Nitartha Digital Library
Tibetan
 
previousཆོས་མངོན་པ་མཛོད་ཀྱི་བཤད་ཐབས་ཀྱི་མན་ངག་ངོ་མཚར་གསུམ་ལྡན།next

ཆོས་མངོན་པ་མཛོད་ཀྱི་བཤད་ཐབས་ཀྱི་མན་ངག་ངོ་མཚར་གསུམ་ལྡན།

ཆོས་མངོན་པ་མཛོད་ཀྱི་བཤད་ཐབས་ཀྱི་མན་ངག་ངོ་མཚར་གསུམ་ལྡན་ཞེས་བྱ་བ་བཞུགས་སོ།། ཆོས་མངོན་པ་མཛོད་ཀྱི་བཤད་ཐབས་ཀྱི་མན་ངག་ངོ་མཚར་གསུམ་ལྡན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་མཚལ་ལོ། །འཇིག་རྟེན་མེས་པོ་གདོང་བཞི་ལྡན་པ་དང་། །སྐབས་གསུམ་དབང་པོ་མིག་སྟོང་ལྡན་པ་སོགས། །སྲིད་ན་དྲེགས་པའི་ང་རོ་ཆེར་སྒྲོགས་ཤིང་། །ཐོར་ཚུགས་ཅོད་པཎ་མཐོ་བར་རློམས་རྣམས་ཀྱིས། །གང་གི་ཞབས་པད་མཛེས་པའི་སྟེགས་བྱས་པ། །འཇིག་རྟེན་རྣམ་འདྲེན་གོའུ་ཏམ་ལྷ་ཡི་ལྷ། །མི་མཇེད་ཞིང་གི་སྟོན་པ་ཤཱཀྱའི་གཙོ། །སྲས་དང་སློབ་མར་བཅས་ལ་གུས་ཕྱག་མཚལ། །སྙིང་གི་དཀྱིལ་འཁོར་དབུས་སུ་རྣམ་བསམ་ནས། །རྒྱུན་དུ་གསོལ་བ་འདེབས་པའི་ཡི་དམ་ལྷ། །འཇམ་དཔལ་འཇམ་དབྱངས་འཇམ་པའི་རྡོ་རྗེ་ཡིས། །ལྷན་སྐྱེས་ཡིད་ཀྱི་མུན་པ་སེལ་བར་མཛོད། །བློ་གྲོས་རབ་ཏུ་གསལ་བའི་ཁང་བཟང་དབུས། །གཞུང་ལུགས་འབུམ་སྡེ་དགུ་བཅུ་གོ་དགུ་ཡི། །ནོར་གྱིས་གཏམས་པའི་མཛོད་ལ་དབང་འབྱོར་པ། །ཀུན་མཁྱེན་གཉིས་པ་དེ་ལ་ཕྱག་འཚལ་ནས། །གྲུབ་མཐའ་དང་པོའི་རི་མོ་རྣམ་བཀྲ་ཞིང་། །མ་ལུས་གཞུང་ལ་ཁྱབ་པའི་འགྲོས་བཞི་ལྡན། །བརྒལ་དཀའ་གནད་ཀྱི་རི་ལས་བརྒལ་བ་ཡི། །ལེགས་བཤད་ངོ་མཚར་སུམ་ལྡན་བརྩམ་པར་བྱ།། །།འདི་ལ་དོན་གསུམ་སྟེ། བཤད་པ་སྔོན་འགྲོ་རྒྱ་སྟག་ཁྲ་བོའི་རི་མོ། དཀྱུས་ཀྱིས་བཅད་པ་རུས་སྦལ་རྒྱ་བོའི་བཞི་འགྲོས། དཀའ་བའི་གནས་ལ་དཔྱད་པ་གངས་སེང་དཀར་མོའི་མཆོང་སྟངས་སོ། །དང་པོ་ལ་ལྔ་སྟེ། རྩོམ་པ་པོ་སློབ་དཔོན་གྱི་ཆེ་བ། དེས་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། བརྩམས་པའི་བསྟན་བཅོས་ཀྱི་མཚན་དོན། མཚན་ལྡན་གཞུང་གི་དགོས་འབྲེལ། དགོས་ལྡན་བསྟན་བཅོས་སྤྱིའི་རྣམ་གཞག་གོ །དང་པོ་ནི། བསྟན་བཅོས་འདིའི་མཛད་པ་པོ་ནི་ཀུན་མཁྱེན་གཉིས་པ་དབྱིག་གཉེན་ཡིན་ལ། འདིའི་ཆེ་བའི་ཡོན་ཏན་ལ། རིགས་སུ་འཁྲུངས་པའི་ཡོན་ཏན། སྐྱེས་ཐོབ་དང་སྦྱངས་པའི་ཡོན་ཏན། ལུང་བསྟན་བརྙེས་པའི་ཡོན་ཏན་དང་གསུམ། དང་པོ་ནི། སྟོན་པ་མྱ་ངན་ལས་འདས་ནས་བཀའི་བསྡུ་བ་རིམ་པ་གསུམ་བྱུང་བའི་རྗེས་སུ་ཐེག་པ་ཆེན་པོའི་བསྟན་པ་དར་བར་གནས་པ་ན་ཆོས་མངོན་པ་ལ་དགྲ་ལན་གསུམ་དར་ནས་ཐེག་པ་ཆེན་པོའི་མངོན་པ་ཅུང་ཟད་ནུབ་པའི་ཚེ། བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཀྱིས་ཆོས་མངོན་པ་དར་བར་བཞེད་ནས། རྒྱལ་རིགས་གཅིག་དང་ལྷན་ཅིག་འདུས་པ་ལས་འཕགས་པ་ཐོགས་མེད་དང་། བྲམ་ཟེའི་རིགས་གཅིག་དང་ལྷན་ཅིག་འདུས་པ་ལས་སློབ་དཔོན་དབྱིག་གཉེན་སྐུ་འཁྲུངས་ཏེ། ཆུང་ངུའི་དུས་ནས་ལྕེ་ལ་གི་ཝང་གི་དྷཱིཿཡིག་བྲི་བ་ལ་སོགས་པ་བློ་རྣོ་བའི་ཐབས་མང་དུ་བྱས་སོ། །གཉིས་པ་ནི། སྐྱེ་བ་ལྔ་བརྒྱར་བར་མ་ཆད་དུ་པཎྜི་ཏར་སྐུ་འཁྲུངས་པས་སྐྱེས་ཐོབ་ཀྱི་བློ་གྲོས་མཚུངས་པ་མེད་པ་དང་ལྡན་ཅིང་། རིགས་པའི་གནས་ལྔའི་ཕ་རོལ་ཏུ་སོན་པས་གཞུང་ལུགས་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་སུ་ཆུད་དེ། བརྒྱད་སྟོང་པ་ལ་རྒྱུན་དུ་ཞལ་འདོན་བྱེད་པ་ཞིག་གོ །གསུམ་པ་ནི། འཇམ་དཔལ་རྩ་རྒྱུད་ལས། དེ་འོག་རྣམ་པར་གྲགས་པ་ནི། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོ་བ་བསྟན་པ། །སྟོན་པའི་བསྟན་ལ་དེ་གཙོ་བྱེད། །མཆོད་རྟེན་ཀུན་དགའ་རྭ་བར་གནས། །སྟོན་པའི་གཟུགས་བརྙན་ཡིད་འོང་གིས། །ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱི་ནི་རྒྱན་དུ་བྱས། །ཞེས་གསུངས་པས་བསྟན་ཏོ། །གཉིས་པ་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མཽ་འགལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བསྡུས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱི། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཞེས་པ་ལྟར་ཆོས་མངོན་པ་སྡེ་བདུན་པོ་འདི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གནས་ཐ་དད་དུ་གང་ཟག་སོ་སོ་ལ་ཐོར་བུ་ཐོར་བུར་གསུངས་པ་དེ་ཉིད་དགྲ་བཅོམ་པ་བདུན་གྱིས་བསྡུས་པས་བཀའ་ཡིན་ཏེ། གཞན་དུ་ན་མདོ་ལས་དགེ་སློང་སྡེ་སྣོད་གསུམ་པ་ཅན་ཞེས་གསུངས་པའི་སྡེ་སྣོད་གསུམ་མ་ཚང་བར་འགྱུར་རོ་ཞེས་ཟེར་རོ། །མདོ་སྡེ་པ་ན་རེ། མངོན་པ་སྡེ་བདུན་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། དེ་ལས་འདུས་མ་བྱས་རྫས་སུ་གྲུབ་པ་ལ་སོགས་པ་རིགས་པ་དང་འགལ་བ་དུ་མ་སྣང་ལ། སངས་རྒྱས་ནི་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་རིགས་པ་དང་འགལ་བ་གསུངས་མི་སྲིད་པའི་ཕྱིར། དེས་ན་དགྲ་བཅོམ་པ་བདུན་གྱིས་རང་དགར་བརྩམས་པ་ཡིན་ཞིང་། བཀའ་ལ་སྡེ་སྣོད་གསུམ་མ་ཚང་བའི་སྐྱོན་ཡང་མེད་དེ། འདུལ་བ་དང་མདོ་སྡེའི་ནང་དུ་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་སྟོན་པའི་ཆ་རྣམས་མངོན་པའི་སྡེ་སྣོད་ཡིན་པའི་ཕྱིར་ཞེའོ། །སྔ་རབས་པ་ཁ་ཅིག མདོ་སྡེ་པ་ལྟར་ན། དེ་བཀའ་མིན་ཡང་ཚད་མར་ཁས་བླངས་དགོས་ཏེ། དགྲ་བཅོམ་པ་དེ་དག་ལ་ཟག་མེད་ཀྱི་ཤེས་རབ་མངའ་བས་འཁྲུལ་བ་མེད་པའི་ཕྱིར། ཞེས་ཟེར་བ་ནི་མ་ངེས་སྟེ། ཟག་མེད་ཀྱི་ཤེས་རབ་མངའ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་མ་སྤངས་པས་ཤིན་ཏུ་ལྐོག་གྱུར་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ། །དེ་ལྟ་བུའི་མངོན་པ་སྡེ་བདུན་གྱི་དགོངས་པ་འགྲེལ་བ་ལ་པཎྜི་ཏ་ལྔ་བརྒྱ་འདུས་ནས་བྱེ་བྲག་བཤད་མཚོ་ཆེན་མོ་ཞེས་བྱ་བ་ཤླཽ་ཀ་འབུམ་ཡོད་པ་ཞིག་བརྩམས། དེའི་ཚིག་དོན་རྒྱ་ཆེ་བས་དབང་པོ་རྟུལ་པོ་རྣམས་ཀྱིས་བདེ་བླག་ཏུ་རྟོག་པར་མ་ནུས་ནས་ཁ་ཆེ་འདུས་བཟང་གི་དུས་སུ་སློབ་དཔོན་དབྱིག་གཉེན་ཚིག་དོན་ལ་མཁས་པར་གྲགས་པས་དེའི་ཚིག་དོན་བསྡུས་པའི་བསྟན་བཅོས་བརྩམ་པར་གསོལ་བ་གདབ་པས་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་འདི་བརྩམས་སོ། །འདིའི་ནང་དུ་ལོ་གྲགས་ཟེར་གསུམ་གྱི་ཚིག་བྱུང་བ་ལ། འགའ་ཞིག་སློབ་དཔོན་རྩོམ་པ་ལ་མཁས་པས་ཚིག་རྒྱན་ཡིན་ཟེར། ལ་ལ་ཟུར་ཟ་ཡིན་ཟེར་ཏེ་ཡིད་མ་ཆེས་ཏེ། སླར་ཡང་འགྲེལ་པ་བརྩམ་པར་གསོལ་བས་ལོ་གྲགས་ཟེར་གསུམ་གྱི་ཐད་དུ་བྱེ་བྲག་སྨྲ་བའི་འདོད་པ་བཀག་ནས་རང་ཉིད་མདོ་སྡེ་པའི་གྲུབ་མཐའ་ལྟར་མཛད་པའི་རང་འགྲེལ་བརྩམས་སོ། །གསུམ་པ་ནི། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །ཞེས་གསུངས་ན་ཅིའི་ཕྱིར། ཆོས་དང་། མངོན་པ་དང་། མཛོད་དང་། བསྟན་བཅོས་ཞེས་བྱ་ཞེ་ན། ཆོས་ནི་རྣམ་བཤད་རིག་པར། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །གསུང་རབ་ཚེ་དང་བསོད་ནམས་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་དོན་བཅུ་ལ་འཇུག་པར་གསུངས་པ་ལས། འདིར་ནི་མངོན་པའི་ཡུལ་ལ་འཇུག་ན། ཤེས་བྱ་ཙམ་ལ་ཆོས་ཞེས་བྱ། ཆོས་དང་མངོན་པའི་གཞི་མཐུན་ལ་འཇུག་ན། ལམ་དང་གསུང་རབ་ལ་ཆོས་ཞེས་བྱ་སྟེ། དོན་དམ་པའི་མངོན་པ་ནི་ལམ་ཡིན་ཞིང་། བརྡར་བཏགས་པའི་མངོན་པ་ལ་ལམ་དང་གསུང་རབ་གཉིས་ཀ་ཡོད་པའི་ཕྱིར་རོ། །གཉིས་པ་མངོན་པ་ལ། དབྱེ་བ། གྲངས་ངེས། སོ་སོའི་ངོ་བོ། ངེས་ཚིག་དང་བཞི་ལས། དང་པོ་ལ་ཁ་ཅིག མངོན་པ་ལ་ལམ་གྱི་ངོ་བོར་གྱུར་པའི་ཤེས་རབ་དང་གསུང་རབ་གཉིས་སུ་གྲངས་ངེས་པར་འདོད་པ་ནི་མི་འཐད་དེ། ཟག་མེད་ཀྱི་ཤེས་རབ་དོན་དམ་པའི་ཆོས་མངོན་པར་འཇོག་པའི་ཚེ། རྗེས་འབྲང་དང་བཅས་ན་ཕུང་པོ་ལྔ་ཆར་ཡང་ཆོས་མངོན་པར་འཇོག་དགོས་པའི་ཕྱིར་ཏེ། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །ཞེས་གསུངས་པའི་ཕྱིར། མཆིམས་ཀྱིས་བརྒྱད་སྟོང་དོན་བསྡུར། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡི། །གཞུང་དང་ལམ་ལ་དེ་སྒྲ་ཡིན། །ཞེས་པ་ལྟར། མངོན་པ་ལ་གཞུང་ལམ་འབྲས་བུའི་མངོན་པ་གསུམ་དུ་དབྱེ་ཞེས་གསུང་ཡང་ལུང་དེ་དང་མི་མཐུན་ཏེ། ལུང་དེས་ནི་ཤེར་ཕྱིན་མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ནར་བཞག་ནས་གཞུང་ལམ་གཉིས་ཤེར་ཕྱིན་བཏགས་པ་བར་བསྟན་ལ། འདིར་ནི་མངོན་པ་ལ་གསུམ་དུ་ཕྱེ་བའི་ཚེ། ལམ་དང་མངོན་པ་མཚན་ཉིད་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། མཐོང་སྒོམ་གྱི་ལམ་བཞིན་ནོ། །གལ་ཏེ་འབྲས་བུ་མངོན་པ་ནི་ཟག་མེད་ཀྱི་ཤེས་རབ་དང་། ལམ་མངོན་པ་ནི་ཟག་བཅས་ཀྱི་ཤེས་རབ་ལ་འཇོག་པས་སྐྱོན་མེད་དོ་སྙམ་ན། དེ་ལྟར་ན་འབྲས་བུ་མངོན་པ་མཚན་ཉིད་པ་དང་། གཞན་གཉིས་བཏགས་པ་བར་གྲུབ་མོད། ཤེར་ཕྱིན་ལ་གསུམ་དུ་དབྱེ་བ་དང་དཔེ་དོན་མི་འགྲིག་སྟེ། དེའི་ཚེ་འབྲས་བུ་ཤེར་ཕྱིན་སངས་རྒྱས་ཀྱི་ས་ཁོ་ནར་བཞག་ལ། འདིར་ནི་འབྲས་བུ་མངོན་པ་སློབ་པའི་རྒྱུད་ལ་ཡང་ཡོད་པར་འདོད་དགོས་པའི་ཕྱིར་རོ། །འཐད་པའི་ཕྱོགས་ནི་འདི་ཡིན་ཏེ། སྤྱིར་ཆོས་མངོན་པ་ཞེས་བྱ་བའི་སྒྲ་འཇུག་པ་ཙམ་ལ་དབྱེ་ན་དོན་དམ་པའི་ཆོས་མངོན་པ་དང་། བརྡར་བཏགས་པའི་ཆོས་མངོན་པ་གཉིས། དང་པོ་ལ། ས་མཚམས་ཀྱི་སྒོ་ནས་མཐོང་སྒོམ་མི་སློབ་པའི་ལམ་གསུམ། དེ་རེ་རེ་ལ་ཡང་གཙོ་འཁོར་གྱི་སྒོ་ནས་ཕུང་པོ་ལྔ་ལྔའོ། །གཉིས་པ་ལ་བརྗོད་བྱ་རྗོད་བྱེད་གཉིས། དང་པོ་ལ། སྐྱེས་ཐོབ། ཐོས་བྱུང་། བསམ་བྱུང་། སྒོམ་བྱུང་གི་ཤེས་རབ་འཁོར་དང་བཅས་པ་སྟེ་བཞི། གཉིས་པ་ལ་བཀའ་དང་བསྟན་བཅོས་གཉིས་སོ། །གཉིས་པ་གྲངས་ངེས་ནི། མངོན་པ་ལ་དོན་དམ་པའི་ཆོས་མངོན་པ་དང་། བརྡར་བཏགས་པའི་ཆོས་མངོན་པ་གཉིས་སུ་ངེས་ཏེ། ཐོབ་བྱ་མངོན་པ་མཚན་ཉིད་པ་དང་། ཐོབ་བྱེད་མངོན་པ་བཏགས་པ་བ་གཉིས་སུ་ངེས་པའི་ཕྱིར། དང་པོ་ལ་མཐོང་སྒོམ་མི་སློབ་པའི་ལམ་གསུམ་དུ་ངེས་ཏེ། ཆོས་མངོན་པའི་གཙོ་བོ་ནི་ཟག་མེད་ཀྱི་ཤེས་རབ་ཡིན་ལ། དེ་ནི་ལམ་དེ་གསུམ་དུ་ངེས་པའི་ཕྱིར་རོ། །གཉིས་པ་ལ་བརྗོད་བྱ་རྗོད་བྱེད་གཉིས་སུ་ངེས་ཏེ། དོན་དམ་པའི་ཆོས་མངོན་པ་དེ་ཐོབ་པར་བྱེད་པའི་ལམ་དང་། དེ་གཉིས་བརྗོད་བྱར་སྟོན་པའི་གསུང་རབ་གཉིས་སུ་ངེས་པའི་ཕྱིར་རོ། །དང་པོ་ལའང་བཞིར་ངེས་ཏེ། སྐྱེས་ཐོབ་དང་། སྦྱོར་བྱུང་གཉིས་སུ་ངེས་ཤིང་། ཕྱི་མ་ལ་ཐོས་བྱུང་། བསམ་བྱུང་། སྒོམ་བྱུང་གསུམ་དུ་ངེས་པའི་ཕྱིར་རོ། །གསུམ་པ་དབྱེ་བ་སོ་སོའི་ངོ་བོ་ལ་གཉིས་ལས། དང་པོ་དོན་དམ་པའི་ཆོས་མངོན་པ་ནི། ཟག་མེད་ཀྱི་ཤེས་རབ་རྗེས་འབྲང་དང་བཅས་པ་སྟེ། འདི་ལ་ལམ་གང་གིས་བསྡུས་པ། ས་གང་ལ་བརྟེན་པ། རྟེན་དང་བརྟེན་པའི་དོན། འཁོར་དང་བཅས་ན་ཕུང་པོ་དུ་ཡིན་པ། གཙོ་འཁོར་གོ་ལོག་པའི་རྩོད་པ་སྤོང་བ། མངོན་པ་མཚན་ཉིད་པར་འཇོག་པའི་རྒྱུ་མཚན་དང་དྲུག་ལས། དང་པོ་ནི། མཐོང་སྒོམ་མི་སློབ་པའི་ལམ་གསུམ་གྱིས་བསྡུས་ཏེ། འདིའི་གཙོ་བོ་ནི་ཟག་པ་མེད་པའི་ཤེས་རབ་ཡིན་ལ། དེ་ནི་ལམ་དེ་གསུམ་གྱིས་བསྡུས་པའི་ཕྱིར་རོ། །གཉིས་པ་ནི། མཐོང་ལམ་གྱི་ངོ་བོར་གྱུར་པ་ནི་བསམ་གཏན་ས་དྲུག་དང་། སྒོམ་ལམ་དང་མི་སློབ་ལམ་གྱི་ངོ་བོར་གྱུར་པ་རྣམས་ནི་དེའི་སྟེང་དུ་གཟུགས་མེད་དང་པོ་གསུམ་སྟེ་ཟག་མེད་ས་དགུ་ལ་བརྟེན་པ་ཡིན་ཏེ། འདོད་པ་ནི་མ་ཞི་བ་དང་། སྲིད་རྩེ་ནི་སེམས་ཀྱི་རྒྱུ་བ་མི་གསལ་བས་ཟག་མེད་ཀྱི་ཤེས་རབ་ཀྱི་རྟེན་དུ་མི་རུང་བའི་ཕྱིར་རོ། །གསུམ་པ་ནི། སྐད་ཅིག་སྔ་ཕྱི་ལ་རྟེན་དང་བརྟེན་པར་བཞག་པ། དུས་མཉམ་ངོ་བོ་གཅིག་པ་ལ་རྟེན་དང་བརྟེན་པར་བཞག་པ། དུས་མཉམ་རྫས་ཐ་དད་ལ་རྟེན་དང་བརྟེན་པར་བཞག་པ་གསུམ་ལས་དང་པོ་ནི། སྦྱོར་ལམ་གྱི་སེམས་རྟེན་ས་དྲུག་ལ་བརྟེན་ནས་མཐོང་ལམ་སྐྱེས་པའི་ཚེ་མཐོང་ལམ་དེ་སྦྱོར་ལམ་གྱི་སེམས་རྟེན་ལ་བརྟེན་ཞེས་པ་ལྟ་བུ་སྟེ། དེ་གཉིས་སེམས་རྟེན་རིས་མཐུན་གཅིག་ལ་བརྟེན་པའི་ཕྱིར། གཉིས་པ་ནི། མཐོང་ལམ་དེ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་ཚེ་མཐོང་ལམ་གྱི་ངོ་བོར་གྱུར་པའི་ཏིང་ངེ་འཛིན་དེ་བསམ་གཏན་གྱི་དངོས་གཞིར་སོང་སྟོབས་ཀྱིས་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་བསམ་གཏན་གྱི་དངོས་གཞིར་སོང་ལ། མཐོང་ལམ་གྱི་ངོ་བོར་གྱུར་པའི་ཤེས་རབ་དེ་དོན་དམ་པའི་ཆོས་མངོན་པར་སོང་སྟོབས་ཀྱིས་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་དོན་དམ་པའི་ཆོས་མངོན་པར་སོང་བས་ན་དེ་ལྟ་བུའི་སེམས་སེམས་བྱུང་ཐམས་ཅད་བསམ་གཏན་གྱི་དངོས་གཞི་དང་། དོན་དམ་པའི་ཆོས་མངོན་པའི་གཞི་མཐུན་ཡིན་པ་ལྟ་བུའོ། །གསུམ་པ་ནི། མཐོང་ལམ་དེ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་ཚེ། དེས་བསྡུས་པའི་ཟག་མེད་ཀྱི་སྡོམ་པ་གཟུགས་ཅན་དང་། དེའི་ཐོབ་པ་དང་། མཚན་ཉིད་སྐྱེ་སོགས་ཟག་མེད་རྣམས་བསམ་གཏན་གྱི་དངོས་གཞི་དེ་དང་དུས་མཉམ་རྫས་ཐ་དད་ཡིན་པ་ལྟ་བུའོ། །བཞི་པ་ནི། ཆོས་མངོན་པ་དེ་བསམ་གཏན་ས་དྲུག་ལ་བརྟེན་པའི་ཚེ་ཕུང་པོ་ལྔ་པ་ཡིན་ཏེ། གཟུགས་ཕུང་ནི་ཟག་མེད་ཀྱི་སྡོམ་པ་གཟུགས་ཅན། ཚོར་བ་ནི་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་དང་གཉིས་པ་ལ་བརྟེན་པའི་ཚེ་ཡིད་བདེ། གསུམ་པ་ལ་བརྟེན་པའི་ཚེ་བདེ་བ་དང་པོའི་ཉེར་བསྡོགས་དང་། དངོས་གཞི་ཁྱད་པར་ཅན་དང་། བཞི་པ་ལ་བརྟེན་པའི་ཚེ་གཏང་སྙོམས་ཡིན་ལ། འདུ་ཤེས་ནི་ཟག་མེད་ཀྱི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་དང་། འདུ་བྱེད་ལ་མཚུངས་ལྡན་འདུ་བྱེད་དང་། ལྡན་མིན་འདུ་བྱེད་གཉིས་ལས། དང་པོ་ནི། ཚོར་འདུ་གཉིས་མ་གཏོགས་སེམས་ཀྱི་ས་མང་བརྒྱད། དགེ་བའི་ས་མང་བཅུ། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་མན་རྟོག་དཔྱོད་གཉིས་དང་ཉི་ཤུ། ལྡན་མིན་འདུ་བྱེད་ནི་དེ་དག་གི་ཐོབ་པ་དང་མཚན་ཉིད་སྐྱེ་སོགས་རྣམས་སོ། །རྣམ་པར་ཤེས་པ་དེ་དག་དང་མཚུངས་པར་ལྡན་པའི་གཙོ་སེམས་སོ། །གཟུགས་མེད་དང་པོ་གསུམ་ལ་བརྟེན་པའི་ཚེ་གཟུགས་ཕུང་མེད་པས་ཕུང་པོ་བཞིའོ། །དེར་ཟག་མེད་ཀྱི་སྡོམ་པའི་ཐོབ་པ་ཡོད་པས་མི་འཐད་དོ་སྙམ་ན། ཟག་མེད་ཀྱི་སྡོམ་པའི་ཐོབ་པ་ཡོད་པ་ནི་འདུ་བྱེད་ཀྱིས་ཕུང་པོ་ཡིན་ལ་སྡོམ་པ་གཟུགས་ཅན་མངོན་གྱུར་པ་མེད་པས་སྐྱོན་མེད་དོ། །ལྔ་པ་ནི། ཟག་མེད་ཀྱི་ཤེས་རབ་གཙོ་བོར་བྱས་ནས་འཁོར་དང་བཅས་ན་ཕུང་པོ་ལྔར་བཞག་པ་ནི་གཙོ་འཁོར་གོ་ལོག་པའི་སྐྱོན་ཡོད་དེ། སེམས་བྱུང་ལ་གཙོ་བོ་དང་གཙོ་སེམས་ལ་འཁོར་དུ་བཞག་འདུག་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། སེམས་སེམས་བྱུང་གི་གཙོ་འཁོར་འཇོག་པའི་ཚེ་སེམས་ལ་གཙོ་བོ་དང་སེམས་བྱུང་ལ་འཁོར་དུ་འཇོག་ལ། འདིར་མངོན་པའི་གཙོ་འཁོར་འཇོག་པའི་སྐབས་ཡིན་པས། ཟག་མེད་ཀྱི་ཤེས་རབ་ལ་གཙོ་བོ་དང་། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་འཁོར་དུ་བཞག་པའི་ཕྱིར། དཔེར་ན་ཡུལ་གྱི་མིའི་གཙོ་འཁོར་འཇོག་པའི་ཚེ་རྒྱལ་པོ་གཙོ་བོ་ཡིན་ཡང་ཡིག་མཁན་གྱི་གཙོ་འཁོར་འཇོག་པའི་ཚེ་ཡིག་དཔོན་གཙོ་བོ་ཡིན་པ་བཞིན་ནོ། །དེ་བཞིན་དུ་དྲན་པ་ཉེར་གཞག་འཇོག་པའི་ཚེ་དྲན་པ་ཤེས་རབ་གཉིས་ལ་གཙོ་བོར་བྱས་ནས་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་ལ་འཁོར་དུ་འཇོག་པ་སོགས་དང་། སེམས་བསྐྱེད་ལ་འདུན་པ་དང་སེམས་པ་གཙོ་བོ་དང་གཞན་རྣམས་འཁོར་དུ་གཞག་པའང་ཤེས་པར་བྱའོ། །དྲུག་པ་ནི་ཟག་མེད་ཀྱི་ཤེས་རབ་རྗེས་འབྲང་དང་བཅས་པ་ཆོས་ཅན། ཆོས་མངོན་པ་མཚན་ཉིད་པ་ཡིན་ཏེ། ཆོས་རྣམས་རང་དང་སྤྱིའི་མཚན་ཉིད་མངོན་དུ་གྱུར་པའི་བློ་ཡིན་པའི་ཕྱིར། དེ་དག་གི་ཐོབ་པ་དང་མཚན་ཉིད་སྐྱེ་སོགས་དང་། ཟག་མེད་ཀྱི་སྡོམ་པ་གཟུགས་ཅན་རྣམས་ཆོས་ཅན། དེ་ཡིན་ཏེ། ཟག་མེད་ཀྱི་ཤེས་རབ་དེའི་སྟོབས་ཀྱིས་ཆོས་མངོན་པར་སོང་བའི་ཕྱིར། གཉིས་པ་བརྡར་བཏགས་པའི་ཆོས་མངོན་པ་ལ་མངོན་པ་ཐོབ་པའི་ཕྱིར་དུ་ཞུགས་པ་དང་། དེ་འཐོབ་པར་བྱེད་པའི་ཐབས་བརྗོད་བྱར་སྟོན་པ་གཉིས་ལས། དང་པོ་ནི། དོན་དམ་པའི་ཆོས་མངོན་པ་ཐོབ་པའི་ཕྱིར་ཞུགས་པའི་ཟག་པ་དང་བཅས་པའི་ཤེས་རབ་རྗེས་འབྲང་དང་བཅས་པ་སྟེ། འདི་ལ་ལམ་གང་གིས་བསྡུས་པ། ཁམས་གང་ན་ཡོད་ཅིང་ས་གང་ལ་བརྟེན་པ། འཁོར་དང་བཅས་ན་ཕུང་པོ་དུ་ཡིན་པ། མངོན་པར་བཏགས་པ་བར་འཇོག་པའི་རྒྱུ་མཚན་དང་བཞིའོ། །དང་པོ་ནི། སྐྱེས་ཐོབ། ཐོས་བྱུང་། བསམ་བྱུང་གསུམ་ནི་ལམ་མ་ཞུགས་ནས་སྦྱོར་ལམ་ཆོས་མཆོག་མན་ཆད་ན་ཡོད་ཅིང་། སྒོམ་བྱུང་ནི་ཚོགས་སྦྱོར་ཁོ་ནས་བསྡུས་སོ། །གཉིས་པ་ནི། སྐྱེས་ཐོབ་ནི་ཁམས་གསུམ་ཆར་ན་ཡོད་ཅིང་། སེམས་རྟེན་ས་དགུ་ཀ་ལ་བརྟེན་ཏེ། འདོད་སེམས་ཀྱི་ངོ་བོར་གྱུར་པའི་སྐྱེས་ཐོབ་ཡོད་པ་ནས། སྲིད་རྩེའི་ངོ་བོར་གྱུར་པའི་སྐྱེས་ཐོབ་ཀྱི་ཤེས་རབ་ཀྱི་བར་རྣམས་སུ་ཡོད་པའི་ཕྱིར། ཐོས་བྱུང་ནི་འདོད་གཟུགས་གཉིས་ན་ཡོད་ཀྱི་གཟུགས་མེད་ན་མེད་དེ། སྒྲ་ཉན་པ་མེད་པའི་ཕྱིར་དང་། གང་ཟག་ཕན་ཚུན་ཡུལ་དུ་མི་འགྱུར་བའི་ཕྱིར། སེམས་རྟེན་ནི་འདོད་པ་དང་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ནོ། །བསམ་བྱུང་ནི་འདོད་པ་ཁོ་ནར་ཡོད་དེ། ཁམས་གོང་ན་སེམས་ལོང་མེད་པར་ཏིང་ངེ་འཛིན་དུ་འགྱུར་བའི་ཕྱིར། སེམས་རྟེན་ནི་ཁམས་གསུམ་ས་དགུ་ལ་བརྟེན་ནོ། །སྒོམ་བྱུང་ནི་ཁམས་གསུམ་ཆར་ན་ཡོད་ཅིང་། སེམས་རྟེན་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ནས་སྲིད་རྩེའི་བར་བརྒྱད་ལ་བརྟེན་ནོ། །གསུམ་པ་ནི། དང་པོ་གསུམ་ནི་ཕུང་པོ་བཞི་པ་ཅན་ཡིན་ལ། སྒོམ་བྱུང་ནི་ཕུང་པོ་ལྔ་པ་ཅན་ཡིན་ཏེ། བསམ་གཏན་གྱི་སྡོམ་པ་གཟུགས་ཅན་ཡོད་པའི་ཕྱིར། འོ་ན་དང་པོ་གསུམ་ཡང་ཕུང་པོ་ལྔ་པ་ཅན་དུ་འགྱུར་ཏེ། སོ་ཐར་གྱི་སྡོམ་པ་གཟུགས་ཅན་ཡོད་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། སོ་ཐར་ནི་སྐྱེས་ཐོབ་སོགས་གསུམ་གྱིས་ཐོབ་པ་མ་ཡིན་པར་ཆོ་གས་ཐོབ་པ་ཡིན་ལ། བསམ་གཏན་གྱི་སྡོམ་པ་ནི་སྒོམ་པའི་སྟོབས་ཀྱིས་ཐོབ་པ་ཡིན་པའི་ཕྱིར། བཞི་པ་ནི། དེ་རྣམས་ཆོས་ཅན། ཆོས་མངོན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མངོན་པ་མཚན་ཉིད་པ་དེའི་རྒྱུ་ཡིན་པའི་ཕྱིར། བཏགས་པ་ལ་དགོས་པ་ཡོད་དེ། མངོན་པ་མཚན་ཉིད་པ་དེ་ཐོབ་པར་འདོད་པས་ཁྱོད་ལ་འཇུག་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་དེ་བརྗོད་བྱར་སྟོན་པ་ལ་བཀའ་དང་བསྟན་བཅོས་གཉིས། འདི་ལ་ཁ་ཅིག་མདོ་སྡེ་པ་ལྟར་ན། སྒྲ་དང་མཚན་པ་དང་། དེ་དག་གི་མཚན་ཉིད་སྐྱེ་སོགས་རྣམས་ལྡན་མིན་འདུ་བྱེད་ཡིན་པས། གཞུང་མངོན་པ་ནི་ཕུང་པོ་གཉིས་པར་འདོད། བྱེ་བྲག་སྨྲ་བས། དེ་དག་མིང་ཡིན་པས་འདུ་བྱེད་ཀྱི་ཕུང་པོར་འདོད་ཅེས་པའང་མི་འཐད་དེ། སྒྲ་རང་མཚན་ལ་ཐོབ་པ་བརྩིར་མེད་པའི་ཕྱིར་དང་། དེ་དག་གི་མཚན་ཉིད་སྐྱེ་སོགས་རྣམས་གཞུང་མངོན་པར་མི་འདོད་པའི་ཕྱིར། ཁ་ཅིག་མངོན་པ་སྡེ་བདུན་གྱི་ནང་ནས་ཡེ་ཤེས་ལ་འཇུག་པ་གཙོ་བོ། གཞན་དྲུག་འཁོར་དུ་འདོད་པ་དང་། གཞན་དག་བཀའ་གཙོ་བོ་དང་། བསྟན་བཅོས་ཕལ་བ་ཞེས་པའང་མི་འཐད་དེ། འདིར་འཁོར་དང་བཅས་ན་ཕུང་པོ་དུ་ཡིན་དཔྱད་པའི་སྐབས་གྱི་གཙོ་འཁོར་ཙམ་དཔྱད་པ་མིན་པའི་ཕྱིར། དེས་ན་གཞུང་མངོན་པ་ནི་བརྗོད་བྱ་དོན་གྱི་མངོན་པ་བརྗོད་བྱར་སྟོན་པའི་བཀའ་བསྟན་བཅོས་གཉིས་ཡིན་ལ། དེ་ཡང་མདོ་སྡེ་པས་ཚིག་ཡིན་པས་གཟུགས་ཕུང་དང་། བྱེ་བྲག་ཏུ་སྨྲ་བས་མིང་ཡིན་པས་འདུ་བྱེད་ཀྱི་ཕུང་པོར་འདོད་དེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་བཤད། །ཅེས་གསུངས་པའི་ཕྱིར། བཞི་པ་སྒྲ་དོན་ནི། མདོ་སྡེ་རྒྱན་ལས། མངོན་དུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་གསུངས་ཏེ། མངོན་པའི་སྐད་དོད་དུ་ཨ་བྷི་ཞེས་འབྱུང་བ་ལ་མུ་ཁ་བསྣན་པས་ཨ་བྷི་མུ་ཁ་ནི་མངོན་དུ་བྱེད་པའི་སྒོ་ཞེས་པ་སྟེ། མྱང་འདས་མངོན་དུ་བྱེད་པའི་སྒོ་ཡིན་པས་མངོན་པ་ཞེས་བྱའོ། །ཀྵ་ཎ་བསྣན་ནས་ཨ་བྷི་ཀྵ་ཎ་ནི་ཡང་ཡང་མངོན་དུ་བྱེད་པ་ཞེས་པ་སྟེ་ཆོས་རེ་རེའང་ཟག་བཅས་ཟག་མེད། ཐོགས་བཅས་ཐོགས་མེད། བསྟན་ཡོད་བསྟན་མེད་སོགས་ཀྱི་སྒོ་ནས་ཡང་ཡང་བསྟན་པས་ན་མངོན་པ་ཞེས་བྱའོ། །བྷུ་ཏ་བསྣན་པས་ཨ་བྷི་བྷུ་ཏ་ནི་མངོན་དུ་ཟིལ་གྱིས་གནོན་པ་ཞེས་པ་སྟེ། གཞུང་འདིའི་ཚིག་དོན་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པས་ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པས་ན་མངོན་པ་ཞེས་བྱའོ། །ས་མ་ཡ་བསྣན་པས་ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ་ཞེས་པ་སྟེ། འདི་ལ་བརྟེན་ནས་མདོ་སྡེའི་སྡེ་སྣོད་མངོན་པར་རྟོགས་པར་བྱེད་པས་ན་མངོན་པ་ཞེས་བྱའོ། །གསུམ་པ་མཛོད་ནི། འདིར་དེའི་དོན་དུ་ཡང་དག་ཆུད་ཕྱིར་རམ། །འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། །ཅེས་གསུངས་ཏེ། གནས་བརྒྱད་པ་ཅན་གྱི་བསྟན་བཅོས་འདིར་ཆོས་མངོན་པ་སྡེ་བདུན་པོ་ཆུད་པའི་ཕྱིར་ན་འདི་ལ་མཛོད་ཅེས་བྱའོ། །དེ་ཡང་ཚིག་མ་ལུས་པ་ཆུད་པ་མིན་གྱི་དོན་ཡིན་ལ་དོན་གྱི་ཡང་གཅེས་པ་རྣམས་ཆུད་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། རྒྱལ་པོའི་ནོར་གཅེས་པ་ཆུད་པའི་ཁང་པ་ལ་རྒྱལ་པོའི་མཛོད་ཅེས་པ་བཞིན་ནོ། །ཡང་ན་འདི་གང་ནས་ཕྱུང་བའི་གནས་མངོན་པ་སྡེ་བདུན་པོ་དེ་ཡིན་པས་ན་འདི་ལའང་མཛོད་ཅེས་བྱ་སྟེ། རལ་གྲི་གང་ནས་ཕྱུང་བའི་གནས་ཤུབ་ཡིན་པས་རལ་གྲི་ལའང་རལ་གྲིའི་ཤུབ་ཅེས་བརྗོད་པ་བཞིན་ནོ། །མཆིམས་ན་རེ། དེ་ལྟར་དུ་འཇིག་རྟེན་ན་མ་གྲགས་པས་རྒྱལ་པོའི་མཛོད་ནས་བྱུང་བའི་ནོར་ལ་མཛོད་ཅེས་པ་དཔེར་བྱའོ། །ཞེས་གསུངས་མོད། འདི་ལ་སྔ་མ་གྲགས་ཆེ་སྟེ། ཤུབ་དང་བཅས་པའི་རལ་གྲི་ལེན་པར་འདོད་པ་ན། རལ་ཤུབ་འོན་ཅིག་ཅེས་པ་འཇིག་རྟེན་ན་མཐོང་བའི་ཕྱིར་རོ། །བཞི་པ་བསྟན་བཅོས་ལ་ངོ་བོ། ངེས་ཚིག དབྱེ་བ། རྣམ་གྲངས། ལྡང་ཚད། བརྩམ་པའི་དགོས་པ། བརྩམ་པའི་རྒྱུ་དང་བདུན་ལས། དང་པོ་ནི། སྤྱིར་གྲུབ་མཐའ་སྨྲ་བ་བཞི་ཆར་གྱིས་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བ་ལ་འདོད་པར་མཚུངས་ལ། ཁྱད་པར་ནི་བྱེ་བྲག་སྨྲ་བས་མིང་ཚིག་ཡི་གེའི་ཚོགས་ཀྱི་བསྡུས་པ། ཡིད་ཀྱི་རྣམ་ཤེས་ཀྱིས་གཟུང་བྱ། ལྡན་པ་མིན་པའི་འདུ་བྱེད། ཕུང་པོ་གཞན་བཞི་ལས་རྫས་གཞན་པ་ཞིག་ལ་འདོད་དེ། དེས་དོན་དངོས་སུ་གོ་བར་བྱེད་པའི་ཕྱིར་ཏེ། རྗོད་བྱེད་ཀྱི་སྒྲ་རང་མཚན་རྣ་བས་ཐོས་པའི་རྗེས་སུ་ཡིད་ཀྱི་རྣམ་ཤེས་ལ་མིང་ཚིག་ཡི་གེའི་རྣམ་པ་སྣང་ཞིང་། དེ་ལས་དོན་དངོས་སུ་གོ་བའི་ཕྱིར། རྗོད་བྱེད་ཀྱི་སྒྲ་རང་མཚན་པ་དང་། ཡིག་འབྲུའི་གཟུགས་རྣམས་བསྟན་བཅོས་བཏགས་པ་བ་ཡིན་ཏེ། འདོགས་པའི་རྒྱུ་མཚན་ནི་དོན་བརྒྱུད་ནས་གོ་བར་བྱེད་པའི་ཕྱིར། བཏགས་པའི་དགོས་པ་ནི་དོན་གོ་བ་ལ་རྗོད་བྱེད་ཀྱི་སྒྲ་རང་མཚན་རྣ་བས་ཉན་པ་དང་། ཡིག་འབྲུ་ལ་མིག་གིས་བལྟ་དགོས་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ནི་དོན་དངོས་སུ་སྟོན་བྱེད་མིན་པའི་ཕྱིར། མདོ་སྡེ་པའི་ལུགས་ནི་ཁ་ཅིག་རྟོགས་པ་ལ་སྣང་བའི་སྒྲ་སྤྱི་ལ་འདོད་པ་ནི་མངོན་པ་སྨྲ་བའི་མདོ་སྡེ་པའི་ལུགས་མིན་ཏེ། དེ་གཟུགས་ཕུང་མི་རུང་བའི་ཕྱིར་རོ། །དེས་ན་འདིའི་ལུགས་ནི་རྗོད་བྱེད་ཀྱི་སྒྲ་རང་མཚན་ཡིན་པས་གཟུགས་ཕུང་དུ་བཤད་ལ། ཚད་མ་སྨྲ་བའི་མདོ་སྡེ་པ་ལྟར་ན་སྔ་མ་ལྟར་འདོད་པས་བསྟན་བཅོས་རྫས་སུ་མ་གྲུབ་པ་ནི་ཁྱད་པར་རོ། །དེའི་རྒྱུ་མཚན་ཡང་བསྟན་བཅོས་དོན་དངོས་སུ་རྗོད་བྱེད་ལ་འདོད་ལ། དངོས་ཀྱི་བརྗོད་བྱ་རྗོད་བྱེད་དོན་སྤྱི་དང་སྒྲ་སྤྱི་ཞེན་པའི་བརྗོད་བྱ་རྗོད་བྱེད་དོན་དང་སྒྲ་རང་མཚན་ལ་འདོད་པའི་ཕྱིར་དང་། རྩོམ་བྱེད་མིང་ཚིག་ཡི་གེ་གསུམ་ཡང་རྫས་སུ་མ་གྲུབ་ན་དེས་བརྩམས་པའི་བསྟན་བཅོས་རྫས་སུ་གྲུབ་པ་འགལ་བའི་ཕྱིར་རོ། །སེམས་ཙམ་པའི་ལུགས་ནི་ཁྱད་པར་བཞི་དང་ལྡན་པ་སྟེ། ངོ་བོའི་ཁྱད་པར་ཡིད་ཤེས་ལ་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིག རྣམ་པའི་ཁྱད་པར་ཚིགས་བཅད་དམ་ལྷུག་པར་གནས་པ། བྱེད་ལས་ཀྱི་ཁྱད་པར་གདུལ་བྱའི་བློ་གྲོས་གོང་ནས་གོང་དུ་འཕེལ་བར་བྱེད་པ་དང་། རང་རང་གི་འདོད་པའི་དོན་གོ་བར་བྱེད་པ། རྒྱུད་ཀྱི་ཁྱད་པར་ཉན་པ་པོའི་རྒྱུད་ཀྱིས་བསྡུས་པའོ། །འོ་ན་དེ་རྩོམ་པ་པོས་ཅི་ལྟར་བརྩམས་ཤིང་འཆད་པ་པོས་ཇི་ལྟར་འཆད་ཅེ་ན། རྩོམ་པ་པོས་རང་ལ་སྣང་བའི་རྣམ་རིག་དེ་ཉིད་བརྩམས་ཤིང་འཆད་པ་པོས་རང་ལ་སྣང་བའི་རྣམ་རིག་དེ་ཉིད་བཤད་པས་ཉན་པ་པོས་རང་གི་རྣམ་རིག་དེ་ཉིད་གོ་བ་ཡིན་ཏེ། ཉི་ཤུ་པ་ལས། གཅིག་ལ་གཅིག་གི་དབང་གིས་ན། །རྣམ་པར་རིག་པ་ཕན་ཚུན་འགྱུར། །ཞེས་དང་། འབྲི་ལ་སོགས་པའི་ཡིད་དབང་གིས། །དྲན་པ་ཉམས་སོགས་འགྱུར་བ་བཞིན། །ཞེས་སོ། །གཉིས་པ་ངེས་ཚིག་ནི། བསྟན་བཅོས་ཀྱི་སྐད་དོད་དུ། ཤཱསཏྲ་ཞེས་པ་ཡོད་ལ། ཤཱ་ས་ནི་འཆོས་པ་སྟེ། གདུལ་བྱའི་སེམས་རྒྱུད་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། ཏཱ་ར་ནི་སྒྲོལ་བའམ་སྐྱོབ་པ། དེ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པ་སྟེ། དེ་སྐད་དུ་རྣམ་བཤད་རིགས་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་སྟེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་སོ། །གསུམ་པ་རབ་ཏུ་དབྱེ་བ་ནི། གཏན་ལ་དབབ་པ་བསྡུ་བ་ལས་མིང་གི་སྒོ་ནས་དགུ་དང་། རྫས་ཀྱི་སྒོ་ནས་གསུམ་དུ་གསུངས་པ་ལས། དང་པོ་ནི། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤངས། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་པའོ། །གཉིས་པ་ནི། དགུ་པོ་དེ་དག་ཀྱང་ཕྱི་རོལ་པའི་རིག་བྱེད་ཀྱི་གསང་ཚིག་སྙན་ནས་སྙན་དུ་བརྒྱུད་པ་དང་། སངས་རྒྱས་པ་དང་རྩོད་པ་སྨྲ་བའི་བསྟན་བཅོས་དང་། སངས་རྒྱས་པའི་ཐར་པ་ཐོབ་པ་དང་རྗེས་སུ་མཐུན་པའི་བསྟན་བཅོས་གསུམ་དུ་འདུས་པར་གསུངས་སོ། །བཞི་པ་རྣམ་གྲངས་ནི། སློབ་མའི་སེམས་རྒྱུད་འཆོས་པར་བྱེད་པས་ན་བསྟན་བཅོས་དང་། མདོའི་དོན་གསལ་བར་བྱེད་པས་ན་མདོ་སྡེའི་རྒྱན་དང་། སྐབས་སུ་བབ་པའི་དོན་གསལ་བར་བྱེད་པས་ན་རབ་ཏུ་བྱེད་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ལ། འོན་ཀྱང་མདོ་སྡེའི་རྒྱན་ནི་བསྟན་བཅོས་བྱེ་བྲག་དང་། རབ་ཏུ་བྱེད་པ་ནི་བསྟན་བཅོས་ཀྱི་ནང་ཚན་ལ་འཇུག་པ་ཡང་ཡོད་དོ། །ལྔ་པ་ལྡང་ཚད་ནི། ཡི་གེ་དུ་མ་འདུས་པ་ལས་མིང་། མིང་དུ་མ་འདུས་པ་ལས་ཚིག ཚིག་དུ་མ་འདུས་པ་ལས་ཕུང་ཁམས་སྐྱེ་མཆེད་རེ་རེ་རྫོགས་པར་སྟོན་པ་ནི་རབ་བྱེད། དེ་གསུམ་ཆར་རྫོགས་པར་སྟོན་པ་ནི་བསྟན་བཅོས། ཡང་ན་ཅི་ལྟ་བ་དང་ཅི་སྙེད་པ་གང་རུང་རེ་རེ་རྫོགས་པར་སྟོན་པ་ནི་རབ་བྱེད་དང་། གཉིས་ཀ་རྫོགས་པར་སྟོན་པ་ནི་བསྟན་བཅོས་སོ། །ཡང་ན་དམིགས་པའི་རབ་དབྱེ། སྤང་བྱའི་ཉོན་མོངས། སྤོང་བྱེད་ཀྱི་གཉེན་པོ། སྤོང་བའི་གང་ཟག སྤངས་པའི་འབྲས་བུ་རྣམས་ལས་གང་རུང་རེ་རེ་རྫོགས་པར་སྟོན་པ་ནི་རབ་བྱེད་དང་། དེ་ཐམས་ཅད་རྫོགས་པར་སྟོན་པ་ནི་བསྟན་བཅོས་སོ། །བསྟན་བཅོས་འདི་ལ་དོན་གསུམ་ཆར་ཚང་ངོ་། །དྲུག་པ་བརྩམས་པའི་དགོས་པ་ནི། གཏན་ལ་དབབ་པ་བསྡུ་བ་ལས། །དོན་མང་མོས་འཇུག་ཉམས་པ་གསོ། །འཐོར་སྡུད་ཟབ་དགྲོལ་མཛེས་པ་བསྐྱེད། །ཅེས་དྲུག་གསུངས་པ་ལས་དོན་མང་བ་ནི་བསྟན་བཅོས་བརྩམས་པ་ལ་བརྟེན་ནས་ཡི་གེ་འབྲི་མཆོད་སྦྱིན་པ་ལ་སོགས་ཆོས་སྤྱོད་བཅུའི་མང་པོ་འབྱུང་བའོ། །མོས་འཇུག་ནི་དེ་ལ་བརྟེན་ནས་གདུལ་བྱ་མོས་པ་རྣམས་འཇུག་པའོ། །ཉམས་པ་གསོ་བ་ནི་བཀའ་གང་གི་དགོངས་འགྲེལ་དུ་བཤད་པ་ལས་གང་ཟག་གི་ཆ་རྐྱེན་ཉམས་པ་གསོ་བའོ། །འཐོར་བ་སྡུད་པ་ནི་བཀའ་གང་གི་དོན་དུ་བཤད་པ་ལས་བརྗོད་བྱའི་དོན་ཕྱོགས་གཅིག་ཏུ་བསྡུ་བར་འོས་པ་རྣམས་འཐོར་ནས་གནས་པ་ཕྱོགས་གཅིག་ཏུ་བསྡུ་བའོ། །ཟབ་མོ་དགྲོལ་བ་ནི། ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པའི་དོན། ལས་དང་སྲེད་པ་སྤང་བྱ་ཞིང་། །སྦྱོར་བའི་རྣམ་ཤེས་མཆོག་འཛིན་གཉིས། །སྐྱེ་མཆེད་སྤྱོད་ཡུལ་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པར་འཆད་པ་ལྟ་བུའི་བཀའི་ནང་དུ་དོན་གཞན་དུ་བསྒྱུར་ནས་འཆད་དགོས་པ་རྣམས་བསྟན་བཅོས་ཀྱིས་ཀྱང་འཆད་པའོ། །དྲུག་པ་མཛེས་པ་བསྐྱེད་པ་ནི། བསྟན་བཅོས་སུ་སྙན་ངག་དང་ཚིག་རྒྱན་ལ་སོགས་པ་བཀོད་པས་ཚིག་དང་དོན་མཛེས་པར་འགྱུར་བའོ། །དེ་ལྟར་དྲུག་ལས་ཁ་ཅིག་བསྟན་བཅོས་འདི་ལ་དང་པོ་གསུམ་ཚང་བ་དང་། གཞན་དག་དྲུག་ཆར་ཚང་བར་བཞེད་ཀྱང་། ཉམས་པ་གསོ་བ་དང་། ཟབ་མོ་དགྲོལ་བ་གཉིས་ཚང་བར་དཀའ་ཞིང་། གཞན་བཞི་ཆར་ངེས་པར་ཚང་ངོ་། །བདུན་པ་བརྩམ་པའི་རྒྱུ་ནི། ཚིག་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ནི་རྒྱུའི་གཙོ་བོ་ཡིན་ནོ། །ཡང་ན་གཏན་ལ་དབབ་པ་བསྡུ་བ་ལས་སྔོན་གྱི་སློབ་དཔོན་ལ་ང་མི་རྒྱལ་བ་དང་། རང་གི་གྲགས་པ་མི་སྒྲོགས་པ་དང་། ཆོས་མཐུན་ལ་བྱམས་པ་དང་། སེམས་ཅན་ལ་སྙིང་བརྩེ་བ་བཞི་དང་ལྡན་ན་བསྟན་བཅོས་བརྩམས་པར་གསུངས་པ་ལྟར་རོ། །བཞི་པ་མཚན་ལྡན་གཞུང་གི་དགོས་འགྲེལ་ནི། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་པས་བསྟན་ཏེ། འདི་ལ་དགོས་སོགས་ཆོས་བཞི་ངོས་གཟུང་བ་དང་། དེ་གཞུང་གིས་ཇི་ལྟར་བསྟན་པའི་ཚུལ་གཉིས་ལས། དང་པོ་ནི། བརྗོད་བྱའི་གཙོ་བོ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟེ། ཆོས་མངོན་པའི་སྡེ་སྣོད་རྣམས་ཀྱིས་ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་ཕྱིར་རོ། །ཟག་བཅས་ཟག་མེད་ཀྱི་ཆོས་གཞན་རྣམས་ནི་བརྗོད་བྱ་ཙམ་ཡིན་ཏེ། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཏན་ལ་འབེབས་པ་ལ་དེའི་ཡུལ་གཏན་ལ་དབབ་དགོས་པས་དེའི་སྒོ་ནས་བརྗོད་བྱར་འགྱུར་བའི་ཕྱིར་རོ། །དགོས་པ་ནི་བསྟན་བཅོས་འདི་ལ་བརྟེན་ནས་སྐྱེས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བོ། །ཉིང་དགོས་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཉམས་སུ་བླངས་པ་ལ་བརྟེན་ནས་ཟག་མེད་ཀྱི་ཤེས་རབ་ཀྱི་ཉོན་མོངས་སྤངས་པའི་མྱང་འདས་སོ། །འབྲེལ་པ་ནི་སྤྱི་དང་མཐུན་ནོ། །གཉིས་པ་ནི། ཆོས་རྣམས་ཞེས་པས་བརྗོད་བྱ་ཙམ་དངོས་སུ་བསྟན་ནས། བརྗོད་བྱའི་གཙོ་བོ་དོན་གྱིས་བསྟན་ནོ། །དགོས་པ་ནི། རབ་ཏུ་རྣམ་འབྱེད་ཅེས་དང་། དེ་ཕྱིར་ཞེས་པས་བསྟན་ཏེ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་ཆེད་དུ་འདི་བརྩམ་པར་བསྟན་པའི་ཕྱིར་རོ། །ཉིང་དགོས་ནི། མེད་པར་ཞེས་པ་ནས་དེ་བས་ཞེས་པའི་བར་གྱིས་བསྟན་ཏེ། དངོས་སུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མེད་པར་ཉོན་མོངས་སྤོང་བའི་ཐབས་མེད། ཉོན་མོངས་མ་སྤངས་ན་འཁོར་བར་འཁྱམས་པ་བསྟན་ནས་ཤུགས་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་ཉོན་མོངས་དང་འཁོར་བ་སྤངས་པའི་མྱང་འདས་ཐོབ་པར་བསྟན་པའི་ཕྱིར། འབྲེལ་པ་ནི། མེད་པར་ཞེས་པས་བསྟན་ཏེ། དངོས་སུ་དགོས་པ་མེད་པར་ཉིང་དགོས་མི་འབྱུང་བར་བསྟན་ནས་ཤུགས་ལ་བསྟན་བཅོས་དང་། བརྗོད་བྱ་དང་། དགོས་པ་དང་། ཉིང་དགོས་རྣམས་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བར་བསྟན་པའི་ཕྱིར་རོ། །ལྔ་པ་དགོས་ལྡན་བསྟན་བཅོས་སྤྱིའི་རྣམ་གཞག་ལ། གནས་བརྒྱད་ཀྱི་གྲངས་ངེས་དང་། གོ་རིམ་ངེས་པ་གཉིས་ལས། དང་པོ་ལ་སྔ་རབས་པ་རྣམས་ཆོས་མངོན་པ་མཛོད་ཀྱི་གནས་དེ་ལ་བརྒྱད་དུ་གྲངས་ངེས་ཏེ། ཐར་པ་དོན་གཉེར་གྱི་གང་ཟག་གི་ཆ་རྐྱེན་ལ་དམིགས་པའི་ཡུལ། ཉམས་ལེན་གྱི་སྤྱོད་པ། ཉམས་སུ་བླངས་པའི་འབྲས་བུ་གསུམ་དུ་ངེས་ཤིང་། དེ་དག་སྟོན་པ་ལ་གནས་བརྒྱད་ལས་མང་མི་དགོས་ཤིང་ཉུང་ན་མི་འདུ་བའི་ཕྱིར། གང་ཟག་གི་ཆ་རྐྱེན་ལ་གསུམ་པོ་དེར་ངེས་ཏེ། ཡུལ་མ་བསྟན་ན་ཉམས་སུ་ལེན་མི་ཤེས། ཉམས་སུ་མ་བླངས་ན་འབྲས་བུ་མི་ཐོབ། འབྲས་བུ་མེད་ན་ཉམས་སུ་ལེན་པ་དགོས་པ་མེད་པའི་ཕྱིར་རོ། །གསུམ་པོ་དེ་དག་གནས་བརྒྱད་ཀྱིས་ཅི་ལྟར་སྟོན་ན། དམིགས་པའི་ཡུལ་ལ་ཅི་སྙེད་པ་དང་ཅི་ལྟ་བ་གཉིས་ལས། དང་པོ་ནི། ཕུང་ཁམས་སྐྱེ་མཆེད་ཡིན་ལ། དེ་ནི་གནས་དང་པོས་བསྟན། དེའི་ནང་ནས་འདུས་བྱས་ཆོས་ཀྱི་ནང་ཚན། དེ་དག་སྐྱེ་ཚུལ་རྣམས་གཉིས་པས་བསྟན། ཅི་ལྟ་བ་ནི་འཕགས་པའི་བདེན་པ་བཞི་ཡིན་ལ། དེ་ལ་སྡུག་བསྔལ་གྱི་བདེན་པ་ནི། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་བསྡུས་པ་ཡིན་པས་གནས་གསུམ་པས་བསྟན། ཀུན་འབྱུང་བདེན་པ་ནི་ཟག་བཅས་ཀྱི་ལས་དང་། ཉོན་མོངས་པ་ཡིན་པས་གནས་བཞི་པ་དང་ལྔ་པས་བསྟན། འགོག་བདེན་དང་ལམ་བདེན་སོ་སོར་བརྟགས་པས་འགོག་པ་གང་ཞེ་ན། ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་པས་བསྟན། ཡང་ན་འགོག་བདེན་ནི་ཕྲ་རྒྱས་ཀྱི་མཇུག་ཏུ་ཡོངས་ཤེས་དང་། ལམ་བདེན་ནི། བདེན་པ་མཐོང་དང་སྒོམ་པ་ལས། །ཞེས་པའི་མཐོང་སྒོམ་གཉིས་ཀྱིས་བསྟན་ལ། བདེན་པ་བཞི་ཆར་ཡང་དེའི་བདེན་པ་ཞེས་པའི་ཚིག་གིས་བསྡུས་ནས་བསྟན་ཏོ། །ཉམས་ལེན་གྱི་སྤྱོད་པ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཚུལ་གྱིས་གནས་དྲུག་པས་བསྟན། འབྲས་བུ་ཟག་མེད་ཀྱི་ཡེ་ཤེས་ནི་གནས་བདུན་པས། ཡོན་ཏན་གྱི་ཁྱད་པར་འགའ་ཞིག་ནི་གནས་བརྒྱད་པས་བསྟན་ཏོ་ཞེས་བཞེད་དོ། །གང་སྤེལ་གྱིས། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་པའི་ཚུལ་གྱིས་འདིའི་བརྗོད་བྱའི་གཙོ་བོ་ནི་ཟག་བཅས་ཟག་མེད་ཀྱི་ཆོས་གཉིས་ཡིན་ཏེ། ཐར་པ་དོན་གཉེར་གྱི་བླང་དོར་གྱི་གཙོ་བོ་ནི། དོར་བྱ་ཉོན་མོངས་ཀྱི་ཆོས་དང་། བླང་བྱ་རྣམ་བྱང་གི་ཆོས་གཉིས་སུ་ཡོད་པའི་ཕྱིར། དེ་གཉིས་སོ་སོར་མི་ཕྱེ་བར་ཐུན་མོང་དུ་སྟོན་པ་ནི་གནས་དང་པོ་གཉིས་ཏེ། ཕུང་ཁམས་སྐྱེ་མཆེད་དང་། དབང་པོ་ཉེར་གཉིས་མཚུངས་ལྡན་འདུ་བྱེད་འདུས་བྱས་ཀྱི་ཆོས་ཀྱི་སྐྱེ་ཚུལ་རྣམས་ནི་ཉོན་མོངས་དང་རྣམ་བྱང་ཐུན་མོང་གི་ཆོས་ཡིན་པའི་ཕྱིར། སོ་སོར་སྟོན་པ་ལ་ཀུན་ནས་ཉོན་མོངས་པ་ནི། གང་ཀུན་ནས་ཉོན་མོངས་ན་འགྲོ་བ་རིས་ལྔ། གང་དུ་ན་སྣོད་ཀྱི་འཇིག་རྟེན་དུ། ཚུལ་ཇི་ལྟར་ན་རྟེན་འབྲེལ་བཅུ་གཉིས་དང་། སྐྱེ་གནས་བཞིའི་ཚུལ་གྱིས་སོ་ཞེས་པ་ནི་གནས་གསུམ་པས་བསྟན། གང་གིས་ཀུན་ནས་ཉོན་མོངས་ན་ཟག་བཅས་ཀྱི་ལས་དང་། ཉོན་མོངས་ཀྱིས་སོ་ཞེས་པ་ནི་བཞི་པ་དང་ལྔ་པས་སྟོན། རྣམ་བྱང་གི་ཆོས་ལ་གང་རྣམ་པར་བྱང་ན་ཞུགས་གནས་བརྒྱད། གང་དུ་ན། འདོད་པ་གསུམ་ཐོབ་ཐ་མ་ནི། །གསུམ་དུ་འོ་ཞེས་པའི་ཚུལ་གྱིས་ཁམས་གསུམ་དུ། ཚུལ་ཅི་ལྟར་ན། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཚུལ་གྱིས་སོ་ཞེས་པ་ནི་གནས་དྲུག་པས་བསྟན་ནོ། །གང་གི་རྣམ་པར་བྱང་ན་ཟག་མེད་ཀྱི་ཡེ་ཤེས་དང་། དེའི་སེམས་རྟེན་སྙོམས་འཇུག་གིས་སོ་ཞེས་པ་ནི་གནས་བདུན་པ་དང་བརྒྱད་པས་བསྟན་ཏོ་ཞེས་བཞེད་དོ། །འོན་ཀྱང་ཐེག་པ་གསུམ་གྱི་ལམ་བགྲོད་ཚུལ་དང་སྦྱར་ན་འདི་ལྟར་ཡིན་ཏེ། སྤྱིར་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཚུལ་གྱིས། བདེན་པ་མཐོང་དང་གོམས་པ་ལས། །ཞེས་པའི་སྐབས་ཀྱི་མཐོང་སྒོམ་གྱི་ལམ་གཉིས་བསྐྱེད་དེ། ཉོན་མོངས་སྤངས་པ་ཞེས་བཤད་པ་ཞེས་པའི་སྐབས་ཀྱི་མཐོང་སྤང་ཉོན་མོངས་དང་། སྒོམ་སྤང་ཉོན་མོངས་སྤངས་ནས་མི་སློབ་ལམ་ཐོབ་པ་ནི་ཐེག་པ་གསུམ་གྱི་ལམ་བགྲོད་ཚུལ་ཐུན་མོང་བ་ཡིན་ལ། དེ་དག་གི་ཁྱད་པར་སྟོན་པ་ལ་གནས་བརྒྱད་དུ་ངེས་ཏེ། དེ་ལ་དམིགས་པ་ཡུལ་གྱི་ཁྱད་པར། སྤང་བྱ་སྒྲིབ་པའི། བགྲོད་བྱེད་གང་ཟག་གི བགྲོད་ཚུལ་ལམ་གྱི། ཉམས་ལེན་སྤྱོད་པའི། འབྲས་བུ་ཐོབ་དུས་ཀྱི། ཐོབ་འབྲས་ཡོན་ཏན་གྱི་ཁྱད་པར་དང་བདུན་ལས། དང་པོ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དམིགས་ཡུལ་ཁམས་གསུམ་སྣོད་བཅུད་ཀྱི་འཇིག་རྟེན་སྡུག་བསྔལ་དུ་ཤེས་པ་ཙམ་གྱིས་གྲོལ་བ་ཐོབ་པས་དེ་ནི་གནས་གསུམ་པས་བསྟན། ཐེག་པ་ཆེན་པོ་པས་དེའི་སྟེང་དུ་ཡང་ཇི་སྙེད་པ་མཁྱེན་པ་ཡེ་ཤེས་ཀྱི་རྒྱུར་ཕུང་ཁམས་སྐྱེ་མཆེད་ཀྱི་རབ་དབྱེ་མ་ལུས་པ་ཤེས་དགོས་ལ། དེ་ནི་གནས་དང་པོ་གསུམ་གྱིས་བསྟན། གཉིས་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤང་བྱ་ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་སྤངས་པ་ཙམ་གྱིས་བྱང་ཆུབ་ཐོབ་པས་དེ་ནི་གནས་བཞི་པ་དང་ལྔ་པས་བསྟན། ཐེག་ཆེན་གྱི་བྱང་ཆུབ་ཐོབ་པ་ལ་ཉོན་མོངས་ཅན་མ་ཡིན་པའི་མུན་པ་ཡང་སྤང་དགོས་པས་དེ་ནི་ཕུང་ཁམས་སྐྱེ་མཆེད་ཀྱི་ཤུགས་ལ་བསྟན་པའམ། མཆོད་བརྗོད་ཀྱིས་དངོས་སུ་བསྟན་ནོ། །གསུམ་པ་ནི། ཐེག་པ་ཆེན་པོ་དང་རང་རྒྱལ་ནི་ཚོགས་ལམ་གྱི་གནས་སྐབས་སུ་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་སྲིད་པ་ཐ་མ་པའི་དུས་སུ་དྲོད་ནས་མི་སློབ་ལམ་གྱི་བར་གྱི་རྟོགས་པ་རྣམས་བསམ་གཏན་བཞི་པ་ལ་བརྟེན་ནས་སྟན་ཐོག་གཅིག་ལ་བགྲོད་པས་ཞུགས་གནས་ཀྱི་རྣམ་གཞག་མེད་ལ། ཉན་ཐོས་ཀྱི་དེ་ལྟར་བྱེད་མི་ནུས་པས་ཞུགས་གནས་ཀྱི་རྣམ་པར་བཞག་པ་ཡོད་ཅིང་། དེ་ནི་གནས་དྲུག་པའི་གང་ཟག་བསྟན་པས་བསྟན། བཞི་པ་ནི་དབུགས་དབྱུང་རྔུབ་དང་མི་སྡུག་པ་སྒོམ་པ་ལ་བརྟེན་ནས་དང་པོར་ཞི་གནས་བསྐྱེད། དེ་ནས་ལྷག་མཐོང་དྲན་པ་ཉེར་གཞག་བསྐྱེད་ནས་ཚོགས་རྫོགས་པར་བྱེད་པ་ནི་ཐེག་པ་གསུམ་ཀའི་ལམ་བགྲོད་ཚུལ་ཐུན་མོང་བ་ཡིན་ལ། དྲི་མ་དང་བྲལ་བའི་ཁྱད་པར་ནི་ཉན་ཐོས་རྣམས་ཀྱིས་མཐོང་ལམ་ཐོབ་རྗེས་སུ་ཡང་འདོད་པར་སྐྱེ་སྲིད་བཅུ་བཞི་ལེན་པ་དང་། གཟུགས་སུ་བཅུ་དྲུག་ལེན་པ་དང་། གཟུགས་མེད་དུ་བཞི་ལེན་པ་སོགས་ཡོད་ཅིང་། བསེ་རུ་ལྟ་བུའི་རང་སངས་རྒྱས་དང་ཐེག་ཆེན་པ་རྣམས་དྲོད་ནས་མི་སློབ་ལམ་གྱི་བར་སྟན་གཅིག་ལ་བསྐྱེད་པས་མཐོང་ལམ་ཐོབ་རྗེས་སུ་དེ་ལྟ་བུའི་སྐྱེ་བ་ལེན་ཚུལ་གྱི་དབྱེ་བ་མེད་ལ། དེ་ནི་གནས་དྲུག་པའི་ལམ་བསྟན་པས་བསྟན་ནོ། །ལྔ་པ་ནི་ལུས་འདུ་འཛི་ལས་བསྲིང་བ་དང་། སེམས་རྣམ་རྟོག་ལས་བསྲིང་བ་སྟེ་བསྲིང་བ་གཉིས་དང་། བསོད་སྙོམས་དང་། གནས་མལ་དང་། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། སྤང་བ་དང་སྒོམ་པ་ལ་དགའ་བའི་སྤྱོད་པ་ནི་ཐེག་པ་གསུམ་ཆར་གྱི་ཐུན་མོང་གི་ཉམས་ལེན་སྤྱོད་པ་ཡིན་ལ། དེ་ནི་གནས་དྲུག་པར། བསྲིང་གཉིས་ལྡན་ཆོག་མི་ཤེས་དང་། །ཞེས་པས་བསྟན་ཏོ། །ཐེག་པ་ཆེན་པོ་པས་དེའི་སྟེང་དུ་ཡང་བསྐལ་པ་གྲངས་མེད་གསུམ་དུ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང་། མགོ་དང་རྐང་ལག་གཏོང་བ་སོགས་སྦྱིན་སོགས་ཕར་ཕྱིན་བཅུ་རྫོགས་པར་བྱེད་ཅིང་། འཚང་རྒྱ་བ་ལ་བསྐལ་པ་བརྒྱ་ལུས་པའི་ཚེ་བྱང་ཆུབ་སེམས་དཔའ་ངེས་གནས་སུ་གྱུར་པ་ནས་ཕྱིར་མི་ལྡོག་པའི་བྱང་སེམས་ཚོགས་ལམ་པ་དེས་མཚན་གྱི་རྒྱུ་སྒྲུབ་པར་བྱེད་ལ། དེ་ནི་གནས་བཞི་པར། གང་ནས་བྱང་ཆུབ་སེམས་དཔའ་ཡིན། །ཞེས་སོགས་ཀྱིས་བསྟན་ཏོ། །དྲུག་པ་ནི། ཉན་ཐོས་རྟོག་པ་བུལ་བས་ནི། སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ལམ་དུ་ཞུགས། ཤཱཀྱ་ཐུབ་པའི་བསྟན་པ་ལ་དགྲ་བཅོམ་ཐོབ་པ་དག་ཀྱང་ཡོད་ལ། བརྩོན་འགྲུས་མྱུར་བས་ཚེ་གསུམ་ལ་དགྲ་བཅོམ་ཐོབ་པ་ཡང་ཡོད། རང་སངས་རྒྱས་ནི་ཚོགས་ལམ་གྱི་གནས་སྐབས་སུ་བསྐལ་པ་བརྒྱར་ཚོགས་བསགས་ནས་དྲོད་ནས་མི་སློབ་ལམ་གྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད། ཐེག་ཆེན་པས་ནི་ཚོགས་ལམ་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་དྲོད་ནས་མི་སློབ་ལམ་གྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་པ་ཡིན་ལ། དེ་དག་ནི། མྱུར་བ་སྲིད་པ་གསུམ་གྱིས་ཐར། །ཞེས་དང་། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་དང་། དེ་གྲངས་མེད་གསུམ་ལ་སངས་རྒྱས། །ཞེས་སོགས་ཀྱིས་བསྟན་ཏོ། །བདུན་པ་ནི། སྒོམ་ལམ་རྡོ་རྗེ་ལྟ་བུའི་རྗེས་སུ་ཟད་མི་སྐྱེ་ཤེས་ཀྱི་ཡེ་ཤེས་མངོན་དུ་བྱེད་པ་ནི་ཐེག་པ་གསུམ་ཆར་གྱི་བྱང་ཆུབ་ཐོབ་ཚུལ་ཐུན་མོང་བ་ཡིན་ལ། དེ་ནི། དེ་ཟད་ཐོབ་དང་ཟད་པར་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་དང་། གནས་བདུན་པའི་ཟད་མི་སྐྱེ་ཤེས་ཀྱི་ཡེ་ཤེས་སྟོན་པའི་གཞུང་རྣམས་ཀྱིས་སྟོན་ཏོ། །ཡོན་ཏན་དེ་ལ་ཤེས་པས་བསྡུས་པ་དང་། མ་བསྡུས་པ་གཉིས། དང་པོ་ལ། ཐུན་མོང་དང་། ཐུང་མོང་མ་ཡིན་པ་གཉིས། དང་པོ་ནི། ཉོན་མོངས་མེད་པ་དང་། སྨོན་གནས་མཁྱེན་པ་དང་། སོ་སོར་ཡང་དག་རིག་པ་བཞི་དང་། མངོན་ཤེས་དྲུག་སོགས་ཡིན་ལ། དེ་ནི་གནས་བདུན་པས་སྟོན་ཅིང་། གཉིས་པ་ནི། སྟོབས་བཅུ། མི་འཇིགས་པ་བཞི། དྲན་པ་ཉེ་བར་བཞག་པ་གསུམ། ཐུགས་རྗེ་ཆེན་པོ་སྟེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡིན་ལ། དེ་ཡང་གནས་བདུན་པས་སྟོན། ཤེས་པས་མ་བསྡུས་པའི་ཡོན་ཏན་ནི། བསམ་གཏན་བཞི། གཟུགས་མེད་བཞི། རྣམ་ཐར། ཟད་པར། ཟིལ་གནོན་རྣམས་ཡིན་ལ། དེ་ནི་གནས་བརྒྱད་པས་སྟོན་ནོ། །དེ་ལྟར་ན་ཐེག་པ་གསུམ་གྱི་ལམ་བགྲོད་ཚུལ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་རྣམ་གཞག་སྟོན་པའི་དབང་དུ་བྱས་ནས་བརྒྱད་དུ་ངེས་པ་ཡིན་ནོ། །གཉིས་པ་གོ་རིམ་ངེས་པ་ནི། ཐོག་མར་དོན་གཉིས་ཕུན་ཚོགས་མངའ་བའི་སངས་རྒྱས་ལ། །གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །ཞེས་སོགས་རྐང་པ་གསུམ་གྱིས་མཆོད་པར་བརྗོད་ནས་ལས་སུ་བྱ་བ་ཅི་བྱེད་ཞེ་ན། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །ཞེས་བཤད་པར་དམ་བཅས་པའོ། །ཅིའི་ཕྱིར་ཆོས་མངོན་མཛོད་ཅེས་བྱ་ཞེ་ན། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །ཞེས་སོགས་ཤླཽ་ཀ་གཅིག་གིས་ཆོས་མངོན་པ་དང་མཛོད་ཀྱི་སྒྲ་དོན་བསྟན་ནོ། །འོ་ན་ཆོས་མངོན་པ་དེ་དགོས་པ་གང་གི་ཆེད་དུ་ཐོག་མར་སུ་ཞིག་གིས་གསུངས་པ་ཡིན་ཞེ་ན། ཉོན་མོངས་པ་སྤང་བའི་ཕྱིར་དུ་དང་པོར་སྟོན་པ་སངས་རྒྱས་ཀྱིས་གསུངས་སོ། །ཞེས་པ་ནི། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར། །ཞེས་སོགས་ཤླཽ་ཀ་གཅིག