྱི་ངོ་བོ་གྱུར་པའི་གཟུང་རྣམ་དུ་མི་འདོད་ལ། དེ་རིགས་པས་དཔྱད་ན་རང་རིག་ཏུ་ཡང་མི་འདོད་དོ། །དེང་སང་མདོ་སྡེ་པའི་ལུགས་ལ་ཡང་འདི་བཞིན་དུ་སྨྲ་བ་དག་གིས་ནི་བྱེ་མདོ་གཉིས་ཀྱི་གྲུབ་མཐའི་ཁྱད་པར་སྨྲ་དགོས་ཤིང་། རྒྱུ་ཡི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །ཅེས་པའི་གཞུང་གི་དོན་ཡང་སྨྲ་དགོས་སོ། །འོ་ན་གཟུང་རྣམ་དེས་དོན་རིག་དང་རང་རིག་གཉིས་ཀ་འཇོག་ནུས། འཛིན་རྣམ་དེས་རང་རིག་ཁོ་ན་ལས་འཇོག་མི་ནུས་པའི་རྒྱུ་མཚན་ཅི་ཞེ་ན། གཟུང་རྣམ་རྟོགས་པ་ལ་ཐ་སྙད་དུ་ཕྱི་དོན་རྟོགས་པར་འཇོག་ཀྱང་དོན་ལ་ཤེས་པ་རང་གི་ངོ་བོ་རྟོགས་པ་ཡིན་པས་ཐ་སྙད་དུ་དོན་རིག་དང་། དཔྱད་ན་རང་རིག་འཇོག་ནུས། འཛིན་རྣམ་གྱིས་ནི་ཐ་སྙད་དུ་དོན་རིག་འཇོག་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། སེམས་ཙམ་པའི་ལུགས་ལ་ཕྱི་དོན་ཡོད་མེད་དཔྱད། དེ་མེད་ཀྱང་གཟུགས་སྒྲ་སོགས་ཡོད་མེད་དཔྱད། དེ་ཡོད་ན་དོན་ཤེས་གང་ཡིན་དཔྱད། རྣམ་བདེན་བརྫུན་གྱི་ཁྱད་པར་དངོས་སོ། །དང་པོ་ནི། ཁ་ཅིག་ན་རེ། ཕྱི་དོན་ཡོད་དེ། དེ་ཉིད་དོན་དུ་རྣམ་པར་ངེས། །ཞེས་པའི་རྒྱན་གྱི་འགྲེལ་པར། གཞན་ཡང་རྣམ་པར་ཤེས་སྨྲ་བ་ལ་ཡང་ཐ་སྙད་དུ་དོན་རིག་པ་ཡིན་ཏེ་ཞེས་དང་། དོན་རིག་པར་ནི་འགྱུར་བ་ཡིན། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་ནི་མི་འཐད་དེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དེ་ཡུལ་གྱི་གནས་ལུགས་མིན་པར་ཐལ་བ་དང་། མདོ་སྡེ་པས་དབང་མངོན་དེ་དབང་ཡིད་ལས་གཞན་པའི་ཕྱི་དོན་ལས་སྐྱེས་པར་བསྒྲུབ་པའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་ཏུ་ཐལ་བ་དང་། ས་བོན་ལས་མྱུ་གུ་སྐྱེ་བ་མི་འཐད་པར་ཐལ། ཕྱི་དོན་མེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ། ཁྱབ་པ་མ་ངེས་པའི་ལན་འདེབས་མི་རིགས་པར་རྟགས་མ་གྲུབ་ཀྱི་ལན་འདེབས་རིགས་པར་ཐལ་བ་དང་། དམིགས་བརྟགས་ལས། ཕྱི་དོན་དུ་གྱུར་པའི་དམིགས་རྐྱེན་དང་། བདག་རྐྱེན་བཀག་ནས་དེ་གཉིས་བག་ཆགས་ལ་འཇོག་པ་ཡང་མི་འཐད་པར་ཐལ། ཕྱི་དོན་ཡོད་པའི་ཕྱིར། སྒྲུབ་བྱེད་ཀྱང་མ་ངེས་ཏེ། ལུང་དེ་དག་གིས་ཐ་སྙད་དུ་ཕྱི་དོན་ཡོད་པར་བསྟན་ཅིང་། ཐ་སྙད་དུ་ཕྱི་དོན་ཡིན་ན། ཕྱི་དོན་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། གཟུང་རྣམ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཏན་ཚིགས་གྲུབ་སྟེ། ལྷས། གཟུང་བའི་རྣམ་པ་ལ་དོན་དུ་ཐ་སྙད་འདོགས་པའི་ཕྱིར་རོ་ཞེས་གསུངས་པས་སོ། །འདིས་ནི་ཐ་སྙད་དུ་ཕྱི་དོན་ཡིན་ན། ཕྱི་དོན་ཡིན་པས་མ་ཁྱབ་པས་རྣམ་རིག་པའི་ལུགས་ལ་ཐ་སྙད་དུ་ཕྱི་དོན་མེད་པ་ཡང་བཀག་པ་ཡིན་ནོ། །གཉིས་པ་ནི། ཁ་ཅིག སྔོ་སེར་སོགས་ཡོད་དེ། རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང་། སློབ་དཔོན་སེང་གེ་བཟང་པོས། སྔོན་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཞེས་སྔོན་པོ་དང་སྔོ་འཛིན་ཚད་མ་ལྷན་ཅིག་དམིགས་ངེས་སུ་གསུངས་པའི་ཕྱིར་དང་། སྔོ་སེར་ཐ་དད་དག་ལ་ནི། །མྱོང་བའི་ངེས་པ་ཡོད་མ་ཡིན། །ཞེས་སྔོ་སེར་གཉིས་པོ་དེ་ལྷན་ཅིག་དམིགས་ངེས་ཀྱི་མཐུན་དཔེར་གསུངས་པའི་ཕྱིར། ཡང་གཟུགས་ཀྱི་ཕུང་པོ་དང་། གཟུགས་ཅན་གྱི་ཁམས་དང་། གཟུགས་ཅན་གྱི་སྐྱེ་མཆེད་དང་། གཟུགས་ཀྱི་ཁམས་མེད་པར་ཐལ། གཟུགས་མེད་པའི་ཕྱིར། སྒྲུབ་ངག་ཡང་དག་དང་། བཀའ་དང་། བསྟན་བཅོས་དང་། སློབ་དཔོན་གྱིས་སློབ་མ་ལ་ཆོས་འཆད་པ་མེད་པར་ཐལ། སྒྲ་མེད་པའི་ཕྱིར་ཞེས་ཟེར་རོ། །མི་འཐད་དེ། ཟླ་གཉིས་ཡོད་པར་ཐལ། ཟླ་གཉིས་དེ་ལྷན་ཅིག་དམིགས་ངེས་ཀྱི་མཐུན་དཔེ་ཡིན་པའི་ཕྱིར་ཏེ། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །མེད་པར་ཐ་དད་མཐོང་བ་བཞིན། །ཞེས་གསུངས་པའི་ཕྱིར། རིམ་པ་བཞིན་ཁས་བླངས་སོ། །ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་རྣམས་ཀྱི་རྣམ་བཞག་མི་འཐད་པར་ཐལ། ཕྱི་ཡུལ་གྱི་ཁམས་དང་སྐྱེ་མཆེད་མེད་པའི་ཕྱིར། ཕྱི་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་དང་། ཕྱི་སྣོད་ཀྱི་འཇིག་རྟེན་མ་གྲུབ་པར་ཐལ། ཕྱི་དོན་མེད་པའི་ཕྱིར། སྒྲུབ་ངག་ཡང་དག་སོགས་སྒྲ་རང་མཚན་པ་ལ་འདོད་པ་ཡང་མི་འཐད་དེ། དེ་དག་ནི་དེ་དང་དེར་སྣང་བའི་རྣམ་རིག་ལ་འཇོག་པའི་ཕྱིར་རོ། །གཟུགས་སོགས་ཕྱིའི་སྐྱེ་མཆེད་ཡོད་པར་སྟོན་པའི་མདོ་དྲང་དོན་དུ་གཏན་ལ་དབབ་པ་མི་འཐད་པར་ཐལ། གཟུགས་སོགས་ཕྱིའི་སྐྱེ་མཆེད་ཡོད་པའི་ཕྱིར། འདོད་ན། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཞེས་གསུངས་པ་དང་འགལ་ལོ། །གཟུགས་སེམས་གཉིས་པོ་ཡོད་མེད་མཚུངས་པར་ཐལ། དེ་གཉིས་ཡོད་མཚུངས་ཡིན་པའི་ཕྱིར། འདོད་ན། གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག །སེམས་ཡོད་ཉིད་ལ་གཟུགས་མེད་མ་འཛིན་ཅིག །ཅེས་པའི་ཕྱོགས་སྔ་སྨྲ་བ་པོ་སེམས་ཙམ་པ་མིན་པར་ཐལ་ལོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་སྔོན་པོ་སྣང་བར་ཐལ། དེ་ཡོད་པའི་ཕྱིར་རོ། །འདོད་ན། དེ་ལ་གཟུང་འཛིན་རིགས་གསུམ་དུ་སྣང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཉིས་སྣང་གི་བག་ཆགས་མ་ལུས་པར་སྤངས་པའི་ཕྱིར། དབང་པོ་གཟུགས་ཅན་པ་ཡོད་པར་ཐལ། གཟུགས་ཡོད་པའི་ཕྱིར། འདོད་ན། དབང་ཤེས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་དབང་ཤེས་གཙོ་བོར་ཡུལ་འཛིན་ནུས་སུ་བསྐྱེད་པའི་ནུས་པ་དེ་དེའི་ཐུན་མོང་མིན་པའི་བདག་རྐྱེན་མིན་པར་ཐལ། འདོད་པ་དེའི་ཕྱིར། སྔོར་སྣང་དབང་ཤེས་ཀྱིས་སྣང་བའི་དམིགས་རྐྱེན་དེ་སྔོན་པོ་ཡིན་པར་ཐལ། སྔོན་པོ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཤེས་པ་ཡིན་པའི་ཕྱིར། གལ་ཏེ་མ་ཁྱབ་སྟེ། སྔོན་པོ་དེ་ཤེས་པ་ཡིན་པའི་ཕྱིར་ཅེ་ན། མི་འཐད་དེ། སྔོན་པོར་གྱུར་པའི་གཙོ་སེམས་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། སྔོན་པོ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཡིད་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། སྔོན་པོར་གྱུར་པའི་སེམས་བྱུང་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་མིན་པར་ཐལ། ཆོས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། རྟགས་གསལ་ཆོས་ཅན་དང་བཅས་པ་ཁས་བླངས། གནད་ཀྱི་དོན་ནི། རྣམ་རིག་པའི་ལུགས་ལ། ཐ་སྙད་པ་དང་དོན་དམ་པའི་རྣམ་བཞག་གཉིས་ལས། དང་པོ་ལ་གཟུགས་སྒྲ་སོགས་དང་ཕྱི་དོན་ཡོད་མཚུངས་ཡིན་པས་དེའི་ཚེ་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་ཁམས་བཅོ་བརྒྱད་ཀྱི་རྣམ་བཞག་ཀྱང་འཐད་དོ། །ཕྱི་མ་ལ་གཟུགས་སོགས་ཕྱིའི་སྐྱེ་མཆེད་ལྔ་དང་། མིག་སོགས་ནང་གི་སྐྱེ་མཆེད་ལྔ་མེད་པས་དོན་དམ་པར་གྲུབ་པ་ནི་གཟུང་འཛིན་གཉིས་སྟོང་གི་ཤེས་པ་དང་། དེ་བཞིན་ཉིད་ཁོ་ནར་འདོད་དོ། །གསུམ་པ་ལ། རིགས་པའི་དབང་ཕྱུག་ཕྱྭ་པས་གཟུགས་སྒྲ་སོགས་རྣམ་བརྫུན་པའི་ལུགས་ལ་དོན་ཤེས་གང་དུ་ཡང་མི་བདེན་པར་སྒྲོ་བཏགས་དང་། རྣམ་བདེན་པའི་ལུགས་ལ་ཤེས་པ་ཡིན་ཏེ། གསལ་བ་ཡིན་པའི་ཕྱིར། གལ་ཏེ་མར་མེ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཞེ་ན། དཀར་ཟལ་ཆོས་ཅན། བ་ལང་དུ་ཐལ། ནོག་སོགས་འདུས་པ་ཡིན་པའི་ཕྱིར། འདོད་དོ་ཞེ་ན། སྔ་མ་ལ་ཡང་འདོད་དོ་ཞེས་པའི་མཚུངས་པ་མཛད་དོ། །དེ་ལ་ཁ་ཅིག སྔོན་པོ་ཆོས་ཅན། ཚུར་མཐོང་དབང་ཤེས་ཀྱི་ཡུལ་དུ་མི་རུང་བར་ཐལ། ཤེས་པ་ཡིན་པའི་ཕྱིར། ཡང་དེ་ཤེས་པ་ཡིན་ན། མིག་ཤེས་ཡིན་དགོས་ཤིང་། དེའི་སྒྲུབ་བྱེད་མིག་ཤེས་ཀྱི་ཡུལ་ཡིན་པ་ལས་མ་འདས་པས། གཞི་གྲུབ་ན། སངས་རྒྱས་ཀྱི་ཡེ་ཤེས་ཡིན་དགོས་པར་ཐལ། གཞི་གྲུབ་ན། དེའི་ཡུལ་ཡིན་དགོས་པའི་ཕྱིར་རོ། །དེས་ན་སྔོན་པོ་ཤེས་པའི་བདག་ཉིད་ཡིན་གྱི་ཤེས་པ་མིན་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། སྐྱོན་དེ་དག་ནི་ཤེས་པའི་བདག་ཉིད་ལ་ཡང་ཇི་ལྟ་བ་བཞིན་དུ་མཚུངས་པའི་ཕྱིར་རོ། །གཞན་ཡང་སྔོར་སྣང་དབང་ཤེས་ལ་རང་དུས་སུ་སྔོན་པོར་སྣང་བ་འདི་ལས་གཞན་པའི་སྔོན་པོ་ཡོད་ན། སྔོན་པོ་ལྐོག་ན་མོ་ཡོད་པར་འགྱུར་ཞིང་། དེ་ཉིད་སྔོན་པོ་ཡིན་ན། རྣམ་བདེན་པས་ཤེས་པར་ཁས་ལེན་དགོས་ཏེ། གཟུང་རྣམ་ཡིན་པའི་ཕྱིར། འོན་ཀྱང་དེ་ནི་སྔོན་པོ་མ་ཡིན་ཏེ། སྔོན་པོ་ཡིན་ན། གཟུགས་ཀྱི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར་རོ། །དེས་ན་རྣམ་བརྫུན་པའི་ལུགས་ལ་སྔོ་སེར་སོགས་མེད་པ་ལྟར་རྣམ་བདེན་པའི་ལུགས་ལ་ཡང་སྔོ་སེར་སོགས་མེད་དེ། རྣམ་བརྫུན་པས་གཟུགས་སོགས་སྐྱེ་མཆེད་ཡོད་པར་སྟོན་པའི་མདོ་དྲང་དོན་དུ་གཏན་ལ་འབེབས་པ་ལྟར་རྣམ་བདེན་པས་ཀྱང་འདོད་པའི་ཕྱིར་དང་། དམིགས་བརྟག་ལས། སྣང་བའི་དམིགས་རྐྱེན་དང་ནུས་པའི་དམིགས་རྐྱེན་གསུངས་པ་དེ་རྣམ་བདེན་པས་ཀྱང་ཁས་ལེན་པའི་ཕྱིར་རོ། །བཞི་པ་ལ་ཁ་ཅིག མ་རིག་གིས་བསླད་བདག་ཉིད་ལ། །ཇི་ལྟའི་རང་རྐྱེན་ལ་ལྟོས་ནས། །རྣམ་རིག་དེ་བཞིན་མིན་རྣམ་པ། །སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན། །ཞེས་དང་། རིག་བྱ་རིག་བྱེད་རྣམ་པ་མེད། །སྐྲ་སོགས་ཤེས་པའི་ཐ་དད་བཞིན། །ཞེས་པ་ལ་བརྟེན་ནས། ཐ་སྙད་པ་དང་དོན་དམ་པའི་ཚད་མའི་དབྱེ་བ། བདེན་བརྫུན་དཔྱད་པའི་རྣམ་པ་ངོས་བཟུང་བ། བདེན་བརྫུན་གྱི་ཁྱད་པར་དང་གསུམ། དང་པོ་ནི། སོ་སྐྱེའི་རྒྱུད་ཀྱི་ཚད་མ་རྣམས་ཐ་སྙད་པའི་ཚད་མ་དང་། འཕགས་པའི་མཉམ་བཞག་སོ་སོ་རང་གིས་རིག་པའི་ཡེ་ཤེས་དོན་དམ་པའི་ཚད་མའོ། །གཉིས་པ་ནི། དབང་ཤེས་ལ་སྔོ་སེར་སོགས་རགས་པའི་རྣམ་པར་སྣང་ཞིང་། ཁ་དོག་དང་དབྱིབས་ལ་སོགས་པའི་རྣམ་པར་ཡང་སྣང་ལ། རྡུལ་དུ་མ་འདུས་ནས་གོ་ས་གནོན་ནུས་སུ་སྣང་བ་འདི་ཡིན་ཏེ། དེ་ཕྱིར་དོན་དང་ཤེས་པ་ལ། །ཞེས་སོགས་གསུངས་པ་དང་། ཆོས་མཆོག་གིས། དབང་ཤེས་ལ་རགས་པར་སྣང་བ་འདི་བདེན་པ་ཡིན་ན། ཕྱི་དོན་མེད་པ་མིང་ཙམ་དུ་བཤད་པའི་ཕྱིར་ཏེ། ལུས་ཅན་ཞེས་བྱ་བ་རྭཾ་ཟིངཾ་ངེཾ་བ་ནི་མེད་ཀྱིས་ཞེས་སོ། །གསུམ་པ་ནི། རང་རིག་མངོན་སུམ་ཐམས་ཅད་ཀྱི་རང་གི་མྱོང་བྱ་གཉིས་སྣང་ནུབ་པའི་ཚུལ་གྱིས་མྱོང་བས་མ་རིག་པའི་བསླད་པ་ཅུང་ཟད་ཀྱང་མ་ཞུགས་ཤིང་། དེ་ལས་གཞན་ཚུར་མཐོང་གི་རྒྱུད་ལ་མ་རིག་པའི་བསླད་པ་མ་ཞུགས་པའི་ཤེས་པ་མེད་པ་ནི་རྣམ་བརྫུན་པའི་ལུགས་ཡིན་ལ། རྣམ་བདེན་པས་ཚུར་མཐོང་གི་དབང་མངོན་ལ་མ་རིག་པའི་བསླད་པ་མ་ཞུགས་པར་འདོད་དོ། །དེ་ན་མ་རིག་པའི་བསླད་པ་མ་ཞུགས་པའི་དབང་གིས་སྣང་བའི་གཟུང་ཡུལ་དེ་རྣམ་པ་བདེན་པའི་དོན་དང་། མ་རིག་པའི་བསླད་པ་ཞུགས་པའི་དབང་གིས་སྣང་བའི་སྣང་ཡུལ་དེ་རྣམ་པ་བརྫུན་པའི་དོན་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། རྣམ་བདེན་པའི་ལུགས་ལ་ཚུར་མཐོང་གི་ཤེས་པ་ལ་མ་རིག་པའི་བསླད་པ་ཞུགས་པར་ཐལ། དེ་ལ་གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བ་དེ་མ་རིག་པའི་བསླད་པ་ཞུགས་པའི་དབང་གིས་སྣང་བའི་ཕྱིར་ཏེ། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་སོགས་གསུངས་པའི་ཕྱིར་རོ། །གལ་ཏེ་གཞུང་འདི་རྣམ་བརྫུན་པ་ཁོ་ནའི་ཡིན་ནོ་སྙམ་ན། དབང་ཤེས་ལ་རང་དུས་སུ་སྣང་བ་དེ་སྔོན་པོས་གཏད་པ་ཡིན་ནམ་བག་ཆགས་ཀྱི་དབང་གིས་ཤར་བ་ཡིན། དང་པོ་ལྟར་ན། མདོ་སྡེ་པའི་ཕྱོགས་སུ་འགྱུར་ལ། གཉིས་པ་ལྟར་ན། གཞུང་འདི་རྣམ་བརྫུན་པ་ཁོ་ནའི་ཡིན་པ་འགལ་ལོ། །དེས་ན་རྣམ་བདེན་བརྫུན་གཉིས་ཆར་གྱི་ལུགས་ལ་ཡང་ཚུར་མཐོང་གི་དབང་ཤེས་ལ་མ་རིག་པའི་བསླད་པ་ཞུགས་པར་འདོད་དེ། རྣམ་བདེན་པས་གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བ་དེ་མ་རིག་པས་བསླད་པའི་དབང་གིས་སྣང་བར་འདོད་ཅིང་། རྣམ་བརྫུན་པས་གཟུང་རྣམ་དུ་སྣང་བ་དེ་ཡང་མ་རིག་པས་བསླད་པའི་དབང་གིས་སྣང་བར་འདོད་པའི་ཕྱིར་རོ། །རང་ལུགས་ལ། དབང་ཤེས་ལ་རང་དུས་སུ་སྣང་བ་འདི་རྣམ་བདེན་བརྫུན་དཔྱད་པའི་རྣམ་པ་ཡིན་ལ། དེ་ཉིད་རྣམ་བདེན་པས་ཤེས་པར་འདོད་ཅིང་། རྣམ་བརྫུན་པས་དོན་ཤེས་གང་དུ་ཡང་བདེན་པར་སྒྲོ་བཏགས་སུ་འདོད་དེ། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་དང་། དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན། ཞེས་དང་། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དོན་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་སོ། །གསུམ་པ་བློ་ཚུལ་གཉིས་དང་རང་རིག་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་ལ་གཉིས་ཏེ། བློ་ཚུལ་གཉིས་དང་། རང་རིག་བསྒྲུབ་པའོ། དང་པོ་ལ་བཞི་སྟེ། གང་ཟག་གང་གི་ངོར་བསྒྲུབ། བློ་གང་ཞིག་བསྒྲུབ། བསྒྲུབ་བྱ་ཚུལ་གཉིས་ཀྱི་ངོ་བོ། ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ལ། དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག ཕྱི་དོན་ཁས་བླངས་པའི་ཚུལ་གཉིས་ནི་སྔར་རྒོལ་མདོ་སྡེ་པས་ཕྱིར་རྒོལ་བྱེ་བྲག་ཏུ་སྨྲ་བའི་ངོར་སྒྲུབ་པ་ཡིན་ལ། ཕྱི་དོན་ཁས་མ་བླངས་པའི་ཚུལ་གཉིས་ནི། སྔར་རྒོལ་སེམས་ཙམ་པས་ཕྱིར་རྒོལ་མདོ་སྡེ་པ་མན་ཆད་ཀྱི་ངོར་བསྒྲུབ་ཅེས་ཟེར་བ་ནི་མི་འཐད་དེ། མདོ་སྡེ་པ་དེ་ཚུལ་གཉིས་གྲུབ་ཟིན་མ་བརྗེད་པའི་རྒོལ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཕྱི་དོན་ཁས་བླངས་པ་དང་། མ་བླངས་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་གཉིས་ལས། དང་པོ་ནི། སྔར་རྒོལ་མདོ་སྡེ་པ་དང་། གཉིས་པ་ནི། སྔར་རྒོལ་སེམས་ཙམ་པས་ཕྱིར་རྒོལ་བྱེ་བྲག་ཏུ་སྨྲ་བ་མན་ཆད་ཀྱི་ངོར་བསྒྲུབ་པ་ཡིན་ཏེ། བློ་རྣམ་མེད་དུ་འདོད་པའི་རྒོལ་བའི་ངོར་བསྒྲུབ་དགོས་པའི་ཕྱིར་རོ། །གཉིས་པ་ལ་ཁ་ཅིག བློ་ཐམས་ཅད་ཚུལ་གཉིས་སུ་བསྒྲུབ་པ་ཡིན་ཏེ། བློ་ཐམས་ཅད་ལ་རང་ཡུལ་གྱི་རྣམ་པ་ཤར་བའི་ཕྱིར་རོ་ཞེས་ཟེར་བ་ནི་མི་འཐད་དེ། རང་རིག་མངོན་སུམ་དེས་རང་གི་མྱང་བྱར་གྱུར་པའི་ཤེས་པ་རྣམ་མེད་རྗེན་ཆར་རྟོགས་པའི་ཕྱིར་དང་། སྣང་མེད་རྣལ་འབྱོར་མངོན་སུམ་དེས་རང་ཡུལ་གཉིས་སྣང་ནུབ་པའི་ཚུལ་གྱི་རྟོགས་པའི་ཕྱིར་རོ། །རང་ལུགས་ནི་དོན་སྣང་གི་ཤེས་པ་ཐམས་ཅད་དེ་ལྟར་དུ་བསྒྲུབ་པ་ཡིན་ཏེ། དེ་ལ་རང་དུས་སུ་སྣང་བ་དེ་དོན་ཡིན་པ་བཀག་ནས་ཤེས་པའི་ངོར་བསྒྲུབ་དགོས་པའི་ཕྱིར་རོ། །གསུམ་པ་ནི། ཡུལ་དང་ཡུལ་ཅན་གྱི་ཚུལ་གཉིས་ཙམ་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། ཕྱིར་རྒོལ་ལ་གྲུབ་ཟིན་པའི་ཕྱིར། བློ་གཅིག་ཉིད་ལ་ཉམས་སུ་མྱོང་བ་འཛིན་རྣམ་གྱི་ཚུལ་ཉིད་དང་། ཡུལ་དུ་སྣང་བ་གཟུང་རྣམ་གྱི་ཚུལ་གཉིས་ལས། དང་པོ་དེ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། ཕྱིར་རྒོལ་ལ་གྲུབ་ཟིན་པའི་ཕྱིར་སྟེ། དེ་བདག་ཉིད་ཀྱིས་མྱོང་བ་ལ། །བརྩད་པ་འགའ་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གཉིས་པ་དེ་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་དོན་རང་བཞིན་ཉིད་མ་གྲུབ། །དེ་ཡང་ཡང་དག་དྲན་ལས་གྲུབ། །ཅེས་གསུངས་པའི་ཕྱིར་རོ། །འོ་ན་ཚུལ་གཉིས་བསྒྲུབ་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། གཟུང་རྣམ་གྱི་ཚུལ་དེ་ཉིད་གྲུབ་ན་ཚུལ་གཉིས་གྲུབ་ཅིང་། དེ་ཉིད་མ་གྲུབ་ན་ཚུལ་གཉིས་མ་གྲུབ་པའི་ཕྱིར་རོ། །བཞི་པ་ནི། སློབ་དཔོན་ཕྱོགས་གླང་གིས། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །ཞེས་དང་། དུས་ཕྱིས་དྲན་པ་ལས་ཀྱང་ཡིན། །ཞེས་པའི་དོན་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག གཞུང་སྔ་མ་ལ་བརྟེན་ནས་བསྒྲུབ་པ་དང་། ཆོས་གྲགས་རང་ཉིད་ཀྱི་དངོས་སྟོབས་རིག་པས་བསྒྲུབ་པ་དང་། གཞུང་ཕྱི་མ་ལ་བརྟེན་ནས་བསྒྲུབ་པ་གསུམ། དང་པོ་ལ། ཡུལ་ཤེས་པ་དང་། དེ་ཤེས་པ་དང་། དེའི་བྱེ་བྲག་ཤེས་པས་བསྒྲུབ་པ་གསུམ་ལས། དང་པོ་ནི། ཡུལ་རྣམས་ལས་ནི་བྱུང་བ་ཡིན། །ཞེས་སོགས་ཀྱིས་སྟོན། གཉིས་པ་ནི། དོན་དང་ལྡན་པའི་སེམས་ལ་ནི། །ཞེས་སོགས་ཀྱིས་སྟོན། གསུམ་པ་ནི། ཉམས་མྱོང་ཞེས་སོགས་ཀྱིས་སྟོན། གཉིས་པ་ནི། ངེས་པར་བློ་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱིས་སྟོན་ཞེས་ཟེར་རོ། །མི་འཐད་དེ། ཡུལ་རྣམས་ལས་ནི་བྱུང་བ་ཡི། །ཞེས་སོགས་རིགས་པ་བདུན་ཆར་ལ། ཡུལ་ཤེས་པ་དང་། དེ་ཤེས་པ་དང་། དེའི་བྱེ་བྲག་གསུམ་ཆར་ཚང་དགོས་པའི་ཕྱིར་རོ། །རིགས་མཛོད་མཛད་པས། གཞུང་སྔ་མ་ལ་བརྟེན་ནས་བསྒྲུབ་པ་དང་། གཞུང་ཕྱི་མ་ལ་བརྟེན་ནས་བསྒྲུབ་པ་གཉིས་ལས། དང་པོ་ལ་ཕྱི་དོན་ཁས་བླངས་ནས་བསྒྲུབ་པ་དང་། ཕྱི་དོན་ཁས་མ་བླངས་པར་བསྒྲུབ་པ་དང་། སླར་ཡང་ཕྱི་དོན་ཁས་བླངས་ནས་བསྒྲུབ་པ་དང་གསུམ་ལས། དང་པོ་ལ། གཞུང་དེའི་དོན་གཞན་གྱིས་བཤད་པ་ལ་བརྟེན་ནས་བསྒྲུབ་པ་དང་། གཞུང་དེའི་དོན་སློབ་དཔོན་ཉིད་ཀྱིས་བཤད་པ་ལ་བརྟེན་ནས་བསྒྲུབ་པ་དང་། གཞུང་དེའི་དོན་ཆོས་གྲགས་རང་ཉིད་ཀྱིས་བཤད་པ་ལ་བརྟེན་ནས་བསྒྲུབ་པ་དང་གསུམ། དང་པོ་ནི། ཡུལ་རྣམས་ལས་ནི་ཞེས་སོགས་ཀྱིས་སྟོན། གཉིས་པ་ནི། ཉམས་མྱོང་ཞེས་སོགས་ཀྱིས་སྟོན། གསུམ་པ་ལ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྒྲུབ་པ་དང་། རིགས་པ་གཞན་གྱིས་བསྒྲུབ་པ་གཉིས། དང་པོ་ནི། ངེས་པར་ཞེས་སོགས་ཀྱིས་སྟོན། གཉིས་པ་ལ། དབང་ཤེས་མ་འཁྲུལ་པའི་སྣང་བ་ལ་བརྟེན་ནས་བསྒྲུབ་པ་དང་། དབང་ཤེས་འཁྲུལ་པའི་སྣང་བ་ལ་བརྟེན་ནས་བསྒྲུབ་པ་གཉིས། དང་པོ་ནི། དབང་པོ་ཁྱད་པར། ཞེས་དང་། གཉིས་པ་ནི། མར་མེ། ཞེས་སོགས་ཀྱིས་སྟོན། གཉིས་པ་ཕྱི་དོན་ཁས་མ་བླངས་པར་ཚུལ་གཉིས་སྒྲུབ་པ་ནི། ཉེ་རིང་ལ་སོགས་ཁྱད་པར་གྱི། །ཞེས་སོགས་ཀྱིས་སྟོན། གསུམ་པ་སླར་ཡང་ཕྱི་དོན་ཁས་བླངས་ནས་ཚུལ་གཉིས་སྒྲུབ་པ་ནི། ཤེས་པ་སྒྲ་དང་མར་མེ་རྣམས། །ཞེས་སོགས་ཀྱིས་སྟོན་ཏོ་ཞེས་བཞེད་དོ། །འདི་ཡང་ཅུང་ཟད་མི་འཐད་དེ། ཡུལ་རྣམས་ལས་ནི་བྱུང་བ་ཡིན། །ཞེས་སོགས་གཞུང་དེའི་སློབ་དཔོན་གཞན་གྱིས་བཤད་པ་ཡིན་པ་ལ་ཤེས་བྱེད་མེད་པའི་ཕྱིར་དང་། ངེས་པར་བློ་དང་ལྷན་ཅིག་ཏུ། །ཞེས་སོགས་ཕྱི་དོན་ཁས་བླངས་ནས་བློ་ཚུལ་གཉིས་སྒྲུབ་པ་ཡིན་ན། ཕྱི་དོན་མེད་པ་ལ་རྩོད་སྤོང་འབྱུང་བ་དོན་མེད་པའི་ཕྱིར་རོ། །ཉས་གཞུང་སྔ་མ་ལ་བརྟེན་ནས་སྒྲུབ་པ་ལ། ཡུལ་ཤེས་ཞེས་པས་ཚུལ་གཉིས་བསྒྲུབ། དེ་ཡི་ཤེས་པ་ཞེས་པས་ཚུལ་གཉིས་བསྒྲུབ། རིགས་པ་གཞན་གྱིས་ཚུལ་གཉིས་བསྒྲུབ་པ་གསུམ་དུ་བྱས་ནས། དང་པོ་ནི། ཡུལ་རྣམས་ལས་ནི་བྱུང་བ་ཡིན། །ཞེས་སོགས་དང་། ཉམས་མྱོང་རྣམ་ཤེས་དེ་ཡང་ནི། །ཞེས་སོགས་ཀྱིས་སྟོན་པར་བཞེད་པ་ཡང་མི་འཐད་དེ། ལྷས། གཞུང་གཉིས་པོ་དེ་རེ་རེས་ཀྱང་། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །ཞེས་པའི་རིགས་པ་རྫོགས་པ་རེ་རེ་སྟོན་པར་བཞེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གཞུང་ལས་བསྟན་ཚུལ་སྤྱིར་བསྟན། དཀའ་བའི་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གཞུང་དང་པོ་ལ་བརྟེན་ནས་བསྒྲུབ་པ་དང་། གཞུང་ཕྱི་མ་ལ་བརྟེན་ནས་བསྒྲུབ་པ་གཉིས། དང་པོ་ནི། གཞུང་དེའི་དོན་ལ་ཕྱོགས་གླང་གིས་བཤད་པའི་རིགས་པ་གཉིས་དང་། ཆོས་གྲགས་ཀྱིས་བཤད་པའི་རིགས་པ་ལྔ་སྟེ་བདུན་ཡིན་པར་མངོན་ཏེ། ངེས་པར་བློ་དང་ལྷན་ཅིག་ཏུ། །ཞེས་པའི་སྔ་འགྲེལ་དུ། ལྷས་དེ་དེ་ལྟར་ན་ཡུལ་གྱི་ཤེས་པ་ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར། ངེས་པར་བློ་དང་ཞེས་བྱ་བ་ལ་སོགས་པས་བདག་ཉིད་ཀྱི་རིགས་པ་གཞན་སྟོན་པར་མཛད་དོ་ཞེས་དང་། འདིར་ཡང་སྐྱོན་ནི་སྔར་བཞིན་ནོ། །ཞེས་པའི་འགྲེལ་པར་ཡུལ་གྱི་ཤེས་པ་དེ་ཤེས་པ་ཞེས་བྱ་བ་ལ་སོགས་པ་བཤད་ནས་རང་ཉིད་ཀྱིས་ཚུལ་གཉིས་རབ་ཏུ་བསྒྲུབ་པ་ཡིན་ནོ་ཞེས་གསུངས་པས་རིགས་པ་ཕྱི་མ་ལྔ་པོ་ཕྱོགས་གླང་གི་གཞུང་གི་དོན་ལ་ཆོས་གྲགས་ཀྱིས་རིགས་པས་ཚུལ་གཉིས་བསྒྲུབ་པ་ཡིན་པར་གསལ་བའི་ཕྱིར་རོ། །རིགས་པ་དང་པོ་ནི། གཟུང་དོན་ཅན་གྱི་ཤེས་པ་དེ་ཡུལ་ཤེས་པ་དང་། འདས་པ་དྲན་པའི་དྲན་ཤེས་དེ་དེའི་ཤེས་པ་ཡིན་ལ། དེའི་བྱེ་བྲག་ནི་སྔ་མ་ལ་དོན་གྱི་རྣམ་པ་མ་ཤར་རམ་སྙམ་པའི་དོགས་པ་སྐྱེ་སྲིད་ཀྱང་ཕྱི་མ་ལ་སྐྱེ་བ་མི་འཐད་དེ། ཕྱི་མ་ལ་སྣང་བའི་རྣམ་པ་དེ་ཕྱི་དོན་དང་། སྤྱི་དངོས་པོ་བ་དང་། ལྡན་མིན་འདུ་བྱེད་གང་ཡང་མིན་པའི་ཕྱིར། དེས་ན་ཕྱི་མ་དོན་གྱི་རྣམ་ལྡན་དུ་གྲུབ་སྟེ། ཕྱི་མ་དེ་སྔ་མ་ལས་བྱུང་བའི་ཕྱིར་ཞེས་པ་ནི། ཡུལ་རྣམས་ལས་ནི་བྱུང་བ་ཡི། །ཞེས་སོགས་ཏེ། འདིའི་སྔ་འགྲེལ་དུ། ལྷས། བློ་ཚུལ་གཉིས་སུ་བསྒྲུབ་པའི་ཕྱིར། །ཡུལ་ཤེས་དེ་ཡི་ཤེས་པ་ཡི། །བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །ཅེས་བྱ་བ་ལ་སོགས་པ་ཉེ་བར་བཀོད་པའི་གཞུང་འཆད་པར་བཞེད་པས། རྣམ་པར་ཤེས་པ་ཐམས་ཅད་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ་ཞེས་གསུངས་པས་སོ། །རིག་པ་གཉིས་པ་ནི། དོན་སྣང་གི་ཤེས་པ་སྔ་མ་སྔ་མ་ནི་ཡུལ་ཤེས་པ་དང་། ཕྱི་མ་ཕྱི་མ་ནི་དེ་ཡི་ཤེས་པ་ཡིན་པས། ཤེས་པས་སྔ་ཕྱི་རྣམས་རྣམ་པ་མང་ཉུང་གི་བྱེ་བྲག་ལས་ཀྱང་ཚུལ་གཉིས་གྲུབ་ཅེས་པ་ནི། ཉམས་མྱོང་རྣམ་ཤེས་དེ་ཡང་ནི། །ཞེས་སོགས་ཏེ། འདིའི་སྔ་འགྲེལ་དུ་ལྷས། ཉམས་མྱོང་ཞེས་བྱ་བ་ལ་སོགས་པས། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །ཅེས་བྱ་བ་ལ་སོགས་པ་རྩོམ་པར་མཛད་དོ་ཞེས་གསུངས་པས་སོ། །རིགས་པ་གསུམ་པ་ནི། དབང་ཤེས་ལ་རང་དུས་སུ་སྣང་བའི་གཟུང་རྣམ་དེ་ཡུལ་ཤེས་པ་དང་། དབང་ཤེས་དེ་ཉིད་དེའི་ཤེས་པ་ཡིན་ལ། དེ་ཉིད་ལྷན་ཅིག་དམིགས་པ་ངེས་པའི་རྟགས་ལས་ཚུལ་གཉིས་བསྒྲུབ་པ་ནི། ངེས་པར་བློ་དང་ལྷན་ཅིག་ཏུ་ཞེས་པ་སྟེ། སྔར་དྲངས་པ་ལྟར་གསུངས་སོ། །རིགས་པ་བཞི་པ་ནི། བདག་རྐྱེན་དབང་པོ་གསལ་བ་དང་། མི་གསལ་བ་དང་། བར་མ་ལས་སྐྱེས་པའི་དབང་ཤེས་ལ་སྣང་བའི་དོན་གྱི་རྣམ་པ་ནི་ཡུལ་ཤེས་པ་དང་། དབང་ཤེས་གསུམ་པོ་ནི་དེ་ཡི་ཤེས་པ་ཡིན་ལ། དེ་གསུམ་ཕན་ཚུན་ལྟོས་ནས་རྣམ་པ་གསལ་མི་གསལ་གྱི་བྱེ་བྲག་ལས་ཚུལ་གཉིས་སུ་གྲུབ་པ་ནི། དབང་པོའི་ཁྱད་པར་གྱིས་གསལ་དང་། །ཞེས་སོགས་ཏེ། འདིའི་སྔ་འགྲེལ་དུ་ལྷས། འདིར་ཡང་ཚུལ་གཉིས་གྲུབ་པར་བྱ་བ་ལ་སོགས་པས་རིགས་པ་གཞན་སྟོན་པར་མཛད་དོ་ཞེས་གསུངས་པས་སོ། །རིགས་པ་ལྔ་པ་ནི། བདག་རྐྱེན་མིག་དབང་ལ་རབ་རིབ་ཀྱིས་གནོད་པ་བྱས་པའི་ཤེས་པས་མར་མེའི་རྩེ་མོ་ཁྲ་སྒོར་བར་མཐོང་བའི་ཚེ་དེར་སྣང་བའི་དབང་ཤེས་ཀྱི་གཟུང་རྣམ་དེ་ཡུལ་ཤེས་པ་དང་། དབང་ཤེས་ནི་དེའི་ཤེས་པ་ཡིན་ལ། དེ་ལ་ཁྲ་སྒོར་བ་མེད་བཞིན་དུ་སྣང་བའི་བྱེ་བྲག་ལས་ཚུལ་གཉིས་སུ་བསྒྲུབ་པ་ནི། མར་མེ་ལ་སོགས་དཀྱིལ་འཁོར་ནི། །ཞེས་སོགས་ཏེ། འདིའི་སྔ་འགྲེལ་དུ་འདིས་ཀྱང་ཤེས་པ་ཚུལ་གཉིས་ཉིད་ཡིན་ཏེ། འདི་ལྟར་ཞེས་གསུངས་པས་སོ། །རིགས་པ་དྲུག་པ་ནི། ཐག་ཉེ་བ་དང་། རིང་བ་དང་། ཤིན་ཏུ་རིང་བ་གསུམ་ནས་བལྟས་པའི་དབང་ཤེས་ལ་སྣང་བའི་གཟུང་རྣམ་དེ་ཡུལ་ཤེས་པ་དང་། དབང་ཤེས་གསུམ་པོ་དེ་དེའི་ཤེས་པ་ཡིན་ལ། ཕན་ཚུན་ལྟོས་ནས་གསལ་མི་གསལ་གྱི་བྱེ་བྲག་ལ་ཚུལ་གཉིས་སུ་སྒྲུབ་པ་ནི། ཉེ་རིང་ལ་སོགས་ཁྱད་པར་གྱིས། །ཞེས་སོགས་ཏེ། འདིའི་སྔ་འགྲེལ་དུ་ལྷས། ད་ནི་ཕྱི་རོལ་གྱི་དོན་ཉིད་ཡོད་པ་མ་ཡིན་གྱི། འོན་ཀྱང་བློ་གཟུང་བ་དང་འཛིན་པའི་རྣམ་པར་སྐྱེ་བར་སྣང་བ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། ཉེ་རིང་ལ་སོགས་ཁྱད་པར་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཞེས་གསུངས་པས་སོ། །རིགས་པ་བདུན་པ་ནི། ཤེས་པ་དང་། སྒྲ་དང་། མར་མེ་འཛིན་པའི་བློ་ལ་སྣང་བའི་ཤེས་པ་སོགས་ཀྱི་རྣམ་པ་ནི་ཡུལ་ཤེས་པ་དང་། དེ་དག་འཛིན་པའི་བློ་ནི་དེའི་ཤེས་པ་ཡིན་ལ། ཤེས་པ་སོགས་མེད་ཀྱང་དེ་དག་གི་རྣམ་པ་སྣང་བའི་བྱེ་བྲག་ལས་ཚུལ་གཉིས་སུ་བསྒྲུབ་པ་ནི། ཤེས་པ་སྒྲ་དང་མར་མེ་རྣམས། །ཞེས་སོགས་ཏེ། དེའི་སྔ་འགྲེལ་དུ་ལྷས། ཤེས་པ་སྒྲ་དང་ཞེས་བྱ་བ་སོགས་པས་དོན་གྱི་གསལ་བ་མེད་པར་བསྟན་པས་བློ་ཚུལ་གཉིས་ཉིད་དུ་བསྟན་པ་ཡིན་ནོ་ཞེས་གསུངས་པས་སོ། །གཉིས་པ་ལ་བཞི་སྟེ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་འགོད་པའི་རྒོལ་ཕྱིར་རྒོལ་ངོས་བཟུང་། དགོད་བྱའི་རྟགས་ཀྱི་ངོ་བོ་ངོས་བཟུང་། དེ་ཉིད་ཀྱི་ཚུལ་བསྒྲུབ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་ཁ་ཅིག་ན་རེ། ལྷན་ཅིག་དམིགས་ངེས་དེ་སྔར་རྒོལ་མདོ་སྡེ་པས་ཕྱིར་རྒོལ་བྱེ་བྲག་ཏུ་སྨྲ་བ་མན་གྱི་ངོར་འགོད་ཅེས་ཟེར་བ་མི་འཐད་དེ། དེ་འགོད་པའི་སེམས་ཙམ་པ་ཡང་ཡོད་པའི་ཕྱིར་ཏེ། ངེས་པར་བློ་དང་ལྷན་ཅིག་ཏུ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་འགོད་པའི་སྔར་རྒོལ་ཡོད་པའི་ཕྱིར། ཁ་ཅིག དེ་སྔར་རྒོལ་སེམས་ཙམ་པས་ཕྱིར་རྒོལ་མདོ་སྡེ་པ་མན་གྱི་ངོར་འགོད་ཅེས་ཟེར། དེ་ཡང་མི་འཐད་དེ། དེ་འགོད་པའི་མདོ་སྡེ་པ་ཡོད་པའི་ཕྱིར་ཏེ། མཁས་པ་རྣམས་ལ་བརྗོད་འདིར་ཡོད། །ཕྱི་རོལ་ལ་ནི་བརྟེན་ནས་སུ། །ཚུལ་གཉིས་བརྗོད་ཡིན་དེ་ཡང་ནི། །ལྷན་ཅིག་མྱོང་བའི་ངེས་པས་འགྲུབ། །ཅེས་པའི་སྐབས་ནས་དངོས་བསྟན་གྱི་གཏན་ཚིགས་འགོད་པའི་སྔར་རྒོལ་ཡོད་པའི་ཕྱིར། ཁ་ཅིག་ཕྱི་དོན་ཁས་བླངས་པའི་ལྷན་ཅིག་དམིགས་ངེས་དང་། ཁས་མ་བླངས་པའི་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་གཉིས་ལས། དང་པོ་ནི། སྔར་རྒོལ་མདོ་སྡེ་པས། ཕྱིར་རྒོལ་བྱེ་བྲག་ཏུ་སྨྲ་བ་མན་དང་། གཉིས་པ་ནི། སྔར་རྒོལ་སེམས་ཙམ་པས་ཕྱིར་རྒོལ་མདོ་སྡེ་པ་མན་གྱི་ངོར་འགོད་པ་ཡིན་ཞེས་ཟེར་བ་ཡང་མི་འཐད་དེ། དེ་མདོ་སྡེ་པའི་ངོར་བཀོད་པ་ལ་དགོས་པ་མེད་པའི་ཕྱིར་ཏེ། མདོ་སྡེ་པ་དེ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་ཚུལ་གཉིས་གྲུབ་ཟིན་མ་བརྗེད་པའི་རྒོལ་བ་ཡིན་པའི་ཕྱིར། གལ་ཏེ་དེའི་ངོར་དེ་འགོད་དགོས་ཏེ། སེམས་ཙམ་པས་མདོ་སྡེ་པའི་ངོར་ཕྱི་དོན་འགོག་དགོས་པའི་ཕྱིར་སྙམ་ན། མདོ་སྡེ་པས་ཀྱང་སེམས་ཙམ་པའི་ངོར་ཕྱི་དོན་ཁས་བླངས་པའི་ལྷན་ཅིག་དམིགས་ངེས་ཀྱི་རྟགས་འགོད་དགོས་པར་འགྱུར་ཏེ། དེས་དེའི་ངོར་ཕྱི་དོན་སྒྲུབ་དགོས་པའི་ཕྱིར། གལ་ཏེ་དེས་དེའི་ངོར་འགོད་དགོས་ཏེ། དེའི་ཕྱི་དོན་འགོག་བྱེད་ཀྱི་རིགས་པ་ཡིན་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། ཕྱི་དོན་མེད་དེ། དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ཕྱི་དོན་མིན་ཅིང་། དེ་ལས་གཞན་པའི་ཕྱི་དོན་མེད་པའི་ཕྱིར་ཞེས་བཀོད་པ་ལ་བྱེ་བྲག་ཏུ་སྨྲ་བ་མན་གྱིས་གཏན་ཚིགས་དང་པོ་མ་གྲུབ་པའི་ལན་འདེབས་ཤིང་། མདོ་སྡེ་པས་གཏན་ཚིགས་གཉིས་པ་མ་གྲུབ་པའི་ལན་འདེབས་པ་ལ། རྒྱུ་གཞན་དག་ནི་ཡོད་ན་ཡང་། །ཞེས་འབྱུང་ལ། དེའི་ལན་ལ། གལ་ཏེ་མཚུངས་པ་དེ་མ་ཐག །ཅེས་སོགས་འབྱུང་བ་ཡིན་ནོ། །དེས་ན་ཕྱི་དོན་ཁས་བླངས་པའི་ལྷན་ཅིག་དམིགས་ངེས་དང་། ཁས་མ་བླངས་པའི་ལྷན་ཅིག་དམིགས་ངེས་ཀྱི་རྟགས་གཉིས་ལས། དང་པོ་ནི། མདོ་སྡེ་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིག་པ། གཉིས་པ་ནི། སེམས་ཙམ་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་ཡིན་པས་གཉིས་ཀ་ཡང་བྱེ་བྲག་ཏུ་སྨྲ་བ་མན་གྱི་ངོར་འགོད་པ་ཡིན་ཏེ། བློ་རྣམ་མེད་དུ་འདོད་པའི་རྒོལ་བའི་ངོར་འགོད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཆོས་ཅན་གྱི་དོན། བསྒྲུབ་བྱའི་ཆོས་ཀྱི་དོན། གཏན་ཚིགས་ཀྱི་དོན་ནོ། །དང་པོ་ལ་ཁ་ཅིག སྔོན་པོ་དང་སྔོ་འཛིན་གྱི་ཚད་མ་ཆོས་ཅན་དུ་འཛིན་པ་མི་འཐད་དེ། སེམས་ཙམ་པའི་ལུགས་ལ་སྔོན་པོ་མེད་ཅིང་། མདོ་སྡེ་པའི་ལུགས་ལ་དེ་གཉིས་རྫས་གཞན་ཡིན་པའི་ཕྱིར། ཁ་ཅིག སྔོན་པོའི་རྣམ་པ་དང་སྔོ་འཛིན་ཚད་མ་ཆོས་ཅན་དུ་འཛིན་པ་ཡང་མི་འཐད་དེ། དེ་ཕྱིར་རྒོལ་ལ་མ་གྲུབ་པའི་ཕྱིར་རོ། །ཁ་ཅིག སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་དེ་ཆོས་ཅན། སྔོར་སྣང་དབང་ཤེས་དང་རྫས་གཞན་མིན་ཏེ། དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་དང་། དེ་ལ་ཟླ་གཉིས་སུ་སྣང་བ་བཞིན་ནོ་ཞེས་ཟེར་བ་མི་འཐད་དེ། ཟླ་བ་གཉིས་སྣང་གི་དབང་ཤེས་དང་། དེ་ལ་དེར་སྣང་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་ཁྱབ་ཁས། ཁ་ཅིག ཕྱི་དོན་ཁས་བླངས་པའི་ཚེ་ཕྱི་དོན་སྔོན་པོ་ལས་སྐྱེས་པའི་སྔོར་སྣང་དབང་ཤེས་དང་། དེ་ལ་སྔོན་པོ་སྣང་བ་ཆོས་ཅན་དུ་འཛིན་པ་ཡིན་ལ། དེ་ཁས་མ་བླངས་པའི་ཚེ་བག་ཆགས་ཀྱི་དབང་གིས་བྱུང་བའི་སྔོར་སྣང་དབང་ཤེས་དང་། དེ་ལ་དེར་སྣང་བ་ཆོས་ཅན་དུ་འཛིན་པ་ཡིན་ཟེར་རོ། །མི་འཐད་དེ། ཕྱི་དོན་ཁས་བླངས་པ་དང་མ་བླངས་པའི་ལྷན་ཅིག་དམིགས་ངེས་གཉིས་སྔར་རྒོལ་གྱིས་ཕྱི་དོན་ཁས་བླངས་མ་བླངས་ལ་ལྟོས་པའི་ཕྱིར་དང་། ཕྱི་དོན་ཁས་མ་བླངས་པའི་ཆོས་ཅན་དེ་ལྟར་འཛིན་པ་དང་། ཕྱི་དོན་ཁས་མ་བླངས་པའི་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་དེ་སེམས་ཙམ་པས་མདོ་སྡེ་པའི་ངོར་འགོད་པ་ཁས་བླངས་འགལ་བའི་ཕྱིར་ཏེ། ཆོས་ཅན་དེ་ཉིད་མདོ་སྡེ་པས་མ་གྲུབ་པའི་ཕྱིར་རོ། །དེས་ན་རང་ལུགས་ལ། སྔོར་སྣང་དབང་ཤེས་དང་། དེ་ལ་སྔོན་པོར་སྣང་བ་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སྣང་བའི་ཟླ་གཉིས་ཀྱི་རྣམ་པ་བཞིན་ནོ། །འོ་ན། སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང་། འདིར། ཡུལ་ནི་དེ་ལས་གཞན་ཉིད་དུ། །ཞེས་སྔོན་པོ་དང་ཡུལ་ཆོས་ཅན་དུ་གཟུང་བ་མ་ཡིན་ནམ་སྙམ་ན། དེ་ནི་སྔོན་པོར་སྣང་བ་དང་། ཡུལ་དུ་སྣང་བ་ཆོས་ཅན་དུ་འཛིན་པ་ཡིན་ཏེ། སྔོན་པོར་སྣང་བ་མཐོང་བ་ཡིན། །ཞེས་སོ། །གཉིས་པ་ལ། རྣམ་ངེས་ལས། སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང་། འདིར། ཡུལ་ནི་དེ་ལས་གཞན་ཉིད་དུ། །ཞེས་རྫས་གཞན་བཀག་པ་བསྒྲུབ་བྱའི་ཆོས་གསུངས་ཤིང་། དེ་ལྟར་ན་དགག་རྟགས་སུ་འགྱུར་བ་ཡིན་ནོ། །འདིར། སྔོན་པོ་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་དང་། རྣམ་ཤེས་འཁྲུལ་བས་ཟླ་བ་གཉིས། །ཞེས་པའི་འགྲེལ་པར་ལྷས། སྦྱོར་བ་ཡང་གང་ཞིག་གང་དམིགས་པ་ནི་ངེས་པར་དམིགས་པར་འགྱུར་བ་དེ་ནི་དེ་ཉིད་ཡིན་པར་འགྱུར་ཏེ། དཔེར་ན་དེའི་རང་ཉིད་ཀྱི་ངོ་བོ་གཅིག་ཟླ་བ་གཉིས་ལྟ་བུའོ། །དེ་དམིགས་པ་ལ་ཡང་དེ་ཉམས་སུ་མྱོང་བ་ངེས་པར་དམིགས་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ་ཞེས་རྫས་གཅིག་པ་བསྒྲུབ་བྱའི་ཆོས་གསུངས་ཤིང་། དེ་ལྟར་ན་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་དག་གི་དོན་ལ་མདོ་སྡེ་པ་དང་རྣམ་བདེན་པས་འགོད་པའི་ཚེ་རྫས་གཅིག་པ་སྒྲུབ་ཅིང་། རྣམ་བརྫུན་པས་འགོད་པའི་ཚེ་རྫས་གཞན་བཀག་པ་ཙམ་སྒྲུབ་པ་ཡིན་ནོ། །གསུམ་པ་ལ། དགག་བཞག་གཉིས་ལས། དང་པོ་ལ་ཁ་ཅིག་ན་རེ། སྔོན་པོ་དང་དེ་འཛིན་ཚད་མ་གཉིས་ལྷན་ཅིག་དམིགས་ངེས་ཡིན་ཏེ། སྔོ་འཛིན་ཚད་མ་དམིགས་བྱེད་ཀྱི་བློ་དེས་སྔོན་པོ་དམིགས་ན་བློ་དེ་སྔོ་འཛིན་ཚད་མ་དམིགས་པས་ཁྱབ། བློ་དེས་སྔོ་འཛིན་ཚད་མ་དམིགས་ན། བློ་དེས་སྔོན་པོ་དམིགས་པས་ཁྱབ་པའི་ཕྱིར་ཅེ་ན་སངས་རྒྱས་ཀྱི་ཡེ་ཤེས་དང་སོ་སྐྱེའི་ཤེས་པ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པར་ཐལ། སངས་རྒྱས་ཀྱི་ཡེ་ཤེས་དམིགས་བྱེད་ཀྱི་བློ་དེས་སངས་རྒྱས་ཀྱི་ཡེ་ཤེས་དམིགས་ན་དེས་སོ་སྐྱེའི་ཤེས་པ་དམིགས་པས་ཁྱབ། བློ་དེས་སོ་སྐྱེའི་ཤེས་པ་དམིགས་ན་བློ་དེས་སངས་རྒྱས་ཀྱི་ཡེ་ཤེས་དམིགས་པས་ཁྱབ་པའི་ཕྱིར། ཡང་ཁ་ཅིག དེ་གཉིས་ལྷན་ཅིག་དམིགས་ངེས་ཡིན་ཏེ། སྔོ་འཛིན་ཚད་མ་དམིགས་བྱེད་ཀྱི་ཚད་མའི་རྫས་ཡིན་ན། སྔོན་པོ་དམིགས་བྱེད་ཀྱི་ཚད་མའི་རྫས་ཡིན་དགོས། ཕྱི་མ་ཡིན་ན། སྔ་མ་ཡང་ཡིན་དགོས་པའི་ཕྱིར་རོ་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་དང་སོ་སྐྱེའི་ཤེས་པ་གཉིས་ལ་སྦྱར་རོ། །གལ་ཏེ་སོ་སྐྱེའི་ཤེས་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། སངས་རྒྱས་ཀྱི་དེར་ཐལ། སོ་སྐྱེའི་དེའི་ཕྱིར་སྙམ་ན། འདོད་དེ། ཚད་མའི་རྫས་ཡིན་པ་གང་ཞིག ཚད་མ་དེས་སངས་རྒྱས་ཀྱི་ཡེ་ཤེས་དམིགས་པའི་ཕྱིར་རོ། །གཏན་ཚིགས་སྔ་མ་ཁས་བླངས་ཏེ། དངོས་པོ་གཞིར་བཞག་གི་སྤྱི་གསལ་རྫས་གཅིག་ཏུ་ཁས་བླངས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ལ། རྣམ་བརྫུན་པ་ལྟར་ན་ལྷན་ཅིག་པ་ནི་ཡུལ་དུས་ཅིག་ཆར་དུ་སྣང་བ་ཡིན་ལ། དམིགས་པ་ནི་སྣང་བའམ་འཛིན་པ་ཡིན་ལ། ངེས་པ་ནི་ཁྱབ་པ་ཡིན་ནོ། །རྣམ་བདེན་པ་ལྟར་ན། དམིགས་པ་ནི་མྱོང་བ་ཡིན་ལ་གཞན་སྔ་མ་དང་འདྲའོ། །དེས་ན་རྣམ་བརྫུན་པ་ལྟར་ན་དུས་མཉམ་ཐ་དད་དུ་སྣང་བའི་ཡུལ་ཡུལ་ཅན་གང་ཞིག ཅིག་ཆར་སྣང་བའམ་འཛིན་པའི་ཁྱབ་པ། རྣམ་བདེན་པ་ལྟར་ན་མྱོང་བས་ཁྱབ་པ། ཁ་ཅིག ཟླ་བ་གཉིས་སྣང་གི་དབང་ཤེས་དང་དེ་ལ་ཟླ་བ་གཉིས་སུ་སྣང་བ་བཞིན་ཞེས་པ་མི་འཐད་དེ། རྟགས་དང་མཐུན་དཔེ་ལ་ངེས་དཀའ་སླའི་ཁྱད་པར་མེད་པའི་ཕྱིར་དང་། དམིགས་བརྟག་ལས། རྫས་སུ་མེད་དེ་ཟླ་གཉིས་བཞིན། །ཞེས་དང་། རྣམ་འགྲེལ་ལས། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །ཞེས་དང་། དེའི་འགྲེལ་པར། ལྷས། དཔེར་ན་ཟླ་བ་གཅིག་ལ་མིག་འཁྲུལ་པ་ཅན་གྱིས་གཞན་གཉིས་པ་འཛིན་པ་དེ་བཞིན་ནོ་ཞེས་དང་། ཆོས་མཆོག་གིས། ཟླ་གཉིས་ནང་ཕན་ཚུན་བཞིན་ནོ་ཞེས་དང་། རིགས་གཏེར་ལས། རྫས་གཞན་ཡིན་ན་རྟགས་མི་སྲིད། །ཟླ་གཉིས་སྣང་བཞིན་ཞེས་ཟླ་གཉིས་སུ་སྣང་བ་ཁོ་ན་དཔེར་བཟུང་བའི་ཕྱིར་རོ། །གལ་ཏེ་བདག་རྐྱེན་དབང་པོ་འཁྲུལ་རྒྱུ་དང་བྲལ་བའི་ཚེ་སྔར་གྱི་ཟླ་གཉིས་གང་རུང་གཅིག་སྣང་། གཅིག་ཤོས་མི་སྣང་བའི་ཕྱིར་ན་ལྷན་ཅིག་དམིགས་ངེས་ཀྱི་རྟགས་རྗེས་སུ་འགྲོ་བ་མེད་དོ་སྙམ་ན། ཕྱིས་འཁྲུལ་རྒྱུ་དང་བྲལ་བའི་ཚེ་ཟླ་གཅིག་ཏུ་སྣང་བ་དེ་སྔར་གྱི་ཟླ་བ་གཉིས་ཀྱི་གང་རུང་གཅིག་སྣང་བ་མིན་ཏེ། སྔར་ཟླ་གཉིས་སུ་སྣང་བའི་གཉིས་ཀ་ཡང་དབང་ཤེས་འཁྲུལ་པའི་སྣང་བ་ཡིན་ལ། ཕྱིས་ཟླ་གཅིག་ཏུ་སྣང་བ་ནི་དབང་ཤེས་མ་འཁྲུལ་བའི་སྣང་བ་ཡིན་པའི་ཕྱིར། གསུམ་པ་ནི། ཕྱོགས་ཆོས་ནི་རང་རིག་མངོན་སུམ་གྱི་སྟོབས་ཀྱིས་འགྲུབ་ཅིང་། རྗེས་ཁྱབ་ནི་མཐུན་དཔེ་དབང་ཤེས་འཁྲུལ་བ་ལ་སྣང་བའི་ཟླ་གཉིས་ཀྱི་རྣམ་པའི་སྟེང་དུ་གཞི་གྲུབ་སྟེ། གཏན་ཚིགས་ལྷན་ཅིག་དམིགས་ངེས་དང་སྒྲུབ་ཆོས་རྫས་གཞན་མ་ཡིན་པ་གཉིས་དེ་ལ་རྗེས་སུ་འགྲོ་བའི་ཕྱིར་རོ། །ལྡོག་ཁྱབ་ནི་མི་མཐུན་ཕྱོགས་རྫས་གཞན་ལ་གཏན་ཚིགས་ལྷན་ཅིག་དམིགས་ངེས་འགོག་པར་བྱེད་དེ། སྤྱིར་ཐ་དད་ལ་དུས་མི་མཉམ་པ་དང་། མཉམ་པ་གཉིས་ལས། དང་པོ་ནི། དུས་མི་མཉམ་པ་ཉིད་པས་ལྷན་ཅིག་དམིགས་ངེས་ཁེགས་ལ། གཉིས་པ་ལ་ལྡོག་པ་ཐ་དད་དང་། རྫས་ཐ་དད་གཉིས་ལས། དང་པོ་ནི། འདིའི་མཐུན་དཔེ་ཡིན་ལ། ཕྱི་མ་ལ་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིག་ཁེགས་ཏེ། དེ་གཉིས་དུས་མཉམ་རྫས་གཞན་ཡིན་པས་འབྲེལ་བ་མེད་པའི་ཕྱིར། བཞི་པ་རྩོད་པ་སྤང་བ་ལ་གཉིས་ཏེ། རྟགས་ཀྱི་ཚུལ་ལ་རྩོད་པ་སྤང་བ། སེམས་ཙམ་པའི་གྲུབ་མཐའ་ལ་རྩོད་པ་སྤང་བའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དགེ་བསྲུང་ན་རེ། ཁྱོད་ཀྱི་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་དེ་མི་འཐད་དེ། དེ་ལ་མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པའི་སྐྱོན་གསུམ་ཡོད་པའི་ཕྱིར་རོ། །དང་པོ་ནི། ལྷན་ཅིག་བཟུང་བས་གཉིས་འཛིན་བློ། །གཅིག་པར་འདོད་ན་དེ་མ་གྲུབ། །ཅེས་ཏེ། སྐྱེས་བུ་དུ་མས་ཕན་ཚུན་ཟླ་བ་གཅིག་ལ་དམིགས་པ་ན་ཕན་ཚུན་ཟླ་བ་འཛིན་པའི་ཤེས་པ་མ་དམིགས་ཀྱང་ཟླ་བ་གཅིག་དམིགས་པ་བཞིན་ནོ་སྙམ་ན། སྐྱོན་མེད་དེ། སྐྱེས་བུ་དུ་མ་ལ་ཟླ་བ་གཅིག་སྣང་བ་ན་བག་ཆགས་མཐུན་པར་སད་པ་ཡིན་གྱི་ཟླ་གཅིག་དུ་མར་སྣང་བ་མིན་པའི་ཕྱིར། དཔེར་ན་སྐྱེས་བུ་དུ་མས་རྨི་ལམ་མཐུན་པར་རྨིས་པ་བཞིན་ནོ། །གཉིས་པ་ནི། གཏན་ཚིགས་འདི་འགལ་གང་གི་ཕྱིར། །འཇིག་རྟེན་ན་ནི་ལྷན་ཅིག་སྒྲ། །གཞན་མ་ཡིན་པ་དག་ལ་མེད། །དེ་ཕྱིར་བཟློག་པས་ཁྱབ་ཕྱིར་རོ། །ཞེས་ཏེ། ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་ནི་འགལ་ཏེ། ལྷན་ཅིག་ཡིན་ན། དུ་མ་ཡིན་དགོས། དུ་མ་ཡིན་ན་རྫས་གཞན་མིན་པ་འགལ་དགོས་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། འདིར་ལྷན་ཅིག་པའི་དོན་ནི་གཉིས་སུ་སྣང་ཡང་གཉིས་སུ་མི་བདེན་པ་ལ་འཇོག་པའི་ཕྱིར་རོ། །གསུམ་པ་ནི། ཐ་དད་ཡིན་ན་མ་ངེས་ཏེ། །སངས་རྒྱས་ཡེ་ཤེས་གཞན་སེམས་དང་། །སེམས་དང་སེམས་བྱུང་དག་གིས་ཀྱང་། །གཏན་ཚིག་འདི་ནི་འཁྲུལ་ཕྱིར་རོ། །ཞེས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དང་སོ་སྐྱེའི་ཤེས་པ་གཉིས་པོ་ཆོས་ཅན། རྫས་གཞན་མིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། སེམས་དང་སེམས་བྱུང་དང་། སྣང་བ་དང་གཟུགས་ཆོས་ཅན། རྫས་གཞན་མིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་སྙམ་ན། ཐལ་བ་དང་པོའི་གཏན་ཚིགས་མ་གྲུབ་སྟེ། སོ་སྐྱེའི་ཤེས་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་དམིགས་པར་ཐལ། སོ་སྐྱེའི་ཤེས་པ་དམིགས་པའི་ཕྱིར། ཐལ་བ་གཉིས་པ་འདོད་དེ། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་དང་། དེའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་རྫས་ཅིག སེམས་བྱུང་ནང་ཕན་ཚུན་རྣམས་ཀྱང་རྫས་གཅིག་ཡིན་པའི་ཕྱིར། གཞན་དུ་ན་རྫས་གཞན་ཡིན་ན། ཚོར་བ་བདེ་བ་དང་མཚུངས་པར་ལྡན་པའི་གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། སིམ་པར་མྱོང་བའི་རྣམ་པ་ཅན་མིན་པར་ཐལ། ཚོར་བ་བདེ་བ་དང་རྫས་གཞན་ཡིན་པའི་ཕྱིར། འདོད་ན། ཚོར་བ་བདེ་བ་དང་རྣམ་པ་མཚུངས་པ་མིན་པར་ཐལ་ལོ། །རྣམ་ཤེས་གཅིག་གི་འཁོར་དུ་རང་རིག་མངོན་སུམ་རྫས་གཞན་དུ་མ་ཡོད་པར་ཐལ། དེའི་འཁོར་དུ་སེམས་བྱུང་རྫས་གཞན་དུ་མ་ཡོད་པའི་ཕྱིར། རྟགས་ཁྱབ་ཁས། ཡང་གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་དང་། དེའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། རང་རྒྱུ་རྐྱེན་གསུམ་ཚན་པ་གཅིག་ལས་སྐྱེས་པའི་ཕྱིར། ཁྱབ་སྟེ། དེ་དང་དེ་མིན་རང་བཞིན་ཅན། །དེ་དང་དེ་མིན་དངོས་རྒྱུས་བསྐྱེད། །ཅེས་གསུངས་པའི་ཕྱིར། འདོད་ན་གཙོ་སེམས་དང་། དེའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ཆོས་ཅན། རྫས་གཞན་མིན་པར་ཐལ། རྫས་གཞན་དུ་ཚད་མས་མ་དམིགས་པའི་ཕྱིར། དེ་ལྟར་དུ་ཡང་། བར་དུ་གཞན་ནི་མ་མཐོང་ངོ་། །ཞེས་པའི་འགྲེལ་པར། ལྷས། སྦྱོར་བ་ནི་གང་ཞིག་གང་ལས་ཕུལ་དུ་བྱུང་བ་དང་ལྡན་པར་མཚོན་པ་མ་ཡིན་པ་དེ་ནི་དེ་ལས་ཐ་དད་པར་ཁས་བླངས་པར་བྱ་བ་མིན་ཏེ། དཔེར་ན་སེམས་པ་གཉིས་པ་ལྟ་བུའོ། །སེམས་ལས་བྱུང་བ་ལ་ཡང་སེམས་ལས་ཐ་དད་པར་ཕུལ་དུ་བྱུང་བ་དང་ལྡན་པར་མཚོན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་མ་དམིགས་པའོ་ཞེས་གསུངས་པའི་ཕྱིར། རྫས་གཞན་དུ་མེད་ན་ཇི་ལྟར་འཇོག་ཅེ་ན། རྣམ་པར་ཤེས་པ་དེ་ཉིད་ལ་ཉམས་སུ་མྱོང་བའི་ཆ་ནས་ཚོར་བ་དང་། ཡུལ་གྱི་སྤུ་རིས་འཛིན་པའི་ཆ་ནས་འདུ་ཤེས་དང་། ཡུལ་ལ་མངོན་པར་འདུ་བྱེད་པའི་ཆ་ནས་སེམས་པ་དང་། ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་ཆ་ནས་རེག་པ་དང་། ཡུལ་ལ་གཡོ་བར་བྱེད་པའི་ཆ་ནས་ཡིད་ལ་བྱེད་པར་འཇོག་སྟེ། འདི་ནི་རྣམ་ཤེས་ཀུན་ལ་འགྲེ་ལ། གཞན་སེམས་བྱུང་གང་དང་མཚུངས་པར་ལྡན་པ་དེའི་ཆ་ནས་བརྩི་བར་བྱའོ། །གལ་ཏེ་སེམས་སེམས་བྱུང་རྫས་གཞན་མིན་ན། ཆོས་མངོན་པ་ནས་ཕུང་པོ་ཐ་དད་དུ་བཤད་པ་དང་འགལ་ལོ་ཞེ་ན། དེར་ནི་རྣམ་རྟོག་གི་ལྡོག་པ་ཐ་དད་དུ་བཤད་དེ། དཔེར་ན་སྒྲ་དང་སྒྲའི་མི་རྟག་པ་བཞིན་ནོ། །དེ་ལྟར་ཡང་། རིགས་གཏེར་རང་འགྲེལ་ལས། སྒྲའི་བྱས་པ་དང་མི་རྟག་པ་ལ་སོགས་པ་བཞིན། དོན་ལ་ཐ་དད་མེད་མོད་ཀྱི་བདེ་བར་གཤེགས་པས་ཕུང་པོ་ཐ་དད་དུ་གསུངས་པ་དང་། རིགས་པ་སྨྲ་བས་ཆོས་ཅན་དང་། བསྒྲུབ་བྱ་དང་གཏན་ཚིགས་ཐ་དད་དུ་ཕྱེ་བ་ནི་ལོག་པ་ཐ་དད་ལས་ལོག་པའི་སྒོ་ནས་བློས་ཐ་དད་དུ་སྒྲོ་བཏགས་སུ་རུང་བ་ཉིད་ཡིན་ཏེ་ཞེས་གསུངས་པས་སོ། །ཐལ་བ་གསུམ་པ་ལ་ནི། གཟུགས་དམིགས་པ་སྣང་བ་ལ་ལྟོས་པའི་གང་ཟག་གི་ངོར་ནི་དེ་གཉིས་རྫས་གཞན་མིན་པར་འདོད་དེ། ལྕག་གོང་དམར་འབར་བ་གྱུར་པ་བཞིན་ནོ། །དེ་དམིགས་པ་དེ་ལ་མི་ལྟོས་པའི་བྱི་ལ་ལྟ་བུའི་ངོར་ནི་གཏན་ཚིགས་མ་གྲུབ་སྟེ། དེས་གཟུགས་དམིགས་པའི་ཚེ་སྣང་བ་མ་དམིགས་པ་ཡང་ཡོད། དེས་སྣང་བ་དམིགས་པ་ན་གཟུགས་མ་དམིགས་པ་ཡང་ཡོད་པའི་ཕྱིར། ཁ་ཅིག སྔོ་འཛིན་མིག་གི་རྣམ་པར་ཤེས་པ་དང་། དེ་ལ་སྔོན་པོར་སྣང་བ་གཉིས་ལྷན་ཅིག་དམིགས་ངེས་ཡིན་ན། དེའི་འཁོར་དུ་བྱུང་བའི་ཚོར་བ་བདེ་བ་ཆོས་ཅན། སྔོ་འཛིན་མིག་གི་རྣམ་པར་ཤེས་པ་དམིགས་པར་ཐལ། དེ་ལ་སྔོན་པོར་སྣང་བ་དམིགས་པའི་ཕྱིར་ཏེ། དེ་དང་རྣམ་པ་མཚུངས་པའི་ཕྱིར། འདོད་ན། དེ་མྱོང་བར་ཐལ་ལོ་ཞེས་འཕེན་པ་ནི་སེམས་སེམས་བྱུང་རྫས་གཞན་དུ་འདོད་པ་ལ་གནོད་ཀྱང་ཁོ་བོ་ཅག་ལ་མི་གནོད་དེ། དེ་གཉིས་རྫས་གཅིག་ཡིན་པའི་ཕྱིར། ཁ་ཅིག་ཡུལ་ཐུན་མོང་བ་མེད་ན། གཞན་དོན་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་ན། རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པས་མ་ཁྱབ་པར་ཐལ་ལོ། །ཡོད་ན་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་ཉམས་པར་འགྱུར་རོ། །གཞན་ཡང་། རེ་རེ་དག་དང་འབྲེལ་ན་ནི། །ཞེས་པ་དེ། མཚམས་སྦྱོར་བར་ནི་མི་འགྱུར་རོ། །ཞེས་པས་འགོག་པ་མིན་པར་ཐལ། ཡུལ་ཐུན་མོང་བ་མེད་པའི་ཕྱིར་ཅེ་ན། སྐྱོན་མེད་དེ། གཞན་དོན་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་རྒོལ་བ་གཉིས་ལ་མཐུན་པར་སྣང་བ་ནི་རྟོག་པ་ལ་རྣམ་པ་མཐུན་པར་སྣང་བ་ཙམ་ཡིན་ཞིང་འཆད་ཉན་བྱེད་པའི་ཚེ་དོན་གཅིག་ལ་མཚམས་སྦྱོར་བ་ཡང་རྟོག་པ་ལ་རྣམ་པ་མཐུན་པར་མཚམས་སྦྱོར་བ་ཙམ་ཡིན་པས་དེ་ཙམ་གྱི་ཕྱིའི་ཡུལ་ཐུན་མོང་བ་ཡང་མི་གྲུབ་ཅིང་། རྟོག་པ་ལ་སྣང་བའི་རྣམ་པ་སྤྱིར་སྒྲོ་བཏགས་པའི་ཆ་ཐུན་མོང་བར་འགྲུབ་ཀྱི་རྣམ་པ་ཉིད་ཀྱང་ཐུན་མོང་བར་མི་གྲུབ་པའི་ཕྱིར་ཏེ། རུང་ཡུལ་གནས་པས་མི་ཤེས་པ། །རང་ཉིད་ཤེས་ཕྱིར་དེ་ཤེས་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་སེམས་ཙམ་པའི་གྲུབ་མཐའ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། ཕྱི་དོན་ཡོད་པའི་སྒྲུབ་བྱེད་དགག ཕྱི་དོན་མེད་པ་ལ་གནོད་པ་སྤང་བའོ། །དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ནི། མདོ་སྡེ་པ་རྣམས་ན་རེ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལས་བློ་གཅིག་ཚུལ་གཉིས་པ་ཅན་དུ་གྲུབ་ཀྱང་། ཕྱི་དོན་མེད་པར་མི་གྲུབ་ཏེ། དབང་མངོན་གྱི་དམིགས་རྐྱེན་དུ་གྱུར་པའི་ཕྱིར་དོན་ཡོད་པར་རྗེས་དཔག་གིས་གྲུབ་པའི་ཕྱིར། ཅི་ལྟར་དུ་གྲུབ་ཅེ་ན། དབང་མངོན་ཆོས་ཅན། དབང་ཡིད་ལས་གཞན་པའི་དམིགས་རྐྱེན་ཡོད་དེ། དེ་མེད་ན་མི་སྐྱེ་བ་དང་། རེས་འགའ་སྐྱེ་བའི་གཞི་མཐུན་ཡིན་པའི་ཕྱིར་ཅེ་ན། གཉིས་པ་ལ། ལན་དངོས་དང་། སེམས་ཙམ་པའི་རྐྱེན་གསུམ་གྱི་རྣམ་བཞག་གཉིས་ལས། དང་པོ་ནི། སྐྱོན་མེད་དེ། སྔོར་སྣང་དབང་ཤེས་དེ་ཕྱི་དོན་ཚང་མ་ཚང་གི་རེས་འགའ་སྐྱེ་བར་ངེས་པར་མ་ཡིན་གྱི་སྔོར་སྣང་གི་བག་ཆགས་སད་བྱེད་ཀྱི་རྐྱེན་ཚང་མ་ཚང་གི་རེས་འགའ་སྐྱེ་བར་ངེས་པའི་ཕྱིར་ཅེས་པ་ནི། གལ་ཏེ་མཚུངས་པ་དེ་མ་ཐག །ཅེས་སོགས་ཀྱིས་སྟོན། གཉིས་པ་ལ། ཐོགས་མེད་སྐུ་མཆེད་ཀྱི་ལུགས་དང་། ཕྱོགས་གླང་ཡབ་སྲས་ཀྱི་ལུགས་གཉིས་ལས། དང་པོ་ནི། ཐོགས་མེད་ཀྱིས། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ཐུན་མོང་བའི་བག་ཆགས་དང་། ཐུན་མོང་མ་ཡིན་པའི་བག་ཆགས་གཉིས་ལས། དང་པོ་སྨིན་པ་ལས་གཟུགས་སོགས་དོན་ལྔར་སྣང་བ་འབྱུང་ཞིང་། གཉིས་པ་སྨིན་པ་ལས་མིག་སོགས་དབང་པོར་སྣང་བ་འབྱུང་ཞིང་། དང་པོ་ནི། དམིགས་རྐྱེན་དང་། ཕྱི་མ་ནི་བདག་རྐྱེན་ཡིན་ལ། དེས་ན་ཀུན་གཞིའི་སྣང་བ་ལ་དམིགས་རྐྱེན་དང་བདག་རྐྱེན་འཇོག་པ་ཡིན་ལ། ཕྱི་རོལ་དོན་དུ་གྱུར་པའི་དམིགས་རྐྱེན་དང་བདག་རྐྱེན་ནི་མེད་དོ། །དབྱིག་གཉེན་གྱིས། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཞེས་ཕྱི་དོན་དུ་གྱུར་པའི་ཕུང་ཁམས་སྐྱེ་མཆེད་དྲང་དོན་དུ་གཏན་ལ་དབབ་ནས། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་དོན་སྣང་གི་བག་ཆགས་སད་བྱེད་ཀྱི་རྐྱེན་ཚང་བ་ལས་དོན་དུ་སྣང་བའི་རྣམ་རིག་འབྱུང་ཞིང་། དེ་ནི་དམིགས་རྐྱེན་དང་དབང་པོ་ལ་སྣང་བའི་བག་ཆགས་སད་བྱེད་ཀྱི་རྐྱེན་ཚང་བ་ལས་དབང་པོར་སྣང་བའི་རྣམ་རིག་འབྱུང་ཞིང་། དེ་ནི་བདག་རྐྱེན་ཡིན་པས་ཤེས་པ་ལས་རྫས་གཞན་དུ་གྱུར་པའི་དམིགས་རྐྱེན་དང་བདག་རྐྱེན་མེད་དོ་ཞེས་གསུངས་སོ། །སྐུ་མཆེད་གཉིས་ཆར་གྱིས་དེ་མ་ཐག་རྐྱེན་ནི་དྲུག་པོ་འགགས་མ་ཐག་པ་ལ་འདོད་ཅིང་། འགགས་མ་ཐག་པའི་དོན་ནི་དམིགས་རྐྱེན་དང་བདག་རྐྱེན་ནི་དབང་ཤེས་རང་དུས་སུ་ཡོད་པ་ཡིན་ཀྱང་དེ་མ་ཐག་རྐྱེན་ཡིན་ན་དབང་ཤེས་རང་དུས་སུ་འགགས་པ་ཅིག་དགོས་ཞེས་པའི་དོན་ཡིན་གྱི་འགགས་པ་དེ་མ་ཐག་རྐྱེན་དུ་འདོད་པ་ནི་མིན་ནོ། །འོ་ན་འཇུག་ཤེས་དྲུག་རྒྱུན་ལྡན་དུ་འབྱུང་བའི་ཚེ་དྲུག་པོ་འགགས་མ་ཐག་པ་དེ་མ་ཐག་རྐྱེན་དུ་འཐད་ཀྱང་སེམས་མེད་པའི་སྙོམས་འཇུག་གཉིས་དང་གཉིད་དང་བརྒྱལ་བ་སོགས་ཀྱི་གནས་སྐབས་སུ་དེ་མ་ཐག་རྐྱེན་དུ་ཇི་ལྟར་འཐད་ཅེ་ན། དེའི་ཚེ་ཀུན་གཞིའི་རྣམ་ཤེས་ཀྱིས་འཇུག་ཤེས་དྲུག་གི་དེ་མ་ཐག་རྐྱེན་བྱས་ཕྱིས་དེ་རྒྱུན་ལྡན་དུ་འབྱུང་བའི་ཚེ་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་དེ་མ་ཐག་རྐྱེན་བྱེད་པ་ཡིན་ནོ། །གཉིས་པ་ཕྱོགས་གླང་ཡབ་སྲས་ཀྱི་ལུགས་ལ་རྐྱེན་གསུམ་ལས། དང་པོ་དམིགས་རྐྱེན་ལ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་གཉིས་ལས། དང་པོ་ནི། དམིགས་བརྟག་ལས། དབང་པོ་རྣམ་པར་རིག་པའི་རྒྱུ། །ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །དེ་མི་སྣང་ཕྱིར་དེ་ཡུལ་ནི། །རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །གང་ལྟར་སྣང་དེ་དེ་ལྟར་མིན། །རྫས་སུ་མེད་དེ་ཟླ་གཉིས་བཞིན། །དེ་ཕྱིར་ཕྱི་རོལ་གཉིས་ཀ་ཡང་། །བློ་ཡི་ཡུལ་དུ་མི་འདོད་དོ། །ཞེས་གསུངས། དེའི་དོན་ཉན་ཐོས་པ་ཁ་ཅིག ཕྱི་དོན་དབང་ཤེས་ཀྱི་དམིགས་རྐྱེན་དུ་འདོད་ན། དེ་ལ་རྡུལ་ཕྲན་དང་། དེ་དུ་མ་འདུས་པའི་རགས་པ་གཉིས་ལས། དང་པོ་དམིགས་རྐྱེན་ཡིན་པ་ཡང་མི་འཐད་དེ། དེའི་རྣམ་པ་མི་སྣང་བའི་ཕྱིར། དཔེར་ན། ཁྱེད་རང་གི་ལུགས་ལ་ཡང་དབང་པོ་གཟུགས་ཅན་པ་བཞིན། གཉིས་པ་དེ་དེའི་དམིགས་རྐྱེན་ཡིན་པ་ཡང་མི་འཐད་དེ། དེ་རྫས་སུ་མ་གྲུབ་པའི་ཕྱིར། དཔེར་ན་དབང་ཤེས་འཁྲུལ་པ་ལ་སྣང་བའི་ཟླ་གཉིས་བཞིན། དེས་ན་ཕྱི་རོལ་གྱི་དོན་ལ་གཉིས་སུ་ཡོད་པའི་གཉིས་ཀ་ཡང་དམིགས་རྐྱེན་མཚན་ཉིད་པ་མ་ཡིན་ཏེ། སྔ་མ་ལ་དམིགས་པའི་དོན་མ་ཚང་བའི་ཕྱིར་དང་། ཕྱི་མ་ལ་རྐྱེན་གྱི་དོན་མ་ཚང་བའི་ཕྱིར། གཉིས་པ་རང་ལུགས་ལ། སྣང་བའི་དམིགས་རྐྱེན་དང་། ནུས་པའི་དམིགས་རྐྱེན་གཉིས་ལས། དང་པོ་ལ། དམིགས་བརྟག་ལས། ནང་གི་ཤེས་པའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་པ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་གསུངས། དེའི་དོན་ནི་གནས་ཚུལ་ལ་ཤེས་པ་རང་གི་བདག་ཉིད་ཡིན་ཞིང་། སྣང་ཚུལ་དབང་ཤེས་ལ་རང་དུས་སུ་ཕྱི་རོལ་རྒྱང་ཆད་དུ་སྣང་བ་འདི་ལ་དམིགས་རྐྱེན་དུ་འཇོག་པ་ཡིན་ལ། དེ་ལ་དམིགས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དབང་ཤེས་དེས་དྲངས་པའི་ངེས་ཤེས་དེས་དེ་ལ་དོན་གྱི་ཐ་སྙད་བྱེད་པའི་ཕྱིར། དེ་ལ་རྐྱེན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དབང་ཤེས་དེ་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་པའི་ཕྱིར་ཏེ། གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། །ཞེས་གསུངས་སོ། །གཉིས་པ་ནི། ཡང་ན་ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ཞེས་གསུངས་སོ། །དེའི་དོན་ཤེས་པ་གཅིག་གི་ངོ་བོ་ལ་དམིགས་རྐྱེན་འཇོག་པར་མ་ཟད་སྔ་ཕྱི་རིམ་གྱིས་འབྱུང་བའི་དམིགས་རྐྱེན་ཡང་ཡོད་དེ། སྔོར་སྣང་དབང་ཤེས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་སྔོར་སྣང་གི་བག་ཆགས་སྔོར་སྣང་དབང་ཤེས་སྔོན་པོའི་རྣམ་ལྡན་དུ་བསྐྱེད་པའི་ནུས་པ་དེ་དེའི་དམིགས་རྐྱེན་དུ་འཇོག་པའི་ཕྱིར། འོ་ན་ནུས་པ་དེ་གང་གིས་བཞག་པ་ཡིན་ཞེ་ན་སྔོར་སྣང་དབང་ཤེས་སྔ་མས་བཞག་པ་ཡིན་ནོ། །ཁ་ཅིག སྣང་བའི་དམིགས་རྐྱེན་དང་། ནུས་པའི་དམིགས་རྐྱེན་གཉིས་ལས། དང་པོ་ནི། སྔོན་སྣང་དབང་ཤེས་ལ་རང་དུས་སུ་ཕྱི་རོལ་རྒྱང་ཆད་ལྟར་སྣང་བ་འདི་དམིགས་པ་མཚན་ཉིད་པ་ཡིན་ཏེ། རྗེས་ཀྱི་ངེས་ཤེས་ཀྱིས་དོན་གྱི་ཐ་སྙད་བྱེད་པའི་ཕྱིར། དེ་རྐྱེན་མཚན་ཉིད་པ་ཡིན་ཏེ། དབང་ཤེས་དེ་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་པའི་ཕྱིར། འོ་ན་ཤེས་པའི་ངོ་བོ་ཡིན་པས་དམིགས་རྐྱེན་དུ་ཇི་ལྟར་འཐད་ཅེ་ན། དམིགས་རྐྱེན་དུ་འཇོག་པ་ནི་རྗེས་ཀྱི་ཞེན་ངོ་ལ་ལྟོས་པ་ཡིན་ལ་རྗེས་ཀྱི་ཞེན་ངོ་ལ་དེ་ཤེས་པ་མིན་པར་དོན་དུ་འཇོག་པའི་ཕྱིར། གཉིས་པ་ནི། སྔོར་སྣང་དབང་ཤེས་སྔ་མ་དེ་དཀར་སྣང་གི་ཤེས་པ་སོགས་ཀྱིས་བར་དུ་ཆོད་ཀྱང་རུང་། མ་ཆོད་ཀྱང་རུང་སྔོར་སྣང་དབང་ཤེས་ཕྱི་མའི་དམིགས་རྐྱེན་ཡིན་ཏེ། སྔོར་སྣང་གི་བག་ཆགས་བཞག་པའི་སྒོ་ནས་དེ་རང་དབང་དུ་སྐྱེད་བྱེད་ཡིན་པའི་ཕྱིར་ཅེས་ཟེར། མི་འཐད་དེ། སྔོར་སྣང་དབང་ཤེས་དང་དེ་ལ་རང་དུས་སུ་སྔོན་པོར་སྣང་བ་གཉིས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལས་རྫས་གཞན་མིན་པར་བསྒྲུབས་ཟིན་པའི་ཕྱིར་དང་། མེད་པ་སྔར་ནུས་མེད་པའི་ཕྱིར་དང་། ཞེས་པས་དུས་མཉམ་པ་ལ་རྒྱུ་འབྲས་ཁེགས་པའི་ཕྱིར་དང་། བདག་སྐྱེ་ཡོད་པར་ཐལ་བའི་སྐྱོན་གསུམ་ཡོད་པའི་ཕྱིར། གཞན་ཡང་སྔོར་སྣང་དབང་ཤེས་ཀྱི་རྒྱུ་ཡིན་ན། དེའི་རྐྱེན་གསུམ་གང་རུང་ཡིན་དགོས་པར་ཐལ། དེའི་རྐྱེན་གསུམ་གང་རུང་ཡིན་ན། དེའི་དངོས་རྒྱུ་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། རྔ་ཆོས་ཅན། རྔ་སྒྲ་ཐོས་པའི་ཉན་ཤེས་ཀྱི་རྐྱེན་གསུམ་གང་རུང་དུ་ཐལ། དེའི་རྒྱུ་ཡིན་པའི་ཕྱིར། དམིགས་རྐྱེན་ལ་སྣང་བའི་དམིགས་རྐྱེན་དང་། ནུས་པའི་དམིགས་རྐྱེན་གཉིས་སུ་ཕྱེ་ནས་དང་པོས་དམིགས་རྐྱེན་གྱི་གོ་མི་ཆོད་ཅིང་། ཕྱི་མ་ཁོ་ན་དམིགས་རྐྱེན་མཚན་ཉིད་པ་ཡིན་པ་ནི་དཔལ་ལྡན་གྲགས་པའི་དགོངས་པ་ཡང་ཡིན་ཏེ། མདོ་སྡེ་པས། ཕྱི་དོན་མེད་ན་དབང་ཤེས་རེས་འགའ་མི་སྐྱེ་བར་ཐལ་ལོ་ཞེས་པའི་ལན་དུ་དམིགས་རྐྱེན་དང་པོ་ཡོད་མེད་གང་གི་ཡང་བཤད་པ་མ་མཛད་པར། ཕྱི་མ་ཚང་མ་ཚང་གིས་དབང་ཤེས་རེས་འགའ་སྐྱེ་བར་ངེས་པའི་ཕྱིར་ཞེས་པའི་ལན་ཁོ་ན་མཛད་པའི་ཕྱིར་ཏེ། མ་རིག་གིས་བསླད་བདག་ཉིད་ལ། །ཞེས་སོགས་དང་། འདིར་འགའ་ཞིག་ནི་འགའ་ཞིག་གིས། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་བདག་རྐྱེན་ནི། དམིགས་བརྟགས་ལས། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །དེ་ཡང་རྣམ་རིག་ལ་མི་གསལ། །ཞེས་གསུངས་ལ། དེའི་དོན་སྔོར་སྣང་དབང་ཤེས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་སྔོར་སྣང་དབང་ཤེས་ཡུལ་སོ་སོར་ངེས་པ་སྐྱེད་པར་བྱེད་པའི་ནུས་པ་དེ་སྔོར་སྣང་དབང་ཤེས་ཀྱི་བདག་རྐྱེན་ཡིན་ལ། དེ་ཉིད་ལ་དབང་པོ་ཞེས་བརྗོད་པའི་རྒྱུ་མཚན་ནི། སྔོར་སྣང་དབང་ཤེས་ཀྱི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་སྒོ་ནས་དེ་རང་དབང་དུ་སྐྱེད་བྱེད་ཡིན་པའི་ཕྱིར། ནུས་པ་དེ་ཡུལ་སོ་སོར་ངེས་པའི་རྒྱུ་ཡང་ཡིན་ཏེ། ཡུལ་སོ་སོར་ངེས་པ་དེ་ལ་རྒྱུ་གཅིག་ཡོད་དེ་ལས་གཞན་པའི་རྒྱུ་མེད་པའི་ཕྱིར། ནུས་པ་དེ་གང་གིས་བཞག་ཅེ་ན། སྔོར་སྣང་དབང་ཤེས་སྔ་མ་ཞིག་གིས་བཞག་པས་ནུས་པ་འཇོག་བྱེད་དང་། དེས་བཞག་པའི་ནུས་པ་ཙམ་ལ་དབང་ཤེས་ཀྱི་དངོས་རྒྱུས་མ་ཁྱབ་ཀྱང་རྐྱེན་གསུམ་དུ་བཞག་པའི་ནུས་པ་ལ་ནི་དངོས་རྒྱུས་ཁྱབ་པ་གནད་ཀྱི་དོན་ནོ། །གསུམ་པ་དེ་མ་ཐག་རྐྱེན་ནི། ཤེས་པ་སྔ་མ་དེ་རང་ཉིད་འགགས་པའི་སྟོབས་ཀྱིས་ཤེས་པ་ཕྱི་མ་བསྐྱེད་པ་ལ་ཤེས་པ་ཕྱི་མའི་དེ་མ་ཐག་རྐྱེན་དུ་འཇོག་སྟེ། འདི་ནི་གོ་སླ་བ་ལ་དགོངས་ནས་གཞུང་ལས་དངོས་སུ་མ་བཤད་དོ། །འོ་ན་དབང་ཤེས་ཀྱི་རྐྱེན་གསུམ་པོ་དེ་རྫས་གཅིག་ཡིན་ནམ་རྫས་ཐ་དད་ཡིན་ཅེ་ན། ཁ་ཅིག་རྫས་ཐ་དད་ཡིན་ཏེ། མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་དོན་སྣང་གི་བག་ཆགས་སད་བྱེད་ཀྱི་རྐྱེན་ཚང་བ་ལས་དོན་དུ་སྣང་བའི་རྣམ་རིག་འབྱུང་། དབང་པོར་སྣང་བའི་བག་ཆགས་སད་པ་ལས་དབང་པོར་སྣང་བའི་རྣམ་རིག་འབྱུང་ཞིང་། བག་ཆགས་དེ་གཉིས་རྫས་གཞན་ཡིན་པའི་ཕྱིར་ཞེ་ན། དབང་ཤེས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་ཆོས་ཅན། ཁྱོད་ཀྱི་སྟེང་གི་དོན་སྣང་གི་བག་ཆགས་དེ་ཁྱོད་ལས་རྫས་གཞན་དུ་ཐལ། དེ་ཁྱོད་ཀྱི་སྟེང་གི་དབང་པོར་སྣང་བའི་བག་ཆགས་དང་རྫས་གཞན་ཡིན་པ་གང་ཞིག ཁྱོད་ཁྱོད་ཀྱི་སྟེང་གི་དབང་པོར་སྣང་བའི་བག་ཆགས་དེ་དང་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། བག་ཆགས་དང་བག་ཆགས་ཅན་རྫས་གཞན་དུ་འགྱུར་ཞིང་དེ་ཡང་འདོད་ན། ནུས་པ་དང་ནུས་པ་ཅན་རྫས་གཞན་དུ་འགྱུར་རོ། །དེས་ན་དེ་གསུམ་རྫས་གཅིག་ཡིན་ཏེ། མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་དབང་ཤེས་གཙོ་བོར་ཡུལ་གྱི་རྣམ་ལྡན་དུ་བསྐྱེད་པའི་ནུས་པ་དང་། གཙོ་བོར་ཡུལ་འཛིན་ནུས་སུ་བསྐྱེད་པའི་ནུས་པ་དང་། གཙོ་བོར་མྱོང་བ་གསལ་རིག་ཏུ་བསྐྱེད་པའི་ནུས་པ་གསུམ་རྫས་གཅིག་ཡིན་པ་གང་ཞིག དེ་གསུམ་ལ་དབང་ཤེས་ཀྱི་རྐྱེན་གསུམ་དུ་འཇོག་པའི་ཕྱིར་རོ། །གཉིས་པ་ཕྱི་དོན་མེད་པ་ལ་གནོད་པ་སྤོང་བ་ནི། གལ་ཏེ་ཕྱི་དོན་མེད་ན། ས་བོན་གྱིས་མྱུ་གུ་བསྐྱེད་པ་སོགས་རྒྱུ་འབྲས་དང་། དུ་བའི་རྟགས་ལས་མེ་དཔོག་པ་སོགས་ཤེས་བྱ་ཤེས་བྱེད་ཀྱི་རྣམ་བཞག་མི་འཐད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཕྱི་རོལ་གྱི་དོན་མེད་ཀྱང་བག་ཆགས་བརྟན་པའི་ཤེས་པ་ལ། ས་བོན་དང་མྱུ་གུར་སྣང་བ་དང་། དུ་བ་དང་མེར་སྣང་བ་ལ་རྒྱུ་འབྲས་དང་། ཤེས་བྱ་ཤེས་བྱེད་སོགས་འཇོག་པའི་ཕྱིར་ཏེ། འདི་ལྟར་ཁྱེད་རང་གིས་ཕྱི་དོན་ཡོད་པར་འདོད་པའི་ལུགས་ལ་ས་བོན་དང་མྱུ་གུ་དོན་གཞན་སྔ་ཕྱི་རྗེས་སུ་འགྲོ་ལྡོག་བྱ་ས་དང་བྱེད་པ་པོ་ལ་རྒྱུ་འབྲས་སུ་འཇོག་པ་དེ་བཞིན་དུ་ཕྱི་དོན་མེད་ཀྱང་བག་ཆགས་བརྟན་པའི་ཤེས་པ་ལ་ས་བོན་དུ་སྣང་བའི་རྣམ་རིག་དང་མྱུ་གུར་སྣང་བའི་རྣམ་རིག་དོན་གཞན་སྔ་ཕྱི་རྗེས་སུ་འགྲོ་ལྡོག་བྱ་ས་དང་བྱེད་པ་པོ་རྒྱུ་འབྲས་སུ་འཇོག་པར་བྱེད་པའི་ཕྱིར་རོ། །གལ་ཏེ་མེ་དུ་སོགས་དེར་སྣང་བའི་རྣམ་རིག་ལ་འཇོག་ན། དུ་བའི་རྟགས་ལས་མེ་དཔོག་པ་མི་འཐད་པར་ཐལ། མེར་སྣང་གི་བློ་དེ་དུར་སྣང་གི་བློའི་འབྲས་བུ་ཡིན་པའི་ཕྱིར་ཏེ། དུར་སྣང་གི་བློ་དེ་མེར་སྣང་གི་བློའི་སྔ་རོལ་དུ་གྲུབ་པའི་ཕྱིར། གལ་ཏེ་མེར་སྣང་གི་བློ་དེ་དུར་སྣང་གི་བློའི་བག་ཆགས་སད་བྱེད་ཀྱི་རྐྱེན་ཡིན་པས་སྐྱོན་མེད་དོ་སྙམ་ན། དེ་ལྟར་ན་དུར་སྣང་གི་བློ་དེ་ཡང་མེར་སྣང་གི་བག་ཆགས་སད་བྱེད་ཀྱི་རྐྱེན་ཡིན་པས་རྒྱུ་རྟགས་སུ་བཀོད་ནས་འབྲས་བུ་བསྒྲུབ་པའི་གཏན་ཚིགས་སུ་འགྱུར་རོ་ཞེ་ན། དེའི་ལན་ལ། མེ་དུ་སོགས་རྒྱུ་འབྲས་སུ་འཇོག་པའི་ཚུལ་དང་། དེས་ན་འབྲས་རྟགས་ཀྱི་རྣམ་བཞག་འཐད་པའི་ཚུལ་གཉིས་ལས། དང་པོ་ནི། མེར་སྣང་གི་བག་ཆགས་ཀྱི་སྙིང་པོ་ཅན་གྱི་རང་སྣང་གི་བློ་དེ་དུར་སྣང་གི་བློའི་རྒྱུ་ཡིན་པས་ཐ་སྙད་དུ་མེ་ལས་དུ་བ་སྐྱེ་ཞེས་འཇོག་པ་ཡིན་གྱི་ཕྱི་རོལ་དོན་དུ་གྱུར་པའི་མེ་ལས་དུ་བ་སྐྱེ་བ་མ་ཡིན་ཞིང་། མེར་སྣང་གི་བློ་ལས་དུར་སྣང་གི་བློ་སྐྱེ་བ་ཡང་མ་ཡིན་ཏེ། སེམས་རྒྱུད་དེར་རུང་བག་ཆགས་ཀྱི། །སྙིང་པོ་ཅན་ཉིད་དུ་བར་ནི། །སྣང་བའི་བློ་ནི་གསལ་བྱེད་པ། །དེས་ན་མེ་ལས་དུ་བ་ཡིན། །ཞེས་སོ། །གཉིས་པ་ནི། དུར་སྣང་གི་བློ་གསལ་བར་སད་པའི་རྟགས་ལས། ལར་སྣང་གི་བློའི་སྟེང་དུ་བག་ཆགས་གསལ་བར་སད་པ་ཅན་གྱི་མེར་སྣང་གི་བློ་བསྐྱེད་པའི་ནུས་པ་ཡོད་པར་རྟོགས་པར་བྱེད་པ་སྟེ། དེ་ལའང་དུ་བར་སྣང་བའི་བློས། །བག་ཆགས་གསལ་བར་སད་པ་ཅན། །མེར་སྣང་བ་ཡི་བློ་ཉིད་ནི། །རྟོགས་འགྱུར་མེ་ཉིད་མ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་འགོད་པའི་ཚེ་ཡང་དེ་ལྟར་འགོད་དམ་ཞེ་ན། མེ་དུར་སྣང་བ་ལས་གཞན་མེ་དུ་མ་གྲུབ་པར་འདོད་པ་ལྟར་ན། དུ་ལྡན་གྱི་ལར་སྣང་བ་ཆོས་ཅན། མེར་སྣང་བ་ཡོད་དེ། དུ་བར་སྣང་བ་ཡོད་པའི་ཕྱིར་ཞེས་འགོད་ཅིང་། གང་དག་མེ་དུ་ཡོད་ཅིང་དེ་ཤེས་པའི་བདག་ཉིད་དུ་འདོད་པ་ལྟར་ན། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་འགོད་དོ། །སློབ་དཔོན་ཤཱཀྱ་བློ་ལ་སོགས་པ་ནི་ཕྱི་རོལ་གྱི་མེ་དཔོག་པ་ན་ད་ལྟར་བ་ཡིན་ལ། སེམས་ཀྱི་མེ་དཔོག་པ་ན་མ་འོངས་པ་ཡིན་ཅིང་། གེགས་མེད་ན་མི་བསླུ་བར་གཉིས་ཀ་མཚུངས་སོ། །དེས་ན་མེར་སྣང་བའི་བློ་བསྐྱེད་ནུས་པའི་ཤིས་པ་ལས་སྐྱེ་བས་དུ་བར་སྣང་བའི་བློ་མེ་ལས་སྐྱེ་ཞེས་བརྗོད་ཀྱི་མེ་དངོས་ལས་མ་ཡིན་ནོ། །དེས་ན་རྒྱུའི་ཆོས་དཔོག་པའི་འབྲས་རྟགས་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་རང་རིག་བསྒྲུབ་པ་ལ་ཕྱོགས་གླང་གིས། དྲན་པའི་རྟགས་ཀྱིས་བསྒྲུབ་པར་གསུངས་ཤིང་། སློབ་དཔོན་གྱིས་ནི་ཚུལ་གཉིས་གྲུབ་པས་རང་རིག་ཕལ་ཆེར་གྲུབ་པའི་ཚུལ་དང་། དེའི་ཡན་ལག་ཏུ་རིགས་པ་གཞན་དུ་མས་བསྒྲུབ་པ་དང་། དྲན་པའི་རྟགས་ཀྱིས་རང་རིག་བསྒྲུབ་པ་གསུམ་གསུངས་ཏེ། གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །མངོན་གྱུར་འཇལ་བྱེད་མངོན་སུམ་ཡང་དག་དང་། །གོ་ས་གཅོད་བྱེད་མངོན་སུམ་ལྟར་སྣང་དང་། །གཞན་བྱ་རྟགས་པའི་སྒྲུབ་བྱེད་ཚད་འབྲས་ཀྱིས། །མངོན་སུམ་ཚད་མའི་དོན་རྣམས་རྟོགས་པར་འགྱུར། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་བཅད་པའོ། །མངོན་སུམ་བཤད་ཟིན་ཏོ།། །།

རྗེས་དཔག་ཚད་མ་བཤད་པ།

གཉིས་པ་རྗེས་དཔག་ལ་གཉིས་ཏེ། རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གོ །དང་པོ་ལ་གཉིས་ཏེ། མཚན་ཉིད་དང་། རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ་ཁ་ཅིག ཚུལ་གསུམ་ཚད་མའི་སྟོབས་ཀྱི་ངེས་པའི་རྟགས་ལས་བསྒྲུབ་བྱ་རྟོགས་པའི་བློ་ཞེས་པ་ནི་མི་འཐད་དེ། ཚུལ་གསུམ་ཉིད་ལ་ངེས་པ་དགོས་པས་ཚད་མའི་སྟོབས་ཀྱི་ངེས་པ་ལ་ཟློས་པའི་སྐྱོན་ཡོད་པའི་ཕྱིར་རོ། །དེས་ན་ཚུལ་གསུམ་ཚང་བའི་རྟགས་ལས་བསྒྲུབ་བྱ་རྟོགས་པའི་བློ་སྟེ། ཚད་མ་མདོར། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་སོ། །རང་དོན་རྗེས་དཔག་དང་། རྗེས་དཔག་ཚད་མ་རྣམས་ནི་དེའི་རྣམ་གྲངས་ཡིན་པས་མཚན་ཉིད་ལོགས་སུ་མི་དགོས་སོ། །གཉིས་པ་ལ་གཉིས་ཏེ། གང་གིས་རྟོགས་པའི་རྟགས་དང་། དེས་རྟོགས་པའི་བསྒྲུབ་བྱ་བཤད་པའོ། །དང་པོ་ལ་གཉིས་ཏེ། ལྟོས་བཞི་ཕྱོགས་གསུམ་བཤད་པ་དང་། དེ་ལ་ལྟོས་པའི་རྟགས་ཀྱི་རབ་དབྱེའོ། །དང་པོ་ལ་ཚུལ་དང་པོའི་ལྟོས་གཞི་ཤེས་འདོད་ཆོས་ཅན། རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་ཕྱོགས་གཉིས། དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་དང་གསུམ། དང་པོ་ལ་གཉིས་སྟེ། རྗེས་སུ་དཔག་བྱའི་སྒྲ་དོན་སྤྱིར་བསམ་པ། སྐབས་སུ་བབ་པའི་དོན་གྱི་ཁྱད་པར་ངེས་པར་བྱ་བའོ། །དང་པོ་ལ། གང་ལ་འཇུག་པའི་ཡུལ། གང་དུ་འཇུག་པའི་གནས་སྐབས་ཀྱི་ངེས་པ། ཇི་ལྟར་འཇུག་པའི་སྒྲའི་མཚན་ཉིད་དང་གསུམ་ལས། དང་པོ་ནི། རྟོགས་གེའི་བསྟན་བཅོས་ལས། ཕྱོགས་དང་རྗེས་སུ་དཔག་བྱ་དང་། །བསྒྲུབ་པར་བྱ་བ་ཞེས་གསུངས་པ་རྣམས་ནི་མིང་གི་རྣམ་གྲངས་ཡིན་པས་དེ་དག་གང་དུ་འཇུག་པའི་ཡུལ་ཡང་གསུམ་སྟེ། ཤེས་འདོད་ཆོས་ཅན་དང་། བསྒྲུབ་བྱའི་ཆོས་དང་། ཚོགས་དོན་གསུམ་ལ་འཇུག་པའི་ཕྱིར། ཤེས་འདོད་ཆོས་ཅན་ལ་འཇུག་པར་ཡང་ཕྱོགས་ནི་ཆོས་ཅན་ནོ་ཞེས་དང་། རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཏེ་ཞེས་དང་། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ལ་ཡོད་པ་ཞེས་སོ། །བསྒྲུབ་བྱའི་ཆོས་ལ་འཇུག་པར་ཡང་། གཏན་ཚིགས་སྒྲུབ་བྱའི་རྗེས་འགྲོ་བ། །བསྒྲུབ་བྱ་མེད་ན་མེད་པ་ཉིད། །ཅེས་སོ། །ཚོགས་དོན་ལ་འཇུག་པར་ཡང་། བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་སོ། །དེ་ཡང་དང་པོ་གཉིས་ལ་བཏགས་མིང་དུ་འཇུག ཚོགས་དོན་ལ་དངོས་མིང་དུ་འཇུག་ཅིང་། དེ་ལས་གཞན་པ་རྣམས་ལ་མི་འཇུག་སྟེ། དེ་ལས་གཞན་པ་རྣམས་ལ་མ་གྲགས་ཤིང་། སྒྲའི་དོན་ངེས་པ་ལ་གྲགས་པ་གཙོ་ཆེ་བའི་ཕྱིར། གཉིས་པ་ནི། ཕྱོགས་ཆོས་ཞེས་བརྗོད་པའི་ཚེ་ཤེས་འདོད་ཆོས་ཅན་གྱི་ཆོས་སམ། བསྒྲུབ་བྱའི་ཆོས་ཀྱི་ཆོས་སམ། ཚོགས་དོན་གྱི་ཆོས་ཞེས་འཇུག་པ་འཆོལ་བར་འགྱུར་ཏེ། ཕྱོགས་ཞེས་པའི་སྒྲ་དེ་དེ་གསུམ་ཆར་ལ་འཇུག་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རྟགས་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་སྐབས་སུ་ཤེས་འདོད་ཆོས་ཅན་ལ་འཇུག ཁྱབ་པ་གཏན་ལ་འབེབས་པའི་སྐབས་སུ་སྒྲུབ་བྱའི་ཆོས་ལ་འཇུག བསྒྲུབ་བྱ་གཏན་ལ་འབེབས་པའི་སྐབས་སུ་ཚོགས་དོན་ལ་འཇུག་པས་སྐབས་ཐོབ་ཀྱིས་ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གོ་བའི་ཕྱིར་ཏེ། དཔེར་ན་སེནྡྷ་བའི་སྒྲ་བཞིན་ནོ། །གལ་ཏེ་རྟགས་ཀྱི་མཚན་ཉིད་གཏན་ལ་འབེབས་པ་ཞེས་པ་ཡང་། མཚན་ཉིད་ཚུལ་གསུམ་དང་། མཚོན་བྱ་རྟགས་ཀྱི་འབྲེལ་པ་ངེས་པ་ལ་ཟེར་བ་ཡིན་གྱི། རྟགས་ཚུལ་དང་པོ་ལ་ཟེར་བ་མ་ཡིན་ཏེ། དེ་ལ་ཉེ་རྒྱུ་མེད་པའི་ཕྱིར་ཞེ་ན། འོ་ན་ཁྱབ་པ་གཏན་ལ་འབེབས་པའི་སྐབས་སུ་ཡང་ཕྱོགས་ཞེས་པའི་སྒྲ་དེ་ཤེས་འདོད་ཆོས་ཅན་ལ་འཇུག་པར་ཐལ། དེ་ཡང་རྟགས་ཀྱི་མཚན་ཉིད་གཏན་ལ་འབེབས་པ་ཡིན་པའི་ཕྱིར། ཉེ་རྒྱུ་མེད་པ་གཏན་ཚིགས་མ་གྲུབ་སྟེ། རྟགས་ཚུལ་དང་པོ་གྲུབ་ན་གཏན་ཚིགས་གྲུབ། དེ་མ་གྲུབ་ན་གཏན་ཚིགས་མ་གྲུབ་ཞེས་པས་གྲགས་པའི་སྒོ་ནས་ཀྱང་ཉེ་བའི་ཕྱིར་དང་། སྐབས་ཐོབ་ཀྱིས་ཀྱང་ཉེ་བའི་ཕྱིར། གསུམ་པ་ལ། དངོས་མིང་དང་བཏགས་མིང་གི་ཁྱད་པར། དངོས་ཆོས་དང་བཏགས་ཆོས་བསམ་པ་གཉིས་ལས། དང་པོ་ནི། བརྗོད་བྱ་རྗོད་བྱེད་བརྟག་པའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ལ། ཚོགས་དོན་ལ་དངོས་ཆོས་བསམ་པ་དང་། ཡ་གྱལ་གཉིས་ལ་བཏགས་ཆོས་བསམ་པ་གཉིས་ལས། དང་པོ་ནི། ཆོས་དང་ཆོས་ཅན་གྱི་ཚོགས་དོན་ལ་ཕྱོགས་ལ་སོགས་པའི་སྒྲ་དེ་དངོས་མིང་དུ་འཇུག་སྟེ། ཕྱི་རོལ་མུ་སྟེགས་བྱེད་ཚུན་ཆད་ཀྱི་རྟོག་གེ་པ་ཐམས་ཅད་ལ་དང་པོ་ཉིད་དུ་གྲགས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། དངོས་ལ་གནོད་བྱེད་དོ། །དང་པོ་ནི། བཏགས་མིང་དུ་འཇུག་པ། རྒྱུ་མཚན་དང་། དགོས་པ་ལ་ལྟོས་པས་རྒྱུ་མཚན་ལ་འདྲ་བ་རྒྱུ་མཚན་དུ་བྱས་པ་དང་། འབྲེལ་པ་རྒྱུ་མཚན་དུ་བྱས་པ་གཉིས། ཕྱི་མ་ལ་རྒྱུ་འབྲས་ཀྱི་འབྲེལ་པ་རྒྱུ་མཚན་དུ་བྱས་པ་དང་། ཚོགས་པའི་འབྲེལ་པ་རྒྱུ་མཚན་དུ་བྱས་པ་གཉིས། དང་པོ་ལ། རྒྱུ་མིང་འབྲས་བུ་ལ་བཏགས་པ་དང་། འབྲས་མིང་རྒྱུ་ལ་བཏགས་པ་གཉིས། གཉིས་པ་ནི། རྒྱུ་འབྲས་ཀྱི་འབྲེལ་པ་ལས་ལོགས་སུ་མེད་མོད་ཅུང་ཟད་གསལ་བར་བརྗོད་ན། ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པ་དང་། ཚོགས་པ་ལ་ཡ་གྱལ་གྱི་མིང་ལ་བཏགས་པ་གཉིས། དང་པོ་ནི། དབང་ཤེས་ཞེས་པ་དང་། རྔ་སྒྲ་ཞེས་པ་ལྟ་བུའོ། །གཉིས་པ་ནི། རས་ཡུག་གི་ཕྱོགས་ཅིག་ཚིག་པ་ལ་རས་ཡུག་ཚིག་ཞེས་པ་ལྟ་བུའོ། །འདིར་ཆོས་དང་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་འདོགས་པའི་རྒྱུ་མཚན་ནི། ཚོགས་པ་ལ་ཡ་གྱལ་གྱི་མིང་བཏགས་པ་སྟེ། དཔེར་ན་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་ལྟ་བུའོ། །གཉིས་པ་ལ། ཆོས་ལ་བསྒྲུབ་བྱར་བཏགས་པའི་དགོས་པ། ཆོས་ཅན་ལ་བསྒྲུབ་བྱར་བཏགས་པའི་དགོས་པ། བཏགས་པ་ལ་མ་བཏགས་པ་དང་མཚུངས་པ་སྤོང་བ་དང་གསུམ། དང་པོ་ནི། ཁྱབ་པ་གཏན་ལ་འབེབས་པའི་སྐབས་སུ། གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ། །ཞེས་མ་སྨོས་པར། གཏན་ཚིགས་ཆོས་ཀྱི་རྗེས་འགྲོ་བ་ཞེས་སྨོས་ན། འགལ་རྟགས་ཡང་དགག་བྱའི་ཆོས་ལ་རྗེས་སུ་འགྲོ་བས་རྟགས་ཡང་དག་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་བས་དེ་བསལ་བའི་ཆེད་དང་། སྐབས་འགའ་ཞིག་ཏུ་སྡེབ་སྦྱོར་སྦྱར་བདེ་བའི་ཆེད་ཡིན་ནོ། །གཉིས་པ་ནི། རྟགས་ཚུལ་དང་པོ་གཏན་ལ་འབེབས་པའི་སྐབས་སུ། ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་བཏགས་ནས་ཕྱོགས་ཀྱི་ཆོས་སུ་གྲུབ་པ་ལ་རྟགས་ཚུལ་དང་པོ་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། སྐབས་འདིར་ཕྱོགས་ཀྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན་ཞེས་དང་། ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན་ཞེས་དང་། ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན་ནོ་ཞེས་པའི་ཐ་སྙད་གསུམ་གང་རུང་ལས་མ་འདས་ཤིང་། ཕྱི་མ་གཉིས་ཀྱི་ཐ་སྙད་མི་འཐད་པའི་ཕྱིར། འདི་བསྒྲུབ་པ་ལ། ཆོས་ཅན་གྱི་ཆོས་ཀྱི་ཐ་སྙད་མི་འཐད་པ་དང་། ཤེས་འདོད་ཆོས་ཅན་གྱི་ཆོས་ཀྱི་ཐ་སྙད་མི་འཐད་པ་གཉིས་ལས། དང་པོ་ལ་དངོས་དང་། རྩོད་པ་སྤོང་བ་གཉིས་ལས། དང་པོ་ནི། དེ་ལྟར་ན། མཐུན་པ་དཔེའི་ཆོས་ཅན་གྱི་ཆོས་སུ་གྲུབ་པ་ཡང་རྟགས་ཚུལ་དང་པོ་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ། དེ་སྐྱེས་ན་མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟག་ཚུལ་དང་པོ་གྲུབ་བམ་སྙམ་པའི་ལོག་རྟོག་སྐྱེ། དེ་སྐྱེས་ན་དེ་དེ་སྐོར་གྱི་རྟགས་ཡང་དག་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་བས་དེ་བསལ་བའི་ཆེད་དུ་ཆོས་ཅན་གྱི་ཆོས་ཞེས་མ་སྨོས་པར་ཕྱོགས་ཀྱི་ཆོས་ཞེས་སྨོས་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། ཕྱོགས་དང་ཆོས་ཅན་མཚུངས་པའི་རྩོད་པ་སྤོང་། ཤུགས་ཀྱིས་དོན་གོ་བའི་རྩོད་པ་སྤོང་། མཐའ་གཞན་བཀག་ན་གོ་བའི་རྩོད་པ་སྤོང་བའོ། །དང་པོ་ནི། གལ་ཏེ་ཆོས་ཅན་གྱི་ཆོས་སུ་གྲུབ་པ་ཞེས་བརྗོད་ན། ཤེས་འདོད་ཆོས་ཅན། མཐུན་པ་དཔེའི་ཆོས་ཅན། མི་མཐུན་པ་དཔེའི་ཆོས་ཅན་གྱི་ཆོས་ལ་འཁྲུལ་གཞི་ཡོད་པ་ལྟར། ཕྱོགས་ཀྱི་ཆོས་ཞེས་བརྗོད་ན་ཡང་། ཤེས་འདོད་ཆོས་ཅན་དང་། བསྒྲུབ་བྱའི་ཆོས་དང་། ཚོགས་དོན་གྱི་ཆོས་གསུམ་ལ་འཁྲུལ་གཞི་སྐྱེ་བར་འགྱུར་ཏེ། ཕྱོགས་ཀྱི་སྒྲ་དེ་དེ་གསུམ་ཀ་ལ་འཇུག་པའི་ཕྱིར་སྙམ་ན། དགོས་པ་གཞན་ཡང་ཡོད་དེ། ཤེས་འདོད་ཆོས་ཅན་དེ་ཕྱོགས་ཀྱི་མིང་གིས་གདགས་རུང་གི་ཆོས་ཅན་ཡིན་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར། ཆོས་ཅན་ཞེས་པའི་སྒྲ་དེ་ཆོས་ཅན་གསུམ་ཀ་ལ་དངོས་མིང་དུ་འཇུག་པས་འཁྲུལ་གཞི་ཡོད་ལ་ཕྱོགས་ཀྱི་སྒྲ་དེ་ཚོགས་དོན་ལ་དངོས་མིང་དུ་འཇུག་ཀྱང་རྟགས་ཚུལ་དང་པོ་གཏན་ལ་འབེབས་པའི་སྐབས་སུ་དེར་མི་འཁྲུལ་ཏེ། སྐབས་དེར་ཤེས་འདོད་ཆོས་ཅན་ལ་ཕྱོགས་སུ་གྲགས་པ་ཡིན་གྱི་ཚོགས་དོན་ཆོས་ཅན་ལ་ཕྱོགས་སུ་མ་གྲགས་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཆོས་ཅན་གྱི་ཆོས་སུ་གྲུབ་པ་ཞེས་པས་ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་པ་ལ་གོ་སྟེ། ཆོས་ཞེས་སྨོས་པས་དེའི་རྟེན་ཆོས་ཅན་ཡོད་པར་གྲུབ་ཅིང་། ཆོས་ཅན་ཞེས་སྨོས་པས་ཉེ་བའི་ཕྱིར་ན་ཤེས་འདོད་ཆོས་ཅན་ཡང་གོ་བའི་ཕྱིར་ཞེ་ན། མི་འཐད་དེ། དཔེའི་ཆོས་ཅན་ཡང་ཉེ་བའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ཆོས་ཅན་གྱི་ཆོས་སུ་གྲུབ་པ་ཞེས་པས་ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་པ་ལ་གོ་སྟེ། མཐུན་པའི་ཕྱོགས་ལ་ཡོད་པ་ཞེས་དང་། དེའི་ཆས་ཁྱབ་པ་ཞེས་པས་དཔེའི་ཆོས་ཅན་ལ་ཡོད་པ་བསྟན་ཟིན་པའི་ཕྱིར་ཞེ་ན། མི་འཐད་དེ། དེ་ལྟར་ན་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན། ཆོས་ཅན་དེ་ཡང་མཐུན་པ་དཔེའི་ཆོས་ཅན་ཡིན་ནོ་ཞེས་མཐའ་གཞན་འགོག་པའི་རིགས་པ་མ་སྨོས་ན་གྲུབ་བཞིན་དུ་སླར་ཡང་བསྣན་པར་དོགས་པར་འགྱུར་ཞིང་། སྨོས་ན་རྩོད་པ་ཡུན་རིང་དུ་འགོར་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཕྱོགས་ཞེས་བརྗོད་ན་བཏགས་མིང་དུ་འགྱུར། ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་འཁྲུལ་གཞི་ཡོད་པས་ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན་ཞེས་སྨོས་རིགས་ཏེ། འཁྲུལ་གཞི་མེད་ཅིང་རྟོགས་སླ་བའི་ཕྱིར་ཞེ་ན། མི་འཐད་དེ། དེ་ལྟར་ན་ཤེས་འདོད་ཆོས་ཅན་གྱི་ཆོས། རྗེས་འགྲོ་ལྡོག་པ་ཞེས་ཚུལ་གསུམ་བརྗོད་པ་ཡི་གེ་མི་མཉམ་པ་དང་། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །ཞེས་པའི་སྡེབ་སྦྱོར་ཉམས་པར་འགྱུར་བས་དེ་སྤོང་བའི་ཆེད་ཡིན་པའི་ཕྱིར། མདོར་ན་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་བཏགས་ནས་ཕྱོགས་ཆོས་ཞེས་པ་དེ་ཆོས་ཅན། དགོས་པ་ཡོད་དེ། འཁྲུལ་གཞི་མེད་ཅིང་སྡེབ་སྦྱོར་ཉམས་པ་སྤངས་ནས་རྟགས་ཚུལ་དང་པོ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་བཏགས་པ་ལ་ཡང་མ་བཏགས་པ་དང་མཚུངས་པ་སྤོང་བ་ནི། གལ་ཏེ་ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་འཁྲུལ་གཞི་ཡོད་པ་ལྟར། ཕྱོགས་ཀྱི་ཆོས་ཞེས་བརྗོད་ན་ཡང་འཁྲུལ་གཞི་ཡོད་པར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། ཕྱོགས་ཞེས་པའི་སྒྲ་དེ་སྤྱི་སྒྲ་ཡིན་ཀྱང་། ཆོས་ཞེས་པའི་ཚིག་དང་འབྲེལ་བའི་ཚེ་ཤེས་འདོད་ཆོས་ཅན་ཁོ་ན་ལ་འཇུག་པའི་ཕྱིར་དང་། ཆོས་ཅན་ཞེས་པའི་སྒྲ་དེ་ཆོས་ཞེས་པའི་ཚིག་དང་འབྲེལ་བའི་ཚེ་ཡང་ཤེས་འདོད་ཆོས་ཅན་ཁོ་ན་ལ་མི་འཇུག་པའི་ཕྱིར། དཔེར་ན་ལག་པ་ཞེས་དང་། མགོ་ཞེས་པའི་སྒྲ་དེ་སྤྱི་སྒྲ་ཡིན་པར་མཚུངས་ཀྱང་ལྡན་པ་ཞེས་པའི་ཚིག་དང་འབྲེལ་པའི་ཚེ་གླང་ཆེན་ལ་འཇུག་མི་འཇུག་གི་ཁྱད་པར་ཡོད་པ་བཞིན་ནོ། །དེ་ལྟར་ཡང་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་ལས། ཕྱོགས་ནི་ཆོས་ཅན་ཏེ། ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ། །གལ་ཏེ་དགོས་པ་མེད་པའི་ཕྱིར་ཉེ་བར་བཏགས་པར་མི་བྱའོ་ཞེ་ན། མ་ཡིན་ཏེ། ཆོས་ཅན་གྱི་ཆོས་ཐམས་ཅད་ཡིན་པར་དགག་པའི་ཕྱིར། དེའི་ཕྱོགས་གཅིག་ཡིན་པའི་ཕྱིར་དེར་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་ཡིན་པར་རྟོགས་པར་བྱ་བའི་ཕྱིར། དེ་ལྟར་ཡིད་དང་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྤངས་པ་ཡིན་ནོ། །གལ་ཏེ་ཆོས་ཞེས་བརྗོད་པས་ཆོས་ཅན་ཡིན་པར། གཞི་མ་གྲུབ་ལ་ཆོས་ཅན་ཞེས་སྨོས་པའི་ཤུགས་ཀྱིས་ཉེ་བའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་གཟུང་ངོ་ཞེ་ན། མ་ཡིན་ཏེ། དཔེའི་ཆོས་ཅན་ཡང་ཉེ་བའི་ཕྱིར་རོ། །དེའི་ཆས་ཁྱབ་པ་ཞེས་པས་དཔེའི་ཆོས་ཅན་ལ་ཡོད་པར་གྲུབ་པའི་ཕྱིར། ཆོས་ཅན་ཞེས་སྨྲོས་པས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་གཟུང་ངོ་ཞེ་ན། གྲུབ་བཞིན་དུ་བསྣན་པའི་ཕྱིར་ཡང་སྨོས་པ་ཡིན་པར་དགོས་པར་གྱུར་ཏེ། མཐུན་པ་ཁོ་ན་ལ་ཡོད་པ་ཞེས་པས་གཏན་ཚིགས་མི་མཐུན་ཕྱོགས་ལ་ལྡོག་པར་གྲུབ་མོད་ཀྱི་བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་ཞེས་སྨོས་པ་བཞིན་ནོ། །དེ་ལྟར་ན་ཤུགས་ཀྱིས་དོན་གོ་ཡང་རྟོགས་པར་དཀའ་བ་ཡོངས་སུ་སྤང་བའི་ཕྱིར་ཡང་ཕྱོགས་ཞེས་བརྗོད་པ་ཡིན་ནོ་ཞེས་དང་། རིགས་ཐིགས་ལས། དེ་ལྟར་ན་ཤུགས་ཀྱིས་དོན་གོ་ཡང་ཉེ་བར་བཏགས་པ་ཙམ་ཡི་གེ་མཉམ་པས་སྒྲུབ་པར་དཀའ་བ་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་དང་། དེ་དག་གི་དོན་བསྡུས་ནས། རིགས་གཏེར་ལས། ཆོས་ཅན་བརྗོད་ན་འཁྲུལ་གཞི་ཡོད། །མཐའ་རྣམས་བཀག་ན་ཡུན་རིང་འགོར། །དངོས་མིང་བརྗོད་ན་སྡེབ་སྦྱོར་ཉམས། །བདེ་བླག་རྟོགས་ཕྱིར་ཕྱོགས་ཞེས་སྨོས། །ཞེས་གསུངས་སོ། །གསུམ་པ་དངོས་ལ་གནོད་བྱེད་ནི། ཆོས་དང་ཆོས་ཅན་གཉིས་ཕྱོགས་མཚན་ཉིད་པ་མ་ཡིན་ཏེ། ཆོས་ཅན་ནི་ཕྱོགས་ཆོས་གྲུབ་པའི་དུས་སུ་གྲུབ་ཟིན། ཆོས་ནི་ཁྱབ་པ་གྲུབ་པའི་དུས་སུ་གྲུབ་ཟིན་པས་ངོ་བོའི་དོན་མ་ཚང་བའི་ཕྱིར། གཉིས་པ་སྐབས་སུ་བབ་པའི་དོན་གྱི་ཁྱད་པར་ངེས་པར་བྱ་བ་ནི། ཤེས་འདོད་ཆོས་ཅན་གྱི་མཚན་ཉིད་ཆོས་ཅན་གང་གི་སྟེང་དུ་གྲུབ་བསལ་མེད་པའི་བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ་སྟེ། བསྒྲུབ་བྱའི་ཆོས་ཅན་དང་རྩོད་གཞིའི་ཆོས་ཅན་གྱི་མཚན་ཉིད་ཀྱང་དེ་ཉིད་དོ། །དེ་ཡང་རང་དོན་རྟགས་ཡང་དག་ལ་རྒོལ་བས་དཔག་གཞིར་བཟུང་བ་ཡིན་ལ། གཞན་དོན་རྟགས་ཡང་དག་ལ་ཕྱིར་རྒོལ་གྱིས་དཔག་གཞིར་བཟུང་བ་ཡིན་ནོ། །གཉིས་པ་རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་ཕྱོགས་གཉིས་བཤད་པ་ལ་ལྔ་སྟེ། གཞུང་ལས་བཤད་པའི་ཚུལ། མཁས་པ་རྣམས་ཀྱིས་བཀྲལ་བའི་ཚུལ། མི་འཐད་པའི་ཆ་དགག་པ། འཐད་པའི་ཕྱོགས་ངོས་བཟུང་བ། རྩོད་པ་སྤོང་བའོ། །དང་པོ་ནི། རྣམ་ངེས་དང་། རིགས་ཐིགས་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་སྤྱིས་དོན་མཐུན་པའོ། །དེ་མེད་པ་ནི་མི་མཐུན་པའི་ཕྱོགས་སོ་ཞེས་དང་། དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་པར་བཟུང་བའི་ཕྱིར། ཆོས་གཞན་ལ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། གཞན་དགག་པའི་དོན་གྱི་ཕྱིར་རོ། །དེ་ལ་ཡོད་པར་གྲུབ་པ་སྡུད་པའི་ངེས་པར་བཟུང་བས་ན་གཞན་རྣམ་པར་གཅོད་པ་ཡིན་ཏེ། དཔེར་ན། དང་པོ་རང་ལ་བུ་གཉིས་སྐྱེས་གྱུར་ཏེ། །ན་ར་དང་ནི་སྲེད་མེད་བུ་ཉིད་དོ། །ཞེས་བྱ་བ་ལྟ་བུའོ་ཞེས་གསུངས་པས་ནི་ཕྱོགས་གཉིས་དངོས་འགལ་མ་ཡིན་པ་ལྟ་བུར་བསྟན། ཡང་། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །ཞེས་པར་གཞལ་བྱ་སྒྲ་རྟག་པར་བསྒྲུབ་པའི་ཕྱོགས་གཉིས་ཀ་ལ་ཁྱབ་པར་བཤད་པ་དང་། གང་ལ་བསྒྲུབ་བྱའི་མི་མཐུན་ཕྱོགས། །ཞེས་སོགས་ཀྱིས་མི་མཐུན་ཕྱོགས་ལས་བཟློག་ན་མཐུན་ཕྱོགས་ལ་ཡོད་པར་གསུངས་པས་ནི་ཕྱོགས་གཉིས་དངོས་འགལ་ལྟ་བུར་བསྟན་ནོ། །གཉིས་པ་ནི། སྔོན་གྱི་མཁས་པ་རྣམས་ཤེས་བྱ་ཐམས་ཅད་ཕྱོགས་གཉིས་སུ་ཆོད་པའི་ཚུལ། རྫས་ལྡོག་ལ་བརྟེན་པའི་རྩོད་པ་སྤང་བ། དེས་གྲུབ་པའི་དོན་དང་གསུམ་དུ་མཛད་ནས། དང་པོ་ནི། ཤེས་བྱ་ཐམས་ཅད་སྦྱོར་བ་སྐོར་གཅིག་གི་ཕྱོགས་གཉིས་སུ་ཁ་ཚོན་ཆོད་དེ་སྦྱོར་བ་སྐོར་གཅིག་གི་ཕྱོགས་གཉིས་ལ་གཉིས་ཡིན་གྱི་ཕུང་གསུམ་ཡང་མེད། གཉིས་མིན་གྱི་ཕུང་གསུམ་ཡང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། གཞན་དུ་ན་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་གྲུབ་པས། མི་མཐུན་ཕྱོགས་ལས་ལྡོག་པའི་ལྡོག་པ་མ་གྲུབ་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་གྲུབ་པས་མི་མཐུན་ཕྱོགས་ལ་མི་ཁེགས་པར་ཐལ། མི་མཐུན་ཕྱོགས་ལ་འགོག་བྱེད་ཀྱི་རིགས་པ་མ་གྲུབ་པའི་ཕྱིར། གཉིས་པ་གྲུབ་སྟེ། གཞན་དུ་ན། རྟགས་མི་མཐུན་ཕྱོགས་ལ་ཁེགས་པས་མཐུན་ཕྱོགས་ལ་ཡོད་པའི་རྗེས་འགྲོ་མ་གྲུབ་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། རྟགས་མི་མཐུན་ཕྱོགས་ལ་ཁེགས་པས་མཐུན་ཕྱོགས་ལ་ཡོད་པར་མ་གྲུབ་པར་ཐལ། མཐུན་ཕྱོགས་ལ་ཡོད་པར་བསྒྲུབ་པའི་སྒྲུབ་བྱེད་མ་གྲུབ་པའི་ཕྱིར། ཡང་གཉིས་ཡིན་གྱི་ཕུང་གསུམ་མེད་དེ། བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པ་ཡོངས་གཅོད་ལ་གྲུབ་ན། དེས་སྟོང་པ་རྣམ་བཅད་ལ་ཁེགས་པའི་ཕྱིར། གཉིས་མ་ཡིན་གྱི་ཕུང་གསུམ་ཡང་མེད་དེ། བསྒྲུབ་བྱའི་ཆོས་ཀྱིས་སྟོང་པ་རྣམ་བཅད་ལ་ཁེགས་པས་དེས་མི་སྟོང་པ་ཡོངས་གཅོད་ལ་གྲུབ་པའི་ཕྱིར། དེས་ན་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀྱི་མཚན་ཉིད་རིམ་བཞིན། བསྒྲུབ་བྱའི་ཆོས་དང་ལྡན་པ་དང་། མི་ལྡན་པའམ། དེས་མི་སྟོང་པ་དང་། སྟོང་པའོ། །སྟོང་མི་སྟོང་གི་དོན་ཡང་། དེ་སྐོར་གྱི་བསྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་མིན་པ་དང་ཡིན་པ་དང་། ཐ་དད་ལྡན་པའི་ཚུལ་གྱིས་བརྟེན་པས་སྟོང་པ་དང་མི་སྟོང་པའོ། །བསྒྲུབ་ཚུལ་ལ་ཡང་ངོ་བོ་དབྱེར་མེད་ཀྱི་ཚུལ་གྱིས་བསྒྲུབ་པ་དང་། ཐ་དད་ལྡན་པའི་ཚུལ་གྱིས་བསྒྲུབ་པ་དང་། རང་ལྡོག་ལ་བརྟེན་པའི་ཚུལ་གྱིས་བསྒྲུབ་པ་གསུམ་ལས། སྒྲ་མི་རྟག་པ་ལྟ་བུ་ངོ་བོ་དབྱེར་མེད་ཀྱི་ཚུལ་གྱིས་བསྒྲུབ་པ་ལ། བསྒྲུབ་བྱའི་ཆོས་མི་རྟག་པ་ཡིན་པས་མི་སྟོང་པ་མཐུན་ཕྱོགས་དང་། སྟོང་པ་མི་མཐུན་ཕྱོགས་ཡིན་ལ། དུ་ལྡན་ལ་ལ་མེ་ཡོད་པར་བསྒྲུབ་པ་ལྟ་བུ་ཐ་དད་ལྡན་པའི་ཚུལ་གྱིས་བསྒྲུབ་པ་ལ་བསྒྲུབ་བྱའི་ཆོས་མེ་ཡོད་པས་མི་སྟོང་པ་མཐུན་ཕྱོགས་དང་། སྟོང་པ་མི་མཐུན་ཕྱོགས་ཡིན་ཅིང་། བྱས་པ་གཏན་ཚིག་ཡང་དག་གི་ཐ་སྙད་དུ་བསྒྲུབ་པ་ལྟ་བུ་ལྡོག་པ་ལ་བརྟེན་པའི་ཚུལ་གྱིས་བསྒྲུབ་པ་ལ་ནི། རང་ལྡོག་ལ་རྟགས་ཡང་དག་གི་ཐ་སྙད་ཀྱིས་མི་སྟོང་པ་མཐུན་ཕྱོགས་དང་། སྟོང་པ་མི་མཐུན་ཕྱོགས་ཡིན་ནོ། །གཉིས་པ་ནི་ཁོ་ན་རེ། ཤེས་བྱ་ཐམས་ཅད་ཕྱོགས་གཉིས་སུ་ཁ་ཚོན་ཆོད་ན། རྫས་ལ་ཆོད་པ་ཡིན་ནམ་ལྡོག་པ་ལ་ཡིན། དང་པོ་ལྟར་ན། སྟོང་ཉིད་མེད་དགག་ཏུ་བསྒྲུབ་པའི་ཚེ་བུམ་པའི་རྫས་དེ་མཐུན་ཕྱོགས་ཡིན་ནམ་མི་མཐུན་ཕྱོགས་ཡིན། དང་པོ་ལྟར་ན་བུམ་པའི་མི་རྟག་པ་ཡང་མེད་དགག་ཏུ་འགྱུར་ཞིང་། གཉིས་པ་ལྟར་ན་བུམ་པའི་རྟག་དངོས་ཀྱིས་སྟོང་པ་ཡང་མེད་དགག་མིན་པར་འགྱུར་ལ། ཕྱོགས་གཉིས་ཀ་མིན་ན་རྫས་ལ་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་འགལ་ལོ། །ལྡོག་པ་ལ་ཁ་ཚོན་ཆོད་ན་སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་ཤེས་བྱ་ཙམ་ལྡོག་དེ་མཐུན་ཕྱོགས་ཡིན་ནམ་མི་མཐུན་ཕྱོགས་ཡིན། དང་པོ་ལྟར་ན་ཤེས་བྱ་ལ་རྟག་པ་མི་སྲིད་ཅིང་། གཉིས་པ་ལྟར་ན་ཤེས་བྱ་ལ་མི་རྟག་པ་མི་སྲིད་པར་འགྱུར་རོ། །ཕྱོགས་གཉིས་ཀ་མ་ཡིན་ན། ལྡོག་པ་ལ་གཉིས་སུ་ཁ་ཚོན་ཆོད་པ་འགལ་ལོ་ཞེ་ན། རྫས་ལ་བརྟེན་པའི་ཆོས་བསྒྲུབ་པའི་ཚེ་རྫས་ལ་གཉིས་སུ་ཁ་ཚོན་ཆོད་ཅིང་། ལྡོག་པ་ལ་གཉིས་སུ་ཁ་ཚོན་མ་ཆོད་ཀྱང་སྐྱོན་མེད་དེ། དེ་ལ་དགག་སྒྲུབ་མི་བྱེད་པའི་ཕྱིར། ལྡོག་པ་ལ་བརྟེན་པའི་ཆོས་བསྒྲུབ་པའི་ཚེ་ལྡོག་པ་ལ་དེ་གཉིས་སུ་ཁ་ཚོན་ཆོད་ཅིང་། རྫས་ལ་དེ་གཉིས་སུ་ཁ་ཚོན་མ་ཆོད་ཀྱང་སྐྱོན་མེད་དེ། དེ་ལ་དགག་སྒྲུབ་མི་བྱེད་པའི་ཕྱིར། བསྒྲུབ་ཚུལ་དེ་ལ་ཡང་རྫས་ལ་བརྟེན་པའི་ཆོས་བསྒྲུབ་པའི་ཚེ་ངོ་བོ་དབྱེར་མེད་དུ་བསྒྲུབ་པ་དང་། ཐ་དད་ལྡན་པའི་ཚུལ་གྱིས་སྒྲུབ་པ་གཉིས་ལས། དང་པོ་ནི། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའོ། །གཉིས་པ་ནི། དུ་བའི་རྟགས་ལས་ལ་ལ་མེ་ཡོད་པར་བསྒྲུབ་པ་ལྟ་བུའོ། །ལྡོག་པ་ལ་བརྟེན་པའི་ཆོས་བསྒྲུབ་པའི་ཚེ་རང་ལྡོག་ལ་བརྟེན་པ་བསྒྲུབ་པ་སྟེ། ཚུལ་གསུམ་གྱི་རྟགས་ལས་བྱས་པའི་རང་ལྡོག་ལ་རྟགས་ཡང་དག་གི་ཐ་སྙད་བརྟེན་པར་སྒྲུབ་པ་ལྟ་བུའོ། །གསུམ་པ་ནི། ཤེས་བྱ་ཐམས་ཅད་ཕྱོགས་གཉིས་ཁ་ཚོན་ཆོད་པས། ཤེས་འདོད་ཆོས་ཅན། གཏན་ཚིགས་ཡང་དག་ལ་མཐུན་ཕྱོགས་དང་། འགལ་རྟགས་ལ་མི་མཐུན་ཕྱོགས་དང་། མ་ངེས་པ་ལ་ཅི་རིགས་པར་འགྱུར་རོ་ཞེས་འདོད་དོ། །གསུམ་པ་མི་འཐད་པའི་ཆ་དགག་པ་ལ་གསུམ་སྟེ། ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་མི་འཐད་པ། རྫས་ལྡོག་ཕྱེ་སྟེ་སྨྲ་བ་མི་འཐད་པ། བྱེ་བྲག་རང་ལྡོག་ལ་བརྟེན་པ་མི་འཐད་པའོ། །དང་པོ་ལ་ཕྱོགས་གཉིས་སུ་ཁ་ཚོན་མ་ཆོད་པ་དང་། རྣམ་པར་དཔྱད་ནས་དགག་པ་དང་གཉིས། དང་པོ་ལ། རྫས་ལ་བརྟེན་པའི་ཆོས་སྒྲུབ་པའི་ཚེ་ཤེས་བྱ་ཐམས་ཅད་ཕྱོགས་གཉིས་སུ་ཁ་ཚོན་ཆོད་ན་སྐྱ་རྫས་ཀྱི་རྟགས་ལས་སྐྱ་རྫས་དང་ལྡན་པའི་ལ་མེ་ཡོད་དུ་བསྒྲུབ་པ་ན་སྐྱ་རྫས་དེ་མཐུན་ཕྱོགས་ཡིན་ནམ་མི་མཐུན་ཕྱོགས་ཡིན། དང་པོ་ལྟར་ན་རླངས་པ་ཆོས་ཅན། མེ་ཡོད་དུ་ཐལ། སྐྱ་རྫས་ཡིན་པའི་ཕྱིར། གཉིས་པ་ལྟར་ན་དུ་བ་ཆོས་ཅན། མེ་མེད་དུ་ཐལ། སྐྱ་རྫས་ཡིན་པའི་ཕྱིར། གལ་ཏེ་དེ་ཕྱོགས་གཉིས་གང་རུང་མིན་ན་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་འགལ་ལོ། །ཡང་བྱས་རྟགས་ལས་དུང་སྒྲ་སྩོལ་བྱུང་དུ་བསྒྲུབ་པའི་ཚེ་བྱས་པ་དེ་མཐུན་ཕྱོགས་ཡིན་ནམ་མི་མཐུན་ཕྱོགས་ཡིན། དང་པོ་ལྟར་ན། གློག་དང་། ནགས་ཀྱི་མེ་ཏོག་ཆོས་ཅན། རྩོལ་བྱུང་དུ་ཐལ། བྱས་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། རྫ་བུམ་ཆོས་ཅན། རྩོལ་མ་བྱུང་དུ་ཐལ། བྱས་པ་ཡིན་པའི་ཕྱིར། གལ་ཏེ་དེ་ཕྱོགས་གཉིས་གང་རུང་མ་ཡིན་ན། ཤེས་བྱ་ཐམས་ཅད་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་འགལ་ལོ། །ཡང་ཚུལ་གསུམ་ཚང་བའི་རྟགས་ལས། བྱས་པ་རྟགས་ཡང་དག་གི་ཐ་སྙད་དུ་སྒྲུབ་པའི་ཚེ་ཤེས་བྱ་ཙམ་ལྡོག་དེ་མཐུན་ཕྱོགས་ཡིན་ནམ་མི་མཐུན་ཕྱོགས་ཡིན། དང་པོ་ལྟར་ན། ཤེས་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ་ལོ། །གཉིས་པ་ལྟར་ན། ཤེས་བྱ་ཙམ་ལྡོག་དེས་གཏན་ཚིགས་ཚུལ་གསུམ་ཚང་བ་ལ་ཁྱབ་བམ་མ་ཁྱབ། ཁྱབ་ན། དེ་སྐོར་གྱི་འགལ་རྟགས་སུ་ཐལ་ལོ། །མ་ཁྱབ་ན། ཚུལ་གསུམ་ཚང་བ་དེ་ཤེས་བྱ་མིན་པར་ཐལ་ལོ། །གལ་ཏེ་དེ་ཕྱོགས་གཉིས་གང་རུང་མིན་ན། ཤེས་བྱ་ཐམས་ཅད་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་འགལ་ལོ། །གཉིས་པ་ལ་བཞི་སྟེ། བརྟགས་ན་མི་འཐད་པ། ཧ་ཅང་ཐལ་བ། དཔྱད་ན་རྣམ་བཞག་འཇིག་པ། སློབ་དཔོན་གྱི་དགོངས་པ་མ་ཡིན་པའོ། །དང་པོ་ནི། རྟགས་ཡང་དག་གིས་དགག་སྒྲུབ་དོན་ལ་བྱེད་དམ། བློ་ངོར་བྱེད། དང་པོ་ལྟར་ན་མི་འཐད་དེ། དེ་ཕྱིར་དངོས་པོ་མེད་རྟེན་ཅན། །ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་སྒྲུབ་པ་དང་། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ལྟར་ན། ཤེས་བྱ་ཐབས་ཅད་སྦྱོར་བ་སྐོར་གཅིག་གི་ཕྱོགས་གཉིས་སུ་ཁ་ཚོན་མ་ཆོད་པར་ཐལ། དགག་སྒྲུབ་བློ་ངོར་བྱེད་པ་གང་ཞིག སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབས་པའི་ཕྱིར་རྒོལ་གྱི་བློ་ངོར་དེ་དེ་སྐོར་གྱི་མཐུན་ཕྱོགས་ཀྱང་མ་ཡིན། མི་མཐུན་ཕྱོགས་ཀྱང་མ་ཡིན་པ་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཕྱོགས་ཆོས་ཀྱི་མཚན་ཉིད་བརྗོད་པར་དཀའ་བ། རྗེས་སུ་འགྲོ་ལྡོག་གི་མཚན་ཉིད་བརྗོད་པར་དཀའ་བ། མ་ངེས་པའི་གཏན་ཚིགས་མི་འཐད་པར་ཐལ་བའོ། །དང་པོ་ནི། མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་དུ་ཡང་མ་གཏོགས་པའི་ཤེས་འདོད་ཆོས་ཅན་མེད་པར་ཐལ། ཤེས་བྱ་ཐམས་ཅད་སྦྱོར་བ་སྐོར་གཅིག་གི་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པའི་ཕྱིར། འདོད་ན། ཕྱོགས་མེད་པས་ཕྱོགས་ཆོས་ཀྱི་མཚན་ཉིད་དུ་བཞག་ཏུ་མེད་ལ། ཡང་དག་གི་སྐབས་སུ་ཚུལ་དང་པོའི་མཚན་ཉིད་དུ་ཤེས་འདོད་མཐུན་ཕྱོགས་ལ་དགོད་བྱ་དང་མཐུན་པར་ངེས་པ་དང་། འགལ་རྟགས་ཀྱི་སྐབས་སུ་ཤེས་འདོད་མི་མཐུན་ཕྱོགས་ལ་དགོད་བྱ་དང་མཐུན་པར་ངེས་པ་མཚན་ཉིད་དུ་འཇོག་རིགས་པར་ཐལ། ཕྱོགས་ཆོས་ཀྱི་མཚན་ཉིད་མེད། ཚུལ་དང་པོའི་མཚན་ཉིད་བཞག་དགོས་པའི་ཕྱིར། གཉིས་པ་ནི། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ལ་རྗེས་འགྲོ་ཞེས་མི་འཇོག་པར་ཐལ། ཡང་དག་གི་སྐབས་སུ་ཤེས་འདོད་ཆོས་ཅན་མཐུན་ཕྱོགས་ཡིན་པས་དེ་ལ་ཡོད་པ་ཡང་རྗེས་འགྲོར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། རྟགས་མི་མཐུན་ཕྱོགས་ལ་མེད་པ་ལ་ལྡོག་པ་ཞེས་མི་འཇོག་པར་འགལ་རྟགས་ཀྱི་སྐབས་སུ་ཤེས་འདོད་ཆོས་ཅན་མི་མཐུན་ཕྱོགས་ཡིན་པས་དེ་ལ་ཡོད་པ་ཡང་ལྡོག་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གསུམ་པ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་མཉན་བྱ་རྟགས་སུ་བཀོད་པའི་ཚེ་དེ་དེ་སྐོར་གྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་མིན་པར་ཐལ། དེ་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་དང་མཐུན་ཕྱོགས་ཀྱི་ཐུན་མོང་པ་ཡིན་པའི་ཕྱིར། སྒྲ་མི་རྟག་སྒྲུབ་ལ་གཞལ་བྱ་རྟགས་སུ་བཀོད་པའི་ཚེ་དེ་དེ་སྐོར་གྱི་ཕྱོགས་གཉིས་ཀ་ལ་འཇུག་པའི་ཐུན་མོང་པའི་མ་ངེས་པའི་གཏན་ཚིགས་མིན་པར་ཐལ། དེ་དེ་སྐོར་གྱི་ཕྱོགས་གཉིས་གང་རུང་གཅིག་ཁོ་ན་ཡིན་པའི་ཕྱིར། གསུམ་པ་དཔྱད་ན་རྣམ་བཞག་འཇིག་པ་ལ། ཚུལ་གསུམ་གྱི་ལྟོས་གཞི་དེ་གཉིས་སུ་ངེས་པར་ཐལ། ཤེས་བྱ་ཐམས་ཅད་སྦྱོར་བ་སྐོར་གཅིག་གི་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པའི་ཕྱིར། ཁོ་ན་རེ། འདོད་དེ། རྟགས་ཀྱི་ལྟོས་གཞི་ཕྱོགས་གཉིས་སུ་ངེས་པའི་ཕྱིར་ཅེ་ན། འོ་ན་རྟགས་ཀྱི་ཚུལ་དེ་གཉིས་སུ་ངེས་པར་ཐལ། ཁས་བླངས་དེའི་ཕྱིར། བཞི་པ་སློབ་དཔོན་གྱི་དགོངས་པ་མ་ཡིན་པ་ནི། ཤེས་བྱ་ཐམས་ཅད་སྦྱོར་བ་སྐོར་གཅིག་གི་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་མི་འཐད་དེ། སློབ་དཔོན་གྱིས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །ཞེས་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་བཤད་པའི་ཕྱིར་དང་། གཉིས་ཀར་ཡང་སྲིད་པ་མི་འགལ་ན་དེ་ལྟར་འགྱུར་གྱི་དེ་ལྟ་མིན་ན་དེ་སྒྲ་ལ་མ་གྲུབ་བོ། །འདི་ལྟར་རྣམ་པ་དེ་ལྟ་བུའི་སྒྲ་དེ་ནི་ཕྱོགས་ཉིད་ཡིན་གྱི་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་ནི་མ་ཡིན་ཏེ། རྣམ་པར་བརྟགས་པ་དང་གཅིག་ཏུ་སོ་སོར་ངེས་པ་འགལ་བའི་ཕྱིར་རོ་ཞེས་དང་། དེ་དང་མཚུངས་པ་ཉིད་ལ་ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་རྫས་ལྡོག་ཕྱེ་སྟེ་སྨྲ་བ་མི་འཐད་པ་ལ། རྟགས་ཡང་དག་ལ་རྫས་ལ་བརྟེན་པའི་ཆོས་བསྒྲུབ་པའི་རྟགས་ཡང་དག་དང་། ལྡོག་པ་ལ་བརྟེན་པའི་ཆོས་སྒྲུབ་པའི་རྟགས་ཡང་དག་གཉིས་སུ་འབྱེད་པ་མི་འཐད་དེ། རྟགས་ཡང་དག་ཡིན་ན། འཇུག་ཡུལ་ལ་འཇུག་པའི་གནས་སྐབས་ཡིན་དགོས་ཤིང་། རྣམ་པར་རྟོག་པ་ཡུལ་ལ་འཇུག་པའི་ཚེ། རྫས་དང་ལྡོག་པ་གཉིས་སུ་ཕྱེ་ན་འཇུག་ཡུལ་རང་མཚན་མི་ཐོབ་པའི་ཕྱིར་ཏེ། དེས་རྫས་དངོས་ཡུལ་དུ་མི་བྱེད་ཅིང་ལྡོག་པ་དངོས་ཡུལ་དུ་བྱེད་ཀྱང་དེ་འཇུག་ཡུལ་དུ་མེད་པའི་ཕྱིར། གསུམ་པ་བྱེ་བྲག་རང་ལྡོག་ལ་བརྟེན་པའི་ཚུལ་མི་འཐད་པ་ནི། འབྲས་རང་གཉིས་ལས་མ་གཏོགས་པའི་རང་ལྡོག་ལ་བརྟེན་པའི་ཚུལ་ཡང་མི་འཐད་དེ། རང་ལྡོག་ལ་བརྟེན་པའི་ཚུལ་དེ་ལ་ངོ་བོ་དབྱེར་མེད་དུ་བསྒྲུབ་པ་དང་། ཐ་དད་ལྡན་པའི་ཚུལ་གྱིས་སྒྲུབ་པ་གཉིས་ལས། སྔ་མ་ནི་རང་བཞིན་དང་། ཕྱི་མ་ནི་འབྲས་བུའི་རྟགས་ཀྱི་ནང་དུ་འདུས་པའི་ཕྱིར། དེ་ལ་དེ་གཉིས་ལས་མ་འདས་ཏེ། དངོས་པོ་ཡིན་ན། གཅིག་དང་ཐ་དད་གང་རུང་ཡིན་དགོས་ཤིང་། དངོས་མེད་ལ་ལྡན་པ་ཡང་མི་སྲིད་པའི་ཕྱིར། ཡང་ཁ་ཅིག རྣམ་ངེས་ལས་སྔར་དྲངས་པ་དང་། རིགས་གཏེར་ལས། ཕྱོགས་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས། །མཚུངས་དང་མི་མཚུངས་ཕྱོགས་གཉིས་ཡིན། །ཞེས་པའི་དོན་དུ་བསམ་ནས་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་དང་། སྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་ངེས་པ་དེ་དེ་སྐོར་གྱི་མཐུན་ཕྱོགས་ཀྱི་མཚན་ཉིད་དང་། དེ་ལས་ལོག་པ་དེ་དེ་སྐོར་གྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ཡིན་ཟེར་ན། ནམ་མཁའ་ཆོས་ཅན། སྒྲ་དང་རྟག་པའི་སྤྱིས་དོན་མཐུན་པ་ངེས་པ་ཡིན་པར་ཐལ། གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། གཞལ་བྱ་དེ་དེ་སྐོར་གྱི་ཕྱོགས་གཉིས་ཀ་ལ་འཇུག་པའི་གཏན་ཚིགས་ཡིན་པའི་ཕྱིར། ཡང་ཁ་ཅིག དེ་སྐོར་གྱི་རྟགས་ཡང་དག་ཏུ་སོང་བའི་རྒོལ་བ་དེས་ཁྱོད་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་དང་། སྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་ངེས་པ་དེ་དེ་སྐོར་གྱི་མཐུན་ཕྱོགས་ཀྱི་མཚན་ཉིད་དང་། དེ་ལས་ལོག་པ་དེ་དེ་སྐོར་གྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ཡིན་ཟེར་རོ། །བུམ་པ་ཆོས་ཅན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་རྒོལ་བ་དེས་ཁྱོད་དེ་སྒྲུབ་ཀྱི་དེར་ངེས་པར་ཐལ། ཁྱོད་དེ་དེ་སྐོར་གྱི་རྟགས་ཡང་དག་གི་མཐུན་ཕྱོགས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྒོལ་བ་དེས་ཁྱོད་དང་སྒྲ་གཉིས་ལ་མི་རྟག་པའི་སྤྱིས་དོན་མཐུན་པར་ངེས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། རྒོལ་བ་དེས་སྒྲ་མི་རྟག་པར་ངེས་པར་ཐལ་ལོ། །བཞི་པ་ནི། དེ་སྐོར་གྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་མཚན་ཉིད་རིམ་བཞིན། དེ་སྐོར་གྱི་རྟགས་ཆོས་ཀྱི་འབྲེལ་པ་གཏན་ལ་འབེབས་པའི་གཞིར་གྱུར་པའི་སྒོ་ནས། རྗེས་དཔག་སྐྱེས་པའི་ཚེ་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་ངེས་སུ་རུང་བ་དང་། དེ་སྐོར་གྱི་ལྡོག་ཁྱབ་གཏན་ལ་འབེབས་པའི་གཞིར་གྱུར་པའི་སྒོ་ནས་རྗེས་དཔག་སྐྱེས་པའི་ཚེ་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་དང་། བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མི་མཐུན་པར་ངེས་སུ་རུང་བ་སྟེ། རིགས་གཏེར་རང་འགྲེལ་ལས། འདིར་ལན་དངོས་ནི་ཚང་བང་དུ་དུ་བ་མེ་དང་འབྲེལ་བར་ངེས་ནས་ལ་ལའང་དུ་བས་མེ་གྲུབ་པ་ན་མཐུན་དཔེ་མཐུན་ཕྱོགས་ཀྱི་ཐ་སྙད་དུ་འཇོག་གོ །དེས་ན་དུ་བ་དང་མེའི་འབྲེལ་པ་གྲུབ་པའི་ཚང་བང་འདི་དང་ལ་གཉིས་མེ་དང་ལྡན་པར་མཐུན་ནོ་ཞེས་རྒོལ་བས་བསྒྲུབ་ནས། ཕྱིར་རྒོལ་ལ་སྟོན་པའི་ཕྱིར་འགལ་བ་མེད་དོ་ཞེས་གསུངས་པའི་དོན་ནོ། །ལྔ་པ་ལ། རྩོད་པ་དང་། ལན་གཉིས་ལས། དང་པོ་ལ་གསུམ་སྟེ། ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བ། མ་ངེས་དང་པོ་འགལ་བར་ཐལ་བ། ཡང་དག་གི་རྩོད་གཞི་མི་མཐུན་ཕྱོགས་སུ་ཐལ་བ་དང་གསུམ་ལས། དང་པོ་ནི། ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་པའི་སྐྱོན་ཡོད་དེ། ཁྱབ་པ་ངེས་པ་ལ། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་དགོས། དེ་ངེས་པ་ལ་མཐུན་ཕྱོགས་ངེས་དགོས། དེ་ངེས་པ་ལ་ཤེས་འདོད་ཆོས་ཅན་དང་། བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པ་ངེས་དགོས་པའི་ཕྱིར། གཉིས་པ་ནི། གཞལ་བྱ་དེ་སྒྲ་རྟག་པར་བསྒྲུབ་པའི་མི་མཐུན་ཕྱོགས་ཁོ་ན་ལ་འཇུག་པར་ཐལ། སྒྲ་དང་རྟག་པར་ཆོས་མཐུན་པ་མེད་པའི་ཕྱིར། འདོད་ན། དེ་དེ་སྐོར་གྱི་འགལ་རྟགས་སུ་ཐལ་ལོ། །གསུམ་པ་ནི། སྒྲ་དེ་སྒྲ་མི་རྟག་པར་བསྒྲུབ་པའི་མི་མཐུན་ཕྱོགས་སུ་ཐལ། སྒྲ་དེ་སྒྲ་དང་མི་རྟག་པར་ཆོས་མི་མཐུན་པའི་ཕྱིར་ཏེ། རང་ཉིད་རང་དང་ཆོས་མཐུན་པ་མེད་པའི་ཕྱིར། གཉིས་པ་ལན་ལ་གསུམ་ལས། དང་པོ་ནི། སྔར་དྲངས་པའི་འགྲེལ་པ་ཉིད་ཡིན་པས། མཚན་ཉིད་ཀྱི་ནང་དུ་བཀོད་ཟིན་པས་སྐྱོན་སྤོང་མི་དགོས་སོ། །གཉིས་པའི་ལན་ནི། ཕྱིར་རྒོལ་གྱི་ངོར་རྟག་པའི་གཞན་སེལ་ཡོད་པས་སྒྲ་དང་བུམ་པ་གཉིས་རྟག་པའི་གཞན་སེལ་དུ་ཆོས་མཐུན་པར་སྣང་བས་སྐྱོན་མེད་དོ། །གསུམ་པའི་ལན་ནི། སྒྲ་དེ་དེ་སྐོར་གྱི་ལྡོག་ཁྱབ་གཏན་ལ་འབེབས་པའི་གཞིར་མི་རུང་བའི་ཕྱིར་རོ། །གསུམ་པ་དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་ནི། ཤེས་འདོད་ཆོས་ཅན་དེ་ཕྱོགས་ཆོས་ཀྱི་ལྟོས་གཞི་ཡིན་ཏེ། རྟགས་ཤེས་འདོད་ཆོས་ཅན་ལ་དགོད་བྱ་ལྟར་གྲུབ་པ་དང་མ་གྲུབ་པའི་དབང་གིས་ཕྱོགས་ཆོས་གྲུབ་པ་དང་མ་གྲུབ་པར་འཇོག་པའི་ཕྱིར། མཐུན་ཕྱོགས་དེ་རྗེས་འགྲོའི་ཚུལ་གྱི་ལྟོས་གཞི་ཡིན་ཏེ། རྟགས་མཐུན་ཕྱོགས་ཁོ་ན་ལ་བསྒྲུབ་ཚུལ་ལྟར། མཐུན་པར་གྲུབ་པ་དང་མ་གྲུབ་པའི་དབང་གིས་རྗེས་འགྲོའི་ཚུལ་གྲུབ་པ་དང་མ་གྲུབ་པར་འཇོག་པའི་ཕྱིར། མི་མཐུན་ཕྱོགས་དེ་ལྡོག་ཚུལ་གྱི་ལྟོས་གཞི་ཡིན་ཏེ། རྟགས་མི་མཐུན་ཕྱོགས་ལ་སྒྲུབ་ཚུལ་ལྟར་ལྡོག་པ་གྲུབ་པ་དང་མ་གྲུབ་པའི་དབང་གིས་ལྡོག་ཚུལ་གྲུབ་པ་དང་མ་གྲུབ་པར་འཇོག་པའི་ཕྱིར། གལ་ཏེ་རྟགས་ཡང་དག་གི་མི་མཐུན་ཕྱོགས་ཡིན་ན། ཡོད་པས་ཁྱབ་པ་ཐལ། རྟགས་ཡང་དག་ཡིན་ན། ལྡོག་ཚུལ་གྲུབ་དགོས། མི་མཐུན་ཕྱོགས་དེ་ལྡོག་ཚུལ་གྱི་ལྟོས་གཞི་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། བློའི་ཡུལ་དུ་བྱར་རུང་གི་རྟགས་ལས་བུམ་པ་ཤེས་བྱར་སྒྲུབ་པའི་ཚེ་རི་བོང་རྭའི་སྟེང་དུ་ཤེས་བྱ་ལྡོག་པའི་སྟོབས་ཀྱིས་བློའི་ཡུལ་དུ་བྱར་རུང་ལྡོག་པས་དེ་ལྡོག་ཚུལ་གྱི་ལྟོས་གཞིར་འཇོག་པའི་ཕྱིར། ཡང་ཕྱོགས་གསུམ་པོ་དེ་ཚུལ་གསུམ་གྱི་ལྟོས་གཞི་ཡིན་ཏེ། རྟགས་སུ་བཀོད་ཚད་ཀྱི་སྐྱོན་ཡོན་བརྩི་བའི་གཞི་ཡིན་པའི་ཕྱིར་རོ། །གཉིས་པ་དེ་ལ་ལྟོས་པའི་རྟགས་ཀྱི་རབ་དབྱེ་ལ་གསུམ་སྟེ། རྟགས་ཡང་དག་དང་། རྟགས་ལྟར་སྣང་དང་། དེ་དག་གི་ངེས་པ་བསམ་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། མཚན་གཞི། མཚོན་བྱའི་རབ་དབྱེའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་ངོས་བཟུང་བ་དང་། དེ་མཚན་ཉིད་དུ་ཇི་ལྟར་འགྲོ་བའི་ཚུལ་ལོ། །དང་པོ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི། མུ་སྟེགས་ཀྱི་སྟོན་པ་སྣོད་ཀྱི་རྗེ་ན་རེ། རྟགས་ཡང་དག་གི་མཚན་ཉིད། གཞན་དུ་མི་འཐད་པ་ཅེས་པའི་ཚུལ་གཅིག་ཡིན་ཞེས་ཟེར་རོ། །མི་འཐད་དེ། གཞན་དུ་མི་འཐད་པ་དེ་ཤེས་འདོད་ཆོས་ཅན་ལས་གཞན་དུ་མི་འཐད་པ་ལ་བྱེད་ན་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་འགྱུར། བསྒྲུབ་བྱའི་ཆོས་ལས་གཞན་དུ་མི་འཐད་པ་ལ་བྱེད་ན་མིག་ཤེས་ཀྱི་གཟུང་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར། བསྒྲུབ་བྱ་ལས་གཞན་དུ་མི་འཐད་པ་ལ་བྱེད་ན་རྟག་ངེས་པ་སྒྲུབ་བྱ་ངེས་པ་ལ་ལྟོས་པར་འགྱུར། གོ་བྱེད་ལས་གཞན་དུ་མི་འཐད་པ་ལ་བྱེད་ན་ཚུལ་གསུམ་ལས་མ་འདས་སོ། །ཁ་ཅིག ཕྱོགས་ཆོས་དང་རྗེས་འགྲོའི་ཚུལ་ལམ། ཕྱོགས་ཆོས་དང་ལྡོག་པའི་ཚུལ་ཏེ། ཚུལ་གཉིས་རྟགས་ཡང་དག་གི་མཚན་ཉིད་ཡིན་ཞེས་ཟེར་བ་མི་འཐད་དེ། རྗེས་འགྲོ་ཁྱད་པར་ཅན་དུ་ལྡོག་པ་འདུས་པས་ཚུལ་གསུམ་དུ་འགྱུར་བའི་ཕྱིར་དང་། རྟགས་མཐུན་ཕྱོགས་ལ་མཐོང་ཙམ་དང་། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་རྗེས་འགྲོ་དང་ལྡོག་པ་མི་གྲུབ་པའི་ཕྱིར་རོ། །རིགས་པ་ཅན་པ་སོགས་ན་རེ། ཤེས་འདོད་ལ་མཐོང་བ་སྔ་མ་ཅན། མཐུན་ཕྱོགས་ལ་མཐོང་བ་ལྷག་མ་ཅན། མི་མཐུན་ཕྱོགས་ལ་མ་མཐོང་བ་སྤྱི་ལ་མ་མཐོང་བ། ཚད་མ་གཉིས་དང་འགལ་བ་མེད་པ་སྟེ། ཚུལ་བཞི་རྟགས་ཡང་དག་གི་མཚན་ཉིད་ཡིན་ཟེར་བ་མི་འཐད་དེ། ཚུལ་གསུམ་གྲུབ་ན་ཚད་མ་གཉིས་དང་འགལ་བ་མེད་པ་གྲུབ་ཅིང་། ཚད་མ་གཉིས་དང་འགལ་ན་ཚུལ་གསུམ་ཉིད་ཀྱང་མ་གྲུབ་པའི་ཕྱིར་རོ། །ཁ་ཅིག ཚུལ་གསུམ་དང་ངེས་པ་སྟེ་བཞི་ཞེས་དང་། ཁ་ཅིག ཚུལ་གསུམ་དང་། སོ་སོར་ངེས་པ་དང་། གནོད་པ་མེད་པའི་ཡུལ་ཅན་དང་ལྔ་རྟགས་ཡང་དག་གི་མཚན་ཉིད་ཡིན་ཟེར་བ་མི་འཐད་དེ། ཚུལ་གསུམ་གྲུབ་ན་ངེས་པ་སོགས་གྲུབ་ཅིང་། ངེས་པ་མེད་ན་ཚུལ་གསུམ་ཉིད་ཀྱང་མ་གྲུབ་པའི་ཕྱིར་རོ། །ཙ་ར་ཀ་པ་སོགས་ན་རེ། ཚུལ་གསུམ་དང་སྒྲུབ་བྱ་ལ་གནོད་པ་འབབ་པ་གཅད་པའི་ཕྱིར་དུ་གནོད་པ་མེད་པའི་ཡུལ་ཅན་དང་། འགལ་བ་ལ་མི་འཁྲུལ་བ་གཅད་པའི་ཕྱིར་དུ་བརྗོད་པར་འདོད་པའི་གྲངས་གཅིག་པ་དང་། མ་ངེས་པ་གཅད་པའི་ཕྱིར་དུ་ངེས་པ་དང་དྲུག་རྟགས་ཡང་དག་གི་མཚན་ཉིད་ཡིན་ཟེར་བ་མི་འཐད་དེ། བསྒྲུབ་བྱ་ལ་གནོད་པ་འབབ་པ་དེ་ཚད་མས་གནོད་པ་ལ་བྱེད་དམ་གནོད་པར་དོགས་པ་ལ་བྱེད། དང་པོ་ལྟར་ན། ཕྱོགས་ཡང་དག་གི་བསལ་བྱ་ཡིན་གྱི་རྟགས་ཡང་དག་གི་བསལ་བྱ་མིན་པའི་ཕྱིར་དང་། གཉིས་པ་ལྟར་ན། དེ་རྟགས་ཡང་དག་གིས་སྐབས་སུ་སྐྱོན་མ་ཡིན་པས་བཅད་པར་མིན་པའི་ཕྱིར་རོ། །བརྗོད་པར་འདོད་པའི་གྲངས་ཅིག་པ་ཡང་མི་དགོས་ཏེ། ཚུལ་གསུམ་ཚང་ན་འགལ་བ་ལ་མི་འཁྲུལ་པ་མི་སྲིད་པའི་ཕྱིར་རོ། །ངེས་པ་དེ་ཚུལ་གསུམ་ངེས་པ་ལ་བྱེད་དམ་དེ་ལས་གཞན་ངེས་པ་ལ་བྱེད། དང་པོ་ལྟར་ན། ཚུལ་གསུམ་ལས་ལོགས་སུ་མི་འཐད་ཅིང་། གཉིས་པ་ལྟར་ན་དེ་རྟགས་ཡང་དག་གི་མཚན་ཉིད་དུ་དོན་མེད་དོ། །དེ་དག་ནི་རིགས་གཏེར་ལས། ཚུལ་གཅིག་ནས་ནི་དྲུག་གི་བར། །ཉི་ཚེའི་ཚུལ་གཞན་འདོད་པ་འཁྲུལ། །ཞེས་གསུངས་པའི་དོན་ནོ། །ཁ་ཅིག ཚུལ་གསུམ་པོ་དེ་རྟགས་ཡང་དག་གི་མཚན་ཉིད་ཡིན་ལ། ཚུལ་གསུམ་ལ་ཕྱོགས་ཆོས་ཀྱི་མཚན་ཉིད། ཤེས་འདོད་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ངེས་པའི་གཏན་ཚིག རྗེས་འགྲོའི་ཚུལ་གྱི་མཚན་ཉིད། མཐུན་ཕྱོགས་ཁོ་ན་ལ་བསྒྲུབ་ཚུལ་དང་མཐུན་པར་ངེས་པའི་གཏན་ཚིགས། ལྡོག་ཚུལ་གྱི་མཚན་ཉིད། མི་མཐུན་ཕྱོགས་ལ་སྒྲུབ་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ངེས་པའི་གཏན་ཚིགས། ཤེས་འདོད་ཆོས་ཅན་ལ་ཡོད་པ་དང་། དེ་ཁོ་ན་ལ་ཡོད་པ་དང་། དེ་གཉིས་ལ་ཡོད་པ་ངེས་པ་སྨོས་པའི་དགོས་པ་རིམ་བཞིན། སྤྱིར་ཤེས་འདོད་ཆོས་ཅན་ལ་གཏན་མེད་པ་དང་། ཡོད་ཀྱང་ཐམས་ཅད་ལ་མ་གྲུབ་པའི་དོན་སྐྱོན་ཅན་གྱི་གཏན་ཚིགས་དང་། དེ་དག་ལ་ཡོད་པར་མ་ངེས་པའི་བློ་སྐྱོན་ཅན་གྱི་གཏན་ཚིགས་རྣམས་ལ་ཕྱོགས་ཆོས་གྲུབ་པ་གཅོད། མཐུན་ཕྱོགས་ལ་ཡོད་པ་དང་། དེ་ཁོ་ན་ལ་ཡོད་པ་དང་། དེ་གཉིས་ལ་ཡོད་པར་ངེས་པ་སྨོས་པའི་དགོས་པ་ནི་རིམ་བཞིན། མཐུན་ཕྱོགས་ལ་མེད་པ་དང་། ཡོད་ཀྱང་མི་མཐུན་ཕྱོགས་ལ་ཡང་ཡོད་པའི་དོན་སྐྱོན་ཅན་གྱི་གཏན་ཚིགས་དང་། དེ་གཉིས་ལ་ཡོད་པར་མ་ངེས་པའི་བློ་སྐྱོན་ཅན་གྱི་གཏན་ཚིགས་རྣམས་ལ་རྗེས་འགྲོའི་ཚུལ་གྲུབ་པ་གཅོད། མི་མཐུན་ཕྱོགས་ལ་མེད་པ་དང་། མེད་པ་ཁོ་ན་དང་། ངེས་པ་སྨོས་པའི་དགོས་པ་རིམ་བཞིན། མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང་། ཁྱབ་བྱེད་དུ་མི་འཇུག་ཀྱང་མི་མཐུན་ཕྱོགས་ལ་ཡོད་པའི་དོན་སྐྱོན་ཅན་གྱི་གཏན་ཚིགས་དང་། དེ་ལ་མེད་པར་མ་ངེས་པའི་བློ་སྐྱོན་ཅན་གྱི་གཏན་ཚིགས་རྣམས་ལ་ལྡོག་ཚུལ་གྲུབ་པ་གཅོད། འོ་ན་ཁོ་ན་དེ་མེད་པའི་སྔར་མ་སྨོས་པར་ཕྱིས་སྨོས་པའི་དགོས་པ་ཅི་ཡིན་ཞེ་ན། མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་ཞེས་སྨོས་པ་ཡིན་ན། མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ལ་ལྡོག་ཚུལ་མ་གྲུབ་པ་ཡིན་གྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པ་ལ་ལྡོག་ཚུལ་གྲུབ་བམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ་ཡིན་ནོ། །འདི་དག་ནི་ཚུལ་གསུམ་ངོ་བོ་གཅིག་པའི་ལུགས་ཡིན་ནོ། །དེ་ལ་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་ཏེ། ཕྱོགས་ཆོས་དེ་ཆས་ཁྱབ་པ་ནི། །གཏན་ཚིགས་ཞེས་འབྱུང་ན། དེ་ལྟར་འཐད་ཀྱང་། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། གཏན་ཚིགས་ཞེས་འབྱུང་བའི་ཕྱིར་དང་། རིགས་ཐིགས་ལས། ཚུལ་གསུམ་པ་ཅན་གྱི་རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང་། མཐུན་པའི་ཕྱོགས་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པར་ངེས་པའོ་ཞེས་ཚུལ་གསུམ་པ་ཅན་གྱི་རྟགས་ནི་ཞེས་པས་རྟགས་ཡང་དག་གི་མཚན་ཉིད་དང་། ལྷག་མ་རྣམས་ཀྱིས་ཚུལ་གསུམ་སོ་སོའི་ངོ་བོ་ངོས་བཟུང་བ་ཡིན་པའི་ཕྱིར་དང་། གཏན་ཚིགས་ཀྱིས་ནི་ཚུལ་གསུམ་ལའང་། །ཞེས་གཏན་ཚིགས་དེ་ཚུལ་གསུམ་ལྡན་པའི་གཞིར་གསུངས་ཀྱི་ཚུལ་གསུམ་ཉིད་དུ་མ་གསུངས་པའི་ཕྱིར་དང་། ཚད་མ་མདོར། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་སོགས་ཚུལ་གསུམ་ལྡན་པའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་གསུངས་ཀྱི་ཚུལ་གསུམ་པོ་རྟགས་ཡང་དག་གི་མཚན་ཉིད་དུ་གསུངས་པའི་གཞུང་ཁུངས་ཐུབ་ཅིག་ཀྱང་མེད་པའི་ཕྱིར་རོ། །ཚུལ་གསུམ་ངོ་བོ་ཐ་དད་དུ་འདོད་པ་ཁ་ཅིག ཚུལ་གསུམ་ཚང་བ་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་ཏེ། རྟགས་ཡང་དག་ཡིན་ན། ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་དགོས་ཤིང་། ཚུལ་གསུམ་ཚང་ན་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པས་མ་ཁྱབ་པའི་ཕྱིར། དེས་ན་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་གི་མཚན་ཉིད་ཡིན་ཟེར་རོ། །མི་འཐད་དེ། རྟགས་མཐུན་ཕྱོགས་ལ་མཐོང་ཙམ་དང་། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་གྲུབ་པར་ཐལ། རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་གྲུབ་ན། དེ་གཉིས་ཚད་མའི་སྟོབས་ཀྱིས་ངེས་པས་མ་ཁྱབ་པའི་ཕྱིར། གཉིས་པ་ལ་མཚན་ཉིད་དངོས་དང་། ཚུལ་གསུམ་སོ་སོའི་ངོ་བོ་གཉིས་ལས། དང་པོ་ནི། ཚུལ་གསུམ་ཚང་བའི་གཏན་ཚིགས་དང་། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་དང་། ཕྱོགས་ཆོས་དེ་ཆས་ཁྱབ་པའི་གཏན་ཚིགས་དང་། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས་པའི་གཏན་ཚིགས་རྣམས་གང་མཚན་ཉིད་དུ་བཞག་ཀྱང་ཁྱད་པར་མེད་དེ། ཚད་མ་མདོར། ཚུལ་གསུམ་རྟགས་ལས་ཞེས་དང་། རིགས་ཐིགས་ལས། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ནི་ཞེས་དང་། འདིར། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་དང་། རིགས་གཏེར་ལས། ཕྱོགས་ཆོས་གྲུབ་ཅིང་འབྲེལ་བར་ངེས། །གཏན་ཚིགས་མཚན་ཉིད་སྐྱོན་མེད་ཡིན། །ཞེས་དང་། རང་འགྲེལ་ལས། དེས་ན་ཕྱོགས་ཆོས་དེ་ཆས་ཁྱབ་པ་དང་། ཕྱོགས་ཆོས་དང་། འབྲེལ་བ་གྲུབ་པ་དང་། ཚུལ་གསུམ་ངེས་པ་རྣམས་དོན་གཅིག་གོ་ཞེས་གསུངས་པའི་ཕྱིར། དེ་དག་གི་དོན་ཡང་། བསྒྲུབ་བྱ་གོ་བྱེད་དུ་བཀོད་པའི་གཏན་ཚིགས་གཅིག་གཞིར་བཞག་པ་ལ། དེའི་སྟེང་དུ་ཚུལ་གསུམ་ཆར་གྲུབ་པའི་ཚེ་གཏན་ཚིགས་ཡང་དག་ཏུ་འགྱུར་ཞིང་། གང་རུང་གཅིག་མ་གྲུབ་ན་གཏན་ཚིགས་ལྟར་སྣང་དུ་འགྱུར་བས་གཏན་ཚིགས་ཡང་དག་ནི་ཚུལ་གསུམ་ལྡན་པའི་རྟེན་ཡིན་གྱི་ལྡན་ཆོས་ཚུལ་གསུམ་མ་ཡིན་ཞེས་པའི་དོན་ནོ། །གཉིས་པ་ལ། མཚན་ཉིད་དང་། མཚན་གཞི་གཉིས་ལས། དང་པོ་ནི། ཕྱོགས་ཆོས་ཀྱི་མཚན་ཉིད། ཤེས་འདོད་ལ་རྟགས་འཛིན་པའི་ཚད་མས་དྲངས་པའི་ངེས་ཤེས་ཀྱི་རྟགས་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་སྒོ་ནས་གཙོ་བོར་གྲུབ་དགོས་པའི་རྟགས་ཀྱི་ཚུལ་ལོ། །རྗེས་འགྲོའི་ཚུལ་གྱི་མཚན་ཉིད། རྟགས་ཆོས་ཀྱི་འབྲེལ་བ་མཐོང་བའི་ཚད་མས་དྲངས་པའི་ངེས་ཤེས་ཀྱིས་རྟགས་སུ་དགོད་བྱ་མཐུན་ཕྱོགས་ཁོ་ན་ལ་བསྒྲུབ་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་སྒོ་ནས་གཙོ་བོར་གྲུབ་དགོས་པའི་རྟགས་ཀྱི་ཚུལ་ལོ། །ལྡོག་ཚུལ་གྱི་མཚན་ཉིད། རྟགས་ཆོས་ཀྱི་འབྲེལ་པ་མཐོང་བའི་ཚད་མས་དྲངས་པའི་ངེས་ཤེས་ཀྱིས་རྟགས་སུ་དགོད་བྱ་མི་མཐུན་ཕྱོགས་ལ་སྒྲུབ་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ངེས་པའི་སྒོ་ནས་གཙོ་བོར་གྲུབ་དགོས་པའི་རྟགས་ཀྱི་ཚུལ་ལོ། །དེ་ལ་ཕྱོགས་ཆོས། ཕྱོགས་ཆོས་ཀྱི་ཚུལ། རྟགས་ཚུལ་དང་པོ་རྣམས་མིང་གི་རྣམ་གྲངས་ཡིན་ལ། རྟགས་ཡང་དག་ལ་རྗེས་འགྲོ། རྗེས་འགྲོའི་ཚུལ། རྗེས་ཁྱབ་རྣམས་མིང་གི་རྣམ་གྲངས་ཡིན་ཞིང་། ལྡོག་པ། ལྡོག་པའི་ཚུལ། ལྡོག་ཁྱབ་རྣམས་མིང་གི་རྣམ་གྲངས་ཡིན་ནོ། །སྤྱིར་ནི་མ་ངེས་ཏེ། ཐལ་འགྱུར་ཡང་དག་ལ་རྗེས་ཁྱབ་དང་། ལྡོག་ཁྱབ་གྲུབ་ཅིང་། རྗེས་འགྲོའི་ཚུལ་དང་། ལྡོག་པའི་ཚུལ་གཉིས་མ་གྲུབ་པའི་ཕྱིར་རོ། །རྟགས་ཚུལ་གཉིས་པ་དང་། གསུམ་པ་ནི། ཆོས་མཐུན་སྦྱོར་དང་། མི་མཐུན་སྦྱོར་གྱི་སྒྲུབ་ངག་ལ་ལྟོས་ནས་རྗེས་སུ་འགྲོ་ལྡོག་གཉིས་ལ་སྦྱོར་ཚུལ་སོ་སོར་དགོས་སམ་སྙམ་མོ། །གཉིས་པ་ནི། བྱས་པ་སྒྲས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་དང་། བྱས་པ་ལ་རྟག་པ་མི་སྲིད་པར་མི་རྟག་པ་ཁོ་ནས་ཁྱབ་པ་དང་། རྟག་པ་ལ་བྱས་པ་མི་སྲིད་པར་མ་བྱས་པ་ཁོ་ནས་ཁྱབ་པ་གསུམ་རིམ་བཞིན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང་། རྗེས་འགྲོའི་ཚུལ་དང་ལྡོག་པའི་ཚུལ་གྱི་མཚན་གཞི་ཡིན་ནོ། །དེ་བཞིན་དུ་སྒྲ་བྱས་པ་ཡིན་པ་དང་། བྱས་ན་མི་རྟག་པས་ཁྱབ་པ་དང་། རྟག་ན་མ་བྱས་པས་ཁྱབ་པ་གསུམ་དེ་གསུམ་གྱི་མཚན་གཞིར་བཟུང་བ་དང་བྱས་པ་ཆ་ཅན་ཡིན་ལ། དེའི་སྟེང་དུ་སྒྲ་ལ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཆ་དང་། མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་ཆ་དང་། མི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་མེད་པའི་ཆ་གསུམ་མཚན་གཞིར་བཟུང་བ་རྣམས་དོན་གཅིག་གོ །ཁ་ཅིག་བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་གྱི་མཚན་གཞིར་བཟུང་བ་ནི་གཞུང་དང་འགལ་ཏེ། རིགས་ཐིགས་ལས། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་འགལ་བའོ་ཞེས་དང་། རྣམ་ངེས་ལས། འོ་ན་རྟགས་ཚུལ་གཉིས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཕན་ཚུན་ཐ་དད་པའི་ཕྱིར། དེ་དག་ནི་ངག་གཅིག་གིས་ཀྱང་བསྟན་པར་ནུས་པའི་ཕྱིར། སྦྱོར་བ་བསྡུས་པར་བརྗོད་ཀྱི་ཚུལ་བསྡུས་པ་ནི་མ་ཡིན་ནོ་ཞེས་དང་། རིགས་གཏེར་ལས། དཔག་གཞིར་བཟུང་བ་ཤེས་འདོད་ཡིན། །དེ་ལ་གྲུབ་པ་ཕྱོགས་ཆོས་སོ། །ཞེས་པའི་རང་འགྲེལ་དུ། ཤེས་འདོད་ལ་རྟགས་མངོན་སུམ་མམ། རྗེས་སུ་དཔག་པ་ལས་གྲུབ་པ་ནི། ཚུལ་དང་པོ་ཕྱོགས་ཆོས་ཞེས་བྱ་བ་ཡིན་ནོ་ཞེས་དང་། རྟགས་དང་སྒྲུབ་བྱ་འབྲེལ་སྟོབས་ཀྱིས། །ཡོད་མེད་ངེས་པ་རྗེས་འགྲོ་ལྡོག །ཞེས་པའི་འགྲེལ་པར། རྟགས་དང་བསྒྲུབ་བྱའི་འབྲེལ་པ་ཚད་མས་ངེས་ནས་རྟགས་ཀྱི་རྗེས་སུ་བསྒྲུབ་བྱ་འགྲོ་བ་རྗེས་འགྲོ་དང་། བསྒྲུབ་བྱ་ལོག་ན་རྟགས་ལྡོག་པ་ནི་ལྡོག་པའི་ཚུལ་ལོ། །འདི་དག་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ངེས་མི་ནུས་པས་དཔེའི་སྟེང་དུ་ངེས་པར་བྱའོ་ཞེས་དང་། རྟགས་ཀྱི་མཚན་གཞི་གཞན་སེལ་ཡིན། །ཞེས་པའི་རང་འགྲེལ་དུ་ཡང་དེ་ལ་རྩོད་གཞི་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པ་ནི་ཕྱོགས་ཆོས་སོ། །རྟགས་ཀྱི་རྗེས་སུ་བསྒྲུབ་བྱ་འགྲོ་བ་ནི་རྗེས་འགྲོའོ། །བསྒྲུབ་བྱའི་ཆོས་ལོག་སྟོབས་ཀྱིས་རྟགས་ལྡོག་པ་ནི་ལྡོག་པའོ་ཞེས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ནི། རིགས་གཏེར་ལས། ཚུལ་གཉིས་པ་དང་རྗེས་འགྲོ་ཡིས། །ལྡོག་པ་འཕེན་པའི་སྐྱོན་གཉིས་མེད། །ཅེས་གསུངས་པའི་དོན་ནི་སྔར་གཞན་ལུགས་འགོག་པའི་སྐབས་སུ་བཤད་ཟིན་ཏོ། །ཁ་ཅིག ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས་པའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་མི་འཐད་དེ། འབྲེལ་པ་གྲུབ་ན་འབྲེལ་པ་ཚད་མའི་སྟོབས་ཀྱིས་ངེས་དགོས་པས་ངེས་པ་སྨོས་པ་ལ་རྣམ་བཅད་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། འདིར་རྗེས་སུ་འགྲོ་ལྡོག་གྲུབ་པའི་དོན་འགྲེལ་པ་ངེས་པ་ལ་འཇོག་པའི་སྐབས་ཡིན་པའི་ཕྱིར་རོ། །ཁ་ཅིག སྒྲ་བྱས་པ་ཡིན་པ་དེ་ཆོས་ཅན། ཁྱོད་ཡིན་ན་མི་རྟག་པ་ཡིན་དགོས་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར་ཞེས་པ་ནི། རང་གི་མཚང་འདི་གཞན་ལ་ཡང་ཡོད་སྙམ་པ་ཡིན་པས་དགག་སླའོ། །ཁ་ཅིག ལྡོག་ཚུལ་གྱི་མཚན་གཞི་དེ་ཆོས་ཅན། དེ་སྐོར་གྱི་མི་མཐུན་ཕྱོགས་ལ་མེད་པར་ཐལ། དེ་སྐོར་གྱི་ལྡོག་ཚུལ་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ལྡོག་ཚུལ་ངེས་པ་ལ་རྟགས་སུ་དགོད་བྱ་མི་མཐུན་ཕྱོགས་ལ་མེད་པ་ངེས་པ་གཅིག་དགོས་ཀྱི་ལྡོག་ཚུལ་མི་མཐུན་ཕྱོགས་ལ་མེད་པར་ངེས་པ་མི་དགོས་པའི་ཕྱིར། གཉིས་པ་དེ་མཚན་ཉིད་དུ་ཇི་ལྟར་འགྲོ་བའི་ཚུལ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག ཚུལ་གསུམ་མ་ངེས་ཀྱང་ངེས་རུང་ཙམ་གྱི་གཏན་ཚིགས་ཡང་དག་ཏུ་འགྲོ་བར་འདོད་པ་ནི་མི་འཐད་དེ། ངེས་རུང་ནི་མ་ངེས་པ་ཐེ་ཚོམ་ཡིན་ལ། ཐེ་ཚོམ་ཟ་བའི་དུ་བ་ལ་སོགས་པ་བཀོད་ན་མ་གྲུབ་པ་ཡིན་ཏེ། རྣམ་ངེས་ལས། རང་ཉིད་དམ་དེའི་གཞི་ལ་ཐེ་ཚོམ་ཟ་ན་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། དཔེར་ན་མེ་བསྒྲུབ་པ་ལ་རླངས་པ་ལ་སོགས་པའི་དངོས་པོར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པ་ལྟ་བུ་དང་ཞེས་དང་། གཟུགས་ལ་སྒྲོན་མ་བཞིན་དུ་རང་གི་ངོ་བོས་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་དང་། ཁྱབ་པའམ་ཆོས་ཅན་ལ་བརྟེན་པ་མ་ངེས་ན་ནི་དེའི་རང་བཞིན་གྱི་གོ་བར་བྱེད་པ་ཉིད་མ་ཡིན་པར་འགྱུར་ཏེ་ཞེས་དང་། ངེས་པའི་གཏན་ཚིགས་ལ་ཡང་སྤོབས་པ་མེད་པའི་ཕྱིར་ཐེ་ཚོམ་དུ་འགྱུར་ན་ཞེས་དང་། ཚུལ་གསུམ་མ་གྲུབ་ཐེ་ཚོམ་ཟ། །རྟོགས་པ་པོ་ཡི་སྒྲུབ་བྱེད་མིན། །ཞེས་གསུངས་པས་སོ། །གཉིས་པ་ནི། ངེས་རུང་ཙམ་ཞིག་དོན་རང་མཚན་ལ་ཡང་ཡོད་པས་གོ་བྱེད་དུ་འགྲོ་བ་ལ་མ་ངེས་པ་མི་སྲིད་དེ། དབང་ཤེས་ཀྱི་སྒྲ་ཡུལ་འཛིན་ནུས་ལ་མི་ཟེར་བ་ལྟར། རྟགས་ཀྱི་སྒྲ་ཡང་གོ་ནུས་ལ་མི་ཟེར་བར་གོ་བྱེད་ལ་གསུངས་པའི་ཕྱིར། འདི་ལ་དགོངས་ནས་ཚད་མ་མདོར། རྗེས་དཔག་བྱ་དང་དེར་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ་ཞེས་དང་། དེའི་དོན་རྣམ་ངེས་ལས། ཐ་མར་སྨོས་པའི་ངེས་པ་ཉིད་ནི་ཚུལ་གསུམ་ཀ་ལ་ལྟ་བར་བྱའོ་ཞེས་གསུངས་པས་སོ། །གསུམ་པ་ལ། རིགས་གཏེར་རང་འགྲེལ་ལས། ངེས་པ་ལ་རྣམ་བཅད་མེད་པ་སྤང་བ། དོན་གྱི་ཆོས་སུ་མི་འཐད་པ་སྤོང་བ། ཧ་ཅང་ཐལ་བ་སྤོང་བ་དང་གསུམ་ལས། ཕྱི་མ་ལ་ཡང་ལྔ་ཡོད་པའི་གཉིས་པ་ནི་འདི་ལྟར་གསུངས་ཏེ། གཉིས་པ་རྟགས་ལས་རྟགས་འཛིན་མི་སྐྱེ་བར་ཐལ་བ་ནི། ཚུལ་གསུམ་མ་ངེས་པའི་སྔར་རྟགས་མ་ཡིན་པས་དེ་ལས་རྟགས་འཛིན་སྐྱེས་པ་དེ་རྟགས་མ་ཡིན་པ་ལས་རྟགས་འཛིན་སྐྱེས་པར་འགྱུར་རོ། །འདོད་ན། འདི་ལྟར་དངོས་གང་ཅི་འདྲ་བ། །དེ་ནི་དེ་འདྲའི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟ་ན། །དངོས་ལས་ངེས་བསྐྱེད་རྟགས་ཅན་བློ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཁོ་བོ་ཅག་རྟགས་སུ་དགོད་བྱའི་ངོ་བོ་དུ་བ་དང་བྱས་པ་ལ་སོགས་པ་ལས་རྟགས་འཛིན་སྐྱེ་བར་འདོད་ཀྱི་རྟགས་ཀྱི་མཚན་ཉིད་ཚུལ་གསུམ་ངེས་པ་ལས་སྐྱེ་བར་མི་འདོད་དོ་ཞེས་གསུངས་སོ། །འདིར་རྟགས་འཛིན་སེམས་ཀྱི་མཐའ་དཔྱད་པ་ལ། གཞུང་འགྲེལ་རྣམས་ལས་བཤད་པའི་ཚུལ། སྔོན་གྱི་མཁས་པ་རྣམས་ཀྱིས་བཞེད་པའི་ཚུལ། འཐད་པའི་ཕྱོགས་ངོས་བཟུང་བ་དང་གསུམ་ལས། དང་པོ་ནི། ཚད་མ་མདོར། རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །ཞེས་གསུངས་པའི་རྗེས་དཔག་ནི་རྟགས་འཛིན་གྱི་སེམས་སུ་རྒྱལ་དབང་བློས་བཤད་པས་རྟོག་པ་མངོན་སུམ་ལྟར་སྣང་དུ་བཤད་ལ། དེའི་རང་འགྲེལ་དུ། རྟགས་ཀྱི་ཤེས་པ་ནི་རྗེས་སུ་དཔག་པའི་དངོས་ཀྱི་རྒྱུ་མ་ཡིན་ཏེ། དྲན་པས་བར་དུ་ཆོད་པའི་ཕྱིར་རོ། །ཞེས་རྟགས་ཅན་རྗེས་དཔག་གི་དངོས་རྒྱུ་མ་ཡིན་པར་གསུངས་སོ། །འདིར། དངོས་གང་ཇི་ལྟ་བུར་གྱུར་པ། །ཞེས་པ་ནས། སྟོང་ཡང་བསླུ་བྱེད་ཉིད་མ་ཡིན། །ཞེས་རྟགས་ཅན་རྗེས་དཔག་གི་རྒྱུ་དང་། རིམ་པ་ལྟར་རྟགས་དང་། བསྒྲུབ་བྱ་ལ་མི་བསླུ་བར་ཡང་གསུངས་སོ། །དེའི་ངོས་འཛིན་འཐད་ལྡན་དུ། རྟགས་མ་འཁྲུལ་བར་འཛིན་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་ཆོས་ཅན་ལ་མི་ལྟོས་པར་ཁྱབ་པ་སྤྱིར་འཛིན་པ་ཡིན་ལ། གཞན་ནི་ཕྱོགས་ཀྱི་ཆོས་བཟུང་བ་ན། བཟུང་ཟིན་པ་ཉིད་ཀྱིས་མི་འཁྲུལ་བ་གང་ཡིན་པ་དྲན་པ་སྟེ། བཟུང་ཟིན་པའི་མི་འཁྲུལ་བ་མ་དྲན་ན་ནི། བསྒྲུབ་བྱ་རྟོགས་པ་མེད་པའི་ཕྱིར་རོ། །འདི་ལྟར་དུ་བ་མཐོང་ནས་འདི་ནི་ཐམས་ཅད་དུ་མེ་ལས་སྐྱེ་བའི་ཕྱིར། འདིར་ཡང་མེ་ལས་སྐྱེ་བ་ཡིན་ནོ་ཞེས་རྟོགས་པར་བྱེད་དོ། །ཐམས་ཅད་དུ་མེ་ལས་སྐྱེ་བ་ཅན་གང་ཡིན་པ་འདི་ནི་རྟགས་ཤེས་པ་ཡིན་ལ། འདིར་ཡང་མེས་སྐྱེད་པ་ཡིན་ནོ་ཞེས་བསྒྲུབ་བྱའི་ཆོས་ཅན་ལ་མི་འཁྲུལ་བ་ཉིད་དྲན་པ་གང་ཡིན་པ་འདི་ནི་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ཡིན་ནོ། །དེ་ཡང་སྤྱིར་ཁྱབ་པ་འཛིན་པ་སྔོན་དུ་འགྲོ་བ་ཡིན་ནོ། །དེས་ན་འདི་སྐད་དུ་རྟགས་ཀྱི་ཤེས་པ་ནི། རྟགས་ཅན་ཤེས་པའི་རྒྱུ་ཡིན་ནོ་ཞེས་བརྗོད་པ་ཡིན་ཏེ། སྤྱིར་མི་འཁྲུལ་བར་འཛིན་པ་ནི། ཆོས་ཅན་ལ་མི་འཁྲུལ་བར་དྲན་པའི་ཡན་ལག་ཡིན་ནོ་ཞེས་བྱ་བའི་དོན་ནོ་ཞེས་གསུངས་སོ། །རྒྱན་མཛད་པས། རྟགས་ཅན་གྱི་བློས་རྟགས་བཟུང་ཡང་རྟགས་འཛིན་གྱི་བློ་གཞན་དགོས་ན་རྟགས་འཛིན་ཐུག་པ་མེད་པར་འགྱུར་རོ་ཞེས་སྔ་མ་སུན་ཕྱུང་ནས་རང་ལུགས་ལ་རང་བཞིན་གྱི་རྟགས་དང་རྟགས་ཅན་ཐ་མི་དད་པའི་ཕྱིར་རྟགས་ཅན་རྗེས་དཔག་ཉིད་རྟགས་འཛིན་ཡིན་ཡང་འབྲས་རྟགས་ཀྱི་རྟགས་འཛིན་ནི་ལ་ལ་དུ་བ་མཐོང་བའི་མངོན་སུམ་ལ་འདོད་དོ། །ལྷ་ཤཱཀ་གིས་རྟགས་སུ་དགོད་བྱ་འཛིན་པའི་བཅད་ཤེས་ལ་འདོད་དེ། དེ་འདྲ་དེ་ནི་རྟགས་སེམས་ཀྱིས། །རྒྱུ་ཡིན་ཞེས་པའི་འགྲེལ་པར། ལྷས། རྒྱུ་དང་རང་བཞིན་གྱི་རྣམ་པ་དེ་ཉིད་ལ་དེའི་འབྲས་བུར་གྱུར་པ་དུ་བ་ལ་སོགས་པའི་དངོས་པོའམ། དེའི་རང་བཞིན་དུ་གྱུར་པ་མཚོན་པར་བྱེད་པ་ནི་དེ་འདྲ་བའི་རྟགས་ཡིན་ནོ། །དེའི་ཡུལ་ཅན་གྱི་སེམས་གང་ཡིན་པ་ནི་ཤེས་པ་གང་ཡིན་པའོ། །དུ་བ་ལ་སོགས་པ་དེའི་འབྲས་བུའམ་དེའི་རང་བཞིན་སྤྱི་ལ་སོགས་པ་ཙམ་དུ་ཡོད་པ་ཉིད་ལ་སོགས་པ་དང་། ཁྱད་པར་གཞན་དུ་སྒྲོ་བཏགས་པ་སྐྱེ་བ་དང་ལྡན་པ་ཉིད་དང་། བྱས་པ་ཉིད་ལ་སོགས་པ་རྟོག་པར་བྱེད་པ་ཉིད་ཡིན་ནོ། །དེའི་དངོས་པོ་མེད་པར་མི་འབྱུང་བ་དེའི་འབྲས་བུ་དང་རང་བཞིན་གྱི་རྣམ་པའི་ཡུལ་ཅན་ཡང་དེ་འདྲ་བའི་རྟགས་ཀྱི་སེམས་ཡིན་ཏེ། དེའི་རྒྱུ་དོན་དམ་པར་དངོས་པོ་དེ་ཡིན་པའི་ཕྱིར་རོ་ཞེས་དང་། ཤཱས་རྟགས་ཀྱི་ཡུལ་ཅན་མངོན་སུམ་གྱིས་ཕྱིས་བྱུང་བ་གང་ཡིན་པ་ཡང་ཚད་མར་ཐ་སྙད་དུ་བྱ་སྟེ། ཚད་མའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ་ཞེས་གསུངས་པས་སོ། །ཉི་མ་སྦས་པས་ཀྱང་དེ་བཞིན་དུ་བཞེད་དེ། དེའི་འགྲེལ་པར། རྟགས་ཀྱི་ཤེས་པ་ཉིད་ནི་དངོས་པོའི་ཡུལ་ཅན་དུ་འདོད་པ་མ་ཡིན་ཏེ། དེ་མ་ཐག་པའི་ཤེས་པ་ནི་རྟགས་ཀྱི་ཤེས་པའོ་ཞེས་འབྱུང་བས་སོ། །གཉིས་པ་ནི། སྔོན་གྱི་མཁས་པ་ཁ་ཅིག ཆོས་མཆོག་གི་དགོངས་པ། ཆོས་ཅན་གྱི་སྟེང་དུ་རྟགས་ཆོས་ཀྱི་འབྲེལ་པ་འཛིན་པ་ནི་རྟགས་ཅན་རྗེས་དཔག་དང་། དཔེའི་སྟེང་དུ་རྟགས་ཆོས་ཀྱི་འབྲེལ་པ་འཛིན་པའི་སྤྱི་ཁྱབ་དྲན་པ་ཁོ་ན་རྟགས་འཛིན་གྱི་སེམས་ཡིན་པར་བཞེད། གཞན་དག་ཕྱོགས་ཆོས་དྲན་པ་སྔོན་དུ་སོང་བ་ལ་དགོངས་པ་ཡིན་པས་རྟགས་འཛིན་གྱི་སེམས་ཀྱི་མཚན་ཉིད། རང་འབྲས་རྗེས་དཔག་གི་རྒྱུར་གྱུར་པའི་རྟགས་ཡང་དག་གི་ཚུལ་འཇལ་བའི་བློ། དབྱེ་ན་ཕྱོགས་ཆོས་དང་། ཁྱབ་པ་འཇལ་བའི་རྟགས་འཛིན་གྱི་སེམས་གཉིས། དེ་རེ་རེ་ལ་ཡང་མངོན་རྗེས་ཀྱི་ཚད་མ་གཉིས་དང་། དེ་དག་གིས་དྲངས་པའི་བཅད་ཤེས་དང་བཅས་པ་ཡོད་པར་ཤེས་པར་བྱའོ་ཞེས་གསུངས་ཀྱང་། འགྲེལ་པའི་དགོངས་པ་ནི་སྔ་མ་ཉིད་དུ་སྣང་ངོ་། །ཁ་ཅིག ལྷ་ཤཱཀ་གི་དགོངས་པ་ཕྱོགས་ཆོས་ངེས་པའི་བཅད་ཤེས་རང་རྒྱུད་ཀྱི་རྗེས་དཔག་ཚད་མའི་བརྒྱུད་རྒྱུར་གྱུར་པ་ཅིག་ལ་བཞེད་ཅིང་། དེའི་ཚེ་བར་དུ་གཅོད་བྱེད་ཀྱི་དྲན་པ་ནི་ཁྱབ་པ་དྲན་པའི་དྲན་ཤེས་ཁོ་ན་ལ་བཞེད་དོ། །ཡང་ཁ་ཅིག རྟགས་འཛིན་སེམས་ཀྱི་ངོ་བོ་དང་། སྐྱེ་ཚུལ་གཉིས་ལས། དང་པོ་ནི། ཕྱོགས་ཆོས་དང་ཁྱབ་པ་འཛིན་པ་གང་རུང་རེ་ཙམ་རྗེས་དཔག་གི་རྒྱུར་མི་རུང་བས་རྟགས་འཛིན་སེམས་མ་ཡིན་ལ་དེས་ན་ཕྱོགས་ཆོས་འཛིན་པ་ནི། ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མའི་རྗེས་སུ་ཆོས་ཅན་ལ་རྟགས་ལྡན་པར་འཛིན་པའི་བློ་ཡིན་ལ། ཁྱབ་པ་འཛིན་པ་ནི་དཔེའི་སྟེང་དུ་ཁྱབ་འབྲེལ་སྒྲུབ་བྱེད་ཀྱི་ཚད་མ་ལ་བརྟེན་ནས་རྟགས་ཆོས་ཀྱི་འབྲེལ་པ་འཛིན་པ་ཡིན་ནོ། །འོན་ཀྱང་སློབ་དཔོན་གྱིས་རྗེས་དཔག་གི་དངོས་རྒྱུ་མ་ཡིན་པར་གསུངས་པ་ལྟར་དངོས་རྒྱུ་ནི་མ་ཡིན་ནོ། །གཉིས་པ་ནི། རང་བཞིན་གྱི་རྟགས་ལ་སྒྲ་རང་མཚན་ཉན་ཤེས་ཀྱིས་ཐོས་པའི་རྗེས་སུ་སྒྲ་བྱས་པར་རྟོགས་པའི་ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མ་སྐྱེ། དེ་ལས་ཕྱོགས་ཆོས་ངེས་བྱེད་ཀྱི་རྟགས་འཛིན་གྱི་སེམས་སྐྱེ། དཔེའི་སྟེང་དུ་ཁྱབ་འབྲེལ་རྟོགས་པའི་ཚད་མ་ལ་བརྟེན་ནས་ཁྱབ་འབྲེལ་འཛིན་པའི་རྟགས་འཛིན་གྱི་སེམས་སྐྱེ། རྟགས་འཛིན་སེམས་གཉིས་པོའི་བྱེད་པ་ལས་ཚུལ་གསུམ་དྲན་པའི་བློ་སྐྱེ། དེ་ལས་རྗེས་དཔག་སྐྱེ་བ་ཡིན་ནོ། །འབྲས་རྟགས་ལ། ལ་ལ་དུ་བ་མཐོང་བའི་མངོན་སུམ་ནི་ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མ་ཡིན་པས་དེ་ལས་ཕྱོགས་ཆོས་ངེས་པའི་རྟགས་འཛིན་སེམས་སྐྱེ་བ་སོགས་སྔ་མ་བཞིན་ནོ་ཞེས་བཞེད་དོ། །དེ་དག་ལས་ཆོས་མཆོག་གི་ལུགས་ནི་མི་འཐད་དེ། ཆོས་ཅན་གྱི་སྟེང་དུ་ཁྱབ་འབྲེལ་འཛིན་པའི་བློ་རྗེས་དཔག་ཡིན་ན། བཟུང་ཟིན་པའི་དྲན་པར་ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །དཔེའི་སྟེང་དུ་ཁྱབ་འབྲེལ་འཛིན་པའི་བློ་རྟགས་འཛིན་སེམས་སུ་འདོད་པ་ཡང་གཞུང་ལུགས་ཆེན་པོ་དང་འགལ་ཏེ། དེ་ལྟར་ན་རྟགས་འཛིན་སེམས་དཔེ་ལས་སྐྱེས་པར་སོང་གི་རྟགས་ལས་སྐྱེས་པར་མ་སོང་ཞིང་། རྩ་བའི་གཞུང་ལས་རྟགས་འཛིན་སེམས་རྟགས་ལས་སྐྱེས་པར་གསུངས་པའི་ཕྱིར། རྒྱུན་གྱི་རང་བཞིན་གྱི་རྟགས་ལ་རྟགས་ཅན་རྗེས་དཔག་ཉིད་རྟགས་འཛིན་གྱི་སེམས་སུ་འདོད་པ་ཡང་མི་འཐད་དེ། རྟགས་འཛིན་གྱི་སེམས་རྟགས་ཅན་རྗེས་དཔག་གི་རྒྱུར་གསུངས་པ་དང་འགལ་བའི་ཕྱིར་རོ། །ལ་ལ་དུ་བ་མཐོང་བའི་མངོན་སུམ་རྟགས་འཛིན་གྱི་སེམས་སུ་འདོད་པ་ཡང་མི་འཐད་དེ། ཕྱོགས་གླང་གིས། རྟགས་འཛིན་སེམས་མངོན་སུམ་ལྟར་སྣང་གི་དབྱེ་བར་བཤད་པའི་ཕྱིར་རོ། །ལྷ་ཤཱཀ་གི་དགོངས་པ་ཕྱོགས་ཆོས་ངེས་པའི་བཅད་ཤེས་རྟགས་འཛིན་གྱི་སེམས་ཡིན་པར་འདོད་པ་ཡང་མི་འཐད་དེ། འགྲེལ་པར། འབྲས་བུ་དུ་བ་དང་། རང་བཞིན་སྐྱེ་ལྡན་དང་། བྱས་པའི་ཡུལ་ཅན་གྱི་སེམས་རྟགས་འཛིན་སེམས་སུ་གསུངས་ཀྱི་ཕྱོགས་ཆོས་ངེས་པའི་བཅད་ཤེས་རྟགས་འཛིན་སེམས་སུ་མ་གསུངས་པའི་ཕྱིར་དང་། གཞན་དུ་ན་རྟགས་འཛིན་གྱི་སེམས་རྟགས་ཅན་རྗེས་དཔག་གི་དངོས་རྒྱུར་འགྱུར་བ་སྲིད་པར་ཐལ། ཕྱོགས་ཆོས་ངེས་པའི་བཅད་ཤེས་དེ་དེར་འགྱུར་བ་སྲིད་པའི་ཕྱིར། ལུགས་ཕྱི་མ་རྟགས་འཛིན་སེམས་ལ་གཉིས་སུ་འདོད་པ་ཡང་དེ་ཉིད་ཀྱིས་ཁེགས་ཤིང་། སྐྱེ་ཚུལ་ཡང་མི་འཐད་དེ། ཐོག་མར་རྟགས་འཛིན་གྱི་སེམས་སྐྱེས་ནས་རྟགས་དེའི་སྟེང་དུ་ཚུལ་གསུམ་ངེས་བྱེད་སྐྱེ་བ་ཡིན་གྱི། རྟགས་འཛིན་གྱི་སེམས་མ་སྐྱེས་པར་ཚུལ་གསུམ་ངེས་བྱེད་སྐྱེ་བ་ཡོད་ན་ཁྱད་གཞི་མ་བཟུང་བར་ཁྱད་ཆོས་འཛིན་པ་ཡོད་པར་ཐལ་བའི་ཕྱིར། ཡང་ལུགས་འདིས་རྟགས་འཛིན་གྱི་སེམས་ཀྱིས་ལྟོས་གཞི་སོ་སོའི་སྟེང་དུ་རྟགས་འཛིན་ལ། ཕྱིས་ཀྱི་དྲན་པས་ལྟོས་གཞི་སོ་སོ་ལ་མི་ལྟོས་པར་ཚུལ་གསུམ་བློ་ཡུལ་དུ་བསྡོམས་ནས་དྲན་པར་བྱེད་པར་འདོད་པ་ཡང་མི་འཐད་དེ། སྔར་ལྟར་རྟགས་འཛིན་སེམས་རྟགས་ལས་མ་སྐྱེས་པར་ཐལ་བའི་སྐྱོན་གནས་ཤིང་། ཚུལ་གསུམ་བསྡོམས་ནས་དྲན་པའི་དོན་རྩོད་གཞིའི་སྟེང་དུ་དྲན་པ་ནི་དེའི་ཚེ་རྗེས་དཔག་སྐྱེས་ཟིན་པའི་ཕྱིར་རོ། །གསུམ་པ་ལ་བཞི་སྟེ། མཚན་ཉིད། མཚན་གཞི། སྐྱེ་ཚུལ། ལུང་དང་སྦྱོར་བའོ། །དང་པོ་ནི། ཚུལ་གསུམ་ངེས་པའི་སྔོན་དུ་རྟགས་སུ་དགོད་བྱ་བཟུང་བའི་བཅད་ཤེས་གང་ཞིག རང་འབྲས་རྟགས་ཅན་རྗེས་དཔག་གི་བརྒྱུད་པའི་རྒྱུར་འགྱུར་བའོ། །གཉིས་པ་ནི། འབྲས་རྟགས་ལ་དུ་བ་མཐོང་བའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་དུ་བ་ངེས་པའི་བཅད་ཤེས་དང་། རང་བཞིན་རྟགས་ལ་སྒྲ་འཛིན་མངོན་སུམ་གྱི་སྒྲ་བྱས་པར་ངེས་པའི་ངེས་པ་རང་སྟོབས་ཀྱིས་དྲངས་ན་མངོན་སུམ་དེའི་རྗེས་སུ་སྐྱེས་པའི་བྱས་པ་ངེས་པའི་བཅད་ཤེས་ལྟ་བུ་དང་། རང་སྟོབས་ཀྱིས་དྲང་མ་ནུས་ན་སྒྲ་བྱས་པར་རྟོགས་པའི་རྗེས་དཔག་གིས་དྲངས་པའི་བྱས་པ་འཛིན་པའི་བཅད་ཤེས་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་སུ་འགྱུར་བ་ལྟ་བུའོ། །དགག་རྟགས་ལ་དག་འཛིན་དབང་པོའི་མངོན་སུམ་གྱིས་ས་ཕྱོགས་འདི་ནི་དམིགས་སོ། །བུམ་པ་འདི་ནི་མ་དམིགས་སོ་སྙམ་པའི་རྟོག་པ་གཉིས་དྲངས་པའི་ཕྱི་མ་ལྟ་བུའོ། །གསུམ་པ་ནི། དུ་བ་ངེས་པའི་བཅད་ཤེས་དེས་དུ་བ་ཉིད་ལ་ལ་ཡོད་པའི་ཕྱོགས་ཆོས་དང་། མེ་དུའི་དེ་བྱུང་གི་འབྲེལ་པ་ངེས་པའི་ཁྱབ་པ་འཛིན་པའི་རྟོག་པ་གཉིས་དྲངས་ནས་དེ་ལྟ་བུའི་ཚུལ་གསུམ་བར་མ་ཆད་དུ་ངེས་པའི་ཚེ། སྒྲུབ་ངག་ལ་མི་ལྟོས་པར་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་སྐྱེ་བའོ། །འདི་ནི་རང་དོན་རྟགས་ཀྱིས་དབང་དུ་བྱས་པ་སྟེ། འདི་ལ་བར་དུ་ཆོད་བྱེད་ཀྱི་དྲན་པ་ནི་ཚུལ་གསུམ་ངེས་པའི་བློ་དེ་ཉིད་ལས་གཞན་མེད་དོ། །ཡང་རྟགས་ཀྱི་མཚན་གཞི་དུ་བ་ངེས་པའི་རྗེས་སུ་ཚུལ་གསུམ་གཞི་སོ་སོའི་སྟེང་དུ་ངེས་པ་དེ་བརྗེད་ཟིན་ནས་ཕྱིས་སྒྲུབ་ངག་བཀོད་པའི་ཚེ་ཚུལ་གསུམ་དྲན་པའི་དྲན་པ་སྐྱེས་ནས་དེ་ལས་རྗེས་དཔག་སྐྱེ་བ་ཡིན་ནོ། །འདི་ལ་ཚུལ་གསུམ་ངེས་པའི་བློ་དང་། དྲན་པ་གཉིས་ཆར་གྱིས་ཆོད་ཀྱང་གཉིས་ཀ་དྲན་པར་མཚུངས་པས་དྲན་པས་ཆོད་ཞེས་སྨོས་སོ། །རང་བཞིན་གྱི་རྟགས་ལ་ཡང་ཕལ་ཆེར་འདི་དང་འདྲ་ཞིང་། ཕྱོགས་ཆོས་རྟགས་ཀྱིས་བསྒྲུབ་དགོས་པའི་ཚེ་ཕྱོགས་ཆོས་རྟོགས་པའི་རྗེས་དཔག་གིས་དྲངས་པའི་བྱས་པ་འཛིན་པའི་བཅད་ཤེས་ཀྱི་རྗེས་སུ་ཚུལ་གསུམ་བར་མ་ཆད་དུ་ངེས་ན་རང་དོན་རྟགས་དང་། ཚུལ་གསུམ་གཞི་སོ་སོའི་སྟེང་དུ་ངེས་ནས་བརྗེད་ན་གཞན་དོན་སྐབས་ཀྱི་གཏན་ཚིགས་སུ་འགྱུར་བ་ཡང་སྔ་མ་དང་འདྲའོ། །དགག་རྟགས་ལ་རྟགས་འཛིན་སེམས་རྟགས་སུ་དགོད་བྱ་ཉིད་ལས་སྐྱེ་བའི་ངེས་པ་མེད་ཀྱང་། མཐར་རྒྱུ་ལས་འབྲས་བུ་སྒྲུབ་པའི་གཏན་ཚིགས་སུ་སོང་བའི་ཚེ་གཏན་ཚིགས་དེ་ལས་སྐྱེ་བ་ནི་རྟོག་གེའི་གསང་ཚིག་ཏུ་སྣང་ངོ་། །དེང་སང་ཚུལ་གསུམ་ཅིག་ཆར་དུ་དྲན་པ་ཞེས་འདོད་པ་ནི་མ་བརྟགས་པ་སྟེ། རྩོད་གཞིའི་སྟེང་དུ་རྟགས་འཛིན་པའི་རྟོག་པ་དང་། དཔེའི་སྟེང་དུ་ཁྱབ་པ་འཛིན་པའི་རྟོག་པ་གཉིས་ཅིག་ཆར་དུ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །དེས་ན་རང་དོན་རྟགས་ལ་ནི་ཐོག་མར་ཁྱབ་པ་དྲན་ནས་དེའི་རྗེས་སུ་ཕྱོགས་ཆོས་དྲན་པ་ལས་རྗེས་དཔག་སྐྱེ་སྟེ། དུ་བ་གློ་བུར་དུ་མཐོང་བའི་ཚེ་དུ་བ་ཡོད་ན་ནི་མེ་ཡོད་པས་ཁྱབ། འདི་ན་དུ་བ་ཡོད་པའི་ཕྱིར་ན་མེ་ཡོད་དོ་སྙམ་དུ་ངེས་པའི་ཕྱིར་རོ། །གཞན་དོན་རྟགས་ལ་ཕྱོགས་ཆོས་སྔོན་འགྲོ་ཅན་ལ་ནི་ཕྱོགས་ཆོས་ཐོག་མར་དྲན་ཅིང་ཁྱབ་པ་སྔོན་འགྲོ་ཅན་ལ་ནི་ཁྱབ་པ་ཐོག་མར་དྲན་ཏེ། དེ་གཉིས་ཀྱི་རྒྱུར་གྱུར་པའི་ཉན་ཤེས་རིམ་པ་དེ་ལྟར་དུ་སྐྱེ་བའི་ཕྱིར་རོ། །བཞི་པ་ནི། ཕྱོགས་གླང་གིས་རྟགས་འཛིན་སེམས་རྟོག་པ་མངོན་སུམ་ལྟར་སྣང་གི་དབྱེ་བར་བཤད་པ་དང་། དེ་དང་རྗེས་དཔག་གི་བར་དུ་དྲན་པས་ཆོད་པར་བཤད་པ་དང་། རྣམ་འགྲེལ་འདིར། རྟགས་ཀྱི་འབྲས་བུ་དང་། རྟགས་ཅན་རྗེས་དཔག་གི་རྒྱུར་གསུངས་པ་དང་། ལྷས། རྟགས་ཀྱི་མཚན་གཞི་དུ་བ་དང་སྐྱེ་ལྡན་འཛིན་པའི་བློ་རྟགས་འཛིན་སེམས་སུ་གསུངས་པ་དང་། ཤཱས། རྟགས་ཀྱི་ཡུལ་ཅན་མངོན་སུམ་གྱི་ཕྱིས་བྱུང་བ་ཡིན་པར་གསུངས་པ་དང་། ཉི་སྦས་ཀྱིས། རྟགས་ཀྱི་ཤེས་པ་དངོས་པོའི་ཡུལ་ཅན་མ་ཡིན་པར་གསུངས་པ་དང་། སྔར་དྲངས་པའི་རིགས་གཏེར་རང་འགྲེལ་ལས། ཁོ་བོ་ཅག་རྟགས་སུ་འགོད་བྱའི་ངོ་བོ་དུ་བ་དང་བྱས་པ་ལ་སོགས་པ་ལས་རྟགས་འཛིན་སྐྱེ་བར་འདོད་ཀྱི། རྟགས་ཀྱི་མཚན་ཉིད་ཚུལ་གསུམ་ངེས་པ་ལས་སྐྱེ་བར་མི་འདོད་དོ་ཞེས་གསུངས་པ་རྣམས་ཀྱི་དོན་ལུགས་འདི་ཉིད་ཀྱི་སྟེང་དུ་གནས་པ་ནི་སྔོན་ཆད་གཞན་གྱི་མ་མཐོང་བར་སྣང་ངོ་། །མདོར་ན། རྟགས་འཛིན་སེམས་ཁྱད་གཞི་འཛིན་པའི་བློ་དང་། ཚུལ་གསུམ་ངེས་པ་ཁྱད་ཆོས་འཛིན་པའི་བློ་ཡིན་པར་ཤེས་ན་ལུགས་འདི་རང་གྲོལ་དུ་འགྱུར་རོ། །གཉིས་པ་མཚན་གཞི་ནི། རིགས་གཏེར་ལས། རྟགས་ཀྱི་མཚན་གཞི་གཞན་སེལ་ཡིན། །ཞེས་གསུངས་ཏེ། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་སོང་བའི་ཚེ་རང་མཚན་དང་སྒྲ་དོན་གང་རྟགས་ཡང་དག་ཡིན་ཞེ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འཛིན་པའི་རྟོག་ངོར་སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བའི་བྱས་པ་ཙམ་རྟགས་ཡང་དག་ཡིན་ཏེ། དེས་སྒྲ་དོན་རྟགས་ཡང་དག་ཏུ་ཡང་མི་འཛིན། རང་མཚན་རྟགས་ཡང་དག་ཏུ་ཡང་མི་འཛིན་པར་བྱས་པ་ཙམ་རྟགས་ཡང་དག་ཏུ་འཛིན་པའི་ཕྱིར། རྗེས་ཀྱི་རྟོག་པས་སོ་སོར་ཕྱེ་བའི་ཚེ་རང་མཚན་རྟགས་ཡང་དག་མ་ཡིན་ཏེ། རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་མི་ནུས་པའི་ཕྱིར། སྒྲ་དོན་རྟགས་ཡང་དག་ཡིན་ཏེ། སྔར་གྱི་རྟོག་པ་ལ་སྣང་བའི་བྱས་པ་དེ་རྟགས་ཡང་དག་ཡིན་པ་གང་ཞིག དེ་ཉིད་སྒྲ་དོན་ལས་མ་འདས་པའི་ཕྱིར། དེས་ན་བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་འཛིན་པའི་རྟོག་པ་ལ་སྣང་བའི་བྱས་པ་དེ་ཉིད་གཞན་སེལ་ཡིན་པས་གཞན་སེལ་རྟགས་ཡང་དག་ཡིན་ནོ། །འདིར། དེ་སྐོར་གྱི་རྟགས་ཡང་དག་ཡོད་མེད་དང་། གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་མ་ཁྱབ་དང་། བཀོད་ཚོད་ལ་མ་ལྟོས་པར་བྱས་པ་ལྟ་བུ་རྟགས་ཡང་དག་ཡིན་མིན་སོགས་ནི་གཞུང་ལུགས་ཀྱི་དགོངས་པ་འཆད་པ་ལ་མི་མཁོ་བར་སྣང་བས་མ་བྲིས་ལ། དེང་སང་ལ་ལྟོས་པ་རྣམས་ནི་གཞན་དུ་བཤད་དོ། །གསུམ་པ་མཚོན་བྱའི་རབ་ཏུ་དབྱེ་བ་ནི། རིགས་གཏེར་ལས། མཚན་ཉིད་དེ་དང་ལྡན་པ་ཡི། །གཏན་ཚིགས་དབྱེ་སྒོ་དུ་མར་འགྱུར། །ཆོས་ཀྱི་གྲགས་པས་སྦྱོར་བ་ཡི། །སྒོ་ནས་གསུམ་དུ་ངེས་པ་མཛད། །ཅེས་དངོས་པོའི་སྒོ་ནས་དབྱེ་སྒོ་ལྔ། སྦྱོར་བའི་སྒོ་ནས་གཅིག་སྟེ་དྲུག་ཏུ་མཛད་ཀྱང་། གཏན་ཚིགས་ཀྱི་རིགས་མ་ལུས་པ་འདུས་པའི་སྒོ་ནས་དབྱེ་ན་བཅུ་སྟེ། སྦྱོར་བའི་སྒོ་ནས། འཇུག་ཚུལ་གྱི་སྒོ་ནས། སྒྲུབ་བྱེད་ཀྱི་སྒོ་ནས། སྒྲུབ་ཚུལ་གྱི་སྒོ་ནས། བསྒྲུབ་ཆོས་ཀྱི་སྒོ་ནས། འབྲེལ་པའི་སྒོ་ནས། དགོད་བྱའི་སྒོ་ནས། དགོད་ཚུལ་གྱི་སྒོ་ནས། རྒོལ་བའི་སྒོ་ནས། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། སྦྱོར་བའི་སྒོ་ནས་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་དུ་འདུས་ཏེ། དགག་རྟགས་ཐམས་ཅད་མཐར་སྣང་རུང་མ་དམིགས་པའི་གཏན་ཚིགས་སུ་འདུས་པས། དཔེ་གཅིག་གི་སྟེང་དུ་གཏན་ལ་འབེབས་ནུས། སྒྲུབ་རྟགས་གཉིས་དཔེ་སོ་སོའི་སྟེང་དུ་གཏན་ལ་འབེབས་དགོས་པའི་ཕྱིར་རོ། །འདི་ལ་རྣམ་འགྲེལ་ལས། མ་དམིགས་པའི་རྟགས་ལས་འཕྲོས་ནས་གཏན་ཚིགས་ལྟར་སྣང་རྒྱས་བཤད་མཇུག་ཏུ་བཤད་པའི་དབང་དུ་བྱས་ནས་འབྲས་རང་གི་གཏན་ཚིགས་ཐོག་མར་གསུངས་ལ། རྣམ་ངེས་ལས། འབྲས་རང་གི་རྟགས་ལས་འཕྲོས་ནས་རྟགས་ཆོས་ཀྱི་འབྲེལ་པ་སྒྲུབ་བྱེད་འཇུག་ཏུ་བཤད་པའི་དབང་དུ་བྱས་ནས་མ་དམིགས་པའི་གཏན་ཚིགས་ཐོག་མར་གསུངས་ཤིང་། རིགས་གཏེར་ལས་ཀྱང་གོ་རིམ་འདི་ལྟར་འབྱུང་ངོ་། །དེ་ལ་དང་པོ་མ་དམིགས་པའི་རྟགས་ཡང་དག་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་དེ་སྐོར་གྱི་རྟགས་ཡང་དག་ཞིག དེ་སྐོར་གྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་མེད་དགག་ཡིན་པས་ཁྱབ་པ་ཞེས་དང་། ཁ་ཅིག གཞན་འདྲ་བ་ལ། དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་དང་། སྨྲས་ཙམ་གྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་བསྣན་པ་གསུམ་ལས། དང་པོ་ལ། བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་རྟག་པ་མིན་པར་བསྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་མེད་དགག་ཡིན་པས་ཁྱབ་པར་ཐལ། ཁྱོད་དེ་སྐོར་གྱི་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། དེ་སྐོར་གྱི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། གཉིས་པ་དང་གསུམ་པ་ལ། དེ་སྒྲུབ་མ་དམིགས་པའི་རྟགས་ཕྱེད་གཤགས་དངོས་འགལ་ལ་བརྩིའམ་མི་བརྩི། མི་བརྩི་ན། བྱས་པ་ཆོས་ཅན། དེ་སྐོར་གྱི་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་དང་པོ་དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། དེ་སྐོར་གྱི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར། བརྩི་ན། དེ་སྐོར་གྱི་རྟགས་ཡང་དག་ཡོད་དམ་མེད། མེད་ན། དེ་སྐོར་གྱི་རྟགས་ཡང་དག་མེད་པར་རྟོགས་པའི་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱི་བྱས་པ་དེ་སྐོར་གྱི་རྟགས་ཡང་དག་མེད་པར་རྟོགས་པའི་ཚད་མའི་གཞལ་བྱ་མིན་པར་བསྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་མེད་དགག་ཡིན་དགོས་པར་ཐལ། ཁྱོད་དེ་སྐོར་གྱི་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་མེད་པར་རྟོགས་པའི་ཚད་མའི་གཞལ་བྱ་མིན་པ་དེ་ཆོས་ཅན། མེད་དགག་ཡིན་པར་ཐལ། བྱས་པ་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་མེད་པར་རྟོགས་པའི་ཚད་མའི་གཞལ་བྱ་མིན་པར་བསྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཡོད་པར་ཐལ་ལོ། །ཡོད་ན། དེ་སྐོར་གྱི་རྟགས་ཡང་དག་ཡོད་པར་རྟོགས་པའི་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་བྱས་པ་དེ་སྐོར་གྱི་རྟགས་ཡང་དག་ཡོད་པར་རྟོགས་པའི་ཚད་མའི་གཞལ་བྱ་མིན་པར་བསྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་མེད་དགག་ཡིན་དགོས་པར་ཐལ། ཁྱོད་དེ་སྐོར་གྱི་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཡོད་པར་རྟོགས་པའི་ཚད་མའི་གཞལ་བྱ་མིན་པ་ཆོས་ཅན་ཞེས་སོགས་སྔར་བཞིན་དུ་བསྒྲེའོ། །གཉིས་པ་ནི། དགག་རྟགས་ཡང་དག་གི་མཚན་ཉིད། དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས། དེ་ནི་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཀྱང་ཡིན་ཏེ། དེ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་པས་མཚོན་བྱ་མིང་གི་རྣམ་གྲངས་པ་ཡིན་པའི་ཕྱིར། འོན་ཀྱང་དམིགས་པའི་རྟགས་ཡང་དག་ནི་སྒྲུབ་བྱེད་ཀྱི་སྒོ་ནས་ཐ་སྙད་བྱས་པ་སྟེ། མ་དམིགས་པའི་གཏན་ཚིགས་ཐམས་ཅད་མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་འགོག་པར་མཚུངས་པའི་ཕྱིར་ཏེ། དགག་པ་ཉིད་ནི་ཐམས་ཅད་དུ། །མ་དམིགས་པ་ལས་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། དགག་རྟགས་ཡང་དག་ནི་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་ཐ་སྙད་བྱས་པ་སྟེ། བསྒྲུབ་བྱའི་ཆོས་དེ་དགག་པ་ཡིན་ན་རྟགས་སུ་དགོད་བྱ་དགག་སྒྲུབ་གང་ཡིན་ཀྱང་དགག་རྟགས་སུ་འགྱུར་བའི་ཕྱིར། དེ་ལ་ཁ་ཅིག་ན་རེ། བྱས་པ་ཆོས་ཅན། དགག་རྟགས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། སྒྲའི་སྟེང་དུ་རྟག་པ་འགོག་པ་ལ་ཚུལ་གསུམ་ཚང་བའི་ཕྱིར་ཞེ་ན། དེ་ཆོས་ཅན། དགག་རྟགས་ཡང་དག་ཏུ་ཐལ། སྒྲ་རྟག་པ་མིན་པར་བསྒྲུབ་པའི་དགག་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་དབྱེ་བ་ལ། མི་སྣང་བ་མ་དམིགས་པའི་དགག་རྟགས་ཡང་དག་དང་། སྣང་རུང་མ་དམིགས་པའི་དགག་རྟགས་ཡང་དག་གཉིས་ལས། དང་པོ་ལ། དར་ཊཱིཀ་པ་ན་རེ། དེ་སྐོར་གྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག དེ་སྐོར་གྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྤྱིར་ཡོད་ཀྱང་སྐབས་སུ་བབ་པའི་ཕྱིར་རྒོལ་གྱི་ཚད་མ་ལ་ལྟར་མི་རུང་བ་དེ་དེ་སྐོར་གྱི་མི་སྣང་བ་མ་དམིགས་པའི་དགག་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི་ནི་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་ཚད་མས་ཤ་ཟ་མ་དམིགས་པའི་ཕྱིར་ཞེས་པ་འདི་ཡིན་ནོ་ཞེས་ཟེར། དེ་ལ་གཞན་དག་ན་རེ། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་ཚད་མ་ལ་ཤ་ཟ་ལྟར་མི་རུང་བར་ཐལ། ཁྱོད་རང་གི་བཀོད་པའི་སྦྱོར་བ་དེའི་ཕྱིར་རྒོལ་དེའི་ཚད་མ་ལ་ཤ་ཟ་ལྟར་མི་རུང་བའི་ཕྱིར། འདོད་ན། སྒྲ་མི་རྟག་པ་སྐལ་དོན་དུ་སོང་བའི་གང་ཟག་གི་ཚད་མ་ལ་སྒྲ་མི་རྟག་པ་ལྟར་མི་རུང་བ་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་རུང་བར་ཐལ། སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བའི་གང་ཟག་གི་ཚད་མ་ལ་སྒྲ་མི་རྟག་པ་ལྟར་རུང་བའི་ཕྱིར་ཏེ། དེའི་ཚད་མས་དེ་གྲུབ་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་སྒྲ་འཛིན་མངོན་སུམ་གྱིས་དེ་གྲུབ་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་གྱི་རྒྱུད་ལ་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་ངེས་པའི་བཅད་ཤེས་མི་འཇུག་པར་ཐལ། དེའི་ཚད་མས་ཉེར་ལེན་གྱི་ཕུང་པོ་བདག་མེད་ཡིན་པ་མ་དམིགས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་འཇུག་པར་ཐལ། དེའི་རྒྱུད་ལ་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་རྟོགས་པའི་རྗེས་དཔག་འཇུག་པའི་ཕྱིར། གཞན་ཡང་། རང་རྒྱུད་ཀྱི་ཚད་མས་ཤ་ཟ་མ་དམིགས་ན། རང་རྒྱུད་ལ་ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མེད་པས་ཁྱབ་པར་ཐལ། ཁྱེད་རང་གི་སྦྱོར་བའི་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། རང་རྒྱུད་ལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་ཅིང་ཤ་ཟ་དམིགས་བྱེད་ཀྱི་བཅད་ཤེས་དོན་མཐུན་རྒྱུད་ལ་ལྡན་པའི་ལྷ་བྱིན་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང་མདུན་གྱི་གཞི་འདིར་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་ཚད་མ་ཡང་ཡིན། ཤ་ཟ་དམིགས་བྱེད་ཀྱི་ཚད་མ་ཡང་ཡིན་པའི་གཞི་མཐུན་མེད་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་ཚད་མས་ཤ་ཟ་མ་དམིགས་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་ཡིན་ན། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། ཡང་མཁས་པ་ཁ་ཅིག་ན་རེ། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ལ་རྒྱུ། ཁྱབ་བྱེད། རང་བཞིན་མ་དམིགས་པའི་གཏན་ཚིགས་གསུམ་ལས། དང་པོ་ནི། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་ནི། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་ཆོས་ཅན། ཤ་ཟ་ཡོད་ངེས་ཀྱི་ངེས་པ་བློའི་ཐ་སྙད་དོན་མཐུན་རྒྱུད་ལྡན་མ་ཡིན་ཏེ། ཤ་ཟ་དམིགས་བྱེད་ཀྱི་ཚད་མ་རྒྱུད་ལྡན་མིན་པའི་ཕྱིར། གསུམ་པ་ནི། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ཤ་ཟ་མེད་དེ། དེའི་ངོར་དེ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་རྣམས་ཡིན་ནོ་ཞེས་གསུངས་སོ། །དེ་ལ་གཞན་དག་ན་རེ། སྦྱོར་བ་དང་པོ་དེ་མིན་པར་ཐལ། ཤ་ཟ་དམིགས་བྱེད་ཀྱི་ཚད་མ་དེ་ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་གྱི་རྒྱུ་མིན་པའི་ཕྱིར། མ་གྲུབ་ན། དེ་ཤ་ཟ་ཡོད་ངེས་ཀྱི་ངེས་པ་བློའི་ཐ་སྙད་དོན་མཐུན་གྱི་རྒྱུ་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། སྦྱོར་བ་དང་པོ་དེ་རྒྱུ་མ་དམིགས་པ་དང་། གཉིས་པ་དེ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཡིན་མིན་གྱི་ཁྱད་པར་མེད་པར་ཐལ་ལོ། །གཉིས་པ་ལ་ཤ་ཟ་དམིགས་བྱེད་ཀྱི་མངོན་སུམ་རྒྱུད་ལ་མེད་ཅིང་། ཤ་ཟ་དམིགས་བྱེད་ཀྱི་རྗེས་དཔག་གིས་དྲངས་པའི་ཤ་ཟ་ཡོད་པར་ངེས་པའི་ངེས་པ་བློའི་ཐ་སྙད་དོན་མཐུན་རྒྱུད་ལྡན་གྱི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་པ་ལ། མདུན་གྱི་གཞི་འདིར་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་ཚད་མ་ཡང་ཡིན། ཤ་ཟ་དམིགས་བྱེད་ཀྱི་ཚད་མ་ཡང་ཡིན་པའི་གཞི་མཐུན་མེད་པ་ཐལ། ཁྱོད་ཀྱི་ངོར་ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་ཡིན་ན། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་ཡིན་དགོས་པར་ཐལ། ཡང་ཁ་ཅིག དེ་སྐོར་གྱི་དགག་རྟགས་ཡང་དག་ཡིན་པ་གང་ཞིག དེ་སྐོར་གྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་སྐོར་གྱི་དགག་བྱའི་ཆོས་ཀྱི་དོན་འགོག་མི་ནུས་ཤིང་། དེ་སྐོར་གྱི་དགག་བྱའི་ཆོས་ཀྱི་ཐ་སྙད་འགོག་པར་ནུས་པ་དེ་དེ་སྐོར་གྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི་ནི། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་མདུན་གྱི་གཞི་འདིར་ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་མདུན་གྱི་གཞི་འདིར་ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར་ཞེས་འགོད་དོ། །འོ་ན་དེ་ལྟར་བཀོད་ཚེ་རྟགས་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ལྟར་བཀོད་པའི་ཚེ་རྟགས་དེས་དེའི་སྟེང་དུ་དེ་སྐོར་གྱི་དགག་བྱའི་ཆོས་ཀྱི་ཐ་སྙད་འགོག་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། རྟགས་དེས་དེའི་སྟེང་དུ་ཤ་ཟ་ཡོད་པའི་ཐ་སྙད་འགོག་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་ཤ་ཟ་ཡོད་ཅེས་པའི་ཐ་སྙད་འགོག་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མིན་པར་ཐལ། དེས་ཤ་ཟ་ཡོད་ཅེས་པའི་སྒྲ་བརྗོད་པ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེ་དེ་སྐོར་ཀྱི་རྩོད་གཞིའི་སྟེང་དུ་དགག་བྱའི་ཆོས་རང་བཞིན་གྱིས་སྐལ་བའི་སྐལ་དོན་དུ་སོང་བའི་ཆ་ནས་དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་བའི་མ་དམིགས་པའི་གཏན་ཚིགས་དེ་དེ་སྐོར་གྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན་འབྲེལ་ཟླ་མ་དམིགས་པ་དང་། འགལ་ཟླ་དམིགས་པ་གཉིས། དང་པོ་ནི། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་མི་འཇུག་སྟེ། ཤ་ཟ་དེ་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་ནི། ཆོས་ཅན་དང་གསལ་བ་འདྲ། ཤ་ཟ་ལ་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་དེ་ཐེ་ཚོམ་དང་ལྡན་པའི་ཕྱིར་ཞེས་ཟེར། འོ་ན་ལ་རྒྱབ་ཏུ་མེ་ཡོད་པའི་གཏན་ཚིགས་མ་མཐོང་ཞིང་། ལ་རྒྱབ་ན་མེ་ཡོད་མེད་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར་ལ་རྒྱབ་ན་མེ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་པར་བསྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་མེད་པར་ཐལ། མཚན་ཉིད་དེ་འཐད་པའི་ཕྱིར། མཚན་གཞི་གཉིས་པ་དེ་ཡང་མི་འཐད་དེ། ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་ཐེ་ཚོམ་དེ་ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་དང་མི་འགལ་བའི་ཕྱིར་ཏེ། དེས་དེ་ལ་མི་གནོད་པའི་ཕྱིར་ཏེ། དེ་ལ་རྒྱབ་རྟེན་གྱི་ཚད་མ་མེད། སྔ་མ་ལ་རྒྱབ་རྟེན་གྱི་ཚད་མ་ཡོད་པའི་ཕྱིར། རང་གི་ལུགས་ལ། མཚན་ཉིད། མཚན་གཞི། ཚུལ་གསུམ་ངེས་བྱེད། གསུངས་པའི་དགོས་པ་དང་བཞི། དང་པོ་ནི། རྩོད་གཞིའི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་སྒྲུབ་མི་ནུས་ཤིང་། ཡོད་ངེས་འགོག་ནུས་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། གཉིས་པ་ནི། འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །ཞེས་པ་འདི་མ་དམིགས་པ་གཉིས་ཀ་ལ་འགྲོ་བའི་དབང་དུ་བྱས་ན། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་ཆོས་ཅན། ཤ་ཟ་ཡོད་ངེས་ཀྱི་ངེས་པ་བློའི་ཐ་སྙད་དོན་མཐུན་རྒྱུད་ལ་ལྡན་པའི་སྒོ་ནས་ཤ་ཟ་ཡོད་ངེས་ཀྱི་བརྗོད་པ་སྒྲའི་ཐ་སྙད་དོན་མཐུན་སྨྲ་བ་ལ་འཇུག་པ་མ་ཡིན་ཏེ། ཤ་ཟ་ཚད་མའི་སྟོབས་ཀྱིས་མ་དམིགས་པའི་ཕྱིར་ཞེས་པ་འདི་གཞུང་གི་དོན་ལ་གནས་མོད། གནས་དང་གང་ཟག་གཉིས་ཀ་ལ་སྦྱར་ནས་བརྗོད་བདེ་བའི་དབང་དུ་བྱས་ན། མདུན་གྱི་གཞི་འདིར་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། མདུན་གྱི་གཞི་འདིར་ཤ་ཟ་ཚད་མའི་སྟོབས་ཀྱིས་མ་དམིགས་པའི་ཕྱིར་ཞེས་པའོ། །གསུམ་པ་ནི། ཕྱོགས་ཆོས་མདུན་གྱི་གཞི་འདི་མཐོང་བའི་དབང་ཤེས་དང་། དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་གྲུབ་སྟེ། དང་པོ་དེས་མདུན་གྱི་གཞི་འདི་དམིགས་སོ་སྙམ་པ་དང་། གཉིས་པ་དེས་འདིར་ཤ་ཟ་མ་དམིགས་སོ་སྙམ་པའི་ངེས་ཤེས་འདྲེན་པར་བྱེད་པའི་ཕྱིར། ཁྱབ་འབྲེལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་དང་། ཤ་ཟ་ཡོད་ངེས་ཀྱིས་ཐ་སྙད་དོན་མཐུན་གཉིས་རྒྱུ་འབྲས་སུ་ངེས་པས་གྲུབ་བོ། །བཞི་པ་ནི། གཞན་སྡེ་ཁ་ཅིག་ན་རེ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་རྟགས་མི་མཐུན་ཕྱོགས་ལ་མེད་པར་ངེས་པའི་ལྡོག་པ་གྲུབ་པ་དང་། རྒྱང་འཕེན་པས། སྐྱེ་བ་སྔ་ཕྱི་དང་། དེ་གཉིས་ཀྱི་བར་གྱི་བར་དོའི་ལུས་དང་། ངག་སྨྲ་དང་ཆགས་བྲལ་གྱི་གཞི་མཐུན་དབང་མངོན་གྱིས་མ་མཐོང་བའི་ཕྱིར་ན་མེད་པ་དང་། དཔྱོད་པ་པས་རྣལ་འབྱོར་མངོན་སུམ་དབང་མངོན་གྱིས་མ་མཐོང་བའི་ཕྱིར་ན་མེད་པར་འདོད་པ་རྣམས་དགག་པའི་ཕྱིར་དུ་ཡིན་ནོ། །ཅི་ལྟར་གསུང་ཅེ་ན། དགག་བྱའི་ཆོས་དེ་གང་ཟག་དེ་དག་གི་ངོར་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་ནུས་ཀྱང་མེད་ངེས་སུ་སྒྲུབ་མི་ནུས་ཏེ། དགག་བྱ་དེ་དག་གང་ཟག་དེ་ལ་སྐལ་དོན་ཡིན་པའི་ཕྱིར། གཉིས་པ་སྣང་རུང་མ་དམིགས་པའི་གཏན་ཚིགས་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ལ། ཁ་ཅིག་ན་རེ། དེ་སྐོར་གྱི་དགག་རྟགས་ཡང་དག་གང་ཞིག དེ་སྐོར་གྱི་དགག་བྱའི་ཆོས་སུ་བཏགས་པའི་ཡུལ་དེ་ཡོད་ན་སྐབས་སུ་བབ་པའི་ཕྱིར་རྒོལ་གྱི་ཚད་མ་ལ་ལྟར་རུང་བ་ཞེས་ཟེར་བ་མི་འཐད་དེ། སྣང་རུང་མ་དམིགས་པའི་རྟགས་ཡང་དག་དང་། རང་དོན་རྟགས་ཡང་དག་གི་གཞི་མཐུན་ཡོད་པའི་ཕྱིར། ཁ་ཅིག་ན་རེ། གཞན་འདྲ་བ་ལ། དེ་སྐོར་གྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བའི་ཚད་མ་ལ་ལྟར་རུང་བ་ཞེས་ཟེར། འོ་ན་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཀྱི་མཚན་གཞི་གང་ཡིན། གལ་ཏེ་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་འདི་ཡིན་ནོ་ཞེ་ན། དེ་ལྟར་བཀོད་ཚེ་དེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་ཚད་མ་ལ་ཤ་ཟ་ལྟར་མི་རུང་བར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། སྔར་བཀག་ཟིན་ནོ། །རང་ལུགས་ལ་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་སྒྲུབ་ནུས་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། གཉིས་པ་དབྱེ་བ་ལ་འབྲེལ་ཟླ་མ་དམིགས་པ་དང་། འགལ་ཟླ་དམིགས་པའི་གཏན་ཚིགས་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ། རྣམ་བཞག་དང་གསུམ་ལས། དང་པོ་ལ་ཁ་ཅིག དེ་སྐོར་གྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག དེ་སྐོར་གྱི་དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་བཀག་པ་རྟགས་སུ་སྦྱར་བ་ཞེས་ཟེར། དུ་བས་དབེན་པའི་རྩིག་སྐོར་ན་ཆོས་ཅན། དུ་བའི་དངོས་རྒྱུ་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་བཀོད་པའི་ཚེ་དུ་བ་མེད་པ་ཆོས་ཅན། ཁྱོད་དེ་སྐོར་གྱི་མཚན་ཉིད་ཀྱི་ཟུར་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག་དེ་སྐོར་གྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག དེ་སྐོར་གྱི་དགག་བྱའི་ཆོས་ཀྱི་འབྲེལ་ཟླ་བཀག་པ་ཚིག་གིས་ཟིན་པ་རྟགས་སུ་སྦྱར་བ་ཟེར། ཤིང་མེད་པའི་བྲག་རྫོང་ཆོས་ཅན། ཤ་པ་མེད་དེ། ཤིང་མེད་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ། དེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཁྱོད་ཤིང་བཀག་པ་རྟགས་སུ་སྦྱར་བ་ཡིན་པའི་ཕྱིར། འདོད་ན། དེ་མིན་པར་ཐལ། འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། ཁྱོད་དེ་སྒྲུབ་ཀྱིས་མ་དམིགས་པའི་རྟགས་ཡང་དག་གང་ཞིག ཁྱོད་ཤ་པ་དང་ཕན་ཚུན་སྤངས་འགལ་ཡིན་པའི་ཕྱིར། རང་ལུགས་ལ། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག དགག་བྱའི་ཆོས་ཀྱི་འབྲེལ་ཟླ་བཀག་པའི་མེད་དགག་རྟགས་སུ་སྦྱར་བ། གཉིས་པ་ལ། རྒྱུ། ཁྱབ་བྱེད། རང་བཞིན། དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་དང་བཞི་ལས། འདི་དག་གི་མཚན་ཉིད་ལ་ཁ་ཅིག དེ་སྐོར་གྱི་དགག་བྱའི་ཆོས་ཀྱི་རྒྱུ་བཀག་པ་རྟགས་སུ་སྦྱར་བའི་དེ་སྐོར་གྱི་དགག་པའི་ཚུལ་གསུམ་དང་། དེ་སྐོར་གྱི་དགག་བྱའི་ཆོས་དང་བདག་ཉིད་གཅིག་པའི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བའི་དེ་སྐོར་གྱི་དགག་པའི་ཚུལ་གསུམ་དང་། ཡང་གཞན་འདྲ་བ་ལ་དེ་སྐོར་གྱི་དགག་བྱའི་ཆོས་དང་དོན་ངོ་བོ་དབྱེར་མེད་ཀྱི་རང་བཞིན་དང་། དེ་སྐོར་གྱི་དགག་བྱའི་ཆོས་ཀྱི་དངོས་འབྲས་བཀག་པ་ཞེས་པ་རྣམས་རིམ་བཞིན་དེ་སྐོར་གྱི་དེ་རྣམས་ཀྱི་མཚན་ཉིད་ཡིན་ཟེར་རོ། །མེ་ཚད་མས་མ་དམིགས་པའི་རྒྱ་མཚོ་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་རྟགས་སུ་བཀོད་པའི་ཚེ་དེ་ཆོས་ཅན། དེ་སྐོར་གྱི་མཚོན་བྱ་དེར་ཐལ། དེ་སྐོར་གྱི་མཚན་ཉིད་དེའི་ཕྱིར། རྟགས་གསལ་སྔར་བསྒྲུབས་ཟིན་པ་ལ་རིགས་བསྒྲེའོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་རིགས་བསྒྲེའོ། །ཁ་ཅིག དེ་སྐོར་གྱི་འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་གང་ཞིག དེ་སྐོར་གྱི་རྟགས་ལོག་དང་ཆོས་ལོག་ཡོད་ན་དེ་གཉིས་རྒྱུ་འབྲས་ཡིན་པ་དང་། གང་ཞིག་དེ་སྐོར་གྱི་ཆོས་ལོག་དང་རྟགས་ལོག་ཡོད་ན། དེ་གཉིས་ཁྱབ་བྱ་ཁྱབ་བྱེད་ཡིན་པ་དང་། གང་ཞིག་དེ་གཉིས་ཡོད་ན། དེ་གཉིས་དོན་དབྱེར་མེད་ཀྱི་རང་བཞིན་གཅིག་ཡིན་པ་དང་། གང་ཞིག་དེ་གཉིས་ཡོད་ན་དེ་གཉིས་དངོས་རྒྱུ་དངོས་འབྲས་ཡིན་པ་ཞེས་པ་རྣམས་རིམ་བཞིན་དེ་སྐོར་གྱི་དེ་རྣམས་ཀྱི་མཚན་ཉིད་ཡིན་ཟེར། དང་པོ་ལ་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། བདག་མེད་ཡིན་ཏེ། བདག་ཚད་མས་མ་དམིགས་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དེ་ཆོས་ཅན། དེ་སྐོར་གྱི་མཚོན་བྱ་དེར་ཐལ། དེ་སྐོར་གྱི་མཚན་ཉིད་དེའི་ཕྱིར། རྟགས་དང་པོ་སླ་ཞིང་། ཕྱི་མ་རྣམས་ལ་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། བདག་མེད་ཡིན་ཏེ། བདག་གི་རྒྱུ་མེད་པའི་ཕྱིར་ཞེས་བཀོད་པའི་ཚེ་དེ་ཆོས་ཅན། དེ་སྐོར་གྱི་མཚོན་བྱ་དེ་རྣམས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་སླ། ཁ་ཅིག་ན་རེ། དེ་སྐོར་གྱི་དགག་བྱའི་ཆོས་ཀྱི་རྒྱུ་ཚིག་གིས་ཟིན་པར་བཀག་པ་རྟགས་སུ་སྦྱར་བ་དང་། དེ་བཞིན་དུ་གཞན་འདྲ་བ་ལ། དེ་སྐོར་གྱི་དགག་བྱའི་ཆོས་དང་ཁྱབ་མི་མཉམ་པའི་རང་བཞིན་གཅིག་པའི་ཁྱབ་བྱེད་དང་། ཁྱབ་མཉམ་པའི་དོན་ངོ་བོ་དབྱེར་མེད་དང་། དངོས་འབྲས་ཚིག་གིས་ཟིན་པར་བཀག་པ་རྟགས་སུ་སྦྱར་བ་རྣམས་རིམ་བཞིན་དེ་བཞིའི་མཚན་ཉིད་ཡིན་ཟེར། འོ་ན་དབང་ཕྱུག་རྟག་པའི་སྒྲ་དོན་ཆོས་ཅན། བྱས་པས་སྟོང་སྟེ། དོན་བྱེད་ནུས་པས་སྟོང་པའི་ཕྱིར་ཞེས་བཀོད་པའི་ཚེ་དེ་ཆོས་ཅན། དེ་སྐོར་གྱི་ཁྱབ་བྱེད་མ་དམིགས་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དོན་བྱེད་ནུས་པ་དང་། བྱས་པ་གཉིས་ཁྱབ་མི་མཉམ་པར་ཐལ་ལོ། །རྩ་བའི་དེར་ཐལ། དེ་སྐོར་གྱི་འབྲེལ་ཟླ་མ་དམིགས་པའི་རྟགས་གང་ཞིག གཞན་གསུམ་གང་རུང་མིན་པའི་ཕྱིར། དེ་སྐོར་གྱི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་མིན་པ་མ་གྲུབ་ན། བྱས་པས་སྟོང་པ་དང་དོན་བྱེད་ནུས་པས་སྟོང་པ་གཉིས་མཚན་ཉིད་དང་མཚོན་བྱ་ཡིན་པར་ཐལ་ལོ། །རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ལ་ཡང་དེ་ཉིད་འཕེན་ནོ། །ཡང་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་བུམ་པ་ཚད་མས་མ་དམིགས་པའི་ཤར་གཞིར་བུམ་པ་མེད་པར་བསྒྲུབ་པའི་དགག་བྱའི་ཆོས་དང་ཁྱབ་མཉམ་པའི་དེར་ཐལ། དེ་སྐོར་གྱི་མཚོན་བྱ་དེའི་ཕྱིར། འདོད་ན། བུམ་པ་དང་བུམ་པ་ཁྱབ་མཉམ་པར་ཐལ་ལོ། །རང་ལུགས་ལ་རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག དགག་བྱའི་ཆོས་ཀྱི་རྒྱུ་བཀག་པའི་མེད་དགག་རྟགས་སུ་སོང་བ། དཔེར་ན་མེ་མེད་མཚན་དུས་ཀྱི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག དགག་བྱའི་ཆོས་ཀྱི་བདག་ཉིད་གཅིག་པའི་ཁྱབ་བྱེད་བཀག་པའི་མེད་དགག་རྟགས་སུ་སོང་བ། དཔེར་ན། ཤིང་ཚད་མས་མ་དམིགས་པའི་བྲག་རྫོང་ན་ཆོས་ཅན། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག རྟགས་ཆོས་གཉིས་པོ་དེ་མཚན་ཉིད་དང་མཚོན་བྱར་སོང་བ། དཔེར་ན་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ན་ཆོས་ཅན། བུམ་པ་མེད་དེ། བུམ་མ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག དགག་བྱའི་ཆོས་ཀྱི་དངོས་འབྲས་བཀག་པའི་མེད་དགག་རྟགས་སུ་སོང་བ། དཔེར་ན་དུ་བས་དབེན་པའི་རྩིག་སྐོར་ན་ཆོས་ཅན། དུ་བའི་དངོས་རྒྱུ་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ལ། ཚུལ་གསུམ་ངེས་བྱེད། འགལ་མི་འགལ། གྲངས་ངེས་པ། གསུངས་པའི་དགོས་པ། རང་བཞིན་མ་དམིགས་པ་བྱེ་བྲག་ཏུ་བཤད་པ་དང་ལྔ་ལས། དང་པོ་ལ། རྒྱུ་མ་དམིགས་པའི་ཕྱོགས་ཆོས་ཕལ་ཆེར་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་པ་ཡིན་ཏེ། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་མཐོང་བའི་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེས་མེ་མེད་མཚན་དུས་ཀྱི་རྒྱ་མཚོ་འདི་དམིགས་སོ་འདིར་མེ་མ་དམིགས་སོ་སྙམ་པའི་ངེས་ཤེས་གཉིས་འདྲེན་པར་བྱེད་པའི་ཕྱིར། གལ་ཏེ་མངོན་སུམ་གྱི་སྟོབས་ཀྱིས་མ་གྲུབ་ན། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་ན་ཆོས་ཅན། མེ་མེད་དེ། མེ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་ཐ་སྙད་འབའ་ཞིག་བསྒྲུབ་ཀྱི་རྟགས་ཡང་དག་ལ་བརྟེན་པའི་རྗེས་དཔག་གིས་གྲུབ་པ་ཡིན་ནོ། །ཁྱབ་འབྲེལ་དུ་བ་མེ་ལས་དེ་བྱུང་དུ་འབྲེལ་བར་རྟོགས་པའི་ཚད་མས་གྲུབ་པ་ཡིན་ཏེ། དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པའི་རྗེས་ཁྱབ་གྲུབ་ན། མེ་མེད་ན་དུ་བ་མེད་པས་ཁྱབ་པའི་ལྡོག་ཁྱབ་གྲུབ་པའི་ཕྱིར་ཏེ། ཇི་ལྟར་དངོས་ཉིད་བསྒྲུབ་པ་ལ། །ཞེས་སོགས་དང་། རྒྱུ་དང་ངོ་བོ་ལྡོག་ཉིད་ཀྱི། །ཞེས་སོགས་གསུང་པའི་ཕྱིར། ཁྱབ་བྱེད་མ་དམིགས་པའི་ཕྱོགས་ཆོས་གྲུབ་ཚུལ་སྔ་མས་རིགས་འགྲེ། ཁྱབ་འབྲེལ་ཤ་པ་ཤིང་དང་བདག་གཅིག་ཏུ་འབྲེལ་པར་རྟོགས་པའི་ཚད་མས་གྲུབ་སྟེ། སྒྲུབ་བྱེད་རིགས་འགྲེ། རང་བཞིན་མ་དམིགས་པའི་ཕྱོགས་ཆོས་ངེས་བྱེད་ནི། གཅིག་དམིགས་ཉམས་སུ་མྱོང་བ་ལས། །ཞེས་པས་སྟོན་ཅིང་། འདིའི་དོན་ལ་ཁ་ཅིག བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་འཛིན་པའི་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེས་དེར་བུམ་པ་ཚད་མས་མ་དམིགས་པ་དེ་གྲུབ་ཅེས་པ་ནི་མི་འཐད་དེ། དེ་མེད་དགག་ཡིན་པས་དེའི་སྣང་ཡུལ་དུ་མི་རུང་བའི་ཕྱིར། དེས་ན་རང་རིག་མངོན་སུམ་དེའི་སྟོབས་ཀྱིས་གྲུབ་པ་མིན་ཏེ། དེས་དེར་མ་དམིགས་པ་ལ་རང་སྟོབས་ཀྱིས་ངེས་ཤེས་འདྲེན་ནུས་པའི་ཕྱིར། ཁྱབ་འབྲེལ་ནི་དེ་གཉིས་ཀྱི་རྟགས་ཆོས་གཉིས་མཚན་མཚོན་དུ་རྟོགས་པའི་ཚད་མས་གྲུབ་པ་ཡིན་ནོ། །དངོས་འབྲས་མ་དམིགས་པའི་ཕྱོགས་ཆོས་མངོན་སུམ་གྱི་བྱེད་པ་ལས་འགྲུབ་སྟེ། དུ་བས་དབེན་པའི་རྩིག་སྐོར་མཐོང་བའི་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དེས་དེར་དུ་བ་མ་དམིགས་པ་ངེས་པའི་ཕྱིར། ཁྱབ་འབྲེལ་འགལ་དམིགས་དང་འདྲ་བས་འོག་ཏུ་འཆད་དོ། །གཉིས་པ་ནི། ཁ་ཅིག དེ་བཞི་མི་འགལ་ཏེ། དགག་བྱའི་ཆོས་ཀྱི་རྒྱུ་མ་དམིགས་པ་ཡིན་ན། དེའི་ཁྱབ་བྱེད། རང་བཞིན། དངོས་འབྲས་གསུམ་ཀ་མ་དམིགས་པས་ཁྱབ་པའི་ཕྱིར་ཟེར། འོ་ན་འགལ་དམིགས་ཀྱི་གཏན་ཚིགས་དང་། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་གཉིས་ཀྱང་མི་འགལ་བར་ཐལ། དགག་བྱའི་ཆོས་དང་འགལ་བས་ཁྱབ་པ་ནོན་པའི་གཞི་ཡིན་ན་དགག་བྱའི་ཆོས་ཀྱི་འབྲེལ་ཟླ་མ་དམིགས་དགོས་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག རྒྱུ། རང་བཞིན། དངོས་འབྲས་མ་དམིགས་པའི་གཏན་ཚིགས་གསུམ་འགལ་ཀྱང་། ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་དང་དེ་དག་མི་འགལ་ཏེ། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ཡིན་ན། ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཡིན་དགོས་པའི་ཕྱིར་ཟེར། འོ་ན་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ཡིན་ན་ལྡོག་འབྲེལ་བདག་གཅིག་འབྲེལ་ལ་བརྟེན་དགོས་པར་ཐལ། རྟགས་དེའི་ཕྱིར། འདོད་ན། ལྡོག་འབྲེལ་དེ་བྱུང་འབྲེལ་ལ་བརྟེན་པའི་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། རྒྱུ་དང་ངོ་བོ་ལྡོག་ཉིད་ཀྱིས། །ཞེས་སོགས་ཀྱི་གཞུང་འདི་ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་རྒྱུ་ཁྱབ་བྱེད་མ་དམིགས་པ་གཉིས་མི་སྟོན་པའི་རྒྱུ་མཚན་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། རང་ལུགས་ལ། དེ་བཞི་འགལ་བ་ཡིན་ཏེ། རྒྱུ་མ་དམིགས་པ་ཡིན་ན་རྟགས་ལོག་དང་ཆོས་ལོག་ལ་དེ་བྱུང་གི་འབྲེལ་པ་གྲུབ་དགོས། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་ན་རྟགས་ལོག་དང་ཆོས་ལོག་ལ་བདག་ཅིག་གི་འབྲེལ་པ་གྲུབ་དགོས། རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་ན་རྟགས་ཆོས་ལ་མཚན་མཚོན་གྱི་འབྲེལ་བ་གྲུབ་དགོས། དངོས་འབྲས་མ་དམིགས་པ་ཡིན་ན་རྟགས་ལོག་དང་ཆོས་ལོག་ལ་དངོས་རྒྱུ་དངོས་འབྲས་ཀྱི་འབྲེལ་པ་གྲུབ་དགོས་པའི་ཕྱིར། གསུམ་པ་ནི། ཁ་ཅིག འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཐམས་ཅད་ལ་བསྡུ་ན། རྒྱུ། ཁྱབ་བྱེད། རང་བཞིན་མ་དམིགས་པ་གསུམ་དུ་འདུས་པ་ཡིན་ཀྱང་དབྱེ་ན་དུ་མ་ཡོད་དེ། དེ་ལྟར་མི་དམིགས་འདི་རྣམས་གསུམ། །བཤད་ཀྱང་རྣམ་པ་དུ་མ་སྟེ། །ཞེས་གསུངས་པའི་ཕྱིར་ཟེར་རོ། །འོ་ན་འགལ་ཟླ་དམིགས་པའི་གཏན་ཚིགས་དེ་ཡང་དེ་གསུམ་གང་རུང་དུ་ཐལ། ལུང་དེའི་ཕྱིར། ཁྱབ་པ་ཁས། ལུང་དོན་ནི། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་ཁྱབ་འབྲེལ་ངེས་ཚུལ་རྒྱུ། ཁྱབ་བྱེད། རང་བཞིན་མ་དམིགས་པའི་ཁྱབ་འབྲེལ་ངེས་ཚུལ་གསུམ་དུ་བསྡུས་པ་ཡིན་ཏེ། ལྡོག་འབྲེལ་དེ་བྱུང་འབྲེལ་ལ་བརྟེན་པ་དང་། ལྡོག་འབྲེལ་བདག་གཅིག་འབྲེལ་ལ་བརྟེན་པ་དང་། དངོས་འབྲེལ་བདག་གཅིག་འབྲེལ་ལ་བརྟེན་པ་གསུམ་ལས། དང་པོ་ནི་རྒྱུ་མ་དམིགས་པ། གཉིས་པ་ནི་ཁྱབ་བྱེད་མ་དམིགས་པ། གསུམ་པ་ནི་རང་བཞིན་མ་དམིགས་པ་ཡིན་ལ། དངོས་འབྲས་མ་དམིགས་པ་དང་། འགལ་ཟླ་དམིགས་པ་གཉིས་ཀྱིས་མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་མེད་ངེས་སུ་བསྒྲུབ་པར་མཚུངས་པས་རང་བཞིན་མ་དམིགས་པའི་ཁྱབ་འབྲེལ་ངེས་ཚུལ་གྱི་ཁོངས་སུ་འདུས་པའི་ཕྱིར། འོན་ཀྱང་སྦྱོར་བ་འགོད་ཚུལ་གྱི་སྒོ་ནས་མ་དམིགས་པ་རྟགས་སུ་བཀོད་པ་དང་དམིགས་པ་རྟགས་སུ་བཀོད་པའི་ནང་ཚན་གྱི་དབྱེ་བ་ཡོད་དོ་ཞེས་པའི་དོན་ནོ། །རང་ལུགས་ལ་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་དེ་ལ་བཞི་པོ་དེར་གྲངས་ངེས་ཏེ། དེ་ལ་དགག་བྱའི་ཆོས་ཀྱི་རྒྱུ་བཀག་པ་དང་། རང་བཞིན་བཀག་པ་དང་། འབྲས་བུ་བཀག་པ་གསུམ་ལས། དང་པོ་ནི་རྒྱུ་མ་དམིགས་པ། གཉིས་པ་ལ་ལྡོག་པ་ཐ་དད་པའི་རང་བཞིན་བཀག་པ་དང་། ལྡོག་པ་གཅིག་པའི་རང་བཞིན་བཀག་པ་གཉིས་ལས། དང་པོ་ནི་ཁྱབ་བྱེད་མ་དམིགས་པ། གཉིས་པ་ནི་རང་བཞིན་མ་དམིགས་པ། གསུམ་པ་ལ་འབྲས་བུ་ཙམ་བཀག་པ་དང་། དངོས་འབྲས་བཀག་པ་གཉིས་ལས། དང་པོ་ནི་དགག་བྱ་མེད་ངེས་སུ་བསྒྲུབ་མི་ནུས་ཤིང་། གཉིས་པ་ནི་དངོས་འབྲས་མ་དམིགས་པ་ཡིན་པའི་ཕྱིར། བཞི་པ་ནི། འབྲས་བུ་སྡུག་བསྔལ་བདེན་པ་སྤོང་བ་ལ་རྒྱུ་ཀུན་འབྱུང་བདེན་པ་སྤོང་དགོས་སོ་ཞེས་ཤེས་པའི་ཕྱིར་རྒྱུ་མ་དམིགས་པ། སྤྱིར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སྤོང་ན་འགྱུར་བའི་སྡུག་བསྔལ་ཡང་སྤངས་པས་ཁྱབ་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སྤོང་དགོས་སོ་ཞེས་ཤེས་པའི་ཕྱིར་དུ་ཁྱབ་བྱེད་མ་དམིགས་པ། གྲངས་ཅན་པས་རྒྱུ་དུས་ན་འབྲས་བུ་ཡོད་པ་དང་། བྱེ་བྲག་པས་གསོན་ལུས་ལ་བདག་ཡོད་པར་འདོད་པ་སོགས་ལ་དེ་དག་མེད་དེ། ཡོད་ན་ཚད་མ་ལ་སྣང་དུ་རུང་དགོས་པ་ལ་ཚད་མ་ལ་མི་སྣང་བའི་ཕྱིར་ཞེས་ཤེས་པའི་ཕྱིར་དུ་རང་བཞིན་མ་དམིགས་པ་དང་། གྲངས་ཅན་པས་གཙོ་བོ་རྣམ་འགྱུར་གྱི་དངོས་པོའི་ཉེར་ལེན་དུ་འདོད་པ་དགག་པའི་ཕྱིར་དུ་དངོས་འབྲས་སྣང་རུང་མ་དམིགས་པ་གསུངས་པ་ཡིན་ནོ། །ལྔ་པ་ལ། སྒྲུབ་རྟགས་ཡོད་པར་འདོད་པ་དགག ཕྱིར་རྒོལ་ངོས་བཟུང་བ། རང་བཞིན་གྱི་རྟགས་སུ་བསྡུ་ཚུལ། ཐ་སྙད་འབའ་ཞིག་བསྒྲུབ་ཏུ་འགྱུར་བའི་ཚུལ་དང་བཞི། དང་པོ་ནི། ཁ་ཅིག རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་ན་སྒྲུབ་རྟགས་ཡང་དག་ཡིན་དགོས་ཏེ། དེ་ཡིན་ན་རང་བཞིན་གྱི་གཏན་ཚིགས་ཡིན་དགོས་པའི་ཕྱིར། རྒྱུ་ལས་འབྲས་བུ་བསྒྲུབ་པས་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་གསུངས་པའི་ཕྱིར་ཞེས་ཟེར། འོ་ན་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་ན། སྒྲུབ་རྟགས་ཡང་དག་ཡིན་དགོས་པ་ཐལ། དེ་ཡིན་ན་མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་མེད་ངེས་སུ་བསྒྲུབ་པས་ཁྱབ་པ་གང་ཞིག དེ་ཐམས་ཅད་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར། སྔ་མ་དེར་ཐལ། དགག་པ་ཉིད་ནི་ཐམས་ཅད་དུ། །མི་དམིགས་པ་ལས་འགྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར། ཁ་ཅིག དེ་ལ་སྒྲུབ་རྟགས་དང་། དགག་རྟགས་གཉིས་ཡོད་པ་ལས། དང་པོ་ནི། བུམ་དག་གི་ས་ཕྱོགས་ཆོས་ཅན། བུམ་པ་མེད་པའི་ཐ་སྙད་བྱར་རུང་སྟེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའོ་ཞེ་ན། དེ་ནི་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་གཞན་གསུམ་ལ་ཡང་མཚུངས་ཏེ། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་པའི་ཐ་སྙད་བྱར་རུང་སྟེ། མེ་མེད་པའི་ཕྱིར་ཞེས་པ་གཉིས་སུ་ཡོད་པའི་ཕྱིར། དེ་བཞིན་དུ་གཞན་རྣམས་ལ་ཡང་འགྲེའོ། །ཉ་དབོན་ན་རེ། འདི་ལ་བྱ་བ་ལས་ཀྱི་སྒོ་ནས་དང་། བྱེད་པོའི་སྒོ་ནས་འགོད་པ་གཉིས་ལས། དང་པོ་ནི། བུམ་དག་གི་ས་ཕྱོགས་ཆོས་ཅན། བུམ་པ་མེད་པའི་ཐ་སྙད་བྱར་རུང་སྟེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། དག་འཛིན་དབང་པོའི་མངོན་སུམ་ཆོས་ཅན། བུམ་པ་མེད་ངེས་ཀྱི་ཐ་སྙད་སྐྱེ་རུང་ཡིན་ཏེ། བུམ་པས་དག་པའི་ས་ཕྱོགས་འཛིན་པའི་ཚད་མ་ཡིན་པའི་ཕྱིར་ཞེས་པའོ་ཞེས་བཞེད་པ་ནི་མི་འཐད་དེ། བཀོད་པའི་ཚེ་སྔ་མ་ལྟར་བཀོད་པ་ལ་མཐར་སོང་ཚོད་ལ་ཕྱི་མ་ལྟར་སོང་པའི་དོན་ཡིན་གྱི་བཀོད་ཚོད་ལ་གཉིས་ཡོད་པ་མིན་པའི་ཕྱིར་རོ། །གཉིས་པ་ནི། དོན་ལྡོག་མཐོང་ཡང་བརྡ་དྲན་པར་མི་ནུས་པའི་རྒོལ་བ་ཤིན་ཏུ་རྨོངས་པའི་ངོར་འགོད་པ་ཡིན་ཏེ། དེ་ནི་ཤིན་ཏུ་རྨོངས་དོན་ཏེ། །ཞེས་དང་། ཡུལ་ཡོད་ན་ཡང་རྨོངས་པས་འདིར། །གཞན་དག་རྗེས་སུ་མི་བརྗོད་པ། །གྲུབ་པ་དང་ནི་ཆོས་མཐུན་ལས། །བརྡ་དྲན་བྱེད་པ་འབའ་ཞིག་གོ །ཞེས་དང་། རིགས་གཏེར་ལས། རྨོངས་པ་ལ་ནི་བརྡ་དྲན་པའི། །ཐ་སྙད་བསྒྲུབ་ཀྱི་རྗེས་དཔག་དགོས། །ཞེས་གསུངས་པས་སོ། །གསུམ་པ་ནི། རང་བཞིན་མ་དམིགས་པའི་གཏན་ཚིགས་ཐམས་ཅད་བཀོད་ཚོད་ལ་དགག་རྟགས་ཡིན་ཀྱང་མཐར་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་ཏེ། མཐར་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་བསྒྲུབ་པའི་གཏན་ཚིགས་སུ་འདུས་པའི་ཕྱིར་ཏེ། རྒྱུ་ལས་འབྲས་བུ་བསྒྲུབ་པས་ན། །འདིར་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་གསུངས་པས་སོ། །དེ་ཇི་ལྟ་བུ་ཞེ་ན་སྔར་གྱི་བྱེད་པ་པོའི་ངོས་ནས་འགོད་པ་དེ་ཉིད་དོ། །དེང་སང་ཐམས་ཅད་མཐུན་པར་གཞུང་འདིའི་དོན་རྣམ་འཇོག་གི་རྒྱུ་ལས་རྣམ་བཞག་གི་འབྲས་བུ་བསྒྲུབ་པ་ལ་འཆད་པ་ནི་མི་འཐད་དེ། དེ་ཙམ་གྱིས་རང་བཞིན་གྱི་རྟགས་སུ་མ་ངེས་པའི་ཕྱིར་དང་། གཞན་དོན་ལེའུ། གཅིག་དམིགས་ཉམས་སུ་མྱོང་བ་ལས། །ཞེས་སོགས་ཀྱི་གཞུང་དོན་མེད་པར་ཐལ་བའི་ཕྱིར་རོ། །བཞི་པ་ནི། བུམ་པ་མེད་ངེས་ཀྱི་དོན་ལྡོག་བུམ་པ་ཚད་མས་མ་དམིགས་པ་གྲུབ་ཀྱང་བུམ་པ་མེད་ངེས་ཀྱིས་བརྡ་སྦྱར་མི་ཤེས་པ་ལ་དེའི་བརྡ་འབའ་ཞིག་སྒྲུབ་པར་བྱེད་པས་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་སུ་འཇོག་གོ །གཉིས་པ་འགལ་དམིགས་ཀྱི་གཏན་ཚིགས་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་སྒྲུབ་ནུས་པའི་བསྒྲུབ་པ་རྟགས་སུ་སོང་བ། གཉིས་པ་ལ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་དང་། ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ། རྣམ་བཞག་གསུམ་ལས། དང་པོ་ལ། ཁ་ཅིག དེ་སྐོར་གྱི་འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག དེ་སྐོར་གྱི་དགག་བྱའི་ཆོས་ཡང་ཡིན། ཁྱོད་དང་ལྷན་ཅིག་མི་གནས་འགལ་ཡང་ཡིན་པའི་གཞི་མཐུན་སྲིད་པ་ཞེས་དང་། ཁ་ཅིག གང་ཞིག དེ་སྐོར་གྱི་དགག་བྱའི་ཆོས་དེ་ཡོད་ན་དེ་ཡང་ཡིན་ཁྱོད་དང་ལྷན་ཅིག་མི་གནས་འགལ་ཡང་ཡིན་པའི་གཞི་མཐུན་སྲིད་པས་ཁྱབ་པ་ཞེས་དང་། ཁ་ཅིག་ན་རེ། གཞན་འདྲ་བ་ལ། ཤེས་བྱ་དང་གཅིག་ཡིན་ན་ཞེས་ཟེར་རོ། །དང་པོ་ལ་མེ་སྟོབས་ཅན་པས་ཁྱབ་པར་ནོན་པའི་ཤར་གཞིར་ཆོས་ཅན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་རྟགས་སུ་བཀོད་པའི་ཚེ། དེ་ཆོས་ཅན། དེ་སྐོར་གྱི་མཚན་ཉིད་ཀྱི་ཟུར་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་པ་ཡང་ཡིན་ཁྱོད་དང་ལྷན་ཅིག་མི་གནས་འགལ་ཡང་ཡིན་པའི་གཞི་མཐུན་སྲིད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མི་སྲིད་པར་ཐལ། གྲང་རེག་སྟོབས་ཆེན་རྒྱུན་ཆགས་པ་མེད་པའི་ཕྱིར། གཉིས་པ་ལ། སྒྲ་ཆོས་ཅན། རྟག་དངོས་ཀྱིས་སྟོང་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་བཀོད་ཚེ། དེ་ཆོས་ཅན། དེ་སྐོར་གྱི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཕྱི་མ་འབུད། གསུམ་པ་ལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གཞིར་ཆོས་ཅན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་བཀོད་ཚེ་དེ་ཆོས་ཅན། དེ་སྐོར་གྱི་མཚན་ཉིད་ཀྱི་ཕྱི་ཟུར་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན་དེ་ཆོས་ཅན། དེ་མ་ཁྱབ་པར་ཐལ། ཤེས་བྱ་དང་གཅིག་ཡིན་ན་གྲང་རེག་མེད་པས་ཁྱབ་པའི་ཕྱིར་ཏེ། ཤེས་བྱ་དང་གཅིག་ཡིན་ན་རི་རྭ་མེད་པས་ཁྱབ་པ་གང་ཞིག རི་རྭ་དང་གྲང་རེག་མེད་མཚུངས་ཡིན་པའི་ཕྱིར། རང་ལུགས་འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག ལྷན་ཅིག་མི་གནས་འགལ་ལ་བརྟེན་ནས་རང་གི་ཁྱབ་འབྲེལ་ངེས་དགོས་པ། དབྱེ་བ་ལ་དགག་བཞག་གཉིས་ལས། དང་པོ་ལ། དབྱེ་ཚུལ་དགག་པ་དང་། སྦྱོར་བའི་འགོད་ཚུལ་དགག་པ་གཉིས། དང་པོ་ལ། ལོ་ཆེན་ན་རེ། གྲང་རེག་དང་གྲང་རེག་གི་དངོས་རྒྱུ་དང་། གྲང་འབྲས་སྤུ་ལོང་བྱེད་དང་། དེའི་ཁྱབ་བྱ་བ་མོའི་རེག་པ་ལྟ་བུ་དགག་བྱ་དང་། ཚ་རེག་དང་། དེའི་དངོས་རྒྱུ་དང་། དེའི་དངོས་འབྲས་དང་། དེའི་ཁྱབ་བྱ་ཙན་མེ་ལྟ་བུ་འགོག་བྱེད་ཡིན་པས་འགོག་བྱེད་དེ་རེ་རེས་དགག་བྱ་དེ་བཞི་ཆར་འགོག་པས་འགལ་དམིགས་ཀྱི་གཏན་ཚིགས་བཅུ་དྲུག་ཏུ་བཞེད་པ་ཡིན་ནོ་ཞེས་གསུང་ངོ་། །ཚ་རེག་གི་དངོས་རྒྱུ་རྟགས་སུ་བཀོད་པའི་གྲང་རེག་སྐོར་བཞི་འགོག་པའི་གཏན་ཚིགས་དེ་རྣམས་མི་འཐད་དེ། ཚ་རེག་གི་དངོས་རྒྱུ་ནི་རང་གི་སྐད་ཅིག་གཉིས་པར་མེ་བསྐྱེད་པར་བྱེད་པའི་བུད་ཤིང་ལྟ་བུ་ཡིན་པས་བུད་ཤིང་རྟགས་སུ་བཀོད་ན་དེ་འགོག་མི་ནུས། མེས་ཁྱད་པར་དུ་བྱས་པ་རྟགས་སུ་བཀོད་ན་མེ་འགོག་བྱེད་དུ་སོང་བ་ཡིན་གྱི་དེ་འགོག་བྱེད་དུ་སོང་བ་མིན་པའི་ཕྱིར་དང་། ཚ་རེག་གི་དངོས་རྒྱུ་ལ་རྒྱུན་མེད་པས་དངོས་འབྲས་མ་ངེས་པར་དེ་ངེས་མི་ནུས་པའི་ཕྱིར། དེ་ལྟར་ཡང་རྣམ་ངེས་ལས། གལ་ཏེ་འགལ་བའི་འབྲས་བུ་དམིགས་པས་ཀྱང་མེད་པར་གྲུབ་ན་དེའི་རྒྱུ་དམིགས་པས་ཅི་སྟེ་མི་གྲུབ་ཅེ་ན། མ་ཡིན་ཏེ། དེ་ནི་འཁྲུལ་པའི་ཕྱིར་ཏེ། དཔེར་ན། འདི་ན་གྲང་བའི་རེག་པ་མེད་དེ། ཤིང་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །གང་ལས་དེ་མེད་པར་གོ་བར་འགྱུར་བ་རྒྱུ་རྣམས་ནི་འབྲས་བུ་རྩོམ་པར་མ་ངེས་པས་ན་གྲང་བ་བཟློག་པའི་མེ་གདོན་མི་ཟ་བར་འགྱུར་བ་ནི་མ་ཡིན་ནོ། །ཐ་མའི་གནས་སྐབས་ཀྱི་ཁྱད་པར་ལ་འཁྲུལ་བ་མེད་དོ་ཞེ་ན་མ་ཡིན་ཏེ། དེ་ལས་འབྲས་བུ་སྐྱེ་བ་ནི་སྡོད་པ་མེད་པའི་ཕྱིར་རོ། །མཐའི་སྐད་ཅིག་གི་བར་དུ་ནི་སྐྱེ་བ་ལ་གེགས་སྲིད་ཀྱི་མཐའི་སྐད་ཅིག་མ་ལ་ནི་གེགས་མེད་པས། རྟགས་དེ་མཐོང་བ་ལས་འབྲེལ་པ་དྲན་པ་ལ་ལྟོས་ཏེ་རྗེས་སུ་དཔག་པར་བྱ་བ་རྟོགས་པས་ན། མཐའི་སྐད་ཅིག་མ་ལ་བར་ཆད་མེད་པའི་ཕྱིར་དེའི་སྔོན་རོལ་དུ་འབྲས་བུ་སྐྱེས་པ་ཉིད་མངོན་སུམ་དུ་འགྱུར་རོ། གང་གི་རྒྱུ་ལས་དེ་རྟོགས་པར་འགྱུར་བ་འབྲས་བུ་མངོན་སུམ་མ་ཡིན་པ་ལ་ནི་རྒྱུའི་དངོས་པོ་རྟོགས་པ་མེད་དོ། །དེའི་ཕྱིར་རྒྱུ་ལས་འབྲས་བུ་མི་འགྲུབ་བོ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། འོ་ན་མེ་ཙམ་རྟགས་སུ་འགོད་པ་ཡིན་ནམ་མེ་སྟོབས་ཆེན་པོ་རྟགས་སུ་འགོད་པ་ཡིན་ཞེ་ན་འདི་ལ་ཁ་ཅིག ཚ་རེག་ལས་སྟོབས་ཆེ་བ་དང་། དེ་དང་སྟོབས་མཉམ་པའི་གྲང་རེག་རྣམས་ནི་སྣང་རུང་མ་དམིགས་པས་འགོག་ཅིང་། དེ་ལས་སྟོབས་ཆུང་བ་ནི་ཡོད་ཀྱང་སྣང་དུ་མི་རུང་བ་ཡིན་པས་འགལ་དམིགས་ཀྱི་གཏན་ཚིགས་སྦྱོར་བར་བྱེད་པ་ཡིན་པས་སྟོབས་ཆེན་པོ་རྟགས་སུ་སྦྱོར་བ་ཡིན་ཞེས་ཟེར་རོ། །མི་འཐད་དེ། རིགས་པ་དེ་ལ་བརྟེན་ནས་རྟགས་སུ་དགོད་བྱའི་ཚ་རེག་དེ་དགག་བྱའི་ཆོས་ལས་སྟོབས་ཆེ་བ་ཙམ་གྲུབ་པ་ཡིན་གྱི་སྟོབས་ཆེན་རྟགས་སུ་སྦྱོར་བ་མི་གྲུབ་པའི་ཕྱིར། གཞན་ཡང་འགལ་དམིགས་ཀྱི་གཏན་ཚིགས་ཡིན་ན་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡིན་པས་མ་ཁྱབ་པར་ཐལ། དེ་ཡང་ཡིན་དགག་བྱའི་ཆོས་ཡོད་ཀྱང་སྣང་དུ་མི་རུང་བ་ཡང་ཡིན་པ་ཡོད་པའི་ཕྱིར། རྟགས་ཁས། གཞན་ཡང་གྲང་རེག་སྟོབས་ཆུང་སྣང་རུང་ཚད་མས་མ་དམིགས་པ་དེ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གཞིར་གྲང་རེག་སྟོབས་ཆུང་རྒྱུན་ཆགས་པ་མེད་པར་བསྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། ཤེས་འདོད་ཆོས་ཅན་དེའི་སྟེང་དུ་དགག་བྱའི་ཆོས་དེ་ཡོད་ཀྱང་ཚད་མ་ལ་སྣང་དུ་མི་རུང་བའི་ཕྱིར། རྟགས་ཁས། འདོད་ན། འགལ་དམིགས་ཀྱི་གཏན་ཚིགས་ཐམས་ཅད་མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་མེད་ངེས་སུ་བསྒྲུབ་པར་མཚུངས་པ་མིན་པར་ཐལ། འདོད་པ་གང་ཞིག དེར་གྲང་རེག་སྟོབས་ཆུང་རྒྱུན་ཆགས་པ་མེད་པ་འགལ་དམིགས་ཀྱི་གཏན་ཚིགས་སྦྱོར་བ་ཡིན་པའི་ཕྱིར། གཞན་ཡང་བསྒྲུབ་བྱའི་ཆོས་དེ་ལ་གྲང་རེག་སྟོབས་ཆུང་རྒྱུན་ཆགས་པ་མེད་དེ་ཞེས་དངོས་སུ་སྦྱོར་དགོས་པར་ཐལ། དགག་བྱའི་ཆོས་དེ་ལ་གྲང་རེག་སྟོབས་ཆུང་རྒྱུན་ཆགས་པ་དགོས་པའི་ཕྱིར། མ་ཁྱབ་ན། རྟགས་སུ་འགོད་བྱེད་ལ་གྲང་རེག་ལས་སྟོབས་ཆེ་བ་གཅིག་དགོས་ན། ཚ་རེག་སྟོབས་ཆེན་པོ་ཡིན་པའི་ཕྱིར་ཞེས་དངོས་སུ་སྦྱོར་དགོས་པ་བུད། ཁ་ཅིག བསྒྲུབ་བྱའི་ཆོས་ལ་ཡང་སྟོབས་ཆེན་པོ་སྦྱོར་དགོས་ཏེ། གྲང་རེག་ཙམ་མེད་པར་མི་སྒྲུབ་པའི་ཕྱིར་ཏེ། གཞི་དེར་གྲང་རེག་ཡོད་པའི་ཕྱིར་ཏེ། གཞི་དེར་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡོད་པའི་ཕྱིར་ཞེས་ཟེར་བ་ནི་གྲུབ་མཐའ་གོང་འོག་མ་ཕྱེད་པའི་གཏམ་སྟེ། མདོ་སྡེ་པའི་གཞུང་གང་ལས་ཀྱང་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུའི་རྣམ་བཞག་མ་བཤད་པའི་ཕྱིར་དང་། མངོན་པ་ཀུན་ལས་བཏུས་ལས་མདོ་སྡེ་པའི་སྐབས་སུ། གོང་བུ་གང་ལ་འབྱུང་བ་བཞིའི་རྡུལ་ཙམ་གང་ཚད་མས་དམིགས་པ་དེ་ནི་ཡོད་ལ་གང་ཚད་མས་མ་དམིགས་པ་དེ་ནི་མེད་པར་བཤད་པའི་ཕྱིར། རང་ལུགས་ནི། གཞུང་ལས་རྣམ་བཞག་མང་བཤད་ཀྱང་། །འགོག་ནུས་སྔ་མ་བཅུ་གཉིས་ཡིན། །ཞེས་གསུངས་ཏེ། ལེའུ་དང་པོའི་རང་འགྲེལ་དུ་བརྒྱད། རྣམ་ངེས་སུ་བཅུ། རིགས་ཐིགས་སུ་བཅུ་གཅིག་ཏུ་བཤད་ཀྱང་། བཅུ་གཉིས་སུ་འདུས་པ་ཡིན་ཏེ། འགལ་བའི་རང་བཞིན་དམིགས་པ་བཞི། འགལ་བའི་འབྲས་བུ་དམིགས་པ་བཞི། འགལ་བའི་ཁྱབ་བྱ་དམིགས་པ་བཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་བཞི་ནི་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ། རྒྱུ་དང་འགལ་བའི་རང་བཞིན་དམིགས་པ། འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་བཞི་ནི་རིམ་བཞིན། མེས་ཁྱབ་པར་ནོན་པའི་ཤར་གཞིར་ཆོས་ཅན། གྲང་རེག་རྒྱུན་ཆགས་པ་དང་། གྲང་འབྲས་སྤུ་ལོང་བྱེད་དང་། གྲང་རེག་གི་དངོས་རྒྱུ་དང་། ཁ་བའི་རེག་པ་རྒྱུན་ཆགས་པ་མེད་དེ། མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། གཉིས་པ་བཞི་ནི། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ། ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་བཞི་ནི་རིམ་བཞིན། དུ་བ་དྲག་ཕྱུར་བས་ཁྱབ་པར་ནོན་པའི་ཤར་གཞིར་ཆོས་ཅན། བསྒྲུབ་བྱའི་ཆོས་འདྲ། དུ་བ་དྲག་ཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཕྱི་མ་བཞི་ནི། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ། འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་བཞི་ནི་རིམ་བཞིན། ཙན་མེས་ཁྱབ་པར་ནོན་པའི་ཤར་གཞིར་ཆོས་ཅན། བསྒྲུབ་ཆོས་འདྲ། ཙན་མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། དེས་ན་བསྒྲུབ་བྱའི་ཆོས་ལ་རྒྱུན་ཆགས་པ་ཞེས་སྨོས་དགོས་ཏེ། གཞན་དུ་ན་ཚ་གྲང་ཕྲད་པའི་སྐད་ཅིག་མ་དང་པོ་ལ་གྲང་རེག་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེ་ནི་རྒྱུན་ཆགས་ཡོད་པ་ལ་ཡང་མཚུངས་སོ་ཞེ་ན། མི་མཚུངས་ཏེ་ཞེ་འདོད་ལ་མེས་ཁྱབ་པར་ནོན་པ་ཚད་མའི་སྟོབས་ཀྱི་ངེས་པའི་དངོས་པོ་གཏན་ཚིགས་སུ་སོང་བས་དེ་ཉིད་ཚ་གྲང་ཕྲད་པའི་སྐད་ཅིག་དང་པོའི་གནས་སྐབས་སུ་མེད་པའི་ཕྱིར། གསུམ་པ་རྣམ་བཞག་ལ། ཚུལ་གསུམ་ངེས་བྱེད། གྲངས་ངེས་པ། གསུངས་པའི་དགོས་པ་དང་གསུམ། དང་པོ་ལ། ཕྱོགས་ཆོས་མངོན་སུམ་གྱི་བྱེད་པས་གྲུབ། ཁྱབ་འབྲེལ་དངོས་སུ་རྟགས་དེ་དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་དུ་ངེས་པ་དང་མཐར་བདག་གཅིག་གི་འབྲེལ་པ་ལ་བརྟེན་ནས་ངེས་པ་ཡིན་ཏེ། འགལ་དམིགས་ཀྱི་གཏན་ཚིགས་ཐམས་ཅད་ཀྱང་མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་འགོག་པར་མཚུངས་པའི་ཕྱིར། གཉིས་པ་ལ། ཙནྡན་གྱི་དུ་བ་དྲག་ཕྱུར་བས་གྲང་རེག་སྐོར་བཞི་འགོག་པའི་རང་བཞིན་དང་འགལ་བའི་ཁྱབ་བྱའི་འབྲས་བུ་དམིགས་པ་སོགས་བཞི་དང་བཅས་པས་བཅུ་དྲུག་ཏུ་འགྱུར་བ་ཡིན་ནོ་ཞེས་ཟེར། དེ་ནི་བྱིས་པའི་གཏམ་སྟེ། དུ་བ་དྲག་ཕྱུར་བས་འགོག་ནུས་པ་མེ་མ་མཐོང་བར་དུ་བ་མཐོང་བའི་དབང་དུ་བྱས་པ་ཡིན་ལ། ཙན་མེ་མ་ངེས་པར་ཙནྡན་གྱི་དུ་བ་ངེས་པ་མེད་ཅིང་། དེའི་ཚེ་ཙན་མེ་རྟགས་སུ་འགྱུར་བ་ཡིན་གྱི་ཙནྡན་གྱི་དུ་བ་རྟགས་སུ་འགྱུར་བ་མིན་པའི་ཕྱིར། དེས་ན་བཞི་པོ་འདི་ཡང་མི་འཐད་ཅིང་། ཚ་རེག་གི་དངོས་རྒྱུ་རྟགས་སུ་བཀོད་པ་བཞི་པོ་ཡང་མི་འཐད་པས་བཅུ་གཉིས་སུ་གྲངས་ངེས་སོ། །གསུམ་པ་ནི། བདག་མེད་རྟོགས་པའི་ཤེས་རབ་སྐྱེས་ན། བདག་འཛིན་འགོག་ནུས་པས་དེ་སྤོང་བ་ལ་བདག་མེད་རྟོགས་པའི་ཤེས་རབ་སྐྱེ་དགོས་ཞེས་ཤེས་པའི་ཆེད་ཡིན་ནོ། །གཉིས་པ་ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ལ། མཚན་ཉིད། དབྱེ་བ། རྣམ་བཞག་གསུམ་ལས། དང་པོ་ལ་ཁ་ཅིག དེ་སྐོར་གྱི་འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག དེ་སྐོར་གྱི་དགག་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན། ཁྱེད་དང་ཕན་ཚུན་སྤང་འགལ་ཡང་ཡིན་པའི་གཞི་མཐུན་སྲིད་པ་ཞེས་ཟེར་བ་མི་འཐད་དེ། བྱས་པ་དེ་སྒྲ་རྟག་དངོས་མིན་པར་བསྒྲུབ་པའི་ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། རང་ལུགས་ནི། འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག ཕན་ཚུན་སྤང་འགལ་ལ་བརྟེན་ནས་རང་གི་ཁྱབ་འབྲེལ་ངེས་དགོས་པའོ། །གཉིས་པ་ལ་ངེས་དངོས་ཀྱིས་ལྟོས་བཅས་འགོག་པ་དང་། ལྟོས་བཅས་ཀྱིས་ངེས་དངོས་འགོག་པ་གཉིས་ལས། དང་པོ་ནི། ཁ་ཅིག བུམ་པ་ཆོས་ཅན། འཇིག་རྒྱུ་དོན་གཞན་ལ་ལྟོས་པ་མ་ཡིན་ཏེ། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར་ཞེས་པ་ནི་མི་འཐད་དེ། བུམ་པའི་འཇིག་རྒྱུ་དེ་བུམ་པ་ལས་དོན་གཞན་ཡིན་ཅིང་། བུམ་པའི་འཇིག་པ་ལས་ཀྱང་དོན་གཞན་ཡིན་པའི་ཕྱིར་རོ། །ཁ་ཅིག དེ་བཅད་པར་འདོད་ནས་རང་ལས་ཕྱིས་བྱུང་བའི་འཇིག་རྒྱུ་དོན་གཞན་ལ་ལྟོས་པ་མིན་ཏེ་ཞེས་འགོད་པ་ཡང་འཇིག་རྒྱུ་ཐོ་བ་སོགས་ལ་མི་ལྟོས་པ་ཙམ་སྒྲུབ་ནུས་ཀྱང་བུམ་པའི་འཇིགས་པ་བུམ་པའི་རྒྱུ་ལས་སྐྱེས་པར་སྒྲུབ་མི་ནུས་ཏེ། བུམ་པ་དང་དུས་མཉམ་པའི་བུམ་པའི་འཇིག་རྒྱུ་ཡོད་དམ་སྙམ་པའི་དོགས་པ་སྐྱེ་བའི་ཕྱིར་རོ། །གཞུང་གི་དོན་ནི་འདི་ཡིན་ཏེ། བུམ་པ་ཆོས་ཅན། རང་རྒྱུ་ལས་ཕྱིས་བྱུང་བའི་རང་གི་འཇིག་པའི་རྒྱུ་ལ་ལྟོས་པ་མ་ཡིན་ཏེ། རང་རྒྱུ་ལས་འཇིག་པའི་ངོ་བོར་སྐྱེས་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། སྔོན་པོར་འགྱུར་རུང་གི་གོས་དཀར་ཆོས་ཅན། ཚོན་ཅན་དུ་ངེས་པ་མ་ཡིན་ཏེ། ཚོན་ཅན་དུ་འགྱུར་བ་རང་རྒྱུ་ལས་ཕྱིས་བྱུང་བའི་ཚོན་སོགས་ལ་ལྟོས་པའི་ཕྱིར་ཞེས་པའོ། །གསུམ་པ་ལ། ཚུལ་གསུམ་ངེས་བྱེད། གྲངས་ངེས། གསུངས་པའི་དགོས་པ་དང་གསུམ་ལས། དང་པོ་ནི། སྔ་མའི་ཕྱོགས་ཆོས་རྟག་འཛིན་གྱི་འཁྲུལ་རྒྱུ་མེད་ན་མངོན་སུམ་གྱི་སྟོབས་ཀྱིས་འགྲུབ། ཡོད་ན་རྗེས་དཔག་གི་སྟོབས་ཀྱིས་འགྲུབ། ཕྱི་མའི་ཕྱོགས་ཆོས་མངོན་སུམ་གྱི་སྟོབས་ཀྱིས་འགྲུབ་བོ། །གཉིས་ཀའི་ཁྱབ་འབྲེལ་དངོས་སུ་ཕན་ཚུན་སྤང་འགལ་ལ་བརྟེན་ནས་འགྲུབ། མཐར་བདག་གཅིག་གི་འབྲེལ་པ་ལ་བརྟེན་ནས་འགྲུབ་བོ། །གཉིས་པ་ནི། དེ་ལ་གཉིས་སུ་ངེས་པ་ནི་དངོས་པོའི་གྲངས་ངེས་མ་ཡིན་ཏེ། སྒྲ་ཆོས་ཅན། རྟག་པ་མིན་ཏེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་དེ་གཉིས་སུ་མ་འདུས་པ་མཐའ་ཡས་པ་ཡོད་པའི་ཕྱིར་རོ། །དེས་ན་དགོས་པ་ལ་ལྟོས་པའི་གྲངས་ངེས་ཡིན་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་བའི་རྗེས་ཁྱབ་བསྒྲུབ་པའི་ཆེད་དུ་སྔ་མ་དང་། རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་ཙམ་སྒྲུབ་ནུས་ཀྱི་འབྱུང་ངེས་སྒྲུབ་མི་ནུས་སོ་ཞེས་ཤེས་པའི་ཆེད་དོ། །གསུམ་པ་ནི་བཤད་ཟིན་པ་དེ་ཉིད་དོ། །གཉིས་པ་རང་བཞིན་གྱི་གཏན་ཚིགས་ཡང་དག་ལ་མཚན་ཉིད། དབྱེ་བ། རྣམ་བཞག་གསུམ་ལས། དང་པོ་ལ་ཁ་ཅིག དེ་སྐོར་གྱི་སྒྲུབ་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱི་དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན། ཁྱོད་དང་རྫས་གཞན་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་སྲིད་པ་ཞེས་དང་། ཡང་བདག་ཉིད་གཅིག་པ་ཡང་ཡིན་པའི་གཞི་མཐུན་སྲིད་པ་ཞེས་དང་། གང་ཞིག དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་ཁྱོད་དང་རྫས་གཞན་མིན་དགོས་པ་ཞེས་དང་། ཁྱོད་དང་བདག་ཉིད་གཅིག་ཡིན་དགོས་པ་ཞེས་དང་། བདག་གཅིག་འབྲེལ་བའི་རྩ་བ་ཅན་གྱི་དེ་སྐོར་གྱི་ཚུལ་གསུམ་ངེས་པ་ལྔ་ལས། དང་པོ་གཉིས་ལ། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དུ་བ་ཆོས་ཅན། དེ་སྐོར་གྱི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། མེ་ཡོད་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། བར་པ་གཉིས་ལ་སྡུག་བདེན་ཆོས་ཅན། རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་སྐྱེ་བ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། རེས་འགའ་སྐྱེ་བ་ཆོས་ཅན། དེ་སྐོར་གྱི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཕྱི་མ་འབུད། ལྔ་པ་ལ་ཁ་ཅིག བདག་གཅིག་འབྲེལ་བའི་རྩ་བ་ཅན་གྱི་དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དུ་བ་ཆོས་ཅན། དེ་སྐོར་གྱི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཞེས་ཟེར་རོ། །དེ་ཉིད་ནི་ཚིག་སྐྱོན་ཡིན་ལ། དོན་སྐྱོན་ནི། བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། བུམ་དག་གི་ས་ཕྱོགས་བུམ་པ་མེད་པར་སྒྲུབ་བའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གཏན་ཚིགས་གྲུབ་སྟེ། རྒྱུ་ལས་འབྲས་བུ་བསྒྲུབ་པས་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་གསུངས་པའི་ཕྱིར། རང་ལུགས་ནི། རྩོད་གཞིའི་སྟེང་དུ་ཞེ་འདོད་ཀྱི་སྒྲུབ་ཆོས་རང་དང་ངོ་བོ་དབྱེར་མེད་དུ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་སྒྲུབ་པའི་གཏན་ཚིགས་སོ། །གཉིས་པ་ལ། གཏན་ཚིགས་ཀྱི་སྒོ་ནས་དབྱེ་བ་དང་། བསྒྲུབ་བྱའི་སྒོ་ནས་དབྱེ་བ་གཉིས། དང་པོ་ནི། རྣམ་འགྲེལ་ལས། རང་བཞིན་ཁྱད་པར་བྱེ་བྲག་ལ། །ལྟོས་པའམ་འོན་ཏེ་འབའ་ཞིག་པ། །ཞེས་དང་། རྣམ་ངེས་ལས། ཁྱད་པར་དག་དང་ལྟོས་པ་སྟེ། །ཞེས་གསུངས་ཏེ། འདི་གཉིས་ཀྱི་ཐ་སྙད་ལ། ཁ་ཅིག ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཞེས་དང་། ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཞེས་དང་། འགའ་ཞིག་རང་བཞིན་ལྟོས་པ་བ་དང་། རང་བཞིན་དག་པ་བ་ཞེས་དང་། འགའ་ཞིག་ཁྱད་པར་ལྟོས་པ་བ་དང་། རང་བཞིན་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཞེས་ཟེར་རོ། །རིགས་གཏེར་རང་འགྲེལ་ལས། ཁྱད་པར་ལ་ལྟོས་པའི་རང་བཞིན་གྱི་རྟགས་ཡང་དག་དང་། ཁྱད་པར་ལ་མི་ལྟོས་པའི་རང་བཞིན་གྱི་རྟགས་ཡང་དག་གི་ཐ་སྙད་མཛད་ཅིང་། དང་པོ་ལ་རང་གི་ཆོས་ཀྱི་བྱེ་བྲག་ལ་ལྟོས་པ་དང་། འབྲེལ་པ་གཞན་གྱི་ཆོས་ལ་ལྟོས་པ་གཉིས་ལས། དང་པོ་ལ་ལྟོས་པ་ཁོང་ན་ཡོད་པ་བྱས་པ་བཀོད་པ་ལྟ་བུ་དང་། ལྟོས་པ་དངོས་སུ་བརྗོད་པ་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་བཀོད་པ་གཉིས། འབྲེལ་པ་གཞན་གྱི་ཆོས་ལ་ལྟོས་པ་ཅི་སྐྱེ་བས་ཁྱད་པར་དུ་བྱས་པའི་ངོ་བོ་དབྱེར་མེད་བཀོད་པ་ལྟ་བུའོ། །ཁྱད་པར་ལ་མ་ལྟོས་པ་ནི་སྒྲ་མི་རྟག་བསྒྲུབ་པ་ལ་ཡོད་པ་རྟགས་སུ་བཀོད་པ་ལྟ་བུའོ་ཞེས་གསུངས་སོ། །གཉིས་པ་བསྒྲུབ་བྱའི་སྒོ་ནས་དབྱེ་ན། དོན་བསྒྲུབ་དང་། ཐ་སྙད་བསྒྲུབ་པ་གཉིས་ལས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །གཉིས་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། སྐད་ཅིག་མ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །འོ་ན་མུ་སྟེགས་བྱེད་གཏན་ཚིགས་གཞན་དུ་འདོད་པའི་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་དུ་བསྒྲུབ་པ་དང་། དུ་བའི་རྒྱུ་ནུས་པ་ཐོགས་མེད་ཀྱི་རྟགས་ལས་འདུས་བྱས་ཀྱི་དུ་བ་བསྒྲུབ་པ་རྣམས་གཏན་ཚིགས་གང་དུ་འདུ་ཞེ་ན། རང་བཞིན་གྱི་རྟགས་ཡང་དག་གི་ཁོངས་སུ་འདུའོ། །ཕྱི་མ་མི་འཐད་དེ། རྟགས་ཆོས་གཉིས་པོ་རྫས་གཞན་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། བཀོད་ཚོད་ལ་དེ་ལྟར་བཀོད་ཀྱང་སོང་ཚོད་ལ་དུ་བ་སྐྱེ་བཞིན་པ་རྟགས་སུ་སོང་བས་དེ་འདུས་བྱས་ཀྱི་དུ་བ་དང་རང་བཞིན་གཅིག་ཡིན་པའི་ཕྱིར། འོ་ན་གོང་དུ་ཚ་རེག་གི་དངོས་རྒྱུ་རྟགས་སུ་བཀོད་ནས་གྲང་རེག་འགོག་པའི་རྟགས་ཡང་དག་མེད་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེའི་ཚེ་ཚ་རེག་སྐྱེ་བཞིན་པ་རྟགས་སུ་མ་སོང་ན་ཕྱོགས་ཆོས་ངེས་མི་ནུས་ཤིང་། སོང་ན་ཚ་རེག་རྟགས་སུ་བཀོད་ནས་གྲང་རེག་འགོག་པའི་གཏན་ཚིགས་ཀྱི་ཁོངས་སུ་འདུས་པས་ལོགས་སུ་དབྱེ་བ་དོན་མེད་པའི་ཕྱིར་རོ། །གསུམ་པ་རྣམ་བཞག་ལ། ཚུལ་གསུམ་ངེས་བྱེད་དང་། གསུངས་པའི་དགོས་པ་གཉིས་ལས། དང་པོ་ནི། འབྲེལ་པ་བཏགས་པའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ནི། ཆོས་ཀྱི་སྡོམ་བཞིའི་ནང་ནས་འདུ་བྱས་ཐམས་ཅད་མི་རྟག་པ་རྟོགས་པའི་ཆེད་ཡིན་ལ། དེའི་དགོས་པ་ནི་གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་ཐོབ་པའི་ཆེད་ཡིན་ཏེ། སྤྱིར་འདུས་བྱས་མི་རྟག་པར་རྟོགས་པས་བྱེ་བྲག་ཚེ་འདི་མི་རྟག་པར་རྟོགས་ཅིང་དེ་རྟོགས་པས་ཚེ་འདིའི་བདེ་བ་བསྒྲུབ་པའི་ཆེད་དུ་མི་དགེ་བ་མི་སོག་ཅིང་དགེ་བ་སོག་པར་བྱེད། དེ་ལ་བརྟེན་ནས་ཕྱི་མ་མངོན་མཐོ་ཐོབ་པའི་ཕྱིར་དང་། འདུས་བྱས་མི་རྟག་པར་རྟོགས་པས་ཆོས་ཐམས་ཅད་བདག་མེད་རྟོགས་ཤིང་། དེ་རྟོགས་པས་འཁོར་བ་ལས་ངེས་པར་འབྱུང་བའི་ཐར་པ་ཐོབ་པའི་ཕྱིར་ཏེ། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་འབྲས་རྟགས་ལ་མཚན་ཉིད། དབྱེ་བ། རྣམ་བཞག་དང་གསུམ་ལས། དང་པོ་ལ། ཁ་ཅིག དེ་སྐོར་གྱི་རྟགས་ཡང་དག་གང་ཞིག དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན་ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དང་། གང་ཞིག དེ་སྐོར་གྱི་སྨྲས་ཙམ་གྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། ཁྱོད་ཀྱི་རྒྱུ་ཡིན་དགོས་པ་དང་། དེ་བྱུང་འབྲེལ་པའི་རྩ་བ་ཅན་གྱི་དེ་སྐོར་གྱི་སྒྲུབ་པའི་ཚུལ་གསུམ་ཞེས་ཟེར། དང་པོ་ལ། ཁ་ནང་གི་བུ་རམ་གོང་བུ་ཆོས་ཅན། བུར་གཟུགས་ད་ལྟར་བ་ཡོད་དེ། བུར་རོ་ད་ལྟ་བ་ཡོད་པའི་ཕྱིར་ཞེས་བཀོད་ཚེ་དེ་ཆོས་ཅན། ཟུར་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བུར་གཟུགས་ད་ལྟར་བ་དེ་བུར་རོ་ད་ལྟར་བའི་རྒྱུར་ཐལ་ལོ། །གཉིས་པ་ལ། དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་བཀོད་ཚེ་དུ་བ་ཆོས་ཅན། ཟུར་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མེ་ཡོད་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་པ་ལ། དེ་བྱུང་འབྲེལ་བའི་རྩ་བ་ཅན་གྱི་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་ཚེ་བྱས་པ་ཆོས་ཅན། དེ་སྐོར་གྱི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཞེས་བརྗོད་པ་ཡང་སྣང་ངོ་། །རང་ལུགས་ནི་སྒྲུབ་རྟགས་ཡང་དག་གང་ཞིག རྩོད་གཞིའི་སྟེང་དུ་ཞེ་འདོད་ཀྱི་སྒྲུབ་ཆོས་རང་ལས་རྫས་གཞན་སྒྲུབ་པ། གཉིས་པ་དབྱེ་བ་ལ། རྒྱུ་དངོས་བསྒྲུབ་ཀྱི་འབྲས་རྟགས། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས། རྒྱུ་སྔོན་སོང་བསྒྲུབ་པའི་འབྲས་རྟགས། རྒྱུའི་ཁྱད་པར་བསྒྲུབ་པའི་འབྲས་རྟགས། རྒྱུ་ཡོད་ཙམ་བསྒྲུབ་པའི་འབྲས་རྟགས་དང་ལྔ་ལས། དང་པོ་ནི། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ་སྟེ་མེ་དེ་དུ་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། འདི་ནི། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །ཞེས་གསུངས་པའི་དགོངས་པར་སྣང་ཞིང་། རིག་གཏེར་རང་འགྲེལ་ལས་ནི། འདི་ལ། རྒྱུའི་ལྡོག་པ་སྒྲུབ་པའི་འབྲས་རྟགས་ཞེས་གསུངས་སོ། །དེའི་དོན་ནི། དུ་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་མེའི་ཁྱད་པར་རྩྭ་སོག་གི་མེ་ལ་སོགས་པ་བསྒྲུབ་པ་མ་ཡིན་གྱི། མེ་མ་ཡིན་ལས་ལོག་པའི་མེ་ཙམ་བསྒྲུབ་ཅེས་པ་སྟེ། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡི་ངོ་བོ་ཉིད་དུ་རྟགས། །ཞེས་གསུངས་པའི་དགོངས་པར་སྣང་ངོ་། །གཉིས་པ་ལ་ཁ་ཅིག བུར་རོ་ད་ལྟར་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་བསྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་མ་ཡིན་ཏེ། བུ་རམ་གྱི་རོ་གཟུགས་ད་ལྟར་བ་གཉིས་ལ་འབྲེལ་པ་མེད་པའི་ཕྱིར་ཏེ། དུས་མཉམ་ཡིན་པས་དེ་བྱུང་དུ་མ་འབྲེལ། རྫས་གཞན་ཡིན་པས་བདག་གཅིག་ཏུ་མ་འབྲེལ་བའི་ཕྱིར་རོ་ཞེས་ཟེར་བ་མི་འཐད་དེ། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན་ན། སྨྲས་ཙམ་གྱི་རྟགས་ཆོས་ལ་འབྲེལ་པ་གྲུབ་པས་མ་ཁྱབ་པའི་ཕྱིར། གཞན་དུ་ན། གཟུགས་ལ་སོགས་པ་རོས་རྟོགས་པ། །ཞེས་གསུངས་པ་དང་འགལ་ལོ། །ཁ་ཅིག དེ་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན་ཀྱང་འབྲས་རྟགས་ཡང་དག་མ་ཡིན་ཏེ། གཞན་དུ་ན། བུ་རམ་གྱི་རོ་གཟུགས་ད་ལྟ་བ་གཉིས་ལ་འབྲེལ་བ་གྲུབ་པ་ཐལ། དེ་གཉིས་ལ་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལུས་ཀྱི་འབྲེལ་པ་གྲུབ་པའི་ཕྱིར། ཁྱབ་པ་ཁས། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན་ཏེ། བུར་རོ་ད་ལྟར་བའི་རྟགས་ལས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་རྟོགས་ནུས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། དེ་གཏན་ཚིགས་ཡང་དག་མ་ཡིན་ན། དེ་ལ་བརྟེན་པའི་རྗེས་དཔག་ཡོད་པར་འགལ་བའི་ཕྱིར་རོ། །ཁ་ཅིག་བཀོད་པའི་ཚེ་ན་ཡང་ཁ་ནང་བུ་རམ་གོང་བུ་ཆོས་ཅན། བུར་རོ་སྔ་མས་བུར་གཟུགས་ད་ལྟར་བ་བསྐྱེད་པའི་ནུས་པ་ཡོད་དེ། བུར་རོ་ད་ལྟར་བ་ཡོད་པའི་ཕྱིར་ཞེས་བཀོད་ནས་འདི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན་ཞེས་ཟེར་བ་མི་འཐད་དེ། བཀོད་པའི་ཚེ་དེ་ལྟར་བཀོད་ན་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཏུ་སོང་བའི་ཕྱིར་རོ། །རང་ལུགས་ནི། བུར་རོ་ད་ལྟར་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་བསྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན་ཏེ། རྟགས་ཆོས་གཉིས་ལ་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་པ་གྲུབ་པའི་ཕྱིར་དང་། རྟགས་དེ་ལས་རྩོད་གཞིའི་སྟེང་དུ་བུར་རོ་སྔ་མས་བུར་གཟུགས་ད་ལྟར་བ་བསྐྱེད་པའི་ནུས་པ་དང་། བུར་གཟུགས་ད་ལྟར་བ་གཉིས་ཀ་རྟོགས་ནུས་པའི་ཕྱིར་ཏེ། ཚོགས་པ་གཅིག་ལ་རག་ལུས་པའི། །གཟུགས་ལ་སོགས་པ་རོ་རྟོགས་པ། །ཞེས་དང་། དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །ཞེས་དང་། རིགས་གཏེར་རང་འགྲེལ་ལས། སྨྲ་བའི་རྟགས་ལས་བརྗོད་པར་འདོད་པའི་དོན་དཔོག་པ་དང་། དུ་བས་བུར་ཤིང་གི་འགྱུར་བ་དང་། དུ་བ་ཁྱད་པར་བས་མེ་ད་ལྟར་བ་སྒྲུབ་པ་དང་། མཚན་མོ་ནགས་མེར་འབར་བ་ལས་དུ་བ་དཔོག་པ་དང་། རོ་ལས་གཟུགས་དཔོག་པ་ལ་སོགས་པ་རྒྱུའི་ཆོས་དཔོག་པའི་འབྲས་རྟགས་སོ་ཞེས་གསུངས་པས་སོ། །གསུམ་པ་ནི། སྔར་ཡོད་པ་ཡེ་ཤེས་པ་ནི། །རྩལ་མ་ཐག་བྱུང་ངེས་མིན་ཏེ། །ཞེས་སོགས་ཀྱིས་སྟོན་ཏེ། འདིར་ཁ་ཅིག དུང་སྒྲ་ཐོས་པའི་དབང་མངོན་ཆོས་ཅན། རང་རྒྱུ་སྒྲ་མི་རྟག་པ་སྔོན་དུ་སོང་བ་ཡིན་ཏེ། རྩོལ་བ་ལས་བྱུང་བའི་མ་འཁྲུལ་བའི་ཉན་ཤེས་ཡིན་པའི་ཕྱིར་ཞེས་འགོད་པ་ལ་གཞན་དག་ན་རེ། ལྷས་བྱིན་གྱི་རྒྱུད་ཀྱི་སྔོར་སྣང་དབང་ཤེས་ཆོས་ཅན། རང་རྒྱུ་དེ་སྔོན་པོའི་མི་རྟག་པ་སྔོན་དུ་སོང་བར་ཐལ། སྔོན་པོར་སྣང་བའི་མ་འཁྲུལ་བའི་མིག་ཤེས་ཡིན་པའི་ཕྱིར། འདོད་ན། ཁྱོད་ཡོད་ན་སྔོན་པོའི་མི་རྟག་པ་ཡོད་དགོས་པར་ཐལ་ལོ་ཞེས་ཟེར་རོ། །རང་ལུགས་ནི་བར་སྣང་གི་དུ་བ་སྔོ་ལོང་བ་འདི་ཆོས་ཅན། མེ་སྔོན་དུ་སོང་བ་ཡིན་ཏེ། དུ་བ་ཡིན་པའི་ཕྱིར་ཞེས་པའོ། །བཞི་པ་ནི། རྒྱུ་གཞན་དག་ནི་ཡོད་ན་ཡང་། །དབང་པོའི་བློ་རྣམས་མེད་པའི་ཕྱིར། །ཐ་དད་རྒྱུ་ནི་རྗེས་དཔོག་འགྱུར། །ཞེས་པས་སྟོན་ཏེ། སྔོ་འཛིན་དབང་མངོན་ཆོས་ཅན། དབང་ཡིད་ལས་གཞན་པའི་རང་གི་དམིགས་རྐྱེན་ཡོད་དེ། དེ་མེད་ན་མི་སྐྱེ་བ་དང་། རེས་འགའ་སྐྱེ་བའི་གཞི་མཐུན་ཡིན་པའི་ཕྱིར། དེ་ལ་གཞན་དག་ན་རེ། དབང་པོ་གཟུགས་ཅན་པ་གཟུང་དོན་དུ་བྱེད་པའི་མངོན་སུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་དམིགས་རྐྱེན་ཡིན་ན་དབང་ཡིད་གང་རུང་ཡིན་དགོས་པའི་ཕྱིར་ཞེས་སྨྲ་བ་ནི་ཁས་ལེན་མ་དྲན་པར་སྣང་སྟེ། དེ་ཆོས་ཅན། དབང་ཡིད་ལས་གཞན་པའི་རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བ་དང་། རེས་འགའ་སྐྱེ་བའི་གཞི་མཐུན་མིན་པར་ཐལ། དབང་ཡིད་ལས་གཞན་པའི་རང་གི་དམིགས་རྐྱེན་མེད་ཀྱང་སྐྱེ་བའི་ཕྱིར། རྟགས་ཁས། ཆོས་ཅན་ཉིད་ཀྱང་མི་འཐད་དེ། གཟུང་དོན་ཡིན་ན་ཕྱིའི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར། ལྔ་པ་ནི། རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་བཅས་ཉིད་གྲུབ། །ཅེས་པས་སྟོན་ཏེ། སྡུག་བསྔལ་བདེན་པ་ཆོས་ཅན། རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར་ཞེས་པའོ། །ཆ་མཐུན་ཁོངས་སུ་བསྡུ་བ་ནི། ཆུ་སྐྱར་ལས་ཆུ་དཔོག་པ་དང་། སྦལ་པ་སྐད་འབྱིན་པ་དང་། གྲོག་མོ་ཚང་འཕོ་བའི་རྟགས་ལས་ཆར་འབབ་པར་དཔོག་པ་དང་། ཆུ་མི་གཡོ་བ་དང་། རྒྱ་ཤུག་གནས་པའི་རྟགས་ལས། རྟེན་བརྟན་པར་དཔོག་པ་རྣམས་དོན་གཞན་གྱིས་ཕན་འདོགས་པའི་ཕྱིར་ན་འབྲས་རྟགས་ཀྱི་ཁོངས་སུ་བསྡུ་བར་གསུངས་སོ། །གསུམ་པ་རྣམ་བཞག་ལ་ཚུལ་གསུམ་ངེས་བྱེད་དང་། གསུངས་པའི་དགོས་པ་གཉིས། དང་པོ་ནི། འབྲས་རྟགས་ཀྱི་ཕྱོགས་ཆོས་ཕལ་ཆེར་མངོན་སུམ་གྱིས་འགྲུབ་སྟེ། དུ་ལྡན་ལའི་སྟེང་གི་དུ་བ་མཐོང་བའི་མངོན་སུམ་དེས་དུ་ལྡན་གྱི་ལ་ལ་དུ་བ་ཡོད་པར་ངེས་པའི་ངེས་ཤེས་དྲངས་པ་ལྟ་བུའོ། །རྗེས་དཔག་གིས་འགྲུབ་པའང་ཡོད་དེ། དཔྱད་གསུམ་གྱིས་དག་པའི་རྟགས་ཀྱིས་བཀའ་བརྒྱད་སྟོང་པ་རང་གི་བསྟན་དོན་རྟོག་པའི་ཚད་མས་སྔ་མ་སྔོན་སོང་དུ་བསྒྲུབ་པའི་ཕྱོགས་ཆོས་དེ་རྗེས་དཔག་གིས་འགྲུབ་པའི་ཕྱིར། ཁྱབ་འབྲེལ་ནི་དེ་བྱུང་གི་འབྲེལ་པ་ངེས་པ་ལ་བརྟེན་ནས་འགྲུབ་ལ། གཉིས་པ་ནི། དཔྱོད་པ་པས་དངོས་པོ་རྣམས་རིགས་མི་མཐུན་གྱི་རྒྱུ་ལས་འབྱུང་བར་འདོད་པའི་ལོག་རྟོག་གི་གཉེན་པོར་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་གསུངས་པ་ཡིན་ཏེ། དེས་དུ་བ་དེ་མེ་ལས་སྐྱེ་ཞིང་མེ་མེད་བརྒྱ་བྱིན་གྱི་སྤྱི་བོ་ལས་མི་སྐྱེ་བར་བསྟན་པའི་ཕྱིར། དབང་ཕྱུག་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དབང་ཕྱུག་གིས་བྱས་པར་འདོད་པའི་ལོག་རྟོག་གི་གཉེན་པོར་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་བསྟན་པ་ཡིན་ཏེ། དེས་དངོས་པོ་ཐམས་ཅད་རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ལས་བྱུང་བ་ཡིན་གྱི་དེ་ལས་གཞན་ལས་མ་བྱུང་བར་བསྟན་པའི་ཕྱིར། རྒྱང་འཕེན་པས་སྐྱེས་མ་ཐག་པའི་རིག་པ་རིག་པ་སྔ་མ་སྔོན་དུ་མ་སོང་བ་དང་། དཔྱོད་པ་པས་རྣལ་འབྱོར་མངོན་སུམ་བྱུང་ཟིན་མེད་པ་དང་། བྱེ་བྲག་ཏུ་སྨྲ་བས་རྒྱུ་འབྲས་དུས་མཉམ་པ་ཡོད་པར་འདོད་པའི་ལོག་རྟོག་གི་གཉེན་པོར་རྒྱུ་སྔོན་སོང་བསྒྲུབ་པའི་འབྲས་བུའི་གཏན་ཚིགས་གསུངས་པ་ཡིན་ཏེ། དེས་སྐྱེས་མ་ཐག་པའི་རིག་པ་དེ་རིག་པ་སྔ་མ་སྔོན་དུ་སོང་བ་དང་། བཀའ་བརྒྱད་སྟོང་པ་དེ་རང་གི་བསྟན་དོན་རྟོགས་པའི་རྣལ་འབྱོར་མངོན་སུམ་སྔོན་དུ་སོང་བ་དང་། འབྲས་བུ་ཡིན་ན་རང་རྒྱུ་སྔོན་དུ་སོང་དགོས་པར་བསྟན་པའི་ཕྱིར། སེམས་ཙམ་པས་ཕྱི་དོན་མེད་པར་འདོད་པའི་ལོག་རྟོག་གི་གཉེན་པོར་རྒྱུའི་ཁྱད་པར་བསྒྲུབ་པའི་འབྲས་རྟགས་ཡང་དག་གསུངས་པ་ཡིན་ཏེ། དེས་དབང་མངོན་དེ་དབང་ཡིད་ལས་གཞན་པའི་ཕྱི་དོན་ལས་སྐྱེ་བར་བསྟན་པའི་ཕྱིར། རྒྱང་འཕེན་པས་སྐྱེ་བ་སྔ་མ་མེད་པའི་ལོག་རྟོག་གི་གཉེན་པོར་རྒྱུ་ཡོད་ཙམ་བསྒྲུབ་པའི་འབྲས་རྟགས་གསུངས་པ་ཡིན་ཏེ། དེས་ཚེ་འདི་སྡུག་བསྔལ་བདེན་པ་སྔ་མའི་ཀུན་འབྱུང་བདེན་པའི་འབྲས་བུ་བསྟན་པའི་ཕྱིར། གཉིས་པ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་དང་། རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས། འདི་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། དེ་སྐོར་གྱི་རྟགས་ཡང་དག་གང་ཞིག དེ་སྐོར་གྱི་བསྒྲུབ་བྱའི་ཆོས་ལ་གཏན་ཚིགས་ཀྱིས་ཁྱབ་པ་དང་། མ་ཁྱབ་པ་ཞེའོ། །དང་པོ་ལ། སྤྱི་མཚན་ཆོས་ཅན། གཞལ་བྱ་ཡོད་དེ། ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དེ་ཆོས་ཅན། དེ་སྐོར་གྱི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་མ་གྲུབ་སྟེ། གཞལ་བྱ་ལ་ཚད་མས་རྟོགས་པར་བྱ་བས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། རི་བོང་རྭ་ཆོས་ཅན། ཚད་མས་རྟོགས་པར་བྱ་བ་ཡིན་པར་ཐལ། གཞལ་བྱ་ཡོད་པའི་ཕྱིར། གཉིས་པ་ལ། བུམ་པ་ཆོས་ཅན། དངོས་པོའི་རྒྱུ་ཡོད་དེ། དངོས་པོ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དེ་ཆོས་ཅན། དེ་སྐོར་གྱི་ཟུར་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། དངོས་པོའི་རྒྱུ་ལ་དངོས་པོས་ཁྱབ་པའི་ཕྱིར། གཉིས་པ་ནི། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། རྟགས་ཡང་དག་གང་ཞིག རང་གང་ལ་གཏན་ཚིགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མཐའ་དག་ལ་འགོད་བསྒྲུབ་ཀྱི་ཚུལ་དང་མཐུན་པར་ངེས་པ་དང་མ་ངེས་པའོ། །དང་པོ་ལ་རང་བཞིན་དང་། མ་དམིགས་པའི་རྟགས་ཡང་དག་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། བུམ་པ་ཚད་མས་མ་དམིགས་པའི་ཤར་གཞིར་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །ཕྱི་མ་ལ་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་ལས། དང་པོ་ནི། དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། མེ་མེད་མཚན་དུས་ཀྱིས་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ།། །།གསུམ་པ་སྒྲུབ་བྱེད་ཀྱི་སྒོ་ནས་དབྱེ་བ་ལ། དངོས་པོ་སྟོབས་ཞུགས། ཡིད་ཆེས། གྲགས་པའི་རྟགས་ཡང་དག་དང་གསུམ་ལས། དང་པོ་ནི། སྔར་བཤད་པའི་འབྲས་རང་མ་དམིགས་པའི་རྟགས་གསུམ་པོ་སྟེ། རང་དོན་ལེའུར་དངོས་པོ་སྟོབས་ཤུགས་ཀྱི་གཏན་ཚིགས་གཙོ་བོར་སྟོན་པས་འདི་གསུམ་གྱི་རྣམ་བཞག་འབའ་ཞིག་སྟོན་པའི་གནད་ཀྱང་དེ་ཡིན་ནོ། །ཕྱི་མ་གཉིས་གཞན་དོན་ལེའུར། དེ་ལ་ཁས་བླངས་འབྲས་རྟགས་ཏེ། །འགྲོ་ལ་གྲགས་པ་རང་བཞིན་རྟགས། །ཞེས་པས་སྟོན་པས། ཡིད་ཆེས་ཀྱི་རྟགས་ཡང་དག་ལ་གཞུང་འགྲེལ་རྣམས་ལས་བཤད་པའི་ཚུལ། མཁས་པ་རྣམས་ཀྱིས་བཞེད་པའི་ཚུལ། འཐད་པའི་ཕྱོགས་ངོས་བཟུང་བ་དང་གསུམ། དང་པོ་ནི། རྣམ་འགྲེལ་ལས། སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ། །མེད་ན་མི་འབྱུང་ཉིད་མེད་ཕྱིར། །དེ་ལས་དོན་གྲུབ་མིན་དེ་དག །ཞེས་དང་། རང་འགྲེལ་དུ་ཡང་། དེ་ལྟར་ན་ཡང་རྗེས་སུ་དཔག་པ་ཉེས་པ་མེད་པ་མ་ཡིན་ཏེ། སྒྲ་རྣམས་ནི་དོན་དག་ལ་མེད་ན་མི་འབྱུང་བ་ཡང་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ་ཞེས་དང་། དེའི་འགྲེལ་བཤད་དུ་ཤཱས། ལུང་ལ་བརྟེན་པའི་ཤེས་པ་ཉེས་པ་མེད་པ་མ་ཡིན་ཏེ། སྐྱོན་དང་བཅས་པ་རྣམས་སོ། །ཅིའི་ཕྱིར་ཞེ་ན། སྒྲ་དག་ནི་དོན་རྣམས་དང་མེད་ན་མི་འབྱུང་བ་ཡང་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ་ཞེས་དང་། རྒྱན་མཛད་པས་ཀྱང་། ཡིད་ཆེས་པའི་ཚིག་ནི་འབྲས་བུ་དང་མཐུན་པ་ཡིན་ལ། གྲགས་པ་ནི་རང་བཞིན་དང་མཐུན་པ་ཡིན་ནོ། །ཅིའི་ཕྱིར་རྟགས་འདིར་དངོས་ཉིད་མ་ཡིན་ཞེ་ན། བཤད་པ། བདག་གཞན་ཡིད་ཆེས་མཚུངས་པ་ཡི། །ཞེས་སོགས་དང་། ཡ་མཱ་རིས་ཀྱང་། རྗེས་སུ་དཔག་པ་གསུམ་ཇི་ལྟར་སྙམ་ན། འདི་ལྟར་ཞེས་བྱའོ། །གསལ་བའི་དབྱེ་བ་ནི་རྣམ་པ་གསུམ་མ་ཡིན་གྱི། འོན་ཀྱང་རང་བཞིན་དང་། འབྲས་བུ་དང་། དེ་དག་གི་བརྙན་མའི་དབྱེ་བས་སོ་ཞེས་དང་། རྒྱལ་བ་ཅན་གྱིས་ཀྱང་། རྗེས་སུ་དཔག་པ་ནི། དུས་དང་། ཡུལ་ལ་སོགས་པའི་དབྱེ་བས་མཐའ་ཡས་པ་ཅན་མ་ཡིན་ནམ་རྣམ་པ་གསུམ་ཇི་ལྟར་ཡིན་ཟེར་བ་ལ། དེ་ལ་ཞེས་བྱ་བ་སྟེ། གསལ་བའི་དབྱེ་བས་རྣམ་པ་གསུམ་ཉིད་ནི་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་ཞེ་ན། འབྲས་བུ་དང་། རང་བཞིན་དང་། དེ་དང་འདྲ་བའི་དབྱེ་བས་སོ་ཞེས་གསུངས་པ་ལས་ནི་ཡིད་ཆེས་ཀྱི་རྟགས་དེ་གཏན་ཚིགས་ཡང་དག་མིན་པར་བཤད་པ་ལྟ་བུར་མངོན་ཞིང་། ཡང་མདོ་མཛད་པས། ཡིན་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་དང་། འདིར་ཡང་། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་འདི་ཡུལ་ལྐོག་གྱུར་ནའང་། །གོ་སྐབས་མེད་པའི་ཕྱིར་བློ་ནི། །རྗེས་སུ་དཔག་པ་ཉིད་དུ་གསུངས། །ཞེས་དང་། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་དང་། རྣམ་ངེས་ལས། རྣམ་པ་དེ་ལྟ་བུའི་ཡུལ་ལ་ནི་གདོན་མི་ཟ་བར་བསྟན་བཅོས་ཚད་མར་འགྱུར་བ་བྱ་དགོས་སོ་ཞེས་དང་། ཤཱས། བསྟན་བཅོས་ལ་བརྟེན་པའི་ཆོས་ཅན་ནི། རྣམ་པར་དཔྱད་པའི་རྟེན་ཉིད་ཀྱི་ཕྱིར། བསྟན་བཅོས་སྒྲུབ་པར་བྱེད་པ་ཡིན་པར་ཡང་འགྱུར་རོ་ཞེས་དང་། གཞན་ཡང་རྩ་འགྲེལ་ཐམས་ཅད་དུ། ལུང་གནོད་བྱེད་དང་། སྒྲུབ་བྱེད་དུ་འཇུག་པའི་ཚུལ་གསལ་བར་གསུངས་པ་ལས་ནི་ཡིད་ཆེས་པའི་རྗེས་དཔག་ཚད་མར་གསུངས་པ་ལྟ་བུར་ཡང་མངོན་ནོ། །གཉིས་པ་ལ་ཁ་ཅིག ཡིད་ཆེས་པའི་རྟགས་དང་རྗེས་དཔག་མེད་དེ། སྔར་བཤད་པའི་འགྲེལ་པ་འགྲེལ་བཤད་རྣམས་ཀྱིས་གྲུབ་པའི་ཕྱིར་དང་། རིགས་པ་ནི། ལུང་དེ་རང་གི་བསྟན་དོན་དང་འབྲེལ་བར་ཐལ། དེ་དག་ཡོད་པའི་ཕྱིར། འདོད་ན། དེ་རང་གི་བསྟན་དོན་དང་དེ་བྱུང་དུ་འབྲེལ་པར་ཐལ། འདོད་པ་གང་ཞིག དེ་ལ་བདག་གཅིག་ཏུ་མ་འབྲེལ་བའི་ཕྱིར། འདོད་ན། བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་སྐྱེས་བུའི་འདོད་པའི་དབང་གིས་བྱས་པ་མིན་པར་ཐལ། འདོད་པ་དེའི་ཕྱིར། གལ་ཏེ་ལུང་རྣམ་དག་དེ་དེ་དང་དེ་བྱུང་དུ་འབྲེལ་པ་ཡིན་ནོ་ཞེ་ན། འོ་ན་མ་འོངས་པ་སྟོན་པའི་ལུང་རྣམ་དག་དེ་ཡང་དེར་འགྱུར་རོ། །འདོད་མི་ནུས་ཏེ། འབྲས་བུ་སྔར་སྐྱེས་ནས་རྒྱུ་ཕྱིས་འབྱུང་བ་མེད་པའི་ཕྱིར། ཡང་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་ལུང་དེ་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། སྒྲ་མི་རྟག་ཅེས་པའི་ཚིག་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་བ་དང་། ཕྱོགས་ཚིག་སྒྲུབ་ངག་ཡང་དག་ཡིན་པར་འགྱུར་རོ། །གཞན་ཡང་ཆོས་ཅན་ལ་རྣམ་པར་བརྟགས་ན་ཡང་མི་རིགས་ཏེ། སྦྱིན་སོགས་ཆོས་ཅན་ཡིན་ནམ་དཀར་ཆོས་ཆོས་ཅན་ཡིན། དང་པོ་ལྟར་ན་མི་འཐད་དེ། ཡིད་ཆེས་པའི་རྟགས་ཀྱི་ཆོས་ཅན། ལུང་ཚད་མ་ཁོ་ནས་གྲུབ་པར་བཤད་པ་གང་ཞིག དེ་ནི་དངོས་སྟོབས་ཀྱི་ཚད་མས་གྲུབ་པའི་ཕྱིར། གཉིས་པ་ལྟར་ན། ཆོས་ཅན་གྲུབ་པ་ན་བསྒྲུབ་བྱ་གྲུབ་པར་འགྱུར་ཏེ། ཆོས་སུ་འཇོག་པ་ནི་བདེ་བ་འབྱུང་བའི་ཆ་ནས་འཇོག་པའི་ཕྱིར། གཏན་ཚིགས་ལ་བརྟགས་ན་ཡང་མི་རིགས་ཏེ། ཚིག་ཙམ་རྟགས་སུ་བཀོད་ན་ཁྱབ་པ་འཁྲུལ་ཞིང་། སྐྱེས་བུ་ཁྱད་པར་ཅན་གྱི་ཚིག་རྟོགས་པར་དཀའ་ཞིང་། སྐྱེས་བུས་མ་བྱས་པའི་ཚིག་མི་སྲིད་པའི་ཕྱིར་རོ་ཞེས་བཞེད་དོ། །མཁས་པ་ཁ་ཅིག ཡིད་ཆེས་པའི་རྟགས་དང་རྗེས་དཔག་ཡོད་པར་བཞེད་ཀྱང་སྒྲུབ་བྱེད་འོག་ཏུ་འབྱུང་ངོ་། །གསུམ་པ་ནི། ལུགས་དང་པོ་དེ་མི་འཐད་དེ། ཤིན་ལྐོག་རྟོགས་པའི་ཚད་མ་མེད་པར་ཐལ་བ་དང་། དགོས་སོགས་ཆོས་བཞི་ཚང་བའི་བསྟན་བཅོས་མེད་པར་ཐལ་བ་དང་། བླང་དོར་གྱི་གནས་ཚད་མས་མི་རྟོགས་པར་ཐལ་བ་དང་། ལུང་ལས་བཤད་པའི་ཕྱིར་མི་ལྡོག་པའི་གཏན་ཚིགས་རྣམས་གཏན་ཚིགས་ལྟར་སྣང་དུ་ཐལ་བ་དང་། རང་འགལ་གྱི་དམ་བཅའི་ཞེན་དོན་ལ་གནོད་བྱེད་མེད་པར་ཐལ་བ་དང་། ཚད་མའི་བསལ་བ་བཞིའི་རྣམ་བཞག་མི་རུང་བར་ཐལ་བ་དང་། སློབ་དཔོན་གྱི་དགོངས་པ་མིན་པ་དང་བདུན་ཡོད་པའི་ཕྱིར། དང་པོ་ནི། ཤིན་ལྐོག་ཚད་མས་མི་རྟོགས་པར་ཐལ། ཡིད་ཆེས་པའི་རྗེས་དཔག་མེད་པའི་ཕྱིར། གལ་ཏེ་ཚད་མ་གཞན་གྱིས་རྟོགས་པ་ཡིན་ནོ་ཞེ་ན། མི་འཐད་དེ། དེ་ལ་དངོས་སྟོབས་ཚད་མ་འཇལ་བྱེད་དུ་མི་འཇུག་པའི་ཕྱིར། ཡང་གཞལ་བྱའི་གནས་དང་པོ་གཉིས་དཔྱད་པས་རྣམ་པ་དག་ནི་གཞལ་བྱའི་གནས་གསུམ་པ་ལ་དཔྱོད་པའི་ཚེ་ལུང་རྣམ་དག་སྒྲུབ་བྱེད་ཚད་མ་མིན་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། དེ་ལྟར་ཡུལ་གཉིས་རྣམ་བཞག་ན། །དེ་ནི་བསྟན་བཅོས་ཡོངས་འཛིན་པར། །འདོད་པའི་དུས་ཡིན་ཞེས་དང་། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པར་རིགས་ལྡན་ཡིན། །ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ནི། དགོས་སོགས་ཆོས་བཞི་ཚང་བའི་བསྟན་བཅོས་རྣམ་དག་མེད་པར་ཐལ། བསྟན་བཅོས་རྣམ་དག་ཡིན་ན། རང་གི་བསྟན་དོན་དང་མ་འབྲེལ་བས་ཁྱབ་པའི་ཕྱིར། གསུམ་པ་ནི། རྒྱུ་དགེ་བ་སྤྱད་པ་ལས་འབྲས་བུ་བདེ་བ་འབྱུང་བ་དང་། མི་དགེ་བ་སྤྱད་པ་ལས་སྡུག་བསྔལ་འབྱུང་བར་རྟོགས་པའི་ཚད་མ་མེད་པར་ཐལ། དེ་རྟོགས་པའི་ལུང་ལ་བརྟེན་པའི་ཚད་མ་མེད། དངོས་སྟོབས་ཚད་མ་ཡང་མེད་པའི་ཕྱིར། གལ་ཏེ་ཕྱི་མ་མ་གྲུབ་ཏེ། འཕགས་པའི་བདེན་པ་བཞི་པོ་དེ་དངོས་སྟོབས་ཚད་མས་གྲུབ་པའི་ཕྱིར་ཞེས་པའི་ལན་དུ། གཞན་དག་ན་རེ། དེ་ཡང་གཏན་ཚིགས་མ་གྲུབ་ཅེས་ཟེར་བ་ནི་མི་འཐད་དེ། ལུང་ལ་མ་ལྟོས་པར་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཡིན་པར་གསུངས་པ་དང་འགལ་ཞིང་། དཔྱོད་པ་པས་སྐྱེས་བུ་ཚད་མ་མེད་པ་དང་། རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མེད་པར་འདོད་པ་བཀག་ནས་སྐྱེས་བུ་ཚད་མ་དང་སྐྱེ་བ་སྔ་ཕྱི་ཡོད་པ་དངོས་སྟོབས་རིགས་པས་བསྒྲུབ་པའི་ཕྱིར་དང་། ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་སྡུག་བསྔལ་བདེན་པའི་མཚན་གཞི་དང་། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་སྡུག་བདེན་གྱི་མཚན་ཉིད་དང་། དེ་དག་གི་རྒྱུའི་གཙོ་བོ་སྲེད་པ་དང་། འཁོར་བ་སྤངས་པའི་ཐར་པ་ཙམ་དང་། བདག་མེད་རྟོགས་པའི་ཤེས་རབ་བདག་འཛིན་གྱི་གཉེན་པོ་ཡིན་པར་དངོས་སྟོབས་ཚད་མས་སྒྲུབ་པ་ནི་ལེའུ་གཉིས་པའི་བརྗོད་བྱའི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ན་རང་གི་ལན་ནི་སྔ་མ་ལ་མ་ཁྱབ་སྟེ། ཇི་སྐད་བཤད་པའི་འཕགས་པའི་བདེན་བཞི་ཙམ་རིགས་པས་བསྒྲུབ་ནུས་ཀྱང་། དགེ་མི་དགེ་ལས་འབྲས་བུ་བདེ་སྡུག་འབྱུང་བ་ལ་དངོས་སྟོབས་ཀྱི་རིགས་པ་མི་འཇུག་པའི་ཕྱིར་རོ། །བཞི་པ་ནི། ལུང་ལས་བཤད་པའི་ཕྱིར་མི་ལྡོག་པའི་གཏན་ཚིགས་འགོད་པའི་རྒོལ་བ་ཆོས་ཅན། རྒོལ་བ་སྐྱོན་ཅན་ཡིན་པར་ཐལ། དེ་རྣམས་གཏན་ཚིགས་ཡང་དག་མ་ཡིན་པ་གང་ཞིག ཁྱོད་ཀྱིས་དེ་རྣམས་གཏན་ཚིགས་ཡང་དག་བརྗོད་པའི་ཕྱིར། གལ་ཏེ་གཏན་ཚིགས་སྔ་མ་མ་གྲུབ་སྟེ། དེ་དག་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཡིན་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། དེ་དག་གི་ཁྱབ་འབྲེལ་དངོས་སྟོབས་ཚད་མས་མ་གྲུབ་པའི་ཕྱིར། ལྔ་པ་ནི། སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་ལུང་དེ་ཆོས་ཅན། རང་འགལ་གྱི་དམ་བཅའི་ཞེན་དོན་གནོད་བྱེད་མིན་པར་ཐལ། རྒྱབ་རྟེན་ཚད་མ་དང་བྲལ་བའི་ལུང་ཡིན་པའི་ཕྱིར། འདོད་ན། སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བར་དམ་བཅས་པའི་དམ་བཅའ་དེ་དམ་བཅའ་ཡང་དག་ཏུ་ཐལ། དེའི་ཞེན་དོན་ལ་གནོད་བྱེད་མེད་པའི་ཕྱིར། དྲུག་པ་ནི། ཡིད་ཆེས་རྗེས་དཔག་གིས་བསལ་བ་དེ་ཚད་མའི་བསལ་བ་མིན་པར་ཐལ། དེ་ཚད་མ་མིན་པའི་ཕྱིར། འདོད་ན། སེལ་བྱེད་ཀྱི་ཚད་མ་ལ་བཞིར་ཡོད་པའི་རྒྱུ་མཚན་གྱིས་ཚད་མའི་བསལ་བ་ལ་བཞིར་འབྱེད་པ་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། རྗེས་སུ་དཔག་པའི་དབྱེ་བ་ཡིས། །གནོད་པ་དེ་ནི་རྣམ་བཞིར་བཤད། །ཅེས་གསུངས་པའི་ཕྱིར། བདུན་པ་ནི། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་སོགས་སྔར་བཤད་པའི་ལུང་རྣམས་ཀྱིས་གནོད་དོ། །དེ་ན་བླང་དོར་གྱི་གནས་ཤིན་ལྐོག་ཕྲ་ཞིང་ཕྲ་བ་རྣམས་དངོས་སྟོབས་ཀྱི་ཚད་མས་མི་འགྲུབ་པས། དེ་སྒྲུབ་བྱེད་ཀྱི་ཡིད་ཆེས་པའི་རྟགས་དང་། རྗེས་དཔག་ཡོད་པ་འདི་ནི་འཐད་པའི་ཕྱོགས་ཡིན་ནོ། །འདིའི་རྣམ་བཞག་ལ་དགག་བཞག་གཉིས་ལས། དང་པོ་ལ་མཚན་ཉིད་མི་འཐད་པའི་ཚུལ་དགག་པ་དང་། མཚན་གཞི་མི་འཐད་པའི་ཚུལ་དགག་པ་གཉིས། དང་པོ་ནི། ཁ་ཅིག དེ་སྐོར་གྱི་ཡིད་ཆེས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྐོར་གྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྐོར་གྱི་དངོས་ཀྱི་སྒྲུབ་བྱ་ཡིན་ན། ཤིན་ལྐོག་ཡིན་དགོས་པ་ཞེས་དང་། དེ་དང་ཤིན་ལྐོག་གི་གཞི་མཐུན་ཡོད་པ་ཞེས་དང་། དེ་ཡིན་ན་ལུང་ཙམ་གྱིས་གྲུབ་པས་ཁྱབ་པ་ཞེས་དང་། དེ་དང་ལུང་ཙམ་གྱིས་སྒྲུབ་པའི་གཞི་མཐུན་ཡོད་པ་ཞེས་པ་དང་བཞི་ལས། དང་པོ་གཉིས་ལ་ལོངས་སྤྱོད་ཆོས་ཅན། སྦྱིན་འབྲས་ཡིན་ཏེ། སྦྱིན་པས་ཕན་གདགས་བྱ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། དེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་གཉིས་པོ་དེའི་ཕྱིར། རྟགས་གྲུབ་སྟེ། ལོངས་སྤྱོད་སྦྱིན་འབྲས་ཡིན་པ་དེ་ཤིན་ལྐོག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་སྐོར་གྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཕྱི་མ་གཉིས་ལ་བཀའ་བརྒྱད་སྟོང་པ་ཆོས་ཅན། རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་སྟེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དེ་ཆོས་ཅན། མཚན་ཉིད་གཉིས་པོ་དེར་ཐལ། མཚོན་བྱ་གཉིས་པོ་དེའི་ཕྱིར། འདོད་ན། ངག་རྣམ་དག་ཡིན་ན་ལུང་ཡིན་དགོས་པར་ཐལ་ལོ། །གཉིས་པ་ལ། ཁ་ཅིག ཡིད་ཆེས་པའི་ཚིག་དེ་ལ་རང་ཚིག་དང་ལུང་ཚིག་གཉིས་ཡོད་པས་ཡིད་ཆེས་པའི་རྟགས་ཡང་དག་ལ་ཡང་ལུང་ཚིག་རྟགས་སུ་སོང་བ་དང་། རང་ཚིག་རྟགས་སུ་སོང་བ་གཉིས་ལས། དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཆོས་ཅན། མ་འོངས་པ་ན་སངས་རྒྱས་ཡེ་ཤེས་འོད་ཅེས་བྱ་བར་འགྱུར་བ་ཡིན་ཏེ། དེ་ལྟར་དུ་འགྱུར་བར་ངེས་དོན་སྒྲ་ཇི་བཞིན་པའི་ལུང་ལས་གསུངས་པའི་ཕྱིར། གཉིས་པ་ནི། ཤཱཀྱ་ཐུབ་པ་ཆོས་ཅན། སྤངས་པ་ཕུན་ཚོགས་བརྙེས་པ་ཡིན་ཏེ། དེ་བརྙེས་པ་རང་ཚིག་རྣམ་དག་ལས་སྨྲས་པའི་ཕྱིར་ཞེས་པ་འདི་ཡིན་ནོ་ཞེས་ཟེར་རོ། །འོ་ན་ངག་སྨྲ་བརྗོད་ཀྱི་རྟགས་ལས་ཀུན་སློང་གི་བསམ་པ་དཔོག་པའི་རྟགས་ཡང་དག་དེ་ལ་རང་རྒྱུད་ཀྱི་ཀུན་སློང་གི་བསམ་པ་དཔོག་པ་དང་། གཞན་རྒྱུད་ཀྱི་ཀུན་སློང་གི་བསམ་པ་དཔོག་པའི་རྟགས་ཡང་དག་གཉིས་སུ་ཡོད་པར་ཐལ། ཀུན་སློང་གི་བསམ་པའི་འབྲས་བུའི་ངག་སྨྲ་བརྗོད་དེ་ལ་རང་རྒྱུད་ཀྱི་ངག་སྨྲ་བརྗོད་དང་། གཞན་རྒྱུད་ཀྱི་ངག་སྨྲ་བརྗོད་གཉིས་སུ་ཡོད་པའི་ཕྱིར། ཁྱབ་པ་ཁས། མཚན་གཞི་དང་པོ་དེ་ཡང་མི་འཐད་དེ། དེའི་ཕྱོགས་ཆོས་གྲུབ་པའི་ཚེ་དེའི་བསྒྲུབ་བྱ་ཡང་གྲུབ་པ་འགྱུར་བའི་ཕྱིར་ཏེ། ལུང་དེ་ངེས་དོན་སྒྲ་ཇི་བཞིན་པར་ངེས་ན་ལུང་དེའི་དངོས་བསྟན་གྱི་བརྗོད་བྱ་ངེས་དགོས་པའི་ཕྱིར། མཚན་གཞི་གཉིས་པ་ཡང་མི་འཐད་དེ། དེ་དེའི་ངོར་རྟགས་ཡང་དག་མིན་ཅིང་། དེ་ལས་གཞན་ལ་རང་ཚིག་མིན་པའི་ཕྱིར། ཁ་ཅིག སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་ཆོས་ཅན། རང་གི་བསྟན་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱི་དག་པའི་ལུང་ཡིན་པའི་ཕྱིར་ཞེས་པ་ནི་མཚན་གཞི་ཡིན་ཅིང་། དེ་ཡང་། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །ཞེས་སོགས་ཚིགས་བཅད་གཅིག་གིས་ཆོས་ཅན་བསྟན། མཐོང་དང་ཞེས་སོགས་ཚིག་རྐང་ཕྱེད་དང་བཞིས་གཏན་ཚིགས། འདི་ཡི་མི་བསླུ་བའོ། །ཞེས་པས་སྒྲུབ་ཆོས། ཡིད་ཆེས་ཚིག་ནི་མི་བསླུ་བའི། །ཞེས་སོགས་ཚིགས་བཅད་གཅིག་གིས་ཤིན་ལྐོག་གི་སྒྲུབ་བྱེད་དུ་ལུང་ཚད་མ་ཁས་ལེན་དགོས་པར་བསྟན། བླང་དང་ཞེས་སོགས་ཚིགས་བཅད་གཅིག་གིས་ཁས་ལེན་པའི་ཚུལ་བསྟན། དེས་ན་ལེའུ་དང་པོར་ཡིད་ཆེས་པའི་རྟགས་ཡང་དག་གི་ངོ་བོ་བསྟན་པར་མ་ཟད་གྲགས་པའི་རྟགས་ཡང་དག་གི་ངོ་བོ་ཡང་བསྟན་ཏེ། རང་བཞིན་ལ་ཡང་མེད་མི་འབྱུང་། །ཞེས་པ་ནས། རྣམ་གཅོད་བརྗོད་པར་བྱེད་པར་གྲུབ། །ཅེས་པའི་བར་གྱིས་སྒྲ་རྟོག་བསྒྲུབ་པས་འཇུག་པ་བཀག་ནས་སེལ་བས་འཇུག་པར་བསྟན། རིག་བྱེད་འགོག་པའི་སྐབས་ཀྱི་རྗོད་བྱེད་ཀྱི་སྒྲ་ཡུལ་ལ་དངོས་དབང་གིས་འཇུག་པ་བཀག་ནས། འདོད་པ་ཙམ་གྱིས་འཇུག་པར་བསྟན། དེ་འདོད་པ་ཙམ་གྱིས་འཇུག་པར་གྲུབ་པས་བརྡའི་དབང་གིས་འཇུག་པར་གྲུབ། དེ་ལྟར་ན་ཟླ་བ་ཞེས་པའི་སྒྲ་ཆོས་ཅན། དོན་ཐམས་ཅད་ལ་འཇུག་ཏུ་རུང་བ་ཡིན་ཏེ། བརྡའི་དབང་གིས་འཇུག་པའི་སྒྲ་ཡིན་པའི་ཕྱིར་ཞེས་པ་འདི་གྲགས་རྟགས་ཡང་དག་ཏུ་གྲུབ་པ་ཡིན་ནོ། །གཞན་དོན་ལེའུ་ནི་གཞན་དོན་ཕྱོགས་ཡང་དག་ཡིན་ན་ཚད་མ་བཞི་ཀས་མ་གསལ་བ་གཅིག་དགོས་ཞེས་པའི་མཐའ་དཔྱད་པའི་ཡན་ལག་ཏུ་མིང་ཙམ་གསུངས་པ་ཡིན་གྱི་དེ་དག་གི་ངོ་བོ་ནི་རང་དོན་ལེའུར་རྟོགས་པར་བྱའོ་ཞེས་ཟེར་རོ། །མི་འཐད་དེ། རང་དོན་ལེའུར་དངོས་སྟོབས་རྗེས་དཔག་ཁོ་ན་བསྟན་བྱའི་གཙོ་བོར་བྱེད་པའི་ཕྱིར་ཏེ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་ཡིན་ལ་ཞེས་གསུངས་པ་གང་ཞིག དེ་འབྱེད་པ་དངོས་སྟོབས་རྗེས་དཔག་ཁོ་ན་ལ་རག་ལས་པའི་ཕྱིར། འབྲེལ་པ་དང་ནི་ཞེས་སོགས་ཀྱིས་ཡིད་ཆེས་པའི་རྟགས་ཡང་དག་བསྟན་བྱའི་གཙོ་བོར་བྱེད་པ་ཡང་མིན་ཏེ། དེ་དག་ནི་ལུང་ཙམ་རང་གི་བསྟན་དོན་སྒྲུབ་པའི་གཏན་ཚིགས་ལྟར་སྣང་དུ་བསྟན་པ་ལ་ཕྱོགས་གླང་གིས། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་གསུངས་པ་དང་འགལ་བ་སྤོང་བ་ཙམ་ཞིག་བསྟན་པའི་ཕྱིར། རང་བཞིན་ལ་ཡང་མེད་མི་འབྱུང་། །ཞེས་པ་ནས། རྣམ་གཅོད་བརྗོད་པར་བྱེད་པར་གྲུབ། །ཅེས་པའི་བར་རྣམས་ཀྱིས་གྲགས་རྟགས་བསྟན་པར་འདོད་པ་ཡང་མི་འཐད་དེ། དེ་དག་གིས་དངོས་པོ་སྟོབས་ཞུགས་ཀྱིས་རྟགས་ཀྱི་ནང་ཚན་རང་བཞིན་གྱི་རྟགས་ཡང་དག་གཙོ་བོར་སྟོན་པའི་ཕྱིར། རིག་བྱེད་འགོག་པའི་གཞུང་རྣམས་ཀྱིས་གྲགས་རྟགས་སྟོན་པར་འདོད་པ་ཡང་མི་འཐད་དེ། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ལས་འཕྲོས་ནས་གཏན་ཚིགས་ལྟར་སྣང་རྒྱས་པར་བཤད་པའི་སྐབས་ཡིན་པའི་ཕྱིར་རོ། །གཞན་དོན་ལེའུར་དེ་གཉིས་ཀྱི་མིང་ཙམ་ལས་མ་བསྟན་པར་འདོད་པ་ཡང་མི་འཐད་དེ། དེ་ལ་ཁས་བླངས་འབྲས་རྟགས་ཏེ། །འགྲོ་ལ་གྲགས་པ་རང་བཞིན་རྟགས། །ཞེས་པས་གཉིས་པོ་མདོར་བསྟན། བདག་གཞན་ཡིད་ཆེས་མཚུངས་པ་ཡི། །ཞེས་པ་ནས། མངོན་སུམ་རྗེས་དཔག་གནོད་ལ་མིན། །ཞེས་པའི་བར་གྱིས་གཉིས་པོ་རྒྱས་པར་བཤད་པའི་ཕྱིར་རོ། །མཁས་པ་ཁ་ཅིག སྔར་གྱི་ཚུལ་དེ་ལ། དེ་ལ་ཁས་བླངས་འབྲས་རྟགས་ཏེ། །ཞེས་འབྲས་རྟགས་སུ་བཤད་པ་དང་མི་འགྲིག་པས་འདི་ལྟར་བྱ་སྟེ། སྦྱིན་པ་ཆོས་ཅན། ཁྱོད་ལས་མ་འོངས་པ་ན་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་སྟེ། དེ་ལྟར་དངོས་ལ་གནོད་བྱེད་མ་མཐོང་བའི་ལུང་རྣམ་དག་ལས་གསུངས་པའི་ཕྱིར། དཔེར་ན་འདུས་བྱས་མི་རྟག་པར་སྟོན་པའི་ལུང་དོན་དང་མཐུན་པ་བཞིན་ཅེས་གསུངས་པ་ཡང་མི་འཐད་དེ། སྤྱིར་འགོད་ཚུལ་དེ་ཡང་མི་འཐད། རྟགས་ཆོས་གཉིས་རྫས་གཞན་མིན་པས་འབྲས་རྟགས་སུ་མི་འཐད། ཕྱོགས་ཆོས་གྲུབ་པ་ན་བསྒྲུབ་བྱ་ཡང་གྲུབ་ཟིན་པས་མི་འཐད། རྟགས་ཆོས་གཉིས་པོ་དཔེའི་སྟེང་དུ་འགོད་སྒྲུབ་ཀྱི་ཚུལ་དང་མཐུན་པར་མ་གྲུབ་པས་མི་འཐད་པའི་ཕྱིར་རོ། །ཁ་ཅིག ཡིད་ཆེས་པའི་རྟགས་ཡང་དག་དེ་ལ་འབྲས་རང་མ་དམིགས་པའི་རྟགས་གསུམ་ལས། དང་པོ་ནི། སྤྱི་དང་མཐུན། ཕྱི་མ་གཉིས་ནི། བཀའ་བརྒྱད་སྟོང་པ་ཆོས་ཅན། རང་གི་བསྟན་དོན་ལ་མི་བསླུ་བའི་དངོས་པོ་ཡིན་ཏེ་ཞེས་དང་། རང་གི་བསྟན་དོན་ལ་བསླུ་བའི་དངོས་པོ་མིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་བཞེད་དོ། །དེ་ལ་གཞན་དག་ན་རེ། བཀའ་བརྒྱད་སྟོང་པ་རང་གི་བསྟན་དོན་ལ་མི་བསླུ་བའི་དངོས་པོ་ཡིན་པ་དེ་ཤིན་ལྐོག་ཡིན་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། མིན་པར་ཐལ། དེ་ཚུར་མཐོང་གི་རྒྱུད་ཀྱི་དངོས་སྟོབས་ཚད་མས་གྲུབ་པའི་ཕྱིར་ཏེ། དེ་ཚུར་མཐོང་གི་རྒྱུད་ཀྱི་བཀའ་བརྒྱད་སྟོང་པ་ཐོས་པའི་ཉན་ཤེས་མངོན་སུམ་གྱིས་གྲུབ་པའི་ཕྱིར་ཏེ། ཉན་ཤེས་དེས་བཀའ་བརྒྱད་སྟོང་པ་གྲུབ་པ་གང་ཞིག དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། དེ་ལ་སྔ་མ་ན་རེ། དེ་ཚུར་མཐོང་གི་རྒྱུད་ཀྱི་ཚུལ་ཁྲིམས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་ཚུལ་ཁྲིམས་ཀྱི་བདེ་བ་བསྐྱེད་པའི་ནུས་པ་གྲུབ་པར་ཐལ། དེས་ཚུལ་ཁྲིམས་གྲུབ་པ་གང་ཞིག དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར་ཞེས་ཟེར། འོན་ཀྱང་ལུགས་སྔ་མ་མི་འཐད་དེ། ཡིད་ཆེས་ཀྱི་རྟགས་ལ་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་དུ་གཞུང་གང་ལས་ཀྱང་མ་བཤད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གཞུང་ལས་བསྟན་པའི་ཚུལ། དེའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། སྤྱིར་འབྲས་རང་གི་གཏན་ཚིགས་ལ་དངོས་སྟོབས་ཀྱི་གཏན་ཚིགས་ཀྱིས་མ་ཁྱབ་ཀྱང་། ལེའུ་དང་པོར་ནི་དངོས་སྟོབས་ཀྱིས་བསྡུས་པའི་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་བསྟན་ཏེ། ཚད་མ་གྲུབ་པར་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་སྔ་རོལ་དུ་དངོས་སྟོབས་རྗེས་དཔག་གཏན་ལ་དབབ་དགོས་པར་སློབ་དཔོན་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །འབྲས་རང་གི་རྟགས་ཀྱི་ནང་ཚན་ཡིད་ཆེས་དང་གྲགས་པ་གཉིས་ནི་གཞན་དོན་ལེའུར་བསྟན་ཏེ། དེར་གཞན་དོན་ཕྱོགས་ཡང་དག་ཡིན་ན་ཚད་མ་བཞི་ཆར་གྱིས་མ་བསལ་བ་གཅིག་དགོས་པར་གསུངས་པའི་མངོན་སུམ་དང་དངོས་སྟོབས་རྗེས་དཔག་གིས་གནོད་ཚུལ་མངོན་སུམ་དང་རང་དོན་ལེའུར་རྒྱས་པར་བསྟན་པ་ལ་དགོངས་ནས་འདིར་མ་བཤད་པར་ཡིད་ཆེས་དང་གྲགས་པས་གནོད་ཚུལ་སྐབས་འདིར་ཤིན་ཏུ་རྒྱས་པར་གསུངས་པའི་ཕྱིར་ཏེ། མདོར་བསྟན་དུ། རྗེས་སུ་དཔག་པའི་དབྱེ་བ་ཡིས། །གནོད་པ་དེ་ནི་རྣམ་བཞིར་བཤད། །ཅེས་གསུངས་ནས། རྒྱས་བཤད་དུ། མངོན་སུམ་རྗེས་དཔག་གནོད་ལ་མིན། །ཞེས་གསུངས་པའི་ཕྱིར་རོ། །རྒྱན་མཛད་པ་རྗེས་འབྲང་དང་བཅས་པས་ཡིད་ཆེས་དང་། གྲགས་པའི་གཏན་ཚིགས་གཉིས་འབྲས་རང་གི་གཏན་ཚིགས་ཀྱི་གཟུགས་བརྙན་དུ་གསུངས་པ་ཡང་འདི་ལ་འགྲིག་སྟེ་ལེའུ་དང་པོར་གསུངས་པའི་དངོས་སྟོབས་ཀྱི་གཏན་ཚིགས་གཉིས་ཀྱི་གཟུགས་བརྙན་དུ་གསུངས་པ་ཡིན་གྱི་སྤྱིར་འབྲས་རང་གི་གཏན་ཚིགས་གཉིས་ཀྱི་གཟུགས་བརྙན་དུ་གསུངས་པ་མ་ཡིན་པའི་ཕྱིར། དེས་ན་ཡིད་ཆེས་པའི་རྟགས་ཡང་དག་ཡིན་ན་འབྲས་རྟགས་ཡང་དག་ཡིན་དགོས་ཏེ། རྣམ་འགྲེལ་ལས། དེ་ལ་ཁས་བླངས་འབྲས་རྟགས་ཏེ། །ཞེས་དང་། རྣམ་ངེས་ལས། བདག་གམ་གཞན་དོན་ཇི་ལྟ་བ་བཞིན་མཐོང་བའི་སྒོ་ནས་ངག་འཇུག་པར་འདོད་པ་ཡིད་ཆེས་ཡིན་ཏེ། དེ་ལྟ་བུའི་དོན་གྱིས་དངོས་པོ་མེད་ན་མི་འཇུག་པའི་ཕྱིར། དེའི་འབྲས་བུ་ཡིན་ནོ་ཞེས་གསུངས་པས་སོ། །གཉིས་པ་ལ། མཚན་ཉིད། མཚན་གཞི། དཔྱད་གསུམ་གྱིས་དག་པའི་དོན་དང་གསུམ། དང་པོ་ནི། རང་གི་ཞེ་འདོད་ཀྱི་བསྒྲུབ་བྱ་ཤིན་ལྐོག་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་འབྲས་རྟགས་གང་ཞིག ལུང་གཏན་ཚིགས་སུ་སོང་བ། གཉིས་པ་ནི། བཀའ་བརྒྱད་སྟོང་པ་ཆོས་ཅན། རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། གསུམ་པ་ལ་ཁ་ཅིག མངོན་གྱུར་སྟོན་པ་ལ་མངོན་སུམ་གྱིས་གནོད་པ་མེད་ཅིང་གྲུབ། ལྐོག་གྱུར་སྟོན་པ་ལ་དངོས་སྟོབས་རྗེས་དཔག་གིས་གནོད་པ་མེད་ཅིང་གྲུབ། ཤིན་ལྐོག་སྟོན་པ་ལ་རང་ཚིག་དངོས་ཤུགས་དང་ཁས་བླངས་སྔ་ཕྱི་འགལ་བ་མེད་པའི་ལུང་དེ་དཔྱད་གསུམ་གྱིས་དག་པའི་ལུང་གི་དོན་ཡིན་ཞེས་ཟེར་བ་མི་འཐད་དེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་ན་གཞལ་བྱའི་གནས་གསུམ་ཆར་བརྗོད་བྱར་སྟོན་པས་ཁྱབ་པར་ཐལ་བའི་ཕྱིར་རོ། །ཁ་ཅིག མངོན་གྱུར་སྟོན་ན། མངོན་སུམ་གྱིས་གནོད་པ་མེད་ཞེས་སོགས་སྦྱོར་བ་ཡང་མི་འཐད་དེ། སྒྲ་རྟག་སྟོན་གྱི་ལུང་དེ་ཡང་དཔྱད་གསུམ་གྱིས་དག་པའི་ལུང་དུ་ཐལ་བའི་ཕྱིར་རོ། །དེས་ན་གཞལ་བྱའི་གནས་གསུམ་པོ་གང་རུང་སྟོན་ཅིང་། དེ་སྟོན་པ་ལ་སྐབས་སུ་བབ་པའི་ཚད་མས་གནོད་པ་ཡང་མེད། རང་ཚིག་དངོས་ཤུགས་དང་། ཁས་བླངས་སྔ་ཕྱི་འགལ་བ་ཡང་མེད་པའི་ལུང་དེ་དཔྱད་གསུམ་གྱིས་དག་པའི་དོན་ནོ།། །།གསུམ་པ་གྲགས་རྟགས་འཆད་པ་ལ་གཉིས་ཏེ། གྲགས་རྟགས་མེད་པར་འདོད་པའི་ལུགས་དགག ཡོད་པར་འདོད་པའི་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག་གྲགས་པའི་རྟགས་ཡང་དག་མེད་དེ། དེ་ཡོད་པ་ལ་ལུང་རིགས་གཉིས་ཀྱི་གནོད་པའི་ཕྱིར། ལུང་གིས་གནོད་དེ། སྔར་བཤད་པའི་རྒྱན་རྗེས་འབྲང་དང་བཅས་པ་དང་། ཁ་ཆེ་ཛྙཱ་ན་ཤྲཱིས། ཡིད་ཆེས་འབྲས་རྟགས་དང་། གྲགས་པ་རང་བཞིན་རྟགས་སུ་གསུངས་པ་ནི་དེ་དག་གི་གཟུགས་བརྙན་ཙམ་དུ་བཤད་པའི་ཕྱིར་རོ། །རིགས་པས་ཀྱང་གནོད་དེ། ཡུལ་དེ་ལ་ཚད་མ་མ་ཡིན་ན། དངོས་པོའི་གནས་ཚུལ་དང་མཐུན་པར་ཡུལ་དེ་རྟོགས་པས་མ་ཁྱབ་པར་ཐལ་བ་དང་། དངོས་པོའི་གནས་ཚུལ་བརྡའམ་འདོད་པ་ཙམ་གྱིས་གཞན་དང་གཞན་དུ་བསྒྱུར་ནུས་པར་ཐལ། གྲགས་པའི་རྗེས་དཔག་ཚད་མ་ཡིན་པའི་ཕྱིར་ཞེ་ན། ལུང་གིས་གནོད་པའི་སྐྱོན་མེད་པའི་ཚུལ་ནི་སྔར་བཤད་ཟིན་ཅིང་། རིགས་པས་གནོད་པའི་སྐྱོན་ཡང་མེད་དེ། དངོས་པོའི་གནས་ཚུལ་དང་མཐུན་མི་མཐུན་གྱི་དོན་ལ་གྲུབ་མ་གྲུབ་ལ་བྱེད་དམ། རྒྱབ་རྟེན་ཚད་མ་ཡོད་མེད་ལ་བྱེད། དང་པོ་ལྟར་ན། མཚན་མཚོན་གཅིག་ཐ་དད་འགལ་འབྲེལ་སོགས་ཀྱི་རྣམ་བཞག་རྣམས་ཀྱང་དངོས་པོའི་གནས་ཚུལ་དང་མི་མཐུན་པར་ཐལ། དོན་ལ་མ་གྲུབ་པའི་ཕྱིར། ཕྱི་མ་ལྟར་ན། གྲགས་པའི་རྗེས་དཔག་གིས་ཀྱང་དངོས་པོའི་གནས་ཚུལ་དང་མཐུན་པར་ཡུལ་དེ་རྟོགས་ཏེ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ལ་རྒྱབ་རྟེན་ཚད་མ་ཡོད་པའི་ཕྱིར་རོ། །དངོས་པོའི་གནས་ཚུལ་བརྡའམ་འདོད་པ་ཙམ་གྱིས་བསྒྱུར་དུ་རུང་བའི་སྐྱོན་ཡང་མེད་དེ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ཡིན་པ་དེ། བརྗོད་མི་རུང་དུ་བརྡའམ་འདོད་པས་བསྒྱུར་མི་ནུས་པའི་ཕྱིར། གཉིས་པ་ལ། མཚན་ཉིད། མཚན་གཞི། ཚུལ་གསུམ་ངེས་བྱེད་གསུམ་ལས། དང་པོ་ནི། རང་གི་བསྒྲུབ་བྱའི་གཙོ་བོ་སྒྲ་བྱུང་གི་གྲགས་པ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་རང་བཞིན་གྱི་གཏན་ཚིགས་སོ། །གཉིས་པ་ལ་ཁ་ཅིག དགག་རྟགས་དང་། སྒྲུབ་རྟགས་གཉིས་ལས། དང་པོ་ནི། རི་ཅན་ཆོས་ཅན། ཟླ་སྒྲས་དངོས་དབང་གིས་བརྗོད་དུ་མི་རུང་སྟེ། རྟོག་ཡུལ་ན་ཡོད་པའི་ཕྱིར་ཞེས་ཟེར་བ་ནི་མི་འཐད་དེ། གྲགས་རྟགས་ཡིན་ན་རང་བཞིན་གྱི་གཏན་ཚིགས་ཡིན་པས་ཁྱབ་པར་རྩ་འགྲེལ་ཐམས་ཅད་ལས་བཤད་པའི་ཕྱིར་དང་། རི་ཅན་ཟླ་སྒྲས་དངོས་དབང་གིས་བརྗོད་དུ་མི་རུང་བ་དེ་སྒྲ་བྱུང་གི་གྲགས་པ་མིན་པའི་ཕྱིར། རང་ལུགས་ལ། གྲགས་པ་དངོས་བཏགས་ཕྱེ་བ་དང་། གྲགས་རྟགས་ངོས་བཟུང་བ་གཉིས་ལས། དང་པོ་ནི། གྲགས་པ་མཚན་ཉིད་པ་ཡིན་ན། རྗོད་བྱེད་ཀྱི་སྒྲ་ཡིན་དགོས་ཏེ། དེ་ཡིན་ན་དོན་ཐམས་ཅད་དེས་བརྗོད་རུང་ཡིན་དགོས་པའི་ཕྱིར། དོན་ཐམས་ཅད་རྗོད་བྱེད་ཀྱི་སྒྲས་བརྗོད་རུང་ཡིན་པ་དེ་གྲགས་པ་བཏགས་པ་བ་ཡིན་ཏེ། གྲགས་པའི་ཡུལ་ལ་གྲགས་པའི་མིང་གིས་བཏགས་པ་ཡིན་པའི་ཕྱིར། དཔེར་ན། མངོན་རྗེས་གཉིས་ཀྱི་ཡུལ་གྱིས་གནོད་པ་ལ་མངོན་རྗེས་གཉིས་ཀྱིས་གནོད་ཞེས་བཏགས་པ་བཞིན་ནོ། །དེ་ལྟར་ཡང་། ཐ་སྙད་ལས་ནི་སྐྱེས་པ་ཡི། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད། །མངོན་སུམ་སོགས་ཀྱི་གཞལ་བྱ་ཡང་། །འཇལ་བྱེད་སྒྲ་སྒྲོ་བཏགས་ནས་བརྗོད། །ཅེས་གསུངས་སོ། །གྲགས་པ་བཏགས་པ་བ་འདི་ལ་གཞུང་ལས་སྒྲ་བྱུང་གི་གྲགས་པ་ཞེས་བཤད་དོ། །གཉིས་པ་ལ། ཡུལ་རུང་བར་བསྒྲུབ་པ་དང་། ཡུལ་ཅན་རུང་བར་བསྒྲུབ་པ་གཉིས་ལས། དང་པོ་ནི། རི་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་ཡིན་ཏེ། རྟོག་ཡུལ་ན་ཡོད་པའི་ཕྱིར། གཉིས་པ་ནི། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། དོན་ཐམས་ཅད་ལ་འཇུག་ཏུ་རུང་སྟེ། འདོད་པའི་དབང་གིས་འཇུག་པའི་སྒྲ་ཡིན་པའི་ཕྱིར་ཞེས་པའོ། །གསུམ་པ་ལ་ཕྱོགས་ཆོས་ནི་མངོན་སུམ་གྱི་སྟོབས་ཀྱིས་འགྲུབ་ཅིང་། ཁྱབ་པ་ནི། སྒྲ་དོན་ལ་རང་བཞིན་གྱི་འབྲེལ་པ་གྲུབ་པ་འགོག་པའི་རིགས་པ་རྣམས་ཀྱིས་འགྲུབ་བོ། །བཞི་པ་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། དོན་སྒྲུབ་ཀྱི་གཏན་ཚིགས་ཡང་དག་དང་། ཐ་སྙད་སྒྲུབ་ཀྱི་གཏན་ཚིགས་ཡང་དག་གཉིས། འདི་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག དེ་སྐོར་གྱི་དོན་སྒྲུབ་དང་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་རིམ་བཞིན། དེ་སྐོར་གྱི་རྟགས་ཡང་དག་གང་ཞིག དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན་མཚན་ཉིད་ཀྱང་ཡིན་པའི་གཞི་མཐུན་སྲིད་པ་ཞེས་དང་། དེ་ཡིན་ན་མཚན་ཉིད་ཡིན་དགོས་པ་ཞེས་དང་། དེ་སྐོར་གྱི་རྟགས་ཡང་དག་གང་ཞིག དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན་མཚོན་བྱ་ཡང་ཡིན་པའི་གཞི་མཐུན་སྲིད་པ་ཞེས་དང་། དེ་ཡིན་ན་མཚོན་བྱ་ཡིན་དགོས་པ་ཟེར་ན། སྒྲ་སྐད་ཅིག་མར་མ་ངེས་ཤིང་སྒྲ་མི་རྟག་པར་བསྒྲུབ་དགོས་ཀྱི་ཕྱིར་རྒོལ་གྱི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། མཚན་ཉིད་དང་པོ་གཉིས་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། ཡང་དེ་ཆོས་ཅན། མཚོན་བྱ་ཕྱི་མ་དེར་ཐལ། མཚན་ཉིད་ཕྱི་མ་གཉིས་པོ་དེའི་ཕྱིར། འདོད་ན། དེ་འདྲའི་རྒོལ་བ་ཆོས་ཅན། ཁྱོད་ཀྱི་ངོར་བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་ཐ་སྙད་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མིན་པར་ཐལ། ཁྱོད་སྒྲ་མི་རྟག་པའི་དོན་ལྡོག་མ་ངེས་པའི་རྒོལ་བ་ཡིན་པའི་ཕྱིར། ཁ་ཅིག དོན་འབའ་ཞིག་སྒྲུབ་པ། ཐ་སྙད་འབའ་ཞིག་སྒྲུབ་པ། དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པ་གསུམ་དུ་བྱས་ནས། དང་པོ་ནི། བློ་བདེ་ཆོས་ཅན། གྲུབ་ཙམ་ནས་འཇིག་ངེས་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། གཉིས་པ་ནི། བུམ་པས་དག་པའི་ས་ཕྱོགས་ན་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར། གསུམ་པ་ནི། རྒྱུ། ཁྱབ་བྱེད། མ་དམིགས་པའི་གཏན་ཚིགས་རྣམས་ཡིན་ཞེས་ཟེར་བ་མི་འཐད་དེ། དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན། ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་འགལ་བའི་ཕྱིར་རོ། །ཁ་ཅིག དོན་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་སྨྲས་ཙམ་གྱི་བསྒྲུབ་བྱའི་ཆོས་ཀྱི་ཐ་སྙད་གཙོ་བོར་སྒྲུབ་མི་དགོས་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། དབྱེ་ན་དོན་ཙམ་སྒྲུབ་པ་དང་། དོན་འབའ་ཞིག་སྒྲུབ་པ་གཉིས་ལས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། གཉིས་པ་ནི། སྒྲ་ཆོས་ཅན། གྲུབ་ཙམ་ནས་འཇིག་ངེས་ཡིན་ཏེ། བྱས་པའི་ཕྱིར། ཐ་སྙད་སྒྲུབ་ཀྱི་གཏན་ཚིགས་ཡང་དག་གི་མཚན་ཉིད། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་སྨྲས་ཙམ་གྱི་བསྒྲུབ་བྱའི་ཆོས་ཀྱི་དོན་གཙོ་བོར་སྒྲུབ་མི་དགོས་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། དབྱེ་ན་ཐ་སྙད་ཙམ་སྒྲུབ་པ་དང་། ཐ་སྙད་འབའ་ཞིག་སྒྲུབ་པ་གཉིས་ལས། དང་པོ་ནི། ཤིང་མེད་བྲག་རྫོང་ན་ཆོས་ཅན། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར། གཉིས་པ་ལ། རང་བཞིན་མ་དམིགས་པའི་གཏན་ཚིགས་རྣམས་སོ་ཞེས་ཟེར་རོ། །འོ་ན་བྱས་པ་དེ་སྒྲ་མི་རྟག་པར་བསྒྲུབ་པའི་ཐ་སྙད་ཙམ་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། ཤིང་མེད་དེ་ཤིང་མེད་ཀྱི་བྲག་རྫོང་ཤ་པ་མེད་པར་བསྒྲུབ་པའི་ཐ་སྙད་ཙམ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་དོན་ཙམ་སྒྲུབ་པའི་རྟགས་ཡང་དག་ཡིན་པ་དང་འགལ་ལོ། །གཉིས་པ་ལ། མཚན་ཉིད་དང་། འགལ་མི་འགལ་དཔྱད་པ་དང་། དོན་དང་ཐ་སྙད་ངོས་བཟུང་བ་གསུམ་ལས། དང་པོ་ནི། དོན་སྒྲུབ་གྱི་རྟགས་ཡང་དག་གི་མཚན་ཉིད། སྨྲས་ཙམ་གྱི་རྟགས་ཆོས་ལ་མཚན་མཚོན་གྱི་འབྲེལ་པ་མ་གྲུབ་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། དབྱེ་ན། མཚོན་བྱ་བསྒྲུབ་བྱའི་ཆོས་སུ་བཟུང་བ་དང་། མཚན་ཉིད་བསྒྲུབ་བྱའི་ཆོས་སུ་བཟུང་བ་གཉིས། རིམ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་དང་། བློ་བདེ་ཆོས་ཅན། སྐད་ཅིག་མ་ཡིན་ཏེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། སྨྲས་ཙམ་གྱི་རྟགས་ཆོས་ལ་མཚན་མཚོན་གྱི་འབྲེལ་པ་གྲུབ་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། དེ་ཡང་དགག་པ་ལ་དཔེར་མཚོན་ན། བུམ་དག་གི་ས་ཕྱོགས་ན་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་དང་། སྒྲུབ་པ་ལ་མཚོན་ན་དཀར་ཟལ་ཆོས་ཅན། བ་ལང་ཡིན་ཏེ་ནོག་སོགས་འདུས་པའི་གོང་བུ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། ཁ་ཅིག དེ་གཉིས་མི་འགལ་ཏེ། ལུང་ནི། དེ་ཕྱིར་རྒྱུ་དང་རང་བཞིན་དག །ཅེས་པའི་འགྲེལ་པར། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་དག་ནི་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ་ཞེས་དང་། དེའི་འགྲེལ་བཤད་དུ་ཤཱས། ཡང་ཞེས་བྱ་བ་ནི་དགག་པ་དང་། ཐ་སྙད་གཉིས་ཀ་སྒྲུབ་པར་བྱེད་པའི་ཡང་ངོ་ཞེས་དང་། ཆོས་མཆོག་གིས་ཡང་ཞེས་བྱ་བ་ནི་དགག་པ་དང་ཐ་སྙད་ཀྱིའོ། །འབྲས་བུ་དང་ཁྱབ་པར་བྱ་བ་ལྟར་མི་རུང་བ་ནི་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པས་དངོས་པོ་མེད་པ་དང་དགག་པའི་ཐ་སྙད་གཉིས་ཀ་གོ་བར་བྱེད་ཅེས་གསུངས་པ་དང་། རིགས་པ་ནི་དོན་དང་ཐ་སྙད་གཉིས་ཀ་ལ་རྨོངས་པའི་རྒོལ་བ་ཡོད་པའི་ཕྱིར་ཞེས་འདོད་པ་ནི་མི་འཐད་དེ། མཚན་མཚོན་གཉིས་མི་འགལ་བར་ཐལ། དེ་གཉིས་མི་འགལ་བའི་ཕྱིར། ལུང་གིས་ཀྱང་མི་གནོད་དེ། ལུང་དོན་ནི་མེ་མེད་ཀྱི་རྟགས་ཀྱིས་མེ་མེད་མཚན་དུས་ཀྱི་རྒྱ་མཚོའི་སྟེང་དུ་དུ་བ་མེད་པ་དང་། དུ་བ་ཚད་མས་མ་དམིགས་པ་གཉིས་ཀ་སྒྲུབ་ནུས་ཞེས་པའི་དོན་ཡིན་གྱི། གཏན་ཚིགས་དེ་གཉིས་ཀྱི་གཞི་མཐུན་ཡོད་པར་སྟོན་པ་ནི་མ་ཡིན་ནོ། །གསུམ་པ་ལ་ཁ་ཅིག དོན་མཚན་ཉིད་དང་། ཐ་སྙད་མཚོན་བྱ་ཡིན་ཞེས་ཟེར་བ་མི་འཐད་དེ། དོན་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་ན་བསྒྲུབ་བྱའི་ཆོས་མཚན་ཉིད་ཡིན་མི་དགོས་པའི་ཕྱིར། ཁ་ཅིག དོན་ཡུལ་དང་། ཐ་སྙད་ཡུལ་ཅན་ཞེས་པ་ཡང་མི་འཐད་དེ། ཐ་སྙད་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་ན། བསྒྲུབ་བྱའི་ཆོས་ཡུལ་ཅན་ཡིན་མི་དགོས་པའི་ཕྱིར། རང་ལུགས་ནི། དོན་ལྡོག་རྟགས་སུ་བཀོད་ནས་བསྒྲུབ་པར་བྱ་བའི་མཚོན་བྱ་ནི་ཐ་སྙད་དང་། དོན་ལྡོག་རྟགས་སུ་བཀོད་པ་མ་ཡིན་པའི་བསྒྲུབ་བྱའི་ཆོས་ཐམས་ཅད་ནི་དོན་ཡིན་ནོ། །ལྔ་པ་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན་དགག་རྟགས་ཡང་དག་དང་། སྒྲུབ་རྟགས་ཡང་དག་གཉིས། དང་པོ་ནི། སྔར་བཤད་པའི་མ་དམིགས་པའི་གཏན་ཚིགས་རྣམས་སོ། །ཕྱི་མ་ནི་སྔར་བཤད་པའི་འབྲས་རང་གི་གཏན་ཚིགས་རྣམས་སོ། །དྲུག་པ་འབྲེལ་པའི་སྒོ་ནས་དབྱེ་ན་བདག་གཅིག་གི་འབྲེལ་བ་ལ་བརྟེན་པ་དང་། དེ་བྱུང་གི་འབྲེལ་བ་ལ་བརྟེན་པའི་གཏན་ཚིགས་གཉིས། དང་པོ་ལ། དངོས་འབྲེལ་བདག་གཅིག་གི་འབྲེལ་པ་ལ་བརྟེན་པ་དང་། ལྡོག་འབྲེལ་བདག་གཅིག་གི་འབྲེལ་བ་ལ་བརྟེན་པ་དང་གཉིས། དང་པོ་ནི། རང་བཞིན་གྱི་གཏན་ཚིགས་རྣམས་དང་། གཉིས་པ་ནི། ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་རྣམས་སོ། །གཉིས་པ་ལ། དངོས་འབྲེལ་དེ་བྱུང་འབྲེལ་པ་ལ་བརྟེན་པ་དང་། ལྡོག་འབྲེལ་དེ་བྱུང་འབྲེལ་པ་ལ་བརྟེན་པ་གཉིས། དང་པོ་ནི། འབྲས་རྟགས་རྣམས་དང་། གཉིས་པ་ནི། རྒྱུ་མ་དམིགས་པའི་གཏན་ཚིགས་རྣམས་སོ། །འོ་ན་འགལ་དམིགས་ཀྱི་གཏན་ཚིགས་རྣམས་འབྲེལ་པ་གང་ལ་བརྟེན་ཅེ་ན། མཐར་བདག་གཅིག་གི་འབྲེལ་བ་ལ་བརྟེན་ཏེ། མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་མེད་ངེས་སུ་བསྒྲུབ་པར་མཚུངས་པའི་ཕྱིར་རོ།། །།བདུན་པ་རྟགས་སུ་དགོད་བྱའི་སྒོ་ནས་དབྱེ་ན། མེད་དགག་རྟགས་སུ་སོང་བ་དང་། མ་ཡིན་དགག་རྟགས་སུ་སོང་བ་གཉིས། དང་པོ་ནི། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་རྣམས་སོ། །ཕྱི་མ་ནི་འགལ་ཟླ་དམིགས་པའི་གཏན་ཚིགས་དང་། འབྲས་རང་གི་གཏན་ཚིགས་རྣམས་སོ།། །།བརྒྱད་པ་འགོད་ཚུལ་གྱི་སྒོ་ནས་དབྱེ་ན། འགོད་ཚུལ་ཡིན་འགོད་དང་། ཡོད་འགོད་གཉིས། དང་པོ་ལ་བསྒྲུབ་ཚུལ་ཡིན་བསྒྲུབ་དང་། ཡོད་བསྒྲུབ་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། ཕྱི་མ་ནི་བར་སྣང་གི་དུ་བ་སྔོ་ལོང་བ་ཆོས་ཅན། རང་རྒྱུ་མེ་སྔོན་དུ་སོང་སྟེ། དུ་བ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལ། བསྒྲུབ་ཚུལ་ཡིན་བསྒྲུབ་དང་། ཡོད་བསྒྲུབ་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། ཡོད་པའི་ཕྱིར་ཞེས་དང་། ཕྱི་མ་ནི་དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ།། །།དགུ་པ་རྒོལ་བའི་སྒོ་ནས་དབྱེ་ན། རང་དོན་སྐབས་ཀྱི་རྟགས་ཡང་དག་དང་། གཞན་དོན་སྐབས་ཀྱི་རྟགས་ཡང་དག་གཉིས། དང་པོའི་མཚན་ཉིད། སྔར་རྒོལ་གྱིས་ཕྱིར་རྒོལ་གྱི་ངོར་མ་བཀོད་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། དཔེར་ན་དུ་བ་གློ་བུར་བའི་རྟགས་ལས། དེ་མ་ཐག་ཏུ་མེ་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེ་བའི་ཚེ་དུ་བ་ལྟ་བུའོ། །ཕྱི་མའི་མཚན་ཉིད། སྔར་རྒོལ་གྱིས་ཕྱིར་རྒོལ་གྱི་ངོར་བཀོད་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས་དཔེར་ན་སྔར་རྒོལ་རྣམ་དག་གིས་ཕྱིར་རྒོལ་རྣམ་དག་གི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་བྱས་པ་ལྟ་བུའོ། །ཁ་ཅིག རང་དོན་སྐབས་ཀྱི་རྟགས་ཡང་དག་གིས་རྟགས་ཡང་དག་གི་གོ་མི་ཆོད་དེ། དེའི་ཕྱོགས་ཆོས་སྔར་རྒོལ་དང་། ཕྱིར་རྒོལ་གང་རུང་གིས་མ་གྲུབ་པའི་ཕྱིར། ཁྱབ་སྟེ། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་ནི་མི་འཐད་དེ། ལུང་དེ་ནི་གཞན་དོན་སྐབས་ཀྱི་རྟགས་ཡང་དག་གི་ཕྱོགས་ཆོས་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། གལ་ཏེ། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ཞེས་སོགས་ཀྱི་གཞུང་འདི། གཞན་དོན་སྐབས་ཀྱི་གཏན་ཚིགས་ཁོ་ནའི་དབང་དུ་བྱས་པར་ཐལ། མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཞེས་པའི་གཞུང་འདི་གཞན་དོན་སྐབས་ཀྱི་གཏན་ཚིགས་ཁོ་ནའི་དབང་དུ་བྱས་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །ཞེས་པའི་གཞུང་འདི་གཞན་དོན་སྐབས་ཀྱི་གཏན་ཚིགས་ཁོ་ནའི་དབང་དུ་བྱས་པར་ཐལ། ངོ་བོ་ཚིག་ཕྲད་བདག་ཉིད་འདོད། །ཅེས་པའི་གཞུང་འདི་གཞན་དོན་བསྒྲུབ་བྱ་ཁོ་ནའི་དབང་དུ་བྱས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། བཅུ་པ་བརྗོད་འདོད་ཀྱི་སྒོ་ནས་དབྱེ་ན་སྔ་རབས་པ་ཁ་ཅིག གཏན་ཚིགས་ཡང་དག་ལ་ཆོས་ཅན་གྱི་ངོ་བོ་དང་། ཁྱད་པར་བསྒྲུབ་པའི་གཏན་ཚིགས་ཡང་དག་གཉིས། ཆོས་ཀྱི་ངོ་བོ་དང་ཁྱད་པར་བསྒྲུབ་པའི་གཏན་ཚིགས་ཡང་དག་གཉིས་ཏེ། བཞི་ནི་རིམ་པ་བཞིན། དངོས་མེད་དུ་གྱུར་པའི་ནམ་མཁའ་ཆོས་ཅན། རྟག་སྟེ། འདུས་མ་བྱས་པའི་ཕྱིར། ཕུང་པོའི་སྟེང་གི་མི་རྟག་པ་ཆོས་ཅན། བདག་མེད་ཡིན་ཏེ། བྱས་པའི་ཕྱིར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་པ་ལས་དོན་གཞན་མ་ཡིན་ཏེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ་ཞེས་བཞེད་ཀྱང་འགལ་རྟགས་ལ་ཆོས་ཅན་གྱི་ངོ་བོ་འགོག་པ་སོགས་བཞིར་དབྱེ་བ་འཐད་ན། གཏན་ཚིགས་ཡང་དག་ལ་ཡང་འདི་ལྟ་བུའི་དབྱེ་བ་རུང་ན་ཡང་འགལ་རྟགས་ཀྱི་དབྱེ་བ་བཞི་པོ་དེ་ཉིད་རིགས་གཏེར་ལས་བཀག་པས་འདི་མི་འཐད་དོ། །དེ་ན་རྣམ་ངེས་ལས། འགལ་རྟགས་ཀྱི་སྐབས་སུ། དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱེད་པའི་ཕྱིར། དེས་ཐ་དད་དུ་བྱེད་དོ་ཞེས་གསུངས་པ་ལ་བརྟེན་ནས་རིགས་གཏེར་ལས། དངོས་ཤུགས་ཆོས་དང་ཆོས་ཅན་གྱི། །འགལ་བ་བརྗོད་འདོད་སྟོབས་ཀྱིས་ཡིན། །ཞེས་གསུངས་པའི་དབྱེ་བ་དེ་གཏན་ཚིགས་ཡང་དག་ལ་སྦྱར་ན། ལ་ལར་དངོས་སུ་བརྗོད་པའི་གཏན་ཚིགས་ཡང་དག ལ་ལར་བརྗོད་པའི་ཤུགས་ཀྱིས་གཏན་ཚིགས་ཡང་དག་ཏུ་འགྱུར་བ་དང་། ལ་ལར་ཆོས་བརྗོད་པ་དང་། ལ་ལར་ཆོས་ཅན་བརྗོད་པའི་སྒོ་ནས་གཏན་ཚིགས་ཡང་དག་ཏུ་འགྱུར་བ་བཞི་ནི་རིམ་པ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། བུམ་པ་ཆོས་ཅན། རང་འབྲས་ཐམས་ཅད་ཅིག་ཆར་དུ་བསྐྱེད་བྱེད་མ་ཡིན་ཏེ། རྐྱེན་ལ་ལྟོས་ནས་རང་འབྲས་སྐྱེད་བྱེད་ཡིན་པའི་ཕྱིར། སྒྲ་ཆོས་ཅན། མི་རྟག་པ་ལས་དོན་གཞན་མ་ཡིན་ཏེ། བྱས་པའི་ཕྱིར། མི་རྟག་པའི་སྒྲ་ཆོས་ཅན། ཡོད་དེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་ལྟར་ཡང་། རྣམ་ངེས་ལས། འགལ་བ་བཞིན་དུ་གཏན་ཚིགས་ཀྱང་ཅི་སྟེ་ཐ་མི་དད་ཅེ་ན། རྣམ་པར་དབྱེ་བ་ལ་སུ་ཡིས་འགོག་ཅེས་དང་། དེའི་དོན་རིགས་གཏེར་ལས། ཡང་དག་ལ་ཡང་མཚུངས་ཤེ་ན། །བྱེད་པ་ཆུང་ཕྱིར་བཏང་སྙོམས་མཛད། །ཅེས་གསུངས་སོ། །གཉིས་པ་གཏན་ཚིགས་ལྟར་སྣང་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ལ་ཁ་ཅིག ཚུལ་གསུམ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་བཞག་ནས། ཚུལ་གསུམ་མ་ཡིན་པ་གཏན་ཚིགས་ལྟར་སྣང་གི་མཚན་ཉིད་ཡིན་ཞེ་ན། གཏན་ཚིགས་ཡང་དག་དང་། གཏན་ཚིགས་ལྟར་སྣང་གཉིས་དངོས་འགལ་ཡིན་པར་ཐལ། ཚུལ་གསུམ་ཡིན་པ་དང་མ་ཡིན་པ་གཉིས་དངོས་འགལ་ཡིན་པའི་ཕྱིར། འདོད་ན། གཏན་ཚིགས་ཡང་དག་ཆོས་ཅན། ཁྱོད་གཏན་ཚིགས་ལྟར་སྣང་དང་དངོས་འགལ་མིན་པར་ཐལ། ཁྱོད་སྒྲུབ་པ་གང་ཞིག གཏན་ཚིགས་ལྟར་སྣང་དེ་ཡང་བསྒྲུབ་པ་ཡིན་པའི་ཕྱིར། གལ་ཏེ། མི་རྟག་པ་ཆོས་ཅན། ཁྱོད་རྟག་པ་དང་དངོས་འགལ་མིན་པར་ཐལ། ཁྱོད་བསྒྲུབ་པ་གང་ཞིག རྟག་པ་བསྒྲུབ་པ་ཡིན་པའི་ཕྱིར་ཞེ་ན། ཕྱི་ཟུར་མ་གྲུབ་སྟེ། མི་རྟག་པ་ལས་ལོག་པ་ལ་རྟག་པའི་ཐ་སྙད་འདོགས་པའི་ཕྱིར་རོ། །གལ་ཏེ་དེ་ཆོས་ཅན། ཁྱོད་ཀྱི་མིང་གི་མཐར་དགག་ཚིག་འབྱར་བར་ཐལ། ཁྱོད་དགག་པ་ཡིན་པའི་ཕྱིར་ཞེ་ན། བུམ་པ་མ་ཡིན་པ་མ་ཡིན་པ་ཆོས་ཅན། ཁྱོད་ཀྱི་དངོས་མིང་གི་མཐར་བསྒྲུབ་ཚིག་འབྱར་བར་ཐལ། ཁྱོད་བསྒྲུབ་པ་ཡིན་པའི་ཕྱིར། རང་ལུགས་ནི་ཚུལ་གསུམ་མ་ཚང་བའི་གཏན་ཚིགས་ཏེ། རིགས་གཏེར་ལས། རྟགས་གང་ཚུལ་གསུམ་མ་གྲུབ་པ། །ཞེས་གསུངས་པས་སོ། །གཉིས་པ་ལ། དབྱེ་གཞི། དབྱེ་ངོ་། ཕྱེ་བ་སོ་སོའི་དོན་དང་གསུམ། དང་པོ་ནི། གཏན་ཚིགས་ལྟར་སྣང་ཙམ་མོ། །གཉིས་པ་ལ། དེང་སང་བོད་རྣམས། འབྲས་རང་མ་དམིགས་པའི་གཏན་ཚིགས་ལྟར་སྣང་གསུམ་དུ་བྱས་ནས་མཚན་གཞི་རིམ་བཞིན། དུ་ལྡན་ལ་ལ་ཆོས་ཅན། རྩྭ་སོག་གི་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ལྷན་ཅིག་བྱེད་རྐྱེན་ཆུ་ལུད་དང་བྲལ་བའི་ནས་རྡོག་དང་ལྡན་པའི་ཤར་གཞིར་ཆོས་ཅན། འབྲས་བུ་མྱུ་གུ་འབྱུང་ངེས་ཡིན་ཏེ། ནས་རྡོག་དང་ལྡན་པའི་གཞི་ཡིན་པའི་ཕྱིར། ཚོས་པའི་འབྲས་དང་ཕྲུ་བ་གཅིག་གི་ནང་དུ་ཚུད་པར་མཚུངས་པ་དེ་ཆོས་ཅན། ཚོས་པའི་འབྲས་དང་ཕྲུ་བ་གཅིག་གི་ནང་དུ་ཚུད་པར་མཚུངས་པའི་འབྲས་ལྷག་མ་རྣམས་ཚོས་པར་བསྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་ངེས་ཡིན་ཏེ། དེར་སྐབས་སུ་བབ་པའི་ཕྱིར་རྒོལ་གྱིས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ་ཞེས་ཟེར་བ་མི་འཐད་དེ། ཀ་བ་བུམ་པར་བསྒྲུབ་པ་ལ་སྣམ་བུ་རྟགས་སུ་བཀོད་པ་སོགས་གསུམ་པོ་དེར་མ་འདུས་པའི་གཏན་ཚིགས་ལྟར་སྣང་དཔག་ཏུ་མེད་པ་ཡོད་པའི་ཕྱིར་རོ། །གལ་ཏེ་གཏན་ཚིགས་ཡང་དག་ལ་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་དུ་ཡོད་པས་གཏན་ཚིགས་ལྟར་སྣང་ལ་དེ་གསུམ་གྱིས་ལྟར་སྣང་གསུམ་དུ་དབྱེ་དགོས་སོ་སྙམ་ན། འོ་ན་ངན་སོང་དེ་ལ། ལྷ་དང་ལྷ་མ་ཡིན་དང་། མིའི་ངན་སོང་གསུམ་དུ་དབྱེ་རིགས་པར་ཐལ། བདེ་འགྲོ་ལ་འདི་གསུམ་དུ་འབྱེད་རིགས་པའི་ཕྱིར། དེས་ན་ཕྱོགས་གླང་ཡབ་སྲས་ཀྱིས་མངོན་སུམ་ཡང་དག་ལ་དབང་པོའི་མངོན་སུམ་སོགས་བཞིར་དབྱེ་ཡང་། ལྟར་སྣང་ལ་དབང་པོའི་མངོན་སུམ་སོགས་ཀྱི་དབྱེ་བ་མི་མཛད་པར་རྟོགས་པ་མངོན་སུམ་ལྟར་སྣང་དང་། རྟོགས་མེད་མངོན་སུམ་ལྟར་སྣང་གི་དབྱེ་བ་མཛད་པ་ལྟར་གཏན་ཚིགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་གསུམ་དུ་ཕྱེ་ནས་ལྟར་སྣང་ལ་འགལ་མ་ངེས་མ་གྲུབ་པའི་གཏན་ཚིགས་གསུམ་དུ་དབྱེ་བ་འདི་ནི་གཞུང་གི་དགོངས་པའོ། །གསུམ་པ་ལ་གསུམ་ལས། དང་པོ་མ་གྲུབ་པའི་གཏན་ཚིགས་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ལ། ཁ་ཅིག རྟགས་སུ་བཀོད་པ་གང་ཞིག ཕྱོགས་ཆོས་མ་གྲུབ་པ་ཞེ་ན། རི་བོང་རྭ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པར་ཐལ། དེ་སྐོར་གྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁ་ཅིག ཕྱོགས་ཆོས་མིན་པ་ཞེས་ཟེར་བ་མི་འཐད་དེ། དེ་མཚན་ཉིད་མིན་པའི་ཕྱིར་ཏེ། མཚོན་བྱ་ཡིན་པའི་ཕྱིར། རང་ལུགས་ནི། ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་དེ་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་གི་མཚན་ཉིད། གཉིས་པ་ལ་གསུམ་སྟེ། དོན་ལ་མ་གྲུབ་པ་དང་། བློ་ངོར་མ་གྲུབ་པ་དང་། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པའོ། །དང་པོ་ལ་གསུམ་སྟེ། ཆོས་ཅན་གྱི་ངོ་བོ་མ་གྲུབ་པ། རྟགས་ཀྱི་ངོ་བོ་མ་གྲུབ་པ། དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པའོ། །དང་པོ་ལ་ཡང་གཉིས་ལས། ཐོག་མར་ཆོས་ཅན་གྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ་ནི། བདག་ཆོས་ཅན། ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། ཐམས་ཅད་ལ་ལོངས་སྤྱོད་པ་པོ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་སྲིད་ཀྱང་རྩོད་གཞིར་མ་གྲུབ་པ་ནི། སྒྲ་ཆོས་ཅན། གཉན་བྱ་ཡིན་ཏེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལ་རྟགས་ཀྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ་དང་། སྲིད་ཀྱང་ཤེས་འདོད་དང་མ་འབྲེལ་ནས་མ་གྲུབ་པ་གཉིས་ལས། དང་པོ་ནི། སྐྱེས་བུ་འདི་ཆོས་ཅན། བདག་དང་བཅས་པ་ཡིན་ཏེ། བདག་གི་ཡོན་ཏན་དང་ལྡན་པའི་ཕྱིར་ཞེས་དང་། གཉིས་པ་ལ་གཉིས་ལས། དང་པོ་ངོ་བོ་མ་ཡིན་ནས་མ་གྲུབ་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལྡོག་པ་ཐ་དད་མེད་ནས་མ་གྲུབ་པ་ལ་གཉིས་ལས། གཞི་རྟགས་ཐ་དད་མེད་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་དང་། ཆོས་རྟགས་ཐ་དད་མེད་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །གཞི་ཆོས་ཐ་དད་མེད་པ་ནི། སྔར་གྱི་རྩོད་གཞིར་མ་གྲུབ་པའི་ཁོངས་སུ་འདུས་པ་ལ་དགོངས་ནས་ལོགས་སུ་མ་མཛད་དོ། །གསུམ་པ་དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པ་ལ་གཉིས་ཏེ། རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང་། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པའོ། །དང་པོ་ལ། རིགས་སྤྱི་ཆོས་ཅན་དུ་དང་། ཚོགས་སྤྱི་ཆོས་ཅན་དུ་བཞག་པ་གཉིས་ལས། དང་པོ་ནི། ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཉལ་བའི་ཕྱིར་ཞེས་པ་ལྟ་བུ་སྟེ། ཉལ་བའི་དོན་ལོ་མ་འཁུམ་པ་ལ་བྱེད་ན། ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པའམ། གཉིད་ལོག་པ་ལ་བྱེད་ན་རྟགས་ཀྱི་ངོ་བོ་མ་གྲུབ་པའམ། གྲུབ་མཐའ་ལ་ལྟོས་ནས་ཕྱིར་རྒོལ་ལ་མ་གྲུབ་པ་ཉིད་དོ། །ཡང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་ཞེས་བཀོད་པ་ན་རྩོལ་བྱུང་དེ་སྒྲའི་བྱེ་བྲག་བྱེད་པ་ལྕེ་རྐན་ལས་བྱུང་བའི་སྒྲ་ལ་གྲུབ་ཀྱང་ཆུ་སྒྲ་དང་། རླུང་སྒྲ་སོགས་ལ་མ་གྲུབ་པས་རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པའོ། །གཉིས་པ་ནི། ཚུལ་གསུམ་ཆོས་ཅན། གཏན་ཚིགས་ཡང་དག་ཡིན་ཏེ། འདིས་གཏན་ཚིགས་ཡང་དག་ཏུ་མཚོན་ནུས་པའི་ཕྱིར་ཞེས་བཀོད་པ་ན། ཚུལ་གསུམ་རེ་རེ་བ་ལ་མ་གྲུབ་པ་ལྟ་བུའོ། །གཉིས་པ་ལའང་། རིགས་སྤྱི་རྟགས་སུ་བྱས་པ་དང་། ཚོགས་སྤྱི་རྟགས་སུ་བྱས་པ་གཉིས་ལས། དང་པོ་ལ། གྲུབ་མ་གྲུབ་མཚུངས་པ་ནི་སྒྲ་རྣམས་ཀྱི་སྤྱི་ཆོས་ཅན་དུ་བཟུང་ནས་རྟག་པ་རྟགས་སུ་བཀོད་ན་མ་གྲུབ་པ་བཞིན། རྟག་པ་ཆོས་ཅན་དུ་བཟུང་ནས་བྱས་པ་རྟགས་སུ་བཀོད་ན་ཡང་མ་གྲུབ་པ་ཉིད་དོ། །གྲུབ་པར་མཚུངས་པ་ནི། སྒྲ་ཆོས་ཅན་དུ་བཟུང་ནས་བྱས་པ་རྟགས་སུ་བཀོད་ན་སྒྲའི་བྱས་པ་གྲུབ། སྒྲ་མ་ཡིན་གྱི་བྱས་པ་མ་གྲུབ་ཀྱང་བྱས་ཙམ་གྲུབ་པ་མི་སྐྱོན་པ་བཞིན་སྒྲ་ཙམ་གྱི་ཕྱོགས་གཅིག་ལ་རྩོལ་བྱུང་གྲུབ། ཕྱོགས་གཅིག་ལ་མ་གྲུབ་ཀྱང་རྩོལ་བྱུང་ཙམ་གྲུབ་པས་མི་སྐྱོན་ཞེས་མཚུངས་པ་བརྗོད་པ་བཞིན་ནོ། །གཉིས་པ་ནི། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མངོན་སུམ་ཡིན་ཏེ། རྟོགས་བྲལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་བློ་ངོར་མ་གྲུབ་པ་ལ་གསུམ་སྟེ། ཆོས་ཅན་ལ་ཐེ་ཚོམ་ཟ་བ་དང་། རྟགས་ལ་ཐེ་ཚོམ་ཟ་བ་དང་། དེ་གཉིས་ཀྱི་འབྲེལ་པ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའོ། །དང་པོ་ལ་གཉིས་ལས། ངེས་རུང་མེད་ནས་ཐེ་ཚོམ་ཟ་བ་ནི་ཤ་ཟའི་བུམ་པ་ཆོས་ཅན་དུ་བཞག་པ་དང་། ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་ནི་ནོར་བུའམ་སྒྲོན་མར་མ་ངེས་པ་ན་ནོར་བུ་ཆོས་ཅན་དུ་བཞག་པ་ལྟ་བུ་སྟེ། རྟགས་ཆོས་གང་བཀོད་ཀྱང་འདྲའོ། །གཉིས་པ་ལའང་། ངེས་རུང་མེད་ནས་ཐེ་ཚོམ་ཟ་བ་ནི། བུམ་པ་ཆོས་ཅན། མི་རྟག་སྟེ། འདོད་ཆགས་དང་བྲལ་བས་བྱས་པའི་ཕྱིར་ཞེས་དང་། ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་ནི་དུ་བ་དང་། རླངས་པ་གང་རུང་དུ་མ་ངེས་པའི་ཚེ། སྐྱ་རྫས་དང་ལྡན་པའི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ལ་གཉིས་ལས། ངེས་རུང་མེད་ནས་ཐེ་ཚོམ་ཟ་བ་ནི། སྔོན་གྱི་དགེ་བ་ཆོས་ཅན། ཡོད་དེ། ད་ལྟར་གྱི་བདེ་བའི་རྒྱུ་ཡིན་པའི་ཕྱིར་ཞེས་དང་། ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་ནི། རི་སུལ་གསུམ་གྱི་དབུས་མ་ན་ཆོས་ཅན། རྨ་བྱ་ཡོད་དེ། རྨ་བྱའི་སྒྲ་གྲག་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་རྒོལ་བ་ལ་ལྟོས་པའི་མ་གྲུབ་པ་ལ། སྔར་རྒོལ་ལ་དང་། ཕྱིར་རྒོལ་ལ་མ་གྲུབ་པ་གཉིས་ལས། དང་པོ་ནི། གྲངས་ཅན་པས་བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །འདི་ལ་ཡང་གྲངས་ཅན་ལ་གྲགས་པའི་བློ་བདེ་ཆོས་ཅན་དུ་བཟུང་ན། ཆོས་ཅན་གྱི་ངོ་བོ་མ་གྲུབ་པའི་ཁོངས་སུ་འདུས། བློ་བདེ་ཙམ་ཆོས་ཅན་དུ་འཛིན་ན་སྔར་རྒོལ་ལ་མ་གྲུབ་སྟེ། གྲངས་ཅན་པས་སྔར་ཡོད་གསལ་བ་ལ་སྐྱེ་བ་དང་། སྔར་ཡོད་མི་གསལ་བ་ལ་འཇིག་པའི་དོན་དུ་འདོད་ཀྱི་སྔར་མེད་གསར་དུ་སྐྱེ་བ་ལ་སྐྱེ་བ་དང་། རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་མི་སྡོད་པ་ལ་འཇིག་པར་མི་འདོད་པའི་ཕྱིར་རོ། །གཉིས་པ་ནི་གཅེར་བུ་པས། སངས་རྒྱས་པའི་ངོར་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར་ཞེས་པ་སྟེ། འདི་ལ་ཡང་འཆི་བའི་དོན་ཚེ་དང་སྲོག་འདོར་བ་ལ་བྱེད་ན་རྟགས་ཀྱང་ངོ་བོ་མ་གྲུབ། གྲུབ་མཐའ་ལ་ལྟོས་ནས་ཕྱིར་རྒོལ་སངས་རྒྱས་པ་ལ་མ་གྲུབ་པའོ། །མདོར་ན་རྟགས་སུ་དགོད་བྱའི་དོན་རྩོད་གཞིའི་སྟེང་དུ་རྒོལ་ཕྱིར་རྒོལ་གཉིས་ཀྱི་མཐུན་སྣང་དུ་གྲུབ་ན་སྒྲ་མཐུན་སྣང་དུ་མ་གྲུབ་ཀྱང་ཕྱོགས་ཆོས་གྲུབ་སྟེ། དཔེར་ན་སངས་རྒྱས་པས་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ། འབྱུང་བཞིའི་རྡུལ་ཕྲན་ལ་ལུས་ཅན་གྱི་སྒྲ་བྱེ་བྲག་པ་ལ་མ་གྲུབ་ཀྱང་ལུས་ཅན་གྱི་དོན་རེག་བྱ་ཅན་གྲུབ་པས་རྟགས་ཡང་དག་ཏུ་འགྱུར་བ་བཞིན་ནོ། །དེ་ཡང་བྱེ་བྲག་པས་རྫས་ནི་གཉིས་ཏེ། ཕྱོགས་དང་། དུས་དང་། རྡུལ་ཕྲན་དང་། བདག་དང་། ཡིད་དང་། ནམ་མཁའ་ནི་ཐམས་ཅད་དུ་འགྲོ་བའི་རྫས་ཡིན་ལ། ས་སོགས་ནི་ཐམས་ཅད་དུ་འགྲོ་བ་མ་ཡིན་པའི་རྫས་ཡིན་ནོ། །ཐམས་ཅད་དུ་འགྲོ་བ་མ་ཡིན་པའི་རྫས་ཀྱི་མཚན་ཉིད་ལ་ལུས་ཅན་གྱི་མིང་ཁས་ལེན་ཅིང་། རྡུལ་ཕྲན་ལ་ལུས་ཅན་གྱི་མིང་ཁས་མི་ལེན་པས། མིང་མ་གྲུབ་ཀྱང་རྟགས་ཀྱི་དོན་རེག་བྱ་ཅན་འབྱུང་བཞིའི་རྡུལ་ཕྲན་ལ་ཁས་ལེན་པས་དོན་གྲུབ་པའོ། །རྟགས་ཀྱི་དོན་མ་གྲུབ་ན། སྒྲ་གྲུབ་ཀྱང་གཏན་ཚིགས་ཡང་དག་ཏུ་མི་འགྱུར་ཏེ། སྔར་བཤད་པའི་གྲངས་ཅན་པ་དང་། གཅེར་བུ་པས་སངས་རྒྱས་པའི་ངོར་འགོད་པའི་གཏན་ཚིགས་གཉིས་ལྟ་བུའོ། །མ་གྲུབ་པའི་གཏན་ཚིགས་ཐམས་ཅད་བསྡུ་ན། དོན་ལ་མ་གྲུབ་པ་ལ་གཉིས་ལས་ཕྱེ་བའི་དྲུག བློ་ངོར་མ་གྲུབ་པ་ལ་གསུམ་ལས་ཕྱེ་བའི་དྲུག་སྟེ། བཅུ་གཉིས་སུ་འདུས་ཏེ། ཆོས་དང་ཆོས་ཅན་གྱི་ཕྱོགས་རེ་ལ་མ་གྲུབ་པ་ལ་སྐྱོན་དུ་འགྲོ་བའི་ཆ་རྣམས་ནི་རྟགས་ཀྱི་ངོ་བོ་མ་གྲུབ་པ་ལ་འདུས། གྲུབ་མཐའ་ལ་ལྟོས་པའི་སྐྱོན་དུ་འགྲོ་བའི་ཆ་རྣམས་ནི་ཆོས་ཅན་ན་མ་རྟགས་ཀྱི་ངོ་བོ་མ་གྲུབ་པར་འདུས་པའི་ཕྱིར་རོ། །གཉིས་པ་མ་ངེས་པའི་གཏན་ཚིགས་ལ། མཚན་ཉིད། དབྱེ་བ། མཚན་གཞི་སོ་སོའི་དོན་དང་གསུམ། དང་པོ་ནི། ཁ་ཅིག ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག རང་འབྲས་ཐེ་ཚོམ་སྐྱེད་བྱེད་དང་། ཁ་ཅིག་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག དེ་སྐོར་གྱི་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་བྱེད་ཅེ་ན་མི་འཐད་དེ། མ་ངེས་པའི་གཏན་ཚིགས་ཡིན་ན། རང་འབྲས་ཐེ་ཚོམ་སྐྱེད་བྱེད་ཡིན་མི་དགོས་པའི་ཕྱིར། ཁ་ཅིག དེ་སྐོར་གྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག དེ་སྐོར་གྱི་ཁྱབ་པ་ཕྱིན་ཅི་ལོག་དང་། རྣལ་མ་གང་རུང་དུ་མ་ངེས་པ་ཟེར་ན། མཉན་བྱ་སྒྲ་རྟག་པ་དང་། མི་རྟག་པ་གང་རུང་དུ་བསྒྲུབ་པའི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་འགྱུར་རོ། །ཁ་ཅིག དེ་སྐོར་གྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག དེ་སྐོར་གྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བས་དེ་སྐོར་གྱི་ཁྱབ་པ་ཕྱིན་ཅི་ལོག་དང་རྣལ་མ་གང་རུང་དུ་མ་ངེས་པ་ཞེ་ན། བྱས་པ་ཆོས་ཅན། སྒྲ་རྟག་པར་བསྒྲུབ་པའི་མ་ངེས་པའི་གཏན་ཚིགས་སུ་ཐལ། མཚན་ཉིད་དེའི་ཕྱིར། ཕྱིན་ཅི་ལོག་ཏུ་མ་ངེས་པ་རྟགས་མ་གྲུབ་ན། བྱས་པ་སྒྲ་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་ཆོས་ཅན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཁྱབ་པ་རྣལ་མར་ངེས་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་ངེས་པར་ཐལ། ཁྱོད་ཀྱིས་དེ་སྐོར་གྱི་ཕྱོགས་ཆོས་ངེས་པ་གང་ཞིག དེ་སྐོར་གྱི་ཁྱབ་པ་རྣལ་མར་ངེས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཡིན་ན། སྒྲ་མི་རྟག་པར་བསྒྲུབ་པའི་ཁྱབ་པ་རྣལ་མར་ངེས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་བསྒྲུབ་པའི་ཁྱབ་པ་རྣལ་མར་མ་ངེས་ཅིང་། བྱས་པ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་སུ་སོང་བའི་རྒོལ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རང་ལུགས་ཁྱབ་པའི་ཚུལ་རྣལ་མ་དང་ཕྱིན་ཅི་ལོག་གང་རུང་དུ་མ་ངེས་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས། གཉིས་པ་ལ། གཉིས་སུ་འགྱུར་བའི་ཚུལ། དེའི་རྒྱུ་མཚན་ལ་རྩོད་པ་སྤང་བ། དཔེ་དང་རྩོད་གཞིར་འགྱུར་བའི་ཚུལ་གསུམ། དང་པོ་ལ། མ་ངེས་པའི་གཏན་ཚིགས་ལ། ཤེས་འདོད་ཆོས་ཅན་ལས་གཞན་ལ་མི་འཇུག་པའི་ཚེ། ཐུན་མོང་མ་ཡིན་པའི་གཏན་ཚིགས། གཞན་ལ་འཇུག་པའི་ཚེ་ཐུན་མོང་བའི་གཏན་ཚིགས། གཉིས་པ་ལ་ཁ་ཅིག ཤེས་འདོད་ཆོས་ཅན་ལས་གཞན་པའི་དོན་གང་ལ་བྱེད། ལྡོག་པ་གཞན་ལ་བྱེད་དམ། རྫས་གཞན་ལ་བྱེད། དང་པོ་ལྟར་ན། གཉན་བྱ་སྒྲ་མི་རྟག་པར་བསྒྲུབ་པའི་ཐུན་མོང་མ་ཡིན་པའི་གཏན་ཚིགས་མིན་པར་ཐལ། མཉན་བྱ་སྒྲ་ལས་ལྡོག་པ་གཞན་རྔ་སྒྲ་སོགས་ལ་འཇུག་པའི་ཕྱིར། ཕྱི་མ་ལྟར་ན། བྱས་སྟོང་དེ། སྐད་ཅིག་གིས་སྟོང་པ་དོན་བྱེད་ནུས་པས་སྟོང་པར་བསྒྲུབ་པའི་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཡིན་པར་ཐལ། དེ་སྐད་ཅིག་གིས་སྟོང་པ་ལས་རྫས་གཞན་ལ་མི་འཇུག་པའི་ཕྱིར་ཞེ་ན། དེ་གཉིས་དེའི་དོན་མིན་ཏེ། རྟགས་སུ་གཟུང་བྱ་དེ་ཤེས་འདོད་ལས་གཞན་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་ངེས་པ་ནུས་པ་ལ་ཐུན་མོང་བ་དང་། མི་ནུས་པ་ལ་ཐུན་མོང་མ་ཡིན་པར་འཇོག་པའི་ཕྱིར། གསུམ་པ་ལ། ངོ་བོ་ཐ་དད་ལ་དཔེ་དང་རྩོད་གཞིར་འགྱུར་བའི་ཚུལ་དང་། ངོ་བོ་གཅིག་ལའང་གཞན་སེམས་གྱི་འཇུག་ཚུལ་གྱིས་དཔེ་དང་རྩོད་གཞིར་འགྱུར་བའི་ཚུལ་གཉིས་ལས། དང་པོ་ནི། མེ་དང་མི་རྟག་པ་བསྒྲུབ་པ་ན་ལ་དང་སྒྲ་རྩོད་གཞི་དང་། ཚང་མང་དང་བུམ་པ་དཔེར་འགྱུར་བ་ལྟ་བུའོ། །གཉིས་པ་ལ། ཐ་སྙད་གྲུབ་མ་གྲུབ་ཀྱི་འགྱུར་བ་དང་། སྤྱི་དང་བྱེ་བྲག་གིས་འགྱུར་བ་གཉིས་ལས། དང་པོ་ནི། བུམ་ལྡོག་ཆོས་ཅན། གཞན་སེལ་གྱི་ཐ་སྙད་བྱར་རུང་སྟེ། དངོས་འགལ་བཅད་ནས་འཇུག་པར་བྱ་བ་ཡིན་པའི་ཕྱིར། མི་རྟག་པའི་ལྡོག་པ་བཞིན། གཉིས་པ་ལ་གཉིས་ལས། ཁྱབ་ཆེ་ཆུང་ནི། ཤེས་བྱ་ཙམ་ཆོས་ཅན། རང་བཞིན་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། དཔེར་ན་དངོས་མེད་ཀྱི་ཤེས་བྱ་བཞིན་ནོ་ཞེས་པ་ལྟ་བུའོ། །གལ་ཏེ་སྤྱི་དང་བྱེ་བྲག་རྩོད་གཞི་དང་དཔེར་རུང་ན། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ན། སྒྲ་ཙམ་རྩོད་གཞི་དང་། རྔ་སྒྲ་དཔེར་རུང་བར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། དངོས་མེད་ཀྱི་ཤེས་བྱའི་སྟེང་དུ་སྔར་གྱི་ཁྱབ་འབྲེལ་ངེས་ནས་ཤེས་བྱ་ཙམ་གྱི་སྟེང་དུ་མ་ངེས་པ་ཡོད་པའི་ཕྱིར་དང་། རྔ་སྒྲའི་སྟེང་དུ་མཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་ནས་སྒྲ་ཙམ་གྱི་སྟེང་དུ་མ་ངེས་པ་མི་སྲིད་པའི་ཕྱིར་ཏེ། ཤེས་བྱ་ཙམ་འཛིན་པའི་ཚད་མས་གཅིག་དང་དུ་བྲལ་མི་གྲུབ་ཅིང་། སྒྲ་ཙམ་འཛིན་པའི་ཚད་མས་མཉན་བྱ་འགྲུབ་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲའི་བྱས་པ་ཡིན་པའི་ཕྱིར། དཔེར་ན་རྔ་སྒྲ་བཞིན་ཞེས་པ་ཡང་བྱེ་བྲག་དཔེར་འགྱུར་བའོ། །གཉིས་པ་ཁྱབ་མཉམ་པ་ནི། མངོན་སུམ་ཆོས་ཅན། ཤེས་པ་ཡིན་ཏེ། བེམ་པོ་ལས་ལོག་ནས་རིག་པའི་ངོ་བོར་སྐྱེས་པའི་ཕྱིར། རང་རིག་མངོན་སུམ་བཞིན་ཞེས་བཀོད་པ་ན། མངོན་སུམ་རྩོད་གཞི་དང་། རང་རིག་དཔེར་འགྱུར་བའོ། །མདོར་ན། གཞན་སེལ་གྱི་སྒོ་ནས་བློ་ངོར་གྲུབ་མ་གྲུབ་ཀྱི་ཁྱད་པར་ཡོད་ན། རྫས་དང་ལྡོག་པའམ་སྤྱི་དང་བྱེ་བྲག་གམ། མཚན་ཉིད་དང་མཚོན་བྱ་གང་ཡིན་ཡང་རུང་སྟེ་གང་བློ་ངོར་བསྒྲུབ་སླ་བ་དཔེར་བྱས་ཏེ། དཀའ་བ་རྩོད་གཞིར་འགྱུར་བ་ཐམས་ཅད་ལ་དེ་ལྟར་ཤེས་པར་བྱའོ། །གསུམ་པ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་མ་ངེས་པ་དང་། ཐུན་མོང་གི་མ་ངེས་པའོ། །དང་པོ་ལ་མཚན་ཉིད་ནི། མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མ་མཐོང་བ། དབྱེ་ན། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་མེད་ནས་མ་མཐོང་བ། གཉིས་ཀ་ལ་ཡོད་ཀྱང་མ་མཐོང་བ། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་བཞི་ནི་རིམ་པ་བཞིན། སྒྲ་ཆོས་ཅན་མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་དང་། སྐྱེས་བུ་འདི་ཆོས་ཅན། ལྷ་ལས་ཚེ་འཕོས་ཏེ། མིག་དང་ལྡན་པའི་ཕྱིར་ཞེས་དང་། རིགས་སྒྲ་རྟག་པར་འདོད་པའི་རྒོལ་བའི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། རིག་བྱེད་ཀྱི་སྒྲ་བཞིན་ཞེས་དང་། ནམ་མཁའ་ཆོས་ཅན། རྟག་སྟེ། མ་བྱས་པའི་ཕྱིར། རིག་བྱེད་ཀྱི་སྒྲ་བཞིན་ཞེས་པ་ལྟ་བུའོ། །གཉིས་པ་ལ་མཚན་ཉིད་ནི། མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མཐོང་བ། དབྱེ་ན་དངོས་ཀྱི་མ་ངེས་པ་དང་། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གཉིས། དང་པོའི་མཚན་ཉིད། ཐུན་མོང་གི་མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མཐོང་བ། དབྱེ་ན། ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་མཐོང་བ། མཐུན་ཕྱོགས་ལ་ཁྱབ་བྱེད། མི་མཐུན་ཕྱོགས་ལ་ཆ་གཉིས་སུ་མཐོང་བ། མི་མཐུན་ཕྱོགས་ལ་ཁྱབ་བྱེད། མཐུན་ཕྱོགས་ལ་ཆ་གཉིས་སུ་མཐོང་བ། ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་མཐོང་བ་རྣམས་ནི་རིམ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར་ཞེས་དང་། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར་ཞེས་དང་། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར་དང་། རྟག་སྟེ། རེག་བྱ་ཅན་མིན་པའི་ཕྱིར་ཞེས་པ་ལྟ་བུའོ། །འདི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་དོན་ཡང་། བྱེ་བྲག་པས་འབྱུང་བཞིའི་རྡུལ་ཕྲན་རྟག་པ་དང་རེག་བྱ་ཅན་གྱི་གཞི་མཐུན་དུ་ཁས་བླངས་པའི་དབང་དུ་བྱས་པའོ། །གཉིས་པ་ལ། མཚན་ཉིད་ནི། གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མཐོང་། གཅིག་ཤོས་ལ་མ་མཐོང་བ། དབྱེ་ན་ཡང་དག་ལྷག་ལྡན་དང་། འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གཉིས། དང་པོའི་མཚན་ཉིད། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་ལ་མཐོང་མི་མཐུན་ཕྱོགས་ལ་མ་མཐོང་ཡང་མི་མཐུན་ཕྱོགས་ལ་མེད་པར་མ་ངེས་པའོ། །དབྱེ་ན་མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། མེད་ཀྱང་མི་འགལ་བ། འགལ་ཡང་མ་ངེས་པ་གསུམ་ནི་རིམ་པ་བཞིན། ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ཀུན་མཁྱེན་མ་ཡིན་ཏེ། ངག་སྨྲ་བའི་ཕྱིར། ཁ་ཕྱིར་བལྟས་ཀྱི་སྐྱེས་བུ་འདི་ཆོས་ཅན། སྔོ་སངས་ཡིན་ཏེ། ལྷས་བྱིན་གྱི་བུ་ཡིན་པའི་ཕྱིར། བྱས་པ་དང་རྟག་པ་འགལ་བར་མ་ངེས་པའི་རྒོལ་བའི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མི་མཐུན་ཕྱོགས་ལ་མཐོང་མཐུན་ཕྱོགས་ལ་མ་མཐོང་ཡང་མཐུན་ཕྱོགས་ལ་མེད་པར་མ་ངེས་པའོ། །དབྱེ་ན། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། མེད་ཀྱང་མི་འགལ་བ། འགལ་ཡང་མ་ངེས་པ་གསུམ་ནི་རིམ་པ་བཞིན། སྔར་གྱི་གསུམ་པོ་དེའི་སྒྲུབ་ཆོས་བཟློག་པའོ། །ཡང་མ་ངེས་པའི་གཏན་ཚིགས་སྤྱི་ལ་ལྷག་ལྡན་དུ་འཇོག་པའི་རྒྱུ་མཚན་ནི། བསྒྲུབ་བྱ་ལ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པས་ལྷག་ལྡན་དུ་འཇོག་ལ། སྐབས་འདིའི་ལྷག་ལྡན་ནི་ཡང་དག་དང་འགལ་བར་འགྱུར་བ་ལ་ལྷག་མ་དང་ལྡན་པས་ན་ལྷག་ལྡན་དུ་འཇོག་གོ །གསུམ་པ་འགལ་བའི་གཏན་ཚིགས་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ལ། ཁ་ཅིག དེ་སྐོར་གྱིས་ཕྱོགས་ཆོས་གང་ཞིག དེ་སྐོར་གྱི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ཞེས་པ་ནི་མི་འཐད་དེ། མཉན་བྱ་དེ་སྒྲ་རྟག་པར་བསྒྲུབ་པའི་འགལ་རྟགས་སུ་ཐལ་བའི་ཕྱིར་རོ། །ཁ་ཅིག དེ་སྐོར་གྱིས་ཕྱོགས་ཆོས་གང་ཞིག དེ་སྐོར་གྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་ཀ་ཕྱིན་ཅི་ལོག་ཏུ་ངེས་པ་ཞེས་པ་ཡང་མི་འཐད་དེ། རྩོལ་བྱུང་དེ་དུང་སྒྲ་རྟག་པར་བསྒྲུབ་པའི་འགལ་རྟགས་མིན་པར་ཐལ་བའི་ཕྱིར་རོ། །ཁ་ཅིག དེ་སྐོར་གྱི་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བ་ཞེས་པ་ཡང་མི་འཐད་དེ། རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ་པ་དེ་མཚོན་བྱ་མ་ཡིན་པ་མཚོན་བྱ་མ་ཡིན་པར་བསྒྲུབ་པའི་འགལ་རྟགས་སུ་ཐལ་བའི་ཕྱིར་རོ། །རང་ལུགས་ནི། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག ཁྱབ་པའི་ཚུལ་ཕྱིན་ཅི་ལོག་ཏུ་ངེས་པའོ། །གཉིས་པ་ལ། དངོས་པོའི་སྒོ་ནས་དབྱེ་བ་དང་། བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་དང་། དབྱེ་བ་གཞན་དུ་འདོད་པ་དགག་པ་དང་གསུམ། དང་པོ་ལ། འབྲེལ་བའི་དབང་གིས་གཉིས་སུ་དབྱེ་བ་དང་། སྦྱོར་བ་ལ་ལྟོས་ནས་གསུམ་དུ་དབྱེ་བ་གཉིས། དང་པོ་ནི། རང་བཞིན་འགལ་བ་དང་། འབྲས་བུ་འགལ་བའི་གཏན་ཚིགས་གཉིས་སུ་འདུས་ཏེ། མ་དམིགས་པའི་གཏན་ཚིགས་ཐམས་ཅད་མཐར་བདག་གཅིག་གི་འབྲེལ་པ་ལ་བརྟེན་པས་དེའི་འགལ་བ་ཡང་འབྲེལ་བའི་སྒོ་ནས་རང་བཞིན་འགལ་བར་འདུས་པའི་ཕྱིར་རོ། །དེ་ལ་རང་བཞིན་འགལ་བ་ནི། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། འབྲས་བུ་འགལ་བ་ནི་དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །འདི་ནི་འབྲས་བུ་འགལ་བ་དང་། མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རང་བཞིན་འགལ་བ་གཉིས་ཀྱི་དཔེར་བརྗོད་རྟོགས་པའི་ཆེད་དུ་ཡིན་གྱི། འབྲས་བུ་འགལ་བར་སོང་ཚུལ་ནི་དུང་སྒྲ་ཐོས་པའི་ཉན་ཤེས་མ་འཁྲུལ་བ་ཆོས་ཅན། རང་རྒྱུ་སྒྲ་རྟག་པ་སྔོན་དུ་སོང་སྟེ། རྩོལ་བྱུང་མ་འཁྲུལ་བའི་ཉན་ཤེས་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། གཏན་ཚིགས་ཡང་དག་ལ་སྦྱོར་བའི་སྒོ་ནས་གསུམ་དུ་འབྱེད་ན་དེ་དག་བཟློག་པའི་འགལ་རྟགས་ཀྱང་གསུམ་དུ་འགྱུར་ཏེ། སྔར་གྱི་གཉིས་པོ་དེའི་སྟེང་དུ་བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། སྣང་རུང་གི་བུམ་པ་ཡོད་དེ། སྣང་རུང་གི་བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་རྣམས་སོ། །གཉིས་པ་བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། ཆོས་མཆོག་རྗེས་འབྲང་དང་བཅས་པས་སློབ་དཔོན་གྱིས་དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱེད་པའི་ཕྱིར་དེས་ཐ་དད་དུ་བྱེད་དོ་ཞེས་གསུངས་པའི་དོན་དུ་བསམ་ནས་ཆོས་དང་ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་རྟགས་གཉིས། ཁྱད་པར་འགོག་པའི་འགལ་རྟགས་གཉིས་ཏེ་བཞི་ནི་རིམ་བཞིན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། དངོས་གྱུར་གྱིས་ནམ་མཁའ་ཆོས་ཅན། རྟག་སྟེ། འདུས་མ་བྱས་ཡིན་པའི་ཕྱིར་ཞེས་དང་། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར་ཞེས་དང་། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར་ཞེས་པ་ལྟ་བུའོ། །ཞེས་འདོད་དོ། །དེ་དག་ནི་མི་འཐད་དེ། ཆོས་ཅན་གྱི་ངོ་བོ་འགོག་ན་ཕྱོགས་ཆོས་མི་གྲུབ་ལ། ཕྱོགས་ཆོས་མ་གྲུབ་ན། འགལ་རྟགས་སུ་མི་འཐད་པའི་ཕྱིར་རོ། །དཔེར་བརྗོད་གཞན་གསུམ་པོ་ཡང་མི་འཐད་དེ། འདི་དག་བརྗོད་འདོད་ཀྱི་སྒོ་ནས་ཕྱེ་བ་ཙམ་ཡིན་གྱི། ཆོས་དང་ཆོས་ཅན་གྱི་འགོག་ཚུལ་གྱི་སྒོ་ནས་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འགལ་རྟགས་ལ་བརྗོད་འདོད་ཀྱི་སྒོ་ནས་དབྱེ་ན་བཞི་སྟེ། ལ་ལ་དངོས་སུ་འགལ་བར་བརྗོད་པའི་འགལ་རྟགས། ལ་ལ་བརྗོད་པའི་ཤུགས་ཀྱིས་འགལ་བར་འགྱུར་བའི་འགལ་རྟགས། ལ་ལ་ཆོས་བརྗོད་པའི་འགལ་རྟགས། ལ་ལ་ཆོས་ཅན་བརྗོད་པའི་འགལ་རྟགས་དང་བཞི། དང་པོ་ནི། མི་རྟག་པའི་སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། གཉིས་པ་ནི། རྟག་པ་ཆོས་ཅན། འབྲས་བུ་སྐྱེད་པར་བྱེད་པ་པོ་ཡིན་ཏེ། རིམ་དང་ཅིག་ཅར་གྱི་དོན་བྱེད་ནུས་པས་སྟོང་པའི་ཕྱིར་ཞེས་དང་། གསུམ་པ་དང་བཞི་པ་ནི། སྔར་བཤད་པའི་ཕྱི་མ་གཉིས་པོ་དེ་ཉིད་དོ། །གསུམ་པ་ནི། ཡང་དག་ལ་ཡང་མཚུངས་ཞེ་ན། །བྱེད་པ་ཆུང་ཕྱིར་བཏང་སྙོམས་མཛད། །ཅེས་ཏེ། སྔར་ཡང་དག་གི་དབྱེ་སྒོ་བཅུ་པའི་སྐབས་སུ་བཤད་ཟིན་ཏོ།། །།གསུམ་པ་དབྱེ་བ་གཞན་དུ་འདོད་པ་དགག་པ་ནི། གྲངས་ཅན་པས་མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར། མལ་ཆ་དང་སྟན་ལ་སོགས་པ་བཞིན་ཞེས་པ་དེ་འགལ་རྟགས་གསུམ་པར་ཅིའི་ཕྱིར་མི་འདོད་ཅེ་ན། མིན་ཏེ། ངག་ཏུ་བརྗོད་པ་དང་། ཞེ་བས་འདོད་པ་གཉིས་བསྒྲུབ་བྱར་ཁྱད་པར་མེད་པས་སྔར་གྱི་ཆོས་དང་ཆོས་ཅན་གྱི་འགལ་བ་གཉིས་ཀྱི་ཁོངས་སུ་འདུས་པའི་ཕྱིར་རོ། །གསུམ་པ་གཏན་ཚིགས་དེ་དག་གི་ངེས་པ་བསམ་པ་ལ་གཉིས་ཏེ། མཐའ་གཞན་འགོག་པའི་ངེས་པ། དེ་དག་གི་ནུས་པ་ངེས་པའོ། །དང་པོ་ནི། རྟགས་སུ་བཀོད་ཚོད་ལ་བཞིར་གྲངས་ངེས་ཏེ། རྟགས་ཕྱོགས་ཀྱི་ཆོས་སུ་མ་གྲུབ་པ་དང་། གྲུབ་པ་གཉིས། དང་པོ་ནི། མ་གྲུབ་པའི་རྟགས་ལྟར་སྣང་། གཉིས་པ་ལ་བསྒྲུབ་བྱ་བསྒྲུབ་པར་ངེས་པ། འགོག་པར་ངེས་པ། གཉིས་ཀར་མ་ངེས་པ་དང་གསུམ་ལས། དང་པོ་ནི་ཡང་དག གཉིས་པ་ནི་འགལ་བ། གསུམ་པ་ནི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྟགས་སུ་བཀོད་པ་བཞི་པོ་དེ་ལ་ནུས་པ་ཡང་བཞི་ཡོད་དེ། མ་གྲུབ་པས་ཆོས་ཅན་གྱི་སྟེང་དུ་ཐེ་ཚོམ་ཡང་བསྐྱེད་མི་ནུས། མ་ངེས་པས་ཐེ་ཚོམ། འགལ་བས་མི་འདོད་པའི་ངེས་པ། ཡང་དག་གིས་འདོད་པའི་ངེས་པ་བསྐྱེད་པའི་ཕྱིར་ཏེ། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུས། ཕྱོགས་ལ་མཐུ་མེད་སོམ་ཉི་དང་། །མི་འདོད་འདོད་པའི་ངེས་སྒྲུབ་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་དེས་རྟོགས་པའི་བསྒྲུབ་བྱ་ནི་རིགས་གཏེར་ལས་སྐབས་འདིར་བཤད་ཀྱང་། རབ་བྱེད་ཀྱི་གཞུང་སྙོམས་པའི་ཆེད་དུ་གཞན་དོན་དུ་བཤད་པར་བྱའོ། །འབྲེལ་པ་གཉིས་ལ་བརྟེན་པའི་གཏན་ཚིགས་ལས། །ལྐོག་གྱུར་གཞལ་བྱ་ཆོས་ཅན་ལ་རྟོགས་པ། །རྗེས་དཔག་ཡིན་ཕྱིར་གཏན་ཚིགས་ལྟར་སྣང་རྣམས། །གོལ་ས་བཅད་པའི་ཡན་ལག་ཏུ་ཤེས་བྱ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །རང་དོན་རྗེས་དཔག་བཤད་ཟིན་ཏོ།། །།

གཞན་དོན་རྗེས་དཔག་བཤད་པ།

གཉིས་པ་གཞན་དོན་རྗེས་དཔག་ལ། མདོ་དང་རྣམ་འགྲེལ་ལས། གཞན་དོན་གྱི་ངག་དང་། གཞན་དོན་བསྒྲུབ་བྱ་དང་། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གསུམ་རིམ་པ་བཞིན་བཤད་ཀྱང་། འདིར་རིགས་གཏེར་ལས། གཞན་དོན་བསྒྲུབ་བྱ་གཏན་ཚིགས་ཀྱི་འོག་ཏུ་བཤད་པ་དང་བསྟུན་ནས་འཆད་པ་ལ་གསུམ་སྟེ། བསྒྲུབ་བྱ་བཤད་པ། སྒྲུབ་ངག་བཤད་པ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་བཤད་པའོ། །དང་པོ་ལ་ལྔ་སྟེ། མཚན་ཉིད། རྣམ་གྲངས། སྒྲ་དོན། དབྱེ་བ། སོ་སོའི་དོན་ནོ། །དང་པོ་ནི། སྤྱིར་བསྒྲུབ་བྱ་ལ་རྒྱུ་འབྲས་ཀྱི་དབང་དུ་བྱས་ན་འབྲས་བུ་དང་། མཚན་མཚོན་གྱི་དབང་དུ་བྱས་ན་མཚོན་བྱ་དང་། ཡུལ་ཡུལ་ཅན་གྱི་དབང་དུ་བྱས་ན་ཡུལ་དང་། རྟགས་དང་རྟགས་ཅན་གྱི་དབང་དུ་བྱས་ན་རྟགས་ཅན་ལ་བསྒྲུབ་བྱར་བཞག་པ་སོགས་དུ་མ་ཡོད་པའི་ནང་ནས་འདིར་རྟགས་ཀྱི་བསྒྲུབ་བྱའི་མཚན་ཉིད། རྟགས་ལ་བརྟེན་ནས་དཔག་པར་བྱ་བའོ། །གཉིས་པ་ནི། བསྒྲུབ་བྱ། རྗེས་སུ་དཔག་བྱ། རྟགས་ཀྱི་ནུས་ཡུལ། རྟགས་ཅན། ཕྱོགས། དམ་བཅའ་རྣམས་མིང་གི་རྣམ་གྲངས་ཡིན་ནོ། །གསུམ་པ་ནི། རྟགས་ལས་གོ་བར་བྱ་བས་ན་བསྒྲུབ་བྱ། རྟགས་ལ་བརྟེན་ནས་དཔག་པར་བྱ་བ་ཡིན་པས་ན་རྗེས་སུ་དཔག་བྱ། རྟགས་ཀྱི་ནུས་པ་འཇུག་པའི་ཡུལ་ཡིན་པས་ན་ནུས་ཡུལ། སྒྲུབ་བྱེད་བཀོད་པར་བྱ་བ་ཡིན་པས་ན་རྟགས་ཅན། རྒོལ་བས་ཕྱོགས་སུ་བྱས་པས་ན་ཕྱོགས། རྒོལ་བས་དམ་བཅས་པས་ན་དམ་བཅའ་འོ། །བཞི་པ་ནི། བསྒྲུབ་བྱ་ཡང་དག་དང་། བསྒྲུབ་བྱ་ལྟར་སྣང་ངོ་། །ལྔ་པ་སོ་སོའི་དོན་ལ་གཉིས་ལས། དང་པོ་བསྒྲུབ་བྱ་ཡང་དག་ལ་མཚན་ཉིད་ནི། སྔ་རབས་པ་རྣམས་གྲུབ་བསལ་མེད་ཅིང་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཏེ། གྲུབ་པ་མེད་པ་ནི་རྗེས་དཔག་སྐྱེ་རུང་གི་རྒོལ་བ་མ་གྲུབ་པའོ། །བསལ་བ་མེད་པ་ནི་ཚད་མས་མ་བསལ་བའི་དོན་ནོ། །དཔག་འདོད་ཀྱི་ཡུལ་དུ་བྱས་པ་ནི་རྗེས་དཔག་སྐྱེ་རུང་གི་རྒོལ་བས་ཤེས་འདོད་ཀྱི་ཡུལ་དུ་བྱས་པའོ་ཞེས་བཞེད་དོ། །ཡང་ན་རྟགས་ཡང་དག་ལ་བརྟེན་ནས་དཔག་པར་བྱ་བའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ནོ། །དབྱེ་ན། མུ་བཞིར་དབྱེ་བ་དང་། གསུམ་དུ་དབྱེ་བ་དང་། གཉིས་སུ་དབྱེ་བ་གསུམ། དང་པོ་ནི། ཆོས་དང་ཆོས་ཅན་གཉིས་ཀ་སྒྲུབ་པ། གཉིས་ཀ་དགག་པ། ཆོས་དགག་པ་ལ་ཆོས་ཅན་སྒྲུབ་པ། ཆོས་ཅན་དགག་པ་ལ་ཆོས་སྒྲུབ་པ་བཞི་ནི་རིམ་བཞིན། སྒྲ་དང་མི་རྟག་པའི་ཚོགས་དོན་དང་། བུམ་མེད་དང་དངོས་མེད་ཀྱི་ཚོགས་དོན་དང་། ནམ་མཁའ་དང་དངོས་མེད་ཀྱི་ཚོགས་དོན་དང་། བུམ་མེད་དང་ཤེས་བྱའི་ཚོགས་དོན་ལྟ་བུའོ། །གཉིས་པ་ནི། ཆོས་དང་ཆོས་ཅན་གཉིས་ཀ་དངོས་པོ་ཡིན་པ། གཉིས་ཀ་དངོས་མེད་ཡིན་པ། ཆོས་ཅན་དངོས་པོ་ལ་ཆོས་དངོས་མེད་ཡིན་པ་གསུམ་ནི་རིམ་པ་ལྟར། ལ་དང་མེའི་ཚོགས་དོན་དང་། སྤྱི་མཚན་དང་གཞལ་བྱའི་ཚོགས་དོན་དང་། ཕུང་པོ་དང་བདག་མེད་ཀྱི་ཚོགས་དོན་ལྟ་བུའོ། །ལྟར་སྣང་ལ་ནི། ཆོས་ཅན་དངོས་མེད་ལ་ཆོས་དངོས་པོ་ཡིན་པ་ཡང་དབྱེར་རུང་ངོ་། །གསུམ་པ་ལ་རང་དོན་བསྒྲུབ་བྱ་ཡང་དག་དང་། གཞན་དོན་བསྒྲུབ་བྱ་ཡང་དག་གཉིས། དང་པོའི་མཚན་ཉིད། རང་དོན་སྐབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་དཔག་པར་བྱ་བའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན། དཔེར་ན་དུ་ལྡན་ལ་མེ་ཡོད་དུ་བསྒྲུབ་པ་ལ་དུ་བ་གློ་བུར་བ་རྟགས་ཡང་དག་ཏུ་སོང་བའི་ཚེ་ལ་དང་མེའི་ཚོགས་དོན་ལྟ་བུའོ། །གཉིས་པ་ལ། གཞུང་གཉིས་ལས་བཤད་པའི་མཚན་ཉིད་ཀྱི་ཁྱད་པར། མཚན་གཞི་སྣང་བཏགས་གང་ཡིན་དཔྱད་པ། ཀུན་བཏུས་ལས་གསུངས་པའི་མཚན་ཉིད་བྱེ་བྲག་ཏུ་བཤད་པ་དང་གསུམ་ལས། དང་པོ་ནི། རིགས་གཏེར་ལས། མདོ་ལས་མཚན་ཉིད་ལྔ་ལྡན་གསུངས། །བསྒྲུབ་བྱ་འདོད་པ་རིགས་པའི་སྒོར། །ཞེས་གསུངས་པ་ལྟར། མདོ་ལས། ངོ་བོ་ཁོ་ན་རང་ཉིད་དང་། །འདོད་དང་མ་བསལ་བསྟན་བྱ་བ། །ཞེས་གསུངས་ལ། དེའི་དོན་ལ། ཁ་ཅིག ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་དུ་འདོད་པ་ནི་མི་འཐད་དེ། དེ་ལ་བསྟན་བྱ་བའི་དོན་མ་ཚང་བའི་ཕྱིར་དང་། བསྟན་བྱ་བ་ཁྱད་གཞིར་མ་འབྲེལ་ན་འདོད་པ་ཞེས་པའི་ཚིག་དེས་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡང་དག་ཡིན་པ་གཅོད་ནུས་པས་ཁོ་ན་ཞེས་པའི་ཚིག་ལ་རྣམ་བཅད་དང་ཡོངས་གཅོད་ཀྱི་དགོས་པ་མེད་པའི་ཕྱིར་རོ། །དེས་ན་ངོ་བོ་དོན་སོགས་ཆོས་ལྔ་ཚང་བའི་སྒོ་ནས་བསྟན་པར་བྱ་བ་དེ་མདོའི་དངོས་བསྟན་གྱི་གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཡིན་ནོ། །རིགས་སྒོར་ནི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་གྱུར་པ་འགལ་བའི་དོན་གྱིས་མ་བསལ་བ་དེ་ཡང་ཕྱོགས་ཡིན་ནོ་ཞེས་གསུངས་ལ། དེའི་དོན་ལ། ཁ་ཅིག རྒོལ་བ་རྟོགས་ལྡན་གྱིས་བསྒྲུབ་བྱར་ཁས་བླངས་པའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཟེར་བ་མི་འཐད་དེ། མ་བསལ་བ་དངོས་སུ་གསུངས་པ་དེ་མ་ཚང་བའི་ཕྱིར། གཞན་དུ་ན་མིག་སོགས་བདག་དོན་བྱེད་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེས་ན་རྒོལ་བ་རྟོགས་ལྡན་གྱི་ཞེ་བས་བསྒྲུབ་བྱ་འདོད་པའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་གང་ཞིག ཚད་མས་མ་བསལ་བ་དེ་གཞུང་དེའི་དོན་ཡིན་ཏེ། དེ་ཡང་བསྒྲུབ་པར་བྱ་བ་ཞེས་པས་ཀུན་བཏུས་ཀྱི་ངོ་བོའི་དོན་བསྟན། འདོད་པར་གྱུར་པ་ཞེས་པས་ཀུན་བཏུས་ཀྱི་འདོད་པ་དང་རང་ཉིད་ཀྱི་དོན་བསྟན། མ་བསལ་བ་དངོས་སུ་ཡོད་ཅིང་། ཁོ་ན་ནི་འདིར་སྨོས་མི་དགོས་ཏེ། བསྟན་བྱ་བ་དང་མ་འབྲེལ་བས་འདོད་པ་ཞེས་པའི་ཚིག་དེས་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་ནུས་པའི་ཕྱིར། ཀུན་བཏུས་སུ་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་བཅད་པའི་ཕྱིར་ཁོ་ན་སྨོས་དགོས་ཏེ། ཀུན་བཏུས་ཀྱི་འདོད་པ་དེ་བསྟན་བྱ་བ་དང་འབྲེལ་བས་མ་འོངས་པར་འཁྲིད་པར་བྱེད་ལ་དེས་ན་འདོད་པར་འགྱུར་བར་འགྲོ་ཞིང་དེ་ནི་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེར་རྟགས་མ་གྲུབ་པ་ལ་ཡང་ཡོད་པའི་ཕྱིར་རོ། །གལ་ཏེ་བསྟན་བྱ་བ་སྨོས་པ་ལ་དགོས་པ་མེད་པར་ཐལ། དེ་མ་སྨོས་ན་ཁོ་ན་ཡང་སྨོས་མི་དགོས་པས་ཚིག་ཉུང་བའི་ཡོན་ཏན་ཡོད་པའི་ཕྱིར་ཞེ་ན། དེ་ལ་ཁ་ཅིག ཕྱི་རོལ་མུ་སྟེགས་བྱེད་རང་ལུགས་ཀྱི་སྒྲུབ་བྱའི་མཚན་ཉིད་ལ་ཁ་དྲང་བའི་ཆེད་ཡིན་ཏེ། རིགས་པ་ཅན་པས་བསྒྲུབ་པར་བྱ་བ་བསྟན་པར་བྱ་བ་དེ་བསྒྲུབ་བྱའི་མཚན་ཉིད་དུ་འདོད་པས་རང་འདོད་པའི་མཚན་ཉིད་དང་མཐུན་པར་འདུག་སྙམ་ནས་འཇུག་པར་འགྱུར་བའི་ཕྱིར་ཞེས་ཟེར་རོ། །ཁ་ཅིག རབ་གསལ་བྱེད་ཅེས་པས་སྒྲུབ་ངག་ཡང་དག་གིས་ཕྱོགས་དངོས་སུ་མ་བརྗོད་པར་བསྟན་པ་ན། དེ་བསྟན་པར་བྱ་བ་ཡང་མ་ཡིན་ནམ་ཞེ་ན། བསྟན་པར་བྱ་བ་ནི་ཡིན་ལ། ཇི་ལྟར་ན་ངོ་བོ་ལ་སོགས་པ་ཆོས་ལྔའི་སྒོ་ནས་བསྟན་ཞེས་པའི་དོན་ནོ་ཞེས་ཟེར་རོ། །རང་ལུགས་ནི་འདིར་བསྟན་གྱི་མཚན་ཉིད་ནི་གཞན་དོན་བསྒྲུབ་བྱའི་དབང་དུ་བྱས་པ་ཡིན་པས་སྔ་རྒོལ་གྱིས་ཕྱིར་རྒོལ་ལ་བསྟན་པར་བྱ་བ་ཞེས་པའི་དོན་ནོ། །གལ་ཏེ་གཞན་དོན་བསྒྲུབ་བྱ་ཡང་དག་དེ་མཚོན་བྱ་ཐ་དད་པ་གཉིས་སུ་འགྱུར་ཏེ། དེ་ལ་གཞུང་གཉིས་ནས་བཤད་པའི་མཚན་ཉིད་ཐ་དད་པ་གཉིས་ཡོད་པའི་ཕྱིར་ཞེ་ན། དེའི་ལན་ལ་ཁ་ཅིག ཀུན་བཏུས་ནས་གསུངས་པ་དེ་གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཡིན་ལ། རིགས་སྒོ་ནས་གསུངས་པ་དེ་གཞན་དོན་ཕྱོགས་ཡང་དག་གི་མཚན་ཉིད་ཡིན་པས་སྐྱོན་མེད་ཅེས་པ་ནི་མི་འཐད་དེ། ཀུན་བཏུས་ལས་གསུངས་པ་དེ་ཡང་གཞན་དོན་ཕྱོགས་ཡང་དག་གིས་མཚན་ཉིད་ཡིན་པའི་ཕྱིར་ཏེ། རྒྱུ་ཚོགས་མཚན་ཉིད་གསལ་བྱ་ལ། །ལྟོས་པ་མེད་པར་མ་ཁྱབ་དང་། །ལྡོག་པ་དག་ནི་སྤང་བའི་ཕྱིར། །ཕྱོགས་ཀྱི་མཚན་ཉིད་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ན་དོན་ལྡོག་ཐ་དད་པ་གཉིས་ཡོད་ན་མཚོན་བྱ་གཉིས་སུ་འགྱུར་ཀྱང་རང་ལྡོག་ཐ་དད་པ་གཉིས་ཡོད་པ་ཙམ་གྱིས་མཚོན་བྱ་གཉིས་སུ་མི་འགྱུར་ཏེ། རང་ལྡོག་ཐ་དད་ཀྱང་དོན་ལྡོག་གཅིག་ཏུ་གནས་པ་ཡོད་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་གཞུང་གཉིས་ནས་བཤད་པའི་མཚན་ཉིད་གཉིས་ཀ་ཡང་གཞན་དོན་བསྒྲུབ་བྱ་དང་ཕྱོགས་ཡང་དག་གཉིས་ཀའི་མཚན་ཉིད་དུ་ཤེས་པར་བྱ་སྟེ། དེ་གཉིས་དོན་ལྡོག་གཅིག་ཡིན་པའི་ཕྱིར། དཔེར་ན་མི་བསླུ་བའི་ཤེས་པ་དང་མ་ཤེས་དོན་གསལ་གཉིས་ཀ་ཚད་མ་དང་ཡང་དག་ཤེས་པ་གཉིས་ཀའི་མཚན་ཉིད་ཡིན་པ་བཞིན་ནོ། །འོ་ན་གཞུང་གཉིས་ལས་བརྗོད་ཚུལ་ཐ་དད་པ་གཉིས་འབྱུང་བའི་དོན་གང་ཞེ་ན། ཀུན་བཏུས་ལས་ནི་ལོག་རྟོག་སེལ་བའི་དབང་དུ་བྱས་ནས་མཚན་ཉིད་ཀྱི་ཟུར་རྒྱས་པར་བསྟན་པ་ཡིན་ལ། རིགས་སྒོར་ནི་རིགས་མི་མཐུན་སེལ་བའི་དབང་དུ་བྱས་ནས་བསྡུས་ཏེ་བསྟན་པ་ཡིན་ནོ། །གཉིས་པ་ནི། ཁ་ཅིག ཆོས་དང་ཆོས་ཅན་རང་མཚན་གྱི་ཚོགས་དོན་བསྒྲུབ་བྱའི་མཚན་གཞིར་འདོད་པ་ནི་མི་འཐད་དེ། རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་མི་ནུས་པའི་ཕྱིར། ཁ་ཅིག་སྒྲ་དོན་གྱི་ཚོགས་དོན་བསྒྲུབ་བྱའི་མཚན་གཞིར་འདོད་པ་ཡང་མི་འཐད་དེ། སྒྲ་དོན་རྐྱང་པ་ལ་དགག་སྒྲུབ་བྱས་པས་རང་མཚན་རྟོགས་པར་མི་འགྱུར་བའི་ཕྱིར། དེས་ན་ཆོས་དང་ཆོས་ཅན་གྱི་སྒྲ་དོན་གྱི་ཚོགས་དོན་ལ་རང་མཚན་དུ་འཁྲུལ་པ་བསྒྲུབ་བྱའི་མཚན་གཞི་ཡིན་ཏེ། དེ་ལ་དགག་སྒྲུབ་བྱས་པས་རང་མཚན་རྟོགས་པར་འགྱུར་བའི་ཕྱིར། གསུམ་པ་ལ་གཉིས་ཏེ། རྣམ་གཞག་སྤྱིར་བསྟན་པ་དང་། མ་བསལ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བདུན་ཏེ། མཚན་ཉིད་ཀྱི་ངོ་བོ་ངོས་གཟུང་བ། ཚིག་ལྔའི་རྣམ་བཅད་དང་ཡོངས་གཅོད་ཀྱི་དགོས་པ། ཚིག་ལྔའི་གྲངས་ངེས། གོ་རིམ་ངེས་པ། རྒོལ་ཕྱིར་རྒོལ་གང་གི་དབང་དུ་བྱས་དཔྱད། འདོད་པ་དང་རང་ཉིད་ཀྱི་ཁྱད་པར། འདིར་མ་བསལ་བ་དངོས་སུ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ནི། ངོ་བོའི་དོན་ནི་ཕྱིར་རྒོལ་གྱིས་མ་གྲུབ་པས་བསྒྲུབ་པར་བྱ་དགོས་པའི་ངོ་བོ་ཞེས་པའི་དོན་ནོ། །ཁོ་ནའི་དོན་ནི་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀྱི་ནང་ནས་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པར་བསྒྲུབ་བྱ་ཁོ་ན་ཡིན་ཞེས་པའི་དོན་ནོ། །རང་ཉིད་ཀྱི་དོན་རྒོལ་བ་རང་ཉིད་ཀྱིས་བསྒྲུབ་བྱར་ཁས་བླངས་པ་ཞེས་པའི་དོན་ཡིན་ནོ། །འདོད་པའི་དོན་ནི་ངག་ཏུ་དངོས་སུ་མ་སྨོས་ཀྱང་ཞེ་བས་བསྒྲུབ་བྱར་འདོད་པ་ཞེས་པའི་དོན་ཡིན་ནོ། །མ་བསལ་བའི་དོན་ནི་ཚད་མ་བཞི་ཀས་མ་བཀག་པ་ཞེས་པའི་དོན་ནོ། །གཉིས་པ་ནི། ངོ་བོ་ཞེས་པའི་ཚིག་དེས་རྣམ་བཅད་ལ་ཕྱིར་རྒོལ་གྱིས་སྒྲུབ་ཟིན་པ་གཞན་དོན་བསྒྲུབ་བྱ་ཡང་དག་ཡིན་པ་བཅད་ནས་ཡོངས་གཅོད་ལ་གཞན་དོན་བསྒྲུབ་བྱ་ཡང་དག་ཡིན་ན། དེས་མ་གྲུབ་པ་གཅིག་དགོས་པར་བསྟན་པ་ཡིན་ནོ། །ཁོ་ན་ཞེས་པའི་ཚིག་དེས་རྣམ་བཅད་ལ་མ་གྲུབ་པའི་སྒྲུབ་བྱེད་དེ་ཡིན་པ་བཅད་ནས་ཡོངས་གཅོད་ལ་དེ་ཡིན་ན། བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀྱི་ནང་ནས་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པར་བསྒྲུབ་བྱ་ཁོ་ན་ཡིན་དགོས་པར་བསྟན་ནོ། །རང་ཉིད་ཀྱི་སྒྲའི་དགོས་པ་ལ། རང་ལུགས་གཞག་པ་དང་། གཞན་ལུགས་དགག་པ་གཉིས་ལས། དང་པོ་ནི། རྣམ་བཅད་ལ་རྒོལ་བས་ཁས་མ་བླངས་པའི་ལུང་དོན་ཐམས་ཅད་དེ་ཡིན་པ་བཅད་ནས་ཡོངས་གཅོད་ལ་དེ་ཡིན་ན། རྒོལ་བ་རང་ཉིད་ཀྱིས་ཁས་བླངས་པ་ཅིག་དགོས་པར་བསྟན་ནོ། །གཉིས་པ་ནི། ཕྱོགས་གླང་གི་སློབ་མ་ཁ་ཅིག་ན་རེ། རྒོལ་བ་བསྟན་བཅོས་ལ་འདོད་པ་ཙམ་གྱིས་འཇུག་ལྡོག་བྱེད་པ་ཤེས་པའི་ཆེད་དུ་རང་སྒྲ་སྨོས་པར་འདོད་པ་མི་འཐད་དེ། རྒོལ་བ་མཁས་པས་བསྟན་བཅོས་ལ་འདོད་པ་ཙམ་གྱིས་དེ་བྱེད་པ་ཡང་མ་ཡིན། རྒོལ་བ་རྨོངས་པས་དེ་བྱེད་པ་ཡང་མིན་པའི་ཕྱིར། ཁ་ཅིག་ན་རེ། རྒོལ་ཕྱིར་རྒོལ་གཉིས་ཀ་ལ་རབ་ཏུ་གྲགས་པ་ཆོས་ཅན་ཡིན་པ་ཤེས་པའི་ཆེད་དུ་རང་སྒྲ་སྨོས་པར་འདོད་པ་མི་འཐད་དེ། ཁྱད་གཞིའི་སྟེང་དུ་ཁྱད་ཆོས་ལ་དཔྱད་པ་བྱེད་པའི་སྐབས་ཀྱིས་དེ་རྟོགས་པའི་ཕྱིར། ཁ་ཅིག གྲུབ་ཟིན་པའི་ཆོས་ཅན་བསྒྲུབ་བྱ་མིན་པར་ཤེས་པའི་ཆེད་དུ་རང་སྒྲ་སྨོས་པར་འདོད་པ་ཡང་མི་འཐད་དེ། དེ་ནི་ངོ་བོ་ཞེས་པའི་ཚིག་གིས་རྟོགས་པའི་ཕྱིར། ཁ་ཅིག གྲུབ་མ་ཟིན་པའི་ཆོས་ཅན་བསྒྲུབ་བྱ་མིན་པར་ཤེས་པའི་ཆེད་དུ་རང་སྒྲ་སྨོས་པར་འདོད་པ་ཡང་མི་འཐད་དེ། ཆོས་ཅན་ཚད་མས་མ་གྲུབ་པའི་ཆ་ནས་དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པ་མ་བསལ་བའི་རིགས་མི་མཐུན་ཡིན་པའི་ཕྱིར་དང་། དེ་ཚད་མས་མ་གྲུབ་པའི་ཆ་ནས་ཕྱོགས་ཆོས་མ་གྲུབ་པ་ནི་རྟགས་སྐྱོན་ཡིན་གྱི་ཕྱོགས་སྐྱོན་མིན་པའི་ཕྱིར་རོ། །འདོད་པ་ཞེས་པའི་ཚིག་དེས་རྣམ་བཅད་ལ་གཞན་དོན་བསྒྲུབ་བྱ་ཡིན་ན། ངག་ཏུ་སྨོས་དགོས་པ་རྣམ་པར་བཅད་ནས་ཡོངས་གཅོད་ལ་ངག་ཏུ་མ་སྨོས་ཀྱང་ཞེ་འདོད་ཀྱི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཡིན་ན། གཞན་དོན་བསྒྲུབ་བྱ་ཡིན་པས་ཁྱབ་པར་བསྟན་པ་ཡིན་ནོ། །དེ་ལྟར་འདོད་པའི་རྒོལ་བ་ཇི་ལྟར་སྙམ་ན། གྲངས་ཅན་པས་མིག་སོགས་བདག་དོན་བྱེད་པར་བསྒྲུབ་པར་འདོད་ནས། མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ་ཞེས་བཀོད་པའི་ཚེ་མིག་སོགས་བདག་དོན་བྱེད་པ་བསྒྲུབ་བྱ་ཡིན་ན། ཆོས་དཔེ་ལ་རྗེས་སུ་མི་འགྲོ་བ་དང་རྟགས་དམ་བཅའ་དང་འགལ་བའི་སྐྱོན་བསྟན་གྱི་དོགས་ནས་དེ་དག་ཏུ་མ་སྨོས་པའི་ཕྱིར་བསྒྲུབ་བྱ་མིན་ལ། མིག་སོགས་གཞན་དོན་བྱེད་པ་བསྒྲུབ་བྱ་ཡིན་ནོ་ཞེས་འདོད་དོ། །འདི་ལ་སྦྱོར་བ་ངོས་གཟུང་བ་དང་། དེའི་རྟགས་ཆོས་དོན་གསུམ་ངོས་གཟུང་བ་གཉིས་ལས། དང་པོ་ནི། གྲངས་ཅན་པའི་ལུགས་ལ་སྤྱིར་ཤེས་བྱ་ལ་ཉི་ཤུ་རྩ་ལྔར་གྲངས་ངེས་པའི་དང་པོ་ཉེར་བཞི་ནི་བེམ་པོ། བཟའ་བྱ། ལོངས་སྤྱད་བྱ་གཟུང་དོན་ཡིན་ལ། ཐ་མ་ནི། ཤེས་པ། རིག་པ། བདག སྐྱེས་བུ། མྱོང་བ་པོ། ལོངས་སྤྱོད་པ་པོ། ཟ་བ་པོར་འདོད་དོ། །དེ་ལ་དང་པོ་ཉེར་བཞི་བདག་གི་བཟའ་བྱར་བསྒྲུབ་པར་འདོད་ནས་ཟོལ་སྦྱོར་འདི་ལྟར་འགོད་དེ། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར་ཞེས་ཆོས་ཀྱི་ཁྱད་པར་གྱི་སྒོ་ནས་དང་། མིག་སོགས་འདུས་པ་མིན་པའི་ཡུལ་ཅན་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། དཔེར་ན་མལ་ཆ་དང་སྟན་ལ་སོགས་པ་བཞིན་ཞེས་ཆོས་ཅན་གྱི་ཁྱད་པར་གྱི་སྒོ་ནས་འགོད་པར་བྱེད་དོ། །གཉིས་པ་ལ། རྟགས་དང་། ཆོས་དང་། ཆོས་ཅན་གྱི་དོན་གསུམ་ལས། དང་པོ་ནི། ཁ་ཅིག འདུས་ཤིང་བསགས་པའི་དོན་རྐྱེན་གསུམ་འདུས་པ་ལ་བྱེད་ཟེར་བ་ནི་མི་འཐད་དེ། གྲངས་ཅན་པའི་ཞེ་འདོད་ཀྱི་རྟགས་ཀྱི་ཕྱོགས་ཆོས་མ་གྲུབ་པར་འགྱུར་བའི་ཕྱིར་རོ། །དེས་ན་རྡུལ་དུ་མ་བསགས་པ་ལ་འཐད་དེ། གྲངས་ཅན་གྱིས་ཤེས་བྱ་ཉེར་བཞི་པོ་བེམ་པོར་འདོད་པའི་ཕྱིར་རོ། །གཉིས་པ་ནི་གཞན་དོན་བྱེད་ཅེས་པའི་གཞན་ནི་བེམ་པོ་ལས་གཞན་པའི་ཤེས་པ་སྟེ། བདག་ཤེས་རིག་གི་སྐྱེས་བུ་ལས་འོས་མེད་སྙམ་སུ་སེམས་སོ། །དོན་བྱེད་པ་ནི་དེས་ལོངས་སྤྱོད་པའི་སྒོ་ནས་དེ་ལ་ཕན་འདོགས་པ་སྟེ། མལ་ཆ་དང་སྟན་དཔེར་བཀོད་པ་ལས་ཤེས་སོ། །གསུམ་པ་ནི། ཁ་ཅིག མིག་གི་སོགས་ཁོངས་ནས་དམིགས་རྐྱེན་དང་། དེ་མ་ཐག་རྐྱེན་འདོན་ཏེ་རྐྱེན་གསུམ་ཆོས་ཅན་དུ་གཟུང་བ་ཡིན་ཞེས་འདོད་པ་ནི་མི་འཐད་དེ། གྲངས་ཅན་གྱིས་རྐྱེན་གསུམ་བདག་དོན་བྱེད་པར་བསྒྲུབ་པར་མི་འདོད་པའི་ཕྱིར་རོ། །ཁ་ཅིག ཤེས་བྱ་ཉེར་གསུམ་འདོན་པ་ཡིན་ཞེས་པ་ཡང་སྔར་རྒོལ་ལ་འཐད་ཀྱང་ཕྱིར་རྒོལ་ལ་མི་འཐད་དེ། ཕྱིར་རྒོལ་སངས་རྒྱས་པའི་ངོར་བློའམ་ཆེན་པོ་འདུས་བསགས་མ་ཡིན་པས་ཕྱོགས་ཆོས་མ་གྲུབ་པར་འགྱུར་བའི་ཕྱིར་རོ། །རང་ལུགས་ནི། དབང་པོ་ཕྱི་མ་དགུ། དེ་ཙམ་ལྔ། འབྱུང་བ་བཞི་སྟེ་བཅོ་བརྒྱད་འདོན་པ་ཡིན་ཏེ། འདི་དག་འདུས་བསགས་ཡིན་པར་སངས་རྒྱས་པ་ལ་ཡང་གྲུབ་པས་དེའི་རྟགས་ཀྱིས་བཅུ་དགུ་པོ་བདག་དོན་བྱེད་པར་གྲུབ་པ་ན། ཤེས་བྱ་དང་པོ་གསུམ་པོ་བདག་དོན་བྱེད་པ་ཡང་འབད་མེད་དུ་གྲུབ་བོ་སྙམ་དུ་སེམས་སོ། །ཤེས་བྱ་ཉེར་བཞིའི་ཐོག་མ་སྤྱི་གཙོ་བོ་ཡིན་ཀྱང་འདིར་ཆོས་ཅན་ལ་མིག་གི་དབང་པོ་ནས་བརྩམས་ཏེ། མིག་སོགས་འཛིན་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །མ་བསལ་བ་ཞེས་པའི་ཚིག་དེས་རྣམ་བཅད་ལ་ཚད་མ་བཞི་པོ་གང་རུང་གིས་བསལ་བ་ཞུགས་པ་གཞན་དོན་བསྒྲུབ་བྱ་ཡང་དག་ཡིན་པ་བཅད་ནས་ཡོངས་གཅོད་ལ་ཚད་མ་བཞི་པོ་གང་གིས་ཀྱང་མ་བསལ་བ་ཅིག་དགོས་པར་བསྟན་ནོ། །གསུམ་པ་ནི། གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཀྱི་ཟུར་དེ་ལ་ངོ་བོ་ལ་སོགས་པའི་དོན་ལྔར་གྲངས་ངེས་པ་ཡིན་ཏེ། རིགས་མི་མཐུན་གཙོ་བོར་སེལ་བའི་དབང་དུ་བྱས་ནས་ངོ་བོ་དང་། འདོད་པ་དང་། མ་བསལ་བ་གསུམ་དུ་གྲངས་ངེས། ལོག་རྟོག་གཙོ་བོར་སེལ་བའི་དབང་དུ་བྱས་ནས་ཁོ་ན་དང་རང་ཉིད་གཉིས་སུ་གྲངས་ངེས་པའི་ཕྱིར། གཏན་ཚིགས་དང་པོ་དེ་ཡིན་ཏེ། དེའི་རིགས་མི་མཐུན་དེ་ལ་ཕྱོགས་སུ་མ་བཟུང་བ་དང་། གཟུང་ཡང་ཉེས་པ་དང་འབྲེལ་བ་གཉིས་ལས། དང་པོ་ནི། རྒོལ་བས་ཞེ་བས་བསྒྲུབ་བྱར་མི་འདོད་པ་ཡིན་ལ། དེ་ནི་འདོད་པས་སེལ་ལ། གཉིས་པ་ལ་ཕྱིར་རྒོལ་གྱིས་གྲུབ་ཟིན་པས་བསྒྲུབ་མི་དགོས་པ་དང་། ཚད་མས་བསལ་བ་ཞུགས་པས་བསྒྲུབ་མི་ནུས་པ་གཉིས་ལས། དང་པོ་ནི། ངོ་བོས་སེལ་ལ། གཉིས་པ་ནི་མ་བསལ་བས་སེལ་བའི་ཕྱིར་རོ། །རྩ་བའི་གཏན་ཚིགས་གཉིས་པ་ཡིན་ཏེ། ལོག་རྟོག་དེ་ལ་བསྟན་བྱ་བ་དང་འབྲེལ་བའི་རྒྱུ་མཚན་གྱིས་བསྒྲུབ་བྱར་འགྱུར་རུང་གི་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་རྟོག་དང་། རྒོལ་བས་བསྟན་བཅོས་ཚད་མར་ཁས་བླངས་པས་ལུང་དོན་ཐམས་ཅད་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་རྟོག་གཉིས་ལས། དང་པོ་ནི་ཁོ་ནས་སེལ་ལ། གཉིས་པ་ནི་རང་ཉིད་ཀྱིས་སེལ་བའི་ཕྱིར་རོ། །བཞི་པ་ནི། གཞན་དོན་བསྒྲུབ་བྱའི་ངོ་བོ་ནི་ཕྱིར་རྒོལ་ལ་མ་གྲུབ་པ་ཞིག་ཡིན་པས་ངོ་བོ་ཐོག་མར་སྟོན་ནོ། །འོ་ན་དཔེར་རྟགས་མ་གྲུབ་པ་ཡང་ཕྱིར་རྒོལ་ལ་མ་གྲུབ་པས་སྐབས་ཀྱི་བསྒྲུབ་བྱར་འགྱུར་རོ་ཞེ་ན། དེ་བཅད་པའི་ཆེད་དུ་དེའི་འོག་ཏུ་ཁོ་ན་སྨོས་སོ། །འོ་ན་མིག་སོགས་བདག་དོན་བྱེད་པར་བསྒྲུབ་པར་འདོད་ནས། མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ་ཞེས་སྨྲས་པའི་ཚེ། མིག་སོགས་གཞན་དོན་བྱེད་པ་དེ་བསྒྲུབ་བྱ་ཁོ་ནར་བཟུང་བས་སྐབས་ཀྱི་བསྒྲུབ་བྱར་འགྱུར་རོ་ཞེ་ན། དེ་གཅད་པའི་ཆེད་དུ་དེའི་འོག་ཏུ་འདོད་པ་སྨོས་སོ། །འོ་ན་རྒོལ་བས་ཁས་བླངས་པའི་ལུང་དོན་ཐམས་ཅད་ཞེ་བས་བསྒྲུབ་བྱར་འདོད་པས་སྐབས་ཀྱི་བསྒྲུབ་བྱར་འགྱུར་རོ་ཞེ་ན། དེ་བཅད་པའི་ཆེད་དུ་དེའི་འོག་ཏུ་རང་ཉིད་སྨོས་སོ། །དེས་ན་མདོ་ལས། རང་ཉིད་ཐོག་མར་སྨོས་པ་ནི་སྡེབ་སྦྱོར་གྱི་དབང་གིས་ཡིན་ལ། རྣམ་འགྲེལ་ལས་འདོད་པ་ཐོག་མར་བཤད་པ་ནི་གོ་རིམ་འདི་ཉིད་ཀྱི་དབང་དུ་བྱས་སོ། །འོ་ན་སྒྲ་མཉན་བྱ་མ་ཡིན་པ་དང་། བུམ་པ་རྟག་པ་དང་། སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བ་དང་། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་མ་ཡིན་པར་དམ་བཅས་པའི་ཚེ། སྐབས་ཀྱི་བསྒྲུབ་བྱར་ཁས་བླངས་པས་གཞན་དོན་བསྒྲུབ་བྱ་ཡང་དག་ཏུ་འགྱུར་རོ་ཞེ་ན། དེ་གཅད་པའི་ཆེད་དུ་དེའི་འོག་ཏུ་མ་བསལ་བ་སྨོས་སོ། །ལྔ་པ་ནི། ངོ་བོ་ནི་ཕྱིར་རྒོལ་ཁོ་ནའི་དབང་དུ་བྱས་ཏེ། སྔར་རྒོལ་གྱིས་གྲུབ་ཟིན་པ་ཕྱོགས་ཀྱི་སྐྱོན་མིན་པའི་ཕྱིར། ཁོ་ན་ནི་རྒོལ་ཕྱིར་རྒོལ་གཉིས་ཀའི་དབང་དུ་བྱས་ཏེ། སྔར་རྒོལ་གྱིས་བསྟན་པར་བྱ་བ་བརྗོད་པས་ཕྱིར་རྒོལ་གྱིས་བསྒྲུབ་བྱར་འགྱུར་རུང་གི་དཔེར་རྟགས་མ་གྲུབ་པ་སྐབས་ཀྱི་བསྒྲུབ་བྱར་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་བའི་ཕྱིར། མ་བསལ་བ་ནི་གཉིས་ཀའི་དབང་དུ་བྱས་ཏེ། སྔར་རྒོལ་གྱི་ཚད་མས་བསལ་ན་བསྒྲུབ་འདོད་མེད། ཕྱིར་རྒོལ་གྱི་ཚད་མས་བསལ་ན་ཤེས་འདོད་མེད་པའི་ཕྱིར་རོ། །དྲུག་པ་ནི། ཁ་ཅིག རང་ཉིད་དང་འདོད་པའི་ཁྱད་པར་ཁྱབ་ཆེས་པ་སེལ་བ་དང་། མ་ཁྱབ་པ་སེལ་པ་ཡིན་ནོ་ཞེས་དང་། ཁ་ཅིག ལོག་རྟོག་གི་གནས་དང་། དེའི་ངོ་བོ་སེལ་བ་ལ་འདོད་པ་དང་། ཁ་ཅིག ཁས་མ་བླངས་པ་དང་། ཞེ་བས་མི་འདོད་པ་སེལ་བ་ཡིན་ཞེས་ཟེར་རོ། །གཞན་དག་དེ་ཐམས་ཅད་བཀག་ནས་རང་ལུགས་ལ་འདོད་པས་ངག་ཏུ་དངོས་སུ་སྨོས་ཀྱང་ཞེ་བས་མི་འདོད་པ་བསྒྲུབ་བྱ་མ་ཡིན་གྱི། བསྒྲུབ་བྱ་ཡིན་ན་ཞེ་བས་འདོད་པ་ཅིག་དགོས་པར་བསྟན་པ་ན་རྒོལ་བས་ལུང་ཚད་མར་ཁས་མ་བླངས་ན་དེ་ལྟར་ཡིན་ཀྱང་ལུང་ཚད་མར་ཁས་བླངས་ན་ཞེ་བས་འདོད་མི་འདོད་གང་ཡིན་ཀྱང་ལུང་དོན་ཐམས་ཅད་བསྒྲུབ་བྱར་བྱེད་དགོས་སྙམ་པའི་ལོག་རྟོག་སེལ་བའི་ཆེད་དུ་རང་ཉིད་སྨོས་པ་ཡིན་ཞེས་ཟེར་རོ། །དེ་ལ་ཁྱབ་ཆེས་པ་དང་མ་ཁྱབ་པ་སེལ་བ་དེ་གཉིས་ཀྱི་ཁྱད་པར་དུ་འདོད་པ་འགོག་པ་མི་འཐད་དེ། རང་ཉིད་ཚིག་ཕྲད་ངོ་བོའི་སྒྲ། །མ་བསལ་བ་དང་བཅས་པ་དག །ལྡོག་པ་སེལ་བར་བྱེད་པ་ཡིན། །འདོད་སྒྲས་མ་ཁྱབ་སེལ་བར་བྱེད། །ཅེས་གསུངས་པའི་ཕྱིར། ཁས་མ་བླངས་པ་དང་། ཞེ་བས་མི་འདོད་པ་སེལ་བ་དེ་གཉིས་ཀྱི་ཁྱད་པར་དུ་འདོད་པ་འགོག་པ་ཡང་མི་འཐད་དེ། རང་ལུགས་དེ་དང་ཁྱད་པར་མི་སྣང་བའི་ཕྱིར་དང་། འདོད་པས་མིག་སོགས་གཞན་དོན་བྱེད་པ་ཞེ་བས་མི་འདོད་པ་སྐབས་ཀྱི་བསྒྲུབ་བྱ་མ་ཡིན་པ་དང་། རང་ཉིད་ཀྱིས་ལུང་དོན་ཐམས་ཅད་སྐབས་ཀྱི་བསྒྲུབ་བྱར་ཁས་མ་བླངས་པས་སྐབས་ཀྱི་བསྒྲུབ་བྱ་མ་ཡིན་པར་བསྟན་པའི་ཕྱིར་རོ། །དེས་ན་རང་ལུགས་ཀྱང་གཉིས་པོ་དེ་ཉིད་ཁས་ལེན་དགོས་ཏེ། གཞུང་གི་དོན་དུ་སྣང་བའི་ཕྱིར་རོ། །བདུན་པ་ནི། མདོ་ལས། མཚན་ཉིད་ལྔ་པོ་ཕྱོགས་གཅིག་ཏུ་བསྟན་ན། རྣམ་འགྲེལ་འདིར། ངོ་བོ་ཚིག་ཕྲད་བདག་ཉིད་འདོད། །ཅེས་པའི་སྐབས་སུ་མ་བསལ་བ་དངོས་སུ་མི་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཁ་ཅིག དེའི་རྒྱུ་མཚན་ངོ་བོ་ལ་སོགས་པ་བཞིའི་བསལ་བྱ་རྣམས་ལ་བསྒྲུབ་བྱའི་མཚན་ཉིད་མི་འཇུག་པ་ཙམ་ཡིན་གྱི། ཚད་མས་མི་གནོད་པའི་ཕྱིར་དང་། མ་བསལ་བས་བསལ་བྱ་དེ་ལ་ཚད་མས་གནོད་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། འོ་ན་དེར་ཁོ་ན་དངོས་སུ་མི་འཆད་པ་ལ་རྒྱུ་མཚན་ཡོད་པར་ཐལ། ཁོ་ནའི་བསལ་བྱ་ལ་བསྒྲུབ་བྱར་འགྱུར་རུང་གི་སྒྲུབ་བྱེད་དུ་བཀོད་བཞིན་པ་དགོས་ལ། ངོ་བོ་ལ་སོགས་པ་གཞན་བཞིའི་བསལ་བྱ་ལ་དེ་མི་དགོས་པའི་ཕྱིར་རོ། །ཁ་ཅིག སྐབས་དེར་མ་བསལ་བ་དངོས་སུ་མི་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཁས་བླངས་དེ་ཡང་ཚད་མ་ནི། །ཞེས་སོགས་ཀྱི་སྐབས་སུ་ངོ་བོ་ལ་སོགས་པ་བཞི་དངོས་སུ་མི་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེས་འདྲི། དེ་མ་བསལ་བ་འཆད་པའི་སྐབས་ཡིན་པའི་ཕྱིར་ཞེ་ན། འོ་ན་སྔ་མ་ཡང་ངོ་བོ་ལ་སོགས་པ་བཞི་འཆད་པའི་སྐབས་ཡིན་པའི་ཕྱིར་ཞེས་མཚུངས་པ་བསྒྲེ་ཞེས་ཟེར་བ་མི་འཐད་དེ། ངོ་བོ་ལ་སོགས་པ་བཞི་འཆད་པའི་སྐབས་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེས་པའི་དོགས་པ་སླར་ཡང་སྐྱེ་བའི་ཕྱིར་རོ། །དེའི་ལན་དུ། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པ་རང་རྟེན་ལའོ། །ཞེས་པའི་མདོ་ཚིག་ལོགས་སུ་འཆད་པའི་ཆེད་ཡིན་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། འོ་ན་ངོ་བོ་ཁོ་ན་བསྟན་བྱ་བ་ཞེས་སོགས་ཀྱི་སྐབས་སུ་ཡང་། མ་བསལ་བ་དངོས་སུ་མ་བཤད་པར་དང་པོ་བཞི་ཁོ་ན་འཆད་རིགས་པར་ཐལ། མ་བསལ་བ་སྟོན་བྱེད་ཀྱི་ཚིག་རྐང་གཉིས་པོ་ལོགས་སུ་ཡོད་པའི་ཕྱིར། རང་ལུགས་ནི། མདོ་ནས་བཤད་པའི་ཟུར་དང་པོ་བཞི་དང་། རིགས་སྒོ་ནས་བཤད་པའི་བསྒྲུབ་བྱར་ཁས་བླངས་པ་གཉིས་ཀ་ཡང་གཞན་དོན་བསྒྲུབ་བྱ་ཙམ་གྱི་དབང་དུ་བྱས་པ་ཡིན་ལ། དེ་གཉིས་ཀ་གཞན་དོན་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་ལ་མ་བསལ་བ་དགོས་སོ་ཞེས་ཤེས་པའི་ཆེད་དུ་རྣམ་འགྲེལ་འདིར་ཟུར་དང་པོ་བཞི་ཕྱོགས་གཅིག་ཏུ་བཤད་པ་ཡིན་ཏེ། ཁས་བླངས་དེ་ཡང་ཚད་མ་ནི། །དག་གིས་བཀག་མེད་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར། གཉིས་པ་མ་བསལ་བ་བྱེ་བྲག་ཏུ་བཤད་པ་ལ། ལོག་ཕྱོགས་བསལ་བའི་སྒོ་ནས་བཤད་ན་གསུམ་སྟེ། བརྒལ་བ་དང་། ལན་དང་། དེའི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། མ་བསལ་བའི་དོན་ཚད་མས་མ་བསལ་བ་ལ་བྱེད་ན་སེལ་བྱེད་ཀྱི་ཚད་མ་ལ་མངོན་སུམ་དང་རྗེས་དཔག་གཉིས་སུ་གྲངས་ངེས་སམ་མ་ངེས། མ་ངེས་ན་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་དང་འགལ་ལ། ངེས་ན་སེལ་བྱེད་ཀྱི་ཚད་མ་ལ་མདོ་ལས་བཞིར་བཤད་པ་དང་འགལ་ལོ་ཞེ་ན། གཉིས་པ་ནི་སེལ་བྱེད་ཀྱི་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པས་སྐྱོན་དང་པོ་མེད་ཅིང་། ཕྱི་མ་གཉིས་རྗེས་དཔག་གི་ཁོངས་སུ་འདུས་པས་སྐྱོན་གཉིས་པ་ཡང་མེད་དོ། །གསུམ་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་དོན་དང་གསུམ་ལས། དང་པོ་ལ་ཁ་ཅིག ཚད་མའི་བསལ་བའི་མཚན་ཉིད། ཚད་མས་བཀག་པ་ཟེར་བ་མི་འཐད་དེ། ཁས་བླངས་དེ་ཡང་ཚད་མ་ནི། །དག་གིས་བཀག་མེད་ཡིན་པར་འདོད། །ཅེས་པས་ཚད་མས་བཀག་པ་དེ་ཚད་མའི་བསལ་བའི་མཚན་ཉིད་དུ་སྟོན་པ་མ་ཡིན་གྱི། དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བསྟན་པའི་ཕྱིར། ཁ་ཅིག ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་ཞེས་ཟེར་བ་མི་འཐད་དེ། བུམ་པ་མེད་པ་དེ་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དེ་བུམ་པ་ཡོད་པའི་འགལ་ཟླ་དངོས་ཡིན་པའི་ཕྱིར་ཏེ། དེ་དེ་དང་དངོས་འགལ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ཚད་མས་གྲུབ་པའི་ཕྱིར། རང་ལུགས་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་ཟླ་གྲུབ་པའོ། །གལ་ཏེ་བུམ་པ་མེད་པ་དེ་མཚོན་བྱ་དེར་ཐལ། དེ་མཚན་ཉིད་དེའི་ཕྱིར་ཏེ། བུམ་པ་ཡོད་པ་དེས་དེ་དངོས་སུ་སེལ་ནུས་པའི་ཕྱིར་ཞེ་ན། གཏན་ཚིགས་མ་གྲུབ་སྟེ། དེ་གཉིས་ཀ་ལ་རྒྱབ་རྟེན་གྱི་ཚད་མ་ཡོད་པའི་ཕྱིར། གཉིས་པ་ལ། དམ་བཅའི་ཚུལ་གྱི་སྒོ་ནས་དབྱེ་བ་དང་། སེལ་བྱེད་ཀྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ་ཆོས་ཀྱི་ངོ་བོ་འགོག་པའི་དམ་བཅའི་ཞེན་དོན། ཆོས་ཀྱི་ཁྱད་པར། ཆོས་ཅན་གྱི་ཁྱད་པར། ཆོས་ཅན་རང་གི་ངོ་བོ། དེ་གཉིས་ཀ་འགོག་པའི་དམ་བཅའི་ཞེན་དོན་དང་ལྔ་ནི་རིམ་བཞིན། སྒྲ་མཉན་བྱ་མ་ཡིན་པ་དང་། ཡན་ལག་དེ་ཆོས་གསུམ་ལྡན་གྱི་ཡན་ལག་ཅན་ལས་རྫས་གཞན་ཡིན་པ་དང་། ཆོས་གསུམ་ལྡན་གྱི་ཡན་ལག་ཅན་དེ་རང་གི་ཡན་ལག་ལས་རྫས་གཞན་ཡིན་པ་དང་། ཆོས་གསུམ་ལྡན་གྱི་ཡན་ལག་ཅན་ཡོད་པ་དང་། ངག་ཐམས་ཅད་བརྫུན་པའི་དོན་ཅན་ཡིན་པ་ལྟ་བུའོ། །འདི་ནི་ལྷ་ཤཱཀ་གིས་བཞེད་པ་ཡིན་ལ། རྒྱན་མཁན་པོས་ནི། ཆོས་ཀྱི་ཁྱད་པར་དང་། ཆོས་ཅན་གྱི་ཁྱད་པར་ལ་གནོད་པའི་དམ་བཅའི་ཞེན་དོན་སྔ་མ་ལས་བཟློག་སྟེ་ངོས་འཛིན་པ་ནི་མི་འཐད་དེ། ཀུན་བཏུས་ལས་དེ་ལྟར་དུ་གསུངས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ལ། དབྱེ་གཞི། དབྱེ་ངོ་། གང་གིས་འབྱེད་པའི་རྒྱུ་མཚན། ཇི་ལྟར་ཕྱེ་བའི་དོན། གྲངས་དང་གོ་རིམ་ལ་དོགས་པ་བཅད་པ་དང་ལྔ་ལས། དང་པོ་ནི། ཚད་མའི་བསལ་བ་ཙམ་མོ། །གཉིས་པ་ནི། རིགས་སྒོར་མངོན་སུམ་དང་། དངོས་སྟོབས་རྗེས་དཔག་དང་། ཁས་བླངས་དང་། རང་ཚིག་དང་། གྲགས་པའི་བསལ་བ་དང་ལྔར་བཤད་ལ། ཀུན་བཏུས་ལས་ཁས་བླངས་དང་རང་ཚིག་གཉིས་ཡིད་ཆེས་ཞེས་གཅིག་ཏུ་བསྡུས་ནས་བཞིར་བཤད་དོ། །འོ་ན་དེ་གཉིས་གཅིག་ཏུ་སྡུད་པའི་རྒྱུ་མཚན་གང་ཞེ་ན། ཁ་ཅིག རང་ཚིག་རྣམ་དག་དང་ལུང་ཚིག་རྣམ་དག་གཉིས་ཀ་ཡང་ཀུན་སློང་གི་བསམ་པ་དཔོག་པ་འབྲས་རྟགས་ཡང་དག་ཡིན་པར་མཚུངས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། རང་ཚིག་རྣམ་དག་དེ་རང་ངོར་ཀུན་སློང་གི་བསམ་པ་དཔོག་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བ་མི་སྲིད། གཞན་ངོར་རང་ཚིག་ཏུ་འགྱུར་བ་མི་སྲིད་པའི་ཕྱིར། རང་ལུགས་ནི། ཀུན་བཏུས་སུ་དེ་གཉིས་གཅིག་ཏུ་བསྡུས་པ་ལ་རྒྱུ་མཚན་ཡོད་དེ། ཚིག་གཉིས་ཀ་རྒོལ་བ་གཅིག་ཉིད་ཀྱི་ཡིད་ཆེས་ཀྱིས་གནས་སུ་མཚུངས་པར་གོ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། རྒོལ་བ་བདག་ཉིད་དོན་དེ་ལ་ཚད་མར་ཁས་མི་ལེན་ན་རང་ཚིག་རྣམ་དག་སྨྲ་བ་ལ་འཇུག་པར་མི་འགྱུར་བ་དེ་དང་བསྟན་བཅོས་དེ་ལུང་ཚད་མར་ཁས་མི་ལེན་ན་དེར་གྲགས་པའི་དོན་ལ་དཔྱད་པ་མི་འཇུག་པ་གཉིས་པོ་དེ་མཚུངས་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། སེལ་བྱེད་ཀྱི་སྒོ་ནས་བཞིར་འབྱེད་པ་ཡིན་ཏེ། སེལ་བྱེད་ལ་མངོན་གྱུར་རྟོགས་པའི་སྒོ་ནས་སེལ་བ་དང་། ལྐོག་གྱུར་རྟོགས་པའི་སྒོ་ནས་སེལ་བ་གཉིས་ལས། དང་པོའི་དབང་དུ་བྱས་ནས་མངོན་སུམ་གྱི་བསལ་བ། གཉིས་པ་ལ་ལྐོག་གྱུར་རྟོགས་པ་ནི་རྗེས་དཔག་ཡིན་ལ། དེ་ཡང་ཕྱོགས་ཆོས་དང་ཁྱབ་པ་ངེས་པ་ལས་སྐྱེ་ཞིང་དེ་ལ་ཁྱབ་པ་དངོས་སྟོབས་ཀྱིས་གྲུབ་པ་དང་། ཁས་བླངས་ཀྱིས་གྲུབ་པ་གཉིས་ལས། དང་པོའི་རྟགས་ལ་བརྟེན་པའི་རྗེས་དཔག་གི་བསལ་བ་ལ། དངོས་སྟོབས་རྗེས་དཔག་གི་བསལ་བ་དང་། གཉིས་པ་ལ་ཁྱབ་པ་འགྲོ་བ་ཐམས་ཅད་ཀྱིས་ཁས་བླངས་པ་དང་རྒོལ་བ་རང་ཉིད་ཀྱིས་ཁས་བླངས་པ་གཉིས་ལས། དང་པོའི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་བསལ་བ་ལ་གྲགས་པའི་བསལ་བ། གཉིས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གི་བསལ་བ་ལ་ཡིད་ཆེས་ཀྱི་བསལ་བར་འཇོག་པའི་ཕྱིར་རོ། །བཞི་པ་ནི། བསལ་བ་བཞི་པོ་དེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང་། གཅིག་པ་བཀག་པའི་ཐ་དད་དང་། རྣམ་གྲངས་ཀྱི་ཐ་དད་གསུམ་པོ་གང་ཡང་མིན་ཏེ། སེལ་བྱེད་ཀྱི་སྒོ་ནས་སོ་སོ་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར་རོ། །འོ་ན་ཁས་བླངས་རང་གི་ཚིག་སོགས་ཀྱིས། །ཞེས་ཚད་མ་བཞི་ཆར་གྱིས་གནོད་ཡུལ་གཅིག་ཉིད་ལ་གནོད་པར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཆོས་ཀྱི་ངོ་བོ་འགོག་པའི་སྐབས་འདིར་ཞེ་འདོད་སོ་སོར་དམ་བཅས་པ་ཡིན་པས་ཚད་མ་བཞི་ཆར་གྱིས་གནོད་ཡུལ་གཅིག་ལ་གནོད་པ་མི་སྲིད་ལ། ཆོས་ཀྱི་ཁྱད་པར་འགོག་པ་ལ་སོགས་པའི་སྐབས་སུ་ནི་ཞེ་འདོད་གཅིག་ཉིད་ལ་དམ་བཅའ་ཚུལ་མི་འདྲ་བ་དམ་བཅས་པས་ཚད་མ་བཞི་ཆར་གྱིས་གནོད་ཡུལ་གཅིག་ཉིད་ལ་གནོད་པ་སྲིད་པའི་ཕྱིར། ལྔ་པ་ནི། མདོར། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པ་རང་བརྟེན་ལའོ། །ཞེས་བསལ་བ་བཞིར་བཤད་པ་ལས། འདིར་གྲགས་ཡིད་ཀྱི་བསལ་བ་རྒྱས་པར་བཤད་ནས་མངོན་སུམ་དང་། དངོས་སྟོབས་རྗེས་དཔག་གི་བསལ་བ་རྒྱས་པར་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། འདིར་གནོད་ཚུལ་རྒྱས་པར་འཆད་པའི་སྐབས་ཡིན་ལ། དངོས་སྟོབས་རྗེས་དཔག་དང་མངོན་སུམ་གྱིས་གནོད་ཚུལ་ནི་རང་དོན་དང་མངོན་སུམ་གྱི་ལེའུར་བཤད་ཟིན་པའི་ཕྱིར་རོ། །འོན་ཀྱང་མངོན་སུམ་གྱིས་གནོད་ཚུལ་ཅུང་ཟད་བཤད་པ་ནི། མདོར། དོན་དང་མཉན་བྱ་སྨོས་པའི་དགོས་པ་བྱེ་བྲག་ཏུ་བཤད་པའི་ཆེད་ཡིན་ནོ། །མདོར། སྐབས་འདིར་བསལ་བ་བཞི་ཆར་གསུངས་པ་ནི་བསལ་བའི་དབྱེ་བ་དང་མཚན་གཞི་ཙམ་ངོས་འཛིན་པའི་སྐབས་ཡིན་པས་ལེའུ་གོང་མ་གཉིས་དང་ཟློས་པའི་སྐྱོན་མེད་དོ། །མདོར། མངོན་སུམ་གྱི་བསལ་བ་དང་པོར་གསུངས་ཀྱང་འདིར་གྲགས་ཡིད་ཀྱི་བསལ་བའི་འོག་ཏུ་མངོན་སུམ་གྱི་བསལ་བ་འཆད་པའི་རྒྱུ་མཚན་ནི། མངོན་སུམ་གྱི་གནོད་ཚུལ་རྒྱས་པ་ནི་མངོན་སུམ་ལེའུར་བཤད་ཟིན་ཅིང་རྩ་བར་ཡང་དོན་དང་འགྲེལ་པར་མཉན་བྱ་སྨོས་པའི་སྒོ་ནས་ཅུང་ཟད་བཤད་དུ་ཡོད་པ་ནི་གྲགས་ཡིད་ཀྱི་གནོད་ཚུལ་རྒྱས་པར་བཤད་པ་ལས་འཕྲོས་དགོས་པའི་ཕྱིར་ཏེ། གཞུང་དོན་གྱི་སྐབས་སུ་འབྱུང་ངོ་། །གསུམ་པ་སོ་སོའི་དོན་ལ་གཉིས་ཏེ། ཆོས་ཀྱི་ངོ་བོ་འགོག་པའི་དམ་བཅའི་དོན་བཤད་པ། ཆོས་ཀྱི་ཁྱད་པར་འགོག་པ་སོགས་ཀྱི་དམ་བཅའི་དོན་བཤད་པའོ། དང་པོ་ལ་ལྔ་སྟེ། མངོན་སུམ་དང་། དངོས་སྟོབས་རྗེས་དཔག ཡིད་ཆེས་གྲགས་པའི་བསལ་བ། རང་རྟེན་སྨོས་པའི་དགོས་པའོ། །དང་པོ་ལ། མཚན་ཉིད། མཚན་གཞི། རང་བཞིན་གཏན་ལ་དབབ་པ་དང་གསུམ་ལས། དང་པོ་ལ། ཁ་ཅིག མངོན་སུམ་གྱིས་བཀག་པ་དང་། མངོན་སུམ་ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་ཞེས་ཟེར་བ་ནི་སྔར་གྱི་རིགས་པས་ཁེགས་སོ། །རང་ལུགས་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་ཟླ་ཚུར་མཐོང་གི་མངོན་སུམ་གྱིས་གྲུབ་པའོ། །གཉིས་པ་ནི། སྒྲ་མཉན་བྱ་མིན་པ་ལྟ་བུའོ། །གསུམ་པ་ལ། བསལ་བྱ། བསལ་གཞི། སེལ་བྱེད། སེལ་ཚུལ། དོན་དང་མཉན་བྱ་སྨོས་པའི་དགོས་པ་དང་ལྔ་ལས། དང་པོ་ནི། མཉན་བྱ་མ་ཡིན་པའོ། །གཉིས་པ་ནི། དེ་ཡང་སྒྲའི་སྟེང་དུ་ཡིན་གྱི། ཆོས་ཅན་གཞན་གྱི་སྟེང་དུ་ནི་མ་ཡིན་ཏེ། གཟུགས་ལ་སོགས་པ་མཉན་བྱ་མིན་པར་ཚད་མས་གྲུབ་པའི་ཕྱིར། གསུམ་པ་ནི། ཁ་ཅིག སྒྲ་མཉན་བྱ་ཡིན་པ་དེ་སེལ་བྱེད་མཚན་ཉིད་པ་ཡིན་གྱི། ཉན་ཤེས་མངོན་སུམ་དེ་སེལ་བྱེད་མཚན་ཉིད་པ་མ་ཡིན་ཏེ། དེ་དང་མཉན་བྱ་མིན་པ་གཉིས་ཀ་ཡང་སྒྲའི་རང་བཞིན་དུ་མ་གྲུབ་པར་མཚུངས་པའི་ཕྱིར། གལ་ཏེ་ཉན་ཤེས་མངོན་སུམ་དེས་སྒྲ་མཉན་བྱ་ཡིན་པར་གྲུབ་པའི་ཕྱིར། སྒྲ་མཉན་བྱ་མིན་པ་སེལ་བར་འདོད་པ་ཡང་མི་འཐད་དེ། དེ་གཉིས་ལ་འགལ་བ་གཉིས་པོ་གང་ཡང་མ་གྲུབ་པའི་ཕྱིར། དེས་ན་ཉན་ཤེས་མངོན་སུམ་དེ་སེལ་བྱེད་བཏགས་པ་བ་ཡིན་ཏེ། མངོན་སུམ་སོགས་ཀྱི་གཞལ་བྱ་ཡང་། །འཇལ་བྱེད་སྒྲ་སྒྲོ་བཏགས་ནས་བརྗོད། །ཅེས་གསུངས་པས་སོ་ཞེས་ཟེར་རོ། །ཁ་ཅིག དེ་སེལ་བྱེད་མཚན་ཉིད་པ་མིན་པར་མ་ཟད། བཏགས་པ་བ་ཡང་མ་ཡིན་ཏེ། དེ་ལྟར་བཏགས་པ་ལ་དགོས་པ་མེད་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་ལུགས་དང་པོ་མི་འཐད་དེ། ཚད་མའི་བསལ་བ་འཆད་པའི་སྐབས་འདིར། སྔར་ཡོད་གསར་དུ་བསལ་བ་ལ་སེལ་བྱེད་དུ་འཇོག་པ་མ་ཡིན་གྱི། ཆོས་དེ་ཡུལ་གྱི་གནས་ཚུལ་དང་མཐུན་པར་ཚད་མས་གྲུབ་པས་དེའི་ལོག་ཕྱོགས་སེལ་བ་ལ་སེལ་བྱེད་དུ་འཇོག་པ་གང་ཞིག ཉན་ཤེས་མངོན་སུམ་གྱིས་སྒྲ་མཉན་བྱ་ཡིན་པར་གྲུབ་པའི་རྒྱུ་མཚན་གྱིས་སྒྲ་མཉན་བྱ་ཡིན་པ་དེས་སྒྲ་མཉན་བྱ་མ་ཡིན་པ་སེལ་བར་བྱེད་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། སྒྲ་མཉན་བྱ་མ་ཡིན་པ་ལ་གནོད་བྱེད་མིན་པར་ཐལ། དེ་སེལ་བྱེད་མིན་པའི་ཕྱིར། འདོད་མི་ནུས་ཏེ། ཁས་བླངས་དེ་ཡང་ཚད་མ་ནི། །དག་གིས་བཀག་མེད་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར། རང་ལུགས་ནི། སྒྲ་མཉན་བྱ་ཡིན་པ་དེ་དངོས་སུ་སེལ་བྱེད་ཡིན་ཏེ། དེ་སྒྲ་མཉན་བྱ་མིན་པ་དང་དངོས་འགལ་གང་ཞིག དེ་ལ་རྒྱབ་རྟེན་གྱི་ཚད་མ་ཡོད་པའི་ཕྱིར། ཉན་ཤེས་མངོན་སུམ་ནི་བརྒྱུད་ནས་སེལ་བྱེད་ཡིན་ཏེ། སྒྲ་མཉན་བྱ་ཡིན་པས་ལོག་ཕྱོགས་སེལ་བ་ཡང་དེ་ལ་རག་ལས་པའི་ཕྱིར། བཞི་པ་ལ། དངོས་པོའི་དགག་སྒྲུབ་དང་། ཚད་མའི་དགག་སྒྲུབ་གཉིས་ལས། དང་པོ་ནི། ཚ་རེག་གིས་གྲང་རེག་སེལ་བ་ལྟ་བུ་སྔར་ཡོད་གསར་དུ་སེལ་བ་དང་། སྒྲ་མི་རྟག་པས་སྒྲ་རྟག་པ་སེལ་བ་ལྟ་བུ་དེར་སྒྲུབ་པའི་སྟོབས་ཀྱིས་དེ་མིན་སེལ་བ་གཉིས་སོ། །གཉིས་པ་ནི། ཡུལ་ཡོད་མེད་དང་། ཡིན་མིན་ལ་སོགས་པ་ཚད་མས་གྲུབ་པའི་སྟོབས་ཀྱིས་ལོག་ཕྱོགས་ཀྱི་སྒྲོ་འདོགས་སེལ་བའོ། །དེ་ལྟར་གཉིས་ལས། དངོས་པོའི་དགག་སྒྲུབ་ཀྱི་དབང་དུ་བྱས་ནས་དངོས་སུ་སེལ་བ་དང་། ཚད་མའི་དགག་སྒྲུབ་ཀྱི་དབང་དུ་བྱས་ནས་བརྒྱུད་ནས་སེལ་བ་ནི་སེལ་ཚུལ་ལོ། །ལྔ་པ་ནི། མདོར། མངོན་སུམ་གྱི་བསལ་གཞི་འཆད་པའི་སྐབས་སུ་དོན་ཞེས་སྨོས་པ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་ཡོད་དེ། ཉན་ཤེས་མངོན་སུམ་གྱིས་མཉན་བྱ་མ་ཡིན་པ་བསལ་བའི་གཞིར་གྱུར་པའི་སྒྲ་དེ་ཡིན་ན་དོན་དམ་པར་གྲུབ་པའི་སྒྲ་ཡིན་དགོས་ཀྱི། སྒྲའི་སྟེང་གི་ཤེས་བྱའི་ལྡོག་པ་ལ་སོགས་པའི་སྟེང་དུ་མཉན་བྱ་མིན་པ་བསལ་མི་ནུས་སོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ན། སྒྲ་སྒྲ་མ་ཡིན་པ་མངོན་སུམ་གྱི་བསལ་བ་ཡིན་ཞེས་སྨོས་པས་ཆོག་མོད་ཀྱི། འགྲེལ་པར་སྒྲ་མཉན་བྱ་མིན་པ་དེའི་མཚན་གཞིར་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་ཡོད་དེ། ཉན་ཤེས་མངོན་སུམ་དེ་སྒྲ་མཉན་བྱ་ཡིན་པའི་སྒྲུབ་བྱེད་ཀྱི་གཙོ་བོ་དང་། ཉན་ཤེས་མངོན་སུམ་གྱིས་སྒྲ་མཉན་བྱ་ཡིན་པར་གྲུབ་པའི་སྟོབས་ཀྱིས་སྒྲ་མཉན་བྱ་མིན་པ་ལ་གནོད་དོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་དངོས་སྟོབས་རྗེས་དཔག་གི་བསལ་བ་ལ། མཚན་ཉིད། མཚན་གཞི། རང་བཞིན་གཏན་ལ་དབབ་པ་གསུམ་ལས། དང་པོ་ནི། དམ་བཅས་ཙམ་ཉིད་ནས་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་དངོས་སྟོབས་རྗེས་དཔག་གིས་གཙོ་བོར་གྲུབ་པའོ། །གཉིས་པ་ནི་སྒྲ་རྟག་པ་ལྟ་བུའོ། །གསུམ་པ་ལ། བསལ་བྱ། བསལ་གཞི། སེལ་བྱེད། སེལ་ཚུལ་དང་བཞི་ལས། དང་པོ་ནི། རྟག་པ་ལྟ་བུའོ། །གཉིས་པ་ནི་རྗེས་དཔག་གི་རྟེན་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཡིན་གྱི། ཆོས་ཅན་གཞན་གྱི་སྟེང་དུ་མ་ཡིན་ནོ་ཞེས་པ་ནི་འོག་རང་རྟེན་གྱི་སྐབས་སུ་འཆད་དོ། །གསུམ་པ་ནི། སྒྲ་མི་རྟག་པ་དེ་དངོས་སུ་སེལ་བྱེད་དང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་བརྒྱུད་ནས་སེལ་བྱེད་ཡིན་ནོ། །བཞི་པ་ནི། སྒྲ་མི་རྟག་པ་དེས་སྒྲ་རྟག་པ་དངོས་སུ་སེལ་ཏེ། དེ་དེ་དང་དངོས་འགལ་གང་ཞིག རྒྱབ་རྟེན་ཚད་མ་ཅན་ཡིན་པའི་ཕྱིར། དེ་བསྒྲུབ་པ་ལ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་འགོད་དགོས་ཤིང་དེ་ལ་བྱས་པ་དང་དངོས་པོ་རྟགས་སུ་བཀོད་པ་གཉིས་ཡོད་ལ། དེ་དག་གི་ཁྱབ་པ་བསྒྲུབ་པ་ལ། ལྟོས་མེད་ཀྱི་གཏན་ཚིགས་དང་། གནོད་པ་ཅན་གྱི་གཏན་ཚིགས་ཡོད་དོ། །གསུམ་པ་ཡིད་ཆེས་ཀྱི་བསལ་བ་ལ་མཚན་ཉིད། མཚན་གཞི། རང་བཞིན་གཏན་ལ་དབབ་པ་དང་གསུམ་ལས། དང་པོ་ནི། དམ་བཅས་ཙམ་ཉིད་ནས་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་ཡིད་ཆེས་རྗེས་དཔག་གིས་གཙོ་བོར་གྲུབ་པའོ། །གཉིས་ནི། སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བ་ལྟ་བུའོ། །གསུམ་པ་ལ། ཡིད་ཆེས་ཀྱི་བསལ་བ་གསུངས་པའི་དགོས་པ་དང་། དགོས་པ་ཅན་གྱི་བསལ་བ་དངོས་བཤད་པ་གཉིས་ལས། དང་པོ་ནི། རྒྱང་འཕེན་པ་སྐྱེ་བ་སྔ་ཕྱི་མེད་པ་དང་། རྗེས་དཔག་ཚད་མ་མ་ཡིན་པར་འདོད་པ་སོགས་དང་། དཔྱོད་པ་པོས་ཤེས་བྱ་ཐམས་ཅད་མཁྱེན་པའི་སྐྱེས་བུ་མེད་པར་འདོད་པ་སོགས་ལ་ཡིད་ཆེས་ཀྱི་བསལ་བ་འབབ་བོ་ཞེས་ཤེས་པའི་ཆེད་དུའོ། །གཉིས་པ་ལ་སེལ་བྱེད། བསལ་བྱ། བསལ་ཚུལ་དང་གསུམ། དང་པོ་ནི། སྤྱིར་ཡིད་ཆེས་ལ་ཡིད་ཆེས་ཀྱི་གང་ཟག ཚིག རྟགས། རྗེས་དཔག ཡུལ་དང་ལྔ་ལས། དང་པོ་ནི། ཡོན་ཏན་ཀུན་དང་ལྡན་ཞིང་ཉེས་པ་ཀུན་ཟད་པའི་སངས་རྒྱས་བཅོམ་ལྡན་འདས་ནི་དངོས་ཡིན་ཏེ། རྒྱན་ལས། ཇི་སྲིད་ཉེས་པ་མ་ཟད་པ། །དེ་སྲིད་ཡིད་ཆེས་གང་ཟག་མིན། །ཞེས་གསུངས་པའི་ཕྱིར། དོན་དེ་ལ་ཚད་མར་ཁས་བླངས་པའི་རྒོལ་བ་བདག་ཉིད་ཀྱང་དེའི་ཁོངས་སུ་འདུས་པ་ཡིན་ནོ། །གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ལུང་ནི་དངོས་ཡིན་ཏེ། དེ་ཉིད་ལས། ཉེས་པ་ཟད་པ་བརྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཞེས་གསུངས་པའི་ཕྱིར། དོན་དེ་ལ་ཚད་མར་ཁས་བླངས་པའི་རྒོལ་བ་བདག་ཉིད་ཀྱིས་སྨྲས་པའི་ཚིག་ཀྱང་དེའི་ཁོངས་སུ་འདུའོ། །གསུམ་པ་དང་བཞི་པ་ནི་སྔར་བཤད་ཟིན། ལྔ་པ་ནི་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བ་དང་། གཞལ་བྱའི་དོན་ཅན་གྱི་ཚད་མ་ཡོད་པ་ལྟ་བུའོ། །དེ་ལྟར་ལྔ་ལས། ཡུལ་ནི་དངོས་སུ་སེལ་བྱེད་དང་། རྗེས་དཔག་ནི་བརྒྱུད་ནས་སེལ་བྱེད་ཡིན་ཏེ། ཡུལ་དེས་ལོག་ཕྱོགས་དངོས་སུ་སེལ་བ་ནི་རྗེས་དཔག་ལ་རག་ལས་ཤིང་། ཡིད་ཆེས་པའི་རྗེས་དཔག་ནི་ཡིད་ཆེས་པའི་རྟགས་ཡང་དག་ལ་བརྟེན་ལ། རྟགས་ཡང་དག་དེ་ལ་ཡང་ལུང་ཚིག་རྟགས་སུ་སོང་བ་དགོས་ཤིང་དེའི་མཐུན་དཔེར་རང་ཚིག་རྣམ་དག་དགོས་ལ། དེ་ཡང་ཡིད་ཆེས་ཀྱི་གང་ཟག་ལ་རག་ལས་པའི་ཕྱིར་རོ། །གཉིས་པ་ལ་ཁས་བླངས་དང་འགལ་བ་དང་། རང་ཚིག་དང་འགལ་བ་གཉིས། འདི་གཉིས་ཀྱི་ཁྱད་པར་ལ་སྔ་རབས་པ་རྣམས་ཡིད་ཆེས་པའི་ལུང་དང་འགལ་བ་དང་། རྒོལ་བ་རང་ཚིག་དང་འགལ་བ་ཞེས་འདོད་པ་ནི་མི་འཐད་དེ། དེ་གཉིས་རེ་རེ་ལ་ཡང་འདི་གཉིས་ཆར་དབྱེ་དགོས་པའི་ཕྱིར་རོ། །དེས་ན་སྔར་དམ་བཅས་པ་ཕྱིས་ཉམས་པར་བྱེད་པའི་དམ་བཅའི་ཞེན་དོན་ནི་ཁས་བླངས་དང་འགལ་བ་སྟེ། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་བདེ་བ་མི་འབྱུང་བར་དམ་བཅས་པའི་དམ་བཅའི་ཞེན་དོན་ལྟ་བུའོ། །ཚིག་དེ་ནི་བརྗོད་བྱ་སྔ་ཕྱི་འགལ་བ་ཡིན་ཏེ། སྦྱིན་སོགས་དཀར་ཆོས་སུ་དམ་བཅས་པས་བདེ་བ་འབྱུང་བར་ཁས་བླངས་ལ་ཕྱིས་བདེ་བ་མི་འབྱུང་བར་དམ་བཅས་པའི་ཕྱིར། དེ་བཞིན་དུ་ཁོ་བོའི་མ་མོ་གཤམ་མོ་ཞེས་པའི་ཚིག་ཀྱང་ཁས་བླངས་སྔ་ཕྱི་འགལ་བས་ཁས་བླངས་དང་འགལ་བའོ། །ཚིག་དེ་ཉིད་ཀྱི་བརྗོད་བྱ་དངོས་ཤུགས་འགལ་བ་ནི་རང་ཚིག་དང་འགལ་བ་སྟེ། གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་པར་དམ་བཅས་པའི་དམ་བཅའི་ཞེན་དོན་ལྟ་བུའོ། །ཚིག་དེ་ནི་རང་ཚིག་དང་དངོས་ཤུགས་འགལ་བ་ཡིན་ཏེ། དངོས་སུ་གཞལ་བྱ་འཇལ་བྱེད་ཀྱི་ཚད་མ་མེད་པར་སྨྲས་ཤིང་ཤུགས་ལ་དེ་རང་ཚིག་རྣམ་དག་ཏུ་ཁས་བླངས་པས་བརྗོད་དོན་རྟོགས་པའི་ཚད་མ་ཡོད་པར་ཁས་བླངས་པའི་ཕྱིར་རོ། །དེས་ན་ཚིག་དེ་གཉིས་ཁས་བླངས་སྔ་ཕྱི་འགལ་བ་དང་། བརྗོད་བྱ་དངོས་ཤུགས་འགལ་བའི་སྒོ་ནས་ངག་གི་དབྱེ་བར་འཇོག་པ་ནི་སློབ་དཔོན་གྱི་དགོངས་པ་སྟེ། རྣམ་ངེས་ལས། འོ་ན་དོན་འདི་དག་ལ་དབྱེ་བ་ཅི་ཡོད་ཅུང་ཟད་ཀྱང་མེད་དོ། །འོ་ན་ཇི་ལྟར་སོ་སོར་བརྗོད་ཅེ་ན། ངག་གི་དབྱེ་བས་དེ་ལྟར་འགྱུར་རོ། །སྔ་མས་བཞག་པ་ཕྱི་མས་ཉམས་པར་བྱེད་པའི་ཕྱིར་ཁས་བླངས་པ་དང་འགལ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྔར་ཁས་བླངས་པ་དང་ཞེས་བཤད་དོ། །ངག་དེ་ཉིད་ཀྱི་རང་གི་དོན་དང་འགལ་བ་ནི་རང་གི་ཚིག་དང་འགལ་བ་ཡིན་ཏེ། དཔེར་ན་རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ་ཞེས་གསུངས་ཤིང་། དེའི་དོན་རིགས་གཏེར་ལས། དེ་ལ་ཁས་བླངས་རང་ཚིག་གཉིས། །གཞན་དག་ལུང་དང་རང་ཚིག་ཟེར། །སློབ་དཔོན་ངག་གི་དབྱེ་བར་བཞེད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ལ། ལུང་གནོད་བྱེད་དུ་འདོད་པའི་ལུགས་དང་། ལུང་གེགས་བྱེད་དུ་འདོད་པའི་ལུགས་དང་། དེ་གཉིས་ཀ་ཡོད་པའི་ལུགས་དང་། རང་ལུགས་ངོས་གཟུང་བ་དང་བཞི་ལས། དང་པོ་ནི། ཕྱོགས་གླང་གི་སློབ་མ་ཁ་ཅིག་ན་རེ། ལུང་རྣམ་དག་དེ་རང་འགལ་གྱི་དམ་བཅའི་ཞེན་དོན་ལ་གནོད་བྱེད་དུ་འགྱུར་བ་ཡིན་ཏེ། སྦྱིན་སོགས་ཆོས་སུ་འཇོག་པ་ལ་ལུང་ཚད་མར་ཁས་ལེན་དགོས་པ་ཡིན་པའི་ཕྱིར། སྦྱིན་སོགས་ཆོས་སུ་འཇོག་པ་ནི་མ་འོངས་པ་ན་བདེ་བ་བསྐྱེད་པར་བྱེད་པའི་ཆ་ནས་འཇོག་པ་གང་ཞིག དེ་ལུང་རྣམ་དག་ཁོ་ནས་གྲུབ་པའི་ཕྱིར་ཏེ། དེ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། དེས་ན་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བ་དེས་དེ་སྤྱད་པ་ལས་བདེ་བ་མི་འབྱུང་བ་ལ་གནོད་པ་ཡིན་ཏེ། དེ་གཉིས་དངོས་འགལ་གང་ཞིག སྔ་མ་དེ་ལུང་ཚད་མས་གྲུབ་པའི་ཕྱིར། སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བ་དེ་དང་དེ་སྤྱད་པ་ལས་དེ་མི་འབྱུང་བ་གཉིས་གེགས་བྱེད་མིན་ཏེ། གེགས་བྱེད་ཀྱི་དོན་གཞི་གྲུབ་པ་གཅིག་གི་སྟེང་དུ་ཆོས་འགལ་བ་སྟོབས་མཚུངས་པ་གཉིས་ཕན་ཚུན་གེགས་བྱེད་ཙམ་ལ་བྱེད་པ་གང་ཞིག ལུང་ཚད་མར་ཁས་མི་ལེན་ན་ཆོས་ཅན་སྦྱིན་སོགས་ཀྱང་མ་གྲུབ་པས་དེའི་སྟེང་དུ་ཆོས་གཅིག་གིས་གཅིག་ལ་གེགས་བྱེད་པ་མི་སྲིད་པའི་ཕྱིར། ལུང་ཚད་མར་ཁས་ལེན་ན་དེ་ལུང་ཚད་མས་གྲུབ་པས་ཚད་མས་གྲུབ་པའི་དོན་དེ་ཚད་མ་མེད་པ་ལས་ཆེས་སྟོབས་དང་ལྡན་པའི་ཕྱིར། གཉིས་པ་ནི། ཕྱོགས་གླང་གི་སློབ་མ་ཁ་ཅིག་ན་རེ། ལུང་ཚད་མར་ཁས་ལེན་ན། ལུང་རྣམ་དག་དེ་རང་འགལ་གྱི་དམ་བཅའ་ལ་གེགས་བྱེད་དུ་འགྱུར་བ་ཡིན་ཏེ། ལུང་ཚད་མར་ཁས་ལེན་ན་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བ་དང་དེ་སྤྱད་པ་ལས་དེ་མི་འབྱུང་བ་གཉིས་སྟོབས་མཚུངས་པའི་ཕྱིར་ཏེ། དེ་སྤྱད་པ་ལས་དེ་འབྱུང་བར་གྲུབ་པ་ནི་ལུང་ཚད་མ་ཡིན་པ་ལ་རག་ལས་ཤིང་། དེ་ཡང་ལུང་ཚད་མར་ཁས་ལེན་པ་ལ་རག་ལས་པའི་ཕྱིར་ཏེ། དེའི་ཚེ་ན་སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བ་དེ་ཡང་ལུང་ཚད་མས་གྲུབ་པའི་ཕྱིར་ཏེ། དེའི་ཚེ་སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བར་སྟོན་པའི་ལུང་ཚད་མར་ཁས་ལེན་པ་ཡོད་པའི་ཕྱིར་རོ། །གསུམ་པ་ལ། ཁ་ཅིག་ན་རེ། ལུང་རྣམ་དག་གི་དབང་དུ་བྱས་ནས་ལུང་གནོད་བྱེད་དུ་གསུངས་པ་ཡིན་ལ། ལུང་ལྟར་སྣང་གི་དབང་དུ་བྱས་ནས་ལུང་གེགས་བྱེད་དུ་གསུངས་པ་ཡིན་ཟེར། མི་འཐད་དེ། ལུང་རྣམ་དག་གཞིར་བཞག་པ་ལ་གནོད་བྱེད་དང་གེགས་བྱེད་གཉིས་ཡོད་པར་དཔྱད་དགོས་པའི་ཕྱིར། ཁ་ཅིག ལུང་རྣམ་དག་དེ་རང་གི་བསྟན་དོན་ལ་མི་བསླུ་བ་ལ་སྒྲུབ་བྱེད་ཡོད་པ་དང་། དེ་དེ་ལ་བསླུ་བ་ལ་གནོད་བྱེད་ཡོད་པ་ནི་ལུང་གནོད་བྱེད་དུ་གསུངས་པའི་དོན་ཡིན་ལ། ལུང་རྣམ་དག་དེ་རང་གི་བསྟན་དོན་གྲུབ་པ་ལ་སྒྲུབ་བྱེད་མེད་པ་དང་། དེ་དེ་མ་གྲུབ་པ་ལ་གནོད་བྱེད་མེད་པ་ནི་ལུང་གེགས་བྱེད་དུ་གསུངས་པའི་དོན་ཡིན་ཟེར། མི་འཐད་དེ། ལུང་རྣམ་དག་དེ་རང་གི་བསྟན་དོན་ལ་མི་སླུ་བ་ལ་སྒྲུབ་བྱེད་ཡོད་པ་དང་། དེ་རང་གི་བསྟན་དོན་ལ་བསླུ་བ་ལ་གནོད་བྱེད་ཡོད་པ་ཡིན་ན། དེ་རང་གི་བརྗོད་དོན་ལ་སྒྲུབ་བྱེད་ཡོད་པ་དང་། དེ་མ་གྲུབ་པ་ལ་གནོད་བྱེད་ཡོད་པར་ཡང་མཚུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡིད་ཆེས་ཀྱི་སེལ་ཚུལ་ལ། སྤྱིར་ཡིད་ཆེས་ཀྱི་བསལ་བ་ལ། རང་ཚིག་དང་འགལ་བ་དང་། ལུང་ཚིག་དང་འགལ་བ་གཉིས། དང་པོ་ལ་ངག་གཅིག་ཉིད་བརྗོད་བྱ་དངོས་ཤུགས་འགལ་བ་དང་། ཁས་བླངས་སྔ་ཕྱིར་འགལ་བ་གཉིས་ལས། དང་པོ་ནི། གེགས་བྱེད་ཡིན་པ་ཁོ་ནའི་སེལ་བ་ཡིན་ཏེ། དཔེར་ན་ངག་ཐམས་ཅད་བརྫུན་པའི་དོན་ཅན་ཡིན་ནོ་ཞེས་པའི་དམ་བཅའི་ཞེན་དོན་ལྟ་བུའོ། །གཉིས་པ་ལ་གེགས་བྱེད་ཡིན་པའི་ཚུལ་གྱིས་སེལ་བ་དང་། གནོད་བྱེད་ཡིན་པའི་ཚུལ་གྱིས་སེལ་བ་གཉིས། དང་པོ་ནི་སྔར་མར་དམ་བཅས་ནས་ཕྱིས་མོ་གཤམ་དུ་དམ་བཅས་པ་ལྟ་བུའོ། །གཉིས་པ་ནི་སྔར་སྒྲ་རྟག་པར་ཁས་བླངས་ནས་ཕྱིས་ཚད་མས་ངེས་པའི་སྒོ་ནས་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་པ་ཡིན་ནོ་ཞེས་དམ་བཅས་པ་ལྟ་བུའོ། །གཉིས་པ་ལུང་ཚིག་དང་འགལ་བ་ལ། དམ་བཅའི་ཆོས་ཅན་གྱི་སྒྲུབ་བྱེད་དུ་གྱུར་པའི་དང་། དེར་མ་གྱུར་པའི་ལུང་ཚིག་དང་འགལ་བ་གཉིས་ལས། དང་པོ་ནི་ཆོས་ནི་ཚེ་འཕོས་པ་ན་བདེ་བ་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་དམ་བཅས་པ་ལ་རང་གིས་ཁས་བླངས་པའི་ལུང་རྣམ་དག་གིས་གནོད་པ་ལྟ་བུའོ། །གཉིས་པ་ནི་སྔར་སྒྲ་མི་རྟག་པར་ཁས་བླངས་ནས་ཕྱིས་སྒྲ་རྟག་སྟོན་གྱི་ལུང་ཚད་མར་ཁས་བླངས་པས་སེལ་བ་ལྟ་བུའོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། ཡིད་ཆེས་ཀྱི་བསལ་བ་ལ། རང་ཚིག་དང་འགལ་བ་དང་། ལུང་ཚིག་དང་འགལ་བ་གཉིས་སུ་ཕྱེ་ནས་སྔ་མ་ཁོ་ན་ལ་བརྗོད་བྱ་དངོས་ཤུགས་འགལ་བ་དང་། ཁས་བླངས་སྔ་ཕྱི་འགལ་བ་གཉིས་སུ་ཕྱེ་བ་ནི་སྔར་བཀག་ཟིན་པའི་ཕྱིར་རོ། །གཞན་ཡང་ངག་གཅིག་ཉིད་བརྗོད་བྱ་དངོས་ཤུགས་འགལ་བ་དེ་གེགས་བྱེད་ཡིན་པ་ཁོ་ནའི་ཚུལ་གྱིས་སེལ་བ་དེ་མི་འཐད་པར་ཐལ། དེ་ལ་རང་དམ་བཅའ་བ་པོའི་སྐྱེས་བུས་དངོས་བསྟན་དང་ཤུགས་བསྟན་ཚད་མས་རྟོགས་པ་དང་། དེ་གཉིས་ཀ་ཚད་མས་མ་རྟོགས་པ་གཉིས་ལས། སྔ་མ་ལ། དངོས་བསྟན་གྱིས་ཤུགས་བསྟན་དང་། ཕྱི་མ་ལ། ཤུགས་བསྟན་གྱིས་དངོས་བསྟན་ལ་གནོད་པའི་ཕྱིར་ཏེ། དེ་གཉིས་དངོས་འགལ་གང་ཞིག་གཅིག་ལ་རྒྱབ་རྟེན་ཚད་མ་ཡོད། ཅིག་ཤོས་ལ་མེད་པའི་ཕྱིར་རོ། །དེ་བཞིན་སྔར་མར་དམ་བཅས་ནས་ཕྱིས་མོ་གཤམ་དུ་དམ་བཅས་པ་དེ་གེགས་བྱེད་ཁོ་ནའི་ཚུལ་གྱིས་སེལ་བ་ཡང་མི་འཐད་དེ། དེ་ལ་ཡང་རང་དམ་བཅའ་བ་པོའི་སྐྱེས་བུས་མར་ཚད་མས་རྟོགས་པ་དང་། མོ་གཤམ་དུ་ཚད་མས་མ་རྟོགས་པ་དང་། དེ་གཉིས་ཀ་ཅིག་ཅར་དུ་ཚད་མས་མ་རྟོགས་པ་གསུམ་ཡོད་པ་ལས་སྔར་ལྟར་དུ་འགྱུར་བའི་ཕྱིར་རོ། །བཞི་པ་རང་ལུགས་ངོས་གཟུང་བ་ལ། རང་ཚིག་དང་འགལ་བ་དང་ལུང་ཚིག་དང་འགལ་བ་ལ་གནོད་བྱེད་གེགས་བྱེད་གང་ཡོད་དཔྱད་པ། རང་ཚིག་དང་ལུང་ཚིག་གཉིས་ལ་གནོད་བྱེད་གེགས་བྱེད་གང་ཡོད་དཔྱད་པ་གཉིས་ལས། དང་པོ་ནི། རང་ཚིག་དངོས་ཤུགས་འགལ་བ་ལ། ཤུགས་བསྟན་ཚད་མས་རྟོགས་ན་དངོས་བསྟན་ལ་གནོད་བྱེད་ཡིན་ཏེ། དེ་གཉིས་དངོས་འགལ་གང་ཞིག ཤུགས་བསྟན་ལ་རྒྱབ་རྟེན་གྱི་ཚད་མ་ཡོད་པའི་ཕྱིར། དངོས་བསྟན་ཤུགས་བསྟན་གཉིས་ཀ་ཚད་མས་མ་རྟོགས་ན་གེགས་བྱེད་ཡིན་ཏེ། དམ་བཅའ་འགལ་བ་ནུས་མཚུངས་ཡིན་པའི་ཕྱིར། ལུང་ཚིག་དང་འགལ་བ་ལ་སྔར་དོན་དེ་དམ་བཅས་ནས་ཕྱིས་དེ་དང་འགལ་བའི་ལུང་ཚད་མར་ཁས་ལེན་པ་དང་། སྔར་ལུང་ཚད་མར་ཁས་བླངས་ནས་ཕྱིས་དེ་དང་འགལ་བའི་དོན་དམ་བཅའ་བ་གཉིས་ལས། དང་པོ་ལ་ཡང་གེགས་བྱེད་དང་གནོད་བྱེད་གཉིས་སུ་ཡོད། གཉིས་པ་ལ་ཡང་གཉིས་སུ་ཡོད་དོ། །དེ་ལྟར་བཞི་ལས། དང་པོ་ནི། སྔར་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་དམ་བཅས་ནས་ཕྱིས་སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བར་སྟོན་པའི་ལུང་ཚད་མར་ཁས་བླངས་པ་ལྟ་བུའོ། །གཉིས་པ་ནི། སྔར་སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བར་དམ་བཅས་ནས་ཕྱིས་ཚད་མས་ངེས་པའི་སྒོ་ནས་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་ལུང་ཚད་མར་ཁས་བླངས་པ་ལྟ་བུའོ། །གསུམ་པ་ནི། སྔར་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་ལུང་ཚད་མར་ཁས་བླངས་ནས་ཕྱིས་སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བར་དམ་བཅས་པ་ལྟ་བུའོ། །བཞི་པ་ནི། སྔར་སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བར་སྟོན་པའི་ལུང་ཚད་མར་ཁས་བླངས་ནས་ཕྱིས་ཚད་མས་ངེས་པའི་སྒོ་ནས་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་དམ་བཅས་པ་ལྟ་བུའོ། །གཉིས་པ་ལ། རང་ཚིག་རྣམ་དག་དེ་རང་འགལ་གྱི་དམ་བཅའི་ཞེན་དོན་ལ་གནོད་བྱེད་ཁོ་ན་ཡིན་ཏེ། བརྗོད་དོན་དེ་ཚད་མས་མ་རྟོགས་པར་རང་ཚིགས་རྣམ་དག་སྨྲ་བ་ལ་འཇུག་པར་མི་འགྱུར་བའི་ཕྱིར། ལུང་ཚིག་རྣམ་དག་དེ་ཤིན་ལྐོག་ཆོས་ཅན་གྱི་སྟེང་དུ་རང་འགལ་གྱི་དམ་བཅའི་ཞེན་དོན་ལ་གནོད་བྱེད་ཡིན་ཏེ། ཤིན་ལྐོག་ཆོས་ཅན་གྱི་སྟེང་དུ་ཁྱད་པར་གྱི་ཆོས་དེ་ལུང་ཚད་མས་གྲུབ་དགོས་པའི་ཕྱིར། མངོན་གྱུར་དང་ཅུང་ཟད་ལྐོག་གྱུར་གྱི་སྟེང་དུ་གེགས་བྱེད་ཡིན་ཏེ། དེའི་སྟེང་དུ་ཁྱད་པར་གྱི་ཆོས་དེ་ལུང་ཚད་མ་ལས་གཞན་པའི་ཚད་མས་གྲུབ་དགོས་པའི་ཕྱིར། དེ་ལྟར་ཡང་རྣམ་ངེས་ལས། དེས་ན་ཆོས་ཅན་རྣམ་པར་འཇོག་པས་ནི་བསྟན་བཅོས་རྣམ་པར་འཇོག་པ་ཡིན་ལ། དེས་ན་དེ་ནི་གནོད་པར་བྱེད་པ་ཡིན་ནོ་ཞེས་དང་། གལ་ཏེ་དེ་ལ་གཅིག་ཚད་མ་ཡིན་ན། གྲུབ་པ་ཁོ་ནར་འགྱུར་གྱི། གེགས་བྱེད་པར་ནི་མི་འགྱུར་ཏེ། ཚད་མས་ཚད་མ་མིན་པ་ལ་གནོད་པའི་ཕྱིར་རོ་ཞེས་གསུངས་པས་སོ།། །།བཞི་པ་གྲགས་པའི་བསལ་བ་ལ་མཚན་ཉིད། མཚན་གཞི། རང་བཞིན་གཏན་ལ་དབབ་པ་དང་གསུམ། དང་པོ་ནི། དམ་བཅས་ཙམ་ཉིད་ནས་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་གཙོ་བོར་གྲགས་པས་གྲུབ་པ། གཉིས་པ་ནི། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་མིན་པར་དམ་བཅས་པའི་དམ་བཅའི་ཞེན་དོན་ལྟ་བུའོ། །གསུམ་པ་ལ། གྲགས་བསལ་གསུངས་པའི་དགོས་པ། དགོས་པ་ཅན་གྱི་གྲགས་བསལ་ཉིད་བཤད་པ། བཤད་ཚུལ་གཉིས་ཀྱི་དགོངས་པ་དཔྱད་པ་དང་གསུམ། དང་པོ་ནི། བརྡ་སྤྲོད་པས། རྗོད་བྱེད་ཀྱི་སྒྲ་ཡུལ་ལ་དངོས་དབང་གིས་འཇུག་པར་བསམས་ནས་གང་ལ་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་ཞུགས་པ་དེ་ཉིད་ཀྱི་བརྗོད་དུ་རུང་གི གཞན་གྱིས་མིན་པར་འདོད་པ་དང་། རིགས་བྱེད་པ་དག་སྒྲ་དོན་གྱི་འབྲེལ་པ་ངོ་བོ་ཉིད་ཀྱིས་གྲུབ་པར་བསམ་ནས་རྗོད་བྱེད་ཀྱི་སྒྲ་དེ་དོན་གཅིག་ཁོ་ན་དང་འབྲེལ་པ་གྲུབ་པ་ཡིན་པར་འདོད་པ་རྣམས་ལ་གྲགས་པའི་བསལ་བ་འབབ་བོ་ཞེས་ཤེས་པའི་ཆེད་དུའོ། །གཉིས་པ་ལ། སེལ་བྱེད། བསལ་བྱ། སེལ་ཚུལ་དང་གསུམ། དང་པོ་ལ། གྲགས་པའི་མཚན་ཉིད། མཚན་གཞི། གྲགས་པ་དངོས་བཏགས་དཔྱད་པ། སེལ་བྱེད་དངོས་བཏགས་དཔྱད་པ་དང་བཞི་ལས། དང་པོ་ནི། འཇིག་རྟེན་གྱི་ཚུལ་ལུགས་ལ་གྲུབ་པའི་བརྗོད་པ་སྒྲའི་ཐ་སྙད། གཉིས་པ་ནི། དངོས་བཏགས་མ་ཕྱེ་བར་དབྱེ་ན། གྲགས་པ་དག་ཀྱང་མི་རྣམས་ཚིག །ཅེས་གསུངས་པ་ལྟར། རྗོད་བྱེད་ཀྱི་སྒྲ་ལ་གྲགས་པར་བྱས་པ་དང་། ཆོས་མཆོག་གིས་གྲགས་པ་ནི་ཐ་སྙད་ཀྱི་ཡུལ་ཅན་གྱི་རྟོག་པ་སྟེ། རྣམ་པར་རྟོག་པའི་ཤེས་པ་གཏིང་ཚུགས་པའོ་ཅེས་གསུངས་པ་ལྟར། ཡུལ་ཅན་གྱི་རྟོག་པ་ལ་གྲགས་པར་བྱས་པ་དང་། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱི་ཞེས་གསུངས་པ་ལྟར་བརྗོད་རུང་ལ་གྲགས་པར་བྱས་པ་དང་གསུམ་མོ། །གསུམ་པ་ནི། སྒྲ་ནི་གྲགས་པ་མཚན་ཉིད་པ་དང་། རྟོག་པ་དང་། བརྗོད་རུང་བཏགས་པ་བ་ཡིན་ནོ། །དེ་གཉིས་ལ་དེར་འདོགས་པའི་རྒྱུ་མཚན་ཡོད་དེ། དང་པོ་ནི་གྲགས་པ་མཚན་ཉིད་པའི་རྒྱུ་དང་། ཕྱི་མ་ནི་དེ་ལས་བྱུང་བའི་ཕྱིར། བཏགས་པ་ལ་དགོས་པ་ཡོད་དེ། དེ་གཉིས་ཀྱིས་གནོད་པ་ལ་གྲགས་པས་གནོད་དོ་ཞེས་ཤེས་པའི་ཆེད་ཡོད་པའི་ཕྱིར། དངོས་ལ་གནོད་བྱེད་ནི་གྲགས་པ་མཚན་ཉིད་པ་མ་ཡིན་ཏེ། སྒྲ་མིན་པའི་ཕྱིར་རོ། །བཞི་པ་ནི། གྲགས་པ་བཏགས་པ་བ་དེ་སེལ་བྱེད་མཚན་ཉིད་པ་དང་། གྲགས་པ་མཚན་ཉིད་པ་ནི་སེལ་བྱེད་བཏགས་པ་བ་ཡིན་ནོ། །འོན་ཀྱང་གྲགས་པའི་རྗེས་དཔག་ནི་སེལ་བྱེད་མཚན་ཉིད་པ་ཡིན་ནོ། །གཉིས་པ་ནི། བརྡ་སྤྲོད་པ་ན་རེ། དོན་ཐམས་ཅད་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་སྟེ། སྒྲ་བཤད་པའི་རྒྱུ་མཚན་མེད་པའི་ཕྱིར་དང་། ཡོད་པ་དང་བརྗོད་རུང་ལ་འབྲེལ་པ་མེད་པའི་ཕྱིར་ཞེས་པའི་དམ་བཅའི་ཞེན་དོན་ལྟ་བུ་དང་། ཡང་ན་འཇིག་རྟེན་བརྗོད་པ་ལ། །རྗེས་དཔག་མེད་པར་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་ན། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་གྲགས་དབང་གིས་བརྗོད་དུ་མི་རུང་བ་དང་། དངོས་དབང་གིས་བརྗོད་དུ་རུང་བ་གཉིས་ཀ་ཡང་གྲགས་པའི་བསལ་བ་ཡིན་པར་གསལ་ཏེ། གང་ལ་ཐུང་མོང་མིན་པའི་ཕྱིར། རྗེས་སུ་དཔག་པ་ནི་མེད་ལ་ཞེས་པའི་དོན། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་གྲགས་དབང་གིས་བརྗོད་དུ་མི་རུང་བར་བསྒྲུབ་པ་ལ་མཐུན་དཔེ་ཡང་དག་མེད་པས་དེ་སྒྲུབ་ཀྱི་རྟགས་ཡང་དག་མེད་པ་དང་། དངོས་དབང་གི་བརྗོད་རུང་དུ་བསྒྲུབ་པ་ལ་ཡང་མཐུན་དཔེ་ཡང་དག་མེད་པས་དེ་སྒྲུབ་ཀྱི་རྟགས་ཡང་དག་མེད་པར་བསྟན་པའི་ཕྱིར། འོན་ཀྱང་དེ་གཉིས་ཀ་ཡང་དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་བ་གྲགས་པའི་བསལ་བའི་དོན་དུ་ནི་གཅིག་སྟེ། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་དངོས་དབང་གིས་བརྗོད་དུ་རུང་བར་བསྒྲུབ་པས་དེ་བུམ་པ་ལ་མི་འཇུག་པར་གྲུབ་ཅིང་། བུམ་པ་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་བ་དེ་གྲགས་པའི་བསལ་བ་ཡིན་པའི་ཕྱིར། གསུམ་པ་ནི། གྲགས་པའི་རྗེས་དཔག་དེ་རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་བ་དེའི་བརྒྱུད་ནས་སེལ་བྱེད་དང་། དེའི་ཡུལ་དེས་བརྗོད་དུ་རུང་བ་དེ་དངོས་སུ་སེལ་བྱེད་ཡིན་ཏེ། དེ་གཉིས་དངོས་འགལ་གང་ཞིག སྔ་མ་ལ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར། དེ་ཇི་ལྟ་བུ་ཞེ་ན། དེ་ལ་ཡུལ་རུང་བར་བསྒྲུབ་པ་དང་། ཡུལ་ཅན་རུང་བར་བསྒྲུབ་པ་གཉིས་ལས། དང་པོ་ནི། གང་རྟོགས་པ་ལ་སྣང་བའི་དོན་དེ་ཡིན་ན། འདོད་པའི་རྗེས་སུ་བྱེད་པའི་སྒྲས་བརྗོད་དུ་རུང་བས་ཁྱབ། དཔེར་ན་རྟོག་པ་ལ་སྣང་བའི་ཡལ་ག་ལོ་འདབ་དང་བཅས་པ་ལ་ཤིང་ཞེས་པའི་སྒྲས་བརྗོད་དུ་རུང་བ་བཞིན། རི་བོང་ཅན་ཡང་དེ་ཡིན་ནོ་ཞེས་པ་ནི་ཆོས་མཆོག་གིས་གྲགས་རྟགས་ཀྱི་སྦྱོར་བའི་མཚན་གཞི་ཡིན་ནོ། །གཉིས་པ་ནི། གང་བརྡའི་རྗེས་སུ་བྱེད་ན། དོན་ཐམས་ཅད་ལ་འཇུག་ཏུ་རུང་བས་ཁྱབ། དཔེར་ན་རྟོག་པ་རང་དགའ་བ་བཞིན། ཟླ་བ་ཞེས་པའི་སྒྲ་ལ་སོགས་པ་འདོད་རྒྱལ་བའི་སྒྲ་རྣམས་ཀྱང་དེ་ཡིན་ནོ་ཞེས་པ་ནི་ལྷ་དབང་བློའི་གྲགས་རྟགས་ཀྱི་སྦྱོར་བའི་མཚན་གཞི་ཡིན་ནོ། །གསུམ་པ་བཤད་ཚུལ་གཉིས་ཀྱི་དགོངས་པ་དཔྱད་པ་ལ། ཚད་མ་མདོར། གང་ལ་ཐུན་མོང་མིན་པར་རྗེས་སུ་དཔག་པ་ནི་མེད་པ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན་བསལ་བ་དེ་ཡང་ཕྱོགས་མིན་ཏེ། དཔེར་ན་རི་བོང་ཅན་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ་ཞེས་གསུངས་ཤིང་། དེ་ཉིད་ཀྱི་དོན་རྣམ་འགྲེལ་ལས། སྐྱེས་བུ་འདོད་དང་རྗེས་འབྲེལ་བ། །ཞེས་པ་ནས། དེ་ནི་ཐུན་མོང་མ་ཡིན་འདོད། །ཅེས་པའི་བར་གྱིས་རང་ལུགས་ཀྱི་བཤད་ཚུལ་གཉིས་དང་། དཔེ་འདི་ཉིད་དབང་བྱས་ནས་ནི། །ཞེས་སོགས་གཞན་ལུགས་ཀྱི་འཆད་ཚུལ་དགག་པ་རྣམས་གསུངས་སོ། །འདི་ལ་དགག་གཞག་གཉིས་ལས། དང་པོ་ནི། སྔོན་གྱི་མཁས་པ་ཕྱྭ་པ་སོགས་ཀྱི་བཞེད་པ་ལ། སྤྱིར་གྲགས་པ་ལ་ཐ་སྙད་ཀྱི་གྲགས་པ་དང་། བརྡའི་གྲགས་པ་གཉིས་ཡོད་པས་དེ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཀྱང་གཉིས་ལས། དང་པོ་ནི། གཞན་སེལ་ཕྱིན་ཅི་མ་ལོག་པས་ཁྱད་པར་དུ་བྱས་པའི་སྒྲས་བརྗོད་རུང་བསྒྲུབ་པ་ལ་ཚུལ་གསུམ་ཚང་བ་སྟེ། དཀར་ཟལ་ཆོས་ཅན། བ་ལང་ཞེས་པའི་ཐ་སྙད་བྱར་རུང་སྟེ། ནོག་སོགས་འདུས་པའི་གོང་བུ་ཡིན་པའི་ཕྱིར་ཞེས་དང་། ཤ་པ་དང་ལྡན་པའི་གཞིར་ཆོས་ཅན། ཤིང་ཡོད་དེ། ཤ་པ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། གཞན་སེལ་ཕྱིན་ཅི་མ་ལོག་པས་ཁྱད་པར་དུ་མ་བྱས་པའི་སྒྲ་ཙམ་གྱིས་བརྗོད་རུང་བསྒྲུབ་པ་ལ་ཚུལ་གསུམ་ཚང་བ་སྟེ། འདི་ལ་དངོས་ཀྱི་བརྗོད་རུང་བསྒྲུབ་པ་དང་། ཞེན་པའི་བརྗོད་རུང་བསྒྲུབ་པ་གཉིས་ལས། དང་པོ་ནི། རི་བོང་ཅན་གྱི་སྒྲ་དོན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་དངོས་སུ་བརྗོད་དུ་རུང་སྟེ། རྟོག་པའི་གཟུང་ཡུལ་ཡིན་པའི་ཕྱིར། འདིའི་རྟགས་ཆོས་དོན་གསུམ་ནི་ཀུན་ཏུ་བཏགས་པ་ཁོ་ན་ཡིན་ནོ། །གཉིས་པ་ནི། རི་བོང་ཅན་གྱི་རང་མཚན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་ཞེན་པས་བརྗོད་དུ་རུང་སྟེ། ཡོད་པའི་ཕྱིར། འདིའི་རྟགས་ཆོས་གཉིས་ནི་དངོས་པོར་ཡོད་པ་དང་མེད་པ་གཉིས་ཀ་ལ་ཁྱབ་པ་ཡིན་ནོ། །དེས་ན་བཤད་ཚུལ་དང་པོ་ནི་ཞེན་པའི་བརྗོད་རུང་གི་དབང་དུ་བྱས་ལ། བཤད་ཚུལ་གཉིས་པ་ནི་དངོས་ཀྱི་བརྗོད་རུང་གི་དབང་དུ་བྱས་པ་ཡིན་ནོ། །ཐ་སྙད་ཀྱི་གྲགས་པ་ནི། དོན་ལྡོག་ངེས་པ་ལ་སྒྲ་བློ་མ་འཁྲུལ་བས་ཞེན་རུང་སྟེ། རྒྱུ་མཚན་ཅན་གྱི་སྒྲ་ཡུལ་ངེས་པ་ལ་འཇུག་པར་བསྟན་པས་གྲུབ་པ་ལ་དགོངས་ནས་འདིར་མ་གསུངས་སོ་ཞེས་བཞེད། ཆུ་མིག་པ་ཡང་དེ་ལྟར་དུ་བཞེད་དེ། བརྡའི་རྒྱུ་མཚན་ཅན་གྱི་གྲགས་པ་དང་། མཚན་ཉིད་ཀྱི་རྒྱུ་མཚན་ཅན་གྱི་གྲགས་པ་གཉིས་ལས། དང་པོ་བསྒྲུབ་པ་ནི། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་སྟེ། ཡོད་པའི་ཕྱིར་ཞེས་པའོ། །གཉིས་པ་བསྒྲུབ་པ་ནི། དཀར་ཟལ་ཆོས་ཅན། བ་ལང་ཡིན་ཏེ། ནོག་སོགས་འདུས་པའི་གོང་བུ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ་ཞེས་བཞེད་དོ། །དེ་དག་ནི་མི་འཐད་དེ། ཐ་སྙད་ཀྱི་གྲགས་པ་མཚོན་བྱ་ལ་འཇོག་ན་སྐབས་ཀྱི་དོན་མིན་པའི་ཕྱིར་དང་། དོན་ལྡོག་ངེས་པ་ལ་སྒྲ་བློ་མ་འཁྲུལ་བས་ཞེན་རུང་དེ་ཐ་སྙད་ཀྱི་མཚན་ཉིད་ཡིན་པ་ཡང་གོང་དུ་བཀག་ཟིན་པའི་ཕྱིར། བརྡའི་གྲགས་པ་བསྒྲུབ་པ་ལ། དངོས་ཀྱི་བརྗོད་རུང་བསྒྲུབ་པ་དང་། ཞེན་པའི་བརྗོད་རུང་བསྒྲུབ་པའི་གཏན་ཚིགས་གཉིས་སུ་འབྱེད་པ་ཡང་མི་འཐད་དེ། གནས་ལུགས་འབྱེད་པའི་ཚེ་དངོས་ཀྱི་བརྗོད་བྱ་དང་ཞེན་པའི་བརྗོད་བྱ་གཉིས་སུ་དབྱེར་ཡོད་ཀྱང་རྟགས་ཡང་དག་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པའི་དུས་སུ་དེ་གཉིས་སུ་དབྱེར་མེད་པའི་ཕྱིར་ཏེ། དེའི་ཚེ་དེ་གཉིས་གཅིག་ཏུ་འཁྲུལ་ནས་བསྒྲུབ་བྱ་རྟོགས་དགོས་པའི་ཕྱིར། དེ་ལྟར་ཡང་རིགས་གཏེར་ལས། ལ་ལ་བརྡ་དང་ཐ་སྙད་ཀྱིས། །གྲགས་པ་གཉིས་སུ་འབྱེད་པ་ཡོད། །ཐ་སྙད་འདི་ཡི་སྐབས་དོན་མིན། །མཚན་ཉིད་དེ་འདྲ་སྔར་བཀག་ཟིན། །དངོས་དང་ཞེན་པའི་བརྗོད་རུང་གིས། །བརྡ་ཡི་གྲགས་པ་གཉིས་ཞེས་ཟེར། །འཆད་ན་གཉིས་སུ་ཡོད་མོད་ཀྱི། །འཇུག་པའི་ཚེ་ན་རྣམ་དབྱེ་མེད། །དེས་ན་བཤད་ཚུལ་རྣམ་པ་གཉིས། །དངོས་དང་ཞེན་པར་འཆད་པ་འཁྲུལ། །ཞེས་གསུངས་པའི་ཕྱིར། གཉིས་པ་རང་ལུགས་ནི། བཤད་ཚུལ་དང་པོ་ལ། ལུང་དང་པོའི་དོན་ནི། སྒྲ་བྱུང་གྲགས་པ་ལ་གནོད་པར་བྱེད་པའི་རྗེས་དཔག་མེད་པའི་ཕྱིར་ན་དེ་ལ་ཚད་མས་མི་གནོད་པར་བསྟན་ཏེ། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་དུ་བསྒྲུབ་པའི་གཏན་ཚིགས་ཐམས་ཅད་མཐུན་དཔེ་གཏན་མེད་ཀྱི་གཏན་ཚིགས་ཡིན་པས་དེ་ལ་བརྟེན་པའི་རྗེས་དཔག་མེད་པར་བསྟན་པའི་ཕྱིར། དེ་ནི་རྣམ་འགྲེལ་ལས། དེ་འགོག་རྗེས་དཔག་ལས་འགྱུར་ཏེ། །ཞེས་སོགས་ཤླཽ་ཀ་ཕྱེད་དང་གསུམ་གྱིས་བསྟན་པ་ཡིན་ནོ། །ལུང་གཉིས་པའི་དོན་ནི་སྒྲ་བྱུང་གྲགས་པ་ལ་འགྲན་ཟླ་མེད་པར་བསྟན་པ་ཡིན་ཏེ། འགལ་བ་ལ་མི་འཁྲུལ་བའི་རྟགས་ཡང་དག་མེད་པར་བསྟན་པ་གང་ཞིག རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་བསྒྲུབ་པའི་རྟགས་ཡང་དག་ཡོད་པར་བསྟན་པའི་ཕྱིར། དེ་ནི་རྣམ་འགྲེལ་ལས། རྗེས་སུ་དཔག་པས་བསྒྲུབ་རྣམས་ལ། །ཞེས་པའི་ཤླཽ་ཀ་གཅིག་གིས་བསྟན་པ་ཡིན་ནོ། །བཤད་ཚུལ་གཉིས་པ་ལ་ཡང་ན། གང་ལ་ཐུན་མོང་མིན་པའི་ཕྱིར། །ཞེས་སོགས་ཀྱི་དོན་གྲགས་པའི་རྗེས་དཔག་དངོས་སྟོབས་རྗེས་དཔག་ལས་ཡུལ་ཐ་དད་དུ་བསྟན་པ་ཡིན་ཏེ། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་དེ་དངོས་སྟོབས་རྗེས་དཔག་གི་ཡུལ་མ་ཡིན་པས་དེ་ལྟར་དུ་བསྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་མེད་པར་བསྟན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་གཏན་ཚིགས་ཐམས་ཅད་མཐུན་དཔེ་གཏན་མེད་ཀྱི་གཏན་ཚིགས་ཡིན་པས་དེ་ལ་བརྟེན་པའི་རྗེས་དཔག་མེད་པར་བསྟན་པའི་ཕྱིར། དེ་ནི་རྣམ་འགྲེལ་ལས། ཡང་ན་འཇིག་རྟེན་བརྗོད་པ་ལ། །ཞེས་སོགས་ཀྱིས་བསྟན་ཏོ། །དེ་ལྟར་ཡང་རིགས་གཏེར་ལས། སྔ་མས་སྒྲ་བྱུང་གྲགས་པ་ལ། །རྗེས་དཔག་མེད་ཕྱིར་མི་ཁེགས་པའམ། །ཡང་ན་དེ་ལ་འགྲན་ཟླ་མེད། །དེས་ན་ངེས་ཕྱིར་གནོད་བྱེད་ཡིན། །ཕྱི་མ་གྲགས་པའི་རྗེས་དཔག་ལས། །ཡུལ་གྱི་དབྱེ་བ་བསྟན་པ་ཡིན། །དེ་ལྟར་ཤེས་ན་གྲགས་པ་ཡི། །བསལ་བ་མཁས་པའི་དགོངས་པ་འགྲུབ། །ཅེས་གསུངས་སོ། །ལྔ་པ་རང་རྟེན་སྨོས་པའི་དགོས་པ་ལ། འོ་ན་སེལ་བྱེད་རྩ་བའི་དབྱེ་བ་འཆད་པའི་སྐབས་སུ་རང་རྟེན་ལའོ་ཞེས་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་གསུམ་ཡོད་དེ། ཆོས་གཞན་གྱི་རྟེན་བྱེད་པའི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་མི་གནོད་ཀྱི། བསྒྲུབ་ཆོས་ཀྱི་རྟེན་བྱེད་པའི་སྐབས་ཀྱི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་དོ་ཞེས་ཤེས་པའི་ཆེད་དང་། བསྒྲུབ་ཆོས་ལ་གནོད་པ་འབའ་ཞིག་བསྒྲུབ་བྱ་ལ་གནོད་པ་ཡིན་པར་འདོད་པའི་ལོག་རྟོག་བསལ་བའི་ཆེད་དང་། འབྲེལ་མེད་ཀྱི་ཆོས་གཞན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་འདོད་པའི་ལོག་རྟོག་བསལ་བའི་ཆེད་ཡིན་པའི་ཕྱིར། ལོག་རྟོག་ཕྱི་མ་དེ་ཇི་ལྟ་བུ་སྙམ་ན། བྱེ་བྲག་པས་ནམ་མཁའ་རྟག་རྫས་སུ་འདོད་པ་ལ། སངས་རྒྱས་པས་ནམ་མཁའ་ཆོས་ཅན། རྟག་རྫས་མིན་ཏེ། རང་འབྲས་ཅིག་ཅར་དུ་མི་བསྐྱེད་པའི་ཕྱིར་ཅེས་བརྗོད་པ་དང་། ཁོ་ན་རེ། གཏན་ཚིགས་དེས་ནམ་མཁའ་རྟག་རྫས་ཡིན་པ་ལ་གནོད་པས་ནམ་མཁའ་དངོས་པོ་བ་ལ་གནོད་ལ། དེ་ལ་གནོད་པས་ཆོས་ཅན་ནམ་མཁའ་ལ་གནོད་ལ། དེ་ལྟར་ན་ནམ་མཁའ་རྟག་རྫས་མིན་པར་སྒྲུབ་པའི་བསྒྲུབ་བྱ་ལ་གནོད་པར་འགྱུར་རོ་ཞེ་ན། ནམ་མཁའ་དངོས་པོ་བ་ལ་གནོད་པས་ནམ་མཁའ་ལ་མི་གནོད་དེ། དེ་གཉིས་ལ་འབྲེལ་པ་མེད་པའི་ཕྱིར། ཡང་སྐབས་ཀྱི་ཆོས་ཅན་ལ་གནོད་པས་བསྒྲུབ་བྱ་ལ་གནོད་པར་ཁས་བླངས་པ་ལ། གྲངས་ཅན་པ་ན་རེ། ཁྱེད་སངས་རྒྱས་པས་བདེ་སོགས་རྟག་རྫས་མིན་པར་བསྒྲུབ་པ་ལ་རང་འབྲས་ཅིག་ཅར་དུ་མི་སྐྱེད་པ་རྟགས་སུ་བཀོད་པའི་ཚེ་དོན་བྱེད་ནུས་སྟོང་རྟགས་སུ་སོང་བས་དེས་བདེ་སོགས་དངོས་པོ་བ་ལ་གནོད་པས་དེས་མི་རྟག་པ་ལ་གནོད་པས་ཁྱབ་པ་འགལ་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དོན་བྱེད་ནུས་སྟོང་རྟགས་སུ་སོང་ན་དེ་ལྟར་འགྱུར་ཀྱང་རང་འབྲས་རིམ་བཞིན་དུ་བསྐྱེད་པ་རྟགས་སུ་སོང་བས་ཁྱབ་པ་མི་འགལ་ཏེ། དེ་དང་མི་རྟག་པ་ལ་འགལ་བ་མེད་པའི་ཕྱིར། མདོར་ན། ཚད་མ་མདོར། མངོན་སུམ་དོན་དང་ཞེས་པས་མངོན་སུམ་གྱིས་གནོད་པའི་གཞི་སྒྲ་ལྟ་བུ་དེ་དོན་རང་མཚན་གྱི་སྒྲ་ཡིན་པར་བསྟན་ཀྱང་དངོས་སྟོབས་རྗེས་དཔག་དང་། ཡིད་ཆེས་དང་། གྲགས་པ་གསུམ་གྱི་གནོད་པའི་གཞི་ནི་རྟགས་ཡང་དག་གསུམ་པོ་དེའི་ཤེས་འདོད་ཆོས་ཅན་ཡིན་པར་བསྟན་ཏོ། །གཉིས་པ་ཆོས་ཀྱི་ཁྱད་པར་འགོག་པ་སོགས་ཀྱི་དམ་བཅའི་དོན་བཤད་པ་ལ་གསུམ་སྟེ། མདོ་ལས་གསུངས་པའི་ཚུལ། རྣམ་འགྲེལ་ལས་བཀྲལ་བའི་ཚུལ། དེ་དག་གི་དགོངས་པ་གཏན་ལ་དབབ་པའོ། །དང་པོ་ནི། མདོ་ལས། མངོན་སུམ་དོན་དང་ཞེས་སོགས་རྩ་འགྲེལ་གྱི་འཇུག་ཐོག་དེ་མ་ཐག་ཏུ་འདི་ཡང་ཆོས་ཀྱི་རང་གི་ངོ་བོ་དང་འགལ་བ་སེལ་བའི་སྒོ་ཙམ་ཞིག་བསྟན་པ་ཡིན་ལ། ཕྱོགས་འདིས་ནི་ཆོས་དང་ཆོས་ཅན་གྱི་ཁྱད་པར་དང་ཆོས་ཅན་རང་གི་ངོ་བོ་སེལ་བར་བྱེད་པའང་རིག་པར་བྱ་སྟེ། དཔེར་ན་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་མིན་ཏེ། སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་རོ། །ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་མ་ཡིན་ཏེ། མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་དང་རྫས་དག་རྫས་དང་རྫས་མིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་ངག་ཐམས་ཅད་བརྫུན་པའི་དོན་ཅན་ཡིན་ནོ་ཞེས་བྱ་བ་འདི་ནི། ངག་དང་ངག་གི་བདག་ཉིད་བརྫུན་པའི་དོན་ཅན་ཉིད་དུ་ངག་ཡོད་པ་གང་ཡིན་པ་དེ་ནི་བརྫུན་པ་ཉིད་ཡིན་ན། གལ་ཏེ་ངག་དང་བརྫུན་པ་དག །ཐམས་ཅད་སེལ་བར་བྱེད་པ་སྟེ། །དེ་ལྟ་ན་གཉིས་ཀའི་རང་གི་ངོ་བོ་སེལ་བར་བྱེད་པ་ཡིན་ནོ། །ཅི་སྟེ་ངག་གི་བདག་ཉིད་བརྫུན་པ་ཉིད་ཀྱིས་སེལ་བ་དེ་ལྟ་ན་གཉིས་ཀའི་ཁྱད་པར་གསལ་བ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། འདི་ཡང་ཞེས་སོགས་ནི་སྔ་མའི་འཇུག་བསྡུ་ཡིན་ལ། ཕྱོགས་འདིས་ནི་ཞེས་པ་ནས་རིག་པར་བྱ་སྟེ་ཞེས་པའི་བར་གྱི་དོན་ནི། འདིས་གྲུབ་ཡན་ལག་གྱུར་པ་ཡི། །ཞེས་སོགས་ཤླཽ་ཀ་གཅིག་གིས་འགྲེལ་ལོ། །དཔེར་ན་ཞེས་པ་མན་ཆད་ཀྱི་དོན་ནི། དེ་ལ་དོན་ནི་སྟོན་པ་ཡི། །ཞེས་པ་ནས། དཔེར་བརྗོད་གཞན་ཡང་རྟོགས་པར་བྱ། །ཞེས་པའི་བར་གྱིས་འགྲེལ་ལོ། །རྒྱན་མཛད་པས་ཆོས་ཅན་གྱི་ཁྱད་པར་ལ་གནོད་པའི་ཚུལ་དངོས་སུ་བསྟན་ནས་གཞན་རྣམས་ཤུགས་ལ་བསྟན་པར་བཞེད་ལ། ལྷས་ནི། ཆོས་ཀྱི་ཁྱད་པར་ལ་གནོད་ཚུལ་དངོས་སུ་བསྟན་ནས་གཞན་རྣམས་མཚོན་ནས་བསྟན་པར་བཞེད་པ་ལས། གཞུང་གི་དོན་ལ་ཕྱི་མ་ཞུགས་ཏེ། མདོར། ཆོས་ཀྱི་ཁྱད་པར། ཆོས་ཅན་གྱི་ཁྱད་པར་དང་། ཆོས་ཅན་གྱི་རང་གི་ངོ་བོ་ངོས་འཛིན་ཚུལ་རིམ་བཞིན་བསྟན་ནས། དང་པོ་ངོས་འཛིན་པ་ལ་སྲང་དམའ་བའི་ཁྱད་པར་དག་མི་འཛིན་པའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ། །གཞུང་ལས། ཆོས་ཅན་ཆོས་ཀྱི་ཁྱད་པར་དང་། །ཞེས་གསུངས་པ་ནི་ཚིགས་བཅད་སྦྱར་བདེ་བའི་དབང་དུ་བྱས་པའོ། །གསུམ་པ་ལ་གཉིས་ཏེ། གནོད་ཡུལ་གྱི་དམ་བཅའ་ལྟར་སྣང་ངོས་གཟུང་བ་དང་། དེ་ལ་གནོད་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ལ། བྱེ་བྲག་པའི་གྲུབ་མཐའི་རྣམ་བཞག་དང་། དེ་གྲུབ་པའི་དོན་གྱི་དམ་བཅའ་གཉིས་ལས། དང་པོ་ནི། བྱེ་བྲག་པས། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་པ་ལྟར། ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་ཏུ་འདུས་པར་འདོད་དོ། །དེ་ལ་རྫས་ནི་ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པ་སྟེ། འབྱུང་བ་བཞི། ནམ་མཁའ། ཕྱོགས། དུས། བདག ཡིད་དེ་དགུའོ། །དེ་ལ་ནམ་མཁའ་ལ་སོགས་པ་ཕྱི་མ་ལྔ་དང་། འབྱུང་བཞིའི་རྡུལ་ཕྲན་སོ་སོ་བ་རྣམས་ནི་རྟག་པའི་རྫས་དང་། རྡུལ་ཕྲན་གཉིས་ཚོགས་པའི་ཡན་ལག་ཅན་དང་པོ་ཕན་ཆད་ནི་མི་རྟག་པའི་རྫས་སོ། །ཡོན་ཏན་ནི་རྫས་དོན་གཞན་ལ་བརྟེན་པ་སྟེ། རྐང་མིག་གི་མདོ་ལས། གཟུགས་དང་། དྲི་དང་། རོ་དང་། རེག་བྱ་རྣམས་དང་། གྲངས་དང་། ཚད་དང་། སོ་སོ་བ་དང་། ལྡན་པ་དང་། རྣམ་དབྱེ་དང་། གཞན་དང་། གཞན་མིན་པ་དང་། བློ་དང་། བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། སྡང་བ་དང་། འབད་པ་རྣམས་ནི་ཡོན་ཏན་ནོ་ཞེས་བཤད་ཅིང་། ཀཱ་མ་ལ་ཤཱི་ལས། དང་གི་སྒྲས་བསྡུས་པ་ལྕི་བ་ཉིད་དང་། སྣུམ་པ་ཉིད་དང་། འདུས་བྱས་པ་དང་། ཆོས་དང་། ཆོས་མིན་པ་དང་། སྒྲ་རྣམས་སོ་ཞེས་དང་། སྐབས་འགར་དྲོ་བ་དང་གཤེར་བ་ཡང་ཡོན་ཏན་དུ་བཤད་པས། དེ་ལྟར་ན་ཉེར་ལྔའོ། །ལས་ནི་རྐང་མིག་གི་མདོ་ལས། བརྐྱང་བ་དང་། བསྐུམ་པ་དང་། འདེགས་པ་དང་། འཇོག་པ་དང་། འགྲོ་བ་རྣམས་ནི་ལས་སོ་ཞེས་བཤད་དོ། །སྤྱི་ནི་བསལ་བ་རྣམས་ལ་སྒྲ་བློ་གཅིག་འཇུག་པའི་རྒྱུར་གྱུར་པ་བསལ་བ་རྣམས་དང་རྫས་ཐ་དད་པ་ཞིག་སྟེ། ཡོད་པ་ཉིད་ལ་སོགས་པའི་སྤྱི་ཆེན་པོ་ཉིད་དང་། བ་ལང་ཉིད་ལ་སོགས་པ་ཉི་ཚེ་བའི་སྤྱི་གཉིས་སུ་ཡོད་དོ། །བྱེ་བྲག་ནི་རང་གང་ལ་གནས་པའི་རྟེན་དེ་ཆོས་གཞན་ལས་ཁྱད་པར་དུ་བྱེད་པའི་བྱེད་ཆོས་ཞིག་གོ །འདུ་བ་ནི་རྟེན་དང་བརྟེན་པའི་ཆོས་རྣམས་ལ། འདི་ལ་འདི་ཡོད་པར་འཛིན་པའི་རྟོགས་པའི་གཟུང་ཡུལ་ཏེ། བུམ་པ་དང་གཟུགས་ཕྲད་པའི་འབྲེལ་པ་ལྟ་བུའོ། །དེས་ན་ཡན་ལག་དང་ཡན་ལག་ཅན་གཉིས་ཀ་ཡང་རྫས་དགུའི་ནང་ནས་འབྱུང་བཞིའི་རྫས་སུ་འདོད་ཅིང་། རྡུལ་ཕྲན་གྱིས་རགས་པ་རྩོམ་པའི་ཚུལ་ཡང་། འབྱུང་བཞིའི་རྡུལ་ཕྲན་རིགས་མི་མཐུན་གཉིས་འདུས་པས། ཡན་ལག་ཅན་མི་རྩོམ་པ་གྲུབ་པའི་མཐའ་ཡིན་པའི་ཕྱིར། རྡུལ་ཕྲན་རིགས་མཐུན་གཉིས་འདུས་པའི་ཚེ་ཡན་ལག་ཅན་དངོས་སུ་བསྐྱེད་ཅིང་། འདི་ལ་ཡན་ལག་གཉིས་པ་དང་། ཡན་ལག་ཅན་དང་པོ་ཞེས་བྱ་སྟེ། འདི་དང་རྡུལ་ཕྲན་སོ་སོ་བ་གཉིས་ནི་མངོན་སུམ་གྱིས་མཐོང་དུ་མི་རུང་ཞིང་སྒྲིབ་ཐོགས་ལ་སོགས་པའི་བྱ་བ་མི་བྱེད་པར་འདོད་དོ། །རྡུལ་ཕྲན་གསུམ་འདུས་པའི་གོང་བུ་ནི་ཡན་ལག་གསུམ་པ་དང་། ཡན་ལག་ཅན་གཉིས་པ་སྟེ། འདི་ནི་མངོན་སུམ་གྱིས་མཐོང་དུ་རུང་བའི་རགས་པ་ཡན་ལག་ཅན་ཞེས་བྱའོ། །གཉིས་པ་ནི། མངོན་སུམ་གྱིས་མཐོང་དུ་རུང་ཞིང་། སྒྲིབ་ཐོགས་ལ་སོགས་པའི་བྱ་བ་བྱེད་པར་མཐོང་བས་རགས་པ་ཡན་ལག་ཅན་དེ་རང་གི་ཡན་ལག་ལ་མེད་པའི་ཆོས་གསུམ་དང་ལྡན་པའི་སྒོ་ནས་རང་གི་ཡན་ལག་རྣམས་ལས་རྫས་གཞན་དུ་དམ་བཅས་པ་ཡིན་ནོ། །ཆོས་གསུམ་ནི་ཡོན་ཏན་ལྕིད་ལྷག་པོ་དང་། དེའི་འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་དེ་གཉིས་ཀྱི་འཕྲོད་པ་འདུ་བའི་རྒྱུ་དང་གསུམ་མོ། །དེས་ན་རང་འདོད་པའི་ཆོས་གསུམ་ལྡན་གྱི་ཡན་ལག་ཅན་གྱི་རྫས་བསྒྲུབ་པར་འདོད་ནས་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ནོ་ཞེས་དང་། ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་ཡིན་ནོ་ཞེས་དང་། རྫས་ནི་ཡོད་པ་ཡིན་ནོ་ཞེས་དམ་བཅའ་ཚུལ་ཅུང་ཟད་མི་འདྲ་བ་གསུམ་བཅས་པ་ཡིན་ནོ། །དེ་ལ་དམ་བཅའ་དང་པོའི་སྐབས་སུ་མདོར། གནོད་ཡུལ་གྱི་དམ་བཅའ་ཤུགས་ལ་བསྟན་ཅིང་། གཞུང་འདིར་གནོད་ཡུལ་གྱི་དམ་བཅའ་དངོས་སུ་བསྟན་པ་ནི། ལྡན་དོན་རྫས་ཀྱི་མཚན་ཉིད་ཅན། །ཞེས་སོགས་ཤླཽ་ཀ་གཉིས་ཏེ། སྨྲས་ཙམ་ལ་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ཞེས་དམ་བཅས་པ་ལ། འོ་ན་མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་ཅན་རགས་པ་དེ་དེར་དམ་བཅའ་བ་ཡིན་ནམ། མངོན་སུམ་གྱིས་མཐོང་དུ་མི་རུང་བའི་ཡན་ལག་ཅན་དང་པོ་དེ་དེར་དམ་བཅའ་བ་ཡིན་སྙམ་ན། དང་པོ་ཡིན་གྱི་ཕྱི་མ་མིན་ཏེ། ཕྱི་མ་དམ་བཅའ་བ་ལ་བྱེ་བྲག་པའི་ཞེ་འདོད་གྲུབ་པའི་དགོས་པ་མེད་པའི་ཕྱིར་ཏེ། བྱེ་བྲག་པས་མངོན་སུམ་གྱིས་མ་མཐོང་བའི་ཡན་ལག་དང་ཡན་ལག་ཅན་གཉིས་ལ་སྒྲིབ་ཐོགས་ལ་སོགས་པའི་བྱ་བ་བྱེད་པར་མ་མཐོང་ཞིང་མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་ཅན་རགས་པ་ལ་དེ་ལྟ་བུའི་ནུས་པ་ཡོད་པར་མཐོང་ནས་ཡན་ལག་ཅན་རྫས་གཞན་དམ་བཅའ་བ་ཡིན་པའི་ཕྱིར་ཞེས་པ་ནི། ལྡན་དོན་རྫས་ཀྱི་མཚན་ཉིད་ཅན། །མཐོང་བ་ལ་རྟེན་གཞན་ཡོད་ཡིན། །མ་མཐོང་ཁྱད་པར་ཅན་མིན་ལ། །དམ་བཅའ་བ་ལ་དགོས་པ་མེད། །མ་མཐོང་བ་ལ་འབྲས་མེད་པ། །མཐོང་ནས་ཡན་ལག་ཅན་བསྒྲུབ་འདོད། །ཅེས་པས་བསྟན་ཏོ། །འོ་ན་ཡན་ལག་ཅན་དེའི་སྟེང་དུ་རང་གི་ཡན་ལག་ལ་མེད་པའི་ཆོས་གསུམ་གྱིས་ཁྱད་པར་དུ་བྱེད་པའི་གཞན་དུ་དམ་བཅའ་བ་ཡིན་ནམ། མ་བྱས་པའི་གཞན་ཙམ་དུ་དམ་བཅའ་བ་ཡིན་སྙམ་ན། དང་པོ་ཡིན་གྱི། ཕྱི་མ་མིན་ཏེ། ཕྱི་མ་དམ་བཅའ་བ་ལ། སངས་རྒྱས་པའི་ཤེས་འདོད་འགྲུབ་པའི་དགོས་པ་མེད་པའི་ཕྱིར་ཏེ། དེ་སངས་རྒྱས་པ་ལ་གྲུབ་ཟིན་པའི་ཕྱིར་ཞེས་པ་ནི་ཁྱད་པར་ཅན་མིན་པ། དམ་བཅའ་བ་ལ་དགོས་པ་མེད། །ཁྱད་པར་ཅན་མིན་གཞན་ཡོད་ནི། །བསྒྲུབ་ན་གྲུབ་པ་བསྒྲུབ་པ་ཉིད། །ཅེས་པས་བསྟན་ནོ། །དེས་ན་བྱེ་བྲག་པས་མངོན་སུམ་གྱིས་མཐོང་དུ་རུང་བའི་ཡན་ལག་ཅན་རགས་པ་ནི་རང་གི་ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ལྷག་པོ་སོགས་ཆོས་གསུམ་གྱིས་ཁྱད་པར་དུ་བྱས་པའི་སྒོ་ནས་ཡན་ལག་ལས་རྫས་གཞན་ཡིན་ཅེས་པའི་དམ་བཅའ་ནི་སྐབས་འདིར་བསྟན་གྱི་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ལྟར་སྣང་ཡིན་པས་མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་ཅན་རགས་པ་ནི་ཆོས་ཅན་གྱི་ངོ་བོ་དང་། རང་གི་ཡན་ལག་ལས་རྫས་གཞན་པ་ནི་ཆོས་ཀྱི་ངོ་བོ་དང་། ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ལྷག་པོ་སོགས་ཆོས་གསུམ་ནི་དམ་བཅའ་དེའི་ཆོས་ཀྱི་ཁྱད་པར་ཡིན་ཞིང་། འདིར་ཆོས་གསུམ་པོ་ཉིད་ལ་གཙོ་བོར་གནོད་པ་སྟོན་ཏེ། རྒྱལ་དབང་བློས། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ཞེས་དམ་བཅས་པ་ལ་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་མ་ཡིན་ཏེ། སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་ཞེས་པ་འདི་ནི་སུན་འབྱིན་པའོ། །འདིས་ཀྱང་གཞན་གྱི་ཁྱད་པར་བསལ་གྱི། གཞན་ཙམ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་ཕ་རོལ་པོའང་རྡུལ་ཕྲ་རབ་རྣམས་ལ་མཐོང་བ་དང་ཐོགས་པ་ལ་སོགས་པའི་འབྲས་བུ་སྲིད་པ་མ་ཡིན་ཞེས་དེ་རྣམས་འགྲུབ་པའི་ཆེད་དུ་ཡན་ལག་རྣམས་ལས་གཞན་པའི་ཡན་ལག་ཅན་གྱི་སྒྲ་བྱ་བ་དང་ལྡན་པ། ཡོན་ཏན་དང་ལྡན་པ་འཕྲོད་པ་འདུ་བའི་རྒྱུ་ནི་རྫས་སོ་ཞེས་རྫས་ཀྱི་མཚན་ཉིད་འདི་དང་ལྡན་པ། མཐོང་བྱའི་རང་བཞིན་ཅན་བསྒྲུབ་པར་འདོད་ཀྱི་ཁྱད་པར་བ་མིན་པའི་གཞན་ཙམ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་སེལ་བའང་མིན་ལ། དེ་སེལ་ན་ནི། ཆོས་ཀྱི་རང་གི་ངོ་བོ་ཁོ་ན་སེལ་བར་འགྱུར་གྱི་དེའི་ཁྱད་པར་ནི་སེལ་བ་མིན་ནོ། །འདི་ནི་ཆོས་ཀྱི་ཁྱད་པར་ཡང་སེལ་བར་འདོད་དོ། །དེས་ན་འདི་ནི་ཁྱད་པར་སེལ་བས་སོ་ཞེས་གསུངས་སོ། །དམ་བཅའ་གཉིས་པའི་སྐབས་སུ་མཁས་པ་ཁ་ཅིག ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ཞེས་ཡན་ལག་ཅན་ཆོས་ཅན་དུ་གཟུང་བ་དང་། ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་ཡིན་ཞེས་ཡན་ལག་ཆོས་ཅན་དུ་གཟུང་བ་གཉིས་ལས། ཕྱི་མ་ལྟར་ན། མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་གསུམ་པ་ཆོས་ཅན་གྱི་ངོ་བོ་དང་། མངོན་སུམ་གྱིས་མཐོང་རུང་ཆོས་ཅན་གྱི་ཁྱད་པར་ཡིན་ལ། འོན་ཀྱང་མངོན་སུམ་གྱིས་མཐོང་རུང་ལ་གནོད་པ་སྟོན་པས་ཆོས་ཅན་གྱི་ཁྱད་པར་ལ་གནོད་པར་བཞག་པ་མིན་གྱི། ཆོས་ཅན་ཁྱད་པར་བ་དེའི་སྟེང་དུ་ཡན་ལག་ཅན་ལས་རྫས་གཞན་ཡིན་པ་ལ་གནོད་པ་བསྟན་པས་ཆོས་ཀྱི་ཁྱད་པར་ལ་གནོད་པར་བཞག་པ་སྟེ། རྒྱལ་དབང་བློས། ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་མིན་ཞེས་པའི་འགྲེལ་བཤད་དུ་ཡན་ལག་རྣམས་ཡན་ལག་ཅན་ལས་གཞན་མིན་ཞེས་པ་ཆོས་ཅན་གྱི་ཁྱད་པར་སེལ་བའོ། །ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་ནོ་ཞེས་པ་དམ་བཅའ་བའོ། །འདིར་ཡན་ལག་རྣམས་ནི་ཆོས་ཅན་ཏེ། དེ་རྣམས་གཞན་ཉིད་ཀྱི་ཆོས་ནི་བསྒྲུབ་པར་བྱ་བའོ། །དེ་རྣམས་ཀྱིའང་འགའ་ཞིག་ནི་མངོན་སུམ་ཉིད་ཀྱི་ཁྱད་པར་དུ་ཕ་རོལ་པོས་འདོད་དེ། དེའང་གཞན་ཉིད་དུ་ཡོད་ན་དེ་ལས་ཐ་དད་པར་མི་སྣང་བའི་ཕྱིར་འཐད་པ་མ་ཡིན་ནོ། །གཞན་ཉིད་དུ་ཡོད་པ་ན་གང་ཞིག་གང་ལས་ཐ་དད་པར་སྣང་བ་མིན་པ་དེ་མངོན་སུམ་མ་ཡིན་ཏེ། ཆོས་ཅན་མ་ཡིན་པའི་ཡན་ལག་དང་པོའི་ཡན་ལག་རྣམས་བཞིན་ནོ། །ཡན་ལག་རྣམས་ཀྱང་གཞན་ཉིད་དུ་ཡོད་པ་ན། ཡན་ལག་ཅན་ཕ་རོལ་པོ་དེ་ལས་ཐ་དད་པར་སྣང་བ་མིན་ནོ། །ཁྱབ་བྱེད་མ་དམིགས་པའོ་ཞེས་གསུངས་པས་སོ་ཞེས་བཞེད་ཀྱང་དེ་ལྟར་ན་ཆོས་ཅན་གྱི་ཁྱད་པར་ལ་གནོད་པར་མ་སོང་བས་ཅུང་ཟད་མི་འཐད་དོ། །དེས་ན་མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་རྣམས་ནི་ཆོས་ཅན་གྱི་ངོ་བོ་ཡིན་ལ། ཡན་ལག་ཅན་ལས་རྫས་གཞན་པ་ནི་ཆོས་ཅན་གྱི་ཁྱད་པར་ཡིན་ཏེ་རྒྱས་པར་འོག་ཏུ་འབྱུང་ངོ་། །འདི་ལ་ཡན་ལག་ཅན་ཆོས་ཅན་དུ་བཞག་པ་དང་ཡང་འགྲིག་སྟེ། སྔར་གྱི་ཡན་ལག་གསུམ་པ་དེ་ཡན་ལག་དང་ཡན་ལག་ཅན་གྱི་གཞི་མཐུན་ཡིན་པའི་ཕྱིར་རོ། །འོན་ཀྱང་ཁྱད་པར་ནི་ཡན་ལག་ཆོས་ཅན་དུ་བཞག་པའི་ཚེ་ཡན་ལག་ཅན་ལས་རྫས་གཞན་དང་། ཡན་ལག་ཅན་ཆོས་ཅན་དུ་བཞག་པའི་ཚེ་ཡན་ལག་ལས་རྫས་གཞན་དུ་འདོད་པའོ། །བོད་ཀྱི་མཁས་པ་དག་ཡན་ལག་ཆོས་ཅན་དུ་བཞག་པའི་ཚེ་རང་གི་ཡན་ལག་ལས་རྫས་གཞན་མིན་ཏེ་ཞེས་བཞེད་ཀྱང་དེའི་ཚེ་ཡན་ལག་ཅན་ནི་རང་གིས་བརྩམས་པའི་ཡན་ལག་ཅན་མ་ཡིན་གྱི། ཡན་ལག་གཉིས་པ་ལ་ཡན་ལག་ཅན་དང་པོར་བྱས་པ་དེ་ཉིད་ཡིན་ནམ་སྙམ་སྟེ། རྒྱལ་དབང་བློས། ཡན་ལག་ཅན་ཕ་རོལ་པོ་དེ་ལས་ཞེས་བཤད་ཅིང་། དོན་གྱིས་ཡན་ལག་ཅན་ཡན་ལག་ལས་རྫས་གཞན་དུ་འདོད་པར་སྔ་མ་དང་གཅིག་པའི་ཕྱིར་རོ། །དམ་བཅའ་གསུམ་པའི་སྐབས་སུ་ཁ་ཅིག་ཆོས་གསུམ་དང་ལྡན་ཞིང་། རང་གི་ཡན་ལག་ལས་རྫས་གཞན་པའི་ཡན་ལག་ཅན་ནི་ཆོས་ཅན་གྱི་ངོ་བོ་ཡིན་ལ། དེ་ལ་གནོད་པ་སྟོན་པས་ན་ཆོས་ཅན་གྱི་ངོ་བོ་ལ་གནོད་པར་བཞག་གོ་ཞེས་བཞེད་ཀྱང་མི་འཐད་དེ། ཆོས་གསུམ་ལྡན་དང་། ཡན་ལག་རྣམས་ལས་རྫས་གཞན་ཡིན་པ་ལ་རིགས་པ་སྔ་མ་གཉིས་ཀྱིས་གནོད་བྱེད་རིམ་པ་ལྟར་བསྟན་ཟིན་པས་འདིར་ནི་རྫས་ཀྱི་ངོ་བོ་ཙམ་ལ་གནོད་པ་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །རང་ལུགས་ནི་འདིར་རྫས་ཙམ་ནི་ཆོས་ཅན་ཡིན་ལ་ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པ་ནི་དེའི་ངོ་བོ་སྟེ། དེའི་དོན་ལྡོག་ཏུ་བྱེ་བྲག་པས་འདོད་པའི་ཕྱིར་རོ། །མདོར་ན་རིགས་པ་སྔ་མ་གསུམ་གྱིས་རིམ་པ་ལྟར་ཆོས་གསུམ་དང་། ཡན་ལག་ལས་རྫས་གཞན་དང་། རྫས་ཀྱི་དོན་ལྡོག་ལ་གནོད་པ་སྟོན་པའི་ཚུལ་ཤེས་ན་གནད་ཐམས་ཅད་རང་གྲོལ་དུ་འགྱུར་རོ། །དམ་བཅའ་བཞི་པའི་དོན་ནི་འོག་ཏུ་འཆད་དོ། །གཉིས་པ་དེ་ལ་གནོད་བྱེད་ཀྱི་རིགས་པ་བསྟན་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། ལྷ་ཤཱཀ་གིས། རྗེས་དཔག ཁས་བླངས། རང་ཚིག མངོན་སུམ། གྲགས་པ་དང་ལྔས་གནོད་ཅེས་དང་། རྒྱན་གྱིས་རྗེས་དཔག ཁས་བླངས། རང་ཚིག གྲགས་པ་དང་བཞིས་གནོད་ཅེས་དང་། ཡཱ་མ་རིས། རྗེས་དཔག ཁས་བླངས། མངོན་སུམ། རང་ཚིག་དང་བཞིས་གནོད་ཅེས་བཞེད་པ་དང་གསུམ་ལས། སྔ་མ་ཉིད་གཞུང་གི་དགོངས་པ་སྟེ། སྲང་ནི་དམའ་བ་དག་ཏུ་འགྱུར། །ཞེས་པའི་སྐབས་སུ་རྗེས་དཔག་དང་། གཟུགས་སོགས་ལྷག་དང་ལྷག་ལྕི་བཞིན། །ཞེས་པའི་སྐབས་སུ་མངོན་སུམ་གྱིས་གནོད་ཚུལ་བསྟན་ནས། ལྷག་མ་ཁས་བླངས་རང་ཚིག་སོགས་ཀྱི་ཞེས་ཁ་འཕངས་པ་ལ་ཁས་བླངས་དང་རང་ཚིག་གིས་གནོད་ཚུལ་དངོས་སུ་ཡོད་ཅིང་། སོགས་ཁོངས་ནས་གྲགས་པས་གནོད་ཚུལ་འདོན་དགོས་པའི་ཕྱིར་རོ། །མདོ་ལས། ཆོས་ཀྱི་ཁྱད་པར་ལ་གནོད་པའི་སྐབས་སུ་རྗེས་དཔག་གིས་གནོད་ཚུལ་དངོས་སུ་བསྟན་ནས་གཞན་རྣམས་ཤུགས་ལ་བསྟན། ཆོས་ཅན་གྱི་ཁྱད་པར་ལ་གནོད་པའི་སྐབས་སུ་མངོན་སུམ་གྱིས་གནོད་ཚུལ་དངོས་སུ་བསྟན་ནས་གཞན་རྣམས་ཤུགས་ལ་བསྟན། ཆོས་ཅན་གྱི་ངོ་བོ་ལ་གནོད་པའི་སྐབས་སུ་ཁས་བླངས་ཀྱིས་གནོད་ཚུལ་དངོས་སུ་བསྟན་ནས་གཞན་རྣམས་ཤུགས་ལ་བསྟན། གཉིས་ཀའི་ངོ་བོ་དང་ཁྱད་པར་ལ་གནོད་པའི་སྐབས་སུ་རང་ཚིག་གིས་གནོད་ཚུལ་དངོས་སུ་བསྟན་ནས། གཞན་རྣམས་ཤུགས་ལ་བསྟན་པ་ནི་ཕྱོགས་གླང་གི་དགོངས་པ་ཁོ་བོས་གསར་དུ་རྙེད་པའོ། །གཉིས་པ་ལ་བཞི་སྟེ། ཆོས་ཀྱི་ཁྱད་པར་ལ། ཆོས་ཅན་གྱི་ཁྱད་པར་ལ། ཆོས་ཅན་རང་གི་ངོ་བོ་ལ། དེ་གཉིས་ཀའི་ངོ་བོ་དང་ཁྱད་པར་ལ་གནོད་ཚུལ་བཤད་པའོ། །དང་པོ་ལ། རྗེས་དཔག མངོན་སུམ། ཁས་བླངས། རང་ཚིག གྲགས་པས་གནོད་ཚུལ་དང་ལྔ་ལས། དང་པོ་ནི། མདོ་ལས། སྲང་དམའ་བའི་ཁྱད་པར་དག་མི་འཛིན་པའི་ཕྱིར་ཞེས། རང་རྒྱུ་དངོས་སུ་བསྟན་ཅིང་། འདིར། སྲང་ནི་དམའ་བ་དག་ཏུ་འགྱུར། །ཞེས་ཐལ་འགྱུར་དངོས་སུ་བསྟན་པའི་དོན་འདི་ལྟར་བྱ་སྟེ། ལྕིད་མཉམ་གྱི་འཇིམ་རིལ་བཅུ་ཚན་གཉིས་ལས། བཅུ་ཚན་གཅིག་བསྲེས་ནས་སྲང་ལ་གཞལ། ཅིག་ཤོས་མ་བསྲེས་པར་སྲང་ལ་ཅིག་ཅར་བཅལ་བའི་ཚེ་ན་བསྲེས་པའི་འཇིམ་གོང་དེ་ཆོས་ཅན། མ་བསྲེས་པར་ཅིག་ཅར་སྲང་ལ་བཅལ་བའི་བཅུ་ཚན་དེ་ལས་ཁྱོད་སྲང་མགོ་ཐུར་དུ་དམའ་བར་འགྱུར་བར་ཐལ། མ་བསྲེས་པའི་དུས་སུ་ཁྱོད་དང་དེ་གཉིས་སྲང་གྲངས་མཉམ་པ་གང་ཞིག ཁྱོད་ལ་རང་གི་ཡན་ལག་ལ་མེད་པའི་ཡན་ལག་ཅན་གྱི་ལྕིད་ལྷག་ཡོད། ཅིག་ཤོས་ལ་དེ་མེད་པའི་ཕྱིར། དེ་ལྟ་བུའི་ཐལ་འགྱུར་གྱིས་བསྲེས་པའི་འཇིམ་གོང་དེ་ལ་ཡན་ལག་ལ་མེད་པའི་ལྕིད་ཡོན་ཏན་དོན་གཞན་ཡོད་པའི་ལོག་རྟོག་གི་དབལ་བཅོམ་ནས་ཤེས་འདོད་ཞུགས་པ་སྔར་གྱི་བསྲེས་པའི་འཇིམ་གོང་དེ་ཆོས་ཅན། རང་གི་ཡན་ལག་ལ་མེད་པའི་ཡན་ལག་ཅན་གྱི་ལྕིད་ལྷག་མེད་དེ། དེས་བསྐྱེད་པའི་འབྲས་བུ་སྲང་མགོ་ཐུར་དུ་འགྲོ་བའི་བྱ་བ་མེད་པའི་ཕྱིར། ཞེས་པའི་དངོས་འབྲས་མ་དམིགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་ཡོན་ཏན་ལྕིད་ལྷག་ཁེགས། དེ་ཁེགས་པས་འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་། དེ་གཉིས་ཀྱི་འཕྲོད་པ་འདུ་བའི་རྒྱུ་ཁེགས། འབྲེལ་ཡུལ་དེ་གསུམ་ཁེགས་པས་འབྲེལ་ཆོས་ཡན་ལག་ལས་རྫས་གཞན་ཡིན་པ་ཁེགས་ཏེ། དེས་ན་མེད་ན་མི་འབྱུང་བའི། །ཁྱད་པར་གཞན་ལ་གནོད་པ་ཡིན། །ཞེས་དང་། རྒྱལ་དབང་བློས། སྲང་དམའ་བའི་ཁྱད་པར་མེད་ན། ཇི་སྐད་དུ་བཤད་པའི་ལྕིད་ཉིད་མེད་དེ། མ་བསྲེས་པར་གཞལ་བའི་འཇིམ་པའི་གོང་བུ་དག་ལ་བཞིན། བསྲེས་ནས་བཅལ་བའི་འཇིམ་པའི་གོང་བུ་དག་ལ་ཡང་སྲང་དམའ་བའི་ཁྱད་པར་མེད་དོ། །འབྲས་བུ་མ་དམིགས་པའོ་ཞེས་དང་། ཤཱས། ཆོས་ཀྱི་ཁྱད་པར་ལྕི་བ་ལ་སོགས་པ་དེ་དག་ཀྱང་སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འབྲས་བུ་མ་དམིགས་པའི་མཚན་ཉིད་ཅན་གྱི་རྗེས་སུ་དཔག་པ་འདིས་བསལ་བར་འགྱུར་རོ་ཞེས་གསུངས་པས་སོ། །གཉིས་པ་ནི། གཟུགས་སོགས་ལྷག་དང་ལྷག་ལྕི་བཞིན། །ཞེས་སོགས་ཏེ། ཡན་ལག་ཅན་ལ་ཡན་ལག་ལ་མེད་པའི་ཡོན་ཏན་གཟུགས་དྲི་སོགས་ཡིན་ན་མངོན་སུམ་གྱིས་དམིགས་དགོས་པ་ལས་མངོན་སུམ་གྱིས་མ་དམིགས་པས་ན་མངོན་སུམ་གྱིས་གནོད་ཅེས་པའོ། །གསུམ་པ་ལ། ཁ་ཅིག རྩ་བར་ཡན་ལག་ཅན་རྟག་པར་ཁས་བླངས་པ་དང་། འདིར་ཡན་ལག་ཅན་རྫས་གཞན་དུ་ཁས་བླངས་པ་དང་འགལ་ཞེས་ཟེར་བ་ནི་མི་འཐད་དེ། བྱེ་བྲག་པས་ཀྱང་རགས་པ་ཡན་ལག་ཅན་དེ་མི་རྟག་པར་ཁས་བླངས་པའི་ཕྱིར་རོ། །ཁ་ཅིག ཡན་ལག་ཅན་ཆོས་གསུམ་ལྡན་དུ་ཁས་བླངས་པ་དང་། རྩ་བའི་གྲུབ་མཐའ་ལ་ཡན་ལག་ཅན་ཆ་མེད་དུ་ཁས་བླངས་པ་འགལ་བ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། ཆོས་གསུམ་ལྡན་དང་ཆ་མེད་འགལ་བའི་དོན་ཡང་ལྕིད་ཀྱི་ཡོན་ཏན་དང་ལྡན་ན་ཆ་མེད་མིན་པས་ཁྱབ་པར་ཁས་བླངས་པར་སྣང་བས་རིགས་མཐུན་གྱི་རྡུལ་ཕྲན་དུ་མ་དང་འདབས་འབྲེལ་དུ་གནས་པའི་རེག་བྱའི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དེ། ལྕིད་ཀྱི་ཡོན་ཏན་དང་མི་ལྡན་པར་ཐལ་བའི་ཕྱིར་རོ། །ཁ་ཅིག རྩ་བའི་གྲུབ་མཐའ་ལ་ཡན་ལག་ཅན་ལ་ལྕིད་ལྷག་ཡོད་པས་ཁས་བླངས་པ་ལ། སྲང་ནི་དམའ་བ་དག་ཏུ་འགྱུར། །ཞེས་པའི་གནོད་བྱེད་བསྟན་པས། ཕྲ་མོ་ནས་ཙམ་རྫས་ཕྲེང་དག །ཅེས་སོགས་ཀྱི་སྐབས་སུ། ལྕིད་ཀྱི་ཡོན་ཏན་ལྷག་པོ་ཡོད་ཀྱང་མི་གཏོགས་པར་ཁས་བླངས་པ་དང་འགལ་བ་ཡིན་ནོ་ཞེས་གསུངས་པ་ཡང་ཅུང་ཟད་མི་འཐད་དེ། སྲང་ནི་དམའ་བ་དག་ཏུ་འགྱུར། །ཞེས་པའི་གནོད་བྱེད་མ་བསྟན་པའི་གོང་དུ་ཁས་བླངས་ནང་འགལ་བསྟན་རྒྱུ་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། རང་ལུགས་ནི། ཡན་ལག་ཅན་ལ་ལྕིད་ཀྱི་ཡོན་ཏན་ལྷག་པོ་ཡོད་པ་དེའི་འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་ལྡན་པར་ཡང་ཁས་བླངས་ཤིང་། འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་ལྡན་ཀྱང་སྲང་ལས་མི་རྟོགས་པར་ཁས་བླངས་པས་ཁས་བླངས་འགལ་བ་ཡིན་ནོ། །བཞི་པ་ལ། ཁ་ཅིག ཡན་ལག་ཅན་དུ་སྨྲས་པའི་ཤུགས་ལ་ཀུན་རྫོབ་ཏུ་སྨྲས་པ་དང་། དངོས་སུ་རྫས་གཞན་དུ་སྨྲས་པ་གཉིས་རང་ཚིག་དངོས་ཤུགས་འགལ་བ་ཡིན་ཞེས་ཟེར་བ་མི་འཐད་དེ། འདིར་ཆོས་གསུམ་ལ་གནོད་པ་དངོས་སུ་སྟོན་པའི་སྐབས་ཡིན་གྱི། རྫས་གཞན་ལ་གནོད་པ་དངོས་སུ་སྟོན་པ་ནི་དམ་བཅའ་གཉིས་པའི་སྐབས་ཡིན་པའི་ཕྱིར་རོ། །ཁ་ཅིག ཡན་ལག་དང་ཡན་ལག་ཅན་རྫས་གཞན་དུ་དངོས་སུ་སྨྲས་ཤིང་། ཡན་ལག་དང་ཡན་ལག་ཅན་དུ་སྨྲས་པའི་ཤུགས་ལ་རྫས་གཞན་མིན་པར་དམ་བཅས་པས་འགལ་བ་ཡིན་ནོ་ཞེས་ཟེར་བ་ཡང་དེ་ཉིད་ཀྱིས་ཁེགས་སོ། །རང་ལུགས་ནི། ཡན་ལག་ཅན་ལ་རང་གི་ཡན་ལག་ལས་རྫས་གཞན་དུ་འབྱེད་པར་བྱེད་པའི་ཆོས་གསུམ་ཡོད་པར་དངོས་སུ་སྨྲས་ཤིང་། ཡན་ལག་དང་ཡན་ལག་ཅན་དུ་སྨྲས་པའི་ཤུགས་ལ་རང་གི་ཡན་ལག་ལས་རྫས་གཞན་དུ་འབྱེད་པར་བྱེད་པའི་ཆོས་གསུམ་མེད་པར་དམ་བཅས་པས་རང་ཚིག་དངོས་ཤུགས་འགལ་བ་ཡིན་ནོ། །ལྔ་པ་ནི། ཡན་ལག་ཅན་ལ་རང་གི་ཡན་ལག་ལ་མེད་པའི་ཆོས་གསུམ་ཡོད་ཅེས་པའི་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་མེད་པས་གནོད་པའོ། །གཉིས་པ་ལ་ཡང་ལྔ་ལས། དང་པོ་རྗེས་དཔག་གིས་གནོད་ཚུལ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག ཡན་ལག་ཅན་ཆོས་ཅན་དུ་བཟུང་བའི་ཚེ་རགས་པ་ཡན་ལག་ཅན་ཆོས་ཅན་གྱི་ངོ་བོ་མངོན་སུམ་གྱིས་མཐོང་དུ་རུང་བ་ཆོས་ཅན་གྱི་ཁྱད་པར། དེ་ལ་གནོད་པས་ཆོས་ཅན་གྱི་ཁྱད་པར་ལ་གནོད་པ་ཡིན་ནོ། །གནོད་ཚུལ་ནི། རགས་པ་ཡན་ལག་ཅན་ཆོས་ཅན། རང་གི་ཡན་ལག་ལས་རྫས་གཞན་དུ་མངོན་སུམ་གྱིས་མཐོང་དུ་མི་རུང་སྟེ། རང་གི་ཡན་ལག་ལས་རྫས་གཞན་དུ་མངོན་སུམ་གྱིས་མ་དམིགས་པའི་ཕྱིར་རོ། །ཁས་བླངས་འགལ་བ་ནི། རགས་པ་ཡན་ལག་ཅན་རང་གི་ཡན་ལག་ལས་རྫས་གཞན་དུ་མངོན་སུམ་གྱིས་མ་དམིགས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་བསྙོན་པ་མེད་པར་ཁས་ལེན་དགོས་ལ། རགས་པ་ཡན་ལག་ཅན་རང་གི་ཡན་ལག་ལས་རྫས་གཞན་དུ་མངོན་སུམ་གྱིས་མཐོང་དུ་རུང་བར་ཁས་བླངས་པས་འགལ་བ་ཡིན་ནོ། །སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་ཅེས་པས་ཡན་ལག་ཅན་གྱི་ཁྱད་པར་ཆོས་གསུམ་ལྡན་ལ་གནོད་ཅིང་། འདིས་ནི་དེའི་ཁྱད་པར་མངོན་སུམ་གྱིས་མཐོང་དུ་རུང་བ་ལ་གནོད་པ་ཡིན་ནོ། །ཡན་ལག་ཆོས་ཅན་དུ་གཟུང་བ་དེའི་ཚེ། རྡུལ་ཕྲན་སོ་སོ་བ་ཆོས་ཅན་གྱི་ངོ་བོ་དང་། མངོན་སུམ་གྱིས་མཐོང་དུ་མི་རུང་བ་ཆོས་ཅན་གྱི་ཁྱད་པར། དེ་ལ་གནོད་པས་ཆོས་ཅན་གྱི་ཁྱད་པར་ལ་གནོད་པ་ཡིན་ནོ། །ཅི་ལྟར་གནོད་པའི་ཚུལ་ནི་རྡུལ་ཕྲན་སོ་སོའི་ཡན་ལག་རྣམས་ཆོས་ཅན། མངོན་སུམ་གྱིས་མཐོང་དུ་མི་རུང་བའི་སྒོ་ནས་ཡན་ལག་ཅན་ལས་རྫས་གཞན་མ་ཡིན་ཏེ། དེ་ཡིན་ན་ཁྱོད་མངོན་སུམ་གྱིས་མཐོང་དུ་མི་རུང་བ་ཡིན་དགོས་ལ། དེ་ཡིན་ན་ཡན་ལག་ཅན་མངོན་སུམ་གྱིས་མཐོང་དུ་མི་རུང་བ་ཡིན་དགོས་པའི་ཕྱིར། དཔེར་ན་བཀོད་པ་མ་བཟུང་བར་བཀོད་པ་ཅན་མི་འཛིན་པ་བཞིན་ནོ། །ཁས་བླངས་འགལ་བ་ནི། ཡན་ལག་མངོན་སུམ་གྱིས་མཐོང་དུ་མི་རུང་བ་དང་། ཡན་ལག་ཅན་མངོན་སུམ་གྱིས་མཐོང་དུ་རུང་བར་ཁས་བླངས་པས་འགལ་བ་ཡིན་ནོ་ཟེར་རོ། །གཞན་དག་ན་རེ། མི་འཐད་དེ། ཆོས་ཅན་གྱི་ཁྱད་པར་ལ་གནོད་ཚུལ་གྱིས་སྐབས་ཀྱི་ཆོས་ཅན་གྱི་ཁྱད་པར་དེ་ཚད་མས་མ་གྲུབ་པ་ཅིག་དགོས་པ་གང་ཞིག རགས་པ་ཡན་ལག་ཅན་མངོན་སུམ་གྱིས་མཐོང་དུ་རུང་བ་དེ་ཚད་མས་གྲུབ་པའི་ཕྱིར། དེས་ན་རང་ལུགས་ལ། ཡན་ལག་ཅན་ཆོས་ཅན་དུ་གཟུང་བའི་ཚེ། རགས་པ་ཡན་ལག་ཅན་ཆོས་ཅན་གྱི་ངོ་བོ་དང་། ཆ་མེད་དེའི་ཁྱད་པར་ཡིན་ལ། དེ་ལ་གནོད་པས་ཆོས་ཅན་གྱི་ཁྱད་པར་ལ་གནོད་པ་ཡིན་ནོ། །ཅི་ལྟར་གནོད་ཚུལ་ནི། རགས་པ་ཡན་ལག་ཅན་ཆོས་ཅན། མངོན་སུམ་གྱིས་མཐོང་དུ་མི་རུང་བར་ཐལ། ཆ་མེད་ཡིན་པའི་ཕྱིར་ཅེས་ཐལ་འགྱུར་དངོས་སུ་བསྟན་ཅིང་། ཤུགས་ལ་ཐལ་བ་ལས་ཆ་མེད་མིན་ཏེ། མངོན་སུམ་གྱིས་མཐོང་དུ་རུང་བའི་ཕྱིར་ཅེས་རང་རྒྱུད་བསྟན་པ་ཡིན་ནོ། །ཡན་ལག་ཆོས་ཅན་དུ་གཟུང་བའི་ཚེ། མངོན་སུམ་གྱིས་མཐོང་དུ་མི་རུང་བ་ཆོས་ཅན་གྱི་ཁྱད་པར་ཡིན་ནོ། །དེ་ལ་གནོད་པའི་ཚུལ་ནི་མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ་ཞེས་པ་སྟེ། ཡན་ལག་ཡིན་པའི་མངོན་སུམ་གྱིས་མཐོང་རུང་མེད་པར་ཐལ། ཡན་ལག་ཡིན་ན་དེས་མཐོང་དུ་མི་རུང་བས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། བུམ་པའི་མཆུ་ལ་སོགས་པ་དེས་མཐོང་དུ་རུང་བའི་ཕྱིར་ཟེར་རོ། །དེ་གཉིས་ཀ་མི་འཐད་དེ། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་མིན་ཏེ། མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཞེས་པའི་གཏན་ཚིགས་དང་བསྒྲུབ་ཆོས་སྟོན་པའི་ཡི་གེའི་དོན་ལ་མ་ཞུགས་པའི་ཕྱིར། ལུགས་དང་པོའི་ཁས་བླངས་ནང་འགལ་སྟོན་པ་དེ་མི་འཐད་དེ། ཁས་ལེན་དགོས་པ་དང་། ཁས་བླངས་པའི་ཁྱད་པར་མ་ཕྱེད་པའི་ཕྱིར། ཁས་ལེན་དགོས་པ་ཙམ་གྱིས་ཁས་བླངས་པར་འགྱུར་ན། མདོ་སྡེ་པས། དྲུག་གི་ཅིག་ཅར་སྦྱར་བའི་རིགས་པས་ཕྱི་དོན་མེད་པར་ཁས་ལེན་དགོས་པས་ཕྱི་དོན་ཁས་བླངས་པ་དང་འགལ་བར་འགྱུར་རོ། །ཡང་སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་ཅེས་དང་། མངོན་སུམ་པ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ་ཅེས་པའི་རིགས་པ་གཉིས་ཆར་ཡང་ཆོས་ཅན་གྱི་ཁྱད་པར་ལ་གནོད་པ་ཡིན་པར་ཐལ། དེ་གཉིས་ཆར་གྱིས་ཡན་ལག་ཅན་གྱི་སྟེང་གི་ཁྱད་པར་ལ་གནོད་པའི་ཕྱིར། ལུགས་གཉིས་པའི་ཡན་ལག་ཅན་ཆོས་ཅན་དུ་གཟུང་བའི་གནོད་ཚུལ་དེ་མི་འཐད་དེ། དེའི་ཚེ་ཡན་ལག་ཅན་དེ་རང་གི་ཡན་ལག་ལས་རྫས་གཞན་ཡིན་པ་ལ་གནོད་དགོས་པ་གང་ཞིག ཡན་ལག་ཅན་ཆ་མེད་ཡིན་པ་ལ་གནོད་པ་སྐབས་དོན་མིན་པའི་ཕྱིར། ཡན་ལག་ཆོས་ཅན་དུ་གཟུང་བའི་གནས་སྐབས་ཀྱི་གནོད་ཚུལ་དེ་ཡང་མི་འཐད་དེ། དེའི་གཏན་ཚིགས་དེ་ཕ་རོལ་པོས་ཀྱང་ཁས་མ་བླངས། ཚད་མས་ཀྱང་མ་གྲུབ་པའི་ཕྱིར། ཁོ་ན་རེ། གཏན་ཚིགས་མ་གྲུབ་སྟེ། བྱེ་བྲག་པས་ཡན་ལག་ཡིན་ན། མངོན་སུམ་གྱིས་མཐོང་དུ་མི་རུང་བས་ཁྱབ་པ་དང་། ཡན་ལག་ཅན་ཡིན་ན་དེས་མཐོང་རུང་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར་ཟེར། མི་འཐད་དེ། བྱེ་བྲག་པས་དེ་ལ་དེས་མཐོང་དུ་རུང་བ་དང་མི་རུང་བ་གཉིས་སུ་ཡོད་པར་འདོད་པའི་ཕྱིར་ཏེ། རྒྱལ་དབང་བློས། དེ་རྣམས་ཀྱིའང་འགའ་ཞིག་ནི་མངོན་སུམ་ཉིད་ཀྱི་ཁྱད་པར་དུ་ཕ་རོལ་པོས་འདོད་དེ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཡན་ལག་ཆོས་ཅན་དུ་གཟུང་བའི་ཚེ་རྡུལ་ཕྲན་གསུམ་འདུས་པའི་གོང་བུ་ཡན་ལག་གསུམ་པའི་མིང་ཅན་དེ་ཡིན་ལ། དེའི་ཚེ་ཡན་ལག་ཅན་ནི་རང་གིས་བརྩམས་པའི་ཡན་ལག་ཅན་མིན་གྱི། རྡུལ་ཕྲན་གཉིས་འདུས་པའི་ཡན་ལག་ཅན་དང་པོ་དེ་ཉིད་ཡིན་ཏེ། རྒྱལ་དབང་བློས། ཡན་ལག་ཅན་ཕ་རོལ་པོ་ཞེས་གསུངས་པའི་དགོངས་པ་ཡང་འདི་ཡིན་ནོ། །ཡན་ལག་ཅན་ཆོས་ཅན་དུ་གཟུང་བའི་ཚེ་ཡང་སྔར་གྱི་ཡན་ལག་དེ་དང་ཁྱད་པར་མེད་དེ། དེ་ཡན་ལག་དང་ཡན་ལག་ཅན་གྱི་གཞི་མཐུན་ཡིན་པའི་ཕྱིར་རོ། །དེའི་ཚེ་ཡན་ལག་ལས་རྫས་གཞན་མིན་ཞེས་པ་དང་། སྔར་ཡན་ལག་ཅན་ལས་རྫས་གཞན་མིན་ཞེས་པ་གཉིས་ཀྱང་གནད་གཅིག་སྟེ། སྔར་གྱི་ཡན་ལག་ཅན་དང་པོ་དེ་ཡན་ལག་དང་ཡན་ལག་ཅན་གྱི་གཞི་མཐུན་ཡིན་པའི་ཕྱིར་རོ། །ཇི་ལྟར་གནོད་པའི་ཚུལ་ནི་མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་རྣམས་ཆོས་ཅན། ཡན་ལག་ཅན་ཕ་རོལ་པོ་དེ་ལས་རྫས་གཞན་དུ་མངོན་སུམ་གྱིས་དམིགས་པར་ཐལ། དེ་ལས་རྫས་གཞན་གང་ཞིག མངོན་སུམ་གྱིས་མཐོང་རུང་ཡིན་པའི་ཕྱིར། རྟགས་གཉིས་ཆར་ཁས་བླངས་ཤིང་འདོད་ན་མངོན་སུམ་གྱིས་བསལ། ཁྱབ་པ་ཚད་མས་གྲུབ་པས་དེ་ལྟ་བུའི་ཐལ་འགྱུར་གྱིས་ལོག་རྟོག་གི་དཔལ་བཅོམ་ནས་ཤེས་འདོད་ཞུགས་པ་ན་དེ་ཆོས་ཅན། དེ་ལས་རྫས་གཞན་དུ་མེད་དེ། དེ་ལས་རྫས་གཞན་དུ་མངོན་སུམ་གྱིས་སྣང་རུང་མ་དམིགས་པའི་ཕྱིར། ཞེས་རང་བཞིན་མ་དམིགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་རགས་པ་ཡན་ལག་ཅན་དེ་ཡན་ལག་ཅན་དང་པོ་ལས་རྫས་གཞན་ཡིན་པ་དངོས་སུ་ཁེགས་པའོ། །འདིར་ཆོས་གསུམ་ལྡན་ལ་གནོད་པ་སྟོན་པ་ནི་སྐབས་ཀྱི་དོན་མིན་ཏེ། དམ་བཅའ་སྔ་མའི་སྐབས་སུ་ཆོས་གསུམ་ལྡན་ལ་དངོས་སུ་གནོད་པས་རྫས་གཞན་ཤུགས་ལ་ཁེགས་པ་ཡིན་ཞིང་། འདིར་ནི་རྫས་གཞན་ལ་དངོས་སུ་གནོད་པ་སྟོན་པའི་སྐབས་ཡིན་པས། ཞེ་འདོད་གཅིག་ལ་གནོད་པ་འདྲ་ཡང་དངོས་སུ་གནོད་ཡུལ་མི་འདྲ་བའི་ཕྱིར་རོ། །གཉིས་པ་མངོན་སུམ་གྱིས་གནོད་ཚུལ་ནི། དེ་ལས་རྫས་གཞན་དུ་མངོན་སུམ་གྱིས་མ་དམིགས་པ་ལ་མངོན་སུམ་གྱིས་གནོད་པར་བཞག་པ་སྟེ། གཟུགས་སོགས་ལྷག་དང་ལྷག་ལྕི་བཞིན། །ཞེས་པའི་སྐབས་སུ་ཡོན་ཏན་ལྷག་པོ་མངོན་སུམ་གྱིས་མ་དམིགས་པས་འདི་ཡང་མཚོན་པའོ། །གསུམ་པ་ཁས་བླངས་ཀྱིས་གནོད་ཚུལ་ནི། རགས་པ་ཡན་ལག་ཅན་དེ་མངོན་སུམ་གྱིས་མཐོང་རུང་དང་། དེ་ཡན་ལག་ཅན་དང་པོ་ལས་རྫས་གཞན་དུ་ཡོད་ཀྱང་དེ་ལས་རྫས་གཞན་དུ་མངོན་སུམ་གྱིས་མ་མཐོང་བར་ཁས་བླངས་པ་འགལ་བའོ། །བཞི་པ་རང་ཚིག་གིས་གནོད་ཚུལ་ནི། དངོས་སུ་ཡན་ལག་དང་ཡན་ལག་ཅན་རྫས་གཞན་དུ་སྨྲས་ཤིང་དུས་མཉམ་པའི་ཡན་ལག་དང་ཡན་ལག་ཅན་དུ་དམ་བཅས་པའི་ཤུགས་ལ་རྫས་གཞན་མིན་པར་ཁས་བླངས་པས་རང་ཚིག་དངོས་ཤུགས་འགལ་བའོ། །ལྔ་པ་གྲགས་པས་གནོད་ཚུལ་ནི། ཡན་ལག་དང་ཡན་ལག་ཅན་རྫས་གཞན་ཡིན་ཞེས་པའི་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་མེད་པའོ། །གསུམ་པ་ཆོས་ཅན་གྱི་ངོ་བོ་ལ་གནོད་ཚུལ་ལ། ཆོས་གསུམ་ལྡན་གྱི་རྫས་དང་ཡན་ལག་ལས་རྫས་གཞན་པའི་ཡན་ལག་ཅན་སྐབས་འདིའི་ཆོས་ཅན་གྱི་ངོ་བོ་ཡིན་པ་ནི་སྔར་བཀག་ཟིན་ཅིང་། འདིར་རྫས་ནི་ཡན་ལག་ཅན་གྱིས་རྫས་ཁོ་ན་མིན་ཏེ། ཡན་ལག་དང་ཡན་ལག་ཅན་གྱི་རྫས་གཉིས་ཀ་ཡང་བྱེ་བྲག་པས་འབྱུང་བཞིའི་རྫས་སུ་འདོད་ལ། འདིར་རྫས་ནི་རྫས་དགུ་ཆར་ལ་འཇུག་པའི་ཕྱིར་རོ། །རྫས་དེའི་ངོ་བོའམ་དོན་ལྡོག་ནི་ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པ་ཡིན་ལ། དེ་ལ་ཇི་ལྟར་གནོད་པའི་ཚུལ་ནི་ཡོན་ཏན་རྫས་སུ་ཐལ་བ་དང་། རྫས་རྫས་མིན་པར་ཐལ་བ་གཉིས་གསུངས་སོ། །ཡོན་ཏན་དང་རྫས་གཉིས་འབྲེལ་མེད་རྫས་གཞན་ཡིན་པར་ཐལ། དེ་གཉིས་དུས་མཉམ་རྫས་གཞན་ཡིན་པའི་ཕྱིར། འདོད་ན། ཡོན་ཏན་ཆོས་ཅན། རྫས་སུ་ཐལ། རྫས་ལ་མ་བརྟེན་པར་རང་དགར་གནས་པའི་ཕྱིར། རྫས་ཆོས་ཅན། རྫས་མིན་པར་ཐལ། ཡོན་ཏན་དོན་གཞན་གྱི་རྟེན་མི་བྱེད་པའི་ཕྱིར་ཞེས་པས་སོ། །ཡང་ན་རྫས་ཀྱི་ཡོད་པ་ཉིད་ཀྱི་སྤྱི་འཕྲོད་པ་འདུ་བས་རྫས་དང་། ཡོན་ཏན་གྱི་ཡོད་པ་ཉིད་ཀྱི་སྤྱི་འཕྲོད་པ་འདུ་བས་ཡོན་ཏན་དུ་འཇོག་པ་དང་། སྤྱི་ཆ་མེད་དུ་ཁས་བླངས་པ་ལ་ཁས་བླངས་ནང་འགལ་སྟོན་ཏེ། ཡོན་ཏན་ཆོས་ཅན། ཁྱོད་རྫས་སུ་ཐལ། རྫས་ཀྱི་ཡོད་པ་ཉིད་ཀྱི་སྤྱི་དེ་ཁྱོད་ལ་ཡང་འཕྲོད་པ་འདུ་བའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྤྱི་ཆ་མེད་དུ་ཁས་བླངས་པ་དང་འགལ། རྫས་ཆོས་ཅན། ཁྱོད་རྫས་མིན་པར་ཐལ། ཡོན་ཏན་གྱི་ཡོད་པ་ཉིད་ཀྱི་སྤྱི་དེ་ཁྱོད་ལ་འཕྲོད་པ་འདུ་བའི་ཕྱིར། རྟགས་ཁྱབ་སྔར་དང་འདྲ། དེ་ལྟར་ཡང་རྒྱལ་དབང་བློས། གང་ཡོད་པ་ཉིད་དང་ལྡན་པ་དེ་ནི་རྫས་མིན་ཏེ། ཡོན་ཏན་བཞིན། རྫས་སུ་མངོན་པར་འདོད་པའི་དངོས་པོ་ཡང་ཡོད་པ་ཉིད་དང་ལྡན་པ་ཡིན་ནོ་ཞེས་འགལ་ཁྱབ་དམིགས་པས་ཆོས་ཅན་གྱི་ངོ་བོ་བསལ་བའི་ཕྱིར་ཕྱོགས་ཀྱི་སྐྱོན་ཡིན་ནོ་ཞེས་གསུངས་པས་སོ། །བཞི་པ་ཆོས་དང་ཆོས་ཅན་གཉིས་ཀའི་ངོ་བོ་དང་ཁྱད་པར་ལ་གནོད་ཚུལ་ལ། ཁ་ཅིག གནོད་ཡུལ་གྱི་དམ་བཅའ་ལྟར་སྣང་ནི་ངས་སྨྲས་པའི་ངག་རྟག་པ་ཐམས་ཅད་བརྫུན་པའི་དོན་ཅན་ཡིན་ཞེས་དམ་བཅའ་བ་ལྟ་བུ་ལ་བྱས་ནས་ངས་སྨྲས་པའི་ངག་ནི་ཆོས་ཅན་གྱི་ངོ་བོ། རྟག་པ་ནི་ཆོས་ཅན་གྱིས་ཁྱད་པར། དོན་ཅན་ནི་ཆོས་ཀྱི་ངོ་བོ། བརྫུན་པ་ནི་ཆོས་ཀྱི་ཁྱད་པར་རོ། །དེ་ལ་གནོད་ཚུལ་ནི་དངོས་སུ་ངག་ཐམས་ཅད་བརྫུན་པའི་དོན་ཅན་ཡིན་ཞེས་སྨྲས་ཤིང་། དེ་རང་ཚིག་རྣམ་དག་ཏུ་སྨྲས་པའི་ཤུགས་ལ་བདེན་པའི་དོན་ཅན་དུ་ཁས་བླངས་པ་དང་འགལ་ཞིང་། ངས་སྨྲས་ཞེས་པ་ལ་ཡང་གནོད། རྟག་པས་དོན་ཅན་ལ་གནོད། དོན་ཅན་གྱིས་རྟག་པ་ལ་གནོད་དེ། དེ་ཡང་ཆོས་ཅན་གྱི་ངོ་བོ་སེལ་བ་ནི་རིག་བྱེད་པ་ཆོས་ཅན། ངག་ཐམས་ཅད་བརྫུན་པའི་དོན་ཅན་ཡིན་ཞེས་པའི་ཚིག་དེ་ཁྱོད་ཀྱིས་མ་སྨྲས་པར་ཐལ། ཁྱོད་ཀྱིས་སྨྲས་ཚད་བརྫུན་པ་གང་ཞིག དེ་བདེན་པའི་དོན་ཅན་ཡིན་པའི་ཕྱིར་ཞེས་པ་འདིས་ངས་སྨྲས་པ་སེལ་ལོ། །ཆོས་ཅན་གྱི་ཁྱད་པར་སེལ་ཚུལ་ནི། ངག་དེ་བརྗོད་འདོད་ཀྱི་རྒྱུ་ལ་ལྟོས་ནས་སྐྱེ་བ་དོན་མེད་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཆོས་ཀྱི་ངོ་བོ་སེལ་ཚུལ་ནི། ངག་ཆོས་ཅན། བརྗོད་བྱའི་དོན་མེད་པ་ཅན་ཡིན་པར་ཐལ། རྟག་པའི་ཕྱིར། ཆོས་ཀྱི་ཁྱད་པར་སེལ་ཚུལ་ནི། ངག་ཆོས་ཅན། བརྫུན་པ་ཡང་མི་སྟོན་པར་ཐལ། རྟག་པའི་ཕྱིར་ཞེས་པ་ལ་འདོད་པ་ནི་མདོའི་རང་འགྲེལ་ལས། ཅི་སྟེ་ངག་གི་བདག་ཉིད་ཀྱིས་སེལ་བ་དེ་ལྟ་ན་གཉིས་ཀའི་ཁྱད་པར་སེལ་བ་ཡིན་ནོ་ཞེས་པའི་ཡིག་དོན་ལ་མ་ཞུགས་ཤིང་རང་ལུགས་ཀྱི་རྟག་པས་དོན་ཅན་སེལ། དོན་ཅན་གྱིས་རྟག་པ་སེལ་བར་འདོད་པ་དང་ཡང་མི་འགྲིག་སྟེ། ཕྱི་མ་གཉིས་ཀ་རྟག་པས་དོན་ཅན་སེལ་བར་བྱས་འདུག་པའི་ཕྱིར་རོ། །ཡང་མཁས་པ་ཁ་ཅིག ཡུལ་ལ་འཇུག་པའི་ངག་མི་སྲིད་པར་ཐལ། བདེན་ཚིག་མི་སྲིད་པའི་ཕྱིར་ཞེས་པ་འདིས་ཆོས་ཅན་གྱི་ངོ་བོ་བསལ། ངག་སྨྲ་བ་བརྫུན་ཚིག་ཡིན་པ་ཉིད་ཀྱང་མི་འཐད་པར་ཐལ། དེ་བརྗོད་པའི་ཚིག་ཀྱང་བརྫུན་པའི་དོན་ཅན་ཡིན་པའི་ཕྱིར་ཞེས་པ་འདིས་ཆོས་ཀྱི་ངོ་བོ་བསལ། སྨྲ་བའི་བརྗོད་འདོད་ཀྱི་ངག་བྱེད་པ་པོ་དོན་མེད་པར་ཐལ། ངག་རྟག་པ་ཡིན་པའི་ཕྱིར་ཞེས་པ་འདིས་ཆོས་ཅན་གྱི་ཁྱད་པར་སེལ་ལོ། །བརྗོད་བྱ་མི་བདེན་པ་ཉིད་སྟོན་པ་མི་འཐད་པར་ཐལ། ངག་རྟག་པ་ཡིན་པའི་ཕྱིར་ཞེས་པ་འདིས་ཆོས་ཀྱི་ཁྱད་པར་སེལ་ལོ་ཞེས་གསུངས་པའི་དང་པོ་གཉིས་མདོའི་རང་འགྲེལ་ལས། ངག་དང་བརྫུན་པ་དག་ཐམས་ཅད་དུ་སེལ་བ་དེ་ལྟ་ན་གཉིས་ཀའི་རང་གི་ངོ་བོ་སེལ་བ་ཡིན་ནོ་ཞེས་གསུངས་པ་དང་འགྲིག་པར་སྣང་ངོ་། །ཕྱི་མ་གཉིས་ནི་སྔར་བཀག་ཟིན་ཅིང་། རང་ལུགས་ནི་ངས་སྨྲས་པ་ནི་ཆོས་ཅན་གྱི་ཁྱད་པར་ཡིན་ལ། སྤྱིར་བརྗོད་དོན་སྟོན་པ་ནི་ཆོས་ཀྱི་ཁྱད་པར་ཡིན་ལ། དེ་གཉིས་ནི་བསལ་བྱའོ། །སེལ་བྱེད་ནི་མདོའི་རང་འགྲེལ་ལས། ཅི་སྟེ་ངག་གི་བདག་ཉིད་ཀྱི་བརྫུན་པ་ཉིད་ཀྱིས་སེལ་བ་དེ་ལྟ་ན་ཞེས་གསུངས་པ་འདི་ལྟར་བྱ་སྟེ། དེ་ལྟ་བུའི་ངག་དེ་ཆོས་ཅན། ངས་སྨྲས་པའི་རང་ཚིག་རྣམ་དག་མིན་པར་ཐལ། བརྫུན་པའི་དོན་ཅན་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། བརྗོད་དོན་མི་སྟོན་པར་ཐལ། བརྫུན་པའི་དོན་ཅན་ཡིན་པའི་ཕྱིར་ཞེས་པའོ། །གཉིས་པ་བསྒྲུབ་བྱ་ལྟར་སྣང་ལ་དངོས་དང་། ཞར་ལ་ཕྱོགས་ལ་སོགས་པའི་སྐྱོན་ཡོན་དཔྱད་པ་གཉིས་ལས། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ལ། ཁ་ཅིག རྟགས་ཀྱི་བསྒྲུབ་བྱ་གང་ཞིག རྟགས་ལྟར་སྣང་ལས་དཔག་པར་བྱ་བ་ཞེས་འདོད་པ་ནི་མི་འཐད་དེ། སྒྲུབ་བྱེད་དུ་བཀོད་བཞིན་པའི་དཔེར་རྟགས་མ་གྲུབ་པ་དེ་ཡང་བསྒྲུབ་བྱ་ལྟར་སྣང་ཡིན་པའི་ཕྱིར་རོ། །གཞན་དུ་ན་སྒྲ་མི་རྟག་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན། སྒྲ་རྟག་པ་དེ་རྟགས་ལྟར་སྣང་ལས་དཔག་པར་བྱ་བ་ཡིན་པའི་རྒྱུ་མཚན་ཅི་ཡིན། དེ་སྐོར་གྱི་གཏན་ཚིགས་ལྟར་སྣང་ཡོད་པའི་ཕྱིར་ཞེ་ན། སྔ་མ་ལ་ཡང་མཚུངས་སོ། །རང་ལུགས་ནི། རྟགས་ཀྱི་བསྒྲུབ་བྱ་གང་ཞིག རྟགས་ཡང་དག་གིས་བསྒྲུབ་པར་མི་ནུས་པའོ། །གཉིས་པ་ལ། ཕྱིར་རྒོལ་གྱིས་གྲུབ་ཟིན་པ། སྒྲུབ་བྱེད་བཀོད་བཞིན་པ། སྐབས་ཀྱི་བསྒྲུབ་བྱ་མིན་པ། རྒོལ་བས་ཞེ་བས་བསྒྲུབ་བྱ་མི་འདོད་པ། ཚད་མས་བསལ་བ་ཞུགས་པ་སྟེ་ལྔ་ལས། དང་པོ་བཞི་ནི་རིམ་པ་བཞིན། ཆོས་གྲགས་ཀྱི་ངོར་སྒྲ་མི་རྟག་པ་ལྟ་བུ་དང་། སྒྲ་བྱས་པར་མ་གྲུབ་པའི་རྒོལ་བའི་ངོར། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་སྒྲ་བྱས་པ་ལྟ་བུ་དང་། སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ལྟ་བུ་དང་། གྲངས་ཅན་པས། མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ་ཞེས་བཀོད་པའི་ཚེ་མིག་སོགས་གཞན་དོན་བྱེད་ཙམ་ལྟ་བུའོ། །ལྔ་པ་ནི། སྒྲ་མཉན་བྱ་མིན་པ་དང་། བུམ་པ་རྟག་པ་དང་། སྦྱིན་སོགས་སྤྱད་པ་ལས་བདེ་བ་མི་འབྱུང་བ་དང་། རི་བོང་ཅན་ཟླ་སྒྲས་བརྗོད་དུ་མི་རུང་བ་ལྟ་བུའོ། །གཉིས་པ་ལ། རྟགས། ཕྱོགས། དཔེའི་སྐྱོན་གསུམ། དེ་གསུམ་གྱི་ཡོན་ཏན་གསུམ་སྟེ་དྲུག་ལས། འདི་ལ་མཚན་ཉིད་དང་དབྱེ་བ་ལ་དཔྱད་པ་དང་། རྣམ་གཞག་ལ་དཔྱད་པ་གཉིས། དང་པོ་ལ། དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱར་གྱུར་པ་དེ་རྟགས་སྐྱོན་གྱི་མཚན་ཉིད། དེས་ཕྱོགས་སྐྱོན་དང་། དཔེ་སྐྱོན་ལ་ཡང་འགྲེའོ། །རྟགས་སྐྱོན་དང་། རྟགས་སྐྱོན་ཅན་གཉིས་ནི་ལྡོག་པས་ཕྱེ་བ་ཙམ་ཡིན་གྱི། དེ་གཉིས་དོན་ལ་ཐ་དད་དུ་མེད་དེ། དཔེར་ན་སྒྲ་མི་རྟག་བསྒྲུབ་ལ་མིག་ཤེས་ཀྱིས་གཟུང་བྱ་རྟགས་སུ་བཀོད་པའི་ཚེ། མིག་ཤེས་ཀྱི་གཟུང་བྱ་དེ་ཉིད་སྒྲའི་སྟེང་དུ་མ་གྲུབ་པའི་ཆ་ནས་མ་གྲུབ་པའི་རྟགས་སྐྱོན་ཅན་དང་། རྟགས་ཡང་དག་གི་མཚན་ཉིད་ཀྱི་ཕྱོགས་ཆོས་ཀྱི་སེལ་བའི་ཆ་ནས་མ་གྲུབ་པའི་རྟགས་སྐྱོན་དུ་འཇོག་པའི་ཕྱིར་རོ། །དེ་བཞིན་དུ་རྟགས་ཡང་དག་དང་། རྟགས་ཀྱི་ཡོན་ཏན་ཡང་ལྡོག་པ་ཕྱེ་བ་ཙམ་ཡིན་གྱི། དོན་ལ་ཐ་དད་མེད་དོ་ཞེས་ཟེར་རོ། །འོ་ན་མིག་ཤེས་ཀྱི་གཟུང་བྱ་ཆོས་ཅན། མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱི་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱར་ཐལ། དེ་སྐོར་གྱི་རྟགས་སྐྱོན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་སྐོར་གྱི་རྟགས་གཞི་གྲུབ་པར་ཐལ་ལོ། །ཡང་ཁ་ཅིག རྟགས་ཡང་དག་གི་མཚན་ཉིད་ཀྱི་རིགས་མི་མཐུན་དེ་རྟགས་སྐྱོན་གྱིས་མཚན་ཉིད་ཡིན་ཞེ་ན། རིགས་མི་མཐུན་གྱི་དོན་དེ་མིན་པ་ལ་བྱེད་དམ། དེ་དང་དངོས་འགལ་ལ་བྱེད་དམ། དེའི་བསལ་བྱ་ལ་བྱེད། དང་པོ་ལྟར་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་མིན་པའི་ཕྱིར། གཉིས་པ་ལྟར་ན་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་པ་དེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གསུམ་པ་ལྟར་ན་སྔར་བཤད་པའི་རིགས་པས་གནོད་དོ། །ཁ་ཅིག རྟགས་སུ་བཟུང་བྱ་རྟགས་ལྟར་སྣང་དུ་བསྒྲུབ་པའི་ཚུལ་གསུམ་ཡིན་པ་དེ་རྟགས་སྐྱོན་གྱི་མཚན་ཉིད། དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་སུ་བཀོད་ནས་སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པ་དེ་མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ལྟར་སྣང་དུ་བསྒྲུབ་པའི་ཚུལ་གསུམ་ཡིན་པ་བཞིན་ནོ་ཞེས་ཟེར་བ་ནི་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་དང་འགལ་ཏེ། དེ་ཆོས་ཅན། དེའི་མཚན་ཉིད་མིན་པར་ཐལ། རྟགས་སུ་གཟུང་བྱ་རྟགས་ལྟར་སྣང་དུ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། རྟགས་བསལ་ཁས། གཞན་ཡང་ཤཱཀྱ་ཐུབ་པའི་ངོར་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་ནས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པ་དེ་ཆོས་ཅན། ཤཱཀྱ་ཐུབ་པའི་ངོར་བྱས་པ་བྱས་རྟགས་ཀྱི་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ལྟར་སྣང་དུ་བསྒྲུབ་པའི་ཚུལ་གསུམ་ཡིན་པར་ཐལ། ཤཱཀྱ་ཐུབ་པའི་ངོར་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་སྐྱོན་ཡིན་པའི་ཕྱིར། འདོད་ན། བྱས་པ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ལྟར་སྣང་ཡིན་པ་དེ་ཤཱཀྱ་ཐུབ་པ་ལ་ལྐོག་གྱུར་དུ་ཐལ་ལོ། །གཉིས་པ་ལ། རྟགས་སྐྱོན་གྱི་མཚན་ཉིད། རྟགས་སུ་བཀོད་ཙམ་ལ་ལྡན་པའི་ཆ་ནས་རང་གང་ལ་ལྡན་པའི་རྟགས་དེ་རྟགས་ལྟར་སྣང་དུ་སོང་བ། དེ་ཡང་སྒྲུབ་བྱེད་ཀྱི་སྐྱོན། རྟགས་ཀྱི་ཉེས་པ། རྟགས་ཀྱི་སྐྱོན། ཡན་ལག་ཕྱི་མ་ལ་ལྟོས་པའི་སྐྱོན། རྟགས་སུ་བཀོད་ཙམ་དང་འབྲེལ་བའི་སྐྱོན་རྣམས་ནི་མིང་གི་རྣམ་གྲངས་ཡིན་ཏེ། སྒྲུབ་བྱེད་སྐྱོན་ནི་ཐམས་ཅད་ཀྱི། །ཞེས་དང་། གཏན་ཚིགས་ལ་སོགས་ཉེས་པ་ཡང་། །ཞེས་དང་། ཡན་ལག་ཕྱི་མ་ལ་ལྟོས་སྐྱོན། །ཞེས་དང་། དེ་ཕྱིར་དེ་ཙམ་དང་འབྲེལ་བ། །ཞེས་གསུངས་པའི་ཕྱིར་རོ། །སྒྲུབ་བྱེད་ཀྱི་སྐྱོན་དང་ཡན་ལག་ཕྱི་མ་ལ་ལྟོས་པའི་སྐྱོན་ལ་ནི་རྟགས་སྐྱོན་གྱིས་མ་ཁྱབ་སྟེ། དཔེའི་སྐྱོན་ཡང་དེ་གཉིས་ཡིན་པའི་ཕྱིར་རོ། །དབྱེ་ན་འགལ། མ་ངེས། མ་གྲུབ་པའི་རྟགས་སྐྱོན་གསུམ་སྟེ། རྣམ་ངེས་ལས། གཏན་ཚིགས་ཐམས་ཅད་ཀྱི་སྐྱོན་ནི་བསྡུ་ན་རིགས་གསུམ་ལས་མི་འདའ་སྟེ། འདི་ལྟ་སྟེ། འགལ་བ་དང་། མ་ངེས་པ་དང་། མ་གྲུབ་པའོ་ཞེས་གསུངས་པའི་ཕྱིར། དཔེར་ན་སྒྲ་རྟག་པར་བསྒྲུབ་པ་ལ་གཙོ་བོས་བྱས་པ་རྟགས་སུ་བཀོད་པའི་ཚེ་གཙོ་བོས་བྱས་པ་སྒྲའི་སྟེང་དུ་མ་གྲུབ་པ་དང་། སྒྲ་དང་ཐ་དད་མ་ཡིན་པ་དང་། རྟག་པ་ལ་རྗེས་སུ་མི་འགྲོ་བ་རྣམས་དེ་སྐོར་གྱི་རྟགས་སྐྱོན་ཡིན་པ་བཞིན་ནོ། །རྒྱས་པར་ཕྱེ་ན་གཏན་ཚིགས་ལྟར་སྣང་ཅི་སྙེད་ཡོད་པ་དེ་སྙེད་ཀྱི་རྟགས་སྐྱོན་ཡང་ཤེས་པར་བྱའོ། །ཕྱོགས་སྐྱོན་གྱི་མཚན་ཉིད་དམ་བཅའ་ཙམ་ལ་ལྡན་པའི་ཆ་ནས་རང་གང་ལ་ལྡན་པའི་ཕྱོགས་སུ་གཟུང་བྱ་དེ་ཕྱོགས་ལྟར་སྣང་དུ་སོང་བ། མིང་གི་རྣམ་གྲངས་ནི་སྔ་མ་ལས་དཔགས་ཏེ་ཤེས་པར་བྱའོ། །དབྱེ་ན་ཕྱིར་རྒོལ་གྱིས་གྲུབ་ཟིན་པའི་ཕྱོགས་སྐྱོན། སྒྲུབ་བྱེད་དུ་བཀོད་བཞིན་པའི་ཕྱོགས་སྐྱོན། སྔར་རྒོལ་གྱིས་བསྒྲུབ་བྱར་ཁས་མ་བླངས་པའི་ཕྱོགས་སྐྱོན། སྔར་རྒོལ་གྱིས་བསྒྲུབ་འདོད་མ་ཞུགས་པའི་ཕྱོགས་སྐྱོན། ཚད་མས་བསལ་བ་ཞུགས་པའི་ཕྱོགས་སྐྱོན་དང་ལྔའོ། །དཔེ་སྐྱོན་གྱི་མཚན་ཉིད། དཔེར་གཟུང་ཙམ་ལ་ལྡན་པའི་ཆ་ནས་རང་གང་ལ་ལྡན་པའི་དཔེ་དེ་དཔེ་ལྟར་སྣང་དུ་སོང་བ། མིང་གི་རྣམ་གྲངས་ནི་སྔ་མས་འགྲེ་ཞིང་། དབྱེ་ན་མཐུན་དཔེའི་སྐྱོན་དང་། མི་མཐུན་དཔེའི་སྐྱོན་རྣམ་པ་གཉིས་སོ། །རྟགས་ཀྱི་ཡོན་ཏན་གྱི་མཚན་ཉིད། རྟགས་སུ་བཀོད་ཙམ་ལ་ལྡན་པའི་ཆ་ནས་རང་གང་ལ་ལྡན་པའི་རྟགས་དེ་རྟགས་ཡང་དག་ཏུ་སོང་བ། མིང་གི་རྣམ་གྲངས་ནི་སྔ་མ་ལས་བཟློག་པ་རྣམས་ཡིན་ཅིང་། མཚན་གཞི་དང་དབྱེ་བ་ནི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ལྟ་བུ་ལ་མཚོན་ན། སྒྲ་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་ཡིན་པ་དང་། བྱས་པ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་དང་། སྒྲ་བྱས་པར་ངེས་པ་གཉིས་དེ་སྐོར་གྱི་ཕྱོགས་ཆོས་ཀྱི་ཡོན་ཏན་དང་། དེ་སྐོར་གྱི་མཐུན་དཔེ་ཡང་དག་གྲུབ་པ་དང་། བྱས་པ་མི་རྟག་པ་དང་འབྲེལ་པ་དང་། བྱས་པ་ལ་མི་རྟག་པས་ཁྱབ་པ་རྣམས་ནི་དེ་སྐོར་གྱི་རྗེས་འགྲོའི་ཚུལ་གྱི་ཡོན་ཏན་དང་། བྱས་པ་རྟག་པ་ལས་ལྡོག་པར་ངེས་པ་དང་། རྟག་ན་མ་བྱས་པས་ཁྱབ་པ་ནི་དེ་སྐོར་གྱི་ལྡོག་པའི་ཚུལ་གྱི་ཡོན་ཏན་ནོ། །མདོར་བསྡུ་ན་རྟགས་ཀྱི་ཡོན་ཏན་ལ་གསུམ་དུ་ངེས་སོ། །ཕྱོགས་ཀྱི་ཡོན་ཏན་གྱི་མཚན་ཉིད། དམ་བཅའ་ཙམ་ལ་ལྡན་པའི་ཆ་ནས་རང་གང་ལ་ལྡན་པའི་ཕྱོགས་དེ་ཕྱོགས་ཡང་དག་ཏུ་སོང་བ། མིང་གི་རྣམ་གྲངས་ནི་སྔ་མས་འགྲེ་ཞིང་། དབྱེ་ན་ཕྱིར་རྒོལ་གྱིས་གྲུབ་མ་ཟིན་པའི་ཡོན་ཏན་སོགས་ལྔའོ། །དཔེའི་ཡོན་ཏན་གྱི་མཚན་ཉིད། དཔེར་གཟུང་ཙམ་ལ་ལྡན་པའི་ཆ་ནས་རང་གང་ལ་ལྡན་པའི་དཔེ་དེ་དཔེ་ཡང་དག་ཏུ་སོང་བ། མིང་གི་རྣམ་གྲངས་དང་། དབྱེ་བ་ནི་སྔ་མ་ལས་དཔགས་ཏེ་ཤེས་པར་བྱའོ། །གཉིས་པ་རྣམ་གཞག་ལ་དཔྱད་པ་ལ། སྐྱོན་དང་ཡོན་ཏན་གང་ལ་ལྡན་དཔྱད་པ། སྐྱོན་ཅན་དང་ཡོན་ཏན་ཅན་འགལ་མི་འགལ་དཔྱད་པ། རྟགས་སྐྱོན་དང་ཕྱོགས་སྐྱོན་འགལ་མི་འགལ་དཔྱད་པ། སྐྱོན་དང་བསལ་བྱའི་ཁྱད་པར་ལ་དཔྱད་པ་དང་བཞི་ལས། དང་པོ་ལ། ཁ་ཅིག ཚུལ་གསུམ་མ་ཚང་བ་དེ་རྟགས་ཡང་དག་གི་སྐྱོན་ཡིན་ཅིང་། རྟགས་ལྟར་སྣང་གི་སྐྱོན་མ་ཡིན་ཏེ། དེ་རྟགས་ཡང་དག་ཏུ་འགྱུར་བ་ལ་བར་དུ་གཅོད་བྱེད་གང་ཞིག རྟགས་ལྟར་སྣང་དུ་འགྱུར་བ་ལ་བར་དུ་གཅོད་བྱེད་མིན་པའི་ཕྱིར་དང་། རྟགས་ཡང་དག་གི་སྐྱོན་ཡིན་ན། རྟགས་ཡང་དག་ལ་ལྡན་མི་དགོས་པའི་ཕྱིར་ཏེ། དོན་དེའི་སྐྱོན་ཡིན་ན། དོན་དེ་ལྡན་མི་དགོས་པའི་ཕྱིར། མ་གྲུབ་ན་དགེ་སློང་གི་རྒྱུད་ཀྱི་དགེ་ཚུལ་གྱི་སྡོམ་པ་ཆོས་ཅན། དགེ་ཚུལ་ལ་ལྡན་པར་ཐལ། དགེ་ཚུལ་གྱི་ཡོན་ཏན་ཡིན་པའི་ཕྱིར། གཞན་ཡང་ཚུལ་གསུམ་མ་ཚང་བ་དེ་རྟགས་ལྟར་སྣང་གི་ཡོན་ཏན་ཡིན་ཏེ། དེའི་གནས་ཚུལ་ཡིན་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། ཉོན་སྒྲིབ་དེ་འཁོར་བའི་སྐྱོན་མིན་པར་ཐལ། དེ་མྱང་འདས་ཐོབ་པ་ལ་བར་དུ་གཅོད་བྱེད་ཡིན་གྱི། འཁོར་བ་ཐོབ་པ་ལ་བར་དུ་གཅོད་བྱེད་མིན་པའི་ཕྱིར། རྟགས་ཡང་དག་ལ་རྟགས་སྐྱོན་ཡོད་པ་ཡང་མི་འཐད་དེ། དེ་ལྟར་ན་རྟགས་ཡང་དག་དེ་རྟགས་སྐྱོན་ཅན་དུ་ཐལ་བའི་ཕྱིར་རོ། །རང་ལུགས་ནི་རྟགས་སྐྱོན་ལྟར་སྣང་ལ་ལྡན་ཏེ། རྟགས་ལྟར་སྣང་དེ་རྟགས་སྐྱོན་ཅན་ཡིན་པའི་ཕྱིར། རྟགས་ཀྱི་ཡོན་ཏན་རྟགས་ཡང་དག་ལ་ལྡན་ཏེ། རྟགས་ཡང་དག་དེ་རྟགས་ཡོན་ཏན་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ཁ་ཅིག རྟགས་སྐྱོན་ཅན་དང་། རྟགས་ཡོན་ཏན་ཅན་མི་འགལ་ཏེ། བྱས་པ་དེ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་དེ་གཉིས་ཀ་ཡིན་པའི་ཕྱིར། དེ་ཡང་ཡོན་ཏན་ཅན་ཡིན་ཏེ། དེ་སྐོར་གྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། ཕྱོགས་ཆོས་དེ་རྟགས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། སྐྱོན་ཅན་ཡིན་ཏེ། དེ་སྐོར་གྱི་ཁྱབ་པ་འགལ་བའི་ཕྱིར། ཁྱབ་སྟེ། ཁྱབ་པ་འགལ་བ་དེ་རྟགས་སྐྱོན་ཡིན་པའི་ཕྱིར། གཞན་ཡང་། གང་ཟག་ཡོན་ཏན་ཅན་དང་། གང་ཟག་སྐྱོན་ཅན་འགལ་བར་ཐལ། དེ་གཉིས་འགལ་བའི་ཕྱིར། འདོད་ན། བྱང་སེམས་སོ་སྐྱེ་ཆོས་ཅན། གང་ཟག་ཡོན་ཏན་ཅན་མིན་པར་ཐལ། གང་ཟག་སྐྱོན་ཅན་ཡིན་པའི་ཕྱིར་ཞེས་ཟེར་རོ། །འདི་ལ་གཞན་དག་ན་རེ། སྒྲ་རྟག་པར་སྒྲུབ་ནུས་ཀྱི་གཏན་ཚིགས་དང་། སྒྲ་རྟག་པར་སྒྲུབ་མི་ནུས་ཀྱི་གཏན་ཚིགས་མི་འགལ་བར་ཐལ། རྟགས་སྐྱོན་ཅན་དང་། རྟགས་ཡོན་ཏན་ཅན་མི་འགལ་བའི་ཕྱིར། ཁྱབ་སྟེ། རྟགས་ཀུན་རང་གི་བསྒྲུབ་བྱ་ལ། །སྐྱོན་དང་ཡོན་ཏན་བཅད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡང་དེ་གཉིས་འགལ་བར་ཐལ། རང་གི་བསྒྲུབ་བྱ་བསྒྲུབ་མི་ནུས་པའི་རྟགས་ཡོན་ཏན་ཅན་མེད་པའི་ཕྱིར་ཏེ། རྣམ་ངེས་ལས། གཏན་ཚིགས་ཐམས་ཅད་ཀྱི་སྐྱོན་དང་ཡོན་ཏན་ནི་རང་གི་བསྒྲུབ་པར་བྱ་བ་ལ་ལྟོས་ནས་བསམ་པར་བྱ་བ་ཡིན་ནོ་ཞེས་དང་། ཆོས་མཆོག་གིས་རང་གི་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཉིད་ཀྱིས་ནི་གཏན་ཚིགས་ཡོན་ཏན་ཅན་ཡིན་ལ། དེ་སེལ་བ་ནི་སྐྱོན་ཅན་ཡིན་ནོ་ཞེས་དང་། རྒྱན་ལས། གཏན་ཚིགས་ཐམས་ཅད་ནི་རང་གི་བསྒྲུབ་བྱ་ལ་ལྟོས་ཏེ་སྐྱོན་དང་ཡོན་ཏན་བསམས་པར་འདོད་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར། རང་ལུགས་ནི། རྟགས་ཡོན་ཏན་ཅན་དང་། རྟགས་སྐྱོན་ཅན་གྱི་གཞི་མཐུན་མེད་པ་ནི་ལུང་དེ་དག་གིས་གྲུབ་ཅིང་འོན་ཀྱང་ཚུལ་གསུམ་རེ་རེ་བ་ཙམ་རྟགས་ཀྱི་ཡོན་ཏན་དུ་འགྱུར་བའི་ངེས་པ་ནི་མེད་དེ། ཚུལ་གསུམ་རེ་རེ་གྲུབ་པ་ཙམ་གྱིས་བསྒྲུབ་བྱ་སྒྲུབ་ནུས་པའི་ངེས་པ་མེད་པའི་ཕྱིར་རོ། །འོ་ན་དབྱེ་ན་ཚུལ་གསུམ་དུ་ཡོད་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ཚུལ་གསུམ་ཆར་གྲུབ་པའི་ཚུལ་གསུམ་རེ་རེ་བ་ལ་དགོངས་པས་སྐྱོན་མེད་དོ། །གསུམ་པ་ལ། ཁ་ཅིག དེ་གཉིས་མི་འགལ་ཏེ། གལ་ཏེ་འགལ་ན། སྒྲ་ཆོས་ཅན། རྟག་སྟེ། རྟག་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། སྒྲ་རྟག་པ་ལ་ཚད་མས་བསལ་བ་ཞུགས་པ་ཆོས་ཅན། དེ་སྐོར་གྱི་ཕྱོགས་སྐྱོན་མིན་པར་ཐལ། དེ་སྐོར་གྱིས་རྟགས་སྐྱོན་ཡིན་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། སྒྲ་རྟག་པ་ལ་ཚད་མས་བསལ་བ་ཞུགས་པའི་རྒྱུ་མཚན་གྱིས་རྟག་པ་དེ་དེ་སྐོར་གྱི་རྟགས་སྐྱོན་ཅན་ཡིན་པའི་ཕྱིར། གཞན་ཡང་སྒྲ་རྟག་པ་ལ་ཚད་མའི་བསལ་བ་ཞུགས་པ་དེ་དེ་སྐོར་གྱི་ཕྱོགས་སྐྱོན་མིན་པར་ཐལ། དེ་དེ་སྐོར་གྱི་རྟགས་སྐྱོན་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པ་དེ་སྐོར་གྱི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དེས་ན། རྟགས་ཆོས་དོན་གསུམ་ཐ་དད་པའི་རྟགས་སྐྱོན་དང་ཕྱོགས་སྐྱོན་འགལ་ཡང་སྤྱིར་དེ་གཉིས་མི་འགལ་བར་བཞེད་དོ། །དེ་ནི་མི་འཐད་དེ། འདི་དེ་དག་གི་སྐྱོན་མིན་ནམ་ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་ཚད་མས་མ་གྲུབ་པར་ཐལ། དེ་གཉིས་མི་འགལ་བའི་ཕྱིར། དམ་བཅའ་ཙམ་ལ་བརྩི་བའི་སྐྱོན་དང་། རྟགས་སུ་བཀོད་ཙམ་ལ་བརྩི་བའི་སྐྱོན་གཉིས་མི་འགལ་བར་ཐལ། དེ་གཉིས་མི་འགལ་བའི་ཕྱིར། ཁྱབ་སྟེ། དེ་ཕྱིར་དེ་ཙམ་དང་འབྲེལ་བ། །ཕྱོགས་ཀྱི་སྐྱོན་འདོད་གཞན་མིན་ཏེ། །ཞེས་གསུངས་པའི་ཕྱིར། དེས་ན་རང་ལུགས་ནི་དེ་གཉིས་འགལ་ཏེ། རྟགས་སྐྱོན་ཡིན་ན། དམ་བཅའ་ལ་མ་ལྟོས་པར་རྟགས་སུ་བཀོད་ཙམ་ལ་བརྩི་བས་ཁྱབ་ཅིང་། ཕྱོགས་སྐྱོན་ཡིན་ན། སྒྲུབ་བྱེད་ལ་མ་ལྟོས་པར་དམ་བཅའ་ཙམ་ལ་བརྩི་བས་ཁྱབ་པའི་ཕྱིར། དེས་ན་སྒྲ་རྟག་པར་བསྒྲུབ་པ་ལ་རྟག་པ་རྟགས་སུ་བཀོད་པའི་ཚེ་ན་ཡང་རྟག་པ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པ་ནི་རྟགས་སྐྱོན་ཡིན་གྱི། ཕྱོགས་སྐྱོན་མིན་ལ། སྒྲ་རྟག་པ་ལ་ཚད་མས་བསལ་བ་ཞུགས་པ་ནི་དེ་སྐོར་གྱི་ཕྱོགས་སྐྱོན་ཡིན་གྱི། རྟགས་སྐྱོན་མིན་པ་སོགས་རྣམ་པར་དབྱེ་ནས་སྨྲ་དགོས་སོ། །བཞི་པ་ལ། ཁ་ཅིག་ན་རེ། ཕྱོགས་ཡང་དག་གིས་མཚན་ཉིད་ཀྱི་བསལ་བྱ་དང་ཕྱོགས་སྐྱོན་ལ་ཁྱད་པར་མེད་དེ། འདི་དེ་དག་གི་སྐྱོན་མིན་ནམ་ཞེས་སོགས་ཀྱི་ཁྱབ་པ་བསྒྲུབ་པ་ལ་མཚན་ཉིད་བསལ་བྱ་ལ་ཞེས་སོགས་ཀྱི་གཞུང་རྣམས་བྱུང་བའི་ཕྱིར་དང་། རྒྱན་ལས། དེ་ནི་གཏན་ཚིགས་ཀྱི་སྐྱོན་ཡིན་པ་ཉིད་ཀྱིས་གཏན་ཚིགས་ཀྱི་མཚན་ཉིད་ཁོ་ནས་སེལ་བའི་ཕྱིར། གཏན་ཚིགས་ཀྱི་མཚན་ཉིད་ཀྱིས་སེལ་བ་ནི། ཕྱོགས་ཀྱི་མཚན་ཉིད་ཀྱིས་སེལ་བར་བྱ་བ་མིན་ཏེ། དོན་མེད་པའི་ཕྱིར་རོ་ཞེས་གསུངས་པས་སོ་ཞེས་ཟེར་རོ། །འོ་ན་མ་གྲུབ་པའི་རྟགས་ལ་ཕྱོགས་ཆོས་གྲུབ་པ་དང་། མ་ངེས་པའི་རྟགས་ལ་ལྡོག་ཚུལ་གྲུབ་པ་དང་། འགལ་བའི་རྟགས་ལ་རྗེས་འགྲོ་གྲུབ་པ་གསུམ་པོ་དེ་ཆོས་ཅན། རྟགས་སྐྱོན་དུ་ཐལ། རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར། འདོད་ན། གཞི་གྲུབ་པར་ཐལ་ལོ། །རྩ་བའི་གཏན་ཚིགས་གྲུབ་སྟེ། གཏན་ཚིགས་ཀྱིས་ནི་ཚུལ་གསུམ་ལའང་། །ཞེས་པའི་རང་འགྲེལ་དུ། རྗེས་སུ་འགྲོ་བ་ངེས་པས་ནི་འགལ་བ་དང་དེའི་ཕྱོགས་དང་མཐུན་པ་རྣམས་བསལ་ལོ། །ལྡོག་པ་ངེས་པས་ནི་མ་ངེས་པ་དང་དེའི་ཕྱོགས་དང་མཐུན་པ་ལྷག་མ་དང་ལྡན་པ་བསལ་ལོ་ཞེས་དང་། འགྲེལ་བཤད་དུ་ཤཱས། དེ་ལ་མ་གྲུབ་པའི་གཉེན་པོར་ནི་ཕྱོགས་ཆོས་ལ་ངེས་པ་བརྗོད་དོ་བཟློག་དོན་ནི་འགལ་བ་སྟེ་དེའི་གཉེན་པོར་རྗེས་འགྲོའོ། །འཁྲུལ་པ་ཅན་ནི་མ་ངེས་པ་སྟེ་དེའི་གཉེན་པོར་ལྡོག་པ་ངེས་པའོ། །ཞེས་གསུངས་པའི་ཕྱིར་རོ། །རང་ལུགས་ནི་དེ་གཉིས་འགལ་ཏེ་རྟགས་ཡང་དག་གི་མཚན་ཉིད་ཀྱིས་བསལ་བྱ་ཡིན་ན་གཞི་མ་གྲུབ་དགོས། རྟགས་སྐྱོན་ཅན་ཡིན་ན། གཞི་གྲུབ་དགོས་པའི་ཕྱིར། དེས་ཕྱོགས་སྐྱོན་དང་། ཕྱོགས་ཡང་དག་གི་མཚན་ཉིད་ཀྱིས་བསལ་བྱ་ལའང་འགྲེའོ། །གཉིས་པ་སྒྲུབ་ངག་བཤད་པ་ལ་གསུམ་སྟེ། གཞན་དོན་རྗེས་དཔག་གི་མཚན་ཉིད། ངག་སྨྲ་བ་པོའི་གང་ཟག་གི་རྣམ་གཞག རྩོད་པའི་སྐབས་ཀྱི་ངག་གི་རབ་ཏུ་དབྱེ་བའོ། །དང་པོ་ནི། སྔར་རྒོལ་རང་གི་མཐོང་བའི་རྟགས་ཀྱི་ཚུལ་གསུམ། སྐབས་སུ་བབ་པའི་ཕྱིར་རྒོལ་ལ་སྒྲའི་སྐྱོན་དང་བྲལ་བར་སྟོན་པར་བྱེད་པའི་ངག་གོ །འདི་ལ་ཁ་ཅིག སྔར་རྒོལ་རང་གིས་ངེས་པའི་ཞེས་པའི་ཁྱད་པར་སྦྱོར་བ་ནི་མི་འཐད་དེ། ཤཱཀྱ་ཐུབ་པས་སྒྲུབ་ངག་ཡང་དག་འགོད་པ་མེད་པར་ཐལ་བའི་ཕྱིར་རོ། །ཁ་ཅིག ཕྱོགས་ཆོས་རྐྱང་པ་བརྗོད་པའི་སྒྲུབ་ངག་ལ་བསམས་ནས་ཚུལ་གསུམ་གང་རུང་ཞེས་པའི་ཁྱད་པར་སྦྱོར་བ་ཡང་མི་འཐད་དེ། ཆོས་མཐུན་སྦྱོར་གྱིས་སྒྲུབ་ངག་ཡང་དག་དེས་ཚུལ་གསུམ་བརྗོད་ན། ཕྱོགས་ཆོས་རྐྱང་པ་ཅན་གྱིས་སྒྲུབ་ངག་ཡང་དག་དེས་ཀྱང་ཚུལ་གསུམ་བརྗོད་པར་མཚུངས་པའི་ཕྱིར་རོ། །འདི་དང་སྒྲུབ་ངག་ཡང་དག་གཉིས་མིང་གི་རྣམ་གྲངས་ཡིན་པས། མཚན་ཉིད་སྔ་མ་དེ་ཉིད་ཀྱིས་གཉིས་ཀ་མཚོན་ནུས་ཤིང་དེ་ལ་རྗེས་དཔག་གི་མིང་གིས་བརྗོད་པའི་རྒྱུ་མཚན་ནི་གཞན་ཕྱིར་རྒོལ་གྱི་རྒྱུད་ལ་རྗེས་དཔག་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ན་འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པའོ། །ཁ་ཅིག སྔར་རྒོལ་གྱི་རྒྱུད་ཀྱི་རྗེས་དཔག་གི་འབྲས་བུ་ཡིན་པའི་ཕྱིར་ཞེས་པ་བསྣན་པ་ནི་མི་འཐད་དེ། སྔར་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་ཡོད་པར་མ་ངེས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། སོ་སོའི་མཚན་ཉིད། རྒྱལ་ཕམ་གྱི་རྣམ་གཞག དེ་ལ་དཔང་པོས་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། སྔར་རྒོལ་དང་། ཕྱི་རྒོལ། དཔང་པོ་གསུམ་གྱི་མཚན་ཉིད་རིམ་པ་བཞིན། སྒྲུབ་བྱེད་བརྗོད་པར་ཁས་ལེན་པའི་དང་། སུན་འབྱིན་བརྗོད་པར་ཁས་ལེན་པའི་དང་། དེ་གཉིས་རྒྱལ་ཕམ་བརྗོད་པར་ཁས་ལེན་པའི་གང་ཟག་གོ །གཉིས་པ་ནི། རྒོལ་ཕྱིར་རྒོལ་གཉིས་པོ་གང་སྐྱོན་ཅན་བརྗོད་པ་དེ་ཚར་གཅད་པའི་གནས་དང་། སྐྱོན་མེད་བརྗོད་པ་དེ་རྗེས་སུ་བཟུང་བའི་གནས་ཡིན་ལ། དེ་ཡང་རྒོལ་བས་སྒྲུབ་བྱེད་ཡང་དག་པ་བཀོད་པ་ལ་ཕྱིར་རྒོལ་གྱིས་སྐྱོན་མ་བརྗོད་ན་ཕྱིར་རྒོལ་ཕམ་ལ། རྒོལ་བས་སྒྲུབ་བྱེད་ལྟར་སྣང་བཀོད་པ་ལ་ཕྱིར་རྒོལ་གྱིས་སྐྱོན་ཡང་དག་པ་བརྗོད་ན་རྒོལ་བ་ཕམ་ཞིང་དེས་སྒྲུབ་བྱེད་ལྟར་སྣང་བཀོད་ཀྱང་ཕྱིར་རྒོལ་གྱིས་སྐྱོན་མི་བརྗོད་པའམ་སྐྱོན་ལྟར་སྣང་ཞིག་བརྗོད་ཀྱང་རྒོལ་བས་ཚེར་མ་འབྱིན་མ་ཤེས་ན་དེ་དག་གཉིས་ཀ་ལ་ཕམ་རྒྱལ་མེད་དེ། སྐྱོན་ཅན་ཡིན་ཡང་བསྒྲུབ་པ་དང་སུན་འབྱིན་མ་ཤེས་པའི་ཕྱིར་དང་། རྒྱལ་ཕམ་གྱི་རྣམ་གཞག་རྒོལ་བ་གཉིས་ཀྱིས་སྤོབས་པ་འཇོམས་ནུས་མི་ནུས་ལ་རགས་ལས་པའི་ཕྱིར་རོ། །དེའང་རྩོད་རིགས་ལས། ཕྱིར་རྒོལ་བས་དེའི་དངོས་པོ་གོ་བར་བྱས་ན་འགྱུར་གྱི། གཞན་དུ་གཉིས་པོ་གཅིག་ཀྱང་རྒྱལ་བ་དང་ཕམ་པར་མི་འགྱུར་རོ་ཞེས་བྱ་བ་དང་། རྒོལ་བས་སྒྲུབ་པར་བྱེད་པ་སྐྱོན་ཅན་བརྗོད་ནའང་ཕྱིར་རྒོལ་བས་སྐྱོན་མ་བསྟན་ན་ཕམ་པའི་རྣམ་པར་གཞག་པ་རིགས་པ་མ་ཡིན་ཏེ། དེ་དག་ཉིད་ཀྱིས་ཕན་ཚུན་ནུས་པ་ཉེ་བར་འཇོམས་པ་ལ་ལྟོས་ནས་རྒྱལ་བ་དང་ཕམ་པར་རྣམ་པར་འཇོག་པའི་ཕྱིར་རོ་ཞེས་གསུངས་པ་ལྟར་རོ། །བརྫུན་དང་གཡོ་དང་ཚིག་དོར་གྱིས་བསླུས་ཀྱང་གྲུབ་མཐའ་བསྲུང་མི་ནུས་པས་རྒྱལ་ཕམ་མེད་དེ། རྩོད་རིགས་ལས། དེ་ཁོ་ན་ཉིད་བསྲུང་བའི་དོན་དུ་དམ་པ་རྣམས་ཀྱང་རྒྱལ་བར་འདོད་པ་གཡོ་རྒྱུ་ལ་སོགས་པ་དག་གིས་ཚར་བཅད་པར་བྱ་བ་ཡིན་ནོ་ཞེ་ན། མིན་ཏེ། ཁུ་ཚུར་དང་། ཐལ་ལྕག་དང་། མཚོན་བསྣུན་པ་དང་། མེ་ལ་སོགས་པས་ཀྱང་ཞེས་བརྗོད་པར་བྱས་ན། འདི་དེ་དེ་ཁོ་ན་ཉིད་བསྲུང་བའི་ཐབས་དམ་པ་མ་ཡིན་ཏེ་ཞེས་གསུངས་པས་སོ། །གསུམ་པ་ལ། སྤྱིར་ཚར་གཅད་པ་དང་རྗེས་སུ་གཟུང་བའི་ཚུལ་དང་། བྱེ་བྲག་ཏུ་ཚར་གཅད་ཀྱི་གནས་གཏན་ལ་དབབ་པ་གཉིས་ལས། དང་པོ་ནི། འཕྲོག་དང་སྦྱིན་པས་འཇིག་རྟེན་པ། །ཚར་གཅད་པ་དང་རྗེས་འཛིན་འདོད། །གྲུབ་མཐའི་བླང་དོར་བྱེད་པ་ལ། །དམ་པའི་ཚར་གཅད་རྗེས་འཛིན་འདོད། །ཅེས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། འཐད་པ་བརྗོད་པ་དང་། འཁྲུལ་པ་དགག་པའོ། །དང་པོ་ནི། སྔར་རྒོལ་ཚར་གཅད་ཀྱི་གནས་ལ་བསྒྲུབ་པའི་ཡན་ལག་མི་བརྗོད་པ་དང་། ཡན་ལག་མ་ཡིན་པ་བརྗོད་པ་གཉིས་དང་། ཕྱིར་རྒོལ་ཚར་གཅད་ཀྱི་གནས་ལ་སྐྱོན་མི་བརྗོད་པ་དང་། སྐྱོན་མ་ཡིན་པར་བརྗོད་པ་གཉིས་ཏེ་བཞི་ཡོད་དེ། རྩོད་རིགས་ལས། བསྒྲུབ་པའི་ཡན་ལག་མི་བརྗོད་ཅིང་། །སྐྱོན་མི་བརྗོད་པ་གཉིས་པོ་དང་། །ཚར་གཅད་པ་ཡིན་གནས་ཡིན་ཅིང་། །གཞན་ནི་མི་རིགས་ཕྱིར་མི་འཐད། །ཅེས་གསུངས་པས་སོ། །གཉིས་པ་ལ། གངས་ཅན་པའི་ལུགས་དགག་པ་དང་། རྐང་མིག་པའི་ལུགས་དགག་པ་གཉིས་ལས། དང་པོ་ནི། བོད་སྔ་རབས་པ་རྣམས་རྒོལ་བ་ལ་དྲིས་པའི་ལན་མི་བརྗོད་པ། སྐྱོན་ཅན་བརྗོད་པ། མ་དྲིས་པ་བརྗོད་པ་སྟེ་གསུམ་དང་། སྐྱོན་སྤོང་བའི་ཚེ་སྐྱོན་མི་སྤོང་བ། ལན་ལྟར་སྣང་བ། སྐབས་སུ་མ་བབས་པའི་ལན་བརྗོད་པ་སྟེ་དྲུག་གོ །ཕྱིར་རྒོལ་ལ་འདྲི་བའི་ཚེ་མི་འདྲི་བ། མི་འོས་པ་འདྲི་བ། མ་འབྲེལ་བ་འདྲི་བ་དང་གསུམ། སྐྱོན་བརྗོད་པའི་ཚེ་སྐྱོན་མི་བརྗོད་པ། སྐྱོན་ལྟར་སྣང་བརྗོད་པ། སྐབས་སུ་མ་བབས་པའི་སྐྱོན་བརྗོད་པ་སྟེ་དྲུག་གོ །དཔང་པོ་ལ། ཤན་མི་འབྱེད་པ། ཕྱིན་ཅི་ལོག་ཏུ་འབྱེད་པ། སྐབས་མིན་པར་འབྱེད་པ་སྟེ་གསུམ་མོ། །ཐུན་མོང་དུ་རྣ་བ་མི་གཏོད་པ་དང་བཅུ་དྲུག་གོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། ལན་མ་བརྗོད་པ་དང་། སྐྱོན་ཅན་བརྗོད་པ་དང་། སྐྱོན་མི་སྤོང་བ། ལན་ལྟར་སྣང་བ་བརྗོད་པ་ནི་རྒོལ་བས་སྒྲུབ་བྱེད་མི་བརྗོད་པའམ། སྒྲུབ་བྱེད་མ་ཡིན་པ་བརྗོད་པར་འདུ་ལ། མ་དྲིས་པ་བརྗོད་པ་ནི་སྐབས་སུ་མཁོ་ན་སྐྱོན་མེད་ཡིན་ཞིང་། མི་མཁོ་ན་ཡན་ལག་མིན་པ་བརྗོད་པར་འདུས། ཕྱིར་རྒོལ་ཁས་བླངས་ནས་མི་འདྲི་བ་དང་། མི་འོས་པ་འདྲི་བ་ནི་སྤོབས་པ་མེད་པ་ཉིད་ཡིན་ལ། མ་འབྲེལ་བ་འདྲི་བ་ཡང་བསམས་པ་འགའ་ཞིག་གིས་འདྲི་ན་མ་འབྲེལ་བ་ཉིད་མིན་ལ། བླུན་པས་འདྲི་ན་སྤོབས་པ་མེད་པའི་ནང་དུ་འདུ་ཞིང་། སྤོབས་པ་མེད་པ་ནི་བསྒྲུབ་པའི་ཡན་ལག་མི་བརྗོད་པའམ། སྐྱོན་མི་བརྗོད་པར་བསྡུས་ཏེ། རྩོད་རིགས་ལས། གང་གི་ཚེ་རྩོད་པ་ཁས་བླངས་ནས་ཞུམ་པ་ཉིད་ཀྱིས་ཅུང་ཟད་མི་སྨྲའམ། གཞན་ཅུང་ཞིག་སྨྲ་བར་བྱེད་པ་དེའི་ཚེ། ཇི་ལྟར་གཏན་ཚིགས་ལྟར་སྣང་བའི་ནང་དུ་འདུས་པར་འགྱུར་ཞེས་དྲིས་པའི་མཐར་སྒྲུབ་པར་བྱེད་པ་ནི་མ་རྟོགས་པ་རྟོགས་པར་བྱེད་པའི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་ཡིན་པའི་ཕྱིར། སྒྲུབ་པར་བྱེད་པའི་ཡན་ལག་མ་བརྗོད་པ་ཞེས་བྱ་བའི་ཚར་གཅད་པའི་གནས་ཉིད་ཡིན་ནོ་ཞེས་གསུངས་པས་སོ། །དེ་དག་ལས་གཞན་ནི་ཚར་བཅད་པའི་གནས་མ་ཡིན་ཏེ། ཇི་སྐད་དུ། གཞན་ཡང་ཕྱོགས་སྔ་མ་དང་ཕྱིས་མའི་རྒོལ་བ་དག་གཏན་ཚིགས་ལྟར་སྣང་བ་དང་སྤོབས་པ་མེད་པ་དག་ལས་གཞན་ཚར་བཅད་པའི་གནས་ཡིན་པ་ལ་རིགས་པ་ཡོད་པ་མ་ཡིན་ནོ། །གཉིས་ཀའི་ཚིག་ཉིད་ཀྱིས་ཐམས་ཅད་བསྟན་པའི་ཕྱིར་དེ་གཉིས་ཀར་མ་འདུས་པའི་རབ་ཏུ་དབྱེ་བ་ཡོན་ཏན་གྱི་ཁྱད་པར་མེད་པའི་ཚིག་ལས་ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར། རབ་ཏུ་སྤྲོས་པ་དོན་མེད་པ་ཡིན་ནོ་ཞེས་གསུངས་པས་སོ། །དབང་པོ་ལ་ཚར་གཅད་ཀྱི་གནས་འཇོག་པ་ནི་དགོངས་པ་མིན་ཏེ། གཉིས་པོ་དག ཚར་གཅད་པ་ཡི་གནས་ཡིན་ཏེ། །ཞེས་གསུངས་ལ། གཞུང་གི་ཆ་འགར་ཡང་དཔང་པོ་ལ་ཚར་གཅད་མ་གསུངས་པའི་ཕྱིར་རོ། །གཉིས་པ་ནི། རྐང་མིག་པ་དག དམ་བཅའ་ལ་གནོད་དམ་བཅའ་གཞན། །ཞེས་སོགས་ཚར་གཅད་ཉི་ཤུ་རྩ་གཉིས་འདོད་པ་ནི་མི་འཐད་དེ། ཚར་གཅད་ཡིན་པ་རྣམས་ནི་སྔར་གྱི་བཞི་པོ་དེར་འདུས་ལ། དེ་ལས་གཞན་པ་རྣམས་ནི་ཚར་བཅད་ཀྱི་གནས་མིན་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། གང་ཟག་དང་། དགོས་པ་དང་། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། གང་ཟག་གསུམ་ལ་བརྗོད་ཚུལ་དྲུག །ཅེས་ཏེ། སྔར་རྒོལ་ལ་དོན་གྱི་དངོས་པོ་འཇོག་པ་དང་། སྐྱོན་སྤོང་གི་ངག་གཉིས། ཕྱིར་རྒོལ་ལ་འདོད་པ་དྲི་བ་དང་། སྐྱོན་བརྗོད་པའི་ངག་གཉིས། དཔང་པོ་ལ་རྗེས་སུ་བརྗོད་པ་དང་། རྣམ་པར་དབྱེ་བའི་ངག་གཉིས་ཏེ་དྲུག་གོ །གཉིས་པ་ལ་གཉིས་ཏེ། རང་གི་འདོད་པ་བསྒྲུབ་པ་སྒྲུབ་པའི་ངག་དང་། གཞན་གྱི་འདོད་པ་སུན་འབྱིན་པ་སུན་འབྱིན་གི་ངག་གོ །དང་པོ་ལ་གཉིས་ཏེ། སྒྲུབ་ངག་ཡང་དག་དང་། སྒྲུབ་ངག་ལྟར་སྣང་ངོ་། །དང་པོ་ལ་མཚན་ཉིད། ངག་སྦྱོར་བའི་ཚུལ། ངག་གི་བྱེད་པ། དབྱེ་བ་དང་བཞི་ལས། དང་པོ་ནི། གཞན་དོན་རྗེས་དཔག་གི་མཚན་ཉིད་དེས་འདིའང་མཚོན་ནུས་ཏེ། སྔར་བཤད་ཟིན་ཏོ། །གཉིས་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། སྔ་རབས་པའི་ལུགས་དགག་པ་དང་། གངས་ཅན་པའི་ལུགས་དགག་པ་གཉིས། དང་པོ་ནི། ངག་ཡན་ལག་ལྔ་ལྡན་དུ་སྦྱོར་ཏེ་འདི་ལྟར། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས་སོ། །དེའི་ཕྱིར་སྒྲ་མི་རྟག་གོ་ཞེས་སྦྱོར་རོ། །དེ་ཡང་སྒྲ་མི་རྟག་སྟེ་ཞེས་པས་དམ་བཅའ། བྱས་པའི་ཕྱིར་ཞེས་པས་གཏན་ཚིགས། དཔེར་ན་བུམ་པ་བཞིན་ཞེས་པས་དཔེ། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས་སོ་ཞེས་པས་ཉེར་སྦྱོར་རོ། །དེའི་ཕྱིར་སྒྲ་མི་རྟག་ཅེས་པས་མཇུག་བསྡུ་བསྟན་པར་འདོད་དོ། །དེ་ནི་མི་འཐད་དེ། འདི་ངག་རྒྱས་པ་ཡིན་ལ། སྤྱི་ཁྱབ་བརྗོད་པ་མ་ཚང་ཞིང་། དམ་བཅའ་དང་། ཉེར་སྦྱོར་དང་། མཇུག་བསྡུ་གསུམ་པོ་ལྷག་པའི་ཕྱིར་རོ། །ཁ་ཅིག རིགས་གཏེར་གྱི་ལུགས་ལ་ངག་དེས་སྤྱི་ཁྱབ་མ་བརྗོད་པའི་དོན་སྒྲ་བྱས་ན་སྒྲ་མི་རྟག་པས་ཁྱབ་པ་བརྗོད་ཀྱི། བྱས་ན་མི་རྟག་པས་ཁྱབ་པ་མ་བརྗོད་པ་ལ་བྱས་ནས་དེ་འགོག་པ་ལ་ངག་དེས་བྱས་ན་མི་རྟག་པས་ཁྱབ་པ་མ་བརྗོད་ན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པའི་ཁྱབ་པ་དངོས་འགལ་ལ་མི་འགྲོ་བར་འགྱུར་རོ་ཞེས་སྨྲའོ། །འདི་ལ་ཕྱོགས་སྔའི་དོན་མ་རྟོགས་པ་དང་། གཞན་ལ་དགག་པ་མི་འཇུག་པ་གཉིས་ལས། དང་པོ་ནི། རིགས་གཏེར་གྱི་དགོངས་པ་ནི་ཁྱོད་ཀྱིས་བརྗོད་པ་ལྟར་མིན་ཏེ། ངག་དེས་སྒྲ་བྱས་ན་མི་རྟག་པས་ཁྱབ་པ་ཡང་མ་བརྗོད་པའི་ཕྱིར་རོ། །གཉིས་པ་ནི། བྱས་ན་མི་རྟག་པས་ཁྱབ་པ་ཁས་ལེན་ན་དེ་དངོས་སུ་བརྗོད་པས་མ་ཁྱབ་སྟེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་བྱས་ན་མི་རྟག་པས་ཁྱབ་པ་ཁས་བླངས་ཀྱང་དེ་དངོས་སུ་མ་བརྗོད་པ་བཞིན་ནོ། །དེས་ན་སྤྱི་ཁྱབ་བརྗོད་པ་མ་ཚང་བའི་དོན་ནི་འདི་བྱས་རྟགས་ཀྱི་སྒྲ་མི་རྟག་པར་བསྒྲུབ་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཡིན་པས་གང་བྱས་ན་མི་རྟག་པས་ཁྱབ། ཅེས་པ་ལྟ་བུ་དངོས་སུ་བརྗོད་དགོས་པ་ལ་དེ་མ་ཚང་བའི་དོན་ནོ། །གཉིས་པ་ནི། བོད་ཁ་ཅིག ཡན་ལག་གཉིས་ལྡན་པ་ལའང་ལ་ལའང་དུ་བ་ཡོད་པས་ཞེས་དང་། སྒྲ་ཡང་བྱས་པས་ཞེས་པ་ལྟ་བུ་རྣམ་དབྱེ་གསུམ་པ་སྦྱོར་བ་དང་། འགའ་ཞིག་ལ་ལའང་དུ་བ་ཡོད་པའི་ཕྱིར་ཞེས་དང་། སྒྲ་ཡང་བྱས་པའི་ཕྱིར་ཞེས་པ་ལྟ་བུ་རྣམ་དབྱེ་ལྔ་པ་སྦྱོར་བ་ནི་མི་འཐད་དེ། དེ་ལྟ་བུའི་ངག་འཕྲོ་ཅན་དེས་དམ་བཅའ་འདྲེན་པས། དུ་བ་ཡོད་པས་མེ་ཡོད་ཅེས་དང་། བྱས་པའི་ཕྱིར་མི་རྟག་ཅེས་དམ་བཅའ་བརྗོད་དགོས་པར་འགྱུར་བའི་ཕྱིར། གལ་ཏེ་དེའི་ཚེ་དམ་བཅའ་བརྗོད་མི་དགོས་ཏེ། དེ་དོན་གྱིས་གོ་བའི་ཕྱིར་རོ་སྙམ་ན་དོན་གྱིས་གོ་ཡང་ཚིག་དེའི་ནུས་པ་མ་རྫོགས་པས་དུ་བ་ཡོད་པས་ཅི། བྱས་པའི་ཕྱིར་ཅི་ཡིན་ཞེས་སླར་འདྲི་དགོས་ལ། རྒོལ་བའི་ངག་མ་རྫོགས་པ་ལ་ཕྱིར་རྒོལ་གྱི་ངག་ཞུགས་ན་སྨྲ་བ་པོའི་སྐྱོན་དུ་རྩོད་རིགས་ལས་གསུངས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། རྒོལ་བ་བླུན་པོ་ལ་སྦྱོར་བའི་ཚུལ་དང་། མཁས་པ་ལ་སྦྱོར་བའི་ཚུལ་གཉིས་ལས། དང་པོ་ནི། དཔེའི་སྟེང་དུ་ཁྱབ་པ་དྲན་ཡང་སྤྱི་ཁྱབ་དྲན་པར་མ་ནུས་པའི་རྒོལ་བ་བླུན་པོ་ལ་ནི་ཚིག་ཉུང་ཞིང་དོན་རྒྱས་པའི་སྒྲུབ་ངག་ཡན་ལག་གཉིས་ལྡན་པ་སྦྱོར་དགོས་ཏེ། དེས་ཚུལ་གསུམ་ཆར་ལ་དྲན་པ་བསྐྱེད་དགོས་པའི་ཕྱིར་རོ། །དེས་ན་སྐབས་འདིའི་བླུན་པོ་ནི་བུམ་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཚད་མའི་སྟོབས་ཀྱིས་ངེས་ཀྱང་། གང་བྱས་ན་མི་རྟག་པས་ཁྱབ་པ་དྲན་མི་ནུས་པ་ལ་བྱ་བ་ཡིན་གྱི། དཔེའི་སྟེང་དུ་ཁྱབ་འབྲེལ་མི་ཤེས་པ་ནི་མ་ཡིན་ཏེ། དཔེའི་སྟེང་དུ་ཁྱབ་འབྲེལ་མི་ཤེས་ན། དཔེར་ན་བུམ་པ་བཞིན་ཞེས་བརྗོད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །གལ་ཏེ་དཔེའི་སྟེང་དུ་ཁྱབ་འབྲེལ་ཤེས་ཀྱང་བརྗོད་པ་ཡིན་ནོ་སྙམ་ན་དེ་ཡང་མིན་ཏེ། བརྗོད་ན་དཔེར་མི་རུང་བའི་ཕྱིར་ཏེ། གལ་ཏེ་བརྗེད་ཕྱིར་སྐྱོན་མེད་ན། །དེ་ཉིད་ཕྱིར་ན་དཔེ་མ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་རྒོལ་བ་ལ་ངག་ཡན་ལག་གཉིས་པ་ལྡན་དགོས་ཀྱང་ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གཉིས་ཀ་ནི་མི་དགོས་ཏེ། དེ་གཉིས་གང་རུང་གཅིག་དངོས་སུ་བརྗོད་པས་ཅིག་ཤོས་ལ་ཡང་དྲན་པ་སྐྱེ་བར་འགྱུར་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱི་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་གསུངས་པས་སོ། །དེ་ལ་ཡང་ཆོས་མཐུན་སྦྱོར་དང་། མི་མཐུན་སྦྱོར་གང་བཀོད་ཀྱང་ཁྱད་པར་མེད་ཅིང་ཕྱོགས་ཆོས་སྔོན་འགྲོ་ཅན་དང་། ཁྱབ་པ་སྔོན་འགྲོ་ཅན་གང་བཀོད་ཀྱང་ཁྱད་པར་མེད་དེ། དེ་ཐམས་ཅད་ཀྱིས་ཀྱང་རྩོད་གཞིའི་སྟེང་དུ་ཚུལ་གསུམ་གཞི་མཐུན་དུ་དྲན་པའི་དྲན་ཤེས་བསྐྱེད་པར་ནུས་པའི་ཕྱིར་ཏེ། རིགས་གཏེར་རང་འགྲེལ་ལས། སྒྲུབ་པའི་ངག་ནི་ཕ་རོལ་གྱིས་མ་རྟོགས་པ་རྟོགས་པར་བྱེད་པའམ། ཕྱོགས་ཆོས་ཁྱབ་པ་རེས་འཇོག་ཏུ་རྟོགས་ཀྱང་གཞི་མཐུན་དུ་མ་དྲན་པ་དྲན་པར་བྱེད་པའི་ངག་ཡིན་ནོ་ཞེས་གསུངས་པས་སོ། །དེ་ལ་ཕྱོགས་ཆོས་ཁྱབ་པ་རེས་འཇོག་ཏུ་རྟོགས་པ་ནི་སྒྲའི་སྟེང་དུ་བྱས་པ་ངེས་པ་དང་། བུམ་པའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ངེས་པ་ལྟ་བུ་ཡིན་ལ། གཞི་མཐུན་དུ་དྲན་པ་ནི་སྒྲ་ཉིད་ཀྱི་སྟེང་དུ་བྱས་པ་དང་། བྱས་ན་མི་རྟག་པས་ཁྱབ་པ་གཉིས་ཀ་དྲན་པའོ། །འོ་ན་སྔར་ཚུལ་གསུམ་ཅིག་ཅར་དུ་དྲན་པ་མི་སྲིད་པར་ཁས་བླངས་པ་དང་འགལ་ལོ་ཞེ་ན། ནང་དུ་བློ་གྲོས་རྩིངས་པའི་རྣམ་པ་ཕྱི་རོལ་དུ་སྟོན་པ་ཁྱོད་རྣ་བ་བླགས་ཏེ་ཉོན་ཅིག སྒྲའི་སྟེང་དུ་ཚུལ་གསུམ་གཞི་མཐུན་དུ་དྲན་པ་དང་། ཅིག་ཆར་དུ་དྲན་པ་གཉིས་དོན་གཏན་མི་གཅིག་སྟེ། གཞི་མཐུན་དུ་དྲན་པ་ནི་སྒྲ་བྱས་པར་ཡང་དྲན་ཞིང་། སྒྲའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཡང་དྲན་པ་གཉིས་ཤེས་པ་གཞན་གྱིས་བར་དུ་མ་ཆོད་པ་རིགས་རྒྱུན་གཅིག་ལ་དྲན་པ་ཙམ་ཡིན་ལ། དེ་ཙམ་གྱིས་དེ་གཉིས་ཅིག་ཅར་དུ་དྲན་པར་མི་འགྲུབ་པའི་ཕྱིར་རོ། །གཞན་དུ་ན། སྒྲ་བྱས་པ་དང་མི་རྟག་པའི་གཞི་མཐུན་དུ་དྲན་པ་མེད་པར་འགྱུར་ཏེ། སྒྲ་དེ་དེ་གཉིས་སུ་ཅིག་ཅར་དུ་དྲན་པ་མེད་པའི་ཕྱིར། མ་གྲུབ་ན། གཙོ་བོ་ཡིད་རྟོག་གཅིག་གིས་དེ་གཉིས་ཅིག་ཅར་དུ་དྲན་པ་ཡིན་ནམ། གཙོ་བོ་ཡིད་རྟོག་རྫས་ཐ་དད་པ་གཉིས་ཀྱིས་དེ་གཉིས་ཅིག་ཅར་དུ་དྲན་པ་ཡིན། དང་པོ་ལྟར་ན། དེ་ཕྱིར་ཁྱབ་པ་གང་ཞིག་ཆོས། །གང་གིས་གོ་བར་འགྱུར་བ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། །ཞེས་སོགས་བདག་ཉིད་ཆེན་པོའི་རིགས་པའི་གཙོ་བོ་རྣམས་འགོག་པར་འགྱུར་རོ། །ཕྱི་མ་ལྟར་ན་གང་ཟག་གཅིག་རྒྱུད་ཐ་དད་པ་དུ་མར་འགྱུར་རོ། །འདི་ལ་དགོངས་ནས་རིགས་གཏེར་རང་འགྲེལ་ལས། རང་དོན་གྱི་སྐབས་སུ་རྟོག་གཉིས་ཅིག་ཅར་མི་འཇུག་པས་ཚུལ་གསུམ་ཅིག་ཅར་དུ་དྲན་པ་མི་སྲིད་པར་གསུངས་ཤིང་། གཞན་དོན་གྱི་སྐབས་སུ་སྔར་དྲངས་པ་ལྟར་ཚུལ་གསུམ་གཞི་མཐུན་དུ་དྲན་པར་གསུངས་སོ། །ཕྱོགས་ཆོས་སྔོན་འགྲོ་ཅན་དང་ཁྱབ་པ་སྔོན་འགྲོ་ཅན་གཉིས་ཀ་ལ་ཡང་མཐའ་རྟེན་རྫོགས་པའི་ཚིག་ཏུ་སྦྱར་དགོས་ཏེ། དཔེར་ན་ཕྱོགས་ཆོས་སྔོན་འགྲོ་ཅན་ལ་ཚང་མང་བཞིན་ནོ། །བུམ་པ་བཞིན་ནོ་ཞེས་ཁྱབ་པ་ལ་མཐའ་རྟེན་སྦྱོར་བ་དང་། ཁྱབ་པ་སྔོན་འགྲོ་ཅན་ལ་ལ་ལའང་དུ་བ་ཡོད་དོ། །སྒྲ་ཡང་བྱས་སོ་ཞེས་ཕྱོགས་ཆོས་ལ་མཐའ་རྟེན་སྦྱོར་རོ། །གཉིས་པ་མཁས་པ་ལ་སྦྱོར་བའི་ཚུལ་ནི། དཔེའི་སྟེང་དུ་ཁྱབ་འབྲེལ་ཤེས་པའི་ཚེ་སྤྱི་ཁྱབ་དྲན་ནས་ཁར་འབྱིན་པའི་མཁས་པ་ལ་ནི། འོ་ན་སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུ་ཕྱོགས་ཆོས་རྐྱང་པ་བརྗོད་པས་ཀྱང་འགྲུབ་བོ། །ཚོགས་སུ་ཁྱབ་པ་ངག་ཏུ་མི་བརྗོད་ན་མཁས་སུ་ཟིན་ཡང་སྐབས་དེར་སྒྲུབ་པའི་ངག་རྫོགས་པར་སྦྱར་ཏེ། མ་རྫོགས་ན་ཀླན་ཀར་འགྱུར་བའི་ཕྱིར་རོ་ཞེས་གསུངས་པ་ནི། རྣམ་ངེས་ལས། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ནི་ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པ་ཡིན་གྱི། དོན་གྱི་ནི་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་མ་ཡིན་པར་བརྗོད་པས་སྨྲ་བ་པོ་ལ་ཀླན་ཀར་འགྱུར་བའི་ཕྱིར་རོ་ཞེས་གསུངས་པའི་དོན་དུ་མཛད་པར་སྣང་ངོ་། །དེ་བཞིན་དུ་ཕྱོགས་ཆོས་དྲན་ཞིང་ཁར་འབྱིན་པའི་མཁས་པ་ལ་ཁྱབ་པ་རྐྱང་པ་བརྗོད་པའི་སྒྲུབ་ངག་ཀྱང་ཡོད་དེ། སྔ་མ་དང་མཚུངས་པའི་ཕྱིར་རོ། །རིགས་གཏེར་རང་འགྲེལ་ལས། འདི་དག་གི་ལུང་སྦྱོར་ནི། དཔེ་ལ་དེ་ཡི་ངོ་བོ་དང་། །ཞེས་སོགས་ལ་མཛད་ལ། དེའི་དོན་ནི་འདི་ལྟར་ཡིན་ཏེ། དཔེ་ལ་དེ་ཡི་ངོ་བོ་དང་། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ་ཞེས་པས་སྒྲུབ་ངག་བསྟན་པ་མ་ཡིན་གྱི་དཔེའི་སྟེང་དུ་ཁྱབ་འབྲེལ་སྒྲུབ་བྱེད་ཀྱི་ཚད་མ་བསྟན་པ་ཡིན་ལ། དེ་བསྟན་པས་དཔེའི་སྟེང་དུ་ཁྱབ་འབྲེལ་ཤེས་པའི་ཚེ་སྒྲུབ་ངག་ལ་མ་ལྟོས་པར་སྤྱི་ཁྱབ་དྲན་ནུས་པའི་མཁས་པ་དང་། མི་ནུས་པའི་བླུན་པོ་གཉིས་ཡོད་པ་ལས། དང་པོ་ལ། ཕྱོགས་ཆོས་རྐྱང་པ་བརྗོད་པས་རྗེས་དཔག་བསྐྱེད་ནུས་པ་ནི། མཁས་པ་རྣམས་ལ་ནི། གཏན་ཚིག་འབའ་ཞིག་བརྗོད་པར་ཟད། །ཅེས་སོ། །གཉིས་པ་ལ། ངག་ཡན་ལག་གཉིས་ལྡན་པ་དགོས་ཀྱང་ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གང་རུང་ཞིག་གིས་ཆོག་གོ་ཞེས་པ་ནི། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །ཞེས་སོགས་ཚིགས་བཅད་གཅིག་གོ །གསུམ་པ་རྩོད་པ་སྤོང་བ་ནི། ཀུན་ལས་བཏུས་ལས། རང་ཉིད་ངེས་གཞན་གཞན་དག་ལ། །ངེས་པ་བསྐྱེད་པར་འདོད་པ་ཡིས། །ཕྱོགས་ཆོས་དང་ནི་འབྲེལ་པ་དང་། །བསྒྲུབ་བྱ་བརྗོད་བྱ་གཞན་རྣམས་ཀྱང་། །ཞེས་ཕྱོགས་ཆོས་དང་། འབྲེལ་པ་དང་། བསྒྲུབ་བྱ་གསུམ་པོ་ཟླས་ཕྱེད་ནས་གསུམ་ཀ་བརྗོད་པར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཕྱོགས་ཆོས་དང་འབྲེལ་བ་ཡིས་བསྒྲུབ་བྱ་བརྗོད་ཅེས་རྣམ་དབྱེ་གསུམ་པ་དེའི་སྐྱེས་བུས་བསྡུ་བ་ཡིན་པའི་ཕྱིར། དེའི་དོན་ཡང་སྒྲུབ་ངག་ཡང་དག་གིས་ཚུལ་གསུམ་བརྗོད་པའི་སྒོ་ནས་བསྒྲུབ་བྱ་དོན་གྱིས་བརྗོད་ཞེས་པའི་དོན་ཡིན་གྱི། བསྒྲུབ་བྱ་དངོས་སུ་བརྗོད་པའི་དོན་མིན་ཏེ། བསྟན་བྱ་བ་དང་དོན་གཅིག་གོ །གསུམ་པ་ངག་གི་བྱེད་པ་ནི། ཕྱིར་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་པའི་ཆེད་ཡིན་ནོ། །འོ་ན་ངག་དེ་རྗེས་དཔག་གི་དངོས་རྒྱུ་ཡིན་ནམ་ཞེ་ན། མིན་ཏེ། ངག་དེ་ལས་ཉན་ཤེས་མངོན་སུམ་སྐྱེ། དེ་ལས་དྲན་ཤེས་སྐྱེ། དེ་ལས་རྗེས་དཔག་སྐྱེ་བའི་ཕྱིར་རོ། །སྒྲུབ་ངག་ཐོས་པའི་ཉན་ཤེས་ལས་དྲན་ཤེས་སྐྱེ་བའི་ཚུལ་ཡང་རིམ་པ་གསུམ་སྟེ། ཕྱོགས་ཆོས་སྔོན་འགྲོ་ཅན་ལ་དང་པོར་ཕྱོགས་ཆོས་དྲན་པའི་དྲན་ཤེས། དེ་ནས་སྤྱི་ཁྱབ་དྲན་པའི་དྲན་ཤེས། དེ་ནས་རྩོད་གཞིའི་སྟེང་དུ་ཁྱབ་པ་དྲན་པའི་དྲན་ཤེས་སྐྱེ་ལ། དེ་ཉིད་ཀྱིས་རྩོད་གཞི་ལ་བསྒྲུབ་ཆོས་འཛིན་པའི་བློ་སྐྱེ་བ་ནི་རྗེས་དཔག་ཉིད་དོ། །ཁྱབ་པ་སྔོན་འགྲོ་ཅན་ལ་དང་པོར་སྤྱི་ཁྱབ་དྲན་པའི་དྲན་ཤེས། དེ་ནས་ཕྱོགས་ཆོས་དྲན་པའི་དྲན་ཤེས། དེ་ནས་ཕྱི་མ་སྐྱེ་བའི་ཚུལ་ནི་སྔར་ལྟར་རོ། །སྒྲུབ་ངག་ལ་བརྟེན་ནས་དཔེའི་སྟེང་དུ་ཁྱབ་འབྲེལ་གསར་དུ་དྲན་པ་ནི་མི་སྐྱེ་སྟེ། སྒྲུབ་ངག་གི་སྔ་རོལ་དུ་དེ་དྲན་ཟིན་མ་བརྗེད་པ་དགོས་པའི་ཕྱིར་རོ། །ཕྱོགས་ཆོས་རྐྱང་པ་ཅན་དང་། ཁྱབ་པ་རྐྱང་པ་ཅན་གྱི་སྒྲུབ་ངག་ལ་ཡང་སྔར་གྱི་དྲན་ཤེས་གསུམ་གྱི་དང་པོ་སྒྲུབ་ངག་གི་གོང་དུ་སྐྱེས་ཟིན་པས་ཕྱི་མ་སྐྱེ་བའི་ཚུལ་སྒྲུབ་ངག་གཉིས་ལ་སོ་སོར་སྦྱར་བར་བྱའོ། །བཞི་པ་དབྱེ་བ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། སྔོན་གྱི་མཁས་པ་ཕྱྭ་པ་སོགས་ཀྱི་བཞེད་པ་ལ། རྩ་བའི་བསྒྲུབ་བྱ་སྒྲ་མི་རྟག་པ་ལྟ་བུ་ལ་ལྟོས་ནས་སྒྲུབ་ངག་བརྒྱད་དུ་འགྱུར་ཏེ། ཕྱིར་རྒོལ་ལ་རྩ་བའི་དབྱེ་བ་ཕྱོགས་ཆོས་དང་། ཁྱབ་པ་གཉིས་ཀ་ཤེས་པ། གཉིས་ཀ་མ་ཤེས་པ། ཁྱབ་པ་ཤེས་ནས་ཕྱོགས་ཆོས་མ་ཤེས་པ། ཕྱོགས་ཆོས་ཤེས་ནས་ཁྱབ་པ་མ་ཤེས་པ་དང་བཞི་ལས། གཉིས་ཀ་མ་ཤེས་པ་ལ་ནི་གཉིས་ཀ་བསྒྲུབ་པའི་གཞན་དོན་རྗེས་དཔག་དང་། གསུམ་པ་ལ་ནི། ཕྱོགས་ཆོས་སྒྲུབ་ཅིང་ཁྱབ་པ་སྟོན་པའི་གཞན་དོན་རྗེས་དཔག་དང་། བཞི་པ་ལ་ནི། ཁྱབ་པ་བསྒྲུབ་ཅིང་ཕྱོགས་ཆོས་སྟོན་པའི་གཞན་དོན་རྗེས་དཔག་འགོད་པ་ལས། དང་པོ་ནི། གང་རེས་འགའ་སྐྱེ་བ་ཡིན་ན། བྱས་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་རེས་འགའ་སྐྱེ་བ་ཡིན་ནོ་ཞེས་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་སྒྲུབ་ངག་ཡང་དག་དང་། གང་རིམ་དང་ཅིག་ཆར་གྱི་དོན་བྱེད་ནུས་པས་སྟོང་ན་བྱས་པས་སྟོང་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། རྟག་པ་ཡང་རིམ་དང་ཅིག་ཅར་གྱི་དོན་བྱེད་ནུས་པས་སྟོང་པ་ཡིན་ནོ་ཞེས་ལྡོག་ཁྱབ་སྒྲུབ་བྱེད་དང་། གང་རང་རྒྱུ་ལས་རྒྱུ་གཞན་ལ་ལྟོས་མེད་དུ་འཇིག་ན་འཇིག་ངེས་ཡིན་པས་ཁྱབ། དཔེར་ན་མར་མེའི་སྐད་ཅིག་ཐ་མ་བཞིན། བུམ་པ་ཡང་རང་རྒྱུ་ལས་རྒྱུ་གཞན་ལ་ལྟོས་མེད་དུ་འཇིག་གོ་ཞེས་རྗེས་ཁྱབ་སྒྲུབ་བྱེད་དེ། ཁྱབ་པ་སྒྲུབ་བྱེད་ཀྱི་སྒྲུབ་ངག་ཡང་དག་གཉིས་སོ། །རྒོལ་བ་གསུམ་པ་དེ་ལ་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་ཞེས་རྗེས་ཁྱབ་ཁོ་ན་སྟོན་པ་དང་། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན་ཞེས་ལྡོག་ཁྱབ་ཁོ་ན་སྟོན་པའི་སྒྲུབ་ངག་ཡང་དག་དང་། སྔར་བཤད་པའི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་སྒྲུབ་ངག་ཡང་དག་སྟོན་པར་བྱེད་དོ། །རྒོལ་བ་བཞི་པ་ལ། སྒྲ་ཡང་བྱས་སོ་ཞེས་ཕྱོགས་ཆོས་ཁོ་ན་སྟོན་པ་དང་། སྔར་བཤད་པའི་ཁྱབ་པ་སྒྲུབ་བྱེད་ཀྱི་སྒྲུབ་ངག་ཡང་དག་འགོད་པར་བྱེད་དོ། །ཕྱོགས་ཆོས་དང་། ཁྱབ་པ་གཉིས་ཀ་ཤེས་པ་ལ། དེ་གཉིས་ཀ་དྲན་པ། གཉིས་ཀ་མ་དྲན་པ། ཁྱབ་པ་དྲན་ཅིང་ཕྱོགས་ཆོས་མ་དྲན་པ། ཕྱོགས་ཆོས་དྲན་ཅིང་ཁྱབ་པ་མ་དྲན་པ་དང་བཞི་ལས། དང་པོ་ནི། སྒྲུབ་ངག་འགོད་པའི་ཡུལ་མིན་ཏེ། རྗེས་དཔག་སྐྱེ་བའི་དངོས་རྒྱུ་ཚང་བའི་ཕྱིར། གཉིས་པ་ལ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་ཆོས་མཐུན་སྦྱོར་དང་། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ནི་བྱས་སོ་ཞེས་ཆོས་མི་མཐུན་སྦྱོར་གཉིས་འགོད་དོ། །གསུམ་པ་ལ། སྔར་བཤད་པའི་ཕྱོགས་ཆོས་ཁོ་ན་སྟོན་པའི་སྒྲུབ་ངག་ཡང་དག་དང་། བཞི་པ་ལ་སྔར་བཤད་པའི་ཁྱབ་པ་ཁོ་ན་སྟོན་པའི་སྒྲུབ་ངག་ཡང་དག་འགོད་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །དེ་ནི་མི་འཐད་དེ། དེ་ལྟ་བུའི་སྒྲུབ་ངག་ཡང་དག་བརྒྱད་པོ་དེ་བསྒྲུབ་བྱ་སོ་སོ་ལ་ལྟོས་ནས་འཇོག་གམ། བསྒྲུབ་བྱ་གཅིག་ཉིད་ལ་ལྟོས་ནས་འཇོག དང་པོ་ལྟར་ན་བརྒྱད་ཀྱི་གྲངས་ངེས་མཉམ་སྟེ། བསྒྲུབ་བྱ་ཇི་སྙེད་ཡོད་པ་དེ་དང་གྲངས་མཉམ་པའི་སྒྲུབ་ངག་ཀྱང་དེ་སྙེད་ཡོད་པའི་ཕྱིར། གཉིས་པ་ལྟར་ན་གང་རེས་འགའ་སྐྱེ་བ་ཡིན་ན་བྱས་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་རེས་འགའ་སྐྱེ་བ་ཡིན་ནོ་ཞེས་པའི་སྒྲུབ་ངག་ཡང་དག་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་སྒྲུབ་ངག་ཡང་དག་ཡིན་པར་ཐལ། སྔར་བཤད་པའི་སྒྲུབ་ངག་བརྒྱད་པོ་དེ་སྒྲ་མི་རྟག་པར་བསྒྲུབ་པའི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་གང་རུང་དངོས་སུ་སྟོན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་སྐོར་གྱི་ཕྱོགས་ཆོས་དངོས་སུ་བསྟན་པར་ཐལ། འདོད་པ་གང་ཞིག དེ་སྐོར་གྱི་ཁྱབ་པ་དངོས་སུ་མ་བསྟན་པའི་ཕྱིར། འདོད་ན། དེས་སྒྲ་བྱས་པ་དངོས་སུ་བསྟན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་ངག་དེས་སྒྲ་མི་རྟག་པ་དངོས་སུ་བསྟན་པར་ཐལ་ལོ། །གཞན་ཡང་བྱས་རྟགས་ཀྱིས་བུམ་པ་མི་རྟག་པར་བསྒྲུབ་པའི་སྒྲུབ་ངག་ཡང་དག་ཡིན་ན། བྱས་རྟགས་ཀྱི་སྒྲ་མི་རྟག་པར་བསྒྲུབ་པའི་སྒྲུབ་ངག་ཡང་དག་མིན་དགོས་པར་ཐལ། བྱས་རྟགས་ཀྱི་བུམ་པ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་ཡིན་ན། བྱས་རྟགས་ཀྱི་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་མིན་དགོས་པའི་ཕྱིར། འདོད་ན། ཁས་བླངས་ཏེ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་གློག་བཞིན་ཞེས་པའི་ངག་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་བསལ་ཁས་བླངས་སོ། །རང་ལ་ནི་མི་མཚུངས་ཏེ། ཕྱིར་རྒོལ་གྱིས་ཕྱོགས་ཆོས་ངག་ཏུ་མ་བརྗོད་པར་རང་དགར་ཁྱབ་པ་བརྗོད་པ་ཙམ་སྒྲུབ་ངག་ཡང་དག་ཏུ་མི་འདོད་པའི་ཕྱིར་རོ། །ཡང་བོད་ཕྱི་མ་ཁ་ཅིག ཕྱོགས་ཆོས་རྐྱང་པ་བརྗོད་པའི་སྒྲུབ་ངག་ཡང་དག་མི་འཐད་དེ། གསུམ་ལས་ཚུལ་གང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད། །ཅེས་གསུངས་པའི་ཕྱིར། འོ་ན། མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེའི་དོན་རིགས་གཏེར་ལས། ཕྱིར་རྒོལ་གྱིས་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། ཞེས་ངག་ཏུ་བརྗོད་པའི་ཚེ་སྔར་རྒོལ་གྱིས་སྒྲ་ཡང་བྱས་སོ་ཞེས་བརྗོད་པ་ལ་བཤད་པའི་ཕྱིར་ཞེས་ཟེར་བ་ནི་མི་འཐད་དེ། སྔར་རྒོལ་གྱི་དེ་འདྲའི་ངག་དེ་སྒྲུབ་ངག་ཡང་དག་ཡིན་ནམ་མ་ཡིན། དང་པོ་ལྟར་ན་ཁས་བླངས་འགལ་ཞིང་། ཕྱི་མ་ལྟར་ན་དེ་འདྲའི་སྔར་རྒོལ་དེས་དེ་འདྲའི་ཕྱིར་རྒོལ་ལ་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་ཞེས་བརྗོད་དགོས་པར་ཐལ། དེས་དེ་ལ་སྒྲུབ་ངག་ཡང་དག་འགོད་དགོས་པ་གང་ཞིག ཁས་བླངས་དེའི་ཕྱིར། གལ་ཏེ། དེ་འདྲའི་སྔར་རྒོལ་དང་ཕྱིར་རྒོལ་གཉིས་ཆར་གྱིས་སྨྲས་པའི་ངག་འདོམས་པ་དེ་སྒྲུབ་ངག་ཡང་དག་ཡིན་ནོ་ཞེ་ན། དེ་ནི་ཤིན་ཏུ་མི་འཐད་དེ། སྒྲུབ་ངག་ཡང་དག་ཡིན་ན། སྔར་རྒོལ་གྱིས་སྨྲས་པའི་ངག་ཡིན་དགོས་པའི་ཕྱིར་དང་། ཕྱིར་རྒོལ་རང་གིས་རང་ལ་སྒྲུབ་ངག་འགོད་པ་མེད་པའི་ཕྱིར་དང་། རྒོལ་ཕྱིར་རྒོལ་གཉིས་ཆར་བསྡོམས་ནས་སྒྲུབ་ངག་འགོད་ན་དཔང་པོ་དེ་སྒྲུབ་ངག་འགོད་པའི་ཡུལ་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གཉིས་པ་ནི། ཕྱིར་རྒོལ་དེ་ལ་བློའི་བྱེ་བྲག་གིས་གསུམ་དུ་འགྱུར་ཏེ། ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་དྲན་རུང་མེད་པ། གཉིས་ཀ་དྲན་ཟིན་པ། དྲན་རུང་ཡོད་ཀྱང་མ་དྲན་པའོ། །དེ་ལ་སྔ་མ་གཉིས་ནི་སྒྲུབ་ངག་འགོད་པའི་ཡུལ་མིན་ཏེ། དང་པོ་ལ་སྒྲུབ་ངག་བཀོད་ཀྱང་རྗེས་དཔག་བསྐྱེད་མི་ནུས། གཉིས་པ་ལ་རྗེས་དཔག་གི་དངོས་རྒྱུ་ཚང་བས་སྒྲུབ་ངག་མི་དགོས་པའི་ཕྱིར་རོ། །གསུམ་པ་ལ་ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་དྲན་རུང་ཡོད་ཀྱང་མ་དྲན་པ་དང་། ཕྱོགས་ཆོས་དྲན་ལ་ཁྱབ་པ་མ་དྲན་པ་དང་། ཁྱབ་པ་དྲན་ལ་ཕྱོགས་ཆོས་མ་དྲན་པ་གསུམ་ལས། དང་པོ་ལ་ཆོས་མཐུན་སྦྱོར་དང་། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས། གཉིས་པ་ལ། ཕྱོགས་ཆོས་ཁར་འབྱིན་ན། འོ་ན་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་ཞེས་རྗེས་ཁྱབ་རྐྱང་པ་བརྗོད་པ་དང་། ཡང་ན། འོ་ན་གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན་ཞེས་ལྡོག་ཁྱབ་རྐྱང་པ་བརྗོད་པ་གཉིས་དང་། གསུམ་པ་ལ་ཁྱབ་པ་ཁར་འབྱིན་ན། འོ་ན་སྒྲ་ཡང་བྱས་སོ་ཞེས་ཕྱོགས་ཆོས་རྐྱང་པ་ཅན་གྱི་སྒྲུབ་ངག་སྟེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ལྟ་བུ་ལ་ཕྱིར་རྒོལ་ལ་ལྟོས་ནས་སྒྲུབ་ངག་ཡང་དག་ལྔར་འགྱུར་བ་འདི་ནི་འཇམ་དབྱངས་བླ་མའི་བཞེད་པའོ། །གསུམ་པ་རྩོད་པ་སྤོང་བ་ནི། ཁ་ཅིག དེ་ནི་མི་འཐད་དེ། ལུང་རིགས་གཉིས་ཀྱིས་གནོད་པའི་ཕྱིར་རོ། །དང་པོ་ནི། རྣམ་འགྲེལ་ལས། གསུམ་ལས་ཚུལ་གང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད། །ཅེས་དང་། རྣམ་ངེས་ལས། གསུམ་ལས་ཚུལ་གང་རུང་བ་ཞིག་མ་སྨྲས་ན་སྒྲུབ་པ་མ་ཚང་བའི་སྐྱོན་དུ་འགྱུར་རོ་ཞེས་བཤད་པ་རིག་པར་བྱའོ་ཞེས་གསུངས་པས་གནོད་དོ། །རིགས་པ་ནི། ཕྱོགས་ཆོས་རྐྱང་པ་ཅན་དང་། ཁྱབ་པ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་པར་ཐལ། དེ་ལྟ་བུའི་སྒྲུབ་ངག་ཡང་དག་ཡོད་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་ལུང་གིས་མི་གནོད་དེ། ལུང་གི་དོན་ནི། ཚུལ་གསུམ་ཆར་དངོས་ཤུགས་གང་རུང་ལ་བརྗོད་པའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལས་གཞན་དུ་དངོས་སུ་བརྗོད་དགོས་ན། ཆོས་མཐུན་སྦྱོར་གྱིས་སྒྲུབ་ངག་དེ་ཡང་ཆོས་ཅན། སྒྲུབ་ངག་ཡང་དག་མིན་པར་ཐལ། ཚུལ་གསུམ་ཆར་དངོས་སུ་མ་བརྗོད་པའི་ཕྱིར། གལ་ཏེ་ཕྱོགས་ཆོས་རྐྱང་པ་ཅན་གྱི་སྒྲུབ་ངག་དེ་ཆོས་ཅན། ཕྱོགས་ཆོས་རྐྱང་པ་ཅན་གྱི་སྒྲུབ་ངག་ཡང་དག་མིན་པར་ཐལ། ཚུལ་གསུམ་ཆར་བརྗོད་པའི་ཕྱིར་ཞེ་ན། འོ་ན་ངག་ཡན་ལག་གཉིས་པ་དེ་ཡང་ཆོས་ཅན། ངག་ཡན་ལག་གཉིས་ལྡན་པ་མིན་པར་ཐལ། ཚུལ་གསུམ་ཆར་བརྗོད་པའི་ཕྱིར་ཞེས་རྣམ་པ་ཀུན་ཏུ་མཚུངས་སོ། །འོ་ན་ཕྱོགས་ཆོས་རྐྱང་པ་ཅན་གྱིས་ཁྱབ་པ་ཤུགས་ལ་བརྗོད་པ་དང་། ཁྱབ་པ་རྐྱང་པ་ཅན་གྱིས་ཕྱོགས་ཆོས་ཤུགས་ལ་བརྗོད་པའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལ་རིགས་གཏེར་རང་འགྲེལ་ལས། འོ་ན་ཞེས་པའི་ཚིག་ཡོད་པ་དེ་ཉིད་ཀྱིས་བརྗོད་དེ། དཔེར་ན། ཕ་རོལ་པོས་ལྷ་སར་འགྲོ་ན་ཇོ་བོའི་ཞལ་མཐོང་ཞེས་སྨྲས་པ་ན། ཅིག་ཤོས་ཀྱིས་འོ་ན་ང་ཡང་འགྲོ་ཞེས་བརྗོད་པའི་ཚེ། འོ་ན་ཞེས་པའི་ཚིག་དེས་ལྷ་སར་འགྲོ་ན་ཇོ་བོའི་ཞལ་མཐོང་བ་བརྗོད་པ་བཞིན་ནོ། །འདི་ལས་གཞན་དུ་རྒོལ་ཕྱིར་རྒོལ་གཉིས་ཆར་གྱི་ངག་འདོམས་པ་བསྒྲུབ་ངག་ཏུ་འདོད་པ་དང་། ལུང་གི་དོན་ཚུལ་གསུམ་ཆར་ལ་དྲན་པ་བསྐྱེད་དགོས་པ་ཡིན་ཞེས་པ་རྣམས་ནི་དོན་གྱིས་ཚུལ་གསུམ་བརྗོད་ན། ཚུལ་གསུམ་དངོས་སུ་བརྗོད་དགོས་པར་ཁས་བླངས་པས་རིགས་ལམ་ལས་འདས་སོ། །གཉིས་པ་སྒྲུབ་ངག་ལྟར་སྣང་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། སྒྲུབ་ངག་ཏུ་བཀོད་པ་གང་ཞིག སྒྲུབ་བྱེད་སྐྱོན་ཅན་བརྗོད་པའོ། །གཉིས་པ་ལ། དོན་སྐྱོན་ཅན། བློ་སྐྱོན་ཅན། སྒྲ་སྐྱོན་ཅན་གྱི་སྒྲུབ་ངག་ལྟར་སྣང་གསུམ་ལས། དང་པོ་ནི། ཚུལ་གསུམ་མ་ཚང་བའི་གཏན་ཚིགས་བརྗོད་པ་སྟེ། སྒྲ་མིག་ཤེས་ཀྱི་གཟུང་བྱ་ཡིན་ནོ་ཞེས་པ་ལྟ་བུ་མ་གྲུབ་པ་བརྗོད་པ་དང་། གཞལ་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་བོ་ཞེས་པ་ལྟ་བུ་མ་ངེས་པ་བརྗོད་པ་དང་། བྱས་ན་རྟག་པས་ཁྱབ་བོ་ཞེས་པ་ལྟ་བུ་འགལ་བ་བརྗོད་པ་དང་གསུམ་མོ། །གཉིས་པ་ནི། ཚུལ་གསུམ་ཚང་ཡང་སྔར་རྒོལ་རང་ཉིད་ཀྱིས་མ་གྲུབ་པ་བརྗོད་པ་སྟེ། ཚུལ་གསུམ་ཆར་མ་གྲུབ་པ་བརྗོད་པ། ཁྱབ་པ་མ་གྲུབ་པ་བརྗོད་པ། ཕྱོགས་ཆོས་མ་གྲུབ་པ་བརྗོད་པ་དང་གསུམ་མོ། །གསུམ་པ་ནི། ཚུལ་གསུམ་ཚང་ཞིང་སྔར་རྒོལ་གྱིས་གྲུབ་ཀྱང་བརྗོད་ཚུལ་ལ་སྐྱོན་ཆགས་པ་སྟེ། ངག་ཡན་ལག་ལྔ་ལྡན་ལྟ་བུ་ལྷག་ཆད་གཉིས་ཀའི་སྐྱོན་དང་བཅས་པ་དང་། ཕྱོགས་ཆོས་ཁྱབ་པ་གཉིས་ཀ་དངོས་སུ་བརྗོད་དགོས་པའི་རྒོལ་བའི་ངོར། གང་རུང་གཅིག་བརྗོད་པ་ལྟ་བུ་ཆད་པའི་སྐྱོན་ཆགས་པ་དང་། ཡན་ལག་གཉིས་ལྡན་བརྗོད་ཀྱང་ཚིག་མཐར་རྣམ་དབྱེ་གསུམ་པ་དང་ལྔ་པ་སྦྱར་བ་ལྟ་བུ་བརྗོད་ཚུལ་ལ་སྐྱོན་ཆགས་པ་དང་གསུམ་མོ། །གཉིས་པ་སུན་འབྱིན་གྱི་ངག་ལ་སུན་འབྱིན་ཡང་དག་དང་། སུན་འབྱིན་ལྟར་སྣང་གཉིས་སོ། །དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། སྐྱོན་ལ་སྐྱོན་དུ་བརྗོད་པས་སྐྱོན་ཅན་གོ་བར་བྱེད་པའི་ངག་གོ །གཉིས་པ་ལ། དབྱེ་སྒོ་གསུམ་ལས། ཡུལ་གྱི་སྒོ་ནས་དབྱེ་ན། རྟགས་ཀྱི་སྐྱོན་ལ། མཚན་ཉིད་ཀྱི་སྐྱོན་ལ། དམ་བཅའི་སྐྱོན་ལ་སྐྱོན་དུ་བརྗོད་པའི་སུན་འབྱིན་ཡང་དག་གསུམ་མོ། །ངོ་བོའི་སྒོ་ནས་དབྱེ་ན། དོན་སྐྱོན་ལ། བློ་སྐྱོན་ལ། སྒྲ་སྐྱོན་ལ་སྐྱོན་དུ་བརྗོད་པའི་སུན་འབྱིན་ཡང་དག་གསུམ་མོ། །བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། རྣལ་མ་དང་། ཐལ་འགྱུར་གཉིས་སོ། །གཉིས་པ་སུན་འབྱིན་ལྟར་སྣང་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། སུན་འབྱིན་དུ་བཀོད་པ་གང་ཞིག སྐྱོན་ལ་སྐྱོན་དུ་མ་བརྗོད་པས་སྐྱོན་ཅན་གོ་བར་བྱེད་མི་ནུས་པའི་ངག གཉིས་པ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཕྱི་རོལ་པས་ཚར་གཅད་ཉེར་གཉིས། ལྟག་ཆོད་ཉེར་བཞིར་འདོད་པ་ནི་སྔར་བཀག་ཟིན་ལ། གཙང་ནག་པས། རྟགས་ཀྱི་སྐྱོན། མཚན་ཉིད་ཀྱི་སྐྱོན། དམ་བཅའི་སྐྱོན་མ་ཡིན་པ་སྐྱོན་དུ་བརྗོད་པ་དང་། དོན་གྱི་སྐྱོན་དང་། བློའི་སྐྱོན་དང་། སྒྲའི་སྐྱོན་མ་ཡིན་པ་སྐྱོན་དུ་བརྗོད་པ་དང་དྲུག་གོ་ཞེས་ཟེར་བ་ནི་མི་འཐད་དེ། རྒོལ་བས་སྒྲུབ་བྱེད་ཡང་དག་བཀོད་པ་ལ་དེ་ལ་ཕྱོགས་སྣ་ཚོགས་ནས་སྨད་དམ། རང་ལ་བསྟོད་དམ། འབྲེལ་མེད་གཞན་འཆད་ན་ཡང་དེ་དག་ཏུ་མི་འདུ་བའི་ཕྱིར་རོ། །གཉིས་པ་ནི། རྩོད་རིགས་ལས་གསུངས་པ་ལྟར་རྩ་བའི་དབྱེ་བ་སྐྱོན་མི་བརྗོད་པ་དང་། སྐྱོན་མིན་པ་བརྗོད་པ་གཉིས་ཡིན་ལ། ནང་གསེལ་གྱི་དབྱེ་བ་ནི་བསམ་གྱིས་མི་ཁྱབ་སྟེ། རྣམ་ངེས་ལས། ལོག་པའི་ལན་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། རང་རྒྱུད་ཀྱི་ངག་དང་། ཐལ་འགྱུར་གྱི་ངག་གོ །དང་པོ་ནི་སྒྲུབ་ངག་དང་དོན་གཅིག་པས་བཤད་ཟིན་ཏོ། །གཉིས་པ་ལ་གཉིས་ཏེ། ཐལ་བའི་རྣམ་གཞག་དང་། ལན་འདེབས་པའི་ཚུལ་ལོ། །དང་པོ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ནི། རིགས་པའི་དབང་ཕྱུག་ཕྱྭ་པའི་བཞེད་པ་ལ། ཐལ་འགྱུར་དུ་བཀོད་ཚད་བཅུ་བཞིར་དབྱེ་བ་དང་། དེ་ལ་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བ་དང་། ཡང་དག་ལ། སྒྲུབ་བྱེད་འཕེན་པ་དང་། མི་འཕེན་པ་གཉིས་སུ་དབྱེ་བ་དང་གསུམ་ལས། དང་པོ་ནི། ཐལ་འགྱུར་བཞི་ལ་བཅུ་བཞི་ཞེས། །གངས་ཅན་པ་དག་དེ་ལྟར་འདོད། །ཅེས་པ་ལྟར་རྩ་བའི་དབྱེ་བ་བཞི་ནི། རྟགས་ཁྱབ་གཉིས་ཀ་མ་གྲུབ་པ། རྟགས་འབའ་ཞིག་མ་གྲུབ་པ། ཁྱབ་པ་འབའ་ཞིག་མ་གྲུབ་པ། གཉིས་ཀ་གྲུབ་པ་སྟེ་བཞིའོ། །དང་པོ་ནི། དཔེར་ན། སངས་རྒྱས་པའི་ངོར་སྒྲ་ཆོས་ཅན། གཞལ་བྱ་མིན་པར་ཐལ། རྟག་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། གཉིས་ཀ་ཚད་མས་ཀྱང་མ་གྲུབ། ཁས་ཀྱང་མི་ལེན་པའོ། །གཉིས་པ་ནི། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། སྒྲ་ཆོས་ཅན། རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །བཞི་པ་ལ། གཉིས་ཀ་ཚད་མ། གཉིས་ཀ་ཁས་བླངས། རྟགས་ཚད་མ། ཁྱབ་པ་ཁས་བླངས། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ་པ་དང་བཞི་ལས། དང་པོ་ནི། སངས་རྒྱས་པའི་ངོར་སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། འདི་ནི་འདོད་ལན་ཐེབས་པས་ལྟར་སྣང་ཡིན་ལ། སྒྲ་རྟག་པར་ཁས་ལེན་པ་ལ་ཐལ་འགྱུར་དེ། རྟགས་ཁྱབ་གཉིས་ཀ་ཚད་མ། དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་འབབ་པའི་ཐལ་འགྱུར་ཡང་དག་སྟེ་གཉིས་སོ། །གཉིས་པ་ནི། སྒྲ་མིག་ཤེས་ཀྱི་གཟུང་བྱ་དང་། དེ་ལ་རྟག་པས་ཁྱབ་པ་སྨྲ་བ་ལ། སྒྲ་ཆོས་ཅན། རྟག་པ་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པ་སྟེ། སྒྲ་མི་རྟག་པར་ཚད་མས་ངེས་པ་ལ་འཕངས་ན་དམ་བཅའ་ལ་ཚད་མའི་བསལ་བ་ཞུགས་པ་དང་། ཚད་མས་མ་ངེས་པ་ཁས་བླངས་པ་ཙམ་ལ་འཕངས་ན་ཁས་བླངས་ཀྱི་བསལ་བ་དང་། གཉིས་ཀ་མེད་ན་བསལ་བ་ཡེ་མེད་དེ་གསུམ་མོ། །གསུམ་པ་ནི། བྱས་ན་རྟག་པས་ཁྱབ་པར་སྨྲ་བ་ལ། སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་སྟེ། འདི་ལ་ཡང་དམ་བཅའ་ལ་བསལ་བ་ཡོད་མེད་ཀྱི་སྒོ་ནས་གསུམ་དུ་འགྱུར་རོ། །བཞི་པ་ནི། སྒྲ་རྟག་པར་སྨྲ་བ་ལ། སྒྲ་ཆོས་ཅན། མ་བྱས་པ་ཐལ། རྟག་པའི་ཕྱིར་ཞེས་པ་སྟེ། འདི་ལ་ཡང་བསལ་བ་ཡོད་མེད་ཀྱི་བྱེ་བྲག་གིས་སྔར་ལྟར་གསུམ་དུ་འགྱུར་རོ། །གཉིས་པ་ནི། བཟློག་པར་ནུས་དང་མི་ནུས་ལས། །ཡང་དག་ལྟར་སྣང་བདུན་བདུན་ཡིན། །ཞེས་པ་ལྟར། ཐལ་བ་བཅུ་བཞི་པོ་ལ། རྟགས་དང་ཁྱབ་པ་གཉིས་ཀ་མ་གྲུབ་པ་ནི་གཉིས་ཀ་མ་གྲུབ་པས་ལན་ཐེབས་ལ། རྟགས་རྐྱང་མ་གྲུབ་པ་ནི་རྟགས་མ་གྲུབ་པ་དང་། ཁྱབ་པ་འབའ་ཞིག་མ་གྲུབ་པ་ནི་ཁྱབ་པ་མ་གྲུབ་པས་ལན་ཐེབས་སོ། །གཉིས་ཀ་ཚད་མ་དམ་བཅའ་ལ་བསལ་བ་ཡེ་མེད་དང་། གཉིས་ཀ་ཁས་བླངས་དམ་བཅའ་ལ་བསལ་བ་ཡེ་མེད་དང་། རྟགས་ཚད་མ་དང་ཁྱབ་པ་ཁས་བླངས་དམ་བཅའ་ལ་བསལ་བ་ཡེ་མེད་དེ་དང་། རྟགས་ཁས་བླངས་ཁྱབ་པ་ཚད་མ་དམ་བཅའ་ལ་བསལ་བ་ཡེ་མེད་བཞི་པོ་འདོད་ལན་ཐེབས་པས་བདུན་པོ་ལྟར་སྣང་ངོ་། །གཉིས་ཀ་ཚད་མ་ལ་དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་དང་། གཉིས་ཀ་ཁས་བླངས་ལ་འདོད་པ་ལ་ཚད་མ་དང་ཁས་བླངས་ཀྱི་བསལ་བ་གཉིས་དང་། རྟགས་ཚད་མ་ཁྱབ་པ་ཁས་བླངས་ལ་འདོད་པ་ལ་ཚད་མ་དང་ཁས་བླངས་ཀྱི་བསལ་བ་གཉིས་དང་། རྟགས་ཁས་བླངས་ཁྱབ་པ་ཚད་མ་འདོད་པ་ལ་ཚད་མ་དང་ཁས་བླངས་ཀྱི་བསལ་བ་གཉིས་ཏེ། བདུན་ནི་ལན་གྱིས་བཟློག་པར་མི་ནུས་པས་ཡང་དག་གོ །གསུམ་པ་ནི། དྲུག་དང་ཕྱེད་ཀྱིས་མི་འཕེན་ལ། །བདུན་པའི་ཕྱེད་ཀྱིས་འཕེན་ཞེས་ཟེར། །ཞེས་པ་ལྟར། རྟགས་ཁྱབ་གཉིས་ཀ་ཚད་མ། དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པའི་ཐལ་འགྱུར་དང་། ཁྱབ་པ་ཚད་མ། རྟགས་ཁས་བླངས་ལ། དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པའི་ཐལ་འགྱུར་གཉིས་ཀྱིས་ནི་སྒྲུབ་བྱེད་ཡང་དག་མི་འཕེན་ཏེ། རང་རྒྱུད་དུ་བྱས་པའི་ཚེ་ཕྱོགས་ཆོས་མི་གྲུབ་པའི་ཕྱིར་རོ། །རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་པའི་ཐལ་འགྱུར་ཡང་དག་གཉིས། རྟགས་ཚད་མ་ལ། ཁྱབ་པ་ཁས་བླངས་ཀྱིས་གྲུབ་པའི་ཐལ་འགྱུར་ཡང་དག་གཉིས་ཏེ་བཞིས་ནི་སྒྲུབ་བྱེད་ཡང་དག་མི་འཕེན་ཏེ། རང་རྒྱུད་དུ་བྱས་པའི་ཚེ་སྔ་མ་གཉིས་ཀྱི་ཁྱབ་པ་མ་ངེས་ཤིང་ཕྱི་མ་གཉིས་ཀྱི་ཁྱབ་པ་འགལ་བའི་ཕྱིར། དེས་ན་བདུན་པ་ལ་སྒྲ་རྟག་པར་ཁས་བླངས་པ་ལྟ་བུ། ཆོས་ཅན་ཚད་མས་གྲུབ་པའི་ཐལ་འགྱུར་གྱིས་ནི་སྒྲུབ་བྱེད་ཡང་དག་འཕེན་ལ། རྟག་པའི་སྒྲ། རྟག་པར་ཁས་བླངས་པ་ལྟ་བུ་ཆོས་ཅན་ཚད་མས་མ་གྲུབ་པའི་ཐལ་འགྱུར་གྱིས་ནི་སྒྲུབ་བྱེད་ཡང་དག་མི་འཕེན་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་དེ་དགག་པ་ལ། རྩ་བའི་དབྱེ་བ་བཞི་དགག་པ་དང་། ཡན་ལག་གི་དབྱེ་བ་བཅུ་བཞི་དགག་པ་གཉིས་ལས། དང་པོ་ནི། རང་རྒྱུད་ལ་ཡང་མཚུངས་ཕྱིར་དང་། །རྟགས་མེད་ཁྱབ་པ་འགལ་ཕྱིར་དང་། །ལྟག་ཆོད་ངེས་པ་མི་རུང་ཕྱིར། །ཐལ་འགྱུར་བཞིར་དབྱེ་མི་འཐད་དོ། །ཞེས་གསུངས་ཏེ། རང་རྒྱུད་ཀྱི་གཏན་ཚིགས་དེ་ལ་རྩ་བའི་དབྱེ་བ་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་སོགས་བཞིར་དབྱེ་བ་འཐད་པར་ཐལ། ཐལ་འགྱུར་ལ་དེ་ལྟར་དུ་འཐད་པའི་ཕྱིར། གལ་ཏེ་རང་རྒྱུད་ཀྱི་གཏན་ཚིགས་ལ་རྩ་བའི་དབྱེ་བ་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བས་བཞིར་དབྱེ་བ་མི་འཐད་དོ་ཞེ་ན། ཐལ་འགྱུར་ལ་ཡང་རྩ་བའི་དབྱེ་བ་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བས་བཞིར་དབྱེ་བ་མི་འཐད་པར་མཚུངས་སོ། །ཡང་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་དེ་ཐལ་འགྱུར་གྱི་རྩ་བའི་དབྱེ་བ་བཞིའི་ནང་ཚན་དུ་འཇོག་པ་མི་འཐད་དེ། རྟགས་མ་གྲུབ་ན་ཁྱབ་པ་གྲུབ་མ་གྲུབ་དཔྱོད་པ་བླུན་པོའི་རྣམ་ཐར་ཡིན་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་ཀྱང་ཁྱབ་པ་གྲུབ་པ་སྲིད་པའི་ཕྱིར་རོ་ཞེ་ན། མི་འཐད་དེ། ལྟག་ཆོད་ཀྱི་ངེས་པ་ལྟར་རྟགས་ཕྱེད་མ་གྲུབ་པ་དང་ཁྱབ་པ་ཕྱེད་མ་གྲུབ་པ་སོགས་མཐའ་མེད་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གཉིས་པ་ནི། མ་གྲུབ་གཉིས་སུ་ཕྱེ་བ་ལྷག །འགལ་བའི་ཐལ་འགྱུར་ལྟར་སྣང་ཆད། །རྟགས་མེད་ཁྱབ་པ་གྲུབ་པ་འཁྲུལ། །དེས་ན་ཐལ་འགྱུར་བཅུ་བཞི་མིན། །ཞེས་གསུངས་ཏེ། རྟགས་མ་གྲུབ་པ་ལས་ལོགས་སུ་རྟག་ཁྱབ་གཉིས་ཀ་མ་གྲུབ་པ་ཞེས་གཉིས་སུ་འབྱེད་པ་མི་འཐད་པར་ཐལ། དེ་གཉིས་ཀ་ལ་ཡང་རྟགས་མ་གྲུབ་ཅེས་པའི་ལན་གཅིག་གིས་ཆོག་པའི་ཕྱིར་རོ། །ཁྱབ་པ་འགལ་བའི་སྒོ་ནས་ལན་ཐེབས་པའི་ཐལ་འགྱུར་ལྟར་སྣང་འཆད་དེ། སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར་ཅེས་པའི་ཐལ་འགྱུར་ཡང་དག་གཉིས་ནི་ལན་གྱིས་བཟློག་པར་མི་ནུས་ཤིང་། ནམ་མཁའི་སྟེང་དུ་ལྟར་སྣང་དེ་ནི་འདོད་ལན་ཐེབས་པའི་རྒྱུ་མཚན་གྱིས་ལྟར་སྣང་དུ་སོང་བའི་ཕྱིར། གཞན་ཡང་རྟགས་འབའ་ཞིག་མ་གྲུབ་པའི་ཐལ་འགྱུར་གྱི་རྣམ་གཞག་མི་འཐད་པར་ཐལ། གཞི་གཅིག་གི་སྟེང་དུ་རྟགས་མ་གྲུབ་ན། ཁྱབ་པ་ཡང་མ་གྲུབ་པར་འགྱུར་བའི་ཕྱིར་ཏེ། སྒྲའི་སྟེང་དུ་རྟག་པ་མ་གྲུབ་པས་དེའི་སྟེང་དུ་རྟག་ན་མ་བྱས་པས་ཁྱབ་པ་མ་གྲུབ་ཅིང་། ནམ་མཁའི་སྟེང་དུ་རྟག་པ་གྲུབ་པའི་རྒྱུ་མཚན་གྱིས་དེའི་སྟེང་དུ་རྟག་ན་མ་བྱས་པས་ཁྱབ་པ་གྲུབ་པའི་ཕྱིར་རོ། །འདིར་བདག་ཉིད་ཆེན་པོས་རྟགས་མ་གྲུབ་ན་ཁྱབ་པ་ཡང་མ་གྲུབ་དགོས་ཞེས་གསུངས་པ་རྣམས་ནི་ཐལ་འགྱུར་ཡང་དག་དང་། གཏན་ཚིགས་ཡང་དག་གི་དབང་དུ་བྱས་པ་ཡིན་ལ། དེའི་ཚེ་ཁྱབ་པ་ནི་རྟགས་ཆོས་ཀྱི་འབྲེལ་པ་ལ་འཇོག་སྟེ། ཆོས་ཀྱི་གྲགས་པའི་གཞུང་ལས། རྟགས་ཆོས་ཀྱི་འབྲེལ་པ་གྲུབ་མ་གྲུབ་ཀྱི་སྒོ་ནས་ཁྱབ་པ་གྲུབ་མ་གྲུབ་ཀྱི་རྣམ་གཞག་ཁོ་ན་གསུངས་པའི་ཕྱིར་རོ། །འདི་ལ་དགོངས་ནས་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ལ་ཡང་ལྡོག་ཁྱབ་ཚད་མས་གྲུབ་པ་དགོས་ཞེས་གསུངས་ཀྱི། དངོས་ཁྱབ་ཚད་མས་གྲུབ་པ་དགོས་ཞེས་མ་གསུངས་སོ། །དེང་སང་བོད་ཀྱི་བསྡུས་པ་བ་དག་ལ་དགོས་དང་ཁྱབ་ལ་ཁྱད་པར་མེད་ཅེས་པའི་ཁ་དག་སྣང་ཡང་དེ་གཉིས་ལ་ཁྱད་པར་ཡོད་དེ། རི་བོང་རྭ་ཡིན་ན། རི་བོང་རྭ་ཡིན་དགོས་ཀྱང་། དེ་ལ་ཁྱབ་པ་མ་གྲུབ་པའི་ཕྱིར་ཞེས་པ་ནི་གཞུང་ལུགས་ཀྱི་དགོངས་པར་སྣང་བའི་ཕྱིར་རོ། །དེང་སང་ནི་མི་བདེ་སྟེ། གཞུང་ལུགས་ཀྱིས་དགོངས་པར་སྣང་བ་དེ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཐལ་འགྱུར་ཡང་དག་གི་མཚན་ཉིད་ཁས་བླངས་ཀྱི་རྟགས་ལས་མི་འདོད་པ་ཐལ་བར་འཕེན་པའི་སྒོ་ནས་ཕྱིར་རྒོལ་གྱི་གྲུབ་མཐའ་སྐྱོན་ཅན་སུན་འབྱིན་ནུས་ཀྱི་ཐལ་ངག་གོ །གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག དེ་དག་གི་དཔེར་བརྗོད་བཤད་པའོ། །དང་པོའི་མཚན་ཉིད་ལ་ཁ་ཅིག ཐལ་འགྱུར་ཡང་དག་གང་ཞིག རང་གི་དངོས་དོན་བཟློག་ན་ཚུལ་གསུམ་ཚང་བའི་གཏན་ཚིགས་འཕེན་པར་བྱེད་པ་ཞེས་པ་ནི་མི་འཐད་དེ། རིགས་གཏེར་ལས། ཐལ་བའི་ངག་ལས་རང་རྒྱུད་ཀྱི། །དོན་འཕེན་ཇི་ལྟར་བཟློག་བཞིན་མིན། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །རང་ལུགས་ནི། ཐལ་འགྱུར་ཡང་དག་གང་ཞིག བཟློག་ན་དོན་གྱིས་ཚུལ་གསུམ་ཚང་བའི་གཏན་ཚིགས་འཕེན་པར་བྱེད་པའོ། །དེང་སང་ཁ་ཅིག སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཞེས་བརྗོད་དགོས་ཀྱི། གཞན་དུ་ན་སྒྲ་རྟག་པར་ཁས་ལེན་པའི་རྒོལ་བ་ལ། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཆོས་ཅན། མཚན་ཉིད་དེར་ཐལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར་ཏེ། སྒྲུབ་བྱེད་འཕེན་པ་གང་ཞིག ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། གཏན་ཚིགས་སྔ་མ་གྲུབ་སྟེ། རྟག་པ་དེ་སྒྲ་མ་བྱས་པར་བསྒྲུབ་པའི་སྒྲུབ་བྱེད་ཡིན་པའི་ཕྱིར། དེས་མཚོན་ནས། ཐལ་འགྱུར་ཡང་དག་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་བོ་ཞེས་སྨྲའོ། །འདི་ནི་གཞུང་ལུགས་ཀྱི་བརྡ་ཆད་བཤིག་པ་སྟེ། སྒྲ་མི་རྟག་བསྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། འབྲས་བུའི་གཏན་ཚིགས་ཡང་དག་ཡིན་པར་ཐལ། འབྲས་བུ་ཡིན་པ་གང་ཞིག་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། དུ་བ་ཆོས་ཅན། དུ་ལྡན་ལ་མེ་ཡོད་དུ་བསྒྲུབ་པའི་འགལ་ཟླ་དམིགས་པའི་གཏན་ཚིགས་ཡང་དག་ཡིན་པར་ཐལ། དེ་སྐོར་གྱི་འགལ་ཟླ་དམིགས་པ་གང་ཞིག དེ་སྐོར་གྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། དེ་ལ་སོགས་པའི་རིགས་ཅན་མཐའ་ཡས་པས་སུན་དབྱུང་བར་བྱའོ། །སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། ཐལ་འགྱུར་ཡང་དག་གང་ཞིག བཟློག་ན་དོན་གྱིས་ཚུལ་གསུམ་ཚང་བའི་གཏན་ཚིགས་མི་འཕེན་པའོ། །སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ལ་རྟགས་ཕ་རོལ་པོས་བདེན་ཞེན་གྱིས་ཁས་བླངས་པ་ལྡོག་ཁྱབ་ཚད་མས་གྲུབ་པ། གཞི་གྲུབ་ཅིང་དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པ་སྟེ། ཁྱད་ཆོས་གསུམ་ལྡན་དགོས་ཏེ། ཁྱད་ཆོས་དང་པོས་གཏན་ཚིགས་མ་གྲུབ་པ་སེལ། གཉིས་པས་འགལ་བ་དང་མ་ངེས་པ་སེལ། གསུམ་པས་འདོད་ལེན་ཐེབས་པ་སེལ་ལོ། །གསུམ་པ་དེ་དག་གི་དཔེར་བརྗོད་བཤད་པ་ལ། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་དཔེར་བརྗོད། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་དཔེར་བརྗོད་གཉིས་ལས། དང་པོ་ནི། རང་བཞིན་འབྲས་བུ་མཚན་ཉིད་དེ། །མི་དམིགས་གསུམ་གྱིས་བསྒྲུབ་མི་འཕེན། །ཞེས་ཏེ། ལུགས་འདི་ལ་སྤྱིར་གཏན་ཚིགས་ཡང་དག་ལ་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་གཉིས། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་བཞི། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་བཅུ་གཉིས། ཕན་ཚུན་སྤང་འགལ་ལ་བརྟེན་པའི་གཏན་ཚིགས་གཉིས་ཏེ་ཉི་ཤུར་གྲངས་ངེས་ལ། ཐལ་འགྱུར་ལ་ཡང་དེ་དག་གི་མིང་ཅན་གྱི་ཐལ་འགྱུར་ཉི་ཤུར་གྲངས་ངེས་སོ། །དེ་ལ་བུམ་པ་མེད་པར་ཐལ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུ། རང་བཞིན་མ་དམིགས་པའི་ཐལ་འགྱུར་དང་། དུ་བའི་དངོས་རྒྱུ་མེད་པར་ཐལ། དུ་བ་མེད་པའི་ཕྱིར་ཞེས་དངོས་འབྲས་མ་དམིགས་པའི་ཐལ་འགྱུར་དང་། བ་ལང་མིན་པར་ཐལ། ནོག་སོགས་འདུས་པ་མིན་པའི་ཕྱིར་ཞེས་ཁྱབ་བྱེད་མ་དམིགས་པའི་ནང་ཚན་མཚན་ཉིད་མ་དམིགས་པ་གསུམ་གྱིས་སྒྲུབ་བྱེད་མི་འཕེན་ཏེ། བུམ་པ་ཡོད་པ་ལ་སོགས་པ་གསུམ་པོ་དེ་ཚད་མས་གྲུབ་ན། བུམ་པ་ཚད་མས་དམིགས་པ་ལ་སོགས་པ་དེ་དག་ཀྱང་གྲུབ་པས་རང་རྒྱུད་ལ་ཤེས་འདོད་མེད་ཅིང་། དེ་དག་ཚད་མས་མ་གྲུབ་ན་ཐལ་འགྱུར་གྱི་དམ་བཅའ་ལ་ཚད་མས་བསལ་བ་མ་ཞུགས་པས་རང་རྒྱུད་ཀྱི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་རོ། །དེས་ན་ཐལ་འགྱུར་འདི་གསུམ་གྱི་ཆོས་ཅན་ལ། བུམ་པས་དག་པའི་ས་ཕྱོགས་དང་། དུ་བས་དབེན་པའི་རྩི་སྐོར་དང་། རྟ་ལྟ་བུ་འཛིན་པར་བྱེད་པ་ནི་རིགས་གཏེར་གྱི་དགོངས་པ་མིན་ཏེ། རིགས་གཏེར་རང་འགྲེལ་ལས། བུམ་པ་ལ་སོགས་པ་ཚད་མས་གྲུབ་ན་དམིགས་པར་ཡང་གྲུབ་པས་ཤེས་འདོད་མེད་ལ། མ་གྲུབ་ན། ཐལ་བའི་ངག་ལ་བསལ་བ་མེད་ཅིང་རང་རྒྱུད་ཀྱི་ཕྱོགས་ཆོས་མི་གྲུབ་པའི་ཕྱིར་རོ། །ཞེས་དམ་བཅའ་ལ་ཚད་མས་བསལ་བ་ཞུགས་དགོས་པར་གསུངས་པའི་ཕྱིར་དང་། གཞན་དུ་ན་གཏན་ཚིགས་ཡང་དག་ཉི་ཤུ་པོ་ཐམས་ཅད་ལ་དེ་ལྟ་བུའི་ཐལ་འགྱུར་རེ་རེ་རུང་བས་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཉི་ཤུར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེས་ན་རྟགས་ཕ་རོལ་པོས་ཁས་བླངས་པའི་དབང་དུ་བྱས་ནས་བུམ་པ་ཡོད་པའི་ས་ཕྱོགས་དང་། དུ་བ་ཡོད་པའི་ས་ཕྱོགས་དང་། བ་ལང་ཡིན་པའི་གཞི་གོང་བུ་རྭ་ཅན་ལྟ་བུ་ཆོས་ཅན་དུ་གཟུང་བར་བྱ་བ་ཤེས་པར་བྱའོ། །གཉིས་པ་ནི། ལྷག་མ་ཡང་དག་གཏན་ཚིགས་ཀུན། །སྒྲུབ་བྱེད་འཕེན་པར་ཤེས་པར་བྱ། །ཞེས་ཏེ། ཁྱབ་བྱེད་མ་དམིགས་པའི་ནང་ཚན་མཚན་ཉིད་མ་དམིགས་པ་མ་གཏོགས་པའི་ཁྱབ་བྱེད་མ་དམིགས་པ་གཞན་རྣམས་དང་། སྔར་གྱི་གསུམ་པོ་དེའི་ལྷག་མར་གྱུར་པའི་ཡན་ལག་གི་གཏན་ཚིགས་བཅུ་བདུན་གྱི་མིང་ཅན་གྱི་ཐལ་འགྱུར་ཡང་དག་བཅུ་བདུན་ཏེ་བཅོ་བརྒྱད་པོས་ནི་སྒྲུབ་བྱེད་འཕེན་པར་ཤེས་པར་བྱའོ། །རིགས་གཏེར་ལས། ཐལ་འགྱུར་གྱི་སྒྲུབ་བྱེད་འཕེན་པ་འཆད་པའི་སྐབས་སུ། ལྷག་མ་ཡང་དག་གཏན་ཚིགས་ཀུན། །སྒྲུབ་བྱེད་འཕེན་པར་ཤེས་པར་བྱ། །ཞེས་གསུངས་པའི་གནད་ཀྱང་ཡང་དག་གི་གཏན་ཚིགས་ཉི་ཤུའི་མིང་ཅན་གྱི་ཐལ་འགྱུར་ཡང་དག་ཉི་ཤུ་ཡོད་པ་ལ་སྒྲུབ་བྱེད་འཕེན་མི་འཕེན་གཉིས་སུ་ཕྱེ་བ་ལ་དགོངས་པ་ཡིན་གྱི། དེང་སང་བོད་དག་གིས་གཏན་ཚིགས་ཡང་དག་ཐམས་ཅད་ལ་བསྒྲུབ་བྱའི་ཆོས་ལ་ཐལ་ཞེས་པའི་ཚིག་སྦྱར་བའི་ཚེ། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་ཞིང་། རྟགས་ལོག་ལ་ཐལ་དང་། ཆོས་ལོག་ལ་ཕྱིར་སྦྱར་བའི་ཚེ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བས་རེ་རེ་ལ་ཡང་གཉིས་གཉིས་ཡོད་པར་འདོད་པའི་ལུགས་དེ་ལུགས་མཆོག་འདི་ལ་སྦྱར་ན་མགོ་བོ་རིམས་དྲག་པོས་བཏབ་པ་ལྟར་ན་བར་འགྱུར་བས་རྣམ་དཔྱོད་དང་ལྡན་པ་དག་གིས་བག་ཟོན་མཛོད་ཅིག དེས་ན་འདི་ལ་ལྡོག་པ་རང་རིགས་འཕེན་པའི་ཐལ་འགྱུར་བཞི། གཞན་རིགས་འཕེན་པའི་ཐལ་འགྱུར་བཅུ་བཞི་འབྱུང་སྟེ། ཡང་དག་གི་གཏན་ཚིགས་ཀྱི་མིང་ཅན་གྱི་རྣམ་འགྱུར་ཉི་ཤུ་ཡོད་པ་ལས། ཁྱབ་བྱེད་མ་དམིགས་པ་ལ་གཉིས་སུ་ཕྱེ་ནས་མཚན་ཉིད་མ་དམིགས་པ་ནི་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་གཅིག་གི་གྲངས་འཛིན། གཞན་རྣམས་ཀྱིས་ནི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གཅིག་གི་གྲངས་འཛིན་པས་མི་འཕེན་པ་གསུམ་དང་། འཕེན་པ་ལ་བཅོ་བརྒྱད་འབྱུང་བའི་གནད་ཀྱང་འདི་ཉིད་ཡིན་པའི་ཕྱིར་དང་། རིགས་གཏེར་རང་འགྲེལ་ཧོར་སྤར་གྱི་རྩ་འགྲེལ་གཉིས་ཆར་ལས་འདི་ཁོ་ན་བཞིན་འབྱུང་བའི་ཕྱིར་རོ། །རིགས་གཏེར་རྩ་བ་འགའ་ཞིག་ཏུ་ལྡོག་པ་རང་རིགས་འཕེན་པ་ལྔ། གཞན་རིགས་འཕེན་པ་བཅུ་དྲུག་ཡོད་ཅེས་འབྱུང་ཞིང་། ཊཱིཀ་བྱེད་པའི་མཁས་པ་དག་གིས་ཀྱང་དེ་ཚད་མར་བྱས་ནས་ཁ་སྐོང་བར་བྱེད་པ་ནི། སོ་སོ་སྐྱེ་བོ་ཇི་ལྟར་མཁས་ཀྱང་གཞུང་ལུགས་རྒྱ་ཆེན་འཆད་པ་ལ་ནོར་བ་སྲིད་པ་མཚོན་བྱེད་དུ་འདུག་གོ །དེ་ལ་ལྡོག་པ་རང་རིགས་འཕེན་པ་བཞི་ནི་མེས་ཁྱབ་པར་ནོན་པའི་ཤར་གཞི་ཆོས་ཅན། མེས་ཁྱབ་པ་ནོན་པའི་དངོས་པོ་མིན་པར་ཐལ། གྲང་རེག་རྒྱུན་ཆགས་ཡོད་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱི་ཐལ་བ་ལས། དེ་ཆོས་ཅན། གྲང་རེག་རྒྱུན་ཆགས་མེད་དེ། མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་དང་། ཙན་མེས་ཁྱབ་པར་ནོན་པའི་ཤར་གཞི་ཆོས་ཅན། ཙན་མེས་ཁྱབ་པར་ནོན་པའི་དངོས་པོ་མིན་པར་ཐལ། བ་མོའི་རེག་པ་རྒྱུན་ཆགས་ཡོད་པའི་ཕྱིར་ཞེས་ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པ་དང་། དུ་བ་དྲག་ཕྱུར་བས་ཁྱབ་པར་ནོན་པའི་ཤར་གཞི་ཆོས་ཅན། དུ་བ་དྲག་ཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་མིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་ཡོད་པའི་ཕྱིར་ཞེས་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པ་དང་། བུམ་པ་ཆོས་ཅན། འཇིག་ངེས་མིན་པར་ཐལ། རང་རྒྱུ་ལས་ཕྱིས་བྱུང་བའི་འཇིག་རྒྱུ་དོན་གཞན་ལ་ལྟོས་ནས་འཇིག་པའི་ཕྱིར་ཞེས་ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པའོ། །ལྡོག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་བཅུ་བཞི་ནི། རྒྱུ་མ་དམིགས་པ་དང་། འབྲས་བུ་དམིགས་པ་ཕན་ཚུན་བཟློག་པ་གཉིས། ལྷན་ཅིག་མི་གནས་འགལ་གྱི་སྐོར་ནས་དགུ། ཕན་ཚུན་སྤང་འགལ་གྱི་སྐོར་ནས་གཅིག རང་བཞིན་དང་ཁྱབ་བྱེད་མ་དམིགས་པའི་ཕན་ཚུན་བཟློག་པ་གཉིས་རྣམས་སོ། །དང་པོ་གཉིས་ནི། མེ་མེད་མཚན་དུས་ཀྱི་རྒྱ་མཚོར་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར་ཞེས་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་མ་དམིགས་པའི་རང་རྒྱུད་འཕེན་པ་དང་། དུ་ལྡན་གྱི་ལ་ལ་ཆོས་ཅན། དུ་བ་མེད་པར་ཐལ། མེ་མེད་པའི་ཕྱིར་ཞེས་རྒྱུ་མ་དམིགས་པའི་ཐལ་འགྱུར་གྱིས་འབྲས་བུའི་གཏན་ཚིགས་འཕེན་པའོ། །ལྷན་ཅིག་མི་གནས་འགལ་གྱི་སྐོར་དགུ་ལ་འགལ་བའི་རང་བཞིན་དམིགས་པའི་སྐོར་གསུམ་ནི། མེས་ཁྱབ་པར་ནོན་པའི་ཤར་གཞི་ཆོས་ཅན། མེས་ཁྱབ་པར་ནོན་པའི་དངོས་པོ་མ་ཡིན་པར་ཐལ། བ་མོའི་རེག་པ་རྒྱུན་ཆགས་ཡོད་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མིན་པར་ཐལ། གྲང་རེག་གི་དངོས་རྒྱུ་ཡོད་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར་གྱིས་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པའོ། །འགལ་བའི་འབྲས་བུ་དམིགས་པའི་སྐོར་གསུམ་ནི། དུ་བ་དྲག་ཕྱུར་བས་ཁྱབ་པར་ནོན་པའི་ཤར་གཞི་ཆོས་ཅན། དུ་བ་དྲག་ཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་མིན་པར་ཐལ། བ་མོའི་རེག་པ་རྒྱུན་ཆགས་ཡོད་པའི་ཕྱིར་ཞེས་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མིན་པར་ཐལ། གྲང་རེག་གི་དངོས་རྒྱུ་ཡོད་པའི་ཕྱིར་ཞེས་རྒྱུ་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར་གྱིས་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མིན་པར་ཐལ། གྲང་རེག་རྒྱུན་ཆགས་ཡོད་པའི་ཕྱིར་ཞེས་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པའོ། །འགལ་བའི་ཁྱབ་བྱ་དམིགས་པའི་སྐོར་གསུམ་ནི། ཙན་མེས་ཁྱབ་པར་ནོན་པའི་ཤར་གཞི་ཆོས་ཅན། ཙན་མེས་ཁྱབ་པར་ནོན་པའི་དངོས་པོ་མིན་པར་ཐལ། གྲང་རེག་རྒྱུན་ཆགས་ཡོད་པའི་ཕྱིར་ཞེས་ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུ་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར་ཞེས་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མིན་པར་ཐལ། གྲང་རེག་གི་དངོས་རྒྱུ་ཡོད་པའི་ཕྱིར་ཞེས་ཁྱབ་བྱེད་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར་གྱིས་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་རྣམས་སོ། །ཕན་ཚུན་སྤང་འགལ་གྱི་སྐོར་ནས་གཅིག་ནི། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་དངོས་ཡིན་པའི་ཕྱིར་ཞེས་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་ཁྱབ་བྱེད་དང་འགལ་བ་དམིགས་པའི་རང་རྒྱུད་འཕེན་པའོ། །ཁྱབ་བྱེད་མ་དམིགས་པ་དང་རང་བཞིན་ཕན་ཚུན་ཟློག་པ་གཉིས་ནི་ཤ་བ་དང་ལྡན་པའི་གཞིར་ཆོས་ཅན། ཤ་པ་མེད་པར་ཐལ། ཤིང་མེད་པའི་ཕྱིར། ཞེས་ཁྱབ་བྱེད་མ་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་གྱི་གཏན་ཚིགས་འཕེན་པ་དང་། ཤིང་མེད་ཀྱི་བྲག་རྫོང་ན་ཆོས་ཅན། ཤིང་ཡོད་པར་ཐལ། ཤ་བ་ཡོད་པའི་ཕྱིར་ཞེས་རང་བཞིན་གྱི་ཐལ་འགྱུར་གྱིས་ཁྱབ་བྱེད་མ་དམིགས་པའི་རང་རྒྱུད་འཕེན་པའོ། །དཔེར་བརྗོད་འདི་དག་ཀྱང་ཐ་སྙད་བདེ་བའི་ཕྱིར་དུ་ཐལ་བའི་དམ་བཅའ་བཀོད་པ་ཡིན་གྱི། ཐལ་ངག་སྐྱོན་མེད་ནི་མིན་ཏེ། ཐལ་བའི་དམ་བཅའ་དངོས་སུ་བརྗོད་པའི་ཕྱིར་རོ། །དཔེར་ན་རང་རྒྱུད་ཀྱི་རྟགས་ཀྱི་དཔེར་བརྗོད་ལ། སྒྲ་ཆོས་ཅན་མི་རྟག་སྟེ། བྱས་པའི་ཕྱིར་ཞེས་གཟུང་བ་ལྟ་བུའོ། །འོ་ན་ཐལ་ངག་སྐྱོན་མེད་གང་ཞེ་ན། ཐོག་མར། སྤྱི་གཅིག་གསལ་བ་དུ་མ་དང་དོན་ལ་འབྲེལ་བའི་ཕྱིར་དུ་མར་ཐལ་ཞེས་དང་། ལ་ལ་མེ་མེད་པའི་ཕྱིར་དུ་བ་མེད་པར་ཐལ་ཞེས་ཐལ་འགྱུར་གྱི་དམ་བཅའ་བཀོད་ལ། ཅིའི་ཕྱིར་ཞེས་འདྲི་ན་ཐལ་ངག་འདི་ལྟར་འགོད་དེ། གང་གསལ་བ་དུ་མ་དང་དོན་ལ་འབྲེལ་པ་ཡིན་ན། དུ་མ་ཡིན་པས་ཁྱབ། དཔེར་ན་སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། སྤྱི་གཅིག་པོ་ཡང་གསལ་བ་དུ་མ་དང་དོན་ལ་འབྲེལ་ལོ་ཞེས་ཆོས་མཐུན་སྦྱོར་དང་། གང་དུ་མ་མི་སྲིད་པ་དེ་དུ་མ་དང་མ་འབྲེལ་བས་ཁྱབ། དཔེར་ན་རི་བོང་གི་རྭ་བཞིན། དུ་མ་དང་དོན་ལ་འབྲེལ་བར་ཁས་བླངས་པའི་སྤྱི་ཡང་དུ་མར་མི་སྲིད་པའི་ཕྱིར་རོ་ཞེས་མི་མཐུན་སྦྱོར་དང་། ཡང་གང་མེ་མེད་ན་དུ་བ་མེད་པས་ཁྱབ། དཔེར་ན་ཆུ་རླུང་བཞིན་ལ་ལའང་མེ་མེད་པར་ཁས་བླངས་སོ་ཞེས་ཆོས་མཐུན་སྦྱོར་དང་། གང་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། དཔེར་ན་ཚང་མང་བཞིན། མེ་མེད་དུ་ཁས་ལེན་པའི་ལ་ལའང་དུ་བ་ཡོད་དོ་ཞེས་ཆོས་མི་མཐུན་སྦྱོར་འགོད་དོ། །འོ་ན་འདིའི་ཆོས་མི་མཐུན་སྦྱོར་དང་རང་རྒྱུད་ཀྱི་ངག་ཁྱད་མེད་དུ་འགྱུར་རོ་སྙམ་ན། ཁྱད་པར་ཤིན་ཏུ་ཆེ་སྟེ། འདིར་ནི་ཕ་རོལ་པོས་ཁས་བླངས་པའི་མེ་མེད་པའི་དུ་ལྡན་གྱི་ལ་ཆོས་ཅན་དུ་བཟུང་བ་ཡིན་ལ། རང་རྒྱུད་ཀྱི་སྐབས་སུ་ནི་ཕྱིར་རྒོལ་གྱིས་མེ་ཡོད་མེད་གང་དུ་ཡང་མ་ངེས་པའི་དུ་ལྡན་གྱི་ལ་ཙམ་ཆོས་ཅན་དུ་བཟུང་བ་ཡིན་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤོང་བ་ནི། གལ་ཏེ་གཞན་གྱིས་ཁས་བླངས་པ་ཙམ་རྟགས་སུ་རུང་ན་རང་རྒྱུད་ལ་ཡང་མཚུངས་ལ། མི་རུང་ན་ཐལ་འགྱུར་ལ་ཡང་མི་རུང་ངོ་ཞེ་ན། རང་རྒྱུད་ལ་གཞན་གྱི་ཁས་བླངས་པ་ཙམ་རྟགས་སུ་མི་རུང་སྟེ། རང་རྒྱུད་ཀྱི་གཏན་ཚིགས་དེ་སྔར་རྒོལ་རང་ཉིད་ཀྱིས་མ་གྲུབ་ན་བསྒྲུབ་བྱ་བསྒྲུབ་མི་ནུས་པའི་ཕྱིར་རོ། །ཐལ་འགྱུར་ལ་གཞན་གྱིས་ཁས་བླངས་པ་ཙམ་རྟགས་སུ་རུང་སྟེ། གཞི་གཅིག་གི་སྟེང་དུ་ཁྱབ་བྱེད་དེ་མེད་བཞིན་དུ་ཁྱབ་བྱ་དེ་ཡོད་པར་འདོད་པ་ལ་འགལ་བ་བརྗོད་པའི་སྒོ་ནས་ལོག་རྟོག་བཟློག་པ་ཙམ་ཡིན་པའི་ཕྱིར་རོ། །དཔེར་ན་རིགས་པ་ཅན་པས་སྤྱི་དེ་ཆ་མེད་ཅིག་ཡིན་ཀྱང་གསལ་བ་དུ་མ་དང་དོན་ལ་འབྲེལ་པ་དང་། ཡན་ལག་ཅན་དེ་ཆ་མེད་རྫས་གཅིག་ཡིན་ཀྱང་ཡན་ལག་དུ་མ་དང་དོན་ལ་འབྲེལ་བར་འདོད་པ་དང་། གྲངས་ཅན་པས་སྒྲ་བྱས་པ་ཡིན་ཀྱང་རྟག་པར་འདོད་པ་དང་། འགའ་ཞིག་གིས་གཞི་འགར་དུ་བ་ཡོད་ཀྱང་མེ་མེད་པར་འདོད་པ་རྣམས་ལ་འགལ་བ་བརྗོད་པའི་སྒོ་ནས་ལོག་རྟོག་བཟློག་པ་ལྟ་བུའོ། །གཉིས་པ་ལན་འདེབས་པའི་ཚུལ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་ཐལ་འགྱུར་གྱི་ལན་ལ་ཁྱབ་པ་མ་གྲུབ་པ་དང་། རྟགས་མ་གྲུབ་པ་དང་། འདོད་ཐོག་དང་གསུམ་དུ་ངེས་ཞེས་ཟེར་བ་མི་འཐད་དེ། འོ་ན་ཁྱབ་པ་འགལ་བ་དང་མ་ངེས་པ་གཉིས་ཀ་ལ་ཁྱབ་པ་མ་གྲུབ་ཅེས་པའི་ལན་གཅིག་གིས་ཆོག་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཁྱབ་པ་མ་གྲུབ་པ་དང་རྟགས་མ་གྲུབ་པ་གཉིས་ཀ་ལ་མ་གྲུབ་ཅེས་པའི་ལན་གཅིག་གིས་ཆོག་པར་ཐལ་ལོ། །གལ་ཏེ་དེ་གཉིས་མ་གྲུབ་པར་མཚུངས་ཀྱང་ཁྱབ་པ་མ་གྲུབ་པ་དང་། རྟགས་མ་གྲུབ་པ་ཞེས་སོ་སོར་མ་ཕྱེ་ན་ངོས་མི་ཟིན་པས་རྩོད་པ་མི་བདེའོ་ཞེ་ན། དེ་ནི་སྔ་མ་ལ་ཡང་མཚུངས་སོ། །ཡང་ཁྱབ་པ་འགལ་བ་ལ་ཁྱབ་པ་མ་གྲུབ་ཅེས་པའི་ལན་བཏབ་ན་འཁྲུལ་པར་འགྱུར་ཏེ། སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་ལ། ཁྱབ་པ་མ་གྲུབ་ཅེས་པའི་ལན་བཏབ་ན་བྱས་པ་ལ་རྟག་པ་སྲིད་པར་ཤུགས་ལ་ཁས་ལེན་དགོས་པའི་ཕྱིར་ཏེ། ཤེས་བྱ་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་པ་ནི། དེས་ན་མཁས་པས་ཐལ་འགྱུར་ལན། །རྣམ་པར་ཐར་པའི་སྒོ་བཞིས་གདབ། །ཅེས་ཏེ། ཐལ་འགྱུར་གྱི་ལན་ནི་འགལ་བ་དང་། མ་ངེས་པ་དང་། མ་གྲུབ་པ་དང་། འདོད་པ་གྲུབ་པ་སྟེ་སྒོ་བཞིའོ། །ལན་གྱིས་བཟློག་པར་མ་ནུས་ན། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་། གླུ་གར་དང་བཞད་གད་དག་གིས་རིགས་པ་བསུབ་པ་ནི་ཐབས་རྡུགས་པ་ཡིན་པས་བདེན་པའི་རྗེས་སུ་འབྲང་བ་དམ་པའི་རྣམ་ཐར་ཡིན་ཏེ། དེ་ལྟ་བུའི་བསྒྲུབ་པ་དང་སུན་འབྱིན་གྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་པར་ནུས་པའི་ཕྱིར་རོ།། །།གསུམ་པ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་བཤད་པ་ལ་གསུམ་སྟེ། ལུང་དྲང་བ། ལུང་གི་དོན་བཤད་པ། གནད་ཀྱི་དོན་ཁ་བསྐང་བའོ། །དང་པོ་ནི། རྒྱ་གར་སྐད་དུ། ཧེ་དུ་ཙཀྲ་ཧ་སརྦ། བོད་སྐད་དུ། རྟགས་ཀྱི་འཁོར་ལོ་གཏན་ལ་དབབ་པ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཁྲུལ་པའི་དྲྭ་བ་འཇོམས་མཛད་པ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །རྟགས་ཀྱི་ཚུལ་གསུམ་འཁོར་ལོ་ཡིས། །གཏན་ལ་དབབ་པ་བཤད་པར་བྱ། །རྗེས་སུ་དཔག་པར་བྱ་བ་ལ། །ཡོད་དང་མེད་དང་གཉིས་ཀ་ཡིས། །ཡོད་པ་ལ་ནི་ཡང་དག་སྟེ། །མེད་པ་གཉིས་ཀ་མ་གྲུབ་ཡིན། །ཐེ་ཚོམ་གཉིས་ཏེ་མ་གྲུབ་བཞི། །མ་གྲུབ་སྦྱོར་བ་དེ་བཞིན་དུ། །མཐུན་པའི་ཕྱོགས་ལ་ཡོད་པ་དང་། །མེད་པ་དེ་བཞིན་གཉིས་ཀ་དང་། །མི་མཐུན་ཕྱོགས་ལའང་དེ་བཞིན་ནོ། །གསུམ་ལ་རྣམ་པ་གསུམ་གསུམ་སྟེ། །སྟེང་འོག་གཉིས་ལ་ཡང་དག་གནས། །ལོགས་ལ་འགལ་བ་རྣམ་གཉིས་ཏེ། །ཟུར་བཞི་དངོས་ཀྱི་མ་ངེས་པ། །དབུས་ན་ཐུན་མོང་མ་ཡིན་པའོ། །གཞལ་བྱ་བྱས་དང་མི་རྟག་དང་། །བྱས་དང་མཉན་བྱ་རྩོལ་ལས་བྱུང་། །མི་རྟག་རྩོལ་བྱུང་རེག་བྱ་མིན། །དགུ་པོ་འདི་ནི་རྟག་སོགས་ལའོ། །རྟག་དང་མི་རྟག་རྩོལ་བྱུང་དང་། །རྟག་དང་རྟག་དང་རྟག་པ་དང་། །རྩོལ་བྱུང་མིན་དང་མི་རྟག་རྟག །རྟག་པ་ལ་ནི་བསྒྲུབ་པ་འགོད། །སྟེང་འོག་མི་མཐུན་ཕྱོགས་དང་སྦྱར། །ཡང་དག་རྟགས་ཀྱི་གཉིས་ཡིན་ནོ། །ལོགས་དང་མི་མཐུན་སྟེང་འོག་སྦྱར། །འགལ་བའི་རྟགས་ཀྱི་གཉིས་ཡིན་ནོ། །ཟུར་བཞི་ཐད་སོར་བསྣོལ་མར་སྦྱར། །ཐུན་མོང་མ་ངེས་རྣམ་པ་བཞི། །ལོགས་གཉིས་ཐད་ཀར་སྦྱར་བས་ནི། །ཐུན་མོང་མ་ཡིན་མ་ངེས་པའོ། །རྟགས་ཀྱི་འཕྲུལ་འཁོར་རྣམ་དགུ་ཡི། །དཔེ་ཡི་རྣམ་པ་འདི་ལྟ་སྟེ། །ནམ་མཁའ་བུམ་དང་བུམ་ནམ་མཁའ། །བུམ་པ་གློག་དང་ནམ་མཁའ་བཞིན། །ནམ་མཁའ་བུམ་དང་མཁའ་བུམ་དང་། །མཁའ་དང་བུམ་པ་གློག་བཞིན་དང་། །གློག་དང་ནམ་མཁའ་བུམ་པ་བཞིན། །བུམ་པ་གློག་དང་ནམ་མཁའ་བཞིན། །ནམ་མཁའ་རྡུལ་ཕྲན་ལས་བུམ་བཞིན། །དེ་ནི་ངེས་པའི་དབང་བྱས་ཡིན། །ཐེ་ཚོམ་ཟ་བའི་ལུགས་ལ་ནི། །ཡོད་དང་མེད་དང་ཡོད་མེད་དང་། །ཕྱོགས་གཅིག་མཐའ་དག་སྦྱར་བའོ། །རྟགས་ཀྱི་འཁོར་ལོ་གཏན་ལ་དབབ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།གཉིས་པ་ལ་གསུམ་སྟེ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། སྤྱིར་གཏན་ཚིགས་ཙམ་གྱི་རབ་དབྱེ། བྱེ་བྲག་ཕྱོགས་ཆོས་ཅན་གྱི་རབ་དབྱེ་བཤད་པའོ། །དང་པོ་ནི། འཁྲུལ་པའི་དྲྭ་བ་འཇོམས་མཛད་པ། །ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི། རྗེས་སུ་དཔག་པར་བྱ་བ་ལ། །ཞེས་སོགས་ཚིག་རྐང་ལྔ་སྟེ། སྤྱིར་རྟགས་སུ་བཀོད་ཙམ་ལ་རྩོད་གཞི་ལ་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་གསུམ་ལས། དང་པོ་ལ་ཕྱོགས་ཆོས་ཅན་དང་། ཕྱི་མ་གཉིས་ཐེ་ཚོམ་ཟ་བ་གཉིས་དང་བཅས་པ་ལ་མ་གྲུབ་པར་བཞག་ཅེས་པའོ། །གསུམ་པ་ལ་གཉིས་ཏེ། ངེས་པའི་དབང་དུ་བྱས་པ་དང་། །ཐེ་ཚོམ་ཟ་བའི་དབང་དུ་བྱས་པའོ། །དང་པོ་ལ་གསུམ་སྟེ། དགུར་དབྱེ་བའི་ཚུལ། འཁོར་ལོ་བྲིས་ནས་རྟགས་ཀྱི་རིགས་ངོས་གཟུང་བ། སྦྱོར་བའི་དོན་ངོས་གཟུང་བའོ། །དང་པོ་ནི། མ་གྲུབ་སྦྱོར་བ་དེ་བཞིན་དུ། །ཞེས་སོགས་ཚིག་རྐང་ལྔ་སྟེ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལ། མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། གཉིས་ཀ་གསུམ་ལས། དེ་རེ་རེ་ལ་ཡང་མི་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། གཉིས་ཀ་གསུམ་གསུམ་དུ་དབྱེ་བས་དགུར་འགྱུར་ཏེ། རྣམ་ངེས་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སྟེང་འོག་གཉིས་ལ་ཡང་དག་གནས། །ཞེས་སོགས་ཚིགས་བཅད་གཅིག་སྟེ། འཁོར་ལོ་ལེ་ཚེ་དགུར་བྲིས་ནས་སྟེང་ལྟར་གསུམ་ལ་མཐུན་ཕྱོགས་ལ་ཡོད་པ་གསུམ། བར་ལྟར་གསུམ་ལ་མཐུན་ཕྱོགས་ལ་མེད་པ་གསུམ། འོག་ལྟར་གསུམ་ལ་མཐུན་ཕྱོགས་ལ་རྣམ་གཉིས་པ་གསུམ་བྲིས་ནས་བལྟས་པའི་ཚེ་འདི་དག་གི་གཟུགས་བརྙན་རང་ཤུགས་ཀྱིས་འཆར་རོ། །གསུམ་པ་ལ་བཞི་སྟེ། གཏན་ཚིགས་དགུ་ངོས་གཟུང་བ། སྒྲུབ་ཆོས་དགུ་ངོས་གཟུང་བ། མི་མཐུན་ཕྱོགས་དང་སྦྱོར་བའི་ཚུལ། མཐུན་ཕྱོགས་མི་མཐུན་ཕྱོགས་ངོས་གཟུང་བའོ། །དང་པོ་ནི། གཞལ་བྱ་བྱས་དང་མི་རྟག་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། དང་པོ་གསུམ་མཐུན་ཕྱོགས་ལ་ཡོད་པ་གསུམ། བར་པ་གསུམ་མཐུན་ཕྱོགས་ལ་མེད་པ་གསུམ། ཐ་མ་གསུམ་མཐུན་ཕྱོགས་ལ་རྣམ་གཉིས་པ་གསུམ་སྟེ། འོག་མ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། རྟག་དང་མི་རྟག་རྩོལ་བྱུང་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཅན་ནི་གོ་སླ་བ་ལ་དགོངས་ནས་དངོས་སུ་མ་བཀོད་དོ། །གསུམ་པ་ནི། སྟེང་འོག་མི་མཐུན་ཕྱོགས་དང་སྦྱར། །ཞེས་སོགས་ཚིགས་བཅད་གཉིས་སོ། །བཞི་པ་ནི། གཏན་ཚིགས་འཕྲུལ་འཁོར་རྣམ་དགུ་ཡིན། །ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། འཁོར་ལོ་མཐོང་བས་ཤེས་པར་འགྱུར་རོ། །གཉིས་པ་ནི། ཐེ་ཚོམ་ཟ་བའི་ལུགས་ལ་ནི། །ཞེས་སོགས་ཚིགས་རྐང་གསུམ་མོ། །གསུམ་པ་ལ་བཞི་སྟེ། རྟགས་དགུ་སྨོས་པའི་དགོས་པ། ལྟར་སྣང་གི་སྐབས་སུ་མ་གྲུབ་པ་མི་སྟོན་པའི་རྒྱུ་མཚན། ཡང་དག་གི་སྐབས་སུ་མ་དམིགས་པའི་གཏན་ཚིགས་མི་སྟོན་པའི་རྒྱུ་མཚན། ཕྱོགས་གཉིས་ཀ་ལ་རྣམ་གཉིས་པའི་མ་ངེས་པ་ལ་དོགས་པ་དཔྱད་པའོ། །དང་པོ་ནི། ཚད་མ་མདོར། གང་ཕྱིར་གཏན་ཚིགས་དག་དང་ནི། །དེར་སྣང་ཕལ་ཆེར་ཕྱོགས་ཆོས་ཉིད། །དེས་ན་གཏན་ཚིགས་སོགས་དོན་གྱི། །སྔོན་དུ་དེ་དབྱེ་བསྟན་པར་བྱ། །ཞེས་དང་། རྣམ་ངེས་ལས། བདེ་བླག་ཏུ་གཟུང་བའི་ཕྱིར་ཞེས་དང་། རྣམ་འགྲེལ་ལས། གཏན་ཚིགས་རབ་ཏུ་དབྱེ་བའི་དོན། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏོ། །གཉིས་པ་ནི། གཏན་ཚིགས་ཀྱི་འཁོར་ལོའི་སྐབས་འདིར་མ་གྲུབ་པའི་གཏན་ཚིགས་མི་སྟོན་པའི་རྒྱུ་མཚན་ཡོད་དེ། འདི་དག་ནི་གཏན་ཚིགས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་ཡོད་མེད་ཀྱི་བྱེ་བྲག་ཞིབ་ཏུ་ཕྱེ་ནས་ཡང་དག་ཏུ་འགྱུར་བ་ལ་མཐུན་ཕྱོགས་ལ་ཡོད་པར་ངེས་ཤིང་མི་མཐུན་ཕྱོགས་ལ་གཏན་མེད་པ་གཅིག་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་པ་ནི་གང་ཞིག མ་གྲུབ་པའི་གཏན་ཚིགས་ནི་ཕྱོགས་ཆོས་མ་གྲུབ་པ་དེ་ཉིད་ཀྱིས་སྐྱོན་ཅན་དུ་སོང་ཟིན་པས་མཐུན་ཕྱོགས་ལ་ཡོད་མེད་དཔྱོད་པ་དོན་མེད་པའི་ཕྱིར་རོ། །འདི་ལ་དགོངས་ནས་རིགས་གཏེར་ལས། རྟགས་མེད་ཁྱབ་པ་འགལ་ཕྱིར་དང་། །ཞེས་དང་། འགྲེལ་པར། རྟགས་མ་གྲུབ་ན་ཕྱོགས་ལ་མཐུ་མེད་པའི་ཕྱིར། ཁྱབ་པ་གྲུབ་མ་གྲུབ་དཔྱོད་པ་བླུན་པོའི་རྣམ་ཐར་ཡིན་ཏེ། ཞེས་གསུངས་པ་ཡང་གནད་ཀྱི་དོན་དུ་ཤེས་པར་བྱའོ། །གསུམ་པ་ནི། འདིར་ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པ་ནི་ཁྱབ་པ་བརྗོད་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཆེད་ཡིན་ལ། དགག་རྟགས་ཀྱི་ཁྱབ་པ་ནི་བསྒྲུབ་རྟགས་གཉིས་ཀྱི་ཁོངས་སུ་འདུས་པས་ལོགས་སུ་མི་སྟོན་སྟེ། རྒྱུ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཀྱི་ལྡོག་ཁྱབ་ནི་འབྲས་རང་གི་རྟགས་ཀྱི་རྗེས་འགྲོ་དེ་ཉིད་ཡིན་ཅིང་། རང་བཞིན་མ་དམིགས་པའི་གཏན་ཚིགས་ནི་བཀོད་ཚོད་ལ་དེ་ལྟར་བཀོད་ཀྱང་སོང་ཚོད་ལ་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་བསྒྲུབ་པའི་གཏན་ཚིགས་ཡིན་པས་རང་བཞིན་གྱི་རྟགས་ཀྱི་ཁོངས་སུ་འདུས་པའི་ཕྱིར་དང་། དགག་རྟགས་གཞན་ཐམས་ཅད་ནི་སྦྱོར་བ་འགོད་ཚུལ་ཐ་དད་ཀྱང་མཐར་རང་བཞིན་མ་དམིགས་པའི་གཏན་ཚིགས་ཀྱི་ཁོངས་སུ་འདུས་པའི་ཕྱིར་དང་། རྒྱུ་ལ་འབྲས་བུ་བསྒྲུབ་པས་ན། །ཞེས་པའི་དོན་རྣམ་འཇོག་གི་རྒྱུ་ལས་རྣམ་གཞག་གི་འབྲས་བུ་བསྒྲུབ་པ་ལ་འཆད་པ་ནི། གཅིག་དམིགས་ཉམས་སུ་མྱོང་བ་ལས། །ཞེས་སོགས་ཀྱི་གཞུང་ལ་འབྲུ་མ་ཐེབས་པའི་སྐྱོན་ཏེ། འདི་དག་གི་རྣམ་གཞག་རྒྱས་པར་ནི་གཞུང་དོན་གྱི་སྐབས་སུ་ཤེས་པར་བྱའོ། །བཞི་པ་ནི། སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མིན་པའི་ཕྱིར་ཞེས་པ་འདི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་རྣམ་གཉིས་པར་མི་འཐད་དེ། རེག་བྱ་ཅན་དང་རྟག་པའི་གཞི་མཐུན་མེད་པའི་ཕྱིར་རོ་ཞེ་ན། འདི་ནི་རྒོལ་བའི་དབང་དུ་བྱས་པས་སྐྱོན་མེད་དེ། རྒོལ་བ་བྱེ་བྲག་པས་རྡུལ་ཕྲན་དེ་རེག་བྱ་ཅན་དང་རྟག་པའི་གཞི་མཐུན་དུ་འདོད་པའི་ཕྱིར་རོ། །ཕྱོགས་ཆོས་ཅན་གྱི་གཏན་ཚིགས་འདི་དག་རང་དོན་གྱི་སྐབས་སུ་བསྟན་རིགས་པ་ལས་ཅིའི་ཕྱིར་གཞན་དོན་གྱི་སྐབས་སུ་བསྟན་ཅེ་ན། དེའི་ལན་དུ། རྗེས་སུ་དཔག་པར་བཤད་ཟིན་དོན། །གཏན་ཚིགས་བརྗོད་བྱས་རྟོགས་དོན་དུ། །རབ་ཏུ་དབྱེ་བ་ཙམ་བཤད་དེ། །ཞེས་གསུངས་ཏེ། གཞན་དོན་རྗེས་དཔག་གིས་ཚུལ་གསུམ་ཕྱིན་ཅི་མ་ལོག་པར་བརྗོད་པའི་སྒོ་ནས་གཞན་ལ་བསྟན་པའི་ཆེད་ཡིན་པས་ཤིན་ཏུ་ཡང་འཐད་དོ། །༼།ཕྱོགས་སྟེང་། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་དང་མི་མཐུན་ཕྱོགས་བུམ་པ་གཉིས་ཀ་ལ་ཁྱབ་བྱས་པ་ཡིན་ནོ། །སྒྲ་ཆོས་ཅན། འཇིག་སྟེ། བྱས་པ་ཡིན་པའི་ཕྱིར། མཐུན་ཕྱོགས་བུམ་པ་ལ་ཡོད་ངེས། མི་མཐུན་ཕྱོགས་ནམ་མཁའ་ལ་མེད་ངེས་པ་ཡིན་ནོ། །སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་སྟེ། འཇིག་པའི་ཕྱིར་མཐུན་ཕྱོགས་བུམ་པ་ལ་ཁྱབ་བྱེད། མི་མཐུན་ཕྱོགས་གློག་དང་ནམ་མཁའ་གཉིས་ལ་ཆ་གཉིས་པ་རིམ་པ་བཞིན་ཡིན་ནོ།༽

་་་་་གཡས། ༼།ཕྱོགས་བར། སྒྲ་ཆོས་ཅན། རྟག་སྟེ། བྱས་པ་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་ལ་མེད་པ། མི་མཐུན་ཕྱོགས་བུམ་པ་ལ་ཡོད་པ་ངེས་པ་ཡིན་ནོ། །སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་དང་། མི་མཐུན་ཕྱོགས་བུམ་པ་གཉིས་ཀ་ལ་མེད་ངེས་པ་ཡིན་ནོ། །སྒྲ་ཆོས་ཅན། རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་ལ་མེད་ངེས། མི་མཐུན་ཕྱོགས་བུམ་པ་དང་གློག་གཉིས་ལ་ཆ་གཉིས་པ་རིམ་བཞིན།༽་་་་་དབུས། ༼འཁོར་ལོ་འོག སྒྲ་ཆོས་ཅན། རྩོལ་བྱུང་མ་ཡིན་ཏེ། འཇིག་པའི་ཕྱིར། མཐུན་ཕྱོགས་གློག་དང་ནམ་མཁའ་གཉིས་ལ་ཆ་གཉིས་རིམ་བཞིན། མི་མཐུན་ཕྱོགས་བུམ་པ་ལ་ཡོད་པ་ངེས་པ། སྒྲ་ཆོས་ཅན། འཇིག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། མཐུན་ཕྱོགས་བུམ་པ་དང་གློག་གཉིས་ལ་རིམ་བཞིན་ཆ་གཉིས་པ། མི་མཐུན་ཕྱོགས་ནམ་མཁའ་ལ་མེད་པའོ། །སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་དང་རྡུལ་ཕྲན་ལ་རིམ་བཞིན་ཆ་གཉིས་པ། མི་མཐུན་ཕྱོགས་ལས་དང་བུམ་པ་ལ་རིམ་བཞིན་ཆ་གཉིས་པའོ།༽་་་་་གཡོན། རང་གིས་མཐོང་བའི་ཚུལ་གསུམ་བརྗོད་པ་ཡིས། །བསྒྲུབ་བྱ་ལྐོག་གྱུར་གཞན་ལ་སྟོན་པ་ལ། །བརྗོད་ཚུལ་རྟོགས་ཕྱིར་ཕྱོགས་ཆོས་ཅན་གྱིས་ནི། །གཏན་ཚིགས་རབ་ཏུ་དབྱེ་བ་ངེས་པ་དགོས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་སྟེ་སྔ་མ་བཞིན་དུ་རྒྱས་པར་བཤད་པར་བྱའོ། །གཞན་དོན་རྗེས་དཔག་བཤད་ཟིན་ཏོ།། ༈ །།ཚད་མར་གྱུར་པའི་བསྟན་པ་ཡིད་བཞིན་ནོར། །སྒྲུབ་དང་སུན་འབྱིན་ངག་གི་བྱི་དོར་གྱིས། །ལོག་སྨྲའི་དྲི་མ་མ་ལུས་སྦྱོང་མཛད་པ། །རིགས་པའི་གཙུག་རྒྱན་གཉིས་ཀྱི་གཞུང་ལུགས་ལ། །སྡེ་བདུན་གོང་འོག་བསྡེབས་ནས་འཆད་པ་དང་། །རྒྱ་འགྲེལ་ལེགས་ཆ་བཏུས་ནས་འཆད་པ་དང་། །རང་གི་རྣམ་རྟོག་ཉིད་ཀྱིས་འཆད་པ་སྟེ། །གངས་རིའི་ཁྲོད་འདིར་འཆད་ཚུལ་རྣམ་གསུམ་ལས། །སྐྱེ་བ་དུ་མར་རིགས་ལམ་གོམས་བྱས་ནས། །སྐྱོན་མེད་བརྒྱུད་པའི་མན་ངག་དང་ལྡན་ཞིང་། །འཇམ་དབྱངས་ཐུགས་ཀྱི་མཁྱེན་པ་མངའ་བ་ཡི། །ས་སྐྱ་པ་ནི་འཆད་ཚུལ་དང་པོར་བཞེད། །འཇམ་མགོན་བླ་མའི་གསུང་རབ་པདྨོའི་ཚལ། །མེ་ཏོག་ལ་དགའི་བུང་བ་ལྟར་བསྟེན་པས། །ཚིག་དོན་ཇི་བཞིན་བློ་ཡིས་ལེགས་རྟོགས་ནས། །སྟོན་པ་དེང་སང་འདི་ན་ཁོ་བོ་ཙམ། །བསྟན་ལས་ཕྱིར་གྱུར་རྟོགས་གེ་སྡེ་ལྔ་དང་། །ཚུ་རོལ་རྟག་རྫས་སྨྲ་བའི་ཐོས་སྒྲོགས་དང་། །སྤྱི་དངོས་སྨྲ་སོགས་གངས་རིའི་ཁྲོད་གནས་ཀྱི། །རྟོག་གེ་ངན་འཇོམས་བསྟན་བཅོས་འདི་བྱས་སོ། །སྲོལ་འབྱེད་འགྲན་ཟླ་མེད་པའི་ལྷ་ལམ་དུ། །བློ་གྲོས་མཚུངས་པ་མེད་པའི་དཀྱིལ་འཁོར་མཆོག །གྲུབ་མཐའ་བླ་ན་མེད་པའི་རྟ་ལྗང་གིས། །དྲངས་ཕྱིར་འདི་ལ་ཉེས་པ་མེད་སྙམ་སེམས། །དེ་ལྟ་ན་ཡང་ཚུ་རོལ་མཐོང་བ་ཡིས། །གནས་ལུགས་ལྐོག་གྱུར་འཆད་པ་དཀའ་འོ་ཞེས། །རིགས་པའི་རྒྱལ་པོས་གསུངས་ཕྱིར་ཉེས་སྲིད་ན། །གཟུར་གནས་མཁས་པའི་ཚོགས་ཀྱིས་བཟོད་པར་མཛོད། །ཐར་པ་དོན་གཉེར་བློ་གྲོས་ལྡན་རྣམས་ཀྱིས། །ལྟོ་གོས་གཏམ་སྙན་འབའ་ཞིག་བསྒྲུབ་སླད་དུ། །གཞུང་ལུགས་སྤངས་ནས་ཚིག་གིས་བསླུ་བྱེད་པའི། །བཤེས་གཉེན་ངན་པའི་སྒྲོས་ལ་བག་ཡོད་མཛོད། །ཅི་སླད་ཅེ་ན་འཁོར་བའི་རྒྱ་མཚོ་ལས། །བརྒལ་བར་འདོད་པའི་གྲུ་གཟིངས་བསྟན་པ་ཡིན། །དེ་ཡང་ལོག་པར་སྤྱད་ན་ཆུ་དབུས་སུ། །འཇིག་པས་ཕ་མཐར་ཕྱིན་པ་དཀའ་ཕྱིར་རོ། །དེ་སླད་རང་གཞན་དགོས་འདོད་འབྱུང་བའི་ཕྱིར། །ཀུན་མཁྱེན་ཡིད་བཞིན་ནོར་བུ་ལེན་འདོད་ན། །རིགས་ལམ་གཟེར་གྱིས་བཅོས་ལེགས་བྱས་པ་ཡི། །ཐོས་བསམ་སྒོམ་པའི་གྲུ་ལ་འཇུག་པར་རིགས། །སྡེ་བདུན་རབ་གསལ་ལེགས་བཤད་བསྙད་པ་ལས། །བྱུང་བའི་རྣམ་དཀར་དགེ་བས་ཉེར་མཚོན་ནས། །གཞན་ཡང་བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་གཅིག་བསྡུས་ནས། །སངས་རྒྱས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་། །གདུལ་བྱའི་དོན་དུ་སྐྱེ་བོའི་སྐུར་སྟོན་པ། །ཀུན་དགའ་བཟང་པོ་ལ་སོགས་འདྲེན་པ་མཆོག །བདེ་བར་གཤེགས་པའི་ཚོགས་ལ་དབུལ་བར་བགྱི། །དེ་ལྟར་ཕུལ་བའི་དགེ་ཚོགས་ཅི་མཆིས་དང་། །བརྩེ་ལྡན་བླ་མའི་ཐུགས་རྗེའི་ཉི་འོད་ཀྱིས། །མཁའ་མཉམ་འགྲོ་བའི་སྙིང་མུན་ཀུན་བསལ་ནས། །ཡང་དག་དོན་གྱིས་སྣང་བ་རྒྱས་པར་ཤོག །ཚད་མའི་དཀའ་བའི་གནས་རྣམ་པར་བཤད་པ་ཉི་མ། མེ་ལོང་། རྔ་སྒྲ་སྟེ་མིང་གི་རྣམ་གྲངས་གསུམ་དང་ལྡན་པ་འདི་ནི། དམ་ཆོས་སྨྲ་བའི་དབང་པོ་བྱམས་ཆེན་རབ་འབྱམས་པའི་གསུང་ལས། རིགས་པའི་གཞུང་ལུགས་ལ་ལེགས་པར་སྦྱངས་ཤིང་། ཁྱད་པར་དུ་མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་དཔལ་ལྡན་ས་སྐྱ་པཎྜི་ཏ་ལ་གསོལ་ལ་བཏབ་ཅིང་། དེའི་གསུང་རབ་གསེར་གྱི་ཅོད་པཎ་ལྟར་བློ་གྲོས་ཀྱི་སྤྱི་བོར་བསྟེན་པས་ཡང་དག་རིགས་པའི་སྣང་བ་ཕྱོགས་མེད་དུ་རྒྱས་པ་ཤཱཀྱའི་དགེ་སློང་བསོད་ནམས་སེངྒེས་ལྕགས་མོ་ཡོས་ཀྱི་ལོ་ཆོ་འཕྲུལ་ཆེན་པོའི་སྐར་མ་རྒྱལ་གྱི་ཉི་མ་ལ་དགའ་བ་ཚལ་གྱི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་རིགས་པ་བཟང་པོའོ།། ༈ །།འདི་བསྒྲུབ་པ་ལས་བྱུང་བ་ཡི། །དགེ་བ་གང་དང་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་མྱུར་ཐོབ་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་བརྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །


no previousཚད་མ་རིགས་པའི་གཏེར་གྱི་དཀའ་བའི་གནས་རྣམ་པར་བཤད་པ་སྡེ་བདུན་རབ་གསལ། no next