Nitartha Digital Library
Tibetan
 
previousདབུ་མ་ལ་འཇུག་པའི་དཀྱུས་ཀྱི་ས་བཅད་པ་དང་གཞུང་སོ་སོའི་དཀའ་བའི་གནས་ལ་དཔྱད་པ་ལྟ་བ་ངན་སེལ།next

དབུ་མ་ལ་འཇུག་པའི་དཀྱུས་ཀྱི་ས་བཅད་པ་དང་གཞུང་སོ་སོའི་དཀའ་བའི་གནས་ལ་དཔྱད་པ་ལྟ་བ་ངན་སེལ།

དབུ་མ་ལ་འཇུག་པའི་དཀྱུས་ཀྱི་ས་བཅད་པ་དང་གཞུང་སོ་སོའི་དཀའ་བའི་གནས་ལ་དཔྱད་པ་ལྟ་བ་ངན་སེལ་ཞེས་བྱ་བ་བཞུགས།། དབུ་མ་ལ་འཇུག་པའི་དཀྱུས་ཀྱི་ས་བཅད་པ་དང་། གཞུང་སོ་སོའི་དཀའ་བའི་གནས་ལ་དཔྱད་པ་ལྟ་བ་ངན་སེལ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་ལ་འགག་པར་བསྟན། །འགག་བཞིན་པ་ན་འགག་པ་མེད། །སྐྱེ་ལ་སོགས་པའང་དེ་ལྟ་སྟེ། །བཅུ་དྲུག་མཐའ་ལ་རྣམ་རྟོག་པའི། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སེང་གེའི་ང་རོ་ཡིས། །མཐར་འཛིན་རི་དྭགས་ཀུན་སྐྲག་ཅིང་། །བླ་མེད་ཐེག་པ་རྒྱས་མཛད་པ། །ཀླུ་སྒྲུབ་སྨྲ་བའི་སེང་གེ་རྒྱལ། །ལེགས་བཤད་ཟླ་བའི་འོད་ཟེར་གྱིས། །ཀླུ་སྒྲུབ་བཞེད་གཞུང་ཀུནྡའི་ཕྲེང་། །གསལ་བར་མཛད་པའི་གྲགས་པ་ཡིས། །སྲིད་གསུམ་ཁྱབ་པ་དེ་ལ་འདུད། །དེ་ཡི་རིང་ལུགས་རྒྱ་མཚོའི་འཇིང་། །ཚིག་ཕྲེང་ཁ་དོག་སྔོན་པོ་ལ། །འཇིགས་ནས་མཁས་རློམ་བྱེ་བ་བརྒྱས། །གཏིང་ཟབ་འཇུག་པར་མ་ནུས་པ། །གང་གི་བློ་གྲོས་དེད་དཔོན་གྱིས། །ལུང་རིགས་གྲུ་གཟིངས་རབ་བསྡམས་ནས། །ལྷག་བསམ་སེར་བུས་ལེགས་སྐྱོད་དེ། །ཟབ་དོན་ནོར་བུ་བླང་བར་བྱ། །དེ་ལ་སྟོང་པ་ཉིད་ཀྱི་གཏམ་ཕུལ་དུ་བྱུང་བ་སྨྲ་བ་ལ་འགྲན་ཟླ་མེད་པ་དཔལ་ལྡན་ཟླ་བ་གྲགས་པས་མདོ་སྡེ་ས་བཅུ་པའི་དགོངས་པ་འགྲེལ་ཞིང་དེ་ཉིད་ཀྱང་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་ལ་འཇུག་པའི་བསྟན་བཅོས་དབུ་མ་ལ་འཇུག་པ་བརྩམས་པ་འདི་ནི་གང་བཤད་པར་བྱ་བའི་ཆོས་སོ། །འདི་ལ་བཞི་སྟེ། མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་སྐད་དུ། མ་དྷྱ། ཞེས་སོགས་ཏེ། འདིར་གང་ལ་འཇུག་པའི་དབུ་མ་དང་། དེ་ལ་ཇི་ལྟར་འཇུག་པའི་ཚུལ་གཉིས་ལས། དང་པོ་ནི། བརྗོད་བྱ་དོན་གྱི་དབུ་མ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་དབྱིངས་དང་། རྗོད་བྱེད་ཚིག་གི་དབུ་མ་དེ་དག་བརྗོད་བྱར་སྟོན་པའི་གཞུང་གི་ཚོགས་གཉིས་ལས། འདིར་ཕྱི་མ་ཡིན་ལ་དེ་ལ་ཡང་ཤེར་ཕྱིན་འབུམ་པ་ལྟ་བུ་བཀའ་དང་། རྩ་བ་ཤེས་རབ་ལྟ་བུ་བསྟན་བཅོས་གཉིས་ལས། འདིར་ཕྱི་མ་སྟེ། འགྲེལ་པར་དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར། དབུ་མ་ལ་འཇུག་པ་རྩོམ་པར་འདོད་པས་ཞེས་གསུངས་པས་སོ། །གཉིས་པ་ནི། བསྟན་བཅོས་དེར་མཐའ་བཞིའི་སྐྱེ་བ་བཀག་པ་སོགས་བདེན་སྐྱེ་བཀག་པའི་དམ་བཅའ་མང་དུ་གསུངས་པ་རྣམས་ཀྱི་དོན་འགྲེལ་ཚུལ་ཁྱད་པར་དུ་འཕགས་པ་ཐལ་འགྱུར་དུ་འགྲེལ་པའི་སྒོ་ནས་འཇུག་པ་སྟེ་སེམས་བསྐྱེད་དྲུག་པར་འཆད་དོ། །ཡང་བསྟན་བཅོས་དེར་ཤེས་རབ་ལྟ་བའི་ཆ་གཙོ་བོར་བསྟན་ཅིང་། ཐབས་རྒྱ་ཆེ་བའི་ཆ་དོན་གྱི་བསྟན་གྱི་དངོས་སུ་མ་བསྟན་པ་ལས། རིན་ཆེན་ཕྲེང་བར། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟན་ཡེ་ཤེས་ལགས། །ཞེས་སོ་སོའི་སྐྱེ་བོའི་གནས་སྐབས་ཀྱི་ཉམས་ལེན་གྱི་ཆོས་གསུམ་དང་། ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུ་འོ། །ཞེས་པས་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་ས་བཅུའི་ཉམས་ལེན་གསུངས་པ་རྣམས་འདིར་གསལ་བར་བཤད་པས་དེ་ལྟར་ན་ཟབ་པ་དང་། རྒྱ་ཆེ་བ་གཉིས་ཀྱི་སྒོ་ནས་འཇུག་སྟེ། གཞུང་དུ། ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི། །རིམ་གྱིས་རབ་ཏུ་དགའ་བའི་ས་ནི་ཐོབ་འགྱུར་ཏེ། །དེ་ནི་དོན་དུ་གཉེར་བས་དོན་འདི་མཉན་པར་གྱིས། །ཞེས་གསུངས་པ་ལྟར་རོ། །ཡང་ན་ལུང་དང་མན་ངག་གཉིས་ཀྱི་སྒོ་ནས་འཇུག་སྟེ། ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། །དབུ་མའི་བསྟན་བཅོས་ལས་བཏུས་ནས། །ལུང་ཇི་བཞིན་དང་མན་ངག་ནི། །ཇི་ལྟ་བ་བཞིན་བཤད་པ་ཡིན། །ཞེས་སོ། །གཉིས་པ་ནི་འཇམ་དཔལ་སོགས་སོ། །གསུམ་པ་ལ་གསུམ་སྟེ། འཇུག་པའི་ཡན་ལག་མཆོད་བརྗོད་བཤད། འཇུག་བྱ་གཞུང་གི་དོན་ཉིད་བཤད། གཞུང་དོན་མཐར་ཕྱིན་བྱ་བ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྙིང་རྗེ་བསྟོད་པའི་རྒྱུ་མཚན་བཤད། རྒྱུ་མཚན་ཅན་གྱི་བསྟོད་པ་དངོས་སོ། །དང་པོ་ལ་གསུམ་སྟེ། གང་ཟག་བཞི་ལས་བྱང་སེམས་བསྔགས། བྱང་སེམས་དེ་ཡི་རྒྱུ་གསུམ་བཤད། དེ་ལས་སྙིང་རྗེ་གཙོ་བོར་བསྟན་པའོ། །དང་པོ་ནི། ཉན་ཐོས་ཞེས་སོགས་ཏེ། འདིའི་སྔ་འགྲེལ་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཐོག་མར་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་སངས་རྒྱས་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་པོ། སེམས་ཅན་འཁོར་བའི་བཙོན་རར་བསྡམས་པ་སྐྱབས་མེད་པ། དཔག་ཏུ་མེད་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ལ་བསྟོད་པར་འོས་པ་ཉིད་དུ་བསྟན་པའི་ཕྱིར། ཞེས་གསུངས་ཏེ། འདི་ལ་གསུམ། ཉན་རང་སངས་རྒྱས་ལས་འཁྲུངས་ཚུལ། སངས་རྒྱས་བྱང་སེམས་ལས་འཁྲུངས་ཚུལ། དེས་ན་བྱང་སེམས་བསྔགས་པར་འོས་པའོ། །དང་པོ་ལ་གསུམ་སྟེ། འཁྲུངས་ཚུལ་དངོས། དེ་ལ་དོགས་པ་དཔྱད་པ། ཉན་རང་གི་སྒྲ་དོན་ནོ། །དང་པོ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལས་འཁྲུངས་ཏེ། དེས་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་བསྟན་པའི་དོན་ཉན་པ་དང་། སེམས་པ་དང་། བསྒོམ་པའི་རིམ་པས་ལྷག་པར་མོས་པ་ཇི་ལྟ་བ་བཞིན་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི་འོ་ན་མཐོང་ཆོས་བཞི་ལ་དེ་ལྟར་ཡིན་ཀྱང་། ཉན་ཐོས་གཞན་རྣམས་དང་། རང་སངས་རྒྱས་ལ་ཇི་ལྟར་ཞེ་ན། དེ་དག་ཀྱང་མྱོང་བར་ངེས་པའི་ལས་ཚེ་རབས་གཞན་དུ་རྣམ་སྨིན་འཛིན་པ་ལྟར་ཚེ་འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཉེ་བར་བསྟན་པ་ཉན་པ་ལས་དོན་དམ་པའི་དོན་ལ་མཁས་སུ་ཟིན་ཀྱང་། མཐོང་བའི་ཆོས་ཚེ་འདི་ཁོ་ན་ལ་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་མོད་ཀྱི་ཚེ་རབས་གཞན་དུ་ངེས་པར་འཐོབ་སྟེ། བཞི་བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་འཐོབ་འགྱུར་ལས་བཞིན་ནོ། །ཞེས་བཤད་དོ། །དེས་ན་རང་རྒྱལ་གྱི་རིགས་ཅན་རྣམས་ཀྱང་བསྐལ་པ་བརྒྱའི་བར་དུ་སངས་རྒྱས་ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐོས་ནས་སྲིད་པ་ཐ་མ་པའི་རྟེན་ལ་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སུ་རང་བྱུང་གི་བྱང་ཆུབ་མངོན་དུ་བྱེད་པས་སངས་རྒྱས་ལས་འཁྲུངས་པ་སྟེ། དབུ་མ་རྩ་བར། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་གསུངས་སོ། །གསུམ་པ་ནི། ཅིའི་ཕྱིར་ཉན་ཐོས་དང་སངས་རྒྱས་འབྲིང་པོ་ཞེས་བྱ་ཞེ་ན། ཡང་དག་པའི་གདམས་ངག་ཉན་པའི་འབྲས་བུ་ཐོབ་ནས་དེ་གཞན་ལ་ཐོས་པར་བྱེད་པས་ན་ཉན་ཐོས་ཏེ། ཐོས་པར་བྱེད་པའི་ཚུལ་ནི། འདི་ལྟར་བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟར་རོ། །ཡང་ན་རྫོགས་པའི་སངས་རྒྱས་ཀྱི་ལམ་དེ་བཞིན་གཤེགས་པ་ལས་ཐོས་ནས་དེ་དོན་དུ་གཉེར་བ་རྣམས་ལ་སྒྲོག་པར་བྱེད་པས་ན་ཉན་ཐོས་ཏེ། དམ་ཆོས་པད་དཀར་དུ། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འདི་ནི་ཉན་ཐོས་ཀྱི་སྐད་དོད་ཤྲ་བ་ཀ་ཞེས་པ་ཐོས་སྒྲོག་ལ་འཇུག་པའི་དབང་དུ་བྱས་པའོ། །འོ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཉན་ཐོས་སུ་འགྱུར་རོ་སྙམ་ན། དེ་ལྟ་ནའང་སྒྲོག་པར་བྱེད་པ་ཉིད་ཡིན་གྱི། རྗེས་སུ་མཐུན་པ་ཙམ་ཡང་མི་སྒྲུབ་པ་གང་ཡིན་པ་དེ་ཉན་ཐོས་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཐལ་བར་མི་འགྱུར་རོ། །སྒྲ་བཤད་སྔ་མའི་དོན་ལ། མཁས་པ་ཁ་ཅིག་ཙོང་༡ སྒྲ་བཤད་འདི་གཟུགས་མེད་ཁམས་ཀྱི་ཉན་ཐོས་སོགས་འགའ་ཞིག་ལ་མེད་ཀྱང་སྐྱོན་མེད་དེ། སྒྲ་དངོས་མིང་དུ་འཇུག་པ་ལ་སྒྲ་བཤད་པའི་རྒྱུ་མཚན་ཡོད་པས་མ་ཁྱབ་པ་ནི་དཔེར་ན་སྐམ་ལས་སྐྱེས་པའི་པདྨ་ལ་མཚོ་སྐྱེས་ཀྱི་སྒྲ་དངོས་མིང་དུ་འཇུག་པ་བཞིན་ནོ་ཞེས་གསུངས་པ་མི་འཐད་དེ། གཟུགས་མེད་ཁམས་ཀྱི་ཉན་ཐོས་རྣམས་ཀྱང་སྔར་འདོད་པའི་རྟེན་ལ་མཐོང་ལམ་ཐོབ་པས་ཁྱབ་ལ། མཐོང་ལམ་དེ་ཡང་དག་པའི་གདམས་ངག་ཉན་པའི་འབྲས་བུ་ཡིན་པས་དེ་ཐོབ་པའི་ཚེ་དེ་གཞན་ལ་ཐོས་པའི་ཚིག་འདུལ་བ་ལུང་ལས་མང་དུ་གསུངས་པའི་ཕྱིར་རོ། །གཞན་དུ་ན་ཉན་ཐོས་དགྲ་བཅོམ་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་བྱེད་པའི་ཚེ་སྒྲ་བཤད་འདི་མེད་ཀྱང་ཞེས་པའི་དོགས་པའང་གཅོད་དགོས་པར་འགྱུར་རོ། །འདི་ལྟར་བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་ནི་མི་ཤེས་སོ་ཞེས་པ་ནི་མཚོན་པ་ཙམ་མོ། །རང་སངས་རྒྱས་ལ་སངས་རྒྱས་འབྲིང་དུ་བརྗོད་པའི་རྒྱུ་མཚན་ནི། འགྲེལ་པར། སངས་རྒྱས་ཀྱི་སྒྲ་འདི་སངས་རྒྱས་ཀྱི་དེ་ཉིད་ཉན་ཐོས་དང་། རང་སངས་རྒྱས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་ཆར་ལའང་འཇུག་སྟེ་ཞེས་གསུངས་ལ། དེའི་དོན་བུདྡྷ་ཞེས་པའི་སྒྲ་མ་རིག་པའི་གཉིད་སངས་པ་དང་། ཤེས་བྱ་ལ་བློ་གྲོས་རྒྱས་པ་གཉིས་ལ་འཇུག་པ་ལས། དགྲ་བཅོམ་འོག་མ་གཉིས་ལ་ཉོན་མོངས་པ་ཅན་གྱི་མ་རིག་པའི་གཉིད་སངས་པ་ཡོད་པས་བུདྡྷའི་སྒྲ་འཇུག་པའི་དབང་དུ་བྱས་པའོ། །ཁ་ཅིག་༢ཏ་ཏྭ་བུདྡྷ་ཞེས་པའི་སྒྲ་གང་ཟག་གསུམ་ཆར་ལ་འཇུག་པ་འཆད་པ་ལྟར་ལེགས་ཏེ། ཏ་ཏྭ་ནི་དེ་ཁོ་ན་ཉིད་དང་། བུདྡྷ་ཁོང་དུ་ཆུད་པ་ལའོ། །ཞེས་འབྱུང་བ་ལྟར། དེ་ཉིད་རྟོགས་པ་བུདྡྷའི་སྒྲའི་དོན་དུ་བྱས་པའི་ཚེ་དོན་དེ་གང་ཟག་གསུམ་ཀ་ལ་ཡོད་པས། དེ་ཉིད་རྟོགས་པའི་སྒྲས་རང་སངས་རྒྱས་ཀྱང་བསྙད་ཅེས་ཟེར་རྒྱུ་ཡིན་པ་ལ་སངས་རྒྱས་སུ་བསྒྱུར་རོ། །སྤྱིར་བུདྡྷའི་སྒྲ་སངས་རྒྱས་ལ་བསྒྱུར་དུ་ཡོད་ཀྱང་། བུདྡྷའི་སྒྲ་ནི་པད་འདབ་རྒྱས་པ་དང་། གཉིད་སད་པ་ལའང་འཇུག་པར་བཤད་པས། སངས་རྒྱས་ཁོ་ན་ལ་བསྒྱུར་མི་དགོས་སོ་ཞེས་ཟེར་རོ། །དེ་དག་ནི་མི་འཐད་དེ། བུདྡྷ་ཁོང་དུ་ཆུད་པ་ལ་འཆད་པའི་ཚེ། མ་རིག་པའི་གཉིད་སངས་པ་དང་། ཤེས་བྱ་ལ་བློ་གྲོས་རྒྱས་པ་གཉིས་ཀྱི་ནང་ནས་ཕྱི་མ་ཡིན་པས་དེ་ཁོ་ན་ཉིད་ལ་བློ་གྲོས་རྒྱས་པ་ཞེས་པར་འགྱུར་ལ། དེ་དགྲ་བཅོམ་འོག་མ་གཉིས་ལ་ཡོད་ན་ཉན་རང་གི་དེ་ཁོ་ན་ཉིད་རྒྱས་པར་མ་རྟོགས་པར་གསུངས་ཤིང་རང་ཉིད་ཀྱིས་ཀྱང་ཁས་བླངས་པ་དང་འགལ་བའི་ཕྱིར་དང་། དེ་ཉིད་རྟོགས་པའི་སྒྲས་རང་སངས་རྒྱས་ཀྱང་བསྙད་ཅེས་ཟེར་རྒྱུ་ཡིན་པ་ལ་སངས་རྒྱས་སུ་བསྒྱུར་ཞེས་པ་ནི་ཉན་ཐོས་དེ་ཉིད་རྟོགས་འབྲིང་སངས་རྒྱས་སྐྱེས་ཞེས་ཟེར་རྒྱུ་ཡིན་པ་ལ་སངས་རྒྱས་འབྲིང་དུ་བསྒྱུར་ཞེས་སུན་འབྱིན་དགོས་པར་མཚུངས་པའི་ཕྱིར་དང་། སྤྱིར་བུདྡྷའི་སྒྲ་སངས་རྒྱས་ལ་བསྒྱུར་དུ་ཡོད་ཀྱང་སྐབས་འདིར་མི་འཚམ་ཞེས་པ་ནི་སྐབས་འདིར་སངས་རྒྱས་འབྲིང་གི་སྒྲ་བཤད་མི་འཚམ་པ་ཁས་ལེན་དགོས་པའི་ཕྱིར་དང་། བུདྡྷའི་སྒྲ་པད་འདབ་རྒྱས་པ་དང་གཉིད་སངས་པ་ལ་འཇུག་པར་བཤད་པ་ཉིད་ཀྱིས་སངས་རྒྱས་ཁོ་ན་ལ་བསྒྱུར་དགོས་པར་གྲུབ་པའི་ཕྱིར་ཏེ། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་ཞེས་བྱ་འོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། འོ་ན་སངས་རྒྱས་གང་ལས་འཁྲུངས་ཤེ་ན་བྱང་ཆུབ་སེམས་དཔའ་ལས་འཁྲུངས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བཞིན་གཤེགས་པས་ཉེ་བར་བསྟན་པ་ལས་སྐྱེས་པར་གྱུར་པས་རྒྱལ་བའི་སྲས་ཞེས་བརྗོད་པ་མ་ཡིན་ནམ། ཅིའི་ཕྱིར་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤེ་ན་བྱང་ཆུབ་སེམས་དཔའ་རང་ལ་ཆོས་སྟོན་པའི་རྫོགས་པའི་སངས་རྒྱས་ལས་འཁྲུངས་པ་འདི་ནི་བདེན་མོད་ཀྱི། འོན་ཀྱང་རྒྱུ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱུར་འགྱུར་ཏེ། གནས་སྐབས་ཀྱི་ཁྱད་པར་ལས་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ལས་དེ་བཞིན་གཤེགས་པའི་གནས་སྐབས་འབྱུང་བའི་ཕྱིར་དང་། ཡང་དག་པར་འཛིན་དུ་འཇུག་པ་ལས་ནི་འཕགས་པ་འཇམ་དཔལ་བྱང་ཆུབ་སེམས་དཔར་འགྱུར་པ་ཉིད་ཀྱིས་སྟོན་པ་འདི་དང་། དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་ཆེས་ཐོག་མ་ཁོ་ནར་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་བཅུག་པར་མདོ་སྡེ་ལས་འདོན་པ་ལྟ་བུའོ། །དེ་ལ་སྔ་མ་ནི་བྱང་སེམས་རང་རྒྱུད་པས་ཉེར་ལེན་གྱི་རྒྱུ་བྱས་པ་དང་། ཕྱི་མ་ནི་སྤྲུལ་པའི་བྱང་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པའི་དོན་ནོ། །གསུམ་པ་ནི། དེས་ན་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་མཛད་པ་ཡིན་ནོ། །རྒྱུ་མཚན་ནི་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ཆེས་བརླིང་བ་ཡིན་པའི་ཕྱིར་དང་། རྒྱུ་ལ་མཆོད་པར་བརྗོད་པས་ཀྱང་འབྲས་བུ་ལ་མཆོད་པར་བརྗོད་པ་དོན་གྱིས་འཕངས་པར་དགོངས་པའི་ཕྱིར། དགོས་པ་ནི་སྨན་གྱི་ལྗོན་ཤིང་ཆེན་པོ་འབྲས་བུ་ངེས་པ་དཔག་ཏུ་མེད་པ་སྟེར་བ་དོན་དུ་གཉེར་ན་མྱུ་གུ་ལ་སོགས་པ་མཐོ་ཞིང་ལོ་མ་འཇམ་པའི་གནས་སྐབས་བསྒྲིམས་ཏེ་བསྲུང་བ་ལྟར། སངས་རྒྱས་དོན་དུ་གཉེར་ན་བྱང་ཆུབ་སེམས་དཔའི་གནས་སྐབས་བསྒྲིམས་ཏེ་ཡོངས་སུ་བསྐྱང་བར་བྱ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་དང་། དུས་དེར་ཉེ་བར་གྱུར་ཅིང་ཐེག་པ་གསུམ་ལ་བཀོད་པའི་སེམས་ཅན་གྱི་ཕུང་པོ་ཐེག་པ་ཆེན་པོ་ལ་ངེས་པར་སྦྱར་བར་བྱ་བའི་ཕྱིར་རོ། །དེ་ལྟར་བསྔགས་པ་མཛད་པ་གང་ལས་ཤེས་ཞེ་ན་དཀོན་མཆོག་བརྩེགས་པའི་མདོར་འོད་སྲུང་འདི་ལྟ་སྟེ་དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་མ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱ་ཡི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །དེ་བཞིན་གཤེགས་པ་རྣམས་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་བྱུང་ངོ་ཞེས་གསུངས་པས་སོ། །གཉིས་པ་ནི། སྙིང་རྗེའི་སེམས་དང་གཉིས་སུ་ཞེས་སོགས་ཏེ། འདི་ལ་རྒྱུ་གསུམ་ངོས་བཟུང་། རྒྱུ་གསུམ་གྱི་གོ་རིམ། རྒྱུ་གསུམ་ལས་སྐྱེས་པའི་བྱང་སེམས་ངོས་བཟུང་བ་གསུམ་ལས། དང་པོ་ལ་སྙིང་རྗེ་ནི་འོག་ནས་འཆད་པར་འགྱུར་བའི་དམིགས་རྣམ་ཅན་གྱི་སྙིང་རྗེ་གསུམ་མོ། །གཉིས་སུ་མེད་པའི་བློ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་མཐའ་གཉིས་དང་བྲལ་བའི་ཤེས་རབ་སྟེ། འདིས་ནི་བདེན་པ་བཀག་ཙམ་གྱི་མེད་དགག་གནས་ལུགས་སུ་འདོད་པ་དང་། དེར་མངོན་པར་ཞེན་པ་དགག་ཏུ་མི་རུང་བར་འདོད་པ་རྣམས་བཀག་གོ །བྱང་ཆུབ་ཀྱི་སེམས་ནི་འཕགས་པ་ཆོས་ཀུན་འགྲོ་བའི་མདོར་གསུངས་པ་ལྟར་གནས་ལུགས་སྟོང་པ་ཉིད་སེམས་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་སེམས་སོ། །དེ་སྐད་དུ་རིན་ཆེན་ཕྲེང་བར། བདག་ཉིད་དང་ནི་འཇིག་རྟེན་འདི། །བླ་མེད་བྱང་ཆུབ་ཐོབ་འདོད་པ། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་སོ། །གཉིས་པ་ནི། སྙིང་རྗེ་ཅན་ནི་གཞན་སྡུག་བསྔལ་གྱི་སྡུག་བསྔལ་བ་ཉིད་ཀྱིས་དེ་དག་བསྐྱབ་པར་བྱ་བའི་ཕྱིར་འཇིག་རྟེན་འདི་དག་སྡུག་བསྔལ་ལས་བཏོན་ཏེ། སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བྱའོ་སྙམ་དུ་ངེས་པར་སེམས་བསྐྱེད་པར་བྱེད་དོ། །དམ་བཅའ་བ་འདིའང་གཉིས་སུ་མེད་པའི་ཡེ་ཤེས་མེད་ན་སྒྲུབ་པར་མི་ནུས་པས་གཉིས་སུ་མེད་པའི་ཡེ་ཤེས་ལའང་ངེས་པ་ཁོ་ནར་འཇུག་སྟེ། གོ་རིམ་འདི་ནི་རིན་ཆེན་ཕྲེང་བར། ཐེག་པ་ཆེན་པོ་གང་ཞིག་ལས། །སྙིང་རྗེ་སྔོན་བཏང་སྤྱོད་ཀུན་དང་། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཞེས་གསུངས་པའི་དབང་དུ་མཛད་པའོ། །སྤྱིར་ནི་གོ་རིམ་འདི་དང་གཞན་ཡང་ཐེག་པ་ཆེན་པོའི་རིགས་ཅན་གྱི་དབང་པོ་རྣོན་པོ་ཐོག་མར་དེ་ཁོ་ན་ཉིད་ཀྱི་ལྟ་བ་གཏན་ལ་ཕབ་ནས་དེ་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་སྐྱེས་ཏེ། དེས་ཀུན་ནས་བསླངས་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་འཇུག་པའི་གོ་རིམ་དང་རྣམ་པ་གཉིས་ཡོད་དེ། དབུ་མའི་རྒྱན་ལས། ཡང་དག་ཤེས་ཚུལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་ཐིབས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་འབད་ནས་སུ། །འགྲོ་དོན་བྱེད་པར་དཔའ་གྱུར་པ། །བྱང་ཆུབ་བློ་རྒྱས་མཁས་པ་ནི། །བློ་དང་སྙིང་རྗེས་བརྒྱན་པ་ཡིས། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད། །ཡང་དག་དད་པས་རྗེས་འབྲང་བ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །ཐུབ་པའི་བརྟུལ་ཞུགས་བླངས་བྱས་ཏེ། །དེ་ནི་ཡང་དག་ཤེས་ཚུལ་བརྩོན། །ཞེས་གསུངས་པ་ལྟར་མགོན་པོ་བྱམས་པ་དང་། ཀླུ་སྒྲུབ་གཉིས་ཀྱི་དགོངས་པ་ལ་ཡང་གཉིས་ཀ་ཡོད་ཅིང་། དེའི་རྗེས་འབྲང་ཐལ་རང་གི་པཎྜི་ཏ་རྣམས་དང་། བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱང་གཉིས་ཀ་བཞེད་དོ། །གསུམ་པ་ནི། འོ་ན་རྒྱུ་གསུམ་ལས་རྒྱལ་སྲས་འཁྲུངས་པར་གསུངས་པའི་རྒྱལ་སྲས་ཀྱི་ས་མཚམས་གང་ནས་བཟུང་སྙམ་ན། རྒྱུད་བླར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་སེམས་ཀྱི་ཆོས་ཉིད་མཐོང་སྤང་གིས་མ་དག་པའི་གནས་སྐབས་སུ་སེམས་ཅན་དང་། མཐོང་སྤང་གིས་དག་ནས་སྒོམ་སྤང་གིས་མ་དག་པའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་དང་། དྲི་མ་གཉིས་ཀས་དག་པའི་གནས་སྐབས་སུ་རྫོགས་པའི་སངས་རྒྱས་ཞེས་བརྗོད་པ་ལྟར་འདིར་ཡང་ཀུན་རྫོབ་སེམས་སྐྱེད་རྒྱུད་ལ་སྐྱེས་པ་ནས་སངས་རྒྱས་ཀྱི་སའི་བར་དུ་སོ་སོ་སྐྱེ་བོའི་གནས་སྐབས། བྱང་ཆུབ་སེམས་དཔའི་གནས་སྐབས། དེ་བཞིན་གཤེགས་པའི་གནས་སྐབས་ཏེ་གསུམ་དུ་ཕྱེ་བའི་བྱང་ཆུབ་སེམས་དཔའ་ཉིད་ལ་འཇོག་སྟེ། འོག་ཏུ། དེ་ནས་བཟུང་སྟེ་དེ་ནི་དེ་ཐོབ་གྱུར་པ་ཡིས། །བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བསྙད་དོ། །ཞེས་གསུངས་པ་དང་དོན་གཅིག་གོ །འོ་ན་ཚོགས་ལམ་ཀྱི་གནས་སྐབས་ཀྱི་རྒྱུ་གསུམ་ལས་སྦྱོར་ལམ་གྱི་གནས་སྐབས་ཀྱི་བྱང་སེམས་འཁྲུངས་པ་ལྟ་བུ་མི་བཞེད་དམ་སྙམ་ན། སྙིང་རྗེ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་བྱང་སེམས་འཁྲུངས་པའི་ཚད་ནི་སེམས་དེ་རྒྱུད་ལ་སྐྱེས་པ་ཙམ་གྱིས་ཐ་སྙད་འཇོག་པར་སྤྱོད་འཇུག་ལས་གསུངས་ཀྱང་། གཉིས་སུ་མེད་པའི་ཡེ་ཤེས་ལས་བྱང་སེམས་འཁྲུངས་པའི་ཚད་ནི་ངེས་པར་འཕགས་པ་ལ་འཇོག་དགོས་ཏེ། བདག་མེད་རྟོགས་པའི་ཡུམ་ཚོགས་སྦྱོར་གཉིས་ཆར་ན་ཡོད་ཀྱང་དེས་བསྐྱེད་པའི་སྲས་ངེས་པར་འཕགས་པ་ལ་འཇོག་པ་དང་གནད་གཅིག་པའི་ཕྱིར་རོ། །དེས་ན་སོ་སོའི་སྐྱེ་བོའི་གནས་སྐབས་སུ་རྒྱུ་གསུམ་ཉམས་སུ་བླངས་པ་ལས་ས་དང་པོའི་རྒྱལ་སྲས་འཁྲུངས་པར་འདིར་བཞེད་ཀྱང་དེ་ཡན་ཆད་དུ་ཆོས་གསུམ་མེད་པ་ནི་མ་ཡིན་ཏེ། དཔེར་ན་རྒྱུད་བླ་མར། སོ་སོ་སྐྱེ་བོའི་གནས་སྐབས་སུ་ཐེག་ཆེན་གྱི་ཆོས་ལ་མོས་པའི་ས་བོན་དང་། བདག་མེད་རྟོགས་པའི་ཤེས་རབ་ཀྱི་མ་དང་། བསམ་གཏན་གྱི་མངལ་དང་། སྙིང་རྗེའི་མ་མ་བཞི་ཉམས་སུ་བླངས་པ་ལས་བདེ་གཤེགས་སྙིང་པོ་མངོན་སུམ་དུ་མཐོང་བའི་རྒྱལ་སྲས་འཁྲུངས་པར་བཤད་ཀྱང་དེ་ཡན་ཆད་དུ་ཆོས་བཞི་མེད་པ་མ་ཡིན་པ་བཞིན་ནོ། །ཁ་ཅིག་༣དེ་ལྟར་འདི་གསུམ་གང་གི་རྒྱུར་བཞག་པའི་བྱང་སེམས་དེའི་མ་མཐའ་ལམ་ཞུགས་ཀྱི་བྱང་སེམས་ཐོག་མ་པ་ལ་བྱེད་དམ་མི་བྱེད། བྱེད་ན་ཐེག་ཆེན་གྱི་སེམས་བསྐྱེད་དེའི་རྒྱུར་འཇོག་པ་མི་འཐད་དེ། དེ་ཐོབ་མ་ཐག་བྱང་སེམས་སུ་བཞག་དགོས་པའི་ཕྱིར་རོ། །མཐའ་གཉིས་ལ་མི་བརྟེན་པའི་ཡེ་ཤེས་བྱང་སེམས་ཀྱི་རྒྱུར་འཇོག་པ་ཡང་མི་འཐད་དེ། བྱང་སེམས་རྣམས་ནི་ཐོག་མར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དེའི་འོག་ཏུ་བྱང་སེམས་ཀྱི་སྤྱོད་པ་ཕར་ཕྱིན་དྲུག་ལ་སློབ་པ་ཡིན་པས་དེ་ལྟ་བུའི་ཤེར་ཕྱིན་ལ་སློབ་པའི་སྐབས་ཉིད་ནས་མཐའ་གཉིས་ལ་མི་བརྟེན་པའི་ཡེ་ཤེས་ལ་སློབ་པ་ཡིན་པའི་ཕྱིར་རོ། །མི་བྱེད་ན་ནི་ཟླ་བ་ཚེས་པ་ལྟ་བུའི་བྱང་སེམས་སུ་བཤད་པ་དང་། སྨན་གྱི་ལྗོན་ཤིང་གི་མྱུ་གུ་ལྟ་བུའི་བྱང་སེམས་སུ་བཤད་པ་དང་འགལ་བར་འགྱུར་རོ་ཞེ་ན། ཞེས་པའི་དོགས་པ་བཀོད་ནས་ལན་དུ་ཅི་སྐད་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཕྱོགས་གཉིས་པ་ནི་ཁས་མི་ལེན་པས་དང་པོ་ཁས་ལེན་ནོ། །འོན་ཀྱང་སྔར་བཀོད་པའི་སྐྱོན་ནི་མེད་དེ། བྱང་སེམས་ཀྱི་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་ནི་སེམས་བསྐྱེད་བསྒོམ་པའི་སྐབས་ལ་དགོངས་ཀྱི་བསྒོམས་པ་ལ་བརྟེན་ནས་སྐྱེས་པའི་སེམས་བསྐྱེད་དངོས་མ་ཡིན་པའི་ཕྱིར་རོ། །དེའང་དཔེར་ན་བུ་རམ་ཤིང་གི་ཤུན་པའི་རོ་མྱོང་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་ཙམ་ནི་ཚིག་རྗེས་འབྲང་བའི་གོ་བ་ཙམ་ཡིན་པས་བུར་ཤིང་གི་ཤུན་པའི་རོ་དང་འདྲ་སྟེ། དེ་ལ་སེམས་བསྐྱེད་པ་ཟེར་ཡང་སེམས་བསྐྱེད་དངོས་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་སྦྱོང་བའི་མན་ངག་བཞིན་དུ་སྦྱངས་པ་ལ་བརྟེན་ནས་ཡིད་ལེགས་པར་འཁུལ་ཐུབ་པའི་མྱོང་བ་ཁྱད་པར་ཅན་སྐྱེས་པ་དེ་ནི་ཤུན་པའི་ནང་གི་བུར་ཤིང་དངོས་ཀྱི་རོ་དང་འདྲ་བས་སེམས་བསྐྱེད་མཚན་ཉིད་པ་ཡིན་ནོ། །བྱང་སེམས་ཀྱི་རིགས་ཅན་དབང་པོ་རྣོན་པོས་སྔོན་དུ་དེ་ཁོ་ན་ཉིད་ཀྱི་ལྟ་བ་བཙལ་ནས་དེ་ནས་སེམས་བསྐྱེད་པ་ཡིན་པས་སྐྱོན་གཉིས་པ་ཡང་མེད་པ་ནི་འཆད་པར་འགྱུར་རོ་ཞེས་སྨྲའོ། །དེ་ནི་ཤིན་ཏུ་མི་འཐད་དེ། ཅི་སྐད་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཕྱོགས་གཉིས་པ་ནི་ཁས་མི་ལེན་ཞེས་པས་ཟླ་བ་ཚེས་པ་ལྟ་བུའི་བྱང་སེམས་དང་། སྨན་གྱི་ལྗོན་ཤིང་གི་མྱུ་གུ་ལྟ་བུའི་བྱང་སེམས་ལམ་ཞུགས་ཀྱི་བྱང་སེམས་ཐོག་མ་པ་ལ་བྱེད་པར་ཁས་བླང་བ་ཡིན་ལ། དེ་ནི་ཀླུ་སྒྲུབ་དང་བྱམས་པའི་གཞུང་གཉིས་དང་འགལ་ཏེ། ཆོས་དབྱིངས་བསྟོད་པར། ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཟླ་བ་ཅུང་ཞིག་སྣང་བ་ལྟར། །དེ་བཞིན་མོས་སྤྱོད་ཞུགས་རྣམས་ཀྱིས། །ཆོས་ཀྱི་སྐུ་ཡང་ཅུང་ཟད་སྣང་། །ཅི་ལྟར་ཚེས་པའི་ཟླ་བ་ལ། །རིམ་གྱིས་རིམ་གྱིས་འཕེལ་བ་ལྟར། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང་། །ཞེས་ཟླ་བ་ཚེས་པ་ལྟ་བུའི་བྱང་སེམས་ས་དང་པོ་ནས་བཞག་པའི་ཕྱིར་དང་། རྒྱུད་བླར། ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་མཐོང་ལམ་རིམ་སྐྱེས་པས། །མཐོང་སྤང་རྣམས་ནི་གཅོད་པར་བྱེད། །ཞེས་ས་བོན་གྱི་ཤུན་པ་བཅད་ནས་མྱུ་གུ་སྐྱེས་པའི་གནས་སྐབས་དང་། མཐོང་སྤང་དང་བྲལ་ནས་མཐོང་ལམ་སྐྱེས་པའི་གནས་སྐབས་དཔེ་དོན་དུ་སྦྱར་བའི་ཕྱིར་རོ། །གཞན་དུ་ན་ནམ་མཁའ་ལྡིང་གི་ཕྲུ་གུ་སྒོ་ངའི་སྦུབས་ནས་ཕྱིར་འཐོན་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་མངལ་ནས་ཕྱིར་བཙས་མ་ཐག་པ་རྣམས་ཀྱང་ལམ་ཞུགས་ཀྱི་བྱང་སེམས་ཐོག་མ་པ་ལ་བྱེད་དགོས་པ་འགྱུར་ཞིང་། དེ་ཡང་འདོད་ན། རང་ཉིད་ཀྱིས་འགྲེལ་བཤད་དུ་ལུང་དེ་གཉིས་ཀྱི་དོན་བརྡ་ལས་བྱུང་བའི་སེམས་བསྐྱེད་ལ་འཆད་མོད་ཀྱང་། ལས་དང་པོ་པ་དང་སེམས་བསྐྱེད་ནས་རིང་དུ་མ་ལོན་པ་ཞེས་གསུངས་པ་ནི་དོན་དམ་པའི་སེམས་བསྐྱེད་ལ་ལྟོས་ནས་ཡིན་ལ། སྔར་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ས་དང་པོ་ནས་ཡིན་པར་གསུངས་པ་དང་། ལུང་སྔ་ཕྱི་གཉིས་ཀ་ནི་དཔེ་སོ་སོ་བ་ཙམ་མ་གཏོགས་པ་དོན་གཅིག་པ་ཡིན་པའི་ཕྱིར་དང་། རྩ་བའི་ཚིག་རྐང་གསུམ་གྱི་དོན་ཡང་མདོ་དེའི་དོན་བསྡུས་པར་སྣང་བའི་ཕྱིར་དང་། ལྷག་པའི་བསམ་པ་དག་པའི་སེམས་བསྐྱེད་ནི་ས་དང་པོའི་སེམས་བསྐྱེད་ལ་མདོ་སྡེ་རྒྱན་ལ་སོགས་པ་མང་པོ་ལས་གསུངས་པའི་ཕྱིར་རོ། །ཞེས་བྲིས་པ་དང་འགལ་ལོ། །དེས་ན་མར་ངོའི་བཅུ་བཞིའི་ཟླ་བ་དང་། ལྗོན་ཤིང་གི་ས་བོན་ས་འོག་ཏུ་བཅུག་ནས་མྱུ་གུ་མ་ཐོན་པའི་གནས་སྐབས་དང་། ནམ་མཁའ་ལྡིང་གི་ཕྲུ་གུ་སྒོ་ངའི་སྦུབས་ན་གནས་པའི་གནས་སྐབས་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་མངལ་ན་གནས་པའི་གནས་སྐབས་རྣམས་མོས་སྤྱོད་ཀྱི་གནས་སྐབས་དང་དཔེ་དོན་སྦྱར་ཞིང་ཟླ་བ་ཚེས་པ་སོགས་བཞི་ས་ཐོབ་པ་དང་དཔེ་དོན་དུ་སྦྱར་བ་ནི་མདོ་སྡེ་ས་བཅུ་པ་དང་། བྱམས་པའི་རྣམ་ཐར་དང་། ཆོས་དབྱིངས་བསྟོད་པ་དང་། རྒྱུད་བླ་རྣམས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་ཞིང་བསྟན་བཅོས་རྩ་འགྲེལ་འདིའི་དགོངས་པ་ཡང་ཡིན་པས་དེ་དག་སོ་སོར་ཕྱེ་བ་ནི་བློ་གྲོས་རྩིང་བའི་རྣམ་ཐར་རོ། །ཆོས་གསུམ་གྱི་ནང་ཚན་དུ་གྱུར་པའི་སེམས་བསྐྱེད་སེམས་བསྐྱེད་དངོས་མ་ཡིན་པར་འདོད་པ་ནི་འགྲེལ་བ་འདིར། སེམས་བསྐྱེད་འདི་ཉིད་ཀྱི་ཐད་དུ་འཕགས་པ་ཆོས་ཀུན་འགྲོ་བའི་མདོ་དྲངས་པ་ལས། བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་ལས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བགྱིའོ་ཞེས་པ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་དང་། བླ་ན་མེད་པའི་སེམས་དང་། བྱམས་པས་མཉེན་པའི་སེམས་དང་། སྙིང་རྗེས་མི་ལྡོག་པའི་སེམས་དང་། དགའ་བས་འགྱོད་པ་མ་མཆིས་པའི་སེམས་དང་། བཏང་སྙོམས་ཀྱིས་དྲི་མ་མ་མཆིས་པའི་སེམས་དང་། སྟོང་པ་ཉིད་ཀྱིས་མི་འགྱུར་བའི་སེམས་དང་། མཚན་མ་མ་མཆིས་པས་སྒྲིབ་པ་མ་མཆིས་པའི་སེམས་དང་། སྨོན་པ་མ་མཆིས་པས་མི་གནས་པའི་སེམས་ཞེས་དང་། རིན་པོ་ཆེའི་ཕྲེང་བར། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཞེས་གསུངས་པ་དང་ཅིའི་ཕྱིར་མི་འགལ་ལེགས་པར་སོམས་ཤིག གཉིས་སུ་མེད་པའི་ཡེ་ཤེས་ཀྱང་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོས་ཐོག་མར་གཉིས་སུ་མེད་པའི་ཡེ་ཤེས་གཏན་ལ་ཕབ་ནས་དེའི་འོག་ཏུ་སེམས་བསྐྱེད་པ་ཡོད་པས་ཞེས་པའི་སྐྱོན་སྤོང་གིས་ཀྱང་སྐྱོན་སྤོང་མི་ནུས་ཏེ་སྙིང་རྗེ་དང་སེམས་བསྐྱེད་སྔོན་དུ་སོང་བའི་གཉིས་སུ་མེད་པའི་ཡེ་ཤེས་བྱང་སེམས་ཀྱི་རྒྱུར་ཇི་ལྟར་འགྱུར་ཞེས་པའི་སྐྱོན་ད་དུང་སྤོང་དགོས་པའི་ཕྱིར། མདོར་ན་དོགས་གཅོད་མང་དུ་བྱས་པའི་མཐར་འདིར་གསུངས་པའི་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་དང་། གཉིས་སུ་མེད་པའི་ཡེ་ཤེས་གསུམ་དེ་གསུམ་མཚན་ཉིད་པ་མ་ཡིན་པ་ཞིག་ཐོན་འདུག་པས་ལེགས་པར་བསམ་ན་གཡང་ཟ་བའི་བཤད་པའོ། །གསུམ་པ་དེ་ལས་སྙིང་རྗེ་གཙོ་བོར་བསྟན་པ་ནི། གང་ཕྱིར་བརྩེ་ཉིད་ཞེས་སོགས་ཏེ། །སངས་རྒྱས་ཀྱི་ཆོས་བསྐྱེད་པ་ལ་ཐོག་མར་ས་བོན་དང་འདྲ་བ་ནི་སེམས་བསྐྱེད་དང་གཉིས་སུ་མེད་པའི་ཡེ་ཤེས་དྲངས་པའི་ཚུལ་སྔར་བཤད་པ་དེ་ཉིད་དོ། །བར་དུ་སྤེལ་བ་ལ་ཆུ་དང་འདྲ་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་ཟིན་ཀྱང་སྙིང་རྗེའི་ཆུས་ཡང་དང་ཡང་དུ་མ་བཅུས་ན་ངེས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་མྱ་ངན་ལས་འདའ་བར་འགྱུར་ཞེས་གསུངས་ཏེ། འཕགས་པ་གྲོལ་སྡེས། སྐད་ཅིག་མ་བརྒྱད་པ་ལ་བྱམས་སོགས་ཚད་མེད་བཞི་མ་བསྒོམས་ན་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པར་འགོག་པར་ལྟུང་ཞེས་དང་། ས་བརྒྱད་པར་སྤྲོས་པ་མཐའ་དག་བཀག་པའི་འགོག་པ་ལས་རྒྱལ་བ་རྣམས་ཀྱིས་སློང་བར་མ་མཛད་ན་དེའི་ཚེ་ཉིད་དུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གསུངས་པ་དང་དོན་གཅིག་སྟེ། རེ་ཤིག་སེམས་ཅན་གྱི་དོན་རྒྱུན་ཆད་པའི་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པའོ། །ཚོགས་ལམ་གྱི་གནས་སྐབས་སུ་ནི་སྙིང་རྗེ་དང་བྲལ་ན་དམན་པའི་མྱང་འདས་མཚན་ཉིད་པར་འགྱུར་བ་ཡང་ཡོད་དོ། །མཐར་ལོངས་སྤྱོད་པའི་གནས་ལ་འབྲས་བུ་སྨིན་པ་དང་འདྲ་བ་ནི་བརྟགས་པ་མཐའ་བཟུང་གི་ཚུལ་དུ་འབྲས་བུ་མཐའ་ཡས་པའི་གནས་སྐབས་ཐོབ་ཏུ་ཟིན་ཀྱང་སྙིང་རྗེའི་ཡོངས་སུ་སྨིན་པ་དང་བྲལ་ན་འདི་དུས་རིང་པོར་ཉེ་བར་སྤྱོད་པར་མི་འགྱུར་རོ། །དེས་ན་སངས་རྒྱས་ཀྱི་ཆོས་བསྐྱེད་པ་ལ་ཐོག་མཐའ་བར་གསུམ་དུ་གཙོ་ཆེ་ཞིང་བྱང་ཆུབ་ཀྱི་སེམས་དང་། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩ་བ་ཡང་ཡིན་པས་ན་སློབ་དཔོན་ཟླ་བས་བསྟན་བཅོས་རྩོམ་པའི་ཐོག་མར་སྙིང་རྗེ་ལ་མཆོད་པར་བརྗོད་པའོ། །གཉིས་པ་རྒྱུ་མཚན་ཅན་གྱི་བསྟོད་པ་དངོས་ནི། དང་པོར་ང་ཞེས་ཞེས་སོགས་ཏེ་འདིར་སྙིང་རྗེ་གསུམ་ལ་གཞུང་ལུགས་གཞན་ནས་བཤད་པའི་ཚུལ་དང་། ལུགས་འདིའི་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི་མདོ་སྡེ་རྒྱན་དུ། བྱམས་སོགས་ཚད་མེད་བཞི་ལ་སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པ་ལ་དམིགས་པ་གསུམ་དུ་ཕྱེ་ནས་དང་པོ་ནི་ཡུལ་སེམས་ཅན་ལ་དམིགས་ནས་རྣམ་པ་བདེ་བ་དང་ཕྲད་པ་དང་། སྡུག་བསྔལ་དང་བྲལ་བ་དང་། བདེ་བ་དང་མི་འབྲལ་བ་དང་། ཆགས་སྡང་གི་ཉོན་མོངས་དང་བྲལ་བའི་བཏང་སྙོམས་པར་འདོད་པའི་རྣམ་པ་ཅན་དང་། གཉིས་པ་ནི་ཚད་མེད་བཞི་བརྗོད་བྱར་སྟོན་པའི་བསྟན་པའི་ཆོས་ལ་འཇུག་པ་དང་། གསུམ་པ་ནི་ཚད་མེད་བཞིའི་དེ་བཞིན་ཉིད་ལ་འཇུག་པ་ཞེས་བཤད་ལ། རྟེན་གྱི་གང་ཟག་ཀྱང་བྱང་སར། དང་པོ་མུ་སྟེགས་དང་ཐུན་མོང་བ། གཉིས་པ་ཉན་ཐོས་དང་ཐུན་མོང་བ། གསུམ་པ་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའོ་ཞེས་དང་། བློ་གྲོས་མི་ཟད་པའི་མདོར། དང་པོ་བྱང་སེམས་སོ་སྐྱེ་དང་། གཉིས་པ་མ་དག་ས་བདུན་ལ་གནས་པ་དང་ཐུན་མོང་བ་ཡིན་ལ། གསུམ་པ་ནི་དག་པ་ས་གསུམ་པའི་ཡིན་ནོ། །ཞེས་བཤད་དོ། །གཉིས་པ་ལ་གསུམ་སྟེ། དམིགས་པ་སོ་སོར་བཤད། རྣམ་པ་ཐུན་མོང་དུ་བཤད། གནད་ཀྱི་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། འདིའི་སྔ་འགྲེལ་དུ། ད་ནི་དམིགས་པའི་བྱེ་བྲག་ལ་འཇུག་པའི་སྒོ་ནས་ཀྱང་སྙིང་རྗེ་རང་གི་ངོ་བོའི་ཁྱད་པར་མངོན་པར་གསལ་བར་བྱ་སྟེ་ཞེས་དང་། འགྲོ་བ་གཡོ་བའི་ཞེས་པའི་སྔ་འགྲེལ་དུ། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་སྙིང་རྗེ་ཡང་དམིགས་པའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་ཞེས་སྙིང་རྗེ་གསུམ་པོ་དམིགས་པའི་སྒོ་ནས་ཕྱེ་བར་གསུངས་སོ། །འདི་ལ་དཔེ་གསུམ་གྱིས་མཚོན་པའི་དོན་གསུམ་ལས། དང་པོ་ནི། རྒྱུ་བདག་དང་བདག་གིར་འཛིན་པའི་དབང་གིས་གནས་ཁམས་གསུམ་དུ་ཟོ་ཆུན་འཕྱན་པ་ལྟར་རང་དབང་མེད་པའི་འགྲོ་བའོ། །ཇི་ལྟར་ཟོ་ཆུན་འཕྱན་པ་དང་ཆོས་མཚུངས་ཤེ་ན། ཁྱད་ཆོས་དྲུག་གིས་ཏེ་ལས་དང་ཉོན་མོངས་པའི་ཐག་པས་ཆེས་དམ་དུ་བསྡམས་པ། འཁྲུལ་འཁོར་བསྐོར་མཁན་རྣམ་པར་ཤེས་པའི་བསྐྱོད་པ་ལ་རག་ལས་པར་འཇུག་པ། འཁོར་བའི་ཁྲོན་པ་ཆེན་པོ། སྲིད་པའི་རྩེ་མོ་ནས་མནར་མེད་པ་ལ་ཐུག་པར་བར་མེད་པར་འཕྱན་པ། རང་གི་རང་ཉིད་ཀྱིས་ཐུར་དུ་འགྲོ་བར་འཇུག་པ། འབད་པས་ཅི་ཞིག་ལྟར་དྲང་བར་བྱ་བ། མི་ཤེས་པ་ལ་སོགས་པ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་ཡོད་ཀྱང་སྔ་མ་དང་ཕྱི་མ་དང་། བར་གྱི་རིམ་པ་ངེས་པར་མི་ཟིན་པ། ཉི་མ་རེ་རེ་ཞིང་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་ཉིད་དག་གིས་བཅོག་པའི་ཕྱིར་ན་ཟོ་ཆུན་གྱི་ཁྱུད་མོ་དང་འདྲ་བའོ། །མདོར་ན་རྟག་མི་རྟག་དང་རང་བཞིན་ཡོད་མེད་སོགས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་ལས་ཉོན་གྱི་དབང་གིས་འཁོར་བར་རང་དབང་མེད་པར་འཕྱན་པའི་འགྲོ་བ་ཙམ་ལ་དམིགས་པ་ནི་འདིའི་དམིགས་པའི་ཁྱད་པར་རོ། །དེས་ན་འདིར་ཁ་ཅིག༤ སྡུག་བསྔལ་གཉིས་ཀྱི་སྟེང་དུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་བཅོག་པའི་ཕྱིར་ཞེས་བསྣན་པ་ནི་གནད་མ་ཟིན་པ་སྟེ་འོག་ཏུ་འཆད་དོ། །གཉིས་པ་ནི། ཆུ་ཤིན་ཏུ་དྭངས་པའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་རླུང་ཧ་ཅང་དྲག་པ་མ་ཡིན་པས་བསྐྱོད་པ་ན་ཟླ་བའི་གཟུགས་བརྙན་ཆུ་དང་བཅས་ཏེ་སྐད་ཅིག་རེ་རེ་ཞིང་འཇིག་པ་ལྟར་སེམས་ཅན་འཇིག་ཚོགས་ལ་ལྟ་བའི་རྒྱ་མཚོར་མ་རིག་པའི་ཆུ་སྔོན་པོའི་ནང་དུ་རྣམ་རྟོག་གི་རླུང་གིས་རབ་ཏུ་བསྐྱོད་པའི་རང་གི་གཟུགས་བརྙན་སྐད་ཅིག་གིས་འཇིག་པ་ལ་དམིགས་པ་ནི་འདིའི་དམིགས་པའི་ཁྱད་པར་རོ། །འདི་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་དོན་ཏེ། དེ་ཡང་དངོས་པོར་སྨྲ་བ་དག་གིས་ཟག་མེད་ཀྱི་ཡེ་ཤེས་ཀྱང་སྐད་ཅིག་གིས་འཇིག་པར་འདོད་པས་སྐད་ཅིག་གིས་འཇིག་པ་ཙམ་ལ་འདུ་བྱེད་ཀྱི་སྡུག་བསྔལ་དུ་མི་འདོད་པར་ངེད་ཀྱི་དེ་ཡང་རྐྱེན་ལས་སྐྱེས་ཞེས་ཀུན་འབྱུང་གི་གཙོ་བོ་སྲེད་པའི་རྐྱེན་གྱིས་འཕངས་པའི་ཕུང་པོ་ཙམ་ལ་འདོད་ཀྱང་འདིར་ནི་རྒྱུད་བླར། བསླུ་བའི་ཆོས་ཅན་ཕྱིར་ཞེས་པའི་འགྲེལ་པར་མདོ་དྲངས་པ་ལས་མི་རྟག་པ་ཐམས་ཅད་སྡུག་བསྔལ་དུ་གསུངས་པ་དང་། རྩ་ཤེར་འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་གསུངས་པ་ལྟར་སྐད་ཅིག་གིས་འཇིག་པའི་མི་རྟག་པ་ཙམ་ལ་བཞེད་དེ། འགྲེལ་པར། སྐད་ཅིག་རེ་རེ་ལ་མི་རྟག་པའི་སྡུག་བསྔལ་ཐོག་ཏུ་འབབ་པ་དང་ཞེས་གསུངས་པས་སོ། །གསུམ་པ་ནི་དཔེ་སྔ་མ་དེ་ཉིད་ལ་ཟླ་བར་སྣང་ཡང་ཟླ་བའི་རང་བཞིན་གྱིས་སྟོང་པར་མཐོང་བ་ལྟར་རང་བཞིན་གྱིས་སྟོང་པས་ཁྱད་པར་དུ་བྱས་པའི་འགྲོ་བ་ལ་དམིགས་པ་ནི་འདིའི་དམིགས་པའི་ཁྱད་པར་རོ། །གཉིས་པ་ནི། གཞུང་འདིར་སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །སྙིང་རྗེ་ཆེན་པོ་ཞེས་བྱའོ། །ཞེས་འབྱུང་བ་ལྟར། སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་ནོ། །གསུམ་པ་ནི་སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པ་ལ་དམིགས་པའི་སྙིང་རྗེ་གསུམ་གྱི་མཚན་ཉིད་རིམ་བཞིན་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གྱིས་ཁྱད་པར་དུ་བྱས་པའི་འགྲོ་བ་ལ་དམིགས་ནས་སྡུག་བསྔལ་དེ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱད་པར་དུ་བྱས་པའི་འགྲོ་བ་ལ་དམིགས་ནས་སྡུག་བསྔལ་དེ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན་དང་། རང་བཞིན་གྱིས་སྟོང་པས་ཁྱད་པར་དུ་བྱས་པའི་འགྲོ་བ་ལ་དམིགས་ནས་སངས་རྒྱས་ཉིད་ཡང་དག་པར་ཐོབ་པར་འདོད་པའི་སྒོ་ནས་སྐྱོབ་པའི་རྣམ་པ་ཅན་ཏེ། དང་པོའི་ཡུལ་ནི་སོ་སྐྱེ་དང་ཉན་རང་སློབ་པ་རྣམས་ཡིན་ལ། གཉིས་པའི་ཡུལ་ནི་དེའི་སྟེང་དུ་ཉན་རང་མི་སློབ་པ་དང་། ས་བཅུའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་རྣམས་ཀྱང་ཡིན་ཅིང་། གསུམ་པའི་ཡུལ་ནི་དེ་དག་གི་སྟེང་དུ་ས་བཅུའི་མཉམ་བཞག་ལ་གནས་པའི་བྱང་སེམས་རྣམས་ཀྱང་ཡིན་པར་ཤེས་པར་བྱའོ། །གཉིས་པ་འཇུག་བྱ་གཞུང་གི་དོན་ཉིད་བཤད་པ་ལ་གཉིས་ཏེ། རྒྱུ་བྱང་ཆུབ་སེམས་དཔའི་ས་དང་། འབྲས་བུ་སངས་རྒྱས་ཀྱི་ས་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐབས་ཤེས་ཟུང་འཇུག་སྒོ་ནས་སྤྱིའི་ངོ་བོ་བསྟན། ཕར་ཕྱིན་ལྷག་པའི་སྒོ་ནས་སོ་སོའི་ངོ་བོ་བཤད། རྣམ་གྲངས་ལྷག་པའི་སྒོ་ནས་སོ་སོའི་ཡོན་ཏན་བཤད་པའོ། །དང་པོ་ནི། བྱང་སེམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་དང་སྦྱིན་སོགས་ཀྱིས་ཟིན་པ་དེ་ཉིད་བློ་རང་གི་ངོ་བོར་སར་བཞག་ཏུ་མེད་དེ། ས་ཡིན་མིན་གྱི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །འོན་ཀྱང་གང་ཟག་གཞན་གྱི་བློའམ་རང་ཉིད་ཀྱི་རྗེས་ཐོབ་ཀྱི་བློས་ལྡོག་པའི་ཆར་ཕྱེ་བ་ནས་ཞེས་བྱ་བའི་མིང་འཐོབ་སྟེ། ཡོན་ཏན་གྱི་གནས་སུ་གྱུར་པའི་ཕྱིར་རོ། །ས་བཅུར་ཕྱེ་བའི་ཚུལ་ཇི་ལྟར་ཞེ་ན། ཡོན་ཏན་གྱི་གྲངས་དང་། སྒྲིབ་པ་སྤོང་བ་ལ་མཐུ་ཕུལ་དུ་བྱུང་བ་དང་། སྦྱིན་སོགས་ཀྱི་ཕར་ཕྱིན་ལྷག་པ་དང་། འཁོར་ལོས་སྒྱུར་བ་སོགས་རྣམ་སྨིན་གྱི་སྐྱེ་བ་གོང་ནས་གོང་དུ་འཕེལ་བའི་བྱེ་བྲག་གིས་ས་བཅུར་བཞག་གི་རང་གི་ངོ་བོ་དམིགས་རྣམ་མི་འདྲ་བའི་སྒོ་ནས་དབྱེ་བ་ཡོད་པ་ནི་མ་ཡིན་ཏེ། མདོ་སྡེ་ས་བཅུ་པར། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་ལྟར་རྒྱལ་བའི་སྲས་ཀྱི་ས་ཀུན་ཡང་། །བརྗོད་མི་ནུས་ནའང་མཉན་པར་ག་ལ་ནུས། །ཞེས་གསུངས་སོ། །གཉིས་པ་ལ་ས་དང་པོ་རབ་ཏུ་དགའ་བ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་བཅུ་ལས། དང་པོ་ལ་གསུམ་སྟེ། ཟག་མེད་ཡེ་ཤེས་དང་པོ་རབ་དགར་བསྟན། རབ་དགའ་དེ་ཡི་ཡོན་ཏན་རྒྱས་པར་བཤད། དཔེ་ཡི་སྒོ་ནས་ཡོན་ཏན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། རྒྱལ་བའི་སྲས་པོ་ཞེས་སོགས་ཏེ། ཚིག་རྐང་དང་པོ་གཉིས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཟིན་པའི་མཉམ་བཞག་བསྟན་ལ། ཕྱི་མ་གཉིས་ཀྱིས་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་ནང་དུ་འདུས་པ་འདེབས་པ་དང་། ས་དེ་ཐོབ་པ་ལ་རབ་ཏུ་དགའ་བ་སྐྱེས་པའི་རྗེས་ཐོབ་སྟོན་ཏེ། རྗེས་ཐོབ་དེས་སྔར་གྱི་མཉམ་བཞག་དེ་ཉིད་ས་དང་པོར་མཚོན་པས་ཆར་རྣམ་པར་དབྱེ་བ་ན་ས་ཞེས་བྱ་བའི་མིང་འཐོབ་སྟེ་ཞེས་དང་། གཉིས་སུ་མེད་པའི་ཡེ་ཤེས་དེའི་རྒྱུ་ཅན་གྱི་འབྲས་བུ་ཉེ་བར་མཚོན་པ་དེ་ལ་ནི་དང་པོ་ཞེས་བྱ་བར་བརྗོད་དོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། ས་ལ་གནས་པའི་བསྔགས་པ་བརྗོད། ཕར་ཕྱིན་ལྷག་པའི་ཡོན་ཏན་བརྗོད་པའོ། །དང་པོ་ལ་བཞི་སྟེ། མིང་འཕོ་བའི་ཡོན་ཏན། དོན་འཐོབ་པའི་ཡོན་ཏན། དཔེས་བསྟན་པའི་ཡོན་ཏན། གཞན་ཟིལ་གྱིས་གནོན་པའི་ཡོན་ཏན་ནོ། །དང་པོ་ནི། དེ་ནས་བཟུང་སྟེ་ཞེས་སོགས་ཏེ། བྱང་ཆུབ་སེམས་དཔའི་སྒྲ་འཇུག་པ་ལ་སྤྱོད་པའི་སྒོ་ནས་འཇུག་པ་དང་། ལྟ་བའི་སྒོ་ནས་འཇུག་པ་གཉིས་ལས། དང་པོ་ནི་སྤྱོད་འཇུག་ཏུ། བྱང་ཆུབ་སེམས་སྐྱེས་གྱུར་ནས་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་ཏེ། ཚོགས་ལམ་ནས་སོ། །གཉིས་པ་ནི། བཅོམ་ལྡན་འདས་མ་ཉིས་སྟོང་ལྔ་བརྒྱ་པ་ལས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་རྗེས་སུ་རྟོགས་པའི་སེམས་དཔའི་ཚིག་བླ་དྭགས་ཏེ། གང་གིས་ཆོས་ཐམས་ཅད་རྗེས་སུ་རྟོགས་ཤིང་ཤེས་པའོ། །ཇི་ལྟར་ཤེས་ཤེ་ན། མ་བྱུང་བ་དང་། ཡང་དག་པར་མ་བྱུང་བ་དང་། ལོག་པ་དེ་དང་དེ་དག་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོས་བཏགས་པ་དེ་ལྟར་མ་ཡིན་པ་དང་། ཅི་ལྟར་བྱིས་པ་སོ་སོའི་སྐྱེ་བོས་རྙེད་པ་དེ་ལྟར་མ་ཡིན་པ་སྟེ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བཀའ་སྩལ་པ་དང་། རྒྱུད་བླར་ཆོས་བཞི་ལས་ཐུབ་པའི་སྲས་འཁྲུངས་པར་གསུངས་པ་དང་། འདིར་ཡང་ཆོས་གསུམ་ལས་རྒྱལ་བའི་སྲས་འཁྲུངས་པར་གསུངས་པ་ལྟར་དེ་མཐོང་ལམ་ནས་སོ། །འདིར་ནི་ཕྱི་མའི་དབང་དུ་བྱས་པ་སྟེ། འགྲེལ་པར་སེམས་དེ་ཐོབ་པ་ནི་རྣམ་པ་ཐམས་ཅད་དུ་སོ་སོ་སྐྱེ་བོའི་ས་ལས་འདས་པའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་སྒྲ་ཁོ་ནས་བརྗོད་པར་བྱ་བ་ཡིན་གྱི་རྣམ་པ་གཞན་གྱིས་ནི་མ་ཡིན་ཏེ། དེའི་ཚེ་འཕགས་པ་ཡིན་པའི་ཕྱིར་རོ། །ཞེས་སོ། །ཁ་ཅིག་༥གིས་བྱང་ཆུབ་སེམས་དཔར་གསུངས་པ་ཡང་དོན་དམ་པའི་བྱང་སེམས་ལ་དགོངས་ཀྱི་སོ་སྐྱེ་ལ་བྱང་སེམས་མཚན་ཉིད་པ་མེད་པར་སྟོན་པ་མ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། སེམས་བསྐྱེད་ལ་ཀུན་རྫོབ་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་ཀྱི་ཐ་སྙད་གསུངས་ཀྱང་བྱང་སེམས་ལ་དེ་ལྟ་བུའི་ཐ་སྙད་མ་གསུང་པའི་ཕྱིར་རོ། །འོ་ན་འགྲེལ་པར་དཀོན་མཆོག་སྤྲིན་གྱི་མདོ་དྲངས་པར། དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ། །ཞེས་པ་ཇི་ལྟར་ཞེ་ན་དེའི་ཚེ་དོན་དམ་པའི་སའི་ཁྱད་ཆོས་ཡིན་གྱི། བྱང་ཆུབ་སེམས་དཔའི་ཁྱད་ཆོས་མ་ཡིན་ཏེ། མཉམ་བཞག་གིས་བསྡུས་པའི་བྱང་ཆུབ་སེམས་དཔའི་ས་ཞེས་པ་བཞིན་ནོ། །གཉིས་པ་ལ་བཞི་སྟེ། རིགས་སུ་སྐྱེས་པའི་ཡོན་ཏན། སྤངས་རྟོགས་ནུས་པའི་ཡོན་ཏན། གོང་མ་གནོན་པའི་ཡོན་ཏན། འོག་མ་ལས་འདས་པའི་ཡོན་ཏན་ནོ། །དང་པོ་ནི། འདི་ནི་དེ་བཞིན་ཞེས་སོགས་སོ། །གཉིས་པ་ནི་འདི་ཡིས་ཀུན་ཏུ་ཞེས་སོགས་སོ། །གསུམ་པ་ནི་ས་ནས་སར་གནོན་ཞེས་སོགས་སོ། །བཞི་པ་ནི་དེ་ཚེ་འདི་ཡི་ཞེས་སོགས་སོ། །གསུམ་པ་ནི་འདི་ནི་འཕགས་པ་ཞེས་སོགས་ཏེ། ཤེར་མདོ་དང་བསྟན་བཅོས་རྣམས་སུ་རྒྱུན་ཞུགས་ཞུགས་པ་ལ་བརྒྱད་པ་དང་། དེའི་མངོན་རྟོགས་ལ་བརྒྱད་པའི་སར་གསུངས་ཀྱང་འདིར་རྒྱུན་ཞུགས་ལ་བརྒྱད་པར་གསུངས་པ་ནི་དགྲ་བཅོམ་ཞུགས་གནས་གཉིས་ཞེས་པ་ནས་རྒྱུན་ཞུགས་ཞུགས་གནས་གཉིས་ཞེས་པའི་བར་ཡས་རིམ་དུ་བགྲངས་པའི་དབང་དུ་བྱས་པ་སྟེ། མདོ་ཀུན་ལས་བཏུས་པར། དད་པས་རྗེས་སུ་འབྲང་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཉི་མ་རེ་རེ་ཞིང་ལྷའི་ཟས་རོ་བརྒྱ་པ་དང་ལྷའི་གོས་བྱིན་པ་བས་གཞན་ཞིག་གིས་ཆོས་ཀྱི་རྗེས་འབྲང་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན་སྔ་མ་བས་བསོད་ནམས་ཆེས་གྲངས་མང་བ་བསྐྱེད་པ་དང་། ཡང་ཆོས་ཀྱི་རྗེས་འབྲང་ལ་སྔ་མ་ལྟར་ལས་བརྒྱད་པའི་གང་ཟག་གཅིག་ལ་ཟན་གཅིག་བྱིན་ན་སྔ་མ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་པར་གསུངས་པ་དང་མཐུན་ནོ། །འདིར་ཁ་ཅིག༦ མདོར་ན་ཅི་ལྟར་འབྲས་གནས་བཞི་དང་། འབྲས་བུ་ལ་ཞུགས་པ་བཞིའི་དགྲ་བཅོམ་ནས་ཡས་བགྲངས་ནས་གྲངས་བརྒྱད་པ་ཡིན་པས་འཕགས་པ་བརྒྱད་པ་རྒྱུན་ཞུགས་ཞུགས་པ་ལ་འཕགས་པའི་ཆོས་ཐོབ་པ་ལས་རང་དང་རྗེས་སུ་མཐུན་པའི་སྤངས་པ་དང་། རྟོགས་པའི་ཡོན་ཏན་འབྱུང་བར་འགྱུར་བ་བཞིན་དུ་ཞེས་འཆད་པ་ནི་འགྲེལ་པར་མདོར་ན་ཅི་ལྟར་འཕགས་པ་རྒྱུན་དུ་ཞུགས་པ་ལ་རང་དང་རྗེས་སུ་མཐུན་པའི་འཕགས་པའི་ཆོས་རྟོགས་པ་ལ་སྐྱོན་དང་བྲལ་ཞིང་ཡོན་ཏན་འབྱུང་བར་འགྱུར་བ་དེ་བཞིན་དུ་ཞེས་བཤད་པ་དང་འགལ་ལོ། །བགྲང་ཚུལ་དེ་ཡང་རང་གིས་རང་དགར་བགྲངས་པ་སྟེ་རྒྱུན་ཞུགས་ཞུགས་པ་ལ་བརྒྱད་པར་བགྲངས་པའི་ཚེ་ན་ཡང་དང་པོར་འབྲས་གནས་བཞི། དེ་ནས་ཞུགས་པ་བཞི་བགྲངས་པ་མ་ཡིན་པའི་ཕྱིར་རོ། །བཞི་པ་ལ་གཉིས་ཏེ། ས་འདིར་བསོད་ནམས་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པ། ས་གོང་མར་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པའོ། །དང་པོ་ནི། རྫོགས་པའི་བྱང་ཆུབ་ཅེས་སོགས་ཏེ། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རྒྱལ་པོའི་བུ་སྐྱེས་མ་ཐག་པ་དང་། ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་སྐྱེས་མ་ཐག་པའི་དཔེ་གཉིས་དང་སྦྱར་ཏེ་གསུངས་སོ། །གཉིས་པ་ནི། དེ་ནི་རིང་དུ་ཞེས་སོགས་ཏེ། འདི་ལ་ཟིལ་གྱིས་གནོན་ཚུལ་གྱི་ལུང་དྲང་བ། དེས་གྲུབ་པའི་དོན། དེ་ལ་རྩོད་པ་སྤོང་བ། རྟོག་པས་བཏགས་པའི་འཆད་ཚུལ་དགག་པ་དང་བཞི་ལས། དང་པོ་ནི། འཕགས་པ་ས་བཅུ་པར། ཀྱཻ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པ་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི་སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཀྱཻ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ་ཞེས་བཀའ་སྩལ་པས་སོ། །དེའི་དོན་གཞན་རྣམས་གོ་སླ་ལ་རང་གི་ཡུལ་ཤེས་པའི་ཆེ་བའི་དོན་ནི་ཐེག་ཆེན་རང་གི་ཐུན་མོང་མ་ཡིན་པའི་ཡུལ་སྤྲོས་པ་མཐའ་དག་བཀག་པའི་འགོག་པ་ཐོས་བསམ་གྱིས་ཤེས་པ་ཚོགས་སྦྱོར་ནས་ཡོད། མངོན་སུམ་དུ་ཤེས་པ་ས་དང་པོ་ནས་ཡོད་ཀྱང་དེའི་ཆེ་བ་ནི་མཚན་འཛིན་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་ནུས་པ་ཡིན་ལ་དེ་ས་བདུན་པ་ནས་ཐོབ་པས་ཟིལ་གྱིས་གནོན་ཅེས་པའི་དོན་ཏོ། །གཉིས་པ་ལ་གསུམ་སྟེ། ལུང་དེས་ཉན་རང་ལ་ཆོས་རང་བཞིན་མེད་པར་ཤེས་པ་ཡོད་པར་གྲུབ་པ། དེ་ལུང་རིགས་གཞན་གྱིས་བསྒྲུབ་པ། དེ་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པར་སྦྱར་བའོ། །དང་པོ་ནི་སྔར་གྱི་ལུང་དེས་ཉན་རང་ལ་ཆོས་ཕུང་པོ་རང་བཞིན་མེད་པར་ཤེས་པ་ཡོད་པར་གྲུབ་སྟེ། དེ་ལྟ་མ་ཡིན་ན་དེ་དག་སེམས་དང་པོ་བསྐྱེད་པའི་བྱང་སེམས་ཀྱིས་རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ཏེ། དངོས་པོ་རང་བཞིན་མེད་པར་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་ཆགས་བྲལ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། རིགས་པ་གཉིས་ཀྱིས་བསྒྲུབ། ལུང་གསུམ་གྱིས་བསྒྲུབ་པའོ། །དང་པོ་ནི། ཉན་རང་དགྲ་བཅོམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་མ་སྤངས་པར་འགྱུར་ཏེ། ཕུང་པོ་རང་བཞིན་མེད་པར་ཤེས་པ་དང་བྲལ་བའི་ཕྱིར། ཕྱི་རོལ་པ་བཞིན་ནོ། །གཟུགས་སོགས་ལ་བདེན་པར་དམིགས་པས་བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་གང་ཟག་གི་བདག་མེད་རྟོགས་པར་ཡང་མི་འགྱུར་ཏེ། གང་ཟག་གམ་བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་བདེན་པར་དམིགས་པའི་ཕྱིར་རོ། །གཉིས་པ་ལུང་དང་པོ་ནི་སྔ་མ་དེ་ལ་སྔར་གྱི་ཁྱབ་པ་སྒྲུབ་པའི་སྒོ་ནས་ཉན་རང་གིས་ཕུང་པོ་རང་བཞིན་མེད་པར་རྟོགས་པར་གྲུབ་སྟེ། རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་དེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུའང་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང་། །ཞེས་གསུངས་པའི་ཚིགས་བཅད་དང་པོ་གཉིས་ཀྱིས་ཕུང་པོ་ལ་བདེན་འཛིན་ཡོད་པ་དེ་སྲིད་དུ་གང་ཟག་ལ་བདེན་པར་འཛིན་པའི་འཇིག་ལྟ་འབྱུང་ལ། དེ་ཡོད་ན་ལས་བསག་དེ་ལས་འཁོར་བའི་སྐྱེ་བ་འབྱུང་བས་ཉོན་མོངས་པ་དང་། ལས་དང་རྣམ་སྨིན་གསུམ་པོ་བར་མཚམས་མེད་པར་འཁོར་བས་འཁོར་བ་ལས་མི་གྲོལ་ཞེས་བསྟན་ཏོ། །ཚིགས་བཅད་ཕྱི་མས་ནི་ཕུང་པོ་རང་གཞན་གཉིས་ཀ་དང་། དུས་གསུམ་དུ་དཔྱད་ན་མི་རྙེད་པའི་ཤེས་རབ་ཡོད་ན་འཁོར་བའི་རྩ་བ་འཇིག་ལྟ་ལོག་པས་འཁོར་བ་ལས་གྲོལ་ཞེས་བསྟན་ཏོ། །ལུང་གཉིས་པ་ནི་དེ་ཉིད་ལས། ཅི་ལྟར་མིག་ནི་འཁྲུལ་པ་ཡིས། །ཞེས་པ་ནས། གནས་མེད་ལེན་མེད་མྱ་ངན་འདས། །ཞེས་པའི་བར་ཚིགས་བཅད་བཅུ་དགུ་གསུངས་པ་རྣམས་ཀྱིས་ཐོག་མར་འབྱུང་བ་རང་བཞིན་མེད་པར་གཏན་ལ་ཕབ་ནས་འབྱུང་འགྱུར་གྱི་གཟུགས་རང་བཞིན་མེད་པར་བསྟན། དེ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ཀྱང་རང་བཞིན་མེད་པར་བསྟན་ནས་བདེ་བ་དང་འཕྲད་པའི་སྲེད་པ་དང་། སྡུག་བསྔལ་དང་བྲལ་བའི་སྲེད་པ་སྤོང་། དེ་སྤངས་ན་འཁོར་བ་ལས་གྲོལ་བར་བསྟན་ཏོ། །གལ་ཏེ་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་གསུངས་སོ་སྙམ་ན་མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་དབང་དུ་མཛད་ནས་དེ་སྐད་གསུངས་པའི་ཕྱིར་ཏེ། དེའི་མཇུག་ཐོགས་ཁོ་ནར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་། །མཐོང་ནས་བྱང་ཆུབ་ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ལུང་གསུམ་པ་ནི་ཉན་ཐོས་ལ་བསྟན་པའི་མདོ་དག་ལས་ཀྱང་ཉན་ཐོས་རྣམས་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་གསུངས་སོ། །གསུམ་པ་ནི་དོན་འདི་ཉིད་སྟོན་པར་མཛད་པ་ན་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པས་དེ་ཕྱིར་བཟོད་པར་གྱིས། །ཞེས་བྱ་བ་དང་། དེ་བཞིན་དུ། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པ་མཛད། །ཞེས་གསུངས་སོ། །གསུམ་པ་རྩོད་པ་སྤོང་བ་ནི། འགྲེལ་པར། གང་ཞིག་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ལ་བདག་མེད་པ་བསྟན་ན་དེའི་ཚེ་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་སྙམ་དུ་སེམས་པ་དེའི་ལུགས་དེ་ཡང་འདི་ལྟར་རིགས་པ་དང་། ལུང་དང་འགལ་བར་རྟོགས་སོ། །ཞེས་གསུངས་པའི་ཕྱོགས་སྔ་སྨྲ་བ་པོ་ནི་སློབ་དཔོན་ལེགས་ལྡན་འབྱེད་ཡིན་ཏེ། སངས་རྒྱས་བསྐྱངས་ཀྱིས་རབ་བྱེད་བདུན་པའི་འགྲེལ་པར་ཐེག་དམན་གྱི་མདོར་ཆོས་ཐམས་ཅད་བདག་མེད་པར་གསུངས་པའི་དོན། ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པའི་དོན་དུ་བཤད་པ་ལ། ཤེས་རབ་སྒྲོན་མར་དེ་ལྟར་ཡིན་ན་ཐེག་ཆེན་བསྟན་པ་དོན་མེད་དུ་འགྱུར་བས་སོ། །ཞེས་དགག་པ་མཛད་པས་སོ། །དེའི་དོན་སྤྱིར་ཐེག་ཆེན་བསྟན་པ་དོན་མེད་དུ་འགྱུར་ཞེའམ། ཐེག་ཆེན་ལས་ཆོས་ཀྱི་བདག་མེད་བསྟན་པ་དོན་མེད་དུ་འགྱུར་ཞེས་བརྗོད། དང་པོ་ལྟར་ན། འགྲེལ་པར། ཐེག་པ་ཆེན་པོ་བསྟན་པས་ནི་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་སྟོན་པར་བྱེད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་། ཕ་རོལ་དུ་ཕྱིན་པ་དང་། སྨོན་ལམ་དང་། སྙིང་རྗེ་ཆེན་པོ་ལ་སོགས་པ་དང་། ཡོངས་སུ་བསྔོ་བ་དང་། ཚོགས་གཉིས་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་ཡིན་ནོ། །ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་ཟུང་། །ཞེས་གསུངས་སོ་ཞེས་བཤད་དོ། །འདིར་ཕ་རོལ་དུ་ཕྱིན་པ་དང་ཞེས་པས་ཀྱང་ཉན་ཐོས་ལས་ལྟ་བའི་སྒོ་ནས་ཁྱད་པར་དུ་འཕགས་པར་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་ནི་གཞུང་འདིར་བཤད་པའི་སེམས་བསྐྱེད་བཅུ་ཡིན་ལ། སེམས་བསྐྱེད་དང་པོའི་སྐབས་སུ་ཡང་སྦྱིན་པའི་འཁོར་གསུམ་དུ་རྣམ་པར་མི་རྟོག་པ་དེ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་མ་ཐོབ་པ་དག་གིས་ཤེས་པར་མི་ནུས་པར་གསུངས་པའི་ཕྱིར་རོ། །ཚོགས་གཉིས་ཞེས་པས་ཀྱང་དེ་ཉིད་བསྟན་ཏེ། འདིའི་ཡེ་ཤེས་ཀྱི་ཚོགས་ནི་སྟོང་ཉིད་རྟོགས་པའི་ཡུལ་ཅན་ཡེ་ཤེས་ཉི་ཤུ་ཡིན་པར་རྒྱན་དགོངས་འགྲེལ་དང་བཅས་པས་བཤད་ཅིང་། དེ་ཉིད་ཐེག་ཆེན་གྱི་རྟོགས་བྱ་ཁོ་ན་ཡིན་པར་གཞུང་འདི་ཉིད་ལས་གསུངས་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཅེས་པས་ཀྱང་དེ་ཉིད་བསྟན་ཏེ། དེ་ནི་བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཞེས་པའི་སྐབས་ནས་བསྟན་པའི་ཆོས་ཉིད་ཡིན་ལ། དེ་རྟོགས་པའི་སྒོ་ནས་ཐབས་གང་ཐེག་དམན་ལས་ཁྱད་པར་དུ་འཕགས་པར། གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་པ་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །སྤྱོད་པ་དང་ཡོངས་བསྔོའི་སྒོ་ནས་ཐེག་ཆེན་བསྟན་པ་དོན་ཡོད་པ་ནི་འདིའི་སྐབས་དོན་གྱི་གཙོ་བོ་ཡིན་ནོ། །གཉིས་པ་ལྟར་ན། འགྲེལ་པར་ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ། རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ། །ཇི་སྐད་དུ། སློབ་དཔོན་གྱི་ཞལ་སྔ་ནས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་སོ། །ཞེས་བཤད་དེ། འདིར་ཆོས་ཀྱི་བདག་མེད་གསལ་བ་དང་། རྒྱས་པ་དང་། ཚང་བའི་ཁྱད་པར་གསུམ་གསུངས་པའི་དང་པོ་ནི། ཉན་ཐོས་ཀྱི་ཐེག་པར། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཞེས་སོགས་དཔེའི་སྒོ་ནས་དོན་གྱིས་གོ་བ་ཙམ་ལས་གསལ་བར་མ་གསུངས་ལ། ཐེག་པ་ཆེན་པོར་ནི། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཞེས་སོགས་གསལ་བར་གསུངས་པའོ། །གཉིས་པ་ནི། ཉན་ཐོས་ཀྱི་ཐེག་པར་གང་ཟག་ཏུ་གདགས་པའི་རྒྱུ་ཉེར་ལེན་གྱི་ཕུང་པོ་བདེན་པས་སྟོང་པ་ཙམ་ལས་མ་གསུངས་ལ། ཐེག་པ་ཆེན་པོར་ནི། དེ་ཉིད་ནང་སྟོང་པ་ཉིད་དུ་བསྡུས་ནས་སྟོང་གཞིའི་ཆོས་ཅན་ཉི་ཤུ་སྟོང་ཉིད་དུ་གསུངས་པའོ། །གསུམ་པ་ནི། ཉན་ཐོས་ཀྱི་ཐེག་པར་ནི་ཉེར་ལེན་གྱི་ཕུང་པོ་ཉིད་ལ་ཡང་མཐའ་བཞིའི་ནང་ནས་དང་པོ་བདེན་པ་བཀག་པའི་མཚན་མེད་ཙམ་ལས་མ་བསྟན་ལ་ཐེག་པ་ཆེན་པོར་ནི་མཐའ་བཞི་ཆར་གྱི་སྤྲོས་པ་བཀག་པའི་མཚན་མེད་ཚང་བར་བསྟན་པའོ། །འདི་དག་ནི་སྒྲོས་ངན་གྱིས་མ་བསླད་པར་ཟླ་བའི་དགོངས་པ་ཚུལ་བཞིན་དུ་བཤད་པ་ཡིན་པས་རྣམ་དཔྱོད་དང་ལྡན་པ་དག་ཡིད་ཆེས་པར་གྱིས་ཤིག བཞི་པ་རྟོག་པས་བཏགས་པའི་འཆད་ཚུལ་དགག་པ་ནི། བོད་ཀྱི་དབུ་མའི་དགོངས་པར་འགྲེལ་པར་རློམ་པ་ཁ་ཅིག༧ སྔར་གྱི་ས་བཅུ་པའི་ལུང་དོན་འཆད་པ་ན་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཞེས་པ་ནི་བྱང་སེམས་རང་གི་ཡུལ་འགོག་པ་ཡང་དག་པའི་མཐའ་ཤེས་པའི་ཆེ་བའོ་ཞེས་དང་། འདི་ལ་དེ་ཁོ་ན་ཉིད་ཀྱི་རྟོགས་པའི་སྟེང་ནས་ཁྱད་པར་བཞག་དགོས་པར་སྣང་ངོ་ཞེས་འཆད་པ་ནི་ཁྱེད་ཀྱི་ལུགས་ལ་འགལ་ཏེ། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ལས་གཞན་པའི་དེ་ཁོ་ན་ཉིད་ཀྱི་རྟོགས་པ་མེད་ལ། དེ་ལ་ནི་ཐེག་པ་ཆེ་ཆུང་ཁྱད་པར་མེད་པར་ཁས་བླངས་པའི་ཕྱིར་རོ། །ཡང་དེས་ན་ལུགས་འདི་ལ་བདེན་འཛིན་ཤེས་སྒྲིབ་ཏུ་འཇོག་པའི་ལུགས་ཀྱིས། དེ་ལ་ཤེས་སྒྲིབ་ཆུང་འབྲིང་ཆེན་པོ་དགུར་བྱས་ནས་ས་གཉིས་པ་སོགས་སྒོམ་ལམ་དགུས་སྤོང་བའི་རྣམ་བཞག་ཁས་མི་ལེན་ཏེ། ད་དུང་འཆད་པར་འགྱུར་རོ་ཞེས་བྲིས་པ་ནི་མངོན་རྟོགས་རྒྱན་ལ་ཟུར་ཟ་བར་སྣང་ཡང་བདེན་འཛིན་ལ་དགུར་ཕྱེ་ནས་སྒོམ་ལམ་དགུས་སྤོང་བ་ནི་རྒྱན་གྱི་ལུགས་ཀྱང་མ་ཡིན་པས་དགོངས་པ་མ་ལོན་ཅིང་། ཤེས་སྒྲིབ་དགུར་ཕྱེ་ནས་སྒོམ་ལམ་དགུས་སྤོང་བ་ཁས་མི་ལེན་པ་ནི་རང་གི་གྲུབ་མཐའ་ངན་པ་མི་འདོར་བར་རྒྱལ་ཚབ་བྱམས་པས་ཤེར་ཕྱིན་གྱི་སྦས་དོན་ཟབ་མོར་འགྲེལ་བའི་ལུགས་འདོར་བར་སྣང་བས་སེམས་ཡོད་རྣམས་ཀྱིས་འདི་ལ་དཔྱོད་ཅིག ཀྱེ་མ་ལྟ་བའི་སྙིགས་མ་འདི་ལྟར་གྱུར་སྣང་ངོ་། །ཡང་ས་བདུན་པའི་སྐབས་སུ་འཆད་པ་ལྟར་སེམས་ཀྱི་སྐད་ཅིག་རེ་རེ་ལ་འགོག་པ་ཡང་དག་མཐའ་ལ་འཇུག་ལྡང་བྱེད་པས་འདི་ནས་ནུས་ལ་ས་འོག་མར་མི་ནུས་པར་གསུངས་པ་ཡིན་ནོ། །ཞེས་བདག་གི་བླ་མ་དམ་པས་གསུངས་པ་ལྟར་ལེགས་ཏེ། མོས་སྤྱོད་དུ་སེམས་དང་དེ་ཁོ་ན་ཉིད་གཉིས་རོ་གཅིག་ཏུ་མ་སོང་བའི་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་དུས་ཐུང་ངུར་འཇུག་ལྡང་བྱེད་པ་མི་དཀའ་ཡང་སེམས་དང་དེ་ཁོ་ན་ཉིད་གཉིས་རོ་གཅིག་ཏུ་མ་སོང་བའི་སྐབས་ལས་སོང་བའི་སྐབས་དེ་ཁོ་ན་ཉིད་ལ་འཇུག་ལྡང་ཤིན་ཏུ་དཀའ་བའི་ཕྱིར་རོ། །ཞེས་བྲིས་པ་ནི་ཕྱིན་ཅི་ལོག་སྟེ་འོ་ན་སངས་རྒྱས་ཀྱི་སར་དེ་ཁོ་ན་ཉིད་ལ་འཇུག་ལྡང་གཏན་མི་ནུས་པར་འགྱུར་ཏེ་སེམས་དང་དེ་ཁོ་ན་ཉིད་གཉིས་རོ་གཅིག་ཏུ་མ་སོང་བའི་སྐབས་ལས་སོང་བའི་སྐབས་དེ་ཁོ་ན་ཉིད་ལ་འཇུག་ལྡང་ཤིན་ཏུ་དཀའ་བའི་ཕྱིར་རོ། །ཉན་རང་དགྲ་བཅོམ་མོས་སྤྱོད་ཀྱི་སྐབས་སུ་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན། ས་དང་པོ་ནས་ས་དྲུག་པའི་བར་དུ་ཟིལ་གྱིས་མི་གནོན་ཡང་ས་བདུན་པ་ཐོབ་ནས་ཟིལ་གྱིས་གནོན་ནུས་པའི་ཁྱད་པར་ཁས་ལེན་དགོས་པར་འགྱུར་ཏེ། རྒྱུ་མཚན་ཁས་བླངས་པའི་ཕྱིར་རོ། །དེས་ན་འདི་དག་ནི་སེམས་དང་དེ་ཁོ་ན་ཉིད་དོན་ལ་ཐ་དད་དུ་ཡོད་པས་དེ་གཉིས་རོ་གཅིག་ཏུ་འདྲེས་པའི་བློ་དེ་གནས་ཚུལ་ལ་མ་ཞུགས་ཐ་དད་དུ་ཤེས་པའི་བློ་དེ་གནས་ཚུལ་ལ་ཞུགས་པར་དོན་གྱིས་ཁས་བླངས་འདུག་གོ །གྲུབ་༨དོན་འཆད་པའི་སྐབས་སུ་དེ་ཁོ་ན་ཉིད་རྟོགས་པ་དང་བྲལ་ན་གཟུགས་ལ་སོགས་པའི་ཕུང་པོ་ལ་བདེན་པར་དམིགས་པས་བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་རྟོགས་པ་མེད་པར་འགྱུར་ཏེ། བདག་དང་གང་ཟག་ཏུ་འདོགས་པའི་གཞི་ཕུང་པོ་ལ་བདེན་པར་དམིགས་པའི་ཡུལ་སུན་ཕྱུང་བ་མེད་པའི་ཕྱིར་རོ། །འདིས་ནི་གདགས་གཞི་ཕུང་པོ་ལ་བདེན་པར་ཞེན་པའི་ཞེན་ཡུལ་སུན་མ་ཕྱིན་ན་བཏགས་ཆོས་གང་ཟག་ལ་བདེན་པར་འཛིན་པའི་ཞེན་ཡུལ་ཀྱང་སུན་མ་ཕྱིན་པས་གང་ཟག་བདེན་མེད་དུ་མ་རྟོགས་པའི་ཕྱིར་གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་མ་རྟོགས་པར་བསྟན་ནོ། །ཞེས་བྲིས་པ་ནི་གང་ཟག་གི་བདག་མེད་མཚན་ཉིད་རྫོགས་མ་རྫོགས་ཀྱི་ཐ་སྙད་དང་དེ་འཇུག་པའི་གཞི་ནི་འོག་ནས་འགོག་པར་འགྱུར་ལ། ཕུང་པོ་གདགས་གཞི་དང་། གང་ཟག་བཏགས་ཆོས་སུ་བྱེད་པ་ནི་རང་རྒྱུད་པ་མན་ཆད་ཀྱི་ལུགས་ཡིན་ཀྱང་ཐལ་འགྱུར་བའི་ལུགས་མ་ཡིན་ཏེ། ལུགས་འདི་ལ་ཕུང་པོ་གང་ཟག་ཏུ་གདགས་པའི་རྒྱུ་དང་། ཕུང་པོ་ལ་བརྟེན་ནས་གང་ཟག་ཏུ་བཏགས་པ་དང་། ཕུང་པོ་ཉེ་བར་བླང་བྱ་དང་། གང་ཟག་ཉེ་བར་ལེན་པ་པོ་ཡིན་པ་སོགས་ཤིང་རྟའི་ཡན་ལག་དང་། ཤིང་རྟ་གཉིས་ཀྱི་དཔེའི་སྒོ་ནས་རྒྱས་པར་གསུངས་པའི་ཕྱིར། འགྲེལ་པར། གང་ཟག་གི་བདག་མེད་པ་རྟོགས་པར་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་ཞེས་དང་། དེ་ཚེ་དེ་ཡི་ཡན་ལག་ཚོགས་གནས་རྣམས། །ཤིང་རྟ་ཉིད་འགྱུར་ཤིང་རྟ་དང་བདག་མཚུངས། །ཞེས་པའི་འགྲེལ་པར། ཅི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟ་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ། །ཞེས་པའི་མདོ་ཁུངས་སུ་མཛད་ནས། དེ་བཞིན་དུ་བདག་ཕུང་པོ་རྒྱུར་བྱས་ནས་བཏགས་པའི་རང་བཞིན་ཅན་ཡང་ཕུང་པོ་ཚོགས་པ་ཙམ་ཡིན་པར་མི་རུང་ངོ་། །ཞེས་དང་། དེ་ཉིད་ཡན་ལག་ཅན་ཏེ་ཆ་ཤས་ཅན་ཞེས་པའི་འགྲེལ་པར། དེ་ལ་ཤིང་རྟ་ནི་འཕང་ལོ་ལ་སོགས་པ་རང་གི་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་ཉིད་དུ་འགྱུར་རོ། །འཕང་ལོ་ལ་སོགས་པ་ཆ་ཤས་ལ་ལྟོས་ནས་ནི་ཆ་ཤས་ཅན་ཉིད་དོ། །འཕང་ལོ་ལ་སོགས་པ་ཉེ་བར་བླངས་པ་ཉེ་བར་ལེན་པའི་བྱ་བ་ལ་ལྟོས་ནས་ནི་བྱེད་པ་པོ་ཉིད་དོ། །རང་གི་ཉེ་བར་ལེན་པ་ལ་ལྟོས་ནས་ནི་ཉེ་བར་ལེན་པ་པོ་ཉིད་དོ། །ཞེས་གསུངས་པ་དེ་ཉིད་བདག་ཕུང་ལ་སྦྱར་བར་མཛད་ཀྱི། བདག་ཕུང་གཉིས་གདགས་གཞི་དང་བཏགས་ཆོས་སུ་གསུངས་པ་གཏན་མི་སྣང་བའི་ཕྱིར་རོ། །རིགས་པས་ཀྱང་གནོད་དེ། ཕུང་པོ་གང་ཟག་གི་གདགས་གཞི་ཡིན་ན། ཕུང་པོ་གང་ཟག་གི་བདག་འཛིན་གྱི་དམིགས་པར་ཁས་ལེན་དགོས་ཤིང་། དེ་ཉིད་གཞུང་འདིར་ཡང་ཡང་བཀག་པའི་ཕྱིར་རོ། །དེས་ན་རོང་སྟོན་སྨྲ་བའི་སེང་གེས་ལུགས་འདི་ལ་ཐོག་མར་ཕུང་པོ་དམིགས་ཡུལ་དུ་བྱས་ནས་གཞི་མེད་ལ་ངའོ་སྙམ་དུ་བཟུང་བ་ནི་ངར་འཛིན་ལྷན་སྐྱེས་ཡིན་པས་དེའི་དམིགས་ཡུལ་གྱི་ང་ཙམ་དེ་ཉིད་གང་ཟག་གི་གདགས་གཞི་དང་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་ཡུལ་ཡིན་པར་བཞེད་པ་ཉིད་གཞུང་གི་དགོངས་པར་སྣང་ངོ་། །གནད་ཀྱི་དོན་ནི་འདི་ཡིན་ཏེ། དངོས་སྨྲ་བའི་ཆོས་དང་གང་ཟག་ཐམས་ཅད་ལ་གདགས་གཞི་དང་བཏགས་ཆོས་སོ་སོར་ཕྱེ་བ་ནི་གདགས་གཞི་རྫས་ཡོད་དང་། བཏགས་ཆོས་བཏགས་ཡོད་དུ་འཇོག་པའི་ལུགས་ཡིན་ཏེ། རྡུལ་རྫས་བརྒྱད་རྫས་ཡོད་ལ་བུམ་པ་བཏགས་ཡོད་བཏགས་པ་བཞིན་ནོ། །རང་རྒྱུད་པ་རྣམས་ལ་ནི་འདིའི་འགྲེས་ཤོར་བ་ཡིན་ལ་ཐལ་འགྱུར་བ་རྣམས་ནི་གདགས་གཞི་དང་བཏགས་ཆོས་ཀྱི་ཐ་སྙད་དགོས་ན་དེ་ཉིད་དེའི་གདགས་གཞིར་ཁས་ལེན་ཏེ། གང་ཟག་གང་ཟག་གི་གདགས་གཞི་དང་། བུམ་པ་བུམ་པའི་གདགས་གཞི་ཡིན་པ་བཞིན་ནོ། །གཞན་དུ་དེ་གཉིས་སོ་སོར་དགོས་ན་མཐར་བཏགས་ཆོས་མ་ཡིན་པའི་གདགས་གཞི་གཅིག་ཁས་བླང་དགོས་པས་གྲུབ་པའི་མཐའ་ལས་ཉམས་པར་འགྱུར་རོ། །ཤིང་རྟ་དང་ཤིང་རྟའི་ཡན་ལག་དང་། བུམ་པ་དང་བུམ་པའི་རྡུལ་རྫས་དང་། གང་ཟག་དང་གང་ཟག་གི་ཕུང་པོ་སོགས་ཐམས་ཅད་ཀྱི་འཇོག་ཚུལ་ཐ་སྙད་དུ་བརྟེན་ནས་བཏགས་པ་ཙམ་དུ་འཇོག་པ་དང་། དོན་དམ་པར་འཇོག་ཚུལ་མི་རྙེད་པའི་ལུགས་མཆོག་འདི་མ་བཤིགས་པར་ཚུལ་བཞིན་དུ་སྨྲ་བ་ལ་གནས་པར་གྱིས་ཤིག དེ་དག་ལ་དོགས་པ་གཅོད་པའི་སྐབས་སུ་དེ་ཁོ་ན་ཉིད་ཀྱི་ལྟ་བ་མ་རྙེད་ཀྱང་མི་རྟག་སོགས་བཅུ་དྲུག་ཚད་མས་གཏན་ལ་ཕེབས་པ་དང་། དེའི་གདུལ་བྱ་རྣམས་ཀྱིས་དོན་དེ་བརྩོན་པ་ཆེན་པོས་བསྒོམ་པ་དང་། བསྒོམས་པ་ལས་གང་ཟག་གི་བདག་མེད་རགས་པ་མངོན་སུམ་དུ་མཐོང་བ་དང་། མཐོང་ཟིན་གོམས་པར་བྱེད་པ་ནི་མི་འོང་ཞེས་ཁོ་བོ་ཅག་མི་སྨྲའོ། །འོ་ན་ཅི་ཞེ་ན་དེ་འདྲ་བའི་ལམ་དེས་གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པར་རྟོག་པ་མ་ཡིན་པས་ལམ་དེ་མཐོང་ལམ་དང་། འཇིག་རྟེན་ལས་འདས་པའི་སྒོམ་ལམ་དུ་མི་འདོད་དོ། །དེའི་ཕྱིར་མཐོང་སྤང་དང་སྒོམ་སྤང་གང་གི་ཡང་ས་བོན་སྤོང་མི་ནུས་ཞེས་དང་། ལམ་དེས་ཉོན་མོངས་ཀྱི་ས་བོན་སྤོང་མི་ནུས་ཀྱང་ཉོན་མོངས་མངོན་གྱུར་པ་ནི་རེ་ཤིག་འགོག་ནུས་ཏེ། ཕྱི་རོལ་པ་དང་ཐུན་མོང་བའི་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཅི་ཡང་མེད་པ་མན་ཆད་ཀྱི་ཉོན་མོངས་མངོན་གྱུར་བ་སྤོང་བར་མངོན་པ་ལས་གསུངས་པ་ལྟར་འདོད་དགོས་ན་སྔར་གྱི་ལམ་གྱིས་མངོན་གྱུར་རེ་ཤིག་སྤོང་ནུས་པ་ལྟ་ཅི་སྨྲོས་པའི་ཕྱིར་རོ། །ཉོན་མོངས་མངོན་གྱུར་སྤོང་ཞེས་པའི་ཉོན་མོངས་ཀྱང་མངོན་པ་གཉིས་ནས་གསུངས་པ་ལྟར་གྱི་དམིགས་རྣམ་ཅན་གྱི་ཉོན་མོངས་ཡིན་གྱི་ལུགས་འདིའི་བདེན་འཛིན་ཉོན་མོངས་ཅན་གྱི་མ་རིག་པར་བཤད་པ་དང་། དེའི་དབང་དུ་བྱས་པའི་ལྟ་བ་དང་ལྟ་མིན་གྱི་ཉོན་མོངས་མངོན་པ་ལས་བཤད་ཚུལ་གཞན་རྣམས་ནི་མངོན་གྱུར་ཡང་སྤོང་མི་ནུས་སོ། །མངོན་པ་ནས་བཤད་པའི་སྲིད་རྩེའི་སས་བསྡུས་པའི་ཉོན་མོངས་མངོན་གྱུར་ཞི་རགས་ཀྱི་རྣམ་པ་ཅན་གྱིས་སྤོང་མི་ནུས་ཀྱང་། སྔར་བཤད་པའི་གང་ཟག་གི་བདག་མེད་རགས་པ་རྟོགས་པའི་ལམ་ལ་གོམས་པར་བྱས་པས་སྤོང་ནུས་སོ་ཞེས་དང་། དེ་ལྟར་སྤངས་པའི་གང་ཟག་དེ་སྤྱོད་འཇུག་ལས། སེམས་ནི་དམིགས་དང་བཅས་རྣམས་ཀྱི། །མྱ་ངན་འདས་པའང་དཀའ་བར་གནས། །ཉོན་མོངས་སྤངས་པས་གྲོལ་ན་དེ། །དེ་མ་ཐག་ཏུ་དེར་འགྱུར་རོ། །ཞེས་སོགས་ཀྱི་གཞུང་དང་སྦྱར་ཏེ་འཆད་པར་བྱེད་དོ། །དེ་ལ་དེ་ཁོ་ན་ཉིད་མ་རྟོགས་ཀྱང་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་བློ་དེ་གང་ཟག་གི་བདག་མེད་རྟོགས་ཀྱང་གང་ཟག་གི་བདག་མེད་མཚན་ཉིད་ཡོངས་སུ་རྫོགས་པར་མ་རྟོགས་པའི་ཁྱད་པར་དེ་མངོན་པའི་ལུགས་ཡིན་ནམ། དབུ་མ་ཐལ་འགྱུར་བའི་ལུགས་ཡིན། དང་པོ་ལྟར་ན་མི་འཐད་དེ། ལུགས་དེ་ལ་དེ་ལས་གཞན་པའི་གང་ཟག་གི་བདག་མེད་རྟོགས་པར་བྱར་མེད་པའི་ཕྱིར་རོ། །ཕྱི་མ་ཁས་ལེན་པར་སྣང་ཡང་དེ་ནི་གནད་གཏན་མ་ཟིན་པ་སྟེ། ལུགས་དེ་ལ་གང་ཟག་བདེན་མེད་དུ་མ་རྟོགས་པར་གང་ཟག་གི་བདག་མེད་རྟོགས་པ་ཙམ་ཡང་བཞག་དུ་མི་རུང་བའི་ཕྱིར་ཏེ། གང་ཟག་བདེན་མེད་དུ་མ་རྟོགས་པར་ཕྱི་རོལ་པས་བརྟགས་པའི་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་མཐོང་བ་ཙམ་གྱིས་གང་ཟག་གི་བདག་མེད་རྟོགས་པར་འཇོག་པ་ལ་གཞུང་འདིར་དགག་པ་ཡང་ཡང་མཛད་འདུག་པའི་ཕྱིར་རོ། །ལུགས་འདི་ལ་དེ་ཁོ་ན་ཉིད་མ་མཐོང་བར་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པ་ཡང་མི་སྲིད་དེ། དེ་མངོན་སུམ་དུ་རྟོགས་པ་ལ་འགོག་བདེན་དང་། ལམ་བདེན་གྱི་མཚན་ཉིད་བརྒྱད་པོ་མངོན་སུམ་དུ་རྟོགས་དགོས། དེ་མངོན་དུ་རྟོགས་པ་ལ་འགོག་བདེན་དང་ལམ་བདེན་མངོན་སུམ་དུ་རྟོགས་དགོས། འགོག་བདེན་མངོན་སུམ་དུ་རྟོགས་ན་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་དགོས་པའི་ཕྱིར་ཏེ། འགྲེལ་པར་དེ་ལ་སྡུག་བསྔལ་དང་། ཀུན་འབྱུང་དང་། ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་སོ། །འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པའི་རང་གི་ངོ་བོའོ་ཞེས་གསུངས་པས་སོ། །དེས་ན་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པ་ལ་མཐོང་ལམ་ཐོབ་དགོས་པར་བཞེད་པ་ནི་གྲུབ་མཐའ་སྨྲ་བ་བཞི་ཆར་མཐུན་ལ་འཕགས་པའི་མཉམ་གཞག་གི་འཛིན་སྟངས་ལ་མི་རྟག་ལ་སོགས་བཅུ་དྲུག་གི་འཛིན་སྟངས་ཡོད་མེད་ཀྱི་ཁྱད་པར་དངོས་སྨྲ་བ་དང་དབུ་མ་པ་གཉིས་མི་མཐུན་པའི་ཚུལ་མ་རྟོགས་པར་མཐོང་ལམ་མ་ཐོབ་ཀྱང་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པ་ཡོད་པར་འདོད་པ་ཁྱོད་ནི་གྲུབ་མཐའི་འདོད་ཚུལ་དང་། གང་ཟག་གི་རྒྱུད་ལ་ཡོད་ཚུལ་གྱི་ཁྱད་པར་མ་ཕྱེད་པར་སྣང་སྟེ། དངོས་སྨྲ་བས་འདོད་པའི་བདག་མེད་རྟོགས་པའི་ལྟ་བ་དེ་དབུ་མ་པ་རང་ལུགས་ལ་ཡང་ཡོད་པར་བྱས་ནས་དེ་ཉིད་གང་ཟག་གི་རྒྱུད་ལ་བཞག་འདུག་པའི་ཕྱིར་རོ། །གཞན་ཡང་མཐོང་ལམ་མ་ཐོབ་ཀྱང་འགོག་བདེན་མངོན་སུམ་དུ་རྟོགས་པ་དེ་རང་རྒྱུད་ལ་ཉམས་སུ་མྱོང་བའི་ཚུལ་གྱིས་རྟོགས་པ་ཡིན་ནམ། གཞན་རྒྱུད་ལ་གཞན་རིག་གི་ཚུལ་གྱིས་རྟོགས་པ་ཡིན། དང་པོ་ལྟར་ན་མཐོང་ལམ་མ་ཐོབ་པར་འགལ་ཞིང་། ཕྱི་མ་ལྟར་ན་སོ་སྐྱེའི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་འཕགས་རྒྱུད་ཀྱི་སེམས་ཤེས་པར་ཐལ་བ་སོགས་གསུང་རབ་སྤྱིའི་ལུགས་ལས་འདས་སོ། །དེས་ན་གང་ཟག་གི་བདག་མེད་ལ་ཕྲ་རགས་གཉིས་སུ་ཕྱེ་བ་དང་། མཚན་ཉིད་རྫོགས་མ་རྫོགས་གཉིས་སུ་ཕྱེ་བ་ནི་རང་དགར་རྟོག་པས་བཏགས་པ་ཁོ་ན་སྟེ། དངོས་སྨྲ་བས། ཕུང་པོ་བདེན་མེད་དུ་མ་རྟོགས་ཀྱང་ཕུང་པོའི་ངོ་བོར་གྱུར་པའི་བདག་དང་། དེ་ལས་དོན་གཞན་པའི་བདག་མེད་པར་རྟོགས་པས་གང་ཟག་གི་བདག་མེད་རྟོགས་པར་འདོད་པ་དེ་དབུ་མ་ཐལ་འགྱུར་བས་ཁས་མི་ལེན་པའི་ཚུལ་མ་ཤེས་པར་དེ་རང་ལུགས་ཀྱི་གང་ཟག་གི་བདག་མེད་རགས་པ་རྟོགས་ཚུལ་དུ་བྱས་འདུག་པའི་ཕྱིར་རོ། །ལམ་དེས་མངོན་པ་ནས་བཤད་པའི་དམིགས་རྣམ་ཅན་གྱི་ཉོན་མོངས་མངོན་གྱུར་སྤོང་། ལུགས་འདིས་བདེན་འཛིན་ཉོན་མོངས་ཅན་གྱི་མ་རིག་པར་བཤད་པ་དང་། དེའི་དབང་དུ་བྱས་པའི་ལྟ་བ་དང་ལྟ་མིན་གྱི་ཉོན་མོངས་རྣམས་ནི་མངོན་གྱུར་ཡང་སྤོང་མི་ནུས་ཞེས་པ་ཡང་གྲུབ་མཐའི་འདོད་ཚུལ་དང་། དོན་གྱི་གནས་ཚུལ་མ་ཕྱེད་པའི་གཏམ་དུ་སྣང་སྟེ། མངོན་པ་བའི་ལུགས་ལ་དེ་ནས་བཤད་པའི་དམིགས་རྣམ་ཅན་གྱི་ཉོན་མོངས་ལས་གཞན་པའི་ཉོན་མོངས་མི་འདོད། ལུགས་འདི་ལ་ཉོན་མོངས་ཅན་གྱི་མ་རིག་པ་དང་། དེའི་དབང་དུ་བྱས་པའི་ལྟ་བ་དང་ལྟ་མིན་གྱི་ཉོན་མོངས་ལས་གཞན་པའི་ཉོན་མོངས་མི་བཞེད་པའི་ཕྱིར་ཏེ། བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་གསུངས་པས་སོ། །མངོན་པ་ནས་བཤད་པའི་ཉོན་མོངས་དང་། འདི་ནས་བཤད་པའི་ཉོན་མོངས་གཉིས་ཐ་དད་དུ་ཡོད་ན། གང་ཟག་གཅིག་གི་རྒྱུད་ལ་ཐ་དད་དུ་ཡོད་པ་ཡིན་ནམ། གང་ཟག་སོ་སོ་ལ་སོ་སོར་ཡོད་པ་ཡིན་ཞེས་དྲིས་ན་བློ་གཟུ་བོས་ཅི་སྨྲ། འཇོག་ཚུལ་འདི་ལ་བལྟས་ན་དེང་སང་གི་དགེ་བཤེས་རྟོག་དཔྱོད་ཆུག་པ་ཤར་རེ་བ་གཅིག་གི་ཐུགས་རབ་ཀྱང་མེད་པ་འདྲའོ། །དེས་ན་དེ་ཁོ་ན་ཉིད་མ་རྟོགས་ཀྱང་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པ་ལུགས་འདི་ལ་མི་སྲིད་པས་གང་ཟག་དེ་སྤྱོད་འཇུག་གི་གཞུང་དང་སྦྱར་ཏེ་འཆད་པ་ནི་གཞུང་ལུགས་ཚད་ལྡན་གྱི་ཞབས་འདྲེན་པའོ། །གཞུང་དེའི། སྲེད་འདི་ཉོན་མོངས་ཅན་མིན་ཡང་། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཅེས་པ་དང་ཡང་འགལ་སྟེ། དེའི་རྒྱུད་ཀྱི་སྲེད་པ་དེ་ཉོན་མོངས་ཅན་གྱི་སྲེད་པར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་མངོན་པ་ནས་བཤད་པའི་ཉོན་མོངས་ཅན་གྱི་སྲེད་པ་མིན་ཞེས་པའི་དོན་དུ་འཆད་ན་ཡང་དེའི་ཁྱད་པར་བཀག་ཟིན་ཏོ། །ཡང་དེས་༡༠ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་མངོན་གྱུར་བ་རེ་ཤིག་སྤངས་ཀྱང་གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པའི་འཇིག་ལྟས་དྲངས་པའི་སྲེད་པ་ཅི་སྟེ་མེད། ཅེས་པ་ལ་འཆད་པ་ཡང་མི་འཐད་དེ་བདག་འཛིན་སྔ་ཕྱི་གཉིས་ལ་ཁྱད་པར་མི་སྣང་བའི་ཕྱིར་དང་། སྲེད་པ་ཕྱི་མ་ཉོན་མོངས་ཅན་མ་ཡིན་པར་འདོད་པའི་ཕྱིར་རོ། །དེས་ན་སྤྱོད་འཇུག་གི་གཞུང་གི་དགོངས་པ་ནི་རྒྱུད་བླ་ལས་གསུངས་པ་ལྟར་ཉན་རང་དགྲ་བཅོམ་གྱིས་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བའི་སྐྱེ་རྒ་ན་འཆི་སྤངས་ཀྱང་ཐེག་ཆེན་གྱི་མདོ་ལས་བཤད་པའི་མཚན་མེད་མཐའ་དག་མ་རྟོགས་པས་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ལས་བྱུང་བའི་སྐྱེ་རྒ་ན་འཆི་མ་སྤངས་ཤིང་། མཐར་ཐུག་གི་མྱང་འདས་ཀྱང་མ་ཐོབ་ཅེས་པའི་དོན་ཡིན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལས། མཐར་ཐུག་གི་ཐེག་པ་གསུམ་ཀ་ཐོབ་པ་ཡིན་གྱི། ཐེག་པ་ཆེན་པོ་ནི་བཀའ་མ་ཡིན་པར་འདོད་པ་བཀག་ནས་ཐེག་ཆེན་བཀར་བསྒྲུབ་པའི་སྐབས་ཡིན་པའི་ཕྱིར་རོ། །ཀྱཻ་སྐལ་ལྡན་དག་ལེགས་བཤད་དང་ཉེས་བཤད་ཀྱི་བླང་དོར་ཤེས་པར་གྱིས་ཤིག ཁོ་བོ་ལ་གང་ཟག་རིས་སུ་བཅད་པའི་ཕྱོགས་ལྷུང་ཡོད་པ་མ་ཡིན་གྱི་ཐར་པ་འདོད་ཀྱང་སྐལ་བ་དམན་པ་དག་ལ་སྙིང་བརྩེསབཤད་པ་ཡིན་ནོ། །རྩོད་པ་སྤོང་པའི་སྐབས་སུ་དེས་༡༡ན་ཐེག་ཆེན་པས་ནི་རྩ་ཤེར་ལས་གསུངས་པ་བཞིན་དུ་གཞི་གཅིག་བདེན་མེད་དུ་སྒྲུབ་པ་ལ་ཡང་སྒྲུབ་བྱེད་ཀྱི་རིགས་པ་མི་འདྲ་བ་མཐའ་ཡས་པས་བསྒྲུབས་པས་དེ་ཁོ་ན་ཉིད་ལ་བློ་ཤིན་དུ་རྒྱས་པར་འགྱུར་ལ། ཐེག་དམན་ལ་ནི་རིགས་པ་མདོར་བསྡུས་པ་གཅིག་གིས་དེ་ཁོ་ན་ཉིད་ཚད་མས་གྲུབ་ན་སྔ་མ་ལྟར་མི་བྱེད་པས་དེ་ཁོ་ན་ཉིད་ལ་བློ་རྒྱས་པ་མེད་པས་རྒྱས་བསྡུས་དང་། བདག་མེད་བསྒོམས་པ་རྫོགས་མ་རྫོགས་སུ་གསུངས་སོ། །ཞེས་བྲིས་པ་ནི་རང་ཉིད་ཐེག་པ་ཆེ་ཆུང་ལྟ་བ་ལ་ཁྱད་པར་མེད་པར་ཁས་བླངས་པའི་གྲུབ་མཐའ་དང་ཐུག་ནས་མཁས་པའི་གཞུང་རྣམ་པ་གཞན་དུ་བཤད་པ་སྟེ། དེ་ལྟར་ན་ཐེག་པ་ཆེ་ཆུང་དབང་པོ་རྣོ་རྟུལ་གོ་ལོག་པར་འགྱུར་ཏེ་བསྒྲུབ་བྱ་དེ་ཁོ་ན་ཉིད་གཅིག་ཉིད་ཐེག་པ་ཆེན་པོས་སྒྲུབ་བྱེད་ཀྱི་རིགས་པ་མི་འདྲ་བ་དུ་མས་རྟོགས་དགོས། ཐེག་དམན་གྱི་རིགས་པ་མདོར་བསྡུས་པ་གཅིག་གིས་རྟོགས་ནུས་པའི་ཕྱིར། གལ་ཏེ་དེ་ཁོ་ན་ཉིད་ལ་བློ་རྒྱས་མ་རྒྱས་ཀྱི་ཁྱད་པར་ཡོད་པར་སྨྲས་སོ་སྙམ་ན། དེ་ཡང་མ་བརྟགས་པ་སྟེ། རྟོགས་བྱའི་དེ་ཁོ་ན་ཉིད་ལ་རྒྱ་ཆེ་ཆུང་དང་། ཚང་མ་ཚང་དང་། རྒྱས་བསྡུས་ཀྱི་དབྱེ་བ་མེད་པར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་སྒྲིབ་པ་སྤོང་བའི་ནུས་པ་ཆེ་ཆུང་གི་ཁྱད་པར་ཡོད་པས་སྐྱོན་དེ་མེད་ཅེ་ན། དེ་ཡང་ཁྱོད་ཀྱི་ལུགས་ལ་འགལ་ཏེ། སྤང་བྱ་བདེན་འཛིན་གཅིག་ཉིད་དེ་ཁོ་ན་ཉིད་ལ་བློ་རྒྱས་པས་བསྐལ་པ་གྲངས་མེད་གཉིས་ཀྱི་བར་དུ་སྤོང་མི་ནུས་ཅིང་། གཅིག་ཤོས་ཀྱིས་ཚེ་གསུམ་ལ་སྤོང་ནུས་པའི་ཕྱིར་རོ། །བསྒྲུབ་བྱ་གཅིག་ཉིད་གང་ཟག་གཅིག་གིས་རིགས་པ་མི་འདྲ་བ་དུ་མའི་སྒོ་ནས་རྟོགས་ཞེས་པ་ཡང་རིགས་ལམ་གྱི་རྣམ་གཞག་དང་འགལ་ཏེ། བསྒྲུབ་བྱ་གཅིག་ཉིད་རིགས་པ་སྔ་མས་རྟོགས་ཟིན་ནས་གང་ཟག་དེའི་ངོར་རིགས་པ་ཕྱི་མ་ཐམས་ཅད་གྲུབ་ཟིན་བསྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་རོ། །འོ་ན་དབུ་ཚད་ཀྱི་གཞུང་རྣམས་ལས་བསྒྲུབ་བྱ་གཅིག་ལ་རིགས་པ་མི་འདྲ་བ་དུ་མ་གསུངས་པ་ཅི་ལྟར་སྙམ་ན། དེ་ནི་རྒོལ་བ་སོ་སོའི་འདོད་དབང་དུ་བྱས་པ་སྟེ་གཟུར་གནས་རྣམ་དཔྱོད་དང་ལྡན་པ་དག་ལེགས་པར་དཔྱོད་ཅིག འགྲེལ་༡༢པར་མ་བཤད་པའི་རྩོད་པ་སྤོང་བའི་སྐབས་སུ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཅེས་སོགས་ཀྱི་དོན་འཆད་པ་ན་དེ་ལ་གཟུང་བ་ཕྱི་རོལ་ལ་ཞེན་པ་སྤོང་བའི་དོན་ནི་ཕྱི་རོལ་གྱི་དོན་ཚད་མས་གྲུབ་ཀྱང་། ཕྱི་རོལ་བདེན་གྲུབ་རིགས་པས་ཁེགས་པ་དབུ་མ་བ་ལྟར་གཏན་ལ་ཕབ་པའི་དོན་བསྒོམས་ནས་བདེན་ཞེན་སྤོང་བ་དང་། ཡང་ན་སེམས་ཙམ་པ་ལྟར་ཕྱི་རོལ་གྱི་དོན་རིགས་པས་བཀག་པའི་དོན་བསྒོམས་པ་ལ་བརྟེན་ནས་ཕྱི་རོལ་ཡོད་པར་འཛིན་པ་སྤོང་བ་གང་རུང་གཅིག་ལས་མི་འདའོ། །དེ་ལ་དང་པོ་ལྟར་ན་ནི་མི་རིགས་ཏེ་ཞེས་བཀག་ནས་གཉིས་པ་ལྟར་འདོད་པ་ནི་སློབ་དཔོན་སེང་གེ་བཟང་པོ་ལ་སོགས་པའི་འགྲེལ་པའི་ལུགས་ཡིན་པས་དེའི་ལྟར་ན་ཕྱི་རོལ་མེད་པར་ཚད་མས་གྲུབ་པ་ཡིན་ནོ་ཞེས་དང་། མངོན་རྟོགས་རྒྱན་ནས་བཤད་པའི་བདག་མེད་ཀྱི་ལྟ་བ་ནི་མདོ་རྒྱན་དང་། འབྱེད་རྣམ་གཉིས་ལྟར་སེམས་ཙམ་ལ་བཤད་དུ་མི་རུང་ངོ་ཞེས་དང་། སེངྒེ་བཟང་པོ་ལ་སོགས་པའི་འགྲེལ་བྱེད་ཀྱི་ལུགས་དེ་ནི་སེམས་ཙམ་པའི་ལུགས་སུ་སྨྲའོ། །ཞེས་བྲིས་སོ། །རྣ་བ་བླགས་ཏེ་ཉོན་ཅིག གཟུང་དོན་རྟོག་པ་སྤོང་ཕྱིར་དང་ཞེས་སོགས་ཀྱི་གཞུང་གི་དོན་ཁྱེད་རང་གིས་བཤད་པ་ལྟར་གྱི་ཕྱི་མ་དེ་ཡིན་པར་ཐལ། སྔ་ཕྱི་གང་རུང་གཅིག་ལས་མི་འདའ་བ་གང་ཞིག སྔ་མ་རིགས་པས་ཁེགས་པའི་ཕྱིར། རྟགས་གཉིས་ཀ་དངོས་འགལ་འདོད་ན། དེའི་དོན་སེམས་ཙམ་པའི་ལུགས་སུ་ཡིན་པར་ཐལ། སེངྒེ་བཟང་པོ་ལ་སོགས་པའི་འགྲེལ་པའི་ལུགས་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། གཞན་ཡང་སྐབས་དེར་དེ་ལྟར་བྱས་ན་རང་རྒྱལ་ལ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་གཅིག་ཀྱང་ཡོད་པས་རང་རྒྱལ་ལ་ཤེས་པ་བདེན་འཛིན་སྤོང་མི་ནུས་པས་མ་ཁྱབ་བོ། །ཉན་ཐོས་ལ་ཡང་དེ་ཁོ་ན་ཉིད་རྟོགས་པ་དང་། མ་རྟོགས་པ་གཉིས་སུ་དབྱེ་དགོས་པའི་ཕྱིར། མངོན་རྟོགས་རྒྱན་དུ་ཡང་ཐེག་དམན་ལ་ཚུལ་གཉིས་གསུངས་པས་ཞེས་སོགས་རང་གི་གྲུབ་མཐའ་མངོན་རྟོགས་རྒྱན་དང་འགལ་བའི་ཚེ་འགལ་སྤོང་སྨྲ་བ་ལ་འོ་བརྒྱལ་པོ་རང་བྱུང་འདུག་གོ །སྤྲོས་པས་ཆོག་གོ །ད་ནི་གཉིས་པ་ཕར་ཕྱིན་ལྷག་པའི་ཡོན་ཏན་བརྗོད་པ་ལ་བཞི་སྟེ། སྦྱིན་པའི་ཕར་ཕྱིན་གཙོ་བོར་བསྟན། སྦྱིན་པ་གཞན་གྱི་བསྔགས་པ་བརྗོད། བྱང་ཆུབ་སེམས་དཔའི་སྦྱིན་པ་བསྔགས། ཕ་རོལ་ཕྱིན་པའི་རྣམ་དབྱེ་བསྟན་པའོ། །དང་པོ་ནི། དེ་ཚེ་ཞེས་སོགས་ཏེ། ས་བཅུའི་མཉམ་བཞག་རྣམས་ལ་ཤེར་ཕྱིན་གཙོ་བོར་གྱུར་པའི་ཕར་ཕྱིན་གཞན་རྣམས་ལྡན་པར་ཁྱད་པར་མེད་ཀྱང་རྗེས་ཐོབ་ཏུ་ཕར་ཕྱིན་བཅུ་ལ་གཙོ་བོར་སྤྱོད་པའི་ཁྱད་པར་བཅུ་ཡོད་པ་ལས་འདིར་སྦྱིན་པའི་ཕར་ཕྱིན་ལ་ལྷག་པར་སྤྱོད་ཅེས་པའོ། །ལྷག་པར་སྤྱོད་ཚུལ་ཕྱི་ནང་གི་དངོས་པོ་གཏོང་བའི་ཁྱད་པར་གྱིས་བྱང་སེམས་དེའི་ཡོན་ཏན་སྣང་དུ་མི་རུང་བ་རྟོགས་པ་ལ་སོགས་པ་ཡང་དཔོག་པར་བྱེད་དེ། དུ་བ་ལ་སོགས་པ་ལས་མེ་ལ་སོགས་པ་དག་བཞིན་ནོ་ཞེས་བཤད་དོ། །གཏན་ཚིག་འདི་དག་དང་མདོ་སྡེ་ས་བཅུ་པར། དུ་བ་ལས་ནི་མེར་ཤེས་དང་། །ཞེས་སོགས་དང་། དེའི་དོན་གཞུང་འདིར། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། ཞེས་སོགས་དང་། ཤེར་ཕྱིན་གྱིས་མདོ་དང་། བསྟན་བཅོས་ལས་གསུངས་པའི་ཕྱིར་མི་ལྡོག་གི་གཏན་ཚིགས་སོགས་ཀུན་རྫོབ་ཀྱི་རྣམ་བཞག་བསྒྲུབ་པའི་གཏན་ཚིགས་ཐམས་ཅད་ཐལ་འགྱུར་བའི་ལུགས་ལའང་རང་རྒྱུད་ཀྱི་གཏན་ཚིགས་སུ་བཞེད་དེ། ཚུལ་གསུམ་རྒོལ་ཕྱིར་རྒོལ་གཉིས་ཀྱིས་མཐུན་སྣང་དུ་གྲུབ་པའི་རྟགས་ལས་བསྒྲུབ་བྱ་བསྒྲུབ་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྡུག་བསྔལ་ཕྱིར་བཅོས་རྒྱུ་རུ་བསྟན། གཏན་དུ་བདེ་བའི་རྒྱུར་ཡང་འགྱུར་བའོ། །དང་པོ་ནི། སྐྱེ་བོ་ཞེས་སོགས་དང་། གཉིས་པ་ནི། འདི་ཡང་ཞེས་སོགས་ཏེ། ཅི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་སངས་རྒྱས་ཉིད་ཀྱི་རྒྱུ་དང་པོ་དང་། མངོན་སུམ་མ་ཡིན་པའི་ཡོན་ཏན་ངེས་པའི་རྟགས་ཡིན་པ་དེ་བཞིན་དུ་སོ་སོ་སྐྱེ་བོའི་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་སྡུག་བསྔལ་ཕྱིར་བཅོས་པ་དང་། གཏན་དུ་བའི་བདེ་བ་ཐོབ་པའི་རྒྱུ་ཡིན་ནོ་ཞེས་བསྟན་ཏོ། །གསུམ་པ་ལ་བཞི་སྟེ། འབྲས་བུ་མངོན་གྱུར་དགའ་བ་ཐོབ་པར་བསྟན། དེས་ན་སྦྱིན་པའི་གཏམ་ཉིད་གཙོ་བོ་ཡིན། དགའ་བའི་ཁྱད་པར་དཔེ་ལས་ལྷག་པར་བསྟན། དགའ་བ་ཐོབ་པའི་ཚུལ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། འགྲོ་ལ་སོགས་སོ། །གཉིས་པ་ནི། གང་ཕྱིར་སོགས་སོ། །གསུམ་པ་ནི་ཇི་ལྟར་སོགས་སོ། །བཞི་པ་ནི་ལུས་བཅད་སོགས་ཏེ། ཡང་ཆགས་པ་མེད་པའི་གནས་སྐབས་མ་ཐོབ་པ་གང་ཞིག་ལ་ལུས་གནས་པ་དང་འགལ་བའི་ཡུལ་ཡང་དག་པར་བབ་པས། ལུས་ཀྱི་སྡུག་བསྔལ་གདོན་མི་ཟ་བར་འབྱུང་བ་དེའི་ཚེ་ཡང་སེམས་ཅན་གྱི་དོན་བྱ་བ་དག་ལ་ཆེས་ལྷག་པར་འཇུག་པའི་རྒྱུ་ཉིད་དུ་གནས་པ་ཡིན་ནོ་ཞེས་བཤད་དོ། །བཞི་པ་ཕ་རོལ་ཕྱིན་པའི་རྣམ་དབྱེ་བསྟན་པ་ནི། སྦྱིན་པ་ཞེས་སོགས་ཏེ། འགྲེལ་པར། དེ་ལ་ཕ་རོལ་ཞེས་བྱ་བ་ནི་གང་འཁོར་བའི་རྒྱ་མཚོའི་ཕ་འགྲམ་དང་ངོགས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པའི་རང་བཞིན་མངའ་བའི་སངས་རྒྱས་ཉིད་དོ། །ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱས་ཏེ། ཚིག་ཕྱི་མ་ཡོད་ན་མི་མངོན་པར་མི་བྱའོ། །ཞེས་བྱ་བའི་མཚན་ཉིད་འདིས་ལས་ཀྱི་རྣམ་པར་དབྱེ་བ་མི་མངོན་པར་མ་བྱས་པས་གཟུགས་སུ་འགྱུར་བའམ། པྲེ་ཥོ་ད་ར་ལ་སོགས་པ་ཡིན་པའི་ཕྱིར་མིའི་མཐའ་ཅན་ཉིད་དུ་བཞག་གོ །ཤེས་རབ་བཟུང་ནས་བྱེ་བྲག་ཏུ་བཤད་པ་ཡིན་ཏེ། སྦྱིན་པ་ལ་སོགས་པ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བས་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་ཕ་རོལ་ཏུ་འགྲོ་བ་ལ་ངེས་པར་བཞག་ནས་ནི་སྦྱིན་པས་ཕ་རོལ་དུ་ཕྱིན་པའི་མི་རྙེད་པར་འགྱུར་རོ། །ཚུལ་ཁྲིམས་ལ་སོགས་པ་འཆད་པར་འགྱུར་བ་དག་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ཞེས་གསུངས་པ་འདིའི་དོན་ལ་གསུམ་སྟེ། ཕ་རོལ་དུ་ཕྱིན་པའི་སྒྲ་བཤད་པ། དེ་དངོས་མིང་དུ་འཇུག་པའི་གཞི། བཏགས་མིང་དུ་འཇུག་པའི་གཞི་དང་གསུམ་ལས། དང་པོ་ནི། ཕ་རོལ་ནི་སངས་རྒྱས་ཀྱི་ས་དང་། ཕྱིན་པ་ནི་ཕྱིན་ཟིན་པ་སྟེ། སོ་སོར་ཚིག་ཏུ་སྒྲུབ་པའི་གཞིའོ། །ཕ་རོལ་གྱི་སྐད་དོད་པ་ར་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨ་མ་བྱིན་ཏེ། ཨ་ཡིག་བརྗོད་པའི་དོན་ཡིན་པས་ཕྱིས་ནས་མ་སྲོག་མེད་ཡར་སྦྱར་ཏེ། བར་མ་ནི་ཕ་རོལ་དུ་ཞེས་དང་། ཕ་རོལ་དེར་ཞེས་བྱ་བའི་ལས་སུ་སོང་བའོ། །སྤྱིར་རྣམ་དབྱེ་བྱིན་ནས་ཚིག་ཏུ་གྲུབ་ཟིན་པའི་རྗེས་སུ་རྣམ་དབྱེ་མི་མངོན་པར་བྱ་བ་ཡིན་པ་ལས་སྒྲའི་བསྟན་བཅོས་ལས། ཚིག་ཕྱི་མ་ཡོད་ན་མི་མངོན་པར་མི་བྱའོ་ཞེས་པ་འདིས་ཕྱིན་པའི་སྐད་དོད། ཚིག་ཕྱི་མ་ཨི་ཏ་ཡོད་པས་མ་ཡིག་མི་མངོན་པར་མ་བྱས་པར་གཟུགས་སུ་གྱུར་པའམ། པྲེ་ཥོ་ད་རའི་བསྡུ་བ་སྟེ། གཟུགས་མཛེས་པའི་ཆེད་དུ་ཡང་མའི་མཐའ་ཅན་ཉིད་དུ་བཞག་གོ །དེ་རྣམས་མ་སྲོག་མེད་དང་ཨི་ཏ་མཚམས་སྦྱར་བས་པ་ར་མི་ཏ་ནི་སངས་རྒྱས་ཀྱི་སར་ཕྱིན་ཟིན་པའོ། །གཉིས་པ་ནི་ཤེས་རབ་བཟུང་ནས་བྱེ་བྲག་ཏུ་བཤད་པ་ཡིན་ཏེ་ཞེས་ཏེ། ཤེས་རབ་གཞིར་བཟུང་ནས་དེ་ལ་ཕ་རོལ་དུ་ཕྱིན་པ་བྱེ་བྲག་ཏུ་བཤད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་པར་འགྱུར་ཏེ་ཕར་ཕྱིན་དྲུག་གམ་བཅུའི་ཟླས་ཕྱེ་བའི་ཤེར་ཕྱིན་མ་ཡིན་གྱི་ཤེར་ཕྱིན་གྱི་མདོའི་བརྗོད་བྱའི་གཙོ་བོར་གྱུར་པའི་ཤེར་ཕྱིན་ཏེ། ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་གསུངས་པ་དང་དོན་གཅིག་གོ །གསུམ་པ་ནི། ས་དང་པོར་ལྷག་པར་ཐོབ་པའི་སྦྱིན་པའི་ཕར་ཕྱིན་སོགས་ནི་ཕ་རོལ་དུ་ཕྱིན་པ་དང་འདྲ་བས་ཕ་རོལ་དུ་ཕྱིན་པའི་མིང་གིས་བཏགས་པ་ཡིན། ཅི་ལྟར་འདྲ་ན་ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་ཕ་རོལ་དུ་འགྲོ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །མཚན་ཉིད་པ་མ་ཡིན་ཏེ། སངས་རྒྱས་ཀྱི་སར་ཕྱིན་པ་མ་ཡིན་པའི་ཕྱིར་ཏེ། ཕྱོགས་གླང་གིས། བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་དང་ལམ་ལ་དེ་སྒྲ་ཡིན། །ཞེས་དང་། དེའི་དོན་སེངྒེ་བཟང་པོས་མཐོང་སྒོམ་གྱི་ལམ་ཤེར་ཕྱིན་བཏགས་པ་བར་བཤད་པ་དང་དོན་གཅིག་གོ །ཁ་ཅིག་༡༢་དོན་འདི་མ་རྟོགས་པར་ཕ་རོལ་གྱི་སྐད་དོད་པ་ར་དང་། ཕྱིན་པའི་སྐད་དོད་ཨི་ཏ་ཞེས་པ་ཡིན་ལ་དེ་ཉིད་སོར་བཞག་ན་ཕྱིན་ཟིན་པ་སྟེ་སངས་རྒྱས་ཀྱི་ས་ཁོ་ན་ལ་འཇུག་གོ །པ་ར་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ་བྱིན་ཨི་ཏི་ལ་རྣམ་དབྱེ་དང་པོའི་ཚིགས་སུ་བྱིན་ཏེ། སྒྲའི་བསྟན་བཅོས་ལས་ཚིག་ཕྱི་མ་ཡོད་ན་མི་མངོན་པར་མི་བྱའོ། །ཞེས་བྱ་བ་འདིས་ལས་ཀྱི་རྣམ་དབྱེ་ཨམ་གྱིས་མ་མི་མངོན་པར་མ་བྱས་པས་པ་ར་མི་ཏ་ཞེས་པར་འགྱུར་ལ། དེས་ན་ལས་ཀྱི་རྣམ་དབྱེ་འདིས་ཕ་རོལ་དུ་ཕྱིན་པར་འགྱུར་ཞེས་བྱ་བར་སོང་བས་དེ་ལ་ཡང་ཕ་རོལ་དུ་ཕྱིན་པར་བཞག་པའོ། །འོ་ན་ཕ་རོལ་དུ་ཕྱིན་པར་འགྱུར་པ་ཐམས་ཅད་ཕ་རོལ་དུ་ཕྱིན་པར་གཞག་གམ་སྙམ་ན། འཁོར་གསུམ་མི་དམིགས་པའི་ཤེས་རབ་བཟུང་ནས་དེས་ཟིན་པ་ཐམས་ཅད་ཕ་རོལ་དུ་ཕྱིན་པར་བྱེ་བྲག་ཏུ་བཤད་པ་ཡིན་ཏེ། དེས་མ་ཟིན་པའི་སྦྱིན་པ་སོགས་ནི་ཕ་རོལ་དུ་ཕྱིན་པ་དང་འདྲ་བས་ཕ་རོལ་དུ་ཕྱིན་པ་ཞེས་བརྗོད་དོ། །ཞེས་སྨྲ་བ་ནི་ཤིན་ཏུ་མི་འཐད་དེ། པ་ར་དང་ཨི་ཏ་སོར་བཞག་ཀྱང་རྣམ་དབྱེ་གཉིས་པའི་ཚིག་མ་བྱིན་ན་ཕ་རོལ་དུ་ཕྱིན་ཟིན་པར་མི་འགྲུབ་པའི་ཕྱིར་དང་། རྣམ་དབྱེ་གཉིས་པའི་གཅིག་ཚིག་བྱིན་པས་ཕ་རོལ་དུ་ཕྱིན་པར་འགྱུར་ཞེས་བྱ་བར་སོང་བའང་ལས་སུ་བྱ་བ་དང་མ་འོངས་པའི་ཚིག་ནོར་བ་ཡིན་པའི་ཕྱིར་དང་། པྲེ་ཥོ་ད་ར་ཞེས་པའང་དོན་མ་རྟོགས་པར་ཡི་གེ་མ་དག་པ་བྲིས་འདུག་པའི་ཕྱིར་དང་། ཤེས་རབ་བཟུང་ནས་ཞེས་པ་ས་དང་པོའི་སྦྱིན་པ་ལ་འཆད་ན་དེའི་འོག་ཏུ་སྦྱིན་པ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བས་ཞེས་པའི་ཚིག་དང་འགལ་བའི་ཕྱིར་རོ། །དེས་ན་ས་དང་པོར་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ་ལ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེས་མ་ཟིན་པའི་སྦྱིན་པ་ལ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་འཇོག་སྟེ། འགྲེལ་པར། མི་དམིགས་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་ལ། དམིགས་པ་ནི་ཐ་སྙད་ཀྱི་བདེན་པས་བསྡུས་པ་ཉིད་ཀྱིས་འཇིག་རྟེན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་མ་ཐོབ་པ་དག་གིས་ཤེས་པར་མི་ནུས་སོ་ཞེས་གསུངས་པས་སོ། །ས་གཉིས་པའི་ཚུལ་ཁྲིམས་སོགས་ལའང་དེ་བཞིན་དུ་སྦྱར་རོ། །ཁ་ཅིག༡༣ གཏོང་བའི་སེམས་པ་སྦྱིན་པ་འདིའང་སྦྱིན་པར་བྱ་བ་དང་། ལེན་པ་པོ་དང་། གཏོང་བ་པོར་བདེན་པར་དམིགས་པའི་ཤེས་རབ་ཅེས་དང་། སྦྱིན་པའི་འཁོར་གསུམ་པོ་དག་ལ་ཆགས་པ་སྟེ་བདེན་ཞེན་སྐྱེས་པར་གྱུར་པས་བཅིངས་ན་ནི་སྦྱིན་པ་དེ་ལ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་མདོ་ལས་བསྟན་ནོ་ཞེས་འཆད་པ་ནི་མི་འཐད་དེ། འདིའི་སྦྱིན་པ་གཉིས་ཀའང་ས་དང་པོའི་སྦྱིན་པའི་དབྱེ་བ་ཡིན་ལ། དེར་བདེན་འཛིན་མི་སྲིད་པའི་ཕྱིར་རོ། །འདིའང་དབུ་མ་པའི་ལུགས་ཀྱི་སྤང་བྱ་ཐམས་ཅད་བདེན་འཛིན་ཁོ་ན་དང་། ས་བདུན་པ་མན་ཆད་དུ་བདེན་འཛིན་ཡོད་པར་ཁས་བླངས་པའི་གྲུབ་མཐའི་སྐྱོན་གྱི་དབང་གིས་ཤུགས་འབྱུང་དུ་སྨྲས་པར་སྣང་ངོ་། །གཞན་དག་འཇིག་རྟེན་པ་ཞེས་པའི་ཚིག་ལ་བརྟེན་ནས་སོ་སྐྱེའི་རྒྱུད་ལ་འཆད་པ་ནི་དག་པ་འཇིག་རྟེན་པ་གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པ་རྗེས་ཀྱི་སེམས་ཀྱིས་བསྡུས་པའང་སོ་སྐྱེའི་རྒྱུད་ལ་འཆད་དགོས་པར་འགྱུར་རོ། །གསུམ་པ་དཔེའི་སྒོ་ནས་ཡོན་ཏན་བསྡུས་ཏེ་བསྟན་པ་ནི། དེ་ལྟར་སོགས་ཏེ། ས་དང་པོ་རབ་ཏུ་དགའ་བའི་ངེས་ཚིག་ཟླ་བའི་དཔེས་བཤད་པའོ། །སེམས་བསྐྱེད་པ་དང་པོ་བཤད་ཟིན་ཏོ།། ༈ །།སེམས་བསྐྱེད་གཉིས་པ་ལ་གཉིས་ཏེ། ཕར་ཕྱིན་ལྷག་པའི་ཡོན་ཏན་རྒྱས་པར་བཤད། ངེས་ཚིག་སྒོ་ནས་ཡོན་ཏན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཚུལ་ཁྲིམས་ཕར་ཕྱིན་ལྷག་པར་བསྟན། ཚུལ་ཁྲིམས་གཞན་གྱིས་བསྔགས་པ་བརྗོད། ཚུལ་ཁྲིམས་རྣམ་དག་དཔེ་ཡིས་བསྟན། ཕ་རོལ་ཕྱིན་པའི་རྣམ་དབྱེ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཚུལ་ཁྲིམས་ཕུན་ཚོགས་ཐོབ་པ། དགེ་བའི་ལས་བཅུ་གསོག་པ། བྱང་སེམས་མཛེས་པར་བྱེད་པ། འཁོར་གསུམ་གཉིས་འཛིན་བྲལ་བའོ། །དང་པོ་ནི། དེ་ཚུལ་ཞེས་སོགས་ཏེ། འདི་ལ་ཚུལ་ཁྲིམས་ཀྱི་སྒྲ་དོན། ངོ་བོ། ཕུན་སུམ་ཚོགས་པའི་ཚད་དང་གསུམ་ལས། དང་པོ་ནི། འཆལ་ཚུལ་ཀུན་ནས་སློང་བའི་ཉོན་མོངས་པ་དྭང་དུ་ལེན་པའི་ཕྱིར་དང་། བཅས་པ་དང་རང་བཞིན་གྱི་སྡིག་པའི་ལས་མི་འབྱུང་བའི་ཕྱིར་ན། སྡིག་པའི་ལས་སེམས་ལ་གཅགས་པའི་མེ་ཞི་བས་བསིལ་བ་ཐོབ་པ་ཉིད་ཀྱི་ཕྱིར་ཏེ། ཤཱི་ལ་ཅེས་པའི་ཤཱི་ཏ་བསིལ་བ་དང་། ལ་ཏི་ཐོབ་པ་ལ་འཇུག་པའི་དབང་དུ་བྱས་པའོ། །བདེ་བའི་རྒྱུ་ཡིན་པ་ཉིད་ཀྱིས་དམ་པ་དག་གིས་བསྟན་པར་བྱ་བ་ཉིད་ཡིན་པའི་ཕྱིར་ན་ཡང་ཚུལ་ཁྲིམས་ཏེ། ཀུ་ཤ་དགེ་བ་ལ་འཇུག་པའི་དབང་དུ་བྱས་པའོ། །གཉིས་པ་ནི་ལུས་ངག་གི་སྤོང་བ་བདུན་གྱི་མཚན་ཉིད་ཅན་ཏེ། ཀུན་སློང་དང་བཅས་ན་ལས་ལམ་བཅུའོ། །ཁྱིམ་པའི་རྟེན་ཅན་ལ་སྤོང་བདུན་ཅི་ལྟར་སྙམ་ན་བྱེ་བྲག་ཏུ་སྨྲ་བས་སྤོང་བཞི་དང་། སྤོང་བདུན་གྱི་ཁྱད་པར་མནོས་པའི་ཚེ་ཅི་ཙམ་ནོས་པའི་གྲངས་ཀྱི་སྒོ་ནས་གཟུགས་ཅན་གྱི་དངོས་པོ་སོ་སོར་ཐོབ་པར་འདོད་པས། དགེ་སློང་ལ་སྤོང་བདུན་དང་། བསྙེན་པར་མ་རྫོགས་པ་ལ་སྤོང་བཞི་འཇོག་མོད་ཀྱི་འདིར་ལུས་ངག་གི་སྤང་བྱ་དངོས་སུ་སྤོང་བའི་སེམས་པ་ཉིད་ལ་འཇོག་པས་དགེ་བསྙེན་གྱི་སྡོམ་པ་ལ་ཡང་སྔར་གྱི་མཚན་ཉིད་དེ་དག་ཚང་སྟེ། མདོ་ལས། དགེ་བསྙེན་སྟོན་པ་གཞན་ལ་མི་བསྟན་པ། ཆོས་དགེ་བ་བཅུ་སྤྱོད་པ་ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི་རྨི་ལམ་གྱི་གནས་སྐབས་སུ་ཡང་ཚུལ་ཁྲིམས་འཆལ་བའི་དྲི་མ་དག་གིས་མ་གོས་པའོ། །གཉིས་པ་ནི་ལུས་ངག་སོགས་ཏེ། མདོ་སྡེ་ས་བཅུ་པ་ལས་སེམས་བསྐྱེད་གཉིས་པའི་སྐབས་སུ་མི་དགེ་བ་བཅུ་སྤོང་ཚུལ་རྒྱས་པར་གསུངས་སོ། །ས་དང་པོར་ཡང་དགེ་བའི་ལས་བཅུ་སོགས་པ་མ་ཡིན་ནམ་སྙམ་ན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པས་དེ་ལ་ཤིན་ཏུ་ལྷག་པར་སྤྱོད་པའི་དོན་ཏོ། །གསུམ་པ་ནི་སྟོན་ཀའི་སོགས་སོ། །བཞི་པ་ནི་གལ་ཏེ་སོགས་ཏེ་ཅི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུང་འདི་ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས། ཁ་ན་མ་ཐོ་བ་ཕྲ་རགས་རྣམས་ལ་ཡང་འཇིགས་པར་ལྟ། ཡང་དག་པར་བླངས་ཏེ། བསླབ་པའི་གཞི་རྣམས་ལ་སློབ་ཅིང་། ལུས་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པར་གྱུར་པས་འཚོ་བ་ཡོངས་སུ་དག་ཀྱང་དེ་བདག་ཏུ་སྨྲ་བ་ཡིན་ཏེ། འོད་སྲུང་དེ་ནི་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་དང་པོ་ཞེས་བྱ་བ་ནས་འོད་སྲུང་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཀྱང་དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་པ་དེ་ནི་འོད་སྲུང་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་བཞི་པ་སྟེ་ཞེས་བྱ་བའི་བར་དུ་གསུངས་སོ། །གཉིས་པ་ལ་བཞི་སྟེ། མི་མཐུན་ཕྱོགས་ཀྱི་ཉེས་དམིགས་བརྗོད། གཉེན་པོ་ཚུལ་ཁྲིམས་བསྟེན་པ་གདམས། ཡོན་ཏན་ཀུན་གྱི་རྟེན་དུ་བརྗོད། མངོན་མཐོ་ངེས་ལེགས་རྒྱུ་རུ་བསྟན་པའོ། །དང་པོ་ནི། སྦྱིན་པས་ཞེས་སོགས་སོ། །གཉིས་པ་ནི་དེ་ཕྱིར་སོགས་སོ། །གསུམ་པ་ནི་ཡོན་ཏན་སོགས་སོ། །བཞི་པ་ནི་སོ་སོའི་སོགས་ཏེ། མདོ་སྡེ་ས་བཅུ་པ་ལས། མི་དགེ་བ་བཅུ་ལ་ཆེན་པོ་འབྲིང་ཆུང་ངུ་གསུམ་གསུམ་དུ་ཕྱེ་ནས་དང་པོར་དམྱལ་བ། གཉིས་པ་དུད་འགྲོ། གསུམ་པ་གཤིན་རྗེའི་འཇིག་རྟེན་གྱི་རྒྱུ་རུ་གསུངས་ལ། གལ་ཏེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་གཉིས་མངོན་པར་བསྒྲུབས་ཏེ། སྲོག་གཅོད་ཀྱིས་ཚེ་ཐུང་བ་དང་ནད་མང་བ་གཉིས། མ་བྱིན་པར་ལེན་པས་ལོངས་སྤྱོད་ཆུང་བ་དང་། ཐུན་མོང་བའི་ལོངས་སྤྱོད་དུ་འགྱུར་བ་གཉིས། ལོག་གཡེམ་གྱིས་འཁོར་ལ་ཡིད་བརྟན་དུ་མི་རུང་བ་དང་། དགྲ་ཟླ་དང་བཅས་པའི་ཆུང་མར་འགྱུར་པ་གཉིས། བརྫུན་དུ་སྨྲ་བས་སྐུར་བ་མང་བ་དང་། གཞན་གྱིས་བསླུས་པར་འགྱུར་བ་གཉིས། ཕྲ་མས་འཁོར་མི་འདུམས་པ་དང་། གཡོག་འཁོར་ངན་པར་འགྱུར་བ་གཉིས། ཚིག་རྩུབ་པོས་ཡིད་དུ་མི་འོང་བ་ཐོས་པ་དང་། འཐབ་མོའི་ཚིག་ཏུ་འགྱུར་བ་གཉིས། ཚིག་ཀྱལ་བས་བཟུང་བར་འོས་པའི་ཚིག་མ་ཡིན་པ་དང་། མ་ངེས་པའི་སྤོབས་པར་འགྱུར་བ་གཉིས། བརྣབ་སེམས་ཀྱིས་ཆོག་མི་ཤེས་པ་དང་། འདོད་པ་ཆེ་བར་འགྱུར་བ་གཉིས། གནོད་སེམས་ཀྱིས་ཕན་པ་མི་ཚོལ་བ་དང་། གཞན་གྱིས་གནོད་པ་བྱ་བར་འགྱུར་བ་གཉིས། ལོག་པར་ལྟ་བས་ལྟ་བ་ངན་པར་ལྟུང་བ་དང་། གཡོ་སྒྱུ་ཅན་དུ་འགྱུར་བ་གཉིས་བསྐྱེད་པར་གསུངས་ལ་འདི་དག་ནི་རྒྱུ་མཐུན་གྱི་འབྲས་བུ་ལ་རྣམ་སྨིན་གྱི་མིང་གིས་བཏགས་པའམ་ཡང་ན་མངོན་པ་ལས་འཕངས་པའི་འབྲས་བུ་ཉིད་ལ་རྣམ་སྨིན་དུ་བཤད་ཀྱང་དབུ་མའི་སྐབས་འདིར་འདི་དག་རྣམ་སྨིན་དུ་ཁས་ལེན་པ་འགལ་བ་མེད་པ་འདྲ་སྟེ། ས་བརྒྱད་པ་ཡན་ཆད་ཀྱི་ཡོན་ཏན་ལ་རྣམ་སྨིན་གྱི་ཡོན་ཏན་དང་འབྲས་བུ་ཆོས་སྐུ་ལ་སྦྱོར་བཞི་བསྒོམས་པའི་རྣམ་སྨིན་དུ་འཇོག་པ་བཞིན་ནོ། །དགེ་བ་བཅུ་ཡང་དག་པར་བླངས་པའི་རྒྱུས་མི་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་ལ། ཉན་ཐོས་ཀྱི་བྱང་ཆུབ་ཡིད་བྱེད་དང་། སྒྲའི་རྗེས་སུ་འབྲང་བའི་ཤེས་རབ་ཀྱིས་སྦྱངས་ན་ཉན་ཐོས་ཀྱི་ཐེག་པ་འགྲུབ། རང་རྒྱལ་གྱི་བྱང་ཆུབ་ཡིད་བྱེད་དང་། རྐྱེན་ཉིད་འདི་པ་ཟབ་མོ་ཁོང་དུ་ཆུད་པས་ཡོངས་སུ་སྦྱངས་ན་རང་སངས་རྒྱས་ཀྱི་ཐེག་པ་འགྲུབ། ཐེག་པ་ཆེན་པོའི་ལྟ་སྤྱོད་རྒྱ་ཆེ་བས་ཡོངས་སུ་སྦྱངས་ན་བྱང་ཆུབ་སེམས་དཔའི་ས་དང་། ཕར་ཕྱིན་ཡོངས་སུ་དག་པའི་སྤྱོད་པ་རྒྱ་ཆེན་པོ་འགྲུབ་པར་གསུངས་སོ། །གསུམ་པ་ནི་ཇི་ལྟར་སོགས་ཏེ། ས་གཉིས་པའི་བྱང་སེམས་ཀྱི་སེམས་རྒྱུད་ཚུལ་འཆལ་དང་ལྷན་ཅིག་ཏུ་མི་གནས་པའི་དཔེའོ། །ཁ་ཅིག༡༤ བཞི་བརྒྱ་པའི་འགྲེལ་བ་ལས། བཀྲ་ཤིས་མ་གང་དུ་ཞུགས་པའི་ཁྱིམ་དུ་རྣ་ནག་མ་ཡང་གདོན་མི་ཟ་བར་ཡོད་དོ་ཞེས་གསུངས་པ་དང་། འདིར་བཤད་པ་གཉིས་མི་འགལ་ཏེ། དེར་ནི་མིང་དེ་དང་ལྡན་པའི་གང་ཟག་གཉིས་ལ་དགོངས་ལ་འདིར་ནི་རྣ་ནག་མ་ཞེས་པ་བཀྲ་མི་ཤིས་པའི་མིང་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་མི་འཐད་དེ། བཞི་བརྒྱ་པའི་འགྲེལ་པའི་དོན། ཟག་བཅས་ཐམས་ཅད་སྡུག་བསྔལ་ཞེས་པའི་ཚུལ་གྱིས་ཟག་བཅས་ཀྱི་ཕུན་ཚོགས་གང་དུ་ཡོད་པ་དེར་སྡུག་བསྔལ་ཡོད་ཞེས་པའི་དོན་ཡིན་ལ། འདིར་ནི་འཇིག་རྟེན་ན་གྲགས་པའི་བཀྲ་ཤིས་པ་དང་། བཀྲ་མི་ཤིས་པ་གཉིས་ལྷན་ཅིག་ཏུ་མི་གནས་པའི་དོན་ཡིན་པས་རྣ་ནག་མ་བཀྲ་མི་ཤིས་པའི་མིང་གི་རྣམ་གྲངས་ཡིན་པར་འགྲེལ་པ་གཉིས་ཀ་མཐུན་པའི་ཕྱིར་རོ། །གཞན་དུ་གང་ཟག་གཉིས་ལ་འཆད་ན་གཅིག་གང་དུ་ཡོད་པར་གཅིག་ཤོས་ངེས་པར་ཡོད་པར་མི་རུང་ངོ་། །བཞི་པ་ནི་གང་གི་སོགས་སོ། །གཉིས་པ་ནི་རྒྱལ་སྲས་སོགས་ཏེ། ས་གཉིས་པ་ཟླ་བའི་འོད་ཀྱི་དཔེས་བསྟན་པའོ། །སེམས་བསྐྱེད་པ་གཉིས་པ་བཤད་ཟིན་ཏོ།། །།སེམས་བསྐྱེད་གསུམ་པ་ལ་ལྔ་སྟེ། ངེས་ཚིག་སྒོ་ནས་ས་ཡི་ངོ་བོ་བསྟན། ཕར་ཕྱིན་ལྷག་པའི་ཡོན་ཏན་རྒྱས་པར་བཤད། ས་དེར་ཡོན་ཏན་གཞན་ཡང་ཐོབ་པའི་ཚུལ། སྦྱིན་སོགས་གསུམ་གྱི་ཐུན་མོང་ཆོས་གསུམ་བཤད། ས་ཡི་ཡོན་ཏན་བརྗོད་དེ་མཇུག་སྡུད་བསྟན་པའོ། །དང་པོ་ནི་ཤེས་བྱའི་སོགས་ཏེ། ཟངས་འདྲའི་སྣང་བ་ནི་ཉི་མ་ཤར་ཁའི་དམར་སེར་ལྟ་བུ་སྟེ་ཉམས་ཀྱི་སྣང་བའོ། །གཉིས་པ་ལ་ལྔ་སྟེ། བཟོད་པའི་ཕར་ཕྱིན་ལྷག་པར་བསྟན། མི་བཟོད་པ་ཡི་ཉེས་དམིགས་བརྗོད། བཟོད་པའི་ཡོན་ཏན་རབ་ཏུ་བསྟན། དེས་ན་བཟོད་པ་བསྟེན་པར་གདམས། ཕ་རོལ་ཕྱིན་པའི་རྣམ་དབྱེ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྙིང་རྗེའི་སྒོ་ནས་བཟོད་པ་ལྷག ལྟ་བའི་སྒོ་ནས་བཟོད་པ་ལྷག་པའོ། །དང་པོ་ནི་གལ་ཏེ་སོགས་ཏེ། མདོ་སྡེ་རྒྱན་ལས། བརྩེར་ལྡན་གང་ཚེ་གནོད་པ་བྱེད་པ་དང་། །གཞན་ལ་ཕན་པའི་སྡུག་བསྔལ་ལ་རྟག་ཏུ། །ཕན་པའི་འདུ་ཤེས་དཀའ་བ་རྙེད་གྱུར་པ། །དེ་ཡི་གང་ལ་ཅི་ཞིག་བཟོད་པར་བྱ། །ཞེས་གསུངས་པ་དང་མཐུན་ནོ། །གཉིས་པ་ནི། བདག་མེད་སོགས་ཏེ། བྱམས་པའི་སྨོན་ལམ་ལས། ས་འམ་ཡང་ན་ཆུ་འམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང་། །བཟོད་པའམ་ཁྲོ་བ་མ་མཆིས་པ། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་གསུངས་པ་དང་དོན་གཅིག་སྟེ། གནོད་བྱ་གནོད་བྱེད་མ་མཐོང་བས། །བཟོད་བྱ་བཟོད་བྱེད་མ་མཐོང་ལ། །དེས་ན་བཟོད་པ་མ་བསྒོམས་ཀྱང་བཟོད་པར་འགྱུར་བའོ། །གཉིས་པ་ལ་གསུམ་སྟེ། རྣམ་སྨིན་ཡིད་མི་འོང་བ་འཕེན། སྔོན་བསགས་བསོད་ནམས་འཛད་པར་བྱེད། མཐོང་དང་མ་མཐོང་ཉེས་དམིགས་བརྗོད་པའོ། །དང་པོ་ནི། གནོད་པ་སོགས་སོ། །གཉིས་པ་ནི་གང་ཕྱིར་སོགས་ཏེ། འདིར་བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་པར་གསུངས་པ་དང་། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པའི་དགེ་བ་འཇོམས་པར་གསུངས་པ་ནི་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་དཔལ་ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་ཉེ་བར་འཇོམས་པར་བྱེད་པ་དེའི་ཕྱིར་ཁོང་ཁྲོ་བ་ཞེས་བྱའོ་ཞེས་དང་། དཀོན་བརྩེགས་ལས། ཁོང་ཁྲོ་བ་གང་ཞེ་ན། བསྐལ་པ་སྟོང་དུ་བསགས་པའི་དགེ་བའི་རྩ་བ་བསྲེགས་པའི་ངང་ཚུལ་ཅན་ནོ། །ཞེས་གསུངས་པའི་མདོ་ཐ་དད་ཀྱི་དགོངས་པའོ། །དེའི་དགོངས་པ་ཡང་འདིར་རྟེན་དང་ཡུལ་གཉིས་ཀ་བྱང་སེམས་སུ་གསུངས་པས་བྱང་སེམས་སྟོབས་ཆེ་བས་ཆུང་བ་ལ་ཁོང་ཁྲོ་བའི་དབང་དུ་བྱས་པར་གསལ་ཏེ། རྟེན་གྱི་སྐབས་སུ་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་དེས་ཞེས་དང་། ཡུལ་གྱི་སྐབས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་ཞེས་གསུངས་པའི་ཕྱིར་རོ། །རིགས་པ་དེ་ཉིད་ཀྱིས་སྤྱོད་འཇུག་གི་དགོངས་པ་བྱང་སེམས་སྟོབས་ཆུང་བས་ཆེ་བ་ལ་ཁོང་ཁྲོ་བའི་དབང་དུ་བྱས་པར་གྲུབ་ཅིང་། བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁོང་ཁྲོ་བསྐྱེད་ན་རྣམ་པར་སྨིན་པ་ཚད་བཟུང་དུ་མེད་པར་ཡང་གྲུབ་སྟེ། འགྲེལ་པར། བྱང་ཆུབ་སེམས་དཔའ་མ་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཁོང་ཁྲོ་བསྐྱེད་པ་ལ་ལྟ་ཅི་སྨོས་ཏེ། རྒྱ་མཚོ་ཆེན་པོའི་ཆུའི་ཚད་སྲང་གྲངས་ཀྱིས་ངེས་པར་མི་ནུས་པ་ལྟར། རྣམ་པར་སྨིན་པའི་མཚམས་ངེས་པར་མི་ནུས་སོ་ཞེས་གསུངས་པས་སོ། །གསུམ་པ་ནི། མི་སྡུག་སོགས་སོ། །གསུམ་པ་ནི་བཟོད་པ་སོགས་སོ། །བཞི་པ་ནི་སོ་སོའི་སོགས་སོ། །ལྔ་པ་ནི་རྫོགས་སངས་སོགས་སོ། །གསུམ་པ་ས་དེར་ཡོན་ཏན་གཞན་ཡང་ཐོབ་པའི་ཚུལ་ནི། ས་དེར་སོགས་ཏེ། འདིར་མདོ་ལས། འདོད་པའི་འཆིང་བ་དང་། གཟུགས་ཀྱི་འཆིང་བ་དང་། སྲིད་པའི་འཆིང་བ་དང་། མ་རིག་པའི་འཆིང་བ་ཐམས་ཅད་བསྲབས་པར་འགྱུར་བ་དང་། ལོག་པའི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་འགྲིབ་པར་བྱ་བ་མ་ཡིན་པར་སྤོང་བར་འགྱུར་བར་གསུངས་ཏེ། དབུ་མའི་གཞུང་ལུགས་འདིར། སོ་སོའི་སྐྱེ་བོ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་ཐམས་ཅད་དང་ཉན་རང་གི་སྒོམ་སྤང་དུ་བྱེད་པའི་རང་དབང་མེད་པར་འཁོར་བར་སྐྱེ་བའི་རྒྱུའི་ཆ་རྣམས་བྱང་སེམས་ཀྱི་མཐོང་ལམ་གྱིས་སྤངས་ཟིན་ཀྱང་། དེའི་གནས་ངན་ལེན་གྱི་ཆ་བྱང་སེམས་ཀྱི་སྒོམ་ལམ་གྱི་གནས་སྐབས་སུ་སྦྱོང་བར་བྱེད་པ་ལས་ས་གསུམ་པའི་གནས་ངན་ལེན་སྦྱང་བའི་ཚད་བསྟན་པའོ། །ཁ་ཅིག་༡༥ཟད་པའི་དོན་ནི་གཏན་ཟད་པ་མ་ཡིན་ཏེ། མདོ་ལས་བསྲབས་པར་གསུངས་པས་སོ། །དེ་དག་གི་དོན་ནི་བྱང་སའི་དགོངས་པ་ལྟར་ན། འཇིག་རྟེན་པའི་བསམ་གཏན་དང་། གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་མཐུས་འདོད་པ་དང་། གཟུགས་དང་། གཟུགས་མེད་ལ་ཆགས་པ་དང་བྲལ་བ་ཡིན་ཏེ། སྔར་བཤད་པའི་མངོན་གྱུར་སྤངས་པའོ། །དེས་ན་བསྲབས་པ་ཞེས་གསུངས་པར་མངོན་ནོ། །འཆིང་བ་ཡང་མངོན་པ་ནས་བཤད་པ་ཡིན་པར་མངོན་ནོ། །ཞེས་འཆད་པ་ནི་ནོར་ཏེ། འཇིག་རྟེན་པའི་བསམ་གཏན་དང་། གཟུགས་མེད་ཀྱིས་འདོད་པ་སོགས་ལ་ཆགས་བྲལ་ས་གསུམ་པར་བྱེད་དགོས་ན་ས་དང་པོར་སྙོམས་འཇུག་དགུ་ཆར་མ་ཐོབ་པར་ཐལ་བའི་ཕྱིར་དང་། འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་ཀྱིས་གཟུགས་མེད་ལ་ཆགས་པ་དང་བྲལ་བར་བྱེད་ཀྱང་མི་ནུས་པའི་ཕྱིར་དང་། འཆིང་བ་ཡང་མངོན་པ་ནས་བཤད་པ་ཡིན་པར་འདོད་པ་ནི་དབུ་མ་ལས་བཤད་པའི་ཉོན་མོངས་དང་། མངོན་པ་ལས་བཤད་པའི་ཉོན་མོངས་གཉིས་གང་ཟག་གཅིག་གི་རྒྱུད་ལ་སོ་སོར་ཡོད་པར་འདོད་པ་གྲུབ་མཐའི་འདོད་ཚུལ་དང་། དོན་གྱི་གནས་ཚུལ་མ་ཕྱེད་པར་གོང་དུ་བཤད་ཟིན་པའི་ཕྱིར་རོ། །བཞི་པ་སྦྱིན་སོགས་གསུམ་གྱི་ཐུན་མོང་ཆོས་གསུམ་བཤད་པ་ནི། སྦྱིན་སོགས་སོགས་ཏེ། ཁྱིམ་པའི་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པ་སྟེ། ཚུལ་ཁྲིམས་ཡང་མི་དགེ་བ་བཅུ་སྤོང་ངོ་། །ལྔ་པ་ས་ཡི་ཡོན་ཏན་བརྗོད་དེ་མཇུག་སྡུད་བསྟན་པ་ནི། རྒྱལ་བའི་སོགས་ཏེ། ས་གསུམ་པ་ཉི་མའི་འོད་ཟེར་གྱི་དཔེས་བསྟན་པའོ། །སེམས་བསྐྱེད་པ་གསུམ་པ་བཤད་ཟིན་ཏོ།། །།སེམས་བསྐྱེད་པ་བཞི་པ་ལ་བཞི་སྟེ། བརྩོན་འགྲུས་ཉིད་ཀྱི་ཆེ་བའི་ཡོན་ཏན་བརྗོད། བརྩོན་འགྲུས་ལྷག་པས་ས་ཡི་ངོ་བོ་བསྟན། བསྒོམས་པའི་ཉམས་ཀྱི་ས་ཡི་ངེས་ཚིག་བསྟན། ས་དེའི་སྤངས་པའི་ཁྱད་པར་རྣམ་པར་བཞག་པའོ། །དང་པོ་ནི་ཡོན་ཏན་སོགས་སོ། །གཉིས་པ་ནི་བརྩོན་འགྲུས་སོགས་སོ། །གསུམ་པ་ནི་དེར་ནི་སོགས་ཏེ། སྣང་བ་ཟངས་ཀྱི་འོད་བས་ལྷག་པ་ནི་ཉམས་ཀྱི་སྣང་བའོ། །བཞི་པ་ནི། རང་དུ་སོགས་ཏེ། འདིར་མདོ་ལས་འཇིག་ལྟ་སྔོན་དུ་འགྲོ་བའི་གང་ཟག་གི་བདག་འཛིན་དང་། ཆོས་ཀྱི་བདག་འཛིན་ཟད་པར་གསུངས་པའི་དོན་ནི་ངོ་བོ་ས་དང་པོ་ནས་སྤངས་ཟིན་ཀྱང་། འདིར་གནས་ངན་ལེན་ཟད་པ་སྟེ་སྔར་བཤད་པ་དང་འདྲའོ། །ཁ་ཅིག་༡༦ཟད་པའི་དོན་ཡང་ས་དེའི་སྤང་བྱར་གྱུར་པའི་བདག་འཛིན་གཉིས་ཀྱི་ས་བོན་སྤངས་པ་ཡིན་གྱི་ཐམས་ཅད་ཟད་པ་མ་ཡིན་ནོ། །མདོ་ལས་ཀྱང་འཇིག་ལྟ་ལྷན་སྐྱེས་ཡོད་པར་བསྟན་ནོ་ཞེས་སྨྲ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་དག་གི་གནས་ལུགས་མངོན་སུམ་དུ་རྟོགས་ཀྱང་གང་ཟག་ལ་བདེན་པར་འཛིན་པའི་བདེན་འཛིན་མངོན་གྱུར་དུ་ཡོད་པའི་བྱང་སེམས་འཕགས་པ་ནི་ངོ་མཚར་ཆེ་སྟེ། གྲུབ་མཐའ་ངན་པ་འདིས་གོང་འོག་ཀུན་ཏུ་ཁྱབ་འདུག་གོ །སེམས་བསྐྱེད་པ་བཞི་པ་བཤད་ཟིན་ཏོ།། །།སེམས་བསྐྱེད་པ་ལྔ་པ་ལ་གསུམ་སྟེ། སའི་ངེས་ཚིག ཕར་ཕྱིན་ལྷག་པ། ཡོན་ཏན་གཞན་བསྟན་པའོ། །དང་པོ་ནི། བདག་ཉིད་སོགས་སོ། །གཉིས་པ་ནི། བསམ་གཏན་ལྷག་ཅིང་ཅེས་པའོ། །གསུམ་པ་ནི། བློ་བཟང་སོགས་ཏེ། འདིར་འགྲེལ་པར་བློ་བཟང་ཞེས་བྱ་བ་ནི་འཕགས་པ་རྣམས་སོ། །དེ་དག་གི་བདེན་པ་རྣམས་ནི་བློ་བཟང་བདེན་པ་སྟེ། འཕགས་པའི་བདེན་པ་རྣམས་ཞེས་བྱ་བའི་དོན་ཏོ། །རང་བཞིན་ནི་རང་གི་ངོ་བོའོ། །ཤེས་པ་ཞིབ་མོས་ཁོང་དུ་ཆུད་པར་བྱ་བའི་རང་བཞིན་ནི་རང་བཞིན་ཞིབ་མོ་སྟེ་ཞེས་གསུངས་པས་ཞིབ་མོ་ནི་ཡུལ་གྱི་ཁྱད་ཆོས་ཡིན་ནོ། །ཁ་ཅིག་༡༧་རིགས་པ་དྲུག་ཅུ་པའི་འགྲེལ་བར་བདེན་པ་གཞན་གསུམ་ཀུན་རྫོབ་བདེན་པ་དང་། འགོག་བདེན་དོན་དམ་བདེན་པར་གསུངས་ཚུལ་དང་། འདིར་ཡང་དེ་ལ་སྡུག་བསྔལ་དང་། ཀུན་འབྱུང་དང་། ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་སོ། །འགོག་པའི་བདེན་པ་ནི་དོན་དམ་པའི་རང་གི་ངོ་བོ་ཞེས་གསུངས་པ་ཤེས་བྱེད་དུ་བྱས་ནས་འགོག་བདེན་ཀུན་རྫོབ་བདེན་པར་སྨྲ་བ་ནི་མཐའ་མ་ཆོད་པའོ་ཞེས་གཞན་ལ་དགག་པ་བརྗོད་པ་ནི་དོན་ལ་དེ་ལྟར་ཡིན་ཀྱང་། ཁྱེད་རང་ལ་ཁས་བླངས་འགལ་ཏེ། དེ་ཁོ་ན་ཉིད་མ་རྟོགས་པའི་སོ་སོའི་སྐྱེ་བོས་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པར་ཁས་བླངས་པའི་ཕྱིར་རོ། །སེམས་བསྐྱེད་པ་ལྔ་པ་བཤད་ཟིན་ཏོ།། །།སེམས་བསྐྱེད་དྲུག་པ་ལ་བཞི་སྟེ། ཤེར་ཕྱིན་ལྷག་པས་འགོག་པ་ཐོབ་པར་བསྟན། ཞར་ལ་ཤེར་ཕྱིན་ཉིད་ཀྱི་ཆེ་བ་བརྗོད། ཤེར་ཕྱིན་དེ་ལ་འཇུག་ཚུལ་གཏན་ལ་དབབ། ཚུལ་དེས་ཐོབ་པའི་ཡོན་ཏན་བསྡུས་ཏེ་བསྟན་པའོ། །དང་པོ་ནི་མངོན་གྱུར་སོགས་ཏེ། ས་ལྔ་པར་བསམ་གཏན་གྱི་ཕར་ཕྱིན་ཡོངས་སུ་དག་པ་ཐོབ་པས་ས་དྲུག་པར་ཞི་གནས་ཕུལ་དུ་བྱུང་བ་ལ་གནས་ཤིང་ལྷག་མཐོང་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཤེར་ཕྱིན་ལྷག་པར་ཐོབ་པས་སྤྲོས་པ་མཐའ་དག་བཀག་པའི་འགོག་པ་ཐོབ་པར་འགྱུར་གྱི་སྔ་རོལ་དུ་ནི་མ་ཡིན་ཏེ། ཤེས་རབ་ལྷག་པར་གྱུར་པ་མེད་པའི་ཕྱིར། ཅིའི་ཕྱིར་མངོན་དུ་གྱུར་པ་ཞེས་བྱ་ཞེ་ན། གཟུགས་བརྙན་དང་འདྲ་བའི་ཆོས་ཉིད་ཁོང་དུ་ཆུད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའི་ས་ལྔ་པར་ལམ་གྱི་བདེན་པ་ལ་དམིགས་པའི་ཕྱིར་དང་། རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མངོན་དུ་ཕྱོགས་པའི་ཕྱིར་ཞེས་རྒྱུ་མཚན་གསུམ་གསུངས་སོ། །གཉིས་པ་ནི། ཇི་ལྟར་སོགས་ཏེ། མདོ་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་ཐོབ་བོ། །ཞེས་སོ། །གསུམ་པ་ལ་གསུམ་སྟེ། གང་ལ་བརྟེན་ནས་བཤད་པའི་ཚུལ། གང་ལ་བཤད་པར་བྱ་བའི་ཡུལ། བཤད་བྱའི་སྟོང་ཉིད་གཏན་ལ་དབབ་པའོ། །དང་པོ་ནི། ཇི་ལྟར་སོགས་ཏེ། འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་སྨྲས་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་ནི་གང་། ས་དྲུག་པའི་བྱང་སེམས་ཀྱིས་དེ་མཐོང་བའི་ཚུལ་ཇི་ལྟར་སྙམ་ན། དེའི་རང་གི་ངོ་བོ་ནི་མ་རིག་པའི་ལིང་ཐོག་མཐུག་པོས་བློ་གྲོས་ཀྱི་མིག་མ་ལུས་པར་གཡོགས་པ་བདག་ཅག་གི་ཡུལ་དུ་ཉེ་བར་འགྲོ་བ་མ་ཡིན་གྱི་ས་དྲུག་པ་ལ་སོགས་པ་ས་གོང་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་དུ་ནི་འགྱུར་བ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ཅག་ལ་དྲི་བར་བྱ་བ་མ་ཡིན་གྱི་དྲི་མ་མེད་པའི་བློ་མངའ་བའི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ལ་དྲི་བར་བྱའོ། །ཞེས་གསུངས་པ་ནི་སློབ་དཔོན་ཟླ་བ་རང་ཉིད་ས་མ་ཐོབ་པར་ལུང་རིགས་དང་བླ་མའི་མན་ངག་ལ་བརྟེན་ནས་བསྟན་བཅོས་རྩོམ་པ་ཡིན་ན་འདི་དག་སྒྲ་ཇི་བཞིན་པ་སྟེ། ལུང་རིགས་དང་། བླ་མའི་མན་ངག་ལ་མ་བརྟེན་པར་དེ་ཁོ་ན་ཉིད་རང་སྟོབས་ཀྱིས་སྟོན་པར་མི་ནུས་པའི་ཕྱིར་རོ། །ས་ཐོབ་ནས་རྩོམ་པ་ཡང་དགག་པར་མི་ནུས་པས་དེ་ལྟར་ན་མ་འོངས་པའི་འཆད་པ་པོ་དང་། རྩོམ་པ་པོ་རྣམས་ཀྱི་ང་རྒྱལ་བཅག་པའི་ཆེད་དུ་ཁེངས་བསྐྱུང་བ་སྟེ། སློབ་དཔོན་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །ཞེས་པ་ལྟར་རོ། །གལ་ཏེ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འཕགས་པ་ས་བཅུ་པ་ལ་སོགས་པ་མདོ་སྡེ་གང་དག་འདོན་པ་དེ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཇི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཉིད་མཐོང་བ་ཞེས་བྱ་བ་གསུངས་པ་མ་ཡིན་ནམ། དེའི་ཕྱིར་ལུང་གི་རྗེས་སུ་འབྲང་ནས་བཤད་པར་རིགས་སོ་ཞེ་ན། འདི་ཡང་ཡོད་པ་མ་ཡིན་ཏེ། ལུང་གི་དགོངས་པ་ངེས་པར་དཀའ་བའི་ཕྱིར་བདག་ཅག་འདྲ་བས་ལུང་ལས་ཀྱང་དེ་ཁོ་ན་ཉིད་བསྟན་པར་མི་ནུས་སོ། །རང་ཉིད་ཀྱི་དབང་དུ་བྱས་ནས་དེ་སྐད་དུ་བརྗོད་ཀྱི་བསྟན་བཅོས་ཚད་མར་གྱུར་པའི་སྐྱེས་བུས་བྱས་ཞིང་ལུང་ཕྱིན་ཅི་མ་ལོག་པར་འཆད་པ་མཐོང་བ་ལས་ལུང་གི་དགོངས་པ་ངེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་བདག་ཉིད་ཇི་ལྟ་བ་ཉིད་ཇི་ལྟར་མཐོང་བ་དེ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱིས་ལུང་ཕྱིན་ཅི་མ་ལོག་པར་མཁྱེན་ནས་དབུ་མའི་བསྟན་བཅོས་ལས་རིགས་པ་དང་ལུང་དག་གིས་ཆོས་རྣམས་ཀྱི་བདག་ཉིད་ཇི་ལྟ་བ་ཉིད་རང་བཞིན་མེད་པའི་མཚན་ཉིད་ཅན་ཆེས་གསལ་བར་བསྟན་ཏོ། །དེའི་ཕྱིར་ཇི་ལྟར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་རིགས་པ་དང་ལུང་དག་གིས་ཆོས་རྣམས་ཀྱི་དེ་ཉིད་བསྟན་པ་དེ་ཁོ་ན་ལྟར། བདག་གིས་དེས་ཉེ་བར་བསྟན་པའི་ལུགས་ཇི་ལྟར་གནས་པ་བཞིན་དུ་བརྗོད་པར་བྱའོ། །ཅི་སྟེ་རེ་ཞིག་འཕགས་པ་ཀླུ་སྒྲུབ་དེ་ཉིད་ལ་ལུང་ཕྱིན་ཅི་མ་ལོག་པར་ངེས་པ་ཇི་ལྟར་ཡོད་ཅེ་ན། ལུང་ལས་ཏེ། དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བྷེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཛིན་པ། །ང་ཡི་ཐེག་པ་འཇིག་རྟེན་ན། །བླ་མེད་ཐེག་ཆེན་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང་། ཡང་འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས་ཀྱང་། ཀུན་དགའ་བོ་ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱི་རབ་ཏུ་དྭང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་འདིས་ལུང་ཕྱིན་ཅི་མ་ལོག་པར་ངེས་པར་གྲུབ་བོ། །ཞེས་འགྲེལ་པར་གསུངས་པ་འདིས་སོ་སོ་སྐྱེ་བོས་ལུང་རིགས་དང་བླ་མའི་མན་ངག་ལ་མ་བརྟེན་པར་བཀའི་དགོངས་པ་རང་དབང་དུ་འགྲེལ་བའི་བསྟན་བཅོས་རྩོམ་མི་ནུས་ཤིང་བཀའི་དགོངས་པ་རང་དབང་དུ་འགྲེལ་བའི་བསྟན་བཅོས་རྩོམ་པ་ལ་ས་ཐོབ་དགོས་པར་བསྟན་ཏེ། སློབ་དཔོན་སེངྒེ་བཟང་པོས། ཤེས་རབ་མི་གསལ་བསྟན་བཅོས་ཀུན། །ཕྱི་རོལ་གྱུར་དག་ག་ན་ཞིག །འཕགས་བློའི་སྤྱོད་ཡུལ་བདག་ཉིད་ཆེ། །བསྟན་བཅོས་དོན་ནི་གང་ན་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གསུམ་སྟེ། སྣོད་ལ་བསྟན་པར་བྱ་བ། དེ་ལ་བསྟན་པའི་ཕན་ཡོན། དེས་ན་མཉན་པར་གདམས་པའོ། །དང་པོ་ནི། སོ་སོའི་སོགས་ཏེ། སྤྱིར་སྟོང་པ་ཉིད་ཀྱི་ལྟ་བ་སྟོན་པའི་ཡུལ་ལ་གསུམ་སྟེ། ཕྱི་ནང་གི་དངོས་པོར་སྨྲ་བའི་གྲུབ་མཐའ་ཁས་ལེན་པ་ལ། ཐལ་འགྱུར་གྱི་རིགས་པས་ལོག་རྟོག་བཅོམ་པའི་སྒོ་ནས་བསྟན་པར་བྱ་བ་དང་། ལས་དང་པོ་པ་བློ་རིམ་གྱིས་སྦྱངས་ནས་བསྟན་པར་བྱ་བ་དང་། ཐེག་ཆེན་གྱི་རིགས་སད་པ་ལ་དང་པོ་ཉིད་ནས་བསྟན་པར་བྱ་བ་རྣམས་སོ། །དང་པོ་ནི་སློབ་དཔོན་འདིས་གྲངས་ཅན་པས་མྱུ་གུ་ཡོད་པ་བདག་ལས་སྐྱེ་བར་ཁས་བླངས་པ་ལ་སྐྱེ་བ་དོན་མེད་དུ་ཐལ་བ་སོགས་ཀྱི་གནོད་བྱེད་བརྗོད་པས་བདག་ལས་སྐྱེ་བའི་ལོག་རྟོག་བཟློག མྱུ་གུ་རང་བཞིན་གྱིས་སྐྱེ་བའི་སྒྲུབ་བྱེད་ཀྱང་བདག་སྐྱེ་ལས་གཞན་མ་མཐོང་བས་རང་བཞིན་སྐྱེ་མེད་ཀྱི་དོན་རྟོགས་པར་གསུངས་པ་ལྟ་བུ་སྟེ་ཆོས་དང་གང་ཟག་བདེན་པར་གྲུབ་པའི་སྒྲུབ་བྱེད་འགོད་པའི་དངོས་སྨྲ་བ་ཐམས་ཅད་ལའང་དེ་བཞིན་ནོ། །གཉིས་པ་ནི། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་སྟོན་པ་དང་། །ཞེས་བྱང་ཆུབ་སེམས་དཔའི་རྩ་ལྟུང་དུ་གསུངས་པས། གྲུབ་མཐའ་ལ་མ་ཞུགས་པའི་ལས་དང་པོ་པ་དལ་འབྱོར་རྙེད་དཀའ་སོགས་ཀྱིས་བློ་རིམ་གྱིས་སྦྱངས་ནས་ཕྱིས་སྟོང་ཉིད་སྟོན་དགོས་པར་གྲུབ་བོ། །གསུམ་པ་ནི་མདོ་སྡེ་ས་བཅུ་པ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པའི་དོན་རིན་ཆེན་ཕྲེང་བར། ཟབ་མོ་འཁུ་འཕྲིག་ཅན་འཇིགས་པ། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་དང་། འཁུ་འཕྲིག་གི་དོན། གཞུང་འདིར་བཤད་པའི་ལུས་ངག་གི་མཚན་མ་སྟེ། དེ་དང་ལྡན་པ་རྣམས་སོ། །འདི་ནི་རྒྱུད་བླ་དང་མདོ་སྡེ་རྒྱན་དུ། བྱང་སེམས་འཕགས་པའི་རྒྱུར་ཐེག་ཆེན་གྱི་ཆོས་ལ་མོས་པ་སོགས་བཞི་གསུངས་པའི་ཆོས་མོས་དང་། མོས་པའི་ལེའུ་ནས་གསུངས་པའི་མོས་པ་རྣམས་དང་དོན་གཅིག་གོ །བསྟན་པའི་ཚུལ་ཡང་གཞུང་ནས་བཤད་པའི་རིགས་པ་རྣམས་ཀྱིས་བསྟན་དགོས་ཏེ། རིགས་པས་མ་བསྟན་པར་དམ་བཅའི་ཚིག་ཙམ་གྱིས་བསྟན་ན་དོན་མི་ངེས་པས་དབང་རྣོན་ངེས་པ་མི་སྐྱེ་ཞིང་དབང་རྟུལ་ལ་ནི་སྟོང་ཉིད་སྤངས་ནས་ངན་འགྲོར་འགྲོ་བའམ་སྟོང་ཉིད་ཀྱི་དོན་མེད་པ་ཉིད་དུ་བཟུང་ནས་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་རྟོགས་འཕེལ་བར་བྱེད་པའི་ཕྱིར་ཏེ། དབུ་མ་རྩ་བར། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ལོག་པར་བསྒྲུབས་པ་བཞིན། །ཞེས་དང་། རིན་ཆེན་ཕྲེང་བར། ཆོས་འདི་ལོག་པར་ཤེས་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་འཛའ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །གཞུང་ནས་བཤད་པའི་རིགས་པ་རྣམས་དངོས་སྨྲ་བ་འགོག་པའི་རིགས་པ་མ་ཡིན་ནམ་སྙམ་ན་ཡིན་མོད། ཡུལ་དང་པོ་ལ་ནི་རང་རང་གི་གྲུབ་མཐས་བཏགས་པའི་ལོག་རྟོག་བཟློག་པའི་སྒོ་ནས་བསྟན་ལ། ཕྱི་མ་གཉིས་ལ་ནི་དངོས་པོ་རང་བཞིན་གྱིས་ཡོད་ན་ཡོད་ཚུལ་འདི་དག་ལས་མ་འདས་སོ་ཞེས་པའི་མཐའ་གཅོད་པའི་སྒོ་ནས་སྟོན་པ་སྟེ། གཞན་དུ་ན་གཞུང་འདིར་ཡུལ་ཕྱི་མ་ཁོ་ན་ལ་དེ་ཁོ་ན་ཉིད་བསྟན་པར་གསུངས་ཤིང་། བསྟན་བྱའི་དེ་ཁོ་ན་ཉིད་དེ་མཐའ་བཞིའི་སྐྱེ་བ་བཀག་པའི་སྒོ་ནས་བསྟན་པ་དེ་ཇི་ལྟར་འཆད། གཞུང་ལུགས་ཆེན་པོའི་གོང་འོག་བསྒྲིགས་ནས་སྐབས་འདིར་སྐབས་སུ་བབ་པ་འདི་ཉིད་ཡིན་ཞེས་པའི་སྒོ་ནས་བཤད་པར་བྱ་ཡི་གཅིག་མཐོང་བ་རྒྱུ་མཚན་དུ་བྱས་ནས་གཞན་རྣམས་དོར་བར་མི་བྱའོ། །གཉིས་པ་ནི། དེ་ལ་སོགས་ཏེ་ཡུལ་གསུམ་ཆར་ལ་ཡང་སྟོང་ཉིད་ཀྱི་ལྟ་བ་ངེས་པའི་རྗེས་སུ་ཡོན་ཏན་འདི་དག་འབྱུང་བར་འདྲ་སྟེ། ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་དགོས་པའི་ཕྱིར་རོ། །གསུམ་པ་ནི། ཟབ་ཅིང་སོགས་སོ། །གསུམ་པ་བཤད་བྱའི་སྟོང་ཉིད་གཏན་ལ་དབབ་པ་ལ་གཉིས་ཏེ། ཐུན་མོང་ཐེག་པས་རྟོགས་བྱའི་སྟོང་ཉིད་བཤད། ཐེག་པ་ཆེན་པོས་རྟོགས་བྱའི་སྟོང་ཉིད་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟེན་འབྲེལ་ཆོས་ཀྱི་བདག་མེད་སྒོ་ནས་བཤད། རྟེན་འབྲེལ་གང་ཟག་བདག་མེད་སྒོ་ནས་བཤད་པའོ། །དང་པོ་ལ་གསུམ་སྟེ། དེ་ཁོ་ན་ཉིད་ལུང་ལས་ངེས་པའི་ཚུལ། བསྟན་བཅོས་སུ་གཏན་ལ་དབབ་པའི་ཚུལ། དེ་ཉིད་གཞུང་འདིར་རིགས་པས་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི་འཕགས་པ་ས་བཅུ་པ་ལས། ཀྱཻ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པ་དེ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་སྟེ། དེ་ཆོས་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་དང་། དེ་བཞིན་དུ་སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང་། དབེན་པ་དང་། གདོད་མ་ནས་རྣམ་པར་དག་པ་དང་། སྤྲོས་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཆ་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉིད་དོ། །དེ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་རབ་ཏུ་རྟོགས་པ་ན། རྣོ་ཞིང་རྗེས་སུ་མཐུན་པའི་བཟོད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་སྟེ། ཞེས་གསུངས་པ་ལྟ་བུ་སྟེ། དང་པོ་བརྒྱད་དོན་དམ་པར་མཉམ་པ་ཉིད་དང་། དགུ་པ་སྒྱུ་མ་སོགས་དཔེ་བདུན་གྱིས་བསྟན་པ་ནི་ཀུན་རྫོབ་ཏུ་མཉམ་པ་ཉིད་དང་། ཐ་མ་ནི་བདེན་པ་གཉིས་ཆར་དུ་མཉམ་པ་ཉིད་དོ། །རྣོ་བ་ནི་མཉམ་པ་ཉིད་བཅུ་པོ་ལ་ཐུགས་ཤིན་ཏུ་གསལ་བ་དང་། རྗེས་སུ་མཐུན་པའི་བཟོད་པ་ནི་དེ་དག་ལ་མི་སྐྲག་པ་སྟེ། དེའི་སྒོ་ནས་ས་དྲུག་པ་འཐོབ་ཅེས་པའོ། །གཉིས་པ་ནི་དེའི་ཕྱིར་འདིར་ཆོས་སྐྱེ་བ་མེད་པ་མཉམ་པ་ཉིད་ཁོ་ན་རིགས་པས་བསྟན་པ་ཉིད་ཀྱིས་ཆོས་མཉམ་པ་ཉིད་གཞན་བསྟན་པར་སླ་བར་དགོངས་ཏེ། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ཀྱི་དང་པོར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་ཉེ་བར་བཀོད་པ་ཡིན་ནོ། །འདིར་འོག་གི་ཡོད་པ་མ་ཡིན་ཞེས་པ་བདག་ལས་ཞེས་སོགས་བཞི་དང་འབྲེལ་བས་དམ་བཅའ་སྟོན་ཏེ། ཕྱི་ནང་གི་དངོས་པོ་གང་དག་ཡུལ་དུས་གྲུབ་མཐའ་གང་ནའང་བདག་ལས་སྐྱེ་བ་ནམ་ཡང་སྲིད་པ་མ་ཡིན་ནོ་ཞེས་སོགས་བཞི་སྦྱར་བར་བྱའོ། །གྲུབ་མཐའ་གང་ནའང་ཞེས་པའི་དོན་ནི་དབང་གིས་ཞེས་པའི་དོན་ཡིན་གྱི་ལུགས་ལ་ཞེས་པའི་དོན་མ་ཡིན་ནོ། །དམ་བཅའ་བཞི་པོ་འདི་ཉིད་སྒྲུབ་པའི་རིགས་པ་ལ། སློབ་དཔོན་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་གཉིས་ཀྱི་ཕྱེ་བའི་ཐལ་འགྱུར་དང་རང་རྒྱུད་ཀྱི་སྲོལ་ཆེན་པོ་གཉིས་སྣང་སྟེ། འདི་ལ་ཐལ་རང་གི་ཁྱད་པར་ངོས་བཟུང་། རང་རྒྱུད་ཀྱི་ལུགས་དགག ཐལ་འགྱུར་གྱི་ལུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ཁ་ཅིག་༡༨ཀུན་གཞི་ཁས་ལེན་མི་ལེན་དང་། ཉོན་ཡིད་ཁས་ལེན་མི་ལེན་དང་། རང་རིག་དང་ཕྱི་དོན་ཁས་ལེན་མི་ལེན་སོགས་ཀྱི་ཁྱད་པར་ནི་འོག་ཏུ་འགོག་པར་འགྱུར་ལ། དོན་དམ་གྱི་དགག་བྱའི་ཁྱད་པར་ལ་རང་རྒྱུད་པའི་སྐབས་སུ་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཆོས་དེ་རྣམས་ཀྱི་སྡོད་ལུགས་གཅིག་ཡོད་པར་འཛིན་པ་ནི་ཐོག་མ་མེད་པ་ནས་ཞུགས་པའི་ལྷན་སྐྱེས་ཀྱི་བདེན་འཛིན་ནོ། །རང་རྒྱུད་པས་འདིར་བཞག་པ་ནི་ཐལ་འགྱུར་བའི་དགག་བྱ་འཛིན་པའི་བློ་ལ་ལྟོས་ན་ཤིན་ཏུ་རགས་པས་ཕྲ་བའི་བདེན་འཛིན་ལྷན་སྐྱེས་ནི་མ་ཡིན་ནོ། །ནམ་ཞིག་བདེན་འཛིན་དེས་གཟུང་བའི་བདེན་གྲུབ་རིགས་པས་ཁེགས་པ་ན་སྒྱུ་མ་མཁན་བཞིན་དུ་ཕྱི་ནང་གི་ཆོས་རྣམས་ལ་ནང་གི་བློའི་དབང་གིས་མ་བཞག་པའི་སྡོད་ལུགས་ཡོད་པར་མི་འཛིན་པར་བློའི་དབང་གིས་བཞག་པའི་ཡོད་པ་ཙམ་དུ་ཤེས་པར་འགྱུར་རོ་ཞེས་དང་། རང་རྒྱུད་པས་དེ་རིགས་པས་འགོག་ཚུལ་གྱི་སྐབས་སུ་དངོས་པོ་ལ་གཟུགས་ཅན་ཡིན་མིན་གཉིས་སུ་ཁ་ཚོན་ཆོད་ཅིང་གཟུགས་ཅན་ལ་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་ལ་དུས་སྔ་ཕྱིའི་ཆ་མེད་དགག་པ་གཞན་ནས་བཤད་པ་ལྟར་བྱ་ལ། དངོས་པོ་ལ་ཆ་བཅས་ཀྱིས་ཁྱབ་པར་བསྒྲུབ། དེ་ནས་ཆ་དང་ཆ་ཅན་གཉིས་ཀ་ངོ་བོ་ཐ་དད་ན་འབྲེལ་མེད་དུ་འགྱུར་བས་དགག་ལ་ངོ་བོ་གཅིག་ཏུ་བསྟན། དེའི་ཚེ་དེ་ལ་ཡིད་ཅི་ལྟར་གཏད་པ་ན་ཡིན་ཚུལ་ངོ་བོ་གཅིག་ཡིན་ཀྱང་སྣང་ཚུལ་ལ་ངོ་བོ་ཐ་དད་དུ་སྣང་བ་སྙོན་དུ་མེད་པས་སྒྱུ་མ་བཞིན་དུ་དེར་སྣང་བ་དང་། དེས་སྟོང་པ་གཉིས་ཚོགས་པར་གཏན་ལ་དབབ། དེ་ནས་དེ་འདྲ་དེ་བློ་ལ་སྣང་བའི་དབང་གིས་བཞག་པའི་བརྫུན་པའི་སྡོད་ལུགས་ལ་འགལ་བ་མེད་ཀྱང་གཞི་དེ་བློ་ལ་སྣང་བའི་དབང་གིས་བཞག་པ་མིན་པའི་སྡོད་ལུགས་ཡིན་ན་གཏན་མི་རིགས་ཏེ་ཞེས་དང་། དེ་ལྟར་ན་བློ་ལ་སྣང་བའི་དབང་གིས་བཞག་པ་མིན་པའི་སྡོད་ལུགས་མེད་ཀྱང་། དེའི་དབང་གིས་བཞག་པའི་སྡོད་ལུགས་མིང་དུ་བཏགས་པ་ཙམ་མིན་པ་གཅིག་ཡོད་པ་ལུགས་འདི་ལ་མི་འགལ་བས་དབུ་མ་པ་གཉིས་ཀྱི་དགག་བྱ་ལ་བློའི་ངོར་མི་འདྲ་བ་ཆེན་པོ་འོང་ངོ་། །ཞེས་དང་། ཐལ་འགྱུར་བའི་དགག་བྱ་ངོས་འཛིན་པའི་སྐབས་སུ་ཆོས་རྣམས་རྟོག་པའི་དབང་གིས་འཇོག་ཚུལ་དང་དེ་ལས་བཟློག་སྟེ་འཛིན་པའི་བདེན་འཛིན་གཉིས་ལས། དང་པོ་ནི། ཉེ་བ་འཁོར་གྱིས་ཞུས་པའི་མདོ་དང་། བཞི་བརྒྱ་པ་དང་། རིན་ཆེན་ཕྲེང་བའི་ལུང་རྣམས་དྲངས་ནས་ཐ་སྙད་དུ་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མ་གཏོགས་པ་ཅི་ཡང་མེད་པར་གསུངས་པ་ལྟར་མིང་དུ་བཏགས་པ་ཙམ་དུ་གནས་སོ། །དེ་རྣམས་ལེགས་པར་ཤེས་ན་ཆོས་ཐམས་ཅད་བརྟེན་ནས་གཞག་དགོས་པ་དང་། བརྟེན་ནས་བཏགས་པ་དང་། བརྟེན་ནས་སྐྱེས་པ་ཉིད་ཀྱིས་རང་གི་ངོ་བོས་གྲུབ་པ་མེད་པ་དང་། ཐ་སྙད་གཞན་གྱི་དབང་གིས་བཞག་པ་མིན་པའི་རང་དབང་བའི་ངོ་བོ་མེད་པ་དང་། ཆོས་གང་ཡོད་པར་འཇོག་ནའང་བཏགས་དོན་མ་བཙལ་བར་འཇོག་པ་རྣམས་ལེགས་པར་ཤེས་པར་འགྱུར་རོ། །གཉིས་པ་ནི། སྔར་བཤད་པའི་མིང་གི་ཐ་སྙད་ཀྱི་དབང་ཙམ་གྱིས་བཞག་པ་མིན་པའི་ཡོད་པར་འཛིན་པ་ནི་བདེན་པར་དང་དོན་དམ་པར་དང་། ཡང་དག་ཏུ་གྲུབ་པ་དང་། རང་གི་ངོ་བོས་དང་། རང་གི་མཚན་ཉིད་ཀྱིས་དང་། རང་བཞིན་གྱིས་ཡོད་པར་འཛིན་པ་ལྷན་སྐྱེས་ཡིན་ལ། དེས་གཟུང་བའི་ཞེན་ཡུལ་ནི་བཏགས་པ་མཐའ་གཟུང་གི་བདེན་ཚད་དོ། །རང་རྒྱུད་པ་རྣམས་བདེན་པ་སོགས་གསུམ་དུ་གྲུབ་པ་ཤེས་བྱ་ལ་མི་སྲིད་པར་བཞེད་ཀྱང་རང་གི་ངོ་བོས་གྲུབ་པ་སོགས་གསུམ་ནི་ཐ་སྙད་དུ་ཡོད་པར་བཞེད་དེ་ཞེས་དང་། ཡིད་ཡུལ་ལ་འཇུག་པ་ན་བདེན་པར་འཛིན་པ་གཅིག་དང་། བདེན་མེད་དུ་འཛིན་པ་གཅིག་དང་། དེ་གཉིས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་འཛིན་པ་གཅིག་དང་གསུམ་ཡོད་པས་བདེན་མེད་དུ་མ་བཟུང་ཡང་བདེན་པར་འཛིན་མི་དགོས་པ་བཞིན་དུ་བདག་གཉིས་ལ་མ་ཞུགས་ཀྱང་བདག་མེད་གཉིས་ལ་ཞུགས་མི་དགོས་ཏེ། བློ་ཕུང་པོ་གསུམ་པ་ལ་གནས་པ་མཐའ་ཡས་པ་གཅིག་ཡོད་པའི་ཕྱིར་རོ། །དེ་ལྟར་བདེན་འཛིན་ལེགས་པར་ངོས་ཟིན་ན་བདག་འཛིན་གཉིས་མིན་པའི་རྟོག་པ་དུ་མ་ཞིག་ཡོད་པ་ཤེས་པར་འགྱུར་བས་རྟོག་པས་གང་གཟུང་གི་ཡུལ་ཐམས་ཅད་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་འགོག་པར་འདོད་པའི་ལོག་རྟོག་ཐམས་ཅད་ལྡོག་པར་འགྱུར་རོ་ཞེས་བྱ་བ་བྲིས་སོ། །དེ་ལ་རང་རྒྱུད་པས་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཆོས་དེ་རྣམས་ཀྱི་སྡོད་ལུགས་ཡོད་པ་རིགས་པའི་དགག་བྱར་གྱུར་པའི་བདེན་ཚད་དུ་ཁས་ལེན་ཞེས་པ་ཁྱོད་ལ་འགལ་ཏེ། ལེགས་ལྡན་འབྱེད་ཀྱིས་ཕྱི་དོན་རང་གི་ངོ་བོས་སྒྲུབ་པ་སོགས་གསུམ་དུ་ཁས་ལེན་ན། ཕྱི་དོན་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པའི་སྡོད་ལུགས་སུ་ཁས་མི་ལེན་པ་འགལ་བའི་ཕྱིར་རོ། །དེ་ཉིད་རིགས་པས་དགག་པའི་སྐབས་སུ་དོན་ཤེས་ཆ་མེད་བཀག་ནས་ཆ་བཅས་སུ་བསྒྲུབ། ཆ་བཅས་ལ་ཆ་དང་ཆ་ཅན་ངོ་བོ་ཐ་དད་པ་བཀག་ནས་ངོ་བོ་གཅིག་ཏུ་བསྒྲུབ་ཅེས་པ་ཡང་མ་བརྟགས་བཞིན་དུ་རང་དགར་སྨྲ་བའམ། ཡང་ན་རང་རྒྱུད་པའི་སྐྱེས་ཆེན་རྣམས་ལ་སྐུར་པ་འདེབས་པ་སྟེ། རང་རྒྱུད་པའི་གཞུང་རྣམས་ལས་གཅིག་དུ་བྲལ་གྱི་ཕྱོགས་ཆོས་སྒྲུབ་པའི་ཚེ་ཆ་དུ་མ་དང་བཅས་པར་སྣང་བའི་རྟགས་ཀྱིས་གཅིག་ཏུ་བདེན་པ་བཀག ཁྱབ་བྱེད་གཅིག་ཁེགས་པས་ཁྱབ་བྱ་དུ་མ་ཁེགས་པ་ཙམ་ཞིག་གསུངས་ཀྱི། བདེན་མེད་བསྒྲུབ་པའི་རིགས་པས་མཐར་ཐུག་ཆ་དང་ཆ་ཅན་ངོ་བོ་གཅིག་ཏུ་བསྒྲུབ་པ་རང་རྒྱུད་པའི་གཞུང་གང་དུའང་མི་སྣང་བའི་ཕྱིར་རོ། །གཞན་ཡང་དེའི་ལུགས་ལ་ཆ་དང་ཆ་ཅན་ངོ་བོ་གཅིག་པ་དེ་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པའི་སྡོད་ལུགས་ཡིན་པར་ཐལ། དོན་ལ་ཆ་དང་ཆ་ཅན་ངོ་བོ་གཅིག་པ་ཡིན་པ་གང་ཞིག བློ་ལ་ནི་ཡིད་ཇི་ལྟར་གཏད་ཀྱང་དེ་གཉིས་ངོ་བོ་ཐ་དད་ཡིན་པའི་ཕྱིར། གང་ལ་ལན་འདེབས། གཞན་ཡང་བློ་ལ་ཡིད་ཅི་ལྟར་གཏད་ཀྱང་བདག་དང་ཕུང་པོ་ངོ་བོ་ཐ་དད་དུ་སྣང་བར་ཐལ། དེ་ལ་ཤིང་རྟ་དང་ཤིང་རྟའི་ཆ་ཤས་ངོ་བོ་ཐ་དད་དུ་སྣང་བའི་ཕྱིར། འདོད་ན། ཕྱི་རོལ་པས་བདག་ཕུང་ངོ་བོ་ཐ་དད་དུ་ལྟ་བ་ལྔ་པོ་ཕུང་པོ་ལ་མ་ལྟོས་པར་བདག་ཡོད་པར་ལྟ་བ་ཡིན་པས་འཇིག་ལྟའི་གྲངས་སུ་མི་བགྲང་བར་གཞུང་འདིའི་འགྲེལ་པར་གསུངས་པ་ལྟར་དུ་ཁས་བླངས་པ་དང་འགལ་མི་འགལ་སོམས་ཤིག ཐལ་འགྱུར་བའི་ལུགས་ཀྱི་རིགས་པའི་དགག་བྱའི་ངོས་འཛིན་མིང་གི་ཐ་སྙད་ཀྱི་དབང་ཙམ་གྱིས་བཞག་པ་མ་ཡིན་པའི་ཡོད་པ་ལ་འདོད་པ་ནི་ཤིན་ཏུ་མི་འཐད་དེ། འདིའི་དགག་བྱ་ནི་བདེན་པ་དང་དོན་དམ་པར་ཡོད་པ་སོགས་དྲུག་ཡིན་པས་ཐ་སྙད་དུའང་མེད་པར་ཁས་བླངས་ལ། སྔ་མ་ནི་ཐ་སྙད་དུ་ཡོད་པའི་ཕྱིར་རོ། །མ་གྲུབ་ན། ལྟོ་ལྡིར་ཞབས་ཞུམ་ལ་བུམ་པ་ཞེས་མིང་བཏགས་པ་དང་། རྫོགས་པའི་སངས་རྒྱས་ལ་ཐམས་ཅད་མཁྱེན་པ་ཞེས་མིང་བཏགས་པ་གཉིས་མིང་དུ་བཏགས་པ་ཙམ་གྱི་དབང་གིས་བཞག་པར་མཚུངས་པར་ཐལ། དེ་གཉིས་མིང་གིས་བཏགས་པ་ཙམ་གྱིས་བཞག་པ་མ་ཡིན་པའི་དོན་མེད་པར་མཚུངས་པའི་ཕྱིར། འདོད་ན། དེ་གཉིས་འདོད་རྒྱལ་བའི་མིང་དུ་མཚུངས་པར་འགྱུར་རོ། །དེས་ན་མིང་གིས་བཏགས་པའི་དོན་བཤད་པ་རྒྱུ་མཚན་ཅན་གྱི་མིང་རྣམས་ལ་ནི་ཐ་སྙད་དཔྱོད་བྱེད་ཀྱི་རིགས་པས་བཙལ་བའི་ཚེ་རྙེད་པ་ནི་ཐལ་རང་གཉིས་ཀ་མཚུངས་ལ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བཙལ་བའི་ཚེ་མི་རྙེད་པ་ནི་གཉིས་ཀར་འདོད་པས་འདི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་དགག་བྱ་ཡིན་ཞེས་པ་ནི་སྒྲུབ་བྱེད་མེད་པའི་དམ་བཅའ་ཙམ་དུ་ཟད་དོ། །དེ་ལྟར་བདེན་འཛིན་ལེགས་པར་ངོས་ཟིན་ན། བདག་འཛིན་གཉིས་མ་ཡིན་པའི་རྟོགས་པ་དུ་མ་གཅིག་ཡོད་པ་ཤེས་པར་འགྱུར་བས་རྟོགས་པས་གང་བཟུང་གི་ཡུལ་ཐམས་ཅད་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་འགོག་པར་འདོད་པའི་ལོག་རྟོག་ཐམས་ཅད་ལྡོག་པར་འགྱུར་རོ་ཞེས་པ་ནི་ལོག་རྟོག་རྒྱ་ཆེས་ཏེ། ཤེར་ཕྱིན་གྱི་མདོ་ལས། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །མི་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་སོགས་མཐའ་གཉིས་སུ་མངོན་པར་ཞེན་པའི་འཛིན་པ་ཐམས་ཅད་མཚན་འཛིན་ཡིན་པར་གསུངས་པ་དེའང་ལོག་རྟོགས་ཏུ་འགྱུར་རོ། །དཀོན་མཆོག་བརྩེགས་པའི་མདོར། འོད་སྲུང་གང་ཟག་གི་བདག་ཏུ་ལྟ་བ་རི་རབ་ཙམ་ནི་སླའི་སྟོང་པ་ཉིད་དུ་ལྟ་བ་མངོན་པའི་ང་རྒྱལ་ཅན་ནི་དེ་ལྟ་མ་ཡིན་ནོ། །ཞེས་པ་འདིའང་ལོག་རྟོག་ཏུ་འགྱུར་རོ། །མགོན་པོ་བྱམས་པས། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པ་འདིའང་ལོག་རྟོག་ཏུ་འགྱུར་རོ། །འཕགས་པ་ཀླུ་སྒྲུབ་ཀྱིས། སྟོང་ངོ་ཞེས་ཀྱང་མི་བརྗོད་ལ། །མི་སྟོང་ཞེས་ཀྱང་མི་བརྗོད་དོ། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་དང་། ལྟ་བ་ཐམས་ཅད་སྤོང་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལའང་ཞེན་གྱུར་པ། །དེ་ནི་ཁྱེད་ཀྱིས་ཡོངས་སུ་སྨད། །ཅེས་པ་འདིའང་ལོག་རྟོག་ཏུ་འགྱུར་རོ། །འཕགས་པ་ལྷས། དེ་ཕྱིར་དངོས་ཡོད་མི་བྱ་ཞིང་། །དངོས་པོ་མེད་པའི་ཡིད་ཀྱང་སྤང་། །ཀུན་མཁྱེན་གོ་འཕང་འདོད་རྣམས་ཀྱིས། །དེ་བཞིན་བར་དུའང་གནས་མི་བྱ། །ཞེས་དང་། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པས། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན། །ཞེས་པ་འདིའང་ལོག་རྟོག་ཏུ་འགྱུར་ཏེ། ཁྱེད་བདེན་པ་ཁོ་ན་དགག་བྱར་བྱས་ནས། བདེན་པར་མེད་པ་དང་། བློ་ཕུང་གསུམ་པ་གཉིས་ཀ་ལ་གནས་པར་འདོད་པའི་ཕྱིར་རོ། །དེས་ན་ལྟ་བ་འདི་ནི་འཕགས་པ་ལྷས། དངོས་པོ་མེད་པ་ཉི་ཚེ་ལ། །རྨོངས་པ་རྣམས་ནི་ཉེ་བར་གནས། །ཁོད་མྱགས་དམན་པའི་གནས་ལ་ནི། །བླུན་པོ་དེ་དག་འདི་ན་གནས། །ཞེས་པའི་ལྟ་བར་སོང་ཉེན་ཡོད་པས་བག་ཡོད་མཛད་འཚལ་ལོ། །དེས་ན་སྒྲོ་སྐུར་དང་བྲལ་བའི་ཐལ་རང་གི་ཁྱད་པར་ནི་དོན་དམ་སྤྲོས་བྲལ་གྱི་ལྟ་བའི་སྒོ་ནས་མི་ཕྱེ་སྟེ་ཐོག་མར་སྡུག་བསྔལ་གྱི་རྒྱུར་འགྱུར་པའི་བདེན་འཛིན་གྱི་ཞེན་ཡུལ་བཀག་ནས་དེའི་འོག་ཏུ་མཐའ་ཕྱི་མ་གསུམ་བཀག་པའི་མཐའ་བཞིའི་སྤྲོས་བྲལ་ཀླུ་སྒྲུབ་ཀྱི་དགོངས་པ་ཅི་ལྟ་བ་བཞིན་ལུགས་གཉིས་ཀས་བཞེད་པའི་ཕྱིར་རོ། །སྔ་རབས་པ་དག་དམ་བཅའ་ཁས་ལེན་པ་དང་མི་ལེན་པ་ལ་འདོད་པའང་མི་འཐད་དེ། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་ཀྱི་ཚིགས་བཅད་དེས། མཐའ་བཞིའི་སྐྱེ་བ་བཀག་པའི་དམ་བཅའ་སྟོན་པར་སློབ་དཔོན་ཟླ་བས་བཞེད་པའི་ཕྱིར་རོ། །ཁ་ཅིག་རྣམ་བཅད་དགག་པའི་དམ་བཅའ་འདོད་པར་མཚུངས་ཀྱང་ཡོངས་གཅོད་སྒྲུབ་པའི་དམ་བཅའ་ཡོད་མེད་ཀྱི་ཁྱད་པར་འདོད་པ་ཡང་མི་འཐད་དེ། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་སོགས་སྒྲུབ་པའི་དམ་བཅའ་མང་དུ་ཡོད་པའི་ཕྱིར་རོ། །དེས་ན་འདི་གཉིས་ཀྱི་ཁྱད་པར་གྱི་གཙོ་བོ་ནི་དོན་དམ་སྒྲུབ་བྱེད་ཀྱི་རིགས་པ་བཀོད་ཚུལ་གྱི་སྒོ་ནས་འཇོག་སྟེ། ཀླུ་སྒྲུབ་ཀྱི་མཐའ་བཞིའི་སྐྱེ་བ་བཀག་པའི་དམ་བཅའ་གསུངས་པ་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་གྱི་རིགས་པས་བསྒྲུབ། ལེགས་ལྡན་འབྱེད་ཀྱིས་རང་རྒྱུད་ཀྱི་རིགས་པས་བསྒྲུབ་པ་ལ་ཐལ་རང་གཉིས་སུ་ཕྱེ་བའི་ཕྱིར་རོ། །དེ་ལྟར་བཤད་ན་དོན་དམ་སྒྲུབ་བྱེད་ཀྱི་རིགས་པའི་ཁྱད་པར་དང་། ཐ་སྙད་ཀུན་རྫོབ་འཇོག་ཚུལ་གྱི་ཁྱད་པར་གཉིས་ལས། དང་པོ་ལ་ཆོས་ཅན་དང་། ཆོས་དང་། དམ་བཅའ་དང་། གཏན་ཚིགས་དང་། དཔེ་དང་། སྦྱོར་ངག་གི་ཁྱད་པར་དང་དྲུག་ལས། དང་པོ་ནི། རང་རྒྱུད་པས་ནང་གི་འདུ་བྱེད་ལྟ་བུ་བྱེ་བྲག་ཆོས་ཅན་དུ་འཛིན་ལ། ཐལ་འགྱུར་བས་དེ་བཀག་ནས་གང་ལ་དགག་བྱའི་ཆོས་དེ་དགག་དགོས་པའི་དངོས་པོ་ཐམས་ཅད་ཆོས་ཅན་དུ་འཛིན་ཏེ། བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་བདག་ལས་སྐྱེ་བ་མེད་དེ་ཞེས་པ་ལྟ་བུའོ། །གཉིས་པ་ནི། རང་རྒྱུད་པས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་དོན་དམ་པར་བདག་ལས་སྐྱེ་བ་མེད་པ་སོགས་བཞི་བསྒྲུབ་བྱའི་ཆོས་སུ་འདོད་ལ། ཐལ་འགྱུར་བས་དེ་བཀག་ནས་མཐའ་བཞིའི་སྐྱེ་བ་ནི་ཐ་སྙད་དུ་ཁས་མི་ལེན་པས་དོན་དམ་གྱི་ཁྱད་པར་སྦྱར་མི་དགོས་ཤིང་། སྐྱེ་བ་ཙམ་བཀག་ན་ཡང་མཐར་ཐུག་དཔྱོད་པའི་རིག་ངོ་ཡིན་པས་དོན་དམ་གྱི་ཁྱད་པར་སྦྱར་མི་དགོས་པར་བཞེད་དོ། །གསུམ་པ་ནི། རང་རྒྱུད་པས་དམ་བཅའ་བཞི་པོ་ཆོས་ཅན་ཚད་མས་གྲུབ་པའི་སྟེང་དུ་ཁྱད་པར་གྱི་ཆོས་དམ་འཆའ་བས་རང་རྒྱུད་ཀྱི་དམ་བཅར་འདོད་ལ། ཐལ་འགྱུར་བས་ཆོས་ཅན་དེ་ཉིད་ཀྱི་གནས་ལུགས་ལ་དཔྱོད་པའི་སྐབས་ཡིན་པས། ཁྱད་གཞི་ཚད་མས་གྲུབ་པའི་སྟེང་དུ་ཁྱད་པར་གྱི་ཆོས་དམ་འཆའ་བ་མ་ཡིན་གྱིས། གཞན་གྱི་ལོག་རྟོག་འགོག་པའི་དམ་བཅའ་ཙམ་ཡིན་པས་ཐལ་འགྱུར་གྱི་དམ་བཅར་བཞེད་དོ། །བཞི་པ་ནི། རང་རྒྱུད་པས་རང་རྒྱུད་ཀྱི་བསྒྲུབ་བྱ་དེ་བསྒྲུབ་པའི་ཆེད་དུ་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་གྲུབ་པའི་གཏན་ཚིགས་བཀོད་པས་རང་རྒྱུད་ཀྱི་གཏན་ཚིགས་སུ་བཞེད་ལ། ཐལ་འགྱུར་བས་དེ་རིགས་པ་དུ་མས་བཀག་ནས། ཕྱི་རྒོལ་ཉིད་ལ་གྲགས་པའི་གཏན་ཚིགས་བཀོད་ནས་འགལ་བ་བརྗོད་པ་ཙམ་ཡིན་པས་ཐལ་འགྱུར་གྱི་གཏན་ཚིགས་སུ་བཞེད་དོ། །ལྔ་པ་ནི་རང་རྒྱུད་པས་མཐུན་དཔེ་ཚད་མས་གྲུབ་པའི་སྟེང་དུ་ཁྱབ་པ་རྒོལ་བ་གཉིས་ཀ་ལ་གྲུབ་དགོས་པས་རང་རྒྱུད་ཀྱི་དཔེར་བཞེད་ལ། ཐལ་འགྱུར་བས་ཕྱིར་རྒོལ་ཉིད་ལ་གྲགས་པའི་དཔེ་ཙམ་ཡིན་གྱི་རང་ཉིད་དཔེ་དེའི་སྟེང་དུ་ཁྱབ་པ་གྲུབ་པར་མི་བཞེད་པས་ཐལ་འགྱུར་གྱི་མཐུན་དཔེར་བཞེད་དོ། །དྲུག་པ་ནི་གཞན་དོན་རྗེས་དཔག་ཐམས་ཅད་ཀྱང་རང་རྒྱུད་པས་རང་རྒྱུད་ཀྱི་སྦྱོར་ངག་ཏུ་འདོད་ལ། ཐལ་འགྱུར་བས་ཆོས་ཅན་དང་། དཔེ་དང་གཏན་ཚིགས་ཐམས་ཅད་ཕྱིར་རྒོལ་ཉིད་ལ་གྲགས་པ་བརྗོད་པའི་སྒོ་ནས་ཕྱིར་རྒོལ་གྱི་ལོག་རྟོག་བཟློག་པ་ཙམ་ཡིན་པས་གཞན་ལ་གྲགས་ཀྱི་རྗེས་དཔག་ཏུ་བཞེད་དོ། །འདི་ལ་ཚིག་གསལ་ལས། རང་ལ་གྲགས་ཀྱི་རྗེས་དཔག་ཞེས་གསུངས་པ་ནི་ཕྱིར་རྒོལ་རང་ལ་གྲགས་པའི་རྗེས་དཔག་ཅེས་པའི་དོན་ཡིན་པས་དོན་གཅིག་གོ །མཁས་༡༩རློམ་དག་རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་བསྒྲུབ་དགོས་པས་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་ལ་ཐལ་འགྱུར་བས་དེ་བསྒྲུབ་མི་དགོས་པས་རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པ་ཡིན་ནོ་ཞེས་སྨྲ་བ་ནི་ཕྱོགས་གར་ཡོད་ཙམ་ཡང་མ་མཐོང་བ་སྟེ། རང་རྒྱུད་པས་མཐའ་བཞིའི་སྐྱེ་བ་བཀག་པའི་དམ་བཅའ་བསྒྲུབ་པའི་སྐབས་སུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་སྒྲུབ་པར་ཐལ་བའི་ཕྱིར་རོ། །ཐ་སྙད་དུ་རང་རྒྱུད་ཀྱི་གཏན་ཚིགས་དང་། རང་རྒྱུད་ཀྱི་དམ་བཅའ་ཁས་ལེན་མི་ལེན་གྱི་སྒོ་ནས་ཕྱེ་བ་ནི་མི་འཐད་དེ། ཐལ་འགྱུར་བས་ཀྱང་དུ་བའི་རྟགས་ལས་དུ་ལྡན་ལ་མེ་ཡོད་དུ་བསྒྲུབ་པ་དང་། རིགས་སད་པའི་ལུས་ངག་གི་རྟགས་ལས་ཕ་རོལ་པོ་རིགས་སད་པར་བསྒྲུབ་པ་དང་། ཕྱིར་མི་ལྡོག་པའི་ལུས་ངག་གི་རྟགས་ལས་ཕ་རོལ་པོ་ཕྱིར་མི་ལྡོག་པར་བསྒྲུབ་པ་སོགས་གཏན་ཚིགས་དང་དཔེ་རྒོལ་བ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་སྒོ་ནས་ཆོས་ཅན་མཐུན་སྣང་དུ་གྲུབ་པའི་སྟེང་དུ་ཁྱད་པར་གྱི་ཆོས་སྒྲུབ་པ་དུ་མ་ཡོད་པའི་ཕྱིར་རོ། །འདི་ཙམ་གྱིས་རང་རྒྱུད་ཀྱི་གཏན་ཚིགས་སུ་མི་འགྱུར་ན་སྔར་གྱི་རང་རྒྱུད་པས་བཀོད་པ་དེ་དག་རང་རྒྱུད་ཀྱི་གཏན་ཚིགས་སུ་ཅི་ལྟར་འགྱུར་ལེགས་པར་སོམས་ཤིག དེས་ན་རང་རྒྱུད་ཀྱི་དོན་ནི་རང་དབང་ཡིན་ལ་རང་དབང་གི་དོན་ནི་བདེན་གྲུབ་ཡིན་ཅེས་སོགས་གཞི་མེད་ཀྱི་སྨྲ་བའི་སྒོ་ནས་གདུལ་བྱ་བསླུ་བར་མ་བྱེད་ཅིག འདི་དག་ནི་མདོར་བསྡུས་པ་ཙམ་ཡིན་ལ་རྒྱས་པར་གཞན་དུ་འཆད་པར་འདོད་ཅིང་། རྣམ་དཔྱོད་དང་ལྡན་པ་དག་གིས་ཚིག་གསལ་ལས་ཤེས་པར་བྱའོ། །གཉིས་པ་ལ་གཞི་དང་། ལམ་དང་། འབྲས་བུའི་ཁྱད་པར་གསུམ་ལས། དང་པོ་ལ་ཐ་སྙད་དུ་གཞན་སྐྱེ་ཁས་མི་ལེན་པ་དང་། ཁས་ལེན་པ་དང་། འདུས་བྱས་དང་མི་བསླུ་བའི་གཞི་མཐུན་ཁས་མི་ལེན་པ་དང་། ཁས་ལེན་པ་དང་། ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པར་མི་འདོད་པ་དང་། འདོད་པ་དང་ཚད་མ་ལ་མངོན་རྗེས་གཉིས་དང་། དེའི་སྟེང་དུ་དཔེ་ཉེར་འཇལ་དང་། ལུང་ཚད་མ་སྟེ་བཞིར་གྲངས་ངེས་པ་དང་། མངོན་རྗེས་གཉིས་སུ་གྲངས་ངེས་པར་འདོད་པའི་ཁྱད་པར་དང་། ཡང་ལོག་གི་ཁྱད་པར་ཡུལ་ཡུལ་ཅན་གཉིས་ཀ་ལ་འབྱེད་པ་དང་། ཡུལ་ཅན་ལ་མི་འབྱེད་པའི་ཁྱད་པར་རྣམས་སོ། །གཉིས་པ་ནི་ལམ་གྱི་སྐབས་སུ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་འདོད་པ་དང་། མ་རྟོགས་པར་འདོད་པའི་ཁྱད་པར་དང་། འཕགས་པའི་མཉམ་བཞག་སྣང་མེད་དང་། སྣང་བཅས་སུ་འདོད་པའི་ཁྱད་པར་གཉིས་སོ། །གསུམ་པ་ནི་སངས་རྒྱས་ཀྱི་སར་མཉམ་རྗེས་ཐ་དད་མེད་པར་འདོད་པ་དང་། ཡོད་པར་འདོད་པ་རྣམས་ཏེ་ཟུང་དུ་སྦྱར་བ་དེ་དག་གི་དང་པོ་རྣམས་ནི་ཐལ་འགྱུར་བའི་དང་། ཕྱི་མ་རྣམས་ནི་རང་རྒྱུད་པའི་ཡིན་ནོ། །གཉིས་པ་རང་རྒྱུད་པའི་ལུགས་དགག་པ་ནི་དེ་ལྟར་དངོས་པོ་རང་བཞིན་མེད་པར་སྒྲུབ་པའི་སྐབས་སུ་ཆོས་ཅན་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་གྲུབ་པར་འདོད་པ་མི་འཐད་དེ། ཆོས་ཅན་དེའི་གནས་ཚུལ་ལ་དཔྱད་པའི་བློ་ངོར་ཆོས་ཅན་དེ་ཉིད་གྲུབ་ན་དེ་བདེན་གྲུབ་ཏུ་ཐལ་བའི་ཕྱིར་རོ། །ཞེས་པ་ནི་ཐལ་འགྱུར་བའི་རིགས་པའི་གཙོ་བོར་སྣང་ཞིང་། གཞན་ཡང་དབུ་མ་པ་ཡིན་ན་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་ལེན་པ་མེད་པའི་ཕྱིར་རོ། །ཞེས་པའི་དོན་དངོས་པོ་རང་བཞིན་མེད་པར་བསྒྲུབ་པའི་སྐབས་སུ་རང་རྒྱུད་ཀྱི་གཏན་ཚིགས་མི་རིགས་ཏེ། རིགས་ན་ཆོས་ཅན་དངོས་པོ་ཚད་མས་གྲུབ་པའི་སྟེང་དུ་དགག་ཆོས་རང་བཞིན་བཀག་ནས་ཁྱད་པར་གྱི་ཆོས་རང་བཞིན་མེད་པ་བསྒྲུབ་དགོས་པ་ལས་ཆོས་ཅན་ཚད་མས་གྲུབ་པའི་སྟེང་དུ་རང་བཞིན་ཡོད་པ་ལས་ཕྱོགས་གཞན་ཁྱད་ཆོས་རང་བཞིན་མེད་པ་ཡང་ཁས་མ་བླངས་པའི་ཕྱིར་ཏེ། དེའི་ཚེ་ཆོས་ཅན་ཉིད་མ་གྲུབ་པའི་ཕྱིར། ཞེས་པའི་དོན་ཡིན་ལ། གཞུང་འདིའི་དོན་འཆད་ཚུལ་བོད་ཕྱི་མ་དག་གིས་གསུམ་ཙམ་སྣང་ཡང་ཕྱོགས་སུ་ཕྱིན་པ་ནི་གཅིག་ཀྱང་མི་སྣང་ངོ་། །ཐ་སྙད་དུ་གཞན་སྐྱེ་ཡོད་པ་འགོག་པ་ནི་གཞུང་ལས་གསལ་ལ། འདུས་བྱས་ལ་མི་བསླུ་བ་འདོད་པ་ཡང་མི་འཐད་དེ། མདོ་ལས། བདེན་པ་དམ་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ་མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ་ཞེས་དང་། ཀླུ་སྒྲུབ་ཀྱིས་མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་ཅི་ཕྱིར་འདོད་མི་བྱེད། །ཅེས་དང་། འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་གསུངས་པས་སོ། །འདི་ནི་ཐ་སྙད་འདོད་ཚུལ་མི་འདྲ་བའི་ཁྱད་པར་གྱི་གཙོ་བོར་སྣང་བས་དགག་པ་སྟེ། དཔལ་ལྡན་ས་སྐྱ་པཎྜི་ཏས། དབུ་ཚད་གྲུབ་མཐའི་རྣམ་དབྱེ་ནི། །གུས་པས་ཁྱོད་ལ་ཞུ་འོ་སྐད། །འདི་དོན་སྨྲ་བ་མང་ན་ཡང་། །འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བས། །དོན་བཞིན་རྟོགས་པ་ཁོ་བོ་ཙམ། །ཐ་སྙད་དུ་ནི་མི་བསླུ་བ། །འདོད་པ་དེ་ནི་ཚད་མའི་ལུགས། །རང་རྒྱུད་དེ་དང་ཆ་མཐུན་ལ། །ཐལ་འགྱུར་བ་དག་ཐ་སྙད་དུ། །བདེན་པ་མི་འདོད་མདོར་བསྡུས་པའོ། །ཞེས་གསུངས་པས་སོ། །གཞན་རྣམས་ཀྱི་སྤྲོས་པ་ནི་རེ་ཞིག་མ་བྲིས་སོ། །གསུམ་པ་ཐལ་འགྱུར་བའི་ལུགས་སྒྲུབ་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྣམ་གཞག་བཀོད་པ་དང་། རྣམ་གཞག་དེའི་སྐྱོན་སྤང་བའོ། །དང་པོ་ལ་གསུམ་སྟེ། རང་ཕྱོགས་སྒྲུབ་པ་དང་། གཞན་ཕྱོགས་དགག་པ་དང་། རང་ཕྱོགས་ལ་ཉེས་པ་སྤོང་བའི་རྣམ་གཞག་གོ །དང་པོ་ལ་བསྒྲུབ་བྱ་ནི་ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། དོན་དམ་སྤྲོས་བྲལ་གཉིས་ཡིན་ལ། དེ་གཉིས་ཀ་ལ་ཡང་ཐོག་མར་སྣང་བ་ལ་བདེན་པ་དགག་དགོས་པས་སྣང་བ་བདེན་མེད་བསྒྲུབ་བྱའི་གཙོ་བོ་ཡིན་ནོ། །སྒྲུབ་བྱེད་ནི་ལུང་དང་རིགས་པ་གཉིས་ལས། ལུང་ནི་ངེས་དོན་གྱི་མདོ་སྡེ་རྣམས་དང་། རིགས་པ་ནི་ཐལ་འགྱུར་གྱི་རིགས་པའོ། །གཉིས་པ་ལ་དགག་བྱ་ངོས་བཟུང་བ་དང་། འགོག་བྱེད་ཀྱི་རིགས་པ་བཤད་པ་གཉིས། དང་པོ་ལ་ལམ་གྱི་དགག་བྱ་ནི་འཁྲུལ་པའི་སྣང་བ་མཐའ་དག་ཡིན་ལ། འདིར་ལུང་རིགས་ཀྱི་དགག་བྱ་ནི་ཡུལ་དང་ཡུལ་ཅན་གཉིས་ལས། དང་པོ་ལ་ཡང་ཀུན་བཏགས་ཀྱི་མ་རིག་པས་བཏགས་པ་དང་། ལྷན་སྐྱེས་ཀྱི་མ་རིག་པས་བཏགས་པ་གཉིས་ལས། དང་པོ་ནི་དངོས་པོར་སྨྲ་བ་དག་གིས་ལུང་རིགས་ལྟར་སྣང་གི་འཐད་པ་ལ་བརྟེན་ནས་རྟོག་པས་སྦྱར་བ་དག་སྟེ། འདི་ལ་ཡོད་པ་སྒྲོ་འདོགས་ཀྱི་མཐའ་དང་། མེད་པ་སྐུར་འདེབས་ཀྱི་མཐའ་གཉིས། དང་པོ་ལ། གང་ཟག་གི་བདག་དང་ཆོས་ཀྱི་བདག་གཉིས། དང་པོ་ནི། ཕྱི་རོལ་པས་བཏགས་པའི་ཕུང་པོ་ལས་དོན་གཞན་པའི་གང་ཟག་དང་། རང་སྡེ་མང་པོས་བཀུར་བས་བཏགས་པའི་ཕུང་པོ་དང་ངོ་བོ་གཅིག་པའི་གང་ཟག་དང་བརྗོད་དུ་མེད་པའི་གང་ཟག་རྣམས་སོ། །གཉིས་པ་ནི། ཕྱི་རོལ་མུ་སྟེགས་བྱེད་ནས་སེམས་ཙམ་པའི་བར་གྱིས་གཟུགས་སོགས་ཀྱི་དངོས་པོ་བདེན་གྲུབ་ཏུ་བཏགས་པ་རྣམས་སོ། །གཉིས་པ་ནི། མུ་སྟེགས་རྒྱང་འཕེན་པས། རྒྱུ་ལས་དགེ་སྡིག་དང་། འབྲས་བུ་ཚེ་ཕྱི་མའི་བདེ་སྡུག་སོགས་མེད་པར་བཏགས་པ་རྣམས་སོ། །གཉིས་པ་ལྷན་སྐྱེས་ཀྱི་མ་རིག་པས་བཏགས་པ་ནི་གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་གང་ཟག་ཏུ་འཛིན་པ་དང་། ཆོས་སུ་འཛིན་པ་གཉིས་ཀྱི་དམིགས་ཡུལ་གང་ཟག་དང་། ཆོས་སུ་འཇོག་ལ། འཛིན་སྟངས་ཀྱི་གཟུང་བྱ་བདེན་པ་ནི་གང་ཟག་གི་བདག་དང་། ཆོས་ཀྱི་བདག་ཏུ་འཇོག་པའོ། །གཉིས་པ་ཡུལ་ཅན་ནི། ཡུལ་དེ་དང་དེར་རྟོགས་པའི་བློ་དང་ལྟ་བ་ངན་པ་ཐམས་ཅད་ཡིན་ཏེ། བཞི་བརྒྱ་པ་ལས། རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །ཞེས་དང་། འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་པ་ལྟར་རོ། །གཉིས་པ་འགོག་བྱེད་ཀྱི་རིགས་པ་ལ། འགལ་བ་བརྗོད་པའི་ཐལ་འགྱུར། གཞན་ལ་གྲགས་ཀྱི་རྗེས་དཔག རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་དང་བཞིའོ། །གསུམ་པ་རང་ཕྱོགས་ལ་ཉེས་པ་སྤོང་པའི་རྣམ་བཞག་ལ་གཉིས་ཏེ། ཀུན་རྫོབ་ལ་ལྟོས་ཏེ་ཉེས་པ་སྤོང་བ་དང་། དོན་དམ་ལ་ལྟོས་ཏེ་ཉེས་པ་སྤོང་བའོ། །དང་པོ་ནི། གཞུང་ནས་ཕ་རོལ་པོས་བཏགས་པ་ཁས་བླངས་ནས་ལེན་འདེབས་པ་ཡོད་དེ། དེ་ནི་གཞན་ངོར་དགོས་པ་ལ་ལྟོས་པའི་ལན་ཡིན་ནོ། །ཡང་འདི་ལ་བརྟག་པ་མི་འཇུག་ཅེས་ལན་འདེབས་པ་ཡོད་དེ། དེ་ནི་རྣལ་མའི་ལན་ཡིན་ནོ། །གཉིས་པ་ལ་དམ་བཅའ་མེད་པ་དང་། གཏན་ཚིགས་མེད་པ་གཉིས་ལས། དང་པོ་ནི་ཀླུ་སྒྲུབ་ཀྱིས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པ་དང་། འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་རིང་པོ་ན་འང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་གསུངས་པའི་དོན་ལ། དེང་སང་གི་དབུ་མ་པ་དག བདེན་གྲུབ་ཀྱི་ཆོས་དམ་བཅས་པ་མེད་པས། སྐྱོན་མེད་ཅེས་པ་འབའ་ཞིག་ལ་འཆད་པ་ནི་མི་འཐད་དེ། ཡོད་མེད་སོགས་ཀྱི་དམ་བཅའ་གསུམ་ཀ་མེད་པར་གསུངས་པའི་ཕྱིར་རོ། །འོ་ན་ཅི་ལྟར་ཞེ་ན། མཐའ་བཞིའི་སྐྱེ་བ་དཔྱད་ནས་སྐྱེ་བ་བདེན་པ་བ་འགོག་པ་དང་། རྒྱུ་འབྲས་ཕྲད་མ་ཕྲད་དཔྱད་ནས་རྒྱུ་འབྲས་བདེན་པ་བ་འགོག་པ་སོགས་རང་ལ་མཚུངས་པའི་ལན་ལ་ནི་བདེན་པར་འགྲུབ་པའི་ཕྱོགས་ཁས་མ་བླངས་ཞེས་པ་ལ་འཆད་དགོས་པ་ཡོད་ཀྱང་། ཆོས་ཅན་དེ་ཉིད་ཀྱི་གནས་ཚུལ་ལ་དཔྱད་པའི་ཚེ་ཆོས་ཅན་སྣང་ཙམ་དེ་ཉིད་ཁས་ལེན་དགོས་པས་དཔྱད་པའི་ཉེས་པ་མཚུངས་སོ་ཞེས་པའི་ལན་ལ་ནི་ཆོས་ཅན་དེ་ཉིད་ཁས་མ་བླངས་པས་ཆོས་ཅན་ཚད་མས་གྲུབ་པའི་སྟེང་དུ་ཁྱད་པར་གྱི་ཆོས་དམ་འཆའ་བའི་རང་རྒྱུད་ཀྱི་དམ་བཅའ་མེད་ཅེས་པ་ལའང་འཆད་དགོས་པ་ཡོད་དེ། དཔེར་ན་དངོས་པོ་བདག་ལས་སྐྱེ་བ་མེད་པའི་སྐབས་སུ་ཡང་དེ་ལྟ་བུའི་རང་རྒྱུད་ཀྱི་དམ་བཅའ་མེད་པར་གསུངས་པ་ལྟ་བུའོ། །དེས་ན་དངོས་པོར་སྨྲ་བའི་ངོར་སྐྱོན་སྤོང་ཚུལ་དང་། རང་རྒྱུད་པའི་ངོར་སྐྱོན་སྤོང་ཚུལ་གཉིས་ཡོད་པར་ཤེས་པར་བྱའོ། །གཉིས་པ་གཏན་ཚིགས་མེད་པ་ནི། ཚིག་གསལ་ལས། དབུ་མ་པ་ཡིན་ན་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་ཞེས་པ་སྟེ། གནས་ལུགས་ལ་དཔྱོད་པའི་སྐབས་སུ། གང་ལ་དཔྱད་པའི་གཞི་དབུ་མ་པ་ལ་མ་གྲུབ་པས་དེའི་སྟེང་དུ་དགག་ཆོས་ལས་གཞན་སྒྲུབ་ཆོས་ཀྱང་ཁས་བླངས་པ་མེད་པའི་ཕྱིར་རོ་ཞེས་པའོ། །གཉིས་པ་རྣམ་གཞག་དེའི་སྐྱོན་སྤོང་བ་ནི་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་སྤྲོས་པ་མཐའ་དག་གཅོད་མི་ནུས་ན་ཉི་ཚེ་བའི་སྟོང་པ་ཙམ་གྱིས་དབུ་མར་འགྲུབ་པར་འགྱུར་རོ། །ནུས་ན་ཅིག་ཆར་རམ་རིམ་གྱིས་གཅོད། ཅིག་ཆར་གཅོད་ན་རིགས་པ་གཞན་རྣམས་དོན་མེད་པར་འགྱུར། རིམ་གྱིས་གཅོད་ན་ཤེས་བྱ་མཐའ་ཡས་པས་སྤྲོས་པ་གཅོད་པའི་དུས་མེད་པར་འགྱུར་རོ་ཞེ་ན། རྟོག་པ་སེལ་འཇུག་ཡིན་པས་རིམ་གྱིས་གཅོད་ཀྱང་སྤྲོས་པ་ཆོད་པའི་དུས་མེད་པར་མི་འགྱུར་ཏེ། ཆོས་གཅིག་གི་སྟེང་དུ་བདེན་པའི་སྤྲོས་པ་ཆོད་ན་དེ་དང་རིགས་འདྲ་བའི་ཆོས་གཞན་ལ་ཡང་རིགས་པ་དེ་ཁ་སྤོ་ནུས་པའི་ཕྱིར། ཆོས་ཐམས་ཅད་ལ་སྤོ་ནུས་པའི་ངེས་པ་ནི་མེད་དེ། དངོས་པོར་སྨྲ་བ་བཞིན་ནོ། །འོན་ཀྱང་དེ་དག །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཞེས་པའི་ཚུལ་གྱིས་རང་རང་གི་གྲུབ་མཐས་བཏགས་པའི་གྲུབ་མཐའ་གཙོ་བོ་གྲུབ་མཐའ་གོང་མས་བཀག་པ་ན་དགག་བྱ་གཞན་མེད་པས། ཐུག་མེད་དུ་མི་འགྱུར་རོ། །གསུམ་པ་དེ་ཉིད་གཞུང་འདིར་རིགས་པས་སྒྲུབ་པའི་ཚུལ་ལ་གཉིས་ཏེ། མཐའ་བཞིའི་སྐྱེ་བ་རིགས་པས་དགག རང་གཞན་སྡེ་པའི་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། རྟེན་འབྲེལ་བདེན་པའི་སྐྱེ་བ་བཀག་པའི་དོན་དུ་བཤད། རྟེན་འབྲེལ་རྟེན་ནས་སྐྱེ་བའི་དོན་དུ་བཤད། མཐའ་གཉིས་སྤངས་པའི་རྟེན་འབྲེལ་རྟོགས་པའི་ཕན་ཡོན་བཤད་པའོ། །དང་པོ་ལ་གསུམ་སྟེ། དམ་བཅའ་མདོར་བསྟན། རིགས་པ་རྒྱས་པར་བཤད། ཚུལ་དེས་གྲུབ་པའི་དོན་ནོ། །དང་པོ་ནི། དེ་ཉིད་སོགས་སོ། །གཉིས་པ་ལ་བཞི་སྟེ། བདག་ལས་དང་། གཞན་ལས་དང་། གཉིས་ཀ་ལས་དང་། རྒྱུ་མེད་པར་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས་ཏེ། འགྲེལ་པ་མཛད་པའི་རིགས་པས་དགག བསྟན་བཅོས་མཛད་པའི་རིགས་པས་དགག་པའོ། །དང་པོ་ལ་གསུམ་སྟེ། དེ་ཁོ་ན་ཉིད་དུ་བདག་སྐྱེ་དགག འཇིག་རྟེན་གྱི་ཐ་སྙད་དུ་བདག་སྐྱེ་དགག དེ་གཉིས་ཀའི་གྲུབ་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གྲགས་པའི་དོན་མི་རུང་བར་ཐལ་བ། མ་གྲགས་པའི་དོན་ཐོབ་པར་ཐལ་བའོ། །དང་པོ་ལ་གཉིས་ཏེ། སྐྱེ་བ་དོན་མེད་དུ་ཐལ་བ། སྐྱེ་བ་སྐབས་མེད་པར་ཐལ་བའོ། །དང་པོ་ནི་དེ་ནི་ཞེས་སོགས་ཏེ། སངས་རྒྱས་བསྐྱངས་ཀྱི་རིགས་པའོ། །གཉིས་པ་ནི། སྐྱེས་ཟིན་སོགས་ཏེ། ཟླ་བས་ཁ་བསྐང་བའོ། །གཉིས་པ་ལ་གསུམ་སྟེ། སྐྱེ་བ་ཐུག་པ་མེད་པར་ཐལ་བ། རྒྱུ་འབྲས་ངོ་བོ་འཆོལ་བར་ཐལ་བ། ཕན་ཚུན་རྟོགས་པ་མཚུངས་པར་ཐལ་བའོ། །དང་པོ་ནི། ས་བོན་སོགས་ཏེ། སངས་རྒྱས་བསྐྱངས་ཀྱི་རིགས་པའོ། །གཉིས་པ་ནི། བྱེད་རྒྱུ་སོགས་ཏེ། རྐང་པ་དང་པོ་གཉིས་ཀྱིས་ཐལ་བ་དངོས་དང་། ཕྱི་མ་གཉིས་ཀྱིས་དེའི་ཉེས་སྤོང་དགག་པའོ། །གསུམ་པ་ནི། གལ་ཏེ་སོགས་ཏེ། ཕྱི་མ་འདི་གཉིས་ཟླ་བས་ཁ་བསྐང་བའོ། །གཉིས་པ་ནི། གང་ཕྱིར་སོགས་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་ཡང་ས་མྱུག་ལྟ་བུ་ལ་གཅིག་གི་ཐ་སྙད་ཁས་མི་ལེན་པ་ཡིན་གྱི། རྒྱུ་འབྲས་ཙམ་ལ་ནི་མ་ངེས་པར་མངོན་ནོ། །གསུམ་པ་ནི། དེ་ཕྱིར་སོགས་སོ། །གཉིས་པ་བསྟན་བཅོས་མཛད་པའི་རིགས་པས་དགག་པ་ནི། བདག་ལས་སོགས་ཏེ། རྩ་ཤེར་ལས། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ན། །སྐྱེད་དང་བསྐྱེད་པ་གཅིག་ཏུ་འགྱུར། །ཞེས་དང་། གལ་ཏེ་ཤིང་འདི་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་གསུངས་པ་བཀོད་པའོ། །གཉིས་པ་གཞན་ལས་སྐྱེ་བ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། སུན་འབྱིན་བཤད་པའོ། །དང་པོ་ནི། རང་སྡེ་དངོས་པོར་སྨྲ་བ་རྣམས་ན་རེ། འདིར་དངོས་པོ་རྣམས་བདག་ལས་འབྱུང་བར་མི་འགྱུར་ཏེ། ཞེས་བྱ་བ་འདི་ངེས་པ་ཡིན་ལ། ཕྱོགས་འདི་ནི་རིགས་པ་ཉིད་ཀྱང་ཡིན་ན། གང་འདི་སྐད་དུ་གཞན་དག་ལས་ལྟ་ག་ལ་ཞིག་ཅེས་སྨྲས་པ་དེ་ནི་མི་རིགས་སོ། །འདི་ལྟར་གཞན་དུ་གྱུར་པའི་རྐྱེན་བཞི་པོ་རྒྱུ་དང་། དམིགས་པ་དང་། དེ་མ་ཐག་པ་དང་། དེ་བཞིན་དུ་བདག་པོ་སྟེ་རྐྱེན་རྣམས་དངོས་པོ་རྣམས་ཀྱི་བསྐྱེད་པར་བྱེད་པའོ་ཞེས་བྱ་བའི་གསུང་རབ་ལ་ལྟོས་ནས་མི་འདོད་བཞིན་དུ་ཡང་གཞན་ལས་སྐྱེ་བ་ཁས་བླང་བར་བྱའོ་ཞེས་ཟེར་རོ། །རྩ་ཤེར་ལས་ཀྱང་རབ་བྱེད་དང་པོར་གཞན་སྐྱེ་དགག་པའི་དབང་དུ་བྱས་ནས། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །ཞེས་སོགས་ཚིགས་བཅད་གཅིག་གིས་ཕྱོགས་སྔ་བརྗོད་པ་དེ་ཉིད་འདིར་བླངས་པའོ། །གཉིས་པ་ལ་གསུམ་སྟེ། བདེན་པ་གཉིས་ལ་ལྟོས་པའི་གཞན་སྐྱེ་དགག དེ་ལྟར་དགག་པའི་ཕན་ཡོན་རྣམ་གཉིས་བསྟན། གཞན་སྐྱེ་སྒྲུབ་བྱེད་རྣམ་རིག་གྲུབ་མཐའ་བཟློག་པའོ། །དང་པོ་ལ་གཉིས་ཏེ། དོན་དམ་དུ་གཞན་ལས་སྐྱེ་བ་དགག་པ། ཀུན་རྫོབ་ཏུ་གཞན་ལས་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས་ཏེ། གནོད་བྱེད་ཀྱི་རིགས་པ་བརྗོད། འཇིག་རྟེན་གྱི་གནོད་པ་སྤོང་བའོ། །དང་པོ་ལ་གསུམ་སྟེ། ཧ་ཅང་ཐལ་བའི་གནོད་བྱེད་བརྗོད། དུས་ལ་བརྟགས་ཏེ་གཞན་སྐྱེ་དགག མུ་བཞིར་བརྟགས་ཏེ་གཞན་སྐྱེ་དགག་པའོ། །དང་པོ་ལ་གཉིས་ཏེ། རིགས་མི་མཐུན་པ་ལས་སྐྱེ་བར་ཐལ། སྐྱེ་བ་ངེས་པ་མེད་པར་ཐལ་བའོ། །དང་པོ་ནི། གཞན་ལས་སོགས་ཏེ། རྩ་ཤེར་ལས། རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས་པའི་རིགས་པའོ། །གཉིས་པ་ལ་གཉིས་ཏེ། ཐལ་བ་དངོས། རྩོད་པ་སྤོང་བའོ། །དང་པོ་ནི། ཐམས་ཅད་སོགས་ཏེ། འདི་གཉིས་ཀ་ཡང་རྒྱུ་མཚན་མཚུངས་པའི་མགོ་སྙོམས་སོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། རབ་ཏུ་སོགས་སོ། །གཉིས་པ་ནི། ཇི་ལྟར་སོགས་ཏེ། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པས་མ་གྲུབ་པའོ། །གཉིས་པ་ལ་གཉིས་ཏེ། དུས་ཐ་དད་ལ་གཞན་ཉིད་མེད་པས་གཞན་སྐྱེ་དགག དུས་མཉམ་པ་ལ་སྐྱེ་བ་མེད་པས་གཞན་སྐྱེ་དགག་པའོ། །དང་པོ་ལ་གཉིས་ཏེ། དགག་པ་དངོས། རྩོད་པ་སྤོང་བའོ། །དང་པོ་ནི། མྱུ་གུ་སོགས་སོ། །གཉིས་པ་ལ་གཉིས་ཏེ། གཞན་གཞུང་རྗེས་སུ་བརྗོད། དེ་ཉིད་བཟློག་བྱེད་བཤད་པའོ། །དང་པོ་ནི། ཇི་ལྟར་སོགས་སོ། །གཉིས་པ་ནི། གལ་ཏེ་སོགས་སོ། །གཉིས་པ་ནི། གལ་ཏེ་མིག་གི་སོགས་སོ། །གསུམ་པ་མུ་བཞིར་བརྟགས་ཏེ་གཞན་སྐྱེ་དགག་པ་ནི། བསྐྱེད་བྱ་སོགས་ཏེ། རྩ་ཤེར་ལས་འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །སྐྱེ་བ་ཡོད་པ་མ་ཡིན་ན། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །རྒྱུ་ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གིས་ཡིན་པར་འགྱུར། །ཞེས་པའི་རིགས་པས་འབྲས་བུ་ཡོད་པ་དང་། མེད་པ་བསྐྱེད་པ་གཉིས་ཀ་ཡིན་ན་ཡང་བཤད་ཟིན་པའི་ཉེས་པར་ཐལ་བས་དགག དེར་མ་ཟད་དབུ་མ་ལས། མྱ་ངན་འདས་པ་དངོས་པོ་དང་། །དངོས་མེད་གཉིས་ཀར་ཇི་ལྟར་འགྱུར། །དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །ཞེས་དང་། བྱེད་པ་པོར་གྱུར་མ་གྱུར་པ། །གྱུར་མ་གྱུར་དེ་མི་བྱེད་དེ། །ཡིན་དང་མ་ཡིན་གྱུར་ཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་པའི་རིགས་པས་ཀྱང་འགོག་པའོ། །གཉིས་ཀ་དང་བྲལ་བ་ལ་ཡང་རྐྱེན་གྱིས་ཅི་ཞིག་བྱ་སྟེ། མི་སྲིད་པའི་ཕྱིར་རོ། །གཉིས་པ་འཇིག་རྟེན་གྱི་གནོད་པ་སྤང་བ་ལ་གཉིས་ཏེ། གཞན་གཞུང་རྗེས་སུ་བརྗོད། ཟློག་བྱེད་རིགས་པ་བཤད་པའོ། །དང་པོ་ནི། གང་གི་སོགས་ཏེ། དངོས་པོར་སྨྲ་བ་ན་རེ། གཞན་སྐྱེ་སྒྲུབ་པའི་རིགས་པ་གཞན་གྱིས་ཅི་ཞིག་བྱ་སྟེ། འཇིག་རྟེན་གྱིས་མཐོང་བ་འདི་རང་གི་ལྟ་བ་ལ་གནས་པ་ན་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་ཞིང་། གཞན་ཁོ་ན་ལས་སྐྱེ་བར་ཡང་འཇིག་རྟེན་པས་མཐོང་བའི་ཕྱིར་གཞན་སྐྱེ་ཡོད་པར་གྲུབ་ཅིང་། གཞན་སྐྱེ་དགག་པ་ལ་གནོད་དོ་ཞེ་ན། གཉིས་པ་ལ་གསུམ་སྟེ། འཇིག་རྟེན་ཚད་མ་དགག་ཕྱིར་བདེན་གཉིས་རྣམ་དབྱེ་བསྟན། དེས་ན་དེ་ཉིད་སྐབས་སུ་འཇིག་རྟེན་གྱིས་མི་གནོད། འཇིག་རྟེན་ཉིད་ཀྱིས་གནོད་པའི་ཡུལ་གྱི་ཁྱད་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་སྤྱིར་བསྟན། མཚན་གཞི་སོ་སོར་བཤད་པའོ། །དང་པོ་ནི། དངོས་ཀུན་སོགས་ཏེ། འཇིག་རྟེན་གྱིས་མཐོང་བས་གནས་ལུགས་དཔྱོད་པའི་རིགས་པ་ལ་གནོད་པར་འདོད་པ་ཁྱོད་ལ་འཇིག་རྟེན་གྱི་བྱུང་ཚུལ་ཤིན་ཏུ་མང་ཞིང་རྒྱ་ཆེ་བ་མ་བཤད་པར་འཇིག་རྟེན་གྱིས་གནོད་པའི་བླ་བརྡོལ་ལས་བཟློག་པར་མི་ནུས་པས། འཇིག་རྟེན་གྱིས་གནོད་པ་དང་མི་གནོད་པའི་ཡུལ་ཁྱད་པར་ཅན་བསྟན་པའི་ཕྱིར། རེ་ཤིག་བདེན་པ་གཉིས་ཀྱི་རྣམ་བཞག་བཤད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ལ་ཐ་སྙད་ཀྱི་སྒོ་ནས་གནས་ལུགས་བསྟན་པའི་ཚེ། དངོས་པོ་ཐམས་ཅད་ལ་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་གཉིས་བསྟན་ཏེ། དངོས་པོ་ཐམས་ཅད་ལ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་རང་གི་ངོ་བོ་སྟོང་ཉིད་རྙེད་པ་དང་། བརྫུན་པ་མཐོང་བའི་སོ་སོའི་སྐྱེ་བོའི་བློས་བརྫུན་པའི་སྟོབས་ལས་རང་གི་ངོ་བོ་ཡོད་པར་རྙེད་པ་ཉིད་ལ་བདེན་པ་གཉིས་སུ་བཞག་པ་ཡིན་གྱི། དེ་གཉིས་ངོ་བོ་ཐ་དད་དུ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་བློའི་སྒོ་ནས་ངོ་བོ་གཉིས་འཛིན་པའི་མཐོང་བ་ཡང་དག་པའི་ཡུལ་ནི་དོན་དམ་བདེན་པ་ཡིན་ལ། མཐོང་བ་བརྫུན་པའི་ཡུལ་ནི་ཀུན་རྫོབ་བདེན་པའོ། །འདིར་ཁ་ཅིག༢༠ འདིས་ནི་མྱུ་གུ་ལྟ་བུ་གཅིག་གི་ངོ་བོ་ལ་ཡང་ཕྱེ་ན་ཀུན་རྫོབ་ཡིན་པ་དང་། དོན་དམ་པའི་ངོ་བོ་གཉིས་ཡོད་པར་སྟོན་གྱི། མྱུ་གུའི་ངོ་བོ་གཅིག་ཉིད་སོ་སྐྱེ་དང་འཕགས་པ་ལ་ལྟོས་ནས་བདེན་པ་གཉིས་སུ་སྟོན་པ་གཏན་མ་ཡིན་ནོ། །དེ་ལྟར་བྱས་ན་ངོ་བོ་མེད་པའི་ཆོས་མི་སྲིད་པས། གཞི་གྲུབ་པ་ཡིན་ན། ངོ་བོ་གཅིག་དང་ཐ་དད་ལས་མ་འདས་ལ། ངོ་བོ་ཡོད་པ་ཁས་ལེན་ཀྱང་། རང་བཞིན་གྱིས་གྲུབ་པའི་ངོ་བོ་མེད་པ་མི་འགལ་ལོ་ཞེས་དང་། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་བྱས་པ་དང་། མི་རྟག་པ་ལྟ་བུ་སྟེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་པ་བཞིན་ནོ། །ཞེས་བྱ་བ་བྲིས་སོ། །དེ་ནི་མི་འཐད་དེ། མྱུ་གུའི་ངོ་བོར་གྱུར་པའི་ཀུན་རྫོབ་ཀྱི་ངོ་བོ་དེ་དེའི་ངོ་བོར་གྱུར་པའི་དོན་དམ་གྱི་ངོ་བོ་ཡིན་པར་ཐལ། དེ་གཉིས་ངོ་བོ་གཅིག་ཡིན་པའི་ཕྱིར། འདོད་ན། མཐོང་བ་བརྫུན་པས་རྙེད་པའི་ངོ་བོ་དེ་མཐོང་བ་ཡང་དག་པས་རྙེད་པའི་ངོ་བོ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མཐོང་བ་བརྫུན་པས་རྙེད་པ་དེ་མཐོང་བ་ཡང་དག་པས་རྙེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་གཉིས་ཡུལ་གྱི་ངོ་བོ་རྙེད་ཚུལ་ཁྱད་པར་མེད་པར་འགྱུར་རོ། །གཞན་ཡང་མྱུ་གུ་ལྟ་བུ་གཅིག་ཉིད་ལ། བདེན་པ་གཉིས་ཀྱི་མིང་གིས་བཏགས་པའི་བཏགས་དོན་ཐ་སྙད་དུ་རྙེད་པར་ཐལ། མྱུ་གུའི་ངོ་བོ་ཡིན་པར་གྱུར་པའི་བདེན་གཉིས་ཀྱི་ངོ་བོ་གཉིས་ཡོད་པའི་ཕྱིར། ཡུལ་ཅན་འཕགས་པའི་མཉམ་བཞག་དེས་མཐོང་བ་བརྫུན་པས་རྙེད་པའི་རྙེད་དོན་དེ་མཐོང་བར་ཐལ། དེ་མཐོང་བ་ཡང་དག་པས་རྙེད་པའི་རྙེད་དོན་ལ་སྒྲུབ་འཇུག་གང་ཞིག ཡུལ་དེ་གཉིས་ངོ་བོ་གཅིག་ཡིན་པའི་ཕྱིར། གཞན་ཡང་རང་རང་ངོ་བོས་སྟོང་པར་སྒྲུབ་པ་ལ་དགག་བྱ་དོན་དམ་གྱི་ཁྱད་པར་སྦྱར་དགོས་པར་ཐལ། བདེན་གཉིས་ཐ་སྙད་དུ་རང་རང་ངོ་བོས་མི་སྟོང་པའི་ཕྱིར། སྔ་ཕྱི་གཉིས་ཆར་གྱི་རྟགས་བསལ་ཁས་བླངས་སོ། །དེས་ན་བདེན་གཉིས་བྱས་མི་རྟག་བཞིན་དུ་ངོ་བོ་གཅིག་ཏུ་འདོད་པ་དང་། ཆོས་ཐམས་ཅད་མིང་གི་ཐ་སྙད་ཀྱིས་བཏགས་པའི་དབང་གིས་བཞག་པ་མ་གཏོགས་པར་མིང་གིས་བཏགས་པའི་དོན་ཐ་སྙད་དུ་ཡང་མེད་པར་འདོད་པ་ནི་འགལ་མི་འགལ་བློ་གཟུ་བོར་གནས་པ་དག་གིས་དཔྱོད་ཅིག བྱང་ཆུབ་སེམས་འགྲེལ་གྱི་ལུང་གི་དོན་ནི། བདེན་གཉིས་ཕན་ཚུན་ལྟོས་ནས་འཇོག་དགོས་པས་ངོ་བོ་ཐ་དད་དུ་མེད་པའི་དཔེར་བྱས་མི་རྟག་གསུངས་པ་ཡིན་གྱི། ངོ་བོ་གཅིག་པའི་དཔེ་ནི་མ་ཡིན་ཏེ། དབུ་མ་ཐལ་འགྱུར་བས་ཕན་ཚུན་ལྟོས་ནས་གྲུབ་པའི་ཆོས་ལ་ངོ་བོ་གཅིག་དང་ཐ་དད་གཉིས་ཀ་ཁས་མི་ལེན་པའི་ཕྱིར། གཞན་དུ་ན་རྒྱུ་འབྲས་ལ་ངོ་བོ་གཅིག་དང་ཐ་དད་གང་རུང་གཅིག་ཅིའི་ཕྱིར་ཁས་མི་ལེན་ལེགས་པར་སོམས་ཤིག