ཆོས་རྣམས་རབ་ཏུ་རྣམ་འབྱེད་ཅེས་པའི་འབྱེད་རྒྱུའི་ཆོས་དེ་གང་ཞེ་ན། ཟག་བཅས་ཟག་མེད་ཀྱི་ཆོས་གཉིས་སོ་ཞེས་པ་ནི། ཟག་བཅས་ཟག་པ་མེད་ཆོས་ཞེས་པས་བསྟན། ཟག་བཅས་ཟག་མེད་ཀྱི་མཚན་གཞི་དང་། ཟག་མེད་ཀྱི་ནང་གསེས་ཀྱི་དབྱེ་བ་དང་བཅས་པ་ནི། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཞེས་སོགས་རྐང་པ་བཅུ་གཅིག་གིས་བསྟན། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཞེས་པའི་འདུས་བྱས་དེ་གང་ཞེ་ན། གཟུགས་སོགས་ཕུང་པོ་ལྔ་པོ་ཞེས་ཕུང་པོ་གཙོ་བོར་སྟོན་ཅིང་། ཞར་ལ་ཁམས་དང་སྐྱེ་མཆེད་རྣམས་ཀྱང་སྟོན་པས་ཕུང་ཁམས་སྐྱེ་མཆེད་གསུམ་སྟོན་པ་ནི། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །ཞེས་པ་ནས་གནས་དང་པོ་རིལ་གྱིས་སོ། །གནས་དང་པོར། བཅུ་གཉིས་ནང་གིར་བཤད་དབང་པོར། །ཞེས་དབང་པོའི་མིང་ཙམ་དང་། འདུས་བྱས་ཆོས་ཀྱི་རྣམ་བཞག་རྒྱས་པར་བཤད་ཀྱང་། དེ་དག་གི་སྐྱེ་ཚུལ་དང་། རྒྱུ་རྐྱེན་འབྲས་བུ་དང་བཅས་པ་མ་བསྟན་པས་དབང་པོའི་རྣམ་བཞག་དང་འདུས་བྱས་ཀྱི་སྐྱེ་ཚུལ་དང་། རྒྱུ་རྐྱེན་འབྲས་བུ་དང་བཅས་པ་རིམ་པ་བཞིན་སྟོན་པ་ནི་གནས་གཉིས་པའོ། །གནས་དང་པོར་ཁམས་ཀྱི་རྣམ་པའི་རབ་དབྱེའི་སྐབས་སུ་ཁམས་གསུམ་གྱིས་བསྡུས་ཚུལ་དང་། གནས་གཉིས་པར་དབང་པོ་ཉེར་གཉིས་དང་མཚུངས་ལྡན་འདུ་བྱེད་ཀྱི་སྐབས་སུ་ཡང་ཁམས་གསུམ་གྱིས་བསྡུས་ཚུལ་དང་། དེ་མ་ཐག་རྐྱེན་གྱི་སྐབས་སུ་ཁམས་གསུམ་གྱིས་བསྡུས་པའི་ཤེས་པ་བཅུ་དང་། ཟག་མེད་ཀྱི་ཤེས་པ་གཉིས་ཏེ་ཤེས་པ་བཅུ་གཉིས་གང་གི་མཇུག་ཐོག་ཏུ་གང་འབྱུང་བ་གསུངས་ཀྱང་སྡུད་བྱེད་ཁམས་གསུམ་གྱི་རྣམ་བཞག་མ་གསུངས་པས་དེ་དག་རྒྱས་པར་སྟོན་པ་ནི་གནས་གསུམ་པའོ། །གནས་གསུམ་པར། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཞེས་བྱེད་པ་པོའི་བདག་མེད་པར་གསུངས་ཤིང་། སྣོད་བཅུད་ཀྱི་འཇིག་རྟེན་གྱི་རྣམ་བཞག་གསུངས་པ་ལ་ཕྱི་རོལ་པ་ཁ་ཅིག བྱེད་པ་པོའི་བདག་མེད་པ་མི་འཐད་དེ། སྣོད་བཅུད་ཀྱི་འཇིག་རྟེན་བདག་གིས་བྱས་པའི་ཕྱིར། ཞེས་དང་། ཁ་ཅིག་གཙོ་བོས་བྱས་པ་དང་། ཁ་ཅིག་དབང་ཕྱུག་གིས་བྱས་པ་དང་། ཁ་ཅིག་རྒྱུ་མེད་དུ་བྱུང་ཞེས་འདོད་པ་བསལ་ནས་ཟག་བཅས་ཀྱི་ལས་ལས་བྱུང་བར་སྟོན་པ་ནི་གནས་བཞི་པའོ། །ལས་དེ་ཉིད་གང་ལས་བྱུང་ཞེ་ན། ཕྲ་རྒྱས་ལས་བྱུང་ཞེས་པ་ནི་གནས་ལྔ་པའོ། །ཕྲ་རྒྱས་བསྟན་པའི་ཐོག་མར་མཐོང་སྤང་དང་སྒོམ་སྤང་གི་རྣམ་བཞག་དང་། མཇུག་ཏུ་སྤྱིར་གཉེན་པོས་སྤོང་ཚུལ་དང་། སྤངས་པའི་འབྲས་བུ་ཡང་ཤེས་བསྟན་པ་ལས་འཕྲོས་ནས། གཉེན་པོ་མཐོང་སྒོམ་གྱི་རང་བཞིན་དེའི་དམིགས་ཡུལ་བདེན་པ་བཞི་དང་། བདེན་པ་གཉིས་ཀྱི་རྣམ་གཞག་དང་། ལམ་དེ་ལ་འཇུག་པའི་ཚུལ་དང་། དེ་ལ་གནས་པའི་གང་ཟག་གི་རྣམ་གཞག་དང་། དེའི་ཐོབ་བྱ་འབྲས་བུའི་རྣམ་གཞག་རྣམས་རིམ་པ་བཞིན་སྟོན་པ་ནི་གནས་དྲུག་པའོ། །གནས་དྲུག་པར་བཟོད་པ་དང་། ཤེས་པ་དང་ལྟ་བ་ཞེས་པ་མང་དུ་གསུངས་པ་ལས་འཕྲོས་ནས་བཟོད་ཤེས་ལྟ་བའི་ཁྱད་པར་དང་། བྱེ་བྲག་ཏུ་ཤེས་པ་ལ་བཅུར་དབྱེ་བ་དང་། ཤེས་པས་བསྡུས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་སྟོན་པ་ནི་གནས་བདུན་པའོ། །དེ་དག་ལས་འཕྲོས་ནས་འོ་ན་ཤེས་པས་མ་བསྡུས་པའི་ཡོན་ཏན་ཡང་ཡོད་དམ་ཞེ་ན། ཤེས་པས་མ་བསྡུས་པའི་ཡོན་ཏན་ནི་བསམ་གཏན་བཞི། གཟུགས་མེད་བཞི། ཚད་མེད་བཞི། རྣམ་ཐར། ཟད་པར། ཟིལ་གནོན་རྣམས་ཡིན་ནོ་ཞེས་པ་ནི་གནས་བརྒྱད་པས་བསྟན་ཏོ། །དཔལ་ཤེས་རབ་གྲགས་ཀྱིས་སྦྱར་བ་ལས་འདི་ལྟར་འབྱུང་སྟེ། ཐར་པ་འདོད་ཉིད་ལ། །ཐར་པ་ཐོབ་བྱ་ནི། །ཕྲ་རྒྱས་སྤང་དགོས་ཏེ། །ཕྲ་རྒྱས་སྤོང་བ་ལ། །གཉེན་པོ་ལམ་བསྐྱེད་འཚལ། །གཉེན་པོ་ལམ་བསྐྱེད་ལ། །དམིགས་ལ་རྟེན་བསྐྱེད་པས། །དམིགས་པ་ཤེས་པར་བྱ། །དམིགས་པ་རྣམ་གཉིས་ཏེ། །ཟག་བཅས་ཟག་མེད་ཆོས། །དེ་ཉིད་བསྟན་པའི་ཕྱིར། །ཕུང་པོ་སྐྱེ་མཆེད་དང་། །ཁམས་རྣམས་རབ་སྟོན་པའི། །མཛོད་ཉིད་དང་པོར་བསྟན། །ཁམས་བསྟན་མཛོད་ཉིད་ལས། །དབང་པོའི་མིང་ཙམ་སྨོས། །དེ་ཡི་དབྱེ་བ་དག །རྒྱས་པར་དཔྱད་ཕྱིར་དང་། །གཞན་ཡང་དེ་ཉིད་ལས། །འདུས་བྱས་ཆོས་རྣམས་ཀྱི། །མཚན་ཉིད་སོ་སོར་བསྟན། །དེ་དག་སྐྱེ་བའི་ཚུལ། །རྒྱུ་དང་རྐྱེན་རྣམས་དང་། །འབྲས་བུར་བཅས་པ་དག །རབ་ཏུ་བསྟན་པའི་ཕྱིར། །དབང་པོ་བསྟན་པའི་མཛོད། དེ་ཡི་འོག་ཏུ་བསྟན། །དབང་པོའི་མཛོད་ཉིད་ལས། །ཁམས་གསུམ་ངེས་པ་ཡི། །སེམས་དང་སེམས་བྱུང་དང་། །དབང་པོའི་དབྱེ་བ་བྱས། །ཁམས་གསུམ་མ་བསྟན་པས། །དེ་ཉིད་བསྟན་པའི་ཕྱིར། །འཇིག་རྟེན་བསྟན་པའི་མཛོད། །དེ་ཡི་འོག་ཏུ་བསྟན། །མུ་སྟེགས་ལོག་རྟོག་ཀྱིས། །སེམས་ཅན་འདི་ལྟར་རྟོག །གལ་ཏེ་བསྐྱེད་པའི་རྒྱུ། །བདག་ཅིག་ཡོད་ལྟ་ན། །ཕྱི་ནང་སྣོད་བཅུད་ཀྱི། །འཇིག་རྟེན་སྣ་ཚོགས་དག །དེ་ལས་སྐྱེ་འགྱུར་ན། །བྱེད་པའི་བདག་མེད་ན། །དེ་དག་ཅི་ལས་སྐྱེ། །སྙམ་དུ་ཐེ་ཚོམ་ཟ། །དེ་ཕྱིར་དེ་དག་གི །ཐེ་ཚོམ་བསལ་ཕྱིར་དང་། །མངོན་པས་མདོ་འཆད་པས། །མདོ་ལས་བྱུང་བ་ཡི། །ལས་རྣམས་བསྟན་པའི་ཕྱིར། །ཤུན་བཅས་འབྲས་སོགས་ཀྱིས། །འདུལ་བ་ལས་བསྟན་མཛོད། །དེ་ཡི་འོག་ཏུ་བསྟན། །དེ་དག་དེ་ལྟ་བུའི། །ལས་དེའི་རྣམ་སྨིན་གྱིས། །ཡང་སྲིད་ཕྱི་མ་ཡི། །རྣམ་སྨིན་འགྲུབ་ངེས་པ། །ཕྲ་རྒྱས་དབང་གིས་བྱུང་། །དེ་བས་ཕྲ་རྒྱས་ཀྱི། །མཚན་ཉིད་བསྟན་པའི་ཕྱིར། །ཀླུ་ལ་སོགས་པ་དང་། །འདྲ་བའི་ཕྲ་རྒྱས་མཛོད། །དེ་ཡི་འོག་ཏུ་བསྟན། །ཕྲ་རྒྱས་མཛོད་ཉིད་ལས། །བདེན་པ་རྣམ་བཞིའི་དོན། །མཐོང་དང་སྒོམ་པ་ཡིས། །མཐོང་སྤང་སྒོམ་སྤང་གཉིས། །རིམ་བཞིན་སྤོང་བར་བཤད། །མཐོང་སྒོམ་ལམ་ཉིད་ཀྱི། །རང་བཞིན་མ་བསྟན་པས། །དེ་ཉིད་བསྟན་པའི་ཕྱིར། །གང་ཟག་བསྟན་པའི་མཛོད། །དེ་ཡི་འོག་ཏུ་བསྟན། །ལམ་དང་གང་ཟག་དག །བསྟན་པའི་མཛོད་ཉིད་ལས། །ཤེས་པ་རྣམ་བཞི་བཤད། །དེ་ཡི་དབྱེ་བ་དག །རྒྱས་པར་བཤད་པའི་ཕྱིར། །ཡེ་ཤེས་བསྟན་པའི་མཛོད། །དེ་ཡི་འོག་ཏུ་བསྟན། །ཡེ་ཤེས་མཛོད་ཉིད་ལས། །དེ་བཞིན་གཤེགས་པ་ལ། །ཡོན་ཏན་རྣམ་གཉིས་བསྟན། །ཐུན་མོང་ཡོན་ཏན་དང་། །ཐུན་མོང་མ་ཡིན་པའོ། །ཐུན་མོང་ཡོན་ཏན་ནི། །ཉོན་མོངས་མེད་སྨོན་ཤེས། །སོ་སོ་ཡང་དག་པར། །རིག་པ་རྣམ་བཞི་དང་། །མངོན་པར་ཤེས་པ་དང་། །བསམ་གཏན་གཟུགས་མེད་དང་། །ཚད་མེད་རྣམ་ཐར་དང་། །ཟད་པར་ལ་སོགས་པ། །དེ་དག་བསྟན་པའི་ཕྱིར། །སྙོམས་འཇུག་བསྟན་པའི་མཛོད། །དེ་ཡི་འོག་ཏུ་བསྟན། །ཞེས་སོ། །བཤད་པ་སྔོན་འགྲོ་རྒྱ་སྟག་ཁྲ་བོའི་གཞུང་རིས་བཤད་ཟིན་ཏོ།། །།ད་ནི་དཀྱུས་ཀྱི་ས་བཅད་པ་རུས་སྦལ་རྒྱ་བོའི་བཞི་འགྲོས་བཤད་པར་བྱ་སྟེ། འདི་ལ་གསུམ། སྒྱུར་བྱེད་དམ་པའི་ཀླད་ཀྱི་དོན། །རྩོམ་བྱེད་དམ་པའི་གཞུང་གི་དོན། །བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་ཏོ། །དང་པོ་ལ་གཉིས། མཚན་གྱི་དོན།་་་་་རྒྱ་གར། འགྱུར་གྱི་ཕྱག་གོ་་་་་འཇམ་དཔལ། །གཉིས་པ་ལ་གསུམ་སྟེ། གཞུང་དོན་ལ་འཇུག་པའི་ཡན་ལག གཞུང་དོན་ཆོས་མངོན་པའི་ཡུལ་བཤད་པ། གཞུང་དོན་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་བཞི་སྟེ། མཆོད་པར་བརྗོད་པ།་་་་་གང་ཞིག བཤད་པར་དམ་བཅའ་བ།་་་་་ཆོས་མངོན། བཤད་བྱའི་མཚན་དོན། མཚན་ལྡན་གཞུང་གི་དགོས་འབྲེལ་ལོ། །གསུམ་པ་ལ་གཉིས་ཏེ། ཆོས་མངོན་པའི་དོན།་་་་་ཆོས་མངོན། མཛོད་ཀྱི་དོན།་་་་་འདིར་དེ། བཞི་པ་ལ་གཉིས་ཏེ། དགོས་འབྲེལ་དངོས།་་་་་ཆོས་རྣམས། དང་པོར་སུས་བསྟན་པའོ།་་་་་འདི་ནི། །གཉིས་པ་གཞུང་དོན་ཆོས་མངོན་པའི་ཡུལ་བཤད་པ་ལ་གཉིས་ཏེ། མདོར་བསྟན།་་་་་ཟག་བཅས། རྒྱས་པར་བཤད་པའོ། །འདི་ལ་གསུམ། ཟག་བཅས་བཤད།་་་་་ལམ་མ། ཟག་མེད་བཤད། དེ་དག་གཏན་ལ་དབབ་པའོ། །གཉིས་པ་ལ་གཉིས། ཟག་མེད་སྤྱིར་བསྟན།་་་་་ཟག་མེད། འདུས་མ་བྱས་བྱེ་བྲག་ཏུ་བཤད་པའོ།་་་་་དེ་ལ། །གསུམ་པ་ལ་གནས་བརྒྱད་ལས། དང་པོ་ཁམས་བསྟན་པའི་གནས་ལ་གསུམ་སྟེ། འདུས་བྱས་ཕུང་པོར་བསྟན་པ་རྣམ་གྲངས་དང་བཅས་པ། ཕུང་ཁམས་སྐྱེ་མཆེད་རྒྱས་པར་བཤད་པ། ཁམས་ཀྱི་རྣམ་པའི་རབ་དབྱེ་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ།་་་་་འདུས་བྱས། རྣམ་གྲངས་སོ། །འདི་ལ་གཉིས་ཏེ། འདུས་བྱས་སྤྱིའི་རྣམ་གྲངས།་་་་་དེ་དག བྱེ་བྲག་ཟག་བཅས་ཀྱི་རྣམ་གྲངས་སོ།་་་་་གང་དག །གཉིས་པ་ལ་ལྔ་སྟེ། ཕུང་པོ་གཙོ་བོར་བྱས་པའི་ཆོས་གསུམ་གྱི་རྣམ་བཞག ཆོས་གསུམ་སོ་སོའི་སྒྲ་དོན།་་་་་སྤུང་དང་། ཆོས་གསུམ་བསྟན་པའི་དགོས་པ།་་་་་རྨོངས་དབང་། དེ་དག་ངེས་པའི་རྒྱུ་མཚན། མིང་ཅན་གཞན་ཡང་དེར་བསྡུ་བའོ། །དང་པོ་ལ་གསུམ་སྟེ། སོ་སོར་བཤད་པ། གསུམ་དུ་བསྡུ་བ།་་་་་ཕུང་པོ། མིག་ལ་སོགས།་་་་་ཁམས་མང་བར་ཐལ་བ་སྤང་བའོ། །དང་པོ་ལ་གསུམ་སྟེ། གཟུགས་ཕུང་གཙོ་བོར་བྱས་པའི་ཆོས་གསུམ། ཕུང་པོ་བར་པ་གསུམ་གཙོ་བོར་བྱས་པའི་ཆོས་གསུམ། རྣམ་ཤེས་ཀྱི་ཕུང་པོ་གཙོ་བོར་བྱས་པའི་ཆོས་གསུམ་མོ། །དང་པོ་ལ་གཉིས་ཏེ། གཟུགས་ཕུང་གི་ངོ་བོ། དབང་དོན།་་་་་དེ་ལས་ཕྱུངས་ཏེ་གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་དུ་བཞག་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན།་་་་་གཟུགས་ནི། རྒྱས་པར་བཤད་པའོ། །འདི་ལ་གསུམ་སྟེ། དབང་པོ་ལྔ་མཚན་ཉིད་ཀྱི་སྒོ་ནས་བཤད།་་་་་དེ་དག དོན་ལྔ་དབྱེ་བའི་སྒོ་ནས་བཤད།་་་་་གཟུགས་རྣམས། རིགས་བྱེད་མིན་པ་ངོ་བོའི་སྒོ་ནས་བཤད་པའོ། །འདི་ལ་གཉིས་ཏེ། དངོས་ཀྱི་དོན།་་་་་གཡེངས་དང་། ཞར་ལ་རྒྱུ་འབྱུང་བ་བཤད་པའོ། །འདི་ལ་བཞི་སྟེ། དབྱེ་བ།་་་་་འབྱུང་བ། བྱེད་ལས།་་་་་འཛིན་པ། མཚན་ཉིད།་་་་་སྲ་གཤེར། འབྱུང་བ་དང་ཁམས་ཀྱི་ཁྱད་པར་རོ།་་་་་འཇིག་རྟེན་གྱི། །གཉིས་པ་ལ་གཉིས་ཏེ། ཕུང་པོ་བར་པ་གསུམ་གྱི་ངོ་བོ།་་་་་ཚོར་བ། དེ་གསུམ།་་་་་དེ་དག་གཞན་དང་བཅས་ཏེ་ཆོས་ཀྱི་ཁམས་དང་སྐྱེ་མཆེད་དུ་བཞག་པའོ། །གསུམ་པ་ལ་གཉིས་ཏེ། རྣམ་ཤེས་ཀྱི་ཕུང་པོའི་ངོ་བོ།་་་་་རྣམ་ཤེས། དེ་ལས་ཕྱུངས་ཏེ་སེམས་ཀྱི་སྐྱེ་མཆེད་དང་ཁམས་སུ་བཞག་པའོ།་་་་་ཡིད་ཀྱི། །བཞི་པ་དེ་དག་ངེས་པའི་རྒྱུ་མཚན་ལ་བཞི་སྟེ། སེམས་བྱུང་ལས་ཚོར་འདུ་ཕུང་པོ་ལོགས་སུ་སྟོན་པའི་རྒྱུ་མཚན།་་་་་རྩོད་པའི། འདུས་མ་བྱས་ཕུང་པོར་མི་འཇོག་པའི་རྒྱུ་མཚན།་་་་་ཕུང་པོ། ཕུང་ཁམས་སྐྱེ་མཆེད་ཀྱི་གོ་རིམ་ངེས་ཚུལ། གཟུགས་དང་ཆོས་ཀྱི་སྐྱེ་མཆེད་གཉིས་བྱེ་བྲག་ལ་བཞག་པའི་རྒྱུ་མཚན་ནོ།་་་་་བྱེ་བྲག །གསུམ་པ་ལ་གཉིས་ཏེ། ཕུང་པོའི་གོ་རིམ།་་་་་རིམ་ནི། སྐྱེ་མཆེད་དང་ཁམས་ཀྱི་གོ་རིམ་མོ།་་་་་ད་ལྟའི། །ལྔ་པ་མིང་ཅན་གཞན་ཡང་དེར་བསྡུ་བ་ལ་གསུམ་སྟེ། ཕུང་པོའི་མིང་ཅན་ཕུང་པོར་བསྡུ་བ། ཕུང་ཁམས་སྐྱེ་མཆེད་ཀྱི་མིང་ཅན་གཞན་ཡང་བསྡུ་བ།་་་་་དེ་བཞིན། ཞར་ལ་ཁམས་གཉིས་ཀྱི་ངོ་བོའོ།་་་་་བུ་ག །དང་པོ་ལ་གཉིས་ཏེ། ཆོས་ཕུང་གཟུགས་དང་འདུ་བྱེད་དུ་བསྡུ་བ།་་་་་ཆོས་ཀྱི། ཞར་ལ་ཆོས་ཕུང་གི་ཚད་བསྟན་པའོ།་་་་་ཁ་ཅིག །གསུམ་པ་ཁམས་ཀྱི་རྣམ་པའི་རབ་དབྱེ་བཤད་པ་ལ་བདུན་ཏེ། གཉིས་ཚན། གསུམ་ཚན། བཅས་མ་བཅས། གཟུགས་ཅན་གྱི་དབྱེ་བ། བྱུང་བ་གསུམ། ཐོབ་པའི་ཁྱད་པར།་་་་་མིག་དང་། ཕྱི་ནང་ལ་སོགས་པའི་དབྱེ་བའོ། །དང་པོ་ལ་གཉིས་ཏེ། བསྟན་ཡོད་བསྟན་མེད།་་་་་བསྟན་ཡོད། ཐོགས་བཅས་ཐོགས་མེད་དོ།་་་་་ཐོགས་དང་། །གཉིས་པ་ལ་གཉིས་ཏེ། དགེ་སོགས་གསུམ་གྱི་ཁྱད་པར།་་་་་ལུང་མ། ཁམས་གསུམ་གྱི་ཁྱད་པར་རོ།་་་་་འདོད་ཁམས། །གསུམ་པ་ལ་གསུམ་སྟེ། ཟག་བཅས་ཟག་མེད།་་་་་དེ་གསུམ། རྟོགས་བཅས་དཔྱོད་བཅས།་་་་་རྟོགས། དམིགས་བཅས་དམིགས་མེད་དོ།་་་་་དམིགས་བཅས། །བཞི་པ་ལ་བཞི་སྟེ། ཟིན་མ་ཟིན།་་་་་མ་ཟིན། འབྱུང་བ་འབྱུང་འགྱུར།་་་་་རེག་བྱ། བསགས་མ་བསགས།་་་་་གཟུགས་ཅན། གཅོད་བྱེད་གཅད་བྱ་སོགས་སོ།་་་་་གཅོད་བྱེད། །ལྔ་པ་ལ་གཉིས་ཏེ། སྤྱིར་བཏང་།་་་་་རྣམ་སྨིན། དམིགས་ཀྱིས་བསལ་བའོ།་་་་་རྫས་དང་། །བདུན་པ་ཕྱི་ནང་སོགས་ཀྱི་དབྱེ་བ་ལ་བདུན། ཕྱི་ནང་གི་དབྱེ་བ།་་་་་ནང་གི རྟེན་བཅས་དེ་མཚུངས།་་་་་ཆོས་ཞེས། མཐོང་སྤང་སོགས་ཀྱི་བྱེ་བྲག ལྟ་བ་ལྟ་མིན་གྱི་བྱེ་བྲག རྣམ་ཤེས་གང་གིས་ཤེས་པར་བྱ་བ།་་་་་གཉིས་ཀྱི། རྟག་མི་རྟག་གི་དབྱེ་བ།་་་་་འདུས་མ། དབང་པོ་ཡིན་མིན་གྱི་དབྱེ་བའོ།་་་་་གང་དག །གསུམ་པ་ལ་གཉིས་ཏེ། དངོས་དང་།་་་་་བཅུ་ནི། རྩོད་པ་སྤང་བའོ།་་་་་ཉོན་མོངས། །བཞི་པ་ལ་གཉིས་ཏེ། དངོས་དང་།་་་་་མིག་དང་། དེ་ལས་འཕྲོས་པའོ། །འདི་ལ་བདུན་ཏེ། སྒོ་ལྔའི་ཤེས་པ་ལྟ་བར་འདོད་པ་དགག་་་་་རྣམ་ཤེས། རྟེན་བཅས་ཀྱི་མིག་ལྟ་བར་བསྒྲུབ།་་་་་མིག་གིས། དབང་པོས་ཡུལ་འཛིན་པའི་ཚུལ། རྟེན་གྱི་དུས་ངེས་པ།་་་་་ཐ་མའི། དབང་པོ་རྟེན་དུ་འཇོག་པའི་ཚུལ།་་་་་དེ་དག དབང་ཤེས་བརྟེན་པར་འདོད་པའི་རྒྱུ་མཚན།་་་་་དེ་ཕྱིར། རྟེན་སོགས་བཞིའི་ས་མཚུངས་པའི་ཁྱད་པར་རོ། །གསུམ་པ་ལ་གསུམ་སྟེ། མིག་གཉིས་ཀས་མཐོང་བ།་་་་་མིག་ནི། ཕྲད་མ་ཕྲད་ཀྱི་འཛིན་ཚུལ།་་་་་མིག་དང་། མཉམ་མི་མཉམ་གྱི་འཛིན་ཚུལ་ལོ།་་་་་སྣ་ལ་སོགས། །བདུན་པ་ལ་བཞི་སྟེ། མིག་སོགས་བཞིའི་ཁྱད་པར།་་་་་ལུས་ལ། རྣ་བའང་དེ་དང་མཐུན་པར་བསྟན་པ།་་་་་རྣ་བའང་། སྣ་སོགས་གསུམ་གྱི་ངེས་པ།་་་་་གསུམ་ངག ཡིད་མ་ངེས་པར་བསྟན་པའོ།་་་་་ཡིད་མ། །གཉིས་པ་དབང་པོ་བསྟན་པ་ལ་གསུམ་སྟེ། སྐབས་དོན་དབང་པོའི་རང་བཞིན། འདུས་བྱས་ཆོས་ཀྱི་སྐྱེ་ཚུལ། སྐྱེད་བྱེད་རྒྱུ་རྐྱེན་འབྲས་བུ་དང་བཅས་པའོ། །དང་པོ་ལ་དྲུག་སྟེ། དབང་པོའི་རྣམ་གཞག རྣམ་པའི་རབ་དབྱེ། རྙེད་པའི་ཚུལ།་་་་་འདོད་པར། གཏོང་བའི་ཚུལ།་་་་་གཟུགས་མེད། དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་འཐོབ་པ།་་་་་འབྲས་བུ། དབང་པོའི་ལྡན་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དབང་སྒྱུར་བའི་སྒོ་ནས་ངོ་བོ་བཤད། དབང་བསྒྱུར་བྱའི་སྒོ་ནས་གྲངས་ངེས་བཤད། སྐབས་སུ་བབ་པའི་དབང་པོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས།་་་་་ལྔ་པོ། མདོ་སྡེ་པའི་ལུགས་སོ།་་་་་རང་གི །གཉིས་པ་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས།་་་་་སེམས་ཀྱི། ཡང་ན།་་་་་མདོ་སྡེ་པའི་ལུགས་སོ། །གསུམ་པ་ལ་གཉིས་ཏེ། ཚོར་བ་ལྔའི་ངོ་བོ།་་་་་ལུས་ཚོར། དྲི་མེད་གསུམ་གྱི་ངོ་བོའོ།་་་་་མཐོང་སྒོམ། །གཉིས་པ་ལ་དྲུག་སྟེ། ཟག་བཅས་ཟག་མེད།་་་་་གསུམ་ནི། རྣམ་སྨིན་ཡིན་མིན།་་་་་སྲོག་ནི། རྣམ་སྨིན་དང་བཅས་མ་བཅས།་་་་་དེ་གཅིག་ནི། དགེ་སོགས་གསུམ་གྱི་ཁྱད་པར།་་་་་དགེ་བ། ཁམས་གསུམ་གྱི་ཁྱད་པར།་་་་་དྲི་མེད། སྤང་བྱ་དང་སྤང་བྱ་མ་ཡིན་པའི་དབྱེ་བའོ།་་་་་ཡིད་དང་། །དྲུག་པ་ལ་གསུམ་སྟེ། ངེས་ལྡན་་་་་་བཏང་སྙོམས། ཉུང་ལྡན།་་་་་དགེ་མེད། མང་ལྡན་ནོ།་་་་་མང་པོར། །གཉིས་པ་འདུས་བྱས་ཆོས་ཀྱི་སྐྱེ་ཚུལ་ལ་གཉིས་ཏེ། གཟུགས་ཅན་གྱི་སྐྱེ་ཚུལ་དང་།་་་་་འདོད་ན། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལོ། །འདི་ལ་གཉིས་ཏེ། མདོར་བསྟན།་་་་་སེམས་དང་། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། སེམས་དང་མཚུངས་ལྡན་གྱི་སྐྱེ་ཚུལ། མི་ལྡན་པའི་འདུ་བྱེད་ཀྱི་སྐྱེ་ཚུལ་ལོ། །དང་པོ་ལ་བཞི་སྟེ། ངེས་པ་ལས་བརྩམས་པའི་སྡེ་ཚན། མ་ངེས་པ་དང་བཅས་པའི་མཚུངས་ལྡན། གཅིག་པ་ལྟ་བུའི་ཐ་དད། ཐ་དད་ལྟ་བུའི་གཅིག་པའོ།་་་་་སེམས་དང་། །དང་པོ་ལ་གཉིས་ཏེ། མདོར་བསྟན།་་་་་སེམས་བྱུང་། རྒྱས་པར་བཤད་པའོ། །འདི་ལ་ལྔ་སྟེ། སེམས་ཀྱི་ས་མང་པོ་པ།་་་་་ཚོར་དང་། དགེ་བའི་ས་མང་པོ་པ།་་་་་དད་དང་། ཉོན་མོངས་པའི་ས་མང་པོ་པ།་་་་་རྨོངས་དང་། མི་དགེ་བའི་ས་མང་པོ་པ།་་་་་མི་དགེ ཉོན་མོངས་ཆུང་ངུའི་ས་པའོ།་་་་་ཁྲོ་བ། །གཉིས་པ་ལ་གཉིས་ཏེ། འདོད་པའི་མཚུངས་ལྡན།་་་་་འདོད་པའི། ཁམས་གོང་མའི་མཚུངས་ལྡན་ནོ།་་་་་དེ་ལས། །གསུམ་པ་ལ་བཞི་སྟེ། ངོ་ཚ་མེད་པ་དང་ཁྲེལ་མེད་ཀྱི་ཁྱད་པར།་་་་་མ་གུས། དགའ་བ་དང་གུས་པའི་ཁྱད་པར།་་་་་དགའ་བ། རྟོག་པ་དང་དཔྱོད་པའི་ཁྱད་པར།་་་་་རྟོག་དང་། ང་རྒྱལ་དང་རྒྱགས་པའི་ཁྱད་པར་རོ།་་་་་ང་རྒྱལ། །གཉིས་པ་མི་ལྡན་པའི་འདུ་བྱེད་ལ་གསུམ་སྟེ། མདོར་བསྟན།་་་་་མི་ལྡན། རྒྱས་པར་བཤད་པ། ཆོས་ཀྱི་ཁྱད་པར་གཞན་བསྟན་པས་མཇུག་བསྡུ་བའོ།་་་་་དེ་བཞིན། །གཉིས་པ་ལ་བདུན་ཏེ། ཐོབ་མ་ཐོབ། སྐལ་མཉམ།་་་་་སྐལ་མཉམ། འདུ་ཤེས་མེད་པ།་་་་་འདུ་ཤེས། སྙོམས་འཇུག་གཉིས། སྲོག་་་་་སྲོག མཚན་ཉིད།་་་་་མཚན་ཉིད། མིང་གི་ཚོགས་ལ་སོགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐོབ་མ་ཐོབ་ཀྱི་ངོ་བོ།་་་་་ཐོབ་དང་། དེ་དག་གང་གི་ཡིན་པ།་་་་་ཐོབ་དང་། དེ་དག་གི་ཆོས་ཀྱི་ཁྱད་པར་རོ། །འདི་ལ་གཉིས་ཏེ། ཐོབ་པའི་ཆོས་ཀྱི་ཁྱད་པར།་་་་་དུས་གསུམ། མ་ཐོབ་པའི་ཆོས་ཀྱི་ཁྱད་པར་རོ།་་་་་མ་ཐོབ། །བཞི་པ་ལ་གཉིས་ཏེ། ངོ་བོ་སོ་སོར་བཤད། རྟེན་ཐུན་མོང་དུ་བསྟན་པའོ།་་་་་གཉིས་ཀ །དང་པོ་ལ་གཉིས་ཏེ། འདུ་ཤེས་མེད་པའི་སྙོམས་འཇུག འགོག་པའི་སྙོམས་འཇུག་གོ །དང་པོ་ལ་བདུན་ཏེ། དགག་བྱ།་་་་་དེ་བཞིན། ས།་་་་་བསམ་གཏན། ཡིད་བྱེད།་་་་་འབྱུང་འདོད། ངོ་བོ།་་་་་དགེ་བ། མྱོང་འགྱུར།་་་་་སྐྱེ་གནས། གང་ཟག་་་་་འཕགས་པའི། ཐོབ་ཚུལ་ལོ།་་་་་དུས་གཅིག །གཉིས་པ་ལ་བདུན་ཏེ། དགག་བྱ།་་་་་འགོག་པ། ཡིད་བྱེད།་་་་་འདི་གནས། ས།་་་་་སྲིད་རྩེ། ངོ་བོ།་་་་་དགེ་བ། མྱོང་འགྱུར།་་་་་གཉིས་སུ། གང་ཟག་་་་་འཕགས་པའི། ཐོབ་ཚུལ་ལོ།་་་་་སྦྱོར་བས། །བདུན་པ་ལ་གཉིས་ཏེ། ཚོགས་གསུམ་གྱི་ངོ་བོ།་་་་་མིང་གི ཆོས་ཀྱི་ཁྱད་པར་རོ།་་་་་འདོད་དང་། །གསུམ་པ་སྐྱེད་བྱེད་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པ་ལ་གཉིས་ཏེ། རྒྱུ་འབྲས་བཤད་པ། རྐྱེན་བཤད་པའོ། །དང་པོ་ལ་གསུམ་སྟེ། རྒྱུ་དྲུག་བཤད་པ། འབྲས་བུ་ལྔ་བཤད་པ། རྒྱུ་འབྲས་ཐུན་མོང་གི་ཆོས་སོ། །དང་པོ་ལ་གསུམ་སྟེ། དབྱེ་བ། བྱེད་རྒྱུ། སོ་སོའི་རང་བཞིན། དུས་ངེས་པས་མཇུག་བསྡུ་བའོ།་་་་་ཀུན་འགྲོ། །གཉིས་པ་ལ་དྲུག་སྟེ། བྱེད་རྒྱུ།་་་་་རང་ལས། ལྷན་ཅིག་འབྱུང་བའི་རྒྱུ།་་་་་ལྷན་ཅིག སྐལ་མཉམ་གྱི་རྒྱུ།་་་་་སྐལ་མཉམ། མཚུངས་ལྡན་གྱི་རྒྱུ།་་་་་མཚུངས་ལྡན། ཀུན་འགྲོའི་རྒྱུ།་་་་་ཀུན་འགྲོ། རྣམ་སྨིན་གྱི་རྒྱུའོ།་་་་་རྣམ་སྨིན། །གཉིས་པ་འབྲས་བུ་ལྔ་བཤད་པ་ལ་གཉིས་ཏེ། མདོར་བསྟན།་་་་་འདུས་བྱས། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། རྒྱུ་གང་གི་འབྲས་བུ་གང་ཡིན་པ།་་་་་རྣམ་སྨིན། འབྲས་བུ་ལྔ་པོ་སོ་སོའི་ངོ་བོའོ། །འདི་ལ་ལྔ་སྟེ། རྣམ་སྨིན་གྱི་འབྲས་བུ།་་་་་རྣམ་སྨིན། རྒྱུ་མཐུན་གྱི་འབྲས་བུ།་་་་་རྒྱུ་མཐུན། བྲལ་བའི་འབྲས་བུ།་་་་་བྲལ་བ། སྐྱེས་བུའི་བྱེད་པའི་འབྲས་བུ།་་་་་གང་གིས། བདག་པོའི་འབྲས་བུའོ།་་་་་སྔོན་བྱུང་། །གསུམ་པ་རྒྱུ་འབྲས་ཐུན་མོང་གི་ཆོས་ལ་གཉིས་ཏེ། རྒྱུས་འབྲས་བུ་འཛིན་འབྱིན་གྱི་དུས་དང་།་་་་་ལྔ་པོ། འབྲས་བུ་གང་རྒྱུ་གང་ལས་སྐྱེས་དཔྱད་པའོ།་་་་་ཉོན་མོངས། །གཉིས་པ་རྐྱེན་བཤད་པ་ལ་གཉིས་ཏེ། མདོར་བསྟན།་་་་་རྐྱེན་ནི། རྒྱས་པར་བཤད་པའོ། །འདི་ལ་བཞི་སྟེ། རྐྱེན་བཞི་སོ་སོའི་རང་བཞིན། རྐྱེན་གང་དུས་གང་ལ་བྱ་བ་བྱེད་པ།་་་་་རྒྱུ་གཉིས། དངོས་པོ་གང་རྐྱེན་དུ་ལས་སྐྱེ་བ།་་་་་བཞི་ཡིས། དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི་སྟེ། རྒྱུའི་རྐྱེན།་་་་་རྒྱུ་ཞེས། དེ་མ་ཐག་པའི་རྐྱེན།་་་་་སེམས་དང་། དམིགས་པའི་རྐྱེན།་་་་་དམིགས་པ། བདག་པོའི་རྐྱེན་ནོ།་་་་་བྱེད་རྒྱུ། །བཞི་པ་ལ་གསུམ་སྟེ། སེམས་བཅུ་གཉིས་ཀྱི་དེ་མ་ཐག་རྐྱེན་སྐྱེ་ཚུལ། དེའི་སེམས་ཉི་ཤུར་བཤད་པ།་་་་་བཅུ་གཉིས། སེམས་བཅུ་གཉིས་གང་ལ་དུར་རྙེད་པའོ།་་་་་ཁམས་གསུམ། །དང་པོ་ལ་གཉིས་ཏེ། སེམས་བཅུ་གཉིས་སུ་དབྱེ་བ།་་་་་འདོད་ཡིད། དེ་མ་ཐག་རྐྱེན་བྱེད་པའི་ཚུལ་ལོ། །འདི་ལ་གཉིས་ཏེ། ཟག་བཅས་ཀྱི་དབང་དུ་བྱས་པ། ཟག་མེད་ཀྱི་དབང་དུ་བྱས་པའོ། །དང་པོ་ལ་གསུམ་སྟེ། འདོད་པའི་སེམས་ཀྱི།་་་་་འདོད་སེམས། གཟུགས་ཀྱི་སེམས་ཀྱི།་་་་་གཟུགས་ན། གཟུགས་མེད་པའི་སེམས་ཀྱི་དབང་དུ་བྱས་པའོ།་་་་་གཟུགས་མེད། །གཉིས་པ་ལ་གཉིས་ཏེ། སློབ་པའི་དབང་དུ་བྱས་པ།་་་་་སློབ་པ། མི་སློབ་པའི་དབང་དུ་བྱས་པའོ།་་་་་མི་སློབ། །གསུམ་པ་འཇིག་རྟེན་བསྟན་པ་ལ་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན། སྣོད་ཀྱི་འཇིག་རྟེན་ནོ། །དང་པོ་ལ་ལྔ། སེམས་ཅན་སྐྱེ་བ་པོ་འགྲོ་བའི་དབྱེ་བ། སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན། སྐྱེས་པ་གནས་པའི་རྟེན། གནས་པ་འཆི་འཕོ་བའི་སེམས། སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བའོ།་་་་་འཕགས་དང་། །དང་པོ་ལ་གསུམ་སྟེ། ཁམས་གསུམ་དུ་དབྱེ་བ། འགྲོ་བ་ལྔར་དབྱེ་བ། སྐྱེ་གནས་བཞིར་དབྱེ་བའོ། །དང་པོ་ལ་གསུམ་སྟེ། འདོད་པའི་དབྱེ་བ།་་་་་དམྱལ་བ། གཟུགས་ཀྱི་དབྱེ་བ།་་་་་གོང་མའི། གཟུགས་མེད་ཀྱི་དབྱེ་བའོ།་་་་་གཟུགས་མེད། །གཉིས་པ་ལ་གསུམ་སྟེ། དབྱེ་བ་དངོས།་་་་་དེར་ནི། དེའི་རང་བཞིན།་་་་་ཉོན་མོངས། དེ་དག་གི་ཁྱད་པར་བསྟན་པའོ། །འདི་ལ་བཞི་སྟེ། རྣམ་ཤེས་གནས་པ་བདུན་བཤད་པ།་་་་་ལུས་དང་། སེམས་ཅན་གྱི་གནས་དགུ་བཤད་པ།་་་་་སྲིད་རྩེ། རྣམ་ཤེས་གནས་པ་བཞི་བཤད་པ།་་་་་གནས་པ། བདུན་དང་བཞིའི་མུ་བཞི་བཤད་པའོ།་་་་་བསྡུ་ན། །གསུམ་པ་སྐྱེ་གནས་བཞིར་དབྱེ་བ་ལ་གསུམ་སྟེ། གང་དུ་འཇུག་པའི་སྐྱེ་གནས་ཀྱི་དབྱེ་བ།་་་་་དེར་ནི། གང་གིས་འཇུག་པའི་བར་སྲིད་བཤད་པ། དེ་ཉིད་སྐྱེ་གནས་སུ་འཇུག་པའི་ཚུལ་ལོ། །གཉིས་པ་ལ་གསུམ་སྟེ། བར་སྲིད་ཀྱི་ངོ་བོ།་་་་་འདིར་གང་། དེའི་སྒྲུབ་བྱེད། དེ་ཉིད་གཏན་ལ་དབབ་པའོ།་་་་་དེ་ནི། །གཉིས་པ་ལ་གཉིས་ཏེ། རིགས་པའི་སྒྲུབ་བྱེད་དང་།་་་་་འབྲུ་ཡི། ལུང་གི་སྒྲུབ་བྱེད་དོ།་་་་་མགུར་ནས། །གསུམ་པ་དེ་ཉིད་སྐྱེ་གནས་སུ་འཇུག་པའི་ཚུལ་ལ་གསུམ་སྟེ། བསམ་པ་གང་གིས་འཇུག་ཚུལ།་་་་་བློ་ནི། དབྱིབས་གང་གིས་འཇུག་ཚུལ།་་་་་དམྱལ་བ། མངལ་དུ་འཇུག་པའི་རབ་དབྱེའོ།་་་་་གཅིག་ནི། །གཉིས་པ་སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན་ལ་གསུམ་སྟེ། བདག་མེད་ཀྱང་ཕུང་པོ་ཉིང་མཚམས་སྦྱོར་བ།་་་་་བདག་མེད། ཕུང་པོའི་རྒྱུན་ཐོག་མ་མེད་པར་བསྟན་པ།་་་་་ཅི་ལྟར། དེ་རྟེན་འབྲེལ་བཅུ་གཉིས་སུ་བཞག་པའོ། །འདི་ལ་གསུམ་སྟེ། ཉོན་མོངས་གསུམ་གྱིས་བསྡུས་པའི་རྟེན་འབྲེལ། ཉོན་མོངས་གསུམ་པོ་དཔེས་བསྟན་པ།་་་་་འདིར་ནི། དེ་རྣམས་སྲིད་པ་བཞིར་བསྟན་པའོ།་་་་་སྲིད་པ། །དང་པོ་ལ་གཉིས་ཏེ། གནས་སྐབས་པའི་རྟེན་འབྲེལ་བསྟན། སྐབས་སུ་བབས་པའི་ངོ་བོ་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་མདོར་བསྟན།་་་་་དེར་ནི། ཡན་ལག་རྒྱས་པར་བཤད་པའོ། །འདི་ལ་བཞི་སྟེ། ཚེ་གསུམ་ལ་རྫོགས་པའི་ཚུལ། ཉོན་མོངས་པ་གསུམ་དུ་བསྡུ་བ།་་་་་ཉོན་མོངས། ཚེ་གཉིས་ཀྱིས་ཡན་ལག་མདོར་བསྡུས་པའི་རྒྱུ་མཚན།་་་་་གཉིས་ནི། ཡན་ལག་བཅུ་གཉིས་ཀྱི་གྲངས་ངེས་པའོ། །དང་པོ་ལ་ལྔ་སྟེ། ཚེ་གསུམ་ལ་བཞག་པའི་ཚུལ།་་་་་སྔོན། དེ་ལྟར་བཞག་པའི་ཡན་ལག་ངོས་བཟུང་།་་་་་མ་རིག དེ་ཉིད་གནས་སྐབས་པར་བསྟན་པ།་་་་་འདི་ནི། ཡན་ལག་གཙོ་བོའི་སྒོ་ནས་བཞག་པ།་་་་་གཙོ་བོའི། ཚེ་གསུམ་ལ་བཞག་པའི་དགོས་པའོ།་་་་་སྔོན་དང་། །བཞི་པ་ཡན་ལག་བཅུ་གཉིས་ཀྱི་གྲངས་ངེས་པ་ལ་གཉིས་ཏེ། གྲངས་ངེས་དངོས།་་་་་ཉོན་མོངས། འབྱུང་བ་དང་བྱུང་བའི་ཁྱད་པར་རོ།་་་་་འདིར་ནི། །གཉིས་པ་སྐབས་སུ་བབས་པའི་ངོ་བོ་ལ་གཉིས་ཏེ། ཡན་ལག་བཞི་དངོས་སུ་བསྟན། ལྷག་མ་བཤད་འཆད་ལ་ལྟོས་པའོ།་་་་་བཤད་དང་། །དང་པོ་ལ་བཞི་སྟེ། མ་རིག་པ། མིང་།་་་་་མིང་ནི། རེག་པ།་་་་་རེག་དྲུག ཚོར་བ་བཤད་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་ངོས་བཟུང་།་་་་་རིག་པའི། དེ་ཤེས་རབ་ངན་པར་འདོད་པ་དགག་པའོ།་་་་་གལ་ཏེ། །བཞི་པ་ལ་གཉིས་ཏེ། དབྱེ་བ་སྤྱིར་བསྟན།་་་་་དེ་ལས། སེམས་ཚོར་བྱེ་བྲག་ཏུ་བཤད་པའོ། །འདི་ལ་གསུམ་སྟེ། མདོར་བསྟན།་་་་་དེ་ཡིད། རྒྱས་པར་བཤད། དོན་བསྡུ་བའོ།་་་་་བཅོ་བརྒྱུད། །བར་པ་ལ་གསུམ་སྟེ། འདོད་པ་ན།་་་་་འདོད་ན། གཟུགས་ཁམས་ན།་་་་་བསམ་གཏན། གཟུགས་མེད་ན་དུ་ཡོད་པའོ།་་་་་གཟུགས་མེད། །གསུམ་པ་སྐྱེས་པ་གནས་པའི་རྟེན་ལ་གསུམ་སྟེ། མདོར་བསྟན།་་་་་འགྲོ་བ། རྒྱས་པར་བཤད། ཟས་བཞིར་ངེས་པས་མཇུག་བསྡུ་བའོ།་་་་་འདི་ལ། །བར་པ་ལ་གསུམ་སྟེ། ཁམ་ཟས་བཤད་པ།་་་་་ཁམ་གྱི། ཟས་ལྷག་མ་བཤད་པ།་་་་་རེག་དང་། ཞར་ལ་བར་སྲིད་ཀྱི་རྣམ་གྲངས་སོ།་་་་་ཡིད་ལས། །བཞི་པ་གནས་པ་འཆི་འཕོ་བའི་སེམས་ལ་བཞི་སྟེ། སྤྱིར་བསྟན།་་་་་འཆད། བྱེ་བྲག་ཏུ་བཤད། རྣམ་ཤེས་གང་དུ་འགག་་་་་འོག་མའི། གནད་གཅོད་པའི་རྒྱུའོ།་་་་་གནད་གཅོད། །གཉིས་པ་ལ་གསུམ་སྟེ། ཚོར་བའི་ཁྱད་པར།་་་་་འཆི་འཕོ། སེམས་ཀྱི་ཁྱད་པར།་་་་་རྩེ་གཅིག ལྷག་མེད་དུ་འཇུག་ཚུལ་ལོ།་་་་་མྱ་ངན། །གཉིས་པ་སྣོད་ཀྱི་འཇིག་རྟེན་ལ་གསུམ་སྟེ། རྟེན་སྣོད་ཀྱི་གནས་ལུགས་དངོས། ཞར་ལ་བརྟེན་པ་སེམས་ཅན་གྱི་ཚད། དེ་དག་འཇལ་བྱེད་ཀྱི་ཚད་བཤད་པའོ། །དང་པོ་ལ་གསུམ་སྟེ། སྣོད་ཀྱི་གནས་ལུགས་སྤྱིར་བསྟན། ནང་ཚན་གྱི་གནས་ལུགས་བྱེ་བྲག་ཏུ་བཤད།་་་་་གླིང་བཞི། སྟོང་གསུམ་ངོས་བཟུང་ཞིང་འབྱུང་འཇིག་མཉམ་དུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྟེན་དཀྱིལ་འཁོར་གསུམ་བཤད།་་་་་དེ་ལ། བརྟེན་པ་རི་མཚོ་བཤད་པའོ། །འདི་ལ་གཉིས་ཏེ། རི་དགུ་བཤད།་་་་་དེ་ལ། མཚོ་བརྒྱད་བཤད་པའོ།་་་་་དེ་དག །གཉིས་པ་ནང་ཚན་གྱི་གནས་ལུགས་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། མིའི་གནས། དམྱལ་བའི་གནས། ལྷའི་གནས་སོ། །དང་པོ་ལ་གཉིས་ཏེ། གླིང་བཅུ་གཉིས་སྤྱིར་བསྟན། འཛམ་གླིང་བྱེ་བྲག་ཏུ་བཤད་པའོ།་་་་་འདི་ནས། །དང་པོ་ལ་གཉིས་ཏེ། གླིང་བཞི་བཤད།་་་་་དེ་ལ་ནི། གླིང་ཕྲན་བརྒྱད་བཤད་པའོ།་་་་་དེ་ཡི། །གཉིས་པ་ལ་གསུམ་སྟེ། འདི་འོག་་་་་ཚ་དམྱལ་བརྒྱད་བཤད། ཉེ་འཁོར་བཅུ་དྲུག་བཤད།་་་་་བརྒྱད་པོ། གྲང་དམྱལ་གྱི་གནས་བཤད་པའོ།་་་་་ཆུ་བུར། །གསུམ་པ་ལྷའི་གནས་བཤད་པ་ལ་གཉིས་ཏེ། གནས་དངོས། ཞར་ལ་དེར་གནས་པའི་སེམས་ཅན་གྱི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། ས་གཞི་དང་འབྲེལ་བ་དང་། མ་འབྲེལ་བའོ།་་་་་དེ་སྟེང་། །དང་པོ་ལ་གཉིས་ཏེ། རྒྱལ་ཆེན་རིས་བཞི་པའི་གནས། སུམ་ཅུ་རྩ་གསུམ་པའི་གནས་སོ། །དང་པོ་ལ་གཉིས་ཏེ། གཞལ་མེད་ཁང་ལ་བརྟེན་པའི་གནས། རི་ལ་བརྟེན་པའི་གནས་སོ།་་་་་འདི་ལ། །དང་པོ་ལ་བཞི་སྟེ། ཉི་ཟླའི་བར་ཐག་གི་ཚད།་་་་་ཉི་ཟླ། ཉི་མས་གླིང་བཞིར་བྱ་བ་བྱེད་ཚུལ།་་་་་ནམ་ཕྱེད། དེ་ལ་བརྟེན་པའི་དུས་ཚིགས་ཀྱི་ཁྱད་པར།་་་་་དབྱར་གྱི། ཟླ་བ་འཕེལ་འགྲིབ་ཀྱི་རྒྱུ་མཚན་ནོ།་་་་་ཉི་མ། །གཉིས་པ་སུམ་ཅུ་རྩ་གསུམ་པའི་གནས་ལ་གཉིས་ཏེ། མདོར་བསྟན།་་་་་ལྷུན་པོའི། རྒྱས་པར་བཤད་པའོ། །འདི་ལ་ལྔ་སྟེ། གྲོང་ཁྱེར།་་་་་དབུས་ན། སྐྱེད་ཚལ།་་་་་ཕྱི་རོལ། དེ་དག་་་་་ས་གཞི། ལྗོན་ཤིང་།་་་་་བྱང་ཤར། འདུན་མའོ།་་་་་ལྷོ་ནུབ། །གཉིས་པ་དེར་གནས་པའི་སེམས་ཅན་གྱི་ཁྱད་པར་ལ་ལྔ་སྟེ། འདོད་པ་སྤྱོད་པའི།་་་་་འདོད་པ། ལྷའི་བུ་སྐྱེ་བའི།་་་་་བྱིས་པ། འདོད་བདེ་སྐྱེ་བའི།་་་་་འདོད་པ། བར་ཐག་གི་ཁྱད་པར།་་་་་གནས་ནས། གོང་དུ་བགྲོད་ཚུལ་ལོ།་་་་་རྫུ་འཕྲུལ། །གཉིས་པ་ཞར་ལ་དེར་གནས་པའི་སེམས་ཅན་གྱི་ཚད་བཤད་པ་ལ་གཉིས་ཏེ། ལུས་ཚད་དང་། ཚེ་ཚད་དོ། །དང་པོ་ལ་གསུམ་སྟེ། མིའི་དང་།་་་་་འཛམ་བུའི། འདོད་ལྷའི་དང་།་་་་་འདོད་དང་། གཟུགས་ཁམས་པའི་ལུས་ཚད་དོ།་་་་་གཟུགས་ཅན། །གཉིས་པ་ལ་གཉིས་ཏེ། ཚེ་ཚད་དངོས། སྒྲ་མི།་་་་་བར་དུ་འཆི་བ་ཡོད་མེད་དཔྱད་པའོ། །དང་པོ་ལ་གཉིས་ཏེ། བདེ་འགྲོའི་ཚེ་ཚད། ངན་འགྲོའི་ཚེ་ཚད་དོ།་་་་་ཡང་སོས། །དང་པོ་ལ་གསུམ་སྟེ། མིའི།་་་་་སྒྲ་མི། འདོད་ལྷའི།་་་་་མི་རྣམས། ཁམས་གོང་མའི་ཚེ་ཚད་དོ། །འདི་ལ་གསུམ་སྟེ། གཟུགས་ཅན་གྱི་ཚེ་ཚད།་་་་་གཟུགས་ཅན། གཟུགས་མེད་ཀྱི་ཚེ་ཚད།་་་་་གཟུགས་མེད། ཚེ་ཚད་ཀྱིས་བསྐལ་པ་ངོས་བཟུང་བའོ།་་་་་འོད་ཆུང་། །གསུམ་པ་དེ་དག་འཇལ་བྱེད་ཀྱི་ཚད་ལ་གཉིས་ཏེ། བརྩམ་གཞི།་་་་་གཟུགས་མིང་། བརྩམ་པ་འཇལ་བྱེད་དོ། །འདི་ལ་གཉིས་ཏེ། རྡུལ་གྱི་ཚད།་་་་་ཕྲ་རབ། དུས་ཀྱི་ཚད་དོ། །འདི་ལ་གཉིས་ཏེ། ལོའི་ཚད།་་་་་སྐད་ཅིག བསྐལ་པའི་ཚད་དོ། །འདི་ལ་གསུམ་སྟེ། བསྐལ་པ་ངོས་བཟུང་བ། ཡ་ཐོག་རིང་མོའི་འགྲིབ་ཚུལ། འཇིག་པའི་བསྐལ་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མདོར་བསྟན།་་་་་བསྐལ་པ། རྒྱས་པར་བཤད་པའོ། །འདི་ལ་ལྔ་སྟེ། འཇིག་པའི།་་་་་འཇིག་པའི། འཆགས་པའི།་་་་་འཆགས་པའི། གནས་པའི། ཞིག་ནས་འདུག་པའི་བསྐལ་པ།་་་་་འཆགས་པ། བསྐལ་པ་ཆེན་པོའོ། །གསུམ་པ་ལ་ལྔ་སྟེ། ཐོག་མའི་ཡ་ཐོག་་་་་བར་གྱི། བར་གྱི་ཁུག་པ།་་་་་དེ་ནས། མཐའི་མ་ཐོག་་་་་ཡར་སྐྱེ། ཡར་འཕེལ་བཅུ་དགུའི་མཚམས།་་་་་དེ་དག དེ་རྣམས་གནས་པའི་བསྐལ་པར། བསྟན་པའོ།་་་་་ད་ལྟར། །ལྔ་པ་ལ་གཉིས་ཏེ། དངོས་དང་།་་་་་དེ་དག ཞར་ལ་གང་ཟག་གསུམ་གྱི་འབྱུང་ཚུལ་ལོ། །འདི་ལ་གསུམ་སྟེ། སངས་རྒྱས། རང་རྒྱལ། འཁོར་ལོས་སྒྱུར་བ་འབྱུང་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཚོགས་ཀྱི་ཚད།་་་་་དེ་གྲངས། འབྱུང་བའི་དུས་སོ།་་་་་མར་ན། །གཉིས་པ་ལ་གཉིས་ཏེ། འབྱུང་བའི་དུས།་་་་་རང་སངས། ཚོགས་ཀྱི་ཚད་དོ།་་་་་བསེ་རུ། །གསུམ་པ་ལ་གསུམ་སྟེ། འབྱུང་བའི་དུས།་་་་་འཁོར་ལོས། འཁོར་ལོས་སྒྱུར་ཚུལ།་་་་་གསེར་དངུལ། མཚན་གྱི་ཁྱད་པར་རོ།་་་་་ཐུབ་མཚན། །གཉིས་པ་ཡ་ཐོག་རིང་མོའི་འགྲིབས་ཚུལ་ལ་གསུམ་སྟེ། བསྐལ་པ་དང་པོ་པའི་ཁྱད་པར།་་་་་སྔར་བྱུང་། དེ་ལས་ཇི་ལྟར་འགྲིབ་ཚུལ།་་་་་དེ་ནས། འགྲིབ་པའི་མཐར་ཇི་ལྟར་འབྱུང་བའོ།་་་་་བསྐལ་པ། །གསུམ་པ་འཇིག་པའི་བསྐལ་པའི་ཚུལ་ལ་གསུམ་སྟེ། འཇིག་པ་གསུམ་གྱི་རྩེ་མོ།་་་་་མེ་དང་། འཇིག་པ་ཡོད་མེད་ཀྱི་རྒྱུ་མཚན།་་་་་དེ་ཡི། ཇི་ལྟར་འཇིག་པའི་གོ་རིམ་མོ།་་་་་མེ་ཡིས། །བཞི་པ་ལས་བསྟན་པ་ལ་གསུམ་སྟེ། མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན།་་་་་ལས་ལས། ལས་དངོས་རྒྱས་པར་བཤད། ཞར་ལ་ཆོས་ཀྱི་རྣམ་གྲངས་ཁ་ཅིག་བསྟན་པས་མཇུག་བསྡུ་བའོ།་་་་་བསོད་ནམས། །བར་པ་ལ་གཉིས་ཏེ། ལས་ཀྱི་ངོ་བོ། མདོ་ལས་བྱུང་བའི་ལས་ཀྱི་རྣམ་གྲངས་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན།་་་་་དེ་ནི། རྒྱས་པར་བཤད་པའོ། །འདི་ལ་གསུམ་སྟེ། ལུས་ངག་གི་ལས་ཀྱི་རང་བཞིན། ལས་གསུམ་གྱི་སྤྱིའི་ཆོས་ཀྱི་ཁྱད་པར། རིག་བྱེད་མ་ཡིན་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། གཉིས་སུ་དབྱེ་བ།་་་་་དེ་དག སོ་སོའི་རང་བཞིན་ནོ། །འདི་ལ་གཉིས་ཏེ། རིག་བྱེད་བཤད། རིག་བྱེད་མིན་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ལུས་ཀྱི་རིག་བྱེད། ངག་གི་རིག་བྱེད་དོ།་་་་་ངག་རྣམ། །དང་པོ་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས། མདོ་སྡེ་པའི་ལུགས་སོ།་་་་་གཉིས་བཟུང་། །དང་པོ་ལ་གཉིས་ཏེ། ངོ་བོ་ངོས་བཟུང་བ།་་་་་ལུས་རྣམ། ལོག་རྟོག་དགག་པའོ།་་་་་འགྲོ་མིན། །གཉིས་པ་ལ་བཞི་སྟེ། སྒྲུབ་བྱེད།་་་་་རྣམ་གསུམ། རྒྱུ་འབྱུང་བའི་དུས་དང་སའི་ཁྱད་པར།་་་་་འདོད་གཏོགས། ངོ་བོའི་ཁྱད་པར།་་་་་རྣམ་རིག རྒྱུ་འབྱུང་བའི་ཆོས་ཀྱི་ཁྱད་པར་རོ།་་་་་རྒྱུ་མཐུན། །གཉིས་པ་ལ་བཞི་སྟེ། དགེ་སོགས་གསུམ་གྱི་ཁྱད་པར།་་་་་རྣམ་རིག ཁམས་གསུམ་གྱི་ཁྱད་པར།་་་་་མི་དགེ་ནི། ཞར་ལ་དགེ་སོགས་གསུམ་གྱི་དབྱེ་བ། ཀུན་སློང་བྱེ་བྲག་ཏུ་བཤད་པའོ། །གསུམ་པ་ལ་གསུམ་སྟེ། དགེ་བའི།་་་་་ཐར་པ། བཟློག་པ།་་་་་མི་དགེ་བའི། ལུང་མ་བསྟན་གྱི་དབྱེ་བའོ།་་་་་དོན་དམ། །བཞི་པ་ལ་བཞི་སྟེ། དབྱེ་བ།་་་་་ཀུན་སློང་། གཉིས་ལས།་་་་་སོ་སོའི་ངོ་བོ། མཚན་གཞི།་་་་་མཐོང་བས། འཇུག་ཚུལ་ལོ། །འདི་ལ་གཉིས་ཏེ། སྤྱིར་བཏང་།་་་་་རབ་ཏུ། དམིགས་ཀྱིས་བསལ་བའོ།་་་་་རྣམ་སྨིན། །གསུམ་པ་རིག་བྱེད་མ་ཡིན་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། མདོར་བསྟན།་་་་་རྣམ་རིག རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། སྡོམ་པ་ཁྱད་པར་དུ་བཤད། ཐམས་ཅད་ཐུན་མོང་དུ་བཤད་པའོ། །དང་པོ་ལ་གཉིས་ཏེ། །མདོར་བསྟན།་་་་་སྡོམ་པ། རྒྱས་པར་བཤད་པའོ། །འདི་ལ་གསུམ་སྟེ། སོ་ཐར་གྱི་སྡོམ་པ། བསམ་གཏན་དང་ཟག་མེད། ཞར་ལ་ཡིད་དང་དབང་པོའི་སྡོམ་པ་བཤད་པའོ།་་་་་ཤེས་བཞིན། །དང་པོ་ལ་ལྔ་སྟེ། དབྱེ་བསྡུ།་་་་་སོ་སོར། མཚན་ཉིད།་་་་་སྤང་བྱ། རྣམ་གྲངས།་་་་་ཚུལ་ཁྲིམས། ངེས་ཚིག་་་་་དང་པོའི། གང་ཟག་གོ་་་་་སོ་སོར། །གཉིས་པ་ལ་གསུམ་སྟེ། གང་ལ་ལྡན་པ།་་་་་བསམ་གཏན། སེམས་ཀྱི་རྗེས་འབྲང་།་་་་་ཐ་མ། སྤོང་བའི་སྡོམ་པའོ།་་་་་བར་ཆད། །གཉིས་པ་ཐམས་ཅད་ཐུན་མོང་དུ་བཤད་པ་ལ་བཞི་སྟེ། དུས་ཇི་སྲིད་ལྡན། ཚུལ་ཇི་ལྟར་ཐོབ། རྒྱུ་གང་གིས་གཏོང་། རྟེན་གང་ལ་ལྡན་པའོ།་་་་་ཟ་མ། །དང་པོ་ལ་གསུམ་སྟེ། རིག་བྱེད་མིན་པའི་ལྡན་ཚུལ། རིག་བྱེད་ཀྱི་ལྡན་ཚུལ། དེ་དག་གི་མུ་བཞི་བརྩི་བའོ།་་་་་བར་མ། །དང་པོ་ལ་གསུམ་སྟེ། སོ་ཐར་དང་སྡོམ་མིན་གྱི་ལྡན་ཚུལ།་་་་་སོ་སོ། མཉམ་པར་བཞག་པའི་ལྡན་ཚུལ།་་་་་བསམ་གཏན། བར་མའི་ལྡན་ཚུལ།་་་་་བར་གནས། གཉིས་པ་ལ་གཉིས་ཏེ། ལྡན་ཚུལ་དངོས།་་་་་རྣམ་རིག་གི ཞར་ལ་སྡོམ་མིན་གྱི་རྣམ་གྲངས་སོ།་་་་་སྡོམ་པ། །གཉིས་པ་ཚུལ་ཇི་ལྟར་ཐོབ་པ་ལ་གསུམ་སྟེ། སྡོམ་པའི། སྡོམ་མིན་གྱི། བར་མའི་ཐོབ་ཚུལ་ལོ།་་་་་ལྷག་མའི། །དང་པོ་ལ་གཉིས་ཏེ། ཐོབ་ཚུལ་དངོས། གང་ལས་ཐོབ་པའོ། །དང་པོ་ལ་གསུམ་སྟེ། བསམ་གཏན།་་་་་བསམ་གཏན། ཟག་མེད་་་་་་ཟག་མེད། སོ་ཐར་ཐོབ་ཚུལ་ལོ། །འདི་ལ་གཉིས་ཏེ། ཐོབ་ཚུལ་ཐུན་མོང་དུ་བསྟན།་་་་་སོ་སོར། ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །འདི་ལ་གསུམ་སྟེ། དུས་ཀྱི་ཁྱད་པར། བསྙེན་གནས་ཀྱི་ཁྱད་པར། དགེ་བསྙེན་གྱི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། སྡོམ་པའི་དུས་ཀྱི་ཁྱད་པར།་་་་་ཇི་སྲིད། ཞར་ལ་སྡོམ་མིན་གྱི་དུས་ཀྱི་ཁྱར་པར་རོ།་་་་་ཉིན་ཞག །གཉིས་པ་ལ་གསུམ་སྟེ། ཇི་ལྟར་ནོད་པའི་ཚུལ།་་་་་དམའ་བར། ཡན་ལག་གི་གྲངས་ངེས།་་་་་ཚུལ་ཁྲིམས། གཞན་ལའང་་་་་་རྟེན་ཀྱི་ཁྱད་པར་རོ། །གསུམ་པ་ལ་ལྔ་སྟེ། ལུང་གི་དོན་བཤད་པས་དགེ་བསྙེན་ཐམས་ཅད་སྡོམ་ལྡན་དུ་བསྟན།་་་་་དགེ་བསྙེན། གལ་ཏེ།་་་་་དེ་ལ་ནང་འགལ་སྤོང་བ། ཞར་ལ་སྡོམ་པ་ཆེ་ཆུང་གི་ཁྱད་པར།་་་་་ཆུང་ངུ་། གང་ཞིག་་་་་སྐྱབས་གནས་ཀྱི་ཁྱད་པར། ཡན་གལ་གི་ཁྱད་པར་རོ། །འདི་ལ་གསུམ་སྟེ། ལོག་གཡེམ།་་་་་ལོག་གཡེམ། བརྫུན།་་་་་བསླབ་པ། བཅས་པའི།་་་་་མྱོས་འགྱུར་སྤོང་བ་ཡན་ལག་དུ་འཇོག་པའི་རྒྱུ་མཚན་ནོ། །གཉིས་པ་གང་ལས་ཐོབ་པ་ལ་གཉིས་ཏེ། སྡོམ་པ་གསུམ་གྱི་ཁྱད་པར།་་་་་འདོད་གཏོགས། སྡོམ་པ།་་་་་དེའི་ནང་གསེས་ཀྱི་ཁྱད་པར་རོ། །གཉིས་པ་སྡོམ་མིན་ཐོབ་ཚུལ་ལ་གཉིས་ཏེ། གང་ལས་ཐོབ་པ།་་་་་སྡོམ་པ། ཇི་ལྟར་ཐོབ་པའོ།་་་་་སྡོམ་པ། །གསུམ་པ་རྒྱུ་གང་གིས་གཏོང་བ་ལ་བཞི་སྟེ། སྡོམ་པའི། སྡོམ་མིན་གྱི།་་་་་སྡོམ་མིན། བར་མ།་་་་་བར་མའི། དེ་གསུམ་ལས་གཞན་པའི་གཏོང་རྒྱུའོ།་་་་་འདོད་གཏོགས། །དང་པོ་ལ་གསུམ་སྟེ། སོ་ཐར་གྱི།་་་་་བསླབ་པ། བསམ་གཏན།་་་་་བསམ་གཏན་གྱི། ཟག་མེད་ཀྱི་གཏོང་རྒྱུའོ།་་་་་འཕགས་པ། །གཉིས་པ་མདོ་ལས་བྱུང་བའི་ལས་ཀྱི་རྣམ་གྲངས་བཤད་པ་ལ་གཉིས་ཏེ། ཐུན་མོང་དུ་བཤད་པ། སོ་སོར་བཤད་པའོ། །དང་པོ་ལ་གསུམ་སྟེ། ངོ་བོ་རྒྱུ་འབྲས་ཀྱི་དབྱེ། རྟེན་གྱི་སྒོ་ནས་དབྱེ། རྒྱུ་འབྲས་ཉིད་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། ལས་གསུམ་དུ་གསུངས་པའི་དོན། ལས་བཞིར་གསུངས་པའི་དོན་ནོ། །དང་པོ་ལ་གསུམ་སྟེ། དགེ་སོགས་ཀྱི། བསོད་ནམས་སོགས་ཀྱི། ཡོན་པོ་སོགས་ཀྱི་དོན་ནོ།་་་་་ཡོན་སྐྱོན། །གཉིས་པ་ལ་གཉིས་ཏེ། མདོར་བསྟན།་་་་་བསོད་ནམས། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། བསོད་ནམས་སོགས་དང་།་་་་་བསོད་ནམས། བདེ་བ་མྱོང་།་་་་་ལས་བདེ། འགྱུར་སོགས་སོ། །འདི་ལ་གསུམ་སྟེ། མྱོང་འགྱུར་གསུམ་བཤད། དེ་མྱོང་འགྱུར་ལྔར་བསྟན།་་་་་ངོ་བོ། སྐབས་ཀྱི་མྱོང་འགྱུར་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། རང་ལུགས་དང་།་་་་་བསམ་གཏན། གཞན་ལུགས་སོ།་་་་་འོག་ནའང་། །གསུམ་པ་ལ་གཉིས་ཏེ། མདོར་བསྟན།་་་་་དེ་ཡང་། རྒྱས་པར་བཤད་པའོ། །འདི་ལ་གསུམ་སྟེ། དབྱེ་བ་སྤྱིར་བསྟན།་་་་་མཐོང་བའི། དེ་དག་ཁྱད་པར་དུ་བཤད། བྱེ་བྲག་མྱོང་ངེས་ཀྱི་དོན་གཏན་ལ་དབབ་པའོ། །གཉིས་པ་ལ་གཉིས་ཏེ། ལས་གང་གིས་རིས་མཐུན་འཕེན་པ།་་་་་གསུམ་གྱིས། ཁམས་གོང་ན་ལས་འཕེན་དུ་ཡོད་པའོ། །འདི་ལ་གསུམ་སྟེ། སྤྱིར་བསྟན།་་་་་ཐམས་ཅད། གང་ལས།་་་་་དམིགས་ཀྱིས་བསལ། བར་སྲིད་ན་ལས་འཕེན་དུ་ཡོད་པའོ།་་་་་སྲིད་པ། །གསུམ་པ་བྱེ་བྲག་མྱོང་ངེས་ཀྱི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། མྱོང་ངེས་སྤྱིར་བསྟན།་་་་་ཉོན་མོངས། མཐོང་ཆོས་མྱོང་འགྱུར་བྱེ་བྲག་ཏུ་བཤད། ལས་འབྲས་མྱོང་ཚུལ་གཞན་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། དངོས་དང་།་་་་་མཐོང་ཆོས། ཞིང་གི་ཁྱད་པར་རོ།་་་་་གང་དག །གསུམ་པ་ལ་གསུམ་སྟེ། སེམས་ཚོར་མྱོང་ཚུལ།་་་་་རྣམ་པར། ལུས་ཚོར་མྱོང་ཚུལ།་་་་་མི་དགེ སེམས་གཡེངས་རྒྱུ་རྟེན་དང་བཅས་པའོ།་་་་་གཡེངས་པའི། །གཉིས་པ་ལ་བཞིར་གསུངས་པའི་དོན་ལ་གཉིས་ཏེ། མདོར་བསྟན།་་་་་དཀར་ནག རྒྱས་པར་བཤད་པའོ། །འདི་ལ་གསུམ་སྟེ། ལས་བཞི་སྤྱིར་བསྟན།་་་་་མི་དགེ ཟག་མེད་བྱེ་བྲག་ཏུ་བཤད།་་་་་ཆོས་བཟོད། གཞན་ལུགས་དགག་པའོ།་་་་་གཞན། །གཉིས་པ་རྟེན་གྱི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། ལས་གསུམ་དུ་བསྟན། དེ་ལས་བཅུར་དབྱེ་བའོ། །དང་པོ་ལ་བཞི་སྟེ། ཐུབ་པ་གསུམ།་་་་་མི་སློབ་པའི། གཙང་བྱེད་གསུམ།་་་་་ལེགས་སྤྱད། ཉེས་སྤྱད་གསུམ།་་་་་ལུས་ཀྱི། ལེགས་སྤྱད་གསུམ་མོ།་་་་་བཟློག །གཉིས་པ་ལ་གཉིས་ཏེ། མདོར་བསྟན།་་་་་དེ་ལས། རྒྱས་པར་བཤད་པའོ། །འདི་ལ་གསུམ་སྟེ། ལས་ལམ་དངོས། ལས་ལམ་གྱི་འབྲས་བུ།་་་་་ཐམས་ཅད། ལུས་དང་།་་་་་ལོག་འཚོ་ལོགས་སུ་སྨོས་པའི་རྒྱུའོ། །དང་པོ་ལ་དྲུག་སྟེ། རིག་བྱེད་ཡིན་མིན་དུ་དབྱེ། རྩ་བ་གསུམ་གསུམ་དུ་བསྟན།་་་་་སྦྱོར་བ། མཐར་འབྱིན་སོགས་གསུམ་དུ་བསྟན། མི་དགེ་བའི་ལས་ལམ་སོ་སོའི་མཚན་ཉིད། ལས་ལམ་དུ་དང་སེམས་པ་ལྷན་ཅིག་འཇུག་པ། འགྲོ་བ་གང་ན་ལས་ལམ་དུ་ཡོད་པའོ། །དང་པོ་ལ་གསུམ་སྟེ། དངོས་གཞིའི།་་་་་མི་དགེ ཉེར་བསྡོགས།་་་་་སྦྱོར་བའི། མཇུག་གི་ཁྱད་པར་རོ།་་་་་བཟློག་པ། །གསུམ་པ་ལ་གསུམ་སྟེ། ཉོན་མོངས་གང་གིས་མཐར་འབྱིན་པ།་་་་་གསོད་དང་། གང་གི་གཞི་གང་ཡིན་པ།་་་་་གཞི་ནི། སྔ་དང་།་་་་་དངོས་གཞིར་འགྱུར་བའི་ཚད་དོ། །བཞི་པ་ལ་གསུམ་སྟེ། མཚན་ཉིད་དངོས། ལས་ལམ་གྱི་སྒྲ་དོན།་་་་་འདི་ལ། ལོག་ལྟའི་བྱེད་ལས་སོ། །དང་པོ་ལ་གསུམ་སྟེ། ལུས་ཀྱི། ངག་གི ཡིད་ལས་ཀྱི་མཚན་ཉིད་དོ།་་་་་བསྣབ་སེམས། །དང་པོ་ལ་གསུམ་སྟེ། སྲོག་གཅོད།་་་་་སྲོག་གཅོད། མ་བྱིན་ལེན།་་་་་མ་བྱིན། འདོད་ལོག་གོ་་་་་བསྒྲོད་མིན། །གཉིས་པ་ལ་བཞི་སྟེ། རྫུན། ཕྲ་མ།་་་་་ཕྲ་མ། ཚིག་རྩུབ།་་་་་ཚིག་རྩུབ། ཉོན་མོངས།་་་་་ཀྱལ་པའོ། །དང་པོ་ལ་གཉིས་སྟེ། ལས་ལམ་དངོས།་་་་་རྫུན་ཚིག ཞར་བྱུང་མཐོང་སོགས་་་་་་མིག་རྣ། དཔྱད་པའོ། །གསུམ་པ་ལོག་ལྟའི་བྱེད་ལས་ལ་གསུམ་སྟེ། ཆད་ལྟས་དགེ་རྩ་གཅོད།་་་་་མེད་པར། ཆད་པའི་ངོ་བོ།་་་་་དེ་ནི། མཚམས་ནི།་་་་་ཆད་པ་མཚམས་སྦྱོར་ཚུལ་ལོ། །ལྔ་པ་ལ་གཉིས་ཏེ། མི་དགེ་བ་དང་།་་་་་མི་དགེ དགེ་བ་དུ་དང་ལས་ལམ་ལྷན་ཅིག་འཇུག་པའོ།་་་་་དགེ་བ། །དྲུག་པ་ལ་གཉིས་ཏེ། འགྲོ་བ་གང་ན་མི་དགེ་བ་དང་།་་་་་དམྱལ་བ། དགེ་བ་དུ་ཡོད་པའོ།་་་་་དགེ་བ། །གསུམ་པ་རྒྱུ་འབྲས་ཉིད་ཀྱི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། ལས་གང་འབྲས་བུ་གང་དང་ལྡན་པ། ལས་གང་རྒྱུ་གང་གིས་བྱེད་པ།་་་་་རིག་མིན། ལས་འཕེན་རྫོགས་ཀྱི་ཁྱད་པར་རོ།་་་་་གཅིག་གིས། །དང་པོ་ལ་གཉིས་ཏེ། ལས་གང་འབྲས་བུ་དུ་དང་ལྡན། ཕན་ཚུན་ལས་འབྲས་དུ་དང་ལྡན་པའོ། །དང་པོ་ལ་གཉིས་ཏེ། དྲིར་བཅས།་་་་་སྤོང་ལམ་དུ་ལྡན། སྤོང་ལམ་མིན་པ་དུ་དང་ལྡན་པའོ།་་་་་ཟག་བཅས། །གཉིས་པ་ལ་ལྔ་སྟེ། དགེ་བ་སོགས།་་་་་དགེ་བའི། འདས་པ་སོགས།་་་་་འདས་པའི། རང་ས་སོགས།་་་་་རང་གི སློབ་པ་སོགས།་་་་་སློབ་པའི། མཐོང་བས།་་་་་མཐོང་སྤང་སོགས་དུ་དང་ལྡན་པའོ། །གཉིས་པ་ལས་སོ་སོར་བཤད་པ་ལ་གསུམ་སྟེ། སྤང་བྱ་སྒྲིབ་པ་གསུམ། བསྟེན་བྱ་བསོད་ནམས་བྱ་བའི་གཞི་གསུམ། ཆ་མཐུན་དགེ་བ་གསུམ་བཤད་པའོ།་་་་་བསོད་ནམས། །དང་པོ་ལ་གསུམ་སྟེ། མཚམས་མེད།་་་་་སྒྲིབ་པ་གསུམ་གྱི་ངོ་བོ། །གང་ན་སྒྲིབ་པ་གང་ཡོད་པ།་་་་་མཚམས་མེད། ལས་སྒྲིབ་བྱེ་བྲག་ཏུ་བཤད་པའོ། །འདི་ལ་གཉིས་ཏེ། མཚམས་མེད་བཤད། དེ་དང་ཉེ་བ་བཤད་པའོ། །དང་པོ་ལ་གསུམ་སྟེ། མཚམས་མེད་དངོས། དེའི་ལས་འབྲས། ལས་འབྲས་ཀྱི་ཞར་བྱུང་ངོ་།་་་་་འཇིག་རྟེན། །དང་པོ་ལ་གསུམ་སྟེ། དགེ་འདུན་གྱི་དབྱེན། མཚམས་མེད་ཀྱི་གྲངས་ངེས།་་་་་ཕན་འདོགས། མཚམས་མེད་གཞན་གྱི་གཞི་ངོས་བཟུང་བའོ།་་་་་མཚན་ནི། །དང་པོ་ལ་བཞི་སྟེ། གང་ཟག་གང་ལ་ལྡན་པ། འཁོར་ལོའི་དབྱེན་བཤད།་་་་་བསྐལ་པ། ལས་ཀྱི།་་་་་ལས་ཀྱི་དབྱེན་བཤད། འཁོར་ལོའི་དབྱེན་མི་འབྱུང་བའི་དུས་སོ།་་་་་དང་པོ། །དང་པོ་ལ་གཉིས་ཏེ། དབྱེན་གང་ལ་ལྡན།་་་་་དགེ་འདུན། བརྫུན་གང་ལ་ལྡན་པའོ།་་་་་དེ་ཡི། །གཉིས་པ་དེའི་ལས་འབྲས་ལ་གཉིས་ཏེ། འབྲས་བུ་ཐོབ་མི་ཐོབ་ཀྱི་ཁྱད་པར།་་་་་མཚམས་མེད། དགེ་འདུན།་་་་་ལས་ལྕི་ཡང་གི་ཁྱད་པར་རོ། །གཉིས་པ་དེ་དང་ཉེ་བ་བཤད་པ་ལ་གསུམ་སྟེ། ཉེ་བ་ལྔའི་ངོ་བོ།་་་་་མ་དགྲ། ཞར་ལ་ལས་གསུམ་གྱི་གེགས་སུ་བསྟན་པ།་་་་་བཟོད་དང་། ཡུལ་གྱི་ཁྱད་པར་ངེས་གནས་བྱེ་བྲག་ཏུ་བཤད་པའོ། །འདི་ལ་གཉིས་ཏེ། ངེས་གནས་སྤྱིའི་རྣམ་གཞག བྱེ་བྲག་སྟོན་པས་སྔོན་ཇི་ལྟར་མཛད་པའོ། །དང་པོ་ལ་གཉིས་ཏེ། དྲིས་ཏེ་བསྟན།་་་་་གང་ནས། དེ་ཉིད་བཤད་པའོ། །འདི་ལ་གསུམ་སྟེ། ཅི་ཙམ་ནས་ཡོན་ཏན་གང་དང་ལྡན།་་་་་བདེ་འགྲོ། དེ་ནི།་་་་་མཚན་རྣམས་སྨིན་པའི་ཚུལ། མཚན་གྱི་རྒྱུའོ།་་་་་རེ་རེ་ལ། །གཉིས་པ་ལ་གཉིས་ཏེ། རྣམ་གཟིགས།་་་་་གྲངས་མེད་གང་གི་ཐོག་མར་སངས་རྒྱས་གང་བྱུང་ཚུལ། ཕར་ཕྱིན་གང་དུས་གང་ལ་རྫོགས་པའོ།་་་་་ཀུན་ལ། །གཉིས་པ་བསྟེན་བྱ་བསོད་ནམས་བྱ་བའི་གཞི་ལ་གསུམ་སྟེ། ཐུན་མོང་གི་ངེས་ཚིག་་་་་གསུམ་པོ། སོ་སོའི་རང་བཞིན། ཆོས་སྦྱིན་བྱེ་བྲག་ཏུ་བཤད་པའོ།་་་་་ཆོས་སྦྱིན། །གཉིས་པ་ལ་གཉིས་ཏེ། སྦྱིན་བྱུང་བཤད། གཞན་གཉིས་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྦྱིན་པའི་ངོ་བོ།་་་་་གང་གིས། དབྱེ་བ།་་་་་བདག་གཞན། ཁྱད་པར་རོ། །འདི་ལ་གཉིས་ཏེ། མདོར་བསྟན།་་་་་དེ་ཡི། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། ཁྱད་པར་དངོས། དེ་ལས་འཕྲོས་པའོ། །དང་པོ་ལ་གསུམ་སྟེ། སྦྱིན་བདག་གི་་་་་སྦྱིན་བདག ཁ་དོག་་་་་དངོས་པོའི། ཞིང་གི་ཁྱད་པར་རོ། །འདི་ལ་གསུམ་སྟེ། སྤྱིར་བསྟན།་་་་་འགྲོ་དང་། སྦྱིན་པའི་མཆོག་་་་་མཆོག་ནི། ཞིང་གི་བྱེ་བྲག་གོ་་་་་འཕགས་པ། གཉིས་པ་ལ་གསུམ་སྟེ། ལྕི་ཡང་གི་ཁྱད་པར།་་་་་མཇུག་དང་། བསགས་མ་བསགས་ཀྱི་ཁྱད་པར།་་་་་བསམ་བཞིན། ལོག་རྟོག་དགག་པའོ། །འདི་ལ་གཉིས་ཏེ། ལེན་པ་མེད་ཀྱང་བསོད་ནམས་འབྱུང་བ།་་་་་མཆོད་རྟེན། ཞིང་ངན་ཡང་འབྲས་བུ་འབྱུང་བར་འདོད་པའོ།་་་་་རྒྱུ་ལས། །གཉིས་པ་གཞན་གཉིས་བསྟན་པ་ལ་གསུམ་སྟེ། སོ་སོའི་རང་བཞིན། གཉིས་ཀའི་འབྲས་བུ།་་་་་མཐོ་རིས། བསྐལ་པར།་་་་་ཚངས་པའི་བསོད་ནམས་སོ། །དང་པོ་ལ་གཉིས་ཏེ། ཚུལ་ཁྲིམས་དང་།་་་་་འཆལ་བའི། སྒོམ་པའོ།་་་་་མཉམ་པར། །ལྔ་པ་ཕྲ་རྒྱས་བསྟན་པ་ལ་གསུམ་སྟེ། སྤང་བྱ་ཕྲ་རྒྱས་ཀྱི་རང་བཞིན། སྤོང་བྱེད་གཉེན་པོའི་རང་བཞིན། སྤངས་པའི་འབྲས་བུ་ཡོངས་ཤེས་སོ། །དང་པོ་ལ་གཉིས་ཏེ། མཚམས་སྦྱོར་བའི་སྒོ་ནས་མདོར་བསྟན།་་་་་སྲིད་པའི། ཕྲ་རྒྱས་ཉིད་གཏན་ལ་དབབ་པའོ། །འདི་ལ་གསུམ་སྟེ། ཕྲ་རྒྱས་ཀྱི་དབྱེ་བ། ཕྲ་རྒྱས་ཀྱི་སྐྱེ་ཚུལ། རྣམ་གྲངས་སོགས་བཤད་པའོ། །དང་པོ་ལ་གསུམ་སྟེ། ངོ་བོའི་དབྱེ་བ། རྣམ་པའི་དབྱེ་བ། སེམས་ཉོན་མོངས་པ་དང་བཅས་པའི་དབྱེ་བའོ། །དང་པོ་ལ་གསུམ་སྟེ། དབྱེ་བ་དངོས། སྤང་བྱ་གཉིས་ཀྱི་ངེས་པ། ལྟ་བ་དང་ང་རྒྱལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི་སྟེ། རྩ་བའི་སྒོ་ནས་དྲུག་་་་་དྲུག ཆགས་པའི་དབྱེ་བས་བདུན།་་་་་དེ་དྲུག ལྟ་བའི་དབྱེ་བས་བཅུ།་་་་་ལྟ་བ། དེ་དག་་་་་ཁམས་བཅས་གྲངས་ཀྱི་སྒོ་ནས་བརྒྱད་དུ་དབྱེ་བའོ། །གཉིས་པ་ལ་གསུམ་སྟེ། མཐོང་སྤང་ཁོ་ན་ཡིན་པ།་་་་་སྲིད་རྩེ། ལྷག་སྐྱེས།་་་་་སྤང་བྱ་གཉིས་ཀ་ཡིན་པ། བསྒོམ་སྤང་ཁོ་ན་ཡིན་པའོ།་་་་་བསྒོམ་པས། །གསུམ་པ་ལ་གཉིས་ཏེ། ལྟ་བའི་དབྱེ་བ། ང་རྒྱལ་གྱི་དབྱེ་བའོ། །དང་པོ་ལ་གསུམ་སྟེ། ལྟ་བ་ལྔའི་ངོ་བོ།་་་་་བདག་དང་། མཆོག་འཛིན་གཉིས་པ་ལ་རྩོད་པ་སྤོང་བ།་་་་་དབང་ཕྱུག འཕྲོས་དོན་ཕྱིན་ཅི་ལོག་གི་རྣམ་གཞག་གོ་་་་་ལྟ་བ། །གཉིས་པ་ལ་གསུམ་སྟེ། དབྱེ་བ་དངོས།་་་་་ང་རྒྱལ། མཐོང་དང་།་་་་་སྤང་བྱ་གང་ཡིན་པ། མ་སྤངས་ཀྱང་མངོན་དུ་མི་འགྱུར་བའི་ཁྱད་པར་རོ།་་་་་འཕགས་པ། །རྣམ་པའི་དབྱེ་བ་ལ་ལྔ་སྟེ། ཀུན་འགྲོ་ཡིན་མིན་གྱི། ཟག་བཅས་ཟག་མེད་ལ་དམིགས་པའི། གང་གིས་རྒྱས་པར་འགྱུར་བའི། མི་དགེ་བ་དང་ལུང་མ་བསྟན་གྱི་རྣམ་པའི་དབྱེ་བ། དུས་གསུམ་ལ་ཕྲ་རྒྱས་གང་ལྡན་པའོ། །དང་པོ་ལ་གསུམ་སྟེ། སྐལ་བ་མཉམ་པའི།་་་་་སྡུག་བསྔལ། སྐལ་བ་མི་མཉམ་པའི། དེ་ལས་གཞན་པའི་ཀུན་འགྲོའི་དབྱེ་བའོ།་་་་་དེ་དག །གཉིས་པ་ལ་གསུམ་སྟེ། མདོར་བསྟན།་་་་་འགོག་དང་། རྒྱས་པར་བཤད།་་་་་རང་གི རྩོད་པ་སྤང་བའོ།་་་་་འདོད་ཆགས། །གསུམ་པ་ལ་གཉིས་ཏེ། དམིགས་པས་དང་།་་་་་ཕྲ་རྒྱས། མཚུངས་ལྡན་གྱིས་རྒྱས་པའོ།་་་་་གང་ཞིག །བཞི་པ་ལ་གསུམ་སྟེ། ངོ་བོའི་དབྱེ་བ།་་་་་གོང་མ། དེ་དག་གི་རྩ་བའི་དབྱེ་བ། དེ་ལས་འཕྲོས་པའོ།་་་་་མགོ་གཅིག །གཉིས་པ་ལ་གཉིས་ཏེ། མི་དགེ་བའི་དང་།་་་་་འདོད་ན། ལུང་མ་བསྟན་གྱི་རྩ་བའོ། །འདི་ལ་གཉིས་ཏེ། གསུམ་དུ་བསྟན་པ།་་་་་ལུང་མ། བཞིར་བསྟན་པའོ།་་་་་བཞི་ཞེས། །ལྔ་པ་ལ་གསུམ་སྟེ། ལྡན་ཚུལ་དངོས། སྤངས་པ་ལྡན་པར་བཞག་ཚུལ།་་་་་སྡུག་བསྔལ། ཆོས་གང་ལ་སེམས་གང་གི་དམིགས་པའོ། །དང་པོ་ལ་གསུམ་སྟེ། རང་གི་མཚན་ཉིད་པའི་ལྡན་ཚུལ། སྤྱིའི་མཚན་ཉིད་པའི་ལྡན་ཚུལ།་་་་་ལྷག་མ། ལྡན་པ་དུས་གསུམ་དཔྱད་པའོ། །དང་པོ་ལ་གཉིས་ཏེ། དུས་གཉིས་ཀྱི་དང་་་་་་འདས་དང་། མ་འོངས་པའི་ལྡན་ཚུལ་ལོ།་་་་་ཡིད་ཀྱི། །གསུམ་པ་ལ་གསུམ་སྟེ། འདོད་པ་བརྗོད། དེ་དགག དེའི་ལན་ནོ།་་་་་ཆོས་ཉིད། །དང་པོ་ལ་གསུམ་སྟེ། དམ་བཅའ་དང་རྟགས་དགོད།་་་་་དུས་རྣམས། དེ་ཡོད།་་་་་ཡོད་སྨྲའི་དབྱེ་བ། དབྱིག་བཤེས་ཀྱི་ལུགས་འཐད་པའོ།་་་་་གསུམ་པ། །གཉིས་པ་དེ་དགག་པ་ལ་གཉིས་ཏེ། གེགས་སུ།་་་་་གནོད་བྱེད་བརྗོད། སྒྲུབ་བྱེད་དགག་པའོ།་་་་་འདི་ལ་གཞུང་མེད། །གསུམ་པ་ཆོས་གང་ལ་སེམས་གང་གིས་དམིགས་པ་ལ་གཉིས་ཏེ། ཁམས་གསུམ་གྱི་ཆོས་ལྔ་ལ་དང་། ཟག་མེད་ལ་སེམས་གང་གིས་དམིགས་པའོ།་་་་་ཟག་མེད། །དང་པོ་ལ་གཉིས་ཏེ། ཆོས་གསུམ་ལ་དང་།་་་་་དང་པོའི། ཆོས་གཉིས་ལ་སེམས་གང་གིས་དམིགས་པའོ།་་་་་འགོག་དང་། །གཉིས་པ་ཕྲ་རྒྱས་ཀྱི་སྐྱེ་ཚུལ་ལ་གཉིས་ཏེ། སྐྱེ་བའི་རིམ་པ།་་་་་རྨོངས་ལས། ཕྲ་རྒྱས།་་་་་སྐྱེ་བའི་རྒྱུའོ། །གསུམ་པ་རྣམ་གྲངས་སོགས་བཤད་པ་ལ་གསུམ་སྟེ། རྣམ་གྲངས་དངོས། དེ་རྣམས་གང་དང་མཚུངས་པར་ལྡན། སྒྲིབ་པ་ལྔ་འདོད་ཁམས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཟག་པ་སོགས་བཞིར་བསྟན། ཀུན་སྦྱོར་སོགས་ལྔར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དངོས། ངེས་ཚིག་གོ །དང་པོ་ལ་གསུམ་སྟེ། ཟག་པ། ཆུ་སྦྱོར། ཉེར་ལེན་ནོ། །དང་པོ་ལ་གསུམ་སྟེ། འདོད་པའི་ཟག་པ།་་་་་འདོད་ན། སྲིད་པའི་ཟག་པ།་་་་་གཟུགས་དང་། རྩ་བ།་་་་་མ་རིག་པའི་ཟག་པའོ། །གཉིས་པ་ལ་གཉིས་ཏེ། དངོས་དང་།་་་་་ཆུ་བོ། རྩོད་པ་སྤོང་བའོ།་་་་་ཟག་པར། །གསུམ་པ་ལ་གཉིས་ཏེ། དངོས་དང་།་་་་་ཇི་སྐད། མ་རིག་་་་་རྩོད་པ་སྤོང་བའོ། །གཉིས་པ་ལ་གཉིས་ཏེ། ཕྲ་རྒྱས་སྤྱིའི་དང་།་་་་་གང་ཕྱིར། དེ་དག་་་་་བྱེ་བྲག་ཟག་པ་སོགས་ཀྱི་ངེས་ཚིག་གོ །གཉིས་པ་ཀུན་སྦྱོར་སོགས་ལྔར་བསྟན་པ་ལ་གཉིས་ཏེ། མདོར་བསྟན།་་་་་དེ་དག རྒྱས་པར་བཤད་པའོ། །འདི་ལ་བཞི་སྟེ། ཀུན་སྦྱོར། འཆིང་བ།་་་་་ཚོར་བའི། ཉོན་མོངས།་་་་་ཉེ་ཉོན། ཀུན་དཀྲིས་སོ། །དང་པོ་ལ་གཉིས་ཏེ། ཀུན་སྦྱོར་དགུར་བསྟན། ཆ་མཐུན་ལྔར་བཤད་པའོ། །དང་པོ་ལ་གཉིས་ཏེ། ལྟ་བ་གསུམ་དང་།་་་་་རྫས་དང་། གང་ཕྱིར།་་་་་ཕྲག་དོག་སེར་སྣ་ཀུན་སྦྱོར་དུ་བཞག་པའི་རྒྱུའོ། །གཉིས་པ་ལ་གཉིས་ཏེ། ཐ་མའི་དང་། གོང་མའི་ཆ་མཐུན་ལྔའོ།་་་་་གོང་མའི། །དང་པོ་ལ་གཉིས་ཏེ། ངོ་བོ་བྱེད་ལས་དང་བཅས་པ།་་་་་ཐ་མའི། སྒོ་དང་།་་་་་ཀུན་སྦྱོར་གསུམ་གྱི་རྒྱུ་མཚན་ནོ། །བཞི་པ་ཀུན་དཀྲིས་ལ་གསུམ་སྟེ། དངོས་ཀྱི་དོན། ཞར་ལ་དྲི་མ་བཤད་པ། དེའི་ཁྱད་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཀུན་དཀྲིས་སོགས་ཀྱི་དབྱེ་བ།་་་་་ངོ་ཚ། དེ་ཉེ་ཉོན་དུ་བཞག་པའོ།་་་་་འདོད་ཆགས། །གཉིས་པ་ལ་གཉིས་ཏེ། དྲི་མའི་དབྱེ་བ།་་་་་གཞན་ཡང་། རྒྱུ་དང་།་་་་་དེ་ཉེ་ཉོན་དུ་བཞག་པའོ། །གསུམ་པ་ལ་གསུམ་སྟེ། མཐོང་སྤང་དང་སྒོམ་སྤང་གི་ཁྱད་པར།་་་་་དེ་ལས། འདོད་ན།་་་་་མི་དགེ་བ་དང་ལུང་མ་བསྟན་གྱི་ཁྱད་པར། ཁམས་དང་སའི་ཁྱད་པར་རོ།་་་་་འདོད་དང་། །གཉིས་པ་དེ་རྣམས་གང་དང་མཚུངས་པར་ལྡན་པ་ལ་གཉིས་ཏེ། ས་པ་གཉིས་སུ་དབྱེ་བ།་་་་་མཐོང་སྤང་། ཚོར་བ་གང་དང་མཚུངས་པར་ལྡན་པའོ། །འདི་ལ་གཉིས་ཏེ། རྩ་ཉོན་དང་། ཉེ་ཉོན་ཚོར་བ་གང་དང་མཚུངས་པར་ལྡན་པའོ། །དང་པོ་ལ་གཉིས་ཏེ། འདོད་པའི་ས་དང་། གོང་མའི་ལྡན་ཚུལ་ལོ།་་་་་ས་གང་། །དང་པོ་ལ་གཉིས་ཏེ། སོ་སོ་གང་དང་ལྡན་པ།་་་་་བདེ་བ། བཏང་སྙོམས།་་་་་ཀུན་འགྲོ་གང་དང་གང་ལྡན་པའོ། །གཉིས་པ་ལ་གསུམ་སྟེ། སོ་སོའི་དང་།་་་་་འགྱོད་དང་། བཏང་སྙོམས།་་་་་ཀུན་གྱི་དང་། ས་མང་བཞིའི་ལྡན་ཚུལ་ལོ།་་་་་བཞི་པོ། །གསུམ་པ་སྒྲིབ་པ་ལྔ་འདོད་ཁམས་པར་བསྟན་པ་ལ་གཉིས་ཏེ། དངོས་དང་།་་་་་འདོད་ན། མི་མཐུན།་་་་་གྲངས་ངེས་སོ། །གཉིས་པ་སྤོང་བྱེད་གཉེན་པོའི་རྣམ་གཞག་ལ་ལྔ་སྟེ། ཚུལ་ཇི་ལྟར་སྤང་བ། གཉེན་པོ།་་་་་སྤོང་བྱེད་གཉེན་པོའི་དབྱེ་བ། གང་ལས་ཕྱེ་ནས་སྤོང་ཚུལ།་་་་་དམིགས་པ། མཚན་ཉིད།་་་་་སྤངས་པ་ཐག་བསྲིང་ཚུལ། སྤངས་པའི་ཐོབ་པ་ཡང་ཡང་དུ་བསྟན་པའོ།་་་་་ལན་ཅིག །དང་པོ་ལ་གཉིས་ཏེ། མཐོང་སྤང་དང་།་་་་་དམིགས་པ། གཉེན་པོ།་་་་་སྒོམ་སྤང་སྤོང་ཚུལ་ལོ། །གསུམ་པ་སྤོང་བའི་འབྲས་བུ་ཡོངས་ཤེས་ལ་ལྔ་སྟེ། ཡོངས་ཤེས་ཀྱི་དབྱེ་བ། གང་གི་འབྲས་བུ་གང་ཡིན་པ། གྲངས་ངེས།་་་་་བྲལ་བའི། ལྡན་ཚུལ། ཐོབ་གཏོང་ངོ་།་་་་་ལ་ལ། །དང་པོ་ལ་གཉིས་ཏེ། མཐོང་ལམ་གྱི་དྲུག་དང་།་་་་་ཡོངས་སུ། སྒོམ་ལམ་གྱི་གསུམ་དུ་དབྱེ་བའོ།་་་་་ཡོངས་སུ། །གཉིས་པ་ལ་བཞི་སྟེ། མཐོང་བསྒོམ་དང་།་་་་་དྲུག་བཟོད། ས་དང་།་་་་་མི་ལྕོག ལམ་དང་།་་་་་ཐམས་ཅད། ཤེས་པ་གང་གི་འབྲས་བུ་གང་ཡིན་པའོ།་་་་་རྗེས་ཀྱི། །བཞི་པ་ལ་གཉིས་ཏེ། མི་ལྡན་པའི།་་་་་གཅིག་མིན། ལྡན་པའི་གང་ཟག་གོ །འདི་ལ་གཉིས་ཏེ། དངོས་དང་། རྩོད་སྤང་ངོ་།་་་་་ཁམས་ལས། །དང་པོ་ལ་གཉིས་ཏེ། མཐོང་ལམ་པ་དང་།་་་་་མཐོང་ལ། བསྒོམ་ལ།་་་་་སྒོམ་ལམ་པ་ལ་དུ་ལྡན་ནོ། །དྲུག་པ་ལམ་དང་གང་ཟག་བསྟན་པ་ལ་གསུམ་སྟེ། བདེན་པ་མངོན་པར་རྟོགས་པའི་ལམ། བདེན་པ་མངོན་པར་རྟོགས་པའི་གང་ཟག་བཤད། ལམ་ཉིད་ཀྱི་ཁྱད་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚམས་སྦྱར་བ།་་་་་བདེན་པ། ལམ་དངོས་སོ། །འདི་ལ་གསུམ་སྟེ། ལམ་གྱི་ངོ་བོ།་་་་་སྒོམ་པའི། དམིགས་པ། སྐྱེ་ཚུལ་ལོ། །གཉིས་པ་ལ་གཉིས་ཏེ། བདེན་པ་བཞི། བདེན་པ་གཉིས་སོ།་་་་་གང་ལ། །དང་པོ་ལ་གསུམ་སྟེ། དབྱེ་བ།་་་་་བདེན་པ། རྟོགས་པའི་གོ་རིམ།་་་་་དེ་ལྟར། ཟག་བཅས་སྡུག་བསྔལ་དུ་བསྟན་པའོ།་་་་་ཡིད་འོང་། །གསུམ་པ་སྐྱེ་ཚུལ་ལ་གཉིས་ཏེ། འཇུག་ཚུལ་མདོར་བསྟན། སྒོམ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བྱ་བའི་རིམ་པ།་་་་་ཚུལ་གནས། བློའི་ངོ་བོའོ།་་་་་ཐོས་སོགས། །གཉིས་པ་ལ་གཉིས་ཏེ། རྟེན་སྣོད་དུ་རུང་བ་སྒོམ་པ་པོའི་ཁྱད་པར། དེས་བསྒོམ་བྱའི་ལམ་གྱི་རིམ་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན།་་་་་བསྲིང་གཉིས། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། གཉིས་ལྡན་བཀག་་་་་མཆོག་མིང་། བཟློག་པས་བླང་བའོ། །འདི་ལ་གཉིས་ཏེ། བཟློག་པ་གཉེན་པོར་བསྟན།་་་་་བཟློག་པ། དེ་འཕགས་རིགས་སུ་བསྟན་པའོ། །འདི་ལ་གཉིས་ཏེ། དངོས་དང་།་་་་་འཕགས་རིགས། དེའི་ཁྱད་པར་དཔྱད་པའོ། །འདི་ལ་གཉིས་ཏེ། དེས་དོན་གང་བསྟན་པ།་་་་་གསུམ་གྱིས། དེ་ལྟར་བསྟན་པའི་དགོས་པའོ།་་་་་སྲེད་པ། །གཉིས་པ་དེས་བསྒོམ་བྱའི་ལམ་གྱི་རིམ་པ་ལ་གཉིས་ཏེ། ཞི་གནས་སྒོམ་ཚུལ། ལྷག་མཐོང་སྒོམ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མདོར་བསྟན།་་་་་དེ་ལ། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། མི་སྡུག་པ་སྒོམ་པ། དབུགས་འབྱུང་རྔུབ་དྲན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན།་་་་་ཀེང་རུས། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། རྣལ་འབྱོར་བསྒོམ་ཚུལ།་་་་་རུས་པ། དེ་ཉིད་ངེས་པར་བྱ་བའོ།་་་་་མི་སྡུག །གཉིས་པ་ལ་གཉིས་ཏེ། ཐུན་མོང་དུ་བསྟན།་་་་་དབུགས་རྔུབ། ཁྱད་པར་དུ་བཤད་པའོ། །འདི་ལ་གསུམ་སྟེ། སྒོམ་ཚུལ་གྱི་དབྱེ་བ།་་་་་བགྲང་ལས། ཡུལ་གྱི་ངོ་བོ།་་་་་དབུགས་རྡུབ། འོག་མ།་་་་་ཡུལ་ཅན་གྱི་ཁྱད་པར་རོ། །གཉིས་པ་ལྷག་མཐོང་སྒོམ་ཚུལ་ལ་གསུམ་སྟེ། ཚོགས་ལམ་གྱི་དང་། སྦྱོར་ལམ་གྱི་དང་། བདེན་པ་རྟོགས་པའི་ལམ་གྱི་སྐྱེ་ཚུལ་ལོ།་་་་་མངོན་པར། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གང་ཟག་་་་་་ཞི་གནས། བསྒོམ་ཚུལ་ལོ།་་་་་ལུས་ཚོར། །གཉིས་པ་ལ་གཉིས་ཏེ། ཐུན་མོང་གི་བསྒོམ་ཚུལ། ཆོས་དྲན་པ་ཉེར་བཞག་གི་སྒོམ་ཚུལ་ལོ།་་་་་དེ་ནི། །དང་པོ་ལ་གསུམ་སྟེ། ངོ་བོ།་་་་་ཤེས་རབ། རིམ་ནི།་་་་་གོ་རིམ། གྲངས་ངེས་སོ།་་་་་ཕྱིན་ཅི། །གཉིས་པ་སྦྱོར་ལམ་གྱི་སྐྱེ་ཚུལ་ལ་བཞི་སྟེ། སྐྱེ་ཚུལ། ངོ་བོ།་་་་་བསྒོམ་བྱུང་། ཁྱད་པར། སྔོན་འགྲོའོ།་་་་་དེ་ཡི། །དང་པོ་ལ་གསུམ་སྟེ། སྐྱེ་བའི་རིམ་པ།་་་་་དེ་ལས། དེ་ཕུང་པོ་ལྔས་བསྡུས་པ།་་་་་ཐམས་ཅད། དོན་བསྡུ་བའོ།་་་་་དེ་ལྟར། །གསུམ་པ་ལ་ལྔ་སྟེ། སའི་དང་།་་་་་མི་ལྕོགས། རྟེན་གྱི་དང་།་་་་་འདོད་རྟེན། ཐོབ་གཏོང་གི་དང་།་་་་་འཕགས་པས། ཡོན་ཏན་གྱི་དང་།་་་་་རྩེ་མོ། རིགས་ཀྱི་ཁྱད་པར་རོ།་་་་་གཉིས་སློབ། །གསུམ་པ་བདེན་པ་མངོན་པར་རྟོགས་པའི་ལམ་གྱི་སྐྱེ་ཚུལ་ལ་ལྔ་སྟེ། སེམས་བཅུ་དྲུག་གི་སྐྱེ་ཚུལ།་་་་་འཇིག་རྟེན། མངོན་རྟོགས་གསུམ་དུ་བསྟན་པ།་་་་་རྣམ་གསུམ། ས་གང་ལ་བརྟེན་པ།་་་་་དེ་ནི། སེམས་བཅུ་དྲུག་གི་གྲངས་ངེས།་་་་་བཟོད་དང་། ལམ་གང་གིས་བསྡུས་པའོ།་་་་་དེ་ལ། །གཉིས་པ་བདེན་པ་མངོན་པར་རྟོགས་པའི་གང་ཟག་ལ་གསུམ་སྟེ། གང་ཟག་ཟུང་བཞི་བཤད། རྣམ་གྲངས་བདུན་དུ་དབྱེ།་་་་་གང་ཟག རྫས་དྲུག་དུ་བསྡུ་བའོ། །དང་པོ་ལ་གསུམ་སྟེ། མཐོང་ལམ་དང་། སྒོམ་ལམ་དང་། མི་སློབ་ལམ་ལ་གནས་པའི་གང་ཟག་གོ །དང་པོ་ལ་གཉིས་ཏེ། དབང་པོའི་སྒོ་ནས་དབྱེ་བ།་་་་་དབང་པོ། འབྲས་བུའི་སྒོ་ནས་དབྱེ་བའོ། །འདི་ལ་གསུམ་སྟེ། རྒྱུན་ཞུགས་ཞུགས་པ།་་་་་སྒོམ་པས། ཕྱིར་འོང་ཞུགས་པ།་་་་་གཉིས་པ། འདོད་པའམ།་་་་་ཕྱིར་མི་འོང་ཞུགས་པའོ། །གཉིས་པ་ལ་གཉིས་ཏེ། མཐོང་སྤང་སྤངས་པའི་སྒོ་ནས་བཞག་པ། སྒོམ་སྤང་སྤང་ཚུལ་གྱི་སྒོ་ནས་བཞག་པའོ། །དང་པོ་ལ་གསུམ་སྟེ། འབྲས་བུའི་སྒོ་ནས་དང་།་་་་་གང་གིས། དབང་པོའི་སྒོ་ནས་དང་།་་་་་དེ་ཚེ། ཙམ་ཁྱད་ཀྱི་སྒོ་ནས་བཞག་པའོ།་་་་་འབྲས་ཐོབ། །གཉིས་པ་ལ་གཉིས་ཏེ། རྒྱུ་མཚན་སྤང་གཉེན་གྱི་རྣམ་གཞག་་་་་ས་དང་། རྒྱུ་མཚན་ཅན་གང་ཟག་གི་རྣམ་གཞག་གོ །འདི་ལ་གསུམ་སྟེ། རྒྱུན་ཞུགས་ཀྱི། ཕྱིར་འོང་གི ཕྱིར་མི་འོང་གི་སྐོར་རོ། །དང་པོ་ལ་གཉིས་ཏེ། ཙམ་པོ་དང་།་་་་་འབྲས་གནས། རྣམ་གསུམ།་་་་་ཁྱད་པར་ཅན་ནོ། །གཉིས་པ་ལ་གཉིས་ཏེ། ཞུགས་པ་དང་།་་་་་རྣམ་པ། འབྲས་གནས་སོ། །འདི་ལ་གཉིས་ཏེ། ཙམ་པོ།་་་་་རྣམ་པ། ཉེས་ཆ།་་་་་ཁྱད་པར་ཅན་ནོ། །གསུམ་པ་ལ་གཉིས་ཏེ། ཞུགས་པ་དང་།་་་་་གསུམ་པ། འབྲས་གནས་སོ། །འདི་ལ་གསུམ་སྟེ། ཙམ་པོ་དང་།་་་་་དེ་དགུ། ཁྱད་པར་ཅན་གྱི་དབྱེ་བ། དེ་གཉིས་ཕྱི་མའི་ཁྱད་པར་བཞག་པའོ།་་་་་སྲིད་རྩེ། །གཉིས་པ་ལ་གཉིས་ཏེ། སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དང་། ཡོན་ཏན་ཐོབ་ཚུལ་གྱི་སྒོ་ནས་བཞག་པའོ།་་་་་འགོག་པ། །དང་པོ་ལ་གསུམ་སྟེ། ཁམས་གོང་དུ་འགྲོ་བ། ཚེ་འདིར་མྱ་ངན་ལས་འདའ་བ།་་་་་གཞན་ནི། དེ་དག་གི་ཁྱད་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གཟུགས་སུ་ཉེར་འགྲོ། གཟུགས་མེད་ཉེར་འགྲོའོ།་་་་་གཞན་ནི། །དང་པོ་ལ་གསུམ་སྟེ། བར་འདའ་བ།་་་་་དེ་ནི། སྐྱེས་འདུ།་་་་་སྐྱེས་འདའ་བ། གོང་འཕོའོ། །འདི་ལ་གཉིས་ཏེ། ངོ་བོ།་་་་་གོང་དུ། དབྱེ་བའོ། །འདི་ལ་གཉིས་ཏེ། འོག་མིན་འགྲོ།་་་་་དེ་ནི། སྲིད་རྩེར་འགྲོའོ།་་་་་གཞན་སྲིད། །གསུམ་པ་དེ་དག་གི་ཁྱད་པར་བཤད་པ་ལ་བཞི་སྟེ། གཟུགས་སུ་ཉེར་འགྲོ་དགུར་དབྱེ།་་་་་གསུམ་ལ་གཅིག གོང་དུ།་་་་་དམ་པའི་འགྲོ་བ་བདུན་དུ་བསྡུ། དབྱེ་བ་དེ་དག་གང་གིས་དབང་དུ་བྱས་པ།་་་་་འདོད་པར། བསམ་གཏན་སྤེལ་སྒོམ་གྱི་ཚུལ་ལོ། །འདི་ལ་བཞི་སྟེ། དང་པོར་གང་སྤེལ།་་་་་དང་པོར། གྲུབ་པའི་ཚད།་་་་་སྐད་ཅིག སྤེལ་བའི་དགོས་པ།་་་་་སྐྱེ་དང་། གྲངས་ངེས་པའོ།་་་་་དེ་ནི། །གསུམ་པ་མི་སློབ་ལམ་ལ་གནས་པའི་གང་ཟག་ལ་གསུམ་སྟེ། འབྲས་གནས་དངོས།་་་་་དེ་བདེ། དེའི་ཞར་བྱུང་། འབྲས་གནས་ཀྱི་དབྱེ་བའོ། །གཉིས་པ་ལ་གསུམ་སྟེ། འདོད་ཆགས་དང་བྲལ་བའི་ཚུལ་དཔྱད། གལ་ཏེ།་་་་་ཟད་པ་ཤེས་པའི་རྗེས་ལ་གང་བྱུང་དཔྱད། དགེ་སྦྱོང་གི་ཚུལ་དང་འབྲས་བུ་ངོས་བཟུང་བའོ། །དང་པོ་ལ་བཞི་སྟེ། ཆགས་བྲལ་སྤྱིར་བསྟན།་་་་་འཇིག་རྟེན། བྲལ་ཐོབ་ཀྱི་སྐྱེ་ཚུལ་བཤད།་་་་་འཇིག་རྟེན། ཟག་མེད།་་་་་ས་གང་གིས། གང་ལ་འདོད་ཆགས་བྲལ་བའི་ཚུལ། འཇིག་རྟེན།་་་་་འཇིག་རྟེན་པའི་ལམ་གྱི་རྣམ་པའོ། །གསུམ་པ་ལ་གསུམ་སྟེ། དངོས་ཀྱི་དོན། དེ་ཉིད་ཚངས་པའི་འཁོར་ལོར་བསྟན།་་་་་དེ་ཉིད། ཁམས་གང་དུ་འབྲས་བུ་གང་ཐོབ་པའོ།་་་་་འདོད་པར། །དང་པོ་ལ་གཉིས་ཏེ། ངོ་བོ།་་་་་དགེ་སྦྱོང་། རྩོད་སྤོང་ངོ་།་་་་་འབྲས་བུ། །གསུམ་པ་འབྲས་གནས་ཀྱི་དབྱེ་བ་ལ་གཉིས་ཏེ། དྲུག་ཏུ་དབྱེ། དགུར་དབྱེ་བའོ།་་་་་སངས་རྒྱས། །དང་པོ་ལ་བཞི་སྟེ། དགྲ་བཅོམ་རིགས་དྲུག་ཏུ་དབྱེ་བ། རིགས་དབྱེ་སྟེ་གཞན་ལ་སྦྱར་བ།་་་་་སློབ་དང་། ཉམས་པའི་ཚུལ་ལ་རྩོད་པ་སྤོང་།་་་་་ཐོབ་དང་། མི་གཡོ།་་་་་དབང་པོ་ཇི་ལྟར་འཕོ་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། དབྱེ་བ་སོ་སོའི་ངོ་བོ།་་་་་དགྲ་བཅོམ། ཆོས་གང་ལས་ཉམས་པའོ།་་་་་བཞི་ནི། །གསུམ་པ་རྫས་དྲུག་ཏུ་བསྡུ་བ་ལ་གསུམ་སྟེ། དྲུག་ཏུ་བསྡུ་བ་དངོས།་་་་་དེ་དག རྣམ་གྲོལ་གཉིས་ཀྱི་ཁྱད་པར།་་་་་འགོག་ཐོབ། སློབ་མི་སློབ་གང་གིས་རྫོགས་པའོ།་་་་་སྙོམས་འཇུག །གསུམ་པ་ལམ་ཉིད་ཀྱི་ཁྱད་ཆོས་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། ལམ་བཞིར་དབྱེ་བ།་་་་་མདོར་ན། གནས་དང་དབང་པོ་ཐ་དད་པའི་ལམ་དུ་བསྟན་པ།་་་་་བསམ་གཏན། བྱང་ཆུབ་ཕྱོགས་མཐུན་དུ་བསྟན་པ། མདོའི་དོན་ལ་རྩོད་པ་སྤངས་པ། ལམ་གྱིས་ཐོབ་པའི་རྣམ་གྲོལ་ལོ། །གསུམ་པ་ལ་ལྔ་སྟེ། བྱང་ཆུབ་ཕྱོགས་མཐུན་གྱི་དབྱེ་བསྡུ།་་་་་ཟད་དང་། ཆོས་གང་གནས་སྐབས་གང་དུ་བསྒོམ་པ།་་་་་སྡེ་ཚན། ཆོས་དུ་ཟག་བཅས་ཟག་མེད་ཡིན་པ།་་་་་བྱང་ཆུབ། ས་གང་ན་ཆོས་དུ་ཡོད་པ།་་་་་བསམ་གཏན། གནས་སྐབས་གང་དུ་ཤེས་ནས་དད་པ་ཐོབ་དཔྱད་པའོ།་་་་་བདེན་གསུམ། །བཞི་པ་ལ་གཉིས་ཏེ། ཡང་དག་པའི་རྣམ་གྲོལ་ལམ།་་་་་བཅིངས་ཕྱིར། ཡང་དག་པའི་ཤེས་པའོ།་་་་་བྱང་ཆུབ། །ལྔ་པ་ལ་བཞི་སྟེ། སེམས་གང་སྒྲིབ་པ་ལས་གྲོལ།་་་་་མི་སློབ། འགག་པར།་་་་་ལམ་གང་གིས་སྒྲིབ་པ་སྤང་། རྣམ་གྲོལ་ལ་སོགས་པའི་ཁྱད་པར།་་་་་འདུས་མ། སྡུག་བསྔལ།་་་་་ཡིད་འབྱུང་ལས་བྱུང་བའི་མུ་བཞིའོ། །བདུན་པ་ཡེ་ཤེས་བསྟན་པ་ལ་གཉིས་ཏེ། ཁྱད་གཞི་ཤེས་པ། དེའི་ཁྱད་ཆོས་བཤད་པའོ། །དང་པོ་ལ་གསུམ་སྟེ། བཟོད་ཤེས་ལྟ་བའི་ཁྱད་པར། ཤེས་པ་བཅུ་ངོས་བཟུང་བ། དེའི་ཁྱད་པར་དཔྱད་པའོ། །དང་པོ་ལ་གཉིས་ཏེ། ཟག་མེད་བཟོད་ཤེས་ལྟ་བའི་དང་།་་་་་དྲི་མེད། ཟག་བཅས་ཤེས་པ་ལྟ་བའི་ཁྱད་པར་རོ།་་་་་གཞན་ཤེས། །གཉིས་པ་ལ་གསུམ་སྟེ། བཅུར་དབྱེ་བ། ཟད་མི་སྐྱེ་ཤེས་པའི་ཁྱད་པར།་་་་་ཟད་པ། ཤེས་པ་བཅུའི་གྲངས་ངེས་སོ། །དང་པོ་ལ་བཞི་སྟེ། ཤེས་པ།་་་་་གསུམ་དུ་དབྱེ། དེ་ལས་ཕྱུངས་ཏེ་བཞིར་བཞག་་་་་དེ་དག དེ་ལས་ཕྱུངས་ཏེ་གཉིས་སུ་བཞག་་་་་རྣམ་བཞི། དེ་ལས་ཕྱུངས་ཏེ་གཅིག་ཏུ་བཞག་པའོ། །འདི་ལ་གཉིས་ཏེ། ངོ་བོ་དང་།་་་་་བཞི་ལས། ཁྱད་པར་རོ། །འདི་ལ་གཉིས་ཏེ། གང་གིས་གང་མི་ཤེས་པ།་་་་་དེས་ནི། གང་གིས་གང་ཤེས་པའོ།་་་་་ཉན་ཐོས། །གསུམ་པ་ཤེས་པ་བཅུའི་གྲངས་ངེས་ལ་གཉིས་ཏེ། གྲངས་ངེས་དངོས།་་་་་རང་བཞིན། སྒོམ་པའི།་་་་་གཉེན་པོ་བྱེ་བྲག་ཏུ་བཤད་པའོ། །གསུམ་པ་དེའི་ཁྱར་པར་དཔྱད་པ་ལ་གཉིས་ཏེ། རྣམ་པའི་ཁྱད་པར། ཤེས་པའི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། ཤེས་པ་སོ་སོའི་རྣམ་པ།་་་་་ཆོས་ཤེས། རྣམ་པ་སོ་སོའི་ངོ་བོའོ། །འདི་ལ་གཉིས་ཏེ། རྣམ་པ་བཅུ་དྲུག་གི་ངོ་བོ།་་་་་དྲི་མེད། རྣམ་པའི་རྣམ་པ།་་་་་ངོ་བོ་ངོས་བཟུང་དང་བཅས་པའོ། །གཉིས་པ་ལ་ཤེས་པའི་ཁྱད་པར་ལ་ལྔ་སྟེ། དང་པོ།་་་་་ངོ་བོའི་དང་། དང་པོ།་་་་་སའི་དང་། དེ་ནི།་་་་་རྟེན་གྱི་དང་། དྲན་པ་ཉེར་བཞག་གི་དང་།་་་་་འགོག་བློ། དམིགས་པའི་ཁྱད་པར་རོ། །འདི་ལ་གསུམ་སྟེ། ཤེས་པ་དུ་གང་གིས་དམིགས་པ་ཡིན།་་་་་ཆོས་བློའི། ཆོས་བཅུ།་་་་་ཆོས་དུ་གང་གིས་དམིགས་པ་ཡིན། ཤེས་པ་གཅིག་གིས་ཅི་ཙམ་ཤེས་པའོ།་་་་་ཀུན་རྫོབ། །གཉིས་པ་དེའི་ཁྱད་པར་གྱི་ཆོས་བཤད་པ་ལ་གསུམ་སྟེ། ཤེས་པའི་ལྡན་པ།་་་་་ཟག་མེད། ཐུན་མོང་གི་ཐོབ་པ། ཤེས་པའི་ཡོན་ཏན་ནོ། །གཉིས་པ་ལ་གསུམ་སྟེ། མཐོང་ལམ་གྱི་གནས་སྐབས་སུ་ཐོབ་པ།་་་་་མཐོང་བའི། ཆགས་བཅས།་་་་་གཞན་གྱི་གནས་སྐབས་སུ་ཐོབ་པ། ཐོབ་པའི་དབྱེ་བའོ།་་་་་རྙེད་དང་། །གསུམ་པ་ཤེས་པའི་ཡོན་ཏན་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་དང་། ཐུན་མོང་གི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། དབྱེ་བའི་སྒོ་ནས་མདོར་བསྟན།་་་་་སངས་རྒྱས། སོ་སོའི་རང་བཞིན་རྒྱས་པར་བཤད་པ། མཉམ་མི་མཉམ་གྱི་སྒོ་ནས་མཇུག་སངས་རྒྱས་་་་་་བསྡུ་བའོ། །གཉིས་པ་ལ་བཞི་སྟེ། སྟོབས་བཅུ། མི་འཇིགས་པ་བཞི།་་་་་མི་འཇིགས། དྲན་པ་ཉེར་བཞག་གསུམ།་་་་་དྲན་དང་། ཐུགས་རྗེ།་་་་་ཐུགས་རྗེ་ཆེན་པོའོ། །དང་པོ་ལ་གསུམ་སྟེ། སོ་སོའི་རང་བཞིན།་་་་་གནས་དང་། ས་གང་གིས་བསྡུས་པ།་་་་་སྔོན་གནས། སངས་རྒྱས་ཉིད་ལ་བཞག་པའོ།་་་་་ཅིའི། །གཉིས་པ་ཐུན་མོང་བའི་ཡོན་ཏན་ལ་གཉིས་ཏེ། མདོར་བསྟན།་་་་་ཆོས་གཞན། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། འཕགས་པ་དང་ཐུན་མོང་བ། ཕལ་ཆེར་སོ་སྐྱེ་དང་ཐུན་མོང་བའོ། །དང་པོ་ལ་གཉིས་ཏེ། སོ་སོའི་ངོ་བོ། དེ་རྣམས་ཐུན་མོང་གི་ཐོབ་ཚུལ་ལོ།་་་་་མ་ཚང་། །དང་པོ་ལ་གསུམ་སྟེ། ཉོན་མོངས་མེད་པ།་་་་་ཉོན་མོངས། སྨོན་གནས་ཤེས་པ།་་་་་སྨོན་གནས། སོ་སོ་ཡང་དག་རིག་པའོ།་་་་་དེ་བཞིན། །གཉིས་པ་ཕལ་ཆེར་སོ་སྐྱེ་དང་ཐུན་མོང་བ་ལ་དྲུག་སྟེ། དབྱེ་བ།་་་་་རྫུ་འཕྲུལ། རྣམ་གྲོལ།་་་་་ངོ་བོ། ས།་་་་་ལྔ་ནི། སྤྱོད་ཡུལ།་་་་་རང་དང་། ཐོབ་བྱ།་་་་་འཐོབ་ཚུལ། དེ་གཏན་ལ་དབབ་པའོ། །འདི་ལ་གཉིས་ཏེ། ཐུན་མོང་དུ་དང་། ཁྱད་པར་དུ་གཏན་ལ་དབབ་པའོ། །དང་པོ་ལ་བཞི་སྟེ། གསུམ་པ།་་་་་དྲན་པ་ཉེར་བཞག་བཞི། དགེ་སོགས་གསུམ།་་་་་མིག་དང་། རིགས་པ་གསུམ།་་་་་གསུམ་ནི། ཆོ་འཕྲུལ་གསུམ་དང་སྦྱར་བའོ།་་་་་དང་པོ། །གཉིས་པ་ལ་གསུམ་སྟེ། རྫུ་འཕྲུལ་གྱི་མངོན་ཤེས། མིག་རྣའི་མངོན་ཤེས།་་་་་ལྷ་ཡི། གཞན་ཡང་།་་་་་སྐྱེས་ཐོབ་སོགས་ཀྱི་རང་བཞིན་ནོ། །དང་པོ་ལ་ལྔ་སྟེ། རྫུ་འཕྲུལ་གྱི་ཁྱད་པར།་་་་་རྫུ་འཕྲུལ། ཡུལ་སེམས་ངོས་བཟུང་བ།་་་་་དེ་དག རང་གི་་་་་དེས་ཇི་ལྟར་སྤྲུལ་པ། སྤྲུལ་སེམས་ཀྱི་ངོ་བོ།་་་་་བསྒོམ་ལས། རྫུ་འཕྲུལ།་་་་་རྫུ་འཕྲུལ་གྱི་དབྱེ་བའོ། །བརྒྱད་པ་སྙོམས་འཇུག་བསྟན་པ་ལ་གཉིས་ཏེ། སྙོམས་འཇུག་དངོས། དེ་ལ་བརྟེན་པའི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། སྙོམས་འཇུག་བརྒྱད་དུ། ཏིང་ངེ་འཛིན་གསུམ་དུ། ཏིང་ངེ་འཛིན་བཞིར་དབྱེ་བའོ།་་་་་དགེ་བའི། །དང་པོ་ལ་གསུམ་སྟེ། བསམ་གཏན།་་་་་བསམ་གཏན་གྱི་དབྱེ་བ། རྒྱུ་སྙོམས་འཇུག ཐུན་མོང་དུ་གཏན་ལ་དབབ་པའོ། །གཉིས་པ་ལ་གསུམ་སྟེ། བསམ་གཏན་བཞི། གཟུགས་མེད་བཞི།་་་་་དེ་ནི། དེ་ལྟར།་་་་་གཉིས་ཀའི་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱིའི་ངོ་བོ།་་་་་སྙོམས་འཇུག སོ་སོའི་མཚན་ཉིད་དོ།་་་་་དཔྱོད་དང་། །གསུམ་པ་ཐུན་མོང་དུ་གཏན་ལ་དབབ་པ་ལ་དྲུག་སྟེ། སྙོམས་འཇུག་གསུམ་དང་སྦྱར་བ།་་་་་བདུན་རྣམ། བསམ་གཏན་གྱི་ཡན་ལག་ངོས་བཟུང་བ། སྙོམས་འཇུག་ཐོབ་ཚུལ། རྟེན་གང་གིས་གང་མངོན་དུ་བྱེད་པ།་་་་་བསམ་གཏན། སྤྱོད་ཡུལ་གང་ལ་དམིགས་པ།་་་་་སྲེད་བཅས། ཉོན་མོངས་གང་གིས་སྤོང་བའོ། །གཉིས་པ་ལ་གསུམ་སྟེ། ཡན་ལག་དངོས། བསམ་གཏན་གྱི་ཁྱད་པར། དེ་དག་ལ་རྩོད་པ་སྤང་བའོ།་་་་་གཉིས་པ། །དང་པོ་ལ་གཉིས་ཏེ། ཐུན་མོང་དུ་བསྟན་པ།་་་་་དང་པོ། ཁྱད་པར་དུ་བསྟན་པའོ།་་་་་དང་པོ། །གཉིས་པ་ལ་གསུམ་སྟེ། ཉོན་མོངས་ཅན་ཡིན་མིན།་་་་་ཉོན་མོངས། སྐྱོན་ཅན་སྐྱོན་མེད།་་་་་སྐྱོན་བརྒྱད། སྐྱེ་བ་དང་སྙོམས་འཇུག་གི་ཁྱད་པར་རོ།་་་་་སྐྱེ་བའི། །གསུམ་པ་སྙོམས་འཇུག་ཐོབ་ཚུལ་ལ་གསུམ་སྟེ། །ཐོབ་ཚུལ་དངོས།་་་་་དེ་དང་། གང་གི་མཇུག་ཏུ་གང་སྐྱེ་བ། ས་བརྒྱད།་་་་་ཐོད་རྒལ་གྱི་སྙོམས་འཇུག་ཇི་ལྟར་སྐྱེ་བའོ། །གཉིས་པ་ལ་གཉིས་ཏེ། ཐུན་མོང་དུ་བསྟན་པ།་་་་་ཟག་པ། དག་པ་ཁྱད་པར་དུ་བཤད་པའོ།་་་་་དག་པ། །དྲུག་པ་ཉོན་མོངས་གང་གིས་སྤོང་བ་ལ་གསུམ་སྟེ། སྤོང་ཚུལ་དངོས།་་་་་ཟག་པ། ཉེར་བསྡོགས་ཀྱི་ཁྱད་པར།་་་་་དེ་དག བསམ་གཏན་ཁྱད་པར་ཅན་ནོ།་་་་་རྟོག་མེད། །གཉིས་པ་ཏིང་ངེ་འཛིན་གསུམ་དུ་དབྱེ་བ་ལ་གསུམ་སྟེ། རྟོགས་བཅས་དཔྱོད་བཅས་སོགས་གསུམ་དུ་དབྱེ་བ།་་་་་མན་ཆད། སྟོང་པ་ཉིད་སོགས་གསུམ་དུ་དབྱེ་བ། སྟོང་ཉིད།་་་་་སྟོང་ཉིད་སོགས་གསུམ་དུ་དབྱེ་བའོ། །གཉིས་པ་ལ་གཉིས་ཏེ། དབྱེ་བ་དངོས།་་་་་མཚན་མེད། དེ་ཁྱད་པར་དུ་བཤད་པའོ།་་་་་དག་དང་། །གཉིས་པ་སྙོམས་འཇུག་གི་ཡོན་ཏན་ལ་གཉིས་ཏེ། ཚད་མེད་བཤད། རྣམ་ཐར་སོགས་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དང་།་་་་་ཚད་མེད། ཁྱད་པར་གྱི་ཆོས་སོ།་་་་་ཞིང་། །གཉིས་པ་ལ་བཞི་སྟེ། ཡོན་ཏན་དངོས། དེ་དག་གི་ཐོབ་ཚུལ།་་་་་འགོག་པ། གཟུགས་མེད།་་་་་རྟེན་གྱི་ཁྱད་པར། ཏིང་ངེ་འཛིན་གྱི་སྐྱེ་ཚུལ་ལོ།་་་་་ཁམས་གཉིས། །དང་པོ་ལ་གསུམ་སྟེ། རྣམ་ཐར། ཟིལ་གནོན།་་་་་ཟིལ་གྱིས། ཟད་པར་རོ།་་་་་ཟད་པར། །དང་པོ་ལ་གཉིས་ཏེ། མདོར་བསྟན།་་་་་རྣམ་ཐར། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། ངོ་བོ་དང་། ཡུལ་ལོ།་་་་་དང་པོ། །དང་པོ་ལ་གསུམ་སྟེ། དང་པོ།་་་་་གཟུགས་ཅན་གྱི་དང་། གཟུགས་མེད།་་་་་།གཟུགས་མེད་ཀྱི་དང་། འགོག་པ།་་་་་འགོག་པའི་རྣམ་ཐར་རོ། །གསུམ་པ་གཞུང་ཡོངས་སུ་རྫོགས་པའི་བྱ་བ་ལ་ལྔ་སྟེ། སྟོན་པའི།་་་་་སྟོན་པའི་དམ་ཆོས་ཀྱི་དབྱེ་བ། དེ་འཛིན།་་་་་དེ་འཛིན་པའི་གང་ཟག བདག་གིས།་་་་་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། ཉེས་པ་བཟོད་པར་གསོལ་བའོ།་་་་་ཉེས་པར། །ཐར་པ་འདོད་པས་བག་ཡོད་བྱ་བར་གདམས་པའོ། །འདི་ལ་གསུམ་སྟེ། སྟོན་པ།་་་་་དེ་ཉིད་མཐོང་བ་འདས་པར་བསྟན། དེ་ཉིད།་་་་་དེ་ཉིད་མ་མཐོང་རང་བཟོར་སྤྱོད། དེ་ལྟར།་་་་་དེས་ན་བག་ཡོད་བྱ་བར་གདམས་པའོ། །གསུམ་པ་བསྒྱུར་བ་མཐར་ཕྱིན་པ་མཇུག་གི་དོན་ལ་གཉིས་ཏེ། ཆོས་མངོན་པ།་་་་་བརྩམས་པའི་བཀའ་དྲིན་དྲན་པའི་ཆེད་དུ་རྩོམ་བྱེད་སྨོས། རྒྱ་གར།་་་་་བསྒྱུར་བ་དྲིན་དྲན་པའི་ཆེད་དུ་སྒྱུར་བྱེད་སྨོས་པའོ། །དཀྱུས་ཀྱི་ས་བཅད་པ་རུ་སྦལ་རྒྱ་བོའི་བཞི་འགྲོས་བཤད་ཟིན་ཏོ།། །།ད་ནི་དཀའ་བའི་གནས་ལ་དཔྱད་པ་གངས་སེང་དཀར་མོའི་མཆོངས་སྟངས་བཤད་པར་བྱ་སྟེ། ཆོས་རྣམས་རབ་ཏུ་རྣམ་འབྱེད་ཅེས་པའི་སྐབས་སུ། ཤུགས་ལས་ཆོས་རབ་ཏུ་རྣམ་འབྱེད་ཡོད་ན། ཉོན་མོངས་ཞི་བའི་ལྷག་བཅས་དང་། སྡུག་བསྔལ་ཞི་བའི་ལྷག་མེད་ཐོབ་པར་བསྟན་ཏེ། འདི་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། རྟེན་གྱི་སྒོ་ནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཀུན་འབྱུང་དང་སྡུག་བསྔལ་སྤངས་པས་རབ་ཏུ་ཕྱེ་བས་ཀུན་འབྱུང་སྤོང་ལ་སྡུག་བསྔལ་གྱི་ལྷག་མ་ལུས་པ་དང་། མ་ལུས་པའོ། །འོ་ན། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ཞེས་དེ་གཉིས་ཁྱབ་མཉམ་པར་བཤད་པ་ཅི་ལྟ་བུ་ཞེ་ན། དེ་ནི་བྱེ་བྲག་ཏུ་སྨྲ་བས་ཐམས་ཅད་དུ་མཉམ་པ་དང་། མདོ་སྡེ་པ་དང་། སེམས་ཙམ་པ་དགྲ་བཅོམ་པའི་ཕུང་པོ་ཐ་མ་སྡུག་བསྔལ་ཡིན་ལ་ཀུན་འབྱུང་མ་ཡིན་པ་དང་། བསྡུ་བར། དགྲ་བཅོམ་པའི་ཕུང་པོ་རིལ་པོ་ཀུན་འབྱུང་མ་ཡིན་པར་བཤད་པ་གསུམ་ཡོད་ཀྱང་། འདིར་ནི་ཀུན་འབྱུང་གི་གཙོ་བོ་ལས་དང་ཉོན་མོངས་པ་སྤངས་ལ། སྡུག་བསྔལ་གྱི་གཙོ་བོ་རྣམ་སྨིན་གྱི་ཕུང་པོ་མ་ལོག་པ་སྟེ། མདོར་ན་སྐུ་ཚེའི་འདུ་བྱེད་མ་བཏང་བ་དང་། བཏང་བའི་སོ་སོར་བརྟགས་འགོག་གོ །གཉིས་པ་ནི། བྱང་ཆུབ་གསུམ་ལས། ཉན་ཐོས་དགྲ་བཅོམ་པ་ནི་ཁམས་གསུམ་པའི་རྟེན་ཅན་ཏེ། དེ་ལ་འདོད་པའི་རྟེན་ཅན་ནི་ཁམས་གསུམ་གྱི་ཉོན་མོངས་པ་ཞི་བའི་སོ་སོར་བརྟགས་འགོག་ནི་ཐོབ་ཅིང་མངོན་དུ་བྱས་ལ། སྡུག་བསྔལ་ཞི་བའི་འགོག་པ་ཐོབ་ཀྱང་མངོན་དུ་མ་བྱས་པ་སྟེ། ཅི་ཞིག་ལུས་ན་མཽའུ་འགལ་གྱི་བུ་དང་། སྒུར་ཆུང་ལྟ་བུ་ཚོར་བ་སྡུག་བསྔལ་རྟེན་བཅས་སྡུག་བསྔལ་དང་། ཚོར་བ་བདེ་བ་རྟེན་བཅས་འགྱུར་བ་དང་། ཟག་བཅས་ཐམས་ཅད་ལ་ཁྱབ་པའི་འདུ་བྱེད་སྡུག་བསྔལ་གསུམ་ཀ་ལུས་ལ། ནམ་སྐུ་ཚེ་བཏང་བའི་ཚེ་ལྷག་མེད་དུ་མྱ་ངན་ལས་འདའ་ཞེས་དང་། སྡུག་བསྔལ་དེ་གསུམ་ཞི་བའི་འགོག་པ་ཐོབ་ལ་མངོན་དུ་བྱས་ཞེས་ཏེ། དེ་ནི་བྱེ་བྲག་ཏུ་སྨྲ་བས་བརྟག་ཅིང་དགེ་བའི་རྫས་སུ་འདོད་ལ། མདོ་སྡེ་པས་ཟག་བཅས་ཅང་མེད་དུ་སོང་བའི་མེད་དགག་ལ་འདོད་དེ། མདོ་ལས། མ་ཞུམས་པ་ཡི་སེམས་ཀྱིས་སུ། །ཚོར་བ་དང་དུ་ལེན་མོད་ཀྱི། །མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡིས་སེམས་ནི་རྣམ་པར་ཐར། །ཞེས་འདོད་དོ། །བསམ་གཏན་དང་པོ་གསུམ་གྱི་རྟེན་ནི་ལྷག་བཅས་ཀྱི་ཚེ་ཁམས་གསུམ་གྱི་ཉོན་མོངས་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཞི་བ་མངོན་དུ་བྱས་ཤིང་། སྡུག་བསྔལ་ཕྱི་མ་གཉིས་ཞི་བའི་འགོག་པ་ཐོབ་ཀྱང་མངོན་དུ་མ་བྱས་ལ་ལྷག་མེད་ཀྱི་ཚེ་མངོན་དུ་བྱས་པའོ། །བསམ་གཏན་བཞི་པ་ནས་སྲིད་རྩེའི་བར་གྱི་རྟེན་ཅན་ནི། ཉོན་མོངས་དང་སྡུག་བསྔལ་དང་པོ་གཉིས་ཞི་བ་མངོན་དུ་བྱས་ཤིང་། འདུ་བྱེད་ཀྱི་སྡུག་བསྔལ་ཞི་བའི་འགོག་པ་ཐོབ་ཀྱང་མངོན་དུ་མ་བྱས་ལ་ལྷག་མེད་ཀྱི་ཚེ་མངོན་དུ་བྱས་པའོ། །རང་སངས་རྒྱས་ནི་གླིང་གསུམ་གྱི་སྐྱེ་པའི་རྟེན་ཅན་ཏེ་སྡུག་བསྔལ་གསུམ་ལུས་པ་ནི་ལྷག་བཅས་དང་། དེ་དོར་བ་ལྷག་མེད་དུ་འཇོག་པའི་ཚུལ་ཉན་ཐོས་འདོད་པའི་རྟེན་ཅན་དང་འདྲའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི། འཛམ་བུའི་གླིང་གི་སྐྱེས་པ་སྟེ། ཟད་པ་ཤེས་པ་མངོན་དུ་བྱས་པ་ནས་སྐུ་ཚེའི་འདུ་བྱེད་མ་བཏང་གི་བར་ལ་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་དང་། སྐུ་རོ་རྒྱབ་བསྙུང་བ་དང་། དབུ་ཀླད་པ་མི་བདེ་ནས་སྨན་ཨུཏྤལ་བཙལ་བ་ལ་སོགས་པ་ཚོར་བ་སྡུག་བསྔལ་རྟེན་དང་བཅས་པ་དང་། རེས་འགའ་བདེ་བ་དང་དགྱེས་པར་སྤྱོད་པ་སོགས་ཚོར་བ་བདེ་བ་དང་། ཡིད་བདེ་རྟེན་དང་བཅས་པ་དང་། ཚོར་བ་བཏང་སྙོམས་རྟེན་དང་བཅས་པའི་སྡུག་བསྔལ་གསུམ་ལུས་པ་ནི་ལྷག་བཅས་ཡིན་ལ། ནམ་གྲོང་ཁྱེར་རྩྭ་མཆོག་ཏུ་སྐུ་ཚེའི་འདུ་བྱེད་བཏང་བ་ན་ལྷག་མེད་དུ་ཁས་ལེན་ཏོ། །འོ་ན་ཉན་ཐོས་སྡེ་པ་འདི་དག་ཐེག་པ་ཆེན་པོ་བཀར་མི་འདོད་ཅིང་། སངས་རྒྱས་ནི་ཐེག་པ་ཆེན་པོ་པ་ཡིན་པས་དེའི་མྱང་འདས་ཇི་ལྟར་འདོད་ཅེ་ན། དེ་ལ་ཉན་ཐོས་ནི་བསྡུ་བ་ལས། སྤྲུལ་པ་དང་། མངོན་པའི་ང་རྒྱལ་ཅན་དང་། ཞི་བ་བགྲོད་པ་གཅིག་པུ་པ་དང་། རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་དང་བཞི་གསུངས་པའི་མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་ནི། གྲུབ་མཐའ་སྨྲ་བའི་སྡེ་པ་གཉིས་སམ། རྩ་བའི་སྡེ་པ་བཞི་པོ་ལ་རྒྱས་པར་ཕྱེ་ན་སྡེ་པ་བཅོ་བརྒྱད་དུ་འགྱུར་བ་རྣམས་ཡིན་ལ། དེ་དག་ནི་ལངྐར་གཤེགས་པ་ལས། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་པ་ལྟར་གྱི་ཐེག་ཆེན་དེ་དང་། བརྗོད་བྱ་ཟབ་པ་དང་། རྒྱ་ཆེ་བར་སྟོན་པ་འབུམ་དང་། ཕལ་པོ་ཆེ་ལ་སོགས་པ་བཀར་མི་འདོད་པ་ཡིན་གྱི། སྤྱིར་ཉན་ཐོས་ལས་ལྷག་པའི་ཐེག་ཆེན་མི་འདོད་པ་ནི་མ་ཡིན་ཏེ། ཁོ་རང་གི་གྲུབ་མཐའ་ཉིད་ལས་སེམས་བསྐྱེད་དང་། བརྩོན་འགྲུས་དང་། དུས་ཀྱི་བྱེ་བྲག་གིས་བྱང་ཆུབ་གསུམ་ཐོབ་པར་འདོད་པའི་ཕྱིར་ཏེ། མྱུར་བ་སྲིད་པ་གསུམ་གྱི་མཐར། །ཞེས་དང་། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་དང་། དེ་གྲངས་མེད་གསུམ་ལ་སངས་རྒྱས། །ཞེས་པ་ལྟར་རོ། །འོ་ན་མཐར་ཐུག་ཐེག་པ་གསུམ་ཡིན་ནམ་གཅིག་ཡིན་ཞེ་ན། ཉན་ཐོས་སྡེ་པས་ཉན་ཐོས་རིགས་མ་ངེས་པ་བཟོད་འབྲིང་མན་ཆད་དུ་རང་རྒྱལ་དུ་འགྱུར་བ་སྲིད། རྩེ་མོ་མན་ཆད་དུ་ཐེག་ཆེན་དུ་འགྱུར་པ་སྲིད་ཀྱང་། བཟོད་པ་ཐོབ་ནས་ཐེག་ཆེན་དུ་འགྱུར་མི་སྲིད་དེ། ཐེག་ཆེན་དུ་འགྱུར་བ་ལ་གཞན་དོན་དུ་ངན་སོང་དུ་སྐྱེ་བ་ལེན་དགོས་ཤིང་། བཟོད་པ་ཐོབ་ནས་ངན་སོང་དུ་སྐྱེ་མི་སྲིད་པའི་ཕྱིར། ཞེས་འདོད། སེམས་ཙམ་པས་ནི་ལྷག་བཅས་ཀྱི་མྱང་འདས་མན་ཆོད་དུ་ཉན་ཐོས་རིགས་མ་ངེས་པ་ཐེག་ཆེན་དུ་འགྱུར་བ་སྲིད་པར་འདོད་ཀྱང་དེ་ཐམས་ཅད་ཀྱིས་ལྷག་མེད་ཐོབ་ནས་འདུས་བྱས་ཀྱི་འཇུག་པ་རྒྱུན་ཆད་པས་ཐེག་ཆེན་དུ་འཇུག་པར་མི་སྲིད་པར་འདོད་དོ། །དེ་ན་མཐར་ཐུག་ཐེག་པ་གསུམ་ཡིན་ལ་གཅིག་ཏུ་གསུང་བ་ནི་དྲང་བའི་དོན་ནོ་ཞེས་འདོད། དབུ་མ་པས་ནི་མཐར་ཐུག་ཐེག་པ་གཅིགཡིན་ཏེ། ཉན་རང་གི་ལྷག་མེད་ཀྱི་མྱང་འདས་ཀྱི་སྐབས་སུ་ཡང་སེམས་སེམས་བྱུང་རགས་པ་འགགས་པ་ཙམ་ཡིན་གྱི་ཕྲ་བ་མ་འགག་པར་ཡོད་པས་ནམ་ཞིག་དེ་བཞིན་གཤེགས་པའི་སྨིན་མཚམས་ནས་བྱུང་བའི་འོད་ཟེར་གྱིས་བསླངས་ནས་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ཡིད་ཀྱི་ལས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བའི་སྒོ་ནས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་སངས་རྒྱ་བར་བཞེད་དེ། སེམས་འགྲེལ་ལས། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བར། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང་། །ཞེས་སོ། །ཟག་བཅས་ཟག་མེད་ཆོས་རྣམས་ཞེས་པའི་སྐབས་སུ། ཟག་བཅས་ལ་དཔྱད་པ་དང་། ཟག་མེད་ལ་དཔྱད་པ་གཉིས་ལས། དང་པོ་ལ་གསུམ་སྟེ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤོང་བའོ། །དང་པོ་ནི། ཁ་ཅིག ཟག་བཅས་ཀྱི་དོན་ཟག་པ་དང་མཚུངས་པར་ལྡན་པའོ་ཞེ་ན། སེམས་སེམས་བྱུང་ཉོན་མོངས་ཅན་ཁོ་ནར་ཟག་བཅས་སུ་འགྱུར་རོ། །ཁ་ཅིག་ལྷན་ཅིག་འབྱུང་བའོ་ཞེ་ན། ཉོན་མོངས་ཀུན་ཏུ་སྤྱོད་པའི་ཕུང་པོ་ལྔ་ཁོ་ན་ཟག་བཅས་སུ་འགྱུར་རོ། །དཔེ་སྟོན་པས་ཟག་པའི་རྟེན་བྱེད་པའོ། །ཞེས་པ་ལྟར་ན། ནང་གི་སྐྱེ་མཆེད་དྲུག་ཁོ་ན་ཟག་བཅས་སུ་འགྱུར་བས། གསུམ་པོ་དེ་དག་ནི་ཁྱབ་ཆུང་བར་འགྱུར་རོ། །ཁ་ཅིག་ཟག་པའི་དམིགས་པར་གྱུར་པ་ཞེ་ན་ཁྱབ་ཆེས་ཏེ། འགོག་ལམ་གཉིས་པོ་ཡང་ཟག་པའི་དམིགས་པར་ཕྲ་རྒྱས་བསྟན་པའི་སྐབས་སུ་འཆད་པར་འགྱུར་བས་ཟག་བཅས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཟག་པ་ནི་རྩ་བ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཡིན་ལ་དེ་དག་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་འགྱུར་བ་ནི་ཟག་བཅས་ཏེ། རྒྱས་པའི་དོན་ཡང་དམིགས་པ་དང་མཚུངས་ལྡན་གྱི་སྟོབས་ཀྱིས་སྐད་ཅིག་རྒྱུན་ཆགས་སུ་སྐྱེད་ནུས་ཤིང་གནས་ཐོབ་པའོ། །གསུམ་པ་ནི། །འོ་ན་སྣོད་ཀྱི་འཇིག་རྟེན་དང་། དགྲ་བཅོམ་པའི་ཕུང་པོ་ཟག་བཅས་ཅི་ལྟར་ཡིན་ཅེ་ན། སེམས་ཅན་གཞན་གྱི་ཟག་པ་དམིགས་པའི་སྒོ་ནས་རྒྱས་སུ་རུང་བས་ཟག་བཅས་སུ་འདོད་དོ། །འགོག་ལམ་ལ་ཟག་པས་དམིགས་ཀྱང་ཟག་པ་རྒྱས་པར་མི་འགྱུར་ཏེ། བཏགས་པ་ཙམ་གྱི་སྒོ་ནས་དམིགས་པ་ཡིན་གྱི་དངོས་པོར་མི་དམིགས་པས་ཟག་བཅས་སུ་ཐལ་བར་མི་འགྱུར་རོ། །གཉིས་པ་ཟག་མེད་བཤད་པ་ལ་གསུམ་སྟེ། མཚན་གཞི། མཚན་ཉིད། དབྱེ་བའོ། །དང་པོ་ནི། ལམ་གྱི་བདེན་པ་དང་འདུས་མ་བྱས་རྣམས་སོ། །འོ་ན། ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ཞེས་དངོས་སུ་ཟག་མེད་དུ་བསྟན་པ་དང་། ཟག་བཅས་ཀྱི་མཚན་གཞིར། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཞེས་པའི་ཤུགས་ལ་དེ་དག་ཟག་མེད་དུ་བསྒྲུབ་པ་གཉིས་ཟློས་སོ་ཞེ་ན། དེའི་ལན་ལ་གསུམ་སྟེ། ཁ་ཅིག་ཕུང་པོ་གསུམ་པའི་ལོག་རྟོག་བཟློག་པའི་ཕྱིར་ཏེ། ཚོར་བ་ལ་བདེ་བ་སྡུག་བསྔལ་བཏང་སྙོམ་གསུམ་ཡོད་པ་ལྟ་བུའམ། སྣོད་དང་དགྲ་བཅོམ་པའི་ཕུང་པོ་ཟག་པའི་རྟེན་དང་གཉེན་པོ་གཉིས་ཀ་མ་ཡིན་པས། གཉིས་ཀ་མ་ཡིན་པའི་ཕུང་པོ་གསུམ་པ་ཡིན་ནམ་སྙམ་པའི་དོགས་པ་བཟློག་པའི་ཕྱིར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ། དོན་གྱིས་གོ་ཡང་གསལ་བར་འཆད་པས་མི་ཟློས་ཏེ། མདོར་བསྟན་དང་རྒྱས་བཤད་བཞིན་ནོ། །ཞེས་ཟེར་རོ། །སློབ་དཔོན་ཡོན་ཏན་བློ་གྲོས་ན་རེ། ལམ་མ་གཏོགས་ཞེས་བསྟན་པས་འཇིག་རྟེན་པའི་ལམ་ཡང་ཟག་མེད་ཡིན་ནམ་སྙམ་དུ་དོགས་པ་དགག་པའི་ཕྱིར། ལམ་གྱི་བདེན་པ་ཞེས་སྨོས་ལ། འདུས་མ་བྱས་ནི་མ་གྲགས་པས་ཟག་མེད་དུ་མི་གོ་བའི་ཕྱིར་རང་གི་སྒྲས་བསྟན་ཏོ། །ཞེས་ཟེར་རོ། །གཉིས་པ་ནི་སྔར་གྱི་ཟག་བཅས་ཀྱི་མཚན་ཉིད་ལས་བཟློག་པའོ། །མངོན་པ་གོང་མར་ནི། ཟག་བཅས་ཟག་མེད་ཀྱི་དོན་ཟག་པའི་སྒོ་དྲུག་དང་འབྲེལ་བ་དང་། མ་འབྲེལ་བ་ལ་བཤད་དོ། །གསུམ་པ་ལ་གཉིས་ཏེ། ཟག་མེད་འདུས་བྱས་དང་། ཟག་མེད་འདུས་མ་བྱས་སོ། །དང་པོ་ནི། ལམ་གྱི་བདེན་པ་སྟེ་ཕུང་པོ་ལྔ་པ་ཡིན་པར་སྔར་བཤད་ཟིན་ཏོ། །གཉིས་པ་ལ་གསུམ་སྟེ། ནམ་མཁའི་མཚན་གཞི་ནི། འདུས་མ་བྱས་ལུང་མ་བསྟན་རྫས་སུ་ཡོད་པ་ཞིག་སྟེ། མདོ་ལས་བྲམ་ཟེ་ཞིག་གིས། ཀྱེ་གོའུ་ཏ་མ། ས་ཅི་ལ་བརྟེན་ལགས། བྲམ་ཟེ་ཆུ་ལ་བརྟེན་ནོ། །ཆུ་ཅི་ལ་བརྟེན། རླུང་ལ་བརྟེན་ནོ། །རླུང་ཅི་ལ་བརྟེན། ནམ་མཁའ་ལ་བརྟེན་ནོ། །དེ་ཅི་ལ་བརྟེན། དེ་ནི་རྟེན་མེད་པ། སྣང་བ་མེད་པ། དམིགས་པ་མེད་པ། ཞེས་གསུངས་པས་རྟེན་གྱི་དོན་དོན་བྱེད་ནུས་པའི་རྫས་ཡོད་ཡིན་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། །མདོ་སྡེ་པ་ནི། ཟག་བཅས་ཉེ་བར་ཞི་བ་ཙམ་ལས་རྫས་ཀྱི་དངོས་པོ་མེད་པར་འདོད་དོ། །མཚན་ཉིད་ནི་མི་སྒྲིབ་པ་སྟེ་ཐོགས་བཅས་མིན་པས་བསྒྲིབ་པར་བྱ་བ་དང་། སྒྲིབ་པར་བྱེད་པ་གཉིས་ཀ་མེད་པའོ། །འོ་ན་སེམས་དང་སེམས་བྱུང་དང་། འགོག་པ་གཉིས་ཀྱང་ནམ་མཁར་འགྱུར་ཏེ། མི་སྒྲིབ་པའི་ཕྱིར་རོ་ཞེ་ན། གཏན་ཚིགས་མ་གྲུབ་སྟེ། རྣལ་འབྱོར་པ་མཐུ་ལྡན་གྱི་ཤེས་པས་གཞན་གྱི་ཤེས་པ་སྨྱོ་བ་ལ་སོགས་པར་བྱེད་པས་སོ་ན་འདུག་པ་ལ་སྒྲིབ་པའི་ཕྱིར་དང་། འགོག་པ་གཉིས་ཀྱང་མ་འོངས་པའི་ཆོས་འགའ་ཞིག་སྐྱེ་བ་ལ་སྒྲིབ་པའི་ཕྱིར་ཞེས་སྔ་རབས་པ་རྣམས་བཤད་པ་ལེགས་སོ། །སྒྲའི་དོན་ནི་ཨ་ཀ་ཤའི་སྒྲ་ལས་དྲང་ན་གོ་འབྱེད་པའི་དོན་གྱིས་ན་ནམ་མཁའ་འོ། །གཉིས་པ་སོ་སོར་བརྟགས་པའི་འགོག་པ་ལ་གསུམ་ལས། མཚན་གཞི་ནི། ཆོས་གང་ཞིག་ཟག་བཅས་དང་བྲལ་བ་སྟེ། བྱེ་བྲག་ཏུ་སྨྲ་བས་ལུང་ལས་བདེན་པ་བཞིར་བཤད་པས། འགོག་པ་ནི་རྫས་སུ་ཡོད་པ་སྟེ། བདེན་པར་བཤད་པའི་ཕྱིར། ལྷག་མ་གསུམ་བཞིན་ནོ་ཞེས་འདོད་ལ། མདོ་སྡེ་པས་ནི། དགག་བྱ་ཟག་བཅས་ཞི་བ་ཙམ་གྱི་མེད་དགག་ལ་འདོད་དོ། །གཉིས་པ་ལ་མཚན་ཉིད་ནི། ཟག་མེད་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཐོབ་པར་བྱ་བའི་འགོག་པའོ། །ཁ་ཅིག་ཟག་མེད་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་སྤངས་པས་ཐོབ་པ་ཞེས་པ་ཡང་མི་འཐད་དེ། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ལ་མ་ཁྱབ་པའི་ཕྱིར་རོ། །འོ་ན་སྔ་མ་ལ་ཡང་མ་ཁྱབ་པར་མཚུངས་སོ་སྙམ་ན། སྤང་བྱ་འཇིག་རྟེན་པའི་ལམ་གྱིས་སྤངས་ཀྱང་རང་གི་ངོ་བོ་འདས་ལམ་གྱིས་ཐོབ་པས་མ་ཁྱབ་པ་མེད་དོ། །སྒྲ་དོན་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་སོ་སོར་བརྟགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཐོབ་པའི་འགོག་པ་སྟེ། མར་གྱིས་གང་བའི་བུམ་པ་ལ་མར་གྱི་བུམ་པ་ཞེས་པ་ལྟར་བར་གྱི་སྒྲ་མི་མངོན་པར་བྱས་པའོ། །གསུམ་པ་དབྱེ་བ་ནི། འོ་ན་ཟག་བཅས་ཐམས་ཅད་ཀྱི་འགོག་པ་གཅིག་གམ་ཐ་དད་ཞེ་ན། རྫས་སོ་སོ་བ་ཁོ་ན་ཡིན་ཏེ། འགྲེལ་པར། ལྡན་པའི་རྫས་རྣམས་ཅི་སྙེད་པ་བྲལ་བའི་རྫས་རྣམས་ཀྱང་དེ་སྙེད་དོ་ཞེས་གསུངས་པས། ལྡན་པའི་རྫས་སྤང་བྱ་རིས་ལྔ་རྫས་ཐ་དད་པས་དེ་དག་སྤངས་པའི་འགོག་པ་ལྔ་ཡང་རྫས་ཐ་དད་ཡིན་པའི་ཕྱིར། དེ་ལྟ་མིན་ན་སྡུག་བསྔལ་མཐོང་སྤང་གི་འགོག་པ་ཐོབ་པ་ན་སྤང་བྱའི་རིས་གཞན་རྣམས་ཀྱི་འགོག་པའང་ཐོབ་པར་འགྱུར་བས་རིས་ལྷག་མ་རྣམས་སྤང་བའི་ཆེད་དུ་གཉེན་པོ་བསྒོམ་པ་དོན་མེད་དུ་འགྱུར་བའི་ཕྱིར་རོ། །ཁ་ཅིག་རྣམ་གྲོལ་འདུས་མ་བྱས་བརྒྱད་ཅུ་རྩ་དགུ་ཐ་དད་དུ་བཤད་པས་རྫས་ཐ་དད་ཅེས་འདོད་ཀྱང་གཉེན་པོ་རྫས་ཐ་དད་མེད་པ་རྣམས་ལ་སྤང་བྱའི་སྒོ་ནས་བྲལ་བའི་དབྱེ་བ་མི་འབྱེད་ཅེས་སྔ་རབས་པ་རྣམས་ཀྱིས་གསུངས་པས་དཔྱད་པའི་གཞིའོ། །དེ་ལྟར་ན་ལྡན་པའི་རྫས་རྣམས་ཞེས་པའི་དོན་སྤང་བྱ་དང་། གཉེན་པོ་གཉིས་ཀ་ལ་བྱེད་དགོས་པར་མངོན་ནོ། །འགྲེལ་པར། འོ་ན་འགོག་པ་ནི་འདྲ་བ་མ་ཡིན་ནོ་ཞེས་བཤད་པས་འདི་ཡི་དོན་ཅི་ལྟ་བུ་ཡིན་ཞེ་ན། ཚིག་དེའི་དོན་ནི་འདི་འདྲ་བའི་རྒྱུ་གང་ཡང་མ་ཡིན་ལ། འདི་ཡང་གང་གི་འདྲ་བའི་རྒྱུ་ཡང་མ་ཡིན་ཞེས་བྱའི་འདི་ལ་འདྲ་བ་གང་ཡང་མེད་དོ། །ཞེས་བྱ་བའི་དོན་ནི་མདོ་ལས། དགེ་སློང་མ་མཆོད་སྦྱིན་མ་ཞེས་འཕགས་མ་ཞིག་ལ། སྔོན་གྱི་ཁྱོར་གྱུར་པའི་དགེ་བསྙེན་ས་ག་ཞེས་པས་འཕགས་མ་འགོག་པ་འདྲ་བ་ཡིན་ནམ། ཚེ་དང་ལྡན་པ་ས་ག་འདྲ་བ་མིན་ནོ་ཞེས་པས་འགོག་པ་དེ་ནི་ཐ་དད་མེད་པའི་དོན་ཏེ། ཐ་དད་ན་འདྲ་བ་པོ་དང་། འདྲ་ཡུལ་དང་། འདྲ་ཆོས་ཡོད་དགོས་པས་སོ་ཞེ་ན། མདོ་ལས། རྒྱུའི་སྒྲ་མི་མངོན་པར་བྱས་པ་སྟེ་འདི་ནི་འདྲ་བའི་རྒྱུ་ཡང་མིན་ལ་འདིའི་འདྲ་བའི་རྒྱུ་ཡང་ཆོས་གཞན་གང་ཡང་མིན་པ་སྟེ། འདྲ་བའི་རྒྱུ་འབྲས་ནི་འདུས་མ་བྱས་ཡིན་པའི་ཕྱིར། ཞེས་པའི་དོན་ཡིན་གྱི། འགོག་པ་ཕན་ཚུན་འདྲ་བ་བཀག་པ་ནི་མ་ཡིན་ཞེས་པའོ། །མདོ་སྡེ་པ་ནི་འགོག་པ་མེད་དགག་ཡིན་པས་གཅིག་དང་ཐ་དད་ལས་གྲོལ་ཡང་དགག་བྱའི་གྲངས་ལ་ལྟོས་ནས་གྲངས་ཀྱི་ཐ་སྙད་ཙམ་ཡོད་པ་ལ་འགལ་བ་མེད་པར་འདོད་དོ། །གསུམ་པ་སོ་སོར་བརྟག་མིན་གྱི་འགོག་པ་ལ། མཚན་གཞི། མཚན་ཉིད། སྒྲ་དོན། འགོག་པ་གཉིས་དང་འབྲེལ་བའི་མུ་བཞི་བརྩི་བ་བཞི་ལས། དང་པོ་ནི། འདུས་མ་བྱས་རྫས་སུ་གྲུབ་པ་སྟེ། ལུང་ལས། བཅོམ་ལྡན་འདས་ཀྱིས་རྒྱུན་དུ་ཞུགས་པའི་ངན་སོང་གི་འགྲོ་བ་འགགས་སོ། །ཞེས་གསུངས་ལ། ངན་སོང་གི་རྒྱུ་མི་དགེ་བ་སྒོམ་སྤང་ཡིན་པས་རྒྱུན་ཞུགས་ཀྱིས་བརྟགས་འགོག་མ་ཐོབ་ཀྱང་མཐོང་ལམ་སྐྱེས་པས་མི་དགེ་བ་བྱེད་པའི་རྐྱེན་མ་ཚང་བས་བརྟགས་མིན་ཐོབ་པ་སྟེ། རྐྱེན་མ་ཚང་བ་ཙམ་ཡིན་ན། དེ་དང་འདྲ་བའི་རྐྱེན་ཉེ་བ་ན་སྐྱེ་བར་འགྱུར་བ་ལས་སྐྱེ་མི་སྲིད་པའི་ཕྱིར་རྫས་སུ་གྲུབ་པའོ། །མདོ་སྡེ་པས་ནི་རྐྱེན་མ་ཚང་བས་མ་སྐྱེས་པ་ཙམ་ལ་འགོག་པའི་མིང་གིས་བཏགས་པར་འདོད་དོ། །གཉིས་པ་ནི། དགག་བྱ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་འགོག་པ་གང་ཞིག །སོ་སོར་བརྟགས་འགོག་ལས་གཞན་པ་སྟེ། སྐྱེ་ལ་ཅེས་པའི་མཚན་ཉིད་ཀྱིས་འགོག་པ་སྐྱེས་ཟིན་འཇིག་པའི་མི་རྟག་པ་གཅོད། གཏན་དུ་ཞེས་པས་སྐྱེ་བ་དང་། སྙོམས་འཇུག་གི་འགོག་པ་སེམས་མེད་གསུམ་གཅད་དོ། །གེགས་བྱེད་པ་ཞེས་པས་དེ་དག་མི་སྐྱེ་བ་ཙམ་གྱི་མེད་དགག་གཅོད། འགོག་གཞན་ཞེས་པས་སོ་སོར་བརྟགས་འགོག་གཅོད་དོ། །གསུམ་པ་ནི། སོ་སོར་བརྟགས་པའི་ཤེས་རབ་མིན་པས་ཐོབ་པ་སྟེ། ཤེས་རབ་ལས་གཞན་རྐྱེན་མ་ཚང་བས་ཐོབ་པའོ། །དཔེར་ན་གཟུགས་ཞིག་ལ་མིག་དང་ཡིད་གཡེང་བའི་ཚེ་རྒྱབ་ཀྱི་བྱ་རོག་འཛིན་པའི་ཤེས་པ་མི་སྐྱེ་བ་ལྟ་བུ་སྟེ། དམིགས་རྐྱེན་མ་ཚང་བའམ། དེ་མ་ཐག་རྐྱེན་མ་ཚང་བས་ཤེས་པ་དེ་གཏན་མི་སྐྱེ་བའོ། །བཞི་པ་ནི། གང་ཞིག་བརྟགས་པས་འགོག་པའི་གཞི་གང་ཡིན་པ་དེ་བརྟགས་མིན་གྱིའང་ཡིན་ནམ། བརྟགས་མིན་གྱི་གཞི་གང་ཡིན་པ་དེ་བརྟགས་འགོག་གིའང་ཡིན་ནམ་ཞེ་ན། འདི་ལ་མུ་བཞི་ལས། མུ་དང་པོ་ནི། ཟག་བཅས་སྐྱེ་འགྱུར་ཏེ། ཟག་བཅས་ཡིན་པས་བརྟགས་འགོག་ཐོབ་ལ། སྐྱེ་བའི་ཆོས་ཅན་ཡིན་པས་བརྟགས་མིན་མི་ཐོབ་པའོ། །མུ་གཉིས་པ་ནི། ཟག་མེད་མི་སྐྱེ་བའི་ཆོས་ཅན་ཏེ། རྒྱུ་མཚན་བཟློག་པའོ། །མུ་གསུམ་པ་ནི། ཟག་བཅས་མི་སྐྱེ་བ་སྟེ་རྒྱུ་མཚན་རིམ་པ་བཞིན་ནོ། །མུ་བཞི་པ་ནི། ཟག་མེད་དུ་གསུམ་པ་སྐྱེ་འགྱུར་ཏེ་རྒྱུ་མཚན་སྔ་མས་བསྒྲེས་ཏེ་ཤེས་པར་བྱའོ། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་རྒྱས་པར་ནི་གཞན་དུ་བསྟན་ཟིན་པས་དེར་བལྟ་བར་བྱའོ།། །།གཡེང་དང་སེམས་མེད་པ་ཡི་ཡང་། །ཞེས་པའི་སྐབས་སུ། རྣམ་པར་རིག་བྱེད་མིན་པའི་གཟུགས་ལ་དངོས་དང་། ཞར་བྱུང་གཉིས་ལས། དང་པོ་ལ། མཚན་གཞི། མཚན་ཉིད། སྒྲ་དོན་གསུམ་ལས། དང་པོ་ལ་དྲུག་ལས། གཡེང་བ་ཞེས་པའི་སྒྲ་དོན་དུ་མ་ལ་འཇུག་ཀྱང་འདིར་རང་ཀུན་ནས་སློང་བའི་སེམས་ལས་གཞན་པ་སྟེ། དགེ་བ་རིག་བྱེད་མིན་པའི་ཀུན་སློང་གི་སེམས་དགེ་བ་ཡིན་ཞིང་དེ་ལས་གཞན་པའི་སེམས་ཀྱི་རྗེས་སུ་ཡང་མ་བཏང་གི་བར་དུ་འཇུག་པའོ། །འདིས་ནི་རྒྱལ་པོ་སྲས་ལྟར་ན་རིག་བྱེད་ཙམ་དང་། གང་སྤེལ་ལྟར་ན། ལུས་ཀྱི་རིག་བྱེད་ལས་ཁྱད་པར་དུ་བྱེད་ཅེས་སོ། །ཡང་སེམས་མེད་པ་ཞེས་པས་སྙོམས་འཇུག་གཉིས་ལ་གནས་པའི་རྒྱུད་ཀྱི་རྗེས་སུ་ཡང་བྱེད་དོ། །འདིས་ནི་སེམས་དང་སེམས་བྱུང་ལས་ཁྱད་པར་དུ་བྱེད་དོ། །འདི་ནི་འདོད་པའི་རིག་བྱེད་མིན་པའི་དབང་དུ་བྱས་ཀྱི་མཉམ་བཞག་གི་ས་པ་གཉིས་ནི་སེམས་ཀྱི་རྗེས་འབྲང་ཡིན་པས་མ་ངེས་སོ། །ཡང་ཞེས་པས་ནི་མ་གཡེངས་པ་དང་སེམས་བཅས་ཀྱི་རྗེས་སུ་བྱེད་པ་སྟེ། འདིས་ནི་སེམས་དང་འགལ་བ་མེད་པར་སྟོན་ཏོ། །དགེ་དང་མི་དགེ་ཞེས་པས་ནི་སེམས་བྱུང་ལུང་མ་བསྟན་ནི་སྟོབས་ཆུང་བས་འདི་ཀུན་ནས་སློང་མི་ནུས་པའི་ཕྱིར་ན་ངོ་བོ་དགེ་མི་དགེ་གང་རུང་དུ་ངེས་པ་སྟེ། འདིས་མིག་ལ་སོགས་པ་སེལ་ཏོ། །རྗེས་འབྲེལ་གང་ཞེས་པ་ནི་རྒྱུན་མཆོག་ཏུ་བརྟན་པ་སྟེ། གཡེང་བ་ལ་སོགས་པའི་གནས་སྐབས་ན་ཡང་རྒྱུན་མ་ཆད་པའོ། །འདིས་རིག་བྱེད་ཙམ་མམ་ངག་གི་རིག་བྱེད་ལས་ཁྱད་པར་དུ་བྱེད་དོ། །འབྱུང་བ་ཆེ་རྣམས་ཞེས་པས། སྐྱེ་བྱེད། རྟེན། གནས། བརྟེན་པ། འཕེལ་བའི་ཚུལ་གྱིས་རྒྱུར་བྱས་པ་སྟེ། འདིས་ཐོབ་པའི་རྒྱུན་སེལ་ཏོ། །ཁྱད་པར་དྲུག་ལྡན་ནི་རྣམ་པར་རིག་བྱེད་མིན་པར་བརྗོད་ཅེས་པ་ནི་སློབ་དཔོན་གྱི་བཞེད་པ་སྟོན་པའོ། །སློབ་དཔོན་འདུས་བཟང་ནི་འདི་ལ། མ་ཚང་བ་དང་འགལ་བ་དང་། །ཉམས་དང་དེ་ཉིད་དུ་ཐལ་བ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་དུ་མ་བྱས། །ཞེས་པའི་སྐྱོན་དྲུག་སྟེ། སྐད་ཅིག་དང་པོར་རྒྱུན་མ་ཡིན་པས་མ་ཚང་བ་དང་། རྒྱུན་རྫས་སུ་མེད་པས་བསྟན་བཅོས་ལས་རྫས་སུ་བཤད་པ་དང་འགལ་བ་དང་། གཡེང་བ་དང་སེམས་མེད་པའི་རྗེས་སུ་འབྲེལ་པ་ལ་མཉམ་བཞག་ལ་མེད་པས་ཉམས་པ་དང་། མ་གཡེངས་སེམས་བཅས་ལ་ཡོད་སྙམ་ན། དགེ་མི་དགེའི་རིག་བྱེད་ཀྱང་དེ་ཉིད་དུ་ཐལ་བ་དང་། གཡེངས་པས་སེམས་བཅས་ཐམས་ཅད་བསྡུས་པས་ཡང་ཞེས་པའི་སྒྲ་ལྷག་པར་འཇུག་པ་དང་། བསྟན་མེད་ཐོགས་མེད་ཀྱི་གཟུགས་ཞེས་ཁྱད་པར་དུ་བྱ་བ་ཁྱད་པར་དུ་མ་བྱས་པའོ། །ཞེས་སུན་ཕྱུངས་ནས་རང་གི་ལུགས། བྱས་པ་དང་ཡང་མི་འདྲ་བའི། སེམས་ལའང་སེམས་མེད་པ་ལ་གང་། །ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་རིག་བྱེད་མིན་འདོད། །ཅེས་བཞེད་དོ། །གཉིས་པ་ནི་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ཞེས་ཏེ། ཐོགས་བཅས་བཅུ་དང་། གཟུགས་ཅན་མིན་པ་སེལ་བའོ། །གསུམ་པ་ནི། རིག་བྱེད་ལྟར་རང་ཀུན་ནས་སློང་བའི་སེམས་གཞན་ལ་རིག་པར་མི་བྱེད་པས་རིག་བྱེད་མ་ཡིན་པའོ། །གཉིས་པ་ཞར་ལ་རྒྱུ་འབྱུང་བ་བཤད་པ་ལ་ལྔ་སྟེ། དབྱེ་བ། སྒྲ་དོན། ལས། མཚན་ཉིད། འབྱུང་བ་དང་ཁམས་ཀྱི་ཁྱད་པར་རོ། །དང་པོ་ནི། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་དང་། གོང་དུ་རེག་བྱ་བཅུ་གཅིག་ཞེས་པའི་འབྱུང་བ་དེ་དག་གང་ཞེ་ན། སའི་ཁམས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་རྣམས་སོ། །གཉིས་པ་ནི། ཅི་ཕྱིར་འབྱུང་བ་ཞེས་བྱ་ཞེ་ན། ཐོག་མ་མེད་པ་ནས་མི་འབྱུང་མ་མྱོང་བས་སམ། འབྲས་བུའི་གཟུགས་རྣམས་རང་གི་རྣམ་པར་འབྱུང་བར་བྱེད་པས་འབྱུང་བ་ཡིན་ནོ། །ཅིའི་ཕྱིར་ཆེན་པོ་ཞེས་བྱ་ཞེ་ན། འབྲས་བུའི་གཟུགས་རྣམས་ཀྱི་རྒྱུར་ཆེ་བའམ། རང་གི་བྱ་བ་ལ་ཤས་ཆེ་བས་ན་ཆེན་པོ་སྟེ། འགྲེལ་པར། འབྱུང་བ་ཆེན་པོ་བཞི་རྣམས་ཞེས་བྱ་བ་འདི་དག་གཟུགས་གཞན་ཐམས་ཅད་ཀྱི་རྟེན་ཉིད་དུ་རིག་པའི་ཕྱིར་ན་ཆེན་པོ་ཉིད་དོ། །ཡང་ན་ས་དང་། ཆུ་དང་། མེ་དང་། རླུང་གི་ཕུང་པོ་དེ་དག་བྱ་བ་ལ་ཤས་ཆེ་བ་དག་ལ་དེ་རྣམས་ཆེན་པོར་གནས་པའི་ཕྱིར་རོ་ཞེས་སོ། །མངོན་པ་གོང་མ་ལས་ནི་ཡོད་པ་རྒྱ་ཆེ། རྟེན་པ་ལྟོས་ཆེ། གནས་པ་ཐ་གྲུ་ཆེ་བས་ཆེན་པོ་ཞེས་སོ། །ཅི་ཕྱིར་ཁམས་ཞེས་བྱ་ཞེ་ན། དྷ་ཏུ་ཞེས་པ་རྐྱེན་གྱི་བྱེ་བྲག་གིས་དྷ་ར་ཞེས་པའི་དོན་འཛིན་པ་ལ་འཇུག་ལ། དེ་ཡང་རང་གི་མཚན་ཉིད་འཛིན་པའམ་འབྲས་བུའི་གཟུགས་འཛིན་པས་ན་ཁམས་སོ། །གསུམ་པ་ལ་ལས་དངོས་དང་། ཞར་ལ་འབྱུང་ཆུང་བཅུ་དྲུག་ཐ་མི་དད་དུ་བསྒྲུབ་པ། ལས་ལ་བརྟེན་ནས་གྲངས་ངེས་པ་དང་གསུམ་ལས། དང་པོ་ནི། ཐུན་མོང་གི་ལས་འབྱུང་འགྱུར་ལ་ལྟོས་ནས་བསྐྱེད་པ་དང་། རྟེན་དང་། གནས་དང་། བརྟེན་པ་དང་། འཕེལ་བ་སྟེ་ལྔ་བྱེད་ལ། ཐུན་མོང་མིན་པའི་ལས་ནི། སས་འབྲས་གཟུགས་ཐུར་དུ་མི་ལྷུང་བར་འཛིན་པ་དང་། ཆུས་མི་གྱེས་པར་སྡུད་པ་དང་། མེས་མ་རུལ་མ་མྱགས་པར་སྨིན་པ་དང་། རླུང་གིས་གོང་ནས་གོང་དུ་རྒྱས་པར་བྱེད་པའོ། །གཉིས་པ་ནི། བྱེ་བྲག་ཏུ་སྨྲ་བས་འབྱུང་བ་དག་ངེས་པར་ལྷན་ཅིག་སྐྱེ་བ་ནི་ལས་ཀྱི་རྗེས་སུ་དཔག་པས་གྲུབ་པས་འབྲས་གཟུགས་ཀུན་གྱི་ཚོགས་པ་ན་འབྱུང་བ་བཞི་ཚང་བའོ། །ཞེས་ཟེར་ཏེ། འདི་ལྟར་རྡོ་བ་ལྟ་བུ་སྲ་བ་སའི་ཁམས། ཚོགས་པ་དེ་ན་སྡུད་པ་དང་། སྨིན་པ་དང་། བསྐྱོད་པའི་ལས་སྣང་བས་གཞན་གསུམ་ཡང་ཡོད་པར་གྲུབ། ཆུ་ལ་ཡང་གྲུ་འདེགས་པའི་འཛིན་པ་དང་། མ་རུལ་བའི་སྨིན་པ་དང་། ཐུར་དུ་འགྲོ་བའི་གཡོ་བ་སྣང་བས་གཞན་གསུམ་ཡོད་པར་གྲུབ། མེ་ལ་ཡང་རྡུལ་འདེགས་པའི་འཛིན་པ་དང་། མེ་ལྕེ་གཅིག་ཏུ་སྡུད་པ་དང་། གྱེན་དུ་གཡོ་བ་སྣང་བས་གཞན་གསུམ་གྲུབ། རླུང་ལ་ཡང་སྤུར་མ་འདེགས་པའི་འཛིན་པ་དང་། ཚུབ་མ་གཅིག་ཏུ་སྡུད་པ་དང་། སྨིན་པའི་དྲོ་བ་སྣང་བའི་ཕྱིར་གཞན་གསུམ་ཡོད་པར་གྲུབ་པའི་ཕྱིར་རོ། །མདོ་སྡེ་པ་ནི་གང་ན་གང་སྣང་བ་ན་མངོན་གྱུར་དུ་ཡོད་ལ། མི་སྣང་བ་ས་བོན་ནམ་ནུས་པའི་ཚུལ་དུ་ཡོད་པར་འདོད་དོ། །སེམས་ཙམ་པ་ནི་བོང་བ་སྐམ་པ་ལྟ་བུ་འབྱུང་བ་གཅིག་ལས་བྱུང་བ་དང་། དེ་ཉིད་གཤེར་བ་ལྟ་བུ་གཉིས་ལས་གྱུར་པ་དང་། དེ་ཉིད་དྲོ་བ་ལྟ་བུ་གསུམ་ལས་གྱུར་པ་དང་། དེ་ཉིད་འགྲིལ་བ་ལྟ་བུ་བཞི་ལས་གྱུར་པ་ཞེས་སོགས་འདོད་དོ། །གསུམ་པ་ནི། འབྲས་བུའི་གཟུགས་སྐྱེད་པ་ལ་ཉུང་ན་མི་ནུས་ཤིང་། མང་ན་མི་དགོས་པས་བཞི་ཁོ་ནར་གྲངས་ངེས་ཏེ། ས་མེད་ན་འབྲས་གཟུགས་རྣམས་ཐུར་དུ་ལྷུང་བར་འགྱུར་བས་འཛིན་པ་ས་དང་། ཆུ་མེད་ན་ཐལ་བ་སྐམ་པོ་ལྟར་ཡས་པས་སྡུད་པ་ཆུ་དང་། མེ་མེད་ན་དབྱར་ཁའི་ཤའི་གོང་བུ་ལྟར་རུལ་བར་འགྱུར་བས་སྨིན་པ་མེ་དང་། རླུང་མེད་ན་རྡོའི་འོག་གི་མྱུ་གུ་ལྟར་རྒྱས་པར་མི་འགྱུར་བས་རྒྱས་བྱེད་རླུང་སྟེ་བཞི་དགོས་ལ་འདི་ཙམ་གྱིས་བསྐྱེད་ནུས་པའི་ཕྱིར་རོ། །བཞི་པ་ནི། སྲ་གཤེར་དྲོ་ཉིད་དབྱེ་བ་རྣམས། །ཞེས་པའི་གཞུང་གིས་སྟོན་ནོ། །ལྔ་པ་ནི། བསྟན་བཅོས་ལས་གྲགས་པའི་སའི་ཁམས་ལ་སོགས་པ་དང་། འཇིག་རྟེན་ལ་གྲགས་པའི་ས་ལ་སོགས་པ་ལ་ཁྱད་པར་ཡོད་དམ་ཞེ་ན། ཁྱད་པར་ཡོད་དེ། འཇིག་རྟེན་པ་དག་ནི་སའི་ཁ་དོག་དང་དབྱིབས་ལ་སའི་ཐ་སྙད་བརྗོད་པས་འབྲས་བུའི་གཟུགས་མིག་གི་ཡུལ་ཡིན་ལ། བསྟན་བཅོས་ལས་ནི་སྲ་བའི་རེག་བྱ་ལ་སའི་ཁམས་སུ་འདོད་པའི་ཕྱིར་རོ། །ཆུ་དང་མེ་ཡང་འཇིག་རྟེན་ན་ཁ་དོག་དང་དབྱིབས་ལ་བརྗོད་ཅིང་། བསྟན་བཅོས་ལས་ནི་རེག་བྱ་ལ་བརྗོད་པ་སྔ་མ་བཞིན་ནོ། །རླུང་གི་ཚོགས་ལ་ནི་འཇིག་རྟེན་པས་ཀྱང་རེག་བྱ་ལ་བརྗོད་པས་བསྟན་བཅོས་དང་མཐུན་པའམ། ཁ་དོག་དང་དབྱིབས་ལ་བརྗོད་པས་མི་མཐུན་པ་རྣམ་པ་གཉིས་ཡོད་དོ། །དེ་ལ་ལེ་སྟོན་ན་རེ། གཞན་ལ་ཡང་བསྟན་བཅོས་དང་མཐུན་པ་ཡོད་པར་འཆད་པར་རིགས་ཏེ། མིག་གིས་མ་མཐོང་བར་སྲ་བ་ས་དང་། གཤེར་བ་ཆུ་དང་། དྲོ་བ་མེ་ཞེས་སྟོན་པའི་ཕྱིར་ཞེས་འཆད་དེ། འདི་ནི་མེད་པར་སྣང་ངོ་། །མདོར་ན་བསྟན་བཅོས་ལས། རིགས་པས་དཔྱད་པའི་དབང་དུ་བྱས་པ་དང་། འཇིག་རྟེན་གྱི་ཐ་སྙད་ལས་བརྗོད་པ་མ་དཔྱད་པའི་དབང་དུ་བྱས་པ་གཉིས་གཉིས་སུ་ཕྱེ་བ་ནི་དངོས་སྨྲ་བའི་གཞུང་ལུགས་འཆད་པའི་ཚེ་ན་གནད་དུ་ཆེ་བར་སྣང་ངོ་། །རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་པའི་སྐབས་སུ། རྣམ་ཤེས་ཀྱི་མཚན་ཉིད། གྲངས་ངེས། སྐྱེད་མཆེད་དང་ཁམས་སུ་བཞག་པ། ཞར་ལ་ཡིད་ཀྱི་ཁམས་ཀྱི་མཚན་ཉིད། དེ་ཁམས་གཞན་དུ་སྒྲུབ་པ་དང་ལྔ་ལས། དང་པོ་ནི། དོན་གྱི་ངོ་བོ་ཙམ་སོ་སོར་རྣམ་པར་རིག་པ་སྟེ། མིག་གི་རྣམ་ཤེས་ཀྱིས་གཟུགས་ནས། ཡིད་ཀྱི་རྣམ་ཤེས་ཀྱིས་ཆོས་ཀྱི་རང་གི་ངོ་བོ་རིག་པའི་བར་དུའོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་དགའ་བོ་དང་། ཀླུའི་སྡེ་ལ་སོགས་པ་ནི། མདོ་ལས། གང་ཞིག་ལུས་མེད་ཕུག་གནས་ཤིང་། །རིང་དུ་འགྲོ་ཞིང་གཅིག་པུ་རུ། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །དེ་ནི་བྲམ་ཟེར་ངས་བཤད་དོ། །ཞེས་པས་རྣམ་ཤེས་ནི་རྫས་གཅིག་ཡིན་ལ། དྲུག་ཏུ་སྨྲ་བ་ནི་ཁང་པ་བུ་ག་དགུ་པའི་སྤྲེའུའམ། ནོར་ལྟར་སྒོ་ཐ་དད་པའི་དབང་གིས་བྱུང་ཞིང་། གནས་གྱུར་ཡེ་ཤེས་ནི་གསེར་འོད་དམ་པ་ལས། ཡེ་ཤེས་ནི་གཅིག་སྟེ། མི་རྟོག་པའི་ཡེ་ཤེས་སོ། །ཞེས་པས་གཅིག་ཉིད་ཡིན་ལ། ཟག་མེད་ཀྱི་ཕྱིར་མི་འོངས་མཉམ་པར་བཞག་པའི་སྒོམ་སྤང་གི་ས་བོན་ནི་བྱེ་བྲག་ཏུ་སྨྲ་བས་སྲོག་ལ་བརྟེན་ཞེས་སོ། །སེམས་ཙམ་པའི་པཎྜི་ཏ་རྣམས་ནི་དེ་མི་འཐད་དེ། བདག་རྐྱེན་དང་དམིགས་རྐྱེན་ལ་སོགས་པའི་རྒྱུ་ཚོགས་ཐ་དད་པས་བྱུང་བའི་ཕྱིར་ན་རྣམ་པར་ཤེས་པ་བརྒྱད་ཐ་དད་དུ་སྐྱེས་ཏེ། རྫས་གཅིག་ན་རྣམ་ཤེས་ཐམས་ཅད་དུས་གཅིག་ལ་སྐྱེ་བས་ཅིག་ཆར་ཡུལ་ཐམས་ཅད་རྟོག་པར་འགྱུར་བའི་ཕྱིར་རོ། །སེམས་ཙམ་པའི་སློབ་དཔོན་ཡང་དག་བདེན་ནི་བརྒྱད་ཀྱི་སྟེང་དུ་དྲི་མ་མེད་པའི་རྣམ་ཤེས་དང་དགུ་ཡིན་ཏེ། མདོར། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །དྲི་མ་མེད་པའི་སེམས་ལ་རྣམ་པར་བརྟེན། །ཞེས་གསུངས་པས་སོ་ཞེས་འདོད་དོ། །འདིར་མདོ་སྡེ་པའི་རང་ལུགས་ནི་རྒྱུ་ཚོགས་ཐ་དད་ལས་སྐྱེས་པས་རྫས་གཅིག་ཏུ་མི་འདོད་དེ། དྲི་མ་མེད་པའི་ཡིད་མངོན་དུ་གྱུར་ན་འཕགས་པར་འགྱུར་ལ། ཀུན་གཞི་དང་ཉོན་ཡིད་ཀྱང་རིགས་པས་མི་གྲུབ་པས་ཚོགས་དྲུག་ཏུ་གྲངས་ངེས་སོ། །གསུམ་པ་ནི། དེ་སྐྱེ་མཆེད་དུ་བཞག་པའི་ཚེ་ཡིད་ཀྱི་སྐྱེ་མཆེད་དེ། རྣམ་ཤེས་དྲུག་གི་ལྡོག་པ་སྐྱེ་མཆེད་དུ་མི་འཆད་པ་ནི་དེ་འབྲས་བུ་ཡིན་ལ་སྐྱེ་མཆེད་རྒྱུ་ཡིན་པས་སོ། །དེ་ན་རྣམ་ཤེས་དྲུག་སྐྱེ་མཆེད་དུ་འཇོག་པའི་ཆ་ཐམས་ཅད་ནི་དབང་པོའི་སྐྱེ་མཆེད་དུ་འཇོག་དགོས་ལ། དེ་ཡང་ཡིད་ཀྱི་དབང་པོ་ལས་མ་འདས་པས་སྐྱེ་མཆེད་བཅུ་གཉིས་སུ་གྲངས་ངེས་པ་ཡང་འགྲུབ་བོ། །དེ་ཁམས་རྣམ་པར་བཞག་པའི་ཚེ། ཁམས་བདུན་ཏེ། ཁམས་ལ་དབང་པོའི་ཁམས་དང་། འབྲས་བུ་རྣམ་པར་ཤེས་པའི་ཁམས་གཉིས་ཀ་ཡོད་པས་རྣམ་ཤེས་དྲུག་རང་ལྡོག་ནས་ཁམས་སུ་བཞག་ཏུ་རུང་བའོ། །བཞི་པ་ནི། རྣམ་པར་ཤེས་པ་དྲུག་ནི། འབྲས་བུ་རྣམ་པར་ཤེས་པའི་ཁམས་དྲུག་ཏུ་བཞག་ན། ཡིད་ཀྱི་ཁམས་ཀྱི་མཚན་ཉིད་གང་ཞེ་ན། རྣམ་ཤེས་གང་ཞིག་རང་འགག་མ་ཐག་ཏུ་བདག་འབྲས་ཡིད་ཀྱི་རྣམ་པར་ཤེས་པ་བསྐྱེད་པའོ། །འོ་ན་འབྲས་བུ་རྣམ་ཤེས་ཀྱི་ཁམས་དང་ཁྱད་པར་ཅི་ཡོད་ཅེ་ན། ད་ལྟར་གྱི་རྣམ་ཤེས་དྲུག་པོ་དེ་ཉིད་བདག་རྐྱེན་དང་དམིགས་རྐྱེན་ལས་སྐྱེས་པའི་ཆ་ནས་འབྲས་བུའི་རྣམ་པར་ཤེས་པའི་ཁམས་དང་ཡིད་ཀྱི་རྣམ་ཤེས་བསྐྱེད་པའི་ཆ་ནས་ཡིད་ཀྱི་ཁམས་དང་། ཡིད་ཀྱི་དབང་པོར་འཇོག་པ་སྟེ། འགྲེལ་པར། རྣམ་པར་ཤེས་པ་གང་དང་གང་འགག་མ་ཐག་པ་དེ་ནི་ཡིད་ཀྱི་ཁམས་ཞེས་བྱ་སྟེ། དཔེར་ན་བུ་དེ་ཉིད་གཞན་གྱི་ཕར་ཡང་འགྱུར་བ་དང་། དེ་ཉིད་གཞན་གྱི་ས་བོན་ཡིན་པ་ལྟ་བུའོ་ཞེས་གསུངས་སོ། །དེ་ན་རྣམ་ཤེས་འགགས་པ་འདས་པ་དེ་ཉིད་ཡིད་དབང་ཡིན་ཞེས་དང་། ཡིད་དབང་དུ་འཇོག་པ་ལ་བདག་འབྲས་སྐྱེས་པའི་ཚེ་ན་འཇོག་དགོས་ཞེས་པ་རྣམས་ནི་དོན་མ་རྟོག་པ་སྟེ། འདས་པ་ད་ལྟར་གྱི་དངོས་པོར་མེད་པས་བདག་རྐྱེན་བྱེད་མི་ནུས་པའི་ཕྱིར་དང་། བདག་འབྲས་མ་སྐྱེས་པའི་གོང་ནས་བདག་རྐྱེན་ཉིད་བདག་རྐྱེན་དུ་འཇོག་དགོས་པའི་ཕྱིར་རོ། །མདོར་ན་དབང་པོའི་ཁམས་སུ་འཇོག་པ་ནི་རང་འགག་མ་ཐག་ཏུ་རང་གི་བདག་འབྲས་བསྐྱེད་པའི་ཆ་ནས་འཇོག་དགོས། རྣམ་པར་ཤེས་པའི་ཁམས་སུ་འཇོག་པ་ནི་རང་གི་རྐྱེན་གསུམ་ལས་སྐྱེས་མ་ཐག་པའི་ཆ་ནས་འཇོག་ཅེས་པའི་ཁྱད་པར་ཤེས་པའི་ཆེད་དུ་འགག་མ་ཐག་པ་ཞེས་སྨོས་པ་ཤེས་པར་བྱའོ། །ལྔ་པ་ནི། འོ་ན་རྣམ་ཤེས་དྲུག་དང་ཡིད་གཅིག་གིས་གཅིག་བསྡུས་པའི་ཡིད་སྨོས་ན་ཁམས་བཅུ་གཉིས་དང་། རྣམ་ཤེས་སྨོས་ན་ཁམས་བཅུ་བདུན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། རྣམ་ཤེས་ལྔའི་རྟེན་མིག་ལ་སོགས་པ་ཡིན་ལ། དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་སེམས་ཙམ་པས་ཉོན་མོངས་པ་ཅན་གྱི་ཡིད་དང་། གོས་དམར་བས་སྙིང་གི་དངོས་པོར་འདོད་ཀྱང་འདི་པས། དེ་དག་མི་འདོད་ཅིང་རྟེན་མེད་པར་ཡང་སྐྱེ་མི་སྲིད་པའི་ཕྱིར་ན་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་སྒྲུབ་པར་བྱ་བའི་ཕྱིར། རྣམ་ཤེས་དྲུག་པོ་དེ་ཉིད་རང་གི་བདག་འབྲས་སྐྱེད་པའི་ཆ་ནས་ཡིད་ཀྱི་ཁམས་ཞེས་ལོགས་སུ་བགྲང་བས་རྟེན་དབང་པོའི་ཁམས་དྲུག དམིགས་པ་ཡུལ་གྱི་ཁམས་དྲུག འབྲས་བུ་རྣམ་པར་ཤེས་པའི་ཁམས་དྲུག་སྟེ། ཁམས་བཅོ་བརྒྱད་ཀྱིས་གྲངས་ངེས་འགྲུབ་བོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །ཞེས་པའི་སྐབས་སུ་ཕུང་པོ་དང་སྐྱེ་མཆེད་ཀྱི་མིང་ཅན་གཞན་ཡང་དེར་བསྡུ་བ་ལ་གསུམ་སྟེ། ཆོས་ཀྱི་ཕུང་པོ་ཕུང་པོར་བསྡུ་བ། ཞར་ལ་ཆོས་ཕུང་གི་ཚད། མིང་ཅན་གཞན་ཡང་བསྡུ་བའི་ཚུལ་ལོ། །དང་པོ་ནི། ཅི་མདོ་ལས་ཕུང་པོ་དང་། སྐྱེ་མཆེད་དང་ཁམས་ཀྱི་མིང་ཅན་གཞན་བཤད་པ་དག་འདི་དག་ཉིད་ཀྱིས་བསྡུས་སམ། འོན་ཏེ་ཐ་དད་ཅེ་ན་བསྡུས་པ་ཁོ་ན་སྟེ། ཕུང་པོའི་མིང་ཅན་ཆོས་ཀྱི་ཕུང་པོ་ཉན་ཐོས་སྡེ་པས་བརྒྱད་ཁྲིའམ། ཐེག་ཆེན་པས་བརྒྱད་ཁྲི་བཞི་སྟོང་དུ་འདོད་པ་དང་། རྣམ་བཤད་རིགས་པ་ལས། ཀུན་དགའ་བོས་སངས་རྒྱས་ཀྱི་ཉེ་གནས་ལོ་ཉི་ཤུ་རྩ་ལྔ་བྱས་པ་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ཅིག་བཅོམ་ལྡན་འདས་ལས་མངོན་སུམ་དུ་བཟུང་ངོ་། །གཉིས་དགེ་སློང་ཞིག་ལས་སོ་ཞེས་འབྱུང་བ་ལ་དེས་བཀའ་ཐམས་ཅད་བསྡུས་སམ་ཞེ་ན་མ་བསྡུས་ཏེ། སངས་རྒྱས་ནས་ལྔ་བཅུ་རྩ་ལྔའི་བར་བཞི་སྟོང་ལས་ལྷག་པར་གསུངས་པར་རིགས་པ་དང་། སློབ་དཔོན་ཀླུ་སྒྲུབ་སྟོན་པ་ཐམས་ཅད་མཁྱེན་པའི་དགོངས་པ་མངའ་བ་ཀླུའི་ཡུལ་ན་གཤེགས་པའི་ལམ་ན་མིང་ཡང་མི་ཤེས་པའི་གླེགས་བམ་བཞུགས་པར་བཤད་པའི་ཕྱིར་རོ། །གང་ལྟར་ཡང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་ཆོས་ཀྱི་ཕུང་པོ་ཇི་སྙེད་གསུངས་པ་དེ་དག་ནི་མདོ་སྡེ་པ་ལྟར་ན་དང་པོར་སངས་རྒྱས་ཀྱི་གསུངས་གི་རིག་བྱེད་དང་། ཕྱིས་འཆད་པ་པོའི་ངག་གི་རིག་བྱེད་སྒྲ་རང་མཚན་པ་ཡིན་པས་གཟུགས་ཕུང་དུ་འདུས་ལ། བྱེ་བྲག་ཏུ་སྨྲ་བ་ལྟར་ན་མིང་ཡིན་པར་འདོད་པས་འདུ་བྱེད་ཀྱི་ཕུང་པོར་འདུས་སོ། །གཉིས་པ་ནི། ཆོས་ཀྱི་ཕུང་པོ་རེ་རེའི་ཚད་ཇི་ཙམ་ཞེ་ན། སྡེ་པ་ཁ་ཅིག་ན་རེ། ཤཱ་རིའི་བུའི་བསྟན་བཅོས་ཆོས་ཀྱི་ཕུང་པོའི་ཚད་དང་མཉམ་སྟེ། ཤླཽ་ཀ་དྲུག་སྟོང་པ་ཉན་ཐོས་ཀྱི་ས་དང་མཉམ་པར་འཆད་དོ། །སྡེ་པ་གཞན་དག་ནི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པའི་གཏམ་རྒྱུད་རེ་རེ་ཚང་བ་ནི་ཆོས་ཀྱི་ཕུང་པོའི་ཚད་ཡིན་པས་གཏམ་རྒྱུད་མདོ་གང་ནས་གསུང་ཡང་བརྒྱད་ཁྲིའི་གྲངས་སུ་བགྲང་ངོ་ཞེས་གསུངས་སོ། །སློབ་དཔོན་རང་གི་ལུགས་ཀྱི་ཚད་ནི་སེམས་ཅན་གྱི་སྤྱོད་པ་འདོད་ཆགས་ལ་སོགས་པ་རྣམས་ཀྱི་གཉེན་པོར། ཆོས་ཀྱི་ཕུང་པོར་མི་སྡུག་པ་ལ་སོགས་པར་མཐུན་པར་གསུངས་པས་གཉེན་པོ་རེ་རེའི་གཏམ་རྫོགས་པ་རེ་རེ་ལ་ཆོས་ཀྱི་ཕུང་པོའི་ཚད་དུ་འདོད་པའམ། ཡང་ན་དུག་གསུམ་དང་། དུག་གསུམ་ཆ་མཉམ་པ་སྟེ་བཞིའི་གཉེན་པོར་ཉི་ཁྲི་སྟེ་བརྒྱད་ཁྲིའམ། ཉི་ཁྲི་ཆིག་སྟོང་རེ་རེ་སྟེ་བརྒྱད་ཁྲི་བཞི་སྟོང་ངོ་། །འདི་དག་ཀྱང་གདུལ་བྱའི་བློ་ལ་ལྟོས་པའི་གྲངས་ངེས་སོ། །གསུམ་པ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ཕུང་པོ་ལྔར་བསྡུས་པ་དེ་བཞིན་དུ་ཕུང་པོའི་མིང་ཅན་རྣམ་གྲོལ་གྱི་ཕུང་པོ་ལྔ་འབྱུང་བ་ལས། ཚུལ་ཁྲིམས་ཀྱི་ཕུང་པོ་རིག་བྱེད་མིན་པ་སྟེ་གཟུགས་ཕུང་དུ་སྡུད་ལ། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་གྲོལ་ནི་མོས་པ་དང་། རྣམ་གྲོལ་གྱི་ཡེ་ཤེས་མཐོང་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་སྟེ་ཐམས་ཅད་སེམས་བྱུང་ཡིན་པས་འདུ་བྱེད་དུ་བསྡུས་སོ། །སྐྱེད་མཆེད་ཀྱི་མིང་ཅན་ནི། མདོ་ལས། རྣམ་གྲོལ་གྱི་སྐྱེ་མཆེད་ལྔ་སྟེ། ཐོས་པ་དང་། དབྱངས་ཀྱི་ཁ་ཏོན་བྱས་པ་དང་། གཞན་ལ་བཤད་པ་དང་། ཐོས་པའི་དོན་སེམས་པ་དང་། ཏིང་ངེ་འཛིན་གྱི་མཚན་མ་བསྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ། དེ་དག་གོམས་པས་རྣམ་གྲོལ་སྐྱེ་བའི་སྒོ་བྱེད་པའི་ཕྱིར་རོ། །དེ་ཐམས་ཅད་ནི་ཤེས་རབ་ཡིན་པས་ཆོས་ཀྱི་སྐྱེ་མཆེད་དུ་བསྡུའོ། །ཟིལ་གྱིས་ནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བཅུའི་དང་པོ་བརྒྱད་ནི་སེམས་བྱུང་མ་ཆགས་པ་སྟེ། ཆོས་ཀྱི་སྐྱེ་མཆེད་དུ་བསྡུས་ལ། འཁོར་དང་བཅས་ན་ཕུང་པོ་ལྔ་ཡོད་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱིས་བསྡུས་སོ། །གཟུགས་མེད་སྐྱེ་མཆེད་རིས་བཞི་ནི་ཕུང་པོ་བཞི་པ་ཅན་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཁམས་ཀྱི་མིང་ཅན་ཁམས་མང་པོ་བ་ཞེས་ཀྱང་བྱ། ཆོས་ཀྱི་མེ་ལོང་ཆེན་པོ་ཞེས་ཀྱང་བྱ་བ་ལས། བཙུན་པ་ཅི་ཙམ་གྱིས་ན་ཁམས་ལ་མཁས་པ་ལགས། ཀུན་དགའ་བོ་ཁམས་དྲུག་ཅུ་རྩ་གཉིས་ལ་མཁས་ན་ཁམས་ལ་མཁས་པའོ་ཞེས་སོ། །སྡོམ་ནི། མིག་སོགས་ཁམས་ནི་བཅོ་བརྒྱད་དང་། །འབྱུང་བཞི་ནམ་མཁའ་རྣམ་ཤེས་དང་། །ཚོར་བ་ལྔ་དང་མ་རིག་དང་། །འདོད་ཁམས་གནོད་སེམས་རྣམ་པར་འཚེ། །ངེས་འབྱུང་གནོད་སེམས་མེད་པ་དང་། །རྣམ་མི་འཚེ་སྟེ་དྲུག་ཚན་གསུམ། །གཟུགས་མ་གཏོགས་པའི་ཕུང་པོ་བཞི། །འདོད་དང་གཟུགས་དང་གཟུགས་མེད་ཁམས། །ངན་པ་བར་མ་གྱ་ནོམ་ཁམས། །གཟུགས་དང་གཟུགས་མེད་འགོག་པའི་ཁམས། །དགེ་དང་མི་དགེ་ལུང་མ་བསྟན། །སློབ་དང་མི་སློབ་གཉིས་ཀ་མིན། །འདས་དང་མ་འོངས་ད་ལྟར་ཏེ། །དེ་ལྟ་ན་ནི་གསུམ་ཚན་དྲུག །ཟག་བཅས་ཟག་པ་མེད་ཁམས་དང་། །འདུས་བྱས་འདུས་མ་བྱས་ཁམས་ཏེ། །ཁམས་ནི་དྲུག་ཅུ་རྩ་གཉིས་སོ། །ཞེས་བྱ་བ་རྣམས་རང་རང་གི་མཚན་ཉིད་དཔྱད་དེ་ཇི་ལྟར་རིག་པར་སྦྱར་བར་བྱའོ། །མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། །ཞེས་པའི་སྐབས་སུ། ལྟ་བ་ལ་མཚན་ཉིད། དབྱེ་བ། ལྟ་ཚུལ། དོགས་པ་དཔྱད་པ་དང་བཞི་ལས། དང་པོ་ནི། གཟུགས་ལ་ལྟ་བ་དང་། ཤེས་བྱ་ལ་ངེས་པར་རྟོགས་པའི་ཤེས་རབ་གང་རུང་གིས་བསྡུས་པའི་ཁམས་སོ། །གཉིས་པ་ལ་གཉིས་ཏེ། གཟུགས་ལ་བལྟ་བའི་ལྟ་བ་དང་། ཤེས་བྱ་ལ་ངེས་པར་རྟོག་པའི་ལྟ་བའོ། །དང་པོ་ནི། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་དེ་ཉིད་དོ། །གཉིས་པ་ལ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་དང་། འཇིག་རྟེན་པ་དང་། སློབ་པ་དང་། མི་སློབ་པའི་ཡང་དག་པའི་ལྟ་བ་གསུམ་སྟེ་བརྒྱད་དོ། །གསུམ་པ་ནི། མིག་ལྟ་བར་འཇོག་པའི་ཚུལ་ནི། མིག་གཟུགས་ལ་བལྟ། རྣ་བ་སྒྲ་ལ་ཉན། ཞེས་སོགས་ཀྱི་ཟླས་ཕྱེ་བའི་ཚུལ་གྱིས་སོ། །གཞན་བརྒྱད་པོ་ལྟ་བར་འཇོག་པའི་ཚུལ་ལ་འཇིག་ལྟ་སོགས་ལྔ་ནི་ཉོན་མོངས་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་ཤེས་རབ་ཡིན་པས་ཤེས་བྱ་ཕྱིན་ཅི་ལོག་ཏུ་ངེས་པར་རྟོག་པ་ཡིན་ལ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ལས་རྒྱུ་འབྲས་ལ་ངེས་པར་རྟོག་པ་དང་། བསྒོམ་བྱ་བདེན་པ་དོན་སྤྱིའི་ཚུལ་གྱིས་ཤེས་པའི་སྒོ་ནས་ལྟ་བ་དང་། ཟག་མེད་ཀྱི་ལྟ་བ་གཉིས་ནི་བདེན་པ་མངོན་སུམ་དུ་ཤེས་པའི་ཚུལ་གྱིས་ངེས་པར་རྟོག་པའོ། །བཞི་པ་ནི། སྒོ་ལྔའི་རྣམ་པར་ཤེས་པ་དང་མཚུངས་ལྡན་གྱི་ཤེས་རབ་ཅིའི་ཕྱིར་ལྟ་བར་མི་འཇོག་ཅེ་ན། ཤེས་པར་གྱུར་པའི་ལྟ་བ་ཡིན་ན་ངེས་པར་རྟོགས་པའི་ལྟ་བ་ཡིན་དགོས་པ་ལས་དེ་དག་ལ་ངེས་པར་རྟོག་པ་མེད་པའི་ཕྱིར་རོ། །བོད་ཁ་ཅིག རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ཆོས་ཅན། ལྟ་བ་མིན་པར་ཐལ། ངེས་པར་རྟོག་པ་མེད་པའི་ཕྱིར། འཁོར་གསུམ་ཆར་བྱེ་བྲག་ཏུ་སྨྲ་བས་ཁས་བླངས་སོ་ཞེས་སྨྲ་བ་ནི། རང་ཉིད་བློ་གྲོས་རྩིང་བ་དང་། གྲུབ་མཐའ་ལ་དབང་ཟ་བ་དང་། གྲུབ་མཐའ་སྨྲ་བ་ལ་བརྙས་པ་ཆེ་བ་གསུམ་མཚོན་པར་བྱེད་པའོ། །མིག་དང་ཡིད་དང་རྣ་བ་ནི། །ཞེས་པའི་སྐབས་སུ། དབང་པོས་ཡུལ་འཛིན་ཚུལ་ལ། དབང་པོ་རྣམས་ཀྱི་ཚད་དང་བཀོད་པ་ཅི་ལྟར་གནས་པ་དང་། ཕྲད་མ་ཕྲད་དུ་འཛིན་པའི་ཚུལ་དང་། མཉམ་མི་མཉམ་དུ་འཛིན་པའི་ཚུལ་གསུམ་ལས། དང་པོ་ནི། མིག་ནི་མིག་འབྲས་ཀྱི་ནང་ན་གོ་སྙོད་ནག་པོའི་མེ་ཏོག་དང་། ཟར་མའི་མེ་ཏོག་བཞིན་དུ་གནས་ཏེ། དབང་པོའི་རྡུལ་སིལ་བུ་ལ་ཁ་དོག་དྭངས་པས་པགས་པ་བཞིན་དུ་བཀབ་པས་མི་འབྱེས་པའམ། དབང་རྟེན་གྱི་བླ་འོག་ཏུ་ཉུངས་འབྲུ་ལྟར་གནས་ཏེ་ཤེལ་བཞིན་དྭངས་པས་ཕན་ཚུན་མི་སྒྲིབ་པའོ། །ཞེས་སོ། །རྣ་བ་ནི་རྣ་བའི་ནང་ན་གྲོ་གའི་མཛེར་པ་བཅུས་པ་ལྟ་བུ་མདོག་ཀྱང་གྲོ་ག་འདྲ་བ་ཡོད་པ་དེའི་ནང་ན་གནས་སོ། །སྣ་ནི་མཚུལ་བའི་ཕུག་ན་ཟངས་ཀྱི་མོ་ཁབ་གཉིས་གཤིབས་པ་ལྟར་གནས་ཏེ། དེ་གསུམ་ནི་ཕྲེང་བ་བཞིན་དུ་མ་འཁྲུག་པར་འཁོར་མོར་གནས་པའོ། །ལྕེ་ནི་ལྕེ་ཡི་རྩེ་མོའི་དབུས་ན་སྐྲ་ཡི་རྩེ་མོའི་ཁྱོན་ཙམ་ཞིག་དབང་པོས་མ་ཁྱབ་པས་ཕན་ཚུན་གཉིས་ན་ཟླ་གམ་ལྟ་བུར་གནས་ཏེ། སའི་རྩ་ལག་ལས་དེ་ནི་ཀླད་རྒྱས་འཛག་པའི་ལམ་ཡིན་པས་དེ་མེད་ན་ཡི་ག་འཆུས་ཤིང་དང་ཁམས་མི་བདེ་བར་འགྱུར་བའོ་ཞེས་ཟེར་རོ། །ལུས་ནི་ཁྲབ་ཀྱི་བྱང་བུའམ་བྱ་རེག་ན་འཇམ་གྱི་པགས་པ་ལྟ་བུར་གནས་ཞེས་ཟེར་ཡང་། ནང་ན་དབང་པོས་མ་ཁྱབ་པར་འགྱུར་བས་དབང་རྟེན་གྱི་བཀོད་པ་ལྟར་གནས་སོ། །རིགས་པ་སྨྲ་བའི་མདོ་སྡེ་པ་ནི་འདི་ལྟ་བུའི་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་ནི་མི་གྲུབ་པས་དབང་རྟེན་དེ་དག་གི་ནང་ན་གནས་པའི་དབང་པོའི་རྣམ་ཤེས་རང་དབང་དུ་བསྐྱེད་པའི་ནུས་པ་ཞིག་ལ་འདོད་དོ། །གཉིས་པ་ནི། དབང་པོ་དྲུག་གིས་ཡུལ་དང་ཕྲད་ནས་སམ་མ་ཕྲད་པར་འཛིན་ཅེ་ན། མིག་གིས་ནི་ཡུལ་དང་མ་ཕྲད་པར་འཛིན་ཏེ། གཟུགས་རྒྱང་རིང་པོ་ནས་མཐོང་ཞིང་། བར་ན་ནམ་མཁའ་མེད་པའི་མིག་སྨན་དང་། ཐུར་མ་དང་པགས་པ་མི་མཐོང་བའི་ཕྱིར་རོ། །རྣ་བས་ཀྱང་ཡུལ་དང་མ་ཕྲད་པར་འཛིན་ཏེ་རྒྱང་རིང་པོའི་སྒྲ་ཐོས་ལ། སྒྲ་དེ་ཚུར་འོངས་པ་ཡིན་ན་སྒྲ་རྒྱུན་དང་བཅས་པར་འགྱུར་བའི་ཕྱིར་རོ། །འོ་ན་མ་ཕྲད་པར་འདྲ་བས་བར་ཆོད་པ་དང་ཆེས་རིང་བ་ཡང་འཛིན་པར་འགྱུར་རོ་ཞེ་ན། དེ་ནི་མ་ཁྱབ་སྟེ། རྡོ་ཁབ་ལེན་གྱིས་ལྕགས་འདྲེན་ཡང་བར་ཆོད་པ་དང་ཆེས་རིང་བའི་ལྕགས་མི་འདྲེན་པ་བཞིན་ནོ། །ཡིད་ཀྱིས་ཀྱང་མ་ཕྲད་པར་འཛིན་ཏེ། ལུས་ཅན་མ་ཡིན་པས་ཕྲད་པར་མི་རུང་བར་འགྱུར་བའི་ཕྱིར་རོ། །སྣ་ལྕེ་ལུས་གསུམ་ནི་ཕྲད་ནས་འཛིན་ཏེ། དབུགས་མ་བརྔུབས་པར་དྲི་མི་ཚོར་ཞིང་། ལྕེ་དང་ལུས་ལ་མ་རེག་པར་རོ་དང་རེག་བྱ་མི་འཛིན་པའི་ཕྱིར་རོ། །ཕྲད་པའི་དོན་ནི་ཐམས་ཅད་ཀྱིས་འདབ་འབྱོར་བ་ལ་འདོད་ལ། དེའི་དོན་ཁ་ཆེ་བ་རྣམས་ན་རེ། རྡུལ་ཕྲན་ཕན་ཚུན་རེག་པ་ནི་མེད་དེ། བདག་ཉིད་ཐམས་ཅད་ཀྱིས་རེག་ན་རགས་པ་མི་རྩོམ་པར་འགྱུར་ཞིང་། ཕྱོགས་རེས་རེག་ན་རྡུལ་ཆ་བཅས་སུ་འགྱུར་བས་སོ། །དེས་ན་རྡུལ་ཆ་མེད་ལ་ཕྱོགས་དྲུག་གི་རྡུལ་གྱིས་བསྐོར་བ་ནི་བར་ཆ་དང་བཅས་ཀྱང་བར་ན་རྡུལ་གཞན་མེད་པ་ལ་ཕྲད་པ་ཞེས་འདོད་དོ། །བཙུན་པ་དབྱིག་བཤེས་ན་རེ། རྡུལ་རེག་ན་སྐད་ཅིག་དང་པོ་ལ་སྐྱེས་ནས་གཉིས་པ་ལ་རེག་པའི་ཕྱིར། རྟག་པར་འགྱུར་བས་རེག་པ་མེད་དོ། །འོ་ན་རྔ་དང་དབྱུག་གུ་ལས་སྒྲ་ཇི་ལྟར་འབྱུང་ཞེ་ན། མ་རེག་པ་དེ་ཉིད་ཀྱི་ཕྱིར་སྒྲ་འབྱུང་སྟེ། རེག་པར་འགྱུར་ན་འདག་པ་ལ་འདག་པ་བསྣུན་པ་བཞིན་དུ་འབྱིང་བར་འགྱུར་བས་སྒྲ་མི་འབྱུང་ངོ་། །འོ་ན་འདུས་པའི་གོང་བུའི་རྡུལ་སོ་སོར་གནས་པས་འབྱེས་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ་རླུང་གིས་བཟུང་བའི་ཕྱིར་རོ། །འོ་ན་རླུང་གི་གཏོར་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། འཇིག་པའི་རླུང་ལྟ་བུར་རླུང་ཁ་ཅིག་འཇིག་པར་བྱེད་པ་དང་། འཆགས་པའི་རླུང་ལྟ་བུ་ཁ་ཅིག་འཛིན་པར་ཞུགས་པ་གཉིས་ཡོད་པ་ལས། ཕྱི་མས་བཟུང་བའི་ཕྱིར་རོ། །སློབ་དཔོན་བཙུན་པ་ན་རེ། རྡུལ་འབྱར་བའམ་རེག་པ་ནི་མེད་ཀྱི། གཡག་རྔ་དང་ནེའུ་སིང་ལྟར་བར་མེད་པ་ལ་རེག་གོ་སྙམ་དུ་འདུ་ཤེས་པར་ཟད་དོ་ཞེས་གསུང་། སློབ་དཔོན་ལུགས་འདི་བཞེད་དེ། དེ་ལྟ་མ་ཡིན་པར་རྡུལ་ཕྲན་བར་དང་བཅས་ན་བར་སྟོང་པ་དེར་རྡུལ་གཞན་འགྲོ་བར་སུས་ཀྱང་འགོག་མི་ནུས་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་དབང་པོས་ཡུལ་མཉམ་པའམ་མི་མཉམ་པ་གང་འཛིན་ཞེ་ན། སྣ་ལྕེ་ལུས་གསུམ་གྱིས་ནི་རང་དང་ཕྲད་ནས་འཛིན་དགོས་པས་མཉམ་པ་ཁོ་ན་འཛིན་དགོས་ལ། མིག་གིས་ནི་ཆུང་ངུ་སྐྲ་ཡི་རྩེ་མོ་དང་། ཆེན་པོ་རི་བོ་ལ་སོགས་པ་དང་། མཉམ་པ་རྒུན་འབྲུམ་ཙམ་ལ་སོགས་པ་འཛིན་ཅིང་། རྣ་བས་ཀྱང་ཆུང་ངུ་སྦྲང་བུའི་སྒྲ་དང་། ཆེན་པོ་འབྲུག་གི་སྒྲ་དང་། མཉམ་པ་རྣ་བའི་ནང་དུ་འདྲུབ་པའི་སྒྲ་ཡིན་ལ། ཡིད་ནི་ལུས་ཅན་མ་ཡིན་པས་ཆད་ཡོངས་སུ་ཆད་པ་མེད་དོ། །ལུས་ལ་འོག་མའི་མིག་མ་ཡིན། །ཞེས་པའི་སྐབས་སུ། ལུས་རྟེན་གང་ལ་གནས་ཏེ་མིག་གིས་གཟུགས་རྣམས་ལྟ་བ་ན་ཅི་ལུས་དང་། མིག་དང་། གཟུགས་དང་། རྣམ་ཤེས་དེ་རྣམས་ས་གཅིག་པ་ཞིག་ཡིན་ནམ། འོན་ཏེ་མི་གཅིག་པ་ཡིན་ཞེ་ན། འདི་ལ་དབང་པོ་དྲུག་གི་ཆོས་བཞིའི་ངེས་པ་བརྩི་བ་དང་། གཞུང་གི་འབྲུ་ལ་སྦྱར་ཏེ་ས་མཚུངས་དངོས་དང་། ས་རེ་རེ་ལ་ལྟོས་པའི་ས་མཚུངས་ཀྱི་གྲངས་དཔྱད་པ་གསུམ་ལས་དང་པོ་ནི། མིག་དང་རྣ་བ་གཉིས་ཀྱི་རྟེན་དང་། དབང་པོ་དང་ཡུལ་གསུམ་ནི། འདོད་པ་ནས་བསམ་གཏན་བཞི་པའི་བར་གྱི་ས་ལྔ་པ་ཡིན་ལ། སྣ་ལྕེ་གཉིས་ཀྱི་རྟེན་དང་། དབང་པོ་སྔར་བཤད་པ་ལྟར་ས་ལྔ་པ་ཡིན་ཀྱང་ཡུལ་དྲི་རོ་གཉིས་པོ་ནི། འདོད་པའི་ས་པ་ཁོ་ནའོ། །ལུས་ཀྱི་ཆོས་གསུམ་ཡང་སྔར་བཤད་པ་ལྟར་ས་ལྔ་པའོ། །མིག་རྣ་ལུས་ཀྱི་དབང་པོའི་རྣམ་པར་ཤེས་པ་གསུམ་ནི་འདོད་པ་དང་། བསམ་གཏན་དང་པོའི་ས་གཉིས་པ་ཡིན་གྱི་བསམ་གཏན་གཉིས་པ་ཡན་ཆད་ན་རྟོག་དཔྱོད་མེད་པས་རང་སས་བསྡུས་པའི་དབང་ཤེས་མེད་དོ། །སྣ་ལྕེའི་རྣམ་པར་ཤེས་པ་གཉིས་ནི་འདོད་པའི་ས་པ་ཁོ་ན་ཡིན་གྱི། བསམ་གཏན་དང་པོ་ན་ཡང་མེད་དེ། ཡུལ་དྲི་རོ་གཉིས་མེད་པའི་ཕྱིར་རོ། །འོ་ན་དབང་པོ་གཉིས་ཀྱང་མེད་པར་འགྱུར་རོ་སྙམ་ན་རྟེན་མཛེས་པར་བྱ་བའི་ཕྱིར་དུ། ལས་ཀྱི་དབང་གིས་དབང་པོ་གཉིས་ཡོད་ཅེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །ཡིད་ཀྱི་རྟེན་ལུས་ནི་ས་ལྔ་པ་ཡིན་ལ་ཆོས་གཞན་གསུམ་ནི་འདོད་པ་ནས་སྲིད་རྩེའི་བར་གྱི་ས་དགུ་པ་ཡིན་ནོ། །གཉིས་པ་ནི། ས་གོང་མའི་ལུས་ལ་ས་འོག་མའི་མིག་མངོན་དུ་བྱེད་པ་མ་ཡིན་ཏེ། རང་ས་ན་མིག་མཆོག་ཏུ་གྱུར་པ་ཡོད་པས་འོག་མའི་མིག་དམན་པ་མངོན་དུ་བྱེད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དེའི་ཤུགས་ཀྱིས་རང་སའི་ལུས་ལ་རང་སའི་མིག་དང་། གོང་སའི་མིག་མངོན་དུ་བྱེད་པར་རུང་བར་བསྟན་པས་འདོད་པའི་མིག་ས་གཅིག་གི་རྟེན་ཅན་ཡིན་པ་ནས། བཞི་པའི་མིག་ས་ལྔ་པའི་རྟེན་ཅན་གྱི་བར་དུ་སྦྱར་བར་བྱའོ། །ས་འོག་མའི་མིག་གིས་གོང་མའི་གཟུགས་མཐོང་བ་མ་ཡིན་ཏེ། དམན་པའི་ཡུལ་མཆོག་མ་ཡིན་པའི་ཕྱིར་རོ། །དེའི་ཤུགས་ཀྱིས་རང་ས