Nitartha Digital Library
Tibetan
 
previousགཞི་ཤེས།next

གཞི་ཤེས།

སྐབས་གསུམ་པའི་འབྲེལ་ལ་སློབ་དཔོན་གྱིས་ཇི་ལྟར་བཀྲལ་བའི་ཚུལ་དང་། གནད་ཀྱི་དོན་ངོས་གཟུང་བ་གཉིས་ལས། དང་པོ་ནི། གཞི་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་ཤེས་པ་མེད་པར་ལམ་ལེགས་པར་ཤེས་པ་མེད་པས། ལམ་ཤེས་ཀྱི་འོག་ཏུ་གཞི་ཤེས་འཆད་པ་ཡིན་ལ། དེ་ལ་ཡང་འཇུག་ཡུལ་གཞི་ཤེས། འཇུག་པ་སྦྱོར་བ། གཞུག་འབྲས་མཐོང་ལམ་དང་གསུམ། དང་པོ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཚིགས་བཅད་གཅིག་གིས་དངོས་སུ་བྱང་སེམས་ཀྱི་གཞི་ཤེས་དང་། ཤུགས་ལ་ཐེག་དམན་གྱི་གཞི་ཤེས་བསྟན། དེ་ལྟར་གཉིས་ལས་ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་དེ་མཚན་མར་དམིགས་པའི་རྒྱུ་མཚན་གྱིས་འབྲས་ཡུམ་སྒྲུབ་པའི་ཐབས་ལ་མི་མཁས་པས་འབྲས་ཡུམ་ལ་རིང་བ་དང་། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་དེ་མཚན་མར་མི་དམིགས་པའི་རྒྱུ་མཚན་གྱིས་འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་པས་འབྲས་ཡུམ་ལ་ཉེ་བ་ཡིན་ནོ། །ཞེས་པ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། ཡང་ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་དེ་གཞི་ལམ་འབྲས་གསུམ་ལ་མཚན་མར་དམིགས་པས་མི་མཐུན་ཕྱོགས་སུ་སྟོན་པ་ལ་གཞི་ལ་མཚན་འཛིན་ཡིན་པ་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་རྟོགས་པའི་ཆོས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པས་བསྟན། ལམ་ལ་མཚན་འཛིན་ཡིན་པ་ནི། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པས་བསྟན། འབྲས་བུ་ལ་མཚན་འཛིན་ཡིན་པ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པས་བསྟན། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་དེས་གཞི་ལམ་འབྲས་གསུམ་རང་བཞིན་མེད་པར་རྟོགས་པས་གཉེན་པོ་ཡིན་པར་སྟོན་པ་ལ་གཞི་ལ་མཚན་འཛིན་གྱི་གཉེན་པོ་ཡིན་པ་ནི་འོག་འཇུག་པ་སྦྱོར་བའི་སྐབས་སུ་སྟོན་པ་ལ་དགོངས་ནས་འདིར་དངོས་སུ་མ་བསྟན་ནོ། །ལམ་ལ་མཚན་གྱི་གཉེན་པོ་ཡིན་པ་ནི། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་སོགས་རྐང་པ་གསུམ་གྱིས་བསྟན། འབྲས་བུ་ལ་མཚན་འཛིན་གྱི་གཉེན་པོ་ཡིན་པ་ནི། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཞེས་སོགས་ཚིག་རྐང་གཉིས་ཀྱིས་བསྟན། འབྲས་བུ་ལ་མཚན་འཛིན་མི་མཐུན་ཕྱོགས་ཡིན་པའི་སྒྲུབ་བྱེད་ནི། ཆོས་ཀྱི་ལམ་གྱི་རང་བཞིན་གྱིས། །ཞེས་སོགས་ཚིག་རྐང་གཉིས་ཀྱིས་བསྟན། ཟབ་པའི་སྒྲུབ་བྱེད་ནི། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །ཅེས་པས་བསྟན། རྟོགས་དཀའ་བའི་སྒྲུབ་བྱེད་ནི། གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་པས་བསྟན། དེ་ལྟར་གཉིས་ལས། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་གཉེན་པོ་ཡིན་པ་དང་། ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་མི་མཐུན་ཕྱོགས་ཡིན་པའི་དོན་བསྡུ་བ་ནི། དེ་ལྟར་ཀུན་ཤེས་ཉིན་ལུགས་ལ། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། །གཉིས་པ་འཇུག་པ་སྦྱོར་བ་ལ། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་ལ་འཇུག་པའི་སྦྱོར་བ་ནི། གཟུགས་སོགས་དེ་མི་རྟག་སོགས་དང་། །ཞེས་སོགས་ཀྱིས་དངོས་སུ་བསྟན། ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་ལ་འཇུག་པའི་སྦྱོར་བ་ནི་དེའི་ཤུགས་ལ་བསྟན། སྦྱོར་བའི་མཉམ་ཉིད་ལའང་དེ་དང་འདྲའོ། །གསུམ་པ་ཞུགས་འབྲས་མཐོང་ལམ་ལ། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་ཀྱི་སྦྱོར་བ་བསྒོམས་པའི་འབྲས་བུ་བྱང་སེམས་ཀྱི་མཐོང་ལམ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་སོགས་ཀྱིས་དངོས་སུ་བསྟན། ཤུགས་བསྟན་གྱི་གཞི་ཤེས་ཀྱི་སྦྱོར་བ་བསྒོམས་པའི་འབྲས་སུ་ཐེག་དམན་གྱི་མཐོང་ལམ་ནི་དེའི་ཤུགས་ལ་བསྟན། འོ་ན་དེའི་རྗེས་སུ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ནི་མཐོང་ལམ་ནི་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་ལྡོག་པ་ནས་བསྟན་པས་སྒོམ་ལམ་ཡང་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་རྟོགས་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་གྱི་ལྡོག་པ་ནས་བསྟན་དགོས་པ་ལས་དེ་མེད་པའི་ཕྱིར་ཏེ། བྱང་སེམས་འཕགས་པས་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་བསྒོམ་པ་མེད་པའི་ཕྱིར། དེས་ན་སྐབས་འདིར་སྟོན་པ་སྐབས་སུ་བབ་པའི་ཐེག་པ་ཆེན་པོའི་སྒོམ་ལམ་མེད་པས་མ་བསྟན་ནོ། །ཞེས་པའི་སློབ་དཔོན་གྱི་གཞུང་ནི་ཉན་ཐོས་ཀྱི་ལམ་ནི་ཞེས་སོགས་སོ། །དེའི་རྗེས་སུ་མཁྱེན་གསུམ་གྱི་དོན་བསྡུ་སྟོན་པའི་མདོ་ཚིག་གསུམ་ཡོད་པའི་དོན་རྩ་བར་ཚིགས་བཅད་དུ་བསྡུས་པ་ནི། དེ་ལྟར་འདི་དང་ཡང་འདི་དང་། །ཞེས་སོགས་ཀྱིས་བསྟན་ཏོ། །ཞེས་བཞེད་དོ། །དེ་ལྟར་སློབ་དཔོན་གྱི་བཞེད་པ་དེ་དག་ལས་འཇུག་ཡུལ་གཞི་ཤེས། འཇུག་པ་སྦྱོར་བ། ཞུགས་འབྲས་མཐོང་ལམ་གསུམ་ལ་དངོས་བསྟན་དང་། ཤུགས་བསྟན་གཉིས་གཉིས་སུ་ཕྱེ་ནས་དངོས་བསྟན་བྱང་སེམས་ཀྱི་མངོན་རྟོགས་དང་། ཤུགས་བསྟན་ཐེག་དམན་གྱི་མངོན་རྟོགས་ལ་སྦྱོར་བ་ཤིན་ཏུ་ལེགས་ཏེ་སྐབས་གསུམ་པའི་གཞི་ཤེས་ཀྱི་རྟེན་གྱི་གང་ཟག་འཆད་པའི་ལུས་རྣམ་གཞག་གི་སྐབས་སུ་ཉན་ཐོས་ལ་སོགས་ཞེས་གསུངས་ཤིང་། སོགས་ཁོངས་ནས་རང་རྒྱལ་དང་། བྱང་སེམས་བསྡུ་དགོས་ལ་དེའི་ཚེ་ཐེག་དམན་གྱི་མངོན་རྟོགས་ཤུགས་བསྟན་ཡིན་པ་ལས་འོས་མེད་པའི་ཕྱིར་ཏེ། སྐབས་གསུམ་པའི་དངོས་བསྟན་གྱི་གཞི་ཤེས་ཡིན་ན་བྱང་སེམས་ཀྱི་མངོན་རྟོགས་ཡིན་པས་ཁྱབ་པ་མཆོད་བརྗོད་ཀྱི་སྐབས་སུ་བསྒྲུབས་ཟིན་པའི་ཕྱིར་རོ། །དེ་ཡང་ཐེག་དམན་རང་རྒྱུད་པའི་མངོན་རྟོགས་ཀྱི་དབང་དུ་བྱས་ཀྱི་རྟོགས་རིགས་ཀྱི་དབང་དུ་བྱས་ན། བྱང་སེམས་ཀྱི་གཞི་ཤེས་ཀྱི་རྟེན་གྱི་གང་ཟག་ཉན་ཐོས་དང་། རང་རྒྱལ་ལ་ངོས་གཟུང་བ་ལ་ཡང་འགལ་བ་མེད་དེ། སྔར་བཤད་ཟིན་ཏོ། །ཉེ་རིང་གི་ཁྱད་པར་དང་། མི་མཐུན་ཕྱོགས་དང་གཉེན་པོའི་ཁྱད་པར་ཐེག་དམན་གྱི་གཞི་ཤེས་དང་། བྱང་སེམས་ཀྱི་གཞི་ཤེས་ལ་སོ་སོར་སྦྱོར་བ་ནི་མི་འཐད་དེ། དེ་ནི་ཞེས་པའི་ཚིག་གོང་འོག་གཉིས་པོ་དེས་གཞི་གཅིག་ཉིད་ལ་མཚན་མར་དམིགས་ན་འབྲས་ཡུམ་སྒྲུབ་པའི་ཐབས་ལ་མི་མཁས་པས་འབྲས་ཡུམ་ལ་རིང་བ་དང་། མཚན་མར་མི་དམིགས་ན་འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་པས་འབྲས་ཡུམ་ལ་ཉེ་བར་བསྟན་པའི་ཕྱིར། གཞན་དུ་གཞི་སོ་སོ་ཡིན་ན། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །ཅིག་ཤོས་ཐབས་ལ་མཁས་པ་ཡིས། །ཞེས་འབྱུང་རིགས་ཀྱི། དེ་ནི་ཐབས་ལ་མཁས་པ་ཡིས་ཞེས་འབྱུང་མི་རིགས་སོ། །ཡང་ཐེག་དམན་གྱི་གཞི་ཤེས་འདིར་བསྟན་མཚན་འཛིན་གྱི་བློ་ཡིན་པ་ཡང་མི་འཐད་དེ། ཐེག་དམན་གྱི་གཞི་ཤེས་ནི་རྣལ་འབྱོར་མངོན་སུམ་ཡིན་ལ། འདིར་བསྟན་མཚན་འཛིན་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོགས་པ་ཡིན་པའི་ཕྱིར། གལ་ཏེ་མཚན་འཛིན་གྱིས་བཅིངས་པ་ཡིན་གྱི་མཚན་འཛིན་མ་ཡིན་ནོ། །ཞེ་ན། དེ་ལྟར་ན་མི་མཐུན་ཕྱོགས་ཞེས་པས་ཐེག་དམན་གྱི་གཞི་ཤེས་དངོས་སུ་བསྟན་པ་དང་འགལ་ཏེ། གོང་གི་མཚན་མར་དམིགས་པའི་བློ་དེ་མི་མཐུན་ཕྱོགས་ཞེས་པའི་སྐབས་ཀྱི་མི་མཐུན་ཕྱོགས་ཀྱི་བློ་དེ་ཡིན་པའི་ཕྱིར་ཏེ། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་གསུངས་པའི་ཕྱིར། ཡང་མི་མཐུན་གཉེན་པོའི་ཕྱོགས་དག་དང་། །ཞེས་པ་ཐེག་དམན་དང་བྱང་སེམས་ཀྱི་གཞི་ཤེས་ལ་སོ་སོར་སྦྱོར་བ་མི་འཐད་དེ། འདིར་བསྟན་མི་མཐུན་ཕྱོགས་དང་གཉེན་པོ་གཉིས་སྤང་གཉེན་ཡིན་པ་གང་ཞིག གཞི་ཤེས་གཉིས་པོ་སྤང་གཉེན་མ་ཡིན་པའི་ཕྱིར། གཞན་དུ་ན་ཐེག་དམན་གྱི་གཞི་ཤེས་ཆོས་ཅན། སྐབས་གསུམ་པའི་དངོས་བསྟན་གྱི་གཞི་ཤེས་ཡིན་པར་ཐལ། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་པ་དང་། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་གཞི་ཤེས་ཡིན་པའི་ཕྱིར། འདོད་ན། གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཞེས་པའི་དངོས་བསྟན་གྱི་དངོས་བརྒྱད་གང་རུང་དུ་ཐལ། འདོད་པ་དེའི་ཕྱིར། འདོད་ན་ཐེག་དམན་གྱི་གཞི་ཤེས་སུ་འགལ་ལོ། །ལེགས་པར་དཔྱོད་ཅིག གཉིས་པ་གནད་ཀྱི་དོན་ངོས་གཟུང་བ་ལ་ས་གཉིས་པའི་ལམ་ཤེས་རྣམ་པར་དག་བྱེད་ཀྱི་གཞི་ཤེས་དང་། སྐབས་དོན་ཐེག་དམན་གྱི་རྟོགས་རིགས་སུ་གྱུར་པའི་གཞི་ཤེས་དང་། ཐོས་བསམ་གྱི་ཡུལ་རྣམ་པར་བསྡུ་བའི་ཆེད་དུ་གོ་རིམ་བཟློག་སྟེ་མཁྱེན་གསུམ་གྱི་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཚིགས་བཅད་བདུན་ཏེ། འདི་ལ་གཞུང་གི་འབྲེལ་དངོས་དང་། སྐབས་སུ་བབ་པའི་དཀའ་བའི་གནས་ལ་དཔྱད་པ་གཉིས་ལས། དང་པོ་ནི། ལམ་ཤེས་ཀྱི་འོག་ཏུ་གཞི་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། ལམ་ཤེས་ཀྱི་སྐབས་སུ་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་དང་། མཉམ་གཞག་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་སྐབས་དང་པོར་བསྟན་པའི་རྣམ་མཁྱེན་སྒྲུབ་པར་བྱེད་པ་ལ། རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མཁས་པ་དང་མི་མཁས་པའི་སྒོ་ནས་ཉེ་རིང་གི་ཁྱད་པར་སྐབས་གསུམ་པར་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །ཅི་ལྟར་རྟོགས་པར་འགྱུར་ན། འཇལ་དང་གཞལ་བྱ་མཉམ་པ་ཉིད། །ཅེས་པའི་སྐབས་སུ། ཐེག་ཆེན་གྱི་སྒོམ་ལམ་མཉམ་གཞག་དགུ་ཁམས་གསུམ་པའི་རྣམ་པ་ཅན་གྱི་ཤེས་པ་དང་། ཤེས་བྱ་མཉམ་པ་ཉིད་དུ་རྟོགས་པར་བསྟན་པ་ལ། འོ་ན་རྟོགས་པ་དེ་ཙམ་དུ་ངེས་སམ་ཞེ་ན། དེ་ནི་ཤེས་རབ་ཆེན་པོས་སྲིད་པ་ལ་མི་གནས་པའི་རྟོགས་པ་ཡིན་གྱི་དེའི་སྟེང་དུ་སྙིང་རྗེ་ཆེན་པོས་ཞི་བ་ལ་མི་གནས་པ་དང་། དེ་གཉིས་ཀྱི་བར་ལ་ཡང་མི་གནས་པའི་ཡེ་ཤེས་དེ་སྐབས་གསུམ་པ་འདིར་གཞི་ཤེས་ཀྱིས་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་པ་ཡིན་ཞེས་པ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཚིག་རྐང་དང་པོ་གཉིས་དང་བཞི་པས་བསྟན། ཅིའི་ཕྱིར་འཁོར་འདས་བར་གསུམ་ལ་མི་གནས་ཞེ་ན། དུས་རྣམས་མཉམ་པ་ཉིད་ཅེས་པ་སྟེ། ཉིར་སྣང་དུ། དེ་དག་མི་དམིགས་པ་ཡང་གང་གི་ཕྱིར་ཞེས་པའི་མཚམས་སྦྱོར་བཀོད་ནས་དུས་གསུམ་པའི་ཆོས་རྣམས་མཉམ་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་ཚིགས་བཅད་འདིས་བྱང་སེམས་ཀྱི་རྒྱུད་ཀྱི་མཉམ་གཞག་གིས་བསྡུས་པའི་གཞི་ཤེས་བསྟན་ཏེ། བྱང་སེམས་ཀྱི་མཐོང་སྒོམ་མཉམ་གཞག་དེ་ཉིད་སྐབས་གཉིས་པར་ལམ་སྐྱེ་མེད་དུ་རྟོགས་པའི་ལྡོག་པ་ནས་ལམ་ཤེས་སུ་བསྟན་ཟིན་ལ། འཁོར་འདས་བར་གསུམ་ལ་མི་གནས་པའི་ལྡོག་པ་ནས་སྐབས་གསུམ་པར་གཞི་ཤེས་སུ་བསྟན་པ་ཙམ་ཡིན་གྱི་སྔ་མ་ལས་ངོ་བོ་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་མཉམ་གཞག་གི་གནས་སྐབས་ཀྱི་ཤེར་ཕྱིན་དེ་རྗེས་ཐོབ་ཏུ་མཚན་མར་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་ན་རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མི་མཁས་པས་རྣམ་མཁྱེན་ལ་རིང་བ་ཡིན་ལ། མཚན་མར་མི་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་ན་རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མཁས་པས་རྣམ་མཁྱེན་ལ་ཉེ་བ་ཡིན་ནོ། །ཞེས་པ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། དེས་ན་གཞུང་ནས་བསྟན་པའི་ཉེ་རིང་བཤད་གཞིར་བྱས་ནས་ཡུལ་གང་ལ་ཉེ་རིང་དུ་འཇོག ཉམས་ལེན་གང་གིས་ཉེ་རིང་དུ་འཇོག རྒྱུ་གང་གིས་ཉེ་རིང་དུ་འཇོག དེས་ཉེ་རིང་དུ་འཇོག་ནུས་པའི་རྒྱུ་མཚན་དང་བཞི་ལས། དང་པོ་ནི། སྐབས་དང་པོར་བསྟན་པའི་རྣམ་མཁྱེན་ལ་ཉེ་རིང་དུ་འཇོག་དགོས་ཏེ། འདིར་རྣམ་མཁྱེན་ཐོབ་བྱ་དང་། ལམ་ཤེས་ཐོབ་བྱེད་དུ་བྱས་ནས་དེའི་ཡན་ལག་ཏུ་ཉེ་རིང་བརྩི་བའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྐབས་གཉིས་པར་བསྟན་པའི་ལམ་ཤེས་དེ་ཉིད་ཉེ་རིང་དུ་འཇོག་དགོས་ཏེ། རྒྱུ་མཚན་སྔ་མ་དེའི་ཕྱིར་རོ། །འོན་ཀྱང་ཐ་སྙད་ནི་གཞི་ཤེས་ཀྱི་ཐ་སྙད་བརྗོད་དགོས་ཏེ། སྐབས་གཉིས་པའི་ལམ་ཤེས་དེ་ཉིད་འཁོར་འདས་བར་གསུམ་ལ་མི་གནས་པའི་ལྡོག་པ་ནས་འདིར་གཞི་ཤེས་སུ་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རྗེས་ཐོབ་ཏུ་སྦྱིན་སོགས་ལ་སྤྱོད་པའི་ཚེ་མཚན་མར་མི་དམིགས་པ་དང་། དམིགས་པའི་སྒོ་ནས་འཇོག་དགོས་ཏེ། མཚན་མར་མི་དམིགས་ན་རྗེས་ཐོབ་ཀྱི་ཉམས་ལེན་ཁྱད་པར་ཅན་དུ་འགྱུར་ཞིང་། མཚན་མར་དམིགས་ན་མཚན་འཛིན་གྱིས་བར་ཆོད་ཡིན་པས་རྗེས་ཐོབ་ཀྱི་ཉམས་ལེན་རྒྱུན་ཆད་པའི་སྐབས་ཡིན་པའི་ཕྱིར་རོ། །བཞི་པ་ནི། ཅིའི་ཕྱིར་མཚན་མར་དམིགས་མི་དམིགས་ཀྱི་སྒོ་ནས་ཉེ་རིང་དུ་འགྱུར་ཞེ་ན། མཚན་མར་དམིགས་པའི་བློ་ནི། རྒྱུད་བླར། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པ་ལྟར་བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་སུ་གྱུར་པའི་ཤེས་སྒྲིབ་ཡིན་པའི་ཕྱིར། མཚན་མར་མི་དམིགས་པའི་བློ་ནི་དེ་དང་འཛིན་སྟངས་དངོས་སུ་འགལ་བས་གཉེན་པོ་བྱང་སེམས་ཀྱི་རྟོགས་རིགས་ཡིན་པའི་ཕྱིར་རོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། ཐམས་ཅད་ཤེས་པ་ཉིད་ནི་ས་བདུན་པ་ལ་གཞག་པར་གསུངས་པའི་གནད་ཀྱང་འདི་ཉིད་ཡིན་ཏེ། ས་བདུན་པ་མན་ཆད་དུ་མཚན་འཛིན་ཡོད་མེད་ཀྱི་བྱེ་བྲག་གིས་ཉེ་རིང་གཉིས་སུ་ཡོད་པའི་ཕྱིར་རོ། །མདོ་དང་ཉིར་སྣང་གི་དགོངས་པ་ཡང་འདི་ཉིད་ཡིན་ཏེ། ཉིར་སྣང་དུ། ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དམིགས་པའི་ཚུལ་གྱིས་ཤེས་པར་བགྱིད་ན་ཤེར་ཕྱིན་འདི་འདོར་བར་འགྱུར། རིང་དུ་བྱེད་པར་འགྱུར་རོ། །ཞེས་གང་གསུངས་པ་ཡིན་ཏེ། དེའི་ཚེ་དང་ཕྱི་མའི་ཚེ་ལ་ལྟོས་ཏེ་ཚིག་གཉིས་སོ། །ཐབས་མ་ཡིན་པ་ཡང་གང་ཞེ་ན། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་བྱ་བ་སྨོས་ཏེ། རབ་འབྱོར་མིང་ལས་ཀྱང་ཆགས་སོ། །རབ་འབྱོར་མཚན་མ་ལས་ཀྱང་ཆགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་མཚན་མ་མེད་པ་མིང་མེད་པའོ། །ཞེས་གང་གསུངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་འདིར་བྱང་སེམས་ཐབས་ལ་མི་མཁས་པའི་དབང་དུ་བྱས་པར་གསུངས་པས། བྱང་སེམས་འཕགས་པ་ལ་སྦྱར་བ་མི་འཐད་དོ་སྙམ་ན། དེ་ནི་སྐབས་ཀྱི་དོན་མ་གོ་བ་སྟེ། འདིར་མཚན་མར་དམིགས་པའི་སྒོ་ནས་ཐབས་ལ་མི་མཁས་པར་གསུངས་ཤིང་། དེ་ནི་ས་བདུན་པ་མན་ཆད་ན་ཡོད་པ་སྟེ། བསྔོ་བ་སྒོམ་ལམ་གྱི་སྐབས་སུ་སྡུད་པར། གལ་ཏེ་མཚན་མར་བྱེད་ན་དེ་ནི་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་ཉེ་རིང་གི་ཁྱད་པར་ཡང་མི་མཐུན་ཕྱོགས་དང་གཉེན་པོའི་སྒོ་ནས་རྟོགས་དགོས་པས་འདིར་མི་མཐུན་ཕྱོགས་ནི་བྱང་སེམས་ཀྱི་རྒྱུད་ཀྱི་མཚན་འཛིན་དང་། གཉེན་པོ་ནི་བྱང་སེམས་ཀྱི་རྒྱུད་ཀྱི་མཚན་མེད་རྟོགས་པའི་བློ་ཡིན་པའི་ཁྱད་པར་སྟོན་པ་ལ་བཏགས་པ་ཙམ་གྱི་གང་ཟག་ལ་དམིགས་པའི་མཚན་འཛིན་དང་། དེའི་གཉེན་པོ། བཏགས་པ་ཙམ་གྱི་ཆོས་ལ་དམིགས་པའི་མཚན་འཛིན་དང་། དེའི་གཉེན་པོ་གཉིས་ཏེ་བཞི་ལས། དང་པོ་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ་སྤྱོད་པ་པོ་ངའོ་སྙམ་པའི་འདུ་ཤེས་ནས། བྱང་ཆུབ་ཕྱོགས་རྣམས་ལ་སྤྱོད་པ་པོ་ངའོ་སྙམ་པའི་འདུ་ཤེས་ཀྱི་བར་ནི་བཏགས་པ་ཙམ་གྱི་གང་ཟག་ལ་དམིགས་པའི་མཚན་འཛིན་ཡིན་པས་བྱང་སེམས་ཀྱི་མི་མཐུན་ཕྱོགས་ཡིན་ནོ་ཞེས་པ་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། གཉིས་པ་ནི། བཏགས་པ་ཙམ་གྱི་ངར་འཛིན་དགག་པའི་མཚན་མེད་རྟོགས་པའི་ཤེས་རབ་དེ་རང་ཉིད་ཀྱིས་བསྒོམས་ན་རང་རྒྱུད་ཀྱི་ཆགས་པའི་མཐའ་འགོག་ནུས་ཤིང་། གཞན་ལ་བསྟན་ན་གཞན་རྒྱུད་ཀྱི་ཆགས་པའི་མཐའ་འགོག་ནུས་པས་གཉེན་པོ་ཡིན་ནོ། །ཞེས་པ་ནི། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་སོགས་ཚིགས་རྐང་གསུམ་གྱིས་བསྟན། གསུམ་པ་ལ། རྒྱལ་བ་ནི་འབྲས་བུ་ཡིན་ལ། སོགས་ཀྱིས་གཞི་དང་ལམ་བསྡུས། གཞི་ལ་དམིགས་པར་ཞེན་པའི་བློ། ལམ་ལ་ཉམས་སུ་བླང་བྱར་ཞེན་པའི་བློ། འབྲས་བུ་ལ་ཐོབ་བྱར་ཞེན་པའི་བློ་ནི་ཆགས་པ་ཕྲ་མོ་ཡིན་པས་མི་མཐུན་ཕྱོགས་ཡིན་ནོ། །ཞེས་པ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པས་བསྟན། དེ་དག་མི་མཐུན་ཕྱོགས་ཡིན་པའི་སྒྲུབ་བྱེད་ནི། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་པས་བསྟན། བཞི་པ་ནི། གཞི་ལམ་འབྲས་གསུམ་རང་བཞིན་གཅིག་ཏུ་ཤེས་པས་གཞི་ལམ་འབྲས་གསུམ་ལ་དེ་དང་དེར་ཞེན་པའི་བློ་སྤོང་ནུས་པ་ཡིན་ནོ། །ཞེས་པ་ནི། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་པས་བསྟན། རང་བཞིན་གཅིག་པའི་ཚུལ་ཇི་ལྟར་ཞེ་ན། དེ་ནི་རྟོགས་པར་དཀའ་ཞིང་བསམ་གྱིས་མི་ཁྱབ་པ་ཞེས་པ་ནི། མཐོང་བ་ལ་སོགས་བཀག་པ་ཡིས། །ཞེས་སོགས་དང་། གཟུགས་ལ་སོགས་པར་མི་ཤེས་ཕྱིར། །ཞེས་སོགས་ཀྱིས་བསྟན་ཏོ། །བྱང་སེམས་འཕགས་པས་རྗེས་ཐོབ་ཏུ་བཏགས་པ་ཙམ་གྱི་གང་ཟག་དང་། ཆོས་ལ་དམིགས་པའི་མཚན་འཛིན་མི་མཐུན་ཕྱོགས་དང་། དེ་གཉིས་མི་དམིགས་པའི་མཚན་མེད་རྟོགས་པའི་ཤེས་རབ་གཉེན་པོ་ཡིན་པ་དེ་སྐབས་གསུམ་པ་གཞི་ཤེས་འཆད་པའི་སྐབས་འདིར་སྤང་གཉེན་གྱི་རིམ་པ་ཡིན་ནོ། །ཞེས་དོན་བསྡུས་པ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། སྐབས་འདིར་བསྟན་གྱི་མི་མཐུན་ཕྱོགས་ཐེག་དམན་གྱི་གཞི་ཤེས་མ་ཡིན་པར་བྱང་སེམས་ཀྱི་རྒྱུད་ཀྱི་མཚན་འཛིན་ཡིན་པ་ནི་མདོའི་དགོངས་པ་ཡིན་ཏེ། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་པའི་ཐད་དུ་བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པ་དེས་གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཞེས་སོགས་དང་། ཀོའུ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སེམས་སུ་འདུ་ཤེས་པ་དང་། ཞེས་སོགས་དང་། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པའི་ཐད་དུ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཚན་མར་ཡིད་ལ་བྱེད་ན། ཞེས་སོགས་བྱང་སེམས་ཁོ་ན་ལ་སྦྱར་བར་གསུངས་པའི་ཕྱིར་རོ། །ཉིར་སྣང་གི་དགོངས་པ་ཡང་ཡིན་ཏེ། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་པའི་མཚམས་སྦྱར་དུ་མི་མཐུན་ཕྱོགས་ནི་ཞེས་དང་། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་པའི་མཚམས་སྦྱར་དུ། གཉེན་པོ་ནི་ཞེས་དང་། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པའི་མཚམས་སྦྱར་དུ། གཞན་ཡང་ཞེས་དང་། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ་ཞེས་པའི་མཚམས་སྦྱར་དུ། དེ་ལྟར་བྱས་ན། ཞེས་པ་ཙམ་ཞིག་གསུངས་ཀྱི་མི་མཐུན་ཕྱོགས་ཞེས་པས་ཐེག་དམན་གྱི་གཞི་ཤེས་སྟོན་པ་ཉིར་སྣང་གི་མགོ་མཇུག་གང་ན་ཡང་མི་འདུག་པའི་ཕྱིར་རོ། །འདིར་ཞེས་པའི་ཚིག་གི་ནུས་པས་ཀྱང་ཤེས་ཏེ། སྐབས་དང་པོར་བཤད་པའི་སྤང་གཉེན་ནི། མཐོང་སྤང་དང་། སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱད་དང་། གཉེན་པོའི་ཚོགས་སྒྲུབ་བརྒྱད་ལ་བཤད། སྐབས་གཉིས་པར་ནི་སྒོམ་སྤང་དགུ་དང་། སྒོམ་ལམ་དགུ་ལ་བཤད། སྐབས་བཞི་པར་ནི་ཡོན་ཏན་དང་སྐྱོན་ལ་བཤད། སྐབས་ལྔ་པར་ནི་མཐོང་སྒོམ་གྱི་སྤང་བྱར་གྱུར་པའི་རྟོག་པ་དང་། མཐོང་སྒོམ་གྱི་རྩེ་སྦྱོར་ལ་བཤད་པ་རྣམས་ལས་འདིར་མི་འདྲ་བའི་ཁྱད་པར་ནི་མཚན་འཛིན་དང་། མཚན་མེད་རྟོགས་པའི་ཤེས་རབ་སྤང་གཉེན་དུ་བཤད་ཅེས་པའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་སྐབས་སུ་བབ་པའི་དཀའ་བའི་གནས་ལ་དཔྱད་པ་ལ། ཐེག་པ་གསུམ་གྱི་ལམ་གྱི་རྣམ་གཞག་གྲུབ་མཐའ་བཞི་པོ་རེ་རེ་ལ་ཡང་ཚང་བ་རེ་ཡོད་པས་ཐོག་མར་གྲུབ་མཐའི་སྒོ་ནས་དབྱེ་བར་བྱའོ། །དེ་ལ་བཞི་ལས་བྱེ་བྲག་ཏུ་སྨྲ་བས་སེམས་བྱུང་མ་ཆགས་པའི་རང་བཞིན་འཕགས་པའི་རིགས་དེ་ཡོད་པའི་ཚེ། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར་བ་འབྱུང་ལ་གཞི་ཚུལ་ཁྲིམས་ལ་གནས་ནས་ཐོས་བསམ་མཐར་ཕྱིན་པའི་ཚེ་སྒོམ་པ་ལ་སྦྱོར་བའི་ཚུལ་ལ་ཞི་གནས་བསྒོམ་པ་དང་། ལྷག་མཐོང་བསྒོམ་པ་གཉིས་ལས། དང་པོ་ནི། འདོད་ཆགས་ལྷག་པའི་གང་ཟག་གིས་མི་སྡུག་པ་དང་། རྣམ་རྟོག་ལྷག་པའི་གང་ཟག་གིས་དབུགས་འབྱུང་རྔུབ་བསྒོམ་པ་ནས་བརྩམས་ཏེ་ཞི་གནས་བསྒྲུབ་བོ། །དེ་ལྟར་ཞི་གནས་གྲུབ་ནས། གཉིས་པ་ལྷག་མཐོང་ནི། དྲན་པ་ཉེར་གཞག་བཞི་བསྒོམ་སྟེ། དམིགས་པ་ལུས་སོགས་བཞི་ལ་རྣམ་པ་ལུས་མི་གཙང་བ་ལ་སོགས་རང་གི་མཚན་ཉིད་དང་། ཐམས་ཅད་ཀྱང་གང་ཟག་གི་བདག་མེད་པའི་སྤྱིའི་མཚན་ཉིད་གཉིས་སུ་བཅད་ནས་བསྒོམ་མོ། །དེ་ལྟ་བུའི་དྲན་པ་ཉེར་གཞག་བཞི་ལ་བདེན་བཞིའི་སྟེང་གི་མི་རྟག་ལ་སོགས་བཅུ་དྲུག་བསྒོམ་པ་ཚང་བས་དེ་ཉིད་ཚོགས་ཆུང་ངུས་ཚེ་གསུམ་ལ་སོགས་པར་བསྒོམས་ན་ཉན་ཐོས་ཀྱི་བྱང་ཆུབ་ཐོབ། ཚོགས་འབྲིང་གིས་བསྐལ་པ་བརྒྱར་བསྒོམས་ན་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ། ཚོགས་ཆེན་པོས་བསྐལ་པ་གྲངས་མེད་གསུམ་དུ་བསྒོམས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་དེ། མཛོད་དུ། མྱུར་བ་སྲིད་པ་གསུམ་གྱི་མཐར། །ཞེས་དང་། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་དང་། དེ་གྲངས་མེད་གསུམ་ལ་སངས་རྒྱས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཐེག་པ་གསུམ་ཆར་ལྟ་བ་ལ་ཁྱད་པར་མེད་དེ། ཤེས་བྱ་གཞི་ལྔ་བདེན་པར་གྲུབ་པས་དེ་དག་བདེན་མེད་དུ་མ་རྟོགས་པར་མཚུངས་པའི་ཕྱིར་དང་། བདེན་བཞིའི་སྟེང་གི་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པར་མཚུངས་པའི་ཕྱིར་རོ། །ལུགས་འདི་ལ་གང་ཟག་གི་བདག་མེད་རྟོགས་པ་ལ་ཕུང་པོ་བདེན་མེད་དུ་རྟོགས་མི་དགོས་སོ། །མདོ་སྡེ་པའི་ལུགས་ལ་ཕལ་ཆེར་སྔ་མ་དང་འདྲ་བ་ལས། མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་ལྟ་བ་དེ་ཉིད་རང་ཉིད་གཅིག་པུ་འཁོར་བ་ལས་ཐར་བ་ཙམ་གྱི་ཆེད་དུ་བསྒོམས་ན་ཉན་ཐོས་ཀྱི་བྱང་ཆུབ་ཐོབ། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སུ་རང་བྱུང་གི་བྱང་ཆུབ་མངོན་དུ་བྱེད་པའི་ཆེད་དུ་བསྒོམས་ན་རང་རྒྱལ་གྱི་བྱང་ཆུབ་ཐོབ། སྙིང་རྗེའི་དམིགས་རྣམ་སྐྱེ་བ་དུ་མར་གོམས་པ་ལས་སེམས་ཉིད་སྙིང་རྗེའི་རང་བཞིན་དུ་གྱུར་ཏེ། འགྲོ་བ་ལ་ཕན་པ་བཞེད་པས་ཀུན་ནས་བསླང་སྟེ། བསྐལ་པ་གྲངས་མེད་གསུམ་དུ་བསྒོམས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་དེ། རྣམ་འགྲེལ་དུ། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཅེས་དང་། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །འདི་ལ་ཡང་ཐེག་པ་གསུམ་པོ་ལྟ་བ་ལ་ཁྱད་པར་མེད་དེ། གང་ཟག་གི་བདག་མེད་དང་། འདུས་མ་བྱས་ཀྱི་གཞི་དང་། ལྡན་པ་མ་ཡིན་པའི་འདུ་བྱེད་བདེན་མེད་དུ་རྟོགས་པར་མཚུངས་ཤིང་། གཞི་གཞན་གསུམ་པོ་བདེན་པར་གྲུབ་པས་བདེན་མེད་དུ་མ་རྟོགས་པར་མཚུངས་པའི་ཕྱིར་རོ། །ལྟ་བ་རྟོགས་ཚུལ་ལ་ཁྱད་པར་ཡོད་དེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལྟ་བ་གོམས་པ་ཤས་ཆུང་ཞིང་སྤྱོད་པ་ཁྱད་པར་ཅན་གྱི་གྲོགས་དང་བྲལ་བས། ཉོན་མོངས་པའི་བག་ཆགས་སྤོང་མ་ནུས་པས། བདེན་བཞིའི་གནས་ཚུལ་ལ་ཐུགས་གསལ་བ་རབ་ཀྱི་མཐར་ཕྱིན་པ་མ་ཐོབ་ལ། རྫོགས་པའི་སངས་རྒྱས་ནི་དེ་ལས་བཟློག་པའི་ཕྱིར་ཏེ། རྣམ་འགྲེལ་དུ། དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། །ཞེས་དང་། ཉོན་མོངས་མེད་དང་ནད་མེད་དང་། །ལམ་བཤད་མི་གསལ་ཉིད་ལུས་ཡིན། །གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཅེས་གསུངས་པའི་ཕྱིར། ལུགས་འདིས་ཀྱང་གང་ཟག་གི་བདག་མེད་རྟོགས་པ་ལ་ཕུང་པོ་བདེན་མེད་དུ་རྟོགས་མི་དགོས་པར་འདོད་དོ། །སེམས་ཙམ་པའི་ལུགས་ལ་ཉན་རང་གཉིས་སྔར་གྱི་ལྟ་བ་དེ་ཉིད་ཀྱིས་འབྲས་བུའི་ཁྱད་པར་སོ་སོར་ཐོབ་པར་འདོད་པས་ལྟ་བ་ལ་ཁྱད་པར་མེད་པར་འདོད་དེ། རང་ས་ལས། བསེ་རུ་ལྟ་བུའི་དབང་དུ་མཛད་ནས་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་དོ། །ཞེས་དང་། བྱང་སར་རང་སངས་རྒྱས་ནི་ཉན་ཐོས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། ཉན་ཐོས་རྣམས་དང་ལམ་གྱི་རང་བཞིན་མཚུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་གཉིས་དང་ཐེག་ཆེན་ལ་ནི་ལྟ་བའི་ཁྱད་པར་ཡོད་པར་འདོད་དེ། མདོ་སྡེ་རྒྱན་དང་། ཀུན་བཏུས་དང་། བརྒྱད་སྟོང་དོན་བསྡུས་རྣམས་སུ། རྣམ་གཡེང་གི་རྣམ་རྟོག་བཅུའི་གཉེན་པོར་ཤེར་ཕྱིན་བསྒོམ་པ་བཅུ་གསུངས་པ་ཡང་ཐེག་ཆེན་གྱི་ལྟ་བའི་དབང་དུ་བྱས་པའི་ཕྱིར་དང་། ལུགས་འདི་ལ་གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་གཉིས་སུ་བྱས་ནས་སྔ་མ་ནི་ཐེག་པ་འོག་མའི་རྟོགས་བྱ་དང་། ཕྱི་མ་ཐེག་ཆེན་གྱི་རྟོགས་བྱར་གསུངས་པའི་ཕྱིར་རོ། །གང་ཟག་གི་བདག་གི་ངོས་འཛིན་དང་། དེ་མེད་པའི་ཚུལ་ཕལ་ཆེར་གྲུབ་མཐའ་འོག་མ་གཉིས་དང་འདྲ་ཞིང་། མི་འདྲ་བའི་ཁྱད་པར་ནི་འདིར་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་གང་ཟག་གི་གདགས་གཞིར་འདོད་པའོ། །ཆོས་བདག་གི་ངོས་འཛིན་ནི་གཞན་དབང་དོན་ལ་གཟུང་འཛིན་གཉིས་ཀྱིས་སྟོང་པ་ཡིན་ཀྱང་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བས་གཟུང་འཛིན་གཉིས་པོ་དེ་ཉིད་ཆོས་ཀྱི་བདག་ཏུ་བྱས་ནས། གཞན་དབང་གི་སྟེང་དུ་དེ་སྟོང་པའི་སྟོང་ཉིད་བདེན་པར་གྲུབ་པ་ཞིག་ཡོད་པ་ལ། དེ་བཞིན་ཉིད་དང་། ཡང་དག་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་། ཆོས་དབྱིངས་ཞེས་པའི་མིང་གི་རྣམ་གྲངས་ལྔ་དང་ལྡན་པ་ཡིན་ཞིང་། དེ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པར་འདོད་དོ། །དེས་ན་ལུགས་འདི་ལ་ཡང་གཞན་དབང་གི་སྟེང་དུ་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱར་གྱུར་པའི་ང་ཙམ་གྱིས་སྟོང་པའི་སྟོང་ཉིད་རྟོགས་པ་ལ་གང་ཟག་གི་བདག་མེད་རྟོགས་པ་དང་། གཟུང་འཛིན་གཉིས་སྟོང་གི་སྟོང་ཉིད་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པར་འཇོག་པས། བདག་མེད་གཉིས་པོ་རྟོགས་པ་ལ་གཞན་དབང་བདེན་མེད་དུ་རྟོགས་མི་དགོས་སོ། །དེའི་ཕྱིར་ཐེག་པ་གསུམ་ཆར་གྱིས་ཀྱང་གཞན་དབང་དང་ཡོངས་གྲུབ་བདེན་མེད་དུ་མ་རྟོགས་པར་མཚུངས་ཤིང་། གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་རྟོགས་པ་དང་། མ་རྟོགས་པའི་བྱེ་བྲག་གིས་ཐེག་པ་ཆེ་ཆུང་ལ་ནི་ལྟ་བའི་ཁྱད་པར་ཡོད་པར་འདོད་དོ། །འོ་ན་དགོངས་འགྲེལ་དུ་གཞན་དབང་ལ་ཀུན་བཏགས་ཀྱི་ངོ་བོ་ཉིད་དུ་མངོན་པར་ཞེན་པས། ཉོན་མོངས་པར་སྐྱེད་ཅིང་དེས་ལས་བསགས་ནས་འཁོར་བར་འཁོར་ལ་གཞན་དབང་ལ་ཀུན་བཏགས་ཀྱི་ངོ་བོ་ཉིད་མེད་པར་མཐོང་ན། དེ་དག་རིམ་པ་བཞིན་དུ་བཟློག་པར་གསུངས་ནས་ཉན་རང་དང་། བྱང་སེམས་གསུམ་ཀས་ལམ་འདི་ཉིད་དང་། སྒྲུབ་པ་འདི་ཉིད་ཀྱིས་མྱ་ངན་ལས་འདས་པ་ཐོབ་པས། དེ་དག་གི་རྣམ་པར་གཞག་པའི་ལམ་དང་། རྣམ་པར་གཞག་པ་ཡང་གཅིག་སྟེ་གཉིས་མེད་པར་གསུངས་པ་དང་འགལ་ལོ་ཞེ་ན། གཞན་དབང་གི་སྟེང་དུ་གང་ཟག་གི་བདག་གིས་སྟོང་པ་ལ་ཀུན་བཏགས་ཀྱིས་སྟོང་པར་བྱས་པ་དང་། ཆོས་ཀྱི་བདག་གིས་སྟོང་པ་ལ་ཀུན་བཏགས་ཀྱིས་སྟོང་པར་བྱས་པ་གཉིས་སུ་ཡོད་པས་མི་འགལ་ཞིང་སྒྲུབ་བྱེད་དུ་ཤེས་པར་བྱའོ། །དབུ་མ་པའི་ལུགས་ལ་མདོ་ལས་ཇི་ལྟར་གསུངས་པའི་ཚུལ། དགོངས་འགྲེལ་གཉིས་ཀྱིས་བཀྲལ་བའི་ཚུལ། དཔལ་ལྡན་ཟླ་བས་གསལ་བར་མཛད་པའི་ཚུལ། དོན་གྱི་དགོངས་པ་གཅིག་ཏུ་བསྟན་པ་དང་བཞི་ལས། དང་པོ་ནི། ཤེར་ཕྱིན་གྱི་མདོར། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེར་ཕྱིན་འདི་ཉིད་ལ་བསླབ་པར་བྱའོ། །རང་སངས་རྒྱས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེར་ཕྱིན་འདི་ཉིད་ལ་བསླབ་པར་བྱའོ། །ཞེས་དང་། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཚུ་རོལ་ཕ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་ཐེག་པ་གསུམ་ཆར་གྱི་ཤེར་ཕྱིན་ལ་བསླབ་དགོས་པར་གསུངས་ཤིང་། ཐེག་པ་འོག་མ་གཉིས་ཀྱིས་བསླབ་པར་བྱ་བའི་ཤེར་ཕྱིན་ཡང་རབ་འབྱོར་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི་ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ་རྣམ་པ་ཐམས་ཅད་དུ་ཡང་མ་ཡིན་པས། དེའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །ཞེས་གཞི་ཕྱི་ནང་གི་ཆོས་སྐྱེ་མེད་དུ་རྟོགས་པ་ཙམ་ལ་གསུངས་སོ། །གཉིས་པ་ནི། མགོན་པོ་བྱམས་པས་མཆོད་བརྗོད་ཀྱི་སྐབས་སུ་ཉན་ཐོས་ཀྱིས་གཞི་ཤེས་པར་གསུངས། སྐབས་དང་པོའི་སྦྱོར་ལམ་དང་། སྐབས་བཞི་པའི་མཐོང་ལམ་དང་སྒོམ་ལམ་གྱི་སྐབས་སུ་བྱང་སེམས་ཀྱི་སྦྱོར་མཐོང་སྒོམ་གསུམ་ཉན་རང་གི་སྦྱོར་མཐོང་སྒོམ་གསུམ་ལས་རྟོགས་པའི་སྒོ་ནས་ཁྱད་པར་དུ་འཕགས་པར་གསུངས། སྐབས་གཉིས་པར་ཉན་ཐོས་དང་། རང་རྒྱལ་དང་། བྱང་སེམས་ཀྱི་རྟོགས་རིགས་གསུམ་གྱིས་རིམ་པ་ལྟར་གང་ཟག་གི་བདག་མེད་དང་། བདག་མེད་ཕྱེད་དང་གཉིས་དང་། བདག་མེད་གཉིས་ཆར་རྟོགས་པའི་རྣམ་གཞག་གསུངས་སོ། །རྒྱུད་བླར། རང་བྱུང་རྣམས་ཀྱི་དོན་དམ་སྟེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་ཐེག་ཆེན་འཕགས་པ་ལས་གཞན་གྱིས་བདེ་གཤེགས་སྙིང་པོ་མཐོང་བ་མེད་པར་གསུངས་སོ། །འཕགས་མཆོག་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར། མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཡོངས་དག་ཇི་བཞིན་ཡོངས་ཤེས་པས། །གཉིས་ལ་མི་བརྟེན་ཐར་པ་ལགས། །ཞེས་དངོས་པོ་དོན་དམ་དུ་ཡོད་པར་འཛིན་ན་ཐར་པ་མི་ཐོབ་པར་གསུངས་ཤིང་། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུ་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང་། །ཞེས་དང་། སྟོང་ཉིད་བདུན་ཅུ་པར། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ཡོད་ན་གང་ཟག་ལ་བདེན་པར་འཛིན་པའི་ངར་འཛིན་ལྷན་སྐྱེས་འབྱུང་ཞིང་དེ་ལས་འཁོར་བ་འབྱུང་བས་འཁོར་བ་སྤངས་པ་ལ་ཕུང་པོ་རང་བཞིན་མེད་པར་རྟོགས་པ་དགོས་པར་གསུངས་སོ། །ཡང་རིན་ཆེན་ཕྲེང་བར། གཟུགས་ཀྱང་དོན་དུ་དོན་མེད་དོ། །རྣམ་ཤེས་ཚོར་དང་འདུ་ཤེས་དང་། །འདུ་བྱེད་རྣམས་ཀྱང་ཐམས་ཅད་དུ། །སོ་སོར་བདེན་དོན་མེད་པའི་ཕྱིར། །དམ་པའི་དོན་དུ་དོན་མེད་དོ། །ཞེས་སོགས་གསུངས་པའི་མཇུག་ཏུ། དེ་ལྟར་ཡང་དག་ཇི་བཞིན་དུ། །འགྲོ་བ་དོན་མེད་ཤེས་ནས་ནི། །རྒྱུ་མེད་པ་ཡི་མེ་བཞིན་དུ། །གནས་མེད་ལེན་མེད་མྱ་ངན་འདས། །ཞེས་འཁོར་བ་སྤངས་པའི་མྱང་འདས་ཐོབ་པ་ལ་བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལྔ་པོ་རང་བཞིན་མེད་པར་རྟོགས་དགོས་པར་གསུངས་སོ། །དེ་ལྟར་ན་ཐེག་པ་གསུམ་ཆར་གྱི་བྱང་ཆུབ་ཐོབ་པ་ལ་ཐུན་མོང་དུ་ཕུང་པོ་བདེན་པའི་སྐྱེ་མེད་དུ་རྟོགས་པ་དགོས་པར་བཞེད་དེ། རིན་ཆེན་ཕྲེང་བར། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པས་དེ་ཕྱིར་བཟོད་པར་གྱིས། །ཞེས་དང་། ཤེར་ཕྱིན་ལ་བསྟོད་པར། སངས་རྒྱས་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་མ། །ཁྱོད་ཉིད་གཅིག་པུ་ཐར་པའི་ལམ། །དེ་ལྟར་གཞན་དག་མེད་པར་ངེས། །ཞེས་གསུངས་སོ། །འོན་ཀྱང་ཐེག་པ་ཆེ་ཆུང་ལ་ལྟ་བའི་ཁྱད་པར་ནི་ཤིན་ཏུ་ཆེ་སྟེ། ཆོས་དབྱིངས་བསྟོད་པ་ལས་གསུངས་པའི་ཆོས་དབྱིངས་དེ་མཐོང་ན་བདེ་གཤེགས་སྙིང་པོ་མཐོང་བར་བཞེད་པའི་ཕྱིར་དང་། བསྟོད་ཚོགས་སུ། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཡི་ཕྱིར་ན་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་ཉན་རང་གིས་མཚན་མེད་ཚང་བར་མ་རྟོགས་ཤིང་། ཐེག་ཆེན་གྱིས་དེ་ཚང་བར་རྟོགས་པར་གསུངས་ཤིང་། དེ་ཉིད་དཔལ་ལྡན་ཟླ་བས་ཆོས་ཀྱི་བདག་མེད་རྒྱས་པར་རྟོགས་མ་རྟོགས་ཀྱི་ཤེས་བྱེད་དུ་དྲངས་པར་མཛད་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ལ་ལྟ་བའི་ཁྱད་པར་གསལ་བར་གསུངས་པ་མ་མཐོང་ཡང་། མངོན་རྟོགས་རྒྱན་ནས་གསུངས་པ་ལྟར་གྱི་ལྟ་བའི་ཁྱད་པར་ངེས་པར་བཞེད་དགོས་པར་སྣང་སྟེ། དེ་ཉིད་ཤེར་ཕྱིན་གྱི་མདོའི་དོན་ཡིན་པའི་ཕྱིར་དང་། འཇུག་འགྲེལ་དུ་སློབ་དཔོན་གྱི་དགོངས་པ་འཆད་པ་ན་ཡང་དེ་དག་ནི་བསོད་ནམས་དང་ཡེ་ཤེས་གོང་དུ་འཕེལ་བའི་ཁྱད་པར་གྱིས་ཉན་ཐོས་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དང་། ཐུགས་རྗེ་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་མེད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་དམན་པའི་ཕྱིར་ན་འབྲིང་པོ་ཞེས་ཉན་ཐོས་ལས་ཡེ་ཤེས་ཁྱད་པར་དུ་འཕགས་ཤིང་། ཐེག་ཆེན་ལས་དམན་པ་མངོན་རྟོགས་རྒྱན་ཇི་ལྟ་བ་བཞིན་དུ་གསུངས་པའི་ཕྱིར་རོ། །གསུམ་པ་ནི། འཇུག་འགྲེལ་དུ། ཉན་རང་གིས་ཆོས་རང་བཞིན་མེད་པར་རྟོགས་པ་ལ་མདོ་སྡེ་ས་བཅུ་པའི་ལུང་ལ་བརྟེན་ནས་བསྒྲུབ་པ་དང་། རིགས་པ་གཉིས་ཀྱི་སྒོ་ནས་བསྒྲུབ་པ་དང་། རིན་ཆེན་ཕྲེང་བའི་ལུང་ལ་བརྟེན་ནས་བསྒྲུབ་པ་དང་། ཉན་ཐོས་ལ་བསྟན་པའི་མདོ་ལ་བརྟེན་ནས་བསྒྲུབ་པ་དང་། རྩ་བ་ཤེས་རབ་ཀྱི་ལུང་ལ་བརྟེན་ནས་བསྒྲུབ་པ་དང་། ཐེག་ཆེན་བསྟན་པ་དོན་མེད་དུ་ཐལ་བ་སྤང་བ་དང་དྲུག་ལས། དང་པོ་ནི། མདོ་སྡེ་ས་བཅུ་པ་ལས། ས་དང་པོ་ལ་གནས་པའི་བྱང་སེམས་ཀྱིས་ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་མི་ནུས་ཤིང་། ས་བདུན་པ་ཐོབ་ནས་ཟིལ་གྱིས་གནོན་ནུས་པར་གསུངས་པས་གྲུབ་སྟེ། ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་མེད་ན། ས་དང་པོ་ལ་གནས་པའི་བྱང་སེམས་ཀྱིས་ཀྱང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པར་ཐལ་བའི་ཕྱིར་རོ། །གཉིས་པ་ནི། འཇུག་འགྲེལ་དུ། ཕྱི་རོལ་པ་བཞིན་དུ་འདི་དག་གིས་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ། །གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་གང་ཟག་གི་བདག་མེད་པ་རྟོགས་པར་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས་སོ། །གསུམ་པ་ནི། སྔར་དྲངས་པའི་རིན་ཆེན་ཕྲེང་བའི་ལུང་རྣམས་ཉན་ཐོས་ཀྱི་དབང་དུ་བྱས་པ་ཡིན་ཏེ། དེའི་མཇུག་ཐོག་ཁོ་ནར་བྱང་ཆུབ་སེམས་དཔའི་དབང་དུ་མཛད་ནས། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་། །མཐོང་ནས་བྱང་ཆུབ་ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། ཉན་ཐོས་ལ་བསྟན་པའི་མདོ་དག་ལས་ཀྱང་ཉན་ཐོས་རྣམས་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་ལས་དབུ་བ་རྡོས་པ་ལ་སོགས་པའི་དཔེ་དག་གིས་འདུ་བྱེད་རྣམས་ངེས་པར་དཔྱད་པ་ཡིན་ནོ། །ལྔ་པ་ནི། མདོའི་དོན་དེ་ཉིད་རྩ་ཤེར། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པ་མཛད། །ཅེས་གསུངས་སོ། །དྲུག་པ་ནི། ཉན་ཐོས་ཀྱི་ཐེག་པ་ལས་ཆོས་ཀྱི་བདག་མེད་བསྟན་ན་ཐེག་ཆེན་བསྟན་པ་དོན་མེད་པར་འགྱུར་རོ། །ཞེས་པའི་ལན་དུ་ཐེག་པ་ཆེན་པོ་བསྟན་པས་ནི་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་སྟོན་པར་བྱེད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་དང་། སྙིང་རྗེ་ཆེན་པོ་ལ་སོགས་པ་དང་། ཡོངས་སུ་བསྔོ་བ་དང་། ཚོགས་གཉིས་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་ཡིན་ནོ། །ཞེས་དང་། ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ། རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ། །ཇི་སྐད་དུ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། མཚན་མ་མེད་པ་མ་རྟོགས་པར། །ཞེས་སོགས་གསུངས་སོ། །བཞི་པ་ལ་ལྔ་སྟེ། ལྟ་བའི་ཁྱད་པར་ངོས་གཟུང་བ། ཚད་ལྡན་གྱི་དགོངས་པ་ཕྱོགས་གཅིག་པར་བསྟན་པ། ཐ་སྙད་མི་འདྲ་བ་གསུངས་པའི་དགོངས་པ། ཀླན་ཀའི་གནས་མ་ལུས་པ་སྤངས་པ། མ་རྟོགས་པའི་དབང་གིས་སྣ་ཚོགས་སུ་འགྱུར་བའི་སྐྱོན་བསྟན་པའོ། །དང་པོ་ནི། ཉན་ཐོས་ཀྱིས་གང་ལ་བརྟེན་ནས་ངར་འཛིན་སྐྱེ་བར་འགྱུར་བའི་རྟེན་ཕུང་པོ་བདེན་མེད་དུ་རྟོགས་ཏེ། ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་དེ་ཉིད་ཇི་སྲིད་ཡོད་ཀྱི་བར་དུ་ངའོ་སྙམ་པའི་འཛིན་པ་འབྱུང་ཞིང་། འཛིན་པ་དེ་ཉིད་གང་ཟག་གི་བདག་མེད་མ་རྟོགས་ཀྱི་བར་དུ་གང་ཟག་ལ་བདེན་པར་འཛིན་པའི་བདེན་འཛིན་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པའི་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་ནི་མ་ཡིན་ཏེ། ཁམས་གསུམ་གྱི་ཉོན་མོངས་སྤོང་བ་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་མི་དགོས་པའི་ཕྱིར་རོ། །རང་སངས་རྒྱས་ཀྱིས་སྔར་གྱི་ལྟ་བ་དེའི་སྟེང་དུ་སྒྱུ་མ་ལ་སོགས་པའི་དཔེས་གཟུང་བ་ཕྱི་རོལ་གྱི་དོན་བདེན་མེད་དུ་རྟོགས་ཤིང་། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་སོགས་དྲུག་པོ་ཡང་རང་བཞིན་མེད་པར་རྟོགས་ཀྱང་། ཆོས་ཐམས་ཅད་རང་བཞིན་མེད་པར་ནི་མ་རྟོགས་ཏེ། བདག་འཛིན་སྐྱེ་བའི་རྟེན་ཕུང་པོ་ལྔ་དང་། ཤེས་སྒྲིབ་གཟུང་རྟོག་སྐྱེ་བའི་རྟེན་གཟུང་བའི་ཡུལ་རྣམས་ལས་གཞན་དུ་གྱུར་པའི་ཆོས་རང་བཞིན་མེད་པར་མ་རྟོགས་པའི་ཕྱིར། ཐེག་པ་ཆེན་པོས་ནི་ཆོས་ཀྱི་བདག་མེད་རྒྱས་པར་རྟོགས་པས། འདི་ལ་སྟོང་གཞིའི་ཆོས་ཅན་གྱི་སྒོ་ནས་རྒྱས་པར་འཇོག་པ་དང་། སྟོང་ཚུལ་རྣམ་པའི་སྒོ་ནས་རྒྱས་པར་འཇོག་པ་གཉིས་ལས། དང་པོ་ནི། ནང་དང་ཕྱི་རོལ་ནས་བཟུང་སྟེ། གཞན་གྱི་ངོ་བོའི་བར་ཆོས་ཅན་གྱིས་བསྡུས་པ་འདུས་བྱས་དང་། འདུས་མ་བྱས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཐམས་ཅད་དང་། ཆོས་ཉིད་ཀྱིས་བསྡུས་པ་རང་བཞིན་སྟོང་པ་ཉིད་ཐམས་ཅད་ཀྱང་སྟོང་ཉིད་དུ་རྟོགས་པས་ན་སྟོང་ཉིད་ཉི་ཤུ་རྟོགས་པར་འཇོག་པ་སྟེ། འདིའི་སྟོང་གཞིའི་ཆོས་ཅན་ཉི་ཤུས་མ་བསྡུས་པའི་ཆོས་གང་ཡང་མེད་པས། ཆོས་ཐམས་ཅད་ལ་ཆོས་ཀྱི་བདག་མེད་པར་རྟོགས་པའོ། །གཉིས་པ་ནི། ཉན་ཐོས་ཀྱིས་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་རྟོགས་པ་དང་། རང་སངས་རྒྱས་ཀྱིས་གཟུང་བ་རང་བཞིན་མེད་པར་རྟོགས་པ་དེ་ཡང་རྡོ་རྗེའི་ཟེགས་མ་དང་། གཅིག་དུ་བྲལ་ལ་སོགས་པའི་རྟགས་ལ་བརྟེན་ནས་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་པ་ཙམ་ཡིན་པས་སྤྲོས་པའི་མཐའ་བཞིའི་ནང་ནས། དང་པོ་ཁོ་ན་ཁེགས་པ་ཡིན་གྱི་ཕྱི་མ་གསུམ་མི་ཁེགས་ལ། ཐེག་པ་ཆེན་པོས་ནི་ཐོག་མར་དབུ་མའི་གཏན་ཚིགས་རྣམས་ཀྱི་བདེན་པ་བཀག དེའི་འོག་ཏུ་ཡང་དགག་བྱ་བདེན་པ་མེད་པས་དེ་བཀག་པའི་བདེན་མེད་དུ་མངོན་པར་ཞེན་པ་ཡང་བཀག དེའི་འོག་ཏུ་གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་ཞེན་པ་ཡང་བཀག་ནས་སྤྲོས་པའི་མཐའ་བཞི་ཆར་དང་བྲལ་བར་རྟོགས་པས་ན་རྒྱས་པའོ། །མདོར་ན་དབུ་མ་པས་ཐེག་པ་གསུམ་གྱི་བྱང་ཆུབ་གསུམ་ཀ་ཡང་དབུ་མའི་ལམ་གྱིས་ཐོབ་དགོས་པ་ལས་ཐེག་པ་འོག་མས་ནི་བདེན་པའི་མཐའ་བཀག་པས་ཡོད་མཐའ་དང་བྲལ། ཐ་སྙད་དུ་ལས་འབྲས་མེད་པར་མི་བལྟ་བས་མེད་མཐའ་དང་བྲལ་བའི་བདེན་པ་གཉིས་ཀ་ལ་ལྟོས་ནས་དབུ་མར་འཇོག་པའི་དབུ་མ་རྟོགས་དགོས། ཐེག་པ་ཆེན་པོས་ནི་གནས་ལུགས་ཉིད་ལ་མཐའ་བཞི་ཆར་དང་བྲལ་བའི་དབུ་མ་རྟོགས་དགོས་པར་བཞེད་དོ། །གཉིས་པ་ནི། ཐོག་མར་ཤེར་ཕྱིན་གྱི་མདོའི་དགོངས་པ་ཡིན་ཏེ། ཐེག་པ་གསུམ་ཆར་གྱི་བྱང་ཆུབ་ཐོབ་པར་འདོད་པས་ཤེར་ཕྱིན་ལ་བསླབ་དགོས་པར་གསུངས་པའི་ཉན་རང་གི་བསླབ་བྱ་ནི་ཐམས་ཅད་ཤེས་པ་ཉིད་ཡིན་པར་གསུངས་ལ། དེའི་ཡུལ་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་པར་གསུངས་པས། ཕྱིའི་ཆོས་ནི་གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་ཡིན་ཞིང་། ནང་གི་ཆོས་ནི་མིག་སོགས་ནང་གི་སྐྱེ་མཆེད་དྲུག་ཡིན་ལ། ནང་གི་སྐྱེ་མཆེད་དྲུག་གིས་གཟུགས་ཕུང་དང་རྣམ་ཤེས་ཀྱི་ཕུང་པོ་བསྡུས། ཕྱིའི་སྐྱེ་མཆེད་དྲུག་གི་ནང་ནས་ཆོས་ཀྱི་སྐྱེ་མཆེད་ཀྱིས་ཕུང་པོ་བར་པ་གསུམ་ཡང་བསྡུས་པས་དེ་དག་ཉན་ཐོས་ཀྱིས་སྐྱེ་མེད་དུ་རྟོགས་བྱ་ཡིན་ལ། ཕྱིའི་སྐྱེ་མཆེད་གཞན་ལྔ་དང་། ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་སོགས་ནི་རང་སངས་རྒྱས་ཀྱིས་སྐྱེ་མེད་དུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་འཆད་པའི་སྐབས་སུ་ཡང་མེད་པ་དང་། མི་སྐྱེ་བ་སོགས་ཀྱི་རྣམ་པ་བཅུ་དྲུག་པོ་ཉན་ཐོས་ཀྱི་རྟོགས་རིགས་དང་། གཟུང་བ་ཕྱི་རོལ་གྱི་དོན་རྨི་ལམ་ལྟར་མ་སྐྱེས་པ་སོགས་ལྔ་དང་། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་མེད་པ་སོགས་དྲུག་སྟེ། རྣམ་པ་བཅུ་གཅིག་ནི་རང་སངས་རྒྱས་ཀྱི་རྟོགས་རིགས་སུ་གསུངས་པས་ཀྱང་གང་ཟག་གི་བདག་མེད་རྟོགས་པ་ལ་བཏགས་པའི་རྒྱུ་ཕུང་པོ་བདེན་མེད་དུ་རྟོགས་པ་དང་། རང་སངས་རྒྱས་ཀྱིས་ཕྱི་རོལ་གྱི་དོན་དང་། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་སོགས་རང་བཞིན་མེད་པར་རྟོགས་པར་གྲུབ་བོ། །ཡེ་ཤེས་ཀྱི་ཚོགས་ཀྱི་སྐབས་སུ་རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོའི་ཐེག་པ་ཆེན་པོ་ནི་ནང་སྟོང་པ་ཉིད་དང་། ཞེས་སོགས་སྟོང་ཉིད་ཉི་ཤུ་ཐེག་ཆེན་གྱི་རྟོགས་བྱར་གསུངས་པ་དང་། གཟུགས་རྟག་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །མི་རྟག་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །དེ་བཞིན་དུ་སྟོང་མི་སྟོང་དང་། མཚན་མ་ཡོད་མེད་སོགས་མཐའ་གཉིས་ཆར་བཀག་པར་གསུངས་པ་རྣམས་ཀྱིས་ཐེག་ཆེན་གྱི་ཆོས་ཀྱི་བདག་མེད་རྒྱས་པར་རྟོགས་ཚུལ་གཉིས་པོ་དེ་གྲུབ་བོ། །ཉན་ཐོས་ལ་བསྟན་པའི་མདོའི་དགོངས་པར་ཡང་གྲུབ་སྟེ། ཉན་ཐོས་རྣམས་ཀྱིས་ཉོན་སྒྲིབ་སྤོང་བའི་ཆེད་དུ་གཟུགས་ནི་དབུ་བ་རྡོས་པ་འདྲ་ཞེས་སོགས་ཕུང་པོ་ལྔ་བདེན་མེད་དུ་བསྟན་པའི་ཕྱིར་རོ། །མགོན་པོ་བྱམས་པའི་དགོངས་པར་ཡང་གྲུབ་སྟེ། ཉན་ཐོས་ལ་གང་ཟག་གི་བདག་མེད་རྟོགས་པ་ཙམ་ལས་མ་བཞག་ཀྱང་དེ་ཉིད་ལ་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་རྟོགས་པ་དགོས་པ་ལ་དགོངས་ནས། ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་ཉན་རང་གི་དེ་གསུམ་ལས་ཁྱད་པར་འཕགས་ཚུལ་སྟོན་པའི་སྐབས་རྣམས་སུ་མི་རྟག་ལ་སོགས་བཅུ་དྲུག་ལ་མངོན་ཞེན་བཀག་པའི་ཆ་ནས་ཁྱད་པར་འཕགས་པར་གསུངས་ཀྱི་ཕུང་པོ་བདེན་མེད་དུ་རྟོགས་པའི་ཆ་ནས་ཁྱད་པར་འཕགས་པར་གསུངས་པ་མི་སྣང་བའི་ཕྱིར་དང་། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་པའི་དོན་སྔར་བཤད་པ་བཞིན་དུ་བསྟན་བཅོས་ཉིད་ལས་བཤད་པས་ཀྱང་ཉན་ཐོས་ཀྱི་མཐོང་སྒོམ་མཉམ་གཞག་གི་གནས་སྐབས་སུ་སྐྱེ་མེད་རྟོགས་པར་བཞེད་པའི་ཕྱིར་རོ། །རང་རྒྱལ་གྱིས་དེའི་སྟེང་དུ་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་དང་། ཐེག་ཆེན་གྱིས་དེའི་སྟེང་དུ་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་ཁྱད་པར་ནི་སྐབས་གཉིས་པར་གསལ་ཞིང་། ཆོས་ཀྱི་བདག་མེད་རྒྱས་པར་རྟོགས་ཚུལ་གཉིས་པོ་ཡང་སྟོང་ཉིད་ཉི་ཤུ་པོ་ཡེ་ཤེས་ཀྱི་ཚོགས་ཞེས་པ་གཅིག་ཏུ་བསྡུས་ཤིང་། སྐབས་དང་པོར་སྦྱོར་ལམ་དང་། སྐབས་གསུམ་པར་མཚན་འཛིན་མཐའ་དག་བཀག་པར་གསུངས་པ་ལས་ཤེས་སོ། །འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཡང་ཡིན་ཏེ། སྔར་དྲངས་པའི་རིན་ཆེན་ཕྲེང་བ་དང་། སྟོང་ཉིད་བདུན་ཅུ་པའི་ལུང་དང་། རྩ་ཤེར། ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་དང་། ཆོས་དབྱིངས་བསྟོད་པར། བདག་དང་བདག་གིར་ཞེས་འཛིན་པས། །ཇི་སྲིད་ཕྱི་རོལ་རྣམ་བརྟགས་པ། །བདག་མེད་རྣམ་པ་གཉིས་མཐོང་ནས། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། བཞི་བརྒྱ་པར། ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་ལྡོག་པར་འགྱུར། །ཞེས་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་དེ་གང་ཟག་གི་བདག་འཛིན་གྱི་དངོས་རྒྱུ་ཡིན་ལ། གང་ཟག་གི་བདག་འཛིན་དེ་ཡང་སྲིད་པའི་ས་བོན་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་མ་རིག་པ་ཡིན་པས། སྲིད་པའི་ས་བོན་འགག་པ་ལ་གང་ཟག་བདེན་མེད་དུ་རྟོགས་པ་དགོས་ཤིང་། དེ་རྟོགས་པ་ལ་གང་ཟག་གི་བདག་འཛིན་སྐྱེ་བའི་རྒྱུ་ཕུང་པོ་བདེན་མེད་དུ་རྟོགས་པའི་ཆོས་ཀྱི་བདག་མེད་རྟོགས་པ་དགོས་པར་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ལྟ་བ་དེ་ཐེག་པ་གསུམ་ཆར་ཐུན་མོང་བ་ཡིན་པ་ལས་རང་རྒྱལ་ལ་དེ་ལས་ཁྱད་པར་དུ་གྱུར་པའི་ལྟ་བ་ཡོད་པ་ནི་སྔར་དཔལ་ལྡན་ཟླ་བའི་ལུང་གིས་བཤད་ཟིན་ཞིང་། ཐེག་ཆེན་གྱིས་བདག་མེད་གཉིས་རྒྱས་པར་རྟོགས་པའི་ཚུལ་ཡང་ཐེག་པ་གསུམ་ཆར་གྱི་ཐུན་མོང་བར་གྱུར་པའི་ཆོས་ཀྱི་བདག་མེད་དེ་ལས་ཁྱད་པར་དུ་གྱུར་པའི་ཐེག་ཆེན་རང་ལུགས་ཀྱི་ཆོས་ལ་བདག་མེད་པ་ཡོད་པར་གསུངས་ཏེ། བསམ་གྱིས་མི་ཁྱབ་པའི་བསྟོད་པར། ཇི་ལྟར་ཁྱོད་ཀྱིས་ཐེག་ཆེན་ལས། །རང་གི་ཆོས་ལ་བདག་མེད་རྟོགས། །དེ་བཞིན་བློ་དང་ལྡན་རྣམས་ལ། །ཐུགས་རྗེའི་དབང་གིས་བསྟན་པར་མཛད། །ཅེས་གསུངས་པའི་ཕྱིར་རོ། །འདི་ཉིད་མདོ་སྡེ་ས་བཅུ་པའི་ལུང་གི་དགོངས་པར་ཡང་སྣང་སྟེ། ནམ་ཞིག་ས་བདུན་པ་རིང་དུ་སོང་བ་དེར་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་གསུངས་པའི་རང་གི་ཡུལ་དང་། རང་གི་ཆོས་ལ་བདག་མེད་གཉིས་པོ་དོན་གཅིག་པར་སྣང་བའི་ཕྱིར་རོ། །འོ་ན་རང་གི་ཡུལ་ཆོས་ལ་བདག་མེད་པ་དེ་གང་། དེ་ཤེས་པ་ནི་གང་། དེའི་ཆེ་བ་ནི་གང་། དེ་ཉན་རང་ལས་ཤིན་ཏུ་འདས་པའི་དོན་ནི་གང་ཞེ་ན། བཤད་པར་བྱ་སྟེ། རྣམ་དཔྱོད་དང་བསོད་ནམས་གཉིས་ཀ་དང་ལྡན་པ་དག་རྣ་བ་བླགས་ཏེ་ཉན་པར་བྱོས་ཤིག དྲི་བ་དང་པོའི་ལན་ནི། དེ་ཉིད་ཕྱིར་ན་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་པའི་ཚང་བ་དང་། འཇུག་འགྲེལ་དུ། ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར། ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ། རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཞེས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པ་བསྒོམས་པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །ཞེས་གསུངས་པའི་ཆོས་ཀྱི་བདག་མེད་གསལ་བ་དང་། རྒྱས་པ་དང་། རྫོགས་པ་རྣམས་ཏེ། སྔར་བཤད་པའི་རྒྱས་ཚུལ་གཉིས་པོ་དེ་ཉིད་དོ། །དྲི་བ་གཉིས་པའི་ལན་ནི། དེ་ལྟ་བུའི་ཐེག་ཆེན་རང་ལུགས་ཀྱི་ཆོས་ལ་བདག་མེད་པ་ཐོས་བསམ་གྱིས་ཤེས་པ་ཚོགས་ལམ་ན་ཡང་ཡོད་པས། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་པའི་ཐར་པ་ཆ་མཐུན་དུ་བསྟན། སྒོམ་བྱུང་གཙོ་བོར་གྱུར་པའི་ཤེས་པ་སྦྱོར་ལམ་ན་ཡང་ཡོད་པས་ཉན་ཐོས་བསེ་རུ་ལྟ་བུ་དང་། བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་པའི་སྦྱོར་ལམ་དུ་བསྟན་མངོན་སུམ་དུ་མཐོང་བའི་སྒོ་ནས་ཤེས་པ་མཐོང་ལམ་ནས་ཡོད་པས། གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་པའི་མཐོང་ལམ་དུ་བསྟན། མཐོང་ཟིན་རྒྱུན་ལྡན་དུ་བསྒོམ་པ་སྒོམ་ལམ་ནས་ཡོད་པས། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་པའི་སྒོམ་ལམ་དུ་བསྟན་ཏོ། །དྲི་བ་གསུམ་པའི་ལན་ནི། ས་བདུན་པའི་ཡོངས་སྦྱོང་གི་སྐབས་སུ་བཤད་པ་ལྟར་གྱི་ཆོས་དང་གང་ཟག་ལ་མཚན་མར་འཛིན་པའི་མཚན་འཛིན་མཐའ་དག་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ནི་དེའི་ཆེ་བ་སྟེ། རང་གི་སྤང་བྱ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་གཉེན་པོའི་ཆེ་བར་འཇོག་པ་ནི་གཉེན་པོ་སྤྱིའི་ཆོས་ཡིན་པའི་ཕྱིར་རོ། །དེ་ཉིད་ས་བདུན་པར་ཐོབ་སྟེ། ས་བདུན་པའི་མཉམ་གཞག་དེས་རྗེས་ཐོབ་ཏུ་རྣམ་ཐར་སྒོ་གསུམ་ཤེས་པ་ལ་སོགས་པའི་རྟོགས་པ་ཉི་ཤུ་འདྲེན་པའི་ཕྱིར་རོ། །དྲི་བ་བཞི་པའི་ལན་ནི། ཉན་རང་ལས་ཤིན་ཏུ་འདས་པ་དང་། དེ་ཟིལ་གྱིས་གནོན་པ་དོན་གཅིག་པས་ས་བདུན་པའི་སྔ་རོལ་དུ་མ་ཐོབ་སྟེ། ས་བདུན་པ་མན་ཆད་ཀྱི་རྗེས་ཐོབ་ཀྱི་གནས་སྐབས་སུ་ཡང་ཉན་རང་དང་ཐུན་མོང་བར་གྱུར་པའི་མཚན་འཛིན་མངོན་གྱུར་དུ་འབྱུང་བའི་ཕྱིར་རོ། །དེའི་ཤུགས་ཀྱིས་ཉན་རང་ལས་འདས་པ་དང་། ལྟ་བ་ཁྱད་པར་དུ་འཕགས་པ་སྔ་རོལ་དུ་ཡང་ཡོད་པར་གྲུབ་བོ། །ཉན་རང་དང་ས་བདུན་པ་མན་ཆད་ཀྱི་བྱང་སེམས་གཉིས་ཀ་ལ་ཐུན་མོང་དུ་འབྱུང་བའི་མཚན་འཛིན་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཚེ་ཉན་རང་ཟིལ་གྱིས་གནོན་པ་ཡིན་པས། འཇུག་པར། ས་བརྒྱད་པར་ཉོན་མོངས་རྩ་བ་དང་བཅས་པ་ཞི་བས་ཁམས་གསུམ་གྱི་བླ་མ་ཐོབ་པར་གསུངས་པ་ཡིན་ནོ། །དཔལ་ལྡན་ཞི་བ་ལྷའི་བཞེད་པ་ཡང་ཡིན་ཏེ། སྤྱོད་འཇུག་ཏུ། གང་ཟག་གི་བདག་མེད་བསྒོམ་པའི་ཚུལ་ནི། དཔེར་ན་ཆུ་ཤིང་སྡོང་པོ་དག །ཆ་ཤས་ཕྱེ་ན་འགལ་མེད་པ། །དེ་བཞིན་རྣམ་པར་དཔྱད་པ་ཡིས། །བཙལ་ན་བདག་ཀྱང་ཡང་དག་མིན། །ཞེས་གསུངས་ཤིང་། ཇི་ལྟར་བཙལ་བའི་ཚུལ་ནི། ལུས་ནི་རྐང་པ་བྱིན་པ་མིན། །ཞེས་པ་ནས། །ཕྱི་དང་ནང་ནའང་ལུས་མེད་ན། །ཇི་ལྟར་ལག་སོགས་ལ་ལུས་ཡོད། །ལག་སོགས་རྣམས་ལས་གཞན་མེད་ན། །དེ་ནི་ཇི་ལྟར་ཡོད་པ་ཡིན། །ཞེས་ལུས་བཙལ་ནས་མ་རྙེད་པའི་ཚུལ་དང་། དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར། །ལག་པའང་གང་ཞིག་ཡིན་པར་འགྱུར། །དེ་ཡང་ཚིགས་ཀྱི་ཚོགས་ཡིན་ཕྱིར། །ཚིགས་ཀྱང་རང་གི་ཆ་ཕྱེ་བས། །ཞེས་པ་ནས། མཁའ་བཞིན་དེས་ན་རྡུལ་ཡང་མེད། །ཅེས་ལུས་ཀྱི་ཡན་ལག་རྡུལ་ཕྲན་གྱི་བར་ཡང་མི་རྙེད་པར་གསུངས་པས་གང་ཟག་གི་བདག་མེད་རྟོགས་པ་ལ་ཉེར་ལེན་གྱི་ཕུང་པོ་བདེན་མེད་རྟོགས་པ་དགོས་པར་བཞེད་དོ། །འོན་ཀྱང་སྟོང་ཉིད་རྒྱས་པའི་ཚུལ་གཉིས་པོ་མ་རྟོགས་པར་བཞེད་དེ། སེམས་ནི་དམིགས་དང་བཅས་རྣམས་ཀྱི། །མྱ་ངན་འདས་པའང་དཀའ་བར་གནས། །ཞེས་ཉན་རང་ལ་མངོན་ཞེན་གྱི་དམིགས་པ་ཡོད་པས་འཁོར་བར་སྐྱེ་བ་ལེན་མི་སྲིད་པའི་མྱང་འདས་མེད་པར་གསུངས་པའི་ཕྱིར་རོ། །གལ་ཏེ་ཉོན་མོངས་སྤངས་པས་འཁོར་བར་སྐྱེ་བ་ལེན་མི་སྲིད་པའི་མྱང་འདས་ཐོབ་བོ་སྙམ་ན། དེ་ལྟར་ན་ཉོན་མོངས་སྤངས་མ་ཐག་ཏུ་སྡུག་བསྔལ་ཡང་སྤངས་པར་འགྱུར་བ་ལས་ལྷག་ཅེས་མྱང་འདས་ལ་སྡུག་བསྔལ་ཡོད་པས་བསལ་ལོ། །ཞེས་པ་ནི། ཉོན་མོངས་སྤངས་པས་གྲོལ་ན་དེ། །དེ་མ་ཐག་ཏུ་དེར་འགྱུར་རོ། །ཞེས་གསུངས་སོ། །མདོར་ན་ཐེག་པ་གསུམ་གྱི་ལྟ་བའི་ཁྱད་པར་ལ་ཤེར་ཕྱིན་གྱི་མདོ་དང་། བྱམས་པ་དང་། ཀླུ་སྒྲུབ་དང་། ཞི་བ་ལྷ་དང་། ཟླ་བ་གྲགས་པ་དང་། འཕགས་སེང་གཉིས་བཞེད་པ་མི་མཐུན་པ་ནི་ཅི་ཡང་མེད་པར་ཤེས་པར་བྱའོ། །གསུམ་པ་ནི། འོན་ཀྱང་ཐ་སྙད་འཇོག་ལུགས་ནི་མི་འདྲ་བར་སྣང་སྟེ། ཀླུ་སྒྲུབ་ཡབ་སྲས་ཀྱིས་གང་ཟག་བདེན་མེད་རྟོགས་པ་ལ། གང་ཟག་གི་བདག་མེད་རྟོགས་པ་དང་། ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པར་བྱས་ནས། ཉན་རང་ལ་ཡང་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཞེད་ལ། བྱམས་ཆོས་རྗེས་འབྲང་དང་བཅས་པས་ནི་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་རྟོགས་པ་དེ་ཉིད་གང་ཟག་གི་བདག་མེད་རྟོགས་པའི་ཡན་ལག་ཏུ་བྱས་ནས། ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད། རང་རྒྱལ་ལ་ཆོས་ཀྱི་བདག་མེད་ཀྱི་ཕྱེད་རྟོགས་པ་ཡོད། ཐེག་ཆེན་ལ་བདག་མེད་གཉིས་ཀ་རྟོགས་པ་ཡོད་པའི་ཐ་སྙད་མཛད་པའི་ཕྱིར་རོ། །འོ་ན་ཐ་སྙད་མི་འདྲ་བ་གཉིས་འབྱུང་བའི་དགོས་པ་གང་ཞེ་ན། ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་གྱི་མདོར་ཐེག་པ་གསུམ་ཆར་གྱི་བྱང་ཆུབ་ཐོབ་པར་འདོད་པས་ཤེར་ཕྱིན་ལ་བསླབ་པར་གསུངས་པའི་ཐུན་མོང་བའི་ལྟ་བ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལྟ་བ་གཉིས་ཀ་གཏན་ལ་དབབ་པར་མཛད་པས་དེའི་ཚེ་དངོས་སྨྲ་བ་དག་གིས་ཉན་ཐོས་ཀྱིས་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་མ་རྟོགས་པར་གང་ཟག་གི་བདག་མེད་རྟོགས་པར་འདོད་པ་དེ་བཀག་ནས་ཕུང་པོ་བདེན་མེད་དུ་རྟོགས་པར་ཤེས་པའི་ཆེད་དུ་བདག་མེད་གཉིས་ཀ་རྟོགས་པའི་ཁྱད་པར་མཛད་དོ། །འདི་ལ་དགོངས་ནས་འཇུག་འགྲེལ་དུ། ཉན་ཐོས་ཀྱིས་རྟོགས་པའི་ཆོས་ཀྱི་བདག་མེད་ལ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་དུ་གསུངས་སོ། །མགོན་པོ་བྱམས་པས་ནི། གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཞེས་པའི་ཚུལ་གྱིས་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་གཏན་ལ་འབེབས་པར་མཛད་པས། བྱང་སེམས་ཀྱི་མངོན་རྟོགས་གཅིག་ཉིད་ལ་ཐེག་པ་གསུམ་གྱི་རྟོགས་རིགས་གསུམ་དུ་ཕྱེ་དགོས་པས་ཉན་ཐོས་ཀྱིས་ཆོས་ཀྱི་བདག་མེད་མ་རྟོགས་པའི་རྣམ་གཞག་མཛད་དོ། །འོ་ན་ཐེག་ཆེན་གྱི་རྟོགས་པ་གཅིག་ཉིད་ལ་རྟོགས་རིགས་གསུམ་དུ་འཇོག་པའི་དགོས་པ་གང་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། །ཞེས་ལམ་ཤེས་ཀྱི་ལམ་གསུམ་གྱི་དམིགས་རྣམ་སོ་སོར་ཤེས་དགོས་ལ་དེའི་ཚེ་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་རྟོགས་པ་གང་ཟག་གི་བདག་མེད་རྟོགས་པའི་ནང་དུ་བསྡུས་ནས་ཆོས་ཀྱི་བདག་མེད་ལ་གཉིས་སུ་ཕྱེ་སྟེ། ཐེག་པ་གསུམ་གྱི་ལྟ་བའི་ཁྱད་པར་འཇོག་དགོས་པའི་ཕྱིར་རོ། །བཞི་པ་ནི། ཉན་རང་གིས་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་རྟོགས་ན་ཉི་ཚེ་བ་དང་སྣ་ཚོགས་ཉིད་ཅེས་པ་དང་འགལ་ལོ། །ཞེ་ན། དེའི་དོན་རྟོགས་པ་ཉི་ཚེ་བ་ཡིན་པས་ཉེར་ལེན་གྱི་ཕུང་པོ་བདེན་མེད་ཙམ་ལས་ཆོས་ཀྱི་བདག་མེད་མཐའ་དག་རྟོགས་པ་མེད་པར་བཤད་ཟིན་པས་ཅིའི་ཕྱིར་ཀླན་ཀ་ཚོལ་བར་བྱེད། གལ་ཏེ་ཉན་རང་གི་མཐོང་ལམ་གྱིས་སྐྱེ་མེད་རྟོགས་ན་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་བློ་དེ་ཉན་རང་གི་རྟོགས་རིགས་སུ་མདོ་དང་བསྟན་བཅོས་གཉིས་ཀར་ལས་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་མཉམ་གཞག་གི་ཡུལ་མཐོང་ཚུལ་མ་ཡིན་གྱི་རྗེས་ཐོབ་ཀྱིས་ངེས་ཤེས་ཀྱི་དབང་དུ་བྱས་པ་སྟེ། སློབ་དཔོན་གྱིས་དམིགས་པ་དང་བཅས་པ་ཉིད་ཀྱིས་འབྲས་བུ་དང་པོ་ལ་སