ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར།

ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ།། ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ཞེས་བྱ་བ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་རྟ་ལྗང་གིས། །གདུལ་བྱའི་རི་ལ་ཅི་ལྟར་འོས་པ་བཞིན། །རིམ་པར་དྲང་བའི་ཕྲིན་ལས་གཟི་འོད་ཅན། །སངས་རྒྱས་ཉི་མ་དེ་ལ་བདག་ཅག་དད། །གང་ཞིག་རྟོགས་ན་བློ་ཡི་རིམ་པ་བཞིན། །ཐེག་པ་གསུམ་གྱི་བྱང་ཆུབ་སྦྱིན་བྱེད་པའི། །རྟག་ཆད་མཐའ་སྤངས་དབུ་མའི་ལམ་འདི་ལ། །གངས་ཅན་འདི་ན་རྟོགས་པ་ཐ་དད་གྱུར། །དེ་ལ་ཀླུ་སྒྲུབ་སྙིང་པོའི་བཞེད་པ་ཡི། །ཡང་དག་ལྟ་བའི་དེ་ཉིད་འདི་ཡིན་ཞེས། །དམ་པ་རྣམས་ཀྱི་གསུང་རབ་ལ་བརྟེན་ནས། །རྣམ་པར་དབྱེ་བ་འདི་ནི་ཁོ་བོས་སྨྲ། །དེ་ལ་སྤྱིར་གྲུབ་མཐའ་སྨྲ་བ་བཞི་པོ་ཐམས་ཅད་ཀྱང་རང་རང་གི་གྲུབ་མཐའ་ནས་བཤད་པའི་ལམ་དེ་ཉིད་རྟག་ཆད་སྤངས་པའི་དབུ་མའི་ལམ་དུ་འདོད་ཅིང་དེའི་ཚེ་དངོས་པོར་སྨྲ་བ་དག་གིས་གྲུབ་མཐའ་བཞིའི་ཕྱི་མ་ལ་དབུ་མ་ཞེས་མི་བརྗོད་པར་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་བརྗོད་དོ། །འོན་ཀྱང་། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཞེས་པའི་ཚུལ་གྱིས་དབུ་མ་པ་རྣམས་ཀྱིས་ནི། གྲུབ་མཐའ་འོག་མ་དག་གིས་རྟག་ཆད་ཀྱི་མཐའ་ཅི་ལྟར་སྤངས་ཀྱང་དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་པར་སྨྲ་བས། རྟག་ཆད་ཀྱི་མཐའ་གང་རུང་ལས་མ་འདས་ལ། དེས་ན་བྱང་ཆུབ་གསུམ་པོ་གང་རུང་བསྒྲུབ་པ་ལ་རྟག་ཆད་ཀྱི་མཐའ་སྤོང་བའི་ཚུལ་འདི་ལྟར་དགོས་སོ་ཞེས་རང་གི་གྲུབ་པའི་མཐའ་ལས་རྟག་ཆད་ཀྱི་མཐའ་སྤོང་ཚུལ་དང་། དེའི་སྒོ་ནས་བྱང་ཆུབ་གསུམ་སྒྲུབ་ཚུལ་གྱི་གཞུང་འཛུགས་པར་མཛད་དོ། །དེ་ལ་ཡང་འཕགས་ཡུལ་གྱི་དབུ་མ་པ་ཆེན་པོ་རྣམས་ཀྱིས་ནི་གཞུང་གི་འཆད་ཚུལ་དང་། ཐ་སྙད་ཀྱི་རྣམ་གཞག་ལ་མི་འདྲ་བའི་ཁྱད་པར་མང་དུ་མཛད་ཀྱང་མཐར་ཐུག་གི་ལྟ་བའི་གནད་ལ་མི་འདྲ་བའི་ཁྱད་པར་མཛད་པ་མི་སྣང་ངོ་། །གངས་རིའི་ཁྲོད་འདིར་ནི་དབུ་མའི་ལྟ་བ་ཁས་ལེན་བཞིན་དུ་མཐར་ཐུག་གི་ལྟ་བའི་གནད་ལ་མི་འདྲ་བ་གསུམ་དུ་སྣང་སྟེ། འདི་ལྟར་རྟག་མཐའ་ལ་དབུ་མར་སྨྲ་བ་དང་། ཆད་མཐའ་ལ་དབུ་མར་སྨྲ་བ་དང་། མཐའ་བྲལ་ལ་དབུ་མར་སྨྲ་བའོ། །༼རྟག་མཐའ་ལ་དབུ་མར་སྨྲ་བའི་ལུགས་བརྗོད་པ།༽ ལུགས་དང་པོ་ནི། མཁྱེན་རབ་དང་ཐུགས་རྗེ་ཕུལ་དུ་བྱུང་ཞིང་ཉམས་དང་རྟོགས་པའི་དབང་ཕྱུག་ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན་གྱི་བཞེད་པ་ལ། སྟོང་པ་ཉིད་ནི་རྣམ་པ་གཉིས་ཏེ། རང་གི་ངོ་བོས་སྟོང་པ་ཉིད་དང་། གཞན་གྱི་ངོ་བོས་སྟོང་པ་ཉིད་དོ། །བདེན་པ་ཡང་གཉིས་ཏེ་ཀུན་རྫོབ་བདེན་པ་དང་། དོན་དམ་པའི་བདེན་པའོ། །ངོ་བོ་ཉིད་ཀྱང་རྣམ་པ་གསུམ་སྟེ། ཀུན་བཏགས་དང་། གཞན་དབང་དང་། ཡོངས་གྲུབ་བོ། །དེ་ལ་ཀུན་བཏགས་དང་། གཞན་དབང་ནི་ཀུན་རྫོབ་བདེན་པ་ཡིན་ལ། ཀུན་རྫོབ་བདེན་པ་གང་ཡིན་པ་དེ་ནི། རྨི་ལམ་དང་སྒྱུ་མ་ལ་སོགས་པ་བཞིན་དུ་གདོད་མ་ནས་རང་གི་ངོ་བོས་སྟོང་པའི་ཕྱིར་དེ་དག་གི་སྟོང་པ་ཉིད་དེ་ནི་རང་གི་ངོ་བོས་སྟོང་པ་ཉིད་ཅེས་བྱ་ལ། དེ་ཡང་མེད་པར་དགག་པ་ཙམ་གྱི་ངོ་བོ་ཉིད་ཡིན་པས་ཆད་པའི་སྟོང་པ་ཉིད་དང་། བེམ་པོའི་སྟོང་པ་ཉིད་དང་། ཉི་ཚེ་བའི་སྟོང་པ་ཉིད་ཡིན་གྱི། ཡང་དག་པར་ཕྱིན་ཅི་མ་ལོག་པའི་སྟོང་པ་དོན་དམ་པའི་བདེན་པ་མིན་ནོ། །ཀུན་རྫོབ་རང་སྟོང་ཡིན་པ་འདི་ལ་དགོངས་ནས། ཤེར་ཕྱིན་གྱི་མདོ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཉིད་དུ་གསུངས་པ་ཡིན་ལ། དེའི་དགོངས་འགྲེལ་ཀླུ་སྒྲུབ་ཞབས་ཀྱི་རིགས་ཚོགས་རྣམས་ལས་ཀྱང་རང་སྟོང་མེད་དགག་ཆད་པའི་སྟོང་ཉིད་དེ་གཙོ་བོར་བསྟན་པ་ཡིན་གྱི། མདོ་དང་བསྟན་བཅོས་དེ་དག་གིས་ཀྱང་དོན་དམ་བདེན་པ་རྫོགས་པ་དང་གསལ་པོར་བསྟན་པ་ནི་མེད་དོ། །ཤེར་ཕྱིན་གྱི་མདོ་ལས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མེད་དོ། །ཞེས་གསུངས་པ་ཀུན་བཏགས་དང་། སྒྱུ་མ་དང་རྨི་ལམ་ལ་སོགས་པ་བསྟན་པ་ནི། གཞན་དབང་ལ་དགོངས་ནས་གསུངས་པ་ཡིན་གྱི། ཡོངས་གྲུབ་དོན་དམ་པའི་བདེན་པ་མེད་པ་དང་། རྫུན་པ་སོགས་སུ་སྟོན་པ་ནི་མིན་ཏེ། བརྒྱད་སྟོང་དོན་བསྡུས་ལས། མེད་ཅེས་བྱ་བའི་ཚིག་གིས་ནི། །བཏགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་ཡིས་ནི། །གཞན་གྱི་དབང་ནི་ཡོངས་སུ་བསྟན། །རྣམ་པར་དག་པ་བཞིར་བསྟན་ནས། །ཡོངས་སུ་གྲུབ་པ་བསྟན་པ་ཡིན། །ཞེས་གསུངས་པས་སོ། །ཆོས་ཉིད་ཡོངས་གྲུབ་དོན་དམ་པའི་བདེན་པ་ནི་རང་གི་ངོ་བོས་སྟོང་པ་མིན་གྱི་ཀུན་བཏགས་གཞན་དབང་གི་ངོ་བོ་འདུས་བྱས་ཀྱི་ཆོས་ཀུན་རྫོབ་ཀྱི་ངོ་བོས་སྟོང་པའི་ཕྱིར་ན་གཞན་གྱི་ངོ་བོས་སྟོང་པ་ཡིན་ལ། དེ་ནི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་སྟོང་ཉིད་དོན་དམ་པའི་བདེན་པ་དང་། ཆོས་ཀྱི་སྐུ་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་ནོ། །དེ་ལ་སྟོབས་དང་མི་འཇིགས་པ་དང་། མཚན་དང་དཔེ་བྱད་ལ་སོགས་པ་འདུས་མ་བྱས་པའི་ཡོན་ཏན་དཔག་ཏུ་མེད་པ་གདོད་མ་ནས་གནས་པ་ཡིན་ཏེ། ཕལ་པོ་ཆེའི་མདོ་ལས། སྟོང་གསུམ་དར་ཡུག་ཆེན་པོའི་དཔེ་དང་བཅས་ཏེ་གསུངས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དཔེ་དགུ་དང་སྦྱར་ཏེ་རྒྱས་པར་གསུངས་པའི་ཕྱིར་རོ། །གཞན་ཡང་དེ་ནི་རྟག་པ་བརྟན་པ་ཐེར་ཟུག་པ་མི་འགྱུར་བའི་ཆོས་ཅན་གཙང་བ་བདེ་བ་རྟག་པ་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་ལྟ་བུའི་གཞན་སྟོང་དོན་དམ་པའི་བདེན་པ་འདི་ཡང་། འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་དང་། ལྷག་བསམ་བསྟན་པའི་ལེའུའི་མདོ་དང་། དཔལ་ཕྲེང་སེང་གེའི་ང་རོའི་མདོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། འཕེལ་འགྲིབ་མེད་པར་བསྟན་པའི་མདོ་དང་། རྔ་བོ་ཆེའི་མདོ་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང་། གཙུག་ན་རིན་པོ་ཆེའི་མདོ་དང་། སོར་མོའི་ཕྲེང་བའི་མདོ་དང་། མྱ་ངན་འདས་པ་ཆེན་པོའི་མདོ་ལ་སོགས་པ་བཀའ་ཐ་མ་དོན་དམ་པ་རྣམ་པར་ངེས་པའི་མདོ་རྣམས་ལས་གསལ་པོར་གསུངས་ཤིང་། དེ་དག་གི་དགོངས་འགྲེལ་ཐེག་པ་ཆེན་པོ་རྒྱུད་བླ་མ་སོགས་བྱམས་ཆོས་ཕྱི་མ་རྣམས་དང་། ཐོགས་མེད་སྐུ་མཆེད་ཀྱི་བསྟན་བཅོས་རྣམས་དང་། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་ཆོས་དབྱིངས་བསྟོད་པ་སོགས་བསྟོད་ཚོགས་རྣམས་ལས་གསལ་བར་བསྟན་ཏོ། །དེ་ལ་ཀུན་རྫོབ་བདེན་པ་ནི་རང་རང་གི་ངོ་བོས་སྟོང་པའི་ཕྱིར་དང་། དེ་དག་ཀྱང་ཆོས་ཉིད་དོན་དམ་པའི་བདེན་པ་ལ་གདོད་མ་ནས་མ་གྲུབ་པའི་ཕྱིར་རྟག་པའི་མཐའ་ལས་གྲོལ་ལ། ཆོས་ཉིད་ཡོངས་གྲུབ་ནི་ནམ་ཡང་མེད་པ་མིན་པས་གདོད་མ་ནས་བདེན་པ་དང་རྟག་པ་སོགས་སུ་གྲུབ་པའི་ཕྱིར་ཆད་པའི་མཐའ་ལས་གྲོལ་བས། དེའི་ཕྱིར་འདི་ནི་མཐའ་བྲལ་དབུ་མ་ཆེན་པོའི་ལམ་ཡིན་ཏེ། ཀུན་བཏུས་སུ། གང་ལ་གང་མེད་པ་དེ་ནི་དེས་སྟོང་པ་ཡང་དག་པར་མཐོང་སྟེ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ཡོད་པའོ། །ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཅི་ལྟ་བ་སྟེ། ཕྱིན་ཅི་མ་ལོག་པ་ཞེས་དང་། འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཡོད་པ་ཡང་ཡོད་པར། མེད་པ་ཡང་མེད་པར་ཡང་དག་པར་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་སོགས་འབྱུང་བའི་ཕྱིར། དེའི་ཕྱིར་ལུགས་འདི་ནི་ངེས་པའི་དོན་གྱི་མདོ་སྡེ་རྣམས་ཀྱིས་བསྟན་པ། ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་བ། གྲུབ་པ་བརྙེས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པ། བསྟན་པའི་སྙིང་པོ་དམ་པ་ཡིན་གྱི། རང་སྟོང་ཙམ་གྱིས་ཆོག་པར་འཛིན་པ་དག་གིས་ནི་བསྟན་པའི་སྙིང་པོ་སྟོང་པ་ཉིད་ཀྱི་དོན་ལེགས་པར་རྟོགས་པ་མ་ཡིན་ནོ། །ཞེས་བཞེད་དོ། །༼ཆད་མཐའ་ལ་དབུ་མར་སྨྲ་བའི་ལུགས་བརྗོད་པ།༽ ལུགས་གཉིས་པ་ནི། ལེགས་པར་དཔྱོད་པའི་བློ་གྲོས་ཀྱིས་གསུང་རབ་ཀྱི་དགོངས་པ་རང་སྟོབས་ཀྱིས་འགྲེལ་ཞིང་། སྙིང་རྗེ་དང་སེམས་བསྐྱེད་ལ་སོགས་པའི་ཡོན་ཏན་གྱི་རྒྱན་གྱིས་མཛེས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས། དབུ་མ་རྩ་འཇུག་གི་རྣམ་བཤད་དང་། དྲང་ངེས་རྣམ་འབྱེད་ལ་སོགས་པ་རྣམས་སུ་འཕགས་ཡུལ་གྱི་རང་རྒྱུད་པའི་སློབ་དཔོན་ཆེན་པོ་རྣམས་དང་། བོད་ཡུལ་དུ་སྔར་བྱོན་པའི་དབུ་མ་པ་རྣམས་ཀྱིས་མ་རྟོགས་པའི་དབུ་མ་ཐལ་འགྱུར་བའི་གནད་འདི་ཡིན་ནོ། །ཞེས་ཐུན་མོང་མ་ཡིན་པའི་གྲུབ་མཐའི་འཇོག་ཚུལ་དང་གཞུང་གི་བཤད་ཚུལ་མང་པོ་ཞིག་སྣང་བ་ལ། འདིར་ཉེ་བར་མཁོ་བ་རགས་རིམ་ཙམ་ཞིག་བརྗོད་ན། དོན་དམ་སྟོང་ཉིད་ཀྱི་རྣམ་གཞག་དང་། ཀུན་རྫོབ་སྣང་བའི་རྣམ་གཞག་དང་། དེ་དག་ལས་འཕྲོས་པའི་དོན་གསུམ་ལས། དང་པོ་ནི། སྟོང་ཉིད་བདུན་ཅུ་པ་ལས། དངོས་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ལས་ཡན་ལག་བཅུ་གཉིས་འབྱུང་བས་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་ཡིན་པར་གསུངས་པ་དང་། བཞི་བརྒྱ་པ་ལས། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། ཡང་གཏི་མུག་བཅོམ་པས་ཉོན་མོངས་ཐམས་ཅད་བཅོམ་པར་འགྱུར་ཞིང་། རྟེན་འབྲེལ་མཐོང་བས་གཏི་མུག་འབྱུང་བར་མི་འགྱུར་བར་གསུངས་པ་དང་། དེ་དག་གི་འགྲེལ་པ་རྣམས་ལས་ཀྱང་། བདེན་འཛིན་གྱི་མ་རིག་པ་ནི་འཁོར་བའི་རྩ་བ་ཡིན་པར་གསུངས་པས། དབུ་མའི་དགག་བྱ་ནི་གང་ཟག་དང་ཆོས་ལ་བདེན་པར་འཛིན་པའི་བདེན་འཛིན་ཁོ་ན་ཡིན་ལ། དེ་འགོག་པ་ལ་དེའི་ཞེན་ཡུལ་བདེན་པ་ངོས་བཟུང་ནས་དེ་སུན་ཕྱུང་དགོས་པས། བདེན་པའི་ཚད་ལ་རང་རྒྱུད་པ་རྣམས་ཀྱིས་བློ་ལ་མ་ལྟོས་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཞིག་ཡོད་ན། བདེན་པར་གྲུབ་པ་དང་། དོན་དམ་པར་གྲུབ་པ་དང་། ཡང་དག་པར་གྲུབ་པ་ཞིག་ཡིན་པས། དེ་དག་དགག་བྱ་ཡིན་ལ། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ་དང་། ངོ་བོ་ཉིད་ཀྱིས་གྲུབ་པ་ནི་ཐ་སྙད་དུ་ཡོད་པས། དགག་བྱ་མིན་པར་བཞེད་དོ། །ཐལ་འགྱུར་བ་རྣམས་ཀྱིས་ནི་རང་རྒྱུད་པའི་དགག་བྱར་བྱེད་པ་དེ་དག་ནི་དགག་བྱ་རགས་པ་ཡིན་ལ། ཕྲ་བ་ནི། བཏགས་དོན་བཙལ་བའི་ཚེ་རྙེད་པ་ཞིག་ཡོད་ན་བདེན་པར་གྲུབ་པའི་ཚད་ཡིན་པས། དེ་ཉིད་དགག་བྱ་ཕྲ་བ་ཡིན་ལ། དེ་ནི་རང་རྒྱུད་པ་རྣམས་ཀྱིས་དགག་བྱར་མི་འདོད་པས་ཐལ་འགྱུར་བའི་ལུགས་ཀྱི་གནད་ཐུན་མོང་མ་ཡིན་པའོ། །དེ་ལྟ་བུའི་བདེན་པ་དེ། དབུ་མའི་གཞུང་ལས་བཤད་པའི་རིགས་པ་རྣམས་ཀྱིས་བཙལ་བའི་ཚེ། མ་རྙེད་པའི་བདེན་པ་བཀག་ཙམ་གྱི་སྟོང་ཉིད་མེད་དགག་དེ་ཉིད་དབུ་མའི་ལྟ་བ་མཐར་ཐུག་པ་ཡིན་ཞིང་། དོན་དམ་བདེན་པ་མཚན་ཉིད་པ་ཡང་ཡིན་ལ། ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་པའང་ཡིན་ནོ། །དེ་ལྟར་བདེན་པ་བཀག་ཟིན་ནས་བདེན་པ་བཀག་པའི་སྟོང་ཉིད་དེར་མངོན་པར་ཞེན་པ་ནི་དགག་ཏུ་མི་རུང་སྟེ། དེ་ཡུལ་གྱི་གནས་ལུགས་རྟོགས་པའི་བློ་ཡིན་པའི་ཕྱིར་དང་། དབུ་མའི་དགག་བྱ་ནི་བདེན་པ་ཁོ་ན་ཡིན་ལ་དེས་བདེན་པར་མ་བཟུང་བའི་ཕྱིར། འོ་ན། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །ཞེས་སོགས་ཡུལ་གྱི་གནས་ལུགས་མཐའ་བཞི་ཆར་གྱི་སྤྲོས་པ་དང་བྲལ་བར་གསུངས་པ་དང་། བློས་མཐའ་བཞི་གང་དུ་ཡང་བཟུང་དུ་མི་རུང་བར་གསུངས་པ་རྣམས་དང་འགལ་ལོ་སྙམ་ན། དེའི་དོན་ནི། དོན་དམ་དུ་ཡོད་པ་ཡང་མ་ཡིན། ཀུན་རྫོབ་ཏུ་མེད་པ་ཡང་མ་ཡིན་པའི་ཕྱིར། བློས་ཀྱང་དེ་ལྟར་འཛིན་དུ་མི་རུང་ཞེས་པའི་དོན་ཡིན་གྱི་ཡོད་མིན་མེད་མིན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་སྟེ། དགག་པ་གཉིས་ཀྱི་རྣལ་མ་གོ་བས། ཡོད་པ་མ་ཡིན་ན་མེད་དགོས་ཤིང་། མེད་པ་མིན་ན་ཡོད་དགོས་པའི་ཕྱིར། བློས་མཐའ་གང་དུ་ཡང་མི་འཛིན་པ་དབུ་མའི་ལྟ་བར་འདོད་པ་ནི་རྒྱ་ནག་ཧ་ཤང་གི་ལྟ་བ་དང་མཚུངས་པས། བདེན་པ་བཀག་ཟིན་ནས་བདེན་པས་སྟོང་པའི་སྟོང་ཉིད་ཁོ་ནར་བཟུང་བ་ནི་གནས་ལུགས་རྟོགས་པའི་བློ་ཡིན་ནོ། །དེ་ལྟར་བདེན་འཛིན་ལེགས་པར་ངོས་ཟིན་ན་བདེན་འཛིན་གཉིས་མིན་པའི་རྟོག་པ་དུ་མ་ཞིག་ཡོད་པར་ཤེས་པར་འགྱུར་བས། རྟོག་པས་གང་བཟུང་གི་ཡུལ་ཐམས་ཅད་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དགག་པར་འདོད་པའི་ལོག་རྟོག་ཐམས་ཅད་ཟློག་པར་འགྱུར་རོ། །གཉིས་པ་ཀུན་རྫོབ་སྣང་བའི་རྣམ་གཞག་ནི། དབུ་མ་རང་རྒྱུད་པ་རྣམས་ཀྱིས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་ལེན་གྱི་འདིར་དེ་ཁས་མི་ལེན་པས་གང་ཟག་དང་ཆོས་ཐ་སྙད་དུ་འཇོག་པའི་ཚུལ་ནི། འདི་ནི་ལྷ་སྦྱིན་ནོ། །འདི་ནི་ལྷ་སྦྱིན་གྱི་རྣ་བའོ་ཞེས་སོགས་ཐ་སྙད་འདོགས་པའི་ཚེ་ན། ཐ་སྙད་དེའི་དབང་གིས་ལྷ་སྦྱིན་དང་། ལྷ་སྦྱིན་གྱི་རྣ་བ་ལ་སོགས་པ་ཡོད་པར་འཇོག་གི་དེ་ལས་གཞན་པའི་འཇོག་བྱེད་མེད་པ་ནི་ཐ་སྙད་དུ་ཡོད་པའི་དོན་ནོ། །དེ་དག་ལ་ཐ་སྙད་དེས་བཏགས་པའི་དོན་གང་ཡིན་བཙལ་བའི་ཚེ་ན་མ་རྙེད་ཀྱང་ཐ་སྙད་བཏགས་པ་ཙམ་ལ་རྒྱུ་འབྲས་ལ་སོགས་པ་འཇོག་ཅེས་པ་ནི་ལུགས་འདི་པའི་ཐུན་མོང་མིན་པའོ། །ཀུན་རྫོབ་ཀྱི་ནང་ཚན་གྱི་འཇོག་ཚུལ་ལ་ཀུན་གཞི་མེད་ཀྱང་ལས་འབྲས་འཇོག་པའི་ཚུལ་ནི། ལས་བྱས་མ་ཐག་ཏུ་འགག་པས་ལས་དེ་འབྲས་བུའི་བར་དུ་ཡང་མི་འགྲོ་ན་ལས་འགགས་ནས་ཡུན་རིང་པོ་ལོན་པ་དེས་འབྲས་བུ་ཅི་ལྟར་བསྐྱེད་ཅེ་ན། འདི་ལ་བྱེ་བྲག་སྨྲ་བས་ལས་འགག་པ་ན་ལས་ཀྱིས་ཆུད་མི་ཟ་སྐྱེ་ཞིང་དེས་འབྲས་བུ་བསྐྱེད་པར་འདོད་དོ། །མདོ་སྡེ་པས་ལས་ཀྱིས་ཐོབ་པ་སྐྱེ་ཞིང་དེས་འབྲས་བུ་བསྐྱེད་པར་འདོད་དོ། །སེམས་ཙམ་པས་ཀུན་གཞིའི་རྣམ་ཤེས་ལ་བག་ཆགས་བཞག་ནས་བག་ཆགས་དེས་ལས་ཀྱི་འབྲས་བུ་བསྐྱེད་པར་འདོད་པ་རྣམས་ནི་ལས་འབྲས་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་དུ་འདོད་པའི་ལུགས་ཡིན་ལ། དེ་དག་བཀག་ནས་འདིར་ལས་ཀྱིས་ཞིག་པ་དངོས་པོ་བ་བསྐྱེད་ནས་དེས་ལས་ཀྱི་འབྲས་བུ་བསྐྱེད་པ་ནི་ཐུན་མོང་མིན་པའི་གནད་ཡིན་ནོ། །ཆུ་ཕོར་གང་གི་གོ་ས་ན་རིགས་དྲུག་གིས་ཆུ་དང་། རྣག་ཁྲག་ལ་སོགས་པའི་མཐོང་སྣང་དྲུག་འབྱུང་བའི་ཚེ་མིག་ཤེས་དེ་དག་ལ་འཁྲུལ་མ་འཁྲུལ་གྱི་ཁྱད་པར་མེད་པས་ཆུའི་རྫས་ཆ་ཡོད་པ་བཞིན་དུ་དངོས་པོ་གཞན་རྣམས་ཀྱི་རྫས་ཆ་ཡོད་པའང་མཚུངས་པ་ཡིན་ནོ། །གསུམ་པ་དེ་དག་ལས་འཕྲོས་པའི་དོན་ལ། སྒྲིབ་གཉིས་ཀྱི་ངོས་འཛིན། བདག་གཉིས་ཀྱི་ངོས་འཛིན། ཐེག་པ་ཆེ་ཆུང་གི་སྤངས་རྟོགས་ཀྱི་ཁྱད་པར། ཀུན་གཞི་དང་རང་རིག་མི་འདོད་པས་ཕྱི་དོན་ཁས་ལེན་པའི་ཚུལ། རང་རྒྱུད་ཀྱི་རྟགས་དང་དམ་བཅའ་མེད་པའི་ཚུལ་དང་ལྔ་ལས། དང་པོ་ནི། དབུ་མ་པ་གཞན་གྱིས་ཤེས་སྒྲིབ་ཏུ་ཁས་བླངས་པའི་ཆོས་ཀྱི་བདག་འཛིན་ནི་འདི་པའི་ལུགས་ཀྱི་ཉོན་སྒྲིབ་ཡིན་ཏེ། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ཡིན་པའི་ཕྱིར་རོ། །ཤེས་སྒྲིབ་ནི་འཇུག་པའི་རང་འགྲེལ་ལས་ཉོན་མོངས་པའི་བག་ཆགས་ཡིན་པར་གསུངས་པས། ཉོན་མོངས་པའི་བག་ཆགས་དང་དེའི་འབྲས་བུ་གཉིས་སྣང་འཁྲུལ་པའི་ཆའོ། །གཉིས་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་ཏུ་འདོད་ཅིང་། འདི་པའི་ལུགས་ཀྱི་ངར་འཛིན་ལྷན་སྐྱེས་ཀྱིས་ངའོ་སྙམ་དུ་བཟུང་བ་དེ་ལ་དམིགས་པའི་ཡུལ་ནི་ང་ཙམ་ཡིན་ཞིང་། འཛིན་སྟངས་ཀྱི་གཟུང་བྱ་ནི་བདེན་པར་གྲུབ་པ་ཡིན་པས། དང་པོ་ནི་གང་ཟག་ཀྱང་ཡིན་ཞིང་། བདག་ཀྱང་ཡིན་ལ། ཕྱི་མ་ནི་གང་ཟག་གི་བདག་ཡིན་ནོ། །ཆོས་ཀྱི་བདག་ནི་དངོས་པོ་རྣམས་ལ་གཞན་ལ་རག་མ་ལས་པར་རང་དབང་དུ་གྲུབ་པ་ཞིག་ཡོད་ན་དེ་ཉིད་ལ་འཇོག་གོ །གསུམ་པ་ནི། ཐེག་པ་ཆེ་ཆུང་ཐམས་ཅད་ཀྱིས་ཀྱང་སྔར་བཤད་པ་ལྟར་གྱི་བདེན་པ་བཀག་ཙམ་གྱིས་སྟོང་ཉིད་དེ་རྟོགས་པར་མཚུངས་ཤིང་དེ་ལས་ལྷག་པའི་རྟོགས་བྱ་མེད་པས་ལྟ་བ་ལ་ཁྱད་པར་མེད་པ་ཁོ་ནའོ། །འོ་ན་ཤེས་སྒྲིབ་སྤོང་ནུས་མི་ནུས་ཀྱི་ཁྱད་པར་མེད་པར་འགྱུར་རོ་སྙམ་ན། གོམས་པ་ཡུན་རིང་ཐུང་དང་སྙིང་རྗེ་དང་སེམས་བསྐྱེད་ལ་སོགས་པ་སྤྱོད་པའི་གྲོགས་ཀྱི་ཁྱད་པར་གྱིས་ཤེས་སྒྲིབ་སྤོང་ནུས་མི་ནུས་ཀྱི་ཁྱད་པར་བྱུང་བ་ཡིན་གྱི། ཤེས་སྒྲིབ་ཀྱི་གཉེན་པོ་ལ་ཡང་སྔར་གྱི་སྟོང་ཉིད་རྟོགས་པའི་ལྟ་བ་ལས་ལྷག་པའམ་གཞན་པའི་གཉེན་པོ་ནི་མེད་དོ། །སྤངས་པའི་ཁྱད་པར་ལ། ཉན་ཐོས་དགྲ་བཅོམ་པས་ཉོན་སྒྲིབ་མ་ལུས་པ་སྤངས་པས་བདེན་འཛིན་མ་ལུས་པར་སྤངས་པ་ཡིན་ལ། ཐེག་ཆེན་གྱིས་ནི་ས་བརྒྱད་པ་མ་ཐོབ་ཀྱི་བར་དུ་བདེན་འཛིན་མ་སྤངས་པས་མ་དག་ས་བདུན་གྱི་སྐབས་སུ་བདེན་འཛིན་མངོན་དུ་གྱུར་བ་འབྱུང་བ་ཡིན་པའི་ཕྱིར་རོ། །དེས་ན་མ་དག་ས་བདུན་གྱི་གནས་སྐབས་སུ་ཉོན་སྒྲིབ་ཁོ་ན་སྤོང་བ་ཡིན་གྱི། བདེན་འཛིན་ས་བོན་དང་བཅས་པ་མ་བཅོམ་གྱི་བར་དུ། ཤེས་སྒྲིབ་སྤོང་བ་མི་སྲིད་པས་ཤེས་སྒྲིབ་སྤོང་བའི་མ་མཐའི་ས་མཚམས་ས་བརྒྱད་པ་ནས་འཛིན་པ་ཡིན་ནོ། །དེས་ན་ལུགས་འདི་ལ་བདེན་འཛིན་ཤེས་སྒྲིབ་ཏུ་འཇོག་པའི་ལུགས་ཀྱིས། དེ་ལ་ཤེས་སྒྲིབ་ཆུང་འབྲིང་ཆེན་པོ་དགུར་བྱས་ནས་ས་གཉིས་པ་སོགས་སྒོམ་ལམ་དགུས་སྤོང་བའི་རྣམ་གཞག་ཁས་མི་ལེན་ཏེ་ད་དུང་འཆད་པར་འགྱུར་རོ། །ཐེག་པ་གསུམ་པོ་གང་གི་ཡང་མཐོང་ལམ་མ་ཐོབ་བར་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་ཟིན་རྒྱུན་ལྡན་དུ་གོམས་པར་བྱས་པས་ཁམས་གསུམ་གྱི་ཉོན་མོངས་མངོན་གྱུར་བ་སྤངས་པའི་གང་ཟག་གཅིག་ཡོད་ལ། དེས་ཆོས་ཀྱི་བདག་མེད་མ་རྟོགས་པས་བདེན་འཛིན་ཉོན་མོངས་སུ་བྱས་པའི་ཉོན་མོངས་མངོན་གྱུར་བ་ཙམ་ཡང་སྤོང་མི་ནུས་ལ། མངོན་པ་ནས་བཤད་པའི་དམིགས་རྣམ་ཅན་གྱི་ཉོན་མོངས་མངོན་གྱུར་བ་ཙམ་སྤོང་བ་ཡིན་ནོ། །ཞེས་དང་། སྤྱོད་འཇུག་ལས། བསྟན་རྩ་དགེ་སློང་ཉིད་ཡིན་ན། །ཞེས་པ་ནས། དེས་ན་སྟོང་ཉིད་བསྒོམ་པར་བྱ། །ཞེས་སོགས་ཀྱི་ཚིགས་བཅད་ལྔ་པོ་ཡང་། གང་ཟག་འདི་ལ་སྦྱར་ཏེ་འཆད་པར་བྱེད་དོ། །བཞི་པ་ནི། དབུ་མ་པ་གཞན་གྱིས་ཀུན་གཞི་མེད་ཅིང་། ཕྱི་དོན་ཁས་ལེན་པ་ཡང་ཡོད་ལ། འགའ་ཞིག་ཕྱི་དོན་ཁས་མི་ལེན་པར་ཀུན་གཞི་ཁས་ལེན་པའང་ཡོད་མོད་ཀྱི། དེ་དག་ནི་ཡོད་ན་རང་གི་མཚན་ཉིད་ཀྱིས་ཡོད་དགོས་ལ་རང་གི་མཚན་ཉིད་ཀྱིས་མེད་ན་མེད་དགོས་པར་འདོད་པའི་ལུགས་ཡིན་ལ། འདིར་ནི་ཀུན་གཞི་མེད་ཀྱང་ལས་འབྲས་ཀྱི་འབྲེལ་པ་འཇོག་ཤེས་པས་ཀུན་གཞི་ཁས་མི་ལེན་ཞིང་། ཕྱི་དོན་དང་ཤེས་པ་ཤེར་ཕྱིན་གྱི་མདོ་ལས། རང་བཞིན་གྱིས་སྟོང་པར་གསུངས་པར་མཚུངས་ཤིང་མངོན་པ་ལས་རང་སྤྱིའི་མཚན་ཉིད་ཡོད་མཉམ་དུ་བཤད་པ་ལྟར་བྱ་དགོས་པས་དོན་ཤེས་གཉིས་ཀ་ལ་ཐ་སྙད་བཏགས་པའི་བཏགས་དོན་ཡོད་ཚུལ་དཔྱད་ན་མི་རྙེད་པར་མཚུངས་ལ། དེ་ལྟར་ནའང་ཐ་སྙད་ཀྱི་དབང་གིས་ཀུན་རྫོབ་ཏུ་ཡོད་པར་འཇོག་པའང་ཁྱད་པར་མེད་པའི་ཕྱིར་རོ། །ལྔ་པ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་ན་ནི་ངེས་པར་རང་རྒྱུད་བྱ་དགོས་ཏེ། རང་སྡེ་དངོས་པོར་སྨྲ་བ་དང་ལེགས་ལྡན་འབྱེད་ལ་སོགས་པ་བཞིན་ནོ། །ཐ་སྙད་དུ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་མི་འདོད་ན་ནི་རང་རྒྱུད་ཁས་མི་ལེན་པར་གདོན་མི་ཟ་བར་བྱ་དགོས་པས་འདི་དགག་བྱ་ཕྲ་མོ་ནས་འགོག་པ་འདི་ལ་ཐུག་གོ །དེས་ན་ལེགས་ལྡན་འབྱེད་ལ་སོགས་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་པས་དེ་བསྒྲུབ་པའི་ཕྱིར་དུ་རང་རྒྱུད་ཀྱི་གཏན་ཚིགས་ཁས་བླང་དགོས་ལ། སློབ་དཔོན་ཟླ་བ་ལ་སོགས་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་མ་བླངས་པས་རང་རྒྱུད་ཀྱི་རྟགས་དང་དམ་བཅའ་ཁས་ལེན་པའི་དོན་མེད་དོ། །ཚིག་གསལ་ལས། དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་མིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར། ཞེས་གསུངས་པས་ཀྱང་རང་རྒྱུད་ཁས་མི་ལེན་པའི་ཤེས་བྱེད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་ལེན་པ་མེད་པ་བཀོད་པ་ཡིན་ནོ་ཞེས་བཞེད་དོ། །༼མཐའ་བྲལ་ལ་དབུ་མར་སྨྲ་བའི་ལུགས་བརྗོད་པ།༽ ལུགས་གསུམ་པ་ནི། གངས་རིའི་ཁྲོད་ཀྱི་ཐུབ་པའི་རྒྱལ་ཚབ་རྔོག་ལོ་ཆེན་པོ་ལ་སོགས་པ་གསང་ཕུ་པའི་དགེ་བའི་བཤེས་གཉེན་གོང་མ་རྣམས་དང་། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་པ་ལ་འགྲན་ཟླ་དང་བྲལ་བ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་དང་། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་པ་མར་པ་དང་། མི་ལ་ལ་སོགས་པའི་སྐྱེས་ཆེན་རྣམས་དང་། མཐའ་བྲལ་དབུ་མའི་སྲོལ་འབྱེད་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་དང་། དེའི་དངོས་སློབ་ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་ལ་སོགས་པ་དང་། རྨ་བྱ་བྱང་ཆུབ་བརྩོན་འགྲུས་དང་། དེའི་རྗེས་འབྲང་གཟད་པ་རིང་མོ་དང་། རྟོགས་པ་ནང་ནས་རྡོལ་བས་ངེས་དོན་གྱི་དགོངས་པ་རང་དབང་དུ་འཆད་པ་ལྕེ་སྒོམ་ཤེས་རབ་རྡོ་རྗེ་ལ་སོགས་པ་ནས་བཟུང་སྟེ་དཔལ་ལྡན་ས་སྐྱ་པའི་མཁས་པ་གཡག་གཞོན་གཉིས་ཀྱི་བར་དུ་བྱོན་པའི་བོད་ཡུལ་གྱི་མཁས་གྲུབ་མཐའ་བྲལ་དབུ་མའི་ལྟ་བ་རང་གིས་བསྒོམས་ཞིང་། གཞན་ལ་འཆད་པ་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་ཏུ་འདི་ལྟར་གསུང་སྟེ། དབུ་མའི་དོན་ནི་ཡོད་མེད་དང་ཡིན་མིན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས། མཐར་འཛིན་དང་མཚན་མར་འཛིན་པ་ཐམས་ཅད་སྤང་དགོས་ལ། དེ་ལ་ཐོག་མར་བདེན་པར་འཛིན་པའི་ཡུལ་གྱི་བདེན་པ་མ་བཀག་ན་མཐར་འཛིན་ཕྱི་མ་རྣམས་དགག་ཏུ་མེད་པས། གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པ་རྣམས་ཀྱིས་ཕྱི་ནང་གི་དངོས་པོ་ཐམས་ཅད་བདེན་མེད་དུ་གཏན་ལ་དབབ་པར་བྱ་དགོས། འདི་དགག་བྱ་རགས་པ་ཡིན་ཞིང་འཁོར་བའི་རྒྱུའི་གཙོ་བོ་ཡང་ཡིན་པས། གཞུང་རྣམས་ལས། དེའི་ཞེན་ཡུལ་བདེན་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་གསུངས་པ་ཡིན་ལ། དེ་བཀག་ནས་བདེན་པས་སྟོང་པ་ཉིད་དུ་བཟུང་བ། དཔེར་ན་རྟ་ལ་ཞོན་པ་གཡས་ཕྱོགས་སུ་མ་ལྷུང་ཡང་། གཡོན་ཕྱོགས་སུ་ལྷུང་བ་ལྟར་ཆད་པའི་མཐར་ལྷུང་བ་ལས་མ་འདས་པས་དེ་ཡང་དགག་པར་བྱ་བ་ཡིན་ནོ། །དེའི་ཕྱིར་གཉིས་འཛིན་དང་གཉིས་མིན་དུ་འཛིན་པ་ཡང་བཀག་དགོས་པས་མཐའ་བཞི་གང་དུ་ཡང་གཟུང་བའི་ཡུལ་མ་རྙེད་པས། དེར་འཛིན་པ་མེད་པ་ལ་དབུ་མའི་ལྟ་བ་རྟོགས་ཞེས་ཐ་སྙད་འདོགས་པ་ཡིན་གྱི། དབུ་མའི་ལྟ་བ་འདིའོ་ཞེས་མཐའ་གཅིག་ཏུ་འཛིན་པ་གཅིག་བྱུང་ན་སྟོང་མི་སྟོང་སོགས་གང་དུ་བཟུང་ཡང་མཐར་འཛིན་ལས་མ་འདས་པས་དབུ་མའི་ལྟ་བ་མིན་ནོ། །ཞེས་བཞེད་དོ། །ཙོང་ཁ་པའི་འཇུག་པའི་ཊཱི་ཀར། དེ་ལྟར་བདེན་འཛིན་ལེགས་པར་ངོས་ཟིན་ན་བདག་འཛིན་གཉིས་མིན་པའི་རྟོག་པ་དུ་མ་ཞིག་ཡོད་པ་ཤེས་པར་འགྱུར་བས་རྟོག་པས་གང་བཟུང་གི་ཡུལ་ཐམས་ཅད་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་འགོག་པར་འདོད་པའི་ལོག་རྟོག་ཐམས་ཅད་ཟློག་པར་འགྱུར་རོ། །ཞེས་གསུངས་པ་ཡང་གྲུབ་མཐའ་འདི་ལ་དགོངས་པར་སྣང་ངོ་། །ལུགས་འདི་མཐའ་ཆོད་པའི་རིགས་པ་དང་། ཡིད་ཆེས་པའི་ལུང་གིས་ཞིབ་ཏུ་གཏན་ལ་དབབ་པ་ནི། འོག་རང་ལུགས་ཀྱི་སྐབས་སུ་འཆད་དོ། །༼རྟག་མཐའ་ལ་དབུ་མར་སྨྲ་བའི་ལུགས་དགག་པ།༽ དེ་ལྟར་ལུགས་གསུམ་ལས། དང་པོ་ལ་མཁས་པའི་དབང་པོ་རེད་མདའ་བས་དགག་པ་འདི་ལྟར་མཛད་དེ། འདི་ནི་ཐེག་པ་ཆེ་ཆུང་གི་མདོ་སྡེ་གང་གི་ཡང་དགོངས་པ་མིན་ལ། གྲུབ་མཐའ་སྨྲ་བ་བཞི་པོ་གང་དང་ཡང་མི་མཐུན་ཞིང་། རྒྱ་བོད་ཀྱི་ཤིང་རྟ་ཆེན་པོ་སུ་གང་གི་ཡང་བཞེད་པ་མིན་པས། ཆོས་འདི་པ་ལས་ཕྱི་རོལ་དུ་གྱུར་པ་ཁོ་ན་ཡིན་པས། དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་གཅེས་སྤྲས་སུ་བྱེད་པ་རྣམས་ཀྱིས་དགག་པར་བྱ་བ་ཁོ་ན་ཡིན་པས། འདིར་ཡང་ཅུང་ཟད་མདོར་བསྡུས་ཏེ་སྨྲ་བར་བྱའོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དག་གིས་ནི་སྟོང་ཉིད་ཅེས་པ་གང་ཟག་གི་བདག་གིས་སྟོང་པ་ཙམ་ལ་འདོད་ལ། དེ་ཡང་གང་ལ་གང་མེད་པ་དེ་ནི་དེས་སྟོང་ངོ་ཞེས་པའི་ཐ་སྙད་དུ་ཇི་སྐད་བཤད་པ་ལྟར་རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདག་མེད་ལ། དེས་སྟོང་པའི་ཕུང་པོ་ཆོས་ཙམ་ཞིག་གྲུབ་པར་འདོད་ལ། དེ་ཡང་མི་རྟག་སྡུག་བསྔལ་སོགས་ཀྱི་རང་བཞིན་ཡིན་གྱི། རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་སྟོང་ཉིད་ནི་ཅུང་ཟད་ཀྱང་མི་འདོད་དོ། །དེའི་ཕྱིར་ལུགས་སྔ་མ་དེ་ནི་ཐེག་པ་ཆུང་ངུའི་མདོ་རྣམས་ཀྱི་དགོངས་པ་ཡང་མིན་ནོ་ཞེས་བྱ་བར་ཡང་གྲུབ་པ་ཡིན་ནོ། །ཐེག་པ་ཆེན་པོའི་མདོ་སྡེའི་དགོངས་པ་འགྲེལ་པར་བྱེད་པ་ལ། ཚད་མའི་སྐྱེས་བུར་གྱུར་པ་ནི་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་གཉིས་ལས། ཀླུ་སྒྲུབ་ཀྱི་གཞུང་ལུགས་ལས་བྱུང་བའི་སྟོང་ཉིད་ནི་རྣམ་པ་གཉིས་ཏེ། རིག་པས་དཔྱད་པའི་སྟོང་ཉིད་དང་། རྣལ་འབྱོར་པས་སོ་སོ་རང་གིས་རིག་པར་བྱ་བའི་སྟོང་ཉིད་དོ། །དང་པོ་ནི། གང་ཟག་གི་བདག་གི་སྟོང་པ་ཉིད་དང་། ཆོས་ཀྱི་བདག་གི་སྟོང་པ་ཉིད་དོ། །དེ་ལ་དང་པོ་ནི་རེ་ཞིག་ཕུང་ཁམས་སྐྱེ་མཆེད་རྣམས་ལ་འཇིག་རྟེན་པ་དང་ཕྱི་རོལ་པ་རྣམས་ཀྱིས་ཀུན་བཏགས་པའི་གང་ཟག་དང་། བདག་དང་སྐྱེས་བུ་སོགས་ཡུལ་ལ་ལོངས་སྤྱོད་པ་པོའི་རང་བཞིན་བཀག་ནས་ཕུང་སོགས་ཆོས་ཙམ་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ཕུང་པོ་ཙམ་ལས་གྲོལ་བ་ཡི། །སེམས་ཅན་མེད་པར་ཁྱོད་བཞེད་ལགས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཕྱི་ནང་གི་ཁམས་སྐྱེ་མཆེད་རྣམས་ལ་རང་གཞན་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཀུན་བཏགས་པའི་རྟག་མི་རྟག་ཡོད་མེད། སྐྱེ་མི་སྐྱེ་སོགས་ཐམས་ཅད་བཀག་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ཙམ་ཞིག་ཏུ་ཟད་པར་སྟོན་པར་བྱེད་དོ། །དེ་ཉིད་ལས། བློ་ལྡན་ཁྱོད་ཀྱིས་ཕུང་པོ་དེའང་། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་རྨི་ལམ་འཇིག་རྟེན་དུ། །བློ་ལྡན་རྣམས་ལ་ཁྱོད་ཀྱིས་བསྟན། །ཞེས་གསུངས་སོ། །འདི་དག་ནི་རིགས་པའི་རྗེས་སུ་འབྲང་བའི་ཐོས་བསམ་གྱི་ཤེས་པས་དཔྱད་ནས་སྟོང་པར་བཞག་པ་ཡིན་པའི་ཕྱིར་རྣམ་གྲངས་པའི་སྟོང་པ་ཉིད་ཅེས་བྱའོ། །གཉིས་པ་ནི། འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་ཚུལ་དུ་རྟོགས་པར་བྱ་བའི་སྟོང་པ་ཉིད་དོན་དམ་པའི་བདེན་པ་ཞེས་ཐ་སྙད་དུ་བཏགས་པ་གང་ཡིན་པ་དེ་ནི་ཡོད་མེད། རྟག་ཆད་སྟོང་མི་སྟོང་སོགས་སྤྲོས་པའི་མཐའ་གང་དུ་ཡང་ཚིག་གི་ལམ་ནས་བསྟན་པར་མི་ནུས་པ་ཐ་སྙད་ཐམས་ཅད་ཀྱི་ཡུལ་ལས་འདས་པ་ཞིག་ཡིན་ནོ། །དེ་ལྟ་བུའི་ཆོས་ཉིད་སྟོང་པ་ཉིད་དེ་ཡང་ཅི་ལྟར་སྣང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུ་འདིའི་རང་བཞིན་ཡིན་གྱི་འདི་ལས་ལོགས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ། །གསུམ་པོ་འདི་ལས་གཞན་པའི་སྟོང་གཞི་དོན་དམ་པར་གྲུབ་པ་ལ། དགག་བྱ་ཀུན་རྫོབ་བཀག་པའི་སྟོང་པ་ཉིད་ཅེས་བྱ་བ་ཅུང་ཟད་ཀྱང་བཞེད་པ་མིན་ཏེ། རྩ་བ་ཤེས་རབ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་སྟོང་གཞི་མ་གྲུབ་པས། སྟོང་པ་ཡང་མ་གྲུབ་པར་གསུངས་ལ། ཡང་དེ་ཉིད་ལས། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ཅེས་སོགས་སྟོང་ཉིད་ལ་བདེན་པར་འཛིན་པ་རྣམས་གསོར་མི་རུང་བའི་ལྟ་བ་ཅན་དུ་གསུངས་པའི་ཕྱིར་རོ། །གལ་ཏེ་རིགས་ཚོགས་དག་ལས་རང་སྟོང་ཙམ་ལས་མ་བསྟན་ལ། བསྟོད་ཚོགས་ལས་གཞན་སྟོང་དོན་དམ་པའི་བདེན་པ་བསྟན་པ་ཡིན་ནོ་ཞེ་ན། བསྟོད་ཚོགས་ལས་ཀྱང་དེ་བཞིན་དུ་དོན་དམ་པར་གྲུབ་པར་སྟོན་པའི་ཚིག་ཅུང་ཟད་ཀྱང་མེད་ཀྱི་རིགས་ཚོགས་དང་མཐུན་པར་སྤྲོས་པའི་མཐའ་ཐམས་ཅད་འགོག་པར་མཛད་དོ། །དེའི་ཕྱིར་གཞན་སྟོང་སྨྲ་བའི་ལུགས་འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ནོ། །བྱམས་ཆོས་ཕྱི་མ་གསུམ་དང་། ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་བྱུང་བའི་སྟོང་པ་ཉིད་ནི་རྣམ་པ་གསུམ་སྟེ། རང་གི་མཚན་ཉིད་ཀྱི་སྟོང་པ་ཉིད་དང་། དེ་བཞིན་དུ་ཡོད་པ་མིན་པའི་སྟོང་པ་དང་། རང་བཞིན་གྱིས་སྟོང་པ་ཉིད་དོ། །དང་པོ་ནི་ཀུན་བཏགས། གཉིས་པ་ནི་གཞན་དབང་། གསུམ་པ་ནི་ཡོངས་གྲུབ་བོ། །དེ་ལས་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་ཅིང་། དེ་ལ་ཀུན་བཏགས་ཀྱིས་སྟོང་པའི་སྟོང་ཉིད་ཡོངས་གྲུབ་དོན་དམ་པར་ཡོད་པས་རྟག་ཆད་དང་བྲལ་བས་དབུ་མའི་ལམ་དུ་བཞེད་དེ། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་པ་མིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་ཡང་མིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་གཞན་དབང་དང་། ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་གཞན་སྟོང་བདེན་པར་གྲུབ་བོ། །ཞེས་པའི་ཚུལ་འདི་ནི། འཕགས་པ་བྱམས་པ་དང་། ཐོགས་མེད་སྐུ་མཆེད་ཀྱི་གཞུང་དང་མི་མཐུན་ཏེ། དེ་དག་གི་ལྟར་ན་ཀུན་བཏགས་བཞིན་དུ་གཞན་དབང་ཡང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འགྱུར་དགོས་ན། གཞུང་འདི་དག་ཏུ་ནི་གཞན་དབང་ནི་སྒྱུ་མའི་སྤྲུལ་གཞི་ལྟར་ཡང་དག་པར་རྫས་སུ་གྲུབ་པ་བཤད་པའི་ཕྱིར། དེའི་ཕྱིར་འདི་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཀྱི་དགོངས་པ་དང་དེའི་དགོངས་འགྲེལ་རྣམ་རིག་པ་དང་། དབུ་མའི་གྲུབ་མཐའ་ལས་ཀྱང་ཕྱི་རོལ་དུ་གྱུར་པ་ཡིན་ནོ། །ཞེས་བྱ་བ་ལེགས་པར་གྲུབ་པ་ཡིན་ནོ། །འདི་རྣམས་ནི་ཁོ་བོས་གྲུབ་མཐའ་ངན་པ་འདིའི་མཚང་རགས་པ་ཅུང་ཟད་ཅིག་སྨྲོས་པར་ཟད་ཀྱི། ཞིབ་མོར་དཔྱད་ན། མདོ་སྡེ་ལ་མི་འཇུག འདུལ་བར་མི་སྣང་། མངོན་པའི་ཆོས་ཉིད་དང་འགལ་བ་སོགས་ལུང་དང་། རིགས་པའི་གནོད་བྱེད་དུ་མ་ཞིག་ཡོད་མོད་ཀྱི་འདིར་ནི་དཀྱུས་མ་འཆད་པའི་གེགས་སུ་འགྱུར་བའི་ཕྱིར་མ་སྤྲོས་སོ། །ཞེས་པའི་དགག་པ་མཛད་དོ། །འོན་ཀྱང་འདིའི་ཕྱོགས་སྔ་ཕྱི་རྣམས་ལ་བརྟགས་ན་འདི་ལྟར་མཐོང་སྟེ། ཕྱོགས་སྔ་མའི་ལུགས་དེ་ཐེག་པ་ཆེ་ཆུང་གང་གིའང་ལུགས་མིན་པས་ཆོས་འདི་པ་ལས་ཕྱི་རོལ་དུ་གྱུར་པའོ། །ཞེས་པ་ནི་སྐུར་བ་ཆེས་པའི་སྐྱོན་ཏེ། བཀའ་ཕྱི་མ་བྱམས་ཆོས་ཕྱི་མ་དང་། ཐོགས་མེད་སྐུ་མཆེད་ཀྱིས་བཀྲལ་བའི་ལུགས་ངེས་དོན་དུ་བྱས་ནས་ཡོངས་གྲུབ་དོན་དམ་པའི་བདེན་པ་མ་གཏོགས་པའི་ཆོས་གཞན་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་ཟིན་པས། དངོས་སྨྲ་བ་གཞན་རྣམས་ལས་ཁྱད་པར་དུ་འཕགས་ཤིང་། དབུ་མའི་ལྟ་བ་སྐྱེ་བ་ལ་ཚེགས་མེད་པའི་ལུགས་ཡིན་པའི་ཕྱིར། སེམས་ཙམ་པའི་གྲུབ་མཐའ་མིན་པའི་ཤེས་བྱེད་དུ་གཞན་དབང་བདེན་གྲུབ་ཏུ་མི་འདོད་པའི་ཕྱིར། ཞེས་པ་ཡང་མ་ངེས་ཏེ། དབུས་མཐའ་དང་། ཐེག་བསྡུས་ལ་སོགས་པ་སེམས་ཙམ་པའི་གཞུང་ཕལ་ཆེར་དུ། གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་ཀྱང་། དེ་ལྟར་དུ་ཁས་ལེན་པའི་སེམས་ཙམ་པ་དེ་དབུ་མ་པར་བློ་སྦྱོང་བའི་ཚེ་གཞན་དབང་བདེན་མེད་དུ་གཏན་ལ་ཕབ་ཟིན་ནས། ཆོས་ཉིད་ཡོངས་གྲུབ་ལ་བདེན་འཛིན་གྱི་ལྷག་མ་ལུས་པ་གཅིག་ངེས་པར་འདོད་དགོས་པའི་ཕྱིར། གཞན་དབང་དང་བདེན་མེད་ཀྱི་གཞི་མཐུན་ཁས་བླངས་པ་ཙམ་གྱིས་སེམས་ཙམ་པ་མིན་པར་མི་འགྱུར་ཏེ། རྣམ་བདེན་རྫུན་རྩོད་པའི་གཞིར་གྱུར་པའི་རྣམ་པ་དེ། གཞན་དབང་ལས་མ་འདས་པས། སེམས་ཙམ་རྣམ་རྫུན་པ་ཡང་སེམས་ཙམ་པ་མིན་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །གལ་ཏེ་དེ་ཡང་ཀུན་བཏགས་ཡིན་ནོ་སྙམ་ན། འོ་ན་དེ་སེམས་ཙམ་རྣམ་བདེན་པས་བདེན་པར་ཁས་བླངས་པར་མི་འཐད་པར་འགྱུར་ཏེ། ཀུན་བཏགས་ཡིན་པའི་ཕྱིར། འོ་ན་ཅི་ལྟར་སྙམ་ན། རྗེ་བཙུན་ཤེས་བྱ་ཀུན་རིག་གི་ཞལ་སྔ་ནས་ལུགས་འདི་སེམས་ཙམ་པའི་ལྟ་བ་དྲག་ཤོས་དབུ་མར་ཅུང་ཟད་མ་སླེབས་པ་ཞིག་ཡིན་གསུངས་པ་དེ་ཉིད་དོན་ལ་གནས་ཏེ། གཞན་དབང་བདེན་མེད་དུ་གཏན་ལ་ཕབ་ཟིན་ནས་ཡོངས་གྲུབ་ལ་བདེན་འཛིན་གྱི་ལྷག་མ་ལུས་པའི་ཕྱིར་དང་། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་དངོས་བསྟན་ངེས་དོན་དུ་ཁས་བླངས་པའི་ཕྱིར་དང་། ཐོགས་མེད་སྐུ་མཆེད་དང་། ཕྱོགས་གླང་ཆོས་གྲགས་རྣམས་ལ་དབུ་མ་པ་ཆེན་པོ་ཞེས་པའི་ཐ་སྙད་མཛད་ནས། དེ་དག་གི་གཞུང་ལུགས་ལ་དབུ་མའི་གཞུང་ལུགས་སུ་ཁས་བླངས་པའི་ཕྱིར་དང་། གསུང་རབ་ཀྱི་དགོངས་པ་འགྲེལ་བར་བྱེད་པའི་སྒོ་ཡང་། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གྱི་སྒོ་ནས་གཙོ་བོར་མཛད་པའི་ཕྱིར་རོ། །རྗེས་འབྲང་དག་ན་རེ། སེམས་ཙམ་པའི་ལུགས་མིན་ཏེ། དེ་ནི་དངོས་སྨྲ་བ་ཡིན་ལ། དངོས་སྨྲ་བ་ཡིན་ན། དངོས་པོ་དང་བདེན་གྲུབ་ཀྱི་གཞི་མཐུན་ཁས་ལེན་དགོས་པ་ལས་འདིར་དངོས་པོ་ཡིན་ན་བདེན་པར་མེད་པས་ཁྱབ་པ་ཁས་བླངས་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། འགལ་བ་ལྷག་པོ་ཁས་བླངས་པ་མ་གཏོགས་པ་དོན་ལ་ཁྱད་པར་མི་སྣང་བའི་ཕྱིར་ཏེ། ཤེས་པ་དང་བདེན་གྲུབ་ཀྱི་གཞི་མཐུན་ཁས་བླངས་པའི་ཕྱིར། གལ་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཚད་མར་ཁས་བླངས་པས། དབུ་མ་པ་ཡིན་ནོ་སྙམ་ན་ཡང་། འདི་ནི་མ་ངེས་ཏེ། ཀླུ་སྒྲུབ་ལ་བརྒལ་མ་ནུས་པས་དེའི་གཞུང་ལུགས་འཁྱོག་པོར་བཤད་ནས་རང་གི་གྲུབ་མཐའ་ལ་སྦྱར་བའི་ཕྱིར། ཀླུ་སྒྲུབ་ཀྱི་དགོངས་པ་གཏན་ནས་མིན་ཏེ། རྩ་བ་ཤེས་རབ་ལས། སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཅི་ལྟར་གྲུབ། །ཅེས་བདེན་པར་གྲུབ་པ་ཡོད་ན། བདེན་པར་གྲུབ་པའི་འོས་སུ་གྱུར་པ་འདུས་བྱས་ཀྱང་བདེན་པར་མ་གྲུབ་ན་འདུས་མ་བྱས་ཅིའི་ཕྱིར་བདེན་པ་གྲུབ་ཅེས་གསུངས་ལ། ཁྱོད་འདུས་མ་བྱས་ཡོངས་གྲུབ་བདེན་གྲུབ་ཏུ་འདོད་པའི་ཕྱིར། གལ་ཏེ་སྐྱོན་མེད་དེ། གཞུང་འདི་དང་། རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པ་དང་། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །ཞེས་སོགས་མཐའ་བཞིའི་སྤྲོས་བྲལ་གསུངས་པ་རྣམས་ནི། མཉམ་བཞག་ལ་ཟློའི་གནས་སྐབས་ཡིན་གྱི་རྗེས་ཐོབ་ཤན་འབྱེད་གནས་སྐབས་མིན་ནོ། །མཉམ་བཞག་ལ་ཟློའི་དོན་ནི། འཕགས་པའི་མཉམ་བཞག་ངོར་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་གང་ཡང་བདེན་པར་མིན་སྣང་ཞིང་། ཡོད་མེད་སོགས་མཐའ་བཞི་གང་དུ་ཡང་མི་འཛིན་པའི་དོན་ཡིན་པས། མཉམ་བཞག་ཟག་མེད་ཀྱི་བློའི་འཛིན་སྟངས་འཆད་པ་ཡིན་ལ། རྗེས་ཐོབ་ཤན་འབྱེད་ཀྱི་དོན་ཡང་རྗེས་ཐོབ་ཡུལ་གྱི་གནས་ལུགས་ལ་དཔྱོད་པའི་ཚེ། འདི་ནི་བདེན་པར་གྲུབ། འདི་ནི་བདེན་པར་མ་གྲུབ་ཅེས་སོ་སོར་འབྱེད་པའོ་ཞེས་སྨྲའོ། །དེ་ཤིན་ཏུ་མི་འཐད་དེ། འདུས་མ་བྱས་མ་གྲུབ་པར་གསུངས་པ་དེ་མཉམ་བཞག་ལ་ཟློའི་གནས་སྐབས་ཡིན་ན། འདུས་བྱས་མ་གྲུབ་པར་གསུངས་པ་དེ་ཡང་མཉམ་བཞག་ལ་ཟློའི་སྐབས་ཡིན་པར་འདོད་དགོས་ཤིང་། འདོད་པའང་ཡིན་ལ། དེ་ལྟར་ན་མཚན་ཉིད་སྐྱེ་གནས་འཇིག་གསུམ་རིགས་པས་དཔྱད་ནས་འགོག་པ་དོན་མེད་དུ་ཐལ་བའི་ཕྱིར་རོ། །དེས་ན་འདི་ནི་རྗེས་ཐོབ་ཤན་འབྱེད་ཀྱི་གནས་སྐབས་ཡིན་ཏེ། བདེན་འཛིན་ནི་འདུས་བྱས་ཕུང་པོ་ལྔ་ལ་ཞུགས་པ་ཤས་ཆེ་བས། འདུས་བྱས་བདེན་མེད་དུ་གཏན་ལ་ཕབ་པའི་རིགས་པ་རྒྱས་པར་གསུངས་ནས། འདུས་མ་བྱས་ལ་བདེན་འཛིན་ཆེས་ཆུང་བས་དེ་བདེན་མེད་དུ་སྒྲུབ་པའི་རིགས་པ་རྒྱས་པར་མ་གསུངས་པར། དགག་བྱ་འདུས་བྱས་བདེན་པར་མ་གྲུབ་པས། དེ་བཀག་པའི་འདུས་མ་བྱས་བདེན་པར་མ་གྲུབ་ཅེས་བསྡུས་ཏེ་གསུངས་པའི་ཕྱིར་རོ། །འདི་ནི་འཕགས་ཡུལ་གྱི་མཁས་པ་ཆེན་པོ་རྣམས་ཀྱི་འཆད་ཚུལ་རྨད་དུ་བྱུང་བ་སྟེ། དཔལ་ལྡན་ཆོས་ཀྱི་གྲགས་པས། དངོས་པོའི་ཡུལ་ཅན་གྱི་སྒྲ་རྟོག་སེལ་འཇུག་ཏུ་སྒྲུབ་པའི་རིགས་པ་རྒྱས་པར་གསུངས་ནས། དངོས་མེད་ཀྱི་ཡུལ་ཅན་གྱི་སྒྲ་རྟོག་སེལ་འཇུག་ཏུ་སྒྲུབ་པའི་རིགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྡུས་པ་བཞིན་ནོ། །རྩོད་ཟློག་གི་ལུང་དོན། མཉམ་བཞག་ལ་ཟློའི་སྐབས་ལ་སྦྱར་ན་དབུ་མ་པས་དངོས་སྨྲ་བའི་རྩོད་པ་ཟློག་པ་དེ་མཉམ་བཞག་གི་སྐབས་ཡིན་གྱི། རྗེས་ཐོབ་ཀྱི་གནས་སྐབས་མིན་པར་ཁས་བླངས་དགོས་པས་གད་པ་ལ་ཐུག་ཀྱང་ཕྱིར་ལྡོག་མི་ཤེས་པའོ། །དེས་ན་ཡུལ་གྱི་གནས་ལུགས་བདེན་པར་གྲུབ་ཀྱང་འཕགས་པའི་མཉམ་བཞག་ལ་བདེན་པ་མི་སྣང་བར་འདོད་པ་ལ་ནི། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱང་དབུ་མ་པར་འདོད། སངས་རྒྱས་ཀྱི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བར་འདོད་པ་ཡིན་མོད་ཀྱི། ཁྱེད་རང་གི་འདོད་པ་དང་ནང་འགལ་བས་དེ་ལྟར་འདོད་པ་ནི་མི་གྲུབ་བོ་ཞེས་སུན་ཕྱུང་སྟེ་རྣམ་པ་འཇོག་གོ །ཞེས་གསུངས་པ་འདི་ཉིད་བཏེགས་ནས་མགོ་བོའི་ཐོག་ཏུ་གཞག་པར་བྱ་སྟེ། ཡུལ་གྱི་གནས་ལུགས་བདེན་པར་གྲུབ་ན་གནས་ལུགས་རྟོགས་པའི་བློ་ལ་བདེན་པ་མི་སྣང་བ་འགལ་བའི་ཕྱིར་རོ། །གང་དག་རྟག་ལྟ་ཕུགས་སུ་འཚང་ཞིང་སྤྱོད་ལམ་བདེ་བའི་ཕྱིར་གཞན་གྱི་གྲུབ་མཐའ་ལ་ཁ་གཡར་བའི་བློ་རྩིང་དག་གིས་ས་ཇོ་གཉིས་ལྟ་བའི་གནད་ལ་མི་མཐུན་པ་མེད་དོ། །ཞེས་ཟེར་བ་ནི། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། གལ་ཏེ་དོན་དམ་པར་ཡོད་དོ་ཞེ་ན། འོ་ན་ཡོད་པའི་མཐར་ལྷུང་བའི་ཕྱིར་དབུ་མ་པའི་ལམ་མིན་པར་འགྱུར་རོ། །འོ་ན་ཁྱོད་དོན་དམ་དུ་མེད་པར་འདོད་པའི་ཕྱིར་ཁྱེད་ཀྱང་མེད་པའི་མཐར་ལྟུང་བར་འགྱུར་རོ་ཞེ་ན། ཁོ་བོ་ཅག་དོན་དམ་པར་ཡོད་པར་མ་གྲུབ་པའི་ཕྱིར་མེད་པར་ནི་མི་འདོད་དོ། །འོ་ན་ཁྱེད་གང་དུ་འདོད་ཅེ་ན། ཁོ་བོ་ཅག་ཀུན་རྫོབ་ཏུ་ཇི་ལྟར་གནས་པ་དེ་ལྟར་འདོད་དེ། ཀུན་རྫོབ་ཏུ་ཆད་པའི་མཐའ་ལས་གྲོལ་ལ། དོན་དམ་པར་གང་དུ་ཡང་འདོད་པ་མེད་པས་མཐའ་ཐམས་ཅད་ལས་གྲོལ་བས་དབུ་མ་ཞེས་བྱའོ། །ཞེས་གསུངས་པ་འདི་ཙམ་ཡང་མ་མཐོང་བར་ཟད་དོ། །དེས་ན་བདེན་པ་ལ། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་གསུངས་པ་ལྟ་བུ་མི་བསླུ་བ་ལ་བདེན་པར་བྱས་པ་དང་། དོན་དམ་པར་མ་གྲུབ་པར་གསུངས་པའི་དགག་བྱ་ལ་བདེན་གྲུབ་ཏུ་བྱས་པ་གཉིས་ལས། དང་པོ་ནི། དབུ་མ་པ་རྣམས་ཀྱང་ཐ་སྙད་དུ་ཡོད་པར་འདོད་ལ། ཕྱི་མ་ལ་ལྟོས་པའི་བདེན་པ་ཇི་སྲིད་ཁས་ལེན་གྱི་བར་དུ་དབུ་མ་པར་འགྱུར་བའི་གོ་སྐབས་མེད་དོ། །དེ་དག་གིས་ནི་ལུགས་དང་པོ་ལ་སྒྲོ་སྐུར་དང་བྲལ་བའི་རབ་དབྱེ་བསྟན་ཟིན་ཏོ། །༼ཆད་མཐའ་ལ་དབུ་མར་སྨྲ་བའི་ལུགས་དགག་པ།༽ ད་ནི་ལུགས་གཉིས་པ་ལ་ལུང་རིགས་ཀྱི་དཔྱད་པ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་དངོས་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེའི་ཞེན་ཡུལ་སུན་ཕྱུང་དགོས་པ་ཤིན་ཏུ་འཐད་ཀྱང་། རིགས་པས་བཙལ་བའི་ཚེ་མ་རྙེད་པའི་བདེན་པ་བཀག་ཙམ་གྱི་སྟོང་ཉིད་མེད་དགག་དེ་ཉིད་དོན་དམ་བདེན་པ་མཚན་ཉིད་པ་ཡིན་པར་འདོད་པ་དང་། སྟོང་ཉིད་དེར་མངོན་པར་ཞེན་པ་དགག་བྱ་མ་ཡིན་པར་འདོད་པ་དབུ་མའི་གཞུང་ལུགས་ལས་འདས་ཏེ། བདེན་གཉིས་རང་འགྲེལ་དུ་མདོ་དྲངས་པ་ལས། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་གདགས་པ་དང་ཡི་གེ་དང་། སྐད་དང་། བརྡ་བསྟན་པ་དག་གོ །དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨྲོས་ཀྱང་ཅི་དགོས་ཞེས་གསུངས་ཤིང་། དེའི་དོན་བདེན་གཉིས་ལས། ཡོད་མེད་དངོས་པོ་མཁྱེན་པ་ཡི། །ཀུན་མཁྱེན་པས་ཀྱང་གང་མ་གཟིགས། །དེ་ཡི་དངོས་པོ་ཅི་འདྲ་ཞིག །ཤིན་ཏུ་ཞིབ་པའི་ལྟ་བས་དཔྱོད། །ཞེས་དོན་དམ་བདེན་པ་མཚན་ཉིད་པ་ནི། སོ་སོ་སྐྱེ་བོའི་བློའི་ཡུལ་ལས་འདས་པ་འཕགས་པའི་མཉམ་བཞག་ཟག་པ་མེད་པའི་ཡེ་ཤེས་ཀྱིས་ཀྱང་གཉིས་སུ་སྣང་བ་ནུབ་ཅིང་། ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་གང་དུ་ཡང་མ་མཐོང་བ་ཉིད་དོན་དམ་བདེན་པར་གསུངས་པའི་ཕྱིར། གལ་ཏེ་དེ་ནི་རང་རྒྱུད་པའི་ལུགས་ཡིན་ནོ་སྙམ་ན། ཐལ་འགྱུར་བ་རྣམས་ཀྱང་འདི་དང་ཁྱད་པར་མེད་དེ། དཔལ་ལྡན་ཟླ་བས། དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུང་། །ཞེས་དང་། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་པའི་མཐོང་བ་ཡང་དག་པ་ནི། འཕགས་པའི་མཉམ་བཞག་ཟག་པ་མེད་པ་ཡིན་ལ། འཇིག་རྟེན་པའི་བློ་ཐམས་ཅད་ནི་མཐོང་བ་རྫུན་པ་ཡིན་པས། བདེན་པ་བཙལ་ནས་མ་རྙེད་པའི་རིགས་ཤེས་རྗེས་དཔག་གི་དངོས་ཀྱི་གཟུང་བྱར་གྱུར་པའི་སྟོང་ཉིད་མེད་དགག་དེ་ཀུན་རྫོབ་ཏུ་འཇོག་དགོས་པའི་ཕྱིར་རོ། །འོ་ན་སྐབས་འགའ་ཞིག་ཏུ་བདེན་པ་བཀག་ཙམ་གྱི་སྟོང་ཉིད་མེད་དགག་དེ་དོན་དམ་བདེན་པར་གསུངས་པ་དང་། སློབ་དཔོན་ཟླ་བས་རིགས་པ་དྲུག་ཅུ་པའི་འགྲེལ་པར། བདེན་པ་གཉིས་སུ་འཇོག་པ་ནི་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ །ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་བདེན་པར་འཛིན་པའི་བློ་ལ་ལྟོས་ནས་བདེན་མེད་རྟོགས་པས། དེའི་ཡུལ་ལ་དོན་དམ་པར་འཇོག་པ་རྣམ་གྲངས་པའི་དོན་དམ་བདེན་པ་ཞེས་བཏགས་པ་བར་འཇོག་གོ །འདོགས་པའི་རྒྱུ་མཚན་ནི་བདེན་པ་འཛིན་པའི་བློ་ལ་ལྟོས་ནས་གནས་ལུགས་རྟོགས་པའི་བློའི་ཡུལ་ཡིན་པའི་ཕྱིར་བཏགས་པའི་དགོས་པ་ནི་དོན་དམ་བདེན་པ་མཚན་ཉིད་པ་རྟོགས་པ་ལ་ཐོག་མར་འདི་ཉིད་རྟོགས་དགོས་སོ། །ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ནི། སྟོང་མི་སྟོང་སོགས་ཀྱི་མཐའ་གང་རུང་དུ་བཟུང་བའི་རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར་རོ། །མདོར་ན་རིགས་པས་བདེན་པ་བཀག་ནས་བདེན་མེད་དུ་བཟུང་བའི་རྟོག་པའི་དངོས་ཡུལ་དོན་དམ་བདེན་པ་མཚན་ཉིད་པར་འདོད་པ་ནི། དོན་དམ་བདེན་པའི་དོན་སྤྱི་ལ་དོན་དམ་བདེན་པར་འདོད་པ་ཡིན་པས། བུམ་པའི་དོན་སྤྱི་ལ་བུམ་པར་འདོད་པ་དང་འདྲའོ། །འདི་ནི་སྤྱོད་འཇུག་ལས། རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང་། །ཞེས་དང་། འཇུག་འགྲེལ་ལས་ཀྱང་། ཟག་པ་མེད་པའི་ཡེ་ཤེས་དང་བྲལ་བ་སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་པས་ཀྱང་གཟིགས་པ་ཟག་པ་མེད་པ་ལ་གནོད་པ་མིན་པས་རྣམ་པ་དེ་ལྟ་བུའི་ཡུལ་ལ་འཇིག་རྟེན་གཞན་གྱིས་གནོད་པ་མིན་ནོ། །ཞེས་དང་། བདེན་གཉིས་ལས། དེ་བས་འདི་ནི་ཀུན་རྫོབ་སྟེ། །ཡང་དག་པར་ན་སྐྱེ་བ་མེད། །ཅེས་བྱ་བ་ལ་སོགས་པའོ། །ཞེས་གསུངས་པ་ཐམས་ཅད་དགོངས་པ་གཅིག་པར་སྣང་ངོ་། །བདེན་པ་བཀག་ཟིན་ནས་དེ་བཀག་པའི་སྟོང་ཉིད་དུ་མངོན་པར་ཞེན་པ་དགག་ཏུ་མི་རུང་བར་འདོད་པ་ནི་དབུ་མའི་གཞུང་ལུགས་ཀྱི་གནད་ཆེན་པོ་འཆུག་པ་སྟེ། མདོ་སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། ཡུམ་བར་མ་ལས། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གཟུགས་མི་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་སོགས་གཉིས་འཛིན་མཐའ་དག་དགག་བྱར་གསུངས་པའི་ཕྱིར་དང་། དེ་དག་གི་དོན་མངོན་རྟོགས་རྒྱན་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་དང་། ཐེག་པ་ཆེན་པོའི་སྦྱོར་ལམ་གྱི་སྐབས་སུ། རྟག་མི་རྟག་སོགས་ཀྱི་མཐའ་སོ་གཉིས་ལ་ཞེན་སྤྱོད་བཀག་ནས་བསྒོམས་པས་མཐོང་ལམ་གྱི་གནས་སྐབས་སུ་སྒྲོ་འདོགས་སོ་གཉིས་དང་བྲལ་བ་མངོན་དུ་འགྱུར་བར་གསུངས་པ་དང་། འཕགས་མཆོག་ཀླུ་སྒྲུབ་ཀྱིས། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུང་། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་དང་། སྟོང་ངོ་ཞེས་ཀྱང་མི་བརྗོད་དོ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་དང་། ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ནི་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་དང་། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གོ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། དཔལ་ལྡན་ཟླ་བས། གཉིས་སུ་མེད་པའི་བློ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་མཐའ་གཉིས་དང་བྲལ་བའི་ཤེས་རབ་བོ། །ཞེས་དང་། དེའི་ཕྱིར། དེ་ཁོ་ན་ཉིད་ལ་དེའི་ཡུལ་ཅན་ནི་དངོས་པོ་དང་དངོས་པོ་མེད་པ་དང་ཞེས་པ་ནས་དེའི་རང་གི་ངོ་བོ་མི་དམིགས་པའི་ཕྱིར་རོ། །ཞེས་པའི་བར་དུ་གསུངས་པ་དང་། བདེན་གཉིས་ལས། ཡང་དག་ཉིད་དུ་གཉིས་མེད་དེ། །དེ་ཉིད་ཕྱིར་ན་དེ་སྟོང་མེད། །མི་སྟོང་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་མིན་ཞེས། །དེ་ལ་སོགས་པ་བཅོམ་ལྡན་གསུངས། །ཞེས་སོགས་དབུ་མའི་གཞུང་ལུགས་ཁུངས་ཐུབ་ཐམས་ཅད་ནས་སྟོང་མི་སྟོང་ལ་སོགས་པ་གཉིས་འཛིན་ཐམས་ཅད་དགག་བྱར་གསུངས་པར་མཐུན་ནོ། །གལ་ཏེ་སྔར་གྱི་ལུང་དེ་དག་གི་དོན། སྟོང་ཉིད་ལ་བདེན་པར་བཟུང་བ་དགག་བྱར་གསུངས་པ་ཡིན་གྱི། བདེན་པ་བཀག་པའི་སྟོང་ཉིད་དུ་བཟུང་བ་དགག་བྱར་སྟོན་པ་མིན་ནོ། །ཞེས་སྨྲ་བ་ནི། བསྟན་པའི་སྙིང་པོ་སྤྲོས་བྲལ་ཉམས་པར་བྱེད་པའི་བདུད་ཚིག་བློ་གྲོས་དང་བསོད་ནམས་ཆུང་བ་རྣམས་བསླུ་བར་བྱེད་པའི་གཏམ་སྟེ། དེ་ལྟར་ན་ལྟ་ཀུན་ཞེས་དང་། ཀུན་རྟོག་ཐམས་ཅད་ཅེས་དང་། ལྟ་བ་ཐམས་ཅད་ཅེས་མང་ཚིག་གསུངས་པ་དོན་མེད་པར་འགྱུར་ཏེ། ཆོས་ཅན་ལ་བདེན་པར་བཟུང་བ་དང་། དེའི་སྟོང་ཉིད་ལ་བདེན་པར་འཛིན་པ་གཉིས་ཀ་ཡང་མཐར་འཛིན་བཞིའི་ནང་ནས་དང་པོ་གཅིག་པུར་འདུས་པའི་ཕྱིར། དེས་ན་མཐར་འཛིན་བཞི་ཆར་བསྡུ་བའི་ཕྱིར་དུ་མང་ཚིག་གསུངས་པ་ཡིན་གྱི། ཆོས་ཅན་སོ་སོ་བའི་སྟེང་གི་མཐར་འཛིན་གཅིག་ཁོ་ན་དགག་བྱ་ཡིན་ན་མང་ཚིག་གསུངས་པ་དོན་མེད་པར་ཤེས་པར་བྱའོ། །བདེན་པས་སྟོང་པའི་སྟོང་པ་ཁོ་ནར་བཟུང་བ་དབུ་མའི་ལྟ་བ་མཐར་ཐུག་རྟོགས་པར་བྱས་ནས། དེ་དགག་ཏུ་མི་རུང་བ་འདོད་པ་ནི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་རྣམ་གྲངས་དུ་མས་སྨད་ཅིང་། རྣལ་འབྱོར་ཆེན་པོའི་སྐབས་སུ་རྩ་ལྟུང་བཅུ་གཅིག་པར་འགྱུར་བར་གསུངས་པ་སོགས་རབ་ཏུ་མང་པོ་ཡོད་ཀྱང་སྐབས་འདིར་ནི་མ་སྤྲོས་སོ། །ཡོད་མིན་མེད་མིན་གྱི་དོན། དོན་དམ་དུ་ཡོད་པ་མིན། ཀུན་རྫོབ་ཏུ་མེད་པ་མིན། ཞེས་པ་ལ་འཆད་པ་ནི་ཤིན་ཏུ་མི་འཐད་དེ། ཡོད་མིན་མེད་མིན་མཐའ་བཞིའི་སྤྲོས་བྲལ་མཚན་ཉིད་པ་ནི། འཕགས་པའི་མཉམ་བཞག་ཟག་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་ངོ་ཡིན་ལ། རྗེས་མཐུན་པ་ནི་སོ་སོ་སྐྱེ་བོའི་གནས་སྐབས་སུ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་བློ་ངོར་རྟོགས་དགོས་ཤིང་། དེའི་ཚེ་ཆོས་ཅན་བུམ་པ་ལྟ་བུ་ཀུན་རྫོབ་ཏུ་མེད་པ་མིན་ན་རིགས་ཤེས་དེའི་ངོར་བུམ་པ་ཀུན་རྫོབ་ཏུ་ཡོད་པར་འགྱུར་ཏེ། ཀུན་རྫོབ་ཏུ་མེད་པ་མིན་པའི་ཕྱིར། རྟགས་ཁྱབ་གཉིས་ཆར་ཁས་བླངས། འདོད་ན། ཐལ་འགྱུར་བ་རྣམས་ཀྱིས་མྱུ་གུ་བདག་ལས་སྐྱེ་བ་མེད་པར་སྒྲུབ་པ་ལ་རང་རྒྱུད་བྱ་མི་རིགས་པའི་ཤེས་བྱེད་དུ། དེའི་ཚེ་ཆོས་ཅན་མྱུ་གུ་ཚད་མས་གྲུབ་པ་མེད་པ་འདི་ཉིད་གཙོ་བོར་བཀོད་པ་ཚིག་གསལ་ལས་གསུངས་པ་དང་འགལ་མི་འགལ་ལེགས་པར་སོམས་ཤིག ཡང་ཡོད་མིན་མེད་མིན་གྱི་དོན་ཡོད་པ་ཡང་བདེན་པར་མ་གྲུབ། མེད་པ་ཡང་བདེན་པར་མ་གྲུབ་ཅེས་སོགས་ལ་འཆད་པ་ནི། སྤྲོས་བྲལ་བློ་ཡུལ་དུ་མ་ཤར་བའི་གཏམ་སྟེ། སྤྱིར། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཅི་ལྟར་གྲུབ། །ཅེས་དང་། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གིས་ཡིན་པར་འགྱུར། །ཞེས་པ་ལྟ་བུ། འདུས་བྱས་འདུས་མ་བྱས་དངོས་པོ་དངོས་མེད་གཉིས་ཀ་དགག་གཞིར་བྱས་ནས། དེའི་སྟེང་དུ་བདེན་པ་བཀག་པ་ཡང་ཡོད་མོད་ཀྱི་ཆོས་ཅན་གཟུང་འཛིན་གཉིས་སྟོང་གི་ཤེས་པ་ལྟ་བུའི་སྟེང་དུ་མཐའ་བཞིའི་སྤྲོས་པ་བཀག་པར་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས་གསུངས་པས། དེའི་ཚེ་ཡོད་པ་དང་མེད་པ་སོགས་བཞི་པོ་ཆོས་ཅན་དུ་བྱས་ནས། དེའི་སྟེང་དུ་བདེན་པ་བཀག་པ་ལ་འབྲེལ་ཅི་ཡོད་སོམས་ཤིག གལ་ཏེ་དེའི་དོན་གཟུང་འཛིན་གཉིས་སྟོང་གི་རྣམ་པར་ཤེས་པ་དོན་དམ་དུ་ཡོད་པ་མིན། ཀུན་རྫོབ་ཏུ་མེད་པ་མིན། ཞེས་སོགས་ལ་སྦྱར་བ་ཡིན་ནོ་སྙམ་ན། གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་ཆོས་ཅན། དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་མེད་པ་གཉིས་ཀ་ཡིན་པར་ཐལ། དེ་གཉིས་ཀ་མིན་པ་མ་ཡིན་པའི་ཕྱིར། རྟགས་གསལ་འབྲུ་གནོན་གྱི་ཐོག་ཏུ་དངོས་འགལ་ཡིན་ལ། ཁྱབ་པ་དགག་པ་གཉིས་ཀྱི་རྣལ་མ་གོ་བ་ལ་དངོས་འགལ་ཡིན་པས་གངས་རིའི་ཁྲོད་ཀྱི་དགེ་སྦྱོང་ཐམས་ཅད་འདི་ལ་ལན་གང་འདེབས་བཀའ་གྲོས་མཛོད་ཅིག དབུ་མའི་ལྟ་བ་ལ་དཔྱོད་པའི་གནས་སྐབས་སུ། དགག་པ་གཉིས་ཀྱི་རྣལ་མ་གོ་བ་འདི་ལ་འཕགས་མཆོག་ཀླུ་སྒྲུབ་ཀྱིས། གལ་ཏེ་ཡོད་པ་སུན་ཕྱུང་བས། །ཅི་སྟེ་མེད་པ་པར་གྱུར་ན། །དེ་ཕྱིར་མེད་པ་སུན་ཕྱུང་བས། །ཅི་ཕྱིར་ཡོད་པ་པར་མི་འགྱུར། །ཞེས་ཆེད་དུ་གཏད་པའི་དགག་པ་གསུངས་པ་འདི་ཡང་དྲན་པར་གྱིས་ཤིག མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ངོར་ཡོད་མིན་མེད་མིན་གྱི་ལྟ་བ་ཁས་བླངས་པ་ལ། རྒྱ་ནག་ཧ་ཤང་གི་ལྟ་བ་ཡིན་ནོ་ཞེས་བརྟག་དཔྱད་མ་བྱས་པའི་ཚིག་རང་དགའ་བ་འཇིག་རྟེན་གྱི་ཁམས་སུ་འཕངས་པ་ནི་བསྟན་པའི་སྙིང་པོ་སྤྲོས་བྲལ་ཉམས་པའི་ཆེད་དུ་བདུད་རིགས་ཀྱིས་བྱིན་གྱིས་རླབས་ནས་བཀྱེ་བར་བྱེད་པ་སྟེ། རྒྱ་ནག་ཧ་ཤང་གིས་ནི་གནས་ལུགས་ཀྱི་དོན་ལ་བརྟག་དཔྱད་མ་བྱས་པར་རྟོག་པ་རང་དགར་བཀག་ནས་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་ལ། ལྟ་བ་མཐར་ཐུག་རྟོགས་པར་འདོད་པ་ཡིན་ཞིང་། དེ་ཉིད་མཁས་པ་ཀཱ་མ་ལ་ཤཱི་ལས་ལུང་དང་རིགས་པས་སུན་ཕྱུང་བ་ཡིན་ལ། འདི་ནི་དབུ་མའི་གཞུང་ལུགས་ལས་བཤད་པའི་རིགས་པ་རྣམས་ཀྱིས་ཡུལ་གྱི་གནས་ལུགས་གཏན་ལ་དབབ་པ་ན། མཐར་འཛིན་རྣམས་ཀྱི་ཞེན་ཡུལ་རེ་རེ་ནས་སུན་ཕྱུང་སྟེ། མཐར་ཡོད་མེད་ལ་སོགས་སྤྲོས་པའི་མཐའ་གང་ཡང་མ་རྙེད་པ་ཙམ་ལ་དབུ་མའི་ལྟ་བ་རྟོགས་ཞེས་པའི་ཐ་སྙད་ཙམ་ཞིག་མཛད་པ་ཡིན་པས། དེ་གཉིས་མཚུངས་པར་འདོད་པ་ནི། མཁས་པ་སྦྱངས་པར་རློམ་པ་རྣམས་ཀྱང་བརྟག་དཔྱད་ཅུང་ཟད་ཀྱང་མ་བྱས་པའམ། ཡང་ན་ཐབས་ལ་བསླུ་བའི་བདུད་ཀྱིས་ཟིན་པར་ངེས་སོ། །དེས་ན་བདེན་པས་སྟོང་པ་ཙམ་དུ་བཟུང་ནས། ཡོད་མིན་མེད་མིན་གྱི་སྤྲོས་བྲལ་འགོག་པ་འདི་ནི། བླ་མ་དབུ་མ་པ་ལ་འཇམ་དབྱངས་ཀྱིས་བསྟན་པའི་གྲུབ་མཐའ་ཡིན་གྱི། འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དང་འགལ་བ་ཁོ་ན་ཡིན་ནོ། །ཇི་ལྟར་བསྟན་ན། དེ་ཉིད་ཀྱི་གསང་བའི་རྣམ་ཐར་ལས། ཁོ་བོའི་རྒྱུད་ལ་ཡོད་པའི་དབུ་མའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བ་ཡིན་ཞེས་བླ་མ་དབུ་མ་པའི་བརྒྱུད་ནས་འཇམ་དབྱངས་ལ་ཞུས་པས། འཇམ་དབྱངས་ཀྱི་ཞལ་ནས་དེ་ནི་ཐལ་རང་གང་གིའང་ལྟ་བ་མིན་ནོ་ཞེས་གསུངས། དེ་ལ་རྣམ་ཐར་རྩོམ་པ་པོ་ན་རེ། དེའི་ཚེ་རྗེ་འདི་ཉིད་ཀྱི་ཐུགས་རྒྱུད་ལ་ཞང་ཐང་སག་པ་ནས་བརྒྱུད་པའི་ཡོད་མིན་མེད་མིན་གྱི་ལྟ་བ་དེ་ཡོད་པས་དེ་སྐད་དུ་གསུངས་པ་ཡིན་པར་འདུག་ཅེས་བྲིས་སྣང་ངོ་། །ཐར་པ་དོན་གཉེར་རྟོག་དཔྱོད་དང་ལྡན་པ་རྣམས་ཀྱིས་འདི་ལ་བག་ཟོན་མཛོད་ཅིག གལ་ཏེ་སྟོང་ཉིད་དུ་མངོན་པར་ཞེན་པ་ཡང་འགོག་དགོས་ན། བདེན་པ་བཀག་ནས་སྟོང་ཉིད་རིགས་པས་སྒྲུབ་པ་དོན་མེད་པར་འགྱུར་ཞིང་། སྟོང་ཉིད་རྟོགས་པའི་བློ་དེ་ཡུལ་གྱི་གནས་ཚུལ་ལ་ཞུགས་པ་མ་ཡིན་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཐོག་མར་བདེན་པ་མ་བཀག་ན། བདེན་སྟོང་དུ་ཞེན་པ་དགག་ཏུ་མེད་པས་སྟོང་ཉིད་རིགས་པས་བསྒྲུབ་དགོས་ལ། བདེན་པས་སྟོང་པ་ཙམ་རྟོགས་པའི་བློ་ནི། བདེན་འཛིན་ཉིད་ལ་ལྟོས་ནས་ཡུལ་གྱི་གནས་ལུགས་རྟོགས་པར་འཇོག་པའི་ཕྱིར་རོ། །དབུ་མ་རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་པ་ལ། སྒྲུབ་བྱེད་དུ་བཀོད་པ་རྣམས་ནི་སྒྲུབ་བྱེད་ལྟར་སྣང་བར་ཡིན་ཚུལ་དང་། རང་རྒྱུད་པའི་གཞུང་ཁུངས་ཐུབ་རྣམས་ལས། ཀུན་རྫོབ་གཅིག་པུར་མ་བརྟགས་ཉམས་དགའ་བ་ཉིད་དུ་གསུངས་ཀྱི། རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་མེད་པ་སོགས་ཀྱི་རྣམ་གཞག་རྒྱས་པར་ནི། གཞན་དུ་འཆད་པར་འདོད་པས་འདིར་མ་སྤྲོས་སོ། །ད་ནི་ཀུན་རྫོབ་ཀྱི་རྣམ་གཞག་ལ་བརྗོད་པར་བྱ་སྟེ། དེ་ལ་ཀུན་རྫོབ་ཐམས་ཅད་འདི་ནི་ལྷས་བྱིན་ནོ། །འདི་ནི་ལྷས་སྦྱིན་གྱིས་མིག་གོ་ཞེས་སོགས་མིང་གི་ཐ་སྙད་བཏགས་པ་ཐམས་ཅད། མིང་གི་ཐ་སྙད་དེའི་དབང་གིས་ཡོད་པར་བཞག་པ་མ་གཏོགས་པ་འཇོག་བྱེད་གཞན་མེད་པར་འདོད་པ་ནི། ཀུན་རྫོབ་ཐ་སྙད་ཀྱི་དབང་གིས་བཞག་པའི་དོན་གཏན་མིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། རིགས་ཀྱི་བུ་འཇིག་རྟེན་གནས་པ་ན་སྐྱེ་བ་དང་། འགག་པ་ལ་མངོན་པར་ཞེན་པ་ཡིན་པས། དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་ཅན་གྱིས་འཇིག་རྟེན་སྐྲག་པའི་གནས་ཡོངས་སུ་སྤོང་བའི་ཕྱིར། ཐ་སྙད་ཀྱི་དབང་གིས་སྐྱེའོ། །དགག་གོ་ཞེས་གསུངས་ཀྱི། རིགས་ཀྱི་བུ་འདི་ལས་ཆོས་འགའ་ཡང་སྐྱེ་བ་ནི་མེད་དོ། །ཞེས་གསུངས་ཤིང་། བདེན་གཉིས་རང་འགྲེལ་དུ་མདོ་དྲངས་པ་ལས་ཀྱང་། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཅི་སྙེད་འཇིག་རྟེན་གྱི་ཐ་སྙད་བཏགས་པ་དང་། ཡི་གེ་དང་། སྐད་དང་། བརྡར་བཏགས་པ་དག་གོ་ཞེས་དང་། སྟོང་ཉིད་བདུན་ཅུ་པ་ལས། གནས་པའམ་སྐྱེ་འཇིག་ཡོད་མེད་དང་། །དམན་པའམ་མཉམ་དང་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་སྙད་དབང་གིས། །གསུངས་ཀྱི་ཡང་དག་དབང་གིས་མིན། །ཞེས་ཀུན་རྫོབ་ཐ་སྙད་ཀྱི་དབང་གིས་བཞག་པར་གསུངས་པའི་དོན་ལ་བདེན་གཉིས་རང་འགྲེལ་ལས། འཇིག་རྟེན་གྱི་ཐ་སྙད་གདགས་པ་ནི། འཇིག་རྟེན་གྱི་འཇུག་པ་སྟེ། ཤེས་པ་དང་ཤེས་བྱའི་མཚན་ཉིད་ཡིན་གྱི། རྗོད་པར་བྱེད་པའི་མཚན་ཉིད་ནི་མིན་ཏེ། དེ་ནི་འོག་ནས་བརྗོད་པའི་ཕྱིར་རོ་ཞེས་འཇིག་རྟེན་པའི་བློ་ལ་སྣང་བའི་དབང་གིས་བཞག་པ་དང་། དེ་ལ་བརྟེན་ནས་མིང་གི་ཐ་སྙད་ཀྱིས་བཞག་པ་སོགས་ཐམས་ཅད་ཀྱང་ཐ་སྙད་ཀྱི་དབང་གིས་བཞག་པའི་དོན་དུ་གསུངས་ཀྱི། མིང་གི་ཐ་སྙད་ཁོ་ན་ལ་འདོད་པ་བཀག་པའི་ཕྱིར། གལ་ཏེ་དེ་ནི་རང་རྒྱུད་པའི་ལུགས་ཡིན་ནོ་སྙམ་ན། དཔལ་ལྡན་ཟླ་བ་ཡང་འདི་ཁོ་ན་བཞིན་དུ་བཞེད་དེ། འཇུག་པ་ལས། དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་རྫུན་པ་ཡིན། །ཞེས་དང་། འདི་ན་ཅི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །ཅེས་དང་། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ཞེས་པའི་འགྲེལ་པར། དེ་བཞིན་དུ་མ་རིག་པའི་རབ་རིབ་ཀྱིས་གནོད་པ་བྱས་པའི་དེ་ཁོ་ན་ཉིད་མ་མཐོང་བ་དག་གིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་རང་གི་ངོ་བོ་དམིགས་པ་གང་ཡིན་པ་དེ་ནི། དེ་དག་གི་ངོ་བོ་ཀུན་རྫོབ་པའོ། །ཞེས་འཇིག་རྟེན་པའི་བློ་ལ་སྣང་བའི་དབང་གིས་ཡུལ་དེ་དང་། དེར་བཞག་པ་ཐམས་ཅད་ཀུན་རྫོབ་ཐ་སྙད་ཀྱི་དབང་གིས་བཞག་པའི་དོན་དུ་གསུངས་པའི་ཕྱིར་རོ། །ཐ་སྙད་བཏགས་པའི་དོན་བཙལ་བའི་ཚེ་ན་མི་རྙེད་ཅེས་པའི་སྒྲ་ཙམ་སྨྲས་ཀྱང་དོན་ལ་བཙལ་ནས། རྙེད་པར་བྱས་འདུག་སྟེ། ལས་ཀྱི་འབྲས་བུ་བསྐྱེད་པའི་ཚུལ་ལ་རིགས་པས་བརྟགས་ཤིང་དཔྱད་པའི་ཚེ་ན། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་ཞིག་པ་དངོས་པོ་བ་ཁས་བླངས་པའི་ཕྱིར། འདི་ཐུན་མོང་མིན་པའི་གྲུབ་མཐའ་བྱེད་པ་རྣམས་ལ་འདི་འདྲི་སྟེ། ལས་ཀྱིས་ཞིག་པ་དངོས་པོ་བ་བསྐྱེད་ནས་ཞིག་པ་དངོས་པོ་བས་འབྲས་བུ་བསྐྱེད་པ་དེ་རིགས་ངོར་ཁས་ལེན་པ་ཡིན་ནམ། ཐ་སྙད་དུ་ཁས་ལེན་པ་ཡིན། དང་པོ་ལྟར་ན་དོན་གོ་བས་ཁོ་བོ་ནི་ཅི་ཡང་མི་སྨྲའོ། །ཕྱི་མ་ལྟར་ན་ཐ་སྙད་དུ་ལས་དང་འབྲས་བུ་གཞན་ཡིན་པར་ཐལ། ཐ་སྙད་དུ་དེ་གཉིས་ཀྱི་བར་དུ་ཞིག་པ་དངོས་པོ་བས་ཆོད་པའི་ཕྱིར། དཔེར་ན་ཆུས་བར་དུ་ཆོད་པའི་རི་ཕན་ཚུན་བཞིན་ནོ། །འདོད་ན། ཐ་སྙད་དུ་སྔར་གྱི་ཤིང་གི་ས་བོན་དང་། ཕྱིས་ཀྱི་ཤིང་སྡོང་གཉིས་གཞན་ཡིན་པར་ཐལ་ལོ། །དེ་ཡང་འདོད་ན། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །ཞེས་པའི་རྩ་འགྲེལ་གྱི་སྐབས་སུ། ཐ་སྙད་དུ་གཞན་སྐྱེ་མེད་པའི་ཤེས་བྱེད་དུ། ཐ་སྙད་དུ་སྔར་གྱི་ཤིང་གི་ས་བོན་དང་། ཕྱིས་ཀྱི་ཤིང་སྡོང་གཞན་མ་ཡིན་པའི་ཕྱིར། ཞེས་བཀོད་པ་འདི་དྲན་པར་གྱིས་ཤིག རང་སྡེ་དངོས་སྨྲ་བ་དག་གིས་ལས་འབྲས་ཀྱི་རྟེན་དུ་ཆུད་མི་ཟ་བ་དང་། ཐོབ་པ་དང་། ཀུན་གཞིའི་རྣམ་ཤེས་ཁས་ལེན་པ་དང་། ཁྱེད་ཞིག་པ་དངོས་པོ་བ་ཁས་ལེན་པ་རྣམས་དབུ་མ་ཐལ་འགྱུར་བའི་ངོས་ནས་འཁྲུལ་པ་ཡིན་པ་མཉམ་པོ་ལ། སྔ་མ་གསུམ་ནི་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་རེ་རེའི་ལུགས་ཡིན་ལ། ཞིག་པ་དངོས་པོ་བ་ནི་ཆོས་འདི་པ་ལས་ཕྱི་རོལ་དུ་གྱུར་བ་མུ་སྟེགས་བྱེ་བྲག་པའི་གྲུབ་མཐའ་ཡིན་གྱི། ནང་པའི་གྲུབ་མཐའ་ལ་མེད་པས་ཤིན་ཏུ་མི་འཐད་པའི་གནས་སོ། །དཔལ་ལྡན་ཟླ་བས། ཀུན་གཞི་ལས་འབྲས་ཀྱི་རྟེན་ཡིན་པ་འགོག་པའི་རིགས་པ་དེ་ཞིག་པ་དངོས་པོ་ལ་ཡང་མཚུངས་ཏེ། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཞིག་དངོས་མེད་ཀྱང་འདིར་ནུས་ཕྱིར། །ཞེས་འདོན་པ་བསྒྱུར་བས་ཆོག་པའི་ཕྱིར། གཞན་དུ་ན་ཀུན་གཞིའི་རྣམ་པར་ཤེས་པས་མི་རིགས་པ་ཅི་ཞིག་བྱས་ནས་ཆད་པ་བཅད། དེས་ན་ཀུན་གཞི་སོགས་ལས་འབྲས་ཀྱི་རྟེན་དུ་མེད་ཀྱང་ལས་འགག་ནས་ཡུན་རིང་པོ་ལོན་ཀྱང་། འབྲས་བུ་འབྱུང་བ་མི་འགལ་བའི་ཤེས་བྱེད་དུ། ལས་རང་བཞིན་གྱིས་མི་འགག་པའི་ཕྱིར། ཞེས་བཀོད་ཅིང་། རྩ་ཤེར་ལས་ཀྱང་དེ་ལྟར་གསུངས་པས་ཐ་སྙད་དུ་གཞན་སྐྱེ་མེད་པའི་ཚུལ་གོ་ན། མི་གོ་བའི་དོན་མེད་ཀྱང་རང་གི་རྟོག་པ་ལ་གང་ཤར་ཚད་མར་བྱེད་པ་དག་གིས་འདི་མ་གོ་བར་སྣང་ངོ་། །ཞིབ་པར་གཞན་དུ་འཆད་ཅིང་ངག་ལས་ཤེས་སོ། །ཡང་ཆུ་ཕོར་པ་གང་གི་གོ་ས་ན། རིགས་དྲུག་གི་མིག་ཤེས་དྲུག་གིས་བལྟས་པའི་ཚེ། མིག་ཤེས་དྲུག་པོ་མ་འཁྲུལ་པར་མཚུངས་པས་དེའི་ཡུལ་དྲུག་པོ་ཡོད་མཚུངས་སུ་འདོད་པ་ནི། དབུ་མ་ཐལ་འགྱུར་བའི་ལུགས་ལས་འདས་ཤིང་། དངོས་སྟོབས་ཀྱི་རིགས་པ་དང་ཡང་འགལ་ཏེ། ཐལ་འགྱུར་བའི་ལུགས་ལ་མིའི་མིག་ཤེས་ལ་ལྟོས་ཏེ། མིག་ཤེས་དེ་ཉིད་མ་འཁྲུལ་པས། དེའི་ཡུལ་ཆུ་ཡོད་པ་ཡིན་གྱི། མིག་ཤེས་གཞན་ལྔ་འཁྲུལ་པས། དེའི་ཡུལ་ལྔ་པོ་ཡང་འཇིག་རྟེན་ཉིད་ལ་ལྟོས་ནས་ལོག་པའི་ཀུན་རྫོབ་ཀུན་ཏུ་འདོད་པ་ཡིན་ལ། ཡི་དྭགས་ཀྱི་མིག་ཤེས་ལ་ལྟོས་ནས་མིག་ཤེས་དེ་ཉིད་མ་འཁྲུལ་པས་དེའི་ཡུལ་རྣག་ཁྲག་ཡང་འཇིག་རྟེན་ཉིད་ལ་ལྟོས་ནས་བདེན་པ་ཡིན་ཅིང་། མིག་ཤེས་གཞན་ལྔ་འཁྲུལ་པ་ཡིན་པ་སོགས་ཐམས་ཅད་ལ་སྦྱར་བར་བྱ་བ་ཡིན་ནོ། །གལ་ཏེ་མིའི་མིག་ཤེས་དང་ཡི་དྭགས་ཀྱི་མིག་ཤེས་སོགས་ལ་ལྟོས་ནས་མ་བཞག་པར། སྤྱིར་མིའི་མིག་ཤེས་འཁྲུལ་ལམ་མ་འཁྲུལ་ཞེ་ན། འདིར་ཀུན་རྫོབ་ཐམས་ཅད་བློ་ལ་དེ་ལྟར་སྣང་བའི་དབང་གིས་བཞག་པར་ཁས་བླངས་པ་ཡིན་གྱི། ཡུལ་ཅན་གྱི་བློ་ལ་མ་ལྟོས་པའི་དོན་བཞག་མི་ཤེས་པ་ནི། ཀུན་རྫོབ་ཐ་སྙད་ཀྱི་དབང་གིས་བཞག་པའི་དོན་ཡིན་པར་གོང་དུ་བཤད་མ་ཟིན་ནམ། འོན་ཀྱང་དེང་སང་གི་བྱིས་པ་རྣམས་ཀྱིས་འདི་མ་གོ་བས་གྲུབ་མཐའི་གནད་འཆུག་པར་སྣང་ངོ་། །དོན་འདི་ཉིད། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །ཞེས་པ་རྩ་འགྲེལ་གཉིས་ཀྱི་དོན་ལ་དཔྱད་ན་མི་རྟོགས་པའི་དོན་མེད་དོ། །དངོས་སྟོབས་ཀྱི་རིགས་པ་དང་ཇི་ལྟར་འགལ་ན། ཤཱཀྱ་ཐུབ་པའི་གཟུགས་གཅིག་ལ་མཛེས་མི་མཛེས་ཀྱི་རྫས་གཉིས་ཡོད་པར་ཐལ། དེ་ལ་ལྟ་བའི་འོད་སྲུང་གི་མིག་ཤེས་དང་། རྫོགས་བྱེད་ཀྱི་མིག་ཤེས་གཉིས་མ་འཁྲུལ་པར་མཚུངས་པའི་ཕྱིར། ཆུ་ཕོར་གང་ལ་རིགས་དྲུག་གི་མིག་ཤེས་དྲུག་གིས་ལྟས་ནས་ཆུ་ཕོར་གང་མི་ཁོ་ནས་བཏུང་བའི་ཚེ་ན་མི་དེས་བདུད་རྩི་དང་རྣག་ཁྲག་སོགས་ཀྱི་རྫས་དྲུག་ཅར་བཏུང་བར་འགྱུར་ཏེ། ཆུ་ཕོར་གང་གི་གོ་ས་ན་རྫས་དྲུག་ཅིག་ཅར་ཡོད་པའི་ཕྱིར། དེས་ན་ཐོག་བཅས་ཀྱི་དངོས་རྫས་སོ་སོ་བ་དྲུག་གོ་ས་གཅིག་ཏུ་གནས་པ་འདི་ནི་དབང་གིས་ཕྱུག་པ་དག་མ་གཏོགས་གཞན་སུ་ཞིག་གིས་སྨྲ་བར་ནུས། རྗེས་འབྲང་དག་སྐྱོན་དེ་སྤོང་བར་འདོད་ནས། ཆུ་ཕོར་གང་གི་གོ་ས་ན་བདུད་རྩི་ཕོར་གང་། རྣག་ཁྲག་ཕོར་གང་སོགས་ཡོད་པར་མི་འདོད་ཀྱི། ཕོར་བ་གང་པོ་དེ་ཉིད་ལ་རིགས་དྲུག་གི་མིག་ཤེས་དྲུག་གིས་བལྟས་པའི་ཚེ། ཆུའི་རྫས་དྲུག་ཆ་དང་། བདུད་རྩིའི་རྫས་དྲུག་ཆ་སོགས་ཡོད་པར་སྨྲའོ། །འདི་ནི་གྱི་ན་སྟེ། དེའི་ཚེ་ཆུ་ཕོར་གང་དེ་མི་ཡི་བཏུང་བ་ན་རྫས་དྲུག་ཆར་བཏུང་བར་ཐལ་བའི་སྐྱོན་སོ་ན་གནས་ཤིང་། ཆུ་ཕོར་གང་འཐུང་རྒྱུ་མེད་པའི་ཉེས་པ་ལྷག་པོ་གནས་ཏེ། ཆུའི་རྫས་དྲུག་ཆ་ལས་མེད་པའི་ཕྱིར་རོ། །དེས་ན་མིའི་མིག་ཤེས་ཀྱིས་བལྟས་པའི་ཚེ་འགྲོ་བ་གཞན་གྱི་མིག་ཤེས་ཀྱིས་བལྟས་པ་དང་མ་བལྟས་པ་གང་ཡིན་རུང་། མིག་ཤེས་དེའི་ངོར་ཐ་སྙད་དུ་ཆུ་ལས་གཞན་མ་དམིགས་ཤིང་དོན་དམ་པར་ནི་ཆུ་ཉིད་ཀྱང་མ་དམིགས་པ་ལ། ཁྱོད་རྫས་དྲུག་ཅར་ཚང་བར་བྱེད་པ་ནི་དངོས་འཛིན་ལྷག་པོ་བསྣན་པའོ། །དེས་ན་ཀུན་རྫོབ་མ་དཔྱད་པའི་བློ་ངོར་འཇོག་དགོས་ཞེས་པའི་འུད་གོག་མང་ཡང་དོན་ལ་རིགས་པས་དཔྱད་ནས་འཇོག་པར་སྣང་བས། དབུ་མ་ཐལ་འགྱུར་པའི་ལུགས་ཀྱི་ཀུན་རྫོབ་ཀྱི་རྣམ་གཞག་ལས་ཉམས་པ་ཡིན་ནོ། །འཕྲོས་དོན་ལ་ཡང་རིམ་པ་བཞིན་དཔྱད་པར་བྱ་སྟེ། དབུ་མ་པ་གཞན་གྱིས་ཤེས་སྒྲིབ་ཏུ་ཁས་བླངས་པའི་ཆོས་ཀྱི་བདེན་འཛིན་ཉོན་སྒྲིབ་ཡིན་པ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་གཏན་མིན་ཏེ། རྩ་བ་ཤེས་རབ་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་པའི་རྣམ་རྟོག་ནི་ཆོས་ཀྱི་བདེན་འཛིན་ཡིན་ལ། དེ་ཉོན་སྒྲིབ་ཡིན་ན། སྐབས་འདིའི་ཉོན་མོངས་སུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །ཡང་ཆོས་ལ་བདེན་པ་འཛིན་པའི་བདེན་འཛིན་ནི། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ཡིན་པས། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་རྐྱེན་ལས་སྐྱེས་དངོས་རྣམས་ལ། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་པའི་གཞུང་གིས་བསྟན་པར་འདོད་པ་ནི་བློ་གྲོས་ཤིན་ཏུ་བརྩིང་བའི་རྣམ་ཐར་སྟེ། གཞུང་དེས་ཆོས་ལ་བདེན་པར་འཛིན་པའི་བདེན་འཛིན་ཡན་ལག་བཅུ་གཉིས་ཀྱི་རྒྱུར་བསྟན་གྱི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་མ་བསྟན་པའི་ཕྱིར་རོ། །གལ་ཏེ་གཞུང་དེས་དེ་ལྟ་བུའི་བདེན་འཛིན་དེ་མ་རིག་པ་ཡིན་པར་བསྟན་པ་ཡིན་ནོ་སྙམ་ན། སྐྱོན་མེད་དེ། མ་རིག་པ་ལ་ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་དང་། ཉོན་སྒྲིབ་ཏུ་གྱུར་པའི་མ་རིག་པ་གཉིས་ཡོད་པ་ལས། དང་པོ་ནི། ཡན་ལག་བཅུ་གཉིས་ཀྱི་རྒྱུ་དང་། ཕྱི་མ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གཞུང་དེ་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །དེས་ན་ཆོས་ལ་བདེན་པར་འཛིན་པའི་བདེན་འཛིན་ཤེས་སྒྲིབ་ཡིན་ཡང་། བཞི་བརྒྱ་པ་ལས། སྲིད་པའི་ས་བོན་དུ་བཤད་པ་ནི། ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་མ་རིག་པའི་རྒྱུ་བྱེད་པ་ལ་དགོངས་པ་ཡིན་གྱི། ཉོན་སྒྲིབ་ཡིན་པའི་དོན་ནི་མིན་ནོ། །ཆོས་ཀྱི་བདེན་འཛིན་ཤེས་སྒྲིབ་ཡིན་པ་ལ། མགོན་པོ་བྱམས་པ་དང་ཀླུ་སྒྲུབ་གཉིས་དགོངས་པ་གཅིག་ཏུ་སྣང་སྟེ། གཉིས་ཆར་གྱིས་ཀྱང་། ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་འབྲས་བུའི་རྟེན་འབྲེལ་བདུན་པོ། རྒྱུའི་རྟེན་འབྲེལ་ལྔ་ལས་འབྱུང་ཞིང་། རྒྱུའི་རྟེན་འབྲེལ་ནི་ཆོས་ཀྱི་བདེན་འཛིན་དུ་གྱུར་པའི་རྣམ་རྟོག་ལས་འབྱུང་བར་གསུངས་པའི་ཕྱིར་རོ། །ཇི་ལྟར་ན། རྩ་ཤེར་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་པའི་རྣམ་རྟོག་དང་། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་པའི་ཕུང་པོར་འཛིན་པ་དང་། སྟོང་ཉིད་བདུན་ཅུ་པ་ལས། སྔར་དྲངས་པའི་ཚིག་རྐང་དང་པོ་གསུམ་གྱིས་བསྟན་པའི་མ་རིག་པ་དང་། བཞི་བརྒྱ་པ་ལས། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཞེས་པའི་རྣམ་ཤེས་དང་། མངོན་རྟོགས་རྒྱན་ལས་བཤད་པའི་ཆོས་ཀྱི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་དང་། བདེན་འཛིན་གྱི་དབང་དུ་བྱས་པའི་གཟུང་རྟོག་རྣམས་དང་། རྒྱུད་བླ་མ་ལས། དེ་ནི་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཞེས་པའི་ཚུལ་མིན་ཡིད་བྱེད་རྣམས་དོན་གཅིག་ཏུ་སྣང་ལ། དེའི་ངོས་འཛིན་རྒྱུད་བླ་མར། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་ཤེས་སྒྲིབ་ཏུ་བཤད་པའི་ཕྱིར་རོ། །དེ་ལྟ་བུའི་ཤེས་སྒྲིབ་དེ་ཇི་སྲིད་དབུ་མའི་ལྟ་བ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་དངོས་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ཁོ་ན་ཡིན་ལ། དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་ནས། མཐོང་ལམ་མ་ཐོབ་ཀྱི་བར་དུ་ཡུལ་གྱི་ཕྱོགས་སུ་ཞེན་པ་ཡིན་ན། གཟུང་རྟོག་དང་། ཡུལ་ཅན་གྱི་ཕྱོགས་སུ་ཞེན་ན་མོས་པ་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཡིན་ལ། ཆོས་རང་བཞིན་མེད་པར་རྟོགས་པའི་མཐོང་ལམ་སྐྱེས་ཕྱིན་ཆད་བདེན་འཛིན་མེད་པའི་གཟུང་རྟོག་དང་། དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཡིན་ནོ། །དེས་ན་ཤེས་སྒྲིབ་ལ་བདེན་འཛིན་ཡོད་པ་དང་། མེད་པ་གཉིས་ལས། སྔ་མ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་མ་རིག་པའི་རྒྱུ་ཡིན་པས་ཉོན་མོངས་ཀྱི་མིང་གིས་བཏགས་པ་ཡོད་ལ། ཕྱི་མ་ལ་ཡང་ཡུལ་ལ་མངོན་པར་ཞེན་པའི་ཆ་ནས་ཉོན་མོངས་ཀྱི་མིང་གིས་བཏགས་པ་ཡང་ཡོད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་ནི་རྣམ་པར་རྟོག་པའོ། །ཞེས་པ་ལྟར་རོ། །ཀླུ་སྒྲུབ་ཀྱི་གཞུང་ལས། ཆོས་ཀྱི་བདེན་འཛིན་ཉོན་མོངས་སུ་བཤད་པ་མི་སྣང་ཞིང་། དཔལ་ལྡན་ཟླ་བས། ཆོས་ལ་བདེན་པར་འཛིན་པའི་བདེན་འཛིན་ཉོན་མོངས་ཅན་གྱི་མི་ཤེས་པར་བཤད་པ་ནི། སྔར་ལྟར་བཏགས་པ་བ་ལ་དགོངས་པ་ཡིན་གྱི། གཞན་དུ་ཀླུ་སྒྲུབ་ཀྱི་དགོངས་པར་འགྲོ་བ་དཀའོ། །ཆོས་ཀྱི་བདག་འཛིན་ཡིན་ན། བདེན་འཛིན་ཡིན་པས་མ་ཁྱབ་པ་ཡང་སྔ་མ་ལ་དཔག་སྟེ་ཤེས་ནུས་ཤིང་། འོག་ཏུ་འཆད་པར་ཡང་འགྱུར་རོ། །དེས་ན་བདེན་འཛིན་ཡིན་ན། ཉོན་སྒྲིབ་ཡིན་པས་ཁྱབ་པ་ནི་ཀླུ་སྒྲུབ་དང་བྱམས་པ་གཉིས་ཆར་གྱི་དགོངས་པ་མིན་ནོ། །བདག་གཉིས་ཀྱི་ངོས་འཛིན་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ཡིད་ཀྱི་རྣམ་པར་ཤེས་པ་བདག་གི་གདགས་གཞིར་འདོད་པ་ཡིན་གྱི། བདག་དང་གང་ཟག་ཏུ་འདོད་པ་ནི་མིན་ཏེ། རྣམ་པར་ཤེས་པ་དེ་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཚེ་ཆོས་སུ་བཞེད་པའི་ཕྱིར་རོ། །རྟོག་གེ་འབར་བ་ལས། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ་ཞེས་ལུས་དང་། དབང་པོའི་ཚོགས་དག་ལ་ཉེ་བར་འདོགས་པའི་ཕྱིར་ཏེ། ཞེས་གསུངས་སོ། །ངར་འཛིན་ལྷན་སྐྱེས་ཀྱིས་ངའོ་སྙམ་དུ་བཟུང་བའི་དམིགས་ཡུལ་གྱི་ང་ཙམ་ཐ་སྙད་དུ་ཡོད་པ་དབུ་མ་ཐལ་འགྱུར་བའི་ལུགས་ཡིན་ཀྱང་། དེ་ཉིད་ཕུང་པོ་དང་གཅིག་དང་ཐ་དད་གང་དུ་གྲུབ་བཙལ་བའི་ཚེ་གཅིག་དང་གཞན་གཉིས་གང་དུ་ཡང་མ་རྙེད་ཀྱང་ང་ཙམ་ཐ་སྙད་དུ་ཡོད་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། དེ་ལྟར་བཙལ་བའི་ཚེ་ང་ཙམ་ཉིད་ཀྱང་མེད་པར་བྱ་དགོས་པའི་ཕྱིར་རོ། །ཁ་ཅིག་དབུ་མ་ཐལ་འགྱུར་བའི་ལུགས་ལ་ང་ཙམ་ཐ་སྙད་དུ་ཡོད་པ་འགོག་པ་ལ་བརྩོན་པ་ནི། གཞན་གྱིས་ཁས་བླངས་པའི་རྒྱུ་མཚན་གྱིས་འགོག་པའམ། ཡང་ན་རང་ཉིད་ཀྱིས་འཇུག་པ་རྩ་འགྲེལ་མ་མཐོང་བར་ཟད་དེ། ཇི་སྐད་དུ། དེ་བཞིན་འཇིག་རྟེན་གྲགས་པའི་ཕུང་པོ་དང་། །ཁམས་དང་དེ་བཞིན་སྐྱེ་མཆེད་དྲུག་བརྟེན་ནས། །བདག་ཀྱང་ཉེ་བར་ལེན་པོ་ཉིད་དུ་འདོད། །ཅེས་དང་། དེའི་འགྲེལ་པར། བདག་ཀྱང་ཀུན་རྫོབ་ཀྱི་བདེན་པར་འཇིག་རྟེན་གྱི་ཀུན་ཏུ་ཐ་སྙད་མི་གཅད་པར་བྱ་བའི་ཕྱིར་ཤིང་རྟ་ལྟར་ཉེ་བར་ལེན་པ་པོར་འདོད་པ་ཡིན། ཞེས་གསུངས་པའི་དོན་ལ་རྟོག་དཔྱོད་མཛོད་ཅིག རྗེ་བཙུན་ཤེས་བྱ་ཀུན་རིག་གི་ཞལ་སྔ་ནས་ཀྱང་། ཟླ་བའི་བཞེད་པ་ལ། ཕུང་པོ་ལ་བརྟེན་ནས་ངར་འཛིན་ལྷན་སྐྱེས་ཀྱིས་གཞི་མེད་ལ་ངའོ་སྙམ་དུ་བཟུང་བའི་ཡུལ་དུ་གྱུར་པའི་ང་ཙམ་ཐ་སྙད་དུ་ཡོད་པར་གསུངས་ཤིང་། འཇུག་པ་རྩ་འགྲེལ་ལས་ཀྱང་ཤིན་ཏུ་གསལ་བས་ཁོ་བོ་ནི་འདི་འགོག་པ་ལ་བརྩོན་པར་མི་བྱེད་དོ། །ང་ཙམ་དེ་ཉིད་ཐ་སྙད་དུ་ལས་བྱེད་པ་པོ་དང་། རྣམ་སྨིན་མྱོང་བ་པོ་ཡང་ཡིན་ཏེ། ལུགས་འདི་ལ་ཀུན་རྫོབ་རང་གི་ཡུལ་ཅན་གྱི་བློ་ལ་སྣང་བའི་དབང་གིས་བཞག་པ་ཡིན་ཞིང་། འཇིག་རྟེན་པའི་བློ་ལ་ངས་ལས་བྱས་སོ། །ངས་འབྲས་བུ་མྱོང་ཞེས་ང་ཙམ་ལས་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོར་སྣང་བའི་ཕྱིར་རོ། །འོ་ན་ལས་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོ་གཅིག་དང་གཞན་གང་ཡིན། རྟག་པ་ཡིན་ནམ་མི་རྟག་པ་ཡིན། དངོས་པོ་ཡིན་ནམ་དངོས་མེད་ཡིན་ཞེས་དཔྱད་ན་དེ་དག་གང་དུའང་མ་གྲུབ་པས། དེ་ལྟར་དཔྱོད་པའི་ཚེ་ང་ཙམ་མི་རྙེད་པ་ནི། བདག་རིགས་པས་དཔྱད་བཟོད་དུ་མ་གྲུབ་པའི་དོན་ནོ། །གཞན་དག་དེ་ལྟར་དཔྱོད་པའི་ཚེ་ང་ཙམ་ཁས་ལེན་པ་ནི་བདག་རིགས་པས་དཔྱད་བཟོད་དུ་ཁས་ལེན་པ་ལས་མི་འདའོ། །དེ་སྐད་དུ་འཇུག་འགྲེལ་ལས། འདིའི་ལས་དང་བྱེད་པ་པོའི་རྣམ་པར་བཞག་པ་ཡང་ཤིང་རྟ་ལྟར་ཁས་བླང་བར་བྱའོ། །ཉེར་ལེན་ལས་ཡིན་འདི་ནི་བྱེད་པོའང་ཡིན། ཉེ་བར་ལེན་པ་ཞེས་བྱ་བ་ཕུང་པོ་ལ་སོགས་པ་དག་ནི་ལས་ཉིད་དང་། བདག་ནི་བྱེད་པོའོ་ཞེས་བྱ་བར་རྣམ་པར་བཞག་གོ །ཞེས་དང་། དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་བདུན་ཡོད་པ་མ་ཡིན་ཞིང་། དེ་ལས་གཞན་དུ་གྱུར་པ་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། ཞེས་གསུངས་སོ། །དེས་ན་བརྗོད་དུ་མེད་པའི་བདག་ཁས་ལེན་པའི་ཉན་ཐོས་འགའ་ཞིག་མ་གཏོགས་པའི་རང་སྡེ་དངོས་པོར་སྨྲ་བ་རྣམས་དང་། དབུ་མ་པ་རྣམས་བདག་རིགས་པས་དཔྱད་བཟོད་དུ་མ་གྲུབ་ཅིང་། བཏགས་པ་ཙམ་ཞིག་ཁས་ལེན་པར་འདྲ་ཡང་། དབུ་མ་པའི་ལུགས་ལ། བཏགས་པ་ཙམ་ལ་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོ་རུང་ཞིང་། དངོས་སྨྲ་བ་ལ་དེ་མི་རུང་བས། སྔ་མས་བདག་ལས་བྱེད་པ་པོ་དང་། རྣམ་སྨིན་མྱོང་བ་པོར་འདོད་ཅིང་། ཕྱི་མས་བདག་མེད་པའི་ཕུང་པོ་ཙམ་ཞིག་དེར་འདོད་པ་ནི་གནད་ཀྱི་དོན་ནོ། །དབུ་མ་པའི་ལུགས་ལ། ཕུང་པོ་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོར་མི་རུང་སྟེ། རིགས་པས་དཔྱད་པའི་ཚེ་བདག་ཕུང་གཉིས་ཀ་མ་གྲུབ་པར་མཚུངས་ཤིང་། ཐ་སྙད་དུ་བདག་དེར་སྣང་གི་ཕུང་པོ་དེར་མི་སྣང་བའི་ཕྱིར་རོ། །གནད་འདི་བློ་ཡུལ་དུ་ཤར་བ་ཉུང་བར་སྣང་ངོ་། །ཆོས་ཀྱི་བདག་དངོས་པོ་རྣམས་ལ་གཞན་ལ་རག་མ་ལས་པའི་ངོ་བོ་ཞིག་ཡོད་ན་དེ་ཉིད་ལ་འཇོག་པ་ནི། བཞི་བརྒྱ་པའི་འགྲེལ་པར། དེ་ལྟར་གསུངས་ཀྱང་དེ་ཁོ་ན་ལ་འཇོག་པ་ནི། རྩ་འགྲེལ་གཉིས་ཀྱི་དགོངས་པ་མིན་ཏེ། དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་པའི་སྤྲོས་པ་དེ་ཉིད་ལ་ཆོས་ཀྱི་བདག་དང་། དེར་འཛིན་པའི་མཚན་འཛིན་ལ་ཆོས་ཀྱི་བདག་འཛིན་དུ་འཇོག་པ་ནི་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་ཞིང་། མཚན་འཛིན་དེ་ལ་བདེན་པའི་མཚན་མར་འཛིན་པ་དང་། བདེན་པས་སྟོང་པའི་མཚན་མར་འཛིན་པ་སོགས་བཞི་ཡོད་པས། དེའི་ཡུལ་གྱི་སྤྲོས་པ་དེ་ལ་མཐའ་བཞིའི་སྤྲོས་པ་བཞི་ཡོད་པའི་བཞི་ཆར་ལ་ཆོས་ཀྱི་བདག་ཏུ་འཇོག་དགོས་པའི་ཕྱིར་རོ། །དེས་ན་བཞི་བརྒྱ་པའི་འགྲེལ་པའི་དགོངས་པ་ནི། སྤྲོས་པ་དང་པོ་ལ་དགོངས་པར་གསལ་ཞིང་། ཆོས་ཀྱི་བདག་འཛིན་ཡིན་ན་བདེན་འཛིན་ཡིན་པས་མ་ཁྱབ་པའི་གནད་ཀྱང་འདི་ཉིད་ཡིན་ལ། ཞིབ་པར་ངག་ལས་ཤེས་པའམ་གཞན་དུ་འཆད་པར་འགྱུར་རོ། །ཐེག་པ་ཆེ་ཆུང་གི་སྤངས་རྟོགས་ཀྱི་ཁྱད་པར་ལ་ཡང་དཔྱད་པར་བྱ་སྟེ། ཐེག་པ་ཆེ་ཆུང་གཉིས་ཆར་ལ་བདེན་པ་བཀག་ཙམ་གྱི་སྟོང་ཉིད་རྟོགས་པའི་ལྟ་བ་དེ་ལས་གཞན་པའི་ལྟ་བའི་ཁྱད་པར་མི་འདོད་པ་ནི། ཐེག་ཆེན་གྱི་ལྟ་སྤྱོད་ཟབ་ཅིང་རྒྱ་ཆེ་བ་ལ་སྐུར་བ་བཏབ་པ་སྟེ། ཐེག་ཆེན་གྱི་ཚོགས་ལམ་གྱི་གནས་སྐབས་སུ་མཚན་མེད་ཐོས་བསམ་གྱིས་གཏན་ལ་ཕབ། སྦྱོར་ལམ་གྱི་གནས་སྐབས་སུ་མི་རྟག་ལ་སོགས་བཅུ་དྲུག་ལ་ཡང་མངོན་ཞེན་བཀག