་དང་འོག་སའི་གཟུགས་མཐོང་བས་འདོད་པའི་མིག་གིས་ཡུལ་ས་གཅིག་ནས་བསམ་གཏན་བཞི་པའི་མིག་གིས་ཡུལ་ས་ལྔ་པའི་བར་དུ་སྦྱར་བར་བྱའོ། །རྣམ་པར་ཤེས་པའང་ཞེས་པ་ནི། ལུས་ལ་འོག་མའི་མིག་མ་ཡིན། །ཞེས་པའི་ཚབ་ཏུ། མིག་ལ་གོང་མའི་ཤེས་མ་ཡིན། །ཞེས་སྦྱར་ཏེ། སེང་གེའི་འོ་མ་རྫ་ལ་མི་ཆགས་པ་ལྟར་རྟེན་དམན་པ་འོག་མའི་མིག་ལ་བརྟེན་པ་ཁྱད་པར་ཅན་གོང་མའི་རྣམ་པར་ཤེས་པ་བརྟེན་དུ་མི་རུང་བས། འདོད་པ་དང་བསམ་གཏན་དང་པོར་རང་སའི་མིག་ལ་རང་སའི་རྣམ་ཤེས་བརྟེན་ལ། གཉིས་པ་ཡན་ཆད་ལ་གོང་མའི་མིག་ལ་འོག་ས་བསམ་གཏན་དང་པོའི་རྣམ་ཤེས་མངོན་དུ་བྱེད་དགོས་ཏེ། འོག་མའི་མིག་ལ་མི་བརྟེན་ཅིང་། རང་ས་ན་མིག་གི་རྣམ་ཤེས་མེད་པས་སོ། །འོན་ཀྱང་གོང་མ་བསམ་གཏན་བཞི་ན་འོག་མ་འདོད་པའི་རྣམ་ཤེས་མངོན་དུ་མི་བྱེད་དེ། བསམ་གཏན་དང་པོ་ན་མཆོག་ཡོད་པས་སོ། །བསམ་གཏན་དང་པོའི་མིག་གི་རྣམ་ཤེས་དེའི་ཡུལ་གཟུགས་ལ་འོག་གི་ཐམས་ཅད་དུ་ཞེས་པ་སྦྱར་ཏེ། དང་པོའི་མིག་ལ་བརྟེན་པའི་ཚེ་འདོད་པ་དང་། དང་པོའི་གཟུགས་མཐོང་བ་ན་ས་བཞི་པའི་མིག་ལ་བརྟེན་པའི་ཚེ་ས་ལྔ་ཆར་གྱི་གཟུགས་མཐོང་བའི་བར་དུའོ། །དམན་པའི་ཡུལ་མཆོག་མ་ཡིན་པར་འདོད་པ་འདི་ལ་ཡང་མཚུངས་སམ་ཞེ་ན། མི་སྟོབས་ཆུང་ཡང་རྒྱལ་པོ་ལ་བརྟེན་ན་སྟོབས་ཆེ་བར་འགྱུར་བ་ལྟར་གོང་མའི་མིག་མཆོག་ལ་བརྟེན་པས་སོ། །རྟེན་ལུས་ཀྱིའང་ཡུལ་གཟུགས་དང་། རྣམ་ཤེས་གཉིས་ཀ་ཐམས་ཅད་ཀྱི་ཡུལ་ཅན་དང་རྟེན་ཡིན་ཏེ། ས་ལྔ་ཀའི་ལུས་ལ་བརྟེན་ན་ས་ལྔ་ཀའི་གཟུགས་མཐོང་ཞིང་། རྣམ་ཤེས་ནི་འདོད་པའི་ལུས་ལ་འདོད་པ་དང་། བསམ་གཏན་དང་པོ་གཉིས་ཀའི་རྣམ་ཤེས་བརྟེན་ལ། བསམ་གཏན་བཞི་པའི་ལུས་ལ་ནི་དང་པོ་ཁོ་ནའི་རྣམ་ཤེས་བརྟེན་ནོ། །རྣ་བའི་ཆོས་བཞིའི་ས་མཚུངས་ནི། མིག་ལ་བཤད་པ་དེ་བཞིན་ཏེ། །ལུས་ལ་འོག་མའི་རྣ་མ་ཡིན། །རྣ་བས་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་པའང་དེ་ཡི་སྒྲ། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཞེས་ཅི་ལྟ་བ་བཞིན་སྦྱར་བར་བྱའོ། །སྣ་ལྕེ་ལུས་གསུམ་གྱིས་ནི་ཡུལ་དང་ཕྲད་ནས་འཛིན་པས་བར་དུ་ཆོད་པ་དང་། རྒྱང་རིང་པོ་ཡུལ་དུ་བྱེད་པའི་མངོན་ཤེས་མེད་པའི་ཕྱིར་ན་རྟེན་དང་། དབང་པོ་དང་། ཡུལ་དང་། རྣམ་ཤེས་ཐམས་ཅད་རང་གིས་ས་པ་ཉིད་ཡིན་ནོ། །འོ་ན་རྟེན་དང་དབང་པོ་གོང་མ་ན་ཡང་ཡོད་པ་མ་ཡིན་ནམ་སྙམ་ན། རྟེན་དེ་ལ་བརྟེན་ནས་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པས་ཡུལ་འཛིན་པའི་ཚེ་ན་བཞི་ཆར་ས་མཚུངས་ཞེས་པའི་དོན་ཡིན་པས་སྐྱོན་མེད་དོ། །ཐམས་ཅད་དེ་ལྟར་ཡིན་ནམ་ཞེ་ན། དམིགས་ཀྱི་བསལ་བ་ནི། བསམ་གཏན་གོང་མ་གསུམ་དུ་སྐྱེས་པའི་ཚེ་རེག་བྱ་ལ་རེག་པ་ན་ལུས་ཀྱི་རྣམ་ཤེས་འོག་བསམ་གཏན་དང་པོའི་ལུས་ཤེས་མངོན་དུ་བྱེད་པ་དང་། འདོད་པ་དང་བསམ་གཏན་དང་པོའི་རེག་བྱ་རེག་པ་ན་རང་གི་སའི་རྣམ་ཤེས་མངོན་དུ་བྱེད་པས་འདིའི་རྣམ་ཤེས་ལ་ས་མི་མཚུངས་པ་ཡང་ཡོད་དོ། །ཡིད་ཀྱི་ཆོས་བཞི་ལ་འདོད་པའི་རྟེན་ལ་འདོད་པའི་རྣམ་ཤེས་ནས་སྲིད་རྩེའི་རྣམ་ཤེས་ཀྱི་བར་དགུ་བསྐྱེད་པ་ཡོད་ཅིང་། བསམ་གཏན་དང་པོའི་རྟེན་ལ་བསམ་གཏན་དང་པོའི་རྣམ་ཤེས་ནས་སྲིད་རྩེའི་རྣམ་ཤེས་ཀྱི་བར་བརྒྱད་བསྐྱེད་པ་ཡོད་པ་སོགས་འོག་མ་འོག་མའི་རྟེན་ལ་གོང་མ་གོང་མའི་རྣམ་ཤེས་བསྐྱེད་པ་ཡོད་ཅིང་། དེའི་ཚེ་དེ་དག་གི་ཡུལ་ས་གོང་འོག་ཐམས་ཅད་རུང་བས་ས་མཚུངས་པ་དང་། མི་མཚུངས་པ་ཅི་རིགས་པ་ཡོད་དོ། །གསུམ་པ་ནི། འདོད་པའི་རྟེན་ལ་འདོད་པའི་མིག་གིས་འདོད་པའི་གཟུགས་ལ་བལྟ་བའི་ཚེ་བཞི་ཆར་ས་མཚུངས་པ་དང་། ཡང་རྟེན་དེ་ཉིད་ལ་བསམ་གཏན་དང་པོའི་མིག་གིས་འདོད་པའི་གཟུགས་ལ་ལྟ་བའི་ཚེ་རྟེན་དང་ཡུལ་གཉིས་ས་མཚུངས། དབང་པོ་དང་རྣམ་ཤེས་གཉིས་ས་མི་མཚུངས་པ་ལྟ་བུ་དང་། ཡང་རྟེན་དེ་ཉིད་ལ་བསམ་གཏན་དང་པོའི་མིག་གིས་བསམ་གཏན་དང་པོའི་གཟུགས་ལ་ལྟ་བའི་ཚེ་གསུམ་ས་མཚུངས། རྟེན་ས་མི་མཚུངས་པ་ནས་བཟུང་སྟེ། ཡང་རྟེན་དེ་ཉིད་ལ་བསམ་གཏན་བཞི་པའི་མིག་གིས་བསམ་གཏན་གཉིས་པའི་གཟུགས་ལ་ལྟ་བའི་ཚེ་བཞི་ཆར་ས་མི་མཚུངས་པ་སོགས་ཞིབ་ཏུ་ཕྱེ་ལ་རྒྱ་ཆེར་སྤྲོ་བར་བྱའོ། །ཁམས་བསྟན་པའི་གནས་ཀྱི་དཀའ་བའི་གནས་རྣམས་བཤད་ཟིན་ཏོ།། །།ལྔ་པོ་རྣམས་ནི་དོན་བཞི་ལ། །ཞེས་པའི་སྐབས་སུ། དབང་པོར་འཇོག་པའི་རྒྱུ་མཚན་ལ་བྱེ་བྲག་ཏུ་སྨྲ་བའི་ལུགས་བརྗོད། སློབ་དཔོན་རང་གི་ལུགས་བཞག་པ་གཉིས་ལས། དང་པོ་ནི། དབང་པོའི་སྐད་དོད་ལ་ཨིནྡྲ་ཞེས་པའི་དོན་མུ་སྟེགས་བརྡ་སྤྲོད་པ་དག་བདག་གི་རྟགས་སམ། མཚན་མར་གྱུར་པས་དབང་པོ་ཞེས་ཟེར་ལ། ནང་པས་རྐྱེན་བྱིན་ཏེ། ཨིནྡྲ་ཨི་ཤྭ་ར་ཞེས་པས་དབང་ནི་དབང་ཕྱུག་དམ་པའོ་ཞེས་པར་འགྱུར་ཞིང་། དེ་ནི་ཤིན་ཏུའམ་ལྷག་པར་དབང་བྱེད་པས་དབང་པོ་སྟེ། གང་ཞིག་གང་ལ་དབང་བྱེད་ཅེ་ན། མིག་སོགས་ལྔ་པོ་རྣམས་ནི་དོན་བཞི་བཞི་ལ་དབང་བྱེད་དེ། མིག་ལོང་བ་དང་། རྣ་བ་འོན་པ་དང་། ལྕེ་མེད་པ་དང་། ལུས་ཉམས་པ་ནི་མི་མཛེས་པས་རྟེན་མཛེས་པ་དང་། མིག་དང་རྣ་བས་གཟུགས་སྒྲ་ཡ་ང་བ་སྤང་བ་དང་། སྣ་ལྕེ་ལུས་གསུམ་གྱིས་དྲི་རོ་རེག་བྱའི་ཁམ་ཟས་ལ་ལོངས་སྤྱོད་པས། དབང་པོ་རྟེན་བཅས་རྒྱས་ཤིང་ལུས་བསྲུང་བ་དང་། མཐོང་ངོ་ཞེས་པ་ལ་སོགས་པ་གཞན་ལ་མེད་པའི་ཐ་སྙད་ཐུན་མོང་མ་ཡིན་པ་དང་། རང་རང་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་བསྐྱེད་པ་ལ་དབང་བྱེད་དོ། །ཕོ་མོ་སྲོག་ཡིད་བཞི་པོ་རྣམས་དོན་གཉིས་གཉིས་ལ་དབང་བྱེད་དེ། ཕོ་མོས་ནི་འདི་ནི་ཕོ་དང་མོའི་ཞེས་བྱེ་བྲག་དང་། ཕོ་ནི་ཁ་དོག་དཀར་བ་དང་། ནུ་མ་ཆུང་བ་དང་། ང་རོ་གསང་མཐོ་བ་སོགས་ཡིན་ལ། མོ་ནི་དེ་ལས་བཟློག་པ་ཡིན་པས་ཁྱད་པར་ལ་དབང་བྱེད་ཅིང་། སྲོག་ནི་ཉིང་མཚམས་སྦྱོར་བ་དང་། རིས་མཐུན་གནས་པ་ལ་དབང་བྱེད། ཡིད་ནི་ཡང་སྲིད་པར་མཚམས་སྦྱོར་བ་དང་། ཡིད་ཀྱི་རྗེས་སུ་ལུས་ངག་གི་ལས་ལ་སོགས་པ་མཐུན་པར་འཇུག་པས་དབང་པོའི་ངོ་བོ་དང་མཐུན་པར་དབང་བྱེད་དོ། །ལྔ་དང་བརྒྱད་པོ་དེ་རྣམས་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། །ཞེས་པ་ནི་གོ་བར་ཟད་དོ། །གཉིས་པ་ནི། །ལོ་ཞེས་པ་ནི་སློབ་དཔོན་དེ་དག་ལ་མ་རངས་པ་སྟེ། ལྔ་བཞི་ལ་དབང་བྱེད་པ་མིན་ཏེ། རྟེན་མཛེས་པ་ནི་དབང་རྟེན་གྱིས་བྱེད་ལ་ལུས་བསྲུང་བ་དང་། ཐ་སྙད་ཐུན་མོང་མ་ཡིན་པ་ཡུལ་འཛིན་པ་ལ་ལྟོས་པས་རྣམ་ཤེས་ཁོ་ནས་བྱེད་པའི་ཕྱིར་རོ། །ཐ་མ་གཅིག་པུ་འཐད་ཅིང་། བསྐལ་པ་དང་པོའི་མི་དང་གཟུགས་ཀྱི་ལྷ་ཡང་ཕོ་མོ་མིན་པས་སེམས་ཅན་གྱི་བྱེ་བྲག་ཕོ་མོའི་དབང་པོས་བྱས་པ་མིན་གྱི་ཁྱད་པར་ཁོ་ནས་བྱས་པ་ཡིན་ལ། སྲོག་ཀྱང་ཉིང་མཚམས་སྦྱོར་བ་མ་ཡིན་ཞིང་། ཡིད་ཀྱི་གཉིས་ནི་སྐྱོན་མེད་ཡིན་ནོ་ཞེས་སུན་ཕྱུངས་ནས་རང་ལུགས་མདོ་སྡེ་པ་ལྟར་བཞེད་དེ། རང་གི་དོན་དང་ཐམས་ཅད་ལ། །ཞེས་སོགས་ཀྱི་གཞུང་གིས་སྟོན་ཏོ། །སེམས་ཀྱི་རྟེན་དང་དེའི་བྱེ་བྲག །ཞེས་པའི་སྐབས་སུ་དབང་པོའི་གྲངས་ངེས་ལ། གྲངས་གཞན་འགོག་པ་དང་། གྲངས་ངེས་སྒྲུབ་པ་གཉིས་ལས་དང་པོ་ནི། སྤྱིར་དབང་བྱེད་པས་དབང་པོ་ཡིན་ན། ཉུང་བར་སྨྲས་པ་སྟེ། གྲངས་ཅན་པ་དག་དབང་པོ་བཅུ་གཅིག་འདོད་པས། ངག་དང་། ལག་པ་དང་། རྐང་པ་དང་། ཉེར་གནས་དང་། འདོམས་ཏེ། ལས་ཀྱི་དབང་པོ་ལྔས་རིམ་པ་ལྟར་སྨྲ་བ་དང་། ལེན་པ་དང་། འགྲོ་བ་དང་། ཟག་པ་འདོར་བ་དང་། ཀུན་དགའ་བ་ལ་དབང་བྱེད་པ་དང་། རང་གི་སྡེ་པ་ལ་གྲགས་པའི་མ་རིག་པ་ལ་སོགས་པ་ཡན་ལག་སྔ་མ་སྔ་མ་རྣམས་ཀྱིས་འདུ་བྱེད་ལ་སོགས་པའི་ཡན་ལག་ཕྱི་མ་ཕྱི་མ་ལ་དབང་བྱེད་པས་དེ་དག་ཀྱང་ཁ་བསྐང་བར་བྱ་དགོས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། ངག་སྨྲ་བ་སློབ་པ་ལ་ལྟོས་པ་དང་། རྐང་ལག་མེད་པའི་སྦྲུལ་ཡང་འགྲོ་ཞིང་ལེན་པ་དང་། ཟག་པ་འདོར་བ་ཡང་རྫས་ལྕི་བ་ནམ་མཁའ་ལ་བཞག་པ་ལྟར་རང་གི་ངང་གིས་སམ། རླུང་གིས་ཀྱང་འབྱུང་བར་བྱེད་པ་དང་། ཀུན་དགའ་བ་ཡང་ཕོ་མོའི་དབང་པོས་བྱེད་པ་མ་ཡིན་པས་དེ་དག་ལྷག་པར་དབང་བྱེད་པར་མི་གྲུབ་པའི་ཕྱིར་རོ། །ཅུང་ཟད་དབང་བྱེད་པ་ཙམ་གྱིས་དབང་པོར་འཇོག་ན། ལྐོག་མ་དང་། སོ་དང་། མིག་གི་ལམ་དང་། ཚིགས་རྣམས་ཀྱང་། མིད་པ་དང་། བཅའ་བ་དང་། འབྱེད་འཛུམ་དང་། བསྐུམ་པ་དང་བརྐྱང་བའི་བྱ་བ་དག་ལ་དབང་པོ་ཉིད་དུ་འགྱུར་ཅིང་། རྒྱུར་གྱུར་པ་ཐམས་ཅད་རང་རང་གི་བྱ་བ་ལ་དབང་པོ་ཉིད་དུ་འགྱུར་རོ། །གཉིས་པ་ནི། མདོར། སྐྱེས་བུ་ལ་ཉེ་བར་མཁོ་བའི་དབང་བསྒྱུར་བྱ་ཉི་ཤུ་རྩ་གཉིས་ཁོ་ན་ལ་དབང་བྱེད་པའི་བདག་ནི་མེད་ཀྱི། ཆོས་གང་ཞིག་གནས་སྐབས་གང་ལ་ལྷག་པར་བྱེད་པ་ལ་དགོངས་ནས་ཉི་ཤུ་རྩ་གཉིས་སུ་གྲངས་ངེས་པར་མཛད་དེ། དེ་ཡང་བྱེ་བྲག་ཏུ་སྨྲ་བས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྟེན་དང་བཅས་པའི་དབང་དུ་བྱས་ནས་གྲངས་ངེས་པ་ནི། སེམས་ཀྱི་རྟེན་དང་དེའི་བྱེ་བྲག །ཞེས་སོགས་ཀྱིས་བསྟན་ནོ། །མདོ་སྡེ་པས་འཁོར་བར་འཇུག་ལྡོག་གི་དབང་དུ་བྱས་ནས་གྲངས་ངེས་པ་ནི། ཡང་ན་འཇུག་པའི་རྟེན་དང་ནི། །ཞེས་སོགས་ཀྱིས་སྟོན་ཏོ། །སྲོག་ནི་རྣམ་སྨིན་ཞེས་པའི་སྐབས་སུ། དངོས་དང་། དོགས་པ་བཅད་པ་གཉིས་ལས། དང་པོ་ནི། སྲོག་ནི་མཐོ་རིས་དང་ངན་སོང་ན་དགེ་མི་དགེའི་རྣམ་སྨིན་གྱི་འབྲས་བུ་ཁོ་ནའོ། །གཉིས་པ་ནི། འོ་ན་དགྲ་བཅོམ་པ་སྐུ་ཚེ་གཏོང་འཇོག་བྱེད་པར་བཤད་པས་རྣམ་སྨིན་གྱི་འབྲས་བུ་ཡིན་ན་འདོད་དགུར་འབྱུང་བ་འགལ་ལོ་ཞེ་ན། འདི་ལ་རྣམ་སྨིན་ཁོ་ནར་འདོད་པའི་ལུགས། ཕལ་ཆེར་རྣམ་སྨིན་དུ་འདོད་པའི་ལུགས། ཞར་ལ་སྐུ་ཚེ་གཏོང་འཇོག་བཤད་པ་གསུམ་ལས། དང་པོ་ནི། ཁ་ཅིག་བསྟན་བཅོས་ལས་དགྲ་བཅོམ་པ་རབ་མཐའི་བསམ་གཏན་ལ་སྙོམས་པར་འཇུག་ཅིང་། དེ་ལས་ལངས་ཏེ་དགེ་འདུན་ནམ་གང་ཟག་ལ་འཚོ་བའི་ཡོ་བྱད་ཕུལ་ཏེ་བདག་གི་ལོངས་སྤྱོད་ཀྱི་རྣམ་སྨིན་དེ་ཚེའི་རྣམ་སྨིན་དུ་གྱུར་ཅིག་ཅེས་སྨོན་ཞིང་ངག་ཏུ་ཡང་སྨྲས་པས་ཚེ་རིང་བར་འགྱུར་རོ་ཞེས་གསུངས་པས། དེ་ཉིད་མཐོང་ཆོས་ཀྱི་ལས་འཕེན་རྫོགས་གཉིས་ཀ་ཡིན་པའམ། བདེན་པ་མཐོང་ལ་འཕེན་བྱེད་མེད་པ་ལྟར་ན། རྫོགས་བྱེད་ཀྱི་རྣམ་སྨིན་དེ་མཐོང་ཆོས་ཀྱི་ལས་ཀྱི་རྣམ་སྨིན་དུ་དངོས་སུ་ཁས་ལེན་དགོས་སོ། །ཁ་ཅིག་དགྲ་བཅོམ་པ་ཐམས་ཅད་ལ་ཚེ་སྲིང་དུ་ཡོད་པ་མ་ཡིན་གྱི་སྔོན་ཚེ་ལོ་བརྒྱ་ཐུབ་པར་འཕངས་པ་ལས་རྐྱེན་གྱིས་དུས་མིན་པར་བྲིད་ནས་ཚེ་ལྷག་ལུས་པ་འགའ་ཞིག་དེས་མཐོང་སྟེ། སྔར་གྱི་སྦྱོར་བས་འདིར་འདྲེན་པར་འདོད་དེ། འདིས་མཐོང་ཆོས་ཀྱི་འབྲས་བུ་རྣམ་སྨིན་གྱི་རྒྱུས་འབྲས་བུ་བསྐྱེད་པ་དང་འདྲ་བས་རྣམ་སྨིན་དུ་བཏགས་པ་ཙམ་དུ་ཁས་བླངས་དགོས་སོ། །གཉིས་པ་ནི། བཙུན་པ་དབྱངས་སྒྲོག་ན་རེ། ཚེ་བསྲིང་བ་ལུས་དེ་ཉིད་ལ་རབ་མཐའི་བསམ་གཏན་གྱི་སྟོབས་ཀྱིས་བསམ་གཏན་བཞི་པའི་འབྱུང་བ་ཚེ་དང་མཐུན་པ་དག་བསྐྱེད་ནས། ལས་ལས་བྱུང་བའི་དབང་པོའི་འབྱུང་བ་དང་སྡོམ་ནས་ཚེ་བསྲིང་ལ། གཏོང་བ་ན་ཚེ་དང་འགལ་བའི་འབྱུང་བ་དག་བསྐྱེད་དེ། དེས་ན་དེ་ཉིད་ལས་ཀྱི་འཕེན་པ་ཟད་ནས་ཏིང་ངེ་འཛིན་གྱི་མཐུས་འཕེན་པས་རྣམ་སྨིན་མ་ཡིན་ཡང་སྲོག་ནི་རྣམ་སྨིན་ཞེས་པ་ཕལ་ཆེ་བ་ལ་དགོངས་སོ་ཞེས་པ། བཙུན་པ་གོ་ཆ་མཐའ་ཡས་ན་རེ། དེ་བཞི་སྐྱོན་དང་བཅས་པ་ཡིན་ཏེ། དང་པོ་ནི། ཚེ་རྫོགས་བྱེད་ཀྱི་འབྲས་བུར་འདོད་ན། སྤྱིར་སྲོག་འཕན་བྱེད་ཀྱི་འབྲས་བུར་བྱེད་པ་དང་འགལ་ཞིང་། གཉིས་པ་ནི། སྔོན་གྱི་ཚེ་ལྷག་འདིར་འབྱུང་བས་མཐོང་ཆོས་ལ་མྱོང་བ་ལ་སོགས་པའི་ངེས་པ་མེད་པར་འགྱུར་ལ། གསུམ་པ་ནི། གཟུགས་ཀྱི་འབྱུང་བས་གནས་ན་དེ་ལ་འདོད་པའི་ཚེ་དང་འགལ་བ་མི་སྲིད་པས་གཏན་དུ་གནས་པར་འགྱུར་ཞིང་། བཞི་པ་ནི། ལས་ཀྱི་འཕེན་པ་ཟད་པས་ཤི་འཕོས་པར་འགྱུར་རོ་ཞེས་སོ། །གསུམ་པ་ལ་དྲུག་སྟེ། རྟེན་གང་ལ། གང་ཟག་གང་གིས། ཚུལ་ཇི་ལྟར། དགོས་པ་གང་གི་ཕྱིར་གཏོང་འཇོག་བྱེད་པ། སྲོག་དང་ཚེའི་ཁྱད་པར། བྱེ་བྲག་ཏུ་སྟོན་པའི་སྐུ་ཚེ་གཏོང་འཇོག་བྱས་པའི་དགོས་པའོ། །དང་པོ་ནི། བློ་གསལ་བས་གླིང་གསུམ་གྱི་ཕོ་མོའི་རྟེན་ཅན་ནོ། །གཉིས་པ་ནི། དགྲ་བཅོམ་པ་རབ་མཐའི་བསམ་གཏན་ཐོབ་པ། དུས་དང་མི་སྦྱོར་བ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་སྟེ། ཉོན་མོངས་མེད་ཅིང་དབང་པོ་རྣོ་བས་ཏིང་ངེ་འཛིན་ལ་དབང་འབྱོར་བའི་ཕྱིར་རོ། །གསུམ་པ་ནི། འཇོག་ཚུལ་ནི་བསམ་གཏན་ལ་འཇུག་ཅིང་ཡོ་བྱད་ཕུལ་ནས་བདག་གི་ལོངས་སྤྱོད་ཀྱིས་འབྲས་བུ་ཚེར་གྱུར་ཅིག་ཅེས་དང་། གཏོང་ཚུལ་ནི། བསམ་གཏན་ལ་འཇུག་ཅིང་ཡོ་བྱད་ཕུལ་ནས་བདག་གི་ཚེའི་རྣམ་སྨིན་ལོངས་སྤྱོད་དུ་གྱུར་ཅིག་ཅེས་སྨོན་ལམ་འདེབས་པའོ། །བཞི་པ་ནི། གཞན་ལ་ཕན་པའམ་བསྟན་པ་བསྲུང་ཞིང་གནས་པའི་དོན་དུ་ཚེ་བསྲིང་ལ་གསོན་ཡང་དོན་གཉིས་མ་མཐོང་བ་དང་འཁོར་བས་སྐྱོ་བས་གཏོང་སྟེ། ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང་། །ལམ་ལའང་ཤིན་ཏུ་བསྒོམ་ན་ནི། །ཚེ་ཟད་པ་ལ་དགའ་འགྱུར་ཏེ། །དཔེར་ན་ནད་དང་བྲལ་བ་བཞིན། །ཅེས་སོ། །ལྔ་པ་ནི། མདོར། སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་གཏང་ངོ་ཞེས་པའི་ཁྱད་པར་ཅི་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ། ཁྱད་པར་མེད་དེ། གདགས་པ་ལས། སྲོག་གང་ཞེ་ན་ཁམས་གསུམ་པའི་ཚེའོ་ཞེས་གསུངས་པས་སོ། །མདོ་སྡེ་པ་ནི། སྔོན་གྱི་ལས་ཀྱི་འབྲས་བུ་ཚེ་དང་། ད་ལྟར་གྱི་ལས་ཀྱི་འབྲས་བུ་སྲོག་ཡིན་ལ། འདུ་བྱེད་ཅེས་པ་ནི་མུ་སྟེགས་པ་ལྟར། སྲོག་རྟག་པ་གཅིག་པུར་མེད་པའམ། མི་ལྡན་པའི་འདུ་བྱེད་ཀྱི་རྫས་མེད་ཀྱི་ཕུང་པོའི་རྒྱུན་གནས་པ་ཙམ་དུ་སྟོན་པའོ་ཞེས་འདོད་དོ། །དྲུག་པ་ནི། སྐུ་ཚེ་ལ་མངའ་བརྙེས་པར་བསྟན་པའི་ཕྱིར་ཏེ། དེ་ཡང་ངས་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་བསྐལ་པའམ་དེ་ལས་ལྷག་པར་བཞུགས་པར་ནུས་སོ་ཞེས་པའི་དམ་བཅའ་སྒྲུབ་པ་དང་། ཀུན་ཏུ་རྒྱུ་རབ་བཟངས་འདུལ་བའི་ཕྱིར། ཟླ་བ་གསུམ་བྱིན་གྱིས་བརླབས་ལ་དེ་ཕྱིན་ཆད་གདུལ་བྱའི་དོན་མེད་པའི་ཕྱིར་གཏང་ངོ་ཞེས་སློབ་དཔོན་བཞེད་དོ། །བྱེ་བྲག་ཏུ་སྨྲ་བ་ནི། བདུད་བཞི་ལས་རྒྱལ་བར་བསྟན་པའི་ཕྱིར་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐུན་དང་པོ་ལ་ལྷའི་བུ་དང་། ཐུན་གཉིས་པ་ལ་ལྷའི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཤིང་། གསུམ་པ་ལ་ཉོན་མོངས་པ་དང་། ཡངས་པ་ཅན་དུ་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་པས་འཆི་བདག་དང་། སྐུ་ཤའི་གྲོང་བརྒྱད་ཀྱི་ཉེ་འཁོར་དུ་ཚེའི་འདུ་བྱེད་གཏོང་བས་ཕུང་པོའི་བདུད་ལས་རྒྱལ་ལོ་ཞེས་འདོད་དོ། །སེམས་བྱུང་རྣམ་ལྔ་སྟེ་ཞེས་པའི་སྐབས་སུ་སྤྱིའི་དོན་བརྒྱད་དེ། སེམས་བྱུང་སྤྱིའི་མཚན་ཉིད། ནང་གསེས་ཀྱི་རབ་ཏུ་དབྱེ་བ། རྫས་དང་བཏགས་པའི་ཁྱད་པར། གཙོ་འཁོར་གྱི་ཁྱད་པར། ཁམས་དང་སའི་ཁྱད་པར། རྣམ་ཤེས་གང་གི་འཁོར་དུ་འབྱུང་བ། སྡེ་ཚན་གྱི་གོ་རིམ། སྤྱིའི་སྒྲ་དོན་ནོ། །དང་པོ་ནི། སེམས་དང་མཚུངས་པ་རྣམ་པ་ལྔས་མཚུངས་པར་ལྡན་པ་སྟེ། དེ་གཉིས་རྟེན་གཅིག་ལ་བརྟེན་པས་རྟེན་མཚུངས་པ་དང་། ཡུལ་གཅིག་ལ་དམིགས་པས་དམིགས་པ་མཚུངས་པ་དང་། ཡུལ་དེའི་འཛིན་སྟངས་གཅིག་པ་ཅན་ཡིན་པས་རྣམ་པ་མཚུངས་པ་དང་། སྐྱེ་གནས་འཇིག་གསུམ་དུས་གཅིག་ལ་བྱེད་པས་དུས་མཚུངས་པ་དང་། རྣམ་ཤེས་རྫས་རེ་རེ་བ་ཡིན་པ་ལྟར། སེམས་བྱུང་ཚོར་བ་ལ་སོགས་པའང་རྫས་རེ་རེ་བ་ཡིན་པས་རྫས་མཚུངས་པ་སྟེ། འདི་ནི་སེམས་སེམས་བྱུང་རྫས་ཐ་དད་དུ་འདོད་པའི་ལུགས་སོ། །རྫས་གཅིག་པ་ལྟར་ན། དང་པོ་བཞི་གཅིག་པ་ལ་འཆད་པ་ལྟར་འདིའང་གཅིག་པ་ལ་འཆད་དེ་འཆད་ཚུལ་འགལ་བ་མེད་པའོ། །གཉིས་པ་ནི། མངོན་པ་གོང་མར་སེམས་བྱུང་ལྔ་བཅུ་རྩ་གཅིག་གསུངས་པ་ལས་འདིར་གྲངས་ཀྱི་དབྱེ་བ་བསྡུ་བའི་ཚུལ་བཤད་ན་རྫས་ཡོད་བཞི་བཅུ་ཞེ་དྲུག བཏགས་ཡོད་ལྔ། དེའི་སྟེང་དུ་གཞི་ཕྲན་ཚེགས་ཀྱི་ཉེར་བཞི་རྣམས་ལས། དང་པོ་ལ་ངེས་པའི་སྡེ་ཚན་དང་། མ་ངེས་པའི་སྡེ་ཚན་གཉིས། དང་པོ་ལ་སྡེ་ཚན་ལྔ་ལས། ཀུན་འགྲོ་ལྔ་དང་། ཡུལ་ངེས་ལྔ་ནི། འདིར་སེམས་ཀྱི་ས་མང་པོ་པ་ཞེས་བཞག་སྟེ། ཚོགས་དྲུག ཟག་བཅས། ཟག་མེད། ཁམས་གསུམ་ཆར་གྱི་སེམས་བྱུང་ཐམས་ཅད་ལ་འབྱུང་བས་སོ། །དགེ་བ་བཅུ་གཅིག་གི་གཏི་མུག་མེད་པ་མ་གཏོགས་གཞན་བཅུ་པོ་དགེ་བའི་ས་མང་པོ་པར་བཞག་སྟེ། ཚོགས་དྲུག་ཟག་བཅས། ཟག་མེད། ཁམས་གསུམ་གྱི་དགེ་བའི་སེམས་ཐམས་ཅད་ལ་འབྱུང་བས་སོ། །རྩ་ཉོན་གྱི་ནང་ནས་མ་རིག་པ་དང་། ཉེ་ཉོན་བཅུ་ཚན་འོག་མའི་ནང་ནས་བག་མེད་སོགས་ལྔ་སྟེ་དྲུག་ནི་ཉོན་མོངས་པའི་ས་མང་པོ་པར་བཞག་སྟེ། ཚོགས་དྲུག་དང་ཁམས་གསུམ་གྱི་ཉོན་མོངས་ཅན་གྱི་སེམས་ཐམས་ཅད་ལ་འབྱུང་བས་སོ། །ཉེ་ཉོན་བཅུ་ཚན་འོག་མའི་ནང་ནས་ངོ་ཚ་མེད་པ་དང་ཁྲེལ་མེད་པ་གཉིས་ནི་མི་དགེ་བའི་ས་མང་པོ་པར་བཞག་སྟེ། ཚོགས་དྲུག་གི་མི་དགེ་བའི་སེམས་ཐམས་ཅད་ལ་བྱུང་བས་སོ། །ཁྲོ་བ་སོགས་ཉེ་ཉོན་བཅུ་ཚན་དང་པོ་ནི། ཉོན་མོངས་ཆུང་ངུའི་ས་པར་བཞག་སྟེ། ཆགས་སྡང་སོགས་ལྔ་དང་རྣམ་པ་འགལ་བས་མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་དང་། བདེན་པ་ལ་ལོག་པར་མི་རྟོག་པས་བསྒོམ་སྤང་གི་སེམས་དང་མཚུངས་པར་ལྡན་པ་དང་། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པས་ཡིད་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །མ་ངེས་པའི་སྡེ་ཚན་ནི། གཞན་འགྱུར་བཞི་དང་། མ་རིག་པ་དང་ལྟ་བ་མ་གཏོགས་པའི་རྩ་ཉོན་གཞན་བཞི་ལ་བཞག་སྟེ། སྔར་གྱི་སྡེ་ཚན་གང་དུ་ཡང་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར་རོ། །དེའི་སྡོམ་ཚིག་ནི་དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་། །ཡིད་དང་ཐེ་ཚོམ་ཅེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་གསུངས་སོ། །དེ་ལ་ཡིད་ཅེས་པ་ནི། ཡིད་ལ་མ་ན་ཞེས་ཐུང་བ་དང་། ང་རྒྱལ་ལ་མཱ་ན་ཞེས་རིང་བར་ཡོད་པ་ལོ་ཙཱ་བས་སྒྲ་ནོར་བ་སྟེ། དོན་ང་རྒྱལ་ཡིན་ཞེས་མཆིམས་ཀྱིས་བཞེད་དོ། །རྒྱལ་པོའི་སྲས་ཀྱིས་ལྟ་བ་ཡང་མ་ངེས་པ་ཡིན་པས་སྡོམ་ཚིག་དེ་རྣ་བར་མི་འོང་ཞེས་འཆད་ཀྱང་། མཁས་པ་སྔ་མ་དག ལྟ་བ་རྫས་ཡོད་མ་ཡིན་པས་སྐྱོན་མེད་ཅེས་གསུངས་པ་ལེགས་སོ། །གཉིས་པ་བཏགས་ཡོད་ནི། དགེ་བ་བཅུ་གཅིག་གི་ནང་ནས་གཏི་མུག་མེད་པ་དང་། རྩ་ཉོན་གྱི་ནང་ནས་ལྟ་བ་དང་། ཉེ་ཉོན་བཅུ་ཚན་འོག་མའི་ནང་ནས་ཤེས་བཞིན་མ་ཡིན་པ་གསུམ་ནི། ཤེས་རབ་ཉོན་མོངས་ཅན་ཡིན་པས་ཤེས་རབ་ལ་བཏགས། བརྗེད་ངས་ནི་དྲན་པ་ཉོན་མོངས་ཅན་དང་། རྣམ་གཡེང་ནི་ཏིང་ངེ་འཛིན་ཉོན་མོངས་ཅན་ཡིན་པས་དེ་དག་ལ་བཏགས་པའོ། །གཞི་ཕྲན་ཚེགས་ཀྱི་ཉི་ཤུ་རྩ་བཞི་ནི། མི་དགའ་བ་དང་གླལ་བྱེད་པ་དང་། སེམས་ཞུམ་པ་ཉིད་དང་། རྨྱ་བ་དང་། ཟས་ཀྱི་དྲོད་མི་ཟིན་པ་ཉིད་དང་། ཐ་དད་པ་ཉིད་འདུ་ཤེས་དང་། ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། རུ་རྡུག་དང་། འཕྱ་སྨོད་དང་། བསྣམ་པ་ཉིད་དང་། མི་བསྣམ་པ་ཉིད་དང་། རང་བཞིན་དུ་མི་འདུག་པ་ཉིད་དང་། འདོད་པའི་དང་། འཚེ་བའི་དང་། ཉེ་དུའི་དང་། ཡུལ་མིའི་དང་། མི་འཆི་བའི་དང་། བརྙས་པ་དང་ལྡན་པའི་དང་། རིགས་སྙེམས་པ་དང་ལྡན་པའི་རྣམ་པར་རྟོགས་པ་དང་། མྱ་ངན་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཏེ། མཆིམས་ཀྱིས་འདི་དག་རྫས་ཡོད་ཡིན་པས་རྫས་ཡོད་བདུན་ཅུ་ཐམ་པའོ། །ཞེས་བཞེད་ཀྱང་རིགས་ལ་བརྟགས་ན་བརྟགས་ཡོད་དུ་འཐད་དོ། །གསུམ་པ་ནི། སྤྱིར་རྫས་ཡོད་ལ་རིགས་པས་དཔྱད་བཟོད་དང་། རྟག་ཅིང་བརྟན་པ་དང་། དོན་བྱེད་ནུས་པ་དང་། རང་རྐྱ་ཐུབ་པ་དང་བཞི་ལས། འདིར་ནི་རང་དབང་དུ་བློ་ཡི་ཡུལ་དུ་འགྱུར་བ་ཡིན་ནོ། །བཏགས་ཡོད་ལའང་སྒྲོ་བཏགས་པ་དང་། གནས་སྐབས་ལ་བཏགས་པ་དང་། ཆ་ལ་བཏགས་པ་དང་། དེ་ལས་གཞན་པ་ལ་བཏགས་པ་བཞི་ལས། འདིར་ནི་གསུམ་པ་སྟེ། གཞན་ལ་ལྟོས་ནས་བློའི་ཡུལ་དུ་འགྱུར་བའོ། །མཚན་གཞི་ནི་སྔར་བཤད་ཟིན་ཏོ། །བཞི་པ་ནི། དབུས་མཐར། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་པའི་དོན་བྱེ་བྲག་ཏུ་སྨྲ་བས། རང་སྟོབས་ཀྱིས་དོན་ཙམ་འཛིན་པ་ནི་སེམས་དང་། རང་སྟོབས་ཀྱིས་དོན་གྱི་ཁྱད་པར་སིམ་གདུང་ལ་སོགས་པར་འཛིན་པ་ནི་སེམས་ལས་བྱུང་བ་ཡིན་ཞེས་འདོད་དགོས་ཏེ། དཔེར་ན། སྔོ་འཛིན་མིག་གི་རྣམ་པར་ཤེས་པས་སྔོ་ཙམ་འཛིན་པ་ནི་རང་སྟོབས་ཀྱིས་ཡིན་ཅིང་། དེའི་འཁོར་གྱི་ཚོར་བ་ལ་སོགས་པས་སྔོ་ཙམ་འཛིན་པ་ནི་གཞན་སྔོ་འཛིན་མིག་གི་རྣམ་པར་ཤེས་པའི་སྟོབས་ཀྱི་ཡིན་ཏེ། རྣམ་ཤེས་གཞན་གྱི་འཁོར་དུ་བྱུང་བའི་ཚེ་དེ་འཛིན་པར་མ་ངེས་པའི་ཕྱིར་རོ། །ཡང་དེའི་འཁོར་གྱི་ཚོར་བ་བདེ་བའི་སྔོན་པོ་ཡིད་དུ་འོང་བ་འཛིན་པ་ནི་རང་སྟོབས་ཀྱིས་ཡིན་ཞིང་། སྔོ་འཛིན་མིག་གི་རྣམ་པར་ཤེས་པས་དེ་འཛིན་པ་ནི་གཞན་སྟོབས་ཀྱི་ཡིན་ཏེ་ཚོར་བ་སྡུག་བསྔལ་སོགས་དང་མཚུངས་པར་ལྡན་པའི་ཚེ་དེ་འཛིན་པར་མ་ངེས་པའི་ཕྱིར་རོ། །རིགས་པའི་རྗེས་འབྲང་གི་མདོ་སེམས་གཉིས་ཀྱིས་སེམས་སེམས་བྱུང་རྫས་གཅིག་ཏུ་འདོད་པ་ལྟར་ན་ཤེས་པ་རྫས་གཅིག་གི་སྟེང་གི་དོན་གྱི་ངོ་བོ་ཙམ་འཛིན་པའི་ཆ་གཙོ་སེམས་དང་། དོན་གྱི་ཁྱད་པར་འཛིན་པའི་ཆ་སེམས་བྱུང་དུ་འཇོག་པས་རང་སྟོབས་གཞན་སྟོབས་ཁས་ལེན་མི་དགོས་ཤིང་། དབུས་མཐའི་འགྲེལ་ཆེན་དུ་སློབ་དཔོན་བློ་བརྟན་གྱིས་སེམས་སེམས་བྱུང་རྣམ་པ་མི་མཚུངས་པར་བཤད་པ་ཡང་། ངོ་བོ་དང་ཁྱད་པར་གྱི་རྣམ་པ་མི་མཚུངས་པའི་དོན་ཡིན་པར་དཔང་ལོ་ཆེན་པོས་བཞེད་པ་ཉིད་རྩ་འགྲེལ་གཉིས་ཆར་གྱི་དགོངས་པར་མཐོང་ངོ་། །བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་མཐའ་གཅིག་ཏུ་རྣམ་པ་མཚུངས་པར་འདོད་པས་རྣམ་པ་མི་མཚུངས་པའི་དོན་བཤད་མི་དགོས་པར་སེམས་སོ། །དོན་འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱང་གྲུབ་མཐའི་རྣམ་དབྱེ་མ་ཕྱེད་པའི་ཅལ་ཅོལ་མང་པོ་གསུངས་པར་འདུག་གོ །ལྔ་པ་ནི། སྡེ་ཚན་དང་པོ་གསུམ་དང་། ལྔ་པའི་རྒྱགས་པ་དང་། མ་ངེས་པའི་ཆགས་པ་དང་། ང་རྒྱལ་དང་ཐེ་ཚོམ་རྣམས་ནི་ཁམས་གསུམ་ཆར་དང་། སྡེ་ཚན་བཞི་པ་དང་ལྔ་པའི་གཡོ་སྒྱུ་རྒྱགས་པ་གསུམ་མ་གཏོགས་པའི་བདུན་དང་། མ་ངེས་པའི་གཉིད་འགྱོད། ཁོང་ཁྲོ་རྣམས་ནི་འདོད་པ་ཁོ་ན་དང་། ལྔ་པའི་གཡོ་སྒྱུ་དང་། མ་ངེས་པའི་རྟོག་དཔྱོད་ནི་འདོད་པ་དང་། བསམ་གཏན་དང་པོ་ཁོ་ནར་ཡོད་དོ། །དྲུག་པ་ནི། སྡེ་ཚན་དང་པོ་བཞི་དང་། མ་ངེས་པའི་རྟོག་དཔྱོད་ཆགས་སྡང་རྣམས་ནི་རྣམ་ཤེས་དྲུག་ཆར་དང་། གཞན་རྣམས་ནི་ཡིད་ཤེས་ཁོ་ནའི་འཁོར་དུ་འབྱུང་ངོ་། །བདུན་པ་ནི། སྡེ་ཚན་དང་པོ་སེམས་ཐམས་ཅད་ལ་འབྱུང་བས་ཁྱབ་ཆེ་བས་ན་དང་པོར་བསྟན། གཉིས་པ་ནི། གཞན་རྣམས་ལ་ལྟོས་ནས་མཆོད་པར་འོས་པས་ན་གཉིས་པར་བསྟན། གསུམ་པ་ནི། ཉོན་མོངས་ཅན་ཐམས་ཅད་ལ་འབྱུང་བས་འོག་མ་གཉིས་ལས་ཁྱབ་ཆེ་བས་ན་གསུམ་པར་བསྟན། བཞི་པ་ནི་མི་དགེ་བ་ཐམས་ཅད་ལ་འབྱུང་སྟེ་ཐ་མ་བས་ཁྱབ་ཆེ་བས་ན་བཞི་པར་བསྟན། ལྔ་པ་ནི་གོང་མ་ཐམས་ཅད་ལས་ཁྱབ་ཆུང་བས་ན་ཐ་མར་བསྟན་ནོ། །བརྒྱད་པ་ནི། སེམས་ལ་བསྟན་ནས་སྐད་ཅིག་རེ་རེ་ཞིང་འཕྲལ་འཕྲལ་དུ་འབྱུང་བས་ན་སེམས་ལས་བྱུང་བའོ། །འོ་ན་སེམས་དང་དུས་མཉམ་ཡིན་ནམ་སྙམ་ན་འདིར་མཚུངས་ལྡན་གྱི་རྒྱུ་འབྲས་ཞེས་དུས་མཉམ་པའི་རྒྱུ་འབྲས་སུ་འདོད་པས་སྐྱོན་མེད་དོ། །དེས་ན་སེམས་སེམས་བྱུང་རྫས་ཐ་དད་པ་ལྟར་ན་སེམས་བྱུང་ལ་རྒྱུན་མེད་པར་འདོད་ཅིང་། རྫས་གཅིག་པ་ལྟར་ན། རྒྱུན་ཡོད་མེད་ཀྱི་ཁྱར་པར་མི་བཞེད་དོ། །འདི་དག་ནི་གཞུང་ལུགས་འདིའི་ལུགས་ཀྱི་སེམས་སེམས་བྱུང་གི་འཇོག་ཚུལ་ཐུན་མོང་མ་ཡིན་པ་ཡིན་ལ། མངོན་པ་གོང་མའི་ལུགས་ནི་གཞན་དུ་རྒྱ་ཆེར་བཤད་ཟིན་པས་དེར་བལྟ་བར་བྱའོ།། །།མི་ལྡན་པ་ཡི་འདུ་བྱེད་རྣམས། །ཞེས་པའི་སྐབས་སུ། མི་ལྡན་པའི་འདུ་བྱེད་ཀྱི་མཚན་ཉིད། དབྱེ་བ། རྫས་སུ་གྲུབ་པའི་སྒྲུབ་བྱེད་དང་གསུམ་ལས། དང་པོ་ནི། སེམས་དང་ལྡན་པ་མིན་པའི་འདུ་བྱེད་ཅེས་ཏེ། ལྡན་པ་མིན་པ་ཅེས་པས་མཚུངས་ལྡན་དང་། འདུ་བྱེད་ཅེས་པས་ཕུང་པོ་གཞན་བཞི་དང་འདུས་མ་བྱས་བསལ་ལོ། །གཉིས་པ་དབྱེ་བ་ནི། འདིར་བཅུ་བཞི་དང་། མངོན་པ་གོང་མར་ཉེར་གསུམ་གསུངས་ལ། ཡང་ཞེས་པའི་སྒྲས་མངོན་པ་གོང་མར་གསུངས་པའི་ཆ་མཐུན་དགུ་དང་། དབུ་མ་རྩ་བར། ཇི་ལྟར་དཔངས་རྒྱ་དེ་བཞིན་ཆུད། །མི་ཟ་ལས་ནི་བུ་ལོན་བཞིན། །ཞེས་དང་། ལས་གྲུབ་པའི་རབ་ཏུ་བྱེད་པ་ལས། མང་པོས་བཀུར་བའི་སྡེ་པ་ཆུད་མི་ཟ་བའི་ཆོས་ཀྱིས་འབྲས་བུ་འབྱིན་པར་འདོད་ཅེས་བཤད་པའི་ཆུད་མི་ཟ་དང་། དགེ་འདུན་གྱིས་དབྱེན་ལ་སོགས་པ་སྡུད་དོ། །གསུམ་པ་རྫས་སུ་གྲུབ་པའི་སྒྲུབ་བྱེད་ནི། སྤྱིར་དབྱེ་གཞི་ལྔ་ཆར་རྫས་སུ་གྲུབ་པས་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི་ཡང་རྫས་སུ་ཡོད་དགོས་ཤིང་། སོ་སོར་ཕྱེ་ན་ཐོབ་པ་རྫས་སུ་ཡོད་དེ། གང་ཟག་དེ་ལ་ཆོས་དེ་ལྡན་པར་བྱེད་པའི་རྫས་མེད་ན་ཆོས་དེ་དང་བྲལ་བར་འགྱུར་བའི་ཕྱིར་དང་། མ་ཐོབ་པ་རྫས་སུ་ཡོད་དེ། གང་ཟག་དེ་ལ་བྲལ་བྱའི་ཆོས་དེ་མི་ལྡན་པར་བྱེད་པའི་རྫས་མེད་ན་ཆོས་དེ་དང་ལྡན་པར་འགྱུར་བའི་ཕྱིར། ཞེས་སོགས་སོ་སོའི་བྱེད་ལས་ལ་དཔག་སྟེ་རྫས་སུ་ཡོད་པར་ཤེས་པར་བྱའོ། །ཐོབ་དང་མ་ཐོབ་ཅེས་པའི་སྐབས་སུ། ཐོབ་པ་དང་མ་ཐོབ་པའི་མཐའ་དཔྱད་པ་ལ། མཚན་ཉིད། དབྱེ་བ། དེ་ཆོས་གང་གི་ཡིན་པ། རྫས་སུ་ཡོད་པའི་སྒྲུབ་བྱེད། དེ་སུན་ཕྱུང་ནས་སློབ་དཔོན་རང་གི་ལུགས་བཞག་པ། བྱེ་བྲག་ཏུ་སྨྲ་བའི་འདོད་པ་བསྡུས་ཏེ་བསྟན་པ་དང་དྲུག་ལས། དང་པོ་ནི། ཐོབ་བྱའི་ཆོས་གང་ཟག་དེ་ལ་ལྡན་པར་བྱེད་པའི་མི་ལྡན་པའི་འདུ་བྱེད་རྫས་གྲུབ་པ་དང་། ཐོབ་བྱའི་ཆོས་དེ་ལྡན་པའི་གེགས་སུ་གྱུར་པའི་མི་ལྡན་པའི་འདུ་བྱེད་རྫས་གྲུབ་པ་རིམ་པ་བཞིན་ནོ། །གཉིས་པ་ནི། ཐོབ་པ་ལ་དབྱེ་ན་ལྔ་སྟེ། ཟག་མེད་སྐད་ཅིག་དང་པོའི་ཐོབ་པ་ལྟ་བུ་གཏན་མ་རྙེད་པ་ལས་གསར་དུ་རྙེད་པ་དང་། བསམ་གཏན་གྱི་སྡོམ་པའི་ཐོབ་པ་ལྟ་བུ་སྔོན་ཐོབ་པ་ཉམས་ནས་སླར་ཐོབ་པ་སྐད་ཅིག་དང་པོ་ནི་རྣམ་པ་ཉམས་པ་ལས་གསར་དུ་རྙེད་པ་སྟེ་གཉིས་དང་། དེ་གཉིས་ཀྱི་སྐད་ཅིག་གཉིས་པ་ཕན་ཆད་རྒྱུན་ལྡན་པ་གཉིས་དང་། སོ་སྐྱེ་ལ་སྲིད་རྩེའི་ཉོན་མོངས་ལྟ་བུ་ཡེ་ནས་ལྡན་པ་རྣམས་སོ། །མ་ཐོབ་པ་ལ་དབྱེ་ན་གསུམ་སྟེ། སྐད་ཅིག་མ་བཅུ་དྲུག་པའི་ཚེ་དང་པོའི་མ་ཐོབ་པ་ལྟ་བུ་རྣམ་པར་ཉམས་པའི་མ་རྙེད་པ་དང་། དེ་ཕྱིན་ཆད་དེའི་རྒྱུན་མི་ལྡན་པ་དང་། སོ་སོ་སྐྱེ་བོ་ལ་ཟག་མེད་ཀྱི་ལམ་ལྟ་བུ་ཡེ་ནས་མི་ལྡན་པ་རྣམས་སོ། །གསུམ་པ་ནི། ཐོབ་པ་དང་མ་ཐོབ་པ་འདི་དག་ཆོས་གང་གི་ཡིན་ཞེ་ན། རང་རྒྱུད་དུ་གཏོགས་པའི་ཆོས་རྣམས་ཀྱི་ཡིན་ཏེ། རྒྱུ་དང་མ་འབྲེལ་བའི་བུམ་སྣམ་ལྟ་བུ་ཡིན་ན། གཞན་དང་ཐུན་མོང་བ་སྲིད་པའི་ཕྱིར་དང་། རྒྱུད་དང་འབྲེལ་ཡང་གཞན་རྒྱུད་ཀྱི་ཐོབ་པ་འབྱུང་ན། དགྲ་བཅོམ་པ་ལ་བྱིས་པའི་ཉོན་མོངས་དང་། བྱིས་པ་ལས་ཡང་འཕགས་པའི་ལམ་གྱི་ཐོབ་པ་འབྱུང་བར་འགྱུར་བས་འབད་པ་དོན་མེད་པ་དང་། མ་འབད་ཀྱང་གྲོལ་བར་འགྱུར་བའི་ཕྱིར་རོ། །དམིགས་ཀྱིས་བསལ་བ་ནི་འགོག་པ་གཉིས་རྒྱུད་དང་མ་འབྲེལ་ཡང་དགག་བྱ་རྒྱུད་དང་འབྲེལ་བས་དེ་བཀག་པའི་ཐོབ་པ་དང་། མ་ཐོབ་པ་ཡོད་དེ། སོ་སོར་བརྟགས་མིན་གྱི་འགོག་པ་ནི་ཆོས་ཅི་རིགས་པའི་རྐྱེན་མ་ཚང་བ་ཡིན་པས་སེམས་ཅན་ཐམས་ཅད་ལ་ལྡན་པའི་ཕྱིར་ཏེ། བསྟན་བཅོས་ལས། ཟག་མེད་ཀྱི་ཆོས་རྣམས་དང་སུ་ཞིག་ལྡན་ཞེ་ན། སེམས་ཅན་ཐམས་ཅད་དོ་ཞེས་འབྱུང་བའི་ཕྱིར་དང་། བརྟགས་འགོག་ནི་འཆིང་བ་མཐའ་དག་དང་ལྡན་པ་ཟག་མེད་སྐད་ཅིག་དང་པོ་ལ་གནས་པ་མ་གཏོགས་པ་འཕགས་པ་ཐམས་ཅད་དང་། སོ་སོའི་སྐྱེ་བོ་ས་དང་ས་ལ་འདོད་ཆགས་དང་བྲལ་བ་ཁ་ཅིག་ཀྱང་ལྡན་པའི་ཕྱིར། ནམ་མཁའ་ལ་ནི་ཐོབ་པ་མེད་དེ། འགྲེལ་པར་ནམ་མཁའ་དང་ནི་འགའ་ཡང་ལྡན་པ་མེད་དེ་ཞེས་གསུངས་པའི་དོན་རྒྱལ་པོའི་སྲས་ཀྱིས་འདིས་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་དང་། གང་སྤེལ་ལས། གང་དང་ཡང་འབྲེལ་པ་མེད་དེ། དགག་བྱ་དང་འགོག་པ་མེད་པའི་ཕྱིར་རོ་ཞེས་སོ། །གང་ལ་ཐོབ་པ་ཡོད་པ་དང་མེད་པ་ལ་མ་ཐོབ་པ་ཡང་ཡོད་པ་དང་མེད་པ་ནི་གྲུབ་པའི་མཐའོ། །བཞི་པ་ནི། ཐོབ་པ་ཞེས་བྱ་བ་རྫས་སུ་གྲུབ་པ་ཡོད་པའི་སྒྲུབ་བྱེད་གང་ཞེ་ན། ལུང་དང་རིགས་པས་ཤེས་ཏེ། ལུང་ནི་མདོར། དེ་མི་སློབ་པའི་ཆོས་བཅུ་པོ་འདི་དག་སྐྱེད་ཅིང་སོ་སོར་ཐོབ་ལ་ཀུན་ཏུ་ལྡན་པས་ན་ཡན་ལག་ལྔ་རྣམ་པར་སྤངས་པའི་འཕགས་པར་འགྱུར་རོ་ཞེས་གསུངས་པས་སོ། །རིགས་པ་ནི་ཐོབ་པ་མེད་ན་འཇིག་རྟེན་པའི་ཡིད་དང་ལྡན་པའི་འཕགས་པ་དང་། སོ་སོའི་སྐྱེ་བོ་དག་ལ་ཁྱད་པར་མེད་པར་འགྱུར་བ་ལས་ཟག་མེད་ཀྱི་ལམ་ཐོབ་པ་འཕགས་པ་དང་། མ་ཐོབ་པ་སོ་སོའི་སྐྱེ་བོར་འཇོག་པ་ཤེས་སོ། །དེའི་ཕྱིར་མ་ཐོབ་པ་ཡང་ཡོད་དེ། ཐོབ་པ་གང་ལ་ཡོད་པའི་ཆོས་དེ་ལ་མ་ཐོབ་པ་ཡང་ཡོད་པའི་ཕྱིར་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། །ལྔ་པ་ནི། སློབ་དཔོན་གྱིས་ལུང་གི་སྒྲུབ་བྱེད་མི་འཐད་དེ། མདོ་དེར་ནི་དབང་བ་ཉིད་ལ་ལྡན་པའི་སྒྲར་གསུངས་པ་ཡིན་གྱི། གཞན་དུ་ན་སེམས་ཅན་དུ་མི་སྟོན་པའི་ནོར་བུ་སོགས་དང་། སེམས་ཅན་གཞན་རྟ་གླང་སོགས་དག་དང་ཡང་ལྡན་པའི་ཐོབ་པ་ཡོད་པར་འགྱུར་ཏེ། མདོ་ལས་དགེ་སློང་དག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞེས་གསུངས་པའི་ཕྱིར་རོ། །རིགས་པའི་སྒྲུབ་བྱེད་ཀྱང་མི་འཐད་དེ། འཕགས་པ་དང་བྱིས་པའི་བྱེ་བྲག་ནི་མཐོང་སྤང་གི་ཉོན་མོངས་པ་སྤངས་པ་དང་མ་སྤངས་པའི་བྱེ་བྲག་ལས་འབྱུང་བར་འོས་པའི་ཕྱིར་རོ། །གལ་ཏེ་དེ་ཡང་ཐོབ་པ་ཡོད་པ་དང་མེད་པའི་བྱེ་བྲག་ལས་འབྱུང་བ་ཡིན་ནོ་སྙམ་ན་མ་ཡིན་ཏེ། ཟག་མེད་ཀྱི་ལམ་གྱིས་ཉོན་མོངས་པའི་ས་བོན་སྤངས་པའི་འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་པར་བྱས་པ་དེ་ནི་ཉོན་མོངས་སྤངས་པ་ཞེས་བྱ་བ་ཡིན་ལ། བཟློག་པ་ནི་མ་སྤངས་པ་ཡིན་པས། གང་མ་སྤངས་པ་དེ་དང་ནི་ལྡན། གང་སྤངས་པ་དེ་དང་ནི་མི་ལྡན་ཞེས་བྱ་བར་འོས་པའི་ཕྱིར་རོ། །གལ་ཏེ་ཆོས་རྣམས་སྐྱེ་བའི་རྒྱུ་ལ་ཐོབ་པ་ཞེས་བྱའོ་ཞེ་ན། འོ་ན་འདུས་མ་བྱས་གཉིས་པོ་རྣམས་ཀྱི་ཐོབ་པ་ཡོད་པར་མི་འགྱུར་ཏེ། དེ་དག་སྐྱེ་བའི་རྒྱུ་མེད་པའི་ཕྱིར་དང་། ཆོས་གང་དག་མ་ཐོབ་པ་རྣམས་དང་། གང་དག་ས་འཕོས་ནས་གཏོང་བ་དང་། འདོད་ཆགས་དང་བྲལ་བས་གཏོང་བ་དེ་དག་སྐྱེ་བར་མི་འགྱུར་བས་དེ་དག་གིའང་ཐོབ་པ་མེད་པར་འགྱུར་བའི་ཕྱིར་རོ། །སྒྲུབ་བྱེད་མེད་པར་མ་ཟད་གནོད་བྱེད་ཀྱང་ཡོད་དེ། གཟུགས་སྒྲ་ལ་སོགས་པ་དང་། ཆགས་སྡང་ལ་སོགས་པ་ལྟར་འདིའི་རང་གི་ངོ་བོའང་མ་ཡིན་ཞིང་། མིག་དང་རྣ་བ་ལ་སོགས་པ་ལྟར་བྱ་བའང་མི་སྣང་བའི་ཕྱིར་རོ། །དེ་ན་དབང་དང་ལྡན་པ་དང་། ས་བོན་དང་ལྡན་པ་དང་། མངོན་གྱུར་དུ་ལྡན་པ་གསུམ་ལས། དང་པོ་གཉིས་ཡོད་པ་དང་མེད་པ་ལ་ཐོབ་པ་དང་མ་ཐོབ་པའམ། ལྡན་པ་དང་མི་ལྡན་པར་གདགས་སོ་ཞེས་བཞེད་དོ། །དྲུག་པ་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། གཉིས་ཀ་རྫས་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །ཅིའི་ཕྱིར་ཞེ་ན། འདི་ནི་ཁོ་བོ་ཅག་གི་གྲུབ་པའི་མཐའ་ཡིན་ནོ་ཞེས་ཟེར་རོ།། །།ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ་ཞེས་པའི་སྐབས་སུ། དྲི་མེད་ཀྱི་ཡང་ཞེས་པའི་དོན་ཟག་མེད་ཀྱི་མ་ཐོབ་པ་ཡང་ཁམས་གསུམ་དུ་གཏོགས་པར་བསྟན་པས་ཟག་མེད་ཀྱི་ཐོབ་པ་ཟག་མེད་ཡོད་པ་ལྟར། ཟག་མེད་ཀྱི་མ་ཐོབ་པ་ཟག་མེད་ཡོད་པར་ནི་མི་བཞེད་དོ། །ཅིའི་ཕྱིར་ཞེ་ན། ཟག་མེད་ཀྱི་མ་ཐོབ་པ་ནི་སོ་སོའི་སྐྱེ་བོ་ཉིད་དུ་འདོད་དེ། བསྟན་བཅོས་ལས། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་ཀྱིས་མ་རྙེད་པའོ་ཞེས་འབྱུང་ཞིང་། སོ་སོའི་སྐྱེ་བོ་ནི་ཟག་མེད་དུ་མི་འོས་པའི་ཕྱིར་དང་། མ་ཐོབ་པ་ཟག་མེད་ཡོད་ན་དེ་འདུས་བྱས་སུ་གྱུར་པའི་ཟག་མེད་ཡིན་པས་ལམ་བདེན་དུ་འགྱུར་ལ། དེ་ལྟར་ན་བྱིས་པ་ལ་ཟག་མེད་ཀྱི་ཆོས་ཀྱིས་མ་ཐོབ་པ་ཡོད་པས་ལམ་མངོན་དུ་གྱུར་པ་ཁས་བླང་དགོས་པའི་ཕྱིར་རོ། །འོ་ན་ཐེག་པ་གསུམ་གྱི་ལམ་གང་མ་ཐོབ་པ་དེ་སོ་སོའི་སྐྱེ་བོ་ཉིད་ཡིན་ན། ཉན་ཐོས་ཀྱི་ཡིན་ན་ཕྱི་མ་གཉིས་དང་། རང་རྒྱལ་གྱི་ཡིན་ན་སྔ་མ་གཉིས་དང་། ཐེག་ཆེན་གྱི་ཡིན་ན་སྔ་མ་གཉིས་སོ་སོའི་སྐྱེ་བོ་ཉིད་དུ་འགྱུར་རོ་ཞེ་ན། བསྟན་བཅོས་ལས་ཁྱད་པར་མེད་པར་སྤྱིར་འབྱུང་བས་ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱི་མ་ཐོབ་པ་ཡིན་ནོ། །འོ་ན་ལམ་གྱིས་མ་ཐོབ་པ་ཁོ་ན་ཞེས་པའི་སྒྲ་འདོན་དགོས་སོ་ཞེ་ན། མི་དགོས་ཏེ་དོན་གྱིས་གོ་བའི་ཕྱིར། དཔེར་ན་ཆུ་འཐུང་རླུང་ཟ་ཞེས་པ་བཞིན་ནོ། །དེས་ན་བྱེ་བྲག་ཏུ་སྨྲ་བས་སོ་སོའི་སྐྱེ་བོ་ཉིད་དམ་དེ་དང་ལྡན་པའི་གང་ཟག་ཐ་དད་དུ་བྱེད་དེ། སྔ་མ་ནི་ཕུང་པོ་རྫས་ཡོད་དང་། ཕྱི་མ་ནི་གང་ཟག་བཏགས་ཡོད་དུ་འདོད་པའི་ཕྱིར་རོ། །འོ་ན་འཕགས་པ་དང་། དེ་དང་ལྡན་པའི་གང་ཟག་ཀྱང་ཐ་དད་དུ་བྱེད་པར་འགྱུར་རོ་ཞེ་ན། དེ་ཡང་བྱེད་དེ། སྔ་མ་ནི་མཐོང་སྒོམ་མི་སློབ་ལམ་གྱིས་བསྡུས་པའི་ལམ་ཟག་མེད་དང་། ཕྱི་མ་ནི་གང་ཟག་བཏགས་ཡོད་དུ་འདོད་པའི་ཕྱིར་རོ། །མདོ་སྡེ་པ་ནི་འཕགས་ལམ་མ་སྐྱེས་པའི་རྒྱུད་ནི་སོ་སོའི་སྐྱེ་བོ་དང་། འཕགས་ལམ་སྐྱེས་པའི་རྒྱུད་ནི་འཕགས་པར་འདོད་ཀྱང་སྔ་མ་གང་ཟག་ཏུ་མི་འདོད་དེ། ལྡན་མིན་འདུ་བྱེད་དུ་འདོད་པའི་ཕྱིར་རོ། །ཅི་ཐོབ་པ་དང་མ་ཐོབ་པའི་ཐོབ་པ་དང་མ་ཐོབ་པ་ཡོད་དམ་ཞེ་ན། གཉིས་ཀའི་གཉིས་ཀ་ཡོད་དོ། །འོ་ན་ཐུག་པ་མེད་པར་འགྱུར་རོ་ཞེ་ན། ཕན་ཚུན་ལྡན་པའི་ཕྱིར་མ་ཡིན་ཏེ། ཐོབ་བྱའི་ཆོས་དང་། དེའི་ཐོབ་པ་དང་། ཐོབ་པའི་ཐོབ་པ་གསུམ་ལས། ཐོབ་པས་ཐོབ་བྱའི་ཆོས་དང་ཐོབ་པའི་ཐོབ་པ་ལྡན་པར་བྱེད། ཐོབ་པའི་ཐོབ་པས་ཐོབ་པ་ཁོ་ན་ལྡན་པར་བྱེད་པའི་ཕྱིར་རོ། །དེའི་སྐད་ཅིག་གཉིས་པ་ལ་དེ་གསུམ་གྱི་ཐོབ་པ་གསུམ་དང་། ཐོབ་པའི་ཐོབ་པ་གསུམ་སྟེ་དགུ་དང་། གསུམ་པ་ལ་དེ་དགུའི་ཐོབ་པ་དགུ་དང་། དགུ་པོ་དེའི་ཐོབ་པ་དགུ་སྟེ་ཉེར་བདུན་དང་། བཞི་པ་ལ་ཉེར་བདུན་ཕྲག་གསུམ་ལ་སོགས་པ་སྐྱེ་བར་འདོད། སློབ་དཔོན་གྱིས་ནི་སྐྱེ་བ་འདིས་ནི་ཐོབ་པ་རྣམས་ཀྱི་དགའ་སྟོན་ཞིག་སྟེ་བརྟས་ཏེ་ཐོགས་པ་མེད་པས་འདི་ལྟར་གོ་སྐབས་རྙེད་ཀྱི་དེ་ལྟ་མ་ཡིན་ན་སྲོག་ཆགས་གཉིས་པས་ནི་ནམ་མཁའ་ལ་གོ་སྐབས་རྙེད་པར་མི་འགྱུར་རོ་ཞེས་སུན་འབྱིན་པར་མཛད་དོ། །བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །ཞེས་པའི་སྐབས་སུ་རྒྱུ་ལ་མཚན་ཉིད། མཚན་གཞི། དབྱེ་བ། གྲངས་ངེས། དབྱེ་བ་སོ་སོའི་མཚན་ཉིད་དང་ལྔ་ལས། དང་པོ་ནི། ཆོས་གཞན་སྐྱེ་བ་ལ་གེགས་མི་བྱེད་པའི་རྫས་སོ། །གཉིས་པ་ནི། ཤེས་བྱ་གཞི་ལྔ་པོ་ཐམས་ཅད་དེ། རིགས་པས་དཔྱད་བཟོད་ཀྱིས་རྫས་ཡོད་ཐམས་ཅད་རྒྱུ་ཡིན་པའི་དབང་དུ་བྱས་པའོ། །གསུམ་པ་ནི། བྱེད་རྒྱུ་དང་། ལྷན་ཅིག་འབྱུང་བ་དང་། སྐལ་མཉམ་དང་། མཚུངས་པར་ལྡན་པ་དང་། ཀུན་འགྲོ་དང་། རྣམ་སྨིན་གྱི་རྒྱུ་སྟེ་དྲུག་གོ །དྲུག་ཏུ་འདོད་ཅེས་པ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་འཇོག་པའི་ཚེ་ཡང་དག་པར་བསྡུས་པའི་གཞི་ཉམས་པས་རྒྱུ་དྲུག་ཚང་བར་སྟོན་པའི་མདོ་ནི་ནུབ་ལ། སོ་སོར་སྟོན་པ་བསྡུས་ནས་དྲུག་ཏུ་འདོད་ཅེས་པ་སྟེ། དེ་ནི་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་པས་བྱེད་རྒྱུ་དང་། ལམ་གྱི་ཡན་ལག་གསུམ་པོ་འདི་དག་ནི་ཡང་དག་པའི་ལྟ་བའི་རྗེས་སུ་འབྲངས་ནས་ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པའོ་ཞེས་པས་ལྷན་ཅིག་འབྱུང་བའི་རྒྱུ་དང་། འདིའི་དགེ་བའི་རྩ་བ་ལས་དགེ་བའི་རྩ་བ་གཞན་སྐྱེ་བར་འགྱུར་བས་ཆུང་ངུ་དང་ལྷན་ཅིག་འགྱུར་བ་ཡོད་ན་འདི་ཕྱིས་ནས་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་རོ་ཞེས་པས་སྐལ་མཉམ་གྱི་རྒྱུ་དང་། སྐྱེས་ནས་ཤེས་པ་དང་མཚུངས་པར་ལྡན་པ་འདི་ནི་མཐོང་བའི་ལམ་གྱི་གཞི་ཅན་གྱི་དད་པའོ་ཞེས་པས་མཚུངས་ལྡན་གྱི་རྒྱུ་དང་། གང་ཟག་ལོག་ལྟ་ཅན་གྱི་ལུས་ངག་ཡིད་ཀྱི་ལས་ནི་མི་འདོད་པ་དང་མི་སྡུག་པ་ལ་སོགས་པར་འགྱུར་རོ་ཞེས་པས་ཀུན་འགྲོའི་རྒྱུ་དང་། ཆེད་དུ་བསམ་པའི་ལས་བསམ་ཞིང་བསགས་པའི་རྣམ་སྨིན་ཞེས་པས་རྣམ་སྨིན་གྱི་རྒྱུ་བསྟན་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའོ། །བཞི་པ་ནི། ཅིའི་ཕྱིར་རྒྱུ་དྲུག་ཏུ་གྲངས་ངེས་ཞེ་ན། འབྲས་བུའི་རིགས་ལ་ལྟོས་ནས་ཐུན་མོང་གི་རྒྱུ་དང་། ཐུན་མོང་མ་ཡིན་པའི་རྒྱུ་གཉིས་ལས། དང་པོ་ནི་བྱེད་རྒྱུ། གཉིས་པ་ལ་དུས་མཉམ་པའི་རྒྱུ་དང་། དུས་ཐ་དད་པའི་རྒྱུ་གཉིས་ལས། དང་པོ་ལ་སྤྱིར་ལྷན་ཅིག་འབྱུང་བ་དང་། བྱེ་བྲག་མཚུངས་པར་ལྡན་པའི་རྒྱུ་གཉིས། གཉིས་པ་ལ་འདྲ་བར་སྐྱེད་པའི་རྒྱུ་དང་། མི་འདྲ་བར་སྐྱེད་པའི་རྒྱུ་གཉིས་ལས། དང་པོ་ལ་སྤྱིར་སྐལ་མཉམ་དང་། བྱེ་བྲག་ཀུན་ཏུ་འགྲོ་བའི་རྒྱུ་གཉིས། ཕྱི་མ་ནི་རྣམ་སྨིན་གྱི་རྒྱུའོ། །ལྔ་པ་ལ་དྲུག་པོ་རེ་རེ་ཡང་མཚན་ཉིད་དང་། མཚན་གཞི་གཉིས་གཉིས་ཀྱི་སྒོ་ནས་ངེས་པར་བྱ་བ་ལས། དང་པོ་བྱེད་རྒྱུ་ལ་མཚན་ཉིད་ནི། འདུས་བྱས་ཀྱི་ཆོས་གཞན་སྐྱེ་བ་ལ་གེགས་མི་བྱེད་པའམ། བྱ་བ་བྱེད་པའི་སྒོ་ནས་རྒྱུར་བཞག་ཏུ་རུང་བ། མཚན་གཞི་ལ་བྱེད་རྒྱུ་ནུས་མེད་དང་ནུས་བཅས་གཉིས་ལས། དང་པོ་ནི། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་འདུས་བྱས་ཀྱི་བྱེད་རྒྱུ་ཡིན་པ་དང་། འདུས་བྱས་ལ་ཡང་མི་སྐྱེ་བའི་ཆོས་ཅན་རྣམས་འདུས་བྱས་གཞན་རྣམས་ཀྱི་བྱེད་རྒྱུ་དང་། སྐྱེས་ཟིན་པ་ལ་ཡང་བུམ་པ་སྣམ་བུའི་བྱེད་རྒྱུ་ཡིན་པ་སོགས་སོ། །བྱེད་རྒྱུ་ནུས་བཅས་ནི་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་ཤེས་སྐྱེ་བ་སོགས་རྒྱུ་གཞན་ལྔ་པོ་ཐམས་ཅད་དོ། །གཉིས་པ་ལ་མཚན་ཉིད་ནི། རང་དང་དུས་མཉམ་པའི་འབྲས་བུ་དེ་དང་ཕན་ཚུན་རྒྱུ་འབྲས་སུ་འགྱུར་བའོ། །མཚན་གཞི་ནི་ཚོགས་པ་གཅིག་པའི་འབྱུང་བ་ལྟ་བུ་གཟུགས་ཕུང་ཕན་ཚུན་དང་། སེམས་དང་སེམས་ཀྱི་རྗེས་འཇུག་ལྟ་བུ་རྣམ་པར་ཤེས་པའི་ཕུང་པོ་དང་། ཕུང་པོ་བར་པ་གསུམ་ཕན་ཚུན་དང་། མཚན་གཞི་འདུས་བྱས་དང་། མཚན་ཉིད་སྐྱེ་སོགས་བཞི་ལྟ་བུ་ཕུང་པོ་ལྔ་ཆར་དང་། མི་ལྡན་པའི་འདུ་བྱེད་ཕན་ཚུན་རྒྱུ་འབྲས་སུ་འགྱུར་བ་གསུམ་གསུངས་སོ། །གསུམ་པ་ལ་མཚན་ཉིད་ནི། རང་གི་འབྲས་བུ་ཕྱི་མ་རང་དང་རིགས་འདྲ་བར་བསྐྱེད་པའི་རྒྱུའོ། །མཚན་གཞི་ལ་ཟག་བཅས་དང་། ཟག་མེད་གཉིས་ལས། དང་པོ་ལ་རྒྱུ་འབྲས་རིགས་འདྲ་བའི་ཚད། རྒྱུ་འབྲས་གཉིས་ཀ་ཡང་དགེ་བ་དང་། ཉོན་མོངས་པ་ཅན་དང་། མ་སྒྲིབ་པ་གསུམ་པོ་གང་རུང་དུ་འདྲ་བ་སྟེ་དེ་ཡང་ས་གཅིག་པའི་སྤང་བྱ་རིས་ལྔ་པོ་གང་རུང་དུ་འདྲ་བའོ། །དེ་ཡང་ས་བོན་གྱིས་མྱུ་གུ་བསྐྱེད་པ་དང་། རྔ་དང་དབྱུག་གུས་རྔ་སྒྲ་བསྐྱེད་པ་དང་། ཆུས་ཆུ་སྒྲ་བསྐྱེད་པ་སོགས་རྒྱུ་འབྲས་གཉིས་ཀ་འདོད་པ་ལྟ་བུའི་ས་གཅིག་གིས་བསྡུས་པའི་སྒོམ་སྤངས་སུ་རིགས་འདྲ་བས་སྐལ་མཉམ་གྱི་རྒྱུར་འགྱུར་བའོ། །འདིའི་འབྲས་བུ་རྒྱུ་མཐུན་གྱི་འབྲས་བུར་འོག་འབྲས་བུའི་སྐབས་སུ་བཤད་པས་སྒྲ་ལ་རྒྱུ་མཐུན་ལས་བྱུང་བ་ཡོད་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །ཚུལ་འདི་མ་ཤེས་པར་ཊཱིཀྐ་གསར་པ་བྱེད་པ་དག་གིས་སྒྲ་ལ་རྒྱུན་མེད་པས་རྒྱུ་མཐུན་ལས་བྱུང་བ་མི་འཐད་ཅེས་རྩ་བ་སུན་འབྱིན་པར་གྲག་གོ །ཟག་མེད་ཀྱི་དབང་དུ་བྱས་པ་ནི་ས་གཅིག་པ་མི་དགོས་ཏེ། ཟག་མེད་ས་དགུ་ལ་བརྟེན་པའི་ལམ་བདེན་ནི་ཕན་ཚུན་སྐལ་མཉམ་གྱི་རྒྱུར་འགྱུར་བ་ཡོད་པའི་ཕྱིར་རོ། །འདི་ལ་ཡང་། མཐོང་ལམ་སྐད་ཅིག་དང་པོ་རང་གི་རྒྱུན་ཕྱི་མ་དང་། བསྒོམ་ལམ་དང་མི་སློབ་པའི་ལམ་གསུམ་གྱི་སྐལ་མཉམ་གྱི་རྒྱུ་ཡིན་པ་དང་། དེ་བཞིན་དུ་བསྒོམ་ལམ་གཉིས་ཀྱི་དང་། མི་སློབ་ལམ་གཅིག་གི་དང་། དེ་བཞིན་དུ་དབང་རྟུལ་གྱི་ལམ་གཉིས་ཀྱི་དང་། དབང་རྣོན་གྱི་ལམ་གཅིག་གི་དང་། དུས་སྦྱོར་དང་པོའི་ལམ་དྲུག་གི་དང་། མི་གཡོ་བའི་ཆོས་ཅན་གྱི་ལམ་གཅིག་གི་སྐལ་མཉམ་གྱི་རྒྱུ་ཡིན་པ་སོགས་མཉམ་པ་དང་ཁྱད་པར་ཅན་གྱི་ཡིན་གྱི་དམན་པའི་སྐལ་མཉམ་གྱི་རྒྱུ་ནི་མ་ཡིན་ནོ། །བཞི་པ་ལ་མཚན་ཉིད་ནི། རང་དང་དུས་མཉམ་པའི་འབྲས་བུ་དེ་དང་ཕན་ཚུན་རྒྱུ་འབྲས་སུ་འགྱུར་བ་གང་ཞིག མཚུངས་ལྡན་ཡིན་པ། མཚན་གཞི་ནི། དམིགས་པ་དང་། རྣམ་པ་དང་། རྫས་དང་དུས་མཚུངས་པ་ཙམ་མཚུངས་ལྡན་གྱི་རྒྱུར་འཇོག་ན་གང་ཟག་ཕན་ཚུན་གྱི་སེམས་སེམས་བྱུང་རྣམས་ཀྱང་མཚུངས་ལྡན་གྱི་རྒྱུར་འགྱུར་བས་རྟེན་དབང་པོ་གཅིག་ལ་བརྟེན་པའི་སེམས་སེམས་བྱུང་རྣམས་སོ། །ལྔ་པ་ལ་མཚན་ཉིད་ནི། ཀུན་འགྲོ་ཞེས་བྱ་བའི་ཉོན་མོངས་ཅན་གང་ཞིག རང་འབྲས་རང་སས་བསྡུས་པའི་ཉོན་མོངས་ཅན་ཕྱི་མ་བསྐྱེད་པ་སྟེ། གང་ཞིག་གིས་སྐལ་མཉམ་གྱི་རྒྱུ་གཞན་རྣམས་གཅོད། རང་སས་བསྡུས་པའི་ཉོན་མོངས་ཅན་གྱིས་རྣམ་སྨིན་གྱི་རྒྱུ་གཅོད། ཕྱི་མ་ཞེས་པས་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཅོད་དོ། །མཚན་གཞི་ལ་གང་ཞིག་གི་དོན་ནི་སྡུག་བསྔལ་མཐོང་སྤང་གི་ལྟ་བ་ལྔ། ཀུན་འབྱུང་མཐོང་སྤང་གི་ལོག་ལྟ་དང་། ལྟ་བ་མཐར་འཛིན་གཉིས། དེ་གཉིས་ཀྱི་ཐེ་ཚོམ་གཉིས། དེ་དང་མཚུངས་ལྡན་དང་། མ་འདྲེས་པའི་མ་རིག་པ་རིས་གཉིས་ཏེ་བཅུ་གཅིག་གོ །དེ་དག་ཀྱང་རང་དང་དུས་མཉམ་ལ་རྒྱུ་གཉིས་དང་། ཕྱི་མ་རྣམས་ལ་རྣམ་སྨིན་གྱི་རྒྱུར་འགྱུར་བ་ཡོད་ཀྱང་འདིར་ནི་རང་སས་བསྡུས་པའི་ཉོན་མོངས་ཅན་ཕྱི་མ་བསྐྱེད་པའི་ཆའོ། །དེ་ལྟར་ན་འདི་དང་སྐལ་མཉམ་གྱི་རྒྱུ་གཉིས་ལ་མུ་བཞི་ལས་གཉིས་ཀ་ཡིན་པ་ནི་སྔར་གྱི་སྤང་བྱ་རིས་གཉིས་པ་རང་གི་རིས་ཕྱི་མ་བསྐྱེད་པའི་ཆའོ། །སྐལ་མཉམ་གྱི་རྒྱུ་ཡིན་ལ་ཀུན་འགྲོའི་རྒྱུ་མ་ཡིན་པ་ནི་དེ་ལས་གཞན་པའི་སྐལ་མཉམ་གྱི་རྒྱུ་རྣམས་སོ། །ལྡོག་པ་ནི་སྔར་གྱི་སྤང་བྱ་རིས་གཉིས་པོ་རང་སས་བསྡུས་པའི་རིས་གཞན་གྱི་ཉོན་མོངས་ཅན་གྱི་རྒྱུར་འགྱུར་བ་ལྟ་བུའོ། །གཉིས་ཀ་མིན་པ་ནི་ལྷན་ཅིག་འབྱུང་བ་དང་། མཚུངས་ལྡན་དང་། རྣམ་སྨིན་གྱི་རྒྱུ་ལྟ་བུའོ། །དྲུག་པ་ལ་མཚན་ཉིད་ནི། རང་གི་འབྲས་བུའི་གཙོ་བོ་རྣམ་སྨིན་གྱི་ཕུང་པོ་བསྐྱེད་པར་བྱེད་པའོ། །མཚན་གཞི་ནི་མི་དགེ་བ་དང་དགེ་བ་ཟག་བཅས་ཁོ་ན་ཡིན་གྱི་ལུང་མ་བསྟན་མིན་ཏེ། མཐུ་ཆུང་བའི་ཕྱིར། ས་བོན་རུལ་པ་བཞིན་ནོ། །ཟག་མེད་ནི་མ་ཡིན་ཏེ། སྲེད་པའི་རླན་དང་བྲལ་བའི་ཕྱིར། ས་བོན་རླན་དང་བྲལ་བ་བཞིན་ནོ། །འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །ཞེས་པའི་སྐབས་སུ་འབྲས་བུའི་མཚན་ཉིད། དབྱེ་བ། མཚན་གཞི། དེ་ལས་འཕྲོས་པའི་བརྒལ་ལན་དང་བཞི་ལས། དང་པོ་ནི། རྒྱུས་བསྐྱེད་པར་བྱ་བའམ་ཐོབ་པར་བྱ་བའི་རིས་སུ་གནས་པའོ། །གཉིས་པ་ནི། ལྔ་སྟེ། རྣམ་སྨིན། རྒྱུ་མཐུན། བྲལ་བ། སྐྱེས་བུ། བྱེད་པ། བདག་པོའི་འབྲས་བུ་སྟེ་འདི་དག་ལ་དྲུག་པོ་གང་གི་འབྲས་བུ་གང་ཡིན་པ་དང་། སོ་སོའི་ངོ་བོ་རྣམས་ནི་གཞུང་ན་གསལ་ལོ། །གསུམ་པ་ནི། འདུས་བྱས་ཐམས་ཅད་དང་། སོ་སོར་བརྟགས་འགོག་གོ །བཞི་པ་ནི། འདུས་མ་བྱས་གསུམ་ཆར་རྒྱུ་དང་བྲལ་བའི་འབྲས་བུ་ཡིན་ཀྱང་། འདུས་མ་བྱས་ལ་རྒྱུ་དང་འབྲས་བུ་ནི་མེད་དེ། དེ་ལ་རྒྱུ་དྲུག་དང་འབྲས་བུ་ལྔ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་རྒྱུ་གཞན་ལྔ་མེད་ཀྱང་བྱེད་རྒྱུ་ཅི་ཕྱིར་མེད་ཅེ་ན། དེ་ཡང་མེད་དེ། བྱེད་རྒྱུའི་དོན་ནི། ཆོས་གཞན་སྐྱེ་བ་ལ་གེགས་མི་བྱེད་པ་ཡིན་ལ། འདུས་མ་བྱས་ལ་སྐྱེ་བ་མེད་པའི་ཕྱིར་རོ། །དེས་ན་ལམ་བདེན་ཡང་བྲལ་བའི་བྱེད་རྒྱུ་མ་ཡིན་ནོ། །འོ་ན་བྲལ་བའི་ལམ་གྱི་འབྲས་བུ་ཇི་ལྟར་འཇོག་ཅེ་ན་ལམ་གྱི་སྟོབས་ཀྱིས་ཐོབ་པའི་ཕྱིར་རོ། །འོ་ན་ཐོབ་པའི་རྒྱུར་འགྱུར་རོ་ཞེ་ན། ནུས་པ་མི་གཅིག་སྟེ། ལམ་གྱིས་ཐོབ་པ་ནི་སྐྱེད་པར་བྱེད་ལ། བྲལ་བ་ནི་ཐོབ་པར་བྱེད་པའི་ཕྱིར་རོ། །འབྲས་བུ་གཞན་བཞི་པོ་མེད་ཀྱང་བདག་པོའི་འབྲས་བུ་ཅི་ཕྱིར་མེད་དེ། འདུས་མ་བྱས་ཆོས་གཞན་གྱི་བྱེད་རྒྱུར་འགྱུར་བའི་ཕྱིར་དང་། བདག་པོའི་འབྲས་བུ་དང་པོའི་ཡིན་ཞེས་བཤད་པས་སོ་ཞེ་ན། ཆོས་གཞན་གྱི་རྒྱུར་འགྱུར་ཡང་འདིའི་འབྲས་བུ་མེད་དེ། དུས་ཀྱིས་མ་བསྡུས་པས་འབྲས་བུ་འཛིན་འབྱིན་ལས་གྲོལ་བའི་ཕྱིར་རོ། །དེས་ན། སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ན་བདག་པོའི་འབྲས། །ཞེས་པ་ཡང་ལེགས་པར་གྲུབ་བོ། །མདོར་ན་ལུགས་འདི་ལ་ཁྱོད་ཆོས་དེའི་རྒྱུ་ཡིན་ན། ཆོས་དེ་ཁྱོད་ཀྱི་འབྲས་བུ་མ་ཡིན་པ་བུད་ཅེས་དང་། ཁྱོད་རྒྱུ་ཡིན་ན། ཁྱོད་ཀྱི་འབྲས་བུ་མེད་པ་བུད་ཅེས་དང་། ཁྱོད་ཆོས་དེའི་འབྲས་བུ་ཡིན་ན། ཆོས་དེ་ཁྱོད་ཀྱི་རྒྱུ་མ་ཡིན་པར་བུད་ཅེས་དང་། ཁྱོད་འབྲས་བུ་ཡིན་ན་ཁྱོད་ཀྱི་རྒྱུ་མེད་པ་བུད་ཅེས་པ་བཞི་ལ་ཁྱབ་པ་ཁས་མི་ལེན་པ་ནི་གནད་ཀྱི་དོན་ཏོ། །འདིར་མདོ་སྡེ་པས་འདུས་མ་བྱས་རྒྱུ་མ་ཡིན་པ་དང་། རྫས་སུ་མེད་པ་དང་། དངོས་པོ་མེད་པའི་ལུང་རིགས་མང་དུ་བཀོད་པ་དང་། བྱེ་བྲག་ཏུ་སྨྲ་བས་དེ་ལས་བཟློག་པའི་བརྒལ་ལན་རྣམས་ནི་འགྲེལ་པར་བལྟ་བར་བྱའོ། །འདོད་ཡིད་དགེ་དང་མི་དགེ་དང་། །ཞེས་པའི་སྐབས་སུ། དེ་མ་ཐག་རྐྱེན་དུ་འགྱུར་བའི་སེམས་བཅུ་གཉིས་སུ་དབྱེ་བ། ཚེའམ་གནས་སྐབས་བརྒྱད་དུ་དབྱེ་བ། འགྱུར་ཚུལ་གཅིག་ལ་དཔེར་མཚོན་པ་དང་གསུམ་ལས། དང་པོ་ནི། སྤྱིར་སེམས་ལ་འདོད་པའི་བཞི། ཁམས་གོང་མ་གཉིས་ཀྱི་གསུམ་གསུམ། ཟག་མེད་གཉིས་ཏེ་བཅུ་གཉིས་སུ་དབྱེ་བ་ནི་གཞུང་ན་གསལ་ལོ། །གཉིས་པ་ནི། ཚེའམ་གནས་སྐབས་བརྒྱད་ཤེས་པར་བྱ་སྟེ། རིས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བ་རྒྱུན་གྱི་ཚེའམ། ས་གཅིག་པའི་རིས་མི་འདྲ་བ་དག་ཀྱང་འབྱུང་བས་མཚུངས་པའི་ཚེ་དང་། ཁམས་གསུམ་གྱི་སེམས་ལས་ཤི་ཡང་སྐྱེས་སེམས་ཉོན་མོངས་ཅན་ཁོ་ན་འབྱུང་བ་ཉིང་མཚམས་སྦྱོར་བའི་ཚེ་དང་། ཁམས་གསུམ་གང་རུང་གི་དགེ་བས་ཟག་བཅས་ཟག་མེད་ཀྱི་མཉམ་གཞག་ལ་སྦྱོར་བ་སྙོམས་པར་འཇུག་པའི་ཚེ་དང་། མཉམ་གཞག་དེ་ལས་ལངས་པ་ན་སྔར་གྱི་དགེ་བ་གསུམ་པོ་གང་རུང་འབྱུང་བ་སྙོམས་འཇུག་ལས་ལྡང་བའི་ཚེ་དང་། ས་གོང་མའི་ཏིང་ངེ་འཛིན་སྒོམ་པ་ན་གལ་ཏེ་ཉོན་མོངས་ཅན་དུ་འགྱུར་ན། འདི་ལས་འོག་མའི་དགེ་བའང་བླའི། གོང་སའི་ཉོན་མོངས་པ་ནི་མི་བླའོ་སྙམ་ནས། འོག་སའི་དགེ་བས་ལྡང་བར་གྱུར་ཅིག་ཅེས་འཕངས་པ་ན་འོག་སའི་དགེ་བ་ལ་གནས་པ་སྙོམས་མཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་དང་། ཟག་བཅས་ཀྱི་དགེ་བ་ལ་འདོད་གཟུགས་ཀྱི་སྤྲུལ་སེམས་ལུང་མ་བསྟན་འབྱུང་བ་སྤྲུལ་པ་ལ་འཇུག་པའི་ཚེ་དང་། སྤྲུལ་པས་སེམས་དེ་དག་ལས་ལངས་པ་ན་གཟུགས་ཀྱི་དགེ་བ་ཁོ་ན་འབྱུང་བ་སྤྲུལ་པ་ལས་ལྡང་བའི་ཚེའོ། །གསུམ་པ་ནི། འདོད་པའི་སེམས་དགེ་བ་ལས་མཇུག་ཐོག་ཏུ་སེམས་དགུ་འབྱུང་སྟེ། རྒྱུན་གྱི་ཚེ་རང་སའི་དགེ་བ་དང་། ས་མཚུངས་པའི་ཚེ་རང་སའི་གཞན་བཞི་དང་། ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་སྒྲིབ་པ་གཉིས་དང་། དགེ་བ་སྦྱོར་བྱུང་ལ་སྙོམས་པར་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ་དང་ཟག་མེད་གཉིས་འབྱུང་བའི་ཕྱིར་རོ། །གོང་མའི་མ་བསྒྲིབས་པ་གཉིས་ཚེ་བརྒྱད་པོ་གང་ཡང་མ་ཚང་བས་མི་འབྱུང་ངོ་། །སྙོམས་པར་འཇུག་པའི་ཚེ་གཟུགས་མེད་ཀྱི་དགེ་བ་མི་འབྱུང་ངམ་སྙམ་ན། རྟེན་དང་། རྣམ་པ་དང་། དམིགས་པ་དང་། གཉེན་པོ་སྟེ་རིང་བ་བཞི་ཡིས་རིང་བས་མི་འབྱུང་ངོ་། །དེ་བཞིན་དུ་གཞན་རྣམས་ལའང་ཞིབ་ཏུ་སྦྱར་བར་བྱའོ། །སློབ་པ་བཞི་ལས་ཞེས་གསུངས་པས་ན་ལུགས་འདི་ལ་དགྲ་བཅོམ་གྱི་འབྲས་བུ་ལས་ཉམས་པ་ཡོད་པས་མི་སློབ་པའི་སེམས་ཀྱི་རྗེས་སུའང་སློབ་པ་འབྱུང་བ་མ་ཡིན་ནམ་སྙམ་ན། དེ་ནི་མ་ཡིན་ཏེ། འདིར་ནི་དེ་མ་ཐག་རྐྱེན་བྱེད་ཚུལ་འཆད་པའི་སྐབས་ཡིན་ལ། འབྲས་བུ་ལས་ཉམས་པའི་ཚེ་དང་པོར་མི་སློབ་པའི་ཟག་མེད་ཀྱི་རྗེས་སུ་རྗེས་ཐོབ་འབྱུང་། དེའི་ཚེ་ཉོན་མོངས་མངོན་དུ་གྱུར་ནས་སློབ་པར་འགྱུར་བས་ན་ཤེས་པ་རིགས་མི་མཐུན་གྱིས་བར་དུ་ཆོད་པའི་ཕྱིར་རོ། །དེ་ན་སློབ་པ་བཞིའི་རྗེས་སུ་འབྱུང་ཞིང་། མི་སློབ་པ་ནི་བསྒོམ་ལམ་ཐ་མའི་རྗེས་སུ་ཟད་པ་ཤེས་པ་འབྱུང་བས་ལྔའི་རྗེས་སུ་འབྱུང་བ་ལེགས་པར་གྲུབ་བོ། །དབང་པོ་བསྟན་པའི་གནས་ཀྱི་དཀའ་བའི་གནས་རྣམས་བཤད་ཟིན་ཏོ།། ༈ །།དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཞེས་པའི་སྐབས་སུ་ཤེས་པར་བྱ་བའི་དངོས་པོ་དང་། ཤེས་པར་བྱ་བའི་དོན་གཉིས་ལས། དང་པོ་ནི། བཅུད་ཀྱི་འཇིག་རྟེན་ནོ། །གཉིས་པ་ནི། བསོད་ནམས་མ་ཡིན་པས་དེར་ཁྲིད་པས་སམ། ཡི་གེ་བསྣན་པའི་ངེས་ཚིག་གིས་ན་དགག་ཚིག་གི་ར་རི་དགའ་བ། ཀ་ར་བྱེད་པ་སྟེ་དགའ་བར་བྱེད་པ་མེད་པས་ན་དམྱལ་བའོ། །སློབ་དཔོན་འདུས་བཟང་ནི་ས་ར་ཀ་ནི་མ་རྙེད་པའི་དོན་ཅན་ཡིན་པས་སྐྱབས་མི་རྙེད་ཅིང་མེད་པས་དམྱལ་བའོ་ཞེས་གསུངས་སོ། །མི་ལྟར་འགྲེངས་ཏེ་མི་འགྲོ་ཡི་དུད་དེ་འགྲོ་བས་དུད་འགྲོའོ། །ཕྱིར་མི་ལྡོག་པར་སོང་བས་སམ་སྐམ་སར་འགྲོ་བས་ཡི་དྭགས་སོ། །ཡིད་ཤས་ཆེ་བས་སམ། སྐྱེ་རྒུའི་བདག་པོ་ཤེད་ཀྱི་བུ་ཡིན་པས་མིའོ། །རྒྱལ་པོ་ཆེན་པོ་བཞིའི་རིས་སུ་གཏོགས་པས་སམ་བཞིའི་གནས་ན་ཡོད་པས་དེའོ། །ལེགས་བྱས་ལྷན་ཅིག་བྱས་པ་རྣམས་དེར་སྐྱེས་པས་སམ། འཆི་མེད་མཛོད་ཀྱི་འགྲེལ་པར། དབང་པོ་འཛིན་བྱེད་ཡང་གཞན་དང་། །འཇོག་པོ་རྒྱས་བྱེད་བསྟན་བྱ་དང་། །ཆ་ཅན་རྣམས་གནས་ཁྱབ་འཇུག་དང་། །འོད་ཆེན་བསྒྲོད་བྱེད་བཤེས་གཉེན་ཉིད། །ཅེས་པ་ཉི་མའི་མིང་ཅན་བཅུ་གཉིས་དང་། གཅིག་པུར་མ་སྐྱེས་འཆིང་བྱེད་དང་། །འཇོག་པོ་དྲག་པོ་བརྩོན་འགྲུས་ལྡན། །འཕྲོག་བྱེད་ཉིད་དང་བདེ་འབྱུང་དང་། །མིག་གསུམ་གཞན་གྱིས་མི་ཐུབ་པ། །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་རྣམས་སུ་བཤད། །ཅེས་དང་། ཡིད་རྩུགས་ངེས་བྱེད་ཟླ་བ་ཅན། །འཛིན་པ་ཉིད་དང་རླུང་དང་མེ། །ཐོ་རངས་དང་ནི་རབ་གསལ་བྱེད། །ཅེས་པ་དེ་བརྒྱད་ནོར་ལྷར་བཤད། །ཅེས་པ་དང་། ཐ་སྐར་གྱི་བུ་གཉིས་ཏེ་སུམ་ཅུ་རྩ་གསུམ་ཡོད་པས་དེའོ། །ལ་ལ་ནི་བྱང་ཆུབ་དང་། སྟོབས་མཆོག་དང་། དགེ་བ་སོགས་ནོར་ལྷ་བརྒྱད། ཁྱབ་འཇུག་དང་། ཚོགས་བདག་དང་། གཤིན་རྗེ་དང་། ཙ་ར་དང་། མ་ཧཱ་ཀཱ་ལ་དང་། བྷྲྀང་གི་རི་ཊི་དང་། ཀ་ར་སོགས་དྲག་པོ་བཅུ་གཅིག་དང་། དགའ་བ་དང་། ཉེ་དགའ་དང་། དབང་ཕྱུག་དང་། འདོད་བྱེད་དང་། འོད་སྐྱོང་དང་། ཐབས་ཆེན་དང་། སེང་གེ་དང་། གང་པོ་དང་། བདེ་བ་དང་། ཤེས་ཆེན་དང་། ལེགས་ཆེན་དང་། ལྷ་མཆོག་ནི་ཉི་མ་བཅུ་གཉིས་རྣམས་སུ་སྨྲའོ། །ལྷ་དང་ལྷ་མིན་འཐབ་པ་དང་བྲལ་བས་སམ། བསོད་ནམས་ཀྱིས་སོང་བས་སམ། ལྷ་མཚེ་མར་བརྫུས་ཏེ་སྐྱེ་བས་སམ། མེལ་ཚེ་ཐུན་རེ་ལ་བསྐུལ་བའི་སྐད་འབྱུང་བས་ཡ་མའོ། །ཆོས་ཀྱི་བདེ་བ་དང་དགའ་བ་ལྷག་པར་ཆེ་བས་དགའ་ལྡན་ནོ། །རང་གི་སྤྲུལ་པའི་ལོངས་སྤྱོད་ལ་དགའ་བར་བྱེད་པས་འཕྲུལ་དགའ་འོ། །གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བསྒྱུར་བས་གཞན་སྤྲུལ་དབང་བྱེད་དོ། །ས་འགྲེལ་དུ་སྡིག་པ་སྤོང་བ་ལ་སྤྱོད་པའི་ཕྱིར་སྡིག་པའི་ཆོས་བསལ་བས་ན་ཚངས་པ་སྟེ་དེའི་རིས་སུ་གཏོགས་པས་དེའོ། །ཚངས་པ་ཆེན་པོའི་མདུན་དུ་འདུག་སྟེ་ཚིག་འདོན་པས་དེའོ། །ཚེ་དང་ཁ་དོག་སོགས་ཚངས་པ་གཞན་པས་ཆེ་བས་ཚངས་ཆེན་ནོ། །རང་གི་ས་པ་གོང་མ་དག་ལ་ལྟོས་ནས་འོད་ཆུང་བས་འོད་ཆུང་ངོ་། །ཚད་གཟུང་བར་མི་ནུས་པས་ཚད་མེད་འོད་དོ། །གནས་གཞན་ཀུན་སྣང་བར་བྱེད་པས་འོད་གསལ་ལོ། །ཡིད་ཀྱི་ས་པའི་བདེ་བ་ལ་དགེ་བར་བཏགས་ཏེ་དེ་རང་གི་ས་པ་གོང་མ་ལས་ཆུང་བ་ཡོད་པས་དགེ་ཆུང་ངོ་། །བདེ་བ་ས་འོག་མ་ལས་ཚད་གཟུང་དུ་མེད་པ་ཡོད་པས་ཚད་མེད་དགེའོ། །བདེ་བ་ཆེར་རྒྱས་པས་དགེ་རྒྱས་སོ། །ས་གཞི་སྤྲིན་ཆགས་པ་ལྟ་བུ་འདབས་ཆགས་པ་མེད་པས་དེའོ། །མི་གཡོ་བའི་ལས་ལས་བྱུང་བས་བསོད་ནམས་སྐྱེས་སོ། །གནས་གཞན་དང་འབྲེལ་བའི་བྱིས་པ་ཀུན་ལས་འབྲས་བུ་ཆེ་བས་འབྲས་བུ་ཆེའོ། །ཚོགས་དྲུག་གི་འཁོར་གྱི་འདུ་ཤེས་རྒྱུན་བཅད་དེ་གནས་པས་འདུ་ཤེས་མེད་པའོ། །སོ་སོའི་སྐྱེ་བོ་དང་མ་འདྲེས་པའི་གནས་གཙང་མ་གོང་མ་རྣམས་ལས་མི་ཆེ་བས་དེའོ། །ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པས་ཉོན་མོངས་པའི་གདུང་བ་མེད་པས་མི་གདུང་བའོ། །རབ་ཏུ་ཞི་ཞིང་མིག་སྔར་མཛེས་པས་གྱ་ནོམ་སྣང་ངོ་། །མཐོང་བའམ་བལྟ་བ་རྣམ་པར་དག་ཅིང་བཟང་བས་ཤིན་ཏུ་མཐོང་ངོ་། །གནས་ཡོད་པ་ལ་འདི་ལས་ཆུ་ཞེང་ལ་སོགས་པའི་ཡོན་ཏན་མཆོག་གཞན་མེད་པས་འོག་མིན་ནོ། །ཡང་ན་གཟུགས་ཀྱི་མཐའ་ཡིན་པས་བསགས་མཐའ་འོ། །སྙོམས་འཇུག་གི་སྦྱོར་བའི་དུས་སུ་ནམ་མཁའ་མཐའ་ཡས་པའོ་སྙམ་པའི་རྣམ་པར་བྱེད་ཅིང་ལམ་དེ་ཉིད་སྐྱེད་བྱེད་ཡིན་པས་འབྲས་བུ་སྐྱེ་བ་ལའང་དེ་ཞེས་བྱའོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སོ་སྙམ་པ་དང་། ཅི་ཡང་མེད་དོ་སྙམ་པ་རྣམ་པར་བྱེད་པས་དེ་དག་གོ །འདུ་ཤེས་ནི་འབྲས་དང་ཟུག་རྔུ་ལྟ་བུའོ། །འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ་སྙམ་ནས་འདུ་ཤེས་གཞན་ལས་འབྱུང་བས་དེའོ། །གཉིས་པ་ཤེས་པར་བྱ་བའི་དོན་ལ་སར། གྲངས་དང་གནས་དང་ཚད་རྣམས་དང་། །ཚེ་ཡི་ཚད་དང་ལོངས་སྤྱོད་དང་། །སྐྱེ་བ་དང་ནི་ལུས་རྣམས་དང་། །རྒྱུ་དང་རྐྱེན་རྣམས་རྒྱ་ཆེར་རོ། །ཞེས་གསུངས་པ་ལྟར་བརྒྱད་ལས། དང་པོ་གྲངས་ནི། འགྲོ་བ་རིགས་དྲུག་གམ། རྒྱུད་དང་། ལམ་ལྔ་སྟེ། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན་དེ་རྣམས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན་ཞེས་བྱར་བར་སྲིད་མིན། །ཞེས་སོ། །ལྷ་མ་ཡིན་ནི་ལྷའི་འགྲོ་བས་བསྡུས་པར་སར་གསུངས་ཤིང་། དོན་གསང་དུ་འཕེན་བྱེད་མི་དགེ་བས་འཕངས་པར་བཤད་པ་ནི་བརྟག་དགོས་ལ། དྲན་པ་ཉེར་གཞག་གི་མདོར། ལྷ་མ་ཡིན་དུད་འགྲོ་ཡིན་ནོ་ཞེས་པ་ནི་མི་བླུན་པོ་ལ་བ་ལང་ཞེས་འཐབ་པ་ལྟར་སྨད་པ་ཙམ་མོ། །ཡང་གྲུལ་བུམ་དང་། ཤ་ཟ་དང་། འབྱུང་པོ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། སྐེམ་བྱེད་དང་། གྲིབ་གནོན་དང་། སྲིན་པོ་དང་། ནམ་གྲུའི་གདོན་དང་། བྱའི་གདོན་དང་། ཚངས་པའི་སྲིན་པོ་རྣམས་ནི་ཡི་དྭགས་སུ་འདུ་བ་ཡིན་པ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོར་འཆད་ཅིང་། འཆི་མེད་མཛོད་དུ་ནི། རིག་འཛིན་ལྷ་ཡི་སྨད་འཚོང་མ། འདིར་ཚིག་བཞི་མི་ཚང་།་་་་་ྎགནོད་སྦྱིན་དང་། །སྲིན་པོ་ཤ་ཟ་མི་འམ་ཅི། །ཤ་ཟ་གསང་བ་གྲུབ་པ་དང་། །འབྱུང་པོ་ལྷ་ཡི་སྐྱེ་གནས་ཅན། །ཞེས་ཀྱང་བཤད་དོ། །བར་དོ་ནི་རིགས་དྲུག་ཏུ་མ་འདུས་པར་རྒྱ་མཚོ་སྤྲིན་དུའང་བཤད་ཅིང་། གདགས་པར་ཡང་སྲིད་པ་བར་མ་ནི་འགྲོ་བ་ལྔས་མ་བསྡུས་པའོ་ཞེས་བཞེད་དོ། །ལྟོ་འཕྱེ་ཆེན་པོ་དུད་འགྲོའོ། །གཉིས་པ་ལ་འདོད་ཁམས་ན་གནས་སུམ་ཅུ་རྩ་དྲུག་སྟེ། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཡི་དྭགས་ལྷ་མིན་རྣམས་དང་། གླིང་བཞི་གླིང་ཕྲན་བརྒྱད། འདོད་ལྷ་དྲུག་རྣམས་སོ། །འདིར་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་དྲུག་དང་། །འདོད་པའི་ཁམས་ཡིན་དམྱལ་བ་དང་། །གླིང་དབྱེ་བ་ལས་དེ་ཉི་ཤུ། །ཞེས་གསུངས་ཏེ། དམྱལ་བ་བརྒྱད་དང་གླིང་བཞིར་དབྱེ་བས་སོ། །གཟུགས་ཁམས་ལ་གནས་བཅོ་བརྒྱད་དེ། གཞུང་གི་བཅུ་བདུན་དང་། དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་ཁོ་ན་བཞུགས་པའོ། །དེ་ཉིད་ལ་འོག་མིན་ཆེན་པོ་ཞེས་ཀྱང་ཟེར་རོ། །ཉི་འོག་བྱེ་བྲག་ཏུ་སྨྲ་བ་བཅུ་བདུན་དུ་སྨྲ་ལ། ཁ་ཆེ་བ་ནི། ཚངས་ཆེན་པ་མདུན་ན་འདོན་གྱི་དགོན་པ་ལྟ་བུ་ཡིན་པས་ན་བཅུ་དྲུག་ཏུ་སྨྲའོ། །གཟུགས་མེད་ཁམས་ནི་གནས་བཞིའམ་གནས་མེད་པ་སྟེ། གཟུགས་མེད་ཁམས་ན་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་སོ། །དེ་ཉིད་ལས་དགུ་སྟེ། འདོད་པའི་ས་དང་། གཟུགས་ཁམས་བསམ་གཏན་ས་བཞི་དང་། གཟུགས་མེད་ས་བཞིའོ། །ཁམས་གསུམ་གྱིས་ནི་ས་དགུ་མ་བསྡུས་ཏེ། བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལ་མཐོང་ལམ་སོགས་བརྟེན་པ་ན་ས་བདུན་པོ་དེ་ཟག་མེད་དུ་སྐྱེས་པས་སོ། །དེས་ན་བསྡུ་བར། དབང་པོ་ཀུན་ཤེས་པ་གསུམ་སོགས་ཁམས་གསུམ་གྱིས་མ་བསྡུས་ཤིང་ས་ཡིས་བསྡུས་པར་བཤད་དོ། །ས་དགུ་ནི་ཆགས་བྲལ་གྱི་རིམ་པ་དགུའོ། །གསུམ་པ་ལུས་ཚད་ལ་དངོས་དང་། འཇལ་བྱེད་ཀྱི་ཚད་གཉིས་ལས། དང་པོ་ནི། ཆོས་མངོན་པར། ངན་སོང་གསུམ་གྱི་ལུས་ཚད་ངེས་པ་མེད་པར་བཤད་ཅིང་། རྒྱལ་བའི་ཡུམ་དུའང་དམ་པའི་ཆོས་སྤོང་བ་དམྱལ་བར་སྐྱེས་པའི་ལུས་ཚད་བཤད་དུ་མི་རུང་བར་བཀའ་སྩལ་ཏོ། །བཟང་སྐྱོང་གིས་ཞུས་པར་དམྱལ་བ་འགའ་ཞིག་མ་གཏོགས་པ་ལ་རང་གི་ཁྲུ་བརྒྱད་ཡོད་ཅེས་དང་། དྲན་པ་ཉེར་གཞག་ཏུ་མཚམས་མེད་གཅིག་བྱས་པའི་མནར་མེད་ཀྱི་ལུས་དཔག་ཚད་གཅིག་ནས་ལྔ་བྱས་པ་ལ་དཔག་ཚད་ལྔའི་བར་ཡོད་ཅེས་དང་། མྱ་ངན་ལས་འདས་པའི་མདོར། མཚམས་མེད་བརྒྱད་བྱས་པའི་ལུས་ལ་དཔག་ཚད་བརྒྱད་ཁྲི་ཡོད་ཀྱང་གཅིག་ལ་གཅིག་མི་ཐོགས་ཞེས་དང་། དཀོན་མཆོག་ཏ་ལའི་མདོར། ཐེག་ཆེན་ལ་སྐུར་བ་བཏབ་པའི་དམྱལ་བའི་ལྕེ་ལ་དཔག་ཚད་འབུམ་ཡོད་ཅེས་དང་། ཉི་མའི་སྙིང་པོའི་མདོར། ཡི་དྭགས་ཆུང་བ་ལ་མཐོ་གང་དང་། ཆེ་བ་ལ་དཔག་ཚད་སྟོང་ཡོད་པ་དང་། དུད་འགྲོ་ཆུང་བ་ལ་སྐྲ་རྩེའི་ལྔ་བཅུའི་ཆ་དང་། གླང་པོ་རབ་བརྟན་དང་ས་སྲུང་གི་བུ་ལ་མཐའ་སྐོར་དུ་དཔག་ཚད་བདུན་དང་། རྒྱ་མཚོར་གནས་པའི་ཀླུའི་རྒྱལ་པོ་རྣམས་ཀྱིས་དེ་ལས་ལུས་མ་འཕགས་པར་རོ་སྟོད་ཀྱིས་སུམ་ཅུ་རྩ་གསུམ་དུ་ཕྱིན་ཏེ་ཐུབ་པ་ལ་ཆོས་ཉན་ཞེས་དང་། ལས་བརྒྱ་པར་ཆུ་སྲིན་ཆེ་བ་ལ་དཔག་ཚད་ཉིས་སྟོང་བདུན་བརྒྱ་ཡོད་ཅེས་དང་། རྣམ་པར་ཤེས་པ་འཕོ་བའི་མདོར། ཀླུ་དགའ་བོ་དང་ཉེ་དགའ་བོའི་ལུས་ཀྱིས་རི་རབ་ཀྱང་གཡོ་ཞིང་དབུགས་ཀྱི་དུག་གིས་རྒྱ་མཚོའང་བཏུང་དུ་མི་རུང་བར་བྱེད་ཅེས་དང་། ལུང་གཞིར། ཀླུ་གཉིས་ཀྱིས་རི་རབ་ལ་ལན་གསུམ་དཀྲིས་པར་བཀའ་སྩལ་ཏེ། ཀླུའི་ལུས་རྣམས་ནི་སྤྲུལ་པ་ཡིན་པ་ཡང་སྲིད་དོ། །འཛམ་བུ་གླིང་པའི་མི་ལུས་རེས་ཆེ་ཞིང་རེས་ཆུང་ཡང་རང་གི་ཁྲུ་ཕྱེད་བཞིའོ། །འཛམ་བུ་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཤར་དང་བ་ལང་སྤྱོད་དང་བྱང་། །ཞེས་བྱ་ཕྱི་མ་ཉིས་འགྱུར་བསྐྱེད། །ཅེས་ཏེ་ལུས་འཕགས་སོགས་ཀྱང་རང་རང་གི་ཁྲུ་ཕྱེད་དང་བཞིར་གསུངས་སོ། །བསྐལ་པ་དང་པོའི་མི་འགའ་ཞིག་ནི་བརྒྱ་བྱིན་དང་མཉམ་སྟེ། ཡབ་སྲས་འཇལ་བར་སྤྱི་བོ་སྐྱེས་དང་། བརྒྱ་བྱིན་སྟན་གཅིག་ལ་འདུག་པ་ན་མིག་འབྱེད་འཛུམ་ཡོད་མེད་མ་གཏོགས་པ་ཁྱད་པར་མེད་པར་བཀའ་སྩལ་བས་སོ། །སར། ལྷ་མ་ཡིན་རྣམས་ཀྱི་ལུས་དང་ཚེ་ཚད་སུམ་ཅུ་རྩ་གསུམ་དང་འདྲ་བར་གསུངས་སོ། །འདོད་དང་ལྡན་པའི་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་ནི། །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །ཅེས་པ་དགའ་ལྡན་པ་ལ་རྒྱང་གྲགས་ཏེ་གོ་སླའོ། །གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། །ཞེས་ཏེ་ཚངས་རིས་པའི་དཔག་ཚད་ཕྱེད་དང་། འོད་ཆུང་བའི་གཉིས་དང་། ཚད་མེད་འོད་པའི་བཞི་ནས་དགེ་རྒྱས་པའི་དྲུག་ཅུ་རྩ་བཞི་དང་། སྤྲིན་མེད་པའི་གསུམ་དོར་བས་བརྒྱ་ཉེར་ལྔ་དང་། འོག་མིན་པའི་ཁྲི་དྲུག་སྟོང་གི་བར་སྟེ་བར་པ་རྣམས་རང་གི་བརྩིས་པས་ཤེས་སོ། །གཟུགས་མེད་ན་གཟུགས་མེད་པས་ལུས་ཚད་མེད་དོ། །དེ་ནའང་དགེ་འདུན་ཕལ་ཆེན་སྡེ་པ་དང་གོས་དམར་ཅན་གྱི་སྡེ་པ་གཟུགས་ཕྲ་བ་ཡོད་པར་འདོད་དེ། དེ་འགོག་པའི་བརྒལ་ལན་ནི་མཛོད་འགྲེལ་དུ་རྒྱས་པར་བཤད་པས་དེར་བལྟའོ། །གཉིས་པ་ནི། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་ནས། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་ནི་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་པ་ལ། ཉི་ཟེར་གྱི་རྡུལ་བཞི་བཅུ་རྩ་དགུ་ལ་རྡུལ་ཕྲ་རབ་བོ་ཞེས་གསུངས་པ་ནི་མི་འཐད་དེ། དེ་ནི་ལུག་རྡུལ་ཡིན་པས་སོ། །ལུང་རྣམ་འབྱེད་དུ་སྔ་ཕྱི་རྣམས་དྲུག་འགྱུར་དང་། གདགས་པར་རྡུལ་ཕྲན་བདུན་ལ་ཉི་ཟེར་གྱི་རྡུལ་དུ་བཤད་པའང་ཡོད་དོ། །ཁྲུ་ནི་དང་པོ་ཆོས་མངོན་པ་བཤད་དུས་ཙམ་གྱི་མི་ཡི་ཁྲུ་ཡིས་བརྩིའོ་ཞེས་སློབ་དཔོན་རྒྱལ་པོའི་སྲས་སོ། །དུས་འཁོར་དུ་གཞུ་ཉིས་སྟོང་ལ་རྒྱང་གྲགས་དང་། དེ་བཞི་ལ་དཔག་ཚད་དུ་བཀའ་སྩལ་ཏོ། །བཞི་པ་ཚེ་ཚད་ལའང་གཉིས་ལས། དང་པོ་ནི། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །བ་ལང་སྤྱོད་པའི་ལྔ་བརྒྱ་དང་། །ལུས་འཕགས་ཉིས་བརྒྱ་ལྔ་བཅུའོ། །མི་རྣམས་ཚེ་ལོ་ལྔ་བཅུ་ལ། །འདོད་པ་ཡི་ནི་ལྷ་རྣམས་ལས། །འོག་མ་རྣམས་ཀྱི་ཉིན་ཞག་སྟེ། །དེ་ཡི་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་ཏེ། ཉིན་ཞག་དེ་ཡིས་བགྲངས་པའི་ཞག་སུམ་ཅུ་ལ་ཟླ་བ་དང་། དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱེད་པ་སྟེ། སུམ་ཅུ་རྩ་གསུམ་པ་སོགས་ལྔའི་རིམ་པ་བཞིན་མི་ལོ་བརྒྱ་དང་། ཉིས་བརྒྱ་དང་། བཞི་བརྒྱ་དང་། བརྒྱད་བརྒྱ་དང་། སྟོང་དྲུག་བརྒྱས་རང་གི་ཉིན་ཞག་དང་། དེས་བགྲངས་པའི་རང་རང་གི་ལོ་སྟོང་ནས་ཁྲི་དྲུག་སྟོང་བར་ཚེ་ཚད་དོ། །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ཞེས་པ་སྟེ། རིམ་པ་བཞིན་གྲངས་ནི་འདྲའོ། །མཛོད་འགྲེལ་དུ་གཉའ་ཤིང་འཛིན་ཡན་ཆད་ན། ཉི་ཟླ་མེད་ཀྱང་ཉིན་མཚན་ནི་ཀུ་མུད་དང་། པདྨ་སོགས་མེ་ཏོག་ཁ་འབྱེད་འཛུམ་དང་། བྱ་རྣམས་སྐད་འབྱིན་མི་འབྱིན་དང་། གཉིད་སངས་པ་དང་བྲོ་བ་ལས་བཞག་སྟེ། སྣང་བའི་བྱ་བ་ནི་རང་གི་འོད་ཀྱིས་སོ། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ་དུད་འགྲོ་རྣམས། །མཆོག་རིང་བསྐལ་པའོ་ཡི་དྭགས་རྣམས། །ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་ཏེ། མིའི་ཟླ་བས་ཉིན་ཞག་བྱས་པའི་ལྔ་བརྒྱ་ནི། བཤེས་པའི་སྤྲིང་ཡིག་ཏུ། ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར། །ཞེས་པ་དང་དོན་གཅིག་གོ །གྲང་དམྱལ་རྣམས་ཀྱི་ཚེ་ཚད། སར། ཚ་དམྱལ་རྣམས་ཀྱི་ཕྱེད་ཕྱེད་ཐུབ་པར་གསུངས་ལ། འདིར་ནི། ཏིལ་རྫང་ནང་ནས་ལོ་བརྒྱ་ཞིང་། །ཞེས་སོགས་གསུངས་སོ། །ཉེ་འཁོར་བ་དང་ཉི་ཚེ་བའི་སེམས་ཅན་དམྱལ་བ་ལ་ནི་ཚེ་ཚད་མ་ངེས་པར་གསུངས་སོ། །ཚངས་རིས་པས་བར་གྱི་བསྐལ་པ་ཉི་ཤུ་དང་། མདུན་ན་འདོན་པས་བཞི་བཅུ་དང་། ཚངས་ཆེན་པས་དྲུག་ཅུ་དང་། འོད་ཆུང་བས་བསྐལ་པ་ཆེན་པོ་གཉིས་དང་། ཚད་མེད་འོད་པས་བཞི་ནས། དགེ་རྒྱས་པས་དྲུག་ཅུ་རྩ་བཞི་དང་། སྤྲིན་མེད་པས་བརྒྱ་ཉི་ཤུ་རྩ་ལྔ་དང་། འོག་མིན་པས་ཁྲི་དྲུག་སྟོང་ཐུབ་པའི་བར་ཏེ། གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིས། །འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །ཞེས་སོ། །གཟུགས་མེད་པ་བཞིས་ཉི་ཁྲི་དང་། བཞི་ཁྲི་དང་། དྲུག་ཁྲི་དང་། བརྒྱད་ཁྲི་ཐུབ་སྟེ། གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པས་ལྷག་པ་ཡིན། །ཞེས་སོ། །ཚེ་ཚད་མ་རྫོགས་པར་འཆི་བ་ནི། སྒྲ་མི་སྙན་མ་གཏོགས་པར་འཆི། །ཞེས་སོ། །གཞན་ཡང་བར་སྐབས་སུ་མི་འཆི་བ་བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པ་དང་། རྒྱལ་བས་ལུང་བསྟན་པ་དང་། རྒྱལ་བའི་ཐད་དུ་བཏང་བའི་ཕོ་ཉ་དང་། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དག་དང་། བྱང་ཆུབ་སེམས་དཔའ་ཐ་མ་པ་དང་། འཁོར་ལོས་བསྒྱུར་བ་དང་། དེ་དག་མངལ་ན་ཡོད་པའི་ཡུམ་སོགས་སོ། །གཉིས་པ་འཇལ་བྱེད་བཤད་པ་ནི། འདིར། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །ཞེས་སོགས་གསུངས་སོ། །སྐད་ཅིག་གི་ཚད་ནི་རྣམ་འགྲེལ་ལས། རྡུལ་གཅིག་བསྒྲེས་རྡུལ་ཆུང་བ་ཡི། །མཐར་ཐུག་དུས་ནི་སྐད་ཅིག་འདོད། །ཅེས་དང་། མཛོད་འགྲེལ་དུ། ཆོས་མངོན་པ་བ་རྣམས་ན་རེ། སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ཙམ་གྱིས་སྐད་ཅིག་དྲུག་ཅུ་རྩ་བཞི་འདའ་འོ་ཞེས་ཟེར་རོ་ཞེས་པ་ལྟར་རོ། །ཞག་མི་ཐུབ་པ་ནི་ལོ་གཅིག་ལ་དྲུག་སྟེ། མཛོད་འགྲེལ་དུ། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་ཏེ། དུས་དེ་གསུམ་ལ་ཟླ་བ་བཞི་བཞིའོ། །ཐུབ་པའི་དགོངས་རྒྱན་དུ། དེ་ནས་རྒྱལ་བ་ཅན་དང་། དབོ་དང་། ས་ག་དང་། ཆུ་སྟོད་དང་། ཁྲུམས་དང་། སྨིན་དྲུག་ཅན་རྣམས་ཀྱི་གནམ་སྟོང་ཆད་པ་ན་ཞག་ཉེར་དགུ་ཟླ་བའོ། །དགུན་ནི་སྨིན་དྲུག་ཅན་གྱི་ཉ་ནས་རྩོམ་མོ། །ལྔ་པ་ལ་དུཿཁ་དང་བདེ་བ་དང་ཁ་ཟས་དང་འཁྲིག་པའི་ལོངས་སྤྱོད་ཅི་རིགས་པར་ཏེ། དམྱལ་བའི་དུཿཁ་ནི། ལྕགས་ཀྱི་ས་བཞི་འབར་བ་མེ་ལྕེས་ཁྱབ་པ་ལྕགས་ཀྱི་རྭ་བས་ཀུན་ནས་བསྐོར་བ་ན་ཡང་སོས་ནི་ལས་ལས་བྱུང་བའི་མཚོན་ཆ་སྣ་ཚོགས་ཀྱིས་དགྲའི་འདུ་ཤེས་ཀྱིས་ཕན་ཚུན་བཏབ་པས་བརྒྱལ་ཏེ་ས་ལ་འགྱེལ་བ་ན་ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་འབྱུང་བའམ། རླུང་གྲང་མོ་ལངས་པས་ཡང་སོས་ཏེ། སྔ་མ་ལྟ་བུར་ཡང་ཡང་ལས་མ་ཟད་བར་དུ་མྱོང་ངོ་། །བསྐལ་པ་འཇིག་དུས་ཀྱི་མེ་བས་ཡང་སོས་ཀྱི་མེ་ཚ་ཞིང་དེ་བས་འོག་མ་འོག་མ་བཞི་འགྱུར་གྱི་ཚ་བར་བཤད་དོ། །ཐིག་ནག་ནི་ལུས་ལ་དམྱལ་སྲུང་གིས་ཐིག་ཆ་བཞིའམ། བརྒྱད་དམ་དུ་མར་བཏབ་སྟེ། གཤེགས་ཅིང་འཇོག་པ་དང་། བསྡུས་འཇོམས་པ་གཅིག་ཏུ་ཚོགས་པ་ན་དམྱལ་སྲུང་གིས་ལྕགས་ཀྱི་རི་རའི་གདོང་ལྟ་བུ་གཉིས་དང་། ལུག་དང་། རྟ་དང་། གླང་པོ་ཆེ་དང་། སེང་གེ་དང་། སྟག་གི་གདོང་ལྟ་བུ་གཉིས་གཉིས་ཀྱི་བར་དུ་གཙགས་མ་ཐག་ཏུ་བཙིར་བས་སྒོ་ཀུན་ནས་ཁྲག་རྒྱུན་འབབ་པ་དང་། ཡང་འདུས་པ་ན་ལྕགས་ཀྱི་འཁྲུལ་འཁོར་ཆེན་པོས་བུད་ཤིང་ལྟར་འཚིར་ཞིང་ཁྲག་རྒྱུན་འཛག་པ་དང་། ཡང་འདུས་པ་ན་ལྕགས་ཀྱི་ཕ་བོང་གི་ཆར་པས་ས་གཞི་ལ་ཇ་ཇིར་དུ་རྡུང་བ་ན་ཁྲག་རྒྱུན་འབབ་པའོ། །ངུ་འབོད་པ་གནས་ཚོལ་བ་ན་ལྕགས་ཀྱི་ཁང་པར་ཞུགས་པ་དེར་མེ་བཏང་བ་འབར་ཞིང་འཚེད་དེ་བསྲེགས་པས་ངུ་ཞིང་སྡུག་སྐད་འབྱིན་པའོ། །ངུ་འབོད་ཆེན་པོ་བ་དེ་དང་འདྲ་བ་ལས་ཁང་སྦྲུམ་དུ་འདུག་པའོ། །ཚ་བ་པ་ལྕགས་ཀྱི་ཕྲུ་བ་དཔག་ཚད་དུ་མ་ཡོད་པ་མེ་འབར་བའི་ནང་དུ་ཉ་བཞིན་བསྲེག་པ་དང་། ལྕགས་ཀྱི་གསེག་ཤིང་འབར་བས་རྐུབ་ནས་ཕུག་པས་སྤྱི་བོར་ཕྱུང་ཞིང་ལུས་ཀྱི་བུ་ག་རྣམས་དང་བ་སྤུའི་ཁུང་བུ་ཀུན་ནས་མེ་འབར་བ་དང་། ལྕགས་བསྲེགས་ཀྱི་ས་གཞི་ལ་ལྕགས་ཀྱི་ཐོ་བ་འབར་བས་བརྡུང་བའོ། །རབ་ཏུ་ཚ་བ་པ་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པས་རྐུབ་ནས་ཕུག་པ་ཕྲག་པ་གཉིས་དང་སྤྱི་བོར་བྱུང་ཞིང་བུ་ག་རྣམས་ནས་མེ་ལྷབ་ལྷབ་འབར་བ་དང་། ལྕགས་ལེབ་འབར་བས་ལུས་ལ་ཀུན་ཏུ་འཁྲི་བ་དང་། བཤེས་པའི་སྤྲིང་ཡིག་ཏུ། ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །འབྲས་ཀྱི་བཅུད་འཕེན་བཞིན་དུ་བསྐོལ་ཞིང་འཚེད། །ཅེས་པ་སྟེ། དེར་ཀེང་རུས་ཙམ་ལུས་པ་ན་སྲུང་མས་ས་ལ་བཀྲམ་པས་ཤ་ལྤགས་དང་ཁྲག་སླར་སྐྱེས་པ་ཡང་ནང་དུ་འཇུག་པའོ། །མནར་མེད་པ་ཕྱོགས་བཞི་ནས་ས་ཆེན་པོ་མེ་འབར་བ་འོང་བས་འདིའི་ལུས་མར་མེའི་སྡོང་བུ་ལྟར་བསྲེགས་པ་ན་མེ་ཉིད་ཀྱི་ཕུང་པོར་སྣང་ཞིང་། སྡུག་སྐད་ལས་སེམས་ཅན་ཡོད་པར་ཤེས་པ་ཙམ་དང་། ལྕགས་ཀྱི་ཞིབ་མར་ལྕགས་ཀྱི་མདག་མ་འབར་བར་འཁྲབ་པ་དང་། ལྕགས་བསྲེགས་ཀྱི་རི་ཆེན་པོ་ལ་འབབ་འཛེག་བྱེད་དུ་འཇུག་པ་དང་། ཁ་ནས་ལྕེ་ཕྱུང་སྟེ་ལྕགས་ཕུར་བརྒྱས་བརྒྱངས་ནས་གཉེར་འཁུམ་མེད་པར་བྱེད་པ་དང་། ས་ལ་གན་རྐྱལ་དུ་བཞག་སྟེ་ཁ་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཕྱེ་ནས་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དང་ཟངས་བསྐོལ་བ་བླུགས་པས་ཁ་དང་ལྐོག་མ་དང་། ནང་ཁྲོལ་ཀུན་ཚིག་སྟེ་རོ་སྨད་ནས་ཕྱིར་འབྱུང་བ་སོགས་ལས་མ་ཟད་བར་དུ་མྱོང་ངོ་། །འདི་རྣམས་ཀྱི་དུཿཁ་འགའ་ཞིག་ཡན་མན་དུ་ཡོད་པར་གསལ་ལོ། །ཉེ་འཁོར་གྱི་གནས་ནི། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་རྣམས་ཀྱི་ནི་ཕྱོགས་བཞི་ན། །མེ་མ་མུར་དང་རོ་མྱགས་དང་། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་ཏེ། བརྒྱད་པོའི་ཕྱོགས་རེ་རེ་ན་མེ་མ་མུར་པུས་མོ་ནུབ་པ་ཙམ་ལ་གནས་ཚོལ་དུ་འགྲོ་བ་ན་རྐང་པ་འདེགས་འཇོག་གི་ཤ་སྐྱེ་འཇིག་བྱེད་པ་དང་། རོ་མྱག་གི་ཕྱི་སའི་འདམ་དྲི་ང་བ་འབུ་མཆུ་རྣོན་གྱིས་རུས་པའི་བར་དུ་འབུགས་པ་དང་། སྤུ་གྲིས་གཏམས་པའི་ལམ་དང་། རལ་གྲི་ལོ་མའི་ནགས་ཚལ་དུ་གྲིབ་མ་ལ་འཁོད་པ་ན་རལ་གྲི་ལྷུང་བས་གཅོད་ཅིང་འགྱེལ་ཏེ་ཁྱི་སྲེ་བོ་རྣམས་ཀྱིས་བཤུལ་ཤ་གཅོད་ཅིང་ཟ་བ་དང་། ལྕགས་ཀྱི་ཤིང་ཤལ་མ་རིའི་ནགས་ཚེར་མ་རྣོན་པོ་སོར་བཅུ་དྲུག་ཏུ་ཡན་མན་ཁ་ལྟ་བ་ལ་འཛེགས་པ་དང་འབབ་པ་ན་ལུས་འབིགས་ཤིང་། ཁྭ་ལྕགས་ཀྱི་མཆུ་ཅན་གྱིས་མིག་འབྱིན་པ་གསུམ་མཚོན་ཆར་འདྲ་བས་གཅིག་ཏུ་བྱས་པ་དང་། ཆུ་བོ་རབ་མེད་འགྱུར་བྱེད་ཀྱི་ཆུ་ཁོལ་བས་གང་བ་ལ་ལྷུང་སྟེ། ངོས་གཉིས་ནས་སྐྱེ་བུ་མཚོན་ཆ་སྣ་ཚོགས་ཐོགས་པས་བསྲུང་ཞིང་འཚེད་ལ་མཆིལ་པས་ཕྱུངས་ནས་ས་ལ་གན་རྐྱལ་དུ་བཞག་སྟེ། ཅི་འདོད་དྲིས་པ་ན་བདག་གིས་མི་ཤེས་མི་མཐོང་སྟེ་འོན་ཀྱང་བཀྲེས་སོ་སྐོམ་མོ་ཟེར་བ་ན་ཐུ་ལུམ་དང་ཟངས་ཁུ་མནར་མེད་ལྟར་བསྙོད་པའོ། །འོ་ན་དམྱལ་སྲུང་རྣམས་སེམས་ཅན་ཡིན་ནམ་མིན་ཞེ་ན། སར་སྤྲུལ་པ་ལྟ་བུ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །མདོ་སྡེ་པས། ལས་ཀྱི་མཐུས་འབྱུང་བ་ཆེན་པོ་ས་སོགས་ཀྱི་བྱེ་བྲག་ཏུ་འདོད་ཅིང་། བྱེ་བྲག་སྨྲ་བ་འགའ་ཞིག་སེམས་ཅན་དུ་སྨྲའོ། །དེ་དག་གི་བརྒལ་ལན་རྒྱས་པ་ཉི་ཤུ་པ་རྩ་འགྲེལ་དུ་བལྟ་སྟེ། གལ་ཏེ་དེ་ཡི་ལས་ཀྱིས་དེར། །འབྱུང་བ་རྣམས་ནི་འབྱུང་བ་དང་། །དེ་ལྟར་འགྱུར་བར་འདོད་ན་གོ །རྣམ་པར་ཤེས་པ་ཅིས་མི་འདོད། །ཅེས་སོགས་སོ། །གྲང་དམྱལ་ནི་ཉི་ཟླའི་འོད་ཀྱི་སྣང་བ་མེད་པའི་མུན་ཁྲོད་འཁྱགས་པའི་སྲུབས་ན་གྲང་བས་ཉེན་ནས་ཆུ་བུར་འབྱུང་བ་དང་། ཆུ་བུར་བརྡོལ་ཏེ་འཁུམས་པ་དང་། གྲང་ནས་སོ་ཐམ་ཐམ་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་ལྤགས་པ་སྔོན་པོ་ཁ་ལྔའམ་དྲུག་ཏུ་གས་པ་དང་། པདྨ་ལྟར་གས་པ་དམར་པོ་ཁ་བཅུའམ་དེ་ལས་ལྷག་པར་གས་པ་དང་། པདྨ་ལྟར་གས་པ་ཆེན་པོ་ཤིན་ཏུ་དམར་བ་ཁ་བརྒྱའམ་དེ་ལས་ལྷག་པར་ཡང་གས་པའོ། །ཉི་ཚེ་བ་ནི་རྒྱལ་པོའི་ཁབ་ཀྱི་བ་གླང་གི་ཤན་པར་སྐྱེས་པ་ཁང་པ་བརྩེགས་པ་ཙམ་ཉན་སྐད་ཀྱིས་ངུ་ཤིང་ནམ་མཁའ་ལ་འོང་བ་དང་། བ་ལང་གི་ཤན་པའི་སློབ་མ་རུས་གོང་དྲི་ང་བ་ལ་བྱ་རོག་སོགས་ཀྱིས་འཐོགས་པར་སྐྱེས་པ་དང་། བཤེས་མ་སྐྱེས་པ་ཐལ་གོང་དང་ཁ་སྣ་ལ་བྱ་རོགས་སོགས་ཀྱིས་འཐོགས་པ་དང་། ཉ་བ་སྐྱེས་པ་ལུས་ལྕགས་ཀྱིས་དཀྲིས་པ་དང་། གཞལ་བ་ལ་སྒྱུ་བྱེད་པ་རླིག་པ་རྫ་མ་ཙམ་དུ་གྱུར་པ་མདོ་སྡེར་གསུངས་པའམ། དགེ་འདུན་སྲུང་གིས་རྟོགས་པ་བརྗོད་པ་ལས་བཤད་པ་ལྟ་བུ་མྱོང་ངོ་། །དེ་ལྟར་དམྱལ་བ་ལ་དུཿཁ་དཔག་མེད་དེ། བཤེས་པའི་སྤྲིང་ཡིག་ཏུ། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་དུཿཁ་གང་ཡིན་པ། །དེས་ནི་དམྱལ་བའི་དུཿཁ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་ཤིང་། རྒྱས་པར་དམ་ཆོས་དྲན་པ་ཉེར་བཞག་སོགས་སུ་བལྟའོ། །ཡི་དྭགས་ལ་ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཅན་ནི་བཀྲེས་སྐོམ་གྱིས་ཉེན་པས་ལུས་དང་ཁ་སྐོམ་ཤིང་ཆུ་མིག་སོགས་སུ་རྒྱུག་པ་ལ་མཚོན་ཆ་ཐོགས་པས་བསྲུང་ཤིང་ཆུ་ཡང་རྣག་ཁྲག་ཏུ་མཐོང་བའོ། །ནང་གི་སྒྲིབ་པ་ཅན་ནི་དེ་ཉིད་དུ། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་དང་། ཁ་ཅིག་ལྦ་བ་སྨིན་མའི་རྣག་འཚལ་ལོ། །ཞེས་དང་། ཟས་སྐོམ་ཉིད་ཀྱི་སྒྲིབ་པ་ཅན་ནི། མེ་ལྕེའི་ཕྲེང་བ་ཅན་ཟོས་འཐུངས་ཀུན་གྱིས་འཚིགས་པ་དང་། ལྗན་ལྗིན་ཟ་བ་བཤང་གཅི་དང་དྲི་ང་བ་སྨད་པ་ཟ་ནུས་ལ་རང་གི་ཤ་ཟ་ཞིང་། ཟས་བསོད་པ་ཟ་མི་ནུས་པའོ། །ཡང་དྲན་པ་ཉེར་བཞག་ཏུ་བཀའ་སྩལ་པ། ལྟོ་གུག་ཁ་ཁབ་ལྟར་ཕྲ་དང་། །བཤང་ཟ་ཀུན་སྟོན་དྲི་ཟ་དང་། །ཆོས་ཟ་སྦྱིན་པ་ཟ་བ་དང་། །ཆུ་འཐུང་བསམ་པས་འཚོ་བ་དང་། །མཆིལ་མ་ཟ་དང་ཕྲེང་བ་ཟ། །ཁྲག་ཟ་ཤ་ཟ་བདུག་པ་ཟ། །དྲག་ཤུལ་སྤྱོད་དང་གླགས་ལྟ་དང་། །ས་འོག་གནས་དང་མཐུ་བོ་ཆེ། །མཚན་མོ་ལུས་འབར་མི་ལྤགས་ལྟ། །འདོད་གཟུགས་གླིང་བར་གནས་པ་དང་། །གཤིན་རྗེ་དབྱུག་པ་བྱིས་པ་ཟ། །ཚངས་སྲིན་འབྲུ་ཡི་ཤུན་པ་ཟ། །མི་གཙང་ཟ་དང་ལམ་ཆེན་གནས། །མང་དུ་ཟ་དང་མེ་མདག་ཟ། །དུག་ཟ་དགོན་པར་གནས་པ་དང་། །དུར་ཁྲོད་གནས་དང་ཤིང་ལ་གནས། །ལམ་གྱི་བཞི་མདོར་གནས་པ་དང་། །བདུད་ཀྱི་སྡེ་སྟེ་སུམ་ཅུ་དྲུག །ཅེས་པ་སོ་སོའི་གདུང་བ་མྱོང་ངོ་། །དུད་འགྲོ་ཆེ་བས་ཆུང་བ་མིད་དེ་ཟ་བ་དང་། དེས་ཆེ་བའི་ལུས་ཕུག་སྟེ་ཟ་བ་དང་། བྱ་མཆུ་ཅན་གྱིས་རི་དྭགས་སོགས་ཟ་བ་དང་། ཀླུ་རྣམས་ནི་ཉིན་རེ་བཞིན་བྱེ་ཚན་གྱིས་ཤ་རུས་པ་ལ་ཐུག་པར་བསྲེགས་པ་དང་། མཁའ་ལྡིང་གིས་ཟ་བ་སྟེ། གསུམ་ལ་སྐྱབས་སུ་འགྲོ་བས་དེ་དག་བཟློག་པར་བཤད་དོ། །ཁ་འཐོར་བ་རྣམས་ནི་རང་དབང་མེད་པར་བསད་པ་དང་། བརྡེགས་པ་དང་། བཀོལ་བཙོགས་སོགས་ཀྱིས་མནར་བ་སྟེ། བཤེས་པའི་སྤྲིང་ཡིག་ཏུ། ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་ནི་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུས་གདབ་པས་བཏབ་སྟེ་བཀོལ། །ཞེས་སོ། །མི་ལ་བཀྲེས་སྐོམ་དང་། ཚ་གྲང་དང་། འདོད་པས་ཕོངས་པ་དང་། སེམས་ཅན་དང་དེ་མ་ཡིན་པའི་གནོད་འཚེ་དང་། ཁ་ཟས་ངན་པ་དང་། འགྲོ་བ་དང་། ཚོལ་ཁྲོ་དང་། ངལ་བ་དང་། ཐང་ཉལ་དང་། མུན་པ་སོགས་ཀྱིས་སྒྲིབ་པ་དང་། ཐང་ཆད་པ་དང་། སྐྱེ་བ་སོགས་ཀྱིས་མནར་རོ། །འདོད་ལྷ་ནི། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལས་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་འཆི་ལྟས་ལྔ། །ཞེས་དང་། ཉེ་བའི་འཆི་ལྟས་མཛོད་འགྲེལ་དུ་རྒྱན་དང་གོས་ལ་སྒྲ་མི་སྙན་པ་འབྱུང་བ་དང་། འོད་ཆུང་བ་དང་། ཁྲུས་ཀྱི་ཆུ་ཐིགས་ལུས་ལ་ཆགས་པ་དང་། བློ་ཡུལ་གཅིག་ལ་མི་ཆགས་པ་དང་། མིག་འབྱེད་འཛུམ་སྟེ་དེ་ལྔ་བཟློག་ཤིང་། སྔ་མ་ལྔ་མི་བཟློག་པར་བཤད་ཅིང་། དེ་ཡིས་ལྷ་མོ་རྣམས་ལྷ་གཞན་དང་དགའ་མགུར་སྤྱོད་པ་མཐོང་བས་གདུང་བ་དང་། ལྷ་མཐུ་ཆེ་བ་ཆུང་བས་མཐོང་ན་སྤ་བཀོང་བ་དང་། འོག་མ་གཉིས་ལ་ལྷ་མ་ཡིན་དང་འཐབ་པ་ན་རྩོད་འབྲེལ་དང་། མགོ་བཅད་པས་བསད་པ་དང་སྤྱུགས་པས་ཉེན་ཏོ། །དེ་དག་ནི་ལྷ་ལྷ་མ་ཡིན་གྱི་བུ་མོ་འདོད་པ་དང་། ལྷ་མིན་ལྷའི་བདུད་རྩི་བཟང་པོ་འདོད་པས་ཞེ་འགྲས་ཏེ། ལྷ་མ་ཡིན་རྣམས་རི་རབ་ཀྱི་ཁོང་གསེང་ནས་གསེར། དངུལ། ཤེལ། མན་ཤེལ། བཻ་ཌཱུརྻའི་མཚོན་ཐོགས་ཤིང་གོ་ཆ་གྱོན་ཏེ་ཆས་པ་ན་དམག་གི་བེར་གྱིས་བརྒྱ་བྱིན་གྱི་གདན་འགུལ་བས་དམག་འོང་བར་ཤེས་སོ། །དེ་རྣམས་ཀླུ་དང་འཐབ་པས་ཕམ་ན་རང་གི་གནས་སུ་ལྡོག་ལ། དཀར་པོའི་ཀླུ་རྣམས་ཕམ་ན་ཆུ་མཚམས་ནས་འཐོན་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ནས་བང་རིམ་གྱི་ལྷ་སོགས་དང་འཐབ་བོ། །དྲན་པ་ཉེར་བཞག་ཏུ། ལྷའི་གནས་མི་གསལ་བར་བྱ་བའི་ཆེད་དུ་སྒྲ་གཅན་གྱིས་ཉི་ཟླ་ལག་པས་སྒྲིབ་ཅིང་། རྒྱལ་ཕམ་སྐྱེ་དགུའི་བདེ་སྡུག་འཛམ་བུ་གླིང་པའི་དགེ་སྡིག་ལ་རག་ལས་པ་དང་། ཟླ་བའི་མདོར། ཟླ་བ་ཟིན་པ་ན་དགེ་བ་འབུམ་འགྱུར་དང་། ཉི་མ་ཟིན་པ་ན་དགེ་བ་བྱེ་འགྱུར་དུ་བཀའ་སྩལ་ཏོ། །ལྷ་ཕམ་ན་ཕོ་ཉ་རྒྱུ་ཞིང་སོང་སྟེ། ལྷའི་དབང་པོ་མཁྱེན་པར་མཛོད་ཅིག