གཉིས་པ་ལ་གཉིས་ཏེ། ཀུན་རྫོབ་བདེན་པ་དབྱེ་བའི་སྒོ་ནས་བཤད། དོན་དམ་བདེན་པ་དཔེ་ཡི་སྒོ་ནས་བཤད་པའོ། །དང་པོ་ལ་གཉིས་ཏེ། སོ་སྐྱེའི་བློ་ལ་ལྟོས་པའི་དབྱེ་བ། སྐྱེ་འཕགས་གཉིས་ལ་ལྟོས་པའི་དབྱེ་བའོ། །དང་པོ་ལ་བཞི་སྟེ། ཡུལ་ཅན་མཐོང་བ་བརྫུན་པ་གཉིས་སུ་དབྱེ། ཚུལ་དེས་ཡུལ་ལ་ཡང་ལོག་གཉིས་སུ་གྲུབ། གཉིས་པ་འཇིག་རྟེན་ལས་ཀྱང་མེད་པར་བསྟན། དེ་ཉིད་དཔེར་བྱས་སྐབས་ཀྱི་ལན་ལ་སྦྱར་བའོ། །དང་པོ་ནི། མཐོང་བ་སོགས་ཏེ། མཐོང་བ་བརྫུན་པ་ཉིད་ལ་ཡང་། གློ་བུར་གྱི་འཁྲུལ་རྒྱུས་མ་སླད་པའི་དབང་པོ་གསལ་བ་དང་། གློ་བུར་གྱི་འཁྲུལ་རྒྱུས་སླད་པའི་དབང་པོ་སྐྱོན་ལྡན་གྱི་ཤེས་པ་གཉིས་ཡོད་པ་ལས་སྔ་མ་ནི་འཇིག་རྟེན་ཉིད་ལ་ལྟོས་ནས་མཐོང་བ་ཡང་དག་པ་དང་། ཕྱི་མ་ནི་འཇིག་རྟེན་ཉིད་ལ་ལྟོས་ནས་མཐོང་བ་བརྫུན་པར་བཞག་སྟེ། འགྲེལ་པར། དེའི་ཕྱིར་དེ་ལྟར་བདེན་པ་གཉིས་རྣམ་པར་གཞག་ནས། མཐོང་བ་བརྫུན་པ་རྣམས་ལ་ཡང་། མཐོང་བ་ཡང་དག་པ་དང་བརྫུན་པ་ཉིད་ལ་གཉིས་ཉིད་ཡོད་པས་ཞེས་གསུངས་པས་སོ། །གཉིས་པ་ནི། གནོད་པ་སོགས་ཏེ། སྔར་གྱི་ཡུལ་ཅན་གཉིས་པོ་དེས་ཡུལ་ལ་ཡང་ལོག་གཉིས་སུ་ཕྱེ་བའོ། །འདིར་ཕྱི་མ་༢༡དག་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ཀྱི་ཐ་སྙད་ནི་རང་རྒྱུད་པའི་ལུགས་ཡིན་གྱི། ཐལ་འགྱུར་བས་ནི་འཇིག་རྟེན་ཉིད་ལྟོས་བདེན་པའི་ཀུན་རྫོབ་དང་། འཇིག་རྟེན་ཉིད་ལྟོས་ལོག་པའི་ཀུན་རྫོབ་ཞེས་ཁས་ལེན་ཅིང་། སྔ་མ་ཁས་མི་ལེན་ཏེ། ཡང་དག་ཡིན་ན་ཀུན་རྫོབ་ཡིན་པར་འགལ་བའི་ཕྱིར་རོ་ཞེས་སྨྲའོ། །འོ་ན་ཀུན་རྫོབ་བདེན་པ་ཞེས་པའི་ཐ་སྙད་ཀྱང་མི་འཐད་པར་འགྱུར་ཏེ། ཀུན་རྫོབ་ཡིན་ན་བདེན་པ་ཡིན་པར་འགལ་བའི་ཕྱིར། དེ་ནི་བློ་ཀུན་རྫོབ་པའི་ངོ་བོར་བདེན་པ་ལ་འཇོག་པས་སྐྱོན་མེད་དོ་སྙམ་ན། ཡང་དག་ཀུན་རྫོབ་ཅེས་པ་ཡང་། བློ་ཀུན་རྫོབ་པ་ལ་ལྟོས་ནས་ཡང་དག་ཏུ་འཇོག་པས་སྐྱོན་མེད་དེ། འགྲེལ་པའི་ལུང་སྔར་དྲངས་པ་ལས། མཐོང་བ་བརྫུན་པ་ཉིད་ལ་ཡང་། མཐོང་བ་ཡང་དག་པ་དང་། མཐོང་བ་བརྫུན་པ་གཉིས་སུ་ཕྱེ་བ་ལྟ་བུའོ། །དེས་ན་ཇོ་བོ་རྗེ་རྗེས་འབྲང་དང་བཅས་པ་དང་། ཞང་ཐང་སག་པ་རྗེས་འབྲང་དང་བཅས་པ་སོགས་ཐལ་འགྱུར་བའི་ལུགས་ལ་ཤིན་ཏུ་མཁས་པ་སྔར་བྱོན་པ་རྣམས་ཀྱིས་ཡང་ལོག་གི་ཐ་སྙད་ཐལ་རང་གཉིས་ལ་ཁྱད་པར་མེད་པར་རྣམ་གཞག་མཛད་པ་ལྟར་ཁྱད་པར་མེད་པར་ཁས་བླང་བར་བྱའོ། །གསུམ་པ་ནི། མི་ཤེས་སོགས་ཏེ། ཚིག་རྐང་དང་པོ་གཉིས་ཀྱིས་ཡིད་གློ་བུར་གྱི་འཁྲུལ་རྒྱུས་སླད་པའི་ཤེས་པ་དང་། གསུམ་པས་དབང་ཤེས་གློ་བུར་གྱི་འཁྲུལ་རྒྱུས་སླད་པའི་ཡུལ་རྣམས་དོན་དམ་དུ་མེད་པར་མ་ཟད། ཀུན་རྫོབ་ཉིད་ལ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་མེད་པར་བསྟན་ཏོ། །འདིར་གནད་ཀྱི་དོན་འདི་ཆེ་སྟེ། འཕགས་པའི་མཉམ་བཞག་ལ་ལྟོས་ནས་མཐོང་བ་བརྫུན་པར་བཞག་པའི་ཡུལ་ཐམས་ཅད་བློ་ཀུན་རྫོབ་པའི་ངོར་བདེན་པས་ཀུན་རྫོབ་བདེན་པ་ཡིན་པར་ཁྱད་པར་མེད་ཀྱང་། ཐ་སྙད་བདེན་པ་ཡིན་མིན་གྱི་ཁྱད་པར་ཡོད་དེ། ལོག་པའི་ཀུན་རྫོབ་བདེན་པ་རྣམས་ནི་ཐ་སྙད་བདེན་པ་མ་ཡིན་ཏེ། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་ལྷན་སྐྱེས་ཀྱི་བློ་རང་དགའ་བའི་ངོར་བདེན་པའི་ཐ་སྙད་མི་བྱེད་པའི་ཕྱིར། འོ་ན་ཀུན་རྫོབ་ཀྱི་བདེན་པ་ཡང་མ་ཡིན་པར་མཚུངས་སོ་ཞེ་ན། དེ་ནི་གནད་མ་ཟིན་པ་སྟེ། མཐོང་བ་བརྫུན་པའི་ངོར་བདེན་པའི་ཕྱིར་མཐོང་བ་བརྫུན་པ་ལ་གཉིས་སུ་ཕྱེ་བའི་གཉིས་ཀ་མཐོང་བ་བརྫུན་པ་ཡིན་པར་ཁྱད་པར་མེད་ཅིང་། ཕྱི་མའི་ངོར་བདེན་པ་ཡང་དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། ཞེས་གསུངས་པས་བསྟན་པའི་ཕྱིར་རོ། །མདོར་ན་ལོག་པའི་ཀུན་རྫོབ་ཐམས་ཅད་ནི་ཀུན་རྫོབ་བདེན་པ་ཡིན་ཀྱང་། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་དང་། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་དང་། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །ཞེས་པ་རྣམས་ཀྱིས་བསྟན་པའི་ཐ་སྙད་བདེན་པ་དང་། འཇིག་རྟེན་ཀུན་རྫོབ་བདེན་པ་ལྟར་ཐ་སྙད་དུ་ཡོད་པ་ནི་མ་ཡིན་ཏེ། དེ་དག་ནི་གསུང་རབ་ཀྱི་བརྗོད་བྱ་ཐམས་ཅད་བདེན་པ་གཉིས་སུ་འདུས་པར་གསུངས་པའི་ཡ་རྒྱལ་གྱི་ཀུན་རྫོབ་བདེན་པ་ཡིན་ལ། ལོག་པའི་ཀུན་རྫོབ་རྣམས་ནི་དེ་ལྟར་མ་ཡིན་པའི་ཕྱིར་ཏེ། དོན་དམ་བདེན་པ་རྟོགས་པའི་ཐབས་སུ་མི་རུང་བའི་ཕྱིར་རོ། །དེས་ན་འདིའི་གྲུབ་འབྲས་ལ། ཀུན་རྫོབ་བདེན་པ་ཡིན་ན་ཡོད་པས་མ་ཁྱབ་ཅིང་། ཐ་སྙད་བདེན་པ་ཡིན་ན་ཡོད་པས་ཁྱབ་ཅེས་དང་། ཀུན་རྫོབ་ཏུ་ཡོད་ན་ཡོད་པས་མ་ཁྱབ་ཅིང་། ཐ་སྙད་དུ་ཡོད་ན་ཡོད་པས་ཁྱབ་ཅེས་འབྱུང་ལ། དེང་སང་སྒྲོས་རང་དགའ་བ་རེ་རེའི་རྗེས་སུ་སྐྱེ་བོ་མང་པོ་ཁ་མཐུན་ངོར་མི་བདེ་ཡང་། དབུ་མའི་གཞུང་ལུགས་ཀྱི་མགོ་འཇུག་བསྒྲིགས་ན་འདི་ལས་གཞན་དུ་སྨྲ་ཐབས་ཨེ་འདུག་ལེགས་པར་དཔྱོད་ཅིག ཁྱད་པར་འདི་མ་ཕྱེད་པར་ཁ་ཅིག་༢༢གཞུང་འདི་ལ་ཞེན་ཡུལ་ལ་འཁྲུལ་པའི་ཞེན་ཡུལ་ཐ་སྙད་དུ་ཡང་མེད་པར་བསྟན་པ་ཞེས་པའི་ས་བཅད་བྱས་ནས། མུ་སྟེགས་བྱེད་རྣམས་ཀྱིས་རང་རང་གི་གཞུང་ལས་བྱུང་བའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཡོན་ཏན་གསུམ་ལ་སོགས་པ་གང་བརྟགས་པ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ནོ། །འདིས་ནི་ལུགས་འདིས་བློ་འཁྲུལ་པ་གཅིག་གི་ངོར་ཡོད་པ་ལ་ཀུན་རྫོབ་ཏུ་ཡོད་པར་འཇོག་ཟེར་བར་ལེགས་པར་བཀག་གོ་ཞེས་དང་། ད་ལྟ་གཟུགས་སྒྲ་སོགས་ལྔ་རང་གི་མཚན་ཉིད་ཀྱིས་གྲུབ་པར་དབང་ཤེས་ལ་སྣང་བ་ནི་མ་རིག་པས་སླད་པ་ཡིན་པས་ཤེས་པ་དེ་དང་། གཟུགས་བརྙན་དང་བྲག་ཆ་སོགས་སྣང་བའི་དབང་ཤེས་རྣམས་ལ་ཕྲ་རགས་ཙམ་མ་གཏོགས་པ་སྣང་ཡུལ་ལ་འཁྲུལ་མ་འཁྲུལ་ལ་ཁྱད་པར་མེད་ཅིང་། སྔོ་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དག་གཟུགས་བརྙན་བྱད་བཞིན་དུ་ཡོད་པ་མི་སྲིད་ཀྱང་། བྱད་བཞིན་དུ་མེད་པའི་གཟུགས་བརྙན་ཡོད་པ་བཞིན་དུ། རང་གི་མཚན་ཉིད་ཀྱིས་གྲུབ་པ་མིན་ཀྱང་སྔོ་སོགས་ཡོད་དགོས་ལ། དེ་ཡང་ཕྱི་རོལ་གྱི་དོན་དུ་ཡོད་པ་བཞིན་དུ་གཟུགས་བརྙན་ཡང་གཟུགས་ཀྱི་སྐྱེ་མཆེད་དུ་བཞེད་པ་ཡིན་ཏེ། འོག་ནས་གཟུགས་བརྙན་གྱིས་དེ་སྣང་བའི་དབང་ཤེས་བསྐྱེད་པར་ཡང་གསུངས་སོ། །ཚུལ་དེ་དག་ནི་མིག་ལ་རྟ་གླང་དུ་སྣང་བའི་སྒྱུ་མ་དང་། བྲག་ཆ་སོགས་ལ་ཡང་ཤེས་པར་བྱ་སྟེ། ལུགས་འདིའི་རྣམ་བཞག་ཐུན་མོང་མ་ཡིན་པའོ། །ཞེས་བྲིས་སོ། །དེ་ལ་མུ་སྟེགས་བྱེད་རྣམས་ཀྱིས་བརྟགས་པའི་ཞེན་ཡུལ་འཇིག་རྟེན་ཀུན་རྫོབ་ཏུ་ཡོད་པ་མ་ཡིན་པ་འཐད་ཀྱང་། དེས་བློ་འཁྲུལ་པ་གཅིག་གི་ངོར་ཡོད་པ་ལ་ཀུན་རྫོབ་ཏུ་ཡོད་པར་འཇོག་པ་བཀག་ཅེས་པ་ནི་འཇིག་རྟེན་ཀུན་རྫོབ་བདེན་པའི་ཁྱད་པར་མ་ཕྱེད་པ་སྟེ། དབང་པོ་སྐྱོན་ལྡན་གྱི་ཤེས་པའི་ངོར་བདེན་པས་ཀུན་རྫོབ་བདེན་པར་མི་འཇོག་ན། ཀུན་རྫོབ་བདེན་པ་ཡིན་ན་ཡང་དག་ཀུན་རྫོབ་ཡིན་པས་ཁྱབ་པར་ཐལ་བའི་ཕྱིར་རོ། །དབང་པོ་སྐྱོན་མེད་ཀྱི་ཤེས་པ་དང་། སྐྱོན་ལྡན་གྱི་ཤེས་པ་གཉིས་ཀྱི་སྣང་ཡུལ་མེད་མཚུངས་ཡིན་པར་ཐལ། དེ་གཉིས་སྣང་ཡུལ་ལ་འཁྲུལ་པར་མཚུངས་པའི་ཕྱིར། མ་ཁྱབ་ན་ཞེན་ཡུལ་ལ་འཁྲུལ་པའི་ཤེས་པ་ཡིན་ན་ཞེན་ཡུལ་ཐ་སྙད་དུ་ཡང་མེད་པས་ཁྱབ་པ་བུད། གཞན་ཡང་། ཀུན་རྫོབ་བདེན་པ་ལ་འཇིག་རྟེན་ཉིད་ལྟོས་བདེན་པའི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་སུ་ཕྱེ་བ་མི་འཐད་པར་ཐལ། དབང་པོ་སྐྱོན་ལྡན་གྱི་ཤེས་པའི་ཡུལ་སྒྱུ་མ་དང་གཟུགས་བརྙན་སོགས་རྟ་གླང་དང་བྱད་བཞིན་དུ་ཞེན་པའི་ཞེན་ཡུལ་ནི་ཀུན་རྫོབ་བདེན་པ་ཙམ་དུ་ཡང་མི་རུང་། སྣང་ཡུལ་ནི་འཇིག་རྟེན་ཉིད་དུ་བདེན་པའི་ཀུན་རྫོབ་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་ཏེ། རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྔོ་སོགས་དང་། བྱད་བཞིན་དུ་མེད་པའི་གཟུགས་བརྙན་གཉིས་ཐ་སྙད་དུ་ཡོད་མཚུངས་སུ་ཁས་བླངས་པའི་ཕྱིར་རོ། །གཟུགས་བརྙན་གྱིས་དེ་སྣང་གི་དབང་ཤེས་བསྐྱེད་པར་གསུངས་པས་གཟུགས་བརྙན་ཕྱི་རོལ་གྱི་དོན་དུ་འདོད་པ་ནི་གོང་དུ་རྨི་ལམ་དུ་དབང་ཤེས་ཡོད་པར་སློབ་དཔོན་འདི་བཞེད་ཅེས་པ་ནི་ལོག་པར་བཤད་པ་ཆེན་པོའོ། །ཞེས་བྲིས་པ་དང་འགལ་ཏེ། དེ་ཕྱིར་རྨི་ལམ་དུ་ཡང་དེར་དངོས་མིག །བརྫུན་པའི་ཡུལ་ཅན་རྟོག་པའི་རྒྱུར་ཁས་བླངས། །ཞེས་གསུངས་པས་སོ། །བཞི་པ་ནི། མིག་ནི་སོགས་ཏེ། སྔར་མཐོང་བ་བརྫུན་པ་ལ་གཉིས་སུ་ཕྱེ་བའི་དགོས་པ་ཡང་དབང་པོ་སྐྱོན་ལྡན་གྱི་མཐོང་བས་དབང་པོ་སྐྱོན་མེད་ཀྱི་མཐོང་བ་ལ་མི་གནོད་པ་དཔེར་བྱས་ནས་འཇིག་རྟེན་པས་གཞན་སྐྱེ་མཐོང་ན་ཡང་འཕགས་པའི་མཉམ་བཞག་གི་གཟིགས་ངོར་གཞན་སྐྱེ་མེད་པ་ལ་མི་གནོད་པར་བསྒྲུབ་པའོ། །འདིར་དྲི་མེད་བློ་ཞེས་པས་སྔར་གྱི་ཡང་དག་མཐོང་བ་འཕགས་པའི་མཉམ་གཞག་གི་མཁྱེན་པར་གྲུབ་ལ། ཁ་ཅིག་༢༣རང་ཉིད་ཀྱང་དེ་ཁས་བླངས་བཞིན་དུ་དེ་ལ་རིག་ཤེས་ཚད་མ་ཅེས་པའི་ཐ་སྙད་བྱེད་པ་ནི་རྣམ་བཞག་མ་ཆགས་ཏེ། རིག་ཤེས་ཚད་མ་ནི་རྟགས་ལ་བརྟེན་པའི་རྗེས་དཔག་ཡིན་པའི་ཕྱིར་རོ། །གཉིས་པ་ནི་གཏི་མུག་སོགས་ཏེ་འདིར་ཀུན་རྫོབ་བདེན་པ་དང་། ཀུན་རྫོབ་ཙམ་གཉིས་ལས། དང་པོ་ནི་བདེན་འཛིན་ལྷན་སྐྱེས་ཀྱི་མ་རིག་པའི་ངོར་བདེན་པར་སྣང་བ་ཡིན་ལ་ཕྱི་མ་ནི་ཉན་རང་དགྲ་བཅོམ་པ་དང་བྱང་སེམས་འཕགས་པ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ་རྣམས་ལ་བཅོས་མའི་རང་བཞིན་དུ་སྣང་བ་སྟེ། བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །དེ་ཡང་གཞི་གཅིག་ཉིད་སྣང་ཚུལ་གྱི་སྒོ་ནས་སོ་སོར་ཕྱེ་བ་ཡིན་གྱི་ཡུལ་གྱི་ངོས་ནས་སོ་སོར་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་ན་སྔ་མས་ཡུལ་ཅན་ལ་ཀུན་རྫོབ་ཏུ་འཇོག་པ་དང་། ཕྱི་མས་ཡུལ་ལ་ཀུན་རྫོབ་ཏུ་འཇོག་པ་འགལ་ལོ་སྙམ་ན། ཀུན་རྫོབ་ཀྱི་སྐད་དོད་སཾ་བྲྀཏྟི་ཞེས་ཡང་དག་སྒྲིབ་བྱེད་ཅེས་པར་འགྱུར་ལ་ཡུལ་ཅན་བདེན་འཛིན་གྱི་མ་རིག་པ་ནི་ཡང་དག་པ་ཡུལ་གྱི་དོན་མཐོང་བ་ལ་སྒྲིབ་པར་བྱེད་པས་ན་ཡང་དག་སྒྲིབ་བྱེད་དེ། དངོས་པོ་བདེན་པར་མེད་པ་ལ་བདེན་པར་མངོན་པར་ཞེན་པའི་ཕྱིར་རོ། །འཕགས་པ་གསུམ་གྱི་རྗེས་ཐོབ་ལ་སྣང་བའི་འདུ་བྱེད་ཡུལ་གྱི་ཆ་དེ་ཡང་ཡང་དག་སྒྲིབ་བྱེད་དེ་གཉིས་སྣང་གིས་བག་ཆགས་ཀྱི་དབང་གིས་བྱུང་བས་སྣང་མེད་ཀྱི་མཉམ་གཞག་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །དེས་ན་བདེན་གཉིས་ལས། གང་ཞིག་གིས་ནི་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་པ་ཡང་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་སྦྱར་བའི་ལུང་ཡིན་ལ། འདིར་ཡང་དེ་བཞིན་ཏེ། བདེན་པ་ཞེས་པའི་ཚིག་དང་འབྲེལ་བའི་ཚེ་ན་ཡུལ་ཅན་དང་། དེ་དང་མ་འབྲེལ་བའི་ཚེ་ན་ཡུལ་ལ་ཡང་དག་སྒྲིབ་བྱེད་ཀྱི་སྒྲ་འཇུག་པ་ནི་གནད་ཀྱི་དོན་ནོ། །ཁ་ཅིག་༢༤འདིར་བྱང་ཆུབ་སེམས་དཔའ་ཉོན་མོངས་ཅན་གྱི་མ་རིག་པ་སྤངས་པའི་མ་མཐའི་ས་མཚམས་ས་བརྒྱད་པ་ནས་འཇོག་པར་འདོད་པ་ནི་ཐེག་པ་ཆེན་པོའི་ལམ་ལ་སྐུར་པ་འདེབས་པ་སྟེ། ཉན་ཐོས་ཀྱིས་བདག་མེད་ཚེ་གསུམ་དུ་བསྒོམས་པས་བདེན་འཛིན་སྤང་ནུས་ལ་ཐེག་པ་ཆེན་པོས་བསྐལ་པ་གྲངས་མེད་གཅིག་ལ་སོགས་པར་བསྒོམས་ཀྱང་སྤང་མ་ནུས་པར་ཁས་བླངས་པའི་ཕྱིར་དང་། ཐེག་ཆེན་ལ་ས་བརྒྱད་པ་མ་ཐོབ་བར་དུ་སྤང་བྱ་ལྷག་པོ་སྤང་བ་མེད་པར་ཁས་བླངས་པའི་ཕྱིར་དང་། ཡུལ་ཅན་གྱི་ངོས་ནས་ཐེག་ཆེན་རིགས་པ་རྒྱས་པས་སྤང་བྱ་སྤང་བ་ལ་ནུས་པ་ཆེ་བར་ཁས་བླངས་པས་འགལ་འདུའི་ཕུང་པོ་འབའ་ཞིག་ཏུ་སྣང་བའི་ཕྱིར་རོ། །བོད་ཀྱི་འཇུག་པའི་བཤད་སྲོལ་གཅིག་ལ་དྲུང་བློ་བའི་ལུགས་འདི་ནོར་པ་ཆེ་ཤོས་དང་མང་ཤོས་གཅིག་ཏུ་འདུག་གོ །འགྲེལ་པར། ཀུན་རྫོབ་ཀྱི་བདེན་པ་ནི་བསླུ་བར་བྱེད་པ་ཉིད་ཀྱི་ཕྱིར་དོན་དམ་པའི་བདེན་པ་མ་ཡིན་ནོ། །ཞེས་གསུངས་པ་འདིས་རྗེ་ས་པཎ་གྱིས་ཐལ་རང་གི་ཁྱད་པར་གསུངས་པ་དོན་ལ་གནས་པར་གྲུབ་བོ། །གཉིས་པ་ནི། རབ་རིབ་སོགས་ཏེ། འགྲེལ་པར། འཕགས་པ་བདེན་པ་གཉིས་ལ་འཇུག་པའི་མདོ་དྲངས་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་དུ་འགྱུར་ན་ནི། དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགགས་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ། །ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ནི་བརྫུན་ཏེ་བསླུ་བའི་ཆོས་སོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོན་པ་དང་། ཅི་སྟོན་པ་དང་། གང་ལ་སྟོན་པའི་ཆོས་དེ་དག་ཐམས་ཅད་དོན་དམ་པར་རབ་ཏུ་མ་སྐྱེས་པའོ། །རབ་ཏུ་མ་སྐྱེས་པའི་ཆོས་རྣམས་ཀྱི་ནི་རབ་ཏུ་མ་སྐྱེས་པའི་ཆོས་རྣམས་བཤད་མི་ནུས་སོ། །ཞེས་གསུངས་སོ། །མདོ་འདིས་དོན་དམ་པའི་བདེན་པ་ནི་འཕགས་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་མྱང་བར་བྱ་བ་ཡིན་གྱི། གཉིས་སྣང་དང་བཅས་ན་རྣམ་མཁྱེན་གྱི་བར་གྱི་ཡུལ་ཡང་དོན་དམ་བདེན་པ་མ་ཡིན་པ་དང་། དོན་དམ་བདེན་པ་རང་གི་ངོ་བོ་ཇི་ལྟ་བ་བཞིན་གདུལ་བྱ་ལ་བསྟན་མི་ནུས་ཀྱི། གདུལ་བྱ་ལ་ཐ་སྙད་ཀྱིས་བསྟན་པ་ན་སྒྲ་རྟོག་གི་ཡུལ་ཐམས་ཅད་རྣམ་གྲངས་པའི་དོན་དམ་ཞེས་བྱ་བ་ཀུན་རྫོབ་བདེན་པ་ཡིན་པར་བསྟན་ནོ། །དེ་ལྟར་ན་རྟོགས་པ་དོན་དམ་དང་། བསྟན་པ་དོན་དམ་གཉིས་སུ་བྱས་ནས་སྔ་མ་མཚན་ཉིད་པ་དང་། ཕྱི་མ་བཏགས་པ་བར་གྲུབ་སྟེ། སློབ་དཔོན་འདིས་རིགས་པ་དྲུག་ཅུ་པའི་འགྲེལ་པར། བདེན་པ་གཉིས་སུ་ཕྱེ་བ་ནི། འཇིག་རྟེན་པའི་བློ་ལ་ལྟོས་ནས་ཡིན་པར་གསུངས་པ་ཡང་སྒྲས་བསྟན་པའི་བདེན་གཉིས་ལ་དགོངས་པའོ། །གཞུང་འདིས་བདེན་གཉིས་ངོ་བོ་གཅིག་ཡིན་པ་ཡང་བཀག་སྟེ། འཁར་གཞོང་དུ་སྐྲ་ཤད་མེད་པ་དང་། ཡོད་པ་གཉིས་ངོ་བོ་གཅིག་པར་མི་རུང་བའི་ཕྱིར་རོ། །གཉིས་པ་དེས་ན་དེ་ཉིད་སྐབས་སུ་འཇིག་རྟེན་གྱིས་མི་གནོད་པ་ནི། གལ་ཏེ་སོགས་ཏེ། འཇིག་རྟེན་གྱི་མཐོང་བ་དེ་ཁོ་ན་ཉིད་ལ་ཚད་མ་མ་ཡིན་པས་དེས་གཞན་སྐྱེ་མཐོང་ན་ཡང་དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་གནོད་པ་མེད་ཅེས་པའོ། །གསུམ་པ་འཇིག་རྟེན་ཉིད་ཀྱིས་གནོད་པའི་ཡུལ་གྱི་ཁྱད་པར་བཤད་པ་ནི། འཇིག་རྟེན་སོགས་ཏེ། འགྲེལ་པར། དཔེར་ན་ཁ་ཅིག་གིས། ངའི་རྫས་ཕྲོགས་སོ་ཞེས་སྨྲས་པ་དང་། གཅིག་ཤོས་ཀྱིས་དེ་ལ་རྒལ་ཞིང་བརྟག་པ་རྫས་དེ་ནི་ཅི་ཞིག་ཡིན་དེས་བུམ་པའོ་ཞེས་སྨྲས་པ་ལ། བུམ་པ་ནི་རྫས་མ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར། རྨི་ལམ་གྱི་བུམ་པ་བཞིན་ནོ། །ཞེས་དེས་དེ་སུན་འབྱིན་པར་བྱེད་པ་དེ་ལྟ་བུ་ལ་སོགས་པའི་ཡུལ་ལ་འཇིག་རྟེན་པའི་དོན་འཇིག་རྟེན་པའི་གྲགས་པ་ཉིད་ཀྱིས་སེལ་བར་བྱེད་པ་ལ་འཇིག་རྟེན་གྱིས་གནོད་པར་འགྱུར་གྱི་ཞེས་གསུངས་པའི་དོན་ཐ་སྙད་རྣམ་གཞག་གི་ཚེ་བུམ་པ་རྫས་ཡིན་པ་བཀག་པ་ལ་འཇིག་རྟེན་གྱིས་གནོད། དོན་དམ་རྣམ་གཞག་གི་ཚེ་དེ་ལ་འཇིག་རྟེན་གྱིས་མི་གནོད་ཅེས་པའི་དོན་ཡིན་ནོ། །གཉིས་པ་ཀུན་རྫོབ་ཏུ་གཞན་ལས་སྐྱེ་བ་དགག་པ་ནི། གང་ཕྱིར་སོགས་ཏེ། འདིས་སྔར་གྱི་མི་གཙང་བའི་ས་བོན་དང་། ཕྱིས་ཀྱི་བུ་གཉིས་གཞན་ཡིན་པ་བཀག་པ་ཡིན་གྱི། གཅིག་ཏུ་སྟོན་པ་ནི་མ་ཡིན་ཏེ་བདག་གིས་བུ་འདི་བསྐྱེད་ཅེས་སྨྲ་བའི་འཇིག་རྟེན་པ་དེ་ལ་བུ་འདི་ལྟ་བུ་ཞིག་དང་པོ་ནས་མའི་མངལ་དུ་བླུག་པ་ཡིན་ནམ་ཞེས་བྲིས་པ་ན། དེ་ནི་མ་ཡིན་ཏེ། མི་གཙང་བའི་ས་བོན་ཙམ་བླུག་པ་ལས། བུ་འདི་བྱུང་ཞེས་སྨྲ་བའི་ཕྱིར་རོ། །དེས་ན་གཞུང་འདིས་འཇིག་རྟེན་གྱི་ཐ་སྙད་ཉིད་ལ་ཡང་གཞན་སྐྱེ་མེད་ཅེས་བསྟན་ཅིང་། གཞུང་གོང་མས་ནི་ཡོད་ན་ཡང་དེས་དེ་ཁོ་ན་ཉིད་ལ་གཞན་སྐྱེ་བཀག་པ་ལ་འཇིག་རྟེན་གྱིས་མི་གནོད་ཅེས་བསྟན་ཏོ། །གཉིས་པ་དེ་ལྟར་བཀག་པའི་ཕན་ཡོན་རྣམ་གཉིས་བསྟན་པ་ལ་གཉིས་ཏེ། རྟག་ཆད་གཉིས་ལས་གྲོལ་བའི་ཡོན་ཏན་དང་། ལས་ཀྱི་འབྲས་བུ་འཐད་པའི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། རྟག་ཆད་གཉིས་ལས་གྲོལ་བའི་ཚུལ། དེ་ཡི་འཐད་པ་རྒྱས་པར་བཤད། བཤད་པས་གྲུབ་པའི་འཇུག་སྡུད་བསྟན་པའོ། །དང་པོ་ནི། གང་ཕྱིར་སོགས་ཏེ། འདི་ལ་རྟག་ཆད་ལས་གྲོལ་བའི་ཚུལ། སྒྲུབ་བྱེད་ཀྱི་ལུང་དང་སྦྱར་བ། དེས་ལོག་རྟོག་གཞན་ཁེགས་པ་དང་གསུམ་ལས། དང་པོ་ནི། མྱུ་གུའི་དུས་ན་ས་བོན་ཆད་པ་མ་ཡིན་ཏེ། མྱུ་གུ་ས་བོན་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། བ་ལང་བ་མིན་ལས་གཞན་ཡིན་པའི་རྒྱུ་མཚན་གྱིས་བ་ལང་ཤི་བའི་ཚེ་བ་མིན་ཡོད་ཀྱང་བ་ལང་རྒྱུན་ཆད་པ་མ་ཡིན་པ་མ་ཡིན་པའི་ཕྱིར་རོ། །མྱུ་གུའི་དུས་ན་ས་བོན་རྟག་པ་ཡང་མ་ཡིན་ཏེ། མྱུ་གུ་ས་བོན་དང་གཅིག་ཉིད་མ་ཡིན་པས། མྱུ་གུའི་དུས་ན་ས་བོན་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་གཞུང་འདིར་ཐ་སྙད་རྣམ་གཞག་ལ་ཡང་འབྲས་བུའི་དུས་ན་རང་གི་རྒྱུ་དེ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་བྱ་བར་གྲུབ་སྟེ། ཡོད་ན་རྟག་པར་འགྱུར་ཞིང་། མེད་ན་ཆད་པར་འགྱུར་བའི་ཕྱིར་རོ། །རྟག་ཆད་སྤོང་ཚུལ་འདི་ནི་ཀླུ་སྒྲུབ་ཀྱི་དགོངས་པ་ཐལ་འགྱུར་བས་བཀྲལ་བའི་ལུགས་ཐུན་མོང་མ་ཡིན་པ་སྟེ། འདིར་ནི་ཐ་སྙད་དུ་ཡང་རྒྱུ་འབྲས་དེ་ཉིད་དང་། གཞན་ཉིད་བཀག་པ་ལ་ཐུག་ལ། རང་རྒྱུད་པས་ཐ་སྙད་དུ་རྒྱུ་འབྲས་གཞན་དུ་ཁས་བླངས་པའི་ཕྱིར་རོ། །དགེ་རྒན་༢༥གཞན་ཐམས་ཅད་དངོས་འགལ་གཅིག་རྣམ་བཅད་ལ་ཁེགས་པས་གཅིག་ཤོས་ཡོངས་གཅོད་ལ་གྲུབ་པར་འདོད་པ་རྣམས་ལ་ནི་མྱུ་གུའི་དུས་ན་ས་བོན་ཡོད་པར་ཐལ། དེ་ན་དེ་མེད་པ་མ་ཡིན་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་སྨྲ། རྟགས་བསལ་ལ་ལན་འདེབས་ན་གཞུང་འདི་ལ་བརྟེན་པའི་རྟག་ཆད་སྤོང་ཚུལ་ཇི་ལྟར་བྱ། གཉིས་པ་ནི། མདོ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་ཉིད་མིན་ཏེ། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་དང་། བསྟན་བཅོས་ལས་ཀྱང་། གང་ལ་རྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་པ། །དེ་ཕྱིར་རྟག་མིན་ཆད་མ་ཡིན། །ཞེས་གསུངས་སོ། །གསུམ་པ་ནི། གཞུང་འདི་དག་གིས་བྱང་ཆུབ་སེམས་འགྲེལ་ལས། མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་པ་བཞིན་ནོ། །ཞེས་པ་ལ་བརྟེན་ནས་བདེན་གཉིས་ངོ་བོ་གཅིག་ཏུ་འདོད་པ་ལེགས་པར་བཀག་སྟེ་མེད་ན་མི་འབྱུང་ངེས་པའི་ཆོས་ལ་ཐ་སྙད་དུ་ཡང་ངོ་བོ་གཅིག་དང་ཐ་དད་བཀག་པ་ནི་ལུགས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དོན་དམ་པར་རང་བཞིན་མེད་ཐ་སྙད་དུ་རང་བཞིན་མེད་པའོ། །དང་པོ་ནི། གལ་ཏེ་སོགས་ཏེ། འདི་ལ་དོན་དམ་པར་གཞན་སྐྱེ་དགག་པ། ཤེས་བྱེད་ཀྱི་ལུང་དང་སྦྱར་བ། དེས་སྟོང་ཉིད་བདེན་པར་གྲུབ་པ་ཡང་ཁེགས་པ་དང་གསུམ་ལས། དང་པོ་ནི། འགྲེལ་པར། གལ་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་དེ། རང་གི་ངོ་བོ་དང་རང་བཞིན། རྒྱུ་དང་རྐྱེན་དག་གིས་བསྐྱེད་ན་ནི་དེའི་ཚེ་གང་གི་ཚེ་ན་རྣལ་འབྱོར་པ་འདིས་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པར་མཐོང་ཞིང་། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་དེའི་ཚེ་ངེས་པར་ཇི་ལྟར་སྐྱེས་པའི་རང་བཞིན་ལ་སྐུར་པ་བཏབ་པས་སྟོང་པ་ཉིད་རྟོགས་པར་འགྱུར་ཏེ། དེའི་ཕྱིར་ཇི་ལྟར་ཐོ་བ་ལ་སོགས་པ་དག་བུམ་པ་ལ་སོགས་པ་རྣམས་ཀྱི་འཇིག་པའི་རྒྱུ་ཡིན་པ་དེ་བཞིན་དུ་སྟོང་པ་ཉིད་ཀྱང་དངོས་པོའི་རང་བཞིན་ལ་སྐུར་བའི་རྒྱུར་འགྱུར་བ་ཞིག་ན། དེ་ནི་རུང་བ་ཡང་མ་ཡིན་ལ་དེའི་ཕྱིར་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་ནི་ཐམས་ཅད་ཀྱི་ཚེ་སྐྱེ་བར་ཁས་བླང་བར་མི་བྱའོ་ཞེས་གསུངས་ཏེ། དེའི་དོན་སེམས་ཙམ་པས་གཞན་དབང་གི་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དོན་དམ་པར་རྒྱུ་རྐྱེན་གཞན་གྱིས་བསྐྱེད་པར་འདོད་ན་འཕགས་པའི་མཉམ་བཞག་གིས་གཞན་དབང་གི་དངོས་པོ་རང་བཞིན་གྱིས་སྟོང་པ་དང་། ཀུན་བཏགས་དང་གཞན་དབང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་རྟོག་པའི་ཚེ། གཞན་དབང་ཇི་ལྟར་སྐྱེས་པའི་རང་བཞིན་ལ་སྐུར་པ་བཏབ་པའི་སྒོ་ནས་སྟོང་ཉིད་རྟོགས་པར་འགྱུར་ཏེ། གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་གང་ཞིག་དེས་གཞན་དབང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོགས་པའི་ཕྱིར། དེ་བཞིན་དུ་སྟོང་པ་ཉིད་དེ་གཞན་དབང་གི་དངོས་པོའི་འཇིག་རྒྱུར་ཐལ་ཏེ། སྟོང་ཉིད་མ་རྟོགས་པའི་ཚེ་གཞན་དབང་རང་གི་མཚན་ཉིད་ཀྱིས་ཡོད་ཀྱང་། དེ་རྟོགས་པའི་ཚེ་གཞན་དབང་རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་རོ། །དེ་གཉིས་ཆར་མི་རུང་བ་དེའི་ཕྱིར། གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པར་དོན་དམ་པར་རྒྱུ་རྐྱེན་གཞན་ལས་སྐྱེ་བར་ཁས་བླང་བར་མི་བྱའོ་ཞེས་པའོ། །ཁ་ཅིག་༢༦དོན་འདི་མ་རྟོགས་པར་ཕྱོགས་སྔ་སྨྲ་བ་པོ་དབུ་མ་རང་རྒྱུད་པ་ལ་འཆད་པ་ནི། གཞུང་འོག་མའི་སྔ་འགྲེལ་དུ་འདིར་སྨྲས་པ། དོན་དམ་པར་སྐྱེ་བ་མེད་པས། བདག་དང་གཞན་ལས་སྐྱེ་བ་དགག་པ་ལ་རག་མོད་ཅེས་གསུངས་པ་དང་འགལ་ཏེ་རང་རྒྱུད་པས་དོན་དམ་པར་སྐྱེ་བ་ཁས་མ་བླངས་པའི་ཕྱིར་རོ། །སེམས་ཙམ་པས་འཕགས་པའི་མཉམ་བཞག་གི་དངོས་པོ་རང་བཞིན་གྱིས་སྟོང་པར་མཐོང་བར་ཁས་མི་ལེན་ཅེས་པ་ཡང་གནད་མ་གོ་བ་སྟེ། དེས་འཕགས་པའི་མཉམ་བཞག་གིས་གཞན་དབང་དང་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་ནམ་མཁའ་ལྟ་བུ་ཁོ་ན་མཐོང་བར་འདོད་པ་ལ། དབུ་མ་པས་ཡུལ་གྱི་གནས་ཚུལ་དང་། བློའི་འཛིན་སྟངས་མ་མཐུན་པའི་སྐྱོན་བསྟན་པའི་སྐབས་ཡིན་པའི་ཕྱིར་རོ། །གཟུགས་དང་ཚོར་བ་སོགས་ཀྱི་རང་གི་མཚན་ཉིད་དང་། རང་གི་ངོ་བོ་དང་། རང་བཞིན་ཁས་བླངས་པ་ཙམ་གྱིས་དེ་དག་རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་ཁས་ལེན་མི་དགོས་ན་འདིའི་ཕྱོགས་སྔས་དེ་དག་ཁས་ལེན་པའི་རྒྱུ་མཚན་ཅི་ཡིན། དགོས་ན་ཁྱེད་རང་གིས་ཐལ་འགྱུར་བའི་ལུགས་ལ་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཡོད་པར་ཁས་བླངས་པ་དང་འགལ་མི་འགལ་སོམས་ཤིག གཉིས་པ་ནི། དཀོན་བརྩེགས་ལས། འོད་སྲུང་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི་གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཆོས་རྣམས་རང་ཉིད་སྟོང་པ་ཉིད་དང་། ཞེས་གསུངས་ཤིང་། མཚན་མེད་དང་། སྨོན་མེད་དང་། མངོན་པར་འདུ་བྱ་བ་མེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་ལ་ཡང་དེ་བཞིན་དུ་གསུངས་པ་དྲངས་པའོ། །གསུམ་པ་ནི། ལུང་དེ་ཉིད་ཀྱི་སེམས་ཙམ་པས་གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་བདེན་གྲུབ་ཏུ་འདོད་པ་ཡང་ཁེགས་ཏེ། དེ་ལྟར་ན་སྟོང་པ་ཉིད་ཁོ་ནས་ཆོས་དེ་སྟོང་པ་ཡིན་གྱི་རང་བཞིན་གྱིས་སྟོང་པ་མ་ཡིན་པར་འགྱུར་བས་སྔར་གྱི་མདོ་དང་འགལ་བའི་ཕྱིར་རོ། །འདི་ལ་དགོངས་ནས་བཞི་བརྒྱ་པ་ལས། སྟོང་མིན་སྟོང་ལྡན་མཐོང་མིན་ཏེ། །མྱང་འདས་བདག་གིས་གྱུར་ཅིག་ཅེས། །ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུངས། །ཞེས་བཤད་ལ། རྩ་ཤེར་ལས་ཀྱང་། སྟོང་ཉིད་ལྟ་བ་ཐམས་ཅད་ནི། །ངེས་པར་འབྱིན་པར་རྒྱལ་བས་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་སོ། །འདིར་དབུ་མ་པར་རློམ་པ་ཁ་ཅིག༢༧ ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་དོན་བུམ་པ་བདེན་པས་སྟོང་པའི་དོན་ཡིན་གྱི། བུམ་པ་བུམ་པས་སྟོང་ན་བུམ་པ་ལ་བུམ་པ་མེད་དགོས་ལ། རང་ལ་རང་མེད་ན་གཞན་སུ་ལ་ཡང་མེད་པས་བུམ་པ་གཏན་མེད་པར་འགྱུར་རོ་ཞེས་ཟེར་རོ། །བུམ་པ་རང་གི་ངོ་བོས་སྟོང་པའི་ཚེ་བུམ་པ་གཏན་མེད་པར་དོགས་པའི་ཐུགས་ཁྲལ་ཅན་ཁྱོད་ནི་དབུ་མ་པར་རློམ་པ་ཨ་རེ་མཛེས་ཏེ། བུམ་པ་རང་གི་ངོ་བོས་སྟོང་པར་རྟོགས་པའི་རིག་ངོར་བུམ་པ་ཡོད་ན་བུམ་པ་བདེན་པས་སྟོང་པ་དེ་ཇི་ལྟ་བུ་ཞིག་ཡིན། རིག་ངོ་དེར་བུམ་པ་མེད་ན་བུམ་པ་གཏན་མེད་པར་འགྱུར་རོ་ཞེས་པའི་ཐལ་བ་དེ་གནས་སྐབས་གང་གི་དབང་དུ་བྱས་ནས་རྒོལ་བ་སུ་ལ་འཕངས་པ་ཡིན། གཞན་ཡང་བུམ་པ་རང་གི་ངོ་བོ་དེ་བུམ་པ་མ་ཡིན་པར་བུམ་པའི་བདེན་པ་དེ་ཡིན་པར་ཐལ། ཁས་བླངས་ཀྱི་ཁྱད་པར་དེའི་ཕྱིར། འདོད་ན་བུམ་པའི་ངོ་བོ་ཡོད་པར་ཁས་བླངས་པ་དང་ཅིའི་ཕྱིར་མི་འགལ་ལོ། །གཉིས་པ་ལ་གསུམ་སྟེ། རྣམ་པར་དཔྱད་ན་ཐ་སྙད་འཇིག རྣམ་དཔྱད་ཐ་སྙད་ལ་ཡང་མཚུངས། མ་དཔྱད་སྐྱེ་བ་དཔེ་ཡིས་བསྟན་པའོ། །དང་པོ་ནི། གང་ཕྱིར་སོགས་ཏེ། དོན་དམ་དུ་གཞན་སྐྱེ་མེད་མོད། ཐ་སྙད་དུ་གཞན་སྐྱེ་ཁས་ལེན་དགོས་སོ། །ཞེས་སྔ་མའི་ཡན་ལག་ཏུ་དོགས་པ་བསུས་ནས་མཐའ་བཅད་པའི་ལན་འདེབས་པ་སྟེ། འདི་ཡང་རང་རྒྱུད་པ་ལ་སྦྱར་བར་བྱ་བ་ནི་མ་ཡིན་ཏེ། དངོས་པོ་རང་བཞིན་གྱིས་སྐྱེ་བ་འགོག་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ཉིད་ཞེས་སོགས་ཏེ། འགྲེལ་པར། དེའི་ཕྱིར་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ནི་བདེན་པ་གཉིས་ཆར་དུ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ཡང་ཕྱོགས་སྔ་སྨྲ་བ་པོ་གཅིག་ལ་སྦྱར་དགོས་ཏེ། དོན་དམ་པར་སྐྱེ་བ་འགོག་པའི་རིགས་པས་ཐ་སྙད་དུ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་ཁེགས་པར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དངོས་པོ་སོགས་ཏེ། བདེན་པ་གཉིས་ཆར་དུ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་མེད་ན། གཟུགས་སོགས་སུ་སྣང་བ་ནི་ཇི་ལྟར་ཞེ་ན་དཔེའི་སྒོ་ནས་ལན་བཏབ་པའོ། །གསུམ་པ་ནི། བདེན་པ་སོགས་ཏེ། དབུ་མ་ལས། གང་དག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་གྱུར། །ཞེས་དང་། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བ་ནི། །ཐལ་བར་འགྱུར་དེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་གསུངས་པའི་རྟག་ཆད་ཀྱི་ལྟ་བ་སྤངས་པའི་ཡོན་ཏན་ནི། བདེན་པ་གཉིས་ཆར་དུ་ཡང་རང་བཞིན་མེད་པའི་ཕྱོགས་ལ་ཡོད་ཅེས་པའོ། །གཉིས་པ་ལས་ཀྱི་འབྲས་བུ་འཐད་པའི་ཡོན་ཏན་ལ་གསུམ་སྟེ། ཀུན་གཞི་མེད་ཀྱང་ལས་འབྲས་ཆུད་མི་ཟ། དེ་ལ་ཧ་ཅང་ཐལ་བ་རྣམ་གཉིས་སྤང་། ཀུན་གཞི་སོགས་གསུངས་དྲང་དོན་ཉིད་དུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དངོས་ཀྱི་དོན་དང་། དེའི་དཔེ་བཤད་པའོ། །དང་པོ་ནི། གང་ཕྱིར་སོགས་ཏེ། འདི་ལ་ལས་འབྲས་ཀྱི་འབྲེལ་པ་འཐད་ཚུལ་དངོས། དེ་ཉིད་ལུང་དང་སྦྱར་བ་དང་། ལོག་རྟོག་གསར་པ་དགག་པ་དང་གསུམ་ལས། དང་པོ་ནི། བདེན་པ་གཉིས་ཀར་ཡང་རང་བཞིན་མེད་པས་རྟག་ཆད་ལྟ་བ་སྤངས་པ་འབའ་ཞིག་ཏུ་མ་ཟད་ཀྱི། དངོས་པོར་སྨྲ་བས་བརྟགས་པའི་ལས་འབྲས་ཀྱི་འབྲེལ་པའི་གཞི་ཁས་མ་བླངས་ཀྱང་། ལས་འགགས་ནས་ཡུན་རིང་དུ་ལོན་ཡང་ལས་རྣམས་ཀྱི་འབྲས་བུ་དང་འབྲེལ་པ་འཐད་པའི་ཡོན་ཏན་ཡོད་དོ། །ཇི་ལྟར་ཞེ་ན། འདི་ལ་དོགས་པ་འགོད་པ་དང་། དེའི་ལན་འདེབས་པའི་ཚུལ་གཉིས། དང་པོ་ནི། རྩ་ཤེར་ལས། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་གྱུར་པས། །ཅི་ལྟར་འབྲས་བུ་བསྐྱེད་པར་འགྱུར། །ཞེས་གསུངས་ཏེ། ལས་དེ་རྫོགས་པར་བྱས་ནས་འབྲས་བུ་འབྱིན་པའི་བར་དུ་གནས་ན་ལས་རྟག་པར་འགྱུར་ཞིང་། སྐད་ཅིག་གཉིས་པར་འགགས་ན་མཚམས་དེ་ནས་འབྲས་བུ་འབྱིན་པའི་བར་དུ་ལས་གཏན་མེད་པས། ལས་ཀྱི་འབྲས་བུ་འབྱིན་པར་ཅི་ལྟར་འགྱུར། །ཞེས་པའོ། །གཉིས་པ་ནི། རྩ་ཤེར། ལས་འབྲས་ཀྱི་རྟེན་རྣམ་ཤེས་ཀྱི་རྒྱུན་བཀག་ནས་ཆུད་མི་ཟ་འདོད་པའི་དངོས་སྨྲ་བའི་ལུགས་བརྗོད་ནས་དེ་བཀག་སྟེ། རང་ལུགས་བཞག་པའི་རིམ་པ་གསུམ་དུ་མཛད། བསྟན་བཅོས་འདིར་རྩ་བར་ཀུན་གཞི་བཀག་ནས་རང་ལུགས་བཞག་པ་དང་། འགྲེལ་པར་ཀུན་གཞི་དང་། ཆུད་མི་ཟ་དང་། ཐོབ་པ་དང་། རྣམ་ཤེས་ཀྱི་རྒྱུན་བཀག་ནས་རང་ལུགས་འཇོག་པ་མཛད་དོ། །དེ་ལ་ལས་འགགས་པའི་དོན་དངོས་སྨྲ་བས་ལས་རང་བཞིན་གྱིས་འགགས་པ་ལ་འདོད་ལ། དེའི་དོན་ཡང་དགག་བྱའི་ལས་དེ་དེ་ཕྱིན་ཆད་གཏན་མེད་པར་འདོད་དེ། སྐད་ཅིག་མ་དང་རྒྱུན་གང་ལ་སྦྱར་ཡང་འདྲའོ། །དེ་ལྟར་ན་ལས་འགགས་ཟིན་ནས་འབྲས་བུའི་བར་དུ་ལས་གཏན་མེད་པའི་བར་སྟོང་ཡུན་རིང་དུ་བྱུང་བས། དེ་སྦྲེལ་བར་བྱེད་པ་ལ་སེམས་ཙམ་པས་ལས་ཀྱིས་བཞག་པའི་བག་ཆགས་འདོད་ཅིང་། དེའི་གཞི་ཀུན་གཞི་རྒྱུན་བརྟན་པའི་བདེན་གྲུབ་པ་འདོད་དོ། །བྱེ་བྲག་ཏུ་སྨྲ་བ་ཁ་ཅིག ལས་ཀྱི་བུ་ལོན་གྱི་དཔང་རྒྱ་དང་འདྲ་བའི་ཆུད་མི་ཟ་བསྐྱེད་པར་འདོད་པ་དང་། ཁ་ཅིག་ལས་ཀྱིས་ཐོབ་པ་བསྐྱེད་ནས་དེས་སྦྲེལ་བར་འདོད་དོ། །མདོ་སྡེ་པས་བག་ཆགས་ཀྱིས་བསྒོས་པའི་རྣམ་པར་ཤེས་པའི་རྒྱུན་རྟོག་པར་བྱེད། སྦྲེལ་བྱེད་བག་ཆགས་ཡིན་པ་ནི་སེམས་ཙམ་པ་དང་འདྲ་ལ་དེའི་བསྒོ་གཞི་མི་འདྲ་བའོ། །དབུ་མ་པ་རང་གི་ལུགས་ནི། ལས་རང་བཞིན་གྱིས་འགགས་ན་དེ་ལྟར་བདེན་ཡང་ཐ་སྙད་དུ་འགགས་པ་ཡིན་གྱི། རང་བཞིན་གྱིས་མ་འགགས་པས་འབྲས་བུ་འབྱིན་གྱིས་བར་དུ་ལས་གཏན་མེད་པ་མ་ཡིན་ལ་དེས་ན་བར་སྐབས་སྟོང་པ་སྦྲེལ་བྱེད་ཀྱི་ཀུན་གཞི་སོགས་མེད་ཀྱང་ལས་ལས་འབྲས་བུ་འབྱུང་བར་འཐད་དོ། །འོ་ན་བར་སྐབས་དེར་ལས་རང་གི་ངོ་བོ་ཡོད་པ་ཡིན་ནམ་ཞེ་ན། ཡོད་པ་ཡང་མ་ཡིན་ཏེ། རྟག་པར་ཐལ་བའི་ཕྱིར་རོ། །གཞུང་འདིར་གང་ཕྱིར་རྒྱུ་ཞིག་ནའང་འབྲས་བུ་མཐོང་བའི་ཕྱིར། ཞེས་འབྲས་བུའི་དུས་ན་རྒྱུ་ཞིག་པར་བཤད་པ་དང་། གང་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །ཞེས་འབྲས་བུའི་དུས་ན་རྒྱུ་མ་ཞིག་པར་བཤད་པ་དང་། གང་ཕྱིར་རང་བཞིན་གྱིས་ནི་མི་འགག་པ། །ཞེས་ལས་མི་འགག་པར་བཤད་པ་དང་། ལ་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང་། །ཞེས་ལས་འགགས་པར་བཤད་པ་འགལ་བ་ལྟར་སྣང་བའི་དོན་ནི། ལས་བྱས་མ་ཐག་ཏུ་ཐ་སྙད་དུ་ཞིག་པ་དང་། ཐ་སྙད་དུ་འགགས་པ་ཡིན་ལ་རང་བཞིན་གྱིས་ཞིག་པ་དང་འགགས་པ་མིན་ཞེས་པའི་དོན་ཏེ། མདོ་ལས། ཟད་པ་མེད་ཅེས་གང་སྨྲས་དང་། །ལས་ཟད་ཅེས་ནི་གང་སྨྲས་པ། །སྟོང་པའི་ཚུལ་དུ་ཟད་པ་མེད། །ཐ་སྙད་ཚུལ་དུ་ཟད་པར་བསྟན། །ཞེས་འབྱུང་བས་སོ། །དེ་གཉིས་ཀྱི་དོན་ཡང་དབུ་མ་པ་ཐམས་ཅད་ལ་རང་བཞིན་དང་ཐ་སྙད་ཅེས་པའི་ཚིག་ཙམ་འཇིག་པའི་རྗེས་སུ་འབྲང་བ་མ་ཡིན་གྱི། ཐ་སྙད་དུ་ཞིག་པ་དང་འགགས་པའི་དོན་ཐ་སྙད་པའི་བློ་ལ་དེ་ལྟར་སྣང་ཡང་གཏན་མེད་རྒྱུན་ཆད་དུ་མ་སོང་བ་ཡིན་ལ་རང་བཞིན་གྱིས་ཞིག་པ་དང་འགགས་པའི་དོན་སྔར་རང་བཞིན་གྱིས་ཡོད་པ་ཕྱིས་གཏན་མེད་དུ་སོང་བའོ། །འདི་ནི་སྐད་ཅིག་ལ་སྦྱར་བའི་ཚེ་སྐད་ཅིག་སྔ་མ་ཕྱི་མའི་དུས་སུ་གཏན་མེད་དུ་སོང་བ་ཡིན་ལ། རྒྱུན་ལ་སྦྱར་བའི་ཚེ་རིགས་འདྲ་སྐྱེ་བ་གཏན་མེད་དུ་སོང་བའོ། །ལས་རང་བཞིན་གྱིས་འགག་པ་མེད་པའི་སྒྲུབ་བྱེད་ནི་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཞེས་པ་སྟེ། རྩ་ཤེར་མ་སྐྱེས་པས་ཆུད་ཟར་མི་འགྱུར་ཞེས་དང་། འདིར་མ་འགགས་པས་ལས་ཀྱི་འབྲས་བུ་བསྐྱེད་ནུས་ཞེས་པའི་དོན་ཏོ། །དེང་སང་དབུ་མ་པའི་ལུགས་ལ་དགག་པ་གཉིས་ཀྱི་རྣལ་མ་གོལ་བར་ཁས་བླངས་ནས་རྒྱུ་དེ་འབྲས་བུའི་བར་དུ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་བློར་མི་ཤོང་བ་དག་གིས་ནི་འདིའི་དོན་བསྐལ་པའི་བར་དུ་བཙལ་ཡང་མི་རྙེད་དེ། འཆད་པར་འགྱུར་བའི་ཕྱོགས་སྔའི་ནང་དུ་གསལ་ལོ། །གཉིས་པ་དེ་ཉིད་ལུང་དང་སྦྱར་བ་ནི། རྩ་ཤེར་ལས། གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་དང་། མདོ་ལས་ཀྱང་། མི་ཡི་ཚེ་ཚད་ལོ་བརྒྱ་སྟེ། །དེ་སྲིད་འཚོ་ཞེས་བརྗོད་མོད་ཀྱི། །ལོ་ལ་ཕུང་པོ་སྤུངས་པ་མེད། །སྒྲུབ་པ་དེ་ཡང་དེ་དང་མཚུངས། །ཟད་པ་མེད་ཅེས་གང་སྨྲས་དང་། །ལས་ཟད་ཅེས་ནི་གང་སྨྲས་པ། །ཅེས་སོགས་སྔར་དྲངས་པ་ལྟར་གསུངས་སོ། །གསུམ་པ་ལ་གཉིས་ཏེ། གསར་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཕྱིས་ཀྱི་དབུ་མ་པ་ཁ་ཅིག༢༨ དེ་ཡང་དངོས་པོ་རང་བཞིན་གྱིས་གྲུབ་པར་འདོད་པའི་ཕྱོགས་ཐམས་ཅད་ལ། ཞིག་པ་དངོས་པོ་མི་རུང་ལ་རང་བཞིན་གྱིས་མ་གྲུབ་པར་འདོད་པའི་དབུ་མའི་ཕྱོགས་ལ་ཞིག་པ་དངོས་པོར་གྲུབ་པ་ནི་གནད་དོ། །ལུགས་དང་པོ་ལ་ནི་མྱུ་གུ་ལྟ་བུའི་དངོས་པོ་གཅིག་ཞིག་པ་ན། མྱུ་གུའི་ཆ་ཤས་ཀྱི་དངོས་པོ་ཐམས་ཅད་ནི་ལོག་ལ་མྱུ་གུ་ལས་གཞན་པ་བུམ་པ་ལ་སོགས་པའི་དངོས་པོ་གཞན་ཡང་མ་ཐོབ་པས་ཞིག་པ་དེ་དངོས་པོ་གཏན་མ་ཡིན་པར་འདོད་དེ། སྔོན་པོ་ལ་སོགས་པ་སྐྱེ་མཆེད་རེ་རེ་བའི་དངོས་པོ་དང་བུམ་པ་ལ་སོགས་པ་རང་གི་ཆ་ཤས་ཀྱི་དངོས་པོ་ཚོགས་པ་གང་ཡང་ཞིག་པ་དེའི་མཚན་གཞི་མི་རུང་བའི་ཕྱིར་དངོས་པོ་ནི་མིན་ནོ་སྙམ་པའོ། །ལུགས་ཕྱི་མ་ལ་ནི་དཔེར་ན་ཉེར་སྦས་ཀྱི་ཕུང་པོ་ལྔར་རེ་རེ་བ་དང་ཚོགས་པ་གཉིས་ཀ་དང་། དེ་གཉིས་ལས་ངོ་བོ་ཐ་དད་དང་གཅིག་ཉེར་སྦས་ཀྱི་མཚན་ཉིད་འཇོག་རྒྱུ་མེད་ཅིང་། ཉེར་སྦས་ཀྱང་དེ་གསུམ་གྱི་མཚན་གཞི་མི་རུང་ཡང་རང་གི་ཕུང་པོ་ལ་བརྟེན་ནས་ཉེར་སྦས་སུ་བཏགས་པ་དངོས་པོ་ཡིན་པར་མི་འགལ་བ་བཞིན་དུ་ཞིག་པ་ཡང་ཞིག་རྒྱུའི་དངོས་པོ་དང་། དེ་དང་རིགས་མཐུན་པའི་དངོས་པོ་གང་ཡང་མཚན་གཞིར་མེད་ཀྱང་ཞིག་རྒྱུའི་དངོས་པོ་ལ་བརྟེན་ནས་སྐྱེས་པའི་དངོས་པོའོ། །དེ་སྒྲུབ་པ་ལ་ལུང་རིགས་གཉིས་ཚིགས་གསལ་ལས་གསུངས་པའི་དང་པོ་ནི། ས་བཅུ་པ་ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་གསུངས་པ་སྟེ། ཤི་བ་ནི་གང་ཤི་བའི་སེམས་ཅན་དེ་ཞིག་པ་ཡིན་ལ། དེ་སྐྱེ་བའི་རྐྱེན་གྱིས་བསྐྱེད་པར་གསུངས་པ་དང་། ཡང་དེ་ཉིད་ལས་འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། འདུ་བྱེད་འཇིག་པར་བྱེད་པ་དང་། ཡོངས་སུ་མི་ཤེས་པ་རྒྱུན་མི་ཆད་པའི་རྒྱུ་ཡང་འབྱིན་པའོ། །ཞེས་འཆི་བས་བྱ་བ་གཉིས་བྱེད་པར་གསུངས་ཏེ། ཤི་བ་རྒྱུའི་བྱེད་པ་དང་། ཤི་བས་མ་རིག་པ་བསྐྱེད་པར་གསུངས་པས། ཞིག་པ་ལ་བསྐྱེད་པའི་རྒྱུ་ཡོད་པ་དང་། ཞིག་པས་འབྲས་བུ་བསྐྱེད་ནུས་པ་ཡིན་ཏེ། འདི་ནི་རྒྱུན་གྱི་ཞིག་པ་ཡིན་ཡང་སྐད་ཅིག་མ་དང་པོ་དུས་གཉིས་པར་ཞིག་པ་ལ་ཡང་འདྲ་ལ་སྐད་ཅིག་མ་དང་པོ་དུས་གཉིས་པར་ཞིག་པའི་རྒྱུར་ཡང་བསྟན་ཏོ། །དེས་ན་སེམས་ཅན་སྐྱེས་པ་དང་ཤི་བ་གཉིས་དང་སྐད་ཅིག་མ་གཉིས་པར་མི་སྡོད་པ་དང་། སྐད་ཅིག་མ་གཉིས་པར་མ་བསྡད་པ་རྣམས་ལ་དངོས་པོར་འཇོག་མི་འཇོག་དང་། རྒྱུས་སྐྱེ་མི་སྐྱེ་ཀུན་ནས་མཚུངས་སོ། །འདི་ལ་དགོངས་ནས། རྩ་ཤེར་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས་ཀྱང་། རྒྱུ་ཟད་ཉིད་ལས་ཞི་བ་ནི། །ཟད་ཅེས་བྱ་བར་དམིགས་པ་སྟེ། །ཞེས་མྱུ་གུ་སོགས་ཀྱི་དངོས་པོ་དང་། དེ་ཞིག་པ་དེའི་དངོས་པོར་མེད་པ་གཉིས་ཀ་འདུས་བྱས་དང་། སྣུམ་ལྟ་བུའི་རྒྱུ་ཟད་པ་ནི་མར་མེ་ལྟ་བུའི་འབྲས་བུ་ཟད་པའི་རྒྱུར་གསུངས་པས། འཕགས་པའི་བཞེད་པར་གདོན་མི་ཟ་བར་འདོད་པར་བྱའོ། །སྐད་ཅིག་དང་པོ་དུས་གཉིས་པར་ཞིག་པ་ནི་དངོས་སུ་དགག་བྱ་གཅད་ནས་རྟོགས་དགོས་པས་དགག་པ་ནི་ཡིན་ལ་མེད་དགག་ནི་མ་ཡིན་པས་མ་ཡིན་དགག་སྟེ། ཞིག་རྒྱུ་དེ་བཅད་པ་ཙམ་མིན་གྱི་དེ་བཅད་པའི་དངོས་པོ་གཅིག་འཕངས་པའི་ཕྱིར། སྒྲུབ་བྱེད་ལྷག་མ་ནི་རྒྱས་པར་རྩ་ཤེའི་ཊཱི་ཀ་ལས་ཤེས་པར་བྱའོ། །འདི་ནི་ལུགས་འདིའི་རིགས་པ་ཕྲ་ལ་དོན་ཆེ་བ་གཅིག་ཏུ་འདུག་གོ །ཞེས་བྱ་བ་བྲིས་སོ། །གཉིས་པ་ནི། དབུ་མ་པས་ལྷན་སྐྱེས་དང་ཀུན་བཏགས་ཀྱིས་བཏགས་པའི་དངོས་པོ་ཐམས་ཅད་རིགས་པས་དཔྱད་ནས་དགག་དགོས་པ་ལ་འདི་ལྟ་བུའི་དངོས་འཛིན་གསར་དུ་བསྣན་པ་ནི་ཉེས་དམིགས་ཆེ་བས་དགག་དགོས་ཤིང་། ལུང་རིགས་མེད་པའི་རང་བཟོར་སྣང་བས་དགག་ནུས་པ་ཡང་ཡིན་ལ། འདི་དགག་པ་ལ་བཞི་སྟེ། ཕྱོགས་སྔའི་རྡུལ་ཕུང་རིམ་ལྟར་བརླག་པ། གནོད་བྱེད་གཞན་ཡང་ཆར་ལྟར་ཕབས་པ། འགལ་འདུའི་རིགས་པ་ཐོག་ལྟར་འབེབས་པ། བཀས་བཅད་ཀྱི་ང་རོ་འབྲུག་ལྟར་ཆེམས་པའོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་བསྒྲུབ་པར་འདོད་པའི་ཕྱོགས་ཐམས་ཅད་ལ་ཞིག་པ་དངོས་པོར་མི་རུང་ཞེས་པ་ནི་གཟིགས་རྒྱ་ཆུང་བ་སྟེ། ཞིག་པ་དངོས་པོར་འདོད་པ་མུ་སྟེགས་བྱེ་བྲག་པའི་གྲུབ་མཐར་བྱས་ནས་ཆོས་ཀྱི་གྲགས་པས་བཀག་པའི་ཕྱིར་རོ། །དབུ་མ་པའི་ཕྱོགས་ལ་ཞིག་པ་དངོས་པོར་གྲུབ་ཅེས་པའི་གྲུབ་མཐའ་སྔར་མ་བྱུང་ཞིང་འདིར་ནི་འགོག་པར་འགྱུར་རོ། །ལུགས་དང་པོས་མྱུ་གུའི་ཆ་ཤས་ཀྱི་དངོས་པོ་ཐམས་ཅད་ནི་ལོག་ལ་མྱུ་གུ་ལས་གཞན་བུམ་པ་ལ་སོགས་པའི་དངོས་པོ་གང་ཡང་མ་ཐོབ་པ་རྒྱུ་མཚན་དུ་བྱས་ནས། ཞིག་པ་དེ་དངོས་པོ་གཏན་མ་ཡིན་པར་འདོད་པ་མ་ཡིན་ཏེ། དེ་ལྟར་ན་ལུགས་དང་པོས་མྱུ་གུའི་ཆ་ཤས་ཐམས་ཅད་ལོག་ནས་སྡོང་བུ་སྐྱེས་པ་དེ་ཡང་དངོས་པོ་གཏན་མ་ཡིན་པར་འདོད་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ལུགས་ཕྱི་མ་ལ་ཉེར་སྦས་ཀྱི་ཕུང་པོའི་ཚོགས་པ་ལ་བརྟེན་ནས་ཉེར་སྦས་སུ་བཏགས་པ་དངོས་པོ་ཡིན་པར་མི་འགལ་བ་དང་། ཞིག་རྒྱུའི་དངོས་པོ་ལ་བརྟེན་ནས་སྐྱེས་པའི་ཞིག་པ་དངོས་པོར་མི་འགལ་བ་གཉིས་དཔེ་དོན་དུ་གཏན་མི་མཚུངས་ཏེ། ལུགས་དེ་ལ་ཉེར་སྦས་ཀྱི་ཕུང་པོ་མེད་ན་ཉེར་སྦས་སུ་བཏགས་པ་མེད་དགོས་ཤིང་། ཞིག་པ་དངོས་པོ་བ་ནི། ཞིག་རྒྱུའི་དངོས་པོ་མེད་པའི་དུས་ཁོ་ནར་བཞག་འདུག་པའི་ཕྱིར། ལེགས་པར་སོམས་ཤིག ལུང་གི་སྒྲུབ་བྱེད་ལ། ས་བཅུ་པ་ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་པའི་ཤི་བ་དེ་སེམས་ཅན་དེ་ཞིག་པ་ཡིན་ན། གནས་སྐབས་དེར་སེམས་ཅན་ཡོད་དམ་མེད། ཡོད་ན་མྱུ་གུ་ཞིག་པའི་གནས་སྐབས་སུ་ཡང་མྱུ་གུ་ཡོད་པར་འགྱུར་ཞིང་། མེད་ན་སེམས་ཅན་ཤི་ནས་མེད་པ་རྒྱང་འཕེན་པའི་གྲུབ་མཐའ་ལ་གནས་པའོ། །ལུགས་འདིའི་རྗེས་འབྲང་ཐམས་ཅད་ཕྱོགས་ཞེན་གྱིས་མ་བསྒྲིབས་པར་གཟུ་བོས་དཔྱོད་ཅིག གལ་ཏེ་ཤི་བའི་གནས་སྐབས་སུ་སེམས་ཅན་སྐད་ཅིག་སྔ་མ་དེ་མེད་པས་ཤི་བ་དེ་སེམས་ཅན་ཞིག་པར་འཇོག་ཞེ་ན། དེ་ལྟར་ན་རྒ་བ་དེ་ཡང་སེམས་ཅན་ཞིག་པའི་ཞིག་པ་ཡིན་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། དེ་བཞིན་དུ་ཡན་ལག་བཅུ་གཉིས་པོ་རེ་རེ་ཞིང་སེམས་ཅན་ཞིག་པའི་ཞིག་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། དངོས་པོ་ཡིན་ན་རང་གི་སྐད་ཅིག་སྔ་མ་དེ་ཞིག་པའི་ཞིག་པ་ཡིན་པས་ཁྱབ་པར་འགྱུར་ཏེ། དགོད་བྲོ་བའི་ཕྱིར་རོ། །རྒ་ཤིའི་ཟླས་ཕྱེ་བའི་ཤི་བ་སྐྱེ་བའི་རྐྱེན་ལས་བྱུང་བ་དང་། དེས་མ་རིག་པ་བསྐྱེད་པར་གསུངས་པས་རང་ལ་མི་ཕན་ཞིང་གཞན་ལུགས་ལ་མི་གནོད་དེ་དེ་ཞིག་པ་ཡིན་པ་བཀག་ཟིན་པའི་ཕྱིར་དང་། ཤི་བ་དེ་དངོས་པོ་ཡིན་པར་གཞན་གྱིས་ཁས་བླངས་པའི་ཕྱིར་རོ། །སྒྲུབ་བྱེད་འདི་ལ་འདི་ཙམ་ཞིག་འཁྲུལ་པ་འདི་རྒྱུ་ཅི་ཡིན། སེམས་ཅན་སྐྱེས་པ་དང་ཤི་བ་གཉིས་དངོས་པོར་འཇོག་མི་འཇོག་དང་། རྒྱུས་བསྐྱེད་མི་སྐྱེད་ཀུན་ནས་མཚུངས་པ་ཅིས་ཀྱང་ཡིན་མོད། དེས་རང་ལུགས་མི་འགྲུབ་ཅིང་། གཞན་ལུགས་ལ་མི་གནོད་པ་བཤད་ཟིན་ཏོ། །སྐད་ཅིག་མ་གཉིས་པར་མི་སྡོད་པ་དང་། སྐད་ཅིག་མ་གཉིས་པར་མ་བསྡད་པ་རྣམས་ལ་དེ་གཉིས་མཚུངས་ན་ཧ་ཅང་ཐལ་ཏེ། སྐད་ཅིག་མ་གཉིས་པར་མི་སྡོད་པ་ནི་སྐད་ཅིག་མ་དང་པོ་ཡིན་པས་དངོས་པོ་ཡིན་དུ་ཆུག སྐད་ཅིག་མ་གཉིས་པར་མ་བསྡད་པ་དངོས་པོ་དང་རྒྱུ་ཡིས་བསྐྱེད་པ་ཡིན་ན། གསུམ་པར་མ་བསྡད་པ་དང་། བཞི་པར་མ་བསྡད་པ་སོགས་ལ་ཡང་མཚུངས་ཤིང་། མཚུངས་པར་ཁས་ཀྱང་བླངས་ཏེ། ད་ལྟ་མྱུ་གུ་ལྟ་བུ་གཅིག་ཞིག་པའི་ཞིག་པ་དེ་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུ་ཡིས་བསྐྱེད་པར་འགྱུར་རོ། །དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་པའི་དངོས་པོ་འདུས་བྱས་ཡིན་པས་ནི་འདི་ལ་ཕན་པ་གང་ཡང་མེད་ལ། དངོས་མེད་འདུས་བྱས་ཡིན་པ་ལུང་འདིས་སྟོན་ན། ཞིག་པ་དངོས་མེད་དུ་ཁས་བླངས་དགོས་པར་འགྱུར་རོ། །རྒྱུ་ཟད་ཉིད་ལས་ཞི་བ་ནི། །ཞེས་པའི་ཟད་པ་དེ་དངོས་པོ་དང་འདུས་བྱས་ཡིན་ན། མྱང་འདས་འདུས་བྱས་དང་དངོས་པོ་ཡིན་པར་འགྱུར་ཞིང་། དེ་ཡང་འདོད་ན། མྱ་ངན་འདས་པ་དངོས་མེད་པའང་། །མེད་ན་དེ་དངོས་ག་ལ་ཡིན། །དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་པའི་ཀླུ་སྒྲུབ་ཀྱི་གཞུང་ལ་སྙིང་ནད་འདི་ཙམ་ཞིག་ཅིའི་ཕྱིར་སློང་། རྒྱུ་ཟད་པ་འབྲས་བུ་ཟད་པའི་རྒྱུ་ཡིན་པས་དེ་གཉིས་དངོས་པོར་གྲུབ་པར་འདོད་ན། ཐོ་བས་བུམ་པ་འཇིགས་པར་བྱས་པས་བུམ་པའི་ཞིག་པ་དངོས་པོར་ཡོད་པ་རྣམ་འགྲེལ་ལེའུ་དང་པོར་བཀག་པ་དེ་དྲན་པར་གྱིས་ཤིག སྐད་ཅིག་མ་དང་པོ་དུས་གཉིས་པར་ཞིག་པ་དེ་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་ཞེས་པའི་དོན་དགག་བྱ་སྐད་ཅིག་མ་དང་པོ་ལ་བྱེད་ན་ནི། སྔོན་པོ་སྐད་ཅིག་དང་པོ་ཞིག་པའི་རྗེས་ཀྱི་སྔོན་པོ་སྐད་ཅིག་གཉིས་པ་དེ་ཡང་མ་ཡིན་དགག་ཏུ་འགྱུར་ཏེ། དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པར་མཚུངས་པའི་ཕྱིར། སྒྲུབ་བྱེད་ལྷག་མ་རྩ་ཤེའི་ཊཱི་ཀ་ལས་ཤེས་པར་མི་འཚལ། འདིར་བཀོད་པའི་རྣམ་རྟོག་གི་བཟོ་རྒྱ་འདི་ཙམ་གྱིས་ངེས་འབྱུང་སྐྱེ་བའི་རྒྱུ་ཆོག་པར་སྣང་ངོ་། །འདི་ནི་ལུགས་འདིའི་རིགས་པ་ཕྲ་ལ་དོན་ཆེ་བ་གཅིག་ཏུ་འདུག་གོ །ཞེས་པ་ནི་འདི་འདྲའི་རིགས་ཀྱི་ཚིག་རེ་གར་ཡོད་སར་འདི་འདྲའི་རིགས་ཀྱི་གྲུབ་མཐའ་རེ་ཡོད་པ་ཁོ་བོས་ཀྱང་གོའོ། །གཉིས་པ་ལ་གཞན་སྐྱེ་ཡོད་པར་ཐལ་བ། མ་ཕྲད་པར་སྐྱེད་པ་ཡོད་པར་ཐལ་བ། རྟེན་གཞན་ལ་བརྗོད་པའི་ཉེས་པ་མཚུངས་པ། དེ་ལས་ཀྱང་སྨད་པའི་གནས་སུ་གྱུར་པ། ཞིག་པས་ནམ་མཁའ་གང་བར་ཐལ་བ། འདུས་མ་བྱས་ལ་རྟེན་འབྲེལ་མི་རུང་བར་ཐལ་བ། སྨིན་ལས་སླར་སྨིན་གྱི་སྐྱོན་སྤོང་མི་ནུས་པ། གཅིག་དང་ཐ་དད་བཏགས་པའི་ཉེས་པ་སྟེ་རེ་ཞིག་བརྒྱད་ལས་དང་པོ་ནི། ལས་འབྲས་གཉིས་པོ་ངོ་བོ་གཞན་དུ་འགྱུར་ཏེ། དེ་གཉིས་ཀྱི་ངོ་བོ་ཡོད་ཅིང་བར་དུ་ཞིག་པ་དངོས་པོ་བས་ཆོད་པའི་ཕྱིར། རྟགས་གཉིས་ཆར་ཁས་བླངས། འདོད་ན། གཞན་སྐྱེ་ཡོད་པར་འགྱུར་རོ། །གཉིས་པ་ནི། རྒྱུ་འབྲས་ཕྲད་ནས་བསྐྱེད་དམ། མ་འཕྲད་པར་བསྐྱེད་ཅེས་དཔྱད་པའི་ཚེ། ཕྱོགས་ཕྱི་མ་ཁས་ལེན་རིགས་པར་འགྱུར་ཏེ། རྒྱུས་འབྲས་བུ་སྐྱེད་པ་གང་ཞིག་དེ་གཉིས་ཀྱི་བར་ཞིག་པ་དངོས་པོ་བས་ཆོད་པའི་ཕྱིར། འདོད་ན་ཕྲད་མ་ཕྲད་དཔྱད་པའི་ཚེ་ཕྱོགས་གཉིས་ཀ་གཞུང་ལས་དངོས་སུ་བཀག་པ་དང་འགལ་ལོ། །གསུམ་པ་ནི། གཞན་གྱིས་ལས་འབྲས་ཀྱི་རྟེན་ཀུན་གཞི་སོགས་ཁས་ལེན་པ་ལ་བརྗོད་པའི་ཉེས་པ་ཐམས་ཅད་འདི་ལ་མཚུངས་ཏེ། གང་ཕྱིར་ལས་ལ་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཞིག་དངོས་མི་དགོས་སོ། །ཞེས་དང་། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཞིག་དངོས་མེད་ཀྱང་འདི་ནུས་ཕྱིར། །ཞེས་སོགས་ཅིའི་ཕྱིར་མི་མཚུངས། ཀུན་གཞི་སོགས་ཀྱིས་ཉེས་པ་ཅི་ཞིག་བྱས་ལེགས་པར་སྨྲོས་ཤིག བཞི་པ་ནི། དེ་དག་ལས་ཀྱང་འདི་སྨད་པའི་གནས་ཏེ། ཀུན་གཞི་སོགས་ནི་ནང་པའི་གྲུབ་མཐའ་སྨྲ་བ་རེ་རེའི་འདོད་པ་ཡིན་ལ། ཞིག་པ་དངོས་པོར་གྲུབ་པ་ནི་ཕྱི་རོལ་པའི་འདོད་པ་ཡིན་པའི་ཕྱིར་ཏེ། བྱེ་བྲག་ཏུ་སྨྲ་བས་ཀྱང་ཉོན་མོངས་སྤངས་པའི་འགོག་པ་དངོས་པོར་འདོད་ཀྱང་། དངོས་པོ་ཞིག་ཚད་དངོས་པོར་མི་འདོད་པའི་ཕྱིར་རོ། །ལྔ་པ་ནི་སྔོན་པོ་ལྟ་བུ་སྐད་ཅིག་བཅུ་རྒྱུན་ལྡན་དུ་འབྱུང་བའི་ཚེ་སྐད་ཅིག་མ་གཉིས་པར་སྔོན་པོ་སྐད་ཅིག་དང་པོའི་ཞིག་པ་དངོས་པོ་བ་དང་། སྔོན་པོ་སྐད་ཅིག་མ་གཉིས་པ་དང་གཉིས། སྐད་ཅིག་མ་གསུམ་པར་དེ་གཉིས་ཀྱི་ཞིག་པ་དངོས་པོ་བ་གཉིས་སྔོན་པོ་སྐད་ཅིག་མ་གསུམ་པ། ཞིག་པ་སྐད་ཅིག་མ་དང་པོའི་རིགས་འདྲ་སྐད་ཅིག་མ་གཉིས་པ་སྟེ་བཞི་དང་། ལྔ་པའི་ཚེ་དེ་རྣམས་ཀྱི་རིགས་འདྲ་སྐད་ཅིག་མ་གཉིས་པ་བཞི། དེ་རྣམས་ཞིག་པའི་ཞིག་པ་བཞི་སྟེ། བརྒྱད་དུ་འགྱུར་བ་སོགས་ཁྱོད་ཀྱི་ཞིག་པ་འདི་དག་གཟུགས་སུ་གྲུབ་ན་རྡུལ་ཕྲན་ཙམ་ལས་མེད་ཀྱང་། དངོས་པོ་གཅིག་ཞིག་པའི་ཞིག་པ་དེས་ཀྱང་ནམ་མཁའི་ཁམས་གང་བར་འགྱུར་རོ། །དྲུག་པ་ནི། སྣུམ་ལྟ་བུའི་རྒྱུ་ཟད་པ། མར་མེ་ལྟ་བུའི་འབྲས་བུ་ཟད་པའི་རྒྱུར་གསུངས་པས་རྒྱུ་འབྲས་གཉིས་ཀ་དངོས་པོ་དང་འདུས་བྱས་ཡིན་ན། མ་རིག་པ་ལ་སོགས་པའི་ཡན་ལག་སྔ་མ་སྔ་མ་ཟད་པས། འདུ་བྱེད་ལ་སོགས་པའི་ཡན་ལག་ཕྱི་མ་ཕྱི་མ་ཟད་པའི་རྒྱུ་འབྲས་ཐམས་ཅད་ཀྱང་དངོས་པོ་དང་འདུས་བྱས་སུ་འགྱུར་ལ། དེ་ཡང་འདོད་ན་འདུས་མ་བྱས་ལ་རྟེན་འབྲེལ་གཏན་མི་རུང་བར་འགྱུར་ཏེ། གང་གི་རྐྱེན་གྱིས་གང་འབྱུང་བ་ཐམས་ཅད་འདུས་བྱས་ཁོ་ན་ཡིན་པའི་ཕྱིར་རོ། །གཞན་ཡང་། ངོ་བོ་ཉིད་སྐུ་དེ་འདུས་བྱས་ཡིན་པར་ཐལ། སྦྱོར་བཞི་སྒོམ་པ་དེ་ངོ་བོ་ཉིད་སྐུའི་རྒྱུ་ཡིན་པའི་ཕྱིར། ལན་ཅི་སྨྲ། མ་གྲུབ་ན། སྣུམ་ཟད་པ་དེ་མར་མེ་ཟད་པའི་རྒྱུ་ཡིན་པར་ཁྱོད་སྒྲུབས་ཤིག བདུན་པ་ནི། ལས་ཀྱི་རྣམ་སྨིན་ཕྱུང་ཟིན་པའི་དུས་ན་ལས་ཞིག་པའི་ཞིག་པ་ཡོད་དམ་མེད། ཡོད་ན་ལས་གཅིག་གི་རྣམ་སྨིན་ཕྱུང་ཟིན་པའི་རྗེས་སུ་ཡང་། སླར་ཡང་རྣམ་པར་སྨིན་པར་འགྱུར་ཏེ། དེའི་ཚེ་ཡང་རྣམ་སྨིན་གྱི་རྒྱུར་གྱུར་པའི་ཞིག་པ་དངོས་པོ་བ་ཡོད་པའི་ཕྱིར། མེད་ན་རྣམ་སྨིན་ཕྱུང་ཟིན་པའི་ཚེ་ལས་མ་ཞིག་པར་ཐལ། དེའི་ཚེ་ལས་ཞིག་པའི་ཞིག་པ་མེད་པའི་ཕྱིར། ཁྱབ་པ་གྲུབ་མཐའི་གཙོ་བོ་ལ་ཨེ་སོང་། བརྒྱད་པ་ནི། ལས་ཞིག་པའི་ཞིག་པ་དངོས་པོ་བ་དེ་ལས་དང་ངོ་བོ་གཅིག་གམ་ཐ་དད། ངོ་བོ་གཅིག་ན། དེའི་ཚེ་ལས་མ་ཞིག་པར་འགྱུར་ཏེ། དེ་ལས་དང་ངོ་བོ་གཅིག་ཡིན་པའི་ཕྱིར། ཐ་དད་ན་དེ་ཡང་འབྲས་བུ་དང་ངོ་བོ་ཐ་དད་པས། དེ་དག་རྟེན་ནས་འབྱུང་བ་མ་ཡིན་པར་འགྱུར་ཏེ། ཕན་ཚུན་མ་ལྟོས་པའི་ཕྱིར། གཉིས་ཀ་མ་ཡིན་ནོ་ཞེ་ན། ལས་དང་ལས་ཀྱི་ཞིག་པ་དངོས་པོ་བ་ཆོས་ཅན། ཁྱོད་ངོ་བོ་གཅིག་དང་ཐ་དད་གང་རུང་ཡིན་པར་ཐལ། ཁྱོད་ཀྱི་ངོ་བོ་གྲུབ་པའི་ཕྱིར། གསུམ་ཆར་ཨེ་དྲན། དེ་ལ་སོགས་པའི་ཉེས་པ་མཐའ་ཡས་སོ། །གསུམ་པ་ནི། གོང་དུ་ཐལ་འགྱུར་བའི་ལུགས་ཀྱིས་ནི་ཐ་སྙད་གདགས་པ་ཙམ་གྱིས་མ་ཚིམ་པར་མྱུ་གུ་སྐྱེ་ཞེས་པ་ལྟ་བུ་ལ་དེ་ལྟར་བཏགས་པའི་བཏགས་དོན་བདག་གམ་གཞན་ལས་སྐྱེ་ཞེས་ཚོལ་བ་ན་དེ་ཁོ་ན་ཉིད་ལ་དཔྱོད་པར་འཇོག་གོ་ཞེས་ཁས་བླངས་པ་དང་འགལ་ཏེ། ལས་ཀྱིས་འབྲས་བུ་བསྐྱེད་ཞེས་བཏགས་པའི་བཏགས་དོན་ལས་དང་འབྲས་བུའི་བར་དུ་ཆོས་གཞན་གྱིས་ཆོད་མ་ཆོད་ཞེས་ཚོལ་བ་ན་དེ་ཁོ་ན་ཉིད་ལ་དཔྱོད་པར་འཇོག་དགོས་པ་ལས། དེའི་ཚེ་ཆོས་གཞན་ཞིག་པ་དངོས་པོ་བས་ཆོད་པར་ཁས་བླངས་པས། བཏགས་དོན་བཙལ་བའི་ཚེ་ན་མི་རྙེད་ཅེས་པའི་གྲུབ་མཐའི་གཙོ་བོ་དང་འགལ་བའི་ཕྱིར་རོ། །བཞི་པ་ནི། ཡབ་སྲས་ཀྱི་གཞུང་ལས། ལས་རང་བཞིན་གྱིས་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་སྒོ་ནས། རྟག་ཆད་སྤོང་ཚུལ་ཁོ་ན་གསུངས་ཀྱི། གཞན་མ་གསུངས་བཞིན་དུ་ཞིག་པ་དངོས་པོ་བའི་བསྒྲུབ་ཚུལ་འདི་འདྲ་བྱས་ནས་དེ་ཡང་ཕྲལ་དོན་ཆེ་བ་གཅིག་ཏུ་འདུག་གོ་ཞེས་སོགས་བསླུ་བྲིད་ཀྱི་ཚིག་མང་དུ་བྱས་པ་འདིས་མཚོན་ནས། དྲུང་ཙོང་༢༩བ་འདིས་རྩལ་བཏོན་གྱི་གྲུབ་མཐའ་ཐམས་ཅད་ལ་འདི་འདྲ་རེ་ཡོད་པས། རྗེས་འཇུག་རྣམས་ཀྱིས་གསུང་རབ་ཚད་ལྡན་དང་བསྒྲིགས་ནས་བརྟག་དཔྱད་རེ་ཅིས་ཀྱང་གྱིས། ཁོ་བོ་ལ་ཕྱོགས་གཉིས་སུ་ཕྱེ་བའི་ཕྱོགས་ཞེན་ཡོད་པ་མ་ཡིན་གྱི། ལྟ་བའི་སྙིགས་མར་གྱུར་པ་འདི་འདྲ་ལ་ཡང་མངོན་པར་ཞེན་པ་མང་པོ་མཐོང་སྟེ་མ་བཟོད་ནས་སྨྲས་པའོ། །སྤྲོས་པས་ཆོག་གོ །ད་ནི་གཉིས་པ་དེའི་དཔེ་བཤད་པ་ནི། རྨི་ལམ་སོགས་སོ། །གཉིས་པ་དེ་ལ་ཧ་ཅང་ཐལ་བ་རྣམ་གཉིས་སྤོང་བ་ལ་གཉིས་ཏེ། རྣམ་སྨིན་ཐུག་པ་མེད་པར་ཐལ་བ་སྤང་། རྣམ་སྨིན་ངེས་པ་མེད་པར་ཐལ་བ་སྤང་པའོ། །དང་པོ་ནི་ཇི་ལྟར་སོགས་སོ། །གཉིས་པ་ནི། དེ་ཕྱིར་སོགས་ཏེ། དཔེ་སྔ་མ་ཉིད་ཀྱིས་གྲུབ་པར་གསུངས་སོ། །ལས་འབྲས་རྣམས་ལ་སེམས་པ་དགག་པ་མཛད་པའི་རྒྱུ་མཚན་ནི། སོ་སོ་སྐྱེ་བོས་ལས་དགེ་བ་དང་མི་དགེ་བ་འདིའི་འབྲས་བུ་འདི་ལྟར་འགྱུར་བའི་རྒྱུ་མཚན་ཅི་ཡིན་སྙམ་དུ་སེམས་པ་ན། དེའི་རྒྱུ་མཚན་མི་རྙེད་པས་ལས་འབྲས་ལ་སྐུར་པ་བཏབ་པར་འགྱུར་དུ་འོང་ངོ་སྙམ་སྟེ། བཅོམ་ལྡན་འདས་ཀྱིས་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་སོ། །གསུམ་པ་ཀུན་གཞི་སོགས་གསུང་དྲང་དོན་ཉིད་དུ་སྟོན་པ་ནི། ཀུན་གཞི་སོགས་ཚིགས་བཅད་གཉིས་ཏེ། འདི་ལ་དོགས་པ་དགོད་པ་དང་། དེའི་ལན་བཤད་པ་གཉིས་ལས། དང་པོ་ནི། འགྲེལ་པར་གལ་ཏེ་དེ་ལྟར་ལས་རྣམས་ཀྱི་འབྲས་བུ་འབྲེལ་པ་རྣམས་དགག་ན། འོ་ན་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་རྣམས་ལས་ཀུན་གཞིའི་རྣམ་པར་ཤེས་པ་ཆོས་མཐའ་ཡས་པའི་ནུས་པའི་ཁྱད་པར་གྱི་གཞི་ས་བོན་ཐམས་ཅད་པ་རྦ་རླབས་རྣམས་ལ་རྒྱ་མཚོ་ལྟར་དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུ་གསུངས་པ་གང་ཡིན་པ་དེ་ཅི་རྣམ་པ་ཐམས་ཅད་དུ་མེད་པ་ཞིག་གམ་ཞེ་ན། ཞེས་གསུངས་སོ། །གཉིས་པ་ལ་བཞི་སྟེ། ཀུན་གཞི་དྲང་དོན་དུ་བསྟན་པ། གང་ཟག་དང་ཕུང་པོ་དྲང་དོན་དུ་བསྟན་པ། དངོས་པོ་རང་བཞིན་གྱིས་ཡོད་པ་དྲང་དོན་དུ་བསྟན་པ། དྲང་དོན་དུ་གསུངས་པ་ལ་ཐ་སྙད་དུ་ཁས་ལེན་དགོས་མི་དགོས་ཀྱི་དབྱེ་བ་བཤད་པའོ། །དང་པོ་ལ་ཀུན་གཞིའི་ངོ་བོ། ཀུན་གཞི་བསྟན་པའི་དགོས་པ། ཀུན་གཞིའི་སྒྲ་དོན། དངོས་ལ་གནོད་བྱེད་མ་གསུངས་པའི་རྒྱུ་མཚན། ཀུན་གཞི་ཁས་ལེན་དགོས་པའི་སྒྲུབ་བྱེད། ཁས་མི་ལེན་པའི་སྒྲུབ་བྱེད་དགག་པ། རྩོད་པ་སྤོང་བ་དང་བདུན་ལས། དང་པོ་ནི། ཚོགས་དྲུག་ལས་ངོ་བོ་ཐ་དད་པ་ཡོད་པ་མ་ཡིན་གྱི། རྣམ་པར་ཤེས་པ་གསལ་ཙམ་གྱི་ངོ་བོ་སེམས་ཅན་ནས་སངས་རྒྱས་ཀྱི་སའི་བར་དུ་རྒྱུན་མ་ཆད་པར་ཡོད་པ་འདི་ཉིད་དགེ་མི་དགེའི་རིས་སམ་ཡུལ་དྲུག་གི་ཕྱོགས་སུ་མ་ཆད་པར་རང་བཞིན་གྱིས་སྟོང་པས་བྱ་བྱེད་རུང་བའི་ཆ་ནས་ཀུན་གཞིར་འཇོག དེ་ཉིད་ཕུང་པོ་ལ་བརྟེན་ནས་ངའོ་སྙམ་དུ་འཛིན་པ་ངར་འཛིན་ལྷན་སྐྱེས་སུ་སོང་བའི་ཆ་ནི་ཉོན་ཡིད་དུ་འཇོག