མཐོང་ལམ་གྱི་སྐབས་སུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་ཐེག་དམན་ལས་ཁྱད་པར་དུ་འཕགས་པ་མངོན་རྟོགས་རྒྱན་ལས་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ཉིད་འདིར་ཁས་མི་ལེན་ནོ་ཞེ་ན། དེའི་རྒྱུ་མཚན་དྲིས་ནས་འོག་ཏུ་འགོག་ཅིང་། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཡང་འདི་ཁོ་ན་ཡིན་ཏེ། བསྟོད་ཚོགས་ལས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེའི་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་དང་། རིན་ཆེན་ཕྲེང་བར། མུ་སྟེགས་གཞན་དང་རང་ཉིད་ཀྱིའང་། །གནས་མིན་སྐྲག་པས་མ་མྱངས་པ། །ཞེས་དང་། ཟབ་མོ་ཁུ་འཕྲིག་ཅན་འཇིགས་པ། །ཞེས་དང་། དཔལ་ལྡན་ཟླ་བ་འཇུག་འགྲེལ་ལས། མི་དམིགས་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་ལ། དམིགས་པ་ནི་ཐ་སྙད་ཀྱི་བདེན་པས་བསྡུས་པ་ཉིད་ཀྱིས་འཇིག་རྟེན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་མ་ཐོབ་པ་དག་གིས་ཤེས་པར་མི་ནུས་སོ། །ཞེས་དང་། ཐེག་པ་ཆེན་པོ་བསྟན་པས་ནི་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་སྟོན་པར་བྱེད་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྨོན་ལམ་དང་སྙིང་རྗེ་ལ་སོགས་པ་དང་ཡོངས་སུ་བསྔོ་བ་དང་། ཚོགས་གཉིས་དང་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ལུང་དང་པོའི་དོན་ནི་སྤྱིར་མཚན་མེད་བཞི་པོ་གང་རུང་ཅིག་མ་རྟོགས་པར་ཐར་པ་ཐོབ་པ་མེད་དེ། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་ལ་བདེན་པའི་མཚན་མ་མེད་པར་རྟོགས་དགོས། ཐེག་ཆེན་གྱི་བྱང་ཆུབ་ཐོབ་པ་ལ་མཚན་མེད་བཞི་ཆར་རྟོགས་དགོས་པའི་ཕྱིར་རོ། །དེས་ན་ཉན་ཐོས་ཀྱི་ཐེག་པར། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཞེས་སོགས་བདེན་པའི་མཚན་མེད་ཙམ་ལས་མ་བསྟན་ཞིང་། ཐེག་པ་ཆེན་པོ་ལས་མཚན་མེད་བཞི་ཆར་ཚང་བར་བསྟན། ཞེས་པའི་དོན་ཡིན་པས། འདི་ཡང་ལྟ་བ་ལ་ཁྱད་པར་ཡོད་པའི་ལུང་ཡིན་ནོ། །ལུང་གཉིས་པའི་དོན་ནི། མུ་སྟེགས་གཞན་དང་ཞེས་པའི་དོན་ནི། ཕྱི་རོལ་མུ་སྟེགས་བྱེད་ཡིན་ལ། རང་ཉིད་ཀྱིའང་ཞེས་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཡིན་པས། འདི་ཡང་ལྟ་བ་ལ་ཁྱད་པར་ཡོད་པའི་ལུང་ཡིན་ནོ། །ལུང་གསུམ་པའི་དོན་ནི། ཟབ་མོ་ཞེས་པ་ནི། མཐའ་བཞིའི་སྤྲོས་པ་དང་བྲལ་བའི་སྟོང་ཉིད་ཡིན་ལ། དེ་ཁུ་འཕྲིག་ཅན་ཏེ། བག་ཆགས་སད་པ་རྣམས་ཀྱིས་རྟོགས་ལ། ཁུ་འཕྲིག་མེད་པ་རྣམས་ལ་འཇིགས་པ་སྟེ་སྐྲག་པ་སྐྱེད་པར་བྱེད་ཅེས་པའི་དོན་ཡིན་པས། འདི་ཡང་ལྟ་བ་ལ་ཁྱད་པར་ཡོད་པའི་ལུང་ཡིན་ནོ། །ཁུ་འཕྲིག་ཅན་ཇི་ལྟ་བུ་ཞེ་ན། འཇུག་པ་ལས། སོ་སོའི་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་གསུངས་པ་ལྟ་བུ་ཡིན་པས། གཞུང་འདིས་བསྟན་པའི་སྟོང་པ་ཉིད། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་སྟོང་ཉིད་དང་། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ཅེས་པའི་སྟོང་ཉིད་སོགས་ཕལ་ཆེར་མཐའ་བཞི་ཆར་གྱི་སྤྲོས་པས་སྟོང་པའི་སྟོང་ཉིད་ཡིན་ལ། ཉན་ཐོས་ཀྱིས་རྟོགས་པར་གསུངས་པའི་སྟོང་ཉིད་ནི་བདེན་པས་སྟོང་ཙམ་གྱི་སྟོང་ཉིད་ཡིན་པས་ཁྱད་པར་ཤིན་ཏུ་ཆེ་སྟེ། འདི་ལ་དགོངས་ནས། འཇུག་འགྲེལ་ལས། ཆོས་ལ་བདག་མེད་པ་ཙམ་ཞེས་གསུངས་སོ། །དེ་ལྟར་མ་ཡིན་པར་སྟོང་ཉིད་ཐམས་ཅད་བདེན་པས་སྟོང་པ་ཙམ་ལ་བྱས་ནས་ཐེག་པ་ཆེ་ཆུང་ལ་ཁྱད་པར་མེད་པ་ཡིན་ན། སྟོང་ཉིད་ཀྱི་སྒྲ་ཐོས་པས་མིག་ནས་མཆི་མ་འཁྲུགས་པ་དང་། ལུས་ཀྱི་བ་སྤུ་ལྡང་བ་ཙམ་གྱིས་ཐེག་ཆེན་གྱིས་རིགས་སད་པར་རྗེས་སུ་དཔག་ནུས། ཉན་ཐོས་དགྲ་བཅོམ་པས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མི་སློབ་ལམ་ཐོབ་ནས་ཀྱང་ཐེག་ཆེན་གྱི་རིགས་མ་སད་པ་ནི་ཤིན་ཏུ་འགལ་བས་འདི་དག་གི་འགལ་སྤང་ཅི་ལྟར་བྱེད། འཇུག་འགྲེལ་གྱི་ལུང་དང་པོའི་དོན་ནི། སྦྱིན་པའི་འཁོར་གསུམ་ལ་བཏགས་པ་ཙམ་དུ་ཡང་མི་དམིགས་པ་ནི། འཇིག་རྟེན་ལས་འདས་པ་ཡིན་ལ། དམིགས་པ་ནི་འཇིག་རྟེན་པ་ཡིན་ནོ། །དེས་ན་སྦྱིན་པའི་འཁོར་གསུམ་མི་དམིགས་པ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ས་དང་པོ་མ་ཐོབ་པ་དག་གིས་ཤེས་པར་མི་ནུས་ཞེས་པའི་དོན་ཡིན་པས། འདི་ཡང་ལྟ་བ་ལ་ཁྱད་པར་ཡོད་པའི་ལུང་ཡིན་ནོ། །གལ་ཏེ་མི་དམིགས་པའི་དོན་བདེན་པར་མི་དམིགས་པ་ལ་འཆད་ན་ནི། དམིགས་པ་ཡང་བདེན་པ་ལ་འཆད་དགོས་པས། ཐ་སྙད་ཀྱི་བདེན་པས་དང་། ཞེས་པ་དང་ཡང་འགལ་ཞིང་། བྱང་ཆུབ་སེམས་དཔའི་གནས་སྐབས་མ་ཐོབ་པ་དག་གིས་ཤེས་པར་མི་ནུས་ཞེས་པ་དང་ཡང་འགལ་ཏེ། བདེན་པར་མི་དམིགས་པ་ནི་ཉན་ཐོས་ལ་ཡང་ཡོད་པར་ཁས་བླངས་པའི་ཕྱིར། ལུང་གཉིས་པའི་དོན་ནི། ཉན་ཐོས་ཀྱི་ཐེག་པར་དངོས་པོ་རང་བཞིན་མེད་པའི་ཆོས་ལ་བདག་མེད་པར་བསྟན་ན། ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཐེག་པ་ཆེན་པོ་ལས་དངོས་པོ་རང་བཞིན་མེད་པའི་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་སྟོན་པར་བྱེད་པ་མིན་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་བསྟན་པའི་ཕྱིར། ཞེས་པའི་དོན་ཡིན་ལ། དེ་ལ་ས་བཅུའི་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་རྟོགས་པ་སོགས་དང་། ཕར་ཕྱིན་དྲུག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་དང་། ཡོངས་སུ་བསྔོ་བ་ལ་མཚན་མར་མི་འཛིན་པ་དང་། སྙིང་རྗེ་ཆེན་པོ་ལ་དམིགས་པ་མེད་པའི་སྙིང་རྗེ་དང་། ཚོགས་གཉིས་ལས་ཡེ་ཤེས་ཀྱི་ཚོགས་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་རྣམས་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལྟ་བ་ཡིན་པས། འདི་ཡང་ལྟ་བ་ལ་ཁྱད་པར་ཡོད་པའི་ལུང་ཡིན་ནོ། །དེས་ན་དབུ་མ་པ་རང་གི་ལུགས་ལ་ཐེག་པ་གསུམ་པོ་བདག་མེད་རྟོགས་པར་མཚུངས་ཀྱང་། སྤྲོས་བྲལ་དང་། ཚོགས་གཉིས་དང་། ཆོས་ཉིད་དང་། གནས་ལུགས་མཐར་ཐུག་རྟོགས་མ་རྟོགས་ཀྱི་ཁྱད་པར་ཡོད་པ་ནི། དབུ་མའི་གཞུང་ལུགས་ཀུན་ལས་གསལ་ཞིང་། དོན་འདི་ལ་ཀླུ་སྒྲུབ་ཡབ་སྲས་དང་། མགོན་པོ་བྱམས་པ་དགོངས་པ་གཅིག་ཁོ་ནར་སྣང་ངོ་། །འཇུག་འགྲེལ་ལས། ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར། ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ་རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར། ཉན་ཐོས་ཀྱི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ་ཞེས་པའི་དོན་ཡང་ཁོ་བོས་སྔར་བཤད་པ་ལྟར་ཡིན་ཏེ། མཐའ་དང་པོ་བཀག་པ་ནི་བསྡུས་པ་ཡིན་ལ། མཐའ་བཞི་ཆར་བཀག་པ་ནི་རྒྱས་པ་ཡིན་པའི་ཕྱིར་རོ། །གང་དག་ལུང་འདིའི་དོན་བསྒྲུབ་བྱ་བདེན་པས་སྟོང་པའི་སྟོང་ཉིད་གཅིག་པུ་ལ། སྒྲུབ་བྱེད་ཀྱི་རིགས་པ་རྒྱས་བསྡུས་ཀྱི་དོན་དུ་འཆད་པ་ནི་ཐེག་པ་ཆེ་ཆུང་གཉིས་དབང་པོ་རྣོ་རྟུལ་གོ་ལོག་པར་འདོད་དགོས་ཏེ། བསྒྲུབ་བྱ་གཅིག་ཉིད་སྒྲུབ་བྱེད་བསྡུས་པའི་སྒོ་ནས་རྟོགས་པ་ནི་དབང་པོ་རྣོ་བ་ཡིན་ཞིང་། སྒྲུབ་བྱེད་རྒྱས་པ་དགོས་པ་ནི་དབང་པོ་རྟུལ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་སྐྱོན་མེད་དེ། སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པའི་སྒོ་ནས་རྟོགས་པ་དེ། སྤང་བྱ་སྤོང་བ་ལ་ནུས་པ་ཆེ་བ་ཡིན་པའི་ཕྱིར་སྙམ་ན། འོ་ན་སྤང་བྱ་བདེན་འཛིན་གཅིག་ཉིད་ཉན་ཐོས་བརྩོན་འགྲུས་མྱུར་བས་ཚེ་གསུམ་གྱིས་སྤོང་བར་ནུས་ཤིང་། ཐེག་པ་ཆེན་པོས་བསྐལ་པ་གྲངས་མེད་པ་གཉིས་ཀྱི་བར་དུ་སྤོང་མི་ནུས་པ་འདི་དང་མི་འགལ་ལམ། འཇིག་རྟེན་ཐམས་ཅད་ཀྱིས་བཞད་གད་བྱ་བར་འོས་སོ། །ཉན་ཐོས་དགྲ་བཅོམ་གྱིས་བདེན་འཛིན་མ་ལུས་པར་སྤངས་ནས། ཐེག་ཆེན་གྱིས་ས་བརྒྱད་པ་མ་ཐོབ་ཀྱི་བར་དུ་བདེན་འཛིན་མི་སྤོང་བར་འདོད་པ་ནི། ཐེག་ཆེན་གྱི་སྤངས་རྟོགས་ཟབ་ཅིང་རྒྱ་ཆེ་བ་རྣམས་ལ་སྐུར་འདེབས་འབའ་ཞིག་སྟེ། རྟོགས་བྱ་སྟོང་ཉིད་གཅིག་སྤང་བྱ་བདེན་འཛིན་ཁོ་ན་སྤོང་བར་མཚུངས་པ་ལ། ཉན་ཐོས་མཐོང་ཆོས་ཞིས། སྟོང་ཉིད་མངོན་སུམ་དུ་རྟོགས་ཟིན་རྒྱུན་ལྡན་དུ་སྒོམ་པས་ཚེ་གཅིག་གིས་སྤང་བྱ་དེ་སྤོང་ནུས་ལ། ཐེག་པ་ཆེན་པོས་སྤང་བྱ་དེ་སྤོང་བ་ལ། སྟོང་ཉིད་མངོན་སུམ་དུ་རྟོགས་ཏེ། བསྐལ་པ་གྲངས་མེད་གཅིག་དགོས་པར་ཁས་བླངས་པའི་ཕྱིར། འདི་ལའང་རྗེས་སུ་བརྗོད་པ་ཡོད། །དེས་ན་ངན་པའི་མུན་པས་ཁྱབ། །ཞེས་གསུངས་པ་ཡང་དྲན་པར་བྱའོ། །མ་དག་ས་བདུན་གྱི་གནས་སྐབས་སུ་བདེན་འཛིན་ཡོད་ན། ལས་དང་། ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པ་ཡོད་པར་འགྱུར་ཏེ། བདེན་འཛིན་དེ་ལས་ངར་འཛིན་འབྱུང་། །དེས་ལས་བསག དེ་ལས་སྐྱེ་བ་འབྱུང་བའི་ཕྱིར་རོ། །གསུམ་ཆར་ཁས་བླངས་སོམས་ཤིག གཞན་ཡང་ས་བདུན་པ་མན་ཆད་དུ་ཤེས་སྒྲིབ་སྤོང་བ་མི་སྲིད་ན། ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལམ་དུ་ཞུགས་པའི་ཚེ་ས་བདུན་པ་མན་ཆད་དུ་སྤང་བྱ་གང་སྤོང་བ་ཡིན། ཞེས་ཞུས་ན་བེར་ཐུལ་གྱིས་དབུ་བཏུམས་ནས་བཞུགས་དགོས་པར་འགྱུར་རོ། །ཁ་ཅིག་དེའི་སྐྱོན་སྤོང་བར་འདོད་ནས་ཉན་ཐོས་དགྲ་བཅོམ་ས་བརྒྱད་པ་ནས་འཇུག་པ་ཡིན་ཞེས་སྨྲ་བ་ནི་ཤིན་ཏུ་སྨད་པའི་གནས་ཏེ། དེ་ལྟར་ན་སངས་རྒྱས་བསྒྲུབ་པ་ལ་དང་པོ་ཉིད་ནས་ཐེག་ཆེན་གྱི་ལམ་དུ་འཇུག་པ་ལས། ཉན་ཐོས་ཀྱི་ལམ་དུ་འཇུག་པ་ཤིན་ཏུ་མྱུར་བར་འགྱུར་ཏེ། སྔ་མས་ས་བརྒྱད་པ་མ་ཐོབ་ཀྱི་བར་དུ་བསྐལ་པ་གྲངས་མེད་གཉིས་འགོར་ལ། ཕྱི་མས་བརྩོན་འགྲུས་མྱུར་ན་ཚེ་གསུམ་གྱིས་དགྲ་བཅོམ་ཐོབ་ཅིང་། དེ་ནས་ས་བརྒྱད་པ་ལ་འཇུག་པས་ཆོག་པའི་ཕྱིར། འདི་ཡང་ཐེག་ཆེན་གྱི་ལམ་ལ་སྐུར་པ་འདེབས་པའི་སྙད་དུ་སྣང་ངོ་། །མངོན་རྟོགས་རྒྱན་ལས། ས་དགུ་དང་སྒོམ་སྤང་ཤེས་སྒྲིབ་དགུ་སྤང་གཉེན་དུ་སྦྱར་བ་འདིར་ཁས་མི་ལེན་པ་དེ། དྲང་དོན་ཡིན་པས་ཁས་མི་ལེན་པ་ཡིན་ནམ། རང་རྒྱུད་པ་མན་ཆད་ཀྱི་ལུགས་ཡིན་པས་ཁས་མི་ལེན་པ་ཡིན་ནམ། དབུ་མ་འཇུག་པ་དང་མི་མཐུན་པས་ཁས་མི་ལེན་པ་ཡིན་ནམ། རྒྱུ་མཚན་གཞན་སྨྲ་རྒྱུ་ཡོད་པས་ཁས་མི་ལེན་པ་ཡིན། དང་པོ་ལྟར་ན་སྐབས་དེར་དྲང་དོན་ཡིན་ནམ། མངོན་རྟོགས་རྒྱན་རིལ་པོ་དྲང་དོན་ཡིན། དང་པོ་ལྟར་ན། གསལ་བར་དབང་ཕྱུག་སྤྱོད་པ་ཁོ་ན་ཡིན་ནོ། །ཕྱི་མ་ལྟར་ན། སློབ་དཔོན་དབྱིག་གཉེན་ལ་སོགས་པས་སེམས་ཙམ་དུ་འགྲེལ་པ་ཙམ་མ་གཏོགས། གཞན་དུ་ན་རྒྱ་བོད་གང་ན་ཡང་དེ་སྐད་དུ་སྨྲ་བ་སུ་ཡང་མ་བྱུང་ཞིང་། ཟབ་མོ་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་མགོན་པོ་བྱམས་པས་འགྲེལ་པའི་བསྟན་བཅོས་འཛམ་བུའི་གླིང་གི་ཐེག་པ་ཆེན་པོའི་བསྟན་པའི་སྙིང་པོ་དྲང་དོན་དུ་བྱས་ནས་དེ་དང་མི་མཐུན་པའི་གྲུབ་མཐའ་བཅས་ཏེ། འདི་ནི་ཐུན་མོང་མིན་པའི་གནད་ཡིན་ནོ། །ཞེས་སྒྲོག་ཅིང་། བླུན་པོ་མ་བསླབས་པ་རྣམས་དེ་ལ་འཇུག་པ་བདེན་ཀྱང་། མཁས་པར་རློམས་ཤིང་རྟོག་དཔྱོད་དང་ལྡན་པ་དག་གིས་ཀྱང་འདི་ཁོ་ན་བཞིན་དུ་འཛིན་པ་ནི་ཤིན་ཏུ་འཇིགས་ཤིང་ཡ་ང་བའི་གནས་སུ་མཐོང་བས་རྟོག་དཔྱོད་ལྡན་པ་དག་གིས་བག་ཟོན་མཛོད་ཅིག གཉིས་པ་ལྟར་ན། དངོས་སྨྲ་བའི་གཞུང་ཡིན་ནམ། རང་རྒྱུད་པའི་གཞུང་ཡིན་ཞེས་དཔྱད་ན་དཔྱད་མི་བཟོད་པས་དོར་བར་བྱ་བ་ཁོ་ན་ཡིན་ནོ། །གསུམ་པ་ལྟར་ན། འཇུག་པ་དང་མི་མཐུན་པ་ཉིད་མ་གྲུབ་པར་གོང་དུ་བཤད་ཟིན་ལ། གལ་ཏེ་གྲུབ་ན་རྒྱུ་མཚན་དེས་མངོན་རྟོགས་རྒྱན་འདོར་བར་འདོད་ཀྱང་། ཕུགས་ཀྱིས་འཇུག་པ་འདོར་འདོད་པའི་སྙད་དུ་སྣང་ངོ་། །བཞི་པ་ལྟར་ན་རྒྱུ་མཚན་དེ་སྨྲ་དགོས་ཤིང་། སྨྲས་ཀྱང་རང་བཟོ་མིན་པ་ལུང་དང་མཐུན་པ་ཁྱེད་ལ་མེད་དོ། །ཐེག་པ་གསུམ་པོ་གང་གིའང་མཐོང་ལམ་མ་ཐོབ་པར་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་ཟིན་རྒྱུན་ལྡན་དུ་གོམས་པར་བྱས་ནས་ཁམས་གསུམ་གྱི་ཉོན་མོངས་མངོན་གྱུར་པ་སྤངས་པའི་གང་ཟག་ཡོད་པ་ནི་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་ལུགས་ལ་ཡང་མེད་ལ། ཕྱི་རོལ་པ་རྣམས་ཀྱིས་ཀྱང་མི་སྨྲ་ཞིང་། གྲུབ་མཐའ་ལ་མ་ཞུགས་པ་རྣམས་ཀྱིས་ཀྱང་མི་སྨྲ་བས་འདི་ནི་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཁོ་ནའི་གྲུབ་མཐའོ། །སྤྱིར་གྲུབ་མཐའ་འདི་འདྲའི་རིགས་ཅན་ལ་དགག་སྒྲུབ་བྱེད་པ་ལ་དགོས་པ་ཆེར་མི་སྣང་ཡང་། འགའ་ཞིག་འདི་ལ་ཡང་བདེན་པར་འཛིན་པར་སྣང་བས། དེ་ལ་འདི་འདྲི་སྟེ། དེ་ལྟ་བུའི་གང་ཟག་དེ་སོ་སོའི་སྐྱེ་བོ་ལས་འོས་མེད་པས་ལམ་དུ་མ་ཞུགས་པ་ཡིན་ནམ། ཐེག་དམན་སོ་སྐྱེ་ཡིན་ནམ། ཐེག་ཆེན་སོ་སྐྱེ་ཡིན། དང་པོ་ལྟར་ན་ལམ་མ་ཞུགས་ཀྱི་གང་ཟག་གིས་བདེན་པ་མངོན་སུམ་དུ་མཐོང་བ་ངོ་མཚར་ཆེ་ཞིང་། གཉིས་པ་ལྟར་ན། ཚེ་དེ་ཉིད་ལ་སྤངས་པ་དེ་ལས་མ་ཉམས་བཞིན་དུ་ཤི་འཕོས་ནས་ཁམས་གང་དུ་སྐྱེ་བསྟན་དགོས་ལ། གསུམ་པ་ལྟར་ན། དེས་ཆོས་ཀྱི་བདག་མེད་རྟོགས་པར་འགྱུར་རོ། །གཞན་ཡང་གང་ཟག་དེས་མངོན་སུམ་དུ་རྟོགས་པའི་ལམ་རིགས་པ་སྒྲུབ་པ་ངེས་འབྱིན་བཞི་དང་། འགོག་པ། ཞི་བ་གྱ་ནོམས་ངེས་འབྱུང་བཞི་གང་ཡིན། ཞེས་དྲིས་ན་འཕགས་པ་རྟ་ཐུལ་གྱིས་ཚངས་པ་ཆེན་པོ་ལ་འབྱུང་བ་བཞི་པོ་འདི་གང་དུ་འགག ཅེས་དྲིས་པའི་ལན་དེ་ཉིད་གསུང་དགོས་པར་འགྱུར་ཞིང་། འཇུག་འགྲེལ་ལས། འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པ་རང་གི་ངོ་བོ་ཞེས་གསུངས་པ་འདིའི་འོག་ནས་ཀྱང་མི་ཐར་རོ། །སྤྱོད་འཇུག་གི་ལུང་གི་དོན་གཏན་མིན་པའི་རྒྱུ་མཚན་གཞན་དུ་འཆད་ཅིང་། སྲེད་འདི་ཉོན་མོངས་ཅན་མིན་ཡང་། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཅེས་པའི་ལུང་དང་ཡང་དངོས་སུ་འགལ་ཏེ། དེ་ལྟ་བུའི་གང་ཟག་དེའི་ཡང་སྲིད་ལེན་པའི་རྒྱུར་གྱུར་པའི་སྲེད་པ་དེ་ཉོན་མོངས་ཅན་དུ་ཁས་བླངས་པའི་ཕྱིར་རོ། །ཀུན་གཞི་དང་། རང་རིག་མི་འདོད་ཅིང་། ཕྱི་དོན་ཁས་ལེན་པའི་ཚུལ་ལ་ཡང་དཔྱད་པར་བྱ་སྟེ། དབུ་མ་པ་གཞན་གྱིས་ཡོད་ན་རང་གི་མཚན་ཉིད་ཀྱིས་ཡོད་དགོས་ལ། རང་གི་མཚན་ཉིད་ཀྱིས་མེད་ན་མེད་དགོས་པར་འདོད་ཅེས་པ་ནི། འཕགས་ཡུལ་གྱི་མཁས་གྲུབ་ཆེན་པོ་རྣམས་ལ་འདི་ཙམ་གྱིས་སྐུར་བ་བཏབ་པ་ལ་དགོས་པ་ཅི་ཞིག་འགྲུབ་སྟེ། དབུ་མ་རྒྱན་གྱི་འགྲེལ་པར། དངོས་པོ་རྣམས་མ་བརྟགས་གཅིག་པུར་ཉམས་དགའ་བ། མ་ལུས་པ་གཟུགས་བརྙན་ལ་སོགས་པ་ལྟ་བུར་ཞེས་དང་། བདེན་གཉིས་ལས། གལ་ཏེ་རིགས་པའི་སྟོབས་ཀྱིས་ན། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །དེ་བདེན་དེ་ཡི་ཕྱིར་ན་འདི། །ཇི་ལྟར་སྣང་བ་ཡིན་པར་གསུངས། །ཞེས་དང་། ཡང་དེ་ཉིད་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཀུན་རྫོབ་ནི་ཇི་ལྟར་སྣང་བ་བཞིན་ཡིན་ཏེ། འདི་ལ་ཇི་སྐད་བཤད་པའི་དཔྱད་པའི་གནས་མེད་པ་ཉིད་དོ། །ཞེས་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། འབའ་ཞིག་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་དྲི་ཙམ་གྱིས་ཀྱང་མ་གོས་པའོ། །ཞེས་དང་། སློབ་དཔོན་སེང་གེ་བཟང་པོས། མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་རྒྱུ་དང་འབྲས་བུར་འབྲེལ་བ་ཞེས་པ་ཞེས་སོགས་རང་རྒྱུད་པའི་གཞུང་ལུགས་ཁུངས་ཐུབ་རྣམས་ལས། འདི་བཞིན་དུ་བཤད་པ་ཚད་མ་ཡིན་ལ། འདི་ལས་ལྷག་པའི་ཀུན་རྫོབ་ཀྱི་འཇོག་ལུགས་ཐལ་འགྱུར་བ་རྣམས་ལ་ཡང་མི་སྣང་བའི་ཕྱིར་རོ། །ལས་འབྲས་ཀྱི་རྟེན་དུ་གྱུར་པའི་ཀུན་གཞི་རིགས་པས་དཔྱད་བཟོད་ཐལ་འགྱུར་བ་རྣམས་ཀྱིས་ཁས་མི་ལེན་ཀྱང་སྤྱིར་ཀུན་གཞི་ཁས་ལེན་དགོས་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་གཞི་ཡོད་པར་དངོས་སུ་གསུངས་པའི་ཕྱིར་རོ། །ཕྱི་དོན་ཁས་ལེན་པ་ཐལ་འགྱུར་བའི་ལུགས་ཐུན་མོང་མིན་པ་ཡིན་ན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀྱང་། ཕྱི་དོན་ཁས་བླངས་པ་དང་འགལ་ཞིང་། གལ་ཏེ་ཁས་ལེན་ལུགས་ལ་ཁྱད་པར་ཡོད་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་མི་ལེན་གྱི་ཁྱད་པར་ཡོད་པའི་ཕྱིར་སྙམ་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན། རིགས་པས་དཔྱད་བཟོད་ལ་བྱེད་དམ། རང་མཚན་དང་སྤྱི་མཚན་གྱི་ཡ་གྱལ་དུ་གྱུར་པའི་རང་མཚན་ལ་བྱེད་དམ། ཐུན་མོང་མིན་པའི་འཇོག་བྱེད་ལ་བྱེད། དང་པོ་ལྟར་ན། རང་རྒྱུད་པས་བདེན་གྲུབ་ཁས་ལེན་པར་འགྱུར་ཞིང་། དེ་ཡང་འདོད་ན་དབུ་མ་པ་མ་ཡིན་པར་འགྱུར་རོ། །དེ་ཡང་འདོད་ན། དྲང་ངེས་རྣམ་འབྱེད་ཀྱི་ཤོག་བུ་ཞེ་བརྒྱད་པའི་ནང་ལོགས་སུ། མཁས་པ་དེ་དག་ཀྱང་ཆོས་བདེན་པར་ཡོད་པའི་གྲུབ་མཐའ་རིགས་པའི་སྒོ་དུ་མ་ནས་འགོག་ཅིང་བདེན་མེད་དུ་ལེགས་པར་ཞལ་གྱིས་བཞེས་པས་དབུ་མ་པ་ནི་ཡིན་ནོ། །ཞེས་བྲིས་པ་དེ་དྲན་པར་གྱིས་ཤིག གཉིས་པ་ལྟར་ན། ཕུང་པོ་ལྔ་པོ་མངོན་པ་ལས་རང་སྤྱིའི་མཚན་ཉིད་ཡོད་མཉམ་དུ་བཤད་པ་ལྟར་འདོད་པར་བྱ་དགོས་པས། ཞེས་པ་དང་འགལ་ལོ། །གསུམ་པ་ལྟར་ན་དཔལ་ལྡན་ཟླ་བས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱི་འཇོག་བྱེད་གསུངས་པ་དང་འགལ་ལོ། །རང་རྒྱུད་ཀྱི་རྟགས་དང་དམ་བཅའ་མེད་པའི་ཚུལ་ལ་ཡང་དཔྱད་པར་བྱ་སྟེ། རང་རྒྱུད་ཀྱི་དགོས་པ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་བསྒྲུབ་པའི་ཆེད་ཡིན་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་ལེན་ན། རང་རྒྱུད་དགོས་ཤིང་། དེ་ཁས་མི་ལེན་ན་རང་རྒྱུད་མི་དགོས་ཞེས་འདོད་པ་ནི་དངོས་སྨྲ་བ་དང་། དབུ་མ་ཐལ་རང་གང་གི་ཡང་ལུགས་མིན་ཏེ། དངོས་སྨྲ་བ་རྣམས་ཀྱིས་སྤྱི་དངོས་མེད་དུ་སྒྲུབ་པ་ལ་རང་རྒྱུད་ཀྱི་གཏན་ཚིགས་མང་དུ་བཀོད་པས། གཏན་ཚིགས་དེ་དག་གིས་ཆོས་ཅན་སྤྱི་དང་། ཆོས་དངོས་མེད་དང་བསྒྲུབ་བྱ་དེ་གཉིས་ཀྱི་ཚོགས་དོན་གང་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྒྲུབ་པ་ཡིན་སྨྲ་དགོས་པ་ལ་སྨྲ་རྒྱུ་མེད་པའི་ཕྱིར་རོ། །རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྒྲུབ་པའི་ཆེད་དུ་རང་རྒྱུད་ཁས་བླངས་པ་ཡིན་ཞེས་པ་ནི། དབུ་མ་ཚིག་གསལ་ལས། རང་རྒྱུད་ཡོད་མེད་ཀྱི་དགག་སྒྲུབ་མང་དུ་གསུངས་པ་རྣམས་ཀྱི་དོན་ཅུང་ཟད་ཀྱང་མ་རྟོགས་པའམ། ཡང་ན་རྟོགས་བཞིན་དུ་ཕྱིན་ཅི་ལོག་ཏུ་གསུངས་པར་སྣང་སྟེ། འདི་ལྟར་བདག་སྐྱེ་འགོག་པའི་སྐབས་སུ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། དངོས་པོ་རྣམས་བདག་ལས་སྐྱེ་བ་མི་འཐད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཅི་སྟེ་ཡོད་ཀྱང་སྐྱེ་ན་ནི་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་པ་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དེ་ནི་རིགས་པ་མིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར། ཞེས་སོགས་ཀྱི་སྐྱོན་བརྗོད་མཛད་དོ། །དེ་ལ་ཟླ་བས་སྐྱོན་སྤོང་མཛད་པ་ནི། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར། ཞེས་པའི་དོན་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། དེ་ལ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་ཞེས་ཟེར་བ་ཡིན་ནམ། གཞན་ལ་གྲགས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། དེ་ལ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་ཞེས་ཟེར། དང་པོ་ལྟར་ན་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་བརྗོད་མི་དགོས་ཏེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ངག་དེས་གྲངས་ཅན་པས་བདག་སྐྱེ་ཁས་བླངས་པ་ལ་འབྲས་བུ་རྒྱུའི་དུས་ན་ཡོད་པ་དེ་ཉིད་སླར་སྐྱེ་བ་དང་། ཡོད་པ་སླར་སྐྱེ་བ་ལ་དགོས་པ་མེད་པར་ཁས་བླངས་པ་ནི་འགལ་བ་ཡིན་ནོ། །ཞེས་བསྟན་པ་ཡིན་ལ། ཁས་བླངས་ནང་འགལ་བསྟན་པས་ཕ་རོལ་པོའི་ལོག་རྟོག་འགོག་ནུས་པས། རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་བརྗོད་པ་ལ་དགོས་པ་མེད་པའི་ཕྱིར་དང་། ཁས་བླངས་ནང་འགལ་བསྟན་པས་ཀྱང་ལོག་རྟོག་མི་བཟློག་ན། རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་བརྗོད་པས་ཀྱང་མི་བཟློག་པའི་ཕྱིར་རོ། །དབུ་མ་པ་ཡིན་ན་ནི། ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་རང་རྒྱུད་ཀྱི་དམ་བཅའ་བྱས་ནས། དེ་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་རིགས་པ་མིན་ཏེ། ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་ལས་ཕྱོགས་གཞན་བདག་ལས་སྐྱེ་བ་མེད་པ་ཡང་རང་རྒྱུད་དུ་ཁས་བླངས་པ་མེད་པའི་ཕྱིར། དེའི་ཤེས་བྱེད་དུ་བཞི་བརྒྱ་པ་དང་རྩོད་བཟློག་གི་ལུང་གཉིས་དྲངས་པ་ཡིན་པས། འདི་དག་གི་དོན། རང་རྒྱུད་མེད་པའི་ཤེས་བྱེད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་པ་མེད་པ་བཀོད་པ་ཡིན་ཞེས་པ་ལ་ནི་འབྲེལ་ཅུང་ཟད་ཀྱང་མེད་པ་ཡིན་ནོ། །འདི་ལ་ཤེས་བྱ་ཀུན་རིག་གི་ཞལ་སྔ་ནས། དབུ་མ་པ་ཡིན་ན། བདག་སྐྱེ་བཀག་ནས་གཞན་སྐྱེ་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་བྱ་མི་རིགས་ཏེ། བདག་སྐྱེ་ལས་ཕྱོགས་གཞན་གཞན་སྐྱེ་ཁས་བླངས་པ་མེད་པའི་ཕྱིར། ཞེས་གསུངས་ཀྱང་། འདིར་བདག་སྐྱེ་མེད་པར་སྒྲུབ་པའི་རང་རྒྱུད་ཡོད་མེད་རྩོད་པའི་སྐབས་ཡིན་པས་མི་འཐད་པར་སེམས་སོ། །དེས་ན། ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པའི་རང་རྒྱུད་ཀྱི་དམ་བཅའ་མེད་པས་དེ་ལ་གཞན་གྱིས་སྨྲས་པའི་ཉེས་པ་འབྲས་བུའི་བདག་ཉིད་ལས་སྐྱེ་བ་མེད་པ་ཡིན་ན། གྲུབ་པ་ལ་བསྒྲུབ་པ་ཡིན་ལ། རྒྱུའི་བདག་ཉིད་ལས་སྐྱེས་པ་ཡིན་ན། གཏན་ཚིགས་འགལ་བའི་དོན་ཉིད་དུ་འགྱུར་རོ་ཞེས་པའི་ཉེས་པ་བསལ་མི་དགོས་ཏེ། དེ་ལྟ་བུའི་ཉེས་པ་ནི་བདག་སྐྱེ་མེད་པའི་རང་རྒྱུད་ཀྱི་དམ་བཅའ་ལ་ཉེ་བར་གནས་པ་ཡིན་ནོ། །གལ་ཏེ་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར། ཞེས་པའི་དོན་གཞན་ལ་གྲགས་པའི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་ཟེར་བ་ཡིན་ན། དེ་ཡང་མི་འཐད་དེ། འདིར་གཞན་གྲགས་ཀྱི་རྗེས་དཔག་བརྗོད་དགོས་པའི་ངེས་པ་ཡང་མེད་ཅིང་། ཅིས་ཀྱང་བརྗོད་དགོས་ན། སངས་རྒྱས་བསྐྱངས་ཀྱི་ངག་དེས་བརྗོད་པ་ཡིན་ཏེ། དེ་དག་གི་ཞེས་པ་ནི། བདག་གི་བདག་ཉིད་དུ་ཡོད་པ་ཞེས་པའི་དོན་ཡིན་པས་གཏན་ཚིགས་བསྟན་ལ། སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་པས་ནི་བསྒྲུབ་བྱའི་ཆོས་བསྟན་པ་ཡིན་ལ། དཔེ་ཤུགས་ལ་བསྟན་པས་འདི་ལྟར་འགྱུར་ཏེ། གང་རང་གི་བདག་ཉིད་དུ་ཡོད་ན། སླར་སྐྱེ་བ་དོན་མེད་པས་ཁྱབ། དཔེར་ན་མདུན་དུ་གནས་པའི་མངོན་གསལ་གྱི་བུམ་པ་བཞིན། འཇིམ་དུས་ཀྱི་བུམ་པ་ཡང་རང་གི་བདག་ཉིད་དུ་ཡོད་པ་ཡིན་ནོ། །ཞེས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ངག་དེས་བསྟན་པའི་ཕྱིར་རོ། །འདི་ལ་ཚིག་གསལ་ལས། རང་གི་རྗེས་སུ་དཔག་པ་ཞེས་པ་དང་། སྐབས་འགའ་ཞིག་ཏུ་གཞན་ལ་གྲགས་ཀྱི་རྗེས་དཔག ཅེས་པའི་ཐ་སྙད་གཉིས་གསུངས་པ་ནི། སྔ་མ་ནི་ཕྱི་རྒོལ་དང་། ཕྱི་མ་ནི་སྔ་རྒོལ་ལ་ལྟོས་ནས་གསུངས་པ་ཡིན་པས་དོན་གཅིག་ཏུ་ཤེས་པར་བྱའོ། །དེས་ན་གཞན་གྲགས་ཀྱི་རྗེས་དཔག་གི་དོན་ནི། ཆོས་ཅན་གཉིས་དང་། གཏན་ཚིགས་དང་ཁྱབ་པ་ཐམས་ཅད་ཕྱིར་རྒོལ་ཁོ་ནས་ཁས་བླངས་པ་ཡིན་གྱི། སྔ་རྒོལ་གྱིས་ཁས་བླངས་མེད་པ་གཅིག་དགོས་ལ། དེ་དག་སྔ་རྒོལ་ཕྱི་རྒོལ་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་གཅིག་དགོས། ཞེས་མཁས་པའི་མདུན་སར་ངོ་ཚ་བོར་བའི་གཏམ་ནི་ཁོ་བོ་མི་སྨྲའོ། །འོ་ན་དེ་སུས་སྨྲས་ན། དྲང་ངེས་རྣམ་འབྱེད་ཀྱི་ཤོག་བུ་ཞེ་བརྒྱད་པའི་ཕྱི་ལོགས་སུ་དེས་ན་གཞན་གྲགས་རྟགས་ཀྱིས་བསྒྲུབ་བྱ་སྒྲུབ་པ་ལ་ཕ་རོལ་པོས་ཁས་བླངས་པ་ཙམ་གྱིས་མི་ཆོག་གི ཆོས་ཅན་གཉིས་དང་རྟགས་ལ་སོགས་པ་རང་ངོས་ནས་གཞལ་ན་ཚད་མས་ཀྱང་གྲུབ་ལ་ཁོ་རང་ཡང་ངེས་པར་འདོད་དགོས་པའམ་འདོད་པ་གཅིག་དགོས་ཏེ། དེ་མེད་པར་ཞེན་ཡུལ་ལ་འཁྲུལ་ན་དེས་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །ཞེས་བྲིས་པས་སྨྲས་སོ། །གཞན་ལ་གྲགས་ཀྱི་གཏན་ཚིགས་ལ་ཁྱོད་འདོད་པ་དེ་ལྟར་དགོས་ན། གོང་དུ་ཁོ་བོའི་སྨྲས་པ་དེ་གཞན་ལ་གྲགས་ཀྱི་རྗེས་དཔག་གི་མཚན་གཞིར་དངོས་སུ་ཚིག་གསལ་ལས་གསུངས་པས། ཁྱེད་ཉིད་གྲངས་ཅན་གྱི་གྲུབ་མཐའི་མཐིལ་ཁས་བླངས་པ་སྟེ། ཆོས་ཅན་འཇིམ་དུས་ཀྱི་བུམ་པ་དང་། གཏན་ཚིགས་རང་གི་བདག་ཉིད་དུ་ཡོད་པ་ཁས་བླངས་པའི་ཕྱིར་རོ། །རང་རྒྱུད་པ་དང་དངོས་སྨྲ་བ་གང་གི་ལུགས་ལ་ཡང་། རང་རྒྱུད་ཀྱི་གཏན་ཚིགས་ཀྱི་དོན་ལ་ཁྱེད་འདོད་པའི་གཞན་གྲགས་ཀྱི་རྟགས་ཀྱི་དོན་ལས་ལྷག་པ་བྱས་པ་མེད་པས། གཞན་གྲགས་ཀྱི་རྟགས་ལ་རང་རྒྱུད་ཀྱི་གཏན་ཚིགས་བྱས། རང་རྒྱུད་ཀྱི་གཏན་ཚིགས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་བསྒྲུབ་བྱར་བྱས་པ་ནི། ཐལ་རང་གཉིས་ཀྱི་གཞུང་འགྲེལ་གང་ནས་ཀྱང་བཤད་པ་མེད་པས་གདུལ་བྱ་མགོ་རྨོངས་པའི་ཕྱིར་དུ་སྦྱར་བ་སྣང་ངོ་། །དེས་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དངོས་པོ་བདག་ལས་སྐྱེ་བ་མེད་པར་སྒྲུབ་པ་ལ། རང་རྒྱུད་ཀྱི་གཏན་ཚིགས་ཁས་བླངས་པ་ཡིན་པས། དེའི་ཚེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་སྒྲུབ་པ་ཡིན་ན། ཆོས་ཅན་མྱུ་གུ་ལྟ་བུའི་དངོས་པོ་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲུབ་པ་ཡིན་ནམ། བསྒྲུབ་ཆོས་བདག་ལས་སྐྱེ་བ་མེད་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲུབ་པ་ཡིན་ནམ། དེ་གཉིས་ཚོགས་པའི་ཚོགས་དོན་དེ་སྒྲུབ་པ་ཡིན། དང་པོ་ལྟར་ན་ཤིན་ཏུ་མི་འཐད་དེ། མྱུ་གུ་སྐྱེ་མེད་དུ་སྒྲུབ་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་དང་གསུམ་པ་ཡང་མི་འཐད་དེ། སྐབས་འདིར་འབྲེལ་མེད་པའི་ཕྱིར་རོ། །དེས་ན་ནང་གི་སྐྱེ་མཆེད་བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་སྐབས་སུ་རང་རྒྱུད་ཀྱི་གཏན་ཚིགས་མི་རིགས་པའི་ཤེས་བྱེད་དུ། རང་རྒྱུད་ཀྱི་གཏན་ཚིགས་ཡིན་ན། ཆོས་ཅན་རྒོལ་ཕྱི་རྒོལ་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་གཅིག་དགོས་པས། དེའི་ཚེ་ཆོས་ཅན་མཐུན་སྣང་དུ་གྲུབ་པ་མེད་པའི་ཕྱིར་རོ། །ཞེས་པ་འདི་ཉིད་རིགས་པའི་གཙོ་བོར་བཀོད་པར་སྣང་ངོ་། །སློབ་དཔོན་ཟླ་བས། རང་རྒྱུད་འགོག་པའི་སྐབས་སུ་མིག་སོགས་ཀུན་རྫོབ་པ་ཆོས་ཅན་དུ་བཟུང་ན་སྔ་རྒོལ་ལ་མ་གྲུབ་ཅིང་། མིག་སོགས་དོན་དམ་པ་ཆོས་ཅན་དུ་བཟུང་ན་ཕྱིར་རྒོལ་ལ་མ་གྲུབ་པ་ཞེས་བཀག་ནས། གལ་ཏེ་སྒྲ་མི་རྟག་པར་སྒྲུབ་པ་ལ་རྟག་མི་རྟག་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སྒྲ་ཙམ་ཆོས་ཅན་དུ་འཛིན་པ་བཞིན་དུ་འདིར་ཡང་བདེན་རྫུན་གང་གི་ཀྱང་ཁྱད་པར་དུ་མ་བྱས་པའི་མིག་སོགས་ཙམ་ཆོས་ཅན་དུ་འཛིན་པ་ཡིན་ནོ་ཞེ་ན། དེའི་ལན་དུ། སྐྱེ་བ་བཀག་པ་བསྒྲུབ་བྱའི་ཆོས་སུ་བྱེད་པའི་ཚེ། ཆོས་ཅན་མིག་སོགས་ཉམས་པར། ལེགས་ལྡན་འབྱེད་རང་ཉིད་ཀྱིས་ཁས་བླངས་པ་དང་འགལ་ཞིང་། མིག་སོགས་སྐྱེ་མེད་དུ་རྟོགས་པའི་བློ་ནི་ཕྱིན་ཅི་མ་ལོག་པའི་བློ་ཡིན་པས་དེའི་ངོར་མིག་སོགས་ཙམ་ཡང་མི་སྣང་སྟེ། མིག་སོགས་ནི་ཕྱིན་ཅི་ལོག་གི་བློའི་རྙེད་དོན་ཡིན་པའི་ཕྱིར་རོ། །ཞེས་པའི་རིགས་པ་གཉིས་གསུངས་ཏེ། དེ་ལྟར་ཡང་ཚིག་གསལ་ལས། འདིར་སྐྱེ་བ་བཀག་པ་བསྒྲུབ་བྱའི་ཆོས་སུ་འདོད་པ་དེའི་ཚེ་ཁོ་ནར་དེའི་རྟེན་ཆོས་ཅན་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ནི་ཉམས་པར་གྱུར་པ་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དེ་ཞེས་དང་། གང་གི་ཕྱིར་དེ་ལྟར་ཕྱིན་ཅི་ལོག་པ་དང་། ཕྱིན་ཅི་མ་ལོག་པ་དག་ཐ་དད་པ་དེའི་ཕྱིར་ཕྱིན་ཅི་མ་ལོག་པའི་གནས་སྐབས་ན་ཕྱིན་ཅི་ལོག་ཡོད་པ་མིན་པའི་ཕྱིར་ན། གང་ཞིག་ཆོས་ཅན་ཉིད་དུ་འགྱུར་བའི་མིག་ཀུན་རྫོབ་པ་ག་ལ་ཡོད། དེའི་ཕྱིར་གཞི་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་དང་། གཞི་མ་གྲུབ་པའི་གཏན་ཚིགས་ཀྱི་སྐྱོན་ལྡོག་པ་མེད་པས་འདི་ལན་མ་ཡིན་པ་ཉིད་དོ། །དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ནོ། །དེ་ནི་སྒྲའི་སྤྱི་དང་མི་རྟག་པ་ཉིད་ཀྱི་སྤྱི་ཁྱད་པར་བརྗོད་པར་མི་འདོད་པ་གཉིས་ཀ་ལ་ཡང་ཡོད་ན་དེ་བཞིན་དུ་མིག་གི་སྤྱི་ནི་སྟོང་པ་ཉིད་དང་། སྟོང་པ་ཉིད་དང་མི་ལྡན་པར་སྨྲ་བ་དག་གིས་ཀུན་རྫོབ་ཏུ་ཡང་ཁས་མ་བླངས་པ་ལ། དོན་དམ་པར་ཡང་མིན་པའི་དཔེ་ལ་འདྲ་བ་ཡོད་པ་མ་ཡིན་ནོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །འདི་དག་གི་དོན་ལ། དྲང་ངེས་རྣམ་འབྱེད་ཀྱི་ཤོག་བུ་ཞེ་ལྔ་པ་དང་ཞེ་དྲུག་པའི་ནང་དུ། རང་གི་གྲུབ་མཐའ་དང་མི་མཐུན་པའི་དབང་གིས་བཤད་ཚུལ་ངོ་མཚར་བ་བྱས་འདུག་པ་ནི། དེས་ཉེ་བར་དཔག་ན་འཆད་ཚུལ་གཞན་རྣམས་ལ་ཡང་སྐྲག་པ་སྐྱེ་བའི་གནས་སུ་སྣང་ངོ་། །ཟླ་བས་རང་རྒྱུད་འགོག་པ་ལ། རང་རྒྱུད་པ་ཕྱི་མ་རྣམས་ཀྱིས་སྐྱོན་སྤང་མཛད་པ་མི་སྣང་ཞེས་གསུངས་པ་ནི། བདེན་གཉིས་རང་འགྲེལ་མ་གཟིགས་པར་སྣང་སྟེ། དེ་ཉིད་ལས། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་གི་བློའི་བདག་ཉིད་ལ་སྣང་བའི་ཆོས་ཅན་དང་ཆོས་དང་། དཔེ་ཉིད་དུ་རྣམ་པར་བཞག་པ་ལ་འབྱུང་གི ཆོས་ཅན་དང་ཆོས་ལ་སོགས་པ་གཉིས་ཀ་ལ་མ་གྲུབ་པ་ཉིད་ཀྱིས་རྗེས་སུ་དཔག་པ་འབྱུང་བར་མི་རུང་ངོ་། །གཞན་ནི་མིན་ཏེ། གཞུང་ལུགས་ཐ་དད་པ་ལ་གནས་པ་རྣམས་ནི་གང་ལ་ཡང་བློ་མཚུངས་པ་ཉིད་མེད་པའི་ཕྱིར་རོ། །ཆོས་ཅན་དེ་ལྟ་བུ་ལ་གནས་པ་རྣམས་ནི་གཏན་ཚིགས་ལ་སོགས་པ་དེ་ལྟ་བུར་ཁོ་ནས་ཡང་དག་པར་ན། ཡོད་དམ་མེད་ཅེས་སེམས་པར་བྱེད་པར་ཁས་བླངས་པར་བྱའོ། །དེ་ལྟ་བས་ན། རིགས་པ་སྨྲ་བ་ཡང་དེ་ལྟར་རྗེས་སུ་དཔག་པར་འབྱུང་བར་བྱེད་ན། སུ་ཞིག་འགོག་པར་འགྱུར། འདི་ནི་མཚུངས་པ་ཉིད་དུ་གྲུབ་པ་གཏན་ལ་ཕབ་པས་འདིར་ནི་རྒྱ་མ་བསྐྱེད་དོ། །ཞེས་གསུངས་པ་འདི་ལ་གཟིགས་མཛོད་ཅིག དེས་ན་ཐལ་རང་གི་ཁྱད་པར་ནི། འགྲེལ་པ་ཚིག་གསལ་ལས་གསལ་བ་དང་། རྒྱས་པ་མེད་པས། དེའི་ལུགས་བཞིན་རྒྱས་པར་ནི་གཞན་དུ་འཆད་པར་འགྱུར་ཞིང་། འདིར་མདོར་བསྡུས་པ་ཙམ་ཞིག་གཟུ་བོར་གནས་པའི་བློས་བརྗོད་པ་འདི་ལ་རྣ་བ་བླག་སྟེ་ཉོན་ཅིག འདི་ལ་དམ་བཅའི་ཁྱད་པར། འཐད་པའི་ཁྱད་པར། བདེན་པ་གཉིས་གང་གི་སྟེང་དུ་འབྱེད་པ་དང་གསུམ་ལས། དང་པོ་ནི། ཕྱི་ནང་གི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། ཞེས་སོགས་དམ་བཅའ་བཞི་པོ། དམ་བཅའ་ཙམ་དུ་ཁས་ལེན་པ་ཐལ་རང་གཉིས་པོ་ཁྱད་པར་མེད་ཀྱང་། རང་རྒྱུད་པས་ནི་རང་རྒྱུད་ཀྱི་དམ་བཅར་འདོད་པ་དང་། ཐལ་འགྱུར་བས་ཐལ་འགྱུར་གྱི་དམ་བཅར་འདོད་པ་ནི་ཁྱད་པར་རོ། །འོ་ན་དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། ཆོས་ཅན་རྒོལ་བ་གཉིས་ཀྱི་མཐུན་སྣང་དུ་གྲུབ་པའི་སྟེང་དུ། སྔ་རྒོལ་གྱིས་ཁྱད་པར་གྱི་ཆོས་ལ་དཔག་འདོད་ཞུགས་ནས། ཚད་མས་གྲུབ་པའི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་ནི་རང་རྒྱུད་ཀྱི་དམ་བཅའ་ཡིན་ལ། ཆོས་ཅན་མཐུན་སྣང་དུ་གྲུབ་པའི་སྟེང་དུ་ཁྱད་པར་གྱི་ཆོས་ལ་དཔག་འདོད་ཞུགས་པ་མེད་ཀྱང་ལྡོག་ཕྱོགས་ལ་གནོད་བྱེད་གྱི་རིགས་པ་མཐོང་ནས་རེ་ཞིག་དེར་དམ་བཅའ་བ་ནི་ཐལ་འགྱུར་གྱི་དམ་བཅའ་འོ། །གཉིས་པ་ནི། ཆོས་ཅན་མཐུན་སྣང་དུ་གྲུབ་པའི་སྟེང་དུ་ཁྱད་པར་གྱི་ཆོས་འགའ་ཞིག་བསྒྲུབ་པའི་ཆེད་དུ། ཚུལ་གསུམ་ཚད་མས་གྲུབ་པའི་གཏན་ཚིགས་བཀོད་པ་ནི་རང་རྒྱུད་ཀྱི་འཐད་པ་ཡིན་ཏེ། བདེན་གཉིས་ལས། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཅི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོགས། །དེ་ཚེ་རྗེས་སུ་དཔག་པ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །དམ་བཅའ་དེ་ཉིད་བསྒྲུབ་པ་ལ། ལྡོག་ཕྱོགས་ཀྱི་དམ་བཅའ་ལ་ཁས་བླང་ནང་འགལ་གྱི་ཐལ་འགྱུར་འབའ་ཞིག་བརྗོད་ནས། ཚུལ་གསུམ་ཚང་བའི་གཏན་ཚིགས་མི་འགོད་པ་ནི། ཐལ་འགྱུར་གྱི་འཐད་པ་སྟེ། ཚིག་གསལ་ལས། དེའི་ཕྱིར་ཁྱེད་ཅག་གི་རྩོད་པ་ནི་འཐད་པ་དང་བྲལ་བ་དང་། རང་གིས་ཁས་བླངས་པ་དང་འགལ་བ་ཡིན་ནོ། །ཞེས་ཕ་རོལ་པོ་བདག་ལས་སྐྱེ་བར་འདོད་པ་ལ་འདྲི་བར་བྱེད་པ་ཡིན་ཏེ། གང་ལས་གཏན་ཚིགས་དང་དཔེ་བཀོད་པ་འབྲས་བུ་དང་བཅས་པར་འགྱུར་བ་འདི་དག་ཙམ་ཞིག་གིས་རྩོད་པ་ནི་ཕ་རོལ་པོས་ཁས་ལེན་པར་མི་བྱེད་དམ། ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཐ་སྙད་ཀྱི་རྣམ་གཞག་ལ། ཐལ་རང་གི་ཁྱད་པར་འབྱེད་པ་ནི་མིན་ཏེ། ཐ་སྙད་ཀྱི་རྣམ་གཞག་ལ་རང་རྒྱུད་ཀྱི་གཏན་ཚིགས་ཐལ་འགྱུར་བ་རྣམས་ཀྱིས་ཀྱང་ཁས་ལེན་པའི་ཕྱིར་ཏེ། འཇུག་པ་ལས། རང་ཤ་སྟེར་ལའང་གུས་པར་བྱས་པ་ཡི། །སྣང་དུ་མི་རུང་དཔོག་པའི་རྒྱུ་རུ་འགྱུར། །དེའི་ཚེ་བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་སྣང་དུ་རུང་བ་མིན་པའི་རྟོགས་པ་གང་དག་ཡིན་པ་དེ་དག་ཀྱང་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོ་གཏོང་བའི་ཁྱད་པར་གྱི་རྗེས་སུ་དཔག་པ་ཉིད་ལས་གསལ་བར་དཔོག་པ་ཡིན་ཏེ། དུ་བ་ལ་སོགས་པ་ལས་མེ་ལ་སོགས་པ་བཞིན་ནོ། །ཞེས་དང་། སྔར་བཤད་པ་ལྟར་ལུས་ངག་གི་མཚན་མ་ལས་ཐེག་ཆེན་གྱི་རིགས་སད་པ་དཔོག་པར་གསུངས་ཤིང་། དེ་ཡང་མདོ་སྡེ་ས་བཅུ་པ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པའི་དོན་དུ་མཛད་པར་སྣང་བའི་ཕྱིར་རོ། །མངོན་རྟོགས་རྒྱན་ལས་བཤད་པའི་ཕྱིར་མི་ལྡོག་པའི་གཏན་ཚིགས་བཞི་བཅུ་ཞེ་བཞི་པོ་ཐམས་ཅད་ཀྱང་རང་རྒྱུད་ཀྱི་གཏན་ཚིགས་ཁོ་ན་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་དག་རང་རྒྱུད་ཀྱི་གཏན་ཚིགས་མིན་ན། དུ་བས་དུ་ལྡན་གྱི་ལ་ལ་མེ་སྒྲུབ་པའི་གཏན་ཚིགས་དེ་ཡང་རང་རྒྱུད་ཀྱི་གཏན་ཚིགས་མིན་པར་འགྱུར་ཏེ་སྔར་གྱི་མདོ་འགྲེལ་གཉིས་ལས་ཁྱད་པར་མེད་པར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་འོད་ཀྱིས། དོན་དམ་དཔྱོད་པའི་སྐབས་མིན་པས་རང་རྒྱུད་བྱས་ཀྱང་འགལ་བ་མེད། ཅེས་གསུངས་པ་དང་། རོང་སྟོན་ཆོས་ཀྱི་རྒྱལ་པོས་ཀྱང་། ཐ་སྙད་རྣམ་གཞག་ལ་ཐལ་འགྱུར་བས་ཀྱང་རང་རྒྱུད་ཁས་ལེན་པར་གསུངས་པ་ནི་འདིའོ་ཞེས་བསྟན་རྒྱུ་ཡོད་པས་དོན་ལ་གནས་པ་དེ་ཁོ་ནའོ། །དེས་ན་ཐལ་རང་གི་ཁྱད་པར་ནི་གནས་ལུགས་ལ་དཔྱོད་པའི་སྐབས་སུ་རང་རྒྱུད་ཁས་ལེན་པ་དང་མི་ལེན་པ་ལ་འཇོག་པ་ནི་གནད་ཀྱི་དོན་ཡིན་ཏེ། མཐའ་བཞིའི་སྐྱེ་བ་འགོག་པའི་སྐབས་སུ་རང་རྒྱུད་འཐད་མི་འཐད་ཀྱི་དགག་སྒྲུབ་དངོས་སུ་གསུང་ཞིང་། དེ་ཉིད་ཐ་སྙད་ཀྱི་རྣམ་གཞག་སྟོན་པའི་ཚིགས་སུ་བཅད་པ་འགའ་ཞིག་མ་གཏོགས་པ། རྩ་བ་ཤེས་རབ་ཀྱི་གཞུང་ཐམས་ཅད་ཀྱི་སྐབས་སུ་སྦྱར་བར་བྱ་བ་ཡིན་པས། གནས་ལུགས་ལ་དཔྱོད་པའི་སྐབས་ཀྱི་ཚིགས་སུ་བཅད་པ་རེ་རེའི་སྐབས་སུ་ཡང་། ཐལ་རང་གི་ཁྱད་པར་འབྱེད་དགོས་པའི་ཕྱིར་རོ། །གནས་ལུགས་ལ་དཔྱོད་པའི་སྐབས་སུ་རང་རྒྱུད་པས་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་ཞེས་པའི་དོན་ཡང་། མྱུ་གུ་བདག་ལས་སྐྱེ་མི་སྐྱེ་དཔྱོད་པའི་སྐབས་སུ་མྱུ་གུ་བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་ཞེས་པའི་དོན་ཡིན་གྱི། རང་རྒྱུད་ཀྱི་གཏན་ཚིགས་རང་ལྡོག་ནས་གནས་ལུགས་དཔྱོད་པའི་རིགས་ངོར་གྲུབ་པའི་དོན་ལ་འཁྲུལ་པར་མི་བྱའོ། །མྱུ་གུ་བདག་ལས་མི་སྐྱེ་བར་སྒྲུབ་པའི་སྐབས་སུ། ཐལ་འགྱུར་བས་རང་རྒྱུད་ཁས་མི་ལེན་པའི་གནད་ཀྱང་དེའི་ཚེ་ཆོས་ཅན་མྱུ་གུ་སྣང་ཙམ་ཉིད་ཀྱང་མ་གྲུབ་པའི་ཕྱིར་རོ་ཞེས་པ་འདི་ཉིད་བཀོད་པ་ཡིན་ནོ། །རང་རྒྱུད་མེད་ན་ཕྱི་རྒོལ་གྱི་རྒྱུད་ལ་མྱུ་གུ་བདག་ལས་སྐྱེ་མེད་དུ་རྟོགས་པའི་ངེས་ཤེས་བསྐྱེད་མི་ནུས་སོ་སྙམ་ན། སྐྱོན་མེད་དེ། མྱུ་གུ་བདག་ལས་སྐྱེ་བ་ལ་ཁས་བླང་ནང་འགལ་མཐོང་བ་ན་མྱུ་གུ་བདག་ལས་སྐྱེ་བ་མེད་པར་ངེས་པའི་ངེས་ཤེས་སྐྱེ་བ་ནི་རིགས་པ་སྨྲ་བའི་ལུགས་ཡིན་ལ། འདིའི་ཕྱི་རྒོལ་ནི་རིགས་པ་སྨྲ་བ་ཡིན་ནམ་སྙམ་དུ་དགོངས་སོ། །རང་རྒྱུད་པ་རྣམས་ཀྱིས་ཐལ་འགྱུར་གྱིས་ལོག་རྟོག་བཅོམ་ཟིན་པའི་རྗེས་སུ་རང་རྒྱུད་ཀྱི་གཏན་ཚིགས་མ་བཀོད་ན་བསྒྲུབ་བྱ་ངེས་པའི་རྗེས་དཔག་མི་སྐྱེ་སྟེ། རྗེས་དཔག་ནི། གཏན་ཚིགས་ཡང་དག་ལ་བརྟེན་དགོས་པའི་ཕྱིར་སྙམ་དུ་དགོངས་སོ། །ཐལ་འགྱུར་བས་མྱུ་གུ་བདག་ལས་སྐྱེ་མི་སྐྱེ་དཔྱོད་པའི་སྐབས་སུ། ཆོས་ཅན་མྱུ་གུ་སྣང་ཙམ་ཡང་ཁས་མི་ལེན་ན་དེའི་ཚེ་དམ་བཅའ་དང་། ཐལ་འགྱུར་དང་རྒོལ་ཕྱི་རྒོལ་ཡང་མེད་པར་འགྱུར་བས་རྩོད་པ་བྱེད་པ་ཡང་མེད་པར་འགྱུར་རོ་ཞེ་ན། དེའི་ལན་དུ། རོང་སྟོན་ཆོས་ཀྱི་སྤྱན་དང་ལྡན་པའི་ཞལ་སྔ་ནས། དེའི་ཚེ་མྱུ་གུའི་གནས་ལུགས་ལ་དཔྱོད་པ་ཡིན་གྱི། དམ་བཅའ་དང་། ཐལ་འགྱུར་སོགས་ཀྱི་གནས་ལུགས་ལ་དཔྱོད་པ་མེད་པས་སྐྱོན་མེད་ལ། དེ་དག་གི་གནས་ལུགས་ལ་དཔྱོད་པའི་ཚེ་དེ་དག་སྣང་ཙམ་ཡང་ཁས་མི་ལེན་པ་ནི་སྔ་མ་དང་འདྲའོ། །ཞེས་གསུངས་པ་ནི། བློ་གྲོས་ཀྱི་སྤྱི་བོར་གསེར་གྱི་ཅོད་པཎ་བཞིན་དུ་བཅིངས་པར་བྱ་བ་ཡིན་ཏེ། རྟོག་པ་སེལ་འཇུག་ཡིན་པས་མྱུ་གུའི་གནས་ལུགས་ལ་དཔྱོད་པའི་ཚེ། ཐལ་འགྱུར་གྱི་གནས་ལུགས་ལ་མ་དཔྱད་པའི་ཕྱིར་རོ། །མངོན་སུམ་ནི་སྒྲུབ་འཇུག་ཡིན་པས། མྱུ་གུའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཚེ་ཆོས་ཐམས་ཅད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །དེས་ན་རང་རྒྱུད་པས་མཐའ་བཞིའི་སྐྱེ་བ་འགོག་པའི་སྐབས་སུ། རང་རྒྱུད་ཁས་བླངས་པ་ཡིན་པས། དེའི་ཚེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་སྒྲུབ་པ་ལ་རང་རྒྱུད་དགོས་པ་ཡིན་ཞེས་པ་ནི་ལོག་རྟོག་ཞུགས་པའི་གཞི་ཙམ་ཡང་མི་འདུག་ཀྱང་། རྗེས་འཇུག་གི་གདུལ་བྱ་རྣམ་དཔྱོད་དང་ལྡན་པ་དག་གིས་ཀྱང་བརྟག་དཔྱད་མི་བྱེད་པར་འཛིན་པ་འདི་ནི་ཅི་ཡིན་མི་ཤེས་སོ། །ལུགས་གཉིས་པ་འདི་ནི་རྗེ་ཙོང་ཁ་པ་སྔར་ཡོངས་འཛིན་དམ་པ་ལ་བརྟེན་ནས་གསུང་རབ་ཀྱི་དོན་ལ་སྦྱངས་པ་བྱས་པའི་དུས་སུ་མ་བྱུང་ལ། དུས་ཕྱིས་བླ་མ་དབུ་མ་པས། མདོ་ཁམས་ནས་གདན་དྲངས་པའི་འཇམ་དབྱངས་དང་མཇལ་ཕྱིན་ཆད་དབུ་མའི་གནད་ལ་ཡང་ཐུན་མོང་མ་ཡིན་པའི་དམ་བཅའ་འདི་ཙམ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་གནད་ལ་ཡང་། ཐུན་མོང་མ་ཡིན་པའི་གྲུབ་མཐའ་རབ་ཏུ་མང་པོ་བཅས་པ་ཡིན་ལ། དེ་དག་རང་ཉིད་ཀྱིས་ཀྱང་སྔོན་གྱི་མཁས་པ་སུས་ཀྱང་མ་ཐོན་པའི་གྲུབ་མཐའ་ཡིན་པར་སྒྲོགས་ཤིང་། གཞན་གྱིས་ཀྱང་དེ་ལྟར་དུ་མཐོང་ངོ་། །འོན་ཀྱང་ཡི་དམ་གྱི་ལྷས་བསྟན་པའི་གྲུབ་མཐའ་དེ་མདོ་རྒྱུད་ཀྱི་གནད་དང་མཐུན་ན་ཡི་དམ་གྱི་ལྷ་མཚན་ཉིད་པས་བསྟན་པ་ཡིན་པས་གང་ཟག་དེ་གང་དུ་བཞུགས་པའི་ས་ཕྱོགས་ཀྱང་མཆོད་པར་འོས་ཤིང་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱང་སྒྲུབ་ཐག་ཉེ་བ་ཡིན་ལ། མདོ་རྒྱུད་ཀྱི་གནད་དང་མི་མཐུན་ན་ཐབས་ལ་བསླུ་བའི་བདུད་ཡི་དམ་གྱི་གཟུགས་སུ་བརྫུས་ནས་ཆོས་ལོག་སྟོན་པར་གསུངས་ཏེ། ཇི་སྐད་དུ་མདོ་ལས། འདི་སྐད་སྨྲ་ཏེ་འདི་ནི་ཁྱོད་ཀྱི་ཕ་མ་དང་། །ཁྱོད་ཀྱི་བདུན་མེས་རྒྱུད་ཀྱི་བར་གྱི་མིང་ཡིན་ཞིང་། །གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་མིང་འདི་ཡིན། །སྦྱངས་སྡོམ་རྣལ་འབྱོར་ལྡན་པ་ཅི་འདྲ་འབྱུང་འགྱུར་ལ། །ཁྱོད་སྔོན་ཡོན་ཏན་ཚུལ་ཡང་འདི་འདྲའོ་ཞེས་བརྗོད་དེ། །དེ་སྐད་གང་ཐོས་རློམ་སེམས་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བསླུས་ཤིང་བློ་ཆུང་རིག་པར་བྱ། །ཞེས་སོགས་ཐེག་པ་ཆེན་པོའི་མདོ་རྒྱུད་རྣམས་ལས་མང་དུ་གསུངས་པས་དཔྱད་དགོས་སོ།། ༼མཐའ་བྲལ་ལ་དབུ་མར་སྨྲ་བའི་ལུགས་སྒྲུབ་པ།༽ །།ད་ནི་ལུགས་གསུམ་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། གཞུང་ལུགས་ཐམས་ཅད་ཀྱི་བསྟན་དོན། གྲུབ་ཐོབ་ཐམས་ཅད་ཀྱི་གཤེགས་ཤུལ། མཁས་པ་ཐམས་ཅད་ཀྱི་བཞེད་པའི་དོན་དེ་ཉིད་རང་ལུགས་སུ་བྱས་ནས་འཆད་པ་ལ། གནས་ལུགས་བསྟན་པའི་སྣོད་ངོས་བཟུང་བ། བསྟན་བྱ་གནས་ལུགས་ཀྱི་རང་བཞིན། ཡིད་ཆེས་པའི་ལུང་དང་སྦྱར་བ་གསུམ་ལས། དང་པོ་ནི། དབུ་མའི་གྲུབ་མཐའ་བསྟན་པའི་ཡུལ་གྱི་གདུལ་བྱ་དེ་ལ། ཕྱི་ནང་གི་དངོས་པོར་སྨྲ་བའི་གྲུབ་མཐའ་གང་རུང་ལ་ཞུགས་པ་གྲུབ་མཐས་བློ་བསྒྱུར་བ་གཅིག་དང་། གྲུབ་མཐས་བློ་མ་བསྒྱུར་བར་ཐེག་ཆེན་གྱི་རིགས་སད་པའི་སྟོབས་ཀྱིས་གནས་ལུགས་རྟོགས་པ་དོན་དུ་གཉེར་བ་གཉིས་ཡོད་པ་ལས། དང་པོ་ལ་ཕྱི་རོལ་པའི་གྲུབ་མཐས་བློ་བསྒྱུར་བ་རྣམས་ལ་ནི་དབུ་ཚད་ཀྱི་གཞུང་ལས་བཤད་པའི་རིགས་པ་རྣམས་ཀྱིས་ལོག་རྟོག་སུན་ཕྱུང་བ་ན་རང་རང་གི་གྲུབ་མཐའ་འདོར་བ་རྣམས་ནི་དབུ་མའི་ལྟ་བ་བསྟན་པའི་སྣོད་ཡིན་ནོ། །རང་སྡེ་དངོས་པོར་སྨྲ་བའི་གྲུབ་མཐའ་ལ་ཞུགས་པ་ཡིན་ན། ཉན་ཐོས་སྡེ་གཉིས་ཀྱི་རྡུལ་ཕྲན་བདེན་པར་འདོད་པ་ནི། སེམས་ཙམ་པའི་གཞུང་ལས་བཤད་པའི་རིགས་པ་རྣམས་ཀྱིས་སུན་ཕྱུང་སྟེ། ཤེས་པ་ལ་བདེན་འཛིན་གྱི་ལྷག་མ་ལུས་པ་དེ་ཡང་གཅིག་དུ་བྲལ་ལ་སོགས་པའི་རྟགས་ཀྱིས་བཀག་པ་ན། དེ་དག་ཀྱང་དབུ་མའི་ལྟ་བ་བསྟན་པའི་སྣོད་ཡིན་ནོ། །དེས་ན་ཕྱི་ནང་གི་དངོས་པོར་སྨྲ་བ་རྣམས་ལ་དབུ་མའི་ལྟ་བ་སྟོན་པ་ལ་ཐལ་འགྱུར་བ་ལྟར་ན། ཐལ་འགྱུར་གྱི་སྒོ་ནས་ཁས་བླངས་ནང་འགལ་བརྗོད་པ་དང་། རང་རྒྱུད་པ་ལྟར་ན་དེའི་འོག་ཏུ་རང་རྒྱུད་ཀྱི་གཏན་ཚིགས་ཀྱིས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་དགོས་པར་བཞེད་དེ། གཞུང་ལས་བཤད་པའི་རིགས་པ་ཕལ་ཆེ་བ་འདི་ལ་དགོངས་སོ། །གདུལ་བྱ་གཉིས་པ་ལ་ནི། དང་པོ་ཉིད་ནས་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་སྒོམ་ཚུལ་དམིགས་ཐུན་རེ་རེ་བཞིན་དུ་ཁྲིད་ཀྱི་ཚུལ་གྱིས་བསྟན་པས་ཆོག་པ་ཡིན་གྱི། སྔ་རྒོལ་དང་ཕྱི་རྒོལ་གྱི་རྣམ་གཞག་བྱས་ནས་རྩོད་པ་བྱ་བ་ནི་དོན་མེད་དོ། །གདུལ་བྱ་གཉིས་པ་འདི་ནི། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། ཞེས་སོགས་དང་། ཟབ་མོ་ཁུ་འཕྲིག་ཅན་འཇིགས་པ། ཞེས་སོགས་ཀྱིས་སྟོན་ལ། དེ་དག་གིས་ཀྱང་བསྒོམ་པར་བྱ་བའི་དམིགས་པ་མ་གོ་ན་གཞུང་ལས་བཤད་པའི་རིགས་པས་ཞིབ་ཏུ་བཤད་དགོས་པ་ཡིན་ནོ། །གཉིས་པ་ལ་སྔོན་གྱི་མཁས་པ་རྣམས། གཞི་དབུ་མ་བདེན་གཉིས་ཟུང་འཇུག ལམ་དབུ་མ་ཚོགས་གཉིས་ཟུང་འཇུག འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་སྟེ་གསུམ་དུ་བསྡུ་བར་གསུངས་པ་ལྟར་བཤད་ན། དང་པོ་ལ་ཀུན་རྫོབ་ཀྱི་རྣམ་གཞག་དང་། དོན་དམ་གྱི་རྣམ་གཞག་གཉིས་ལས། དང་པོ་ནི། ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐའ་སྔོན་དུ་སོང་ནས་སེམས་ཙམ་གྱི་ལྟ་བ་མ་སྐྱེས་ཀྱི་གོང་དུ། དབུ་མ་པར་འགྱུར་བ་ཡིན་ན། ཐ་སྙད་དུ་ཕྱི་དོན་ཁས་ལེན་ཡང་རིགས་པས་དཔྱད་བཟོད་ནི་ཁས་ལེན་པ་མི་སྲིད་དོ། །སེམས་ཙམ་པའི་ལྟ་བ་སྔོན་དུ་སོང་ནས་དབུ་མ་པར་འགྱུར་བ་ཡིན་ན། ཐ་སྙད་དུ་སྣང་བ་སེམས་ཀྱི་བདག་ཉིད་དུ་ཁས་ལེན་པ་ཡིན་ཡང་། རིགས་པས་དཔྱད་བཟོད་ནི་ཁས་ལེན་པ་མིན་ནོ། །དངོས་པོར་སྨྲ་བའི་གྲུབ་མཐའ་སྔོན་དུ་མ་སོང་བར་དང་པོ་ཉིད་ནས་དབུ་མ་པར་འགྱུར་བ་ཡིན་ན། ཐ་སྙད་ཀྱི་རྣམ་གཞག་དཔལ་ལྡན་ཟླ་བའི་བཞེད་པ་བཞིན་དུ་འཇིག་རྟེན་ན་ཇི་ལྟར་གྲགས་པ་ལྟར་མ་བརྟགས་པར་ཁས་ལེན་པ་ཡིན་ནོ། །མ་བརྟགས་པའི་དོན་ཡང་གནས་ལུགས་དཔྱོད་པའི་རིགས་པས་མ་བརྟགས་པ་ཡིན་གྱི། ཐ་སྙད་པའི་ཚད་མས་མ་བརྟགས་པ་ནི་མིན་ཏེ། ཐ་སྙད་པའི་ཚད་མས་ཡིན་མིན་ཡོད་མེད་ལ་སོགས་པ་ཇི་ལྟར་གཞལ་བ་ལྟར་རྣམ་གཞག་སོ་སོར་ཕྱེ་ནས་ཁས་བླང་དགོས་པའི་ཕྱིར་རོ། །དེའི་ཕྱིར་སྔ་རབས་པ་འགའ་ཞིག་གིས་ཐ་སྙད་ཀྱི་རྣམ་གཞག་ལའང་ཡོད་མིན་མེད་མིན་ཁས་ལེན་པ་ནི་གཞུང་གི་དགོངས་པ་མིན་ཏེ། ཐ་སྙད་ཀྱི་སྐབས་སུ་ས་ལུའི་ས་བོན་ལས་ས་ལུའི་མྱུ་གུ་སྐྱེ། ནས་ཀྱི་མྱུ་གུ་མི་སྐྱེ་བའི་ཁྱད་པར་དང་། མེ་ཚ་ཞིང་སྲེག་པ་ཡིན་ལ། ཆུ་ཚ་ཞིང་སྲེག་པ་མིན་པའི་ཁྱད་པར་ཁས་ལེན་དགོས་པའི་ཕྱིར་རོ། །གནས་ལུགས་ལ་དཔྱོད་པའི་སྐབས་སུ་དེ་གཉིས་ཁྱད་པར་མེད་པ་ནི་གཞན་སྐྱེ་འགོག་པའི་རིགས་པས་ཤེས་སོ། །ཀུན་རྫོབ་འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་འཇོག་པའི་དོན་ཡང་གློ་བུར་གྱི་འཁྲུལ་རྒྱུས་མ་སླད་པའི་འཇིག་རྟེན་རང་འགའ་བའི་བློ་ལ་སྣང་ཞིང་། སྣང་བ་ལྟར་རྗེས་ཀྱི་ཐ་སྙད་འདི་འདི་ཡིན་ནོ། །འདི་འདི་མིན་ནོ་ཞེས་ཐ་སྙད་ཇི་ལྟར་བྱེད་པ་ཙམ་ཞིག་ཁས་ལེན་པ་ཡིན་གྱི། དེ་ལས་གཞན་གྱི་སྒྲུབ་བྱེད་མི་འཚོལ་བའོ། །དཔེར་ན་ས་བོན་ལས་མྱུ་གུ་སྐྱེ་བར་ཁས་བླང་བ་ལ་སྒྲུབ་བྱེད་ཅི་ལྟར་ཞེ་ན། ས་བོན་ལས་མྱུ་གུ་སྐྱེ་བར་བློ་ལ་སྣང་ཞིང་སྣང་བ་ལྟར་རྗེས་སུ་ཐ་སྙད་བྱེད་པ་ཙམ་ཞིག་བཀོད་པ་ཡིན་གྱི། སྒྲུབ་བྱེད་གཞན་བདག་སྐྱེ་དང་། གཞན་སྐྱེ་ལ་སོགས་པ་བཀོད་པ་ན། དེ་དག་ལ་རིགས་པའི་གནོད་བྱེད་ཡོད་པས། ས་བོན་ལས་མྱུ་གུ་སྐྱེ་བ་མི་རྙེད་པ་ནི་གནད་ཀྱི་དོན་ཏོ། །དེས་ན་ལས་ཀྱིས་འབྲས་བུ་བསྐྱེད་པའི་ཚུལ་ལའང་། བློ་ལ་དེ་ལྟར་དུ་སྣང་བ་ལས་སྒྲུབ་བྱེད་གཞན་མེད་ལ། སྒྲུབ་བྱེད་གཞན་བཙལ་བ་ན་ཕྲད་ནས་སྐྱེད་དམ། མ་ཕྲད་ནས་བསྐྱེད་པ་གཉིས་ལས་མ་འདས་པས། དང་པོ་ལྟར་ན་ལས་རྟག་པར་འགྱུར་ཞིང་། ཕྱི་མ་ལྟར་ན་ཐམས་ཅད་ཀྱིས་ཐམས་ཅད་སྐྱེད་པར་ཐལ་བའི་ཉེས་པ་མཐོང་ནས། དངོས་སྨྲ་བ་རྣམས་ཀྱིས་ཉེས་པ་ཕྱི་མ་སྤང་བའི་ཕྱིར་དུ་ལས་འབྲས་ཀྱི་རྟེན་ཁས་ལེན་པ་ཡིན་ལ། ཞིག་པ་དངོས་པོ་བ་ལས་འབྲས་ཀྱི་རྟེན་དུ་འདོད་པའང་འདི་ལས་མ་འདས་པས། ཁོ་བོ་ནི་ཕྲད་མ་ཕྲད་ཀྱི་དཔྱད་པ་བྱེད་པའི་ཚེ་ན་ལས་ཀྱིས་འབྲས་བུ་བསྐྱེད་པ་ཉིད་ཀྱང་མི་འདོད་པས་ལས་འབྲས་ཀྱི་རྟེན་ཁས་ལེན་པའི་དོན་མེད་དོ། །འདི་དཔལ་ལྡན་ཟླ་བའི་དགོངས་པར་སོང་མ་སོང་སྐྱོ་མ་སྔ་བཙན་གྱི་སྒྲོས་རྣམས་བོར་ནས་འཇུག་པ་རྩ་འགྲེལ་ལ་གཟུ་བོར་གནས་པའི་བློས་དཔྱོད་པར་མཛོད་ཅིག དེ་བཞིན་དུ་ཆུ་ཕོར་གང་ལ་མིའི་མིག་ཤེས་ཀྱིས་ལྟས་པའི་ཚེ་ཆུ་ཡོད་དེ། ཆུ་མིག་ཤེས་ལ་སྣང་བའི་ཕྱིར་རོ། །རྣག་ཁྲག་མེད་དེ། རྣག་ཁྲག་མི་སྣང་བའི་ཕྱིར་རོ། །འོ་ན་ཡི་དྭགས་ཀྱི་རྣག་ཁྲག་ཏུ་མཐོང་བའི་ཚེ་ན་རྣག་ཁྲག་དེ་ཇི་ལྟར་ཡོད་སྙམ་ན། མིག་ཤེས་དེའི་ངོར་རྣག་ཁྲག་ཡོད་ཅིང་། ཆུ་མེད་པ་ནི་སྔ་མ་དང་འདྲ་ལ། དེ་གཉིས་ལས་གཞན་པའི་ཤེས་པའི་ངོར་ནི་གཉིས་ཀ་མེད་པར་ཤེས་པར་བྱའོ། །གཉིས་པ་དོན་དམ་པའི་རྣམ་གཞག་ལ། རིགས་པས་དཔྱད་པའི་དོན་དམ་རྗེས་མཐུན་པ་དང་། འཕགས་པའི་མཉམ་བཞག་ལ་སྤྲོས་པ་དང་བྲལ་བའི་ཚུལ་གྱིས་སྣང་བའི་དོན་དམ་མཚན་ཉིད་པ་གཉིས་ལས། དང་པོ་ནི། སྤྱོད་འཇུག་ལས། འདི་ནི་སྡུག་བསྔལ་རྒྱུ་གྱུར་པའི། །བདེན་པར་ཞེན་པ་བཟློག་བྱ་ཡིན། །ཞེས་དང་། ཆོས་དབྱིངས་བསྟོད་པ་ལས། བདག་དང་བདག་གིར་འཛིན་ཞེས་པའི། །ཇི་སྲིད་ཕྱི་རོལ་རྣམ་བརྟགས་པས། །བདག་མེད་རྣམ་པ་གཉིས་མཐོང་ནས། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་པ་ལྟར། ཆོས་ལ་བདེན་པར་འཛིན་པའི་བདེན་འཛིན་ལས་སྐྱེས་པའི། གང་ཟག་ལ་བདེན་པར་འཛིན་པའི་བདེན་འཛིན་དེ་ཉིད་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས། བདེན་འཛིན་དེ་གཉིས་ཀྱི་ཞེན་ཡུལ་རིགས་པས་སུན་ཕྱུང་དགོས་ལ། དེའི་ཚེ་གང་ཟག་དང་ཆོས་བདེན་པར་མེད་པ་རེ་ཞིག་ཁས་བླངས་ཤིང་རྟོགས་པས་ཀྱང་དེ་ལྟར་དུ་ཞེན་པ་ལས་མ་འདས་ཏེ། དེ་ལྟ་བུའི་བདེན་མེད་རྟོགས་པའི་བློ་དེ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པའི་ཕྱིར་རོ། །དེ་ལ་ཆོས་ཀྱི་བདག་མེད་བསྒྲུབ་པའི་རིགས་པ་ལ། དབུ་མའི་གཞུང་ལུགས་རྣམས་ལས། རྡོ་རྗེའི་གཟེགས་མ། ཡོད་མེད་སྐྱེ་འགོག མུ་བཞི་སྐྱེ་འགོག གཅིག་དུ་བྲལ། རྟེན་འབྲེལ་གྱི་རིགས་པ་སྟེ། ལྔ་གསུངས་ཤིང་དེ་དག་རང་རྒྱུད་པ་རྣམས་ཀྱིས་རང་རྒྱུད་ཀྱི་གཏན་ཚིགས་སུ་འདོད་ལ། ཐལ་འགྱུར་བ་རྣམས་ཀྱིས་གཞན་ལ་གྲགས་ཀྱི་རྟགས་སུ་འདོད་དོ། །གང་ཟག་གི་བདག་མེད་བསྒྲུབ་པའི་རིགས་པ་ནི། འཇུག་པ་ལས། ཕུང་པོ་དང་གཅིག་དང་ཐ་དད་ལ་སོགས་པ་རྣམ་པ་བདུན་གྱིས་བཙལ་ན་མི་རྙེད་པར་གསུངས་པ་འདི་ཉིད་རྒྱས་ཤོས་སུ་སྣང་ངོ་། །དེ་ལྟར་བདེན་པ་བཀག་པའི་ཚེ། རྟོགས་པས་བདེན་མེད་དུ་ཞེན་པ་ལས་མ་འདས་ཀྱང་། དེའི་འོག་ཏུ་བདེན་མེད་དུ་མངོན་པར་ཞེན་པ་ཉིད་ཀྱང་དགག་དགོས་པས། བདེན་པས་སྟོང་པ་ཉིད་གནས་ལུགས་སུ་བཟུང་དུ་མི་རུང་སྟེ། དགག་བྱ་བདེན་པ་མེད་པས་དེ་བཀག་པའི་བདེན་སྟོང་ཉིད་ཀྱང་མ་གྲུབ་པའི་ཕྱིར་རོ། །དེ་དག་གི་མཐའ་དཔྱོད་པའི་ཡན་ལག་ཏུ་བདེན་པས་སྟོང་མི་སྟོང་གཉིས་ཀར་ཡང་བཟུང་དུ་མི་རུང་སྟེ། རེ་རེ་བར་བཟུང་དུ་མི་རུང་བའི་ཕྱིར་རོ། །གཉིས་ཀ་མིན་པར་ཡང་བཟུང་དུ་མི་རུང་སྟེ། གཉིས་ཀ་མིན་པ་མ་གྲུབ་པའི་ཕྱིར་རོ། །དེས་ན་གནས་ལུགས་དཔྱོད་པའི་རིགས་ངོར་མ་གྲུབ་ན་དེར་བཟུང་དུ་མི་རུང་བ་ནི། བདེན་པ་བཀག་པའི་རིགས་པས་ཤེས་ལ། རིགས་ངོ་དེར་མཐའ་བཞི་གང་དུ་ཡང་མ་གྲུབ་པས་མཐའ་བཞིར་འཛིན་པ་ཐམས་ཅད་བཀག་དགོས་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །གལ་ཏེ་གནས་ལུགས་དཔྱོད་པའི་རིགས་ངོར་བདེན་པ་གྲུབ་པར་ཐལ། དེའི་ངོར་བདེན་སྟོང་མ་གྲུབ་པའི་ཕྱིར། ཞེས་སྨྲ་བ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་ཕྱོགས་སྔ་རིགས་ངོར་དགག་པ་གཉིས་ཀྱི་རྣལ་མ་གོ་བའི་ལུགས་ཡིན་པས་གོང་དུ་བཀག་ཟིན་ཏོ། །འོ་ན་རིགས་པ་དྲུག་ཅུ་པ་ལས། རང་བཞིན་མེད་པ་ཉིད་ཟློག་ན། །རང་བཞིན་ཉིད་དུ་རབ་གྲུབ་ཕྱིར། །ཞེས་པ་དང་འགལ་ལོ་སྙམ་ན། དེ་ནི་ཐ་སྙད་དུ་རང་བཞིན་མེད་པ་མིན་ན། རང་བཞིན་ཡོད་དགོས་ཞེས་པའི་དོན་ཡིན་ལ། ཐ་སྙད་ཀྱི་སྐབས་སུ་ཡོད་མིན་མེད་མིན་ཁས་ལེན་པ་མིན་པས་འགལ་བ་ཅི་ཞིག་ཡོད། མདོར་ན་གནས་ལུགས་ལ་དཔྱོད་པར་བྱེད་པའི་བློ་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ལས་མ་འདས་པས། མཐའ་བཞིའི་སྤྲོས་པ་གང་རུང་དུ་བཟུང་བས་བཞི་པོ་ཅིག་ཆར་དུ་བཀག་པ་མི་སྲིད་ཀྱང་། རེས་འཇོག་གི་ཚུལ་དུ་སྤྲོས་པ་བཞི་ཆར་ཡང་འགོག་པ་ཡིན་ལ། དེ་དག་གི་དངོས་ཡུལ་དུ་གྱུར་པའི་མཐའ་བཞིའི་སྤྲོས་བྲལ་ནི། བདེན་འཛིན་ཅན་གྱི་བློ་ལ་ལྟོས་ཏེ། དོན་དམ་བདེན་པ་བཤད་ཀྱང་། འཕགས་པའི་མཉམ་བཞག་ཟག་མེད་ལ་ལྟོས་ཏེ་ཀུན་རྫོབ་བདེན་པ་ཡིན་པས། རྣམ་གྲངས་པའི་དོན་དམ་བདེན་པའམ། དོན་དམ་པ་རྗེས་མཐུན་པ་ཡིན་པར་བཤད་དོ། །གཉིས་པ་དོན་དམ་བདེན་པ་མཚན་ཉིད་པ་ནི། དེ་ལྟར་སོ་སོའི་སྐྱེ་བོའི་གནས་སྐབས་སུ། མཐའ་བཞིའི་སྤྲོས་པ་རེས་འཇོག་ཏུ་བཀག་ནས་བསྒོམས་པས། ཐེག་ཆེན་གྱི་མཐོང་ལམ་སྐྱེས་པའི་ཚེ། མཐའ་བཞིའི་སྤྲོས་པ་ཅིག་ཆར་དུ་འགགས་ནས་རྟོགས་བྱའི་ཆོས་ཉིད་དང་རྟོགས་བྱེད་ཀྱི་བློ་གཉིས་སོ་སོར་མི་སྣང་བར། བློ་དེ་ཉིད་སྤྲོས་བྲལ་དང་དབྱེར་མེད་པར་མངོན་དུ་གྱུར་པའི་ཡུལ་དེ་ཉིད་ལ། དོན་དམ་བདེན་པ་ཞེས་པའི་ཐ་སྙད་བཏགས་པ་ཡིན་གྱི། དེའི་ཚེ་ཡང་དོན་དམ་བདེན་པ་འདིའོ་ཞེས་ཅུང་ཟད་ཀྱང་གཟུང་བར་བྱ་བ་མེད་དོ། །འདི་ལ་དགོངས་ནས་བཀའ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ལས། མ་མཐོང་བའི་ཚུལ་གྱིས་མཐོང་། མ་གཟིགས་པའི་ཚུལ་གྱིས་གཟིགས་ཞེས་སོགས་མང་དུ་གསུངས་སོ། །འོ་ན་སྟོང་ཉིད་དེ་ལ་དོན་དམ་བདེན་པར་གསུངས་པ་དང་འགལ་ལོ་སྙམ་ན། སྤྱིར་སྟོང་ཉིད་ཅེས་པའི་ཐ་སྙད་ཙམ་ལ་མང་དུ་ཡོད་དེ། ཉན་ཐོས་སྡེ་གཉིས་ཀྱིས་གང་ཟག་གི་བདག་གིས་སྟོང་པ་ལ་སྟོང་ཉིད་ཀྱི་ཐ་སྙད་བྱེད་དེ། རྣམ་འགྲེལ་ལས། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་སོ། །སེམས་ཙམ་པས་ནི་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ལ་སྟོང་ཉིད་ཀྱི་ཐ་སྙད་བྱེད་དེ། དེ་ཉིད་ལས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡི་དེ་ཉིད་ཡིན། །ཞེས་སོ། །དབུ་མ་པ་རྣམས་ཀྱིས། བདེན་པས་སྟོང་པ་ཙམ་ལ་སྟོང་ཉིད་ཀྱི་ཐ་སྙད་མཛད་པ་དང་། མཐའ་བཞི་ཆར་གྱི་སྤྲོས་པས་སྟོང་པ་ལ་སྟོང་ཉིད་ཀྱི་ཐ་སྙད་མཛད་པ་གཉིས་ཡོད་དེ། དང་པོ་ནི། ཐེག་པ་གསུམ་ཆར་གྱི་ཐུན་མོང་དུ་རྟོགས་པར་བྱ་བ་ཡིན་ལ། ཕྱི་མ་ནི་ཐེག་ཆེན་ཁོ་ནའི་ཐུན་མོང་མིན་པའི་རྟོགས་བྱ་ཡིན་ནོ། །གཉིས་པོ་དེ་རེ་རེ་ལ་ཡང་སྔར་ལྟར་རྗེས་མཐུན་པ་དང་། མཚན་ཉིད་པ་གཉིས་གཉིས་ཡོད་པ་ལས་ཕྱི་མ་གཉིས་ཆར་དོན་དམ་བདེན་པ་མཚན་ཉིད་པར་བཞེད་དེ། ལུགས་འདི་ལ་ཐེག་དམན་འཕགས་པས་ཀྱང་དོན་དམ་བདེན་པ་རྟོགས་པར་བཞེད་པའི་ཕྱིར་རོ། །ཆོས་ཉིད་དང་། ཆོས་དབྱིངས་དང་། སྤྲོས་བྲལ་དང་། ཟུང་འཇུག་ཡིན་ན་མཐའ་བཞི་ཆར་གྱི་སྤྲོས་བྲལ་ཡིན་པ་གཅིག་དགོས་ཏེ། དེ་དག་ནི་ཐེག་དམན་གྱིས་ཅུང་ཟད་ཀྱང་མ་རྟོགས་པའི་ཕྱིར་རོ། །གཉིས་པ་ལམ་དབུ་མ་ཐབས་ཤེས་ཟུང་འཇུག་ལ། སྤང་བྱ་སྒྲིབ་གཉིས་ངོས་བཟུང་བ། སྤོང་བྱེད་ཀྱི་གཉེན་པོ་ངོས་བཟུང་བ་དང་གཉིས། དང་པོ་ནི། སྔར་བཤད་པ་ལྟར་ཕུང་པོ་ལ་དམིགས་ནས་བདེན་པར་འཛིན་པའི་བློ་ནི་ཆོས་ཀྱི་བདག་འཛིན་ཡིན་པས་ཤེས་སྒྲིབ་ཡིན་ལ། ཆོས་ཀྱི་བདག་འཛིན་ཡིན་ན་བདེན་འཛིན་ཡིན་པས་མ་ཁྱབ་སྟེ། མཐའ་བཞིའི་སྤྲོས་པ་ཕྱི་མ་གསུམ་དུ་འཛིན་པའི་བློ་དེ་ཡང་ཆོས་ཀྱིས་བདག་འཛིན་ཡིན་པར་བཤད་པའི་ཕྱིར་དང་། བདེན་འཛིན་གྱི་སྒྲོ་འདོགས་ཆོད་ནས་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ་དེ་ཡང་ཆོས་ཀྱི་བདག་འཛིན་དུ་གསུངས་པའི་ཕྱིར་རོ། །ཆོས་ལ་བདེན་པར་འཛིན་པའི་བདག་འཛིན་དེ་ཉིད། གང་ཟག་གི་བདག་འཛིན་གྱི་དངོས་རྒྱུ་ནུས་པ་ཐོགས་མེད་ཡིན་པས་སྐབས་འགའ་ཞིག་ཏུ་ཉོན་མོངས་པའི་མིང་གིས་བཏགས་པ་ཡང་ཡོད་ལ། ཡང་རྒྱུད་བླར་བྱང་ཆུབ་ཀྱི་ལེའུའི་སྐབས་སུ་ཉོན་མོངས་ཀྱི་བག་ཆགས་ལ་ཤེས་སྒྲིབ་ཏུ་བཤད་ཅིང་། འཇུག་འགྲེལ་ལས་ཀྱང་། དེ་ལྟར་དུ་གསུངས་པས་དེ་ཡང་ཤེས་སྒྲིབ་ཏུ་ཁས་བླང་བར་བྱའོ། །རྒྱུད་བླར་ཕན་ཡོན་གྱི་ལེའུའི་སྐབས། འཁོར་གསུམ་རྣམ་པར་རྟོག་པའི་བློ་ཤེས་སྒྲིབ་ཏུ་བཤད་པས། བསྡུ་ན་འདི་ལྟར་འགྱུར་ཏེ། ཤེས་སྒྲིབ་ལ་རྣམ་རྟོག་མངོན་འགྱུར་བ་དང་། བག་ཆགས་གཉིས། དང་པོ་ལ་བདེན་འཛིན་ཡོད་པ་དང་མེད་པ་གཉིས། ཕྱི་མ་ལ་ཤེས་སྒྲིབ་ཀྱི་རྣམ་པར་རྟོག་པའི་བག་ཆགས་དང་། ཉོན་མོངས་པའི་བག་ཆགས་གཉིས་སོ། །ཉོན་སྒྲིབ་ནི་རྒྱུད་བླར་ངོས་འཛིན་ཚུལ་གཉིས་བྱུང་བ་ནི་དོན་གཅིག་ཏུ་སྣང་ཞིང་། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་རྣམས་ལས་ཀྱང་། གང་ཟག་ལ་བདེན་པར་འཛིན་པའི་བདེན་འཛིན་དང་། དེའི་འབྲས་བུར་གྱུར་བའི་རྩ་ཉོན་དང་ཉེ་ཉོན་རྣམས་ལ་གསུངས་པ་རྣམས་དོན་གཅིག་ཏུ་སྣང་བས་ཉོན་མོངས་པ་ས་བོན་དང་བཅས་པ་རྣམས་ལ་ཉོན་སྒྲིབ་ཏུ་འཇོག་པ་ལ་ནི་བྱམས་པ་དང་། ཀླུ་སྒྲུབ་གཉིས་དགོངས་པ་གཅིག་ཏུ་སྣང་ངོ་། །གཉིས་པ་སྤོང་བྱེད་ཀྱི་གཉེན་པོ་ངོས་བཟུང་བ་ནི། ཉན་ཐོས་སྡེ་གཉིས་ཀྱིས་ཕུང་པོ་བདེན་མེད་དུ་མ་རྟོགས་ཀྱང་། ཕུང་པོའི་སྟེང་དུ་གང་ཟག་གི་བདག་བཀག་པའི་སྟོང་ཉིད་རྟོགས་པས། ཐེག་པ་གསུམ་ཆར་གྱི་བྱང་ཆུབ་ཐོབ་པར་འདོད་པས་ཐེག་པ་གསུམ་ལ་ལྟ་བའི་ཁྱད་པར་མི་བཞེད་དོ། །སེམས་ཙམ་པས་ལྟ་བ་དེས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ཀྱང་ཐེག་པ་ཆེན་པོའི་བྱང་ཆུབ་ཐོབ་པ་ལ་གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་རྟོགས་དགོས་པས། ཐེག་པ་ཆེ་ཆུང་ལ་ལྟ་བའི་ཁྱད་པར་ཡོད་ཀྱང་ཉན་ཐོས་དང་རང་སངས་རྒྱས་ལ་ལྟ་བའི་ཁྱད་པར་མི་བཞེད་དོ། །དབུ་མ་པའི་ལུགས་ལ། བྱམས་པ་དང་། ཀླུ་སྒྲུབ་གཉིས་ཆར་དགོངས་པ་མཐུན་པར་ཐེག་པ་གསུམ་ཆར་གྱི་བྱང་ཆུབ་ཐོབ་པ་ལ། ཕུང་པོ་བདེན་མེད་དུ་རྟོགས་དགོས་ཤིང་། ཐེག་ཆེན་གྱི་བྱང་ཆུབ་ཐོབ་པ་ལ་མཐའ་བཞིའི་སྤྲོས་པ་དང་བྲལ་བའི་སྤྲོས་བྲལ་རྟོགས་དགོས་པས། ཐེག་པ་ཆེ་ཆུང་ལ་ལྟ་བའི་ཁྱད་པར་ཤིན་ཏུ་ཆེ་ཞིང་། ཉན་ཐོས་ཀྱིས་གཟུང་བ་ཕྱི་རོལ་གྱི་དོན་བཏགས་པ་ཙམ་ཡང་མི་དམིགས་པར་མ་རྟོགས་ལ། རང་སངས་རྒྱས་ཀྱིས་དེ་རྟོགས་པས། དེ་གཉིས་ལ་ཡང་ལྟ་བའི་ཁྱད་པར་ཡོད་དོ། །འོ་ན་ཉན་ཐོས་ཀྱི་བར་ཆད་མེད་ལམ་དེས་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་སྤོང་ནུས་པར་འགྱུར་རོ་སྙམ་ན། ཕུང་པོ་བདེན་མེད་འཛིན་སྟངས་ཀྱི་གཙོ་བོར་མི་བྱེད་པར། གང་ཟག་བདེན་མེད་འཛིན་སྟངས་གཙོ་བོར་བྱེད་པས་སྐྱོན་མེད་དོ། །དེ་བཞིན་དུ་རང་རྒྱལ་གྱི་མཐོང་ལམ་བར་ཆད་མེད་ལམ་གྱིས་ཀྱང་གཟུང་བ་ཕྱི་རོལ་གྱི་དོན་བདེན་པར་མེད་པ་འཛིན་སྟངས་ཀྱི་གཙོ་བོར་བྱེད་པས། གཟུང་བ་ཕྱི་རོལ་གྱི་དོན་ལ་བདེན་པར་འཛིན་པའི་བདེན་འཛིན་སྤོང་ནུས་པ་ཡིན་གྱི་དེ་ལས་གཞན་པའི་ཤེས་སྒྲིབ་སྤོང་མི་ནུས་སོ། །ཐེག་ཆེན་མཐོང་ལམ་བར་ཆད་མེད་པའི་ལམ་གྱིས་མཐའ་བཞི་ཆར་གྱི་སྤྲོས་བྲལ་འཛིན་སྟངས་ཀྱི་གཙོ་བོར་བྱེད་པས། ཤེས་སྒྲིབ་མཐའ་དག་སྤོང་ནུས་པའི་གནད་ཀྱང་དེ་ཉིད་ཡིན་ནོ། །ཉན་རང་གིས་བདེན་མེད་རྟོགས་པ་ནི། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་ལན་མང་དུ་བཤད་ཅིང་། མངོན་རྟོགས་རྒྱན་གྱི་དབུ་ཞབས་ན་ཐེག་པ་ཆེ་ཆུང་གི་ལྟ་བའི་ཁྱད་པར་བཤད་པ་མང་དུ་ཡོད་ཀྱང་། བདེན་མེད་རྟོགས་མ་རྟོགས་ཀྱི་ཁྱད་པར་འབྱེད་པ་ནི་ཅུང་ཟད་ཀྱང་མི་སྣང་བས། དེ་གཉིས་དགོངས་པ་གཅིག་ཏུ་མངོན་ནོ། །གལ་ཏེ་དངོས་པོར་མངོན་པར་ཞེན་པ་ཡོད་མེད་ཀྱི་ཁྱད་པར་བཤད་པས་བདེན་མེད་རྟོགས་མ་རྟོགས་ཀྱི་ཁྱད་པར་ཡོད་དོ་སྙམ་ན། དེ་ནི་མ་ངེས་ཏེ། བཏགས་པའི་དངོས་པོར་མངོན་པར་ཞེན་པ་ནི། དངོས་པོའི་གནས་ཚུལ་སྤྲོས་བྲལ་མ་ཤེས་པའི་དོན་ཡིན་པས་བདེན་མེད་མ་རྟོགས་པའི་དོན་མིན་ནོ། །མཚུངས་མེད་ཆོས་རྗེའི་ཞལ་སྔ་ནས། ཉན་རང་གི་ཕུང་པོ་བདེན་མེད་མ་རྟོགས་པའི་ཤེས་བྱེད་དུ། རྟག་ཏུ་ཁམས་གསུམ་བདག་མེད་རྫས་མེད་ཅིང་། །བྱེད་པོར་རང་དབང་མེད་པར་རྣམ་བལྟས་ནས། །རྗེས་སུ་མཐུན་པའི་བཟོད་པ་གང་བསྒོམ་པ། །དེ་དག་འགྲོ་བ་ཀུན་ལས་ཐར་བར་འགྱུར། །ཞེས་གསུངས་པ་འདི་དྲངས་ཀྱང་། ལུང་འདི་བདེན་མེད་རྟོགས་པའི་ལུང་དུ་རྗེ་ཉིད་ཀྱང་བཞེད་དགོས་པ་འདྲ་སྟེ། ལུང་འདིས་ཁམས་གསུམ་རྫས་མེད་རྟོགས་པར་བསྟན་ཅིང་། རྫས་འཛིན་རྟོག་པ་བདེན་འཛིན་ཡིན་པར་ཞལ་གྱིས་བཞེས་པའི་ཕྱིར་རོ། །མདོར་ན་ཉན་ཐོས་ཀྱི་རྟོགས་བྱའི་གཙོ་བོ་ནི་གང་ཟག་གི་བདག་མེད་ཡིན་ལ། དེ་རྟོགས་པ་ལ་ཕུང་པོ་ལ་བདེན་པར་འཛིན་པ་བཀག་དགོས་ཏེ། ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ནི་གང་ཟག་གི་བདག་འཛིན་གྱི་དངོས་རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར་རོ། །རང་རྒྱལ་གྱི་རྟོགས་བྱའི་གཙོ་བོ་ནི། གཟུང་བ་ཕྱི་རོལ་གྱི་དོན་བདེན་པར་མེད་པ་ཡིན་ལ། ཐེག་ཆེན་གྱི་རྟོགས་བྱའི་གཙོ་བོ་ནི་གཉིས་འཛིན་གྱི་སྤྲོས་པ་མཐའ་དག་དང་བྲལ་བ་ཡིན་པས་ལྟ་བའི་ཁྱད་པར་ཤིན་ཏུ་ཆེའོ། །གལ་ཏེ་མདོ་སྡེ་ས་བཅུ་པ་ལས། ས་བདུན་པ་མ་ཐོབ་བར་དུ་ཉན་རང་དགྲ་བཅོམ་བློའི་སྟོབས་ཀྱིས་ཟིལ་གྱི་གནོན་མི་ནུས་པར་བཤད་པ་དང་འགལ་ལོ་ཞེ་ན། དེའི་དོན་ཁོ་བོས་བཤད་པ་འདི་ཁོ་ནར་ལྟར་སྣང་སྟེ། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ་ཞེས་གསུངས་ལ། དེའི་དོན་ནི། རང་གི་ཡུལ་ནི་ཐེག་དམན་ལ་མེད་པའི་ཐེག་ཆེན་ཐུན་མོང་མིན་པའི་ཡུལ་སྔར་བཤད་པ་ལྟར་གྱི་སྤྲོས་བྲལ་དེ་ཉིད་ཡིན་ལ། དེ་ཤེས་པ་ལ་དོན་སྤྱིའི་ཚུལ་གྱིས་ཤེས་པ་ནི་ཐེག་ཆེན་གྱི་ཚོགས་སྦྱོར་ན་ཡང་ཡོད་ལ། དེའི་སྒོ་ནས་ཉན་རང་ལས་ཁྱད་པར་དུ་འཕགས་པ་ནི། རྣམ་པ་མངོན་ཞེན་ལ་སོགས་འགོག་ཅེས་པའི་སྐབས་སུ་བསྟན་ལ། དེ་མངོན་སུམ་དུ་ཤེས་པ་ནི། ཐེག་ཆེན་གྱི་མཐོང་ལམ་དུ་ཡོད་ལ། དེའི་སྒོ་ནས་ཁྱད་པར་དུ་འཕགས་པ་ནི། གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་པའི་སྐབས་སུ་བསྟན། དེའི་ཆེ་བ་ནི་མཚན་འཛིན་མཐའ་དག་འགོག་པའི་ནུས་པ་ཡིན་ལ། དེའི་སྒོ་ནས་ཉན་རང་ཟིལ་གྱིས་གནོན་པ་ནི། ས་བདུན་པའི་གནས་སྐབས་སུ་ཐོབ་སྟེ། ས་བརྒྱད་པ་ཡན་ཆད་དུ་མཚན་འཛིན་མངོན་དུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །དེ་ཡང་རང་གི་ཡུལ་དང་། དེ་ཤེས་པ་དང་། དེའི་ཆེ་བ་དང་། ཀྱང་དང་། ཤིན་ཏུ་ཞེས་པའི་ཚིག་ལྔའི་ནུས་པ་ཤེས་ན། ལུང་འདི་ལ་བརྟེན་ནས་ཐེག་པ་ཆེ་ཆུང་ལ་ལྟ་བའི་ཁྱད་པར་མེད་པའི་ལོག་རྟོག་མི་འབྱུང་ངོ་། །ཁོ་བོས་ནི་ཤེར་ཕྱིན་གྱི་མདོ་དང་། མདོ་སྡེ་ས་བཅུ་པ་དང་། མངོན་རྟོགས་རྒྱན་དང་། འཕགས་པ་ཀླུ་སྒྲུབ་ཀྱི་གསུང་གནད་གཅིག་ཏུ་གོ་ཞིང་དགོས་པའི་དབང་གིས་ཐ་སྙད་ཅུང་ཟད་མི་འདྲ་བ་མཛད་པ་ནི་ཡོད་དེ། མངོན་རྟོགས་རྒྱན་གྱི་སྐབས་སུ་ཐེག་ཆེན་ཐུན་མོང་མིན་པའི་ལམ་གཙོ་བོར་འཆད་པས། སྤྲོས་བྲལ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པར་བྱས་ནས། དེ་ཉིད་ཉན་རང་ལ་མེད་པར་གསུངས་ལ། འཕགས་མཆོག་ཀླུ་སྒྲུབ་ཀྱིས་ཐེག་པ་གསུམ་ཆར་གྱིས་རྟོགས་བྱའི་སྐྱེ་མེད་གཏན་ལ་དབབ་པས་དེ་ཙམ་ལ་ཆོས་ཀྱི་བདག་མེད་རྟོགས་པར་བྱས་ནས་དེ་ཐེག་པ་གསུམ་ཆར་ལ་ཡོད་པར་གསུངས་སོ། །གསུམ་པ་འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ནི། གཞན་དུ་རྒྱས་པར་འཆད་པར་འགྱུར་རོ། །གསུམ་པ་ཡིད་ཆེས་པའི་ལུང་དང་སྦྱར་བ་ནི། རང་ལུགས་མདོར་བསྡུས་པ་འདི་དག་ནི། རེ་རེ་བཞིན་དུ་གཞུང་ཁུངས་ཐུབ་རྣམས་དང་སྦྱར་བར་བྱ་དགོས་ཀྱང་། མང་བས་འཇིགས་ནས་འདིར་མ་སྤྲོས་ལ། ཉེ་བར་མཁོ་བ། རྣམ་གྲངས་པ་དང་། རྣམ་གྲངས་མིན་པའི་དོན་དམ་བདེན་པ་གཉིས་སུ་ཕྱེ་བ་དང་། མཐའ་བཞིའི་སྤྲོས་བྲལ་གཉིས་ལུང་དང་སྦྱར་ན། དང་པོ་ནི། སློབ་དཔོན་ཡེ་ཤེས་སྙིང་པོས། གང་གི་ཕྱིར་སྐྱེ་བ་ལ་སོགས་བཀག་པ་ཡང་། ཡང་དག་པར་སྐྱེ་བ་ལ་སོགས་པ་རྟོག་པའི་དངོས་པོ་བཀག་པའི་གཏན་ཚིགས་ཀྱི་ཡང་དག་པ་དང་མཐུན་པའི་ཕྱིར། དོན་དམ་པ་ཡིན་པར་ཁོ་བོ་ཅག་ཀྱང་འདོད་དོ། །གཞན་དག་ནི་ཡང་དག་པ་ཁོ་ནར་འཛིན་པས། ཡང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །དེ་ཡང་རིགས་པས་དཔྱད་ན་ཀུན་རྫོབ་ཁོ་ན་སྟེ། ཅིའི་ཕྱིར་ཞེ་ན་དགག་བྱ་ཡོད་པ་མིན་པས། ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་དང་། ཞི་བ་འཚོས། སྐྱེ་བ་མེད་པ་ལ་སོགས་པ་ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་པ་ཡིན་དུ་ཟིན་ཀྱང་། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །དོན་དམ་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང་སྐྱེ་བ་དང་མི་སྐྱེ་བ་དང་སྟོང་པ་དང་མི་སྟོང་པ་ལ་སོགས་པ་སྤྲོས་པའི་དྲྭ་བ་མཐའ་དག་སྤངས་པའོ། །སྐྱེ་བ་མེད་པ་ལ་སོགས་པ་ནི། དེ་ལ་འཇུག་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་ཉེ་བར་འདོགས་སོ། །ཞེས་དང་། དཔལ་ལྡན་ཟླ་བས་རིགས་པ་དྲུག་ཅུ་པའི་འགྲེལ་པར། བདེན་པ་གཉིས་སུ་འཇོག་པ་ནི་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ །ཞེས་གསུངས་ཤིང་། འདི་རྣམས་ལ་དགོངས་ནས། རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། ལྕེ་སྒོམ་ཤེས་རབ་རྡོ་རྗེ་དང་། མཁས་པ་རེད་མདའ་བ་ལ་སོགས་པ་རྣམས་ཀྱིས་ཀྱང་། འདི་བཞིན་དུ་མཛད་པར་སྣང་ངོ་། །གཉིས་པ་སྤྲོས་བྲལ་གྱི་ལུང་ནི། རིགས་ཚོགས་དང་བསྟོད་ཚོགས་རྣམས་ལས། མང་དུ་གསུངས་པ་རྣམས་ནི་འདིར་མ་བྲིས་ལ། འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་། ངག་དང་། ཡིད་ཀྱི་རང་བཞིན་དུ་གྱུར་ན་ནི། དེ་དོན་དམ་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པ་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགག་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ལྟར་ནི་མིན་ནོ། །ཞེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་གང་ཟག་གི་བདག་ཏུ་ལྟ་བ་ནི་རི་རབ་ཙམ་ལ་གནས་ཀྱང་སླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་པར་འབྱིན་པ་ནི། སྟོང་པ་ཉིད་ཡིན་ཀྱང་། སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ཞེས་ངས་བཤད་དོ། །ཞེས་དང་། ཉི་ཁྲི་ལས། གཟུགས་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་རོ། །ཞེས་དང་། འབུམ་ལས། སྟོང་པ་ཉིད་ཅེས་བྱ་བར་ཡང་མ་གྲུབ་བོ། །སྟོང་པ་ཉིད་ཅེས་བྱ་བར་ཡང་མ་འཛིན་ཅིག །ཅེས་སོ། །ཆད་ལྟ་ཡིན་ན་ཀུན་རྫོབ་ཏུ་མེད་པར་འཛིན་པས་མ་ཁྱབ་པའི་ལུང་ནི། རྟ་སྐད་བྱང་ཆུབ་སེམས་དཔས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཐམས་ཅད་སྟོང་པ་ལགས་ན། ཆད་པར་ཐལ་བར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆད་པར་ལྟ་བ་ནི། རྒྱུ་མཚན་གསུམ་གྱིས་ཆད་པར་ལྟ་བར་འགྱུར་རོ། །ལས་རྒྱུ་འབྲས་ལ་སོགས་པ་ཀུན་རྫོབ་ཉིད་དུ་ཡང་ཡོད་པར་འགོག་པ་དང་། མེད་པའི་ཕྱོགས་འབའ་ཞིག་ཏུ་ཞེན་པ་དང་། ཟབ་མོའི་ཆོས་ཀྱི་དོན་མ་རྟོགས་པར་སྟོང་པའོ་ཞེས་ཚིག་ཏུ་ཞེན་པའོ། །ཞེས་སོ། །དེས་ན་གནད་ཀྱི་དོན་ནི། དབུ་མ་པའི་ལུགས་ལ་ཐེག་པ་གསུམ་ཆར་ལ་མཐའ་གཉིས་སྤངས་པའི་དབུ་མའི་ལམ་རེ་ཡོད་དགོས་པ་ལས། ཐེག་དམན་ལ་ནི་དོན་དམ་དུ་མ་གྲུབ་པས་རྟག་པའི་མཐའ་ལས་གྲོལ། ཀུན་རྫོབ་ཏུ་ལས་རྒྱུ་འབྲས་ལ་སྐུར་བ་མི་འདེབས་པས་ཆད་པའི་མཐའ་ལས་གྲོལ་དགོས་པ་རིན་ཆེན་ཕྲེང་བར་བཤད་ལ། ཐེག་པ་ཆེན་པོ་ལ་དེའི་སྟེང་དུ་ཡང་གནས་ལུགས་རང་གི་ངོ་བོ་ལ་ཡོད་མེད་ལ་སོགས་པའི་གཉིས་འཛིན་མཐའ་དག་དང་བྲལ་བའི་ལྟ་བ་ཁྱད་པར་ཅན་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཐེག་པ་ཆེན་པོའི་སེམས་བསྐྱེད་གསུམ་ཟུང་འབྲེལ་དུ་བྱས་ནས་བསྒོམས་པས་འབྲས་བུ་མཐར་ཐུག་པའི་ཚེ། ཆོས་དབྱིངས་སྤྲོས་བྲལ་གྱི་ངང་ལས་མ་གཡོས་བཞིན་དུ་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ། །གང་གི་ལེགས་གསུང་གསེར་གྱི་ཐུར་མ་ཡིས། །བློ་གྲོས་རབ་རིབ་རྣམ་པར་སྦྱངས་ནས་ནི། །གནས་ལུགས་དོན་ལ་ལྟ་བའི་མིག་སྦྱིན་པ། །བརྩེ་ཆེན་བླ་མ་དེ་ཡིས་ད་དུང་སྐྱོངས། །འཕགས་ཡུལ་མཁས་རྣམས་གྲུབ་མཐའ་རྣམ་བཞི་ལ། །རང་རང་སྨྲ་བའི་གྲུབ་མཐའ་སོ་སོར་འཛིན། །གངས་ཅན་འདི་ན་ཐམས་ཅད་དབུ་མ་པར། །ཞལ་གྱིས་བཞེས་ཀྱང་རྟག་ཆད་འདི་ལྟར་སྨྲ། །འགའ་ཞིག་རྟོགས་བྱའི་གནས་ལུགས་མཐར་ཐུག་ནི། །རྟག་བརྟན་ཐེར་ཟུག་བདེན་པར་གྲུབ་གྱུར་ཀྱང་། །གནས་ལུགས་རྟོགས་པའི་བློ་ལ་མི་སྣང་ཞེས། །སྨྲ་བ་འདི་ཡང་རྣ་བའི་བདུད་རྩི་མིན། །གཞན་དག་རང་རྒྱུད་སྨྲ་བའི་སྐྱེས་ཆེན་དང་། །བོད་ཡུལ་མཁས་ཤིང་གྲུབ་པའི་གཙོ་རྣམས་ཀྱིས། །དབུ་མའི་གནད་རྣམས་ལེགས་པར་མ་རྟོགས་ཞེས། །རྣམ་པ་ཀུན་ཏུ་སྐུར་བ་འདེབས་ལ་བརྩོན། །དོན་དམ་གནས་ལུགས་སྟོང་པའི་ཆད་མཐར་བཟུང་། །ཀླུ་སྒྲུབ་གཞུང་གི་ལུགས་བཟང་ལས་བྱུང་བའི། །བསྟན་པའི་སྙིང་པོ་མཐའ་བཞིའི་སྤྲོས་བྲལ་ལ། །རྒྱ་ནག་ཧ་ཤང་ལྟ་བ་ཡིན་ཞེས་སྨོད། །རིགས་པས་དཔྱད་པའི་དོན་དམ་རྗེ་མཐུན་ལ། །དོན་དམ་བདེན་པ་མཚན་ཉིད་པར་འདོད་ཅིང་། །གཉིས་འཛིན་མངོན་ཞེན་མཐའ་དག་འགོག་པ་ནི། །ལོག་རྟོག་ཡིན་པས་ལུགས་འདི་སྤོང་ཞེས་ཟེར། །ཐ་སྙད་ཀུན་རྫོབ་བློ་ཡིས་མ་བཞག་པར། །མིང་གིས་བཏགས་པ་ཙམ་གྱིས་འཇོག་བྱེད་ཅིང་། །ལས་ཀྱི་འབྲས་བུ་ཕྲད་དམ་མ་ཕྲད་པར། །བསྐྱེད་ཅེས་རིགས་པས་དཔྱད་ཚེ་ལས་འབྲས་འདོད། །དེའི་ཕྱིར་རང་སྡེའི་ལས་འབྲས་རྟེན་བཀག་ནས། །གཞན་སྡེའི་ཞིག་དངོས་ལས་འབྲས་རྟེན་དུ་སྒྲུབ། །དངོས་འཛིན་གཞིག་པར་བྱ་བའི་དངོས་གཅིག་ལ། །དངོས་འཛིན་དྲུག་པོ་ལྷག་པར་བསྣན་པར་བྱེད། །བྱམས་པ་ཀླུ་སྒྲུབ་གཉིས་པོ་མཐུན་པར་ནི། །ལས་དང་ཉོན་མོངས་རྣམ་རྟོག་ལས་བྱུང་བར། །གསུངས་པའི་འཁོར་གསུམ་རྣམ་པར་རྟོག་པ་ནི། །ཉོན་སྒྲིབ་ཡིན་པས་ཤེས་སྒྲིབ་རྣམ་རྟོག་མེད། །ཆོས་ཀྱི་བདག་འཛིན་ཡིན་ན་མཐའ་བཞི་ཡི། །དང་པོ་ཁོ་ནར་འཛིན་པས་ཁྱབ་པའི་ཕྱིར། །ཐེག་ཆེན་ལམ་གྱི་སྤང་བྱ་ཉིད་ཡིན་པའི། །ཆོས་ཀྱི་བདག་འཛིན་མེད་ཅེས་སྨྲ་བར་བྱེད། །ཉི་མ་ལྟ་བུའི་ཐེག་ཆེན་ལྟ་བ་དང་། །མེ་ཁྱེར་ཙམ་ཡང་མི་བཟོད་ཉན་ཐོས་ཀྱི། །ལྟ་བ་གཉིས་པོ་ཁྱད་པར་མེད་སྨྲ་ཞིང་། །རྟོགས་པའི་ནུས་པ་ཉན་ཐོས་ལྷག་པར་འདོད། །ཅི་ཕྱིར་ཞེ་ན་སྤང་བྱ་བདེན་འཛིན་གཅིག །ཉན་ཐོས་རྟོགས་པས་ཚེ་གསུམ་གྱིས་སྤོང་ཞིང་། །ཐེག་ཆེན་རྟོགས་པས་དེ་ཉིད་སྤོང་བ་ལ། །བསྐལ་པ་གྲངས་མེད་གཉིས་ནི་དགོས་ཕྱིར་རོ། །ཐེག་ཆེན་ས་ནི་བདུན་པ་མན་ཆད་དུ། །ཤེས་སྒྲིབ་སྤོང་བ་མི་སྲིད་སྨྲ་བ་ནི། །བྱམས་པའི་གཞུང་དང་འགལ་ཚེ་དེ་ཉིད་ནི། །དྲང་དོན་ཡིན་ཞེས་ཀུན་ལ་སྒྲོག་པར་བྱེད། །དུས་གསུམ་རྒྱལ་བའི་ལམ་གཅིག་ཤེར་ཕྱིན་གྱི། །སྦས་དོན་མགོན་པོ་བྱམས་པས་བཀྲལ་བ་ལ། །དྲང་དོན་ཡིན་ཞེས་སྨྲ་བའི་སྤོབས་པ་བྱུང་། །འདི་ལ་རྗེས་འཇུག་རྣམས་ཀྱིས་ཡིད་ཆེས་བྱེད། །མཐོང་ལམ་མ་ཐོབ་སྐྱེ་བོ་འགའ་ཞིག་གིས། །བདེན་པ་མངོན་སུམ་མཐོང་ནས་ཁམས་གསུམ་གྱི། །ཉོན་མོངས་སྤོང་བ་ཡོད་ཅེས་གསང་མཐོང་སྒྲོགས། །རྗེས་འཇུག་སྐྱེ་བོས་རྒྱན་ལྟར་ངོམ་པར་བྱེད། །གནས་ལུགས་དཔྱོད་ཚེ་དཔྱད་བྱའི་ཆོས་ཅན་ནི། །སྣང་དང་མི་སྣང་འདོད་པའི་བྱེ་བྲག་གིས། །ཐལ་རང་གཉིས་ཀྱི་ཁྱད་པར་འབྱུང་བ་ལ། །དེ་དོན་ཅུང་ཟད་ཙམ་ཡང་མ་རྟོགས་པར། །གཞན་གྲགས་རྟགས་ལ་རང་རྒྱུད་གཏན་ཚིགས་བྱས། །རང་རྒྱུད་རྟགས་ཀྱིས་རང་མཚན་སྒྲུབ་པར་སྨྲ། །བླུན་པོ་མ་བསླབས་པ་རྣམས་བདེན་མོད་ཀྱི། །མཁས་པ་སྦྱངས་པར་རློམ་པའང་འདི་རྗེས་འཇུག །ཀྱེ་མ་ཀྱི་ཧུད་སྙིགས་དུས་སེམས་ཅན་རྣམས། །རྒྱ་བོད་མཁས་གྲུབ་རྣམས་ཀྱིས་མགྲིན་གཅིག་ཏུ། །བཀྲལ་བའི་ལམ་བཟང་གསེར་རྒྱན་དོར་ནས་ནི། །རང་བཟོའི་མགལ་དུམ་རྒྱུན་དུ་བྱེད་པ་མཚར། །འདི་དག་ཟླ་བའི་དགོངས་པ་ཡིན་མིན་ཞེས། །རྩོད་འདོད་རྒོལ་བ་ཡོད་ན་ཟླ་བ་ཡི། །འགྲེལ་ཆེན་གསུམ་པོ་དཔང་པོར་བྱས་ནས་ནི། །རྩོད་པར་བགྱི་ཡི་མདུན་དུ་ལྷག་པར་གྱིས། །དེ་ལྟར་མིན་པ་དེང་སང་བྱིས་པ་ཡི། །མགོ་བོ་བསྐོར་བའི་ཚིག་གི་ཟེར་ཟློས་ལ། །ཁོ་བོ་རྩོད་པ་དག་ནི་མི་བགྱི་སྟེ། །འཇིག་རྟེན་བྱ་བ་སྙིང་པོ་མེད་ཕྱིར་རོ། །ངན་རྟོག་རླུང་གིས་བློ་གྲོས་མ་དཀྲུག་པར། །གནས་ལུགས་འཁྲུལ་མེད་ཇི་བཞིན་རྟོགས་འདོད་ན། །ཐ་སྙད་མ་བརྟེན་དོན་དམ་མི་རྟོགས་པས། །ཐ་སྙད་ཀུན་རྫོབ་སྣང་བ་འདི་དག་ཀུན། །ཡོད་མེད་ཡིན་མིན་ལ་སོགས་འཇིག་རྟེན་ན། །ཇི་ལྟར་གྲགས་པའི་ཀུན་རྫོབ་མ་བརླག་པར། །མ་བརྟགས་གཅིག་པུར་ཉམས་དགའི་ཚུལ་དུ་ནི། །ལས་འབྲས་བླང་དོར་ཚུལ་བཞིན་ཉམས་སུ་ལོངས། །སྲིད་གསུམ་འཁོར་བའི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་ཞེན་པའི་ཞེན་ཡུལ་བདེན་པ་ནི། །གཞུང་ནས་བཤད་པའི་རིགས་པས་བཙལ་བྱས་ནས། །མ་རྙེད་སྟོང་པའི་དོན་ལ་ངེས་ཤེས་བསྐྱེད། །བདེན་མེད་རྟོགས་པས་ངར་འཛིན་ཁེགས་པ་ཡི། །ལྟ་བ་འདི་དང་དགེ་སྡིག་བླང་དོར་ལ། །ཚུལ་བཞིན་སྒྲུབ་པའི་སྤྱོད་པ་ཟུང་འཇུག་ན། །ཐེག་པ་དམན་པའི་བྱང་ཆུབ་ཐོབ་གྱུར་ཀྱང་། །བླ་མེད་བྱང་ཆུབ་སྒྲུབ་པའི་ལྟ་བ་ལ། །སྟོང་པར་ཞེན་ན་ཆད་པའི་མཐར་ལྷུང་བས། །སྟོང་དང་མི་སྟོང་བདེན་པ་ཡོད་མེད་སོགས། །གཉིས་འཛིན་སྤྲོས་པ་མཐའ་དག་བཀག་པར་གྱིས། །གནས་ལུགས་དཔྱོད་པའི་སོ་སྐྱེའི་བློ་གྲོས་ཀྱིས། །མཐའ་བཞིའི་སྤྲོས་པ་གཅིག་ཆར་མི་ཁེག་ཀྱང་། །རེས་འཇོག་ཚུལ་གྱིས་བཞི་ཆར་བཀག་ནས་ནི། །ཚུལ་བཞིན་བསྒོམ་པས་མཐོང་ལམ་སྐྱེས་པའི་ཚེ། །གནས་ལུགས་མཐའ་བཞིའི་སྤྲོས་པས་དབེན་པ་དང་། །རྟོགས་བྱེད་བློ་གཉིས་གཉིས་སུ་དབྱེར་མེད་པར། །བློ་ཉིད་སྤྲོས་བྲལ་ངང་དུ་ཐིམ་པ་ལ། །ལྟ་བ་ཆོས་དབྱིངས་མཐོང་བའི་ཐ་སྙད་མཛད། །འདི་དང་རྫོགས་སངས་རྒྱས་ཀྱི་ཡེ་ཤེས་ལ། །ཆོས་དབྱིངས་རྟོགས་པའི་དམིགས་རྣམ་ཁྱད་པར་མེད། །དེ་ཕྱིར་རབ་དགའི་ཡེ་ཤེས་བརྙེས་པ་ལ། །རྫོགས་སངས་རྒྱས་བློ་རྒྱ་མཚོར་སྐྱེས་ཞེས་གསུངས། །ཇི་སྐད་བཤད་པའི་གཉིས་སུ་མེད་བློ་དང་། །རི་དབང་རྒྱལ་པོ་ལྟར་བརྟན་སེམས་བསྐྱེད་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་རྣམ་པ་གསུམ། །ཟུང་འཇུག་ཆུ་བོའི་རྒྱུན་ལྟར་བསྒོམ་པའི་མཐུས། །གློ་བུར་དྲི་མའི་སྤྲིན་ཚོགས་བྲལ་བའི་ཚེ། །སངས་རྒྱས་ཉི་མ་ཤར་བའི་ཐ་སྙད་མཛད། །དེ་ཚེ་ཤེས་དང་ཤེས་བྱ་མ་ལུས་པ། །ཡེ་ཤེས་དེ་ཡི་ངོ་བོ་ལས་གཞན་མེད། །དེ་ཕྱིར་ཐེག་པ་ཆེན་པོའི་སྡེ་སྣོད་ལས། །ཆོས་རྣམས་རྣམ་པ་ཀུན་ཏུ་རྫོགས་བྱང་ཆུབ། །གསུངས་ཕྱིར་རོ་མི་ཞིམ་པ་རོ་མཆོག་ཏུ། །སྣང་བ་ལ་སོགས་དག་སྣང་འབའ་ཞིག་གསུངས། །དེ་ཚེ་སྤྲོས་བྲལ་ཟུང་འཇུག་ངང་ཉིད་ལས། །མ་གཡོས་བཞིན་དུ་གདུལ་བྱའི་སྐལ་པ་དང་། །ཇི་ལྟར་འཚམས་པར་ཡིད་བཞིན་ནོར་བུ་དང་། །དཔག་བསམ་ཤིང་ལས་དགོས་འདོད་འབྱུང་བ་བཞིན། །རྣམ་རྟོག་ཀུན་སློང་འབད་རྩོལ་མེད་བཞིན་དུ། །སེམས་ཅན་ཁམས་དང་ནམ་མཁའ་མ་ཞིག་བར། །མཐའ་ཡས་འགྲོ་བའི་ཕན་བདེའི་གཞིར་གྱུར་པའི། །ཕྲིན་ལས་རྒྱུན་མི་ཆད་པར་འབྱུང་བར་འགྱུར། །ཐེག་པ་མཆོག་གི་ལྟ་བའི་གནད་རྣམས་ལ། །རྟག་ཆད་སྨྲ་བའི་ལོག་རྟོག་ཀུན་བསལ་ནས། །འཁྲུལ་མེད་གནས་ལུགས་ཇི་བཞིན་གསལ་བྱས་པའི། །དགེ་བ་གང་དེ་མཁའ་མཉམ་འགྲོ་ལ་སྦྱིན། །བདག་ཀྱང་དེང་ནས་བྱང་ཆུབ་མ་ཐོབ་བར། །འཁྲུལ་མེད་ལམ་བཟང་སྟོན་པའི་ཡོངས་འཛིན་དེས། །རྗེས་སུ་བཟུང་ཞིང་ཚུལ་བཞིན་མཉེས་བྱས་ཏེ། །ཡང་དག་གདམས་པའི་དཔལ་ལ་སྤྱོད་པར་ཤོག །ཚེ་འདིར་དམ་ཆོས་སྒྲུབ་ཅིང་བཤད་པ་ཡི། །འགལ་རྐྱེན་བར་ཆད་མཐའ་དག་ཉེར་ཞི་ནས། །རྒྱལ་བས་སྔགས་པའི་མཐུན་རྐྱེན་ཀུན་ཚང་སྟེ། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ཞེས་བྱ་བ་འདི་ནི། ཐོག་མར་བཀའ་དྲིན་མཉམ་མེད་ཀུན་མཁྱེན་སངས་རྒྱས་འཕེལ་གྱི་དྲུང་དུ་དབུ་མའི་གཞུང་ལུགས་མཉན་ཅིང་། རྗེ་བཙུན་གོང་མ་རྡོ་རྗེ་འཆང་དང་མི་གཉིས་པའི་ཐུགས་མངའ་བ་དེ་དག་གི་གསུང་རབ་ཀྱི་སྟེང་དུ་མཚན་བརྗོད་པར་དཀའ་བ་རྗེ་མུས་པ་ཆེན་པོའི་གསུང་གི་བརྡ་སྤྲད་པའི་སྒྲོན་མེ་བཟུང་སྟེ། འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་བལྟས་ཚེ་གནས་ལུགས་ཀྱི་དོན་ལ་ངེས་ཤེས་སྐྱེས་ནས་གཞན་ལ་སྟོན་པའི་ཡི་གེ་བྱ་བར་འདོད་པ་ན། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་མདོ་རྒྱུད་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་གུང་རུ་ཤེས་རབ་བཟང་པོའི་ཞལ་སྔ་ནས། ཐོག་མར་ལྟ་བའི་ཤན་འབྱེད་མདོར་བསྡུས་པ་གཅིག་གྱིས་ཞེས་བཀའ་གནང་བ་ལ་བརྟེན་ནས་ཤཱཀྱའི་དགེ་སློང་བསོད་ནམས་སེངྒེས། དགུང་ལོ་བཞི་བཅུ་ཐམ་པའི་དུས། ས་ཕོ་བྱི་བ་ལོའི་རྒྱལ་ཟླའི་ཚེས་བཅུ་བདུན་བཅུ་གསུམ་ཞེས་པའང་སྣང་ངོ་།། ལ་དབུ་བཙུགས་ཏེ་ཉི་ཤུའི་ཉིན་རྟ་ནག་གསེར་གླིང་གི་དགོན་པར་སྦྱར་བའི་ཡི་གེ་པ་ནི་མགོན་པོ་དབང་ཕྱུག་གོ །འདིས་ཀྱང་རྒྱལ་བའི་བསྟན་པ་དར་རྒྱས་སུ་བྱེད་ནུས་པར་གྱུར་ཅིག། །།དགེའོ། །།སརྦ་མངྒ་ལཾ།། །