ལྷ་མ་ཡིན་གྱི་དཔུང་ཚོགས་རྒྱལ་ཆེན་རིས་བཞི་པས་མ་ཐུབ་པས། རྩ་གསུམ་པས་བཟློག་པར་མཛོད་ཅིག་ཅེས་སྨྲས་པས་དབང་པོས་གཞན་རྣམས་ལ་བསྒོའོ། །གླང་པོ་ཆེ་རབ་བརྟན་ཡང་དབང་པོའི་བསམ་པ་ཤེས་ཏེ་དེར་ཕྱིན་ནས་ལྷ་རྣམས་རྩུབ་འགྱུར་གྱི་ཚལ་དུ་ཕྱིན་པས་འཐབ་པར་མོས་ཏེ་རི་རབ་ཀྱི་ནུབ་ཀྱི་སྟེང་དུ་འཐབ་བོ། །དྲན་པ་ཉེར་བཞག་ཏུ། ལྷ་མིན་རྣམས་རི་འཕེན་ཅིང་དེ་ཀུན་དབང་པོའི་རྡོ་རྗེས་བཅོམ་པའི་དུམ་བུ་རོལ་མཚོ་སོགས་སུ་ལྷུང་བས་སྲོག་ཆགས་དུ་མ་ཤི་སྟེ་མཚོ་དམར་པོར་འགྲོ་བར་གསུངས་སོ། །ལྷའི་མགོ་དང་རྐེད་པ་ཆད་ན་འཆི་ལ་ཡན་ལག་བཅད་ཀྱང་སྐྱེ་སྟེ་དུཿཁ་ཆེན་པོ་འབྱུང་ངོ་། །ལྷ་མ་ཡིན་མི་བཞིན་དུ་གནད་དུ་ཕོག་ན་འཆི་ལ། དེའང་གསེར་གྱི་ས་གཞིའི་སྟེང་དུ་མཚོ་ཀུན་སྣང་ལ་ཤི་བ་དང་། རྐང་ལག་ཆད་པ་ལ་སོགས་གཟུགས་བརྙན་ཤར་ཏེ་དམག་མ་ལོག་པའི་གོང་དུ་མྱ་ངན་བྱེད་པར་བཤད་དོ། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོར། ཐགས་བཟང་རིས་ཀྱི་ཤིང་རྟ་དཔག་ཚད་བདུན་བརྒྱ་པ་དྲག་ཏུ་འགྲོ་བའང་དབང་པོའི་ལག་པ་གཡོན་པས་འཛིན་ནུས་པ་བཀའ་སྩལ་ཏོ། །དེ་དག་སུ་ཕམ་པ་རང་གི་གྲོང་ཁྱེར་དུ་ཞུགས་པས་བདེ་སྟེ་ཕན་ཚུན་མི་ཚུགས་སོ། །ཁམས་གོང་མ་དག་རེ་ཞིག་དུཿཁ་ཡི་དུཿཁ་ལས་འདས་ཀྱང་ཉོན་མོངས་པ་དང་སྒྲིབ་པ་དང་ལྡན་ཅིང་། འཆི་འཕོ་དང་སྐྱེ་བ་ལ་རང་དབང་མེད་པས་གནས་ངན་ལེན་གྱི་དུཿཁ་ཅན་ཏེ། རྒྱུད་བླ་མར། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་རྣམས་ལ་བདེ་བ་མེད། །ཅེས་པ་ལྟར་རོ། །བདེ་བའི་ལོངས་སྤྱོད་ལ་དམྱལ་བ་བཞིན་བདེ་བ་མྱོང་བ་མེད་དོ་ཞེས་གསུངས་པ་ནི། བདེ་བ་རྣམ་སྨིན་སྐྱེས་ཀྱི་དབང་དུ་བྱས་ཀྱི་རྒྱུ་མཐུན་སྐྱེས་ཡོད་ཅེས་ཁ་ཅིག་གསུངས་ལ། ཁ་ཅིག་ནི་དེ་སྟོན་པས་དགེ་སློང་དག་རེག་པའི་སྐྱེ་མཆེད་དྲུག་ཞེས་བྱ་བའི་སེམས་ཅན་དམྱལ་བ་ཡོད་དེ། གང་དེར་སྐྱེ་བ་ནི་ཤིན་ཏུ་དུཿཁ་བ་ཁོ་ན་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བཀའ་སྩལ་པ་དེའི་དབང་དུ་བྱས་པའོ་ཞེས་སྨྲའོ། །མཛོད་འགྲེལ་དུ་ནི་མནར་མེད་ན་བདེ་བ་གཏན་མེད་ལ། གཞན་དུ་ཡང་སོས་ན་རླུང་གྲང་མོས་སོས་པ་སོགས་ཡོད་པ་དང་རྒྱུ་མཐུན་སྐྱེས་ཡོད་པའི་ལུགས་གཉིས་བཤད་དོ། །ཡི་དྭགས་རྫུ་འཕྲུལ་ཆེ་བ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། ཀླུའི་རྒྱལ་པོ་ལ་ལ་ལ་ལྷའི་དཔལ་ལྟ་བུའི་བདེ་བ་ཡོད་ཅིང་རབ་བརྟན་དང་ས་བསྲུངས་ཀྱི་བུ་དང་། རྟ་རིན་པོ་ཆེ་ལ་སོགས་ལ་བདེ་བ་ཅི་རིགས་པ་ཡོད་དོ། །མིའི་འཇིག་རྟེན་ན་གདགས་པར་འཛམ་བུའི་གླིང་ན་གསེར་དངུལ་ཉོ་བཙོང་བྱེད་ཅིང་ཤར་ན་རས་དང་བེའུ་རས་དང་། ནུབ་ན་བ་གླང་དང་། ནོར་བུ་ལ་སྟེ། བྱང་ན་མེད་དོ། །འདི་ན་ཁ་ཟས་འབྲས་ཆན་དང་འཁུར་བ་དང་། ཟན་དང་། ཕྱེ་དང་ཤ་ཆང་ཡོད་པ་ལྟར་ཤར་ནུབ་ནའང་ཡོད་ཅིང་། བྱང་ན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཟའོ། །འདི་ན་ཆར་འབབ་མཁས་མི་མཁས་དང་ལོ་ལེགས་ཉེས་དང་མུ་གེ་དང་མི་དགེ་བ་དང་འཇིགས་པ་དང་། ཚ་གྲང་དང་། ཉོ་ཚོང་དང་། ཁ་དོག་དུ་མ་དང་ཁང་པ་ཆེད་དུ་བྱས་པ་དང་། བལ་གོས་དང་། གོས་སྟན་ལྗི་བ་དང་། བག་མ་གཏོང་ལེན་དང་། རྗེ་ཁོལ་དང་། དེ་རྣམས་ལ་ཞེན་པ་ཡོད་པ་ལྟར་ཤར་ནུབ་ནའང་ཡོད་ལ་བྱང་ན་ཁ་དོག་དཀར་པོ་ཁོ་ན་དང་། ཆེད་དུ་མ་བྱས་པའི་ཁང་པ་དང་། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་སྲང་གཅིག་པ་ཡོད་ཅིང་། གང་ལའང་ཡོངས་འཛིན་མེད་དེ། བུ་ཚ་རྣམས་ཀྱང་སྐྱེས་མ་ཐག་མས་འདོར་ཞིང་རང་གི་མཐེ་བོང་ལས་ནུ་ཞོ་འབྱུང་བར་བཤད་དོ། །གླིང་བཞི་ཀ་ན་བཀྲེས་སྐོམ་དང་། ཕོ་མོའི་དབང་པོ་ཐ་དད་དང་། ཕ་མ་དང་། ཉིན་མཚན་དང་། དུས་བཞི་དང་། བཤང་གཅི་དང་། ཟླ་མཚན་དང་། སྦྲུམ་མ་དང་། བུ་བཙའ་བ་ཡོད་དོ། །དེའང་དྲན་པ་ཉེར་བཞག་ཏུ། བླུན་པོས་དགེ་བ་བྱས་པས་སྒྲ་མི་སྙན་དུ་སྐྱེ། །ཞེས་དང་། མྱ་ངན་ལས་འདས་པའི་མདོར་གཞན་གྱིས་མི་འདོད་བཞིན་དུ་ཚུལ་ཁྲིམས་བསྲུང་དུ་བཅུག་པ་ཤར་ནུབ་གཉིས་སུ་སྐྱེ་བར་བཀའ་སྩལ་ཏོ། །མིའི་ནང་ན་འཁོར་ལོས་སྒྱུར་བའི་བདེ་བ་ནི་མཆོག་སྟེ། འཁོར་ལོས་བསྒྱུར་བ་འབྱུང་བ་ནི། སྟོང་ཕྲག་བརྒྱད་ཅུ་ལས་མི་ཕྱི། དེ་མན་ཆད་དུ་ཕུན་ཚོགས་མི་རྫོགས་པས་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་ལ་འབྱུང་ངོ་། །སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ནི་དེ་ལས་ཕྱིས་ཀྱང་ཡོད་དོ། །དེ་ལ་རིན་པོ་ཆེ་སྣ་བདུན་ཡོད་དེ། ས་འགྲེལ་དུ་མདོ་དྲངས་པ། དེ་ལ་ཚེས་བཅོ་ལྔ་ལ་ངོ་གདོང་དང་བཅས་པ་བཀྲུས་ནས་བསྙེན་གནས་བྱས་ཤིང་བློན་པོའི་ཚོགས་ཀྱིས་བསྐོར་ཏེ་འདུག་པ་ན། ཤར་ཕྱོགས་ནས་ལྷའི་འཁོར་ལོ་བརྒྱ་བྱིན་གྱི་ཚིག་གིས་ལས་ཐམས་ཅད་པས་བྱས་པ་རྒྱལ་པོ་ཆེན་པོ་བཞིས་རྒྱལ་པོ་ལ་བསྟན་པ་འབྱུང་ངོ་ཞེས་སོ། །དྲན་པ་ཉེར་བཞག་ཏུ་གསེར་ལས་བྱས་པ་དཔག་ཚད་ལྔ་བརྒྱ་པ་རྩིབས་སྟོང་ཡོད་པ་མཛེས་པ་ནམ་མཁའ་ལ་དཔག་ཚད་འབུམ་དུ་ཉི་མ་གཅིག་གིས་འགྲོ་བ་གླིང་བཞི་དང་། ལྷའི་རིས་སུ་གླང་པོ་སོགས་ཀུན་མཁའ་ལ་འགྲོ་བ། རྒྱལ་པོས་མི་ཐོབ་པ་དེས་ཐོབ་པར་བྱེད་པ་འགྲན་པ་སུ་ཡང་མེད་པར་བྱེད་པའོ། །རྒྱལ་པོ་ཤི་ནས་སྒོ་ཁང་དུ་ཟུག་ནས་སྡོད་དེ་བུ་ལ་མི་ཕན་ནོ། །ནོར་བུ་ནི་མི་ཆེན་པོའི་བརླ་ཙམ་པ་ཟུར་བརྒྱད་པ་སྟེ། མཚན་མོ་དཔག་ཚད་བརྒྱར་འོད་འབྱུང་བ། ཉི་མ་ཚ་ན་བསིལ་བ་འབྱུང་བ། སྐོམ་ན་ཆུ་ཡན་ལག་བརྒྱད་ལྡན་འབྱུང་བ། རྒྱལ་པོས་ཅི་བསམ་པ་འབྱུང་བ། དཔག་ཚད་བརྒྱར་ནད་མེད་པར་བྱེད་ཅིང་ལས་ཀུན་ལ་ཇི་ལྟར་འདོད་པའི་འབྲས་བུ་འབྱུང་བ། ཀླུ་ངན་པས་སེར་བ་སོགས་འབེབས་མི་ནུས་པ། མྱ་ངམ་དང་གཡང་སའི་ཡུལ་ཀུན་ལྗོན་པ་མཚེའུ་ཕུན་སུམ་ཚོགས་པར་འགྱུར་བ། མི་དུས་མིན་དུ་མི་འཆི་ཞིང་། དུད་འགྲོ་གང་གིས་ཀྱང་མི་གནོད་པ། སྦྲུལ་དང་ནེའུ་ལེ་ལྟ་བུའི་མི་མཐུན་པས་ཀྱང་མི་གནོད་པ་ཞིག་དབང་པོས་སྟེར་རོ། །བཙུན་མོ་ནི་ལུས་ལས་ཙནྡན་དང་། ཁ་ནས་ཨུཏྤ་ལའི་དྲི་འབྱུང་བ། རེག་ན་ཉོན་མོངས་པ་མེད་པར་འགྱུར་བ་གླིང་དེའི་བཀྲེས་སྐོམ་དང་མྱ་ངན་བྲལ་བར་བྱེད་པ། རྒྱལ་པོས་མཐོང་ན་གྲང་དུས་དྲོ་ཞིང་། དྲོ་དུས་སུ་བསིལ་བར་བྱེད་པ། མི་ཀུན་གྱིས་མ་དང་སྲིང་མོ་ལྟར་མཐོང་བ། བསམ་པ་དང་མཐུན་ཅིང་བུ་མང་པོ་བཙས་པ། ཁྱིམ་ཐབས་བུད་མེད་གཞན་ལ་འགྲོ་ན་ཕྲག་དོག་མེད་པའམ། ཁྱིམ་ཐབས་མེད་ཀྱང་འདོད་ཡོན་ལྔའི་དབང་དུ་མི་འགྱུར་བ་ཞིག་བློན་པོས་འབུལ་ཏེ། དེ་ནས་ཤི་ནས་ལྷར་སྐྱེའོ། །བློན་པོ་ནི་བྱ་བ་རྣམས་མ་བསླབས་ཀྱང་ཤེས་ནས་བྱེད་པ། མི་དགེ་བ་སྤངས་ཞིང་ཉོན་མོངས་པ་མེད་པ་སེམས་ཅན་ཀུན་ལ་ཕ་མ་ལྟར་ཕན་པའོ། །གླང་པོ་ནི་ཅང་ཤེས་ཤིང་བཀའ་ཉན་པས་ཕ་རོལ་ལས་རྒྱལ་བར་བྱེད་པ། གླང་པོ་ཆེ་སྟོང་གི་སྟོབས་ཡོད་པ། ཆུ་དང་སྐམ་དང་བར་སྣང་གསུམ་དུ་གཡུལ་འགྱེད་པ། ཉིན་གཅིག་ལ་འཛམ་བུའི་གླིང་ལན་གསུམ་འཁོར་བ། སྐུད་པས་ཀྱང་བཀྲིར་རུང་ཞིང་རྒྱལ་པོས་ཞོན་པའི་ཚེ་བསྐུལ་མི་དགོས་པ། དལ་གྱིས་འགྲོ་བ་ཞིག་དབང་པོས་སྟེར་རོ། །ས་འགྲེལ་དུ་རབ་བརྟན་གྱི་བུ་ཐ་ཆུང་ངོ་ཞེས་སོ། །རྟ་མཆོག་ནི་ཀུ་མུ་ཏ་དང་། དུང་ལྟར་དཀར་བ་གླང་པོ་དང་སྟོབས་མཚུངས་པ་ཞིག་དབང་པོས་སྟེར་རོ། །ས་འགྲེལ་དུ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་བུ་ཐ་ཆུང་ལུས་སྔོ་ལ་མགོ་ནག་པའོ་ཞེས་སོ། །ཁྱིམ་བདག་ནི་མཛོད་གསེར་དངུལ་སོགས་ཀྱིས་འགེངས་ཞིང་རྒྱལ་པོའི་བཀའ་ཉན་པ་སྐྱེ་བོ་ཀུན་ལ་མི་གནོད་པའོ་ཞེས་སོ། །རྒྱལ་པོའི་སྲས་ནི་ཁྱིམ་བདག་ནི་མཛོད་ཀྱི་སྤྱན་དང་། བློན་པོ་ནི་དཔུང་གི་སྤྱན་ལྟ་བུའོ་ཞེས་འཆད་དོ། །ཉེ་བའི་རིན་ཆེན་སྣ་བདུན་ཡང་། རལ་གྲི་ཡང་རྒྱལ་པོ་དང་འགལ་བ་བྱེད་འདོད་པ་དེར་སོང་སྟེ་མ་བཏབ་ཀྱང་ཀུན་གྱིས་འདུད་པའོ། །དམག་དཔོན་ནི་དགྲའི་ཚོགས་མ་ལུས་པ་འཇོམས་པའི་ནུས་པ་ཡོད་ཀྱང་གཞན་ལ་མི་འཚེ་བའི་སྐྱེས་བུའོ། །ལྤགས་པ་ནི་ཆུར་དཔག་ཚད་བཅུ་གཉིས་ཞེང་དུ་དཔག་ཚད་ལྔ་པ། ཆར་གྱིས་མི་བརླན་ཞིང་རླུང་གིས་མི་བསྐྱོད་པ། གྲང་ན་དྲོ་ཞིང་། དྲོ་ན་བསིལ་བར་བྱེད་དོ། །བུད་མེད་ནི་མི་སྡུག་པ་མི་མཐོང་བ་ཉི་མ་ཟླ་བའི་འོད་སྣང་བ། ཀླུའི་ལྤགས་པ་རྒྱ་མཚོ་ནས་འབྱུང་བ་གང་འགྲོ་སར་བློན་པོས་ཁྱེར་ཏེ། ཁང་པའི་བྱ་བ་བྱེད་པ་ཞིག་སྟེ་ཚངས་པས་འབུལ་ལོ། །ཁང་པ་ནི་ཆུར་དཔག་ཚད་བཅུ་གཉིས། ཞེང་དུ་དཔག་ཚད་བདུན་པ། རིན་པོ་ཆེ་དང་ཟླ་བ་དང་རྒྱུ་སྐར་རྣམས་བལྟ་བར་འདོད་ན་ཁང་པ་དེར་འོང་བ། རྨི་ལམ་དགེ་བར་མཐོང་བ། གྲང་ན་དྲོ་ཞིང་ཚ་ན་བསིལ་བའི་རླུང་ལྡང་བ། དེར་ལྷ་མོ་འོང་ནས་རོལ་མོ་བྱེད་པའོ། །གོས་ནི་འཇམ་ལ་དྲི་མས་མི་གོས་པ་གྱོན་ན་ཚ་གྲང་བཀྲེས་སྐོམ་ངལ་དུབ་ཀྱིས་མི་གནོད་པ། མེས་མི་འཚིག་ཅིང་མཚོན་གྱིས་མི་ཆོད་པའོ། །ཚལ་ནི་རྒྱལ་པོས་དེར་ཕྱིན་པ་དང་ཚལ་གྱི་མཐུས་ལྷའི་བུ་མོ་དང་བྱ་སོགས་འོང་སྟེ་འདོད་ཡོན་ལ་སྤྱོད་པའོ། །མལ་ཆ་ནི་བསམ་གཏན་བྱེད་ན་རྣམ་པར་གྲོལ་ཞིང་བློ་གསལ་བ་དང་། ཀུན་ནས་ཉོན་མོངས་མི་སྐྱེ་བའོ། །ལྷྭམ་ནི་གྱོན་ན་ཆུ་ལ་མི་འབྱིང་བ་ཡུད་ཙམ་གྱིས་དཔག་ཚད་བརྒྱར་འགྲོ་བ་ལའང་ངལ་བ་མེད་པའོ། །མི་སྟོང་ཐུབ་པའི་བུ་སྟོང་དང་དགྲ་ཟིལ་གྱིས་གནོན་པའི་མདའ་གཞུའང་འབྱུང་ངོ་། །དེའི་ཁྱད་པར་ནི། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་རྣམས་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་བཤད་པ་སྟེ། མཚོན་བརྩམས་ནི་གཟས་པའོ། །རྒྱལ་ཡང་གསོད་པ་མེད་ཅིང་རྒྱལ་ནས་སེམས་ཅན་རྣམས་དགེ་བ་བཅུ་ལ་འགོད་པས་དེ་རྣམས་ངེས་པར་ལྷར་སྐྱེའོ། །དེ་རྣམས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་རྒྱལ་པོ་གཞན་ལས་ཁྱད་པར་དུ་འཕགས་ཏེ་རིན་ཆེན་ཕྲེང་བར། འཁོར་ལོས་བསྒྱུར་བ་ཐམས་ཅད་ལ། །འདི་རྣམས་ཡོད་པར་འདོད་མོད་ཀྱི། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་སོ། །གླིང་འདིའི་ཉེ་འཁོར་ན་འཁོར་ལོས་བསྒྱུར་བའི་ལམ་གསེར་གྱི་རང་བཞིན་རྒྱལ་ཆེན་བཞིའི་རིས་པའི་པུས་ནུབ་ཙམ་རྒྱ་མཚོར་ནུབ་པ་ཡོད་དེ། དེ་བྱུང་བ་ན་ཆུ་སྐམ་མོ། །འདིའི་རྒྱུ་ནི་བྱམས་པ་བསྒོམ་པ་སོགས་ཏེ། མཛངས་བླུན་དུ། སེང་གེ་ཡི་དམ་བརྟན་པས་རང་ཉིད་གསོད་པའི་མངོན་པ་ལ་བྱམས་པ་བསྒོམས་པས་བསྐལ་པ་འབུམ་དུ་འཁོར་ལོས་བསྒྱུར་བར་སྐྱེ་བར་གསུངས་པའོ། །འོན་ཀྱང་བྱིས་པ་དེར་སྐྱེས་པ་དུ་ཁ་ཕྱི་མ་གཉིས་ཀྱིས་གཙེས་པ་སྟེ། འཕགས་པས། འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་ན་ནི་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་པས་སོ། །འདོད་ལྷའི་བདེ་བ་ནི་ལྷ་དྲུག་ན་གོས་སྲང་ཕྱེད་དང་། སྲང་བཞི་ཆ་དང་། བརྒྱད་ཆ་དང་། བཅུ་དྲུག་ཆ་དང་། སུམ་ཅུ་རྩ་གཉིས་ཆ་དང་། དྲུག་ཅུ་རྩ་བཞིའི་ཆའོ། །རྗེ་ཁོལ་དང་བག་མ་བཏང་ལེན་དང་། ཕ་མ་དང་ཕོ་མོའི་དབང་པོ་དང་། བཀྲེས་སྐོམ་དང་། དུས་བཞི་དང་། ཉིན་མཚན་རྣམས་ཡོད་ལ། མུ་གེ་དང་། ཉོ་ཚོང་དང་། ནད་དང་རྒ་བ་མེད་ཅིང་། ཚ་གྲང་ནི་དང་པོ་ན་ཡོད་ཀྱི་དེ་ལས་གོང་ན་མེད་དོ། །ལུས་ཀྱི་ཕྱི་ནང་གཙང་ཞིང་རྡུལ་དང་དྲི་མ་དང་རུས་པ་དང་། ནང་ཁྲོལ་དང་བཤང་གཅི་མེད་དོ། །གསེར་དངུལ་ཤེལ་བཻ་ཌཱུརྻ་ལས་གྲུབ་པའི་གཞལ་མེད་ཁང་དང་བ་གམ་དང་བསིལ་ཁང་སྟེགས་བུ་དང་སྐར་ཁུངས་དྲྭ་བ་ཅན་ཉམས་དགའ་བ་ནོར་བུ་སྣ་ཚོགས་པས་སྤྲས་ཤིང་སྣང་བ་འགྱེད་པ་མཛེས་པ་ཡོད་དོ། །བཟའ་བ་འབྱུང་བའི་ལྗོན་ཤིང་དང་། དེ་བཞིན་དུ་བཏུང་བ་སྦྲང་རྩི་དང་སྦྲང་ཆང་འབྱུང་བའི་དང་། བཞོན་པ་དང་། གོས་འབྱུང་བའི་དང་། རྒྱན་འབྱུང་བའི་དང་། དྲི་བཟང་དང་། བདུག་པ་དང་། མེ་ཏོག་ཕྲེང་བ་འབྱུང་བའི་དང་། བཞད་གད་དང་། གར་དང་། གླུ་དང་རོལ་མོའི་སྒྲ་འབྱུང་བའི་དང་། སྣོད་སྤྱད་ཡོད་བྱད་སྣ་ཚོགས་འབྱུང་བའི་ལྗོན་ཤིང་རྣམས་ཡོད་དོ། །ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བའི་རྫིང་བུ་དང་། མཚོ་མེ་ཏོག་སྣ་ཚོགས་དང་བྱ་སྣ་ཚོགས་ཀྱིས་སྐད་སྙན་འབྱིན་པ་ཅན་དང་། དུས་དུས་སུ་བག་མེད་ལས་བསྐུལ་བར་བྱེད་པའི་རྔ་སྒྲ་དང་། ལམ་སྲང་ཀུན་ཏུ་སིལ་སྙན་དང་། ཕེག་རྡོབ་པའི་སྒྲ་སྒྲོགས་པའི་ལྷ་མོ་མཛེས་མས་གང་བ་དང་། ས་ལ་མེ་ཏོག་མནྡ་ར་བ་པུས་ནུབ་ཙམ་གྱིས་ཁེབས་པའི་རྙིང་པ་རྣམས་རླུང་གིས་གཏོར་ཞིང་གསར་པ་རྣམས་ལེགས་པར་འགྲེམས་ཏེ། དྲན་པ་ཉེར་བཞག་ཏུ། ལྷ་རྣམས་བསོད་ནམས་དབང་རྐྱེན་གྱིས། །ལྷ་ཡི་དྲུང་དུ་རླུང་ཆེན་ལྡང་། །མེ་ཏོག་རྙིང་པ་འདོར་བྱེད་ཅིང་། །མེ་ཏོག་གསར་པ་ལེགས་པར་འགྲེམས། །ཞེས་སོ། །སུམ་ཅུ་རྩ་གསུམ་པའི་བརྩི་ཚུལ་ནི། གདགས་པ་དང་། དཀོན་མཆོག་ཏ་ལའི་གཟུངས་སུ། ཤིང་རྟ་སྣ་ཚོགས་ཀྱི་ཚལ་ན་གླང་པོ་ས་བསྲུང་གི་བུ་གཟུགས་བཟང་ཤིང་མཛེས་པ་དཀར་བ་ཡན་ལག་ལེགས་པར་གནས་པ། མགོ་དམར་བ་མཆེ་བ་དྲུག་པ། སྲིད་དུ་དཔག་ཚད་གཅིག་པ། ཁོར་ཡུག་ཏུ་བདུན་ཡོད་པ་འཁོར་གླང་པོ་བརྒྱ་སྟོང་དང་ལྡན་པ་གནས་ཏེ། ལྷ་རྣམས་སྐྱེད་མོས་ཚལ་དུ་འགྲོ་བ་ན། དེས་མགོ་སུམ་ཅུ་རྩ་གསུམ་དུ་སྤྲུལ་ཞིང་། མགོ་རེ་རེ་ལ་མཆེ་བ་དྲུག་དྲུག་དང་། དེ་རེ་རེ་ལ་རྫིང་བུ་བདུན་བདུན་དང་། དེ་རེ་རེ་ལ་པདྨའི་སྡོང་བུ་བདུན་རེ་དང་། པདྨ་རེ་རེ་ལ་ལྷ་མོ་བདུན་རེ་དང་དེ་རེ་རེ་ལ་གཡོག་མོ་བདུན་བདུན་དང་། དེ་རེ་རེ་ལ་སིལ་སྙན་ཁྲོལ་བ་བདུན་བདུན་སྤྲུལ་ཏེ། མགོ་དབུས་མ་ལ་དབང་པོ་དང་། གཞན་ལ་ཉེ་དབང་སུམ་ཅུ་རྩ་གཉིས་དང་། གླང་པོ་གཞན་རྣམས་ལ་འཁོར་རྣམས་ཞོན་ནས་འགྲོ་བ་མི་མངོན་པ་ལྟ་བུ་མགྱོགས་པས་ལྷ་རྣམས་དྲངས་ནས་སྐྱེད་མོས་ཚལ་དུ་སྐྱེལ་ལ། དེ་ནས་རྫུ་འཕྲུལ་དེ་བཏང་ནས་ལྷར་སྤྲུལ་ཏེ་འདོད་པ་ལ་སྤྱོད་པར་གསུངས་སོ། །དེ་བས་ཀྱང་གོང་མ་གོང་མ་འདོད་པའི་ཡོན་ཏན་ལྷག་ཅིང་། དགའ་ལྡན་པ་ནི་ས་བཅུའི་དབང་ཕྱུག་གི་དྲུང་ན་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་པས་ལྷག་སྟེ། དྲན་པ་ཉེར་བཞག་གི་ཚིག་ལེའུར་བྱས་པ་ལས། ཐོས་པ་མང་དང་ཆོས་འཛིན་དང་། །ཤེས་རབ་ལྡན་ཅིང་ཐར་པར་འདོད། །ཡོན་ཏན་རྣམས་ལ་དགའ་བའི་མི། །དེ་རྣམས་དགའ་ལྡན་ཉེ་བར་འགྲོ། །ཞེས་བཤད་ཅིང་། ཉི་ཁྲི་སྣང་བར་ནི། འཕགས་པ་ཁོ་ནར་དེར་སྐྱེ་བར་གསུངས་སོ། །ཁམས་གོང་མའི་བདེ་བ་ནི་མཉམ་པར་བཞག་པའི་སྟེ། དེའང་སར། བསམ་གཏན་ས་བཞི་པོ་བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་དང་། ཞི་བའི་བདེ་བ་ཅན་མི་གཡོ་བ་མྱོང་བ་དང་། གཟུགས་མེད་པ་ཞི་བའི་རྣམ་པར་ཐར་པའི་བདེ་བ་ཅན་མྱོང་ངོ་། །ཞེས་གསུངས་སོ། །ཁམ་ཟས་ཀྱི་ལོངས་སྤྱོད་ནི་དམྱལ་བ་ན་རླུང་རྒྱུ་བའི་ཁམ་ཟས་ཕྲ་བས་གནས་པར་སར་གསུངས་ཤིང་། མཛོད་འགྲེལ་དུ་ནི་ཐུ་ལུམ་དང་ཟངས་ཞུན་དག་གིས་བཀྲེས་སྐོམ་འཇོམས་ནུས་པས་ཟས་སུ་ཉི་ཚེ་བའི་སེམས་ཅན་དམྱལ་བ་ལ་ཁམ་ཟས་མི་དང་འདྲ་བར་ཡོད་པར་བཤད་དོ། །དུད་འགྲོ་ཡི་དྭགས་མི་རྣམས་ཀྱི་ཁམ་ཟས་རགས་ཤིང་། མེར་མེར་པོ་སོགས་ཀྱི་སེམས་ཅན་དང་། ལྷ་དང་བར་དོ་དང་། བསྐལ་པ་དང་པོའི་མི་རྣམས་ཀྱི་ཕྲ་བ་སྟེ། ཁམས་གོང་མ་ན་མེད་དོ། །འཁྲིག་པའི་ལོངས་སྤྱོད་ནི། དམྱལ་བ་ཁོ་ནར་དུཿཁ་དྲག་པོ་རྒྱུན་དུ་མྱོང་བས་ཡེ་མེད་དོ། །དུད་འགྲོ་དང་ཡི་དྭགས་དང་མི་ལ་ཡོད་ཅིང་ཁུ་བའང་འབྱུང་ངོ་། །འདོད་ལྷ་དྲུག་ལ། གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །དགོད་དང་བལྟ་བས་འཁྲིག་པ་ཡིན། །ཁུ་བ་འབྱུང་བ་མེད་ཀྱི། མཚན་གྱི་སྒོ་ནས་རླུང་ཉི་ཚེ་བ་འབྱུང་བས་གདུང་བ་དང་བྲལ་ལོ། །བྱེ་བྲག་ཏུ་སྨྲ་བ་ནི། དྲུག་ཆར་གཉིས་ཀྱི་གཉིས་སྤྲོད་ཀྱང་། །གདགས་པར་དེ་སྐད་འབྱུང་བ་ནི། །འཁྲིག་པའི་དུས་ཀྱི་ཚད་ཡིན་ཞེས་སྨྲའོ། །གླིང་གསུམ་དང་ཡི་དྭགས་རྫུ་འཕྲུལ་ཆེ་བ་དང་། ལྷ་འོག་མ་བཞི་ལ་ཆུང་མ་འཆང་བ་དང་། བག་མ་བཏང་ལེན་ཡོད་ཀྱི། སྒྲ་མི་སྙན་དང་གོང་མ་གཉིས་ན་མེད་ཅིང་། ལྷ་མོ་རྣམས་ལ་མངལ་གྱི་གནས་མེད་ཅེས་པར་རོ། །ཕ་དང་མའི་ཕྲག་པའམ་པང་པར་འདོད་ལྷ་དྲུག་པོ་བྱིས་པ་ལོ་ལྔ་ལོན་པ་ནས། །ལོ་བཅུ་ལོན་པ་ལྟ་བུའི་བར། །དེ་རྣམས་སུ་སྐྱེ་གཟུགས་ཅན་རྣམས། །ཀུན་རྫོགས་གོས་དང་བཅས་པ་ཉིད། །ཅེས་ཏེ། འདོད་ཁམས་པ་ནི་ངོ་ཚ་ཁྲེལ་ཡོད་ཤས་ཆུང་བས་གཅེར་བུར་སྐྱེ་ཞིང་། རྒྱལ་བུ་དོན་གྲུབ་དང་། དགེ་སློང་མ་དཀར་མོ་དང་། དགེ་ཚུལ་མ་སྣར་མ་ནི་གོས་དང་བཅས་པར་རོ། །གཞན་རྣམས་ལུས་མྱུར་དུ་རྫོགས་ཤིང་། བརྒྱ་བྱིན་ལུས་རྫོགས་པ་སྐྱེ་བས་སྔ་ཕྱི་བརྗེ་བའང་གཞན་གྱིས་མི་ཚོར་ཏེ། ཤཱཀྱ་སེང་གེ་བཞུགས་དུས་ཀྱི་བརྒྱ་བྱིན་ནི་ཀོའུ་ཤི་ཀ་ཞེས་བྱ་བའོ། །ལྷ་ཀུན་ཀྱང་སཾ་སྐྲྀ་ཏའི་སྐད་དུ་སྨྲའོ། །དྲུག་པ་སྐྱེ་བ་ལ། འདོད་པ་སྐྱེ་བ་གསུམ་པོ་ནི། །འདོད་པའི་ལྷ་དང་མིར་བཅས་རྣམས། །བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལས་ས་བཞི་དགུ། །ཞེས་ཏེ། མི་དང་ལྷ་དང་པོ་བཞི་འདོད་པ་ཇི་ལྟར་སྐྱེས་པ་ལ་ལོངས་སྤྱོད་པའི་དང་། འཕྲུལ་དགའ་བ་འདོད་པ་རང་གི་སྤྲུལ་པ་ལ་དབང་བྱེད་པའི་དང་། གཞན་སྤྲུལ་དབང་བསྒྱུར་བ་གཞན་གྱིས་སྤྲུལ་པ་ལའང་དབང་བྱེད་པའི་སྐྱེ་བ་སྟེ། བསམ་གཏན་དང་པོ་ན་དབེན་པ་ལས་སྐྱེས་པའི་བདེ་བ་ཅན། གཉིས་པ་ན་ཏིང་ངེ་འཛིན་ལས་སྐྱེས་པ་དང་། གསུམ་པ་ན་དགའ་བ་མེད་པའི་བདེ་བ་ཅན་གྱི་སྐྱེ་བའོ། །ཡང་དེ་ཉིད་ནི་སྒོ་ང་ལས་སྐྱེས་སོགས་ནི། སེམས་ཅན་སྐྱེ་གནས་བཞི་རྣམས་སོ། །མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མར་བརྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། །ཞེས་ཏེ། མི་སྒོང་སྐྱེས་ནི་ཁྲུང་ཁྲུང་མོ་ལས་སྐྱེས་པ་བྲག་དང་། ཉེ་བྲག་དང་། རི་དྭགས་འཛིན་གྱི་མའི་བུ་སུམ་ཅུ་རྩ་གཉིས་དང་། རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་ལྟ་བུའོ། །དྲོད་གཤེར་སྐྱེས་ནི་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལས་ང་ལས་ནུ་དང་། དེའི་བརླ་གཡས་པ་ལས་མཛེས་པ་དང་། གཡོན་ནས་ཉེར་མཛེས་སྐྱེས་པ་དང་། རྒྱལ་པོ་ཚངས་པས་བྱིན་གྱི་བྲང་གི་ཤ་འབུར་བ་ལས་ཐི་བའི་ཕྲེང་ཅན་མ་དང་། ཨ་མྲ་སྐྱོང་མ་ཆུ་ཤིང་གི་སྡོང་པོ་ལས་སྐྱེས་པ་ལྟ་བུའོ། །བརྫུས་སྐྱེས་ནི་བསྐལ་པ་དང་པོ་རྣམས་དང་། སློབ་དཔོན་འཕགས་པའི་ལྷ་སེང་ག་ལའི་གླིང་གི་རྒྱལ་པོའི་ལྡུམ་རར་པདྨ་ལས་སྐྱེས་པ་ལྟ་བུའོ། །དུད་འགྲོ་རྫུས་སྐྱེས་ནི་ཀླུ་དང་། མཁའ་ལྡིང་སོགས་ཏེ་གདགས་པར་མཁའ་ལྡིང་བརྫུས་སྐྱེས་ཀྱིས་ཀླུ་བཞི་ཀ་དང་། དྲོད་གཤེར་སྐྱེས་པས་གསུམ་དང་། མངལ་སྐྱེས་ཀྱིས་གཉིས་དང་། སྒོང་སྐྱེས་ཀྱིས་སྒོང་སྐྱེས་ཁོ་ན་ཟ་བར་བཤད་དོ། །འོ་ན་བརྫུས་སྐྱེས་ལ་རོ་མེད་པས་ཇི་ལྟར་ཟ་ཞེ་ན། མ་ཤེས་ནས་བཟའ་བའི་ཆེད་དུ་འདྲེན་པའམ་མ་ཤིའི་བར་དུ་ཟ་བས་སོ། །ཡི་དྭགས་ནི་བརྫུས་སྐྱེས་དང་། མངལ་སྐྱེས་ཀྱང་ཡོད་དེ། ལུང་དུ། མཽའུ་མགལ་གྱི་བུ་ལ་ཡི་དྭགས་མོས་སྨྲས་པ། བདག་གིས་མཚན་མོ་བུ་ལྔ་དང་། །དེ་བཞིན་ཉིན་མོ་བུ་ལྔ་རྣམས། །བསྐྱེད་ནས་དེ་རྣམས་ཟ་མོད་ཀྱི། །འོན་ཀྱང་བདག་ནི་ཚིམ་པ་མེད། །ཅེས་སོ། །བཞི་ལས་བརྫུས་སྐྱེས་བཟང་ངོ་། །འོ་ན་རྒྱལ་བུ་དོན་གྲུབ་མངལ་ནས་སྐྱེས་པ་ཇི་ལྟར་ཞེ་ན། ཉེ་དུའི་འབྲེལ་བས་ཤཱཀྱའི་རིགས་ཆེན་པོ་ཆོས་ལ་གཟུད་པ་དང་། འདི་འཁོར་ལོས་བསྒྱུར་བའི་རིགས་སོ་ཞེས་གུས་པ་བསྐྱེད་དུ་གཞུག་པ་དང་། མིར་གྱུར་ཀྱང་གྲུབ་པ་འདི་ཐོབ་ཅེས་གདུལ་བྱ་སྤྲོ་བ་བསྐྱེད་པ་དང་། མུ་སྟེགས་རྣམས་ན་རེ། བསྐལ་པ་བརྒྱ་ན་སྒྱུ་མ་མཁན་གྱི་སྒྱུ་མས་འཇིག་རྟེན་འཚོའོ་ཞེས་ཟེར་བ་དེ་ལྟ་བུ་དོགས་པ་སྤོངས་བའི་ཆེད་དུའོ། །བདུན་པ་ནི་ལུས་ཐོབ་པ་གང་རང་ཉིད་ཀྱི་སེམས་ཀྱིས་འཆི་ཡི་གཞན་གྱི་སེམས་ཀྱིས་མིན་པ་འདོད་ལྷ་རྩེད་མོས་མྱོས་པ་དང་། ཡིད་འཁྲུགས་པར་བྱེད་པ་དང་། གཞན་གྱི་སེམས་ཀྱིས་འཕོ་ཡི་རང་གི་ཡིད་མ་ཡིན་པ་ནི་མངལ་དང་སྒོ་ང་ན་གནས་པ་རྣམས་དང་། གཉིས་ཀ་ཡིན་པ་འདོད་པ་ན་སྤྱོད་པ་གཞན་ཕལ་ཆེར་དང་། གཉིས་མིན་ནི་གཟུགས་དང་གཟུགས་མེད་པ་དང་། རྒྱལ་བས་གཏང་བའི་ཕོ་ཉ་དང་། མཐོང་ལམ་པ་དང་། བྱམས་པ་དང་། ཉོན་མོངས་པ་མེད་པ་དང་། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་དང་། བར་དོ་དང་འཁོར་ལོས་བསྒྱུར་བ་དང་རབ་ཏུ་བྱུང་བ་སོགས་དང་། སྔར་བར་སྐབས་སུ་མི་འཆི་བར་བཤད་པ་རྣམས་སོ། །བརྒྱད་པ་རྒྱུ་རྐྱེན་ནི་བཤད་ཟིན་འཆད་པར་འགྱུར་རོ། །དོན་ཚན་བརྒྱད་པོ་འདི་དག་ནི་དཔང་ལོ་ཆེན་པོའི་ལེགས་བཤད་ལྟར་བྲིས་པའོ། །དེ་ལ་སྣོད་ཀྱི་འཇིག་རྟེན་གྱི་ཞེས་པའི་སྐབས་སུ་ཤེས་པར་བྱ་བའི་དོན། ཤེས་པར་བྱ་བའི་དངོས་པོ་གཉིས། དང་པོ་ནི། སྣོད་ཀྱི་འཇིག་རྟེན་གྱི་གནས་ཚུལ་ལོ། །གཉིས་པ་ལ་ལྔ་སྟེ། གླིང་བཞི་པ་དང་། སྟོང་སྤྱི་ཕུད་དང་། སྟོང་གཉིས་པ་དང་། སྟོང་གསུམ་པ་དང་། ཕྱོགས་བཅུའི་འཇིག་རྟེན་བཤད་པའོ། །དང་པོ་ལ་ཆགས་ཚུལ་དང་། ཚད་དང་བཀོད་པ་རྣམས་ནི་གཞུང་ཉིད་ལས་ཤེས་པར་བྱ་ཞིང་། གནས་བྱེ་བྲག་ཏུ་བཤད་ན། འཛམ་བུ་གླིང་དང་། རྒྱལ་ཆེན་རིས་བཞི་པའི་གནས་དང་། སུམ་ཅུ་རྩ་གསུམ་པའི་གནས་དང་། ལྷ་མ་ཡིན་གྱི་གནས་བྱེ་བྲག་ཏུ་བཤད་པ་བཞི་ལས། དང་པོ་ནི། འདི་ནས་བྱང་དུ་རི་ནག་པོ། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། མཆིམས་ཀྱིས་རྡོ་རྗེ་གདན་འདི་ནས་ཞེས་གསུངས་པ་ལ་ཕྱི་མ་དག་དེ་ནི་ལེགས་སྦྱར་དང་མི་མཐུན་པས་འཛམ་བུ་གླིང་འདི་ནས་ཞེས་འཆད་དགོས་ཞེས་གསུངས་ཀྱང་། འཛམ་བུ་གླིང་འདི་ནས་ཞེས་པའི་དོན་མཚན་གཞི་བཟུང་ན། སྟོན་པས་ཆོས་མངོན་པ་གསུངས་པའི་གནས་རྡོ་རྗེ་གདན་འདི་ནས་ཞེས་པ་ལས་འོས་མེད་དེ། ལུང་པ་འདི་ནས་ཞེས་སྨོས་ཀྱང་གོང་དུ་སྨོས་པའི་དེ་ཉིད་ལ་ངོས་བཟུང་དགོས་པ་བཞིན་ནོ། །དེ་ནས་རི་ནག་པོ་དགུ་ནི་བ་རི་བ་རིན་པོ་ཆེའི་རི་མ་ཡིན་པ་ས་ནག་པོ་ཞེས་སྨོས་ཏེ། ཁ་དོག་ནག་པོ་མ་ཡིན་པར་བཞེད་ལ། དེ་ལྟར་ན་རི་བོ་གངས་ཅན་དང་། སྤོས་ངད་ལྡང་བ་ཡང་ནག་པོར་འཆད་པར་འགྱུར་བས་ཁ་དོག་ནག་པོ་ཞེས་མ་ཧཱ་བཞེད་དོ། །དེ་ལྟར་དགུ་འདས་པའི་ཕ་རོལ་ན་རི་བོ་གངས་ཅན་ཡོད་ལ། དེའི་བྱང་ངོས་ན་རི་སྤོས་ངད་ལྡན་པ་ཡོད་པའི་ཚུ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་མཚོ་མ་དྲོས་པ་ཞེས་བྱ་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། ཆུ་དང་། ཞེང་དང་། ཟབས་སུ་དཔག་ཚད་ལྔ་བཅུ་ཡོད་པ། མཐའ་ཉིས་བརྒྱས་འཁོར་བ་གྲུ་བཞི་པ། ཆུ་བོ་ཆེན་པོ་བཞི་འབབ་པ་ཡོད་དེ་གདགས་པ་ལས། གངྒཱ་དང་ནི་སིནྡྷུ་པཀྵཱུ་དང་། །སིཏྟཱ་རྦ་རླབས་ལྦུ་བའི་ཕྲེང་བ་ཅན། །ཐམས་ཅད་འབབ་ཅིང་གསལ་བའི་ཆུ་ཡིན་ཏེ། །ཕྱོགས་བཞིར་འཁོར་བ་འཁོར་ཡུག་དག་ནས་འབྱུང་། །གངྒཱ་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ། །སིནྡྷུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན། །པཀྵཱུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོ། །དེ་ཡི་བྱང་ཕྱོགས་རྒྱ་མཚོར་སིཏྟཱ་འགྲོ། །ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། །མཆོག་ཏུ་བཟང་ཞིང་ཡིད་འོང་འབབ་པ་སྟེ། །རེ་རེ་ཡང་ནི་ལྔ་བརྒྱ་ཁྱེར་ནས་ནི། །ཆུ་བོའི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ། །ཞེས་དང་། གངྒཱ་གླང་པོའི་ཁ་ནས་ཤར། །སིནྡྷཱུ་ཁྱུ་མཆོག་ཁ་ནས་ལྷོར། །པཀྵཱུ་རྟ་ཡི་ཁ་ནས་ནུབ། །སིཏྟཱ་སེང་གེའི་ཁ་ནས་བྱང་། །དངུལ་དང་བཻ་ཌཱུར་ཤེལ་གསེར་གྱི། །བྱེ་མ་འདྲེན་ཅིང་འབབ་པ་ཡིན། །ཞེས་སོ། །དེ་དག་ཀྱང་ཆུ་བྲན་ལྔ་བརྒྱ་དང་བཅས་ནས་མཚོ་ལ་བསྐོར་བ་ལན་གསུམ་བྱས་ནས་ཕྱིའི་རྒྱ་མཚོར་འབབ་པར་བཤད་ལ། ཕལ་པོ་ཆེར་ནི་ལན་བདུན་བདུན་བསྐོར་བར་བཤད་དོ། །དེའི་འགྲམ་ན་ཤིང་འཛམ་བུ་བྲྀཀྵ་ཞེས་བྱ་བ་འབྲས་བུ་མངར་པོ་རྫ་མ་ཙམ་དང་ལྡན་པ་དེ་སྨིན་པ་ཆུར་ལྷུང་བ་ལས་འཛམ་བུ་ཞེས་པའི་སྒྲ་དང་། འཛམ་བུ་ཆུ་བོའི་གསེར་དྲི་མ་མེད་པ་འབྱུང་སྟེ། དེས་མཚོན་པའི་གླིང་ལ་འཛམ་བུའི་གླིང་ཞེས་བྱའོ། །སྔོན་སེར་སྐྱའི་གྲོང་ཁྱེར་ན་ཡང་ཤིང་དེ་ཡོད་དེ། བྱང་ཆུབ་སེམས་དཔའ་འཛམ་བུའི་གྲིབ་མ་ལ་བསམ་གཏན་མཛད་པས་འཛམ་བུའི་གྲིབ་མས་ཁྱབ་པ་མ་བཏང་བར་བཤད་དོ། །མཚོ་མ་དྲོས་པའི་བྱང་ངོས་ན་བྲག་གསེར་གྱི་བྱ་སྐྱིབས་ཅན་ཞེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་གྱེན་དུ་ཕྱེད་དང་བཞི་པ་གཡོག་ལྔ་བརྒྱ་དང་བཅས་པ་དང་། རྫིང་བུ་དལ་གྱིས་འབབ་པ་ཞེས་པའི་ཆུ་ཡན་ལག་བརྒྱད་དང་ལྡན་པས་གང་བ་དེའི་ནང་ན་པདྨའི་འདབ་མ་བ་གླང་གི་ཀོ་བ་ཙམ། སྡོང་བུ་ཤོལ་འདབ་ཙམ། མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་རོ་སྦྲང་རྩི་ལྟ་བུ་སྐྱེ་བ་རྫིང་གཡོག་ལྔ་བརྒྱ་དང་ལྡན་པ། ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་ཞེས་པ་གཞུ་འདོམ་བཞི་བཅུ་ཐུར་དུ་ཟུག་པ། འོབ་རིམ་པ་བདུན་གྱི་དང་པོ་དཔག་ཚད་བཅུ་གསུམ་ནས་ཐ་མ་བདུན་གྱི་བར་དུ་འཕགས་པ་རྣམས་ཡོད་པ། ལྷའི་དབང་པོ་བརྒྱ་བྱིན་ལ་གླང་པོ་གཉིས་ཡོད་པའི་གཡུལ་ངོར་སྤྱད་པའི་རབ་བརྟན་ནི་ལུས་མེ་ཏོག་ཀུ་མུ་ཏ་ལྟར་དཀར་བ། མགོ་བོ་ནོར་བུ་ཆུ་ཤེལ་ལྟར་དམར་བ་མཆེ་བ་དྲུག་དང་ལྡན་པ། དཔངས་སུ་དཔག་ཚད་ཕྱེད་དང་གཉིས། སྲིད་དུ་ཕྱེད་དང་གསུམ། ཞེང་དུ་གཅིག མཐར་བདུན་གྱིས་འཁོར་བ་ཡོད་དེ། དེ་རྣམས་སུ་དགུན་དང་དཔྱིད་དང་དབྱར་ཟླ་བ་བཞི་བཞིར་གནས་ཤིང་། བླ་མ་ཁ་ཅིག་ནི་གསུམ་གསུམ་དང་། གསུམ་སུམ་ཅུ་རྩ་གསུམ་དུའོ་ཞེས་གསུངས་ཏེ། ཐོབ་ཐང་བརྩིས་པ་འདྲའོ། །གཞན་ཡང་གླིང་འདིའི་དབུས་སུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པའི་གནས་རྡོ་རྗེ་གདན་གྱི་སྤོ་ཞེས་པ་མེ་ལ་སོགས་པས་མ་འཇིག་པར་མངོན་པར་གྲུབ་པས་གླིང་གཞན་དུ་སངས་རྒྱས་མི་འབྱུང་བ་དང་། ཤར་དུ་རི་བོ་རྩེ་ལྔ་ཞེས་པ་འཇམ་པའི་དབྱངས་ཀྱི་གནས་དང་། ལྷོ་རུ་རི་བོ་གྲུ་འཛིན་ཞེས་པ་སྒྲོལ་མའམ་སྤྱན་རས་གཟིགས་ཀྱི་གནས་དང་། ནུབ་ཏུ་ཨུ་རྒྱན་ཞེས་པ་རིགས་གསུམ་མགོན་པོའི་གནས་དང་། དུས་འཁོར་བ་ལྟར་ན་བྱང་དུ་ཤམྦྷ་ལ་ཞེས་པ་རིགས་ལྡན་གྱི་རྒྱལ་པོའི་གནས་རྣམས་ཡོད་དོ། །གཞན་ཡང་གླིང་འདིར་ཐོ་དཀར་དང་། རྒྱ་ཡུལ་དང་། ཧུ་ལུ་ན་དང་། སྐམ་པོ་རྩེ་དང་། ཤ་ཁ་དང་། སྦལ་པ་དང་། ཁྱི་གདོང་དང་། ཀྲི་ཝ་ཤ་རི་ཀ་དང་། གནམ་གདོང་དང་། ཕྱིར་ཕྱོགས་གདོང་དང་། བཤོག་ཐོག་གཅེར་བུ་དང་། རྒུར་ཏེ་འགྲོ་བ་དང་། སྣ་མེད་དང་། ཀློ་ཁ་ཀྲ་ལ་སོགས་པ་ཡུལ་ཆེན་པོ་བཅུ་དྲུག་དང་། ཡུལ་ཕྲན་སྟོང་ཕྲག་དང་བཅས་པ་དང་གྲོང་ཁྱེར་ཆེན་པོ་དྲུག་གིས་བརྒྱན་པའི་ཡུལ་དབུས་དང་མཐའ་འཁོབ་ཀྱིས་རབ་ཏུ་ཕྱེ་བའི་མི་རིགས་དང་། སྐད་རིགས་སྣ་ཚོགས་པ་དང་། ལྷོ་ཕྱོགས་ན་རི་རྒྱལ་མ་ལ་ཡ་ཞེས་པ་དུག་གསུམ་ཤས་ཆེ་བའི་རྟགས་སུ་རྩེ་མོ་ན་ཕུག་རོན་དང་། རྐེད་པ་ན་སྦྲུལ་དང་། རྩ་བ་ན་ཕག་གནས་པ་དང་། གཞན་ཡང་རི་བྱ་རྐང་དང་། འབིགས་བྱེད་དང་། མནྡ་ར་བ་ལ་སོགས་པ་དུ་མས་བརྒྱན་པའོ། །གཉིས་པ་ལ་གཉིས་ཏེ། རི་ལ་བརྟེན་པའི་གནས་དང་། གཞལ་མེད་ཁང་ལ་བརྟེན་པའི་གནས་སོ། །དང་པོ་ནི། རི་རབ་ལ་བང་རིམ་བཞི་ཡོད་པའི་དང་པོ་ལ་ལག་ན་ཡོལ་གོ་ཐོགས་པ་དང་། ཁྲག་ཐོགས་པ་དང་། རྟག་མྱོས་དང་། ཕྲེང་ཐོགས་རྣམས་གནས་པར་ས་ལས་བཤད་ལ། འདིར་ནི། དེ་ལ་ལག་ན་གཞོང་ཐོགས་དང་། །ཕྲེང་ཐོགས་དང་ནི་རྟག་མྱོས་དང་། །རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས། །ཞེས་གསུངས་སོ། །དེ་ཡང་བང་རིམ་བཞི་པའི་ཤར་ཕྱོགས་ན་ཡུལ་འཁོར་སྲུང་གི་ཕོ་བྲང་ཡུལ་འཁོར་སྲུང་དང་། ལྷོར་འཕགས་སྐྱེས་པོའི་ཕོ་བྲང་འཕགས་པར་སྐྱེས་པ་དང་། ནུབ་ཏུ་མིག་མི་བཟང་གི་ཕོ་བྲང་སྣ་ཚོགས་གཟུགས་དང་། བྱང་དུ་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་ཏེ། འདི་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་བཞུགས་པར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གསུངས་སོ། །སར་ནི་རི་གཉའ་ཤིང་འཛིན་གྱི་ངོས་བཞི་ན་ཡོད་པར་གསུངས་སོ། །དེ་རྣམས་ནི་གདགས་པར་ཆུ་ཞིང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། ཁོར་ཡུག་ཏུ་དཔག་ཚད་སྟོང་གིས་འཁོར་བ། གྲུ་བཞི་པ་ལམ་སྲང་དང་། སྐྱེད་མོས་ཚལ་དང་། དཔག་བསམ་གྱི་ཤིང་། རྫིང་བུ་དང་། གསེར་གྱི་རྭ་བ་དང་། ཟམ་པ་རྒྱུན་མ་དང་། གསེར་གྱི་བྱེ་མ་བརྡལ་བ་དང་། ཙནྡན་གྱི་ཆུས་ཆག་ཆག་བཏབ་པ་དང་། ཚོན་སྣ་བརྒྱ་རྩ་གཅིག་གིས་མིག་མང་རིས་སུ་བྲིས་པ་སོགས་ཁྱད་པར་ཅན་དུ་མ་བཤད་དོ། །རི་བདུན་དང་ལྕགས་རི་ལ་ཡང་དེ་དག་གི་གྲོང་དང་། གྲོང་རྡལ་ཡོད་དོ། །གཉིས་པ་ནི། ཉི་མ་དང་། ཟླ་བ་དང་། སྐར་མ་རྣམས་ཏེ། དེ་དག་ལ་ཡང་རྒྱལ་ཆེན་རིས་བཞི་པའི་ལྷ་གནས་ཤིང་། གཞན་ཡང་ཆུ་ཀླུང་དང་ལྗོན་ཤིང་དང་། ནགས་ཚལ་དང་། ས་བླ་དང་། ནམ་མཁའ་དང་། རྒྱ་མཚོ་རྣམས་ལ་ཡང་དེ་དང་དེ་ཡི་ལྷ་གནས་ཏེ། མཛོད་འགྲེལ་དུ་དེ་ཉིད་ཀྱི་ཕྱིར་ལྷའི་རིས་ཐམས་ཅད་སས་ཕྱེ་བའོ་ཞེས་གསུངས་པས་སོ། །གསུམ་པ་ནི། འདིར་ནི། ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །དེ་ཡི་ངོས་ལ་བརྒྱད་ཁྲིའོ། །ཞེས་སོགས་གསུངས་སོ། །དབུས་ན་གྲོང་ཁྱེར་བལྟ་ན་སྡུག འདིར་ངོས་ལ་ཉིས་སྟོང་ལྔ་བརྒྱ་པར་གསུངས་ཤིང་། སར་ནི་ཆུ་ཞེང་དུ་དཔག་ཚད་ཁྲི་ཁྲི་ཡོད་པར་གསུངས་སོ། །གདགས་པར་དེ་གསེར་གྱི་རྭ་བ་དང་དཔག་ཚད་ཕྱེད་གསུམ་པས་བསྐོར་བ། རྩིག་སྐྱབས་གསེར། དངུལ། བཻ་ཌཱུརྻ། ཤེལ་ལས་བྱས་པ། མདའ་ཡབ་བཟང་པོ་བཞི་དང་ལྡན་པ། སྒོ་སྟོང་དུ་གཅིག་གིས་མ་ཚང་བ། སྒོ་ལ་དཔངས་སུ་དཔག་ཚད་ཕྱེད་དང་གསུམ་དང་། ཞེང་དུ་ཕྱེད་དང་གཉིས་ཡོད་པ། རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། སྒོ་རེ་རེ་ལ་ཡང་སྲུང་མ་གོ་མཚོན་ཐོགས་པ་ལྔ་བརྒྱ་ལྔ་བརྒྱ་ཡོད་པ། ལམ་སྲང་ཞེང་དུ་དཔག་ཚད་བཅུ་གཉིས་དང་། རིང་བར་ཉིས་སྟོང་ལྔ་བརྒྱ་པས་མཛེས་པ། གསེར་གྱི་བྱེ་མ་བརྡལ་བའོ་ཞེས་བཤད། དེའི་དབུས་ན་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བྱེད་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། གྲོང་ལས་དཔག་ཚད་ཕྱེད་དང་ལྔས་གྱེན་དུ་འཕགས་པ། རྨང་རིན་པོ་ཆེ་བཞི་ལས་བྱས་པ། ཐེམ་སྐས་བཞི་དང་ལྡན་པ། ཀ་བ་བཞི་གསེར། དངུལ། བཻ་ཌཱུརྻ། ཤེལ་ལས་བྱས་པ། ཀ་རྟེན་དང་། ཀ་གཞུ་དང་། བྲེ་ཕུལ་དུང་ལ་སོགས་པས་བྱས་པ། བ་གམ་བརྒྱ་རྩ་གཅིག་པ། བ་གམ་རེ་རེ་ལ་ཁང་པ་རྩེགས་པ་བདུན་བདུན། དེ་རེ་རེ་ལ་ཁང་མིག་བདུན་བདུན། དེ་རེ་རེ་ལ་ལྷ་མོ་བདུན་བདུན། དེ་རེ་རེ་ལ་གཡོག་མོ་བདུན་བདུན། དེ་རེ་རེ་ལ་སིལ་སྙན་འཁྲོལ་བ་བདུན་བདུན་ཡོད་པའོ། །དེའི་ཕྱི་རོལ་དུ་ཚལ་བཞི་ནི། ཤིང་རྟ་སྣ་ཚོགས་པ་དང་། རྩུབ་འགྱུར་དང་། འདྲེས་པའི་ཚལ་དང་། དགའ་བས་བརྒྱན་པ་བཞི་ཡོད་ལ། དེའི་ཕྱི་རོལ་དཔག་ཚད་ཉི་ཤུས་བཅད་པ་ན་ས་གཞི་བཟང་པོ་ཚལ་ལ་འགྲན་པ་ལྟ་བུ་དང་། གྲོང་ཁྱེར་གྱི་ཕྱིའི་བྱང་ཤར་མཚམས་ན་ཤིང་ཡོངས་འདུས་ས་བརྟོལ་ཞེས་བྱ་བ་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་པ། བརྒྱ་གྱེན་དུ་འཕགས་པ། ཡལ་ག་དང་འདབ་མས་བརྒྱད་ཅུའམ་ལྔ་བཅུར་ཁྱབ་པ། མེ་ཏོག་གི་དྲི་རྫི་ཕྱོགས་སུ་དཔག་ཚད་བརྒྱ་དང་། རྫི་ཕྱོགས་མིན་པར་ལྔ་བཅུ་ལྡང་བའོ། །གྲོང་ཁྱེར་དེའི་ལྷོ་ནུབ་མཚམས་ན་ཆོས་བཟང་ལྷའི་མདུན་ས་ཡོད་ལ། དེའི་འདབས་ན་ཨར་མོ་ནི་ཀ་ལྟ་བུའི་རྡོ་ལེབ་དཀར་པོ་ཆུ་ཞེང་དུ་དཔག་ཚད་བརྒྱ་དང་། རྔམས་སུ་དྲུག་དང་བཅོ་བརྒྱད་ཀྱི་ཆ་ཡོད་པ། དབུས་ན་བརྒྱ་བྱིན་གྱི་སེང་གེའི་ཁྲི་དང་། ཉེ་འཁོར་ན་ཉེ་དབང་རྣམས་ཀྱི་ཁྲི་ཡོད་པའོ། །བཞི་པ་ལྷ་མ་ཡིན་གྱི་གནས་ནི་རི་རབ་ཆུ་ལ་ནུབ་པའི་ཁོང་སེང་ན་ཡོད་དེ། དྲན་པ་ཉེར་གཞག་ལས། དཔག་ཚད་སུམ་ཁྲི་ན་འོད་ལྡན་གྱི་གྲོང་ན་སྒྲ་གཅན་དང་། དེ་ནས་བཞི་སྟོང་ན་དཀར་ཕྲེང་གི་གྲོང་ན་མགུ་ཕྲེང་དང་། དེ་ནས་བཞི་སྟོང་ན་བརྟན་པའི་གྲོང་ན་རབ་རྣོན་དང་། དེ་ནས་བཞི་སྟོང་ན་ཟབ་པའམ་གསེར་ལྡན་གྱི་གྲོང་ན་ཐགས་བཟང་རིས་གནས་སོ། །དེ་རྣམས་དམའ་ཤོས་བཟང་ཞིང་བཞི་པའི་གསེར་གྱི་ས་གཞི་ལ་བལྟ་ན་སྡུག་གི་དོད་གསེར་ལྡན་དང་། རྣམ་རྒྱལ་གྱི་དོད་སྡོམ་པ་ཅན། ཆོས་བཟང་གི་དོད་ནོར་བཟང་དང་། ཡོངས་འདུའི་དོད་ཙི་ཏྲ་པ་ཏྲ་བ། ཟླ་བ་དཀར་པོའི་དོད་རྡོ་ལེབ་བཟང་པོ་དང་། ཚལ་བཞི་ནི། ཤར་སོགས་ན་ཀུན་དགའ་དང་། རབ་དགའ་དང་། དགའ་བ་དང་། ཀུན་དགའ་རྭ་བའོ། །ས་གཞི་བཞི་ནི་ཀུན་དགའ་ཅན་ནས་ཀུན་དགའ་རྭ་བ་ཅན་གྱི་བར་རོ། །གླང་པོ་ཆེ་རབ་བརྟན་གྱི་དོད་བཟོད་པར་དཀའ་བ་དང་། ས་སྲུང་གི་བུའི་དོད་ཏི་སེ་གངས་བརྩེགས་དང་། རྟ་སྤྲིན་གྱི་ཤུགས་ཅན་གྱི་དོད་བྲག་འཇིངས་ཞེས་བྱ་བའོ། །གཉིས་པ་སྟོང་སྤྱི་ཕུད་ནི། གླིང་བཞི་པ་དང་ཉི་མ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །ཅེས་གསུངས་ཤིང་། ཚངས་པའི་འཇིག་རྟེན་ནི་བསམ་གཏན་དང་པོའོ་ཞེས་སློབ་དཔོན་རྒྱལ་པོའི་སྲས་དང་། ཨ་བྷྱ་འཆད་ལ། ཁ་ཅིག མི་དགེ་བ་ལས་ཚངས་པས་ན་གཟུགས་ཁམས་པ་ཀུན་ཡིན་ཏེ། ཕལ་པོ་ཆེར་སྟོང་གསུམ་ལ་འོག་མིན་བྱེ་བ་ཕྲག་བརྒྱ་ཡོད་པར་བཀའ་སྩལ་པས་སོ་ཞེས་གསུངས། དཔང་ལོས་དེ་དག་གདུལ་བྱའི་བསམ་པ་དང་མཐུན་པའི་མདོ་སོ་སོའི་བཤད་པར་མངོན་ནོ་ཞེས་བཤད་དོ། །འདི་ལ་ཆུ་དང་རླུང་གིས་འཇིག་ཚུལ་དང་བསྟུན་ན་ཕལ་པོ་ཆེའི་མདོ་ལྟར་དག་གམ་སྙམ་མོ། །གསུམ་པ་སྟོང་གཉིས་པ་ནི། དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །ཞེས་པ་ལྟར་རོ། །བཞི་པ་སྟོང་གསུམ་ནི། དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་གསུངས་ཏེ། འཇིག་པ་ནི་མེ་ལ་སོགས་པས་འཇིག་པའོ། །འབྱུང་བ་ནི་སྣོད་བཅུད་ཆགས་པའོ། །སྟོང་གསུམ་གྱི་འཇིག་རྟེན་ཁམས་ལ་ཁོར་ཡུག་ཆེན་པོས་བསྐོར་བར་མངོན་པ་གོང་མར་བཤད་དོ། །ལྔ་པ་ཕྱོགས་བཅུའི་འཇིག་རྟེན་བཤད་པ་ནི། ཕྱོགས་བཅུའི་ཞིང་ཐམས་ཅད་མཉམ་དུ་འཇིག་ཅིང་ཆགས་པ་མ་ཡིན་ཏེ། ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབས་པ་ན་བར་མཚམས་མི་མངོན་པ་བཞིན། ཕྱོགས་བཅུའི་ཞིང་ལ་ལ་ཆགས་པ་དང་། ལ་ལ་འཇིག་པའི་བར་མཚམས་མི་མངོན་པར་མངོན་པ་གོང་མར་གསུངས་པའི་ཕྱིར་རོ། །འདི་ལ་བྱེ་བྲག་སྨྲ་བས་སྣོད་གཅིག་གི་སྟེང་འོག་ན་སྣོད་མེད་ཀྱི་ཐད་ཀར་མཐའ་མེད་དུ་གནས་ཏེ། མདོར་འཆགས་འཇིག་ཕྱོགས་བཞིར་བར་མཚམས་མེད་པར་གསུངས་ཀྱི། སྟེང་འོག་ཏུ་མ་གསུངས་པའི་ཕྱིར་རོ་ཞེས་སྨྲའོ། །ཕལ་པོ་ཆེར་ཞིང་རབ་འབྱམས་དེ་རྣམས་ནི་ནམ་མཁའ་དང་། ནོར་བུའི་རྒྱ་མཚོ་དང་། པདྨའི་རྒྱ་མཚོ་དང་། སངས་རྒྱས་ཀྱི་སྐུའི་བྱིན་པ་ལ་སོགས་པ་ལ་གནས་ཤིང་། དབྱིབས་ནི་ཟླུམ་པོ་དང་། ཟུར་གསུམ་དང་། གྲུབ་བཞི་དང་། ནོར་བུ་དང་། པདྨ་དང་། འཁོར་ལོ་ལྟ་བུ་དང་། ཟུར་བརྒྱད་པ་དང་། སངས་རྒྱས་ཀྱི་མཚན་ལྟ་བུར་བཤད་དོ། །སངས་རྒྱས་རི་རབ་འོད་ཡང་དག་པར་འཕགས་པའི་ཞིང་ཡིད་རབ་ཏུ་དགའ་བ་ན་འཛམ་བུ་གླིང་ལ་དཔག་ཚད་བྱེ་བ་དང་། གླིང་གཞན་གསུམ་ལ་བརྒྱད་ཁྲི་རེ་ཡོད་པར་གསུངས་པ་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོར། འདས་པའི་དུས་སུ་སངས་རྒྱས་སེང་གེའི་བློ་གྲོས་བྱོན་པ་ན་འཛམ་བུ་གླིང་འདི་ལ་དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་པ་དང་། ཡབ་སྲས་མཇལ་བར། རྒྱལ་པོ་གྲགས་པ་མཐའ་ཡས་ཀྱི་དུས་སུ་འཛམ་བུའི་གླིང་འདིར་ནི་རྒྱར་དཔག་ཚད་ཁྲི་བརྒྱད་སྟོང་པར་འགྱུར་ཞེས་བཀའ་སྩལ་པ་དང་། མངོན་པར་དགའ་བའི་ཞིང་ན་གསེར་དངུལ་གྱི་སྐས་ལ་འཛེགས་ནས་སུམ་ཅུ་རྩ་གསུམ་དུ་འགྲོ་སྟེ་མི་རྣམས་ལྷ་ལ་མི་སྨོན་ཅིང་། ལྷ་རྣམས་འཛམ་བུ་གླིང་ན་སངས་རྒྱས་བཞུགས་སོ་ཞེས་སྨོན་པར་མི་འཁྲུགས་པའི་ཞིང་གི་བཀོད་པར་འབྱུང་བ་སོགས་སོ། །ཡང་འཇམ་དཔལ་གྱི་ཞིང་གི་བཀོད་པར་སངས་རྒྱས་ནོར་བུ་བརྩེགས་པའི་ཞིང་ན་ཉི་ཟླ་མེད་པར་སངས་རྒྱས་ཀྱི་ནོར་བུས་གསལ་བར་བྱེད་པ་བཀའ་སྩལ་པ་དང་། སངས་རྒྱས་ཀུན་ཏུ་བཟང་པོའི་ཞིང་མིག་མི་འཛུམ་པ་ན་སྟོང་གསུམ་རིལ་པོ་ཉི་ཟླ་ཟུང་གཅིག་གིས་གསལ་བར་བྱེད་ཅེས་འབྱུང་བ་དང་། ཕལ་པོ་ཆེའི་ལེའུ་དགུ་པར། ཞིང་རྣམས་ལ་ལ་འོད་མེད་དེ། །བདུན་པའི་འཇིགས་པ་ཤིན་ཏུ་ཆེ། །རེག་ན་སྡུག་བསྔལ་སྤུ་གྲི་འདྲ། །བལྟ་ན་མི་བཟད་ཅི་ཡང་གཡའ། །ཞིང་རྣམས་ལ་ལ་ལྷ་འོད་ཅན། །ལ་ལ་ཁྱིམ་གྱི་འོད་ཅན་ཏེ། །ལ་ལ་ཉི་ཟླའི་འོད་དང་ལྡན། །ཞིང་རྣམས་ལ་ལ་རང་གི་འོད། །ཤིང་གི་འོད་ཅན་དྲི་མ་མེད། །ལ་ལ་རི་བོའི་འོད་ཅན་སྟེ། །ཞིང་རྣམས་ལ་ལ་ནོར་བུའི་འོད། །ལ་ལ་མར་མེའི་འོད་ཅན་སྟེ། །ཞིང་རྣམས་ལ་ལ་སངས་རྒྱས་འོད། །ཞིང་རྣམས་ལ་ལ་པདྨའི་འོད། །སྤོས་ཆུའི་འོད་དང་ལྡན་པའང་ཡོད། །སྨོན་ལམ་དབང་གིས་རྣམ་པར་སྦྱངས། །ཞེས་དང་། ཡང་རྒྱན་གྱི་ཁྱད་པར་ཡང་། ཞིང་གི་རྒྱན་མངས་བྱེ་བ་ཡིས། །ཞིང་རྣམས་ལ་ལ་རྣམ་པར་བྲིས། །རྒྱན་དང་ཚུལ་རྣམས་ཐ་དད་པར། །སྣ་ཚོགས་མིག་གཡོར་ལྟ་བུར་སྣང་། །ཞེས་དང་། ཡང་སངས་རྒྱས་ཡོད་མེད་ཀྱི་ཁྱད་པར་ཡང་། ཞིང་རྣམས་ལ་ལར་སངས་རྒྱས་མེད། །ཞིང་རྣམས་ལ་ལར་སངས་རྒྱས་བཅས། །ལ་ལའི་ཞིང་ན་སངས་རྒྱས་གཅིག །ལ་ལར་སངས་རྒྱས་མང་པོའོ། །ཞེས་དང་། ཡང་གནས་པའི་ཡུན་ཡང་། ཞིང་རྣམས་ལ་ལ་བསྐལ་པ་ཙམ། །ལ་ལ་བསྐལ་པ་བཅུ་པ་སྟེ། །ཞིང་རྣམས་ལ་ལ་རྡུལ་མཉམ་པའི། །བསྐལ་པ་བྱེ་བར་བརྗོད་པ་ཡིན། །ཞེས་བཀའ་སྩལ་ཏོ། །ཡང་འཇིག་རྟེན་གྱི་ཁམས་ཐད་ཀ་བ་འདི་ལྟ་བུ་དང་། སྣྲེལ་ཞི་ལ་སོགས་ལ་རྐང་པ་བཙུགས་པ་དང་། སྤྱིའུ་གཙུགས་སུ་འགྲོ་བ་གསུམ་དུ་འཆད་དེ། ཕྱི་མ་གཉིས་ནི་ས་བཅུ་པའི་འགྲེལ་པར། འཆོལ་བ་གོ་རིམ་དུ་མི་གནས་པ་དང་། སྟེང་གཡོགས་མེད་པར་ཁྱིམ་གནས་པ་མ་བྱས་པར་བཀྲལ་ལོ། །ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པའི་སྐབས་སུ། དུས་བཞི་འཆོལ་བའི་ལུགས། དུས་བཞི་གཅིག་ཆར་བའི་ལུགས། འཐད་པའི་ཕྱོགས་ངོས་བཟུང་བ་དང་གསུམ་ལས། དང་པོ་ལ་བཞི་སྟེ། འཆོལ་བའི་ལུགས་བརྗོད། གཞུང་ནས་བསྟན་པའི་དུས་བཞི་གང་ལ་འབྱུང་ངོས་བཟུང་བ། ཉི་མ་མྱུར་བུལ་གྱི་རྒྱུ་མཚན། ཉི་མས་གླིང་དུ་ལ་བྱ་བ་བྱེད་ངོས་བཟུང་བའོ། །དང་པོ་ནི། སྔོན་གྱི་མཁས་པ་ཁ་ཅིག་ན་རེ། འཛམ་བུ་གླིང་དུ་དགུན་ཉི་ཐུང་བ་མཐར་ཐུག་པའི་ཚེ་བྱང་སྒྲ་མི་སྙན་དུ་དབྱར་ཉི་རིང་བ་མཐར་ཐུག་པ་དང་། ཤར་ལུས་འཕགས་གླིང་དུ་དཔྱིད་ཉིན་མཉམ་མཚན་མཉམ་དང་། ནུབ་བ་གླང་ལོངས་སྤྱོད་དུ་སྟོན་ཉིན་མཉམ་མཚན་མཉམ་འབྱུང་ངོ་། །དེའི་ཚེ་འཛམ་བུ་གླིང་དུ་ཉིན་མོ་ལ་ཡུད་ཙམ་བཅུ་གཉིས། མཚན་མོ་ལ་ཡུད་ཙམ་བཅོ་བརྒྱད། བྱང་དུ་དེ་ལས་ལྡོག་པ་འབྱུང་ཞིང་། ཤར་གྱི་སྔ་དྲོ་ལ་ཡུད་ཙམ་དགུ་འབྱུང་སྟེ། བྱང་གི་ཕྱི་དྲོ་ལ་ཡུད་ཙམ་དགུ་ཡོད་པ་གང་ཞིག དེ་གཉིས་ཉི་མའི་བགྲོད་པ་གཅིག་པའི་ཕྱིར་རོ། །ཤར་གྱི་ཕྱི་དྲོ་ལ་ཡུད་ཙམ་དྲུག་འབྱུང་སྟེ། ལྷོའི་སྔ་དྲོ་ལ་ཡུད་ཙམ་དྲུག་འབྱུང་བ་གང་ཞིག དེ་གཉིས་ཉི་མའི་བགྲོད་པ་གཅིག་པའི་ཕྱིར། དེའི་ཚེ་ནུབ་ཀྱི་སྔ་དྲོ་ལ་ཡུད་ཙམ་དྲུག་འབྱུང་སྟེ། ལྷོའི་ཕྱི་དྲོ་ལ་ཡུད་ཙམ་དྲུག་འབྱུང་བ་གང་ཞིག དེ་གཉིས་ཉི་མའི་བགྲོད་པ་གཅིག་པའི་ཕྱིར་རོ། །དེ་ནས་ཟླ་བ་གསུམ་སོང་བ་ན་འཛམ་བུའི་གླིང་དུ་དཔྱིད་ཉིན་མཚན་མཉམ་པ་དང་། ནུབ་ཏུ་དགུན་ཉི་ཐུང་བའི་མཐར་ཐུག་དང་། བྱང་དུ་སྟོན་ཉིན་མཉམ་མཚན་མཉམ་དང་། ཤར་དུ་དབྱར་ཉི་རིང་བའི་མཐར་ཐུག་པ་འབྱུང་ལ་དེ་ནས་ཟླ་བ་གསུམ་སོང་བ་ན་འཛམ་བུ་གླིང་དུ་དབྱར་ཉི་རིང་བའི་མཐར་ཐུག་པ་དང་། གཞན་རྣམས་དེས་འགྲེ། དེ་ནས་ཟླ་བ་གསུམ་སོང་བ་ན་འཛམ་བུའི་གླིང་དུ་སྟོན་ཉིན་མཉམ་མཚན་མཉམ་དང་། གཞན་རྣམས་དེས་འགྲེ་སྟེ། དེ་རྣམས་གླིང་གང་རུང་གཅིག་གིས་ལོ་གཅིག་ལ་འཁོར་བའོ། །གཉིས་པ་ནི། ལུགས་འདི་ལ་འཛམ་བུའི་གླིང་དུ་ནམ་ཕྱེད་པ་དང་། ནུབ་ཏུ་ཉི་མ་ནུབ་པ་དང་། བྱང་དུ་ཉི་མ་ཕྱེད་པ་དང་། ཤར་དུ་ཉི་མ་ཤར་བ་རྣམས་དུས་གཅིག་པ་ཞག་རེ་བཞིན་དུ་འབྱུང་བས་ཁྱབ་བོ། །གསུམ་པ་ནི། འོ་ན་ཉི་མ་གླིང་གི་དཀྱིལ་གྱི་ཐད་ཀྱི་ནམ་མཁར་འགྲོ་བའི་ཚེ་ལམ་ཐུང་ཡང་འགྲོ་བ་བུལ་བ་དང་། གླིང་གི་ཕྱི་རོལ་རྒྱ་མཚོར་འབབ་པའི་ཚེ་ལམ་རིང་ཡང་བགྲོད་པ་མྱུར་བའི་རྒྱུ་མཚན་ཅི་ཞེ་ན། རྒྱ་མཚོར་འབབ་པའི་ཚེ་རང་འདྲེན་བྱེད་ཀྱི་རླུང་གི་སྟེང་དུ་ལྕགས་རི་ཁའི་རླུང་བསྣན་པས་ཤིན་ཏུ་མྱུར་ལ། དེ་ནས་རི་རབ་ལ་ཐག་ཉེར་སོང་བའི་ཚེ་ལྕགས་རི་ཁའི་རླུང་དང་ཇེ་འགྱང་དུ་སོང་བས་བགྲོད་པ་ཇེ་བུལ་དུ་སོང་ལ། བྱང་བགྲོད་མཐར་ཐུག་པའི་ཚེ་རང་འདྲེན་བྱེད་ཀྱི་རླུང་ཁོ་ནས་འདྲེན་པས་ཤིན་ཏུ་བུལ་བར་སྔོན་གྱི་མཁས་པ་དག་བཞེད་དོ། །བཞི་པ་ནི། ལུགས་འདི་ལ་ཉི་མས་གླིང་གཉིས་ནི་སྣང་བར་བྱེད་པ་དང་། གླིང་གཉིས་ནི་མུན་པར་བྱེད་པ་རྒྱུན་དུ་འབྱུང་ངོ་། །གཉིས་པ་ལ་བཞི་སྟེ། ཅིག་ཆར་བའི་ལུགས་བརྗོད། གཞུང་ནས་བསྟན་པའི་དུས་བཞི་གང་ནས་འབྱུང་ངོས་བཟུང་། ཉི་མ་མྱུར་བུལ་གྱི་རྒྱུ་མཚན། ཉི་མས་གླིང་དུ་ལ་བྱ་བ་བྱེད་བཤད་པའོ། །དང་པོ་ནི། མཁས་པ་ཁ་ཅིག གླིང་བཞི་ཆར་དུ་དགུན་དགུན་མཉམ། དཔྱིད་དཔྱིད་མཉམ། དབྱར་དབྱར་མཉམ། སྟོན་སྟོན་མཉམ་འབྱུང་ངོ་། །གཉིས་པ་ནི། གླིང་བཞི་ལ་ནམ་ཕྱེད་ཉི་མ་ནུབ་པ་དང་། ཉི་མ་ཕྱེད་དང་འཆར་དུས་གཅིག་པ། སྟོན་ཉིན་མཉམ་མཚན་མཉམ་གྱི་དུས་ཉིན་ཞག་གཅིག་དང་། དཔྱིད་ཉིན་མཉམ་མཚན་མཉམ་གྱི་དུས་ཉིན་ཞག་གཅིག་ཁོ་ན་ལ་འབྱུང་གི་གཞན་རྣམས་ལ་མི་འབྱུང་ངོ་། །གསུམ་པ་ནི་སྔ་མ་དང་འདྲའོ། །བཞི་པ་ནི་ཉི་ཟླས་གླིང་གཅིག་ཁོ་ན་ལ་བྱ་བ་བྱེད་པའི་དུས་ཡོད་དེ། དགུན་ཉི་ཐུང་བ་མཐར་ཐུག་པའི་ཚེ་གླིང་གང་རུང་གཅིག་གི་ཉིན་ཕྱེད་ཀྱི་དུས་སུ་གླིང་དེ་ཁོ་ན་ལ་བྱ་བ་བྱེད་པའི་ཕྱིར་ཏེ། གླིང་གཅིག་ཤོས་ནས་ཉི་མ་ནུབ་ནས་ཡུད་ཙམ་གསུམ་སོང་། གཅིག་ཤོས་སུ་ཉི་མ་ཤར་བ་ལ་ཡུད་ཙམ་གསུམ་ལུས་པས་དེ་ལ་བྱ་བ་མི་བྱེད་པའི་ཕྱིར་རོ། །དེ་ནས་ཡུད་ཙམ་གསུམ་སོང་བ་ན་མདུན་ཕྱོགས་ཀྱི་གླིང་ལ་ཉི་མ་ཤར་བས་གླིང་གཉིས་ལ་བྱ་བ་བྱེད་ཅིང་། དེ་ནས་ཡུད་ཙམ་དྲུག་སོང་བ་ན་མདུན་ཕྱོགས་ཀྱི་གླིང་དུ་ཉི་མ་ཕྱེད་པའི་ཚེ་གླིང་དེ་ཁོ་ན་ལ་བྱ་བ་བྱེད་པའི་ཚུལ་ནི་སྔར་བཞིན་ནོ། །ཡང་ཉི་མས་གླིང་གཉིས་ཁོ་ན་ལ་བྱ་བ་བྱེད་པ་ཡོད་དེ། སྟོན་དཔྱིད་ཀྱི་ཉིན་མཉམ་མཚན་མཉམ་གྱི་དུས་ཀྱི་ཞག་གཉིས་པོ་དེ་ལ་གླིང་གཉིས་ཁོ་ན་ལ་བྱ་བ་བྱེད་པའོ། །ཉི་མས་གླིང་གསུམ་ལ་བྱ་བ་བྱེད་པ་ཡང་ཡོད་དེ། དབྱར་ཉི་རིང་བ་མཐར་ཐུག་པའི་ཚེ། གླིང་གང་རུང་གཅིག་གིས་ཉིན་ཕྱེད་ཀྱི་དུས་སུ། གླིང་གཅིག་ཤོས་ནས་ཉི་མ་ནུབ་པ་ལ་ཡུད་ཙམ་གྱི་གསུམ་ལུས། མདུན་ཕྱོགས་ཀྱི་གླིང་དུ་ཉི་མ་ཤར་ནས། ཡུད་ཙམ་གསུམ་སོང་བའི་ཕྱིར་རོ། །ལུགས་འདི་ལ་གླིང་གང་རུང་གཅིག་གི་དཀྱིལ་དུ་ཉི་མ་ཡོད་པའི་ཚེ་ཉི་མའི་འོད་ཟེར་གྱི་མཐའ་ཟད་མ་ཟད་ཀྱི་སྒོ་ནས་ཉི་མ་འཆར་ནུབ་འཇོག་པ་ཡིན་གྱི་སྒྲིབ་བྱེད་ཡོད་མེད་ཀྱི་སྒོ་ནས་འཆར་ནུབ་འཇོག་པ་མ་ཡིན་ཏེ། ཐང་ཆེན་པོའི་དཀྱིལ་དུ་མར་མེ་བཞག་པ་བཞིན་ནོ་ཞེས་ཟེར་རོ། །གསུམ་པ་ནི། ལུགས་དེ་གཉིས་ལས་གང་ཞིག་འཐད་ཅེ་ན། ལུགས་དང་པོ་ལ་སྐྱོན་འདི་ལྟར་གནས་ཏེ། འཛམ་བུ་གླིང་དུ་དཔྱིད་ཉིན་མཉམ་མཚན་མཉམ་གྱི་དུས་ཀྱི་ཉི་མ་འཆར་ཁའི་ཐད་ཀྱི་ནམ་མཁའ་དེ་ཆོས་ཅན། ཁྱོད་ལས་ཉི་མ་བྱང་དུ་ཅུང་ཟད་ཀྱང་བགྲོད་དུ་མེད་པར་ཐལ། ཁྱོད་ཤར་ལུས་འཕགས་གླིང་གི་ཉི་མ་བྱང་བགྲོད་མཐར་ཐུག་པའི་ཉི་མ་གནས་པའི་ནམ་མཁའ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། དུས་བཞི་འཆོལ་བ་དང་། ནམ་ཕྱེད་སོགས་བཞི་པོ་དུས་གཅིག་པ་རྒྱུན་དུ་འབྱུང་བར་ཁས་བླངས་པས་སོ། །རྩ་བར་འདོད་ན། དེ་ནས་བཟུང་སྟེ་དབྱར་ཉི་རིང་བ་མཐར་ཐུག་པའི་བར་ཟླ་བ་གསུམ་དུ་ཤར་ཕྱོགས་ཀྱི་ཉི་མ་ཡང་བྱང་བགྲོད་དུ་འགྲོ་བ་མངོན་སུམ་དུ་མཐོང་བས་བསལ་ལོ། །དེ་བཞིན་དུ་འཛམ་བུ་གླིང་དུ་སྟོན་ཉིན་མཉམ་མཚན་མཉམ་གྱི་དུས་ཀྱི་ཉི་མ་འཆར་བའི་ཚེ་ཉི་མ་གནས་པའི་ནམ་མཁའ་ཆོས་ཅན། ཁྱོད་ལས་ཉི་མ་ལྷོར་ཅུང་ཟད་ཀྱང་བགྲོད་དུ་མེད་པར་ཐལ། ཁྱོད་ཤར་ལུས་འཕགས་གླིང་དུ་ཉི་མ་ལྷོ་བགྲོད་མཐར་ཐུག་པའི་དུས་ཀྱི་ཉི་མ་གནས་པའི་ནམ་མཁའ་ཡིན་པའི་ཕྱིར། འདོད་ན་དེ་ནས་ཟླ་བ་གསུམ་གྱི་བར་ཤར་ཕྱོགས་ཀྱི་ཉི་མ་ལྷོ་བགྲོད་དུ་འགྲོ་བར་མངོན་སུམ་གྱིས་མཐོང་བས་གསལ་ལོ། །སྐྱོན་འདི་དག་ཉིན་ཕྱེད་ཀྱི་དུས་ལ་སོགས་པ་གང་ལ་སྦྱར་ཀྱང་འདྲའོ། །མདོར་ན་སྟོན་དཔྱིད་ཀྱི་ཉིན་མཉམ་མཚན་མཉམ་ནས་ཟླ་བ་གསུམ་གྱི་བར་ཉི་མ་འཆར་ས་དང་གནས་པའི་ཉི་མ་ལྷོ་བགྲོད་དང་བྱང་བགྲོད་སོ་སོར་འབྱུང་ན་ལུགས་འདི་འཐད་ཀྱང་དེ་མི་སྲིད་པས་འདི་མི་འཐད་པ་ཁོ་ནའོ། །དེས་ན་ལུགས་ཕྱི་མ་དེ་ཉིད་འཐད་པར་མཐོང་སྟེ། ཉི་ཟླའི་མཐོ་དམན་ནི་གསེར་རི་དང་པོ་དང་མཉམ་ཞིང་། འཆར་ས་ནི་གསེར་རི་བདུན་ཆར་བརྒལ་ནས་ཕྱིའི་རྒྱ་མཚོའི་དཀྱིལ་དུ་གླིང་དཀྱིལ་ཕན་ཆད་དུ་འཆར་བས་ཉི་མའི་འོད་ཟེར་གྱི་ནུས་པ་མ་ཟད་ན་གླིང་གསུམ་ཆར་གསལ་བ་ལ་སྒྲིབ་བྱེད་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ཕྱོགས་འདི་ལའང་དབྱར་ཉི་རིང་བ་མཐར་ཐུག་པའི་ཚེ། ཉིན་ཞག་གཅིག་ལ་ཡུད་ཙམ་སུམ་ཅུ་སོ་དྲུག་ཡོད་པར་ཐལ། དེའི་ཚེ་འཛམ་བུ་གླིང་གི་ཉིན་བར་ལ་ཡུད་ཙམ་བཅོ་བརྒྱད་ཡོད་པ་གང་ཞིག བྱང་སྒྲ་མི་སྙན་གྱི་ཉིན་བར་ལ་ཡང་ཡུད་ཙམ་བཅོ་བརྒྱད་ཡོད་པ་དེ་འཛམ་བུ་གླིང་གི་མཚན་མོར་བྱ་དགོས་པའི་ཕྱིར་རོ། །ཞེས་པ་འདི་གནོད་བྱེད་དུ་འཇུག་གོ་སྙམ་ན། གཏན་ཚིགས་ཕྱི་མ་མ་གྲུབ་སྟེ། དེའི་ཚེ་འཛམ་བུའི་གླིང་དུ་ཉི་མ་འཆར་བའི་ཚེ་བྱང་སྒྲ་མི་སྙན་དུ་ཉི་མ་ནུབ་པ་ལ་ཡུད་ཙམ་གསུམ་ལུས་པའི་ཕྱིར་དང་། འཛམ་བུའི་གླིང་དུ་ཉི་མ་ནུབ་པའི་ཚེ་སྒྲ་མི་སྙན་དུ་ཉི་མ་ཤར་ནས་ཡུད་ཙམ་གསུམ་སོང་བ་དེའི་ཉིན་མོ་ལྷོའི་འཛམ་བུ་གླིང་པའི་མཚན་མོ་དང་མི་མཉམ་པའི་ཕྱིར་རོ། །དེ་བཞིན་དུ་ལྷོ་བགྲོད་མཐར་ཐུག་པའི་ཚེ་ཉིན་ཞག་གཅིག་ལ་ཡུད་ཙམ་ཉི་ཤུ་རྩ་བཞི་ལས་མེད་པར་ཐལ་བ་ཡང་འདི་ཉིད་ཀྱིས་གསལ་ཏེ། ནམ་ཕྱེད་ཉི་མ་ནུབ་པ་དང་། ཉི་མ་ཕྱེད་དང་འཆར་དུས་གཅིག་པ་ལོ་གཅིག་ལ་ཉིན་ཞག་གཉིས་ལས་མེད་པའི་གནད་འདི་ཤེས་ན་ཐམས་ཅད་རང་གྲོལ་དུ་འགྱུར་རོ། །གཞུང་འོག་མ་དང་ཡང་འདི་ཉིད་འབྲེལ་ཏེ་འོག་ཏུ་བཤད་པར་བྱའོ། །དབྱར་གྱི་ཟླ་བ་གཉིས་པ་ཡི་ཞེས་པའི་སྐབས་སུ་ཐུན་མོང་དུ་མཁོ་བ་ཐ་སྙད་ཀྱི་རྣམ་གཞག དེ་ལ་བརྟེན་ནས་དུས་ཚིགས་ཀྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། མགོ་དང་རྒྱལ་དང་མཆུ་ནི་དགུན། །དབོ་དང་ནག་པ་ས་ག་དཔྱིད། །སྣྲོན་དང་ཆུ་སྟོད་གྲོ་བཞིན་དབྱར། །ཁྲུམ་དང་ཐ་སྐར་སྨིན་དྲུག་སྟོན། །ཞེས་པ་འདི་རྣམས་ནི་ཉ་སྐར་ཡིན་ལ། ཟླ་བཤོལ་འབྱུང་བ་ལ་ཉེ་བའི་ཚེ་འདི་ལ་འབབ་པའི་ངེས་པ་ནི་མེད་དོ། །ཐ་སྐར་བྲ་ཉེ་སྨིན་དྲུག་དང་། །སྣར་མ་མགོ་ལག་ནམ་སོ་རྒྱལ། །སྐག་མཆུ་གྲེ་དབོ་མེ་བཞི་དང་། །ནག་པ་ས་རི་ས་ག་དང་། །ལྷ་མཚམས་སྣོན་སྣུབ་ཆུ་སྟོད་སྨད། །གྲོ་བཞིན་མོན་གྲེ་མོན་གྲུ་དང་། །ཁྲུམ་སྟོད་ཁྲུམ་སྨད་ནམ་གྲུ་རྣམས། །རྒྱུ་སྐར་ཉི་ཤུ་བདུན་དུ་འདོད། །ཅེས་པ་སྟེ། མགོ་དང་རྒྱལ་གྱི་བར་དུ་ལག་དང་ནམ་སོ་གཉིས། གྲོ་བཞིན་དང་ཁྲུམ་སྟོད་ཀྱི་བར་དུ་མོན་གྲེ་དང་མོན་གྲུ་གཉིས། ཁྲུམ་སྟོད་དང་ཐ་སྐར་གྱི་བར་དུ་ཁྲུམ་སྨད་དང་ནམ་གྲུ་གཉིས། གཞན་རྣམས་ཀྱི་བར་དུ་རེ་རེ་སྤེལ་བར་བྱའོ། །གཉིས་པ་ལ་ལྔ་སྟེ། དུས་ཚིགས་ཀྱི་རབ་དབྱེ། དེ་ལྟར་ཕྱེ་བའི་དགོས་པ། དུས་འགོ་གང་ནས་འཛིན་པ། གསོ་སྦྱོང་བཅུ་བཞི་པ་གང་ལ་འབྱུང་བ། ཟླ་བ་ཤོལ་འདོར་བ་རྒྱུ་མཚན་དང་བཅས་པའོ། །དང་པོ་ལ་བཞི། གསུམ་དང་། བཞི་དང་། ལྔ་དང་། དྲུག་ཏུ་དབྱེ་བའོ། །དང་པོ་ནི། དགུན་གྱི་དུས། དཔྱིད་ཀྱི་དུས། དབྱར་གྱི་དུས་གསུམ་དུ་བྱས་ནས་དེ་རེ་རེ་ལ་ཟླ་བ་བཞི་བཞིར་བྱེད་པ་ནི་སངས་རྒྱས་པའི་ལུགས་ཐུན་མོང་མ་ཡིན་པ་ཡིན་ཏེ། འདིར་ཡང་། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་དུ་འགྱུར་རོ་ཉིན་མོ་བཟློག །ཅེས་དང་། ཚིག་ལེར། ཁ་བ་སོས་ཀ་དབྱར་རྣམས་ཀྱི། །ཟླ་བ་གཉིས་དང་བཞི་ཡི་ཉིན། །ཞེས་དང་། རྒྱལ་པོའི་སྲས་སུ་གསུང་རབ་ལས་ནི་དུས་གསུམ་ཁོ་ན་ཡིན་གྱི་འཇིག་རྟེན་པའི་ལྟ་བུར་དྲུག་ནི་མ་ཡིན་ཏེ། དགུན་སྟོད་ནི་གྲང་བར་འདྲ་བའི་ཕྱིར་དགུན་དུ་བཤད་དོ། །སོས་ཀ་ནི་ཚ་བར་འདྲ་བའི་ཕྱིར་དཔྱིད་དུ་བཤད་དོ། །སྟོན་སྨད་ནི་ཆར་པ་འབབ་ཏུ་འདྲ་བའི་ཕྱིར་དབྱར་དུ་བཤད་དོ། །དེ་ལྟར་ན་དགུན་དང་དཔྱིད་དང་། དབྱར་དག་ཡིན་ནོ་ཞེས་པ་ལྟར་རོ། །གཉིས་པ་ནི། དགུན། དཔྱིད། དབྱར། སྟོན་གྱི་དུས་དང་བཞིར་ཕྱེ་ནས་དེ་རེ་རེ་ལ་ཡང་ར་བ། འབྲིང་པོ། ཐ་ཆུང་གསུམ་གསུམ་དུ་བྱས་པ་སྟེ། མདོ་རྩར། དབྱར་གནས། དགག་དབྱེ། སྲ་བརྐྱང་གི་སྐབས་རྣམས་སུ་འདིའི་ཐ་སྙད་གསུངས་ཤིང་དགེ་སློང་གི་ལོ་དྲི་བར་དགུན་གྱི་ཚད་ཇི་ཙམ་ཞེ་ན། ཟླ་བ་བཞིའོ། །བཞི་པོ་གང་ཞེ་ན། དགུན་ཟླ་ར་བ་དང་། འབྲིང་པོ་དང་། ཐ་ཆུང་དང་། དཔྱིད་ར་བ་དག་གོ་ཞེས་དང་། རྒྱ་ཆེར་འགྲེལ་ལས་ཀྱང་། སྟོན་ཟླ་ཐ་ཆུང་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་ཞེས་སོགས་དང་། དེ་བཞིན་དུ་བཞི་འགྲེལ་ལས་ཀྱང་འདིའི་ཐ་སྙད་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དགུན། དཔྱིད། དབྱར། དབྱར་ཐུང་ངུ་། དབྱར་རིང་པོའི་དུས་དང་ལྔར་ཕྱེ་སྟེ། དགུན་དང་དཔྱིད་ཀྱི་དུས་ལ་ཟླ་བ་བཞི་བཞི། དབྱར་གྱི་དུས་ཟླ་བ་གཅིག དབྱར་ཐུང་ངུའི་དུས་ཉིན་ཞག་གཅིག དབྱར་རིང་པོའི་དུས་ཟླ་བ་གསུམ་དུ་ཉིན་ཞག་གཅིག་གིས་མཆོག་པ་སྟེ། འདི་ནི་ལུང་བཞི་དང་། ཀརྨ་ཤཱ་ཏམ་དང་། མདོ་རྩའི་དགེ་སློང་གི་དུས་བརྗོད་པའི་སྐབས་རྣམས་ལས་གསུངས་སོ། །བཞི་པ་ནི། དགུན་དང་། དགུན་སྨད་དང་། དཔྱིད་དང་། སོས་ཀ་དང་། དབྱར་དང་། སྟོན་གྱི་དུས་དྲུག་ཏུ་ཕྱེ་ནས་དེ་རེ་རེ་ལ་ཡང་ཟླ་བ་གཉིས་གཉིས་སུ་བྱས་པ་སྟེ། མདོ་རྩར་ཉིན་ཞག་གཅིག་གིས་མི་ཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ནའོ་ཞེས་པའི་རྒྱ་ཆེར་འགྲེལ་ལས། སྟོན་ཟླ་ཐ་ཆུང་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་གྱི་དུས་ཚིགས་སོ། །དགུན་ཟླ་འབྲིང་པོའི་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཉིས་ནི། དགུན་སྨད་ཀྱི་དུས་སོ། །དཔྱིད་ཟླ་ར་བ་ཉ་ནས་དཔྱིད་ཟླ་ཐ་ཆུང་ཉའི་བར་གྱི་ཟླ་བ་གཉིས་ནི་དཔྱིད་ཀྱི་དུས་སོ། །དཔྱིད་ཟླ་ཐ་ཆུང་ཉ་ནས་དབྱར་ཟླ་འབྲིང་པོའི་ཉའི་བར་གྱི་ཟླ་བ་གཉིས་ནི་སོས་ཀའི་དུས་སོ། །དབྱར་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ར་བའི་ཉའི་བར་གྱི་ཟླ་བ་གཉིས་ནི་དབྱར་གྱི་དུས་སོ། །སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་ཐ་ཆུང་ཉའི་བར་གྱི་ཟླ་བ་གཉིས་ནི་སྟོན་གྱི་དུས་སོ་ཞེས་གསུངས་པས་སོ། །གཉིས་པ་ནི། དེ་ལྟར་དུས་ཚིགས་དུ་མའི་རྣམ་གཞག་ལ་དགོས་པ་ཅི་ཡོད་སྙམ་ན། དུས་ཚིགས་གསུམ་དུ་ཕྱེ་བའི་དགོས་པ་ནི། ཕྱག་དར་ཁྲོད་ཀྱི་གོས་ངོས་ཟིན་པའི་ཆེད་ཡིན་ཏེ། ཕྱག་དར་ཁྲོད་ལ་བོར་བ་ཕྱག་དར་ཁྲོད་དང་། དམན་པ་ཕྱག་དར་ཁྲོད་གཉིས་ལས། ཕྱི་མ་ནི་གཞན་གྱིས་ཟླ་བ་བཞིར་ལོངས་སྤྱོད་པ་ལ་འཇོག་པའི་ཕྱིར་ཏེ། མདོ་རྩར་དུས་ཚིགས་སུ་སྤྱད་པ་ལ་ནི་དེ་གཉིས་འགྱུར་དུའོ་ཞེས་གསུངས་པས་སོ། །དུས་ཚིགས་བཞིར་ཕྱེ་བའི་དགོས་པ་ནི། འཇིག་རྟེན་པ་དང་ཐ་སྙད་སྒོ་བསྟུན་ནས་རྟོགས་སླ་བའི་ཆེད་ཡིན་ཏེ། འཇིག་རྟེན་ན་རབ་འབྲིང་པོ་སོགས་ཀྱི་ཐ་སྙད་ཕྱེད་པའི་ཕྱིར་རོ། །ལྔར་ཕྱེ་བའི་དགོས་པ་ནི་དབྱར་ཐུང་ངུ་ཤི་བ་དང་འདྲ་བ་ངོས་ཟིན་པའི་ཆེད་ཡིན་ལ། དེ་ཡི་དགོས་པ་ཡང་དེ་ལས་འདས་ན་དབྱར་ཁས་ལེན་པ་མི་ཆགས་ཞེས་ཤེས་པའི་ཆེད་ཡིན་ནོ། །འདིའི་ངོས་འཛིན་ལ། ཕྲན་འགྲེལ་ལས་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནི་དབྱར་ཐུང་ངུ་ཡིན་ནོ་ཞེས་དང་། དགེ་སློང་གི་ལོ་དྲི་བར་དབྱར་ཐུང་ངུའི་དུས་ཉིན་ཞག་གཅིག་གོ །དེ་གང་ཞེ་ན་སྟོན་ཟླ་ར་བ་ཚེས་གཅིག་གི་ཉིན་ཞག་གོ་ཞེས་ངོས་འཛིན་གཉིས་བྱུང་བའི་དང་པོ་ནི་ཡར་ངོ་སྔོན་འགྲོ་དང་། ཕྱི་མ་ནི་མར་ངོ་སྔོན་འགྲོའི་དབང་དུ་བྱས་པ་ཡིན་པས་མི་འགལ་ཞིང་གནད་གཅིག་ཏུ་འབྱུང་ངོ་། །དྲུག་ཏུ་ཕྱེ་བའི་དགོས་པ་ནི། གསོ་སྦྱོང་བཅུ་བཞི་པ་ངོས་ཟིན་པའི་ཆེད་ཡིན་ཏེ། རྩ་འགྲེལ་ཉིད་ན་གསལ་ལོ། །གསུམ་པ་ལ་གསུམ་སྟེ། ཞག་གི་འགོ་གང་ནས་འཛིན་པ། ཟླ་བའི་འགོ་གང་ནས་འཛིན་པ། ལོའི་འགོ་གང་ནས་འཛིན་པའོ། །དང་པོ་ནི། སྤྱིར་ཞག་ནི་གསུམ་སྟེ། ཚེས་ཞག་དང་། ཉིན་ཞག་དང་། ཁྱིམ་ཞག་གོ །དང་པོ་ནི། ཟླ་བ་འཕེལ་གྲིབ་ལ་སུམ་ཅུར་བྱས་པའི་ཆ་གཅིག་གམ། གཟའ་བདུན་ཚེས་ལ་སྤྱོད་པའི་ཡུན་ནོ། །གཉིས་པ་ནི། ནམ་ལངས་པ་ནས་སང་ནམ་ལངས་ཁའི་བར་རོ། །གསུམ་པ་ནི། ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཞེས་པའི་ཁྱིམ་དེར་ཉི་མ་ཇི་ཙམ་གནས་པའི་སུམ་ཅུའི་ཆ་གཅིག་གོ །ལོ་རེ་ལ་དེ་དག་ཇི་ཙམ་འབྱུང་ན་འདིར་ཟླ་བ་གཉིས་གཉིས་ནས་ཞག་མི་ཐུབ་དོར་བའི་རགས་རྩིས་ཀྱི་དབང་དུ་བྱས་ན་ཚེས་ཞག་སུམ་བརྒྱ་དོན་གཅིག ཉིན་ཞག་སུམ་བརྒྱ་དང་རེ་ལྔ། ཁྱིམ་ཞག་སུམ་བརྒྱ་དང་དྲུག་ཅུ་ཐམ་པ་འབྱུང་སྟེ། མཛོད་ལས། ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་པའི་དབང་དུ་བྱས་པའོ། །དེ་ལྟར་ན་ཚེས་ཞག་གི་འགོ་ནི་གཟའ་བདུན་ཚེས་ལ་ལོངས་སྤྱོད་པའི་འགོ་ནས་འཛིན་དགོས་པས་ཉིན་མཚན་སྔ་ཕྱི་གང་ལ་འབྱུང་བ་ངེས་པ་མེད་དོ། །ཉིན་ཞག་གི་འགོ་ནི་ནམ་ལངས་པ་ནས་འཛིན། ཁྱིམ་ཞག་གི་འགོ་ནི་ཉི་མ་ཁྱིམ་བཅུ་གཉིས་པོ་གང་རུང་གཅིག་ལ་ལོངས་སྤྱོད་པའི་སུམ་ཅུའི་ཆ་དང་པོ་ནས་འཛིན་དགོས་པས་འདིའང་གང་ལ་འབྱུང་ངེས་པ་མེད་དོ། །གཉིས་པ་ནི། དུས་ཚིག་བཞིར་བྱས་པ་ལ་ཡར་ངོའི་ཚེས་གཅིག་ནས་འཛིན་པ་དང་། མར་ངོའི་ཚེས་གཅིག་ནས་འཛིན་པ་གཉིས་འབྱུང་སྟེ། དང་པོ་ནི། མདོ་རྩར། དབྱར་སྔ་མའི་ཁས་ལེན་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་བྱེད་པ་དང་། དེའི་དགག་དབྱེ་སྟོན་ཟླ་འབྲིང་པོའི་ཉ་ལ་བྱེད་པར་གསུངས་ཤིང་། རྒྱ་ཆེར་འགྲེལ་ལས་སྟོན་དཔྱིད་གཉིས་འབྲིང་མི་ཐུབ། དབྱར་དགུན་གཉིས་ར་བ་དང་། ཐ་ཆུང་མི་ཐུབ་པར་གསུངས་པ་རྣམས་སྟེ། མར་ངོའི་ཚེས་གཅིག་ལ་བཅུ་དྲུག་ཞེས་པའི་ཐ་སྙད་ཉིད་ཀྱིས་ཡར་ངོའི་སྔོན་འགྲོ་ཡིན་པར་གྲུབ་པའི་ཕྱིར་དང་། སྟོན་དཔྱིད་གཉིས་འབྲིང་མི་ཐུབ་པར་གསུངས་པ་འདིའང་ཡར་ངོ་སྔོན་འགྲོ་མ་ཡིན་ན་གསོ་སྦྱོང་བཅུ་བཞི་པ་གང་ལ་འབྱུང་བའི་ཉ་སྐར་དང་མི་འགྲིགས་པའི་ཕྱིར་ཏེ་འོག་ཏུ་འཆད་དོ། །གཉིས་པ་ནི་དགེ་སློང་གི་ལོ་དྲི་བར། གསོ་སྦྱོང་དུ་ཡོད། ཉི་ཤུ་རྩ་བཞི་སྟེ། དགུན་ཟླ་འབྲིང་པོ་དང་། དབྱར་ཟླ་ར་བ་དང་། ཐ་ཆུང་དང་། དབྱར་ཟླ་འབྲིང་པོ་དང་། སྟོན་ཟླ་ར་བ་དང་། ཐ་ཆུང་རྣམས་ཀྱི་མར་ངོའི་གསོ་སྦྱོང་ནི་བཅུ་བཞི་པའོ། །ལྷག་རྣམས་ནི་བཅོ་ལྔ་པའོ་ཞེས་གསུངས་པ་འདི་ར་བ་ཐ་ཆུང་གི་འགོ་མར་ངོའི་ཚེས་གཅིག་ནས་བཟུང་བའི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཏེ། གཞན་དུ་ན་སྔར་གྱི་རྒྱ་ཆེར་འགྲེལ་གྱི་ལུང་དང་འགལ་བས་གང་རུང་གཅིག་འདོར་དགོས་པར་ཐལ་བའི་ཕྱིར་དང་། སྨིན་དྲུག་ཅན་ལ་གསོ་སྦྱོང་བཅུ་བཞི་པར་འབྱུང་བར་གསུངས་པ་དང་། འདིར་སྟོན་ཟླ་ཐ་ཆུང་ལ་གསོ་སྦྱོང་བཅུ་བཞི་པར་གསུངས་པ་གཉིས་དོན་གཅིག་ཏུ་བྱས་པའི་ཕྱིར་ན་མར་ངོ་སྔོན་དུ་འགྲོ་བ་ལས་འོས་མེད་པའི་ཕྱིར་རོ། །དེའི་དང་པོ་ལ་རིལ་ཚེས་དང་། ཕྱི་མ་ལ་ཕྱེད་ཚེས་ཞེས་པར་གྲགས་སོ། །གཞན་དུས་ཚིགས་ཀྱི་རྣམ་གཞག་གསུམ་པོ་དང་། ཉ་སྐར་གྱི་མིང་ནས་སྨོས་པའི་ཟླ་བ་ཐམས་ཅད་ལ་མར་ངོ་སྔོན་འགྲོ་འབའ་ཞིག་གསུངས་ཀྱི་ཡར་ངོ་སྔོན་འགྲོ་གསུངས་པ་མ་ཡིན་ནོ། །གསུམ་པ་ལ་བོད་ཀྱི་མཁས་པ་རྣམས་ཀྱི་འདོད་ཚུལ་གསུམ་སྣང་སྟེ། དེང་སང་ཧོར་ཟླ་བ་བརྒྱད་པར་བྱས་པ་ཁྲུམ་གྱི་ཉ་བའི་ཉ་ལ་ལོ་སྔ་མའི་ལོ་འཇུག་རྫོགས་ནས། དེའི་ཕྱི་དེ་ཉིན་པར་ནས་ལོ་འགོ་འཛིན་པར་འདོད་པ་དང་། ཧོར་ཟླ་དགུ་པ་ཐ་སྐར་གྱིས་ཉ་བའི་ཕྱི་དེ་ཉིན་པར་ནས་འཛིན་པ་དང་། ཧོར་ཟླ་བཅུ་པ་སྨིན་དྲུག་གི་ཉ་བའི་ཕྱི་དེ་ཉིན་པར་ནས་འཛིན་པར་འདོད་པའི་ལུགས་སོ། །དེ་ཐམས་ཅད་ཀྱང་དུས་ཚིགས་ཀྱི་དབྱེ་བ་བཞི་ཆར་ལ་ལོ་འགོ་དགུན་ནས་འཛིན་པར་འདོད་པ་མཚུངས་ཏེ། རྒྱལ་པོའི་སྲས་སུ་སངས་རྒྱས་པ་ཐམས་ཅད་ཀྱི་དུས་ཀྱི་དང་པོ་ནི་དགུན་དག་ཡིན་ནོ། །གཉིས་པ་ནི་དཔྱིད་དོ། །གསུམ་པ་ནི་དབྱར་རོ་ཞེས་གསུངས་པ་འདིའི་རྗེས་སུ་འབྲངས་པའོ། །དེའི་རྒྱུ་མཚན་ཡང་མཁས་པ་སྔ་མ་དག་འཇིག་རྟེན་པ་དང་ཕྱི་རོལ་པ་རྣམས་དང་པོ་འཕེལ་བ་ལྟར་སྣང་ཡང་ཕྱིས་འགྲིབ་པར་འགྱུར་བས་དེ་ལས་བཟློག་ནས་སངས་རྒྱས་པ་དང་པོར་འགྲིབ་པ་ལྟར་སྣང་ཡང་ཕྱིས་འཕེལ་བར་འགྱུར་བ་མཚོན་པའི་ཆེད་དུ། ཟླ་བའི་འགོ་མར་ངོ་ནས་འཛིན་པ་དང་། ལོ་འགོ་དགུན་ནས་འཛིན་པར་བཞེད་དོ། །དེ་ལ་ལུགས་དང་པོ་ནི། མཆིམས་དང་བུ་སྟོན་སོགས་ཀྱི་བཞེད་པ་སྟེ། ཕྱེད་ཚེས་ལ་ཐ་སྐར་དང་། སྨིན་དྲུག་དང་། མགོ་དང་། རྒྱལ་དང་བཞི་ནི་དགུན་གྱི་དུས་ཡིན་ཞིང་དུས་ཚིགས་བཞིར་བྱས་པའི་ཚེ་དང་པོ་གསུམ་དགུན་ཟླ་ར་བ་དང་། འབྲིང་པོ། ཐ་ཆུང་གསུམ་ཡིན་ཏེ། དེ་ནས་རིམ་པ་བཞིན་བརྩིའོ། །འདི་ཡང་། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་ཀྱི་གཞུང་ཉི་མ་ལྡོག་མཚམས་ངོས་འཛིན་པའི་དབང་དུ་བྱས་པར་མངོན་ཏེ། དགུན་རྣམས་ཀྱི་ནི་བཞི་པ་ལ། །ཞེས་པ་རྒྱལ་གྱི་ཟླ་བ་ལ་བབ་པས་དེ་ནི་དགུན་ཉི་ལྡོག་པ་ལ་བསམ་མོ། །དེ་ནི་མི་འཐད་དེ། དབྱར་གནས། དགག་དབྱེ། སྲ་བརྐྱང་གི་དུས་གསུམ་ཆར་མི་འགྲིགས་པའི་ཕྱིར་རོ། །དབྱར་གནས་མི་འགྲིགས་པ་ནི། ལུགས་འདི་ལ་ས་གས་ཉ་བའི་ཕྱི་དེ་ཉིན་པར་དབྱར་སྔ་མ་ཁས་བླང་དགོས་པར་འགྱུར་ཏེ། དབྱར་ཟླ་འབྲིང་པོ་ཉ་བའི་ཕྱི་དེ་ཉིན་པར་གྱི་ཚེས་བཅུ་དྲུག་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་རྩར། ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱིའོ་ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། གྲོ་བཞིན་ཟླ་བའི་ཚེས་གཅིག་ཏུ་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། ཚིག་ལེར། གྲོ་བཞིན་ཅན་གྱི་ཚེས་གཅིག་ལ། །སྔ་མའི་དབྱར་ཏེ་གཙོ་བོ་ཡིན། །ཞེས་གསུངས་པའི་ཕྱིར། ཡང་སྣྲོན་གྱི་ཉ་བའི་ཕྱི་དེ་ཉིན་པར་དབྱར་ཕྱི་མར་ཁས་ལེན་གྱི་དུས་སུ་ཐལ། རྒྱུ་མཚན་སྔ་མ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྲུམ་གྱི་ཟླ་བའི་ཚེས་གཅིག་ཏུ་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ་དེ་ཉིད་ལས། དེ་ཉིད་ཁྲུམ་སྟོད་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་དགག་དབྱེ་མི་འགྲིག་པ་ཡང་སྦྱོར་ཏེ། དོན་གྱི་གནད་གཅིག་པའི་ཕྱིར་དང་། ལུང་རྣམ་འབྱེད་དུ་དགུན་གྱི་གུང་ནི་རིང་དགུན་སྨད་ཀྱི་དུས་ཀྱི་ཚེ་ནི་ཚེས་བརྒྱད་ཀྱི་བར་ལ་འོད་མ་འགས་པའི་བསེར་མ་ལྡང་ཞེས་དང་། ཕྲན་ཊཱིཀ་ལས། གྲང་བའི་དུས་ཞེས་བྱ་བ་ནི། དགུན་ཟླ་ཐ་ཆུང་དང་། དཔྱིད་ཟླ་ར་བའོ་ཞེས་པ་དང་འགལ་བའི་ཕྱིར་རོ། །སྲ་བརྐྱང་མི་འགྲིགས་པའི་སྐྱོན་ནི་ཁྲུམ་གྱི་ཟླ་བའི་ཚེས་གཅིག་ནས། སྲ་བརྐྱང་གདིང་དགོས་པར་འགྱུར་ཏེ། དེ་དབྱར་སྔ་མའི་དགག་དབྱེའི་ཕྱི་དེ་ཉིན་པར་ཡིན་པའི་ཕྱིར། འདོད་ན། ཚིག་ལེར། སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་བརྐྱང་གདིང་བའི་དུས་སུ་གསུངས། །ཞེས་པ་དང་འགལ་ལོ། །ལུགས་གཉིས་པ་ནི་ཕྱིས་ཀྱི་མཁས་པ་མང་པོས་ཐ་སྐར་གྱི་ཟླ་བ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ནས་དེའི་ཉའི་ཕྱི་དེ་ཉིན་པར་ནས་ལོ་འགོ་འཛིན་ཅིང་། སྣྲོན་གྱི་ཉ་བའི་ཕྱི་དེ་ཉིན་པར་ནས་དབྱར་སྔ་མའི་ཁས་ལེན་བྱེད་པར་བཞེད་དོ། །འདི་ཡང་མི་འཐད་དེ། དབྱར་གནས་དགག་དབྱེ་སྲ་བརྐྱང་གསུམ་མི་འགྲིགས་པའི་སྐྱོན་སྔར་བཤད་པར་རྣམས་ཟླ་བ་རེ་རེ་བསྣུར་ནས་བརྗོད་ནས་མེ་ཏོག་ཕྲེང་རྒྱུད་ཀྱི་གཞུང་དང་འགལ་བ་ལ་ནི་ཁྱད་པར་མེད་དོ། །འདི་ལ་སྐྱོན་ལྷག་པོ་གསོ་སྦྱོང་བཅུ་བཞི་པ་མི་འགྲིག་པ་ནི་ཐ་སྐར་གྱི་ཉ་ནས་བཟུང་སྟེ་མགོའི་ཉ་བའི་བར་གྱི་ཟླ་བ་གཉིས་པོ་དེ་དུས་ཚིགས་དྲུག་ཏུ་ཕྱེ་བའི་དང་པོ་ཡིན་པར་ཁས་ལེན་དགོས་ཏེ། རྒྱ་ཆེར་འགྲེལ་ལས། སྟོན་ཟླ་ཐ་ཆུང་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་གྱི་དུས་ཚིགས་སོ་ཞེས་གསུངས་པའི་ཕྱིར་རོ། །འདོད་ན། མགོའི་ཟླ་བའི་ཕྱེད་ལུས་པ་ན་གསོ་སྦྱོང་བཅུ་བཞི་པ་འབྱུང་བར་ཐལ་ཏེ། སྨིན་དྲུག་གི་ཉ་བའི་རྗེས་ཀྱི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་འབྱུང་བར་ཁས་ལེན་དགོས་ཏེ། དེ་གཉིས་རིལ་ཚེས་ལྟར་ན་སྨིན་དྲུག་གི་ཟླ་བ་ཞེས་པ་རུང་ཡང་། སྨིན་དྲུག་ཟླ་བའི་ཕྱེད་ལུས་པ་ཞེས་པ་མི་རུང་བའི་ཕྱིར་རོ། །འདོད་ན་དགེ་ཚུལ་གྱི་ལོ་དྲི་བ་དང་ཚིག་ལེ་གཉིས་ཀ་ལས། སྨིན་དྲུག་དང་རྒྱལ་ལ་གསོ་སྦྱོང་བཅུ་བཞི་པ་འབྱུང་བར་གསུངས་པ་དང་འགལ་ལོ། །གཞན་ཡང་། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་པའི་གཞུང་ཉིན་མཉམ་མཚན་མཉམ་ངོས་འཛིན་པ་ལ་བྱེད་དམ། ཉི་མ་ལྡོག་དུས་ངོས་འཛིན་པ་ལ་བྱེད། དང་པོ་ལྟར་ན། མཆུའི་ཟླ་བ་དཔྱིད་ཉིན་མཉམ་མཚན་མཉམ་དུ་ཁས་ལེན་དགོས་པས་ས་ག་ཟླ་བ་ལ་དབྱར་ཉི་ལྡོག་པ་དང་། སྨིན་དྲུག་ཟླ་བ་ལ་དགུན་ཉི་ལྡོག་པར་ཁས་བླང་དགོས་པས་དེ་ཡང་མི་སྲིད་དོ། །ཕྱི་མ་ལྟར་ན་མཆུ་ཡི་ཟླ་བ་ལ་དགུན་ཉི་ལྡོག་པ་དང་། གྲོ་བཞིན་ཟླ་བ་ལ་དབྱར་ཉི་ལྡོག་པ་ཁས་ལེན་དགོས་པས་དེ་ཡང་མི་སྲིད་དོ། །ལུགས་གསུམ་པ་ནི་སྨིན་དྲུག་ཟླ་བའི་ཉ་ནས་ལོ་སྔ་མའི་ལོ་མཇུག་རྫོགས་ཏེ། དེའི་ཕྱི་དེ་ཉིན་མགོའི་ཚེས་གཅིག་ནས་ལོ་གོ་འཛིན་པ་སྟེ། དེ་ནས་བཟུང་སྟེ་དུས་ཚིགས་གསུམ་དང་། ལྔ་དང་། དྲུག་རྣམས་ཀྱི་ཟླ་བའི་འགོ་ཡང་འཛིན། དུས་ཚིགས་བཞིའི་ཕྱེད་ཚེས་ཀྱི་དབང་དུ་བྱས་པའི་ཟླ་འགོ་འཛིན་ཅིང་། རིལ་ཚེས་ལ་ནི་མར་ངོ་དེ་ཉིད་སྟོན་ཟླ་ཐ་ཆུང་དུ་གཏོགས་པའོ། །ལུགས་འདི་ལ་གསོ་སྦྱོང་བཅུ་བཞི་པ་འགྲིག་པ་ནི་འོག་ཏུ་འཆད་ཅིང་། དབྱར་གནས་འགྲིག་པ་ནི་གྲོ་བཞིན་ཟླ་བའི་ཚེས་གཅིག་དང་། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་དོན་གཅིག་ཏུ་འབྱུང་བས་མདོ་རྩ་དང་། ཚིག་ལེ་གཉིས་ཀ་དང་འགྲིག་ལ། དེ་ཉིད་ཀྱི་དགག་དབྱེ་ཡང་འགྲིག་པར་གྲུབ་བོ། །སྲ་བརྐྱང་འགྲིག་པ་ནི་སྨིན་དྲུག་ཟླ་བའི་ཚེས་གཅིག་དང་། སྟོན་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱི་ཚེས་བཅུ་དྲུག་དོན་གཅིག་ཏུ་འབྱུང་བས་གཞུང་གཉིས་ཀ་དང་འགྲིག་གོ །དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་ཀྱི་གཞུང་སྟོན་དཔྱིད་ཀྱི་ཉིན་མཉམ་མཚན་མཉམ་ལ་སྦྱར་བ་དང་ཡང་འགྲིག་སྟེ་དབྱར་གྱི་ཟླ་བ་གཉིས་པ་ནི་ཁྲུམ་གྱི་ཟླ་བར་གྲུབ་ལ། དེའི་ཐ་མ་ནི་ཕྱེད་ཚེས་ཀྱི་དབང་དུ་བྱས་ནས་ཡར་ངོ་ཡིན་ལ། དེའི་ཚེས་དགུ་ལ་སྟོན་ཉིན་མཉམ་མཚན་མཉམ་དང་དབོའི་ཟླ་བའི་ཡར་ངོའི་ཚེས་དགུ་ལ་དཔྱིད་ཉིན་མཉམ་མཚན་མཉམ་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱིས་ཉི་མ་ལྡོག་པའི་དུས་ཀྱང་ཤུགས་ལ་གྲུབ་སྟེ། མགོའི་ཟླ་བའི་ཡར་ངོ་ལ་དགུན་ཉི་དང་། སྣྲོན་གྱི་ཟླ་བའི་ཡར་ངོ་ལ་དབྱར་ཉི་ལྡོག་པར་གྲུབ་ཅིང་ད་ལྟར་མཐོང་བའི་ཕྱིར་རོ། །རྒྱལ་གྱི་ཟླ་བའི་ཡར་ངོ་ལ་དགུན་ཉི་དང་། ཆུ་སྟོད་ཟླ་བའི་མར་ངོ་ལ་དབྱར་ཉི་ལྡོག་པ་རེས་འགའ་འབྱུང་བ་ནི་ཟླ་ཤོལ་འདོར་བ་ལ་ཉེ་བའི་དུས་ཏེ། དཔྱད་པས་གསལ་ལོ། །བཞི་པ་གསོ་སྦྱོང་བཅུ་བཞི་པ་གང་ལ་འབྱུང་བ་ནི་སྔར་བཤད་པ་དག་གིས་རྟོགས་ནུས་ལ་བྱེ་བྲག་རང་མིང་གིས་བརྗོད་ན་ཚིག་ལེར། ཁ་བ་སོས་ཀ་དབྱར་རྣམས་ཀྱི། །ཟླ་བ་གཉིས་དང་བཞི་ཡི་ནི། །མར་ངོ་ལ་ནི་བཅུ་བཞི་པའི། །གསོ་སྦྱོང་སྡོམ་བརྩོན་དག་གིས་བྱ། །ས་ག་དང་ནི་ཆུ་སྟོད་དང་། །དེ་བཞིན་ཁྲུམ་སྨད་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོའི་མར་ངོ་བཅུ་བཞིར་བརྗོད། །ཅེས་དང་། དགེ་ཚུལ་གྱི་ལོ་དྲི་བར། རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟོད་ཁྲུམ་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་དང་། དགེ་སློང་གི་ལོ་དྲི་བར་ཕྱེད་ཚེས་ཀྱི་དབང་དུ་བྱས་ནས་དབྱར་དགུན་འབྲིང་མི་ཐུབ། སྟོན་དཔྱིད་འབྲིང་ཐུབ་པར་གསུངས་པ་དང་། རྒྱ་ཆེར་འགྲེལ་ལས། རིལ་ཚེས་ཀྱི་དབང་དུ་བྱས་ནས་དེ་ལས་ལྡོག་སྟེ་གསུངས་པ་རྣམས་དོན་གཅིག་ཏུ་འབྱུང་བ་དགོས་ལ། སྔར་གྱི་ལོ་འགོ་འཛིན་ཚུལ་དང་། རྒྱུ་སྐར་གྱི་མིང་ནས་སྨོས་པའི་ཟླ་བ་རྣམས་ཕྱེད་ཚེས་ཀྱི་དབང་དུ་བྱས་པའི་ཚུལ་རྟོགས་ན་འདི་རང་ཤུགས་ཀྱིས་འབྱུང་ངོ་། །ལྔ་པ་ཟླ་ཤོལ་འབྱུང་བ་རྒྱུ་མཚན་དང་བཅས་པ་ནི། ལུང་གླེང་གཞིར། དེ་ལྟ་བས་ན་ལོ་རེ་རེ་བཞིན་བཤོལ་མ་བོར། ལོ་དྲུག་དྲུག་ཅིང་བཤོལ་དོར་གཅིག དྲུག་ལྔ་སུམ་ཅུ་སྟེ་དེ་ལྟ་བུར་ཞག་དང་། ཟླ་བ་ཕྱེད་པོ་དང་། ཟླ་བ་དང་། ལོ་སྦྲེལ་མཉམ་པར་འགྱུར་ཏེ། མུ་སྟེགས་ཅན་རྣམས་ཀྱིས་གླགས་བཙལ་ཀྱང་གླགས་རྙེད་པར་མི་འགྱུར་རོ་ཞེས་གསུངས་པས་ལོ་ལྔ་ལྔའི་ཞག་དྲུག་དྲུག་ཏུ་བསགས་པས་ལོ་དྲུག་པ་ལ་ཟླ་བར་ལངས་པ་འདོར་བའི་དབང་དུ་བྱས་པའོ། །དེ་ལྟར་འདོར་ཀྱང་མ་འགྲིག་པའི་ཚེ་ཟླ་ཤོལ་འདོར་བ་རྩིས་མཁན་གྱི་རྗེས་སུ་འབྲང་དགོས་ཤིང་། རྒྱལ་པོའི་དྲུང་ན་རྩིས་མཁན་རྣམས་ཡོད་པས་རྒྱལ་པོའི་རྗེས་སུ་འབྲང་བར་གསུངས་ཏེ། མདོ་རྩར། ཟླ་ཤོལ་འདོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བར་བྱའོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་སོ་ཞེས་དང་། ཚིག་ལེར། ལོ་དང་ཟླ་བ་ཟླ་ཤོལ་དག །རྒྱལ་པོའི་བཀའ་ཡིས་ཀྱང་ནི་བསྔགས། །བཀའ་བཙན་གྲགས་ལྡན་ཤེས་རབ་ཅན། །དཔུང་ལྡན་དེ་ཡི་རྗེས་འབྲང་བྱ། །ཞེས་གསུངས་སོ། །དེ་ཡང་དགེ་སློང་དག་དོན་ཉུང་ཞིང་བྱ་བ་ཉུང་ལ་ཀློག་པ་དང་སྤོང་བ་ལ་མངོན་པར་བརྩོན་པས་རྩིས་ཀྱི་རྣམ་བཞག་ཕལ་ཆེར་གྱིས་མི་ཤེས་ལ། ཟླ་ཤོལ་ལ་སོགས་པ་འཇིག་རྟེན་ན་གྲགས་པའི་རྗེས་སུ་འབྲང་དགོས་སོ་སྙམ་དུ་དགོངས་སོ། །དུས་འཁོར་བ་དག ཟླ་བ་སུམ་ཅུ་རྩ་ཕྱེད་དང་གསུམ་གསུམ་ན་བཤོལ་གྱི་ཟླ་བ་རེ་རེ་འབྱུང་བར་གསུངས་པ་དང་། ཊཱིཀ་ཆུང་དུ་ལོ་ཕྱེད་དང་གསུམ་གསུམ་ན་ཤོལ་གྱི་ཟླ་བ་རེ་རེ་འབྱུང་བར་གསུངས་པ་དང་། ཁ་ཅིག རྟག་བྱ་བྱི་བ་ཡོས་ལ་ཤོལ། །སྟོན་དབྱར་དཔྱིད་དགུན་འབྲིང་པོ་གཉིས། །སྔ་མ་ཤོལ་ཏེ་ཐུབ་པར་ངེས། །ཞེས་པ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྒྱལ་པོའི་ལུགས་བརྩིས་པ་ཡིན་གསུངས་པ་དང་། ཁ་ཅིག་དངོས་པོའི་ཆོས་ཉིད་ཡིན་གྱི་དེའི་རྒྱུ་མཚན་འགོད་མི་དགོས་སོ་ཞེས་པ་སོགས་ཡོད་ཀྱང་ཐ་སྙད་སྟོན་བདེ་བའི་ཆེད་དུ་ལོ་གསུམ་དང་། ཕྱེད་དང་གསུམ་དུ་ཤོལ་འབྱུང་བ་དང་། རྟ་བྱ་བྱི་བ་ཡོས་ལ་ཤོལ་འབྱུང་བ་སོགས་བརྗོད་པ་ཙམ་ལ་འགལ་བ་མེད་མོད་ཀྱི་མཐའ་གཅིག་ཏུ་ངེས་པ་ནི་དུས་ཀྱི་འཁོར་ལོའི་རྩིས་ཀྱི་རྗེས་སུ་འབྲང་དགོས་པས་སྟོན་པས་ཀྱང་རྒྱལ་པོའི་རྗེས་སུ་འབྲང་བར་གསུངས་པའི་གནད་འདི་ཉིད་ཡིན་ནོ། །དེང་སང་ཞག་གྲང་ལྷག་ཆད་མི་བརྩི། ཟླ་ཤོལ་མི་མདོར་ཞེས་སྨྲ་བ་ནི་སྔོན་རྒན་མོ་ཞིག་གིས་དེ་ལྟར་བྱས་པས་གནམ་སྟོང་གི་ནུབ་མོར་ཚེས་བཅོ་ལྔའི་ཟླ་བ་ཤར་བར་གྲག་གོ །འོ་ན་ཟླ་ཤོལ་འབྱུང་བའི་ཚེ་གསོ་སྦྱོང་ཉི་ཤུ་རྩ་དྲུག་འབྱུང་བས་ཤོལ་གྱི་ཟླ་བའི་མར་ངོ་ལ་བཅུ་བཞི་པའམ་བཅོ་ལྔ་པ་གང་བྱ་ཞེ་ན། ཁ་ཅིག ཐུབ་པ་ཁོ་ན་ཡིན་ནོ་ཞེས་དང་། ཁ་ཅིག་མི་ཐུབ་པ་ཁོ་ན་ཡིན་ནོ་ཞེས་སྨྲ་བ་ལ་ནི་རྒྱུ་མཚན་མེད་པས་ཤོལ་གྱི་ཟླ་བ་ཉ་སྐར་གང་ལ་བབ་པ་དེ་དང་བསྟུན་དགོས་ཏེ། ཉ་སྐར་དྲུག་ལ་ཐུབ་པ་དང་། གཞན་དྲུག་ལ་མི་ཐུབ་པར་བྱ་དགོས་པའི་ཕྱིར། འདི་དག་ནི་གསུང་རབ་ནས་བཤད་པའི་དུས་ཚིགས་མ་ནོར་བར་བཀོད་པའོ། །དེང་སང་སྔོན་གྱི་གྲུབ་མཐར་མི་བརྟེན་པ་དག དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །ཞེས་པ་སྟོན་ཉིན་མཉམ་མཚན་མཉམ་ངོས་བཟུང་བ་ཡིན་ལ་དེ་ནམ་བྱུང་བ་ནས་ལོ་འགོ་འཛིན་པར་གྲག་གོ །འདི་ལ་ལོ་གཅིག་ཟླ་བཅུ་ལས་མེད་པའི་སྐྱོན་དང་། འདུལ་བ་ནས་གསུངས་པའི་དུས་ཚིགས་རྣམས་ཀྱིས་ལོ་འགོ་འཛིན་པ་མིན་ན་ནི། ལོ་འགོ་འཕངས་ནས་འཛིན་ན་ཡང་འཛིན་ལ་རགས་ལས་པ་དང་། ཡིན་ན་ནི་གསོ་སྦྱོང་། དབྱར་གནས། དགག་དབྱེ་སྲ་བརྐྱང་གདིང་བ་རྣམས་ཟླ་བ་གཅིག་ལ་ཞག་སུམ་ཅུར་བྱས་པའི་ཞག་གང་ལ་འབྱུང་བ་ངེས་པ་མེད་པའི་སྐྱོན་གནས་པ་སོགས་མང་དུ་ཡོད་ཀྱང་བརྡ་ཁྱད་རགས་པ་ཡོད་པ་དག་གིས་ཀྱང་ནོར་བར་གོ་བའི་ཕྱིར་འདིར་མ་སྤྲོས་སོ། །བསྐལ་པའི་རྣམ་པ་མང་བཤད་པ། །ཞེས་པའི་སྐབས་སུ། བསྟན་བཅོས་འདིར་བསྐལ་པའི་ཐ་སྙད་བདུན་སྣང་སྟེ། འཇིག་པའི་བསྐལ་པ། ཆགས་པའི་བསྐལ་པ། གནས་པའི་བསྐལ་པ། ཞིག་ནས་འདུག་པའི་བསྐལ་པ། བར་གྱི་བསྐལ་པ། བསྐལ་པ་ཆེན་པོ། གྲངས་བཟུང་བདེ་བའི་ཕྱིར་བསྐལ་པའི་ཐ་སྙད་བྱས་པའོ། །དང་པོ་ནི། གནས་བསྐལ་རྫོགས་ནས་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་པར་གྱུར་པ་དང་། དམྱལ་བར་སེམས་ཅན་གསར་སྐྱེ་མེད་པར་དུས་མཉམ་པ་ནས་བཟུང་སྟེ་ངན་སོང་བ་རྙིང་པ་རྣམས་ལས་ཟད་ན་བདེ་འགྲོར་སྐྱེ་ལ། ལས་མ་ཟད་ན་འཇིག་རྟེན་གཞན་གྱི་ངན་སོང་དུ་སྐྱེ་སྟེ་སྟོང་པར་འགྱུར། དེ་ནས་འཛམ་བུ་གླིང་པའི་མི་འགའ་ཞིག་ལ་སློབ་དཔོན་མེད་པར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེ་སྟེ། དེ་ལས་ལངས་ནས་ཀྱེ་མ་དབེན་པ་ལས་སྐྱེས་པའི་བདེ་བ་དང་དགའ་བ་ནི་བདེ་བའོ་ཞེས་སྨྲས་པ་དེ་ཐོས་ནས་གཞན་ཡང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅིང་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །དེས་བསམ་གཏན་གཉིས་པ་བསྒོམ་པའམ། ས་ལས་སྔར་གྱི་བསམ་གཏན་དང་པོའི་རྗེས་སུ་གཉིས་པ་བསྒོམ་ནས་བསམ་གཏན་གཉིས་པར་སྐྱེ་བར་བཤད་དོ། །ཤར་དང་ནུབ་ཀྱང་དེ་བཞིན་ནོ། །སྒྲ་མི་སྙན་པ་ནི་ཆགས་བྲལ་གྱི་ལམ་གྱི་རྟེན་མ་ཡིན་པས་ཐོག་མར་འདོད་ལྷར་སྐྱེ་ཞིང་འདོད་ལྷ་རིས་དྲུག་གི་རྟེན་ལ་བསམ་གཏན་བསྒོམ་པས་བསམ་གཏན་དང་པོར་སྐྱེ་བ་དང་། དེར་ཆོས་ཉིད་ཀྱི་ས་གཉིས་པའི་ཏིང་ངེ་འཛིན་ཐོབ་ནས་གཉིས་པར་སྐྱེ་སྟེ་བཅུད་འཇིག་པ་ལ་བར་བསྐལ་བཅུ་དགུའོ། །དེ་ནས་ཉི་མ་བདུན་འཆར་བའི་ཚེ་མདོ་ལས་འབྱུང་བ་ལྟར། སྤྲིན་ལས་ཆར་མི་འབབ། ཉི་མ་འདིས་ཆུ་ལས་གྱུར་པའི་དངོས་པོ་དང་། འདི་ལ་ས་གཞན་བཞི་འགྱུར་གྱི་ཚ་བ་གཉིས་པས་ཆུ་བྲན་དང་། ལྟེང་ཀ་དང་། ཆུང་ངུ་དང་། གསུམ་པས་ཆུ་བོ་ཆེན་པོ་བཞི་དང་། བཞི་པས་མཚོ་མ་དྲོས་པ་དང་། ལྔ་པས་ཕྱིའི་རྒྱ་མཚོ་ཆུ་བོ་ལ་ནུབ་ཀྱི་བར་དང་། དྲུག་པས་མ་ལུས་པར་བསྐམ་ཤིང་། རི་རབ་ལའང་དུ་བ་འཐུལ་བར་བྱེད་པ་དང་། བདུན་པས་མེ་འབར་ཏེ་འདོད་པའི་སྣོད་མེ་རྒྱུན་གཅིག་དང་། དེས་མེ་གཞན་བསྐྱེད་ནས་ཚངས་པའི་གནས་བསྲེགས་ཏེ་ཐལ་བའི་ལྷག་མ་ཙམ་ཡང་མ་ལུས་པར་ཟད་པའི་སྣོད་འཇིག་པ་ལ་བར་བསྐལ་གཅིག་གོ །ཆུས་འཇིག་པའི་ཚེ་བསམ་གཏན་གཉིས་པ་བ་རྣམས་ལའང་ཆོས་ཉིད་ཀྱིས་བསམ་གཏན་གསུམ་པ་སྐྱེས་ཏེ་བསམ་གཏན་གསུམ་པར་སྐྱེ་བ་ནི་བཅུད་འཇིག་པའི་ཁོངས་སུ་གཏོགས་ལ། དེ་ནས་འོད་གསལ་ལས་བྱུང་བའི་ཆུས་སྣོད་ཐམས་ཅད་ལན་ཚྭ་ཆུར་བཅུག་པ་བཞིན་སྤྲུལ་པར་བྱེད་དོ། །རླུང་གིས་འཇིག་པའི་ཚེ་བསམ་གཏན་གསུམ་པ་བ་རྣམས་ལ་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཆོས་ཉིད་ཀྱིས་ཐོབ་སྟེ་བསམ་གཏན་བཞི་པར་སྐྱེས་པ་ནི་བཅུད་འཇིག་པའི་ཁོངས་སུ་གཏོགས་ལ། དེ་ནས་དགེ་རྒྱས་ལས་བྱུང་བའི་རླུང་གིས་སྣོད་ཀྱི་འཇིག་རྟེན་སྐམ་པའམ་འཐོར་བར་བྱེད་དེ། དུས་ནི་བར་གྱི་བསྐལ་པ་ཉི་ཤུར་མཉམ་མོ། །གཉིས་པ་ནི། དང་པོའི་རླུང་ཞེས་བྱ་བ་སྣོད་ཀྱི་འཇིག་རྟེན་ཆགས་པའི་སྔ་ལྟས་སུ་རླུང་འཇམ་པོ་ལངས་ཏེ་རླུང་གིས་ཞིག་པའི་རྗེས་སུ་དགེ་རྒྱས་ནས་དང་། ཆུས་ཞིག་པའི་རྗེས་སུ་འོད་གསལ་ནས་དང་། མེས་ཞིག་པའི་རྗེས་སུ་ཚངས་ཆེན་ནས་འཐབ་བྲལ་གྱི་བར་གྱི་སྣོད་ཀྱི་འཇིག་རྟེན་ཡས་མར་རིམ་པ་བཞིན་ཆགས། དེ་ནས་འོག་བཞི་རླུང་གི་དཀྱིལ་འཁོར་ནས་སུམ་ཅུ་རྩ་གསུམ་གྱི་བར་མས་ཡར་རིམ་པ་བཞིན་ཆགས་ཏེ་བར་བསྐལ་གཅིག་གོ །དེ་ནས་བཅུད་ཆགས་པ་ནི་རླུང་གིས་ཞིག་པའི་རྗེས་སུ་བསམ་གཏན་བཞི་པའི་ལྷ་ཚེ་ཟད་ལས་ཟད་བསོད་ནམས་ཟད་པ་ཞིག་དགེ་རྒྱས་སུ་དང་། ཆུས་ཞིག་པའི་རྗེས་སུ་བསམ་གཏན་གསུམ་པའི་ལྷ་འོད་གསལ་དུ་དང་། མེས་ཞིག་པའི་རྗེས་སུ་བསམ་གཏན་གཉིས་པའི་ལྷ་ཚངས་ཆེན་དུ་སྐྱེས་པ་ནས་བཟུང་སྟེ། རྒྱལ་ཆེན་རིས་བཞི་པའི་བར་གྱི་ལྷ་རྣམས་རིམ་པ་བཞིན་ཆགས་ལ། དེ་ནས་མི་བྱང་དང་། ནུབ་དང་། ཤར་དང་། ལྷོ་རིམ་པ་བཞིན་ཆགས། དེ་ནས་དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་མནར་མེད་པར་སེམས་ཅན་གཅིག་སྐྱེས་པའི་བར་དུ་བར་བསྐལ་བཅུ་དགུའོ། །འདི་ནི་མེས་ཞིག་པའི་རྗེས་ཡིན་ཏེ། མདོ་ལས་སེམས་ཅན་འོད་གསལ་གྱི་ལྷ་ལས་ཆད་དོ་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། མི་རྣམས་ཚེ་ལོ་དཔག་མེད་ནས་འབྲི་སྟེ། བརྒྱད་ཁྲི་བར་སླེབས་པ་དང་། མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་དུས་མཉམ་པ་ནི་ཆགས་པའི་བསྐལ་པར་གཏོགས་ལ། བརྒྱད་ཁྲི་པ་ནས་འབྲི་སྟེ་ཚེ་ལོ་བཅུ་པར་གྱུར་པའི་བར་ནི་བར་བསྐལ་དང་པོ་ཡ་ཐོག་རིང་མོ་ཞེས་བྱའོ། །འོ་ན། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །ཞེས་པ་དང་འགལ་ལོ་སྙམ་ན་འགྲིབ་པའི་ཐོག་མར་བསྟན་པའི་ཆེད་དུ་དཔག་མེད་སྨོས་པ་ཡིན་གྱི་བར་བསྐལ་བརྒྱད་ཁྲི་ནས་བཟུང་ཞེས་མཆིམས་ཀྱིས་གསུངས་པ་ཉིད་ལེགས་ཏེ། གཞན་དུ་ན་དཔག་མེད་ནས་བརྒྱད་ཁྲི་པའི་བར་དེར་ཆགས་པའི་བསྐལ་པ་ལ་ཆད་པ་དང་། གནས་པ་ལ་ལྷག་པར་འགལ་བའི་ཕྱིར་རོ། །ཚེ་ལོ་བཅུ་པ་དེ་ནས་ཡར་བརྒྱད་ཁྲི་པའི་བར་སྐྱེ་བ་དང་། ཡར་མར་འབྲི་བ་ཟུང་དུ་བྱས་པའི་བར་གྱི་ཁུག་པ་བཅོ་བརྒྱད་དང་། ཡང་ཚེ་ལོ་བརྒྱད་ཁྲི་པའི་བར་ཡར་འཕེལ་བ་བར་གྱི་བསྐལ་པ་གཅིག་ཡིན་ཏེ། མ་ཐོག་རིང་མོ་ཞེས་བྱ་བའོ། །རིང་ཐུང་གི་རྒྱུ་མཚན་ནི་ཁ་ཅིག སྔ་ཕྱི་གཉིས་ལོ་ཉིས་བརྒྱ་དང་། བར་མ་བརྒྱ་ལ་འཕེལ་འགྲིབ་བྱེད་པའོ་ཞེས་པ་ལ། མཆིམས་ཀྱིས་བསྐལ་པ་ལོས་བགྲང་ནུས་པར་འགྱུར་བས་མི་རིགས་སོ་གསུངས་པ་ཤིན་ཏུ་ལེགས་ཤིང་། ཞིབ་ཏུ་བརྩིས་ན་ཚ་བའི་སེམས་ཅན་དམྱལ་བ་ལས་རབ་ཏུ་ཚ་བ་ཚེ་ཚད་ཐུང་བར་ཐལ་བའི་སྐྱོན་ཡང་ཡོད་དོ། །དེས་ན་འཕེལ་འགྲིབ་མྱུར་བུལ་ནི་དགེ་བ་དང་མི་དགེ་བ་ལ་སྤྱོད་པ་ཤས་ཆེ་ཆུང་ཡིན་ཀྱང་། ལས་ཀྱི་བྱེ་བྲག་གིས་བར་བསྐལ་རྣམས་ནི་མཉམ་སྟེ། གོང་སྤེལ་ལས་མཐའི་བསྐལ་པ་གཉིས་ནི་དལ་གྱིས་འགྲོ་ལ་བར་བསྐལ་བཅོ་བརྒྱད་མགྱོགས་པར་འགྲོ་བས་ཐམས་ཅད་དུས་མཉམ་པར་འགྲོ་བས་ཞེས་སོ། །བཞི་པ་ནི། སྣོད་བཅུད་སྔ་མ་ཞིག་ཟིན་ནས། ཕྱི་མ་ཆགས་པའི་འགོ་བརྩམས་པའི་བར་ལ་སྔར་གྱི་གནས་བསྐལ་དང་མཉམ་པས་བར་བསྐལ་ཉི་ཤུའོ། །ལྔ་པ་ནི་བསྐལ་པ་ལོས་གཞལ་མི་ནུས་པས་བར་བསྐལ་ངོས་བཟུང་བའི་ཚུལ་ནི་སྔར་གྱི་གནས་བསྐལ་ཉི་ཤུ་པོ་གང་རུང་གཅིག་གི་ཡུན་ཚད་ལ་ངོས་བཟུང་བའོ། །དྲུག་པ་ནི། དེ་ལྟ་བུའི་བར་བསྐལ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་སྟེ། སྣོད་བཅུད་ཆགས། གནས། འཇིག ཞིག་ནས་འདུག་པ་ཚན་གཅིག་དང་དུས་མཉམ་པའོ། །ཚངས་ཆེན་གྱི་ཚེ་ཚད་བར་བསྐལ་དྲུག་ཅུར་གསུངས་པ་ཡང་། སློབ་དཔོན་གྱིས་གྲངས་ཀྱི་རྒྱུར་བགྲང་བདེ་བའི་ཆེད་དུ་གསུངས་པ་ཡིན་གྱི། དོན་ལ་སྣོད་ཆགས་པ་དང་འཇིག་པའི་བར་བསྐལ་གཉིས་མི་ཐེ་བས་ལྔ་བཅུ་རྩ་བརྒྱད་དོ། །འཇིག་ཆགས་ཀྱི་བསྐལ་པ་དྲུག་ཅུ་རྩ་བཞིའི་ཚེ། དགེ་རྒྱས་པ་ལ་ཡང་དེ་དང་འདྲའོ། །བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས་སངས་རྒྱས་དང་། བརྒྱར་ཚོགས་བསགས་པ་ལས་བསེ་རུ་ལྟ་བུའི་རང་སངས་རྒྱས་འབྱུང་བར་གྲུབ་མཐའ་བཞི་ཆར་མཐུན་ལ། གྲངས་མེད་ཀྱི་དོན་གྲངས་ཀྱི་གནས་གཞན་དྲུག་ཅུ་པ་ལ་བྱ་བ་ཡིན་གྱི། གྲངས་གཏན་མེད་ནི་མ་ཡིན་ནོ། །ལུང་སིལ་བུ་ལས་འབྱུང་བ་སྡོམ་དུ་བསྡུ་ན། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པ་ཡིན་པར་ཤེས་པར་བྱ། །ཐེར་འབུམ་ཕྲག་ཁྲིག་རབ་ཀྲམ་དང་། །གཏམ་དཀྲིགས་མི་འཁྲུགས་ཁྱད་ཕྱིན་དང་། །སྤངས་སྟེང་དེ་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་བྱིན་རྟོགས་འགྲོ་འབྱིང་འདུལ་དང་། །བརྒྱ་བརྒྱ་སྟོབས་འགྲོ་འདྲ་ཤེས་དང་། །རྣམ་བྱུང་དང་ནི་སྟོབས་མིག་རྣམས། །ཆེན་པོ་དང་ནི་བཅས་པ་སྟེ། །གྲངས་མེད་པ་ནི་ཐ་མ་ཡི། །བར་ནས་བརྒྱད་ནི་མ་རྙེད་པས། །དུང་ཕྱུར་མན་ཆད་དག་ཏུ་ནི། །གང་ཡང་རུང་བ་བརྒྱད་བསྣན་ནོ། །ཞེས་པའོ། །དེ་ཡང་འདི་པས་གྲངས་མེད་གསུམ་ཚོགས་ལམ་ཁོ་ན་ལ་འདའ་བར་འདོད་ཅིང་། ཐེག་ཆེན་པས་མོས་སྤྱོད་དང་། ས་བདུན་དང་། ས་གསུམ་ལ་འདའ་བར་འདོད་དོ། །བདུན་པ་ནི། བར་བསྐལ་བཞི་བཅུ་ལ་བསྐལ་པ་ཞེས་པའི་ཐ་སྙད་བྱས་པ་སྟེ། ཆོས་མངོན་པའི་བསྟན་བཅོས་ལས། ཚངས་རིས་པའི་ཚེ་ཚད་བར་བསྐལ་ཉི་ཤུ། ཚངས་པ་མདུན་ན་འདོན་པའི་བཞི་བཅུ། ཚངས་ཆེན་པས་ལྔ་བཅུ་རྩ་བརྒྱད། འོད་ཆུང་བའི་བསྐལ་ཆེན་གཅིག་ཞེས་པ་ནས་སྤྲིན་མེད་པའི་བསྐལ་ཆེན་བརྒྱ་ཉི་ཤུ་རྩ་ལྔ་ཞེས་སོགས་སོ། །རང་རང་གི་ཚེ་ཚད་ངེས་པ་ཅན་བགྲང་ནས་ཡོད་པ་ལ་སློབ་དཔོན་གྱིས། རང་ལུས་གཞལ་བའི་བསྐལ་པ་ཡིས། །ཞེས་པའི་འགྱུར་སྒྲེ་བའི་ཚེ། གཟུགས་ཅན་དང་པོ་བསྐལ་པ་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ཚེ་ནི་གཉིས་འགྱུར་གཉིས་འགྱུར་ཏེ། །སྤྲིན་མེད་བསྐལ་པ་གསུམ་དོར་རོ། །ཞེས་བསྡུ་བའི་ཆེད་དུ་སློབ་དཔོན་ཉིད་ཀྱིས་ཐ་སྙད་མཛད་པའོ། །སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །ཞེས་སོགས་ཀྱི་སྐབས་སུ། བསྐལ་པ་དང་པོའི་མིའི་མཚན་ཉིད། དེ་ལས་འགྲིབ་པའི་ཚུལ། བསྐལ་པ་འདི་ཉིད་ངོས་བཟུང་བ་གསུམ་ལས། དང་པོ་ནི། གླིང་བཞིའི་མི་ཆགས་པ་ནས་བཟུང་སྟེ་ཚེ་ལོ་དཔག་མེད་ནས་འགྲིབ་པའི་འགོ་མི་རྩོམ་པའི་བར་གྱི་སེམས་ཅན་རྣམས་ནི་གཟུགས་ཅན་གྱི་ལྷ་བཞིན་དུ་རང་གི་ལུས་ལ་འོད་ཡོད་པ་དང་། ཡིད་ལས་བྱུང་ཞིང་རྫུ་འཕྲུལ་དང་ལྡན་པ་དང་། ཟས་སུ་དགའ་བ་ཟ་ཞིང་། ཡན་ལག་དང་དབང་པོ་ཚང་བ་དང་། རྒྱུད་འཇམ་ཤིང་ཚེ་རིང་བ་ལ་སོགས་པ་སྟེ་སེམས་ཅན་སེམས་ཅན་ཞེས་བྱ་བ་ཙམ་མ་གཏོགས། ཕོ་མོའི་བྱེ་བྲག་དང་། མིང་ཐ་དད་པ་ཡང་མེད་པར་བཤད་དོ། །གཉིས་པ་ནི། དེ་ནས་རིམ་གྱིས་རོ་ལ་ཆགས་ཏེ། ཐོག་མར་སའི་བཅུད་ཁ་དོག་དམར་སེར། རོ་སྦྲང་རྩི་མ་བསྐོལ་བ་ལྟ་བུའི་རོ་སེམས་ཅན་བརྐམ་པའི་རང་བཞིན་ཅན་འགའ་ཞིག་གིས་མྱོང་ཞིང་ཟོས་པས་ཁམ་ཟས་ཀྱི་དང་པོ་བྱུང་ངོ་། །དེ་ལྟར་གཞན་གྱིས་ཀྱང་ཟོས་པས་ལུས་ལྕི་ཞིང་འོད་ནུབ་པ་དང་། ལྷའི་བུ་ཉི་མ་གཞལ་མེད་ཁང་ལ་ཞུགས་ནས་གླིང་བཞི་བསྐོར་བས་ཉི་མ་བྱུང་། དེ་ནུབ་པ་དང་ཟླ་བ་ཤར་བས་ད་ནང་གི་དེའི་ཟླ་བྱུང་ཞེས་གྲགས་སོ། །དེ་ནས་སའི་ཞག་དོང་ཀའི་མེ་ཏོག་ལྟ་བུ་བྱུང་སྟེ། དེ་ཡང་སྔ་མ་ལྟར་ཟད། དེ་ནས་མྱུ་གུའི་ཚལ་ཀ་དམ་པའི་མེ་ཏོག་ལྟ་བུ་བྱུང་སྟེ་ཡང་ཟད། དེ་ནས་མ་སྨོས་མ་བཏབ་པའི་འབྲས་སཱ་ལུ་ཕུབ་ཤུན་མེད་པ་བྱུང་སྟེ། ཟོས་པ་དང་། དེ་ཆེས་རགས་པས་རྒྱུ་མཐུན་གྱི་ལམ་གཉིས་དོད་ཅིང་། སྔོན་གོམས་པའི་དབང་གིས་ལོག་པར་ཞུགས་པ་ལ་གཞན་གྱིས་གནོད་པ་བསྐྱབ་པའི་ཕྱིར། ཁང་པ་བྱས་པས་ཁྱིམ་ཞེས་གྲག་གོ །དེ་ཡང་འབྲས་སཱ་ལུ་ནང་ནུབ་ཟ་རེས་ཀྱིས་ལེན་ཅིང་། སླར་སྐྱེ་བ་ལ་ལེ་ལོ་ཅན་འགའ་ཞིག་གིས་གསོག་འཇོག་བྱས་ཤིང་། གཞན་གྱིས་ཀྱང་དེ་ལྟར་བྱས་པས་སཱ་ལུ་ཟད་དོ། །དེ་ནས་འཛིན་བཅས་རྣམས་ཀྱི་ཞིང་ལ་ས་བོན་བཏབ་སྟེ། ཞིང་སོ་སོར་བགོས་ནས་བདག་ཏུ་འཛིན་པ་དང་བཅས་ཏེ་ས་བོན་བཏབ་པ་ལ་རྐུན་མ་སོགས་བྱུང་བས་དེར་སྐྱོ་ཞིང་ཡིད་ཕྱིར་ཕྱོགས་ཏེ་དགོན་པར་སོང་བས་བྲམ་ཟེ་བྱུང་། རྩོད་པ་མི་འབྱུང་བར་བྱ་བའི་ཕྱིར། མི་རྣམས་ཀྱིས་འདིའི་ཁྱད་པར་བློ་གཟུ་བོ་འགའ་ཞིག་ཞིང་དཔོན་དུ་བསྐོས་ཏེ། རང་རང་གི་སྟོན་ཐོག་དྲུག་ཆས་བསྟབས་པ་ནི་རྒྱལ་རིགས་སོ། །དེ་ཉིད་སོ་སྐྱེ་ཕལ་པོ་ཆེས་བཀུར་བའི་མང་པོས་བཀུར་བའི་རྒྱལ་བརྒྱུད་ཀྱི་དང་པོ་སྟེ། མང་པོས་བཀུར་དང་འོད་མཛེས་དང་། །དགེ་བ་དགེ་མཆོག་གསོ་སྦྱོང་འཕགས། །བསྐལ་པ་དང་པོའི་རྒྱལ་པོ་ལྔ། །སྤྱི་བོ་སྐྱེས་དང་མཛེས་པ་དང་། །ཉེར་མཛེས་མཛེས་ཅན་མཛེས་ལྡན་ཏེ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྔ། །གླིང་བཞི་ལ་སོགས་རིམ་པར་དབང་། །ཞེས་པ་རྣམས་སོ། །བརྒྱད་ཁྲི་པ་མན་ཆོད་དུ་འཁོར་ལོས་བསྒྱུར་བ་མི་འབྱུང་བས་དེའི་བརྒྱུད་པ་དུ་མ་འབྱུང་བའི་བར་སྐབས་སུ། རྒྱལ་པོ་བྷ་ར་དྷྭ་ཛ་དང་། གོའུ་ཏ་མ་གཉིས་བྱུང་བའི་དང་པོས་རྒྱལ་སྲིད་བཟུང་། གཉིས་པས་དྲང་སྲོང་མདོག་ནག་གི་དྲུང་དུ་ཚངས་པར་སྤྱོད་པ་ལ་ཆད་པས་ཕོག་པས་གསལ་ཤིང་ལ་བསྐྱོན་པའི་ཚེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་པའི་ས་བོན་ལས་སྒོ་ང་གྲུབ་པ་ཉི་མས་སྨིན་པར་བྱས་པ་དང་། གོའུ་ཏ་མའི་བུ་ཡིན་པ་དང་། བུ་རམ་ཤིང་གི་གསེབ་ནས་རྙེད་པས་ཉི་མའི་གཉེན་དང་། གོའུ་ཏ་མ་དང་། བུ་རམ་ཤིང་པ་ཞེས་པའི་མིང་གསུམ་བྱུང་བ་ཡིན་ནོ། །དེ་ནས་རིམ་གྱིས་རྒྱལ་པོ་སྐྱབ་སེང་གི་བུ་སྔ་ཚར་བཞི། སེར་སྐྱའི་གནས་སུ་སྤྱུགས་པ་སྲིང་མོ་དང་ལྷན་ཅིག་འདུས་པས་ཤཱཀྱའི་རིགས། དེ་ནས་རིམ་གྱིས་སེང་གེ་འགྲམ་དང་ཟས་གཙང་མ་དང་། དོན་ཐམས་ཅད་གྲུབ་པ་དང་། སྒྲ་གཅན་ཟིན་གྱི་བར་དུ་བྱུང་ངོ་། །མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། བད་ས་ལའི་རྒྱལ་པོ་འཆར་བྱེད་དང་། འཕགས་རྒྱལ་གྱི་རྒྱལ་པོ་རབ་སྣང་ལ་སོགས་པ་ནི་ཁམས་ཀྱི་རྒྱལ་ཕྲན་ཞེས་བྱའོ། །བོད་རྣམས་ནི་སྔོན་སྟོན་པ་མ་བྱོན་པའི་དུས་ན་རྒྱལ་པོ་སྐྱབ་སེང་ཞེས་པས་རྩོད་པ་རྒྱལ་བར་བྱས་པའི་ཚེ། རཱུ་པའི་ཞེས་པའི་རྒྱལ་པོ་ཞིག་དཔུང་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ནས་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས་འཕེལ་བ་ནི་དེང་སང་ཡན་ཆད་བོད་ཅེས་གྲགས་སོ་ཞེས་སློབ་དཔོན་ཤེས་རབ་གོ་ཆས་བཤད་དོ། །གསུམ་པ་ནི་བར་གྱི་བསྐལ་པ་འདི་ནི་ཡ་ཐོག་རིང་མོ་ཡིན་པར་སྔར་གྱི་རྒྱལ་བརྒྱུད་བྱུང་ཚུལ་གྱིས་ཤེས་ལ། ད་དུང་གནས་པ་ལ་བར་བསྐལ་བཅུ་དགུ་ཡོད་པའོ། །འཇིག་རྟེན་བསྟན་པའི་གནས་ཀྱི་དཀའ་བའི་གནས་རྣམས་བཤད་ཟིན་ཏོ།། །།དེ་ནི་སེམས་པ་དང་འདུས་བྱས། །ཞེས་པའི་སྐབས་སུ།། །།


previousཆོས་མངོན་པ་མཛོད་ཀྱི་བཤད་ཐབས་ཀྱི་མན་ངག་ངོ་མཚར་གསུམ་ལྡན།next