དེ་ཉིད་ཡུལ་དྲུག་གི་ནང་ནས་ཆོས་ཀྱི་ཕྱོགས་སུ་ཆད་པ་ནི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པར་འཇོག་སྟེ། གསེར་དང་གསེར་གྱི་རྣ་རྒྱན་དང་། གསེར་གྱི་མགུལ་རྒྱན་བཞིན་ཡིན་པས། ཕྱི་མ་གཉིས་ཀྱི་ཚེ་ན་ཡང་སྔ་མ་མེད་པ་ནི་མ་ཡིན་ནོ། །ལུགས་འདི་མ་ཤེས་པར་ཀུན་གཞི་དང་ཉོན་ཡིད་ཁས་ལེན་ན། སེམས་ཙམ་པའི་ལུགས་ལྟར་ཁས་ལེན་དགོས་སྙམ་ནས། དབུ་མ་ཐལ་འགྱུར་བས་དེ་དག་ཐ་སྙད་དུ་ཡང་ཁས་མི་ལེན་པར་འདོད་པ་ནི། གྲུབ་མཐའ་སོ་སོའི་རྣམ་དབྱེ་མ་ཆགས་པའོ། །གཉིས་པ་ནི། འགྲེལ་པར་སྔར་གྱི་དོགས་པའི་རྗེས་སུ་དེ་མ་ཐག་ཏུ། དེ་ལྟར་ནི་མ་ཡིན་ཏེ། དེ་སྐད་དུ་ཉེ་བར་བསྟན་པས་གདུལ་བའི་སྐྱེ་བོ་རྣམས་ལ་དེ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ཞེས་གསུངས་ཏེ། ལང་གཤེགས་སོགས་ནས་གསུངས་པའི་ཀུན་གཞི་མེད་པ་ནི་མ་ཡིན་ཏེ། དང་པོ་ཉིད་ནས་དེ་ཁོ་ན་ཉིད་ལ་འཇུག་པར་མི་ནུས་པའི་གདུལ་བྱ་ལ་ཀུན་གཞི་དང་གང་ཟག་སོགས་བསྟན་པས། ཐེག་པ་ཆེན་པོ་ལ་འཇུག་པར་འགྱུར་ལ། ཕྱིས་གནས་ལུགས་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །ཞེས་པ་སྟེ། འདིས་ནི་ཀུན་གཞི་གསུངས་པའི་དགོས་པ་བསྟན་པ་ཡིན་ལ། དགོས་པ་འདི་འདྲ་བ་ཞིག་ནི་ཀུན་རྫོབ་བདེན་པ་ཐམས་ཅད་ལ་ཡོད་དོ། །གསུམ་པ་ནི། འགྲེལ་པར། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར། སྟོང་པ་ཉིད་ཁོ་ན་ཀུན་གཞི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིགས་པར་བྱའོ། །ཞེས་གསུངས་ཏེ། ཅིའི་ཕྱིར་སྔར་གྱི་དེ་ལ་ཀུན་གཞི་ཞེས་བརྗོད་ཅེས་ན། སེམས་ཙམ་པ་ལྟར་བདེན་པར་གྲུབ་པས་འཁོར་འདས་ཀུན་གྱི་བག་ཆགས་ཀྱི་གཞིར་རུང་བས་ཀུན་གཞིར་འཇོག་པ་མ་ཡིན་གྱི། སྟོང་པ་ཉིད་ཁོ་ན་ཡིན་པས་ཀུན་གཞིར་འཇོག་སྟེ། སྟོང་པ་ཉིད་ཡིན་པས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྒྱུ་རྗེས་སུ་ཞུགས་པའི་ཕྱིར་ཞེས་པ་སྟེ། འདི་ནི་དོགས་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུ་གསུངས་པ་གང་ཡིན་པ་དེ་ཞེས་པ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཉིད། །ཅེས་པའི་ཚུལ་གྱིས་འདི་ལ་ཚང་ཞེས་པའི་དོན་ཏོ། །འདིས་ནི་ཀུན་གཞིའི་སྒྲ་དོན་བསྟན་གྱི། སྟོང་ཉིད་ཀུན་གཞིར་བསྟན་པ་ཡང་མ་ཡིན་ཞིང་དགོངས་གཞི་དང་གདགས་གཞིར་བསྟན་པ་ཡང་མ་ཡིན་ཏེ། ལུགས་འདི་ལ་གདགས་གཞི་དང་བཏགས་ཆོས་སོ་སོར་ཕྱེ་བ་མེད་པའི་ཕྱིར་རོ། །བཞི་པ་ནི། འདིར་དངོས་ལ་གནོད་བྱེད་མ་གསུངས་པ་ནི། ལང་གཤེགས་སོགས་ལས་གསུངས་པའི་ཀུན་གཞི་ཙམ་ཞིག་དྲང་དོན་དུ་བསྟན་པའི་སྐབས་ཡིན་གྱི། སེམས་ཙམ་པས་འདོད་པའི་ཀུན་གཞི་བདེན་གྲུབ་པ་དྲང་དོན་དུ་བསྟན་པའི་སྐབས་མ་ཡིན་པས། དངོས་ལ་གནོད་བྱེད་མེད་པའི་ཕྱིར་རོ། །མདོར་ན་དགོངས་འགྲེལ་དང་ལང་གཤེགས་སོགས་ལས་གསུངས་པའི་ཀུན་གཞི་ལ་དབུ་སེམས་གཉིས་ཀྱི་ཁས་ལེན་ཚུལ་གཉིས་ཀྱི་རྣམ་དབྱེ་ཤེས་ན། གནད་འདི་དག་རང་གྲོལ་དུ་འགྱུར་རོ། །ལྔ་པ་ནི། དབུ་མ་ཐལ་འགྱུར་བས་ཐ་སྙད་དུ་ཀུན་གཞི་ཁས་ལེན་དགོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་ཤིང་། དེ་ཡང་དོན་དམ་བདེན་པ་རྟོགས་པའི་ཐབས་སུ་གྱུར་པའི་ཐ་སྙད་བདེན་པ་ཡིན་པར་སློབ་དཔོན་འདི་ཉིད་ཀྱིས་གསུངས་པའི་ཕྱིར་ཏེ། འགྲེལ་པར། ཆེས་ཐོག་མར་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་བསྟན་པ་ནི་མུ་སྟེགས་ཀྱི་ལུགས་བསལ་ནས་དེ་དག་གི་དོན་ཆེན་པོ་འདྲེན་པར་འགྱུར་ཞིང་། ཕྱི་ནས་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རིག་པ་རྣམས་རང་ཉིད་ཀྱིས་དེ་དག་སྤོང་བར་འགྱུར་བས་ཡོན་ཏན་ཁོ་ན་འབྱུང་གི སྐྱོན་ནི་མ་ཡིན་ནོ་ཞེས་གསུངས་པས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པས་ཀྱང་ཁས་ལེན་དགོས་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཅི་ལྟར་ཁབ་ལེན་དང་ཉེ་བས། །ལྕགས་ནི་མྱུར་དུ་ཡོངས་སུ་འཁོར། །དེ་ལ་སེམས་ནི་ཡོད་མིན་ཏེ། །སེམས་དང་ལྡན་བཞིན་སྣང་བར་འགྱུར། །དེ་བཞིན་ཀུན་གཞི་རྣམ་ཤེས་ནི། །བདེན་མིན་བདེན་པ་བཞིན་དུ་ནི། །གང་ཚེ་འགྲོ་འདི་གཡོ་བར་འགྱུར། །དེ་ཚེ་སྲིད་པ་འཛིན་པར་བྱེད། །ཇི་ལྟར་རྒྱ་མཚོ་ལ་ནི་ཤིང་། །སེམས་ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞི་རྣམ་ཤེས་ནི། །ལུས་ལ་བརྟེན་ནས་གཡོ་བ་ཡིན། །ཞེས་གསུངས་པས་སོ། །དྲུག་པ་ནི། དབུ་མ་ཐལ་འགྱུར་བས་ཀུན་གཞི་ཁས་མི་ལེན་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པས། དྲང་དོན་དུ་གསུངས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཁས་མི་ལེན་པར་འགྱུར་ཏེ། འགྲེལ་པར་མདོ་དྲངས་པ་ལས། ཕུང་པོ་དག་དང་ཁམས་རྣམས་དང་། །སྐྱེ་མཆེད་རང་བཞིན་གཅིག་བཞེད་ལ། །ཁམས་གསུམ་པོ་དག་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་མེས་བསྲེགས་པ་དང་། སེམས་ཅན་གྱི་ཁམས་ཀྱང་ཁས་མི་ལེན་པར་འགྱུར་ཏེ། མདོ་དེ་ཉིད་ལས། ཞིག་པ་མེད་ཅིང་སྐྱེ་མེད་ལ། །ཆོས་ཀྱི་དབྱིངས་དང་མཉམ་གྱུར་ཀྱང་། །བསྲེགས་པའི་བསྐལ་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དུས་གསུམ་དག་ཏུ་སེམས་ཅན་གྱི། །རང་བཞིན་དམིགས་པ་མ་ཡིན་ལ། །སེམས་ཅན་ཁམས་ཀྱང་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་གསུངས་པས་སོ། །མདོར་ན་ཀུན་རྫོབ་བདེན་པ་ཐམས་ཅད་ཁས་མི་ལེན་པར་འགྱུར་ཏེ། དྲང་དོན་དུ་གསུངས་པའི་ཕྱིར། དེས་ན་བློ་གྲོས་མི་ཟད་པའི་མདོའི་རྗེས་སུ་འབྲངས་ནས། ཀུན་རྫོབ་དང་དོན་དམ་ལ་དྲང་དོན་དང་ངེས་དོན་དང་། དེ་གཉིས་སྟོན་པ་ལ་དྲང་དོན་གྱི་མདོ་དང་ངེས་དོན་གྱི་མདོར་འཇོག་པ་ནི་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་ཡང་ལུགས་ཐུན་མོང་མ་ཡིན་པའོ་ཞེས་རང་ཉིད་ཀྱིས་ཀྱང་སྨྲས་བཞིན་དུ་དྲང་དོན་དུ་གསུངས་པས་ཐ་སྙད་དུ་ཁས་མི་ལེན་ནོ་ཞེས་སྨྲ་བ་ནི་ཐ་སྙད་ལ་སྐུར་པ་བཏབ་པའོ། །དེ་བཞིན་དུ་དེང་སང་སེམས་ཅན་གྱི་རྒྱུད་ལ་བདེ་གཤེགས་སྙིང་པོ་ཡོད་པ་དྲང་དོན་དུ་གསུངས་པ་རྒྱུ་མཚན་དུ་བྱས་ནས། ཐ་སྙད་དུ་ཡང་སེམས་ཅན་གྱི་རྒྱུད་ལ་མེད་པར་འདོད་པ་ནི་གནད་ཡེ་མ་ཟིན་བཞིན་དུ་བློ་གྲོས་རྩིང་པོའི་ཁ་ཕྲུ་འཐོར་བའོ། །གལ་༣༠ཏེ་ཀུན་གཞི་ཁས་ལེན་ན་ཀུན་གཞིའི་བག་ཆགས་སྨིན་པ་ལས་གཟུགས་སྒྲ་སོགས་སུ་སྣང་བ་ཙམ་དུ་ཟད་ཀྱི་ཕྱི་རོལ་གྱི་དོན་མེད་པར་ཁས་བླང་དགོས་ན། བྱང་ཆུབ་སེམས་འགྲེལ་ལས། ཤེས་པས་ཤེས་བྱ་རྟོགས་པ་སྟེ། །ཤེས་བྱ་མེད་པར་ཤེས་པ་མེད། །དེ་ལྟར་ན་ནི་རིག་བྱ་དང་། །རིག་བྱེད་མེད་ཅེས་ཅིས་མི་འདོད། །ཅེས་ཕྱིའི་ཤེས་བྱ་དང་། ནང་གི་ཤེས་པ་གཉིས་ཡོད་མེད་མཚུངས་པར་གསུངས་ལ་གཞུང་འདིར་ཡང་དོན་ཤེས་གཉིས་དོན་དམ་དུ་མེད་མཉམ་དང་། ཐ་སྙད་དུ་ཡོད་མཉམ་དུ་གསུངས་པ་དང་འགལ་ལོ་ཞེས་སྨྲའོ། །འོ་ན་སེམས་ཁས་མི་ལེན་པར་ཐལ། སེམས་ཁས་ལེན་ན། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །ཅེས་གསུངས་པའི་ཚུལ་གྱིས། སེམས་ལ་བསགས་པའི་ལས་ཀྱི་བག་ཆགས་སྨིན་པ་ལས་གཟུགས་སྒྲ་སོགས་སུ་སྣང་བ་ཙམ་དུ་ཟད་ཀྱི་ཞེས་སོགས་རྣམ་པ་ཀུན་དུ་མཚུངས་པའི་ཕྱིར་རོ། །གཟུགས་སྒྲ་སོགས་སུ་སྣང་བ་ཙམ་ཕྱི་རོལ་གྱི་དོན་ཡིན་ནམ་མ་ཡིན། ཡིན་ན་སྔ་མ་ལ་འགལ་བ་ཅི་ཞིག་ཡོད། མིན་ན་གཟུགས་སྒྲ་སོགས་སྣང་བ་ཙམ་ལ་ཕྱི་རོལ་གྱི་དོན་ཞེས་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ཐ་སྙད་དུ་རྙེད་པར་ཐལ། གཟུགས་སྒྲ་སོགས་སུ་སྣང་བ་ཙམ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་ཡོད་པའི་ཕྱིར། ལེགས་པར་སོམས་ཤིག བདུན་པ་ནི། གལ་ཏེ་ཀུན་གཞི་ཁས་ལེན་ན། ལས་འབྲས་ཀྱི་རྟེན་དུ་ཁས་ལེན་དགོས་ལ། དེ་ལྟར་ན་ཀུན་གཞི་མེད་ཀྱང་རང་བཞིན་གྱིས་སྐྱེ་འགག་མེད་པའི་ཆ་ནས་ལས་འབྲས་ཀྱི་འབྲེལ་པ་འཐད་པར་བཤད་པ་དང་འགལ་ལོ་སྙམ་ན། སྤྱིར་ལས་འབྲས་ཀྱི་རྟེན་དུ་ཁས་ལེན་པ་ལ་འགལ་བ་མེད་དེ། ལས་འབྲས་སེམས་ལ་བརྟེན་པའི་ཕྱིར། གཞུང་གི་དོན་ནི་སྔར་བཤད་ཟིན་པ་ལྟར་ཡིན་ལ། དེ་འདྲའི་ཀུན་གཞི་ཁས་མི་ལེན་པས་འགལ་བ་ཅི་ཞིག་ཡོད། ཡང་སྔར་དྲངས་པའི་འགྲེལ་པ་ཉིད་ལས། ཕྱི་ནས་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རིག་པ་རྣམས་རང་ཉིད་ཀྱིས་དེ་དག་སྤོང་བར་འགྱུར་བས་ཞེས་ཕྱིས་སྤོང་བར་བཤད་པའི་ཕྱིར། ཐ་སྙད་དུ་མེད་དོ་སྙམ་ན། དེ་ནི་ཕྱིས་གནས་ལུགས་རྟོགས་པའི་ཚེ་སྒྲུབ་པའི་ཚུལ་གྱིས་ཡོད་པ་སྤོང་ཞེས་པ་ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། ཞེས་པའི་དོན་ཡིན་པས་འདི་ནི་ཀུན་རྫོབ་བདེན་པ་ཐམས་ཅད་ལ་ཡོད་དོ། །གཉིས་པ་ནི་འགྲེལ་པར། ཀུན་གཞིའི་རྣམ་པར་ཤེས་པ་འབའ་ཞིག་ཡོད་པར་མ་ཟད་ཀྱི། གང་ཟག་ཀྱང་ཡོད་དེ་དེས་འདུལ་བའི་སྐྱེ་བོ་ལ་དེ་ཡོད་པ་ཉིད་དུ་བསྟན་པས་རྗེས་སུ་འཛིན་པའི་ཕྱིར་རོ། །ཇི་སྐད་དུ། དགེ་སློང་དག་ཕུང་པོ་ལྔ་ནི་ཁུར་རོ། །ཁུར་ཁུར་བ་ནི་གང་ཟག་གོ་ཞེས་གསུངས་པ་ལྟ་བུའོ། །ཁ་ཅིག་ལ་ནི་ཕུང་པོ་ཙམ་ཞིག་བསྟན་པར་མཛད་དེ། སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་དུས་རིང་པོར་དད་པ་དང་ཚུལ་ཁྲིམས་ལ་སོགས་པས་ཡོངས་སུ་བསྒོས་ཤིང་གོང་དུ་འགྲོ་བ་ན་ཕྱི་མ་ལ་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །འདི་དག་ཐམས་ཅད་ནི་དགོངས་པའི་དབང་གིས་གསུངས་པ་ཡིན་ནོ། །ཞེས་གསུངས་ཏེ། དྲང་དོན་དུ་འགྲོ་ཚུལ་ནི་སྔ་མ་དང་ཁྱད་པར་མེད་དོ། །ཁ་ཅིག་༣༡འདིའི་གང་ཟག་དང་ཀུན་གཞི་གཉིས་ཐ་སྙད་དུ་མེད་མཉམ་དུ་སྒྲུབ་པར་འདོད་ནས་རྫས་ཡོད་ཞེས་པ་དངོས་སུ་མེད་ཀྱང་སྦྱོར་དགོས་ཞེས་པ་ནི་མི་འཐད་དེ། དེ་ལྟར་ན་ཁུར་ཁུར་བ་ནི་གང་ཟག་རྫས་ཡོད་ལ་འཇོག་པས། ཐ་སྙད་དུ་ཡང་མེད་པར་ཐལ་བ་ལས། དེ་ཡང་མི་རིགས་ཏེ། ལུགས་འདི་ལ་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོའི་གང་ཟག་ཡོད་པའི་ཕྱིར། དེ་ཙམ་གྱིས་ཁུར་ཁུར་བར་མི་འཇོག་ན། རི་བོང་རྭའི་ཁྲེས་པོ་རུས་སྦལ་གྱི་སྤུའི་ཐག་པས་བསྡམས་ནས་མོ་གཤམ་གྱི་བུ་བར་པས་ཁུར་བ་ཞིག་ཡིན་ནམ་ཅི། གཞན་ཡང་གང་ལས་སེམས་ཅན་སྐྱེས་བུ་གང་ཟག་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་པ་ལ་ཡང་རྫས་ཡོད་སྦྱོར་དགོས་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར། གསུམ་པ་ནི། རྩ་བའི་ཚིགས་བཅད་ཕྱི་མ་སྟེ། སངས་རྒྱས་ལ་ཡང་ངར་འཛིན་ཡོད་པ་དང་། དངོས་པོ་རང་བཞིན་གྱིས་ཡོད་པར་གསུངས་པ་དྲང་དོན་དུ་བསྟན་པ་རྣམས་ལ་ནི་དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་ཆར་གྱི་སྒོ་ནས་བཤད་དགོས་ཏེ། འདི་འདྲའི་རིགས་ཅན་ཡང་མང་དུ་ཡོད་དོ། །འདིར་འགྲེལ་པར། ཤར་གྱི་རི་བོའི་སྡེ་པ་དང་མཐུན་པའི་ཚིགས་སུ་བཅད་པ་ལས། འཇིག་རྟེན་མཐུན་འཇུག་དྲུག་གསུངས་པ་དྲངས་པ་ལས། དྲུང་ཙོང་༣༢བ་ན་རེ། ཤར་རིའི་སྡེ་པ་ནི་དགེ་འདུན་ཕལ་ཆེན་བ་ལས་རིམ་གྱིས་གྱེས་པ་ཡིན་པར་རྟོག་གེ་འབར་བ་ལས་བཤད་པས་ན་ཉན་ཐོས་ཀྱི་སྡེ་སྣོད་དུ་ཆོས་རང་བཞིན་མེད་པ་ཤིན་ཏུ་གསལ་བར་བསྟན་པ་གཅིག་ཡོད་པར་སྣང་ངོ་། །ཞེས་ཟེར་བ་ནི་འགྲེལ་པ་འདིར་དེ་མེད་པར་དངོས་སུ་གསུངས་ཤིང་རང་ཉིད་ཀྱང་སྐབས་དེར་དེ་བཞིན་དུ་ཁས་བླངས་པ་དང་དངོས་སུ་འགལ་ལོ། །ཚིགས་བཅད་ཀྱི་དོན་ཡང་འཇིག་རྟེན་མཐུན་འཇུག་ཅེས་པ་ཐ་སྙད་ཀྱི་ལྡོག་པ་ནས་བསྟན་པར་སྣང་གི ཆོས་རང་བཞིན་མེད་པ་ཤིན་ཏུ་གསལ་བར་བཤད་པ་མི་སྣང་ལ། གལ་ཏེ་ཤུགས་ཀྱིས་གོ་སྙམ་ན་དེ་ནི་ཤིན་ཏུ་གསལ་བའི་དོན་ཡེ་མིན་པས་དོགས་པ་མེད་པའི་དོགས་པ་བསླང་ནས་ཆོད་རྒྱུ་མེད་པའི་ཆོད་ཆོད་དེ་མ་མཛད་ཅིག བཞི་པ་ནི། བདེན་པ་གཉིས་ཀྱི་སྒོ་ནས་དྲང་ངེས་ཕྱེ་བའི་ལུགས་མཆོག་འདི་ལ་དྲང་དོན་དུ་གསུངས་པའི་བརྗོད་བྱ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་ཡང་དག་ཀུན་རྫོབ་ཐ་སྙད་དུ་གསུངས་པ་རྣམས་ལ་ནི་དངོས་ལ་གནོད་བྱེད་མི་དགོས་ཏེ། དེ་ལ་ཐ་སྙད་དུ་ཡོད་པ་ལ་དངོས་ལ་གནོད་བྱེད་མེད་པའི་ཕྱིར་རོ། །དཔེར་ན་ཕུང་ཁམས་སྐྱེ་མཆེད་ཐ་སྙད་དུ་ཡོད་པར་སྟོན་པ་བཞིན་ནོ། །ཀུན་རྫོབ་བདེན་པ་རང་བཞིན་གྱིས་ཡོད་པར་སྟོན་པ་དང་། དོན་དམ་བདེན་པ་བསྒྲུབ་པའི་ཚུལ་གྱིས་ཡོད་པར་སྟོན་པ་དང་། དོན་གཞན་ལ་དགོངས་ཏེ་གསུངས་པ་རྣམས་ལ་ནི་དངོས་ལ་གནོད་བྱེད་དགོས་ཏེ། དེ་དག་ཇི་ལྟར་གསུངས་པ་དེ་བཞིན་དུ་ཁས་ལེན་དུ་མི་རུང་བའི་ཕྱིར་རོ། །གསུམ་པ་གཞན་སྐྱེའི་སྒྲུབ་བྱེད་རྣམ་རིག་གྲུབ་མཐའ་བཟློག་པ་ལ་གཉིས་ཏེ། གཞན་གཞུང་རྗེས་སུ་བརྗོད། དེ་ཉིད་བཟློག་བྱེད་བཤད་པའོ། །དང་པོ་ལ་གསུམ་སྟེ། རྣམ་རིག་ཙམ་དུ་གནས་ལུགས་རྟོགས་པ། རྣམ་རིག་ཙམ་ལས་གཟུང་འཛིན་འབྱུང་བ། རྣམ་རིག་ཙམ་གྱི་མཚན་ཉིད་བཤད་པའོ། །དང་པོ་ནི། གཟུང་བ་སོགས་ཏེ། དབུ་མ་པས་ཇི་སྐད་བསྟན་པའི་རིགས་པ་མ་བཟོད་ནས། སེམས་ཙམ་པས་རང་ལུགས་ཀྱི་ས་དྲུག་པའི་བྱང་སེམས་ཀྱིས་གནས་ལུགས་རྟོགས་ཚུལ་སྨྲོས་པའོ། །གཉིས་པ་ནི། ཇི་ལྟར་སོགས་ཏེ། འོ་ན་འདིར་ཇི་ལྟར་ཕྱི་རོལ་གྱི་དོན་མེད་པར། དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ཙམ་སྐྱེ་བར་འགྱུར་ཞེ་ན། དེའི་སྐྱེ་ཚུལ་སྨྲས་པའོ། །གསུམ་པ་ནི། དེ་ཕྱིར་སོགས་ཏེ། ཚིག་རྐང་དང་པོ་གཉིས་ཀྱིས་གཞན་དབང་རྫས་གྲུབ་པ་ཁས་ལེན་དགོས་པའི་རྒྱུ་མཚན་དང་། ཕྱི་མ་གཉིས་ཀྱིས་དེའི་མཚན་ཉིད་གསུམ་ལྡན་བརྗོད་དོ། །གཉིས་པ་ལ་གསུམ་སྟེ། རྣམ་རིག་ཙམ་ལ་རིག་པའི་གནོད་བྱེད་བརྗོད། རྣམ་རིག་ཙམ་དུ་གསུངས་པའི་དགོས་པ་བཤད། སྒྲུབ་བྱེད་ལུང་གཞན་དྲང་དོན་ཉིད་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། བདེན་པ་གཉིས་ལས་ཉམས་པར་བསྟན། བདེན་གཉིས་ཉམས་པའི་ཉེས་དམིགས་བརྗོད། ཀུན་རྫོབ་ཉིད་ལ་མཚུངས་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། ཤེས་བྱ་མེད་པའི་རྣམ་རིག་ཙམ་དུ་གྲུབ་པ་དགག གཉིས་ཀྱིས་སྟོང་པའི་གཞན་དབང་རྫས་སུ་གྲུབ་པ་དགག དངོས་པོ་བརྟགས་པར་ཡོད་པའི་རྒྱུ་རུ་གྲུབ་པ་དགག་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། ཡིད་ཤེས་འཁྲུལ་པའི་དཔེས་མི་འགྲུབ། དབང་ཤེས་འཁྲུལ་པའི་དཔེས་མི་འགྲུབ། སྒོམ་བྱུང་འཁྲུལ་པའི་དཔེས་མི་འགྲུབ། མཐོང་སྣང་འཁྲུལ་པའི་དཔེས་མི་འགྲུབ་པའོ། །དང་པོ་ལ་གཉིས་ཏེ། དམ་བཅའ་དགག སྒྲུབ་བྱེད་དགག་པའོ། །དང་པོ་ནི་ཕྱི་རོལ་སོགས་སོ། །གཉིས་པ་ལ་གཉིས་ཏེ། དྲན་པའི་རྟགས་ཀྱིས་བསྒྲུབ་པ་དགག རྨི་ལམ་ཉིད་ཀྱིས་བསྒྲུབ་པ་དགག་པའོ། །དང་པོ་ནི། གལ་ཏེ་སོགས་ཏེ། སད་པའི་ཚེ་ཡུལ་ཅན་དྲན་པས་རྨི་ལམ་དུ་ཡུལ་ཅན་གྱི་ཤེས་པ་ཡོད་པར་གྲུབ་ན། ཡུལ་ལ་ཡང་མཚུངས་ཞེས་པའོ། །ཁ་ཅིག་༣༣འདིར་རྨི་ལམ་ན་སྣང་བའི་གླང་པོ་ཆེ་མེད་པ་བཞིན་དུ་ཡུལ་ཅན་ཤེས་པ་ཡང་མེད་པར་སྟོན་པ་མ་ཡིན་གྱི། རང་བཞིན་གྱིས་གྲུབ་པའི་ཤེས་པ་མེད་པར་སྟོན་པ་ལ་ངེས་པར་འདོད་དགོས་ཏེ། དེའི་ཕྱིར་ཤེས་བྱ་དང་ཤེས་པ་ཡོད་མེད་མགོ་མཚུངས་མཛད་པ་ཐམས་ཅད་ནི་དགག་བྱའི་ཁྱད་པར་གྱི་སྟེང་ནས་ཤེས་པར་བྱའོ། །ཞེས་སྨྲ་བ་ནི་ཡུལ་ལ་ཡང་ལོག་ཕྱེ་བའི་ཚེ། ཡུལ་ཅན་ལ་ཡང་ལོག་ངེས་པར་ཕྱེ་བའི་སློབ་དཔོན་འདིའི་ལུགས་ཐུན་མོང་མ་ཡིན་པ་མ་རྟོགས་པ་སྟེ། རྨི་ལམ་ན་ཡུལ་གླང་པོ་ཆེ་མེད་པར་ཡུལ་ཅན་ཤེས་པ་ཡོད་མེད་ཡང་དག་ཀུན་རྫོབ་ཀྱི་དབང་དུ་བྱས་སམ། ལོག་པའི་ཀུན་རྫོབ་ཀྱི་དབང་དུ་བྱས། དང་པོ་ལྟར་ན། རྨི་ལམ་གྱི་ཤེས་པ་དེ་དབང་པོ་སྐྱོན་ལྡན་གྱི་ཤེས་པ་མ་ཡིན་པར་འགྱུར་ཏེ། དེ་ཡང་དག་ཀུན་རྫོབ་ཏུ་ཡོད་པའི་ཕྱིར། ཕྱི་མ་ལྟར་ན་ཡུལ་གླང་པོ་ཆེ་ཡང་ལོག་པའི་ཀུན་རྫོབ་ཏུ་ཡོད་དེ། དབང་པོ་སྐྱོན་ལྡན་གྱི་ཤེས་པའི་ཡུལ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི་གལ་ཏེ་སོགས་ཏེ། རྨི་ལམ་དུ་ཡིད་ཀྱི་རྣམ་ཤེས་དང་། དབང་ཤེས་ལྔ་ཡོད་མེད་སོ་སོར་ཕྱེ་བ་ནི་སྤྱིར་རྟོག་གེ་བའི་ལུགས་ཡིན་ལ་རྨི་ལམ་དུ་ཡུལ་གཟུགས་སྒྲ་སོགས་མེད་ཀྱང་། ཡིད་ཀྱི་རྣམ་ཤེས་ཡོད་པས། སད་པའི་སྐབས་སུ་ཡང་ཡུལ་མེད་ཀྱང་ཡུལ་ཅན་ཤེས་པ་ཡོད་པར་འགྲུབ་པ་རྣམ་རིག་པའི་ལུགས་སོ། །གཉིས་པ་ལ་གསུམ་སྟེ། རྨི་ལམ་ཡུལ་ཤེས་བདེན་པར་མེད། སད་པའི་ཡུལ་ཤེས་བདེན་པར་མེད། དེས་ན་ཡོད་མེད་མཚུངས་པར་བསྟན་པའོ། །དང་པོ་ནི། །ཇི་ལྟར་སོགས་ཏེ། རྣ་སོགས་ཞེས་པའི་དོན་འགྲེལ་པར། སྒྲ་དང་རྣ་བའི་རྣམ་པར་ཤེས་པ་ནས། ཡིད་དང་ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །ཞེས་གསུངས་ཏེ། ལུགས་འདི་ལ་རྨི་ལམ་གྱི་ཁམས་བཅོ་བརྒྱད་པོ་ཐམས་ཅད་འཇིག་རྟེན་ཉིད་ལྟོས་ལོག་པའི་ཀུན་རྫོབ་ཡིན་པས། འཇིག་རྟེན་གྱི་ཐ་སྙད་དུ་ཡང་མེད་པར་མཚུངས་ལ། དབུ་མ་པ་ལ་སད་པའི་ཡུལ་མེད་ཀྱང་ཡུལ་ཅན་ཤེས་པ་ཡོད་པའི་དཔེར་རྨི་ལམ་བརྗོད་ན། དབུ་མ་པས་རྨི་ལམ་གྱི་གནས་སྐབས་སུ་ཡུལ་མེད་པར་ཡུལ་ཅན་ཤེས་པ་ཡོད་པར་ཁས་བླངས་དགོས་པ་ལས་མ་བླངས་པའི་ཕྱིར་ན་མི་འཐད་ཅེས་པའོ། །གནད་འདི་མ་རྟོགས་པར་ཁ་ཅིག་༣༤རྣ་བ་ནས་ལུས་ཀྱི་བར་བཞིའི་ཆོས་གསུམ་མེད་ཀྱང་དེ་དག་གི་རྣམ་པར་སྣང་བའི་བརྫུན་པ་དང་། ཡིད་ཀྱི་ཆོས་གསུམ་ནི་རྨི་ལམ་ན་ཡོད་ཀྱང་རང་བཞིན་གྱིས་མེད་བཞིན་དུ་དེར་སྣང་བས་བརྫུན་པའོ། །དེའི་ཕྱིར་རྨི་ལམ་ན་དབང་ཤེས་ཡོད་པ་སློབ་དཔོན་འདིའི་ལུགས་སུ་བྱས་ནས་དེ་ལ་དགག་པ་བྱེད་པ་ནི་བློ་གྲོས་ཀྱི་འཇུག་པ་ཤིན་ཏུ་རྩིང་བས་ཕྱོགས་སྔའི་ནམ་མ་ལངས་པ་ལ་དགག་པའི་ཉི་མ་ཤར་བ་ཡིན་ཞེས་གྲགས་པ་བཞིན་ཡིན་པས་རྒྱང་རིང་དུ་དོར་བར་བྱ་སྟེ་ཞེས་བྲིས་སོ། །དེ་ལ་བཅོམ་ལྡན་རིགས་རལ་གྱིས། རྨི་ལམ་ན་དབང་ཤེས་ཡོད་པ་སློབ་དཔོན་འདིའི་ལུགས་སུ་བྱས་ནས་དགག་པ་བརྗོད་པ་བློ་གྲོས་རྩིང་བ་བདེན་ཏེ། རྨི་ལམ་གྱི་དབང་ཤེས་ཀྱི་ཆོས་གསུམ་ནི་ལོག་པའི་ཀུན་རྫོབ་ཡིན་པས་དེ་འཇིག་རྟེན་གྱི་ཐ་སྙད་དུ་མེད་པའི་ཕྱིར་རོ། །དེ་ལས་ཀྱང་ཁྱོད་བློ་གྲོས་ཀྱི་འཇུག་པ་རྩིང་སྟེ། སློབ་དཔོན་འདིས། དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཞེས་པ་དེ། དེ་བློ་ལ་ལྟོས་བཅོ་བརྒྱད་བདེན་པ་སྟེ། །དོན་གསལ་མཐོང་ལ་བཅོ་བརྒྱད་བརྫུན་པ་ཡིན། །ཞེས་པ་ལ་སྦྱར་མ་ཤེས་འདུག་པའི་ཕྱིར་རོ། །རྗེས་འབྲང་དག་སྐྱི་མོའི་ཞྭ་མོ་མ་གོན་པར་ལེགས་པར་དཔྱོད་ཅིག དེས་ན་སློབ་དཔོན་འདིའི་ལུགས་ལ་རྨི་ལམ་གྱི་ཡིད་གྱི་རྣམ་ཤེས་ཐ་སྙད་དུ་ཡོད་པར་འདོད་པ་ནི། གད་རྒྱངས་ཅི་ཙམ་སྒྲོགས་ཀྱང་། རྟོག་གེའི་ཝ་སྐད་རང་ཤུགས་ཀྱིས་ཤོར་བའོ། །གཞན་ཡང་རྟོག་གེ་བ་༣༥འདིས་འགྲེལ་པར། གང་ཞིག་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ཡིད་ཀྱི་རྣམ་པར་ཤེས་པས་བཟུང་བར་བྱ་བ་ཞིག་རྨི་ལམ་ན་ཡོད་དེ། དེའི་ཕྱིར་རྣམ་པར་ཤེས་པ་ནི་ཡུལ་མེད་པར་འགར་ཡང་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་པ་དེ་ཡང་རིགས་པ་མ་ཡིན་པ་ཉིད་དེ། རྨི་ལམ་ན་རྣམ་པ་ཐམས་ཅད་དུ་གསུམ་པོ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་དོན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྔར་གྱི་དཔེ་མ་གྲུབ་པའི་ལན་མཛད་པ་ནི་རྨི་ལམ་གྱི་གཟུགས་དེ་ལེགས་ལྡན་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞལ་གྱིས་བཞེས་པར་གསལ་བས། དེ་མེད་པའི་རྒྱུ་མཚན་དུ་བྱའོ། །ཞེས་སྨྲ་བ་ནི། རང་ཉིད་རྨི་ལམ་གྱི་གཟུགས་ཐ་སྙད་དུ་ཡོད་པར་ཁས་བླངས་པ་དང་འགལ་གྱིས་དོགས་ནས། རྒྱ་གར་གྱི་པཎ་ཆེན་ལ་སྐུར་པ་ཧ་ཅང་བཏབ་པ་སྟེ། རྨི་ལམ་གྱི་གླང་པོ་ཆེའི་གཟུགས་ཐ་མལ་པ་དངོས་པོ་ཐམས་ཅད་བདེན་པར་བཟུང་བ་དག་གིས་ཀྱང་མི་བདེན་པའི་ཐ་སྙད་བྱས་ན། ལེགས་ལྡན་འབྱེད་དེ་ལས་ཀྱང་ལོད་པར་ཐལ་བའི་ཕྱིར་རོ། །དེས་ན་ལུང་དེའི་དོན་ནི་སློབ་དཔོན་ལེགས་ལྡན་གྱིས་རྨི་ལམ་གྱི་ཡུལ་ཤེས་གཉིས་པོ་ཐ་སྙད་དུ་ཡོད་མཚུངས་ཡིན་པའི་སྒོ་ནས་རྣམ་རིག་པ་ལ་ལན་མཛད་པ་ལ་སློབ་དཔོན་འདིས་དེ་ནི་མ་ཡིན་ཏེ། རྨི་ལམ་གྱི་ཡུལ་དབང་རྣམ་ཤེས་གསུམ་ཆར་ཐ་སྙད་དུ་མེད་མཚུངས་ཡིན་པའི་ཕྱིར་ཞེས་པ་སྟེ། འདི་ཡང་དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་པའི་དོན་རྟོགས་པའི་སྒོ་ནས་ཤེས་དགོས་སོ། །ཡང་རྟོག་གེ་བ་༣༦འདིས་འོ་ན་རང་ལུགས་ཀྱི་རྨི་ལམ་གྱི་གཟུགས་གསལ་བར་སྣང་བ་རྣམས་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སུ་འདོད་དམ་མི་འདོད་ཅེ་ན། རྨི་ལམ་ན་དབང་ཤེས་མེད་པས་ཡུལ་ལྔ་ཆར་སྣང་བ་རྣམས་ནི་ཡིད་ཤེས་ཁོ་ན་ལ་སྣང་བས་ན་དེ་ལ་གཟུགས་ཀྱི་སྐྱེ་མཆེད་སོགས་ལྔ་བཞག་ཏུ་མེད་ཀྱང་ཡིད་ཙམ་གྱི་ངོར་ཀེང་རུས་གསལ་བར་སྣང་བ་ལྟ་བུ་ཆོས་ཀྱི་སྐྱེ་མཆེད་དུ་འཇོག་པ་དང་འདྲ་བས། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཡིན་ལ། དེ་ཡང་དེའི་གཟུགས་ལྔ་ལས་ཀུན་བརྟགས་པའི་གཟུགས་ཡིན་ནོ། །འདིས་ནི་འདི་འདྲ་བ་མང་པོ་གཅིག་ཤེས་པར་བྱའོ་ཞེས་སྨྲའོ། །དེ་ཡང་། དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཞེས་པ་འདི་ཉིད་ཀྱིས་འཇོམས་ཏེ། དེ་བློ་ལ་ལྟོས་གཟུགས་ཀྱི་སྐྱེ་མཆེད་དེ། །དོན་གསལ་མཐོང་ལ་ཆོས་ཀྱི་སྐྱེ་མཆེད་ཡིན། །ཞེས་བྱ་བར་འགྱུར་བའི་ཕྱིར་རོ། །གཞན་དུ་ན་ཆོས་ཀྱི་སྐྱེ་མཆེད་པའི་སྒྲ་དང་དྲི་ལ་སོགས་པ་ཡང་ཁས་ལེན་དགོས་པར་འགྱུར་ལ། དེ་མངོན་པ་ནས་བཤད་པའི་ཆོས་ཀྱི་སྐྱེ་མཆེད་གང་ཞིག་ཡིན། འདིས་ནི་འདི་འདྲ་བ་མང་པོ་ཅིག་འཇོམས་པར་ཤེས་པར་བྱའོ། །གཉིས་པ་ནི། རྨི་ལམ་སོགས་སོ། །གསུམ་པ་ནི། འདི་ན་སོགས་སྟེ་འགྲེལ་པར། དེའི་ཕྱིར་སད་པའི་ཤེས་པ་ལ་ལྟོས་ནས་གསུམ་ཆར་ཡང་མ་སྐྱེས་པར་བཤད་ལ། རྨི་ལམ་ན་རྨི་ལམ་རྨིས་བཞིན་པའི་ཤེས་པ་ལ་ལྟོས་ནས་ནི་ཞེས་གསུངས་སོ། །གཉིས་པ་དབང་ཤེས་འཁྲུལ་པའི་དཔེས་མི་འགྲུབ་པ་ལ་གསུམ་སྟེ། ཡུལ་མེད་ཤེས་པ་མཐོང་སྣང་གཉིས་ལ་མཚུངས། ཡུལ་མེད་ཤེས་པ་སྐྱེ་ན་ཧ་ཅང་ཐལ། རྟེན་དང་དམིགས་པ་སླར་ཡང་བརྗོད་ནས་དགག་པའོ། །དང་པོ་ནི། དབང་པོ་སོགས་ཏེ། གལ་ཏེ་རབ་རིབ་ཅན་ལ་སྐྲ་ཤད་སྣང་བའི་དཔེས། ཡུལ་མེད་པའི་ཤེས་པ་འགྲུབ་བོ་སྙམ་ན། དེ་དཔེར་མི་རུང་སྟེ། སྐབས་དེའི་ཡུལ་ཤེས་གཉིས་པོ་ལོག་པའི་ཀུན་རྫོབ་ཏུ་ཡོད་མཚུངས་ཡིན་ཞིང་། ཡང་དག་ཀུན་རྫོབ་ཏུ་མེད་མཚུངས་ཡིན་པའི་ཕྱིར་ཞེས་པ་སྟེ། འདིས་ནི་རྨི་ལམ་དུ་ཡིད་ཀྱི་རྣམ་པར་ཤེས་པ་ཐ་སྙད་དུ་ཡོད་པ་ཡང་བཀག་ལ། འདི་ཉིད་དཔེར་བྱས་ནས་མ་རིག་པའི་གཉིད་མ་སད་པ་ལ་སྣང་བའི་ཡུལ་ཤེས་ཐམས་ཅད་མ་རིག་པའི་གཉིད་སད་པའི་ཚེ་མེད་པར་སྒྲུབ་པ་སོགས་དབུ་མའི་ལུགས་ཀྱི་ཡུལ་སྣང་དང་ཡུལ་ཅན་བདེན་མེད་དུ་སྒྲུབ་པ་ཐམས་ཅད་ཀྱི་སྐབས་སུ་ཉེ་བར་མཁོའོ། །གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བ་དགོད། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་སོགས་ཏེ། ཡུལ་མེད་པར་ཤེས་པ་སྐྱེ་ན་ཞེས་པའི་དོན་བཀོད་པའི་ཚེ་དགག་བྱའི་ཁྱད་པར་མ་སྦྱར་བར་བཀོད་པ་ཡིན་ལ། དོན་ལ་ཕྱོགས་སྔའི་བསམ་པ་ལ་ཡུལ་སྐྲ་ཤད་ཐ་སྙད་དུ་ཡང་མེད་བཞིན་དུ་ཡུལ་ཅན་ཤེས་པ་རང་བཞིན་གྱིས་སྐྱེ་བར་འདོད་ཅིང་། དབུ་མ་པ་རང་གི་ལུགས་ལ་དེ་གཉིས་ཡོད་མེད་ཀྱི་ཁྱད་པར་དོན་དམ་དུ་ཡང་མེད། ཡང་དག་ཀུན་རྫོབ་ཏུ་ཡང་མེད། ལོག་པའི་ཀུན་རྫོབ་ཏུ་ཡང་མེད་ཅེས་པ་ལ་བསམ་ནས། དེ་གསུམ་གང་རུང་དུ་ཡོད་མེད་ཀྱི་ཁྱད་པར་ཡོད་ན་ཧ་ཅང་ཐལ་བ་འགོད་པའོ། །གནད་འདི་རང་རྒྱུད་པ་མན་ཆད་ལ་མེད་པ་སློབ་དཔོན་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་སྣང་ཡང་དེ་མ་རྟོགས་པར་འདིའི་ཕྱོགས་སྔ་འབའ་ཞིག་ལ་ཞེན་ནས་རྣམ་བཞག་བྱེད་པ་རྣམས་ལ་ནི་སྔར་ཡང་དགག་པ་མང་དུ་བརྗོད་ཟིན་ཅིང་། ད་དུང་ཡང་མང་དུ་འབྱུང་བར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། ཉེས་སྤོང་བརྗོད། དེ་དགག་པའོ། །དང་པོ་ནི། གང་ཕྱིར་སོགས་སོ། །གཉིས་པ་ལ་གཉིས་ཏེ། དགག་པ་སྤྱིར་བསྟན། དགག་པ་སོ་སོར་བཤད་པའོ། །དང་པོ་ནི། ནུས་ཏེ་སོགས་ཏེ། འདི་དག་གིས་ནུས་པ་རང་བཞིན་གྱིས་འགྲུབ་པ་དགག་པ་ཡིན་གྱི། ཐ་སྙད་པ་ནི་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། ད་ལྟར་བའི་ནུས་པ་དགག མ་འོངས་པའི་ནུས་པ་དགག འདས་པའི་ནུས་པ་དགག་པའོ། །དང་པོ་ནི། སྐྱེས་ལ་སོགས་སོ། །གཉིས་པ་ནི། མ་སྐྱེས་སོགས་སོ། །གསུམ་པ་ལ་གསུམ་སྟེ། སྐྱེ་བར་ངེས་པ་མེད་པར་ཐལ། ཉེས་སྤོང་བསྒྲུབ་བྱ་ཉིད་དང་མཚུངས། གཞན་ལ་རྒྱུད་གཅིག་ཉིད་མི་འཐད་པའོ། །དང་པོ་ནི། གལ་ཏེ་སོགས་སོ། །གཉིས་པ་ནི། གལ་ཏེ་སོགས་ཏེ། འདི་ནི་རྒྱུན་རང་གི་མཚན་ཉིད་ཀྱིས་གྲུབ་པ་དགག་པ་ཡིན་གྱི། ཐ་སྙད་པ་ནི་མ་ཡིན་ཏེ། རྒྱུ་འབྲས་ལ་རྒྱུན་ཞལ་གྱིས་བཞེས་པའི་ཕྱིར་རོ། །རྒྱུན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཕྱོགས་སྔས་ཀྱང་ཁས་མ་བླངས་སོ་སྙམ་ན། རྒྱུན་ཅན་ངོ་བོ་ཐ་དད་པ་ལ་རྒྱུན་གཅིག་པ་ཁས་བླངས་པས་དོན་གྱིས་ཁས་བླངས་པའོ། །གསུམ་པ་ནི། བྱམས་པ་སོགས་ཏེ། རྒྱུ་འབྲས་གཞན་དུ་འདོད་ན་རྒྱུད་གཅིག་པ་དང་། རྒྱུན་གཅིག་པ་ཐ་སྙད་དུ་མི་འཐད་དེ། བྱམས་པ་དང་ཉེར་སྦས་བཞིན་ཞེས་པ་སྟེ། འདིས་རྒྱུ་འབྲས་གཞན་དུ་མེད་པ་ལ་ཐ་སྙད་དུ་རྒྱུན་གཅིག་པ་འཐད་ཅེས་བྱ་བར་གྲུབ་སྟེ། གནད་ཀྱི་དོན་ནོ། །གསུམ་པ་ལ་གཉིས་ཏེ། གཞན་གཞུང་རྗེས་སུ་བརྗོད། དེ་ཉིད་བཟློག་བྱེད་བཤད་པའོ། །དང་པོ་ནི། མིག་བློ་སོགས་ཏེ། ཚིགས་བཅད་དང་པོས་ཀུན་གཞིའི་ནུས་པ་ཡིན་གྱི། ཤེས་པ་ལས་རྫས་གཞན་དུ་མེད་ཀྱང་ཐ་མལ་པས་དབང་པོ་གཟུགས་ཅན་དུ་རྟོགས་པར་བསྟན། ཚིགས་བཅད་གཉིས་པས་ཕྱི་རོལ་གྱི་དོན་མེད་པར་ཀུན་གཞིའི་ནུས་པ་སྨིན་པ་ལས་གཟུགས་སོགས་སུ་སྣང་བར་བསྟན། ཚིགས་སུ་བཅད་པ་གསུམ་པས་དེ་ཉིད་དཔེའི་སྒོ་ནས་གྲུབ་པ་བསྟན་ནོ། །གཉིས་པ་ལ་བཞི་སྟེ། རྒྱུ་མཚན་མཚུངས་པའི་མགོ་སྙོམས་བརྗོད། ཉེས་སྤོང་སྔར་བཤད་རིགས་པས་ཁེགས། སྒྲུབ་བྱེད་ཐམས་ཅད་བསྒྲུབ་བྱ་མཚུངས། ལུང་གི་སྒྲུབ་བྱེད་མེད་པར་བསྟན་པའོ། །དང་པོ་ནི། ཇི་ལྟར་སོགས་སོ། །གཉིས་པ་ནི། གལ་ཏེ་སོགས་ཏེ། འདི་ལྟར་རྨི་ལམ་དུ་མིག་བརྫུན་པ་མིག་ཤེས་བརྫུན་པའི་རྒྱུར་ཁས་བླངས་པར་གསུངས་པ་ནི། འཇིག་རྟེན་ཉིད་ལ་ལྟོས་ནས་ཀྱང་བརྫུན་པའི་དོན་ཡིན་ལ། ཁ་ཅིག་༣༧དེའི་ཡུལ་དུ་གྱུར་པའི་གཟུགས་དེ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡིན་པར་འདོད་པ་ནི་མངོན་པ་ནས་བཤད་པའི་རྣམ་གཞག་ལུགས་འདི་ལ་བསྲེས་པས་ལན་ཏེ། དེ་སད་རྨི་གང་ལ་ཡང་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སུ་མི་རུང་བའི་ཕྱིར། གལ་ཏེ་སད་པའི་བློ་ངོར་རུང་ངོ་སྙམ་ན། དེ་ལྟར་ན་རྨི་ལམ་གྱི་མིག་གི་རྣམ་པར་ཤེས་པ་དེ་སད་པའི་བློ་ངོར་ཡིད་ཀྱི་རྣམ་ཤེས་སུ་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འདོད་ན་རྨི་ལམ་དུ་མིག་ཤེས་སོགས་ལྔའི་ཡུལ་དབང་རྣམ་ཤེས་གསུམ་ཆར་མེད་པར་ཁས་བླངས་པ་དང་དངོས་སུ་འགལ་ལོ། །གསུམ་པ་ནི། འདི་ཡིས་སོགས་ཏེ། འགྲེལ་པར། ཕ་རོལ་པོ་གང་ཞིག་སད་པའི་རྣམ་པར་ཤེས་པ་ནི་དོན་གྱིས་སྟོང་པ་ཡིན་ཏེ། རྣམ་པར་ཤེས་པ་ཡིན་པའི་ཕྱིར་རྨི་ལམ་གྱི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་དང་། སད་པའི་གནས་སྐབས་སུ་དམིགས་པའི་ཡུལ་ནི་བརྫུན་པའི་རང་བཞིན་ཡིན་ཏེ། ཡུལ་ཡིན་པའི་ཕྱིར། རྨི་ལམ་གྱི་ཡུལ་བཞིན་ནོ་ཞེས་བྱ་བ་དང་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ནི་གཞན་གྱི་དབང་མེད་ན་ཡོད་པ་མ་ཡིན་ཏེ། རྟེན་མེད་པའི་ཕྱིར་རུས་སྦལ་གྱི་སྤུའི་གོས་བཞིན་ནོ་ཞེས་སྨྲའོ། །དེ་བཞིན་དུ་རབ་རིབ་ཀྱི་དཔེ་དག་གིས་ཀྱང་བརྗོད་པར་བྱའོ། །དེ་ལྟ་བུ་ལ་སོགས་པའི་སྒོ་ནས་རྣམ་པར་ཤེས་པར་སྨྲ་བ་འདིས་ལན་གང་དང་གང་བཏབ་པ་དེ་དང་དེ་ནི་མཁས་པ་དབུ་མ་པས་དམ་བཅའ་བ་དང་མཚུངས་པར་མཐོང་བ་ན་རྩོད་འདི་སྟེ། རྣམ་པར་ཤེས་པ་སྨྲ་བ་བཟློག་པར་བྱེད་དོ། །ཞེས་གསུངས་སོ། །བཞི་པ་ནི། སངས་རྒྱས་སོགས་ཏེ། ལང་ཀར་གཤེགས་པའི་མདོ་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོ་མེད། །བཏགས་པ་དངོས་པོའི་ངོ་བོ་ནི། །རྟོག་གེ་བ་དག་རྟོག་པར་འགྱུར། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་གསུངས་སོ། །གསུམ་པ་བསྒོམ་བྱུང་འཁྲུལ་བའི་དཔེས་མི་འགྲུབ་པ་ནི། རྣལ་འབྱོར་སོགས་ཏེ། བློ་དེ་ཁོ་ན་ཉིད་ཡིད་བྱེད་ཡིན་ན། སྔོན་པོ་འཛིན་པའི་མངོན་སུམ་དང་འདྲ་བས། ཚིགས་བཅད་འོག་མའི་གནོད་པ་སྟོན་པ་ཡིན་གྱི་རང་བཞིན་གྱིས་གྲུབ་པ་ལ་གནོད་པ་སྟོན་པ་ནི་གཞུང་དང་མ་འབྲེལ་ལོ། །འདིའི་སྔ་འགྲེལ་དུ། འདིར་སྨྲས་པ། གལ་ཏེ་ཡུལ་མེད་པར་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ན། འོ་ན་གང་བླ་མའི་མན་ངག་ལས་རྣལ་འབྱོར་པ་དག་གིས་ས་གཞི་ཀེང་རུས་ཀྱིས་ཡོངས་སུ་གང་བར་མཐོང་བ་དེ་ཅི་ལྟར་ཞེ་ན། བཤད་པ་ཞེས་འབྱུང་བ་ནི། འོག་མའི་མཚམས་སྦྱར་ལ་ཡང་འདྲ་སྟེ། དེ་བཞིན་དུ་ཞེས་འབྱུང་བའི་ཕྱིར་རོ། །བཞི་པ་མཐོང་སྣང་འཁྲུལ་པའི་དཔེས་མི་འགྲུབ་པ་ནི། རབ་རིབ་སོགས་ཏེ། འདི་ལ་རང་ལུགས་གོ་སླ་ཞིང་དོན་ཆེ་བ་བཤད་པ། ཧ་ཅང་རྟོག་པས་བརྟགས་པའི་ལུགས་དགག་པ། གནས་སྐབས་ཀུན་དུ་མཁོ་བའི་གནད་ཀྱི་དོན་བསྟན་པ་དང་གསུམ་ལས། དང་པོ་ལ་ཡང་གཉིས་ཏེ། དོགས་པ་དགོད་པ་དང་། དེའི་ལན་དུ་འགྱུར་ཚུལ་ལོ། །དང་པོ་ནི། སྔར་དྲངས་པ་ལྟར་སེམས་ཙམ་པས་ཕྱི་དོན་མེད་པར་ཤེས་པ་ཡོད་པའི་མཐུན་དཔེ་བསྟན་བཅོས་ལ་གྲགས་པ་ནི་ཆུ་འབབ་པའི་ཀླུང་ལ་ཡི་དྭགས་ལ་རྣག་ཁྲག་ཏུ་སྣང་བའི་བློ་སྐྱེ་བ་ན་ཡུལ་རྣག་ཁྲག་མེད་ཀྱང་ཡུལ་ཅན་གྱི་བློ་ཡོད་པ་བཞིན་ཞེས་འདོད་དེ། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་ཤིང་དེའི་བཤད་སྦྱར་དགེ་བསྙེན་བཙུན་པས་མཛད་པར། ཆུ་ཀླུང་གི་དངོས་པོ་ལ་རང་རང་གི་ལས་ཀྱི་རྣམ་སྨིན་གྱི་དབང་གིས་ཡི་དྭགས་ཀྱིས་རྣག་ལ་སོགས་པ་གང་བར་མཐོང་བ་དང་། དེ་ཉིད་ལ་དུད་འགྲོ་ཉ་ལ་སོགས་པས་གནས་ཀྱི་བློས་གནས་པར་བྱེད་པ་དང་། མི་རྣམས་ཀྱིས་ནི་དངར་བ་དང་དྭང་བ་དང་བསིལ་བའི་ཆུར་རྟོག་ཅིང་ཁྲུས་བྱེད་དོ། །འཐུང་ངོ་དེར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པའི་ལྷ་རྣམས་ཀྱིས་ནི་ནམ་མཁར་མཐོང་སྟེ། གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་རོ། །ཞེས་བཤད་དོ། །འདི་དག་གི་དོན་སེམས་ཙམ་པས་དངོས་པོ་ཐུན་མོང་བ་གཅིག་ལས་ཀྱི་དབང་གིས་སོ་སོར་མཐོང་བར་འདོད་པ་མ་ཡིན་གྱི། རྩ་བར་དངོས་གཅིག་ཅེས་པའི་དོན་ཡང་། མི་ལ་ཆུར་སྣང་བ་ལྟ་བུའི་གཞི་གཅིག་བཟུང་ནས། གཞི་དེར་གཞན་རྣམས་ཀྱང་བག་ཆགས་ཀྱི་དབང་གིས་སོ་སོར་སྣང་ཞེས་པ་སྟེ། ལུགས་འདི་ལ་དབང་ཤེས་ཀྱི་ཡུལ་ཐུན་མོང་བ་མེད་པའི་ཕྱིར་རོ། །དེས་ན་གཞི་གཅིག་ཉིད་དུ་བག་ཆགས་མཐུན་པར་སད་པས། དངོས་པོ་གཅིག་པ་ལྟ་བུར་སྣང་བ་དང་། བག་ཆགས་མི་མཐུན་པར་སད་པས་དངོས་པོ་ཐ་དད་པ་ལྟ་བུར་སྣང་བ་གཉིས་ལས། དང་པོ་ནི། སྐྱེས་བུ་དུ་མས་མར་མེ་གཅིག་མཐོང་ཞེས་པའི་ཐ་སྙད་བྱེད་པ་ལྟ་བུ་སྟེ། གཅིག་གིས་མཐོང་བའི་མར་མེ་དེ་ཉིད་གཞན་གྱིས་མཐོང་བ་མ་ཡིན་གྱི། བག་ཆགས་མཐུན་པར་སད་པ་ཙམ་མོ། །ཕྱི་མ་ནི་སྔར་བཤད་པ་ཉིད་དོ། །རྣག་ཁྲག་དང་ཆུ་ལ་སོགས་པའི་དངོས་པོ་ཐ་དད་པ་ནི་གང་ཡང་མེད་ཀྱི། རང་རང་གི་བག་ཆགས་མི་འདྲ་བ་སད་པའི་སྣང་བ་ཙམ་མོ། །ཞེས་འདོད་དོ། །གཉིས་པ་ནི་འགྲེལ་པར་ཡང་ཤེས་པར་བྱའོ། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །ཞེས་སྔར་བཤད་པ་དེ་དང་མཚུངས་པ། དེ་ལྟ་བུའི་རིགས་ཅན་གཞན་ཡང་རིག་པར་བྱ་སྟེ། སྤྲོས་པས་ཆོག་གོ་ཞེས་གསུངས་པའི་དོན་ནི། མཚུངས་ཞེས་པ་བཤད་པའི་གཞིར་བཞག གང་དང་མཚུངས་ན། རབ་རིབ་དང་ལྡན་པའི་དབང་པོ་ཅན་ལ་ལན་བཏབ་པ་དེ་མཚུངས། གང་ལ་མཚུངས་ན་ཆུ་འབབ་པའི་ཀླུང་ལ་ཡི་དྭགས་རྣག་བློའི་དཔེས་ཕྱི་དོན་མེད་པར་ཤེས་པ་བསྒྲུབ་པ་ལ་མཚུངས། ཇི་ལྟར་མཚུངས་ན། ཆུ་འབབ་ཀླུང་ལ་ཡི་དྭགས་འགའ་ཞིག་གིས། །ལས་ཀྱི་མཐུ་ལས་རྣག་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཞེས་པའི་ཚུལ་གྱིས་མཚུངས། འདིར་མིའི་ཐ་སྙད་ཀྱི་དབང་དུ་བྱས་ནས། ཆུ་ནི་འཇིག་རྟེན་ལ་ལྟོས་བདེན་པའི་ཀུན་རྫོབ་ཡིན་ལ། རྣག་ལ་སོགས་པ་ནི་འཇིག་རྟེན་ལ་ལྟོས་ལོག་པའི་ཀུན་རྫོབ་ཡིན་པས། རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་དང་མཚུངས་པར་སྟོན་པའོ། །ཁ་ཅིག་༣༨གཞུང་འདིའི་དོན། དེ་བཞིན་དུ་རབ་རིབ་དང་ལྡན་པའི་དབང་པོ་ཅན་དང་མཚུངས་པའི་སྒྱུ་མ་དང་གཟུགས་བརྙན་སོགས་དཔེར་འགོད་པ་ལ་ཡང་ལན་གདབ་ཚུལ་ཤེས་པར་བྱས་ལ། ཆུ་འབབ་པའི་ཀླུང་ལ་ཡི་དྭགས་རྣམས་ལ་རྣག་ཁྲག་གི་བློ་སྐྱེ་བ་ལ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཞེས་འཆད་པ་ནི་གཞུང་གི་ཚིག་དོན་ཙམ་ཡང་འཆད་མ་ཤེས་པ་སྟེ། རབ་རིབ་དང་ལྡན་པ་ལ་སྔར་ལན་བཏབ་ཟིན་པས་འདིར་མི་དགོས་པའི་ཕྱིར་དང་། དེ་ལ་ལན་བཏབ་ཟིན་པ་སྐབས་འདིའི་ལན་ལ་ཡང་མཚུངས་ཞེས་པའི་དོན་སྦྱར་མ་ཤེས་པར་གཞི་སོ་སོར་བྱས་འདུག་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི་ཀུན་རྫོབ་ལ་རིག་པའི་འཐད་པ་བཅུག་ནས་དངོས་པོར་སྨྲ་བ་དང་ཚུལ་མཚུངས་པར་བསྒྲུབ་པའི་བོད་ཀྱི་དབུ་མ་པར་རློམ་པ་ཁ་ཅིག་༣༩ན་རེ། དེ་ལ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔ་ནི་དངོས་པོར་སྨྲ་བའི་གྲུབ་མཐས་བརྟགས་པ་མིན་གྱི། མདོ་ལས་གསུངས་ཤིང་རང་ཉིད་ཀྱང་དེ་ལྟར་དུ་བཞེད་དོ། །དེའི་ཕྱིར་ཀེང་རུས་མེད་ཀྱང་དེ་གསལ་བར་སྣང་བ་ནི། གཟུགས་ཅན་དང་འདྲ་བར་གཟུགས་ཅན་དུ་འདོད་དགོས་ལ། འདི་ཡིད་ཤེས་ཁོ་ན་ལ་སྣང་བ་ཡིན་པས། གཟུགས་ཅན་བཞིན་དུ་གཟུགས་ཀྱི་སྐྱེ་མཆེད་མིན་ལ། སྐྱེ་མཆེད་གཟུགས་ཅན་ལྷག་མ་དགུ་ཡང་མིན་པས། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཀུན་བཏགས་པ་ཞེས་འབྱུང་ངོ་། །མིག་ཤེས་ལ་སྐྲ་ཤད་དུ་སྣང་བ་ནི་གཟུགས་ཅན་བཞིན་དུ་གཟུགས་ཀྱི་སྐྱེ་མཆེད་དོ། །ཡི་དྭགས་ལ་ཆུ་ཀླུང་རྣག་ཏུ་སྣང་བ་ནི་དེའི་མིག་ཤེས་ལ་སྣང་བ་ཡིན་པས་གཟུགས་ཀྱི་སྐྱེ་མཆེད་དུ་བཞག་དགོས་སོ། །ཞེས་དང་། །འོ་ན་ཇི་ལྟར་ཞེ་ན་ཐོག་མར་དཔེ་བཤད་པར་བྱ་སྟེ། ལྕགས་གོང་མེས་བསྲེགས་པའི་དམར་འབར་བ་ལ་རེག་ཀྱང་མི་ཚིག་པའི་རིག་སྔགས་དང་ལྡན་པ་གཅིག་གིས་ལྕགས་གོང་དེ་ལག་ཏུ་བླངས་པ་ན་ལུས་ཤེས་ཀྱིས་ལྕགས་དེའི་རེག་བྱ་འཛིན་ཀྱང་། དེ་ལ་རེག་བྱ་དེ་ཤིན་ཏུ་ཚ་ཞིང་བསྲེག་པའི་རྣམ་པ་ཅན་དུ་མི་སྐྱེ་བ་ནི་རིག་སྔགས་བཟླས་པའི་ཆུས་ལག་པ་བཀྲུས་པ་སོགས་ཀྱི་རྐྱེན་གྱིས་ཡིན་ནོ། །དེ་འདྲ་བའི་རིག་སྔགས་ཟློས་པ་དང་བྲལ་བ་ལ་ནི་ལྕགས་གོང་གི་རེག་བྱ་དེ་ཤིན་ཏུ་ཚ་ཞིང་བསྲེག་པའི་རྣམ་པ་ཅན་དུ་སྐྱེའོ། །དེ་ལྟར་ན་མི་བསྲེག་པ་དང་བསྲེག་པའི་རེག་བྱ་གཉིས་ཀའང་ལྕགས་གོང་གཅིག་པུ་དེའི་རེག་བྱར་ནི་བྱ་དགོས་ལ་ལུས་ཤེས་ཚད་མ་གཉིས་གཅིག་གིས་གྲུབ་པའི་རེག་བྱ་གཅིག་ཤོས་ཀྱིས་གྲུབ་པ་ནི་མིན་པས། གཉིས་ཀ་ཚད་མར་ཁས་བླངས་ཀྱང་ཚད་མ་གཅིག་གིས་གྲུབ་པ་གཅིག་ཤོས་ཀྱིས་འགོག་པ་མིན་ནོ། །དེ་བཞིན་དུ་གཞི་གང་དུ་ཆུ་ཀླུང་འབབ་པའི་གཞི་དེར་ཆུ་ཀླུང་དེའི་ཆ་ཤས་གཅིག ཡི་དྭགས་རྣམས་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་སྐྱེས་པ་དང་། ཆུ་ཀླུང་གི་ཆ་ཤས་གཞན་གཅིག་མི་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་མི་སྣང་བའི་བཏུང་བ་དང་། ཁྲུས་ཀྱི་ཆུར་སྐྱེ་བས་དེ་གཉིས་ཀ་ཆུ་ཀླུང་གཅིག་གི་ཆ་ཤས་རེ་ཡིན་པས་ཡི་དྭགས་ཀྱི་མིག་ཤེས་ཚད་མས་གྲུབ་པའི་དོན་དང་། མིའི་མིག་ཤེས་ཚད་མས་གྲུབ་པའི་དོན་གཉིས་ཀྱང་དངོས་པོ་སོ་སོ་བ་ཡིན་པས་དེ་གཉིས་གཅིག་གིས་གྲུབ་པའི་དོན་དེ་ཉིད། གཅིག་ཤོས་ཀྱིས་དེའི་བཟློག་ཕྱོགས་སུ་གྲུབ་པ་ག་ལ་ཡིན། དེ་བཞིན་དུ་བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ཞེས་གསུངས་པ་ཡང་། ཡི་དྭགས་རྣམས་ལ་སྔོན་ལས་ཀྱི་དབང་གིས་སོས་ཁ་ཟླ་འོད་རེག་བྱ་ཤིན་ཏུ་ཚ་བ་དང་། དགུན་གྱི་ཚེ་ཉི་འོད་རེག་བྱ་གྲང་བར་སྐྱེ་ཡང་། ཟླ་ཉིའི་འོད་ཀྱི་སྟེང་ནས་མི་ལ་གྲང་དྲོའི་རྣམ་པ་ཅན་དུ་སྐྱེ་བ་མི་འགལ་ལ། དེ་གཉིས་ནི་ཚད་མ་གཅིག་གིས་ཚ་བར་གཞལ་བའི་རེག་བྱ་ཉིད། གཅིག་ཤོས་ཀྱིས་གྲང་བ་འཇལ་བ་མིན་ཞིང་། གཉིས་ཀས་ཉི་ཟླ་གཅིག་གི་འོད་ཀྱི་རེག་བྱར་འཇོག་པའི་ཕྱིར། དངོས་པོ་གཅིག་ཅེས་ཀྱང་གསུངས་པས་གཞུང་དོན་ཞིབ་ཏུ་མ་དཔྱད་པར་གོ་བ་རགས་པ་རེ་ཤར་བ་དེས་ཚིམ་པའི་ཐག་གཅོད་མ་སྔ་ཤིག ཞེས་བྲིས་སོ། །གཉིས་པ་ནི། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ་དངོས་སྨྲ་བའི་གྲུབ་མཐས་བཏགས་པ་མིན་གྱི། མདོ་ལས་གསུངས་ཤིང་རང་ཉིད་ཀྱང་དེ་ལྟར་དུ་བཞེད་ཅེས་པ་ནི། ཀུན་གཞིའི་རྣམ་ཤེས་ལ་ཡང་མཚུངས་ཤིང་། རང་ཉིད་བཞེད་པ་ཡང་དངོས་སྨྲ་བ་དང་མི་འདྲ་སྟེ། འདིར་ནི་འཇིག་རྟེན་ཉིད་ལྟོས་ལོག་པའི་ཀུན་རྫོབ་ཐམས་ཅད་བློ་དེའི་དོན་ཇི་ལྟར་སྣང་བ་ལྟར་ཡིན་ཞིང་། བློ་གཞན་གྱི་ངོར་ནི་གཏན་མེད་པའི་ཕྱིར་རོ། །མིག་ཤེས་ལ་སྐྲ་ཤད་དུ་སྣང་བ་གཟུགས་ཀྱི་སྐྱེ་མཆེད་ཡིན་ན། དེ་ཆོས་ཅན། ཐ་སྙད་དུ་ཡོད་པར་ཐལ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། འདོད་ན། རབ་རིབ་ཅན་གྱི་དབང་ཤེས་དེ་ཐ་སྙད་ལ་མ་འཁྲུལ་བར་འགྱུར་རོ། །གཞན་ཡང་འཁར་གཞོང་ལ་སོགས་པའི་གཞི་དེར་དབང་པོ་སྐྱོན་མེད་ཀྱིས་མིག་གཏད་པའི་ཚེ་ན་ཡང་སྐྲ་ཤད་སྣང་བར་འགྱུར་ཏེ། གཞི་དེར་སྐྲ་ཤད་དེ་གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱོད་ཀྱི་དབང་བློའི་ཡུལ་རྣམས་ཇི་ལྟ་བར། །ཞེས་སོགས་ཀྱི་ཁྱབ་པ་གང་གིས་སྒྲུབ། གཞི་གཅིག་ལ་ཐོགས་བཅས་ཀྱི་དངོས་པོ་རྫས་ཐ་དད་པ་གཉིས་དུས་མཉམ་དུ་གནས་པར་ཐལ། ཡི་དྭགས་ལ་ཆུ་ཀླུང་རྣག་ཁྲག་ཏུ་སྣང་བ་དེ་ཆུ་ཀླུང་ལས་རྫས་ཐ་དད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། དཔེ་ཡང་མི་འཐད་དེ། ལྕགས་གོང་མེས་བསྲེགས་པའི་དམར་འབར་བ་ལ་རིག་སྔགས་དང་ལྡན་པ་གཅིག་གི་ལག་པས་རེག་པའི་ཚེ་རེག་བྱ་གཅིག་པུ་དེས་རང་གི་ལག་པ་མི་བསྲེག་པར་བྱེད་ནུས་པ་ཡིན་གྱི། བསྲེག་པའི་རེག་བྱ་དེ་ལས་དོན་གཞན་དུ་གྱུར་པའི་མི་བསྲེག་པའི་རེག་བྱ་གཅིག་གསར་དུ་སྐྱེ་བ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན། རིག་སྔགས་ཀྱིས་སྐྱེས་བུ་གཞན་འཆི་བར་བྱེད་པ་ན། སྐྱེས་བུ་གཅིག་པུ་དེ་ཉིད་ཀྱི་སྲོག་འགག་པ་མ་ཡིན་པར། སྲོག་འགག་པའི་སྐྱེས་བུ་གཅིག་གསར་དུ་སྐྱེ་བར་ཐལ་བའི་ཕྱིར་ཏེ། རིག་སྔགས་ཀྱི་བྱེད་པའི་རྐྱེན་འདྲ་བའི་ཕྱིར། དོན་ཡང་མི་འཐད་དེ། ཐོག་མར་ཡུལ་ཅན་གྱི་ཚད་མ་བཀག་ན་འཁར་གཞོང་གཅིག་ཏུ་རབ་རིབ་ཡོད་མེད་ཀྱི་སྐྱེས་བུ་གཉིས་ཀྱིས་བལྟས་པའི་ཚེ་དེ་གཉིས་ཀྱི་མིག་ཤེས་ལ་ཚད་མ་ཡིན་མིན་གྱི་ཁྱད་པར་མེད་པར་ཐལ། ཆུ་འབབ་པའི་ཀླུང་ལ་ཡི་དྭགས་ལ་རྣག་ཁྲག་ཏུ་སྣང་བའི་ཚེ་མིའི་མིག་ཤེས་དང་ཡི་དྭགས་ཀྱི་མིག་ཤེས་གཉིས་ཚད་མ་ཡིན་མིན་གྱི་ཁྱད་པར་མེད་པའི་ཕྱིར། ཁྱབ་པ་ནི་སློབ་དཔོན་གྱིས་རྩ་འགྲེལ་གཉིས་ཆར་དུ་དེ་གཉིས་མཚུངས་པར་གསུངས་པས་མི་འདོད་བཞིན་དུ་ཁས་བླང་བར་བྱའོ། །ཡུལ་གྱི་ངོས་ནས་ཆུ་འབབ་པའི་ཀླུང་ལ་དམྱལ་བ་པ་ལ་མེའི་ཕུང་པོར་སྣང་བའི་མེ་ཆོས་ཅན། ཆུ་ཀླུང་གི་ཆ་ཤས་མ་ཡིན་པར་ཐལ། མེ་ཡིན་པའི་ཕྱིར། ཡང་དེ་ཉིད་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པའི་ལྷ་རྣམས་ཀྱིས་ནམ་མཁར་མཐོང་བའི་ནམ་མཁའ་ཆོས་ཅན། ཆུ་ཀླུང་གི་ཆ་ཤས་མིན་པར་ཐལ། ནམ་མཁའ་ཡིན་པའི་ཕྱིར། དུང་དཀར་པོ་སེར་འཛིན་གྱི་དབང་ཤེས་ལ་དུང་དཀར་སེར་པོར་སྣང་བའི་སེར་པོ་དེ་ཆོས་ཅན། དུང་དཀར་གྱི་ཁ་དོག་མ་ཡིན་པར་ཐལ། སེར་པོ་ཡིན་པའི་ཕྱིར། མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་ཀྱི་མིག་ཤེས་ལ་སངས་རྒྱས་ཀྱི་སྐུ་གཟུགས་མི་མཛེས་པར་སྣང་བའི་གཟུགས་དེ་ཆོས་ཅན། སངས་རྒྱས་ཀྱི་སྐུ་གཟུགས་མ་ཡིན་པར་ཐལ། མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་ཀྱི་ལས་ངན་ལས་གསར་དུ་སྐྱེས་པའི་གཟུགས་ཡིན་པའི་ཕྱིར། ཐལ་འགྱུར་བཞི་པོ་འདིའི་ཁྱབ་པ་ཁོ་བོ་ཅག་གི་ཡིན་ཅིང་། རྟགས་གསལ་དྲུང་ཙོང་པའི་ཡིན་ལགས་སོ། །གཞན་ཡང་འཇིམ་དུམ་སོགས་ལ་སྒྱུ་མའི་རྟ་གླང་དུ་སྣང་བའི་རྟ་གླང་དེ་སྒྱུ་མའི་སྔགས་སྨན་གྱི་རྐྱེན་ལས་རྟ་གླང་མཚན་ཉིད་པར་སྐྱེས་པར་ཐལ། ཆུ་འབབ་པའི་ཀླུང་ལ་ཡི་དྭགས་ལ་རྣག་ཁྲག་ཏུ་སྣང་བའི་ཚེ་ཡི་དྭགས་ཀྱི་ལས་ལས་རྣག་ཁྲག་ཡིན་པར་གསར་དུ་སྐྱེས་པའི་ཕྱིར། བུམ་གཟུགས་གཅིག་ལ་ཐག་ཉེ་རིང་གཉིས་ནས་ལྟ་བའི་ཚེ་གསལ་བའི་ལས་གཟུགས་དང་། མི་གསལ་བའི་ལས་གཟུགས་གཉིས་གསར་དུ་སྐྱེས་པར་ཐལ། ཆུ་འབབ་པའི་ཀླུང་ལ་རིགས་དྲུག་གིས་བལྟས་པའི་ཚེ་ལས་གཟུགས་དྲུག་གསར་དུ་སྐྱེས་པའི་ཕྱིར། ཐལ་འགྱུར་འདི་གཉིས་ཀྱི་ཁྱབ་པ་ནི་བདེ་བདེ་འདྲ་བ་ལ་ཨཱ། འདོད་ན་ནི་ཆོས་གྲགས་ཀྱིས་བཀག་པ་ལ་ཨཱ། རྟགས་ནི་དྲུང་ཙོང་པས་ཞལ་གྱིས་བཞེས་པ་ལ་ཨཱ། ཨ་ལེ་མོ་ལ་ལེ་མོ། ཤེས་བྱ་ཁྲ་ལེབ་ཏུ་སོང་བའི་སྐྱོན་ནི་འབྱུང་བ་བཞི་པོ་རེ་རེའི་རེག་བྱ་ཡིན་པར་གྱུར་པའི་འབྱུང་བཞི་བཞི་ཆར་གྱི་རེག་བྱ་ཡོད་པ་དང་། ཁ་དོག་ལྔ་པོ་རེ་རེའི་ཁ་དོག་ཡིན་པར་གྱུར་པའི་ཁ་དོག་ལྔ་ཆར་ཡོད་པ་དང་། ཐོ་ཡོར་གྱི་ཆ་ཤས་སུ་གྱུར་པའི་མི་གསར་སྐྱེས་ཡོད་པ་དང་། ཐག་པའི་ཆ་ཤས་སུ་གྱུར་པའི་སྦྲུལ་གསར་སྐྱེས་ཡོད་པ་དང་། ཚ་རེག་གི་ཆ་ཤས་སུ་གྱུར་པའི་གྲང་རེག་ཡོད་པ་དང་། གྲང་རེག་གི་ཆ་ཤས་སུ་གྱུར་བའི་ཚ་རེག་ཡོད་པ་སོགས་ཆོས་ཅན་ཇི་སྙེད་པའི་རྣམ་དབྱེ་འབྱེད་པའི་ཚེ། ཤེས་བྱ་ཐམས་ཅད་ཕན་ཚུན་འདྲེས་ནས་ཁྲ་བོ་ལེབ་པ་གཅིག་ཏུ་སོང་འདུག་པ་འདི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་སོང་བའི་སྐབས་སུ་བྱུང་ན་དགའ་བ་ལ་ཨཱ། དྲུང་བློ་བ། རྗེས་འཇུག་ལ་དབུ་མའམ་གཅིག་བཤད་ཟེར་ནས་དངོས་འཛིན་གསར་པ་འདི་འདྲ་བསྣན་པ་མ་མཛད་ཨང་། འདི་དག་ཀྱང་སློབ་དཔོན་འདིའི་ལུགས་ཀྱི་འཇིག་རྟེན་ཉིད་ལྟོས་བདེན་པ་དང་། ལོག་པའི་ཀུན་རྫོབ་ཀྱི་ཁྱད་པར་ཐུན་མོང་མ་ཡིན་པ་ཡུལ་ཡུལ་ཅན་གཉིས་ཀ་ལ་སྦྱར་བའི་ཚུལ་མ་ཤེས་པའི་སྐྱོན་དུ་འདུག་གོ །གསུམ་པ་ནི། སེམས་ཙམ་པའི་གཞི་གཅིག་ལ་རིགས་དྲུག་གི་མཐོང་སྣང་དྲུག་འབྱུང་བ་ནི་དྲུག་ཆར་ཡུལ་མེད་པར་ཡུལ་ཅན་གྱི་ཤེས་པ་ཡོད་པར་འདོད་པས་ལུགས་འདིའི་ཕྱོགས་སྔ་ཡིན་ལ་སློབ་དཔོན་འདིས་ནི་ཀུན་རྫོབ་བདེན་པ་ལ་ཐ་སྙད་ལ་ལྟོས་ནས་བདེན་བརྫུན་གཉིས་སུ་ཡུལ་ལ་ཕྱེ་བའི་ཚེ་ཡུལ་ཅན་ལ་ཡང་དེ་ལྟར་ཕྱེ་བས་སྤྱིར་རིགས་དྲུག་གང་རུང་གཅིག་གི་ཐ་སྙད་གཞིར་བཞག་པའི་ཚེ་དེའི་ཡུལ་ཡུལ་ཅན་གཉིས་ཀའང་ཐ་སྙད་དུ་བདེན་ལ། གཞི་དེར་གཞན་ལྔའི་མཐོང་ཚུལ་གྱི་ཡུལ་ཡུལ་ཅན་གཉིས་ཀ་ཡང་ཐ་སྙད་དུ་མེད་པ་རྣམ་པར་གཞག་གོ །འདིར་ནི་སྟོན་པ་རྫོགས་པའི་སངས་རྒྱས་འཛམ་བུའི་གླིང་དུ་སངས་རྒྱ་བའི་ཚུལ་བསྟན་ནས་ཆོས་ཀྱིས་འཁོར་ལོ་བསྐོར་བ་དང་། བཀའ་བསྡུ་བ་དང་། དགོངས་འགྲེལ་གྱི་བསྟན་བཅོས་རྩོམ་པ་ཐམས་ཅད་མིའི་རྟེན་ལ་མཛད་པས། མིའི་མཐོང་ཚུལ་ལ་ཐ་སྙད་དུ་བདེན་པ་དང་། གཞི་དེ་ཉིད་དུ་འགྲོ་བ་གཞན་གྱི་མཐོང་ཚུལ་ལ་མི་བདེན་པའི་རྣམ་བཞག་མཛད་པས། ཆུ་འབབ་པའི་ཀླུང་ལ་ཆུ་དང་། དེའི་ཡུལ་ཅན་གཉིས་ཀ་ཐ་སྙད་ལ་ལྟོས་ནས་བདེན་པ་དང་། རྣག་ལ་སོགས་པའི་མཐོང་ཚུལ་གཞན་རྣམས་ནི་ཡུལ་ཡུལ་ཅན་གཉིས་ཀ་ཐ་སྙད་དུ་ཡང་མི་བདེན་པར་བཞག་པ་ནི་གནད་ཀྱི་དོན་སྟེ། སློབ་དཔོན་གྱི་གཞུང་རྩ་འགྲེལ་འདིའི་མགོ་མཇུག་སྦྲེལ་ནས་བལྟས་ན་མི་གོ་བའི་དོན་མེད་དོ། །སྟོན་པས་རིགས་དྲུག་སོ་སོའི་སྐད་དུ་ཆོས་སྟོན་པ་ཡོད་ཀྱང་ད་ལྟར་གྱི་བསྟན་པ་འདི་གང་གི་དབང་དུ་བྱས་པ་དང་། གཞི་སོ་སོའི་མཐོང་ཚུལ་མིའི་དབང་དུ་བྱས་ནས་ཀྱང་ཐ་སྙད་དུ་བདེན་བརྫུན་གྱི་རྣམ་དབྱེ་བྱེད་པ་སོགས་ཤིན་ཏུ་ཕྲ་ཞིང་ཞིབ་པའི་ཡུལ་གྱི་ཁྱད་པར་རྣམས་ནི་དེང་སང་ཁོ་བོའི་བློ་གྲོས་གྱི་ཡུལ་ཡིན་པར་སེམས་སོ། །གཉིས་པ་དོན་བསྡུ་བ་ནི། མདོར་ན་སོགས་ཏེ། བསྟོད་པ་ལས། མ་ཤེས་པ་ནི་ཤེས་བྱ་མིན། །དེ་མེད་རྣམ་པར་ཤེས་མེད་པ། །དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་བཞིན་མེད་པར་ཁྱོད་ཀྱིས་གསུངས། །ཞེས་སོ། །གཉིས་པ་གཉིས་ཀྱིས་སྟོང་པའི་གཞན་དབང་རྫས་སུ་གྲུབ་པ་དགག་པ་ལ་གསུམ་སྟེ། གཞན་དབང་ཡོད་པའི་སྒྲུབ་བྱེད་མེད། སྒྲུབ་བྱེད་རང་རིག་བརྟགས་ནས་དགག སྒྲུབ་བྱེད་མེད་ཀྱང་གྲུབ་པ་དགག་པའོ། །དང་པོ་ནི། གལ་ཏེ་སོགས་སོ། །གཉིས་པ་ལ་བཞི་སྟེ། རང་རིག་རང་གི་ངོ་བོ་དགག རང་རིག་སྒྲུབ་བྱེད་དྲན་པ་དགག རང་གི་ཕྱོགས་ལ་དྲན་མྱོང་འཐད། གཞན་ཕྱོགས་དགག་པ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། དེ་ཉིད་སོགས་སོ། །གཉིས་པ་ནི། གལ་ཏེ་སོགས་ཏེ། འདི་ལ་རང་རིག་དྲན་པའི་རྟགས་ཀྱིས་བསྒྲུབ་ན། དྲན་པ་རྫས་སུ་གྲུབ་པ་ཞིག་གམ། ཐ་སྙད་ཀྱི་དྲན་པས་སྒྲུབ། དང་པོ་ལྟར་ན། མཐའ་བཞིའི་སྐྱེ་བ་དཔྱད་ན་དྲན་པ་རྫས་གྲུབ་པ་མི་འགྲུབ་པས། རང་རིག་གི་སྒྲུབ་བྱེད་དུ་མི་འགྱུར་རོ། །ཕྱི་མ་ལྟར་ན་རང་རིག་བསྒྲུབ་པ་ལ་ཁྱབ་པ་མ་ངེས་ཏེ། གཞི་གཞན་གྱི་སྟེང་དུ་མེ་གཞན་སྔར་ཚད་མས་གྲུབ་ན་ཕྱིས་དུ་བའི་རྟགས་ལས་གཞི་འགའ་ཞིག་ཏུ་མི་གྲུབ་པ་འཐད་པ་བཞིན་དུ། སྔར་སྤྱིར་རང་རིག་ཚད་མས་གྲུབ་ན། དྲན་པའི་རྟགས་ལས་དེ་སྒྲུབ་པ་འཐད་ཀྱང་། ཕྱིར་རྒོལ་གྱི་ངོར་སྔར་རང་རིག་སྤྱི་ལྡོག་ནས་མ་གྲུབ་པས་ད་ལྟ་དྲན་པའི་རྟགས་ཀྱིས་མི་འགྲུབ་པའི་ཕྱིར་དང་དྲན་པ་ཐ་སྙད་པའི་རྟགས་ཀྱིས་རང་རིག་སྒྲུབ་པའི་ཁྱབ་པ་མ་ངེས་པའི་དཔེ་ནི་ཆུ་ཙམ་མཐོང་བ་ལས་ནོར་བུ་ཆུ་ཤེལ་ལམ། མེ་ཙམ་མཐོང་བ་ལས་ནོར་བུ་མེ་ཤེལ་མི་འགྲུབ་པ་བཞིན་ཞེས་གསུངས་སོ། །དེའི་དོན་ཡང་དྲན་པ་ཐ་སྙད་པ་དེ་ཡིན་ན་རང་རིག་ལས་བྱུང་བས་མ་ཁྱབ་སྟེ། རང་མྱོང་མེད་པར་ཡུལ་མྱོང་བ་ལས་ཀྱང་དྲན་པ་ཐ་སྙད་པ་སྐྱེ་བ་ཡོད་པའི་ཕྱིར། དཔེར་ན་ཆུ་ཤེལ་མེད་ཀྱང་ཆར་ལ་སོགས་པ་དང་། མེ་ཤེལ་མེད་ཀྱང་གཙུབ་ཤིང་སོགས་ལས་ཆུ་དང་མེ་འབྱུང་བའི་ཕྱིར་ཞེས་པའི་དོན་ཏེ། དཔེ་འདིས་ཀྱང་རང་རིག་ཐ་སྙད་དུ་ཁས་མི་ལེན་པ་མ་ཡིན་ཏེ། གཞན་དུ་ན་རང་རིག་ཐ་སྙད་པ་སྒྲུབ་པ་ལ་དྲན་པ་ཐ་སྙད་པ་རྟགས་སུ་བཀོད་པ་ཁྱབ་པ་འགལ་བར་གསུངས་དགོས་པ་ལས། ཁྱབ་པ་མ་ངེས་པར་གསུངས་པའི་ཕྱིར་རོ། །དཔེ་ལས་ཀྱང་ཤེས་ཏེ། ཆུ་ཤེལ་དང་མེ་ཤེལ་ལས་ཆུ་དང་མེ་སྐྱེ་བ་སྲིད་ཀྱང་ཆུ་དང་མེ་ཡིན་ན་དེ་གཉིས་ལས་སྐྱེ་བས་མ་ཁྱབ་པ་དཔེར་བཀོད་འདུག་པའི་ཕྱིར་རོ། །གནད་ཀྱི་དོན་ནི་བསྒྲུབ་བྱ་རང་རིག་སྒྲུབ་པ་ལ་དྲན་པ་རྫས་གྲུབ་པ་བཀོད་ན་མ་གྲུབ། དྲན་པ་ཐ་སྙད་པ་བཀོད་ན་མ་ངེས་ཞེས་སྒྲུབ་བྱེད་ལ་བརྟགས་པ་ཡིན་ལ། དོན་དེ་མ་༤༠གོ་བར་དྲན་པའི་རྟགས་ཀྱིས་རང་རིག་རྫས་སུ་གྲུབ་པ་དང་། རང་རིག་ཐ་སྙད་པ་གཉིས་ཀ་མི་འགྲུབ་ཞེས་སྒྲུབ་བྱ་ལ་བརྟགས་པར་འདོད་པ་ནི་འགྲེལ་བའི་དོན་ཡེ་མ་ཕྱེད་པའོ། །ཚིགས་བཅད་ཕྱི་མས་ནི་རྒྱུ་འབྲས་གཞན་དུ་འདོད་པའི་ཕྱོགས་ལ་དྲན་པས་མྱོང་བའི་ཡུལ་དྲན་པ་མི་འཐད་པ་དང་། གལ་ཏེ་རྒྱུད་གཅིག་ཏུ་གཏོགས་པ་དང་། རྒྱུ་དང་འབྲས་བུའི་དངོས་པོ་གནས་པས་འཐད་པར་བསྒྲུབ་ན་ཡང་གཞན་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་ཉིད་ཀྱིས་འཇོམས་པ་རྣམ་བསྟན་ནོ། །གསུམ་པ་ནི། གང་ཕྱིར་སོགས་ཏེ། འགྲེལ་པར། གང་གིས་ཡུལ་མྱོང་བ་སྟེ་ཡུལ་ཉམས་སུ་མྱོང་བའི་ཤེས་པ་དེ་ལས་དྲན་པའི་ཤེས་པ་གཞན་ཉིད་དུ་ཇི་ལྟར་མེད་པ་དེ་ལྟར་ནི་སྔར་བཤད་ཟིན་ཏོ། །གང་གི་ཕྱིར་དྲན་པ་ཉིད་ཡོད་པ་མ་ཡིན་པ་དེའི་ཕྱིར་གང་ཉམས་སུ་མྱོང་བས་མྱོང་བ་དེ་དྲན་པའི་ཤེས་པས་མྱོང་བ་མ་ཡིན་པ་མ་ཡིན་པས་དྲན་པ་ཡུལ་དང་ལྡན་པར་འགྱུར་ལ། ཉམས་སུ་མྱོང་བའི་ཤེས་པས་ཡོངས་སུ་བཅད་པ་གང་ཡིན་པ་དེ་དྲན་པས་ཡོངས་སུ་མ་བཅད་པ་མ་ཡིན་པས་བདག་གིས་མཐོང་ངོ་ཞེས་བྱ་བར་ཡང་འགྱུར་རོ། །ཞེས་གསུངས་པ་དེའི་དོན་ནི། མྱོང་བ་དང་དྲན་པ་རྒྱུ་འབྲས་ཡིན་པས་གཞན་དུ་མེད་པར་སྔར་བཤད་ཟིན་ལ། གཞན་དུ་མེད་པ་དེའི་ཕྱིར་ཡུལ་ཉམས་སུ་མྱོང་བས་མྱོང་བའི་ཡུལ་སྔོན་པོ་ལྟ་བུ་དེ་ཕྱིས་ཀྱི་དྲན་པས་མ་མྱོང་བ་ཡང་མ་ཡིན་པས་ན། ཡུལ་དྲན་པའི་རྟགས་ལས་ཡུལ་མྱོང་བ་འགྲུབ་ལ། སྔོན་པོ་ཉམས་སུ་མྱོང་བའི་ཤེས་པས་ཡོངས་སུ་བཅད་པའི་ཤེས་པ་གང་ཡིན་པ་དེ། ཕྱིས་ཀྱི་དྲན་པས་ཡོངས་སུ་མ་བཅད་པ་ཡང་མ་ཡིན་པས་ན་བདག་གིས་མཐོང་ངོ་ཞེས་ཡུལ་ཅན་དྲན་པའི་རྟགས་ལས་རང་མྱོང་བ་འགྲུབ་ཅེས་པ་སྟེ། གཞུང་འདིས་རང་ལུགས་ལ་མྱོང་དྲན་གཞན་དུ་མེད་པའི་རྒྱུ་མཚན་གྱིས་ཡུལ་མྱོང་ལས་ཡུལ་དྲན་སྐྱེ་བ་དང་། རང་མྱོང་ལས་རང་དྲན་སྐྱེ་བ་དྲན་པས་ཐ་སྙད་དུ་རང་རིག་ཞལ་གྱིས་བཞེས་པར་གྲུབ་བོ། །གཞན་དུ་ན། གང་ཉམས་སུ་མྱོང་བས་མྱོང་བ་དེ་ཞེས་དང་། ཉམས་སུ་མྱོང་བའི་ཤེས་པས་བཅད་པ་གང་ཡིན་པ་དེ་ཞེས་པའི་ཁྱད་པར་ལེགས་པར་སྨྲ་དགོས་སོ། །འདིར་ཁ་ཅིག༤༡ མྱོང་བའི་ཡུལ་དང་དྲན་པའི་ཡུལ་གཞན་མ་ཡིན་པར་གསུངས་པ་རྒྱུ་མཚན་དུ་བྱས་ནས་དེ་གཉིས་ངོ་བོ་གཅིག་ཏུ་བྱས་འདུག་པ་ནི་འཁྲུལ་ཏེ། དེ་ལྟར་ན་དྲན་མྱོང་ལ་ཡང་དེར་ཐལ་བའི་ཕྱིར་རོ། །སློབ་དཔོན་འདིས་ཀུན་གཞི་དང་ཉོན་ཡིད་དང་། རང་རིག་སོགས་ལུང་ཚད་མ་ལས་བཤད་ཅིང་། བདེན་པར་ཡོད་མེད་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ཐ་སྙད་ཀྱི་རང་ལྡོག་རྣམས་ནི་ཐ་སྙད་དུ་ཁས་ལེན་པ་ཡིན་ཞིང་དེ་དག་དཔྱད་ནས་འགོག་པ་ནི་དོན་དམ་གྱི་དབང་དུ་བྱས་པར་བཞེད་དོ། །ཁ་ཅིག་༤༢རྩ་ཤེར་དང་། རྩོད་བཟློག་དང་། ཚིགས་གསལ་ལས། རིགས་པས་དཔྱད་བཟོད་ཀྱི་རང་རིག་འགོག་པའི་ལུང་རྣམས་ཤེས་བྱེད་དུ་བྱས་ནས་རང་རིག་ཐ་སྙད་པ་འགོག་པ་ལ་སྦྱར་བ་ནི་ནོར་ཏེ། རྩ་ཤེར་ལས། རང་རིག་གི་དཔེ་མར་མེ་བཀོད་པ་ལ་དཔྱད་ནས་འགོག་པའི་ཚེ་མར་མེས་རང་གསལ་བ་བཀག་པ་བཞིན་དུ། མུན་པ་སེལ་བ་ཡང་བཀག་པས་ཐ་སྙད་དུ་མུན་པ་སེལ་བ་ཡང་མི་འཐད་པར་ཐལ་བའི་ཕྱིར་དང་། རྩོད་བཟློག་ལས། ཚད་མ་དེ་རང་གིས་གྲུབ་པ་བཀག་པའི་ཚེ་ཚད་མ་གཞན་གྱིས་གྲུབ་པ་ཡང་བཀག་པས་ཐ་སྙད་དུ་ཚད་མའི་ཡུལ་ཅན་གཏན་མེད་པར་ཐལ་བའི་ཕྱིར་དང་། ཚིག་གསལ་ལས། རང་རིག་མེད་པའི་ཤེས་བྱེད་དུ་མྱོང་བར་བྱ་བའི་སེམས་མི་རྙེད་པའི་མདོ་དྲངས་པས་ཐ་སྙད་དུ་མྱང་བྱའི་སེམས་ཉིད་ཀྱང་མེད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་ལང་ཀར་གཤེགས་པ་ལས། ཇི་ལྟར་རལ་གྲིས་རང་གི་སོ། །གཅོད་པར་མི་བྱེད་སོར་མོ་ནི། །རང་ལ་རེག་པར་མི་བྱེད་ལྟར། །རང་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་གསུངས་པས། ཐ་སྙད་དུ་རང་རིག་ཡོད་ན་ཐ་སྙད་དུ་རལ་གྲིའི་སོ་རང་གིས་རང་གཅོད་པར་འགྱུར་རོ་སྙམ་ན་རིགས་པས་དཔྱད་པའི་གནས་སྐབས་ཀྱི་དཔེ་ལ་བརྟགས་པ་མཐའ་བཟུང་བ་མང་སྟེ། གཞན་དུ་ན་ཐ་སྙད་དུ་ནམ་མཁའི་པདྨོ་ཡོད་པར་ཐལ། འཕགས་པ་ལྷས། རྣམ་ཤེས་དམ་པའི་དོན་ལྡན་པ། །དེ་ཡང་བརྟན་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པད་མོ་བཞིན། །ཞེས་གསུངས་ཤིང་། ཐ་སྙད་དུ་གཅིག་དང་དུ་མ་ཡོད་པའི་ཕྱིར་རོ། །གལ་ཏེ་ཚུར་མཐོང་གི་མངོན་སུམ་དེ་རང་རིག་མངོན་སུམ་གྱི་ཡུལ་ཡིན་ན། དེ་མངོན་སུམ་མཚན་ཉིད་པར་འགྱུར་ཏེ། ཚིག་གསལ་ལས། མངོན་སུམ་གྱི་ཡུལ་མངོན་གསུམ་མཚན་ཉིད་པར་གསུངས་པའི་ཕྱིར། འདོད་ན་མངོན་སུམ་བཏགས་པ་བར་འགྱུར་ཏེ། མངོན་སུམ་གྱི་ཡུལ་ཅན་ཡིན་པའི་ཕྱིར་སྙམ་ན། ལུགས་འདི་ལ་མངོན་སུམ་བཏགས་པ་བ་དང་། མངོན་སུམ་མཚན་ཉིད་པ་མི་འགལ་ཏེ། འཇིག་རྟེན་ན་མངོན་སུམ་དུ་གྲགས་པ་དེ་ཉིད་འཇིག་རྟེན་ན་གྲགས་པའི་ཆ་ནས་མངོན་སུམ་མཚན་ཉིད་པར་འཇོག་ཅིང་མིང་གིས་བཏགས་པ་ཙམ་གྱི་ཆ་ནས་བཏགས་པ་བར་འཇོག་པའི་ཕྱིར། བཏགས་པ་བ་ཡིན་ན་མཚན་ཉིད་པ་ཡིན་པས་ནི་མ་ཁྱབ་སྟེ། མཚན་ཉིད་པ་འཇིག་རྟེན་ལྷན་སྐྱེས་ཀྱི་བློ་ངོར་ཐ་སྙད་མཐུན་པ་ལ་འཇོག་དགོས་པའི་ཕྱིར་རོ། །དབུ་མ་པའི་ལུགས་ཀྱི་མཚན་བཏགས་དང་དངོས་སྨྲ་བའི་ལུགས་ཀྱི་མཚན་བཏགས་ཕྱེད་པ་གལ་ཆེ་བར་སྣང་ངོ་། །བཞི་པ་ནི། དེ་ཕྱིར་སོགས་སོ། །གསུམ་པ་བསྒྲུབ་བྱེད་མེད་ཀྱང་གྲུབ་པ་དགག་པ་ནི། གལ་ཏེ་སོགས་སོ། །གསུམ་པ་དངོས་པོ་བརྟགས་པར་ཡོད་པའི་རྒྱུར་གྲུབ་པ་དགག་པ་ནི་གང་ཚེ་སོགས་ཏེ། རྣམ་རིག་པས་ཀུན་རྫོབ་རང་གི་ངོ་བོ་བདེན་པར་མི་འདོད་ཀྱང་དེ་འཇོག་པའི་རྒྱུ་གཞན་དབང་རྫས་གྲུབ་པ་རིགས་པས་དཔྱད་ནས་འཇོག་ཅིང་། དེ་རིགས་པས་དཔྱད་པའི་ཚེ་མི་རྙེད་པས་འཇིག་རྟེན་གྲགས་པའི་རྣམ་གཞག་བརླག་པར་བྱས་ཞེས་པ་སྟེ། དངོས་པོར་སྨྲ་བ་གསུམ་ཆར་ལ་ཡང་སྐྱོན་འདི་གནས་པ་ཉིད་དོ། །གཉིས་པ་བདེན་གཉིས་ཉམས་པའི་ཉེས་དམིགས་བརྗོད་པ་ནི། སློབ་དཔོན་སོགས་ཏེ་འགྲེལ་པར། འདིར་ཐ་སྙད་ཀྱི་བདེན་པ་བསྟན་པ་ནི་ཐབས་སུ་གྱུར་པ་སྟེ། ཇི་སྐད་དུ། ཡི་གེ་མེད་པའི་ཆོས་ལ་ནི། །ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་པས། །འོན་ཀྱང་ཉན་ཅིང་སྟོན་པ་ཡིན། །ཞེས་གསུངས་སོ། །ཐ་སྙད་ཀྱི་བདེན་པ་ཁོ་ན་ལ་གནས་ཏེ་དོན་དམ་པ་སྟོན་པ་ཡིན་ལ། དོན་དམ་པ་བསྟན་པ་ཁོང་དུ་ཆུད་པ་ལས་ཀྱང་དོན་དམ་པར་འཐོབ་སྟེ། ཇི་སྐད་དུ་བསྟན་བཅོས་ལས། ཐ་སྙད་ལ་ནི་མ་བསྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་སོ། །དེ་ལ་དོན་དམ་པ་བསྟན་པ་ནི་ཐབས་ལས་བྱུང་བར་འགྱུར་ཅིང་འབྲས་བུར་གྱུར་པ་སྟེ། འབྲས་བུ་དང་། ཐོབ་པར་བྱ་བ་དང་། རྟོགས་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །གསུམ་པ་ཀུན་རྫོབ་ཉིད་ལ་མཚུངས་པ་སྤོང་བ་ལ་གཉིས་ཏེ། གཞན་དབང་རྫས་དང་ཀུན་རྫོབ་མཚུངས་མི་སྲིད། ཀུན་རྫོབ་འགོག་ན་འཇིག་རྟེན་ཉིད་ཀྱིས་གནོད་པའོ། །དང་པོ་ནི། ཇི་ལྟར་སོགས་སོ། །གཉིས་པ་ནི། གལ་ཏེ་སོགས་སོ། །གཉིས་པ་རྣམ་རིག་ཙམ་དུ་གསུངས་པའི་དགོངས་པ་བཤད་པ་ལ་བཞི་སྟེ། བྱེད་པོ་དོན་གཞན་བཀག་པའི་དོན་དུ་བཤད། སེམས་ཙམ་གཙོ་བོར་སྒྲུབ་པའི་དོན་དུ་བཤད། གཞན་དུ་རྟོགས་ན་ལུང་རིགས་གཉིས་ཀྱིས་གནོད། དེས་ན་གྲུབ་མཐའི་བླང་དོར་བྱ་བར་གདམས་པའོ། །དང་པོ་ལ་གསུམ་སྟེ། ལུང་གི་དོན་དངོས། ལུང་གཞན་གྱིས་བསྒྲུབ། ལུང་དེའི་དོན་བཤད་པའོ། །དང་པོ་ནི། མངོན་འགྱུར་སོགས་ཏེ། ཁྱོད་འཇིག་རྟེན་གྱི་གྲགས་པས་འཇིགས་ནས་ཀུན་རྫོབ་ཁས་བླངས་ན་ལུང་གིས་འཇིགས་ནས་སེམས་ཙམ་ཡང་ཁས་བླངས་དགོས་ཏེ། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པས་སོ་སྙམ་ན། ལུང་དེ་ནི་དགོངས་པ་ཅན་ཡིན་ལ། དགོངས་གཞི་ནི་ཁམས་གསུམ་གྱི་བྱེད་པ་པོ་ལ་སེམས་གཙོ་བོ་ཡིན་ཞེས་པའི་དོན་ཏོ། །གཉིས་པ་ནི། དེ་ཕྱིར་སོགས་ཏེ། ངག་གི་རང་བཞིན་གྱི་རྡོ་རྗེ་ནི། གང་ཟག་རྒྱུན་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་བྱ་བའོ། །གསུམ་པ་ནི་ཇི་བཞིན་སོགས་སོ། །གཉིས་པ་ལ་བཞི་སྟེ། སེམས་ཙམ་གཙོར་གྱུར་ལུང་དོན་ཡིན། གཞན་དུ་རྟོག་ན་ལུང་དང་འགལ། གཙོར་གྱུར་པ་ཡི་སྒྲུབ་བྱེད་འགོད། ཙམ་སྒྲས་བཅད་པའི་དགག་བྱ་བཤད་པའོ། །དང་པོ་ནི། དེ་ཉིད་སོགས་ཏེ། དེ་ཁོ་ན་ཉིད་ལ་བློ་རྒྱས་པ་ལ་སངས་རྒྱས་ཞེས་ཚིགས་སྔ་མ་མི་མངོན་པར་བྱས་ནས་བཤད་དུ་ཡོད་པ་བཞིན་དུ། སེམས་ཙམ་གཙོ་བོར་གྱུར་པ་ལ་ཡང་ཁམས་གསུམ་པོ་སེམས་ཙམ་མོ་ཞེས་ཚིག་ཕྱི་མ་མི་མངོན་པར་ཤེས་པར་བྱའོ། །འོ་ན་སྔ་མ་དང་ཁྱད་པར་མི་སྣང་བས་འདིའི་སྔ་འགྲེལ་དུ་རྣམ་པ་གཞན་དུ་བཤད་པ་ལས་ཀྱང་། ཕྱི་རོལ་འཇོག་པ་མི་སྲིད་པར་བསྟན་པའི་ཕྱིར་བཤད་པ། ཞེས་གསུངས་པ་མི་འཐད་པར་འགྱུར་རོ་སྙམ་ན། དགག་བྱ་ལ་ཁྱད་པར་ཡོད་དེ། སྔ་མས་ནི་གཙོ་བོ་དང་དབང་ཕྱུག་སོགས་བྱེད་པ་པོ་ཡིན་པ་བཅད་ལ། འདིས་ནི་གཟུགས་སོགས་བྱེད་པ་པོའི་གཙོ་བོ་ཡིན་པ་བཅད་པའོ། །གཉིས་པ་ནི། གལ་ཏེ་སོགས་ཏེ། དེ་ལས་གཞན་དུ་སེམས་བདེན་པར་གྲུབ་པའི་དོན་ཡིན་ན་མདོ་སྡེ་ས་བཅུ་པ་དེ་ཉིད་ལས་མ་རིག་པ་དང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་གསུངས་པ་མི་འཐད་པར་འགྱུར་ཏེ། རྣམ་ཤེས་རང་གི་མཚན་ཉིད་ཀྱིས་གྲུབ་ན་རྐྱེན་ལ་ལྟོས་པ་མི་འཐད་པའི་ཕྱིར་རོ། །གསུམ་པ་ནི། སེམས་ཉིད་སོགས་སོ། །བཞི་པ་ནི། གལ་ཏེ་སོགས་སོ། །གསུམ་པ་ལ་གཉིས་ཏེ། རིགས་པས་གནོད། ལུང་གིས་གནོད་པའོ། །དང་པོ་ནི། འཇིག་རྟེན་སོགས་སོ། །གཉིས་པ་ནི། གཟུགས་མེད་སོགས་ཏེ། འདིར་ཁ་ཅིག་༤༢སེམས་ཙམ་པའི་ལུགས་ལ་གཟུགས་སྒྲ་སོགས་ཡོད་ཅིང་། ཕྱི་དོན་མེད་པར་འདོད་པ་ནི་མིང་ཙམ་སྟེ། གཞན་དུ་ན་སློབ་དཔོན་འདིས་སེམས་ཙམ་པའི་ཕྱོགས་སྔ་མ་ལོངས་པར་འགྱུར་བའི་ཕྱིར་རོ། །དགག་བསྒྲུབ་རྒྱས་པར་ནི་གཞན་དུ་བཤད་ཟིན་ཏོ། །བཞི་པ་ནི། བདེན་གཉིས་སོགས་སོ། །གསུམ་པ་སྒྲུབ་བྱེད་ལུང་གཞན་དང་དོན་ཉིད་དུ་བསྟན་པ་ལ་གསུམ་སྟེ། སེམས་ཙམ་གསུངས་པ་གཞན་ཡང་དྲང་དོན་ཡིན། དེ་ལ་ལུང་རིགས་གཉིས་ཀྱི་སྒྲུབ་བྱེད་འགོད། དྲང་ངེས་ཚུལ་འདི་གསུང་རབ་ཀུན་ལ་སྦྱར་བའོ། །དང་པོ་ནི། མདོ་སྡེ་སོགས་ཏེ། དེ་ལྟར་གསུངས་པ་ནི། ལང་ཀར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་བྱ་བའོ། །གཉིས་པ་ལ་གཉིས་ཏེ། ལུང་གིས་གྲུབ། རིགས་པས་གྲུབ་པའོ། །དང་པོ་ནི། འདི་ནི་སོགས་ཏེ། འདིར་དྲང་དོན་དུ་བཤད་པར་བྱ་བའི་མདོ་སྡེ་ནི། བཅོམ་ལྡན་འདས་ཀྱི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། རང་བཞིན་གསུམ་བསྟན་པ་ལས། བཏགས་པ་མེད་པ་ཉིད་དང་། གཞན་གྱི་དབང་ཡོད་པ་ཉིད་དང་། དེ་བཞིན་དུ་ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། ཞེས་སོགས་དང་། ལང་དཀར་གཤེགས་པའི་མདོ་ལས། གོས་ཧྲུལ་གྱི་ནང་ན་རིན་པོ་ཆེ་རིན་ཐང་མེད་པ་གཏུམ་པ་ལྟར། སེམས་ཅན་གྱི་རྒྱུད་ལ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་བདེ་བར་གཤེགས་པའི་སྙིང་པོ་ཡོད་པར་གསུངས་པ་རྣམས་ཡིན་ལ། དྲང་དོན་དུ་གསལ་བར་བྱེད་པའི་མདོ་ནི། ལང་ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་བྱ་བའོ། །འདིར་འགྲེལ་པར་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཙམ་པས་ངེས་དོན་དུ་འདོད་པ་དེ་ཉིད་དབུ་མ་པས་དྲང་དོན་དུ་འགྲེལ་པར་གསུངས་ཏེ། བདེ་གཤེགས་སྙིང་པོ་ཆོས་དབྱིངས་ལ་འདོད་པ་ནི་དབུ་སེམས་གཉིས་ཀ་འདྲ་སྟེ། མདོ་སྡེ་རྒྱན་ལས་ཀྱང་། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་པས་སོ། །འོན་ཀྱང་རྒྱུ་དུས་ཀྱི་བདེ་གཤེགས་སྙིང་པོ་རང་བཞིན་གནས་རིགས་སུ་འདོད་མི་འདོད་དང་། སྒྲུབ་པའི་ཚུལ་གྱིས་ཡོད་པ་དོན་དམ་དུ་འདོད་མི་འདོད་ནི་མི་འདྲ་སྟེ། སེམས་ཙམ་པས་ཆོས་དབྱིངས་དང་བདེ་གཤེགས་སྙིང་པོ་སྒྲུབ་པའི་ཚུལ་གྱིས་ཡོད་པ་དོན་དམ་དུ་འདོད་པས། དེ་ལྟར་སྟོན་པའི་མདོ་ངེས་དོན་དུ་འགྲེལ་ལ། དབུ་མ་པས་དེ་དག་ནི་མཐའ་བཞི་ཆར་གྱི་སྤྲོས་པ་དང་བྲལ་བ་ཙམ་ཡིན་གྱི་སྒྲུབ་པའི་ཚུལ་གྱིས་རྒྱུ་དུས་དང་འབྲས་དུས་གང་ན་ཡང་མེད་པས་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་རྒྱུད་བླ་སོགས་ལས་སྒྲུབ་པའི་ཚུལ་གྱིས་ཡོད་པར་གསུངས་པ་ནི་དྲང་དོན་དུ་འགྲེལ་ཏེ། དེ་དག་སྒྲུབ་པའི་ཚུལ་གྱིས་ཡོད་པ་ནི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཞེས་བཞེད་པའོ། །སྒྲུབ་པའི་ཚུལ་གྱིས་ཡོད་པའི་དགོངས་གཞི་སྤྲོས་བྲལ་དང་དགོས་པ་སྐྱོན་ལྔ་སྤོང་བ་དང་། དངོས་ལ་གནོད་བྱེད་ཐ་སྙད་དུ་སྒྲུབ་པའི་ཚུལ་གྱིས་ཡོད་པ་ལ་ནི་མི་འཆད་ཅིང་། དོན་དམ་དུ་ཡོད་ན་མུ་སྟེགས་པའི་བདག་དང་མཚུངས་པ་སོགས་ས་སྐྱ་པཎྜི་ཏས་གསལ་བར་གསུངས་པ་ནི། མདོ་སྡེ་དང་བསྟན་བཅོས་དྲི་མ་མེད་པའི་དགོངས་པའོ། །འདིའི་ཤེས་བྱེད་རྒྱུད་བླར། དགེ་འདུན་དཀོན་མཆོག་གི་མཚན་ཉིད་འཆད་པ་ན། བདག་གཉིས་ཞི་བར་རྟོགས་པས་ཇི་ལྟ་བ་རྟོགས་པ་དང་། ཐམས་ཅད་མཁྱེན་པའི་ཆོས་ཉིད་སེམས་ཅན་གྱི་རྒྱུད་ལ་ཡོད་པར་རྟོགས་པས་ཇི་སྙེད་པ་རྟོགས་པར་གསུངས་པ་ཉིད་ཡིན་ཏེ། ཆོས་ཉིད་དང་། བདེ་གཤེགས་སྙིང་པོ་རང་གི་ངོ་བོ་ཀུན་རྫོབ་བདེན་པ་མིན་ཀྱང་། དེ་བསྒྲུབ་པའི་ཚུལ་གྱིས་ཡོད་པ་ཀུན་རྫོབ་བདེན་པ་ཡིན་ཞེས་པ་སྟེ། ད་དུང་ཕྱོགས་སྔ་མ་ལོངས་པར་དགག་སྒྲུབ་བྱེད་པའི་བློ་གྲོས་རྩིང་པོ་དག་གིས་ངོ་ཚ་མེད་པའི་གཏམ་མ་སྨྲ་ཤིག གཉིས་པ་ནི། ཤེས་བྱ་སོགས་སོ། །གསུམ་པ་ནི། དེ་ལྟར་སོགས་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་གང་ཟག་སེམས་ཅན་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་སོ། །ལུང་འདི་ལ་བརྟེན་ནས་དྲང་དོན་དང་། ངེས་དོན་གྱི་མདོའི་ཁྱད་པར་ཕྱེ་བཞིན་དུ། དྲང་དོན་དུ་གསུངས་པའི་མདོའི་བརྗོད་བྱ་ཐ་སྙད་དུ་ཡང་མེད་པར་འདོད་པ་ནི་རྣམ་དཔྱོད་མཛངས་པའི་གཉེན་དང་བྲལ་ཞིང་། མཁས་རློམ་གྱི་བུ་རྫ་གཏིབ་ཏུ་སྐྱེས་པའོ། །གསུམ་པ་གཉིས་ཀ་ལས་སྐྱེས་པ་དགག་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཚིགས་འགལ་གཉིས་སུ་སྨྲ་བ་གཅེར་བུ་པ་རྣམས་ནི། སྔར་གྱི་རིགས་པ་དེ་དག་གིས་ཁོ་བོ་ཅག་ལ་གནོད་པར་བྱེད་པ་མིན་ཏེ། ཁོ་བོ་ཅག་བདག་ཁོ་ན་ལས་སྐྱེ་བ་དང་། གཞན་ཁོ་ན་ལས་སྐྱེ་བར་ཁས་མ་བླངས་པའི་ཕྱིར་རོ། །དེས་ན་བདག་གཞན་གཉིས་ཀ་ལས་སྐྱེ་སྟེ། བུམ་པ་འཇིམ་པ་ལས་གཞན་མ་ཡིན་པས་བདག་ལས་ཀྱང་སྐྱེ་ལ། རྫ་མཁན་སོགས་ལས་གཞན་ཡིན་པས། གཞན་ལས་ཀྱང་སྐྱེ་བའི་ཕྱིར་རོ། །ཕྱི་རོལ་ཇི་ལྟ་བ་བཞིན་དུ་ནང་ལ་ཡང་ཡིན་ཏེ། བྱམས་པ་ཚེ་རབས་གཞན་དུ་སྲོག་གི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བས། བདག་ལས་ཀྱང་སྐྱེ་ལ། ཕ་མ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། ཟག་པ་སོགས་ལས་སྐྱེ་བས། གཞན་ལས་ཀྱང་སྐྱེ་བའི་ཕྱིར་རོ་ཞེ་ན། གཉིས་པ་ལ་གཉིས་ཏེ། རིགས་པ་སྔ་མས་ཁེགས། རིགས་པ་གཞན་གྱིས་དགག་པའོ། །དང་པོ་ལ་གཉིས་ཏེ། སྐྱེ་བ་གཉིས་ལ་ལྟོས་པའི་རིགས་པས་ཁེགས། བདེན་པ་གཉིས་ལ་ལྟོས་པའི་རིགས་པས་ཁེགས་པའོ། །དང་པོ་ནི། གཉིས་ལས་སོགས་སོ། །གཉིས་པ་ནི། འདི་ན་སོགས་སོ། །གཉིས་པ་ནི། གང་ཕྱིར་སོགས་ཏེ། འདིའི་སྔ་འགྲེལ་དུ། སྔར་བཤད་པའི་རིགས་པ་ཁོ་ནས་གཉིས་ཀའི་ཕྱོགས་ལ་ཡང་གཉིས་ཀ་ལས་སྐྱེ་བ་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདིར་བཤད་པས་ཀྱང་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ་ཞེས་བཤད་དོ། །བཞི་པ་རྒྱུ་མེད་པར་སྐྱེ་བ་དགག་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རང་བཞིན་རྒྱུ་སྨྲ་བ་རྒྱང་འཕེན་པ་ན་རེ། གལ་ཏེ་སྐྱེ་བ་རྒྱུ་ལས་ཡིན་ན་ནི་ཇི་སྐད་བཤད་པའི་ཕྱོགས་གསུམ་གྱི་ཉེས་པར་འགྱུར་བ་ཞིག་ན། བདག་གིས་ནི་རྒྱུ་ཁས་མ་བླངས་པས་བཤད་ཟིན་པའི་ཉེས་པའི་གོ་སྐབས་མེད་དོ། །དེས་ན་དངོས་པོ་རྣམས་རང་བཞིན་ལས་སྐྱེ་བ་ཡིན་ཏེ། པདྨའི་འདབ་མའི་འཇམ་པ་དང་། ཟེའུ་འབྲུའི་ཁ་དོག་དང་དབྱིབས་ལ་སོགས་པ་འགའ་ཞིག་གིས་འབད་ནས་བྱེད་པར་མ་མཐོང་བའི་ཕྱིར་དང་། ཕྱི་རོལ་ཇི་ལྟ་བ་བཞིན་དུ་ནང་ན་ཡང་རྨ་བྱ་དང་། བྱ་ཏི་ཏི་རེ་དང་། བྱ་གག་ལ་སོགས་པ་དག་འགའ་ཞིག་གིས་འབད་པས་བཟུང་ནས། ཁ་དོག་དང་དབྱིབས་ལ་སོགས་པ་འགོད་པར་མ་དམིགས་པ་ཉིད་དོ་ཞེས་སྨྲའོ། །གཉིས་པ་ལ་གཉིས་ཏེ། ངོ་བོ་ཉིད་ལས་སྐྱེ་བ་དགག འབྱུང་བའི་རྒྱུ་ལས་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས་ཏེ། རིགས་པ་དང་འགལ་བ་དང་། མཐོང་བ་དང་འགལ་བའོ། །དང་པོ་ནི། གལ་ཏེ་སོགས་སོ། །གཉིས་པ་ནི། འབྲས་བུ་སོགས་སོ། །གཉིས་པ་ལ་གསུམ་སྟེ། འཇིག་རྟེན་ཕ་རོལ་རྟོགས་པའི་ནུས་པ་མེད་པར་བསྟན། ལྟ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་གཏན་ཚིགས་དགོད། གཏན་ཚིགས་དེ་ཡི་དཔེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འབྱུང་བ་སོགས་སོ། །གཉིས་པ་ནི། འཇིག་རྟེན་སོགས་སོ། །གསུམ་པ་ནི། འབྱུང་བ་སོགས་ཏེ། འགྲེལ་པར། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ལ་སྐུར་པ་འདེབས་པ་དང་། དངོས་པོ་ཡོད་པ་ཉིད་དུ་སྨྲ་བ་དང་། དངོས་པོ་མེད་པ་ཉིད་དུ་སྨྲ་བ་དང་། དབང་ཕྱུག་དང་། དུས་དང་། རྡུལ་དང་། རང་བཞིན་དང་། ངོ་བོ་ཉིད་སྨྲ་བ་རྣམས་དང་། དེ་དག་ལས་གཞན་པ་རྣམས་ལ་ཡང་རང་གིས་ཇི་ལྟ་བུ་ཡིན་པ་སྨྲ་བ་ན་རྟོགས་པ་ཕྱིན་ཅི་ལོག་ཉིད་སྦྱར་བར་བྱའོ། །འདི་ལྟ་སྟེ། རྫོགས་པའི་སངས་རྒྱས་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱ་སྟེ། ཡོད་པ་དང་མེད་པ་ཉིད་དུ་ལྟ་བ་ཐམས་ཅད་དགག་པར་འདོད་པའི་ཕྱིར་རོ། །ཁོ་བོ་ཅག་ལ་ནི་གནས་སྐབས་འགར་ཡང་མི་འདོད་པ་འཐོབ་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མཁས་པས་ཡོངས་སུ་བསྒྱུར་བ་ཚིགས་སུ་བཅད་པ་འདི་ཉིད་ཀྱིས་གཞན་གྱིས་ཡོངས་སུ་བརྟགས་པའི་ཕྱོགས་མ་ལུས་པ་བསལ་བར་ངེས་པར་བྱ་སྟེ། རྟོག་པའི་དྲྭ་བ་མ་ལུས་པ་བཀག་པས་དོན་དམ་པའི་ཡེ་ཤེས་གྲུབ་པར་མངོན་པར་འདོད་པའི་ཕྱིར། ཅི་སྟེ་ཁྱོད་ལའང་ཐལ་བར་འགྱུར་བ་འདི་མཚུངས་སོ་སྙམ་ན། དེའང་ཡོད་པ་མ་ཡིན་ཏེ། ཁོ་བོ་ཅག་ཕྱིན་ཅི་ལོག་པར་བསྒྲུབ་པ་ལ་དཔེ་མེད་པའི་ཕྱིར་རོ། །འཇིག་རྟེན་གཞན་རྟོགས་ཡོད་པ་ཉིད་དུ་རྟོགས་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །བདག་གི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་གི་ཚེ་ནི་བདག་མེད་རྟོགས་པར་ཁས་ལེན་དེ་ཚེ་བཞིན། །ཞེས་བྱ་བར་བརྗོད་པར་ནུས་པ་ཡང་ཡིན་ནོ། །དེ་བཞིན་དུ་འདི་ན་ཐམས་ཅད་མཁྱེན་པ་ཡོད་ཅེས་རྟོགས་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །གཏན་ཚིགས་དང་དཔེ་དག་ནི་དེ་གཉིས་ཁོ་ནའོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ངེས་པ་ལ་ཡང་སྦྱར་བར་བྱའོ། །དེའི་ཕྱིར་ཚུལ་འདིས་ནི། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །གཉིས་ཀ་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། །ཞེས་གང་དམ་བཅས་པར་གྱུར་པ་དེ་རབ་ཏུ་བསྒྲུབས་པ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ཚུལ་དེས་གྲུབ་པའི་དོན་ནི། གང་གི་སོགས་ཏེ། རྡོ་རྗེ་གཟེགས་མའི་གཏན་ཚིགས་འདི་ལྟར་འགོད་པ་ནི་ཐལ་རང་གཉིས་ཀ་མཐུན་ཀྱང་གཞན་ལ་གྲགས་ཀྱི་གཏན་ཚིགས་དང་། རང་རྒྱུད་ཀྱི་གཏན་ཚིགས་སུ་འདོད་པ་ནི་ཁྱད་པར་རོ། །གཉིས་པ་རང་གཞན་སྡེ་པའི་རྩོད་པ་སྤོང་བ་ལ་གཉིས་ཏེ། བྱིས་པས་མཐོང་བའི་དོན་དང་འགལ་བ་སྤོང་། ཐ་སྙད་དུ་ཡང་མེད་པར་ཐལ་བ་སྤོང་བའོ། །དང་པོ་ནི། གང་གིས་སོགས་ཏེ། སྔ་འགྲེལ་དུ་འདི་སྨྲས་པ། གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པ་ཡིན་ན། འོ་ན་མ་སྐྱེས་པ་སྔོན་པོ་ལ་སོགས་པ་རྣམས་ཇི་ལྟར་བཟུང་ཞེ་ན། བཤད་པ་སྔོན་པོ་ལ་སོགས་པའི་རང་བཞིན་ནི་ཇི་ལྟར་ཡང་འགའ་ཞིག་ཡུལ་ཉིད་དུ་འགྱུར་བ་མ་ཡིན་པས། སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་བཟུང་བ་མ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། གལ་ཏེ་སོགས་སོ། །གཉིས་པ་ལ་གསུམ་སྟེ་ཐལ་བའི་ཁྱབ་པ་ལོག་པའི་ཀུན་རྫོབ་ཀྱིས་མ་ངེས། རང་རྒྱུད་བསྒྲུབ་བྱ་ལུང་དང་རིགས་པ་གཉིས་ཀྱིས་ཁེགས། དཔེ་ལ་རང་སྡེ་རང་ལ་གྲགས་པའི་དཔེ་ཡིས་གནོད་པའོ། །དང་པོ་ནི། གང་དག་སོགས་སོ། །གཉིས་པ་ནི་མོ་གཤམ་སོགས་ཏེ། བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བསྟོད་པ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གདོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་སོ། །གསུམ་པ་ནི། བུམ་སོགས་སོགས་སོ། །གཉིས་པ་རྟེན་འབྲེལ་བརྟེན་ནས་འབྱུང་བའི་སྐྱེ་བའི་དོན་དུ་བཤད་པ་ནི། གང་ཕྱིར་སོགས་ཏེ། གལ་ཏེ་མཐའ་བཞིར་སྐྱེ་བ་མེད་ན། ས་བོན་ལས་མྱུ་གུ་དང་། མ་རིག་པ་ལས་འདུ་བྱེད་སོགས་སྐྱེ་བ་ཇི་ལྟར་ཞེ་ན། རྒྱུ་འདི་ལ་བརྟེན་ནས་འབྲས་བུ་འདི་འབྱུང་བ་ཙམ་ཞིག་སྟེ། མདོ་ལས། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེས་ཏེ། གང་དེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་དང་། འདི་ཡོད་པས་ན་འདི་འབྱུང་བར་ཞེས་སོགས་དང་། བྱེད་པོ་ལས་ལ་བརྟེན་བྱ་ཞིང་ཞེས་སོགས་ཀྱི་བསྟན་པའི་དོན་རྐྱེན་ཉིད་འདི་པ་ཙམ་གྱི་སྐྱེ་བ་ཡོད་པའོ། །གསུམ་པ་མཐའ་གཉིས་སྤངས་པའི་རྟེན་འབྱུང་རྟོགས་པའི་ཕན་ཡོན་བཤད་པ་ལ་བཞི་སྟེ། རྟེན་འབྲེལ་རིགས་པས་ལྟ་ངན་དྲྭ་བ་གཅོད། རྟེན་འབྲེལ་རྟོགས་པས་རྟོག་པ་མ་ལུས་ལྡོག རྟོག་རྣམས་ལོག་པར་དཔྱད་པའི་འབྲས་བུ་བསྟན། དེས་ན་ཆགས་སྡང་སྤངས་ཏེ་དཔྱད་པར་གདམས་པའོ། །དང་པོ་ནི། གང་ཕྱིར་སོགས་སོ། །གཉིས་པ་ནི། རྟོགས་རྣམས་ཞེས་སོགས་སོ། །གསུམ་པ་ནི། སོ་སོའི་སོགས་ཏེ། འགྲེལ་པར། དེའི་ཕྱིར་རྟོག་པ་མ་ལུས་པ་བཀག་པ་ཉིད་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ལས་བཤད་པའི་རྣམ་པར་དཔྱོད་པའི་འབྲས་བུར་རྣམ་པར་གཞག་གོ་ཞེས་གསུངས་སོ། །བཞི་པ་ནི། རང་གི་སོགས་སོ། །གཉིས་པ་རྟེན་འབྲེལ་གང་ཟག་བདག་མེད་སྒོ་ནས་བཤད་པ་ལ་གཉིས་ཏེ། བདག་ལྟའི་ཞེན་ཡུལ་འགོག་པའི་དགོས་པ་བསྟན། དགོས་པ་ཅན་གྱི་འགོག་བྱེད་རིགས་པ་བཤད་པའོ། །དང་པོ་ནི། ཉོན་མོངས་སོགས་ཏེ། འདིར་འཇིག་ཚོགས་ལ་ལྟ་བ་ནི་ཕུང་པོ་དམིགས་ཡུལ་དུ་བྱས་པ་སྔོན་དུ་སོང་བ་ལ་བརྟེན་ནས་གཞི་མེད་ལ་ངའོ་སྙམ་དུ་གཟུང་བའི་ངར་འཛིན་ལྷན་སྐྱེས་ཡིན་ལ། དེ་ཉིད་འདིར་ཤེས་རབ་ཉོན་མོངས་ཅན་དུ་བཤད་དོ། །དེ་ཉིད་བཀག་པ་ལ་དེའི་ཞེན་ཡུལ་ང་ཙམ་རིགས་པས་དཔྱད་ནས་འགོག་པ་ཡིན་གྱི། ཐ་སྙད་དུ་འགོག་པ་ནི་མ་ཡིན་ནོ། །འོ་ན་འོག་ནས་ཀུན་བཏགས་ཀྱི་བདག་འགོག་པའི་རིགས་པ་ཁོ་ན་གསུངས་པས་ལྷན་སྐྱེས་ཀྱི་བདག་འགོག་པར་ཇི་ལྟར་འགྱུར་སྙམ་ན། འདི་ལ་གྲུབ་མཐས་བློ་མ་བསྒྱུར་བའི་གདུལ་བྱ་སྐལ་ལྡན་རྣམས་ལ་ནི་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་ང་ཙམ་དེ་ཉིད་ཕུང་པོ་དང་གཅིག་དང་ཐ་དད་སོགས་གང་དུ་གྲུབ་རིགས་པས་བཙལ་བའི་ཚེ་མ་རྙེད་པའི་ཚུལ་གྱིས་འགོག་པ་སྟེ། རིན་ཆེན་ཕྲེང་བ་དང་སྤྱོད་འཇུག་ལས་གསུངས་པ་ལྟར་རོ། །འདིར་ནི་གྲུབ་མཐས་བློ་བསྒྱུར་བ་རྣམས་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་ང་ཙམ་དེ་ཉིད་རྫས་སུ་ཡོད་པའི་སྒྲུབ་བྱེད་དུ་ཕུང་པོ་དང་གཅིག་དང་ཐ་དད་སོགས་ཀུན་བཏགས་ཀྱི་བདག་རྣམས་བཀོད་པའི་རིགས་པ་བཀག་པས་སྒྲུབ་བྱེད་ལ་གནོད་པ་མཐོང་ན་བསྒྲུབ་བྱ་འཛིན་པའི་བློ་བཟློག་པ་རིགས་པ་སྨྲ་བ་རྣམས་ཀྱི་སྤྱི་ལུགས་ཡིན་པར་རོང་སྟོན་ཆོས་རྗེ་བཞེད་པ་སྐབས་འདིར་གནད་དུ་དགོས་པར་སྣང་སྟེ། གཞན་དུ་ན་མཐའ་བཞིའི་སྐྱེ་བ་བཀག་པས་བདེན་འཛིན་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་བའི་སྐྱེ་བ་མི་ཁེགས་པར་ཐལ་ལོ་ཞེས་གསུངས་པའང་སྙིང་ལ་འབབ་པའི་གཏམ་མོ། །གཉིས་པ་ལ་གསུམ་སྟེ། གང་ཟག་རྫས་ཡོད་རིགས་པས་དཔྱད་ནས་དགག བརྟེན་ནས་བཏགས་པའི་གང་ཟག་རྣམ་པར་གཞག རིགས་པའི་ཚུལ་དེ་དངོས་པོ་ཀུན་ལ་བསྒྲེ་བའོ། །དང་པོ་ལ་གཉིས་ཏེ། གང་ཟག་རྣམ་ལྔར་གྲུབ་པ་དགག བརྗོད་དུ་མེད་པའི་གང་ཟག་དགག་པའོ། །དང་པོ་ལ་གཉིས་ཏེ། འགོག་བྱེད་རིགས་པ་རྒྱས་པར་བཤད། བསྡུས་ཏེ་འཇིག་ལྟའི་དྲང་ངེས་བཤད་པའོ། །དང་པོ་ལ་བཞི་སྟེ། བདག་ཕུང་གཞན་དུ་གྲུབ་པ་དགག བདག་ཕུང་གཅིག་ཏུ་གྲུབ་པ་དགག རྟེན་དང་བརྟེན་པར་གྲུབ་པ་དགག བདག་ལ་ཕུང་པོ་ལྡན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། ཟ་པོ་སོགས་ཏེ། མུ་སྟེགས་གྲངས་ཅན་པ་རྣམས་ནི་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་དུ་གྱུར་པའི་བདག་དེ་རྣམ་སྨིན་ཟ་བ་པོ་དང་། རྟགས་པའི་དངོས་པོ་དང་། ལས་བྱེད་པ་པོ་མིན་པ་དང་། བདེ་སྡུག་ལ་སོགས་པའི་ཡོན་ཏན་མེད་པ་དང་། བརྐྱང་བསྐུམ་ལ་སོགས་པའི་བྱ་བ་མེད་པ་སྟེ་ཁྱད་པར་ལྔ་ལྡན་དུ་བཏགས་ཏེ། འདིའི་སྔ་འགྲེལ་དུ། འཇིག་ཚོགས་ལ་ལྟ་བའི་དམིགས་པ་བདག་དེ་ཅི་ཞིག དེ་ཉིད་མི་ཤེས་སོ་ཞེ་ན། དེ་ལ་རེ་ཞིག་ཅེས་གསུངས་པས་སོ། །དེས་ན་ཀུན་བཏགས་ཀྱི་བདག་འཛིན་མ་སྐྱེས་པའི་གོང་དུ་གང་ཟག་དེ་ཉིད་ཀྱི་ངོར་ཡང་ལྷན་སྐྱེས་ཀྱི་བདག་འཛིན་གྱི་ཡུལ་གྱི་བདག་ཁོ་ན་ཡིན་ལ། དེ་སྐྱེས་ནས་བཏགས་པ་པོ་ཁོ་རང་གི་ལུགས་ལ་ལྷན་སྐྱེས་ཀྱི་ཡུལ་གྱི་བདག་དེ་ཉིད་ཀུན་བཏགས་ཀྱིས་ཇི་ལྟར་བཏགས་པ་ལྟར་ཡིན་པས། དེ་གཉིས་གཅིག་ཏུ་འདོད་ཀྱང་། སློབ་དཔོན་འདིས་རིགས་པས་དཔྱད་པའི་ཚེ། ཁྱོད་ཀྱིས་འདོད་པའི་བདག་དེ་ནི་ལྷན་སྐྱེས་ཀྱི་དམིགས་ཡུལ་དུ་གྱུར་པའི་བདག་མ་ཡིན་ཏེ། ཐ་སྙད་དུ་ཡང་མེད་པའི་ཕྱིར་དང་། ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོ་མ་ཡིན་པའི་ཕྱིར་ཞེས་སོགས་ཀྱི་རིགས་པས་དེ་གཉིས་གཅིག་ཡིན་པ་བཀག་ནས་ལྷན་སྐྱེས་ཀྱི་བདག་ཐ་སྙད་དུ་ཡོད་པ་དང་། ཀུན་བཏགས་ཀྱི་བདག་ཐ་སྙད་དུ་ཡང་མེད་པར་བཞེད་དོ། །གྲངས་ཅན་གྱིས་བདག་ཁས་བླངས་པ་དེ་བཞིན་དུ་བདག་དེའི་ཁྱད་ཆོས་ཀྱི་དབྱེ་བ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཐ་དད་པར་འགྱུར་ཏེ། བྱེ་བྲག་པས་བདག་ནི་བློ་དང་། བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། སྡང་བ་དང་། འབད་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། བྱས་པའི་ཤུགས་ཏེ། ཡོན་ཏན་དགུ་ལྡན་དུ་སྨྲ་ལ། ཡོན་ཏན་དང་པོ་དེ་དག་ཇི་སྲིད་དུ་བདག་ལ་འདུ་ཞིང་ཡོད་པ་དེ་སྲིད་དུ་དེ་དག་གི་སྦྱར་བའི་དགེ་བ་དང་། མི་དགེ་བའི་ལས་བསྒྲུབ་པའི་ཕྱིར་འཁོར་བར་འགྱུར་ལ། གང་གི་ཚེ་སྐྱེས་བུ་ཡང་དག་པར་རྟོགས་པའི་ཤེས་པས་ཡོན་ཏན་རྣམས་རྩ་བ་ནས་གཅོད་པའི་ཚེ་རང་གི་བདག་ཉིད་ལ་གནས་ཤིང་ཐར་བར་འགྱུར་རོ། །བདག་དེའི་ཁྱད་པར་རྟག་དངོས་སོགས་གསུམ་ནི་སྔ་མ་དང་འདྲ་ལ། ལས་བྱེད་པ་པོ་དང་། ཡོན་ཏན་དང་བཅས་པར་འདོད་པའི་ཁྱད་པར་རོ། །བྱེ་བྲག་པའི་ནང་ཚན་ཁ་ཅིག་བརྐྱང་བསྐུམ་ལ་སོགས་པའི་བྱ་བ་དང་བཅས་པར་ཁས་ལེན་ཏོ། །རིག་བྱེད་དུ་སྨྲ་བ་དག་ནི་བུམ་པ་ལ་སོགས་པའི་ནམ་མཁའ་ལྟར་ལུས་ཐ་དད་པ་གཅིག་སྣ་ཚོགས་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པར་ཁས་ལེན་ཏོ། །གཉིས་པ་ལ་གསུམ་སྟེ། ངོ་བོ་ཁྱད་པར་གཞན་གྲགས་རྟགས་ཀྱིས་དགག ཕུང་པོ་ལས་གཞན་མ་དམིགས་རྟགས་ཀྱི་དགག ངར་འཛིན་དམིགས་པ་བཀག་སྟེ་མཇུག་སྡུད་བསྟན་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་དགག ཁྱད་པར་དགག་པའོ། །དང་པོ་ནི། མོ་གཤམ་སོགས་ཏེ། ཀུན་བཏགས་ཀྱི་བདག་སྔར་བཤད་པ་རྣམས་ཆོས་ཅན་དུ་བཟུང་ནས་དེ་ཁོ་ན་ཉིད་དུ་ཡོད་པ་དང་། ངར་འཛིན་ལྷན་སྐྱེས་ཀྱི་རྟེན་ཡིན་པ་དང་། ཐ་སྙད་དུ་ཡོད་པ་གསུམ་འགོག་པ་ལ་མུ་སྟེགས་རང་ལ་གྲགས་པའི་མ་སྐྱེས་པའི་གཏན་ཚིགས་བཀོད་པའོ། །གཉིས་པ་ནི། གང་ཕྱིར་སོགས་ཏེ། ཁྱད་པར་སྔར་བཤད་པ་རྣམས་འགོད་ཚུལ་སྔ་མ་དང་འདྲའོ། །གཉིས་པ་ནི། དེ་ཕྱིར་སོགས་སོ། །གསུམ་པ་ནི། འཇིག་རྟེན་སོགས་སོ། །གཉིས་པ་བདག་ཕུང་གཅིག་ཏུ་གྲུབ་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། ཕུང་པོ་སོགས་ཏེ། རང་སྡེ་མང་པོས་བཀུར་བ་དག་གིས་ཅི་སྐད་བཤད་པའི་རིགས་པས་ཕུང་པོ་ལས་ཐ་དད་པའི་བདག་མ་གྲུབ་པའི་ཕྱིར། འཇིག་ཚོགས་ལ་ལྟ་བའི་དམིགས་པ་ནི་ཕུང་པོ་དག་ཁོ་ན་ཡིན་ནོ། །དེའི་ཕྱིར་བདག་ནི་ཕུང་པོ་ཙམ་ཁོ་ན་ཡིན་ནོ་ཞེས་འདོད་དེ་འཇིག་ལྟའི་དམིགས་པ་དང་བདག་དོན་གཅིག་པར་འདོད་པ་ནི་བདག་རྫས་ཡོད་དུ་འདོད་པ་ཐམས་ཅད་འདྲ་ལ། བཏགས་ཡོད་དུ་འདོད་པའི་ཕྱོགས་ལ་རང་རྒྱུད་པ་མན་ཆད་དེ་གཉིས་དོན་མི་གཅིག་པར་འདོད་དེ། འཇིག་ལྟའི་དམིགས་པ་ཕུང་པོ་ཡིན་ཀྱང་ཕུང་པོ་བདག་ཏུ་མི་འདོད་པའི་ཕྱིར་རོ། །ཐལ་འགྱུར་བས་དེ་གཉིས་དོན་གཅིག་ཏུ་འདོད་དེ། ཕུང་པོ་དེ་གཉིས་གང་ཡང་མ་ཡིན་གྱི། ཕུང་པོ་ལ་བརྟེན་ནས་རང་དགར་ངའོ་སྙམ་དུ་གཟུང་བའི་དམིགས་ཡུལ་གྱི་ང་ཙམ་དེ་དེ་གཉིས་སུ་འདོད་པའི་ཕྱིར་རོ། །དེས་ན་མང་པོས་བཀུར་བ་ཐམས་ཅད་བདག་རྫས་ཡོད་དུ་འདོད་པར་འདྲ་ཡང་བདག་གི་མཚན་གཞི་ངོས་འཛིན་ཚུལ་མི་འདྲ་བ་གསུམ་བྱུང་སྟེ། ཁ་ཅིག་ཕུང་པོ་ལྔ་ཆར་བདག་ཏུ་འདོད་དེ། ཅི་སྐད་དུ་བཅོམ་ལྡན་འདས་ཀྱིས། དགེ་སློང་དག དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་གཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟ་བ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་ལྟ་བ་འདི་ནི་འཇིག་པའི་བདག་ཉིད་ཅན་གྱི་ཚོགས་པ་ལ་དམིགས་པ་ཡིན་གྱི། བདག་གམ་བདག་གི་བ་ལ་ནི་མ་ཡིན་ནོ་ཞེས་གསལ་བར་མཛད་པའི་སླད་དུ་བདག་དང་བདག་གི་བའི་རྣམ་པར་ཞུགས་པའི་ལྟ་བ་ལ་འཇིག་ཚོགས་ལ་ལྟ་བར་གསུངས་སོ་ཞེས་སྨྲའོ། །ཡང་ཁ་ཅིག་སེམས་ལ་བདག་གོ་ཞེས་འདོད་དེ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་འཐོབ་པར་འགྱུར། །ཞེས་ཚིགས་སུ་བཅད་པ་ལས་སེམས་ལ་བདག་གི་སྒྲས་གསུངས་སོ། །འདི་གང་ལས་ཞེ་ན། ཕུང་པོ་ལས་ཐ་དད་པའི་བདག་མེད་པའི་ཕྱིར་དང་། མདོ་གཞན་ལས་ཀྱང་སེམས་འདུལ་བར་གསུངས་པའི་ཕྱིར་ཏེ། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་འདུལ་བས་ནི་བདེ་བ་འདྲེན། །ཞེས་བྱ་བ་དེ་ལས་སོ་ཞེས་འགྲེལ་པར་གསུངས་ཏེ། དེའི་དོན་ནི་བདག་རྫས་སུ་ཡོད་ཅིང་ཕུང་པོ་ལས་ཐ་དད་དུ་མེད་པས་ཕུང་པོ་ཉིད་བདག་ཏུ་གྲུབ་ལ། དེ་ལའང་བདག་ཐུལ་བ་དང་སེམས་ཐུལ་བར་གསུངས་པ་དོན་གཅིག་ཏུ་སྣང་བས་སེམས་ཉིད་བདག་ཡིན་ནོ་སྙམ་དུ་སེམས་སོ། །ཡང་ཁ་ཅིག་བརྗོད་དུ་མེད་པའི་བདག་ཁས་ལེན་ཏེ། འདིའང་འོག་ཏུ་མང་བཀུར་བའི་འདོད་པར་བཤད་པས། མང་བཀུར་བ་ལ་ས་སྒྲོགས་རི་པ་དང་། བསྲུང་བ་པ་དང་། གནས་མ་བུ་བའི་སྡེ་པ་གསུམ་ཡོད་པར་བཤད་པའི་དང་པོ་གཉིས་ཀྱིས་བདག་ཕུང་གཅིག་ཏུ་འདོད་པ་དང་། ཕྱི་མས་བརྗོད་དུ་མེད་པའི་བདག་ཁས་ལེན་པ་གསལ་ཏེ། གཞུང་ལུགས་ཚད་ལྡན་གཞན་ལས་ཀྱང་བརྗོད་དུ་མེད་པའི་བདག་ཁས་ལེན་པ་གནས་མ་བུ་བའི་འདོད་པ་ཡིན་པར་བཤད་པ་དང་དོན་གཅིག་གོ །གནད་འདི་མ་རྟོགས་པར་བདག་ཕུང་གཅིག་ཏུ་འདོད་པ་དང་། བརྗོད་དུ་མེད་པའི་བདག་ཁས་ལེན་པ་གཉིས་ཕྱོགས་སྔ་སྨྲ་བ་པོ་གཅིག་ཏུ་འདོད་པ་ནི་བརྗོད་དུ་མེད་པའི་དོན་ལ་མ་དཔྱད་པར་ཟད་དོ། །འདིར་ཁ་ཅིག༤༤ རྟོག་གེ་འབར་བ་ལས། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ་ཞེས། ལུས་དང་དབང་པོའི་ཚོགས་དག་ལ། །ཉེ་བར་རྟོགས་པའི་ཕྱིར་དེ་ཞེས་དང་། དེའང་མདོ་ཁ་ཅིག་ལས་སེམས་འདུལ་ན་བདེ་བ་ཐོབ་པར་གསུང་ལ། ཁ་ཅིག་ཏུ་བདག་དུལ་བས་མཐོ་རིས་ཐོབ་པར་གསུངས་པས་སེམས་ལ་བདག་ཏུ་འཇོག་ཅེས་ལུང་དང་། ཕུང་པོ་ལེན་མཁན་ནི་བདག་ཡིན་ལ། རྣམ་ཤེས་ཀྱིས་ཡང་སྲིད་ལེན་པའི་ཕྱིར་རྣམ་ཤེས་བདག་ཏུ་འཇོག་གོ་ཞེས་རིགས་པའི་སྒྲུབ་བྱེད་སྨྲའོ། །དེས་ན་སློབ་དཔོན་འདིས་ཀུན་གཞི་མི་བཞེད་པས་ལུས་ལེན་པའི་རྣམ་ཤེས་ནི་ཡིད་ཀྱི་རྣམ་ཤེས་ཡིན་ཏེ། ཀུན་གཞི་མི་འདོད་པ་གཞན་ཡང་དེ་དང་འདྲའོ། །ཀུན་གཞི་འདོད་པས་ཀུན་གཞིའི་རྣམ་ཤེས་ཉིད་གང་ཟག་གི་མཚན་གཞིར་སྨྲའོ། །དེ་ཡང་ལུགས་དེ་དག་གིས་ཉན་རང་གིས་གང་ཟག་རྫས་ཡོད་དུ་མེད་པར་རྟོགས་པར་འདོད་ཀྱང་རྣམ་ཤེས་གཉིས་པོ་རྫས་ཡོད་དུ་མེད་པར་རྟོགས་པར་མི་འདོད་པས་གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྨྲ་བ་ནི་གང་ཟག་གི་རང་གི་ལྡོག་པ་ནི་འདོད་པ་ཡིན་གྱི་གང་ཟག་གི་མཚན་གཞི་རྣམ་ཤེས་ལ་དེ་ལྟར་འདོད་པ་ནི་མ་ཡིན་ནོ་ཞེས་བྲིས་སོ། །དེ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འདི་ལྟར་རྣམ་པར་ཤེས་པ་ནི། ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ་ཞེས་དང་། རྣམ་ཤེས་བདག་ཏུ་བཞག་གོ་ཞེས་གསུངས་པ་ནི་ཁོ་རང་གི་ལུགས་ཀྱི་བདག་ལྟས་ཕུང་པོ་ལ་དམིགས་ནས་བདག་ཏུ་བཟུང་ཚུལ་སྟོན་པ་ཡིན་གྱི་ཕུང་པོ་བདག་གི་མཚན་གཞིར་སྟོན་པ་མ་ཡིན་ཏེ་གཞན་དུ་སློབ་དཔོན་དེས་བདག་ཕུང་གཅིག་ཏུ་འདོད་པར་ཐལ། ཕུང་པོ་བདག་ཏུ་འདོད་ཅིང་མང་བཀུར་བས་ཀྱང་དེ་ལས་ལྷག་པ་ཁས་མ་བླངས་པའི་ཕྱིར་རོ། །གལ་ཏེ་ཕུང་པོ་བདག་གི་མཚན་གཞིར་ཁས་བླངས་ཀྱི་བདག་ཏུ་ཁས་མི་ལེན་ནོ་སྙམ་ན། ཕུང་པོ་ཆོས་ཅན། བདག་ཡིན་པར་ཐལ། བདག་གི་མཚན་གཞི་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་ལ་སློབ་དཔོན་འདིའང་སྙོན་འདིངས་པར་མི་བྱེད་དོ། །གལ་ཏེ་སེམས་དུལ་ན་བདེ་བ་འཐོབ་པར་གསུངས་པའི་ལུང་དེ་སློབ་དཔོན་འདི་དང་མང་བཀུར་བ་གཉིས་ཆར་གྱི་ཤེས་བྱེད་དུ་འདྲེན་པས་ཡིད་ཀྱི་རྣམ་ཤེས་ཉིད་བདག་གི་མཚན་གཞི་ཡིན་ནོ་སྙམ་ན་དེ་ནི་གཏན་མི་འདྲ་སྟེ་སློབ་དཔོན་འདིས་ནི་སེམས་བདག་གི་གདགས་གཞི་ཡིན་པའི་ཤེས་བྱེད་དུ་འདྲེན་ཅིང་། མང་བཀུར་བས་ནི་མཚན་གཞིའི་ཤེས་བྱེད་དུ་འདྲེན་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་གཞི་ཁས་ལེན་པས་ཀྱང་ཀུན་གཞི་བདག་གི་མཚན་གཞིར་འདོད་པ་གཏན་མ་ཡིན་ཏེ། ཀུན་གཞི་རྫས་ཡོད་དང་བདག་བཏགས་ཡོད་དུ་ཁས་ལེན་པའི་ཕྱིར་རོ། །མདོར་ན་གདགས་གཞི་དང་མཚན་གཞི་ནོར་བ་ཁྱོད་ནི་རང་སྡེ་དངོས་པོར་སྨྲ་བ་དག་གིས་ལུགས་ལ་བུམ་པའི་རྡུལ་རྫས་བརྒྱད་བུམ་པའི་མཚན་གཞི་དང་། ཤིང་རྟའི་ཡན་ལག་རྣམས་ཤིང་རྟའི་མཚན་གཞིར་ཁས་ལེན་དགོས་པས་གདགས་གཞི་རྫས་ཡོད་ལ་བཏགས་ཆོས་བཏགས་ཡོད་བཏགས་པའི་རྣམ་གཞག་མ་ཆགས་པའོ། །དེས་ན་ཁྱོད་ཉིད་ལ་གནད་ཀྱི་གདམས་པ་སྦྱིན་པར་བྱ་སྟེ། རང་སྡེ་མང་པོས་བཀུར་བས་ཕུང་པོ་བདག་ཉིད་དུ་འདོད་པ་དང་། བརྗོད་དུ་མེད་པའི་བདག་འདོད་པ་གཉིས་ནི་བདག་རྫས་ཡོད་དུ་འདོད་པའི་ལུགས་ཡིན་ལ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནས་རང་རྒྱུད་པའི་བར་གྱིས་ཕུང་པོ་གདགས་གཞི་དང་། བདག་བཏགས་ཡོད་དུ་འདོད་ཅིང་ཐལ་འགྱུར་བས་ཕུང་པོ་བདག་ཏུ་གདགས་པའི་རྒྱུ་ཡིན་གྱི་བདག་གི་གདགས་གཞི་དང་མཚན་གཞི་གང་དུ་ཡང་མི་འདོད་པའི་ཁྱད་པར་གསུམ་ཡོད་པ་མ་འདྲེས་པར་ཤེས་པར་གྱིས་ཤིག གཉིས་པ་སུན་འབྱིན་བཤད་པ་ལ་གསུམ་སྟེ། བདག་ཕུང་གཅིག་པའི་དོན་ལ་རིགས་པས་གནོད། བདག་ཕུང་གཅིག་པ་ལུང་གི་དོན་མ་ཡིན། བདག་ཕུང་གཅིག་ན་སྤང་གཉེན་འཆོལ་བར་ཐལ་བའོ། །དང་པོ་ལ་གསུམ་སྟེ། ཞེན་ཡུལ་བདག་དང་ཕུང་པོ་དཔྱད་ནས་དགག འབྲས་བུ་མཐའ་ལྡན་ལ་སོགས་མེད་པས་དགག ཡུལ་ཅན་རྣལ་འབྱོར་མངོན་སུམ་སྒོ་ནས་དགག་པའོ། །དང་པོ་ལ་གཉིས་ཏེ། ཧ་ཅང་ཐལ་བ་བདུན་གྱིས་གནོད། ཉེས་སྤོང་བརྗོད་དེ་མཇུག་སྡུད་བསྟན་པའོ། །དང་པོ་ནི། གལ་ཏེ་སོགས་ཏེ། ཐལ་བ་དང་པོ་གཉིས་ལ་གནོད་པའི་ལུང་ནི་འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་ཅིག་སྐྱེའོ། །ཞེས་དང་། དགེ་སློང་དག་ཕུང་པོ་ལྔ་པོ་འདི་རྣམས་ནི་མིང་ཙམ། ཐ་སྙད་ཙམ། བཏགས་པ་ཙམ་སྟེ། གང་འདི་ལྟ་སྟེ། འདས་པའི་དུས་དང་། མ་འོངས་པའི་དུས་དང་། ནམ་མཁའ་དང་། མྱ་ངན་ལས་འདས་པ་དང་། གང་ཟག་གོ་ཞེས་པའོ། །ཁ་ཅིག༤༥ འདི་ནི་མང་པོ་དང་ངོ་བོ་གཅིག་པར་འདོད་པ་ཙམ་ལ་འཕེན་དུ་མི་རུང་བས་བདག་དང་ཕུང་པོ་གཉིས་ཐ་དད་གཏན་མེད་ཀྱི་གཅིག་ཏུ་འདོད་པ་ལ་འཕེན་ནོ། །དེའང་དང་པོ་ནས་གཞན་གྱིས་དེ་ལྟར་ཁས་མ་བླངས་པས། ངོ་བོ་གཅིག་པ་དང་། ཐ་དད་ཙམ་ཡིན་པ་རྫུན་པ་ལ་སྐྱོན་མེད་ཀྱང་། བདག་ཕུང་གཉིས་བདེན་པར་ཁས་ལེན་པ་ལ་ངོ་བོ་གཅིག་ན་དབྱེར་མེད་ཀྱི་ངོ་བོ་གཅིག་ཏུ་འཕུལ་ནས། དེའི་འོག་ཏུ་བདག་མང་པོ་དང་ཕུང་པོ་ལྔ་གཅིག་ཏུ་ཐལ་བ་འཕང་ངོ་ཞེས་བྲིས་སོ། །འདི་ནི་གཞི་གྲུབ་ན་ངོ་བོ་གཅིག་དང་ཐ་དད་གང་རུང་ཡིན་དགོས་པས། བདེན་གཉིས་ངོ་བོ་གཅིག་ཏུ་རང་ཉིད་ཀྱིས་ཁས་བླངས་པ་དང་འགལ་གྱིས་དོགས་ནས་བདག་ཕུང་ངོ་བོ་གཅིག་ཏུ་ཁས་ལེན་པར་སྣང་ཡང་། ཕན་ཚུན་ལྟོས་གྲུབ་ཀྱི་ཆོས་ལ་ངོ་བོ་གཅིག་དང་། ངོ་བོ་ཐ་དད་གང་ཡང་ཁས་མི་ལེན་པའི་ཀླུ་སྒྲུབ་ཡབ་སྲས་ཀྱི་གྲུབ་མཐའི་གཞུང་ཤིང་འགོག་པ་སྟེ། གོང་འོག་མང་པོར་ཤེས་པར་བྱའོ། །བདག་ཕུང་ངོ་བོ་གཅིག་ཏུ་ཁས་ལེན་པ་རང་སྡེ་མང་པོས་བཀུར་བའི་སྡེ་པ་ལས་གཞན་མེད་ཀྱང་ཁྱེད་དབུ་མ་པར་རློམ་ཞིང་འདི་ཁས་བླངས་པ་ནི་ཅི་ཞིག བདེན་པར་ཁས་ལེན་པ་ལ་ངོ་བོ་གཅིག་ན་ཐ་དད་གཏན་མེད་ཀྱི་གཅིག་ཏུ་འཕུལ་ཡང་མི་ཐུབ་སྟེ། མདོ་སྡེ་པས་བྱས་མི་རྟག་གཉིས་བདེན་པ་དང་ངོ་བོ་གཅིག་ཏུ་ཁས་ལེན་ཀྱང་། ཐ་དད་གཏན་མེད་ཀྱི་གཅིག་ཏུ་འཕུལ་མི་ཐུབ་པ་བཞིན་ནོ། །དེས་ནས་གཞུང་འདི་དག་བདག་ཕུང་ངོ་བོ་གཅིག་པ་ལ་སྐྱོན་བརྗོད་པ་ཡིན་པས་འཁྱོག་པོར་མ་བཤད་ཅིག གཉིས་པ་ནི། དེ་ཉིད་སོགས་ཏེ། སྔར་རྣམ་པར་དཔྱད་པ་ནི་བསྟན་བཅོས་འདིར། བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །ཞེས་བྱ་བ་དེ་ཡིན་ལ། རྩ་ཤེར་ལས། གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །ཞེས་གསུངས་པའང་ཡིན་ནོ། །གཉིས་པ་ནི། འཇིག་རྟེན་སོགས་ཏེ། སོགས་ཀྱི་སྒྲས་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞིའི་ཡུལ་འཇིག་རྟེན་མཐའ་དང་ལྡན་པ་སོགས་བཅུ་བཞི་འཐད་པར་འགྱུར་ཏེ། གལ་ཏེ་འཇིག་རྟེན་གྱི་སྒྲས་ཕུང་པོ་རྣམས་འཛིན་ན། དེའི་ཚེ་ཕུང་པོ་རྣམས་སྐྱེ་བ་དང་འཇིག་པ་ཉིད་ཀྱིས་མི་རྟག་པའི་ཕྱིར་འཇིག་རྟེན་མི་རྟག་ཅེས་བྱ་བར་ཡང་ལུང་བསྟན་པར་འགྱུར་ལ། མྱ་ངན་ལས་འདས་པའི་འོག་རོལ་དུ་ཕུང་པོ་རྣམས་མེད་པས་འཇིག་རྟེན་མཐའ་དང་ལྡན་ནོ་ཞེས་བྱ་བར་ཡང་འགྱུར་བའི་ཕྱིར་རོ། །འདོད་མི་ནུས་པ་ནི་མེད་པའི་ཕྱིར་རོ་ཞེས་པ་སྟེ། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་འདོན་པར་སྡེ་པ་ཐམས་ཅད་མཚུངས་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། བདག་མེད་རྟོགས་ཚེ་ཕུང་པོ་ཆད་པར་ཐལ། བདག་མེད་རྟོགས་ཚེ་ཆགས་སོགས་སྐྱེ་བར་ཐལ་བའོ། །དང་པོ་ནི། ཁྱོད་ཀྱི་སོགས་སོ། །གཉིས་པ་ནི། ཁྱོད་ཀྱི་སོགས་ཏེ། སློབ་དཔོན་འདིས་གང་ཟག་བདེན་མེད་དུ་རྟོགས་པ་ལ་གང་ཟག་ཏུ་གདགས་པའི་རྒྱུ་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་རྟོགས་དགོས་པའི་རིགས་པའི་གཙོ་བོའོ། །གཉིས་པ་བདག་ཕུང་གཅིག་པ་ལུང་གི་དོན་མ་ཡིན་པ་ལ་གསུམ་སྟེ། ཕུང་པོ་བདག་ཏུ་བཞེད་པ་ལུང་དོན་མིན། ལུང་དོན་ཡིན་ན་ལུང་རིགས་གཉིས་ཀྱིས་གནོད། ལུང་ལ་བརྟེན་ནས་སྔ་མའི་གྲུབ་དོན་བསྡུ་བའོ། །དང་པོ་ནི། གང་ཕྱིར་སོགས་ཏེ། དགེ་སློང་དག དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་གཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ། །ཞེས་པའི་ལུང་གི་དོན་ནི་ཕུང་པོ་ལས་དོན་གཞན་པའི་བདག་འགོག་པ་ཡིན་གྱི་ཕུང་པོ་ཉིད་བདག་ཏུ་སྟོན་པ་མ་ཡིན་པར་མདོ་གཞན་གྱིས་སྒྲུབ་པའོ། །གཉིས་པ་ལ་གཉིས་ཏེ། ལུང་གིས་གནོད། རིགས་པས་གནོད་པའོ། །དང་པོ་ནི། ཕུང་པོ་སོགས་ཏེ། ཕུང་པོ་རྣམས་བདག་ཡིན་ཞེས་པའི་ཚིག་དེས་ཕུང་པོ་བདག་ཏུ་སྟོན་ན། ཕུང་པོའི་ཚོགས་པ་བདག་ཡིན་དགོས་ཏེ། ཤིང་རྣམས་ནགས་ཚལ་ཞེས་པ་བཞིན་ནོ། །ཕུང་པོའི་ཚོགས་པ་བདག་ཡིན་པ་ལ་ལུང་གིས་གནོད་དེ། ཇི་སྐད་དུ། བདག་ཉིད་བདག་གི་མགོན་ཡིན་ཏེ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ལེགས་དང་ངན་པར་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན། །ཞེས་མགོན་ཉིད་དང་དཔང་པོ་ཉིད་དུ་གསུངས་ལ། བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་འདུལ་བར་གསུངས་ན་ཚོགས་པ་ཙམ་པོ་རྫས་སུ་མེད་པས་དེ་དག་ཏུ་མེད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། འདུས་ཙམ་ཡིན་ན་ཤིང་རྟའི་དཔེ་ཡིས་གནོད། ཚོགས་དབྱིབས་ཡིན་ན་སེམས་ལ་མེད་པས་གནོད། གཉིས་ཀ་བྱ་བྱེད་གཅིག་ཏུ་ཐལ་བས་གནོད་པའོ། །དང་པོ་ནི་དེ་ཚེ་སོགས་ཏེ། འགྲེལ་པར་གང་ཞིག་ལ་བརྟེན་ནས་གང་བཏགས་པ་དེ་ནི་བརྟགས་པ་ཉེ་བར་ལེན་པའི་ཡན་ལག་ཚོགས་པ་ཙམ་མ་ཡིན་ཏེ། བརྟེན་ནས་བརྟགས་པའི་ཕྱིར་འབྱུང་བ་ལས་གྱུར་པ་བཞིན་ནོ། །ཇི་ལྟར་འབྱུང་བ་དག་རྒྱུར་བྱས་ནས་འབྱུང་བ་ལས་གྱུར་པ་སྔོན་པོ་ལ་སོགས་པ་དང་། མིག་ལ་སོགས་པ་བཏགས་མོད་ཀྱི་དེ་གཉིས་འབྱུང་བ་འདུས་པ་ཙམ་ཉིད་མ་ཡིན་ནོ། །དེ་བཞིན་དུ་བདག་ཕུང་པོ་རྒྱུར་བྱས་ནས་བཏགས་པའི་རང་བཞིན་ཅན་ཡང་ཚོགས་པ་ཙམ་ཡིན་པར་མི་རུང་ངོ་། །ཞེས་གསུངས་པ་འདིས་ཕུང་པོ་ལ་བརྟེན་ནས་བདག་ཏུ་བཏགས་པ་དང་། འབྱུང་བ་ལ་རྟེན་ནས་འབྱུང་འགྱུར་དུ་བཏགས་པ་དང་། བུམ་པའི་གཟུགས་སོགས་ལ་བརྟེན་ནས་བུམ་པར་བཏགས་པ་སོགས་ཡན་ལག་རྒྱུར་བྱས་ནས་ཡན་ལག་ཅན་དུ་བཏགས་པ་ཐམས་ཅད་མཚུངས་པར་གསུངས་ཤིང་། དེ་ཡང་ཅི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ། །ཞེས་པའི་མདོ་ཤེས་བྱེད་དུ་མཛད་པར་སྣང་བས་མདོ་ལས་སེམས་ཅན་ཞེས་དང་། འདིའི་རྩ་འགྲེལ་ལས་བདག་ཅེས་པ་རྣམས་མིང་གི་རྣམ་གྲངས་སུ་ཤེས་པར་བྱའོ། །དེས་ན་བདག་དང་གང་ཟག་དང་སེམས་ཅན་མིང་གི་རྣམ་གྲངས་སུ་འདོད་པ་ཕྱི་རོལ་མུ་སྟེགས་བྱེད་ཀྱི་གཞུང་ཡིན་ནོ། །ཞེས་སྨྲ་བ་ནི་བྱུང་རྒྱལ་དུ་སྨྲ་བ་སྟེ། འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་ནི། དབྱིབས་ཞེས་སོགས་སོ། །གསུམ་པ་ནི། ལེན་པོ་སོགས་ཏེ། རྩ་ཤེར་ལས། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་དང་། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླངས་པའི་རིམ་པས་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་དང་། འགྲེལ་པར། འདིར་ཉེ་བར་ལེན་པ་པོ་ནི་བདག་ཡིན་ལ། ཉེ་བར་ལེན་པ་ནི་ཕུང་པོ་ལྔ་རྣམས་ཡིན་ནོ། །ཞེས་གསུངས་པ་འདིས་ཀྱང་བདག་ཐ་སྙད་དུ་ཁས་ལེན་པར་བསྟན་ནོ། །གསུམ་པ་ལུང་ལ་བརྟེན་ནས་སྔ་མའི་གྲུབ་དོན་བསྡུ་བ་ནི། གང་ཕྱིར་སོགས་ཏེ། འགྲེལ་པར་མདོ་དྲངས་པ་ལས། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་དེ་དག་ནི་ཁམས་དྲུག་དང་། རིག་པའི་སྐྱེ་མཆེད་དྲུག་དང་། ཡིད་ཀྱི་ཉེ་བར་ལོངས་སྤྱོད་པ་བཅོ་བརྒྱད་དོ་ཞེས་གསུངས་པའི་དོན་རྩ་བར། གང་ཕྱིར་ཐུབ་པས་བདག་དེ་ཞེས་དང་། འགྲེལ་པར། གང་ཕྱིར་ཁམས་ལ་སོགས་པ་དེ་རྣམས་ཀྱི་སྒོ་ནས་བདག་ཏུ་གདགས་སོ་ཞེས་གསུངས་པ་འདིས་ཀྱང་སྐྱེས་བུ་དང་། གང་ཟག་དང་། བདག་གསུམ་པོ་མིང་གི་རྣམ་གྲངས་སུ་བསྟན་ནོ། །གསུམ་པ་བདག་ཕུང་གཅིག་ན་སྤང་གཉེན་འཆོལ་བར་ཐལ་བ་ནི། བདག་མེད་སོགས་ཏེ། བདག་ཕུང་གཅིག་ཏུ་འདོད་པའི་རང་སྡེས་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་གྱི་བདག་ནི་ཕུང་པོ་ཡིན་ལ། བདག་མེད་རྟོགས་པའི་ཚེ་རྟག་པའི་བདག་སྤོང་བ་ཡིན་ཞེས་འདོད་པ་ལ་ཁས་བླངས་ནང་འགལ་སྟོན་པ་སྟེ། དེའི་དཔེ་ནི་ཚིགས་བཅད་ཕྱི་མས་སྟོན་ནོ། །ཁ་ཅིག་༤༦འདི་མ་རྟོགས་པར་ཀུན་བཏགས་ཀྱི་བདག་མེད་པར་རྟོགས་པས་ལྷན་སྐྱེས་ཀྱི་བདག་མེད་པར་རྟོགས་པ་མི་འཐད་པར་ཐལ། ཀུན་བཏགས་ཀྱི་བདག་དེ་ལྷན་སྐྱེས་ཀྱི་བདག་མ་ཡིན་པའི་ཕྱིར་ཞེས་པའི་དོན་དུ་འཆད་དེ། འདི་ལྟར་འདིས་ནི་རང་གཞན་གྱི་སྡེ་པ་དངོས་པོའི་དེ་ཁོ་ན་ཉིད་གཏན་ལ་འབེབས་པར་འདོད་པ་མང་པོས་ལྷན་སྐྱེས་ཀྱི་བདག་འཛིན་གྱིས་ཇི་ལྟར་གཟུང་བའི་ཡུལ་སུན་འབྱིན་པ་མི་ཤེས་པས་དེ་དོར་ནས་དེ་ལས་གཞན་པའི་དེ་ཉིད་གཏན་ལ་འབེབས་པའི་རྣམ་གཞག་ཐམས་ཅད་སྙིང་པོ་མེད་པའི་གནས་ལ་ངལ་བ་བྱེད་པར་བསྟན་ཏེ། འདི་ཤེས་པ་ཤིན་ཏུ་གནད་ཆེའོ་ཞེས་བྲིས་སོ། །དེ་ལ་མཁས་པའི་མཁས་པ་དག་གིས་དེ་ལྟར་ན་མཐའ་བཞིའི་སྐྱེ་བ་བཀག་པས་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་པའི་སྐྱེ་བ་མི་ཁེགས་པར་ཐལ། མཐའ་བཞིའི་སྐྱེ་བ་ནི་ཀུན་བཏགས་ཡིན་པའི་ཕྱིར་ཞེས་གསུངས་པ་ལ་ལན་མེད་དོ། །དེ་བཞིན་དུ་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་བའི་གང་ཟག་གི་བདག་དང་། གང་ཟག་རྣམ་ལྔར་གྲུབ་ཚུལ་ལའང་སྦྱར་ཏེ་འགྲེའོ། །དེས་ན་འདི་ནི་ཕ་རོལ་པོས་ཀུན་བཏགས་ཀྱི་བདག་དང་། ལྷན་སྐྱེས་ཀྱི་བདག་གཞན་དུ་འདོད་པ་ལ་ཁས་བླངས་ནང་འགལ་སྟོན་པ་ཡིན་ལ། ཀུན་བཏགས་ཀྱི་བདག་བཀག་པས་ལྷན་སྐྱེས་ཀྱི་བདག་ཁེགས་པའི་གནད་ནི་རང་གཞན་གྱི་སྡེ་པ་རྣམས་ཀུན་བཏགས་ཀྱི་བདག་སྨྲ་བ་ཀུན་གྱིས་ལྷན་སྐྱེས་ཀྱི་བདག་རིགས་པས་འཚོལ་བ་ན་ཀུན་བཏགས་ཀྱི་བདག་དེ་ཉིད་ཡིན་པར་འདོད་པས་སྒྲུབ་བྱེད་མ་མཐོང་བ་ན་བསྒྲུབ་བྱ་འཛིན་པའི་བློ་བཟློག་པའོ། །བདག་ཕུང་གཅིག་ཏུ་འདོད་པའི་རང་སྡེས་ཀྱང་ཕུང་པོ་བདག་ཏུ་འདོད་པ་དེ་ཉིད་ཀུན་བཏགས་ཡིན་པས་དོན་ལ་སྔ་མ་དེ་ཉིད་ཀྱི་ནང་དུ་འདུས་སོ། །གསུམ་པ་རྟེན་དང་བརྟེན་པར་གྲུབ་པ་དགག་པ་ནི། ཕུང་པོར་སོགས་ཏེ། ཕུང་པོ་ལ་བདག་བརྟེན་པའི་ཚུལ་གྱིས་ཡོད་པ་དང་། བདག་ལ་ཕུང་པོ་བརྟེན་པའི་ཚུལ་གྱིས་ཡོད་པ་གཉིས་ཐ་སྙད་དུ་ཡང་ཁས་མི་ལེན་པ་སྟེ། རྟེན་དང་བརྟེན་པ་ལ་འཁར་གཞོང་དང་རྒྱ་ཤུགས་ལྟར་གཞན་དུ་ཡོད་དགོས་པའི་ཕྱིར་རོ། །ཁ་ཅིག་༤༧ཕུང་པོ་ལ་བདག་ངོ་བོ་ཉིད་ཀྱིས་བརྟེན་པའི་ཚུལ་གྱིས་ཡོད་པའང་མ་ཡིན། བདག་ལའང་ཕུང་པོ་དེ་རྣམས་ངོ་བོ་ཉིད་ཀྱིས་བརྟེན་པའི་ཚུལ་གྱིས་ཡོད་པ་མ་ཡིན་ཏེ་ཞེས་དང་། མཇུག་ཏུ་རྟེན་དང་བརྟེན་པའི་ངོ་བོར་རང་བཞིན་གྱིས་གྲུབ་པ་མེད་དོ་ཞེས་པའི་འབྲུ་སྦྱར་བ་ནི་མི་འཐད་དེ། འདིར་རྟེན་དང་བརྟེན་པ་ཐ་སྙད་དུའང་ཁས་མི་ལེན་ན་དགག་བྱ་ལ་ཁྱད་པར་སྦྱར་བ་དོན་མེད་པའི་ཕྱིར་ཏེ། ལེགས་ལྡན་འབྱེད་ཀྱིས་བདག་སྐྱེ་འགོག་པའི་སྐབས་སུ་དགག་བྱ་ལ་ཁྱད་པར་སྦྱར་བ་སློབ་དཔོན་ཟླ་བས་འགོག་ཚུལ་གྱི་རིགས་པ་ཐམས་ཅད་འདི་ལ་མཚུངས་པའི་ཕྱིར། ཐ་སྙད་དུ་ཁས་ལེན་ན་གང་ཟག་རྣམ་ལྔར་གྲུབ་པ་དང་། མཐའ་བཞིའི་སྐྱེ་བ་ཐ་སྙད་དུ་ཡོད་མེད་རྣམ་པ་ཀུན་ཏུ་མཚུངས་པ་སློབ་དཔོན་འདིའི་བཞེད་པ་ཡིན་པ་དང་འགལ་ཞིང་། ཁྱེད་རང་གིས་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ཅེས་བཏགས་པའི་དོན་རྣམ་པ་ལྔ་པོ་གང་དུ་གྲུབ་ཚོལ་བ་ན་དེ་ཁོ་ན་ཉིད་ལ་དཔྱོད་པར་འཇོག་ཅེས་པ་དང་ཡང་འགལ་ཏེ། དེའི་ཚེ་བདག་ཕུང་རྟེན་དང་བརྟེན་པ་ཐ་སྙད་དུ་རྙེད་འདུག་པའི་ཕྱིར་རོ། །བཞི་པ་བདག་ལ་ཕུང་པོ་ལྡན་པ་དགག་པ་ནི། བདག་ནི་སོགས་ཏེ། འདི་ཡང་བདག་ཕུང་གཅིག་དང་ཐ་དད་ཐ་སྙད་དུ་ཡང་ཁས་མི་ལེན་པས་ལྡན་པ་ཐ་སྙད་དུ་ཡང་ཁས་མི་ལེན་པའོ། །ཁ་ཅིག༤༨ འདིར་ཡང་བདག་ནི་གཟུགས་ཀྱི་ཕུང་པོ་དང་ལྡན་པའི་ངོ་བོ་ཉིད་ཀྱིས་གྲུབ་པར་མི་འདོད་དེ་ཞེས་དང་། དེའི་སྒྲུབ་བྱེད་རང་བཞིན་གྱིས་གཅིག་དང་ཐ་དད་པ་ནི་བཀག་ཟིན་པ་དེའི་ཕྱིར་ཞེས་དགག་བྱ་ལ་ཁྱད་པར་སྦྱོར་བ་ཡང་བརྟགས་པ་སྔ་མ་དེ་ཉིད་གནས་སོ། །གཉིས་པ་བསྡུས་ཏེ་འཇིག་ལྟའི་གྲངས་ངེས་བསྟན་པ་ནི། གཟུགས་བདག་སོགས་ཏེ། ཕུང་པོ་རེ་རེ་ལ་ཕུང་པོ་ཉིད་བདག་ཏུ་ལྟ་བ་དང་། ཕན་ཚུན་རྟེན་དང་བརྟེན་པར་ལྟ་བ་གཉིས་དང་། བདག་ཕུང་པོ་དང་ལྡན་པར་ལྟ་བ་བཞི་བཞིར་ཕྱེ་བས་འཇིག་ཚོགས་ལ་ལྟ་བའི་ཆ་ཉི་ཤུར་འགྱུར་རོ། །གལ་ཏེ་བདག་ཕུང་གཞན་དུ་ལྟ་བ་རེ་རེ་བསྣན་པས་རྣམ་པར་དཔྱད་པ་རྣམ་པ་ལྔ་ལྔ་སྐབས་སུ་བབ་ལ་བསྟན་བཅོས་ལས་ཀྱང་། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་གསུངས་པས་འདིར་ཆ་ཉི་ཤུ་རྩ་ལྔར་འགྱུར་བ་མ་ཡིན་ནམ་ཅིའི་ཕྱིར་ཉི་ཤུར་བཞག་ཅེ་ན། འཇིག་ཚོགས་ལ་ལྟ་བའི་ཆ་ཉི་ཤུར་བཞག་པ་ནི་མདོ་སྡེ་ལས་གསུངས་པ་ཡིན་ལ། དེའི་རྒྱུ་མཚན་ཡང་འཇིག་ཚོགས་ཕུང་པོ་ལ་འདོད་པར་རང་སྡེ་ཐམས་ཅད་མཐུན་ཡང་། དེ་ལ་ལྟ་བའི་དོན་དངོས་སྨྲ་བ་གསུམ་དང་། རང་རྒྱུད་པ་དང་བཅས་པ་རྣམས་ཀྱིས་ཕུང་པོ་ལ་དམིགས་ནས་བདག་ཏུ་ལྟ་བར་འདོད་ལ་ཐལ་འགྱུར་བས་ནི་ཕུང་པོ་དམིགས་ཡུལ་དུ་སོང་བ་ལ་བརྟེན་ནས་གཞི་མེད་ལ་བདག་ཏུ་ལྟ་བས་འཇིག་ཚོགས་ལ་རྟེན་ནས་ལྟ་བ་ལ་འཇིགས་ཚོགས་ལ་ལྟ་བ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་པར་བཞེད་པས་དེ་གཉིས་གང་གི་ལུགས་ལྟར་ན་ཡང་བདག་ཕུང་གཞན་དུ་ལྟ་བ་དེ་འཇིག་ཚོགས་ལ་ལྟ་བ་མ་ཡིན་པའི་ཕྱིར་ཏེ། སྔ་མ་ལྟར་ན་ཕུང་པོ་དམིགས་ཡུལ་དུ་མ་བྱས་པར་བདག་ཏུ་ལྟ་བའི་ཕྱིར་དང་། ཕྱི་མ་ལྟར་ན་ཕུང་པོ་ལ་མ་ལྟོས་པར་བདག་ཏུ་ལྟ་བའི་ཕྱིར། དེས་ན་ཉི་ཤུར་ངེས་སོ། །བསྟན་བཅོས་ལས། སྔ་མ་བདག་ཕུང་གཞན་པ་ཉིད་ཀྱི་ཕྱོགས་གསུངས་པ་དང་། འདིར་ཡང་ཐོག་མར་བདག་ཕུང་གཞན་པའི་ཕྱོགས་དགག་པ་ནི་གཞན་མུ་སྟེགས་པའི་ལུགས་དགག་པའི་ཕྱིར་རོ། །ཞེས་བྱ་བར་ཤེས་པར་བྱའོ། །དེ་ལ་མདོ་ལས། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཞེས་གསུངས་པའི་དོན་རྣམས་འགྲེལ་པར་འཇིག་ཚོགས་ལ་ལྟ་བའི་རི་བོ་འཕགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་མ་བབས་པས་ཉིན་རེ་ཞིང་ཉོན་མོངས་པའི་བྲག་རྡོ་འཕེལ་བ། འཁོར་བ་ཐོག་མ་མེད་པ་ནས་བྱུང་བ། དཔངས་ཁམས་གསུམ་དུ་མཐོ་བ། ཕྱོགས་ཀྱི་ངོས་མ་ལུས་པ་ཁྱབ་པ། མ་རིག་པའི་གསེར་གྱི་ས་གཞི་ལས་འཐོན་པ། བདག་མེད་པ་ཁོང་དུ་ཆུད་པའི་རྡོ་རྗེས་བཤིག་པ་ན་རྩེ་མོ་ཆེས་མཐོ་བ་གང་དག་དང་ལྷན་ཅིག་འཇིག་པར་འགྱུར་བ་དེ་དག་ནི་རྩེ་མོ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །དེ་དག་གི་དོན་ཉོན་མོངས་པའི་བྲག་རྡོ་འཕེལ་བ་ནི་འཕེན་བྱེད་སོགས་འཁོར་བ་ཐོག་མེད་ནས་བྱུང་བ་ནི་འཁོར་བ་ཐོག་མེད་ཀྱི་གྲུབ་མཐའ་ངན་པས་བརྟགས་ཏེ་བཞག་པའི་ས་བོན་ཡིན་པ་དཔངས་ཁམས་གསུམ་དུ་མཐོ་བ་ནི་སྲིད་རྩེའི་བར་དུ་ཡོད་པ་ཕྱོགས་ཀྱི་ངོས་མ་ལུས་པ་ཁྱབ་པ་ནི། སོ་སྐྱེ་ཐམས་ཅད་ཀྱི་རྒྱུད་ལ་ཁྱབ་པ། མ་རིག་པའི་གསེར་གྱི་ས་གཞི་ལས་ཐོན་པ་ནི་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ལས་འཐོན་པ་རྩེ་མོ་ཆེས་མཐོ་བ་དང་ལྷན་ཅིག་འཇིག་པ་ནི་མདོ་ལས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ཞེས་པའི་དོན་འདི་ཉིད་ཡིན་ཞེས་པ་ཡིན་གྱི། རྩེ་མོ་དེ་དག་དང་འདི་ཐ་དད་དུ་བྱས་ནས་ལྷན་ཅིག་ཏུ་བཅོམ་ཞེས་པའི་དོན་ནི་མ་ཡིན་ནོ། །དེས་ན་འདིར་བརྟགས་པ་མཐའ་བཟུང་གི་ཚུལ་དུ་གསེར་གྱི་ས་གཞི་ལས་རི་ལྷུན་སྟུག་པ་གཅིག་ཐོན་ནས། དེ་ལ་རྩེ་མོ་སྲིད་རྩེར་སླེབ་པ་ཉི་ཤུ་ཡོད་པ་དཔེར་བྱས་ཏེ། དང་པོ་ནི་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས། གཉིས་པ་ནི་དེ་ལ་བརྟེན་ནས་ངར་འཛིན་པའི་ངར་འཛིན་ལྷན་སྐྱེས། གསུམ་པ་ནི་ཐོག་མ་མེད་པ་ནས་བྱུང་བའི་ཀུན་བཏགས་ཀྱི་ས་བོན་ཉི་ཤུ་ཡིན་པར་ཤེས་པར་བྱའོ། །གནད་འདི་མ་རྟོགས་པ་ཁ་ཅིག༤༩ འདིར་འགྲེལ་པའི་འགྱུར་ལས་རྩེ་མོ་ཆེས་མཐོ་བ་གང་དག་དང་ལྷན་ཅིག་འཇིགས་པར་འགྱུར་བ་དེ་དག་ནི་རྩེ་མོ་ཡིན་པར་ཤེས་པར་བྱའོ་ཞེས་པ་འབྱུང་ཡང་། རྩ་བའི་འགྱུར་ལྟར་ན་རྩ་བའི་འཇིག་ལྟ་དང་ལྷན་ཅིག་ཅེས་འབྱུང་བ་ལྟར་བྱའོ། །དེའང་ལྷན་སྐྱེས་ཀྱི་འཇིག་ལྟར་ངར་འཛིན་སྔར་བཤད་པའི་ཉི་ཤུ་པོ་གང་ཡང་མ་ཡིན་པས་འཇིག་ཚོགས་ལྟ་རི་ལྷུན་སྟུག་ལ་གནས་པ་ཞེས་རྩེ་མོ་ཉི་ཤུའི་འཇིག་ལྟ་རྩ་བའི་འཇིག་ལྟ་ལ་གནས་པར་གསུངས་སོ། །གང་དང་ལྷན་ཅིག་ཏུ་ཉི་ཤུ་རྒྱུན་ཞུགས་ཀྱིས་སྤངས་པའི་རྩ་བའི་འཇིག་ལྟ་ཡང་ཀུན་བཏགས་ཡིན་ལ་ཞེས་བྲིས་སོ། །དེ་ནི་མི་འཐད་དེ། འདིར་རྩེ་མོ་ཉི་ཤུ་གང་ལ་གནས་པའི་རྩ་བའི་འཇིག་ལྟ་ཀུན་བཏགས་ཡིན་ན། འཇིག་ལྟ་ཀུན་བཏགས་ལ་ཉི་ཤུར་གྲངས་མ་ངེས་པར་ཐལ་བའི་ཕྱིར་དང་། རྩེ་མོ་ཉི་ཤུ་པོ་ལྷན་ཅིག་པའི་ཡུལ་ལ་འཆད་ན་གང་དང་ལྷན་ཅིག་ཏུ་ཉི་ཤུ་རྒྱུན་ཞུགས་ཀྱིས་སྤངས་པའི་རྩ་བའི་འཇིག་ལྟ་ཡང་ཞེས་རང་ཉིད་ཀྱིས་བཤད་པ་དང་འགལ་བའི་ཕྱིར་དང་། ལྷན་ཅིག་པ་པོ་ལ་འཆད་ན་མདོ་ལས་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་ཞེས་པའི་དོན། ལྟ་རི་བདག་མེད་རྟོགས་པའི་རྡོ་རྗེ་ཡིས། །བཅོམ་བདག་གང་དང་ཞེས་འབྱུང་བ་དང་འགལ་བའི་ཕྱིར་རོ། །དེས་ན་འདིར་རྒྱུན་ཞུགས་ཀྱིས་བཅོམ་པའི་ཚེ་ན་འཇིག་པ་ནི་རྩེ་མོ་ཉི་ཤུ་པོ་འདི་དག་ཡིན་ཞེས་པའི་དོན་ཡིན་པས་ལྷན་ཅིག་པའི་ཡུལ་དང་ལྷན་ཅིག་པ་པོ་ཐ་དད་དུ་མེད་པའི་འཆད་ཚུལ་ཤེས་དགོས་སོ། །གཉིས་པ་བརྗོད་དུ་མེད་པའི་གང་ཟག་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། ཁ་ཅིག་སོགས་ཏེ། མང་པོས་བཀུར་བའི་སྡེ་པ་ཁ་ཅིག་གི་འདོད་པའོ། །འདིའང་ཕུང་པོ་ལ་མ་བརྟེན་པར་བདག་ཏུ་ལྟ་བས་སྔར་གྱི་འཇིག་ལྟ་ཉི་ཤུའི་གྲངས་སུ་མ་འདུས་པར་མངོན་ནོ། །གཉིས་པ་ལ་གསུམ་སྟེ། བརྗོད་དུ་མེད་ན་རྫས་སུ་ཡོད་མི་སྲིད། བརྗོད་དུ་མེད་ན་བརྟགས་པར་ཡོད་པར་བསྟན། དངོས་ཆོས་མེད་པས་དངོས་པོར་འགྲུབ་མི་འགྱུར་བའོ། །དང་པོ་ནི། གང་ཕྱིར་སོགས་ཏེ། རྫས་གཞན་དུ་ཡོད་པའི་དཔེ་གཟུགས་སེམས་གཉིས་ལ་འཇོག་པའོ། །གཉིས་པ་ནི། གང་ཕྱིར་སོགས་ཏེ། གཞན་དུ་བརྗོད་དུ་མེད་པའི་དཔེ་བུམ་པ་དང་བུམ་པའི་གཟུགས་སོགས་ལ་འཇོག་པའོ། །གསུམ་པ་ནི། ཁྱོད་ཀྱིས་སོགས་ཏེ། རིགས་པས་དཔྱད་བཟོད་ཀྱི་དངོས་པོ་ཡིན་ན་དེ་ཉིད་དང་གཞན་ཉིད་ལས་མ་འདས་པས། བདག་རིགས་པས་དཔྱད་བཟོད་ཀྱི་དངོས་པོར་མ་གྲུབ་ཅེས་མཇུག་བསྡུ་བའོ། །གཉིས་པ་བརྟེན་ནས་བཏགས་པའི་གང་ཟག་རྣམ་པར་གཞག་པ་ལ་གསུམ་སྟེ། སྔར་བཤད་རིགས་པས་བཏགས་ཡོད་གྲུབ། དེ་ཉིད་ཤིང་རྟའི་དཔེ་དང་སྦྱར། དེ་ལྟར་དཔྱད་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། དེ་ཕྱིར་སོགས་ཏེ། སྔར་ཆོས་ཀྱི་བདག་མེད་སྒྲུབ་པའི་སྐབས་སུ་མཐའ་བཞིའི་སྐྱེ་བ་བདེན་པ་གཉིས་ཆར་དུ་ཡང་བཀག་ཟིན་ནས་དེ་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི ཞེས་སོགས་ཀྱིས་མཐའ་བཞིར་དཔྱད་པའི་ཚེ། སྐྱེ་བ་མ་རྙེད་ཀྱང་ཐ་སྙད་དུ་སྐྱེ་བ་མཐོང་བས་བརྟེན་ནས་འབྱུང་བའི་སྐྱེ་བ་འགྲུབ་པར་བསྟན་པ་བཞིན་འདིར་ཡང་བདག་རྣམ་པ་ལྔར་བཙལ་ན་བདེན་པ་གཉིས་ཆར་དུའང་མི་རྙེད་ཅིང་། ཐ་སྙད་དུ་བདག་གི་ཐ་སྙད་མཐོང་བའི་ཕྱིར་དང་། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པའི་ཡུལ་དུ་གྱུར་བའི་ང་ཙམ་དང་། བདག་ཙམ་དང་། གང་ཟག་ཙམ་དང་། སེམས་ཅན་ཙམ་ཐ་སྙད་བདེན་པའི་དོན་དུ་ཁས་བླངས་ཉེས་པ་སྟེ། ས་བོན་ལས་མྱུ་གུ་སྐྱེ་བ་ཐ་སྙད་དུ་ཁས་བླངས་པ་ལ་བརྟེན་ནས། མཐའ་བཞི་ཆར་བཙལ་ན་མི་རྙེད་པའི་ཆོས་ཀྱི་བདག་མེད་རྟོགས་པའི་བློ་འབྱུང་བ་ལྟར། བདག་དང་སེམས་ཅན་སོགས་ཐ་སྙད་དུ་ཁས་བླངས་པ་ལ་བརྟེན་ནས་རྣམ་པ་ལྔར་བཙལ་ན་མ་རྙེད་པའི་གང་ཟག་གི་བདག་མེད་རྟོགས་པའི་བློ་འབྱུང་བའི་ཕྱིར་དང་། ཚུལ་འདི་སློབ་དཔོན་འདིས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། དོན་དམ་བདེན་པ་ཐབས་བྱུང་དུ་གྱུར་པར་གསུངས་པའི་གནད་དམ་པ་ཡིན་པའི་ཕྱིར་རོ། །འགྲེལ་པར་དེའི་ཕྱིར་བདག་རྟག་པའམ་མ་དམིགས་པར་འདོད་པས་ཀྱང་རུང་སྟེ། ཇི་སྐད་སྨྲས་པའི་རྣམ་པ་དག་གིས་བདག་ཁས་བླང་བར་མི་བྱའོ། །ཞེས་བཤད་པ་ནི། འདི་ནི་ཕུང་པོ་རྣམས་བརྟེན་འགྲུབ་པར་འགྱུར། །ཞེས་བྱ་བའོ། །ཇི་ལྟར་འདི་ལ་བརྟེན་ནས་འདི་འབྱུང་ཞེས་བྱ་བ་འདི་ཙམ་ཞིག་ཀུན་རྫོབ་ཀྱི་བདེན་པའི་རྣམ་པར་བཞག་པ་མ་ཆད་པར་བྱ་བའི་ཕྱིར་ཁས་ལེན་གྱི་རྒྱུ་མེད་པ་ལ་སོགས་པ་དག་ལས་སྐྱེ་བ་མ་ཡིན་པ་དེ་བཞིན་དུ། འདིར་ཡང་བརྟེན་ནས་བརྟགས་པ་ལ་ཡང་དག་པར་བརྟེན་པ་ན། ཇི་སྐད་བཤད་པའི་སྐྱོན་དང་ལྡན་པའི་རྣམ་པ་བསལ་ནས་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པ་ཞེས་བྱ་བ་འདི་ཙམ་ཞིག འཇིག་རྟེན་གྱི་ཐ་སྙད་རྣམ་པར་གནས་པར་བྱ་བའི་ཕྱིར་ཁས་བླང་བར་བྱ་སྟེ། བདག་ཏུ་ཐ་སྙད་བརྟགས་པ་མཐོང་བའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ཤིང་རྟ་རང་ཡིན་སོགས་ཏེ། བདག་རྣམ་པ་ལྔར་བཙལ་ན་མི་རྙེད་ཀྱང་། བརྟེན་ནས་བཏགས་པ་ཙམ་དུ་གྲུབ་པའི་དོན་དེ་ཉིད་ཕྱི་རོལ་གྱི་དཔེའི་སྒོ་ནས་བསྟན་པ་སྟེ། ཚོགས་པ་དང་དབྱིབས་ཤིང་རྟ་ཡིན་པ་འགོག་པ་ནི་དཔེ་ཉིད་ལ་དོགས་པ་གཅོད་པའི་ཆེད་དུ་སློབ་དཔོན་འདིས་བསྣན་པའོ། །གཉིས་པ་ལ་གཉིས་ཏེ། དཔེ་སྒྲུབ། དོན་ལ་སྦྱར་བའོ། །དང་པོ་ལ་གསུམ་སྟེ། རྣམ་བདུན་རིགས་པས་དཔྱད་ན་རྫས་སུ་མེད། མ་དཔྱད་འཇིག་རྟེན་ཉིད་ལས་ཤིང་རྟ་འགྲུབ། རྣམ་བདུན་རིགས་པས་དཔྱད་པའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཚོགས་ཙམ་ཤིང་རྟ་ཉིད་མ་ཡིན། ཚོགས་དབྱིབས་ཤིང་རྟ་ཉིད་མ་ཡིན་པའོ། །དང་པོ་ནི། གལ་ཏེ་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི་སོགས་ཏེ། ཕྱོགས་ལྔ་པོ་དག་ནི་སྔར་བརྟན་ཟིན་པས་འདིར་ཚོགས་པའི་ཕྱོགས་དང་། དབྱིབས་ཀྱི་ཕྱོགས་གཉིས་ལ་དཔྱད་དགོས་པས་ཚོགས་པ་ཤིང་རྟ་ཡིན་པ་ལ་གནོད་བྱེད་ཀྱི་རིགས་པ་སྟོན་པའོ། །གཉིས་པ་ལ་བཞི་སྟེ། ཡན་ལག་མེད་པའི་ཚོགས་དབྱིབས་ཤིང་རྟ་མིན། ཡན་ལག་རེ་རེའི་དབྱིབས་ཀྱང་ཤིང་རྟ་མིན། ཡན་ལག་ཚོགས་པའི་དབྱིབས་ཀྱང་ཤིང་རྟ་མིན། ཚུལ་དེས་རིགས་ཅན་གཞན་ཡང་དེ་ལྟར་གྲུབ་པའོ། །དང་པོ་ནི། གང་ཕྱིར་ཡན་ལག་ཅན་མེད་ཡན་ལག་དག མེད་པས་སོགས་ཏེ། ཕ་རོལ་པོས་ཡན་ལག་ཅན་རྫས་སུ་མེད་ཅིང་། ཡན་ལག་རྫས་སུ་འདོད་པ་ལ་ཁས་བླངས་ནང་འགལ་སྟོན་པའོ། །གཉིས་པ་ནི། ཁྱོད་དབྱིབས་སོགས་སོ། །གསུམ་པ་ནི། གང་ཕྱིར་སོགས་ཏེ་ཡན་ལག་ཚོགས་པ་རྫས་སུ་མེད་པས་དེ་ལ་དབྱིབས་སུ་འདོགས་པ་འགལ་ཅེས་པ་སྟེ། ཕ་རོལ་པོ་གདགས་གཞི་རྫས་ཡོད་ལ་གདགས་ཆོས་བཏགས་ཡོད་བཏགས་པར་འདོད་པ་ལ་ཁས་བླངས་ནང་འགལ་སྟོན་པའོ། །གལ་ཏེ་ཚོགས་པ་མི་བདེན་པ་ལ་དབྱིབས་མི་བདེན་པ་བཏགས་པའོ་སྙམ་ན་དེ་ལྟར་ན་བརྟེན་ནས་བཏགས་པ་ཐམས་ཅད་ལ་དེ་ལྟར་འདོད་པར་གྱིས་ཤིག་ཅེས་པའོ། །ཁ་ཅིག་༥༠ཕ་རོལ་པོས་བཏགས་ཡོད་ཀྱི་དངོས་པོ་རྣམས་རང་རྐྱ་ཐུབ་པའི་རྫས་ཡོད་དེ་གདགས་གཞིར་ཡོད་པ་ལ་བརྟེན་ནས་འདོགས་པར་ཁས་ལེན་ཅིང་ཚོགས་པ་དང་དབྱིབས་གཉིས་ལ་ཡང་བཏགས་ཡོད་དུ་འདོད་པའི་ཚོགས་དབྱིབས་ཀྱི་གདགས་གཞིར་འདོད་ན་འགལ་བ་ཙམ་ལས་མ་མཛད་ཀྱང་ཞེས་བྲིས་པ་ནི་འགྲེལ་པར་གང་འགའ་ཞིག་གསུང་རབ་ཀྱི་དོན་ཕྱིན་ཅི་ལོག་ཏུ་རྟོགས་པས་ཡན་ལག་ཚོགས་པ་ཙམ་ཞིག་ཡོད་ཀྱི་ཡང་ཡན་ལག་ཅན་ནི་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ཏེ་ཞེས་ཕ་རོལ་པོས་ཡན་ལག་ཕྱི་རོལ་རྫས་སུ་ཡོད་པར་ཁས་བླངས་པར་གསུངས་པ་དང་འགལ་ལོ། །བཞི་པ་ནི། འདིས་ནི་སོགས་སོ། །གཉིས་པ་མ་དཔྱད་འཇིག་རྟེན་ཉིད་ལས་ཤིང་རྟ་འགྲུབ་པ་ལ་གཉིས་ཏེ། བརྟན་ནས་བཏགས་ཚེ་ཤིང་རྟའི་ཐ་སྙད་འགྲུབ། ཚུལ་དེས་ཡན་ལག་ཅན་སོགས་ཐ་སྙད་འགྲུབ་པའོ། །དང་པོ་ནི། དེ་ནི་སོགས་ཏེ། གལ་ཏེ་རྣམ་པ་བདུན་གྱིས་བཙལ་བ་ན་ཤིང་རྟ་ཡོད་པ་མ་ཡིན་པས་འཇིག་རྟེན་ན་ཤིང་རྟའི་ཐ་སྙད་འདོགས་པ་དེ་རྒྱུན་ཆད་པར་འགྱུར་ལ། དེ་ལྟར་ན་ཤིང་རྟ་འོན་ཅིག ཤིང་རྟ་ཉོས་ཤིག ཤིང་རྟ་ཆོས་ཤིག་ཅེས་བྱ་བ་ལ་སོགས་པ་མཐོང་བ་དང་འགལ་ལོ། །དེའི་ཕྱིར་འཇིག་རྟེན་ན་གྲགས་པའི་ཕྱིར་ན་ཤིང་རྟ་ལ་སོགས་པ་ཡོད་པ་ཉིད་དུ་བརྗོད་པར་བྱའོ་ཞེ་ན་ཉེས་པ་འདི་ནི་ཁྱོད་ཁོ་ན་ལ་འགྱུར་ཏེ། རྣམ་པ་བདུན་གྱིས་བཙལ་ན་ཤིང་རྟ་མི་རྙེད་ཅིང་། ཁྱོད་ཀྱིས་ཤིང་རྟ་རྣམ་པར་དཔྱད་ནས་འཇོག་པར་བྱེད་ལ། མ་དཔྱད་པར་འགྲུབ་པའི་ཐབས་གཞན་ཁས་མ་བླངས་པའི་ཕྱིར་རོ། །ཁོ་བོ་ཅག་ལ་ནི་ཉེས་པ་འདི་མེད་དེ། རྣམ་པ་བདུན་གྱིས་མ་དཔྱད་པར་བརྟེན་ནས་བཏགས་པ་ཙམ་ཞིག་ཁས་བླངས་པས་འཇིག་རྟེན་གྱི་ཐ་སྙད་རྒྱུན་ཆད་པའི་ཉེས་པ་མེད་པའི་ཕྱིར་རོ། །ཞེས་པ་སྟེ། རིགས་པ་འདིས་དེང་སང་བོད་ཀྱི་ཐལ་འགྱུར་བ་འཇིག་རྟེན་རྒྱང་འཕེན་པ་ལྟར་ཐ་སྙད་གང་ཡང་ཁས་མི་ལེན་པ་ཐམས་ཅད་བཀག་པར་ཤེས་པར་བྱའོ། །གཉིས་པ་ནི། དེ་ཉིད་སོགས་ཏེ། ཤིང་རྟའི་ཐ་སྙད་འཇིག་རྟེན་ལ་གྲགས་པའི་སྒོ་ནས་གྲུབ་པར་མ་ཟད་འདིའི་མིང་གི་ཁྱད་པར་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་དང་། ཆ་ཤས་ལ་ལྟོས་ནས་ཆ་ཤས་ཅན་ལ་སོགས་པ་ཐམས་ཅད་ཀྱང་འཇིག་རྟེན་ལ་གྲགས་པའི་སྒོ་ནས་བརྟེན་ནས་བཏགས་པ་ཙམ་ཞིག་སྒྲུབ་པར་བསྟན་པའོ། །གལ་ཏེ་ཡན་ལག་དང་ཆ་ཤས་དང་ཉེ་བར་ལེན་པ་བྱ་བ་དང་། ཉེ་བར་ལེན་པ་ནི་རྫས་སུ་ཡོད་ཀྱི་ཡན་ལག་ཅན་ལ་སོགས་པ་མེད་པར་འདོད་པ་ཁྱོད་ལ་རིགས་པ་དེ་ཉིད་ཀྱིས་ཡན་ལག་ལ་སོགས་པ་ཡང་མི་རྙེད་པའི་འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག་ཅེས་འདི་ནི་བཟློག་པར་བྱ་བ་ཁོ་ནའོ། །གསུམ་པ་རྣམ་བདུན་རིགས་པས་དཔྱད་པའི་ཕན་ཡོན་བསྟན་པ་ལ་གཉིས་ཏེ། གནས་ལུགས་དོན་ལ་འཇུག་པར་བསྟན། ཡན་ལག་ཅན་སོགས་ཁེགས་པར་བསྟན་པའོ། །དང་པོ་ནི། རྣམ་བདུན་སོགས་སོ། །གཉིས་པ་ནི་ཤིང་རྟ་སོགས་ཏེ། ཤིང་རྟ་ཞིག་པའི་ཚེ་འཕང་ལོ་སོགས་དམིགས་པ་མ་ཡིན་ནམ་ཅིའི་ཕྱིར་ཡན་ལག་ཅན་མེད་པར་ཡན་ལག་དེ་དག་མེད་པར་བརྗོད་ཅེ་ན། དེ་ནི་མ་ཡིན་ཏེ་ཤིང་རྟ་དང་འབྲེལ་བའི་ཚེ་འཕང་ལོ་ལ་སོགས་པ་འདི་དག་ནི་ཤིང་རྟའི་ཡིན་ནོ་སྙམ་དུ་རྟོགས་ཀྱི་ཤིང་རྟ་ཞིག་པའི་ཚེ་དེ་ལྟར་མི་རྟོགས་པར་འདི་ནི་འཕང་ལོའོ་ཞེས་སོགས་ཙམ་ཞིག་རྟོགས་པའི་ཕྱིར། དེའི་དཔེ་ཚིག་རྐང་ཕྱི་མ་གཉིས་ཀྱིས་སྟོན་ཏེ། འདི་ནི་སློབ་དཔོན་འདིའི་རིགས་པ་གྲུབ་མཐའ་འོག་མ་ལ་གནས་པ་རྣམས་ཀྱི་བློ་ཡུལ་དུ་ཡང་མི་འཆར་བའི་ཁྱད་པར་བ་ཞིག་གོ །གཉིས་པ་དོན་ལ་སྦྱར་བ་ལ་བཞི་སྟེ། བརྟེན་ནས་བརྟག་ཚེ་ལེན་པ་པོ་སོགས་འགྲུབ། རྣམ་པར་དཔྱད་ཚེ་སྤྲོས་པ་མ་ལུས་བཟློག ངར་འཛིན་དམིགས་པ་གཏི་མུག་དབང་གིས་བཞག ཚུལ་དེས་བདག་གི་བ་ཡང་ཁེགས་པར་བསྟན་པའོ། །དང་པོ་ནི། དེ་བཞིན་སོགས་ཏེ། ཤིང་རྟ་དང་ཤིང་རྟའི་ཡན་ལག་དཔེར་བྱས་ནས་བདག་དང་ཕུང་སོགས་ལའང་ཉེ་བར་ལེན་པ་པོ་དང་། ཉེ་བར་བླང་བྱ་སོགས་ཀྱི་ཐ་སྙད་མ་དཔྱད་པའི་བློ་ངོར་གྲུབ་ཅེས་པའོ། །གཉིས་པ་ནི། དངོས་ཡོད་སོགས་ཏེ། རྣམ་པར་དཔྱད་པའི་ཚེ་ན་དགག་པ་དང་སྒྲུབ་པའི་ཐ་སྙད་ཐམས་ཅད་བཟློག་ཅེས་པའོ། །གསུམ་པ་ནི། གང་ལ་སོགས་ཏེ། གང་ལ་དམིགས་ནས་བདག་འཛིན་འབྱུང་བའི་དམིགས་པའི་ཡུལ་གྱི་བདག་དེ་ནི་གནས་ལུགས་མི་ཤེས་པའི་མ་རིག་པའི་དབང་གིས་མ་བརྟག་པའི་བློ་ངོར་གྲུབ་པ་ཡིན་པས་དེ་འཛིན་པའི་བློ་ནི་མ་རིག་པ་ཡིན་ཞེས་པའོ། །བཞི་པ་ནི། གང་ཕྱིར་སོགས་སོ། །གསུམ་པ་དེ་ལྟར་དཔྱད་པའི་འབྲས་བུ་བསྟན་པ་ནི། དེ་ཕྱིར་སོགས་སོ། །གསུམ་པ་རིགས་པའི་ཚུལ་དེ་དངོས་པོ་ཀུན་ལ་བསྒྲེ་བ་ལ་གསུམ་སྟེ། བརྟེན་ནས་བཏགས་པའི་དངོས་པོ་ཀུན་ལ་བསྒྲེ། ཁྱད་པར་བྱ་བྱེད་དངོས་པོ་ཀུན་ལ་བསྒྲེ། རྒྱུ་དང་འབྲས་བུ་དངོས་པོ་ཀུན་ལ་བསྒྲེ་བའོ། །དང་པོ་ནི། བུམ་པ་སོགས་ཏེ། འོག་གི་དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་ཞེས་སོགས་ཚིག་རྐང་གཉིས་སྦྱར་ཏེ། ཇི་ལྟར་བདག་དང་ཕུང་པོའི་གདགས་པ་ཤིང་རྟའི་རྣམ་དཔྱད་དང་མཚུངས་པ་དེ་བཞིན་དུ་དངོས་པོ་གཞན་རྣམས་ཀྱི་ཡང་ཡིན་ནོ་ཞེས་བསྒྲེ་བའི་ཕྱིར་ཡིན་ནོ། །དེར་མ་ཟད་ཐ་སྙད་གང་དག་གི་སྒོ་ནས་སྐྱེ་བོ་འདིས་ཐ་སྙད་བསྙད་པ་དེ་རྣམས་ཀྱང་རྟོགས་པར་བྱ་སྟེ། འཇིག་རྟེན་གྱི་གྲགས་པ་ལ་གནོད་པར་མི་བྱ་བའི་ཕྱིར་རོ། །གཉིས་པ་ནི། ཡན་ལག་སོགས་ཏེ། ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་ཐམས་ཅད་ལ་ཡང་ཤིང་རྟའི་རྣམ་དཔྱད་མཚུངས་ཅེས་པའོ། །གསུམ་པ་ལ་གསུམ་སྟེ། རིགས་པ་སྔ་མས་རྒྱུ་འབྲས་རང་བཞིན་མེད། ཕྲད་དང་མ་ཕྲད་དཔྱད་ཚེ་རང་བཞིན་མེད། དེ་ལ་རང་ལ་མཚུངས་སོགས་སྐྱོན་གཉིས་སྤང་བའོ། །དང་པོ་ནི། གལ་ཏེ་སོགས་ཏེ། རྒྱུ་དང་འབྲས་བུ་ཡང་ཡན་ལག་དང་། ཡན་ལག་ཅན་ལྟར་ཕན་ཚུན་ལྟོས་ནས་འཇོག་པས་རྣམ་པར་དཔྱད་པའི་ཚེ་མི་རྙེད་ཀྱང་མ་དཔྱད་པ་འཇིག་རྟེན་གྱི་གྲགས་པའི་སྒོ་ནས་འགྲུབ་ཅེས་པའོ། །གཉིས་པ་ནི། གལ་ཏེ་སོགས་ཏེ། ཚིགས་བཅད་དང་པོས་རྒྱུ་འབྲས་ཕྲད་མ་ཕྲད་དཔྱད་པའི་ཚེ་མི་རྙེད་ཅིང་། དེ་གཉིས་ལས་གཞན་དུ་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་ཀྱང་མེད་པས་རྒྱུ་འབྲས་རང་བཞིན་གྱིས་མ་གྲུབ་ཅེས་སྟོན་ལ། ཚིགས་བཅད་ཕྱི་མས་དེ་ལྟ་བུའི་དཔྱད་པ་མེད་པར་ཕན་ཚུན་ལྟོས་ནས་རྒྱུ་འབྲས་འཇིག་རྟེན་ན་གྲགས་པའི་སྒོ་ནས་ཁས་བླངས་ཞེས་པའོ། །གསུམ་པ་ལ་གཉིས་ཏེ། རྩོད་པ་འགོད། སུན་འབྱིན་བཤད་པའོ། །དང་པོ་ནི་སུན་འབྱིན་སོགས་ཏེ། རྒྱུས་འབྲས་བུ་ཕྲད་ནས་བསྐྱེད་དམ་མ་འཕྲད་པར་བསྐྱེད་ཅེས་པའི་རིགས་པ་འདི་དབུ་མ་པ་ཁྱོད་ཀྱི་སུན་འབྱིན་གྱིས་སུན་དབྱུང་བྱ་སུན་འབྱིན་པ་ལ་ཡང་མཚུངས་པས། སུན་དབྱུང་བྱ་སུན་འབྱིན་མི་ནུས་པར་འགྱུར་རོ། །གཞན་ཡང་དབུ་མ་པ་ཁྱོད་སྐྱེ་བོ་དམ་པས་བཞེད་པར་མི་འགྱུར་ཏེ། གོང་དུ་བཤད་པ་ལྟར་རང་གི་ཚིག་ལའང་ཐལ་བ་མཚུངས་པའི་ལྟག་ཆོད་སྨྲས་པའི་ཕྱིར་དང་། མ་ཕྲད་པར་མཚུངས་པས་སྐྱེད་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་འདིའང་དངོས་པོ་མཐའ་དག་ལ་བསྐུར་པ་འདེབས་པ་ཡིན་པའི་ཕྱིར་ཏེ། ཁབ་ལེན་གྱིས་མ་ཕྲད་པར་རུང་བའི་ཡུལ་ན་གནས་པའི་ལྕགས་འདྲེན་པ་བཞིན་དུ་མིག་གིས་མ་ཕྲད་པར་རུང་བའི་ཡུལ་ན་གནས་པའི་གཟུགས་འཛིན་པའི་ཕྱིར་རོ། །གཞན་ཡང་སུན་ཅི་ཕྱིན་དུ་རྒོལ་པ་ཉིད་དུའང་འགྱུར་ཏེ། རང་གི་ཕྱོགས་གཞག་པ་དང་བྲལ་ཞིང་གཞན་གྱི་ཕྱོགས་སེལ་བ་ཙམ་ལ་ཞུགས་པའི་ཕྱིར་རོ་ཞེ་ན། གཉིས་པ་ལ་གཉིས་ཏེ། ཁས་བླངས་མེད་པས་རྩོད་པ་སེལ། སུམ་འབྱིན་ལྷག་མས་རྩོད་པ་སེལ་བའོ། །དང་པོ་ལ་བཞི་སྟེ། བདེན་ཕྱོགས་མེད་པས་རྩོད་པའི་ཉེས་མི་མཚུངས། མ་དཔྱད་ཚེ་ན་བྱ་བྱེད་འཐད་པའི་དཔེ། དཔྱད་པའི་ཉེས་པ་གཞན་སྐྱོན་ཁོ་ནར་བསྟན། རང་བཞིན་སྒྲུབ་པའི་གཏན་ཚིགས་དགོས་པ་མེད་པའོ། །དང་པོ་ནི། སུན་འབྱིན་སོགས་ཏེ། སུན་དབྱུང་བྱ་དང་འབྱིན་བྱེད་རང་བཞིན་གྱིས་གྲུབ་པའི་ཕྱོགས་ཁས་མ་བླངས་པས་རང་གི་ཚིགས་ལ་ཐལ་བ་མཚུངས་པའི་ལྟག་ཆོད་དུ་མི་འགྱུར་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། སུན་འབྱིན་བྱ་བྱེད་འཐད་པའི་དཔེ། སྒྲུབ་པའི་བྱ་བྱེད་འཐད་པའི་དཔེའོ། །དང་པོ་ནི། ཇི་ལྟར་སོགས་ཏེ། ཕྲད་མ་ཕྲད་ཀྱི་དཔྱད་པ་བོར་ནས་བརྟེན་ནས་བཏགས་པ་ཙམ་གྱི་སུན་དབྱུང་བྱ་སུན་འབྱིན་པའི་རྣམ་གཞག་འཐད་ཅེས་པའོ། །གཉིས་པ་ནི། མི་བདེན་སོགས་ཏེ། དངོས་པོ་བཏགས་ཡོད་དུ་ཁས་བླངས་པ་དབུ་མ་པའི་ཕྱོགས་ལ་ཕྲད་མ་ཕྲད་ཀྱི་རིགས་པས་རྣམ་པ་ཐམས་ཅད་དུ་གླགས་མི་རྙེད་དོ། །ཇི་སྐད་དུ་འཕགས་པའི་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་བྱ་བ་དང་། རྩ་ཤེར་ལས། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་རྩོད་པ་བོར་ནས། ཐ་སྙད་དུ་བསྒྲུབ་བྱ་སྒྲུབ་བྱེད་འཐད་པའི་དཔེ་ནི་མེ་ལོང་གི་གཟུགས་བརྙན་ལ་རང་གི་བྱད་བཞིན་མཛེས་པར་སྒྲུབ་པའི་ནུས་པ་ཡོད་པར་བཀོད་པའོ། །འདིས་ནི་སྐྱེད་པར་བྱེད་པའི་རྒྱུ་ཁས་ལེན་ཚུལ་ཡང་ཤེས་པར་བྱའོ། །སྔར་གྱི་རྩོད་པ་དེ་དག་གི་ལན་དུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མའི་བསྟན་བཅོས་འདིར་སྐྱེད་བྱེད་ཀྱི་རྒྱུ་སྐབས་སུ་བབ་ཀྱི། གསལ་བར་བྱེད་པའི་རྒྱུ་ནི་མ་ཡིན་ལ། ཁྱོད་ཀྱིས་ཕྲད་མ་ཕྲད་ཀྱི་རྒོལ་བ་ནི་གསལ་བར་བྱེད་པའི་རྒྱུ་ལ་སྨྲས་པ་ཡིན་གྱི། སྐྱེད་པར་བྱེད་པའི་རྒྱུ་ལ་ནི་མ་ཡིན་པས་ཁོ་བོ་ཅག་གི་ཚིག་རྣམས་ལ་ལྟག་ཆོད་ཀྱི་སྐབས་མེད་དོ་ཞེས་སྨྲ་བར་བྱེད་པ་ནི་འདིའི་ལན་མ་ཡིན་ཏེ། གཞན་གྱི་གླགས་དང་བཅས་པའི་ལན་བརྗོད་ན་ཕ་རོལ་པོ་མི་བཟོད་ལ། སྐྱེད་བྱེད་ཀྱི་རྒྱུ་ལ་བདེན་པར་ཁས་བླངས་ན་ཕྲད་མ་ཕྲད་ཀྱི་དཔྱད་པ་འཇུག་པ་ལྟར་གསལ་བྱེད་ཀྱི་རྒྱུ་ལའང་རང་བཞིན་གྱིས་གྲུབ་པར་ཁས་བླངས་ན་སྐྱོན་འདི་འཇུག་པར་མཚུངས་པའི་ཕྱིར་རོ། །གཞན་ཡང་ལེགས་ལྡན་འདིས་དབུ་མའི་བསྟན་བཅོས་སུ་རང་བཞིན་མེད་པར་དམ་བཅས་པའི་དོན་སྒྲུབ་པའི་ཕྱིར་དུ་བཀོད་པའི་སྒྲུབ་བྱེད་ལ་གཞན་གྱིས་སུན་འབྱིན་པ་བཀོད་པ་རྣམས་ཀྱི་སྐྱོན་སྤོང་ལ་ལྟག་ཆོད་ཀྱི་ལན་སྨྲ་བར་བྱེད་པས་འདི་ནི་གཞན་གྱིས་སུན་དབྱུང་བར་བྱ་བ་ཁོ་ན་ཡིན་ནོ། །དེས་ན་ཁོ་བོ་ཅག་གིས་རང་བཞིན་གྱིས་གྲུབ་པའི་ཕྱོགས་ཁས་བླངས་ན་སྐྱེད་བྱེད་དང་གསལ་བྱེད་ཀྱི་རྒྱུ་གཉིས་ཀ་ལ་ཡང་ཕྲད་མ་ཕྲད་ཀྱི་དཔྱད་པ་འཇུག་པས་དེ་ཁས་མི་ལེན་ཞེས་པའི་ལན་ཁོ་ན་མཛེས་སོ། །གསུམ་པ་ནི། གལ་ཏེ་སོགས་སོ། །བཞི་པ་ནི། དངོས་རྣམས་སོགས་ཏེ། དངོས་པོར་རང་བཞིན་མེད་པར་བསྒྲུབ་པའི་དཔེ་རྨི་ལམ་དང་སྒྱུ་མ་སོགས་ཡོད་པས་རང་བཞིན་མེད་པར་རྟོགས་སུ་གཞུག་པར་ནུས་ལ་དངོས་པོ་བདེན་པར་བསྒྲུབ་པའི་དཔེ་མེད་པས་དེ་རྟོགས་སུ་གཞུག་པར་མི་ནུས་སོ། །དེའི་ཕྱིར་རྟོགས་གེ་བ་ཁྱོད་ལྷན་སྐྱེས་ཀྱི་བདེན་འཛིན་དར་གྱི་ཁ་ཆུས་བཏུམས་པའི་སྟེང་དུ་ཀུན་བཏགས་ཀྱི་བདེན་འཛིན་གྱི་རྒྱ་སྲན་ཏེ་མ་བཙུགས་ཏེ་འཇིག་རྟེན་བསླུ་བར་མ་བྱེད་ཅིག་ཅེས་པའོ། །གཉིས་པ་ནི། སུན་འབྱིན་སོགས་ཏེ། སུན་འབྱིན་ལྷག་མ་གོང་དུ་བསྟན་པ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་བཞག་པའི་སྐབས་སུ་མཐའ་བཞིའི་སྐྱེ་བ་བཀག་ནས་བརྟེན་ནས་འབྱུང་བའི་སྐྱེ་བ་ཁས་བླངས་པ་དང་། བརྟེན་ནས་བཏགས་པ་རྣམ་པར་གཞག་པའི་སྐབས་སུ་གང་ཟག་རྣམ་པ་བདུན་བཙལ་ན་མི་རྙེད་ཀྱང་བརྟེན་ནས་བཏགས་པའི་གང་ཟག་ཁས་བླངས་པ་གཉིས་ཡིན་ལ། དེ་ཉིད་འདིར་ཕྲད་ནས་བསྐྱེད་དམ་མ་ཕྲད་པར་བསྐྱེད་ཅེས་པའི་སུན་འབྱིན་གྱི་ལན་གྱི་ཆེད་དུ་བཏང་བར་བྱ་སྟེ། དེར་ཆོས་དང་གང་ཟག་རང་བཞིན་གྱིས་འགྲུབ་པའི་ཕྱོགས་ལ་གནོད་བྱེད་བརྗོད་པ་ཐམས་ཅད་འདིར་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པའི་ཕྱོགས་ལ་བརྗོད་ནུས་པའི་ཕྱིར་དང་། དེར་རང་ཕྱོགས་ལ་སྐྱོན་སྤོང་ཚུལ་གྱི་རྣམ་བཞག་རྣམས་འདིར་རང་ལ་ཕྲད་མ་ཕྲད་ཀྱི་དཔྱད་པ་མི་མཚུངས་པའི་ལན་དུ་ཡང་འགྱུར་བའི་ཕྱིར་རོ། །སུན་ཅི་ཕྱིན་གྱི་རྒོལ་བར་མི་འགྱུར་བ་ཡང་སྔར་བཤད་ཟིན་ཏེ། རྟོག་རྣམས་ལོག་པར་འགྱུར་བ་གང་ཡིན་པ། །རྣམ་པར་དཔྱོད་པའི་འབྲས་བུ་མཁས་རྣམས་གསུངས། །ཞེས་རྣམ་པར་རྟོག་པ་ལྡོག་པ་ཉིད་བརྗོད་པར་འདོད་ཀྱི་དོན་དམ་པར་སུས་ཀྱང་རང་གི་ཕྱོགས་མ་བཞག་ཅིང་གཞན་གྱི་ཕྱོགས་བཟློག་པ་ཡང་མེད་པའི་ཕྱིར་རོ། །རང་གི་ཚིག་ལ་ཐལ་བ་མཚུངས་པའི་རྩོད་པ་དང་། སུན་ཅི་ཕྱིན་དུ་རྒོལ་བར་ཐལ་བའི་རྩོད་པ་གཉིས་ལ་གནོད་བྱེད་དུ་བརྗོད་པའི་སུན་འབྱིན་གྱི་ལྷག་མ་དངོས་པོ་མཐའ་དག་ལ་སྐུར་པ་འདེབས་པར་ཐལ་བའི་རྩོད་པའི་སུན་འབྱིན་བདེན་གཉིས་ཀྱི་ལན་གྱི་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱ་སྟེ། ཐ་སྙད་དུ་རྟེན་འབྱུང་གི་སྐྱེ་བ་ཁས་བླངས་པ་ཡིན་ལ། དོན་དམ་པར་ནི་སྐུར་པ་གདབ་པར་བྱ་བའི་ཡུལ་དང་། འདེབས་པ་པོ་གཉིས་ཀ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །འདི་དག་ལ་སྔ་མ་དག་བདག་མེད་རིགས་པས་བསྒྲུབ་པ་ཞེས་དང་། འདི་མན་ཆད་ལ་ལུང་གིས་སྒྲུབ་པ་ཞེས་པའི་ས་བཅད་མཛད་མོད་ཀྱིས་སློབ་དཔོན་འདིའི་བཞེད་པ་ནི་མཐའ་བཞིར་དཔྱད་ནས་ཕུང་པོ་བདེན་པའི་སྐྱེ་མེད་དུ་རྟོགས་པ་མེད་པར་གང་ཟག་གི་བདག་མེད་མི་རྟོགས་པས་སྔར་བཤད་པ་དེ་དག་ནི་ཐེག་པ་གསུམ་ཆར་གྱི་ཐུན་མོང་གི་རྟོགས་བྱའི་དབང་དུ་བྱས་པ་ཡིན་ལ། ཆོས་ཀྱི་བདག་མེད་དེ་ཉིད་རྒྱས་པར་ཕྱེ་ནས་ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་རྟོགས་བྱ་འདི་མན་ཆད་ཀྱིས་སྟོན་པར་བཞེད་དེ། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་སྒྲུབ་བཞིན་དུ། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཞེས་པའི་འགྲེལ་པར་དེ་ལ་གང་ཟག་གི་བདག་མེད་པ་ནི་རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་རྣམ་པར་གྲོལ་བའི་ཕྱིར་བསྟན་ལ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་གཉིས་ཀ་བསྟན་ཏོ། །ཞེས་དང་། རྩ་བར། ཐེག་ཆེན་དུ་ཡང་བཤད་པ་ཡིན་ཞེས་དང་། ཉན་རང་ལ་ཆོས་ཀྱི་བདག་མེད་རྫོགས་པར་བསྒོམ་པ་མེད་པར་གསུངས་པ་རྣམས་གུང་མཐུན་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་ད་ནི་སྤྱི་དོན་གཉིས་པ་ཐེག་པ་ཆེན་པོས་རྟོགས་བྱའི་སྟོང་ཉིད་བཤད་པ་ལ་བཞི་སྟེ། དགོས་པའི་སྒོ་ནས་རྒྱས་པར་ཕྱེ་བའི་ཚུལ། དེ་ཉིད་ཐེག་པ་ཆེན་པོའི་རྟོགས་བྱར་བསྟན། སྟོང་གཞིའི་ཆོས་ཅན་སྒོ་ནས་རྒྱས་པར་བཤད། ལུང་ཁུངས་སྨྲོས་ཏེ་སྔར་གྱི་འཇུག་སྡུད་བསྟན་པའོ། །དང་པོ་ནི། བདག་མེད་སོགས་ཏེ། འདིའི་འགྲེལ་པར་སྔར་དྲངས་པའི་དེ་མ་ཐག་ཏུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི་དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པ་བསྒོམ་པ་མེད་དོ། །ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ་ཞེས་གསུངས་ལ། དེའི་དོན་ལ་ཁ་ཅིག༥༡ སྔར་བཤད་པ་ལྟར་གྱི་ཆོས་ཀྱི་བདག་མེད་པ་རྣམ་གྲངས་དང་། དུས་ཀྱི་སྒོ་ནས་ཡོངས་སུ་རྫོགས་པར་བསྒོམ་པ་མེད་པ་སྟེ་ཞེས་དང་། ཉོན་མོངས་ཀྱི་ས་བོན་གྱི་གཉེན་པོ་རྫོགས་པར་བསྒོམ་པ་ཡོད་ལ། ཤེས་བྱའི་སྒྲིབ་པའི་གཉེན་པོ་རྫོགས་པར་བསྒོམ་པ་ནི་མེད་དོ་ཞེས་བྲིས་པ་ནི། མ་དག་ས་བདུན་གྱི་སྐབས་སུ་ཤེས་སྒྲིབ་ཀྱི་གཉེན་པོ་མེད་པར་འདོད་པ་དང་འགལ་ཏེ། རྣམ་གྲངས་དང་དུས་ཀྱི་སྒོ་ནས་ཆོས་ཀྱི་བདག་མེད་རྒྱས་པར་བསྒོམ་པ་ཉོན་སྒྲིབ་ཙམ་སྤོང་བ་ལ་ངེས་པར་དགོས་སམ་མི་དགོས། དང་པོ་ལྟར་ན་ཉན་རང་ལ་དེ་མེད་པར་འདོད་པ་དང་འགལ་ལ། ཕྱི་མ་ལྟར་ན་མ་དག་ས་བདུན་གྱི་སྐབས་སུ་དེས་ཅི་ཞིག་བྱ། ལེགས་པར་སོམས་ཤིག གཉིས་པ་ནི། སྤྲོས་དང་སོགས་ཏེ། ཇི་སྐད་དུ་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱ་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཞེས་གསུངས་སོ། །དེ་སྐད་དུ་སྟོང་པ་ཉིད་བཅུ་དྲུག་བསྟན་ནས། རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། དངོས་པོ་མེད་པ་ནི་དངོས་མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །ཞེས་སླར་ཡང་སྟོང་པ་ཉིད་བཞི་བསྟན་ཏོ། །སྟོང་པ་ཉིད་འདི་རྣམས་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །སྟོང་པ་ཉིད་དམ་སྟོང་པ་ཉིད་མ་ཡིན་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུས་གདུལ་བྱའི་སྐྱེ་བོའི་དབང་གིས་གཟུགས་ལ་སོགས་པ་ལྟར་ཀུན་རྫོབ་ཏུ་བསྙད་པར་ཟད་དོ། །ཞེས་གསུངས་སོ། །གསུམ་པ་ལ་གཉིས་ཏེ། རྒྱས་པའི་རབ་དབྱེ་བཅུ་དྲུག་བཤད། བསྡུས་པའི་རབ་དབྱེ་རྣམ་བཞི་བཤད་པའོ། །དང་པོ་ལ་བཅུ་དྲུག་ཡོད་པ་ལས། དང་པོ་ནང་སྟོང་པ་ཉིད་ནི་གང་ཕྱིར་སོགས་ཏེ། ཚིག་རྐང་དང་པོ་གཉིས་ཀྱིས་མིག་རང་གི་ངོ་བོས་སྟོང་པ་མིག་གི་རང་བཞིན་ཡིན་པས་ནང་སྟོང་པ་ཉིད་དུ་བསྟན་ཅིང་། དེ་ནས་གཉིས་ཀྱིས་སྐྱེ་མཆེད་གཞན་ལྔ་ལ་མཚོན་པར་བསྟན། དེ་ནས་གཉིས་ཀྱིས་རང་བཞིན་གྱི་སྟོང་པའི་སྒྲུབ་བྱེད་བསྟན། ཕྱི་མ་གཉིས་ཀྱིས་ནང་གི་སྐྱེ་མཆེད་དྲུག་གི་རང་བཞིན་མེད་པ་ཉིད་ནང་སྟོང་པ་ཉིད་དུ་བསྟན་ཏེ། དེས་སྟོང་ཉིད་གཞན་རྣམས་ལའང་མཚོན་པའོ། །འདིར་ཁ་ཅིག་༥༢པ་ཚབ་ཀྱི་འགྱུར་ལས། ཐེར་ཟུག་ཏུ་གནས་པ་མ་ཡིན་པ་ནི་རང་བཞིན་མི་འདོར་བ་ལ་བྱའོ། །དེའང་དུས་ཅུང་ཞིག་གནས་ནས་ལྡོག་པར་འགྱུར་བས་འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། དངོས་པོ་གང་ཞིག་རང་བཞིན་དང་བཅས་པ་དེ་ཉིད་ནི་གོར་མ་ཆག་པར་ཐེར་ཟུག་མ་ཡིན་པ་དང་། མི་རྟག་པ་ཞིག་ཏུ་འགྱུར་དགོས་སོ་ཞེས་བསྒྱུར་བ་ནི་འགྱུར་འཆུགས་པ་འདྲ་སྟེ། ཐེར་ཟུག་ཏུ་གནས་པ་རང་བཞིན་མི་འདོར་བ་ལ་འཆད་དགོས་པའི་ཕྱིར་དང་། རང་བཞིན་དང་བཅས་ན་ཐེར་ཟུག་མ་ཡིན་པ་དང་། མི་རྟག་པ་ཞིག་ཏུ་འགྱུར་དགོས་ན་རང་བཞིན་མེད་པའི་སྒྲུབ་བྱེད་དུ་དེ་གཉིས་བཀོད་པ་དང་འགལ་བའི་ཕྱིར་རོ། །དེས་ན་ནག་མཚོའི་འགྱུར་ལ་དངོས་པོ་གང་ཞིག་རང་བཞིན་གྱིས་ཡོད་པ་དེ་ནི་ཐེར་ཟུག་ཏུ་གནས་པའམ་ཉམས་པར་འགྱུར་བ་ཞིག་ཏུ་འགྱུར་རོ། །ཞེས་བསྒྱུར་བ་ལྟར་ལེགས་སོ་ཞེས་བྲིས་པ་ནི་མི་འཐད་དེ། ཐེར་ཟུག་གི་སྐད་དོད་ཀུ་ཊེཥྛ་ཞེས་པ་བརྩེགས་པའམ། བསགས་པའམ། བྱས་པ་ལ་འཇུག་པས། མིག་སོགས་ཀྱི་རང་བཞིན་སྟོང་པ་ཉིད་ནི་རང་བཞིན་ཡིན་ཏེ། ཐེར་ཟུག་གནས་པ་སྟེ་བྱས་པ་མ་ཡིན། འཇིག་པ་སྟེ་མི་རྟག་པ་མ་ཡིན་པའི་ཕྱིར་ཞེས་པའི་དོན་དུ་འཆད་དགོས་པའི་ཕྱིར་རོ། །འདི་ནི་རྩ་ཤེར་ལས། རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པའི་དོན་ཡིན་ནོ། །ཕྱི་སྟོང་པ་ཉིད་ནི། གང་ཕྱིར་སོགས་སོ། །གཉིས་ཀ་སྟོང་པ་ཉིད་ནི། གཉིས་ཆར་སོགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ནི། ཆོས་རྣམས་སོགས་ཏེ། འདིའི་སྟོང་གཞི་སྔར་བཤད་པ་ལྟར་རང་རང་ངོ་བོས་སྟོང་པའི་སྟོང་ཉིད་ཡིན་པར་བཞེད་དོ། །ཆེན་པོ་སྟོང་པ་ཉིད་ནི། སེམས་ཅན་སོགས་སོ། །དོན་དམ་པ་སྟོང་པ་ཉིད་ནི། དེ་ནི་སོགས་སོ། །འདུས་བྱས་སྟོང་པ་ཉིད་ནི། རྐྱེན་ལས་སོགས་སོ། །འདུས་མ་བྱས་སྟོང་པ་ཉིད་ནི། གང་ལ་སོགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི། གང་ལ་སོགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི། ཐོག་མར་སོགས་སོ། །དོར་བ་མེད་པ་སྟོང་པ་ཉིད་ནི། དོར་བ་སོགས་ཏེ། འགྲེལ་པར་མཚན་གཞི་གསལ་བར་མ་གསུངས་ཀྱང་། གཞན་དུ་བྱང་ཕྱོགས་སོ་བདུན་ལ་བཤད་པ་དང་འདྲའོ། །རང་བཞིན་སྟོང་པ་ཉིད་ནི། འདུས་བྱས་སོགས་ཏེ། འདི་དང་སྟོང་པ་ཉིད་སྟོང་པ་ཉིད་སྟོང་གཞིའི་ཆོས་ཅན་འདྲ་ཡང་། སྔ་མ་སྟོང་ཉིད་དངོས་པོའི་བློ་ཅན་གྱི་འཛིན་པ་བཟློག་པའི་ཕྱིར་ཡིན་ལ། འདི་ནི་འཕགས་པ་རྣམས་ཀྱིས་ཤེས་མཐོང་གིས་གསར་དུ་བྱས་སམ་སྙམ་པའི་དོགས་པ་བཟློག་པའི་ཕྱིར་དུ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི། ཁམས་བཅོ་སོགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི། གཟུགས་རུང་སོགས་ཏེ། ཚིག་རྐང་དང་པོ་གཉིས་ཀྱིས་སྟོང་ཉིད་ངོས་བཟུང་ནས། དེ་ནས་ཚིགས་བཅད་བཅུ་གསུམ་གྱིས་སྟོང་གཞིའི་ཆོས་ཅན་རྒྱས་པར་བཤད་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རང་གི་མཚན་ཉིད་ངོས་གཟུང་བའོ། །འདི་ནི་རང་མཚན་དང་སྤྱི་མཚན་གཉིས་ཀྱི་ཟླས་ཕྱེ་བའི་རང་མཚན་ཡིན་པས་མི་རྟག་སྡུག་བསྔལ་སོགས་སྡུག་བསྔལ་བདེན་པ་སྤྱིའི་མཚན་ཉིད་དང་། འདི་ནས་བཤད་པ་ལྟ་བུ་གཟུགས་སོགས་རང་གི་མཚན་ཉིད་ཡིན་པ་དབུ་མ་ཐལ་འགྱུར་བས་ཐ་སྙད་དུ་ཁས་མི་ལེན་པ་མ་ཡིན་ཏེ། ཆོས་མངོན་པའི་མདོ་ལས་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཅེས་གསུངས་པའི་དོན་མདོ་སྡེ་པས་དོན་དམ་པར་དོན་བྱེད་ནུས་མི་ནུས་ལ་འདོད་ཀྱང་། འདིར་ཐ་སྙད་དུ་ཆོས་དེ་རང་ཉིད་ཐུན་མོང་མ་ཡིན་པར་མཚོན་པ་དང་། ཐུན་མོང་བར་མཚོན་པ་ལ་འཆད་པའི་ཕྱིར། དེ་ལྟར་ན་མདོ་ལས། ཆོས་དང་། གང་ཟག་དང་། དེ་དག་གི་ནང་ཚན་ཀུན་གཞི་དང་། ཉོན་ཡིད་དང་། རང་རིག་དང་། སྣང་བ་སེམས་སུ་གསུངས་པ་དང་། བདེན་པ་བཞི་དང་། བདེན་པ་གཉིས་ལ་སོགས་པ་གྲུབ་མཐའ་སྨྲ་བ་བཞི་ཆར་གྱིས་ཐ་སྙད་ཐུན་མོང་དུ་ཁས་ལེན་དགོས་པ་རྣམས་ལ་རིགས་པས་དཔྱད་པའི་ཚེ་ངོས་འཛིན་ཚུལ་མི་འདྲ་བ་རེ་རེ་ཡོད་པའི་གནད་མ་རྟོགས་པར་གཞི་གཅིག་དངོས་སྨྲ་བས་བདེན་གྲུབ་ཏུ་གཏན་ལ་དབབ་པའི་ཕྱིར་ན་དབུ་མ་པས་ཐ་སྙད་དུའང་ཁས་མི་ལེན་ནོ་ཞེས་སྨྲ་བ་རྣམས་ནི་གསུང་རབ་འཆད་མ་ཤེས་སོ། །ཚིགས་བཅད་ཐ་མས་ནི་སྟོང་ཚུལ་རྒྱས་པར་བཤད་པའོ། །ཁམས་ཀྱི་བདག་ཉིད་སྦྲུལ་གདུག་འདོད། །ཅེས་པའི་འགྲེལ་པར་འཛིན་པར་ཆོས་མཐུན་པའི་སྒོ་ནས་ཁམས་རྣམས་ནི་སྦྲུལ་གདུག་པའི་མཚན་ཉིད་ཅན་ནོ་ཞེས་བྱ་བའི་དོན་ཏོ་ཞེས་གསུངས་པ་ལྟར་ན། ཁམས་ཀྱི་སྐད་དོད་དྷ་ར་ཞེས་པ་འཛིན་པ་ལ་འཇུག་ཅིང་། སྦྲུལ་གདུག་པས་སྲོག་ཆགས་འཛིན་པ་དང་ཆོས་མཚུངས་པ་སྟེ། མདོ་སྡེ་རྒྱན་ལས། ཐུགས་རྗེའི་བདག་ཉིད་སྦྲུལ་ཆེན་ལྟ་བུས་རིགས་བཤད་དབུགས་འདྲའི་ཆོས་རྣམས་ཀྱིས། །ཞེས་གསུངས་པ་དང་མཐུན་ནོ། །ཡང་གསེར་འོད་དམ་པའི་མདོ་ལས། སྐྱེས་བུའི་ལུས་ཀྱི་ཁམས་དྲུག་པོ་ཁང་སྟོང་གཅིག་གི་ནང་དུ་སྦྲུལ་དྲུག་གནས་པ་དང་འདྲ་བར་གསུངས་པ་ལྟར་ན་ཆོས་མཚུངས་སྔ་མ་དང་མི་འདྲ་བ་ཞིག་ཀྱང་དགོས་པར་སྣང་ངོ་། །མི་དམིགས་པ་སྟོང་པ་ཉིད་ནི། ད་ལྟར་སོགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། རྐྱེན་ལས་སོགས་སོ། །གཉིས་པ་བསྡུས་པའི་རབ་དབྱེ་རྣམ་བཞི་བཤད་པ་ལ། དངོས་པོ་སྟོང་པ་ཉིད་ནི། དངོས་པོའི་སོགས་སོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི། མདོར་བསྡུ་སོགས་སོ། །རང་གི་ངོ་བོ་སྟོང་པ་ཉིད་ནི། རང་བཞིན་སོགས་སོ། །འདིའི་སྟོང་གཞིའི་ཆོས་ཅན་སྟོང་ཉིད་ཡིན་ཀྱང་སྟོང་ཉིད་རྒྱུ་རྐྱེན་གྱིས་བྱས་སམ་སྙམ་པའི་དོགས་པ་བཟློག་པའི་ཆེད་དུ་ཡིན་ནོ། །གཞན་གྱི་ངོ་བོ་སྟོང་པ་ཉིད་ནི། སངས་རྒྱས་སོགས་ཏེ། འདིའི་སྟོང་གཞིའི་ཆོས་ཅན་ཡང་སྟོང་ཉིད་ཡིན་ལ། དེ་ལ་གཞན་གྱིས་དངོས་པོ་ཞེས་བརྗོད་པའི་རྒྱུ་མཚན་ནི་འགྲེལ་པར་གཞན་གྱི་དངོས་པོ་ནི་མཆོག་ཏུ་བྱུང་བའི་དེ་ཁོ་ན་ཉིད་དོ། །དེའི་མཆོག་ཏུ་བྱུང་བ་ཉིད་ནི་རྟག་ཏུ་ཡོད་པ་ཉིད་དོ། །རྣམ་པ་གཅིག་ཏུ་ན་གཞན་གྱི་དངོས་པོ་ནི་ཡེ་ཤེས་ཕུལ་དུ་བྱུང་བས་རྟོགས་པར་བྱ་བའི་དངོས་པོ་སྟེ། དེ་ནི་དེ་ཉིད་ཀྱིས་སྟོང་ངོ་། །ཡང་ན་ཕ་རོལ་ན་ཡོད་པ་ནི་གཞན་གྱི་དངོས་པོའོ། །འཁོར་བ་ལས་འདས་ཕྱིར་གཞན་གྱི་དངོས་པོ་ཞེས་བྱ་བ་ནི་ཡང་དག་པའི་མཐའ་སྟེ། རྣམ་པར་འགྱུར་བ་མེད་པའི་དོན་དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་ལ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་དོ་ཞེས་བཤད་དོ། །བཞི་པ་ལུང་ཁུངས་སྨྲོས་ཏེ་མཇུག་སྡུད་བསྟན་པ་ནི། ཤེས་རབ་སོགས་སོ། །བཞི་པ་ཚུལ་དེས་ཐོབ་པའི་ཡོན་ཏན་བསྡུས་ཏེ་བསྟན་པ་ལ་གསུམ་སྟེ། དོན་དམ་རྟོགས་པའི་ཡོན་ཏན། ཀུན་རྫོབ་རྟོགས་པའི་ཡོན་ཏན། ཟུང་དུ་འཇུག་པའི་ཡོན་ཏན་ནོ། །དང་པོ་ནི། དེ་ལྟར་སོགས་སོ། །གཉིས་པ་ནི། རྟག་ཏུ་སོགས་སོ། །གསུམ་པ་ནི། ཀུན་རྫོབ་སོགས་སོ། །སེམས་བསྐྱེད་དྲུག་པ་བཤད་ཟིན་ཏོ།། །།སེམས་བསྐྱེད་བདུན་པ་ལ་གཉིས་ཏེ། སྙོམས་པར་འཇུག་པའི་ཡོན་ཏན། ཕར་ཕྱིན་ལྷག་པའི་ཡོན་ཏན་ནོ། །དང་པོ་ནི། རིང་དུ་སོགས་ཏེ། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའི་ས་དྲུག་པ་ཡན་ཆད། བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག་སྟེ། བྱང་ཆུབ་སེམས་དཔའ་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་སྐད་ཅིག་ལ་ཡང་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ། འགོག་པ་མངོན་དུ་བྱས་ཞེས་པ་ནི་མི་བྱའོ། །ཞེས་རྒྱས་པར་གསུངས་སོ། །གཉིས་པ་ནི། ཐབས་ཀྱི་སོགས་ཏེ། འགྲེལ་པར། ཤེས་རབ་ཉིད་རྣམ་པ་ཁྱད་པར་ཅན་དུ་ཞུགས་པ་ལ་ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཞེས་ཤེས་པར་བྱ་སྟེ། རབ་ཏུ་རྣམ་པར་འབྱེད་པའི་གནས་སྐབས་ཁོ་ནར་ཤེས་རབ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཞེས་གསུངས། རྣམ་པ་ཁྱད་པར་ཅན་དུ་ཞུགས་པའི་དོན་ནི་དབུས་མཐར། མི་ཟད་པ་དང་རྟགས་འཇུག་དང་། །ངེས་དང་ལོངས་སྤྱོད་སྨིན་པར་བྱེད། །ཞེས་པའི་དོན་ཏེ། སློབ་དཔོན་སེང་གེ་བཟང་པོས་ཕ་རོལ་དུ་ཕྱིན་པ་བཞི་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར་ཞེས་གསུངས་པ་ལྟར་རོ། །སེམས་བསྐྱེད་པ་བདུན་པ་བཤད་ཟིན་ཏོ།། །།སེམས་བསྐྱེད་པ་བརྒྱད་པ་ལ་གསུམ་སྟེ། སྔར་གྱི་དགེ་བ་ལས་ལྷག་པའི་ཡོན་ཏན། ས་རང་གི་སྤང་རྟོགས་ཀྱི་ཡོན་ཏན། ས་ཕྱི་མ་རྫོགས་པར་བྱེད་པའི་ཡོན་ཏན་ནོ། །དང་པོ་ནི། ཡང་ཡང་སོགས་ཏེ། སྔར་གྱི་དགེ་བ་ལས་ལྷག་པར་ཐོབ་ཚུལ་ནི། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོར་འགྲོ་བའི་གྲུ་བོ་ཆེ་ནི་རྒྱ་མཚོ་ཆེན་པོ་ལ་མ་ཐུག་གི་བར་དུ་ཆེད་དུ་བསྐྱོད་ཅིང་འགྲོ་བར་བྱ་བ་ཡིན་ཏེ། གང་གི་ཚེ་རྒྱ་མཚོ་ཆེན་པོ་ལ་ཕྱིན་མ་ཐག་ཏུ་རླུང་གི་དཀྱིལ་འཁོར་གྱིས་བསྐྱོད་ནས་ཆེད་དུ་བསྐྱོད་མི་དགོས་པར་འགྲོ་སྟེ། དེས་རྒྱ་མཚོ་ཆེན་པོ་ལ་ཉིན་གཅིག་ཅི་ཆོད་པ་དེ་ནི་སྔོན་ཆེད་དུ་བསྐྱོད་ཅིང་འགྲོ་བས་ལོ་བརྒྱར་ཡང་དེ་སྲིད་དུ་ཚད་མེད་པར་ཕྱིན་པར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བའི་ཚོགས་ཤིན་དུ་བསགས་པ་ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱ་མཚོར་ཕྱིན་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་ཡུད་ཙམ་གཅིག་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅི་ཙམ་གནོན་པ་དེ་ནི་སྔོན་གྱི་ཆེད་དུ་བྱ་བའི་ལས་ཀྱི་བསྐལ་པ་འབུམ་དུའང་དེ་སྙེད་དུ་དཔག་ཏུ་མེད་པ་གནོན་པར་མི་ནུས་སོ། །ཞེས་གསུངས་པ་ལྟ་བུའོ་ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཕར་ཕྱིན་ལྷག་པའི་ཡོན་ཏན། རྟོགས་པ་ལྷག་པའི་ཡོན་ཏན། སྤང་བ་ལྷག་པའི་ཡོན་ཏན་ནོ། །དང་པོ་ནི། འདི་ཡི་སོགས་ཏེ། འགྲེལ་པར། འདིས་ས་དང་པོ་བསྐྱེད་པར་འགྱུར་བ་ན། སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་གང་དག་མངོན་པར་བཏབ་པ་དེ་དག་འདི་ལ་ཡོངས་སུ་དག་པར་འགྱུར་བས་འདིའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ལྷག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་མི་གཡོ་བ་དེ། གཞོན་ནུའི་སར་རྣམ་པར་གཞག་སྟེ། དགུ་པར་ནི་རྒྱལ་ཚབ་ཐོབ་ལ། བཅུ་པར་ནི་འཁོར་ལོས་སྒྱུར་བ་ལྟར་རྒྱལ་བ་རྣམས་ཀྱི་དབང་བསྐུར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། རྒྱལ་བ་སོགས་ཏེ། འདི་ལ་མདོ་དགོད་པ་དང་། མདོའི་དོན་བཤད་པ་གཉིས། དང་པོ་ནི། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པ་དང་། ཆོས་ཀྱི་སྒོའི་རྒྱུན་དེ་ལ་གནས་པ་དེ་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པར་ཡང་མཛད་དེ། དེ་ལ་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོག་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ན། འོན་ཀྱང་རིགས་ཀྱི་བུ་གང་ངེད་ཀྱི་སྟོབས་བཅུ་དང་མི་འཇིག་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར་སྦྱོར་བ་བྱོས་ཤིག བརྩོན་འགྲུས་རྩོམས་ཤིག བཟོད་པའི་སྒོ་འདི་ཉིད་ཀྱང་མ་དོར་ཤིག རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཞི་བས་རྣམ་པར་ཐར་པ་གནས་པ་ཐོབ་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ་རབ་ཏུ་མ་ཞི་བ་ཉོན་མོངས་པ་སྣ་ཚོགས་ཀུན་ཏུ་འབྱུང་བར་འགྱུར་བ་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་ཡིད་དབྱེན་སྤྱོ་བ་འདི་དག་ལ་སོམས་ཤིག གཞན་ཡང་རིགས་ཀྱི་བུ་སྔོན་གྱི་སྨོན་ལམ་དང་ཞེས་རྒྱ་ཆེར་འབྱུང་བ་ནས་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་རྣམས་སུ་གཞུག་པར་མ་མཛད་དུ་ཟིན་ན་དེ་དེ་ཉིད་ཀྱི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ལྟ་བུའོ། །གཉིས་པ་ལ་བཞི་སྟེ། འགོག་པ་ངོས་བཟུང་། དེ་ལས་བསླང་དགོས་པའི་ཚད། བསླང་བའི་དགོས་པ། མ་བསླངས་བའི་ཉེས་དམིགས་སོ། །དང་པོ་ནི་སྤྲོས་པ་མཐའ་དག་བཀག་པའི་ཆོས་དབྱིངས་ཐེག་ཆེན་རང་གི་རྟོགས་བྱ་ཐུན་མོང་མ་ཡིན་པ་སྟེ། རང་གི་ངོ་བོའི་སྒོ་ནས་མིང་གིས་བརྗོད་པར་མི་ནུས་ཀྱང་ཐ་སྙད་དུ་གདུལ་བྱ་ལ་བསྟན་པའི་ཚེ་འགོག་པ་ཞེས་ཐ་སྙད་བྱས་པ་སྟེ། དོན་དམ་པ་ཞེས་དང་། ཆོས་དབྱིངས་ཞེས་སོགས་མིང་གི་ཐ་སྙད་བྱས་པ་དང་འདྲའོ། །དེ་ཉིད་ཡང་དག་མཐའ་དང་དོན་གཅིག་པར་འགྲེལ་པ་འདིར་གསུངས་ཤིང་། རྣམ་གྲངས་གཞན་ཡང་དབུས་མཐར། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་གསུངས་ལ། འདི་དག་བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ཀྱི་རྣམ་གྲངས་སུ་གསུངས་པ་དང་ཡང་གནད་གཅིག་སྟེ། གནས་སྐབས་དེར་རྟོགས་བྱ་རྟོགས་བྱེད་དམ་ཡུལ་ཡུལ་ཅན་ཐ་དད་དུ་མེད་པའི་ཕྱིར་རོ། །གཉིས་པ་ནི། སྤྲོས་བྲལ་དེ་ཉིད་ཐོས་བསམ་གྱིས་ཤེས་པ་ཐེག་ཆེན་གྱི་ཚོགས་ལམ་དང་། སྒོམ་བྱུང་གིས་གསལ་སྣང་ཐོབ་པ་ཐེག་ཆེན་གྱི་སྦྱོར་ལམ་དང་། མངོན་སུམ་དུ་མཐོང་བ་མཐོང་ལམ་ནས་ཡོད་ཀྱང་འགོག་པ་ཐོབ་ཅེས་པའི་ཐ་སྙད་ནི་མི་མཛད་ལ། དེ་ཉིད་ས་དྲུག་པར་ཤེར་ཕྱིན་ལྷག་པར་ཐོབ་པས་རྗེས་ཐོབ་ཏུ་ཡང་མཚན་འཛིན་འགོག་པའི་ནུས་པ་སྔ་མ་ལས་ཆེས་ལྷག་པའི་ནུས་པ་ཐོབ་པའི་ཚེ་ན་འགོག་པ་ཐོབ་ཅེས་པའི་ཐ་སྙད་མཛད་ཅིང་ས་བདུན་པར་ནུས་པ་མཐར་ཐུག་པ་ཐོབ་པས། མདོ་སྡེ་རྒྱན་ལས། མཚན་མེད་ཅེས་པའི་ཐ་སྙད་ཀྱང་མཛད་ལ་མཚན་འཛིན་སྐྱེ་མི་སྲིད་པ་ནི་མ་ཡིན་ནོ། །དེ་ཉིད་ས་བརྒྱད་པར་མཚན་འཛིན་མ་ལུས་པར་སྤངས་ཟིན་པས་རྩོལ་མེད་དུ་འཇོག་ནུས་པའི་ཚེ་ན་དགོས་པ་དང་བཅས་པ་དང་། དགོས་པ་མེད་པ་གཉིས་ལས། དང་པོ་ནི། ས་དེའི་ངོས་སྐལ་གྱི་སྤང་བྱ་སྤོང་བའི་ཆེད་དུ་མཉམ་པར་བཞག་པ་ཡིན་ལ། ཕྱི་མ་ནི་བསླང་དགོས་པའི་ཚད་དོ། །ཁ་ཅིག་༥༣གནད་འདི་མ་རྟོགས་པར་དེ་དག་གིས་ནི་ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་ཐོབ་ནས་དེ་ཙམ་ལ་མཉམ་པར་བཞག་པ་ན་དེ་ལས་བསླངས་ནས་སངས་རྒྱས་ཀྱི་སྟོབས་ལ་སོགས་པ་ཐོབ་པའི་རྒྱུར་རྗེས་ཐོབ་ཏུ་ཚོགས་གསོག་པ་ལ་བསྐུལ་ཞིང་། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མི་རྟོག་ཡེ་ཤེས་ཉན་རང་གིས་ཀྱང་འཐོབ་པར་གསུངས་པས། དེ་ཁོ་ན་ཉིད་ཀྱི་རྟོགས་པ་ཡོད་ན། ཚོགས་གཞན་གསོག་པ་ལ་འབད་པ་མི་དགོས་ཀྱི། དེ་ཉིད་ལ་གོམས་པའི་ཆོག་གོ་ཞེས་པ་ནི་མི་མཁས་པའི་བབ་ཆོལ་དུ་སྨྲ་བའོ། །ཞེས་བྲིས་སོ། །མི་འཐད་དེ། ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཉམ་པར་བཞག་པ་ཙམ་ལས་བསླངས་ན་དེ་ཉིད་སྐབས་འདིར་འགོག་དགོས་པ་ལས། མདོ་ཉིད་ལས་སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ནོ་ཞེས་དང་། རིགས་ཀྱི་བུ་ལེགས་སོ་ལེགས་སོ་ཞེས་པའི་གཏང་རག་བྱིན་པ་མི་འཐད་པར་ཐལ་བའི་ཕྱིར་རོ། །ཉན་རང་ལ་བདག་མེད་གཉིས་རྟོགས་པ་ཡོད་ཀྱང་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མི་རྟོག་ཡེ་ཤེས་ཡོད་པ་ནི་ཐེག་པ་ཆེ་ཆུང་ལྟ་བ་ཐ་དད་པར་མེད་པའི་ལུགས་སུ་སྣང་བས་སྔར་བཀག་ཟིན་ནོ། །གནད་ཀྱི་དོན་ནི་འདི་ཡིན་ཏེ། སྤྲོས་པ་མཐའ་དག་བཀག་པའི་འགོག་པ་ལ་མཉམ་པར་བཞག་པ་ཙམ་དང་། སྙོམས་པར་འཇུག་པ་ཙམ་ནི་མ་བཀག་སྟེ། སྔར་བཤད་པ་ལྟར་དགོས་པ་ཡོད་པའི་ཚེ་མཉམ་པར་བཞག་དགོས་པའི་ཕྱིར་དང་། གལ་ཏེ་བཀག་ན་སྙོམས་པར་འཇུག་པ་ལ་ལེགས་སོ་བྱིན་ནས་བསླང་བ་མི་རིགས་པར་དང་པོ་ཉིད་ནས་སྙོམས་པར་མ་འཇུག་གཅིག་ཅེས་བརྗོད་རིགས་པའི་ཕྱིར་རོ། །དེས་ན་ངོས་སྐལ་གྱི་སྒྲིབ་པ་སྤོང་པའི་ཚེ་མཉམ་པར་བཞག་ཟིན་ནས་ས་འདིར་རྩོལ་མེད་དུ་སྙོམས་པར་འཇུག་ནུས་པས་དགོས་པ་མེད་བཞིན་དུ་མཉམ་པར་བཞག་པ་དང་། སྙོམས་པར་འཇུག་པ་ཙམ་ཡང་བཀག་སྟེ། དེའི་ཚེ་སངས་རྒྱས་ཀྱི་ཆོས་སྒྲུབ་པ་དང་སེམས་ཅན་གྱི་དོན་བྱེད་པ་གཉིས་ཀ་རྒྱུན་ཆད་པའི་ཕྱིར་རོ། །འདི་ནི་ཤེར་ཕྱིན་ལས། རྫོགས་སྨིན་སྦྱང་གསུམ་མ་བྱས་པར་ཡང་དག་མཐའ་མངོན་སུམ་དུ་བྱེད་པ་བཀག་པ་དང་དོན་གཅིག་པའི་ཕྱིར་རོ། །གསུམ་པ་ནི་འོན་ཀྱང་རིགས་ཀྱི་བུ་གང་ངེད་ཀྱི་སྟོབས་བཅུ་དང་། ཞེས་སོགས་ཏེ་གོ་སླའོ། །བཞི་པ་ནི་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཞེས་སོགས་ཏེ། དེ་ཉིད་ཀྱི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཞེས་པའི་དོན། ཉིར་སྣང་ལས། འོ་ན་དེའི་མྱ་ངན་ལས་འདས་པ་དེ་ནི་ཉན་ཐོས་ཀྱི་མྱང་འདས་ནི་མ་ཡིན་ཏེ། དེ་ཡིད་ལ་བྱེད་པ་ནི་སེམས་བསྐྱེད་པ་ནས་བརྩམས་ཏེ་རིང་དུ་སྤོང་བའི་ཕྱིར་རོ། །སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ། སྒོམ་པས་སྤང་བར་བྱ་བ་མ་སྤང་པའི་ཕྱིར་རོ། །དེས་ན་གང་ཞིག་ཡིན་ཅེ་ན་སྤྱིར་མྱང་འདས་ལ་རྩེ་མོ་ཐོབ་ནས་དགེ་རྩ་ཆད་པ་མྱ་ངན་ལས་འདས་པ་དང་། བཟོད་པ་ཐོབ་པ་ནས་ངན་འགྲོ་མྱ་ངན་ལས་འདས་པ་དང་། བསམ་གཏན་ཐོབ་པ་ན་དེའི་ཡན་ལག་མྱ་ངན་ལས་འདས་པ་དང་། རྒྱུན་དུ་ཞུགས་པ་ན་སྲིད་པ་བརྒྱད་པ་མྱ་ངན་ལས་འདས་པ་དང་། ཕྱིར་འོང་ལ་འདོད་པའི་སྲིད་པ་གཉིས་པ་མྱ་ངན་ལས་འདས་པ་དང་། ཕྱིར་མི་འོང་ལ་འདོད་པའི་ཁམས་མྱ་ངན་ལས་འདས་པ་དང་། དགྲ་བཅོམ་པ་རྣམས་ལ་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་དང་། དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་དང་རྣམ་པ་བརྒྱད་ཡོད་པ་ལས་ཕྱི་མ་སྟེ། རེ་ཞིག་གཞན་དོན་རྒྱུན་ཆད་པ་ལ་དགོངས་ནས་མྱང་འདས་སུ་བཏགས་པ་ཡིན་པར་བཤད་དོ། །གསུམ་པ་ནི་ཆགས་པ་སོགས་ཏེ། འགྲེལ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས། མུན་པ་ལྟར་ཉོན་མོངས་པ་སྔར་བྱུང་བ་འཁོར་བར་སྐྱེ་བའི་རྒྱུར་གྱུར་བ་ཁམས་གསུམ་ན་སྤྱོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྩ་བ་དང་བཅས་པར་ཞི་བ་ཁོ་ནར་འགྱུར་ལ། དེ་སྤངས་པས་ཁམས་གསུམ་གྱི་བླ་མ་ཉིད་དུ་གྱུར་དུ་ཟིན་ཀྱང་ཞེས་གསུངས་པའི་དོན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བ་ནི་དབང་བསྒྱུར་ཐོབ་པ་སྟེ། ས་བརྒྱད་པའི་སྐབས་སོ། །འཁོར་བར་སྐྱེ་བའི་རྒྱུ་ལ་གཉིས་ཏེ། སོ་སོ་སྐྱེ་བོའི་སྐབས་ཀྱི་ཉོན་མོངས་པ་མཚན་ཉིད་པ་དང་། མ་དག་ས་བདུན་གྱི་གནས་སྐབས་ཀྱི་རྣམ་རྟོག་ལ་ཉོན་མོངས་ཀྱི་མིང་གི་བཏགས་པའོ། །རྩ་བ་དང་བཅས་པ་ནི་ས་བོན་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའོ། །དེ་སྤངས་པས་ཁམས་གསུམ་གྱི་བླ་མ་ཉིད་དུ་འགྱུར་བ་ནི་ཁམས་གསུམ་དུ་སྐྱེ་བ་མི་ལེན་པའོ། །མདོར་ན་དཔལ་ཕྲེང་སོགས་ཀྱི་མདོའི་དགོངས་པ་རྒྱུད་བླ་དང་མངོན་རྟོགས་རྒྱན་གྱིས་འགྲེལ་པའི་ཚེ་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་དང་། ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་ས་བཅུ་པའི་བར་དུ་ཡོད་པར་གསུངས་ལ། མདོ་སྡེ་ས་བཅུ་པ་སོགས་ཀྱི་དགོངས་པ་མདོ་སྡེ་རྒྱན་གྱིས་འགྲེལ་བའི་ཚེ་འཁོར་བར་སྐྱེ་བ་ལེན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ས་བདུན་པ་མན་ཆད་ན་ཡོད་ཅིང་། ས་བརྒྱད་པ་ནས་སྐྱེ་བ་མི་ལེན་པར་སྤྲུལ་པའི་ལུས་ཀྱི་ཚོགས་རྫོགས་པར་གསུངས་པ་གཉིས་ཡོད་པ་ལས་འདི་ནི་ཕྱི་མའི་དབང་དུ་བྱས་པ་སྟེ། གཞུང་འོག་མ་རྩ་འགྲེལ་གྱིས་ཤེས་སོ། །ཁ་ཅིག་༥༤ས་བརྒྱད་པ་ནས་ཉོན་མོངས་པ་རྩ་བ་དང་བཅས་པ་སྤངས་ཞེས་པའི་ཚིག་གིས་འཁྲུལ་གཞི་བྱས་ནས་ས་བདུན་པའི་བར་དུ་བདེན་འཛིན་ཅན་གྱི་ཉོན་མོངས་པ་ཡོད་པར་འདོད་པ་ལ་ནི་སྔར་ལུང་རིགས་ཀྱི་དགག་པ་ཡང་ཡང་བྱས་པས་བཏགས་ཟིན་པ་ལ་ཐག་པས་ཅི་ཞིག་བྱ། གསུམ་པ་ནི། འཁོར་བ་སོགས་ཏེ། འགྲེལ་པར་འདིར་འཁོར་བ་ནི་འགགས་མོད་ཀྱི་དེ་ལྟར་ན་ཡང་འདི་ལ་དབང་བཅུ་པོ་དག་ཉེ་བར་སྐྱེ་ལ། དེ་དག་གིས་ནི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྒོ་ནས་བདག་ཉིད་ཀྱིས་དངོས་པོ་སྣ་ཚོགས་པར་སྟོན་པར་བྱེད་དོ། །དེའི་ཕྱིར་འདིའི་ཚོགས་མ་ལུས་པ་ཡོངས་སུ་རྫོགས་པར་མི་འགལ་ལོ། །ཞེས་གསུངས་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་ལ་སྔར་བཤད་པ་ལྟར་གཉིས་ཡོད་པར་གསལ་ལོ། །ཁ་ཅིག༥༥ དཔལ་ཕྲེང་གི་མདོ་ལས་བཤད་པ་ལྟར་གྱི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྒོ་ནས་ཞེས་འཆད་པ་ནི་མདོ་སོ་སོའི་དགོངས་པ་མ་ཕྱེད་པ་སྟེ་སྔར་བཤད་ཟིན་ཏོ། །གཞུང་འདིའི་དགོངས་པ་ནི་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ས་དང་པོ་ནས་སྤངས། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་ནི་ས་བརྒྱད་པ་ནས་སྤངས་ཟིན་པས་དེ་ཡན་ཆད་དུ་དབང་བཅུའི་སྒོ་ནས་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱེད་ཅེས་པ་སྟེ་གཞུང་ཉིད་ལས་གསལ་ལོ། །སེམས་བསྐྱེད་པ་བརྒྱད་པ་བཤད་ཟིན་ཏོ།། །།སེམས་བསྐྱེད་དགུ་པ་ལ་གཉིས་ཏེ། ཕར་ཕྱིན་ལྷག་པའི་ཡོན་ཏན། ཡོན་ཏན་གཞན་ཡང་ཐོབ་ཚུལ་ལོ། །དང་པོ་ནི། དགུ་པ་སོགས་སོ། །གཉིས་པ་ནི། དེ་བཞིན་སོགས་ཏེ། སོ་སོ་ཡང་དག་རིགས་བཞིའི་ས་མཚམས་ལ། བྱེ་བྲག་ཏུ་སྨྲ་བས་ཉན་ཐོས་དགྲ་བཅོམ་པས་ཀྱང་ཐོབ་པར་འདོད་པ་དང་། སེམས་ཙམ་པས་ས་དགུ་པ་ནས་མཚན་ཉིད་པ་ཐོབ་པར་འདོད་པ་དང་། མངོན་རྟོགས་རྒྱན་ནས་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་བཤད་པ་དང་གསུམ་ལས། དང་པོ་ནི། མངོན་པ་སྡེ་བདུན་གྱི་དགོངས་པ་དང་། གཉིས་པ་ནི། མདོ་སྡེ་ས་བཅུ་པའི་དགོངས་པ་དང་། གསུམ་པ་ནི། ཤེར་ཕྱིན་གྱི་མདོའི་དགོངས་པ་ཡིན་པས་སློབ་དཔོན་འདིས་བར་པ་དེ་ཉིད་བཞེད་དེ། མདོ་སྡེ་ས་བཅུ་པའི་དགོངས་པ་འགྲེལ་པའི་སྐབས་ཡིན་པའི་ཕྱིར་རོ། །སེམས་བསྐྱེད་པ་དགུ་པ་བཤད་ཟིན་ཏོ།། །།སེམས་བསྐྱེད་པ་བཅུ་པ་ལ་གསུམ་སྟེ། རྒྱལ་ཚབ་ཏུ་དབང་བསྐུར་བ། ཕར་ཕྱིན་གྱི་ཡོན་ཏན་ལྷག་པ། ཕར་ཕྱིན་གྱི་སྒྲ་དོན་བཤད་པའོ། །དང་པོ་ནི། བཅུ་པའི་སོགས་ཏེ། བྱང་ཆུབ་སེམས་དཔའི་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དབང་བསྐུར་ཏེ། མདོ་སྡེ་ས་བཅུ་པ་ལས། དེ་ལ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ཅི་སྙེད་པའི་ཐ་མ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་འགྱུར་ཏེ། དེ་མངོན་དུ་གྱུར་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་རིན་པོ་ཆེ་ཆེན་པོའི་པདྨ་རིན་པོ་ཆེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་སྤྲས་པ་ཞེས་བྱ་བ་ནས། རྒྱས་པར་སྟོང་གསུམ་འབུམ་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་པདྨའི་འཁོར་དང་ལྡན་པ་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་འཚམས་ཤིང་དེའི་རྐྱེན་དུ་བབ་པར་གནས་སོ། །དེ་ནི་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་པདྨ་དེ་ལ་འདུག་པར་ཀུན་ཏུ་སྣང་ངོ་། །དེ་དེ་ལ་འདུག་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞིང་དུ་ཀུན་ནས་གདན་འཛོམས་པ་རྣམས་ཀྱི་མཛོད་སྤུ་ནས་འོད་ཟེར་དག་བྱུང་ནས་བྱང་ཆུབ་སེམས་དཔའ་དེ་ལ་དབང་བསྐུར་བར་མཛད་དོ་ཞེས་བྱ་བའི་བར་དུ་གསུམ་པ་ལྟ་བུའོ། །གཉིས་པ་ནི། ཡེ་ཤེས་སོགས་སོ། །གསུམ་པ་ནི། ཆར་སྤྲིན་སོགས་སོ། །སེམས་བསྐྱེད་པ་བཅུ་པ་བཤད་ཟིན་ཏོ།། །།གསུམ་པ་རྣམ་གྲངས་ལྷག་པའི་སྒོ་ནས་སའི་ཡོན་ཏན་བསྟན་པ་ལ་གཉིས་ཏེ། ས་བདུན་ཡོན་ཏན་གྲངས་ཀྱིས་བསྒྲེ་བའི་ཚུལ། ས་གསུམ་ཡོན་ཏན་རྡུལ་གྱིས་བསྒྲེ་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བཤད། གཉིས་པ་སོགས་ལ་འགྱུར་གྱིས་བསྒྲེ་ཚུལ་བཤད་པའོ། །དང་པོ་ནི། དེ་ཚེ་སོགས་ཏེ། འགྲེལ་པར་མདོ་དྲངས་པའི་གོ་རིམ་དང་ཅུང་ཟད་མི་མཐུན་པ་འབྱུང་བ་ནི། ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་སྟེ། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱར་ཡང་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱར་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་གནས་པར་བྱེད་པ་དང་། བསྐལ་པ་བརྒྱ་ལ་སྔོན་དང་ཕྱི་མའི་མཐར་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་ཀུན་དུ་སྟོན་པ་དང་། ལུས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་ཀུན་ཏུ་སྟོན་པ་ཞེས་འབྱུང་ངོ་། །གཉིས་པ་ནི། བློ་ལྡན་སོགས་སོ། །གཉིས་པ་ལ་གསུམ་སྟེ། ས་བརྒྱད་པའི། ས་དགུ་པའི། ས་བཅུ་པའི་ཡོན་ཏན་ནོ། །དང་པོ་ནི་མི་གཡོའི་སོགས་སོ། །གཉིས་པ་ནི་ལེགས་པའི་སོགས་སོ། །གསུམ་པ་ལ་གཉིས་ཏེ། གྲངས་ཀྱིས་བསྒྲེ་བའི་ཡོན་ཏན། སྤྲུལ་པ་སྟོན་པའི་ཡོན་ཏན་ནོ། །དང་པོ་ནི། རེ་ཤིག་སོགས་སོ། །གཉིས་པ་ནི། བ་སྤུའི་སོགས་སོ། །གཉིས་པ་འབྲས་བུ་སངས་རྒྱས་ཀྱི་ས་ལ་གཉིས་ཏེ། སྤྱིའི་རྣམ་པར་བཞག་པ་དང་། གཞུང་གི་དོན་ལ་འཇུག་པའོ། །དང་པོ་ལ་བཞི་སྟེ། སངས་རྒྱས་ལ་ཡེ་ཤེས་མེད་པའི་ཕྱོགས་དགག གཉིས་སྣང་ཡོད་པའི་ཕྱོགས་དགག རང་ལུགས་འཐད་ལྡན་བཞག ཐུན་མོང་མ་ཡིན་པའི་སྐུའི་རྣམ་བཞག་བཤད་པའོ། །དང་པོ་ནི་སྔོན་གྱི་དབུ་མ་པར་རློམ་པ་ཁ་ཅིག ཡུལ་ཅན་ཤེས་པ་དང་། ཤེས་བྱའི་སྣང་བ་ཐམས་ཅད་ཀྱི་རྒྱུ་ནི་མ་རིག་པ་ཡིན་ལ། དེ་ཉིད་ལམ་གོམས་པར་བྱས་པས་རིམ་གྱིས་སྤངས་ཏེ། བག་ཆགས་ཤིན་ཏུ་ཕྲ་བའང་ས་བཅུ་རྒྱུན་གྱི་ཐ་མ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དྲུངས་ནས་ཕྱུངས་ནས་དེའི་རྗེས་སུ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་རིག་པ་ཆོས་ཀྱི་དབྱིངས་ལ་ཐིམ་ནས་དབྱིངས་སྒྲིབ་བྲལ་འབའ་ཞིག་ཏུ་གྱུར་པ་ཡིན་གྱི། སྐུ་དང་ཕྲིན་ལས་དང་། ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ནི་གཞན་སྣང་འབའ་ཞིག་གོ་ཞེས་འདོད་དོ། །དེ་ལ་ཤེས་པ་དང་། ཤེས་བྱའི་སྣང་བ་ཐམས་ཅད་ཀྱི་རྒྱུ་མ་རིག་པ་ཡིན་པ་ཡང་མི་འཐད་དེ། མ་རིག་པ་ནི་འཁྲུལ་སྣང་གི་རྐྱེན་ཙམ་དུ་ཟད་ཀྱི་རྒྱུ་ནི་རང་རང་གི་རྒྱུ་རྐྱེན་སྔ་མ་ཉིད་ཡིན་པའི་ཕྱིར། གཞན་དུ་ན་རྒྱུན་མཐའི་ཡེ་ཤེས་ཉིད་ཀྱང་མ་རིག་པའི་འབྲས་བུ་ཡིན་པས་སྤང་བྱར་འགྱུར་ལ། དེ་ལྟར་ན་རང་ངམ་གཉེན་པོ་གཞན་གྱིས་སྤང་བ་གང་ཡིན། རང་ཉིད་ཀྱིས་སྤོང་བ་ཡང་མ་ཡིན་ཏེ། རང་ཉིད་རང་གི་སྤང་བྱར་འགལ་བས་སོ། །གཉེན་པོ་གཞན་གྱིས་ཀྱང་མ་ཡིན་ཏེ་སློབ་ལམ་ལ་དེ་བས་སྟོབས་ཆེ་བ་མེད་ཅིང་། སངས་རྒྱས་ལའང་ཡེ་ཤེས་མེད་པས་སོ། །ཅི་སྟེ་གཉེན་པོས་སྤོང་བ་མ་ཡིན་གྱི་རྒྱུ་བག་ཆགས་ཟད་པས་རང་འགགས་སུ་འགྱུར་རོ་སྙམ་ན། བག་ཆགས་དེ་ཉིད་གང་གིས་སྤོང་། རྒྱུན་མཐའི་ཡེ་ཤེས་ཀྱིས་སྤོང་སྙམ་ན་དེ་ཡང་ཁྱེད་ལ་མི་རུང་སྟེ། རྒྱུན་མཐའི་ཡེ་ཤེས་ནི་འཁྲུལ་སྣང་ཡིན་པས་དེ་སྤོང་བར་མི་ནུས་ཏེ། སྤང་བྱ་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་སྤང་དཀའ་བ་ཡིན་པས་སོ། །ཤིན་ཏུ་སྤང་དཀའ་བ་དེ་དག་གི་གཉེན་པོ་མི་དགོས་པས་རང་འགགས་སུ་འགྱུར་ན། གོང་གི་སྤང་བྱ་རྣམས་ནི་སྤང་སླ་བས། གཉེན་པོ་མི་དགོས་པར་འགྱུར་ལ། དེ་ལྟར་གཉེན་པོ་བསྒོམ་པ་ལ་མི་ལྟོས་པར་འགྲོ་བ་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ་བ་ལ་བཟློག་ཏུ་མེད་དོ། །རྒྱུན་མཐའི་ཡེ་ཤེས་དེས་རིག་པ་ཕྱི་མ་བསྐྱེད་ན་སངས་རྒྱས་ཀྱི་སར་རིག་པ་མེད་པ་འགལ་ཞིང་། མི་སྐྱེད་ན་ཆོས་དབྱིངས་བསྟོད་པར་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་དུ་ཆོས་སྐུ་རྟོགས་པ་གོང་འཕེལ་དུ་འགྱུར་བ་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ཟླ་བའི་དཔེ་དང་སྦྱར་ཏེ་གསུངས་པ་དང་འགལ་ལོ། །རྒྱུན་མཐའི་ཡེ་ཤེས་ཀྱིས་ཡེ་ཤེས་དང་། སྤང་བྱ་གཉིས་ཀྱི་ནང་ནས་སྤང་བྱ་རྒྱུན་གཅོད་པར་བྱེད་པ་ཡིན་གྱི་ཡེ་ཤེས་རྒྱུན་གཅོད་པ་ནི་མི་འཐད་དེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་འོ་མ་དང་འདྲེས་ཆུ། །སྣོད་གཅིག་ན་ནི་གནས་པ་ལས། །ངང་པ་འོ་མ་འཐུང་བྱེད་ཅིང་། །ཆུ་ནི་མ་ཡིན་དེ་བཞིན་གནས། །དེ་ཉིད་ཉོན་མོངས་ཀྱིས་གཡོགས་ན། །ཡེ་ཤེས་ལུས་ནི་གཅིག་གནས་ཀྱང་། །རྣལ་འབྱོར་པ་ཡིས་ཡེ་ཤེས་ལེན། །མི་ཤེས་པ་ནི་འདོར་བར་བྱེད། །ཅེས་གསུངས་པས་སོ། །སྐུ་དང་ཡེ་ཤེས་ལ་སོགས་པ་རང་རྒྱུད་ཀྱིས་བསྡུས་པ་མེད་པར་གཞན་སྣང་ཁོ་ན་ཡིན་ན་ཚོགས་ལམ་པ་ལྟ་བུ་ལ་དངོས་སུ་སྣང་བ་དེ་ཉིད། དེ་དག་གི་སེམས་ཡིན་ནམ། དེ་ལས་གཞན་པ་ཞིག་ཡིན། དང་པོ་ལྟར་ན་ཚོགས་ལམ་ཐོབ་པ་ཉིད་ན་སྟོབས་བཅུ་ལ་སོགས་པའི་ཡེ་ཤེས་ཐམས་ཅད་དང་། མཚན་དཔེ་ལ་སོགས་པའི་གཟུགས་སྐུའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་དག་ཏུ་སྣང་བ་ནི་ཚོགས་ལམ་པ་རང་གི་སེམས་ཡིན་ཞིང་། དེ་ལས་གཞན་པའི་སྐུ་དང་ཡེ་ཤེས་སངས་རྒྱས་རང་རྒྱུད་ཀྱིས་བསྡུས་པ་མེད་པའི་ཕྱིར་རོ། །གཞན་ཡིན་ན་སངས་རྒྱས་རང་སྣང་དང་གདུལ་བྱའི་སེམས་སྣང་གཉིས་ཀ་ལས་མ་གཏོགས་པའི་སྐུ་དང་ཡེ་ཤེས་ལ་སོགས་པ་ནི་ངོ་མཚར་བའི་གནས་སོ། །གཉིས་པ་ནི་ཕྱིས་ཀྱི་དབུ་མ་པར་རློམ་པ་ཁ་ཅིག༥༦ འདི་ལ་སངས་རྒྱས་མ་ཐོབ་བར་དུ་བློ་གཅིག་གིས་སྐད་ཅིག་མ་གཅིག་ལ་ཆོས་ཅན་སོ་སོར་སྣང་བ་དང་། ཆོས་ཉིད་གཉིས་ཀ་དངོས་སུ་མཁྱེན་པ་མི་འོང་བས་དེ་གཉིས་མཁྱེན་པ་རེས་འཇོག་ཏུ་འོང་ངོ་། །བདེན་འཛིན་གྱི་བག་ཆགས་མ་ལུས་པ་ཟད་དེ་སངས་རྒྱས་པ་ན་དུས་རྟག་ཏུ་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ལ་བཞུགས་པས་དེ་ལས་བཞེངས་པའི་མཉམ་རྗེས་རེས་འཇོག་མེད་པའི་ཕྱིར་དང་། བདེན་གཉིས་རང་འགྲེལ་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པ་ལྟར་ཡིན་པས་མཉམ་བཞག་གི་ཡེ་ཤེས་དེ་ལས་ངོ་བོ་ཐ་དད་པའི་ཇི་སྙེད་པ་མཁྱེན་པའི་རྗེས་ཐོབ་ཀྱི་ཡེ་ཤེས་མེད་པའི་ཕྱིར་ན་ཡེ་ཤེས་གཅིག་གིས་བདེན་པ་གཉིས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པར་འདོད་དགོས་སོ། །གང་གི་ཚེ་ཆོས་ཉིད་ལ་ལྟོས་ཏེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་སོང་བ་དེའི་ཚེ་བློ་དེའི་ངོར་གཉིས་སུ་སྣང་བ་ཐམས་ཅད་ཉེ་བར་ཞི་བས་ཡེ་ཤེས་དེ་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པ་ཡིན་ལ་གང་གི་ཚེ་ཆོས་ཅན་ལ་ལྟོས་ཏེ་ཇི་སྙེད་པ་མཁྱེན་པར་སོང་བ་དེའི་ཚེ་ཡུལ་ཡུལ་ཅན་སོ་སོར་སྣང་བའི་གཉིས་སྣང་ཡོད་ཀྱང་གཉིས་སྣང་འཁྲུལ་བའི་བག་ཆགས་དྲུང་ནས་ཕྱུང་བས་སྣང་ཡུལ་ལ་མ་འཁྲུལ་པའི་གཉིས་སྣང་ཡིན་གྱི་འཁྲུལ་བའི་སྣང་བ་མ་ཡིན་ཏེ། འདི་མ་འཁྲུལ་བའི་ཚུལ་གཞན་དུ་ལེགས་པར་བཤད་ཟིན་ཏོ། །སངས་རྒྱས་ཀྱི་སར་མཉམ་རྗེས་གཉིས་ཀ་ཡོད་པ་ནི། རྒྱུད་བླ་མ་ལས། ཤེས་རབ་ཡེ་ཤེས་རྣམས་གྲོལ་རྣམ་ཞེས་སོགས་ཀྱིས་བསྟན་ལ། རྗེས་ལས་ཐོབ་པ་ཞེས་པའི་དོན་ཡང་མཉམ་བཞག་ལས་ལངས་པའི་རྗེས་ཞེས་དུས་སྔ་ཕྱིའི་རྗེས་མ་ཡིན་གྱི་མཉམ་བཞག་དེའི་སྟོབས་ཀྱིས་ཐོབ་པའམ་དེ་ལས་བྱུང་བའི་དོན་ཏོ། །དེས་ན་ཆོས་ཅན་ལ་ལྟོས་ཏེ་ཅི་ལྟ་བ་མཁྱེན་པ་མ་ཡིན་ནོ། །དོན་འདི་ལེགས་པར་ཤེས་ན་བདེན་གཉིས་ལས། བརྟགས་པའི་ངོ་བོས་དབེན་པ་ཡི། །ཅི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་སོགས་ཀྱི་དོན་ཡང་ཅི་ལྟ་བ་བཞིན་རྟོགས་པར་འགྱུར་རོ། །ཞེས་བྱ་བ་བྲིས་སོ། །དེ་ལ་སངས་རྒྱས་ཀྱི་སར་མཉམ་རྗེས་རེས་འཇོག་མེད་པ་དང་ཡེ་ཤེས་གཅིག་གིས་ཤེས་བྱ་མ་ལུས་པ་ཅིག་ཆར་དུ་མཁྱེན་པ་དོན་ལ་འཐད་ཀྱང་ཁྱེད་ལ་འགལ་ཏེ། ཆོས་ཉིད་ལ་ལྟོས་ཏེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་སོང་བའི་བློ་དེ་ཉིད་ཆོས་ཅན་ལ་ལྟོས་ཏེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་སོང་ངམ་མ་སོང་། སོང་ན་དེའི་ཚེ་གཉིས་སྣང་ཡོད་པར་འགྱུར་ཏེ། ཆོས་ཅན་ལ་ལྟོས་ཏེ་ཇི་སྙེད་པར་སོང་བའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་སོང་ན་དེའི་ཚེ་བློ་དེ་ལས་གཞན་པ་ཞིག་ཆོས་ཅན་ལ་ལྟོས་ཏེ་ཇི་སྙེད་པར་སོང་བ་ཡིན་ནམ། དེའི་རྗེས་སུ་བྱུང་བའི་བློ་ཞིག་དེར་སོང་བ་ཡིན། དང་པོ་ལྟར་ན་བློ་གཅིག་གིས་ཆོས་ཅན་དང་། ཆོས་ཉིད་ཅིག་ཆར་དུ་མཁྱེན་པར་འདོད་པ་དང་འགལ་ལ། ཕྱི་མ་ལྟར་ན་མཉམ་རྗེས་རེས་འཇོག་མེད་པ་དང་འགལ་ལོ། །ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་གཉིས་སྣང་ཡོད་པ་ཡང་མི་འཐད་དེ། དེས་གཉིས་སྣང་གི་བག་ཆགས་མ་ལུས་པར་སྤངས་པའི་ཕྱིར། མ་ཁྱབ་ན། གཉིས་སྣང་འཁྲུལ་པའི་བག་ཆགས་མ་ལུས་པར་སྤངས་ན་གཉིས་སྣང་འཁྲུལ་པ་མེད་པས་ཁྱབ་པར་འདོད་པ་ཅི་ཞིག བློ་གཅིག་ཉིད་ཅི་ལྟ་བ་ལ་ལྟོས་ནས་གཉིས་སྣང་ནུབ་པ་དང་། ཇི་སྙེད་པ་ལ་ལྟོས་ནས་གཉིས་སྣང་དང་བཅས་པའི་དོན་གང་ཡིན་གང་ཡང་རུང་བ་ཞིག་སྒྲུབས་ཤིག ཕྱི་མ་གྲུབ་སྟེ། ཅི་སྙེད་པ་ཡུལ་དུ་སྣང་ཞིང་ཡུལ་ཅན་དུ་མི་སྣང་། ཡེ་ཤེས་ཡུལ་ཅན་དུ་སྣང་ཞིང་ཡུལ་དུ་མི་སྣང་བའི་ཕྱིར་ཞེ་ན། སྔ་མ་ལ་ཡང་ཅིའི་ཕྱིར་མི་མཚུངས། གལ་ཏེ་མི་མཚུངས་ཏེ། ཇི་ལྟ་བ་རྟོགས་པའི་ཚེ་བློ་དེ་ཉིད་ཆུ་ལ་ཆུ་བཞག་པ་བཞིན་དུ་ཆོས་ཉིད་དང་རོ་གཅིག་ཏུ་ཞུགས་པའི་ཕྱིར་རོ་ཞེ་ན། ཇི་སྙེད་པ་རྟོགས་པའི་ཚེ་ནའང་གཉིས་སྣང་ནུབ་པར་ཁས་ལེན་དགོས་ཏེ། དེའི་ཚེ་ཡེ་ཤེས་དེ་ཉིད་ཆུ་ལ་ཆུ་བཞག་པ་བཞིན་དུ་ཇི་སྙེད་པ་དང་རོ་གཅིག་ཏུ་ཞུགས་པའི་ཕྱིར་རོ། །མ་གྲུབ་ན། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ལ་ཇི་ལྟ་བ་དང་ཇི་སྙེད་པ་ངོ་བོ་ཐ་དད་དུ་སྣང་བར་ཐལ། ཁྱོད་ལ་ཇི་ལྟ་བ་དེ་རང་དང་ངོ་བོ་གཅིག་ཏུ་སྣང་། ཇི་སྙེད་པ་དེ་རང་ལས་ངོ་བོ་གཞན་དུ་སྣང་བའི་ཕྱིར། རྟགས་གསལ་གར་སོང་ཨེ་རིག ཁྱབ་པ་འོ་ཅག་གིས་བྱེད་པ་ལགས་སོ། །གཞན་ཡང་ཉོན་ཅིག སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ལ་དུས་ཅིག་ཆར་དུ་ཆོས་ཅན་ཇི་སྙེད་པ་སྐྱེ་འགག་དང་བཅས་པ་དང་། སྐྱེ་འགག་མེད་པ་གཉིས་ཀ་དངོས་སུ་སྣང་བར་ཐལ། ཁྱེད་ལ་དུས་ཅིག་ཆར་དུ་ཇི་སྙེད་པ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་ཀྱང་སྣང་། དེའི་ཆོས་ཉིད་ཇི་ལྟ་བ་གཉིས་སྣང་ནུབ་པའི་ཚུལ་གྱིས་ཀྱང་སྣང་བའི་ཕྱིར་རོ། །འདི་གཉིས་སོ་སོར་ཕྲལ་བའི་ཁྱབ་པ་གཞུང་ལུགས་འདིའི་དགོངས་པ་ཡིན་མིན་ལེགས་པར་སོམས་ཤིག ཁྱེད་ལ་ནི་ཆོས་ཅན་ཇི་སྙེད་པ་སྣང་བ་ཙམ་གྱིས་ཀྱང་སྐྱེ་འགག་དང་བཅས་པར་སྣང་བར་ཁས་ལེན་དགོས་ཏེ། བདེན་གཉིས་ཀྱི་ལུང་དེ་སྐབས་འདིར་ཚད་ལྡན་དུ་ཁས་བླངས་པའི་ཕྱིར་རོ། །ཆོས་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་སྐྱེ་འགག་མེད་པར་སྣང་བས་མ་ཁྱབ་ན། རིགས་པ་དྲུག་ཅུ་པར། གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་པའི་དོན་ཇི་ལྟར་འཆད། གསུམ་པ་ནི་འཕགས་པ་འོག་མ་གསུམ་གྱི་མཉམ་རྗེས་ཀྱིས་ཡུལ་རྟོགས་ཚུལ་མ་ཤེས་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཤེས་བྱ་རྟོགས་ཚུལ་གྱི་རྣམ་གཞག་ཁྱད་པར་དུ་འཕགས་པ་ཡེ་ཤེས་པས་ཐོག་མར་དེ་བཤད་ན། འདིར་འཕགས་པ་གསུམ་ཆར་གྱིས་སྐྱེ་མེད་མངོན་སུམ་དུ་རྟོགས་པའི་ལུགས་ཡིན་པས། བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཐོང་སྒོམ་གྱི་མཉམ་བཞག་ན་ཆོས་ཅན་ཇི་སྙེད་པ་མི་སྣང་སྟེ། དེའི་སྟོང་ཉིད་སྐྱེ་མེད་འཛིན་སྟངས་ཀྱི་གཙོ་བོར་འགྱུར་ཅིང་། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་རྟོགས་པའི་གེགས་མ་ལུས་པར་མ་སྤངས་པའི་ཕྱིར་རོ། །དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ལ་ནི་ཆོས་ཅན་ཇི་སྙེད་པ་སྐྱེ་འགག་དང་བཅས་པར་སྣང་སྟེ། གཉིས་སྣང་གི་བག་ཆགས་མ་སྤངས་པས་སོ། །ཆོས་ཅན་ཇི་སྙེད་པ་གཉིས་སྣང་དང་བཅས་ཏེ་སྣང་སྟེ། དེའི་ཚེ་མི་རྟག་སྡུག་བསྔལ་སོགས་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །འོན་ཀྱང་བདེན་པར་འཛིན་པར་ནི་མི་འགྱུར་ཏེ། བདེན་པའི་སྐྱེ་མེད་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །མདོར་ན་མཉམ་བཞག་ཏུ་སྐྱེ་འགག་ཙམ་ཡང་མི་སྣང་བས་ཇི་ལྟ་བ་རྟོགས་པ་དང་། རྗེས་ཐོབ་ཏུ་བདེན་པའི་སྐྱེ་འགག་མི་སྣང་ཡང་ཐ་སྙད་དུ་སྐྱེ་འགག་སྣང་བས་ཇི་སྙེད་པ་རྟོགས་པ་གཉིས་རེས་འཇོག་ཏུ་འབྱུང་གི་ཅིག་ཆར་དུ་མི་འབྱུང་བ་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་རྟོགས་པའི་རྟོགས་པ་མཐར་མ་ཐུག་པའི་གནད་ཀྱིས་སོ། །ད་ནི་དེ་ལས་ཁྱད་དུ་འཕགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཤེས་བྱ་མཁྱེན་ཚུལ་བཤད་པར་བྱ་སྟེ། གཞུང་འདིར། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་ཏེ། ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་སྤངས་པའི་སྐད་ཅིག་མ་གཅིག་ལ་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་རྟོགས་པའི་ཚེ་ཡེ་ཤེས་དེའི་ངོར་ཇི་ལྟ་བ་དང་། ཇི་སྙེད་པ་དང་། ཡུལ་ཅན་ཡེ་ཤེས་གསུམ་པོ་ངོ་བོ་ཐ་དད་དུ་མི་སྣང་ལ། དེའི་རྗེས་སུ་མཉམ་བཞག་དེ་ལས་ལངས་པ་ཡང་མི་སྲིད་དེ། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་གསུངས་པའི་ཕྱིར་དང་། དེས་ནས་བཟུང་སྟེ་ཡེ་ཤེས་དེའི་ངོར་དུས་སྔ་ཕྱིའི་དབྱེ་བ་ཡང་མེད་པའི་ཕྱིར་ཏེ། སྐྱེ་འགག་མི་སྣང་བའི་ཕྱིར་རོ། །དེ་གསུམ་དབྱེར་མེད་རོ་གཅིག་ཏུ་རྟོགས་པ་ལ་གདུལ་བྱའི་ངོར་ལྡོག་པའི་སྒོ་ནས་ཆ་ཤས་ཕྱེ་ན་ཇི་ལྟ་བ་རྟོགས་པའི་ཆ་ནས་མཉམ་བཞག་དང་། ཇི་སྙེད་པ་རྟོགས་པའི་ཆ་ནས་རྗེས་ཐོབ་དང་། ཡེ་ཤེས་དེ་ཉིད་རྟོགས་པའི་ཆ་ནས་སོ་སོ་རང་རིག་པ་ཞེས་པའི་ཐ་སྙད་འཇོག་ལ། ངོ་བོ་ཐ་དད་པ་མེད་པར་མ་ཟད་རྟོགས་ཚུལ་ཐ་དད་པ་ཙམ་ཡང་མེད་དོ། །དེས་ན་ཆོས་ཉིད་ཇི་ལྟ་བ་རྟོགས་ཀྱང་ཆོས་ཅན་ཇི་སྙེད་པའི་དབྱེ་བ་མ་འདྲེས་པ་སོ་སོར་རྟོགས་པའི་ཆ་ནས་འཕགས་པ་འོག་མའི་མཉམ་བཞག་ལས་ཁྱད་པར་འཕགས། ཆོས་ཅན་ཇི་སྙེད་པ་སྣང་ཡང་སྐྱེ་འགག་ཏུ་མི་སྣང་བ་དང་། གཉིས་སྣང་མེད་པའི་ཆ་ནས་འཕགས་པ་འོག་མའི་རྗེས་ཐོབ་ལས་ཁྱད་པར་དུ་འཕགས་ཏེ། གཞུང་ལུགས་ཚད་ལྡན་གྱི་བཤད་ཚུལ་ལ་བརྟེན་ནས། འདི་ཙམ་ཞིག་སྨྲ་བར་ནུས་ཀྱིས་དེས་ཡུལ་རྟོགས་ཚུལ་ཇི་ལྟ་བ་བཞིན་སོ་སོ་སྐྱེ་བོས་བསམ་པར་ག་ལ་ནུས། ད་ནི་དེ་དག་གི་སྒྲུབ་བྱེད་འགོད་པར་བྱ་སྟེ། གཉིས་སྣང་ནུབ་པའི་ལུང་ནི་ཇི་ལྟར་སྣོད་ཀྱི་དབྱེ་བས་ཞེས་སོགས་ཀྱི་རྩ་འགྲེལ་ཡིན་ལ། གཞན་ཡང་ཤེས་བྱའི་ཡུལ་སྐྱེ་བ་མེད་པ་ལ་ཡུལ་ཅན་གྱི་བློ་ཡང་སྐྱེ་བ་མེད་པར་ལྡན་པར་གསུངས་པ་རྣམས་ཀྱིས་བསྟན་ཏོ། །དེ་ཉིད་སྐྱེ་མེད་ལ་གཉིས་སྣང་ནུབ་པའི་ལུང་ཡིན་ནོ་སྙམ་ན་དེ་ཉིད་ཀྱིས་སྐྱེ་སོགས་ལ་ཡང་གཉིས་སྣང་ནུབ་པར་གྲུབ་སྟེ། སྐྱེ་བ་ཙམ་མི་སྣང་བ་གཉིས་སྣང་གི་སྐྱེ་བ་སྣང་བར་འགལ་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་སྐྱེ་འགག་མེད་པའི་ལུང་ནི། རིགས་པ་དྲུག་ཅུ་པར། གང་གིས་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤོང་གྱུར་པ། །རྟེན་ཅིང་འབྱུང་བ་གསུངས་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། འདིར་ཡང་། དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །ཅེས་དང་། འགྲེལ་པར། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པ་ལས་ཤེས་བྱ་སྐྱེ་བ་མེད་པས་སྐྱེ་བ་མེད་པ་དང་ལྡན་པར་གྱུར་པ་གང་ཡིན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །ཞེས་དང་། མདོ་ལས་ཀྱང་། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ། །ཞེས་གསུངས་པ་རྣམས་སོ། །གལ་ཏེ་དེ་དག་དོན་དམ་པར་སྐྱེ་འགག་མེད་པའི་དོན་ཡིན་གྱི་ཐ་སྙད་དུ་མ་ཡིན་ནོ་སྙམ་ན་དེ་ནི་མ་ཡིན་ཏེ། ཐ་སྙད་ནི་གདུལ་བྱའི་ངོར་ཁས་བླངས་པ་ཙམ་ཡིན་གྱི་སངས་རྒྱས་རང་སྣང་ལ་དོན་དམ་དང་ཐ་སྙད་གཉིས་སུ་དབྱེར་མེད་པའི་ཕྱིར་དང་། རྒྱུད་བླར། བསླུ་བའི་ཆོས་ཅན་ཕྱིར་ཞེས་པ་དང་འགྲེལ་པར་མི་རྟག་པ་དང་། འདུས་བྱས་དང་། བརྫུན་པ་དང་། བསླུ་བ་རྣམས་དོན་གཅིག་པར་གསུངས་ཤིང་། འདི་འཕགས་པ་འོག་མའི་ལམ་བདེན་ལ་ཡོད་ཅིང་། སངས་རྒྱས་ཀྱི་ཡེ་ཤེས་ལ་མེད་པ་གཅིག་དགོས་པ་ལས། དོན་དམ་པར་དེ་དག་མེད་པ་འཕགས་པ་འོག་མའི་ལམ་བདེན་ལ་ཡང་ཡོད་པའི་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་རྟག་པར་ཐལ་ཏེ། ཐ་སྙད་དུ་ཡང་སྐྱེ་འགག་དང་བྲལ་བའི་ཕྱིར་སྙམ་ན། ངེས་དོན་གྱི་བཀའ་དང་བསྟན་བཅོས་རྣམས་ལས། གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པར་གསུངས་པའི་སྟེང་དུ་སླེབ་འདུག་པས་ད་འདོད་ཐོག་དུ་བྱའོ། །བཞི་པ་ནི། སློབ་དཔོན་འདིས་སྐུ་གསུམ་གྱི་རྣམ་གཞག་མཛད་པའི་ཐ་སྙད་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་གཉིས་ཀྱི་རྒྱུ་མཐུན་གྱི་སྐུའོ། །དང་པོ་ནི། སྔར་བཤད་པའི་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་དེ་ཉིད་དོ། །གཉིས་པ་ནི་དེ་ཉིད་མངོན་སུམ་དུ་མཛད་པའི་སྐུ་འོག་མིན་གྱི་གནས་ན་བཞུགས་པའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པའོ། །གསུམ་པ་ནི་དེ་ཉིད་ཀྱི་སྐུ་གཅིག་གམ་བ་སྤུའི་ཁུང་བུ་གཅིག་ལའང་རང་གཞན་གྱི་དུས་གསུམ་གྱི་སྤྱོད་པ་དང་། འཁོར་འདས་ཀྱི་སྣང་བ་མ་ལུས་པ་སྟོན་པ་སྟེ། འདི་ལ་སྤྲུལ་པའི་སྐུ་ཞེས་པའི་ཐ་སྙད་ནི་མི་མཛད་པར་སྣང་ངོ་། །འདི་དག་ལ་སྐུ་གསུམ་ཞེས་པའི་ཐ་སྙད་མཛད་པ་ཡང་། དག་པ་འདི་ནི་བཞེད་པ་འཇུག་པ་ཡིས། །ཞེས་པའི་སྔ་འགྲེལ་དུ་སྐུ་གསུམ་རྫོགས་པར་བརྗོད་ནས་རྣམ་པར་རྟོག་པ་མི་མངའ་བར་ཟིན་ཀྱང་བཞེད་པ་ལ་མངའ་བསྒྱུར་བ་ཉིད་ཕུན་སུམ་ཚོགས་པར་བསྟན་པའི་ཕྱིར་བཤད་པ་ཞེས་པས་འགྲུབ་བོ། །འོ་ན་སྤྲུལ་སྐུའི་ཐ་སྙད་གཏན་མི་བཞེད་དམ་སྙམ་ན་དེ་ལྟ་བུའི་སྐུ་གསུམ་བརྙེས་ཟིན་ནས་གདུལ་བྱ་གང་ན་ཡོད་པའི་གནས་དེ་དང་དེར་མཛད་པ་བཅུ་གཉིས་ལ་སོགས་པའི་གང་ལ་ཅི་འདུལ་སྟོན་པ་ཉིད་སྤྲུལ་སྐུར་བཞེད་དེ། སླར་ཡང་མི་གཡོ་སྐུ་མངའ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་སྤྲུལ་རྣམས་ཀྱིས་ཞེས་དང་། དེའི་འགྲེལ་པར། བཅོམ་ལྡན་འདས་ནི་ཁམས་གསུམ་ལས་འདས་སུ་ཟིན་ཀྱང་སྤྲུལ་པའི་སྐུ་རྣམས་ཀྱིས་ཡབ་དང་ཡུམ་དང་། སྲས་ལ་སོགས་པ་དང་འབྲེལ་པར་སྟོན་ཅིང་འཇིག་རྟེན་དང་རྗེས་སུ་བསྟུན་ཏེ། ཞེས་གསུངས་སོ། །གཞུང་ལུགས་གཞན་ལས་སྐུ་གསུམ་གྱི་རྣམ་གཞག་གི་མཛད་པ་ལྟར་ན་སྔར་གྱི་རྒྱུ་མཐུན་གྱི་སྐུ་དེ་ལོངས་སྐུའི་ཁོངས་སུ་བསྡུ་བར་མངོན་ནོ། །གཉིས་པ་གཞུང་གི་དོན་ལ་འཇུག་པ་ལ་གསུམ་སྟེ། བྱང་ཆུབ་ཇི་ལྟར་མཉེས་པའི་ཚུལ། བརྙེས་བྱ་སྐུ་ཡི་རྣམ་བཞག་བཤད། དུས་ཀྱི་སྒོ་ནས་མཆོག་ཏུ་བསྔགས་པའོ། །དང་པོ་ལ་གཉིས་ཏེ། དངོས་དང་། རྩོད་པ་སྤོང་བའོ། །དང་པོ་ལ་གསུམ་སྟེ། དུས་ནམ་གྱི་ཚེ། གནས་གང་དུ། ཡེ་ཤེས་ཇི་ལྟར་བརྙེས་པའི་ཚུལ་ལོ། །དང་པོ་ནི། གང་ཕྱིར་སོགས་ཏེ། འདིར་ཁ་ཅིག༥༧ ཚིག་རྐང་གཉིས་པ་ལ་ནག་ཚོའི་འགྱུར་ལས། སླར་ཡང་སྟོབས་བཅུ་བསྐྱེད་པའི་སྔོན་གྱི་ས་དེར་འབད་པ་མཛད་གྱུར་པ། ཞེས་འབྱུང་བ་ལྟར་ལེགས་སོ། །ཞེས་བྲིས་པ་ནི་འགྲེལ་པར་དུས་ཕྱིས་སངས་རྒྱས་ཀྱི་ས་ལ་འབད་པ་བརྩམ་པར་འགྱུར་ལ། ཞེས་པ་དང་འགལ་ཏེ། འགྱུར་དེ་ལྟར་ན་སླར་ཡང་འབད་པའི་ཡུལ་དེ་སྔོན་གྱི་ས་དེར་འཆད་དགོས་པའི་ཕྱིར་རོ། །དེས་ན་ཚིག་རྐང་དང་པོས་དཔེ་སྟོན་ཅིང་། དཔེ་དེ་བཞིན་དུ་སངས་རྒྱས་པའི་སྔོན་ས་བཅུ་པ་བརྙེས་པའི་ཚེ་ཞེས་འཆད་པ་ཉིད་འགྲེལ་པའི་དགོངས་པ་སྟེ། འོག་ཏུ་ཐུབ་དབང་དུས་གཅིག་ཁོ་ནར་དེ་ཡི་རྒྱུ་མཐུན་ཅེས་པའི་འགྲེལ་པར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གནས་སྐབས་ཀྱི་སྔ་རོལ་འཁོར་བ་ཐོག་མ་མེད་པར་ཞེས་གསུངས་པ་དང་མཐུན་ནོ། །གཉིས་པ་ནི། འོག་མིན་སོགས་སོ། །གསུམ་པ་ནི། ཇི་ལྟར་སོགས་ཏེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་རྟོགས་པའི་སྒོ་ནས་རོ་གཅིག་རྒྱུའི་ཆོས་ཅན་ཇི་སྙེད་པའི་དབྱེ་བ་མ་ལུས་པ་ཡང་བློ་སྐད་ཅིག་མ་གཅིག་གིས་ཅིག་ཆར་དུ་རྟོགས་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གང་ཚེ་སོགས་ཏེ། ཚིག་རྐང་དང་པོ་གསུམ་གྱིས་ཡེ་ཤེས་མི་འཐད་པའི་རྩོད་པ་སྟོན་ཏེ། སྤྲོས་པ་ཉེ་བར་ཞི་བའི་སྐྱེ་མེད་དེ་ཁོ་ན་ཉིད་ཡིན་ན་དེ་ལ་བློ་མི་འཇུག་པར་ཁས་ལེན་དགོས་ཏེ། རྣམ་པ་མེད་པར་ཡུལ་རིག་པ་མི་འཐད་ལ། སྐྱེ་མེད་ཀྱི་རྣམ་པ་ཅན་གྱི་བློ་ཡང་མི་སྲིད་པའི་ཕྱིར་ཏེ། སྐྱེ་བ་མེད་ན་རྣམ་པ་ཉིད་ཀྱང་མ་སྐྱེས་པའི་ཕྱིར་སྙམ་དུ་སེམས་སོ། །བློ་མ་ཞུགས་པར་ཞེས་སོགས་ཀྱི་དོན་ནི་གོ་སླའོ། །ཚིག་རྐང་ཐ་མས་ཆོས་སྟོན་པ་མི་འཐད་པའི་རྩོད་པ་སྟོན་ཏེ། སེམས་སྐྱེ་བ་མེད་ན་དེ་ཁོ་ན་ཉིད་མཁྱེན་པ་པོ་མེད་ལ་དེ་མེད་པར་དེ་ཁོ་ན་ཉིད་གཞན་ལ་སྟོན་པ་མི་འཐད་དོ་སྙམ་དུ་སེམས་ཏེ། སྔ་མས་ཡུལ་སྐྱེ་མེད་དང་། ཕྱི་མས་ཡུལ་ཅན་སྐྱེ་མེད་ལ་རྩོད་པའོ། །གཉིས་པ་ལ་གཉིས་ཏེ། སྐྱེ་བ་མེད་ཀྱང་དེ་ཡི་རིགས་པ་འཐད། སྐྱེ་བ་མེད་ཀྱང་དེ་ཉིད་སྟོན་པ་འཐད་པའོ། །དང་པོ་ནི། གང་ཚེ་སོགས་ཏེ། ཚིག་རྐང་ཕྱི་མ་གཉིས་ཀྱིས་ཁྱེད་རང་དངོས་སྨྲ་བ་རྣམས་ཀྱང་སེམས་སྔོན་པོའི་རྣམ་ལྡན་དུ་གྱུར་པ་ལ་སྔོན་པོ་ཤེས་སོ་ཞེས་ཐ་སྙད་འདོགས་པ་བཞིན་ཞེས་དཔེ་སྟོན་ལ། དང་པོ་གཉིས་ཀྱི་ཡུལ་སྐྱེ་མེད་ཡིན་པ་ལྟར་བློ་ཡང་སྐྱེ་མེད་དུ་གྱུར་པས་སྐྱེ་མེད་ཀྱི་རྣམ་པ་སྟོན་ཞེས་ཐ་སྙད་གདགས་སུ་རུང་ལ། དེས་ན་སྐྱེ་མེད་རྟོགས་ཞེས་ཉེ་བར་བཏགས་པ་ཙམ་ཡིན་གྱི་ཡུལ་དང་ཡུལ་ཅན་གྱི་ཚུལ་གྱིས་དངོས་སུ་རྟོགས་པ་ནི་མ་ཡིན་ཞེས་སྟོན་ཏེ། འགྲེལ་པར། དེའི་ཕྱིར་བཏགས་པ་ལས་དེ་ཁོ་ན་ཉིད་རྟོགས་སོ་ཞེས་རྣམ་པར་བཞག་གོ །དངོས་སུ་ན་འགའ་ཞིག་གིས་ཤེས་པ་ནི་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉིས་ཀ་མ་སྐྱེས་པའོ། །ཞེས་གསུངས་པའི་དོན་དཔྱིས་ཕྱིན་པའོ། །མཁས་པ་ཆེན་པོ་དག་ཀྱང་འདིར་སྐྱེ་བ་དང་བྲལ་ཞེས་པའི་དོན་བློ་ཉིད་ཡུལ་སྐྱེ་མེད་དུ་གྱུར་པ་ལ་འཆད་པ་ནི་དཔེ་དོན་མི་འགྲིག་ཏེ། དེ་ལྟ་ན་སྔོན་པོའི་རྣམ་པ་ཅན་གྱི་བློ་ཉིད་ཡུལ་སྔོན་པོ་ཉིད་དུ་འགྱུར་པས་སོ། །འགྲེལ་པ་ལས། རྣམ་པར་ཤེས་པ་སྔོན་པོའི་རྣམ་པར་བསྲེལ་བར་ཉེ་བར་སྐྱེ་བ་ན་སྔོན་པོ་ཤེས་སོ་ཞེས་བརྗོད་པ་དེ་བཞིན་དུ་ཤེས་པ་དེ་ཁོ་ན་ཉིད་ཀྱི་རྣམ་པའི་རྗེས་སུ་བྱེད་པ་སྐྱེ་བ་ན་དེ་ཁོ་ན་ཉིད་ཤེས་སོ་ཞེས་ཉེ་བར་གདགས་སོ་ཞེས་དཔེ་དོན་གཉིས་ཀར་ཡུལ་ཅན་གྱི་ཤེས་པ་སྐྱེ་བར་བཤད་པ་དང་འགལ་ལོ། །དེས་ན་སྐྱེ་བ་དང་བྲལ་བ་ཞེས་པ་ནི་རིགས་པ་དྲུག་ཅུ་པའི་འགྲེལ་པར་སྐྱེ་བ་མེད་པའི་ངོ་བོ་དེ་ལ་ཤེས་པས་སྐྱེ་བ་མངོན་དུ་བྱེད་མི་སྲིད་ཞེས་འབྱུང་བ་ལྟར་ཡུལ་སྐྱེ་མེད་ལ་སྐྱེ་བར་སྣང་མི་སྲིད་པས་ཡུལ་གྱི་གནས་ལུགས་དང་བློའི་འཛིན་སྟངས་མཐུན་པས་བློ་ཡུལ་གྱི་རྣམ་པ་ཅན་དུ་འགྱུར་རོ། །འགྲེལ་པར་ཤེས་པ་དང་ཤེས་བྱ་གཉིས་ཀའང་མ་སྐྱེས་པའི་ཕྱིར་ཞེས་པ་ནི་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་དགོངས་ཀྱི་ཐ་སྙད་དུ་སྐྱེ་བ་མེད་པ་ནི་མ་ཡིན་ཏེ། ཚིགས་གསལ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་པར་འགྱུར་བ་དེའི་ཚེ་དེ་ཁོ་ན་ཉིད་མ་རྟོགས་པའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། ཞེས་འབྱུང་བས་སོ་ཞེས་གསུངས་པ་ནི་དེང་སང་གི་ཐ་སྙད་དང་བསྟུན་ན་འཆད་ཚུལ་ཕུན་སུམ་ཚོགས་པར་སྣང་ཡང་སངས་རྒྱས་ཀྱི་ཡེ་ཤེས་ལ་སྐྱེ་བ་ཐ་སྙད་དུ་ཡོད་པ་དེ་སངས་རྒྱས་རང་ངོར་ཡིན་ནམ། གདུལ་བྱའི་གཞན་ངོར་ཡིན། དང་པོ་ལྟར་ན་རྒྱུད་བླར། བསླུ་བའི་ཆོས་ཅན་ཕྱིར། ཞེས་གསུངས་པའི་བསླུ་བའི་དོན་དེ་བྱང་སེམས་འཕགས་པའི་ལམ་བདེན་དང་། སངས་རྒྱས་ཀྱི་ཡེ་ཤེས་གཉིས་ལ་ཡོད་མེད་ཁྱད་པར་མེད་པར་འགྱུར་ཏེ། དོན་དམ་པར་མེད་མཉམ་དང་། ཐ་སྙད་དུ་ཡོད་མཉམ་ཡིན་པའི་ཕྱིར། འོ་ན་བྱང་སེམས་འཕགས་པའི་མཐོང་སྒོམ་མཉམ་བཞག་རང་ངོར་ཡེ་ཤེས་དེ་ཐ་སྙད་དུའང་མ་སྐྱེས་པར་ཁས་བླངས་པས་དེ་ལའང་བསླུ་བ་དེ་མི་ལྡན་པར་འགྱུར་རོ་སྙམ་ན། ད་ལྟ་མི་ལྡན་ཡང་རྗེས་ཐོབ་ཀྱི་གནས་སྐབས་སུ་བསླུ་བ་དེར་འགྱུར་བའི་ཆ་ནས་འཇོག་པས་སྐྱོན་མེད་ལ་རྒྱུན་མཐའི་ཡེ་ཤེས་ནི་དེའི་རིགས་སུ་གཏོགས་པས་དེར་བསྡུ་བ་ཙམ་སྟེ། མཉམ་བཞག་ལས་ལྡང་བ་མི་སྲིད་པ་རྒྱུན་མཐའི་ཡེ་ཤེས་ལ་ཡོད་ཀྱང་དེ་སངས་རྒྱས་ཀྱི་ཁྱད་ཆོས་སུ་འཇོག་པ་ལྟར་རོ། །གལ་ཏེ་གདུལ་བྱའི་གཞན་ངོར་སྐྱེ་བ་ཡོད་པ་ཙམ་ལ་འཇོག་ན་དེས་སྐྱེ་བ་ཡོད་པར་མི་འགྲུབ་སྟེ། གཞན་དུ་ན་སངས་རྒྱས་ལ་ངར་འཛིན་ཡོད་པར་ཐལ་བ་སོགས་མཐའ་ཡས་སོ། །དེས་ན་ཡུལ་སྐྱེ་མེད་མངོན་སུམ་དུ་རྟོགས་པའི་ཚེ་ཡུལ་ཅན་ཡེ་ཤེས་སྐྱེ་བར་བཤད་པ་ནི་གཞན་ངོར་ཡིན་ལ་གཞན་ངོར་ནི་དོན་དམ་པར་སྐྱེ་བ་དང་ཐ་སྙད་དུ་སྐྱེ་བ་གཉིས་ཀ་ཡོད་དོ། །མ་སྐྱེས་པར་བཤད་པ་རྣམས་ནི་རང་ངོར་ཏེ་རང་ངོ་རྣམས་ནི་ཐ་སྙད་དང་དོན་དམ་གང་དུ་ཡང་སྐྱེ་བ་མེད་དོ། །ཤིན་ཏུ་ཟབ་པའི་གནད་འདི་དག་ནི་གཞན་གྱིས་བློ་ཡུལ་དུ་འཆར་བ་དཀའ་ན་ཡང་རང་ཉིད་དྲན་པ་གསོ་བའི་ཕྱིར་བྲིས་པའོ། །གཉིས་པ་ལ་གཉིས་ཏེ། སྐྱེ་བ་མེད་ཀྱང་ཆོས་ཀྱི་རྣམ་རིག་འབྱུང་། །རྣམ་རྟོག་མེད་ཀྱང་ཆོས་སྟོན་འཐད་པའི་དཔེའོ། །དང་པོ་ནི། དེ་ཡི་སོགས་སོ། །གཉིས་པ་ནི། ཇི་ལྟར་སོགས་སོ། །གཉིས་པ་བརྙེས་བྱ་སྐུའི་རྣམ་གཞག་བཤད་པ་ལ་གཉིས་ཏེ། སྐུ་གསུམ་ཡོན་ཏན་བཅས་པ་བཤད། སྤྲུལ་སྐུ་ཕྲིན་ལས་བཅས་པ་བཤད་པའོ། །དང་པོ་ལ་གསུམ་སྟེ། རྟེན་སྐུ་གསུམ་བཤད། བརྟེན་པ་ཡོན་ཏན་བཤད། དེ་དག་གཉིས་སུ་བསྡུ་བའོ། །དང་པོ་ལ་གསུམ་སྟེ། སྤྲོས་པ་ཉེར་ཞིའི་ཆོས་སྐུ་བཤད། བསོད་ནམས་བརྒྱས་ཟིན་ལོངས་སྐུ་བཤད། གཉིས་ཀྱི་རྒྱུ་མཐུན་སྟོན་ཚུལ་བཤད་པའོ། །དང་པོ་ནི། ཤེས་བྱའི་སོགས་ཏེ། ཤེས་བྱའི་བུད་ཤིང་སྐམ་པོ་ནི་སྐྱེ་འགག་སོགས་ཡིན་ལ་དེ་བསྲེགས་པས་ཞི་བ་ནི་སྐྱེ་མེད་མངོན་དུ་གྱུར་པ་སྟེ། ཇི་ལྟ་བ་དང་། ཇི་སྙེད་པ་དང་། ཡེ་ཤེས་གསུམ་པོ་དབྱེར་མེད་པར་མངོན་དུ་གྱུར་ཞེས་པའི་དོན་ཏོ། །སེམས་འགགས་པས་ཞེས་པའི་འགྲེལ་པར་དེ་ལྟར་ན་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་རྣམ་པ་ཐམས་ཅད་དུ་དེའི་ཡུལ་ཅན་སེམས་དང་སེམས་ལས་བྱུང་བ་རྣམས་མི་འཇུག་པས་ཞེས་གསུངས་ཏེ། སེམས་བྱུང་ནི་དམིགས་རྣམ་མི་འདྲ་བས་རབ་ཏུ་ཕྱེ་བ་སྟེ། དེའི་དམིགས་རྣམ་ཀྱིས་སེམས་ཀྱང་དེ་དང་དམིགས་རྣམ་མཚུངས་པར་བསྒྱུར་བ་ནི་མཚུངས་པ་ལྔས་མཚུངས་ཀྱི་དོན་ཡིན་པས་སངས་རྒྱས་ཀྱི་སར་སེམས་སེམས་བྱུང་ཡོད་ན་ཤེས་པ་དམིགས་རྣམ་མི་འདྲ་བ་དུ་མ་ཡོད་དགོས་པས་དེ་མེད་པའི་ཕྱིར་ནི་སེམས་སེམས་བྱུང་གཉིས་མེད་ཞེས་ཏེ། ཤེས་པ་ཙམ་ལ་སེམས་སུ་འཇོག་པ་མེད་པ་ནི་མ་ཡིན་ནོ། །གཉིས་པ་ནི། ཞི་སྐུ་སོགས་སོ། །གསུམ་པ་ལ་གསུམ་སྟེ། གཟུགས་སྐུ་གཅིག་ལ་རང་གི་རྣམ་འགྱུར་སྟོན། བ་སྤུའི་ཁུང་བུར་རང་གཞན་རྣམ་ཐར་སྟོན། བཞེད་པ་ཙམ་གྱིས་མངའ་བསྒྱུར་གཞན་ཡང་སྟོན་པའོ། །དང་པོ་ལ་གཉིས་ཏེ། འཁོར་བའི་སྤྱོད་པ་སྟོན་པ། སྦྱིན་སོགས་ཀྱི་སྤྱོད་པ་སྟོན་པའོ། །དང་པོ་ནི་ཐུབ་དབང་སོགས་སོ། །གཉིས་པ་ནི་ཐུབ་དབང་སོགས་སོ། །གཉིས་པ་ལ་གཉིས་ཏེ། རང་གི་སྤྱོད་པ་སྟོན་པ། གཞན་གྱི་སྤྱོད་པ་སྟོན་པའོ། །དང་པོ་ནི། བདག་སོགས་ཏེ། སྔར་གྱི་སྤྱོད་པ་གཉིས་ཀའང་བ་སྤུའི་ཁུང་བུར་སྟོན་ཞེས་པའོ། །གཉིས་པ་ལ་གསུམ་སྟེ། སངས་རྒྱས་འཕགས་པའི་སྤྱོད་པ་སྟོན་པ། འཕགས་པ་འོག་མའི་སྤྱོད་པ་སྟོན་པ། སོ་སོ་སྐྱེ་བོའི་སྤྱོད་པ་སྟོན་པའོ། །དང་པོ་ནི། སངས་རྒྱས་སོགས་སོ། །གཉིས་པ་ནི། དེ་བཞིན་སོགས་སོ། །གསུམ་པ་ནི། དེ་ལྷག་སོགས་སོ། །གསུམ་པ་ལ་གཉིས་ཏེ། ཡུལ་ལ་མངའ་བསྒྱུར་བ། དུས་ལ་མངའ་བསྒྱུར་བའོ། །དང་པོ་ནི། དག་པ་སོགས་སོ། གཉིས་པ་ནི། རྣམ་རྟོགས་སོགས་སོ། །གཉིས་པ་རྟེན་པ་ཡོན་ཏན་བཤད་པ་ལ་གསུམ་སྟེ། རིགས་ཀྱི་དབྱེ་བ་རྣམ་བཅུར་བསྡུ། གསལ་བའི་དབྱེ་བ་བརྗོད་མི་ནུས། འདིར་བཤད་གཞན་ལ་བརྟེན་ནས་སྨྲས་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། གནས་དང་སོགས་སོ། །གཉིས་པ་ལ་བཅུ་ལས། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི། རྒྱུ་གང་སོགས་སོ། །ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ནི། འདོད་དང་སོགས་ཏེ། འགྲེལ་པར། ལས་ཡིད་དུ་འོང་བ་དང་། ལས་ཡིད་དུ་མི་འོང་བ་དང་། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་ལས་ཟད་པའི་རྒྱུ་ཟག་པ་མེད་པ་དང་། རྣམ་པ་གསུམ་པོ་དེའི་རྣམ་པར་སྨིན་པ་ལས་ལྟར་ཤིན་ཏུ་སྣ་ཚོགས་པ་དུས་གསུམ་གྱིས་བསྡུས་པ་ཞེས་གསུངས་པས། ཟག་མེད་ཀྱི་ལས་ཀྱིས་རྣམ་སྨིན་མི་འབྱིན་པ་མངོན་པ་གོང་འོག་གི་ལུགས་ཡིན་ཀྱང་། འབྱིན་པ་དབུ་མ་པའི་ལུགས་ཡིན་པས་ཕྱོགས་གཅིག་མཐོང་ནས་གཞན་སུན་འབྱིན་པར་མི་བྱ་སྟེ། མངོན་རྟོགས་རྒྱན་ལས་ཀྱང་། དེ་མཐའ་དེ་ཡི་རྣམ་སྨིན་ནི། །ཞེས་གསུངས་པའང་མཐོང་བར་བྱའོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ནི། འདོད་ཆགས་སོགས་སོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ནི། སངས་རྒྱས་སོགས་ཏེ། འགྲེལ་པར་རང་བཞིན་དང་། ངོ་བོ་དང་། སྟོང་པ་ཉིད་ཅེས་བྱ་བ་ནི་རྣམ་གྲངས་དག་གོ་ཞེས་གསུངས་པས་མིག་ལ་སོགས་པའི་ཁམས་བཅོ་བརྒྱད་ཀྱི་ནང་སྟོང་པ་ཉིད་སོགས་གསུམ་ཤེས་པ་དང་། ས་ལ་སོགས་པའི་ཁམས་ནམ་མཁའི་ཁམས་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། དེ་བཞིན་དུ་འདོད་པ་ལ་སོགས་པའི་ཁམས་གསུམ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཁམས་དྲུག་གི་རང་གི་མཚན་ཉིད་ཤེས་པ་སྟེ། དེ་ལྟར་ན་འཇིག་རྟེན་པའི་ཁམས་གང་ཡིན་པ་དང་། རབ་ཏུ་གནས་པའི་ཁམས་གང་ཡིན་པ་དང་། རྗེས་སུ་ཁྲིད་པའི་ཁམས་གང་ཡིན་པ་དང་། ཐོགས་པའི་ཁམས་གང་ཡིན་པ་དང་། བསམ་པའི་ཁམས་གང་ཡིན་པ་དང་། བརྟེན་པའི་ཁམས་གང་ཡིན་པ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་གསུངས་ཏེ། གཞན་ནས་གསུངས་པ་དང་ཚུལ་མི་འདྲ་བར་སྣང་ངོ་། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ནི། ཀུན་ཏུ་སོགས་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དབང་པོ། རྣོ་འབྲིང་རྟུལ་གསུམ་དང་། མིག་སོགས་དབང་པོ་ཉི་ཤུ་རྩ་གཉིས་ཀྱི་ངོ་བོ་དང་། ཕན་ཚུན་འབྲས་བུ་གྲུབ་པའི་ནུས་པ་མཁྱེན་པ་ལ་བཤད་དོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི། ལམ་འགའ་སོགས་ཏེ། གཞན་ནས་བྱང་ཆུབ་གསུམ་པོ་ཐམས་ཅད་དུ་འགྲོ་བའི་ལམ་ཞེས་པ་ཙམ་ལ་འཇོག་ལ། འདིར་ནི་འཁོར་བར་འགྲོ་བའི་ལམ་སོགས་ལའང་འཇོག་པར་སྣང་ངོ་། །ཀུན་ནས་ཉོན་མོངས་པ་དང་རྣམ་པ་བྱང་བ་མཁྱེན་པའི་སྟོབས་ནི། འཇིག་རྟེན་སོགས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ནི། ཇི་སྙེད་སོགས་སོ། །འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི། སེམས་ཅན་སོགས་སོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི། རྣམ་ཀུན་སོགས་ཏེ། འགྲེལ་པར་གང་གིས་སེམས་ཀྱི་རྒྱུད་འབགས་པར་བྱེད་ཅིང་བསྒོ་བར་བྱེད་ལ་རྗེས་སུ་བགྲོད་པར་བྱེད་པ་དེ་ནི་བག་ཆགས་ཏེ་ཉོན་མོངས་པའི་མུན་པ་མཐུག་པོ་སྟེ། གོམས་པ་དང་། རྩ་བ་དང་། བག་ཆགས་ཞེས་བྱ་བ་ནི་རྣམ་གྲངས་དག་གོ་ཞེས་བྱ་བ་ནི། དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ། འདོད་ཆགས་ལ་སོགས་པའི་བག་ཆགས་ཡོད་པ་ནི་ལུས་དང་ངག་གི་འཇུག་པ་རྣམ་པ་དེ་ལྟ་བུའི་རྒྱུ་ཡང་ཡིན་ཏེ། མ་རིག་པ་དང་འདོད་ཆགས་ལ་སོགས་པའི་བག་ཆགས་དེའང་རྣམ་པ་ཐམས་ཅད་མཁྱེན་པ་དང་། སངས་རྒྱས་ཁོ་ན་ལ་ལྡོག་པར་འགྱུར་གྱི། གཞན་དག་ལ་ནི་མ་ཡིན་ནོ་ཞེས་གསུངས་པས། ལུགས་འདིས་རྒྱུད་བླ་དང་མཐུན་པར་ཉོན་མོངས་པའི་བག་ཆགས་ཤེས་སྒྲིབ་ཏུ་བཞེད་དོ། །འདི་ནི་གཞུང་ལུགས་གཉིས་ཆར་གྱི་དགོངས་པ་སྒྲིབ་པ་གཞན་གྱི་བག་ཆགས་ཤེས་སྒྲིབ་ཏུ་ཚུར་འཇོག་པའི་ལུགས་ཡིན་ཞིང་། ཤེས་སྒྲིབ་ཀྱི་རྣམ་རྟོག་ནི་འཁོར་གསུམ་དུ་རྣམ་པར་རྟོག་པ་ལ་འཇོག་པའང་འདྲའོ། །དགོས་པའི་སྒོ་ནས་ཐ་སྙད་འཇོག་ཚུལ་མི་འདྲ་བ་ཡོད་པ་ཙམ་གྱིས་དགོངས་པ་མི་མཐུན་པར་མི་འགྱུར་ལ། དོན་གྱི་གནས་ཚུལ་མི་འདྲ་བ་སོ་སོར་བཞེད་ན་གང་རུང་གཅིག་འཁྲུལ་པ་ལས་འོས་མེད་པས་ཁོ་བོ་ནི་བྱམས་མགོན་དང་ཀླུ་སྒྲུབ་དབུ་མའི་སྐབས་སུ་དགོངས་པ་གཅིག་ཏུ་འཆད་དེ། མགོ་འཇུག་ཐམས་ཅད་དུ་འདི་ཤིན་དུ་བདེ་བ་གཅིག་ཀྱང་བྱུང་ངོ་། །གཉིས་པ་ནི་ནམ་མཁའ་སོགས་སོ། །གསུམ་པ་ནི། དེ་ཕྱིར་སོགས་ཏེ། དོགས་སྤང་ཞེས་པའི་དོན་ནི། འཕགས་མཆོག་ཀླུ་སྒྲུབ་ཀྱིས་བཤད་པ་ལ་བརྟེན་ནས་བདག་གི་འཚམ་ཚོམ་མེད་པར་ཡོན་ཏན་ཕྱོགས་གཅིག་གི་ཆ་ཙམ་ཞིག་གླེངས་ཞེས་བཤད་དོ། །གསུམ་པོ་དེ་དག་གཉིས་སུ་བསྡུ་བ་ནི། དེ་ལ་སོགས་ཏེ། སྔ་འགྲེལ་དུ་མདོར་བསྡུ་ན། བསྟན་བཅོས་འདི་ལས་སངས་རྒྱས་ཀྱི་ཡོན་ཏན་ཟབ་པ་སྟེ་ཆོས་ཉིད་དང་རྒྱ་ཆེ་བ་ཉེ་བར་བསྟན་ཏོ། །ཞེས་གསུངས་ཏེ། སྤྲོས་པ་ཉེར་ཞིའི་ཆོས་སྐུ་ནི་ཟབ་པ་དང་། ལོངས་སྐུ་མན་ཆད་རྒྱ་ཆེ་བ་ཡིན་པར་མངོན་ནོ། །དེའི་རྒྱུ་ལ་ས་བཅུའི་གནས་སྐབས་སུ་ཟབ་མོ་སྟོང་ཉིད་རྟོགས་པའི་མཉམ་བཞག་དང་རྒྱ་ཆེ་བ་སྦྱིན་སོགས་སྒྲུབ་པའི་རྗེས་ཐོབ་གཉིས་དགོས་ཤིང་། དེའི་རྒྱུ་ལ་ཚོགས་སྦྱོར་གྱི་གནས་སྐབས་སུ་དེ་གཉིས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྒོ་ནས་མཁས་པ་དགོས་ཏེ། ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི། །རིམ་གྱིས་རབ་ཏུ་དགའ་བའི་ས་ནི་འཐོབ་འགྱུར་བས། །དེ་ནི་དོན་དུ་གཉེར་བས་དོན་འདི་མཉན་པར་གྱིས། །ཞེས་གསུངས་སོ། །དེ་ལྟར་ན་བསྟན་བཅོས་འདིས་སེམས་སྐྱེད་བཅུ་པོ་རང་གི་ངོ་བོ་འཕགས་པའི་གནས་སྐབས་དང་། དེ་ཐོས་བསམ་གྱིས་གཏན་ལ་ཕབ་པ་སོ་སྐྱེའི་གནས་སྐབས་དང་། དེ་ལས་ཟབ་པ་དང་རྒྱ་ཆེ་བ་གཉིས་མངོན་དུ་འགྱུར་པ་ནི་སངས་རྒྱས་ཀྱི་གནས་སྐབས་ཡིན་པར་བསྟན་ཏེ། ལམ་དང་འབྲས་བུའི་རྣམ་པར་བཞག་པ་མ་ལུས་པ་ཡང་མཚོན་པར་ཤེས་པར་བྱའོ། །གཉིས་པ་སྤྲུལ་སྐུ་ཕྲིན་ལས་དང་བཅས་པ་བཤད་པ་ལ་གསུམ་སྟེ། སྤྲུལ་སྐུས་གནས་སྐབས་ཐེག་གསུམ་བསྟན། མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ། ཐེག་གསུམ་དགོངས་པ་ཅན་དུ་བསྟན་པའོ། །དང་པོ་ནི། སླར་ཡང་སོགས་ཏེ། ཐུགས་རྗེས་མྱ་ངན་འདས་པར་ཞེས་པའི་དོན་མཐར་ཐུག་མི་གནས་པའི་མྱང་འདས་སུ་དཀྲི་ཞེས་པ་དང་། གནས་སྐབས་མྱང་འདས་ཙམ་ལ་དཀྲི་ཞེས་པ་གང་ཡིན་རྩ་འགྲེལ་གཉིས་ཆར་དུ་མི་གསལ་བས་དང་པོ་ལྟར་ན་ནི་གཞུང་འོག་མའི་སྔ་འགྲེལ་དུ་དེའི་ཕྱིར་དེ་ལྟར་དེ་བཞིན་གཤེགས་པའི་སྐུའི་རྣམ་པར་གཞག་པ་བྱས་ནས་ཐེག་པ་གཅིག་ལ་ཐེག་པ་གསུམ་བསྟན་པ་དགོངས་པ་ཅན་ཉིད་དུ་བཤད་པ་ཞེས་པ་དང་མཐུན་ཏེ། དེ་ལྟར་ན་སྔར་གྱི་ས་བཅད་ཀྱང་སྤྲུལ་སྐུས་མཐར་ཐུག་ཐེག་གཅིག་བསྟན་ཞེས་འདོན་དགོས་སོ། །ཕྱི་མ་ལྟར་ན་གཞུང་འདི་ཉིད་ཀྱི་སྔ་འགྲེལ་དུ། ད་ནི་སྤྲུལ་པའི་སྐུ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཐུན་མོང་བ་དང་། ཐབས་ཐུན་མོང་བ་འབྱུང་བ་ཞེས་གསུངས་པ་དང་མཐུན་ནོ། །གཉིས་པ་ནི། གང་ཕྱིར་སོགས་ཏེ། འདི་ནི་སྔ་འགྲེལ་དུ་ཐེག་པ་གཅིག་ལ་ཞེས་པའི་དོན་ཏེ་ཡུལ་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་ཚུལ་མི་འདྲ་བས་གཞན་དང་གཞན་དུ་རྣམ་པར་འགྱུར་བ་དང་རིགས་མི་འདྲ་བའི་དབྱེ་བ་ཡང་མེད་ཅིང་ཡུལ་ཅན་ཡེ་ཤེས་ཀྱང་རྟོགས་པ་མཐར་ཐུག་པའི་ཚེ་རྟོགས་ཚུལ་མི་འདྲ་བའི་དབྱེ་བ་མེད་པས་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་ཏེ། ཇི་སྐད་དུ། འོང་སྲུང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདས་པ་ཡིན་ལ། དེ་ཡང་གཅིག་ཡིན་གྱིས་གཉིས་དང་གསུམ་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །གསུམ་པ་ནི་གང་ཕྱིར་སོགས་ཏེ། ཚིག་རྐང་དང་པོ་གཉིས་ཀྱིས་དང་པོ་ཉིད་ནས་ཐེག་ཆེན་གྱིས་དཀྲི་མི་ནུས་པའི་གང་ཟག་ངོས་བཟུང་། དེ་ནས་ཚིག་རྐང་གཉིས་ཀྱིས་དེ་དག་ཡལ་བར་མི་འདོར་བའི་རྒྱུ་ངོས་བཟུང་། དེ་ནས་ཚིག་རྐང་གསུམ་དང་ཚིག་བར་གཉིས་ཀྱིས་དམ་ཆོས་པདྨ་དཀར་པོ་ལས་གསུངས་པའི་དཔེའི་སྒོ་ནས་དེ་དག་ལ་ཐེག་པ་འོག་མ་གཉིས་བསྟན་པའི་དགོས་པ་ངོས་བཟུང་། རྣམ་པར་དབེན་ལའང་ཞེས་པས་དེ་ལྟ་བུའི་མྱང་འདས་ཐོབ་པའི་གང་ཟག་གཉིས་དང་། བློ་སྦྱངས་རྣམས་ལ་ཞེས་པས་དང་པོ་ཉིད་ནས་ཐེག་ཆེན་གྱིས་དཀྲི་བར་ནུས་པའི་གང་ཟག་རྣམས་ལ་ཐེག་ཆེན་ལོགས་སུ་གསུངས་པར་བསྟན་ནོ། །གསུམ་པ་དུས་ཀྱི་སྒོ་ནས་མཆོག་ཏུ་བསྔགས་པ་ལ་གཉིས་ཏེ། ཐོག་མར་བྱང་ཆུབ་དམ་པ་བརྙེས་པའི་དུས། ཐ་མར་འགྲོ་བའི་དོན་ལ་བཞུགས་པའི་དུས་སོ། །དང་པོ་ནི། བདེ་བར་སོགས་ཏེ། བྱང་ཆུབ་མཆོག་རབ་དམ་པར་ཞེས་པའི་དོན་འགྲེལ་པར། བཅོམ་ལྡན་འདས་སྤྲུལ་པའི་སྐུ་འབྱུང་བའི་རྒྱུ་གང་ཡིན་པ་དེ་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ཅི་ཙམ་པ་དེའི་ཚད་བརྗོད་པར་བྱ་སྟེ། ཞེས་གསུངས་ལ། སྤྲུལ་སྐུ་འབྱུང་བའི་རྒྱུ་ནི་སྔར་བཤད་པའི་སྐུ་གསུམ་ཅིག་ཆར་དུ་བརྙེས་པ་དེ་ཉིད་ཡིན་ལ། འདི་ལ་འགྲེལ་བཤད་བྱེད་པས་འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་གཅིག་ཡིན་པས་དེ་ལྟར་བརྗོད་པ་ཡིན་གྱི་གཞན་དུ་ན་སངས་རྒྱས་གཞན་འབྱུང་བར་མི་འགྱུར་བས་སོ་ཞེས་འཆད་དོ། །དེའི་དོན་ཡང་འདིར་འབྱུང་བའི་འབྲས་བུའི་རྣམ་གཞག་རྣམས་ནི་སངས་རྒྱས་སྤྱིའི་དབང་དུ་བྱས་པ་ཡིན་པས་དེ་རིང་སངས་རྒྱས་པ་ལྟ་བུ་གཅིག་ལ་ཡང་ཚང་དགོས་ལ་དེ་ལྟར་ན་སངས་རྒྱས་དེའི་སྤྲུལ་སྐུ་འབྱུང་བའི་རྒྱུ་ཆོས་སྐུ་དེ་སངས་རྒྱས་རྣམས་ཀྱི་ཆོས་སྐུ་དང་དབྱེར་མེད་གཅིག་ཡིན་པས་དེའི་ཐོག་མའི་ཚད་བཟུང་བ་སྟེ། དེ་ལས་གཞན་དུ་དེ་རིང་སངས་རྒྱས་པའི་ཆོས་སྐུའི་ཐོག་མ་དེ་རིང་ཡིན་ན་དེ་ལྟ་བུའི་སངས་རྒྱས་འབྱུང་བར་མི་འགྱུར་ཏེ། དེ་ལ་འདི་ནས་བཤད་པའི་དུས་ཀྱི་ཁྱད་པར་མ་ཚང་བའི་ཕྱིར་ཞེས་པའི་དོན་དུ་འཆད་དགོས་སོ། །ཆོས་སྐུ་གཅིག་ཡིན་པ་ནི་མདོ་སྡེ་རྒྱན་སོགས་གཞུང་ལུགས་ཚད་ལྡན་དུ་མའི་དགོངས་པ་ཡིན་ཀྱང་འདིར་དེའི་དབང་དུ་བྱས་ནས་གསུངས་པ་མིན་ཏེ། དེ་ལྟར་ན་གློ་བུར་དྲི་བྲལ་འབའ་ཞིག་གི་དབང་དུ་བྱས་པར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན་རང་བཞིན་རྣམ་དག་གི་ཆོས་དབྱིངས་དེ་ད་ལྟ་གློ་བུར་གྱི་དྲི་མས་བསྒྲིབས་པས་སངས་རྒྱས་མངོན་དུ་མ་གྱུར་ཀྱང་ནམ་ཞིག་གློ་བུར་གྱི་དྲི་མ་ཟད་པའི་ཚེ་དེ་ཉིད་སངས་རྒྱས་དངོས་སུ་མཐོང་བས་དེའི་ཐོག་མ་མེད་ཅེས་པའི་དོན་ཏེ། གློ་བུར་གྱི་དྲི་མ་ཟད་པ་ཙམ་མ་གཏོགས་སངས་རྒྱས་གསར་དུ་ཐོབ་རྒྱུ་མེད་ཅེས་པ་ངེས་དོན་གྱི་བཀའ་དང་བསྟན་བཅོས་རྣམས་ལས་རབ་ཏུ་མང་བར་གསུངས་སོ། །དཔེར་ན་ཁྱིམ་གྱི་འོག་གི་གཏེར་དབུལ་པོའི་ལག་ཏུ་ཐོབ་པའི་ཚེ་སྒྲིབ་བྱེད་བསལ་ནས་གསར་དུ་མཐོང་བ་ཙམ་ཡིན་གྱི་དང་པོ་ནས་ཐོབ་ཐོབ་པ་ཡིན་པ་བཞིན་ཏེ། དཔེ་དགུ་ཆར་ལ་སྦྱར་བར་བྱའོ། །རང་བཞིན་རྣམ་དག་གདོད་མ་ནས་སངས་རྒྱས་ཡིན་པ་དང་། དེའི་ཐོག་མ་མེད་པ་གསང་བ་ཡིན་པ་ནི། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་དང་། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་སོགས་ཀྱི་དོན་ཡིན་པས་འདི་ནི་སྔོན་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱིས་ལྷག་པར་མོས་པར་བྱ་དཀའ་བའི་ཕྱིར་ན་བསྙད་པར་བྱ་བ་མ་ཡིན་ཞེས་གསུངས་སོ། །འགའ་ཞིག་ཏུ་དེ་ལ་ལྷག་པར་མོས་པར་བྱེད་པ་རྣམས་ལ་བསོད་ནམས་གཞལ་དུ་མེད་པ་བསགས་པར་བྱ་བའི་ཕྱིར་བཤད་དོ། །དོན་འདི་མ་རྟོགས་པར། ཁ་ཅིག་༥༨འགྲེལ་བཤད་ལས་དེ་ལྟར་འཆད་པ་ནི་མི་འཐད་དེ། འགྲེལ་པ་ལས་སྤྲུལ་པའི་སྐུ་འབྱུང་བའི་དབང་དུ་བྱས་པར་གསུངས་པའི་ཕྱིར་རོ། །སྤྲུལ་པའི་སྐུ་འབྱུང་བའི་རྒྱུ་ཞེས་ཆོས་ཀྱི་སྐུ་ལ་དགོངས་ཞེས་འཆད་པའང་མི་རིགས་ཏེ། ཆོས་ཀྱི་སྐུར་གཤེགས་པའི་ཚད་དེ་ཙམ་དུ་འདོད་ན་གང་ཟག་གཞན་སངས་རྒྱ་བའི་སྐབས་མེད་པའི་སྐྱོན་དེ་ལའང་འཇུག་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་གཅིག་ཡིན་ན་སངས་རྒྱས་སྔ་མ་རྣམས་སངས་རྒྱས་པའི་ཚེ་སྔར་འཚང་མ་རྒྱས་པ་དང་འཚང་རྒྱ་བའི་ཆོས་སྐུ་ཡང་སྔོན་དུ་ཐོབ་ཟིན་པ་ཤིན་ཏུ་འགལ་བའི་ཕྱིར་རོ། །དེས་ན་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་ཚད་སྟོན་པ་ཡིན་ལ། དེའང་སྔོན་དུ་སངས་རྒྱས་པའི་ཡུན་ཚད་སྟོན་པ་མ་ཡིན་པས་སངས་རྒྱས་ནས་སླར་ཡང་བྱང་ཆུབ་ཀྱི་སྙིང་པོར་སྤྲུལ་སྐུའི་འཚང་རྒྱ་ཚུལ་སྟོན་པའི་གྲངས་ཚད་སྟོན་པ་ཡིན་ནོ། །དེ་ལྟར་མ་བྱས་པར་འགྲེལ་བཤད་ལྟར་བཤད་ན་རྩ་བ་ལས་གསང་བ་འདི་བཤད་པར་མི་བྱ་བར་གསུངས་པའི་ཡུལ་དུ་འགྲོ་བ་ཡིན་ནོ་ཞེས་དྲིས་སོ། །འགྲེལ་པར་སྤྲུལ་སྐུ་འབྱུང་བའི་དབང་དུ་བྱས་པར་གསུངས་ཞེས་པས་ཆོས་སྐུའི་དབང་དུ་བྱས་པ་མི་ཁེགས་ཏེ། སྤྲུལ་སྐུ་བྱུང་བའི་སྔ་རོལ་ཚད་གཟུང་དུ་མེད་ན་ཆོས་སྐུའི་ཐོག་མ་ཚད་གཟུང་དུ་མེད་པར་ལེགས་པར་གྲུབ་པའི་ཕྱིར་རོ། །ཆོས་སྐུར་གཤེགས་ཚད་དེ་ཙམ་དུ་འདོད་ན། གང་ཟག་གཞན་འཚང་རྒྱ་བའི་སྐབས་མེད་པའི་སྐྱོན་དེའང་འཇུག་ཅེས་པ་སྔ་མ་ལ་མཚུངས་པ་བསྒྲེ་བ་ཡིན་ན་ནི་འགྲེལ་བཤད་ཀྱི་དོན་བཤད་ཟིན་པས་མི་མཚུངས་ལ། རང་རྒྱུད་དུ་ཁས་བླངས་ན་སྤྲུལ་སྐུར་གཤེགས་པའི་ཚད་དེ་ཙམ་དུ་འདོད་པ་ལ་ཡང་སྐྱོན་འདི་ཅིའི་ཕྱིར་མི་འཇུག སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་གཅིག་ཡིན་ན་སངས་རྒྱས་སྔ་མ་རྣམས་སངས་རྒྱས་པའི་ཚེ་སྔར་སངས་མ་རྒྱས་པ་དང་སངས་རྒྱ་རྒྱུའི་ཆོས་སྐུའང་སྔོན་དུ་ཐོབ་ཟིན་པ་ཤིན་ཏུ་འགལ་ཞེས་པ་ནི་རྩ་བར་གསང་བ་འདི་བཤད་པར་མི་བྱ་གསུངས་པའི་ཡུལ་དུ་སོང་སྟེ། རྒྱུ་མཚན་དེ་གཉིས་བཟུང་ནས་གཞན་ངོར་དེ་རིང་སངས་རྒྱས་པ་ལྟ་བུ་གཅིག་གི་ཆོས་སྐུའི་ཐོག་མ་ཚད་གཟུང་དུ་མེད་པ་བློར་མ་ཤོང་ནས་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་གཅིག་ཡིན་པ་ལ་སྐུར་པ་བཏབ་འདུག་པའི་ཕྱིར་རོ། །སངས་རྒྱས་ནས་སླར་ཡང་བྱང་ཆུབ་ཀྱི་སྙིང་པོར་སྤྲུལ་སྐུའི་འཚང་རྒྱ་ཚུལ་སྟོན་པའི་གྲངས་སྟོན་པ་ཡིན་ཞེས་པ་ནི་གཞུང་འདིའི་དོན་གཏན་མ་ཡིན་ཏེ། འགྲེལ་པར་བཅོམ་ལྡན་འདས་སྤྲུལ་པའི་སྐུ་འབྱུང་བའི་རྒྱུ་གང་ཡིན་པ་དེའི་ཞེས་པ་དང་འགལ་བའི་ཕྱིར་དང་། འདིར་རྡུལ་གྱི་གྲངས་སྙེད་ཅེས་པའང་བརྟགས་པ་མཐའ་གཟུང་གི་ཚུལ་ཡིན་གྱི། དོན་ལ་ཚད་མེད་པ་ཡིན་པས་སྤྲུལ་སྐུའི་འཚང་རྒྱ་ཚུལ་སྟོན་པའི་གྲངས་ཚད་མེད་ན་དེའི་རྒྱུར་གྱུར་པའི་ཆོས་སྐུ་བརྙེས་པའི་དུས་ལ་ཚད་མེད་པར་འགོག་པའི་དོན་མེད་པའི་ཕྱིར་རོ། །མདོར་ན་འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ་ཞེས་གསུངས་པ་ཤིན་ཏུ་མེད་པར་སྣང་ངོ་། །གཉིས་པ་ལ་གཉིས་ཏེ། མཁྱེན་རབ་ཐུགས་རྗེས་རྟག་ཏུ་བཞུགས། སྒྲུབ་བྱེད་ཐུགས་རྗེའི་རང་བཞིན་བཤད་པའོ། །དང་པོ་ནི། རྒྱལ་བ་སོགས་སོ། །གཉིས་པ་ལ་གཉིས་ཏེ། རྣམ་པ་མཚུངས་པ་མེད་པས་རྟག་ཏུ་བཞུགས། དམིགས་པ་ཟད་པ་མེད་པས་རྟག་ཏུ་བཞུགས་པའོ། །དང་པོ་ནི། གཏི་མུག་སོགས་སོ། །གཉིས་པ་ནི། གང་གི་སོགས་སོ། །གསུམ་པ་གཞུང་དོན་རྫོགས་པའི་བྱ་བ་བསྟན་པ་ལ་བཞི་སྟེ། གང་གིས་ཇི་ལྟར་བརྗོད་པའི་ཚུལ། བརྗོད་བྱ་ཐུན་མོང་མིན་པ་བསྟན། རྗོད་བྱེད་བརྩམ་པའི་དགོས་པ་བཤད། བརྩམས་པའི་དགེ་བ་མཆོག་ཏུ་བསྔོ་བའོ། །དང་པོ་ནི། ལུགས་འདི་སོགས་ཏེ། ལུང་ཇི་བཞིན་ནི་མདོ་སྡེ་ས་བཅུ་པ་དང་སྦྱར་བ་དང་། སྟོང་ཉིད་ཉི་ཤུ་ཤེར་ཕྱིན་དང་སྦྱར་བ་ལྟ་བུ་ཡིན་ལ་མན་ངག་ཇི་བཞིན་ནི་ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པ་རྣམས་སོ། །གཉིས་པ་ནི། འདི་ལས་སོགས་ཏེ། འགྲེལ་པར། ཇི་ལྟར་དབུ་མའི་བསྟན་བཅོས་མ་གཏོགས་པར། བསྟན་བཅོས་གཞན་ལས་སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ཕྱིན་ཅི་མ་ལོག་པར་མི་བརྗོད་པ་དེ་བཞིན་དུ་ཁོ་བོ་ཅག་གིས་འདིར་ལུགས་གང་ཞིག་བརྒལ་ལན་དང་བཅས་པར་བསྙད་པའི་ལུགས་འདི་ནས་འབྱུང་བ་འདི་ཡང་སྟོང་པ་ཉིད་ཀྱི་ཆོས་ལྟར་བསྟན་བཅོས་གཞན་ན་མེད་དོ། །ཞེས་མཁས་པ་རྣམས་ཀྱིས་ངེས་པ་ཉིད་དུ་མཛད་དུ་གསོལ་ལོ། །དེའི་ཕྱིར་ཁ་ཅིག་གིས་མདོ་སྡེ་པ་རྣམས་དང་། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་གང་དོན་དམ་པར་སྨྲས་པ་དེ་དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་ཀྱང་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་མ་ཤེས་པ་ཁོ་ན་སྟེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པའི་ཆོས་དང་མཚུངས་པར་མི་རིགས་པའི་ཕྱིར་ཞེས་གསུངས་པའི་དོན་བསྟན་བཅོས་གཞན་ནི་སེམས་ཙམ་པ་མན་ཆད་ཀྱི་དངོས་སྨྲ་བའི་བསྟན་བཅོས་ཡིན་ལ། དེ་ལས་དོན་དམ་སྟོང་ཉིད་ཀྱི་ཆོས་དབུ་མ་པ་ཇི་ལྟར་འདོད་པ་བཞིན་མི་བརྗོད་པ་ནི་གྲུབ་མཐའ་སྨྲ་བ་ཀུན་མཐུན་ལ། དེ་བཞིན་དུ་གཞུང་ལུགས་འདིར་གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན་ཞེས་སོགས་དང་། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི་ཞེས་སོགས་དང་། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཅེས་དང་། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ཞེས་སོགས་ཀྱི་སྐབས་སུ་བརྒལ་ལན་དང་བཅས་པར་བསྙད་པའི་ཀུན་རྫོབ་བརྟེན་ནས་བཏགས་པ་ཙམ་དུ་འཇོག་པའི་ཚུལ་འདི་ཡང་སྔར་གྱི་བསྟན་བཅོས་དེ་དག་ན་མེད་ཅེས་པ་སྟེ། སྟོང་པ་ཉིད་ཀྱི་ཆོས་ལྟར་བསྟན་བཅོས་གཞན་ན་མེད་དོ་ཞེས་བསྟན་བཅོས་གཞན་ཅེས་པ་སྔ་ཕྱི་གཉིས་གཞི་གཅིག་ཏུ་བཞེད་པའི་ཕྱིར་རོ། །གལ་ཏེ་མ་གྲུབ་སྟེ། བསྟན་བཅོས་གཞན་གྱི་དོན་དམ་དེ་ཉིད་ལུགས་འདིའི་ཀུན་རྫོབ་ཡིན་པའི་ཕྱིར་ཞེ་ན་དེ་འགོག་པ་ལ་དེའི་ཕྱིར་ཁ་ཅིག་གིས་ཅེས་སོགས་གསུངས་ཏེ། བྱེ་མདོ་གཉིས་ཀྱིས་དོན་དམ་དུ་བཞག་པ་ནི་རིགས་པས་དཔྱད་ནས་བཞག་པ་ཡིན་ལ་དེ་ཉིད་འདིའི་ཀུན་རྫོབ་ཏུ་མི་རུང་ཞེས་པའི་དོན་ཏོ། །འོན་ཀྱང་བདེན་གཉིས་ཀྱི་འགྲེལ་བཤད་དུ་གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་འདོད། །གཞན་གྱི་མ་བྱས་གང་ཡིན་དེ། །གཞན་གྱི་ཆུང་མར་ཡང་འདོད་བཞིན། །ཞེས་པ་དྲངས་ནས། དེ་ཉིད་ཀླུ་སྒྲུབ་ཀྱི་གཞུང་ཡིན་པར་བཤད་པ་ལྟར་ན་ལུང་འདིའི་དོན་ལ་དབུ་མ་པ་ཁ་ཅིག གྲུབ་མཐའ་འོག་མས་དོན་དམ་དུ་འཇོག་ཚུལ་དེ་ཉིད་དབུ་མ་པས་ཀུན་རྫོབ་ཏུ་འཇོག་པར་འདོད་པ་འགྲེལ་པ་འདིས་བཀག་པར་འཆད་དགོས་ལ་ལུང་དེ་ཉིད་ཀྱི་དོན་ནི་གྲུབ་མཐའ་འོག་མས་དོན་དམ་དུ་འདོད་པའི་གཞི་རྡུལ་ཕྲན་དང་། ཤེས་པ་ལྟ་བུ་དེ་ཉིད་དབུ་མ་པས་ཀུན་རྫོབ་ཏུ་འདོད་ཅེས་པར་འཆད་དགོས་སོ། །ཁ་ཅིག་༥༩འདིར་དེས་ན་རང་གི་ལུགས་འདི་སེམས་ཙམ་པ་དང་ཡང་ཐུན་མོང་མ་ཡིན་པར་མ་ཟད་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ལྷའི་དགོངས་པ་འབྲེལ་བའི་དབུ་མ་པ་གཞན་གྱི་ལུགས་དང་ཡང་ཐུན་མོང་མ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་འདོམས་པའོ། །དེ་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་ནི་ཚད་མར་སློབ་དཔོན་འདི་བཞེད་པས་དེ་ལ་ཟུར་ཟ་བ་མིན་ལ་རྒྱལ་སྲས་ཞི་བ་ལྷའི་ལུགས་དང་ཡང་སློབ་དཔོན་འདིའི་ལུགས་གཉིས་ཤིན་ཏུ་མཐུན་པར་སྣང་ངོ་། །ཐ་སྙད་དུ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པའི་སྟེང་ནས་བདེན་གཉིས་ཀྱི་རྣམ་བཞག་མཛད་པ་འདི་ལ་བརྟེན་ནས་རང་རྒྱུད་ཀྱི་གྲུབ་མཐའ་དང་། ཀུན་གཞི་མི་བཞེད་པ་སོགས་ཀྱི་བཤད་སྲོལ་ཐུན་མོང་མ་ཡིན་པ་མང་དུ་ཡོད་པ་ནི་དྲང་ངེས་རྣམ་འབྱེད་ལ་སོགས་པར་རྒྱས་པར་བཤད་པས་འདིར་མ་སྨྲོས་སོ། །ཞེས་བྲིས་སོ། །དེ་ནི་མི་འཐད་དེ། འདི་རང་རྒྱུད་པ་ལ་ཟུར་ཟ་བ་ཡིན་ན་བསྟན་བཅོས་གཞན་ཞེས་པར་སྔ་ཕྱི་གཉིས་སོ་སོར་སོང་བས་དཔེ་དོན་མི་འགྲིག་པའི་ཕྱིར་དང་། དེའི་ཕྱིར་ཁ་ཅིག་གིས་ཞེས་སོགས་ཀྱི་གྲུབ་དོན་འབྲེལ་མེད་དུ་འགྱུར་བའི་ཕྱིར་དང་། གཞུང་འོག་མའི་སྔ་འགྲེལ་གྱི་འགྲོས་ཀྱིས་བསྟན་བཅོས་གཞན་སྨྲ་བ་པོ་དང་། ལུགས་བཟང་རྒྱང་རིང་སྤངས་པ་དོན་གཅིག་ཏུ་གྲུབ་པས་དེ་ཡང་རང་རྒྱུད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། དེ་ཉིད་བསྟན་ཕྱིར་བསྟན་བཅོས་བརྩམས། དེས་ན་གཞན་གཞུང་དོར་བར་གདམས་པའོ། །དང་པོ་ནི། ཀླུ་སྒྲུབ་སོགས་ཏེ། འགྲེལ་པར། གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ་ཞེས་གསུངས་སོ། །འདིས་ནི་ཇོ་བོ་རྗེས་ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན་ཞེས་གསུངས་པ་ལ་བརྟེན་ནས་ཀླུ་སྒྲུབ་མི་ཡུལ་དུ་ལོ་དྲུག་བརྒྱ་བཞུགས་པའི་དུས་ཀྱི་དངོས་སློབ་ཟླ་གྲགས་ཡིན་པ་བཀག་སྟེ། ཀླུ་སྒྲུབ་ལོ་ལྔ་བརྒྱ་སོང་ནས་འཕགས་པ་ཐོགས་མེད་བྱོན། དེ་ཉིད་ལོ་བརྒྱ་དང་ལྔ་བཅུར་བཞུགས་པའི་སྐུ་ཚེའི་འཇུག་གི་སློབ་མ་དབྱིག་གཉེན་ཡིན་ལ་དེའི་སློབ་མ་ཡང་ཕྱོགས་ཀྱི་གླང་པོ་ཡིན་ཅིང་། དེ་དག་ཀྱང་སློབ་དཔོན་འདིའི་དུས་སུ་བསྟན་བཅོས་མཛད་ནས་གཞན་དུ་བྱོན་ཟིན་པར་གསུངས་པའི་ཕྱིར་རོ། །འདིའི་ཆོས་སྐྱོང་ཞེས་པ་དང་། བཞི་འགྲེལ་གྱི་ཕྱོགས་སྔར་ཆོས་སྐྱོང་ཞེས་གསུངས་པའི་ཆོས་སྐྱོང་གཉིས་དོན་གཅིག་པས་དཔལ་ལྡན་ཆོས་སྐྱོང་ཡིན་ལ། དེས་ན་བིརྺ་པ་སེམས་ཙམ་པ་ཡིན་ནོ་ཞེས་བློ་གྲོས་རྩིང་པོ་དག་སྨྲ་བ་ནི་རྗེ་བླ་མས་བཀག་ཟིན་ལ། མཁས་གྲུབ་ཁ་ཅིག་སྐྱོན་སྔ་མ་སྤོང་བར་འདོད་ནས་ཆོས་སྐྱོང་ཞེས་པ་དཔལ་ལྡན་ཆོས་སྐྱོང་མ་ཡིན་གྱི་སྙན་ངག་མཁན་ཆོས་སྐྱོང་ཞེས་པ་གཞན་ཞིག་ཡིན་ནོ་ཞེས་བཞེད་པ་ཡང་བདེན་གཉིས་ཀྱི་འགྲེལ་བཤད་དང་མི་མཐུན་ཞེས་རྗེ་བླ་མས་བཀག་ཟིན་ཏོ། །དེས་ན་དཔལ་ལྡན་ཆོས་སྐྱོང་སེམས་ཙམ་པ་ཡིན་པས། བིརྺ་པ་སེམས་ཙམ་པ་ཡིན་དགོས་ན། ལན་གཅིག་སེམས་ཙམ་པའི་གྲུབ་མཐའ་བཟུང་བ་དེས་སངས་རྒྱས་ནས་ཀྱང་སེམས་ཙམ་པར་འགྱུར་བར་མཚུངས་པས་འགྲེལ་པ་གཉིས་ཀྱི་ཕྱོགས་སྔར་བཤད་པའི་ཆོས་སྐྱོང་སེམས་ཙམ་པ་ཡིན་ཀྱང་བིརྺ་པ་ནི་ས་དང་པོ་ཐོབ་པའི་རྗེས་ཀྱི་གྲུབ་ཐོབ་ཀྱི་མཚན་ཡིན་པས་སེམས་ཙམ་པ་ཡིན་མི་དགོས་ཞེས་རྗེ་བླ་མ་བཞེད་པ་ཉིད་གནད་ཀྱི་དོན་ཡིན་ནོ། །གཉིས་པ་ནི། དེ་ཉིད་སོགས་སོ། །བཞི་པ་ནི། སློབ་དཔོན་སོགས་སོ། །གསུམ་པ་བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་ལ་གཉིས་ཏེ། རྩོམ་བྱེད་གང་གིས་བརྩམས་པ། སྒྱུར་བྱེད་གང་གིས་བསྒྱུར་བའོ། །དང་པོ་ནི། དབུ་མ་ལ་འཇུག་པ་སོགས་སོ། །གཉིས་པ་ནི། ཁ་ཆེའི་ཡུལ་གྱི་སོགས་ཏེ། གཞུང་ལུགས་འདི་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་ནས་དེའི་སློབ་མའི་མཆོག་དབུས་སུ་དགེ་བའི་བཤེས་གཉེན་པོ་ཏོ་བ་དང་ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་འོད་གཉིས། གཙང་དུ་གཙང་པ་སེར་པོ་དང་། དགེ་བའི་བཤེས་གཉེན་རྨ་བྱ་བ་གཉིས་ཏེ། བཀའ་བབས་བཞི་ལས་རིམ་པར་བརྒྱུད་ནས་དེང་སང་གི་བར་དུ་དར་རྒྱས་སུ་མཛད་དོ།། །།རྣམ་དཔྱོད་ལྷ་ཡི་ཐིག་ལེའི་གཟུགས་མཛེས་ཤིང་། །གཟུངས་སྤོབས་ཏིང་འཛིན་དྲྭ་བའི་འོད་ཁྱིམ་ཅན། །སྙིང་རྗེའི་རི་དྭགས་མཚན་མས་ལེགས་སྤྲས་པའི། །སྨྲ་བའི་ཟླ་བ་མཚུངས་མེད་གྲགས་པ་ལས། །ལེགས་གསུང་དཀར་བསིལ་བདུད་རྩི་འཛག་པ་ཡིས། །ལྟ་ངན་མཚན་མོའི་སྨག་རུམ་སེལ་བ་དང་། །ཐུབ་བསྟན་གངས་ཀྱི་རི་ངོས་གསལ་བ་དང་། །ཀླུ་སྒྲུབ་གཞུང་བཟང་ཀུ་མུད་འབྱེད་པར་མཛད། །སྔོན་དུས་རིགས་པའི་མདངས་བཀྲ་རྨ་བྱ་དང་། །བརྒྱུད་པའི་བཀའ་བབས་ཐང་སག་པ་ལ་སོགས། །མ་ནོར་ལེགས་བཤད་བདུད་རྩིའི་ཆུ་རྒྱུན་གྱིས། །འགྲོ་མང་འཆི་མེད་གནས་སུ་བཀྲི་ཞེས་ཐོས། །ཚུལ་འདི་འཕགས་ཡུལ་གྲུབ་པའི་མཆོག་རྣམས་དང་། །གངས་ཅན་འདིར་བྱོན་མཁས་ཤིང་གྲུབ་བརྙེས་རྣམས། །སྟོན་ཚུལ་ཚིག་གི་ཁྱད་པར་མ་གཏོགས་པ། །རྟོགས་ཚུལ་ལྟ་བའི་ཆ་ལ་ཁྱད་པར་མེད། །ཐུབ་བསྟན་ཉིན་བྱེད་དུས་ཀྱི་ནུབ་རིར་འཛེག །སྙིགས་མ་ལྔ་པོའི་བྱ་ཕོད་ཤར་ནས་ཉེ། །མི་མཁས་སྲིན་བྱའི་ཅ་ཅོ་སྒྲོག་དུས་འདིར། །རྣམ་གྲོལ་བདེ་བའི་ལམ་བཟང་སུ་ཡི་རྙེད། །དེ་སླད་རྒྱ་བོད་དམ་པ་མཆོག་རྣམས་ཀྱི། །གསུང་རབ་རྒྱ་མཚོ་བརྩོན་པས་བསྲུབས་པ་ལས། །བྱུང་བའི་ལེགས་བཤད་ཟླ་བ་ཚེས་པ་འདི། །བློ་གྲོས་ཤར་རིའི་རྩེ་མོར་སླར་ཡང་འཆར། །དེ་ཚེ་བརྩོན་པ་གཉིས་ཀྱི་ཐལ་སྦྱར་ཏེ། །བློ་གྲོས་གསལ་བའི་མིག་རས་ལེགས་ཕྱེ་ནས། །ལེ་ལོའི་འཛུམ་པ་མེད་པར་ལྟ་བ་དེ། །ཐེག་ཆེན་རིགས་བཟང་ལས་སྐྱེས་བྲམ་ཟེ་ཡིན། །རྟག་དངོས་སྨྲ་བའི་མུ་སྟེགས་གཞུང་ལུགས་དང་། །སྤྱི་དངོས་སྨྲ་བའི་སྔོན་དུས་རྟོག་གེ་དང་། །ཞིག་དངོས་སྨྲ་བའི་དེང་དུས་དབུ་མ་གསུམ། །ལྟ་ངན་ཡལ་ག་འཕེལ་བའི་རྩ་བ་ཡིན། །སྤྲིན་བྲལ་ཉི་ཟེར་པད་མོ་གཞོན་ནུའི་གཉེན། །ཤུན་བྲལ་འབྲས་བཟང་བྲམ་ཟེ་རྣམས་ཀྱི་ཟས། །རྙོག་བྲལ་ཆུ་གཙང་དྲང་སྲོང་བཏུང་བ་སྟེ། །ཉེས་བྲལ་ལུང་རིགས་གོ་བོའི་གཤོག་པ་ཡིན། །རྣམ་དཔྱོད་ལུས་རྒྱས་ལུང་རིགས་གཤོག་ཡང་ཅན། །མཁས་མཆོག་མཁའ་ལྡིང་དབང་པོ་འཕུར་རྗེས་སུ། །ཐར་འདོད་བྱ་ཚོགས་བརྩོན་པ་མ་བཤོལ་བར། །གསུང་རབ་མཁའ་ལ་ལིང་ལིང་བསྒྱུར་བར་གྱིས། །ཀླུ་སྒྲུབ་ལུགས་བཟང་ཀུ་མུད་ཁ་ཕྱེའི་ཆུས། །ཟླ་བ་གྲགས་པས་རེ་རྣམས་སྐོང་ཞེས་གྲགས། །དེ་ཡི་ལེགས་གསུང་རལ་པ་དམར་སེར་དེས། །ད་ལྟ་བསོད་ནམས་སེང་གེའི་སྤྱི་བོར་མཛེས། །འདི་སྦྱར་དགེ་བ་གངྒཱའི་ཆུ་རྒྱུན་དེས། །ལྟ་ངན་ལུས་ཀྱི་དྲི་མ་བཀྲུ་བ་དང་། །དོན་གཉེར་བློ་ཡི་སྐོམ་པ་སེལ་བྱས་ནས། །ཀུན་མཁྱེན་རྒྱ་མཚོ་ཆེན་མོར་འཇུག་གྱུར་ཅིག །དབུ་མ་ལ་འཇུག་པའི་དཀྱུས་ཀྱི་ས་བཅད་པ་དང་། དཀའ་བའི་གནས་ལ་དཔྱད་པ་ལྟ་བ་ངན་སེལ་ཞེས་བྱ་བ་འདི་ནི། རྒྱ་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་པའི་སྤྲོས་བྲལ་གྱི་ལྟ་བ་ལ་ངེས་པ་གཏིང་ནས་རྙེད་ཅིང་། ཕྱིན་ཅི་མ་ལོག་པར་འཆད་པའི་ཚུལ་ལ་མཁས་པ་དགེ་སློང་བསོད་ནམས་སེང་གེས་དོན་གཉེར་དུ་མས་བསྐུལ་བའི་ངོར་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བ་འདིས་ཀྱང་དབུ་མའི་གཞུང་ལུགས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །།ལེགས་བཤད་འདི་ལ་བརྟེན་ནས་ཟབ་མོ་དབུ་མའི་དོན་རང་རྒྱུད་ལ་ངེས་པར་བྱས་ནས་རང་གཞན་གྱི་དོན་སྒྲུབ་པར་བྱ་བ་ལས་གཞུང་འདིའི་ཕྱོགས་སྔ་སོགས་ཆོས་དང་གང་ཟག་ལ་ལོག་ལྟ་དང་སྐུར་བ་འདེབས་པའི་སྒོ་ནས་རང་རྒྱུད་ཕུང་བའི་ཐོས་བསམ་ཕྱིན་ཅི་ལོག་དེ་ལྟར་མི་མཛད་པའི་གསོལ་བ་ཕྱིས་ཀྱི་ཐོས་པ་བ་རྣམས་ལ་སྤར་གྱི་ཞབས་ཏོག་སྒྲུབ་པ་པོས་སྙིང་ནས་འདེབས་པ་ལགས་སོ། །འདི་བསྒྲུབ་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག། །།དགེའོ།། །།


previousདབུ་མ་ལ་འཇུག་པའི་དཀྱུས་ཀྱི་ས་བཅད་པ་དང་གཞུང་སོ་སོའི་དཀའ་བའི་གནས་ལ་དཔྱད་པ་ལྟ་བ་ངན་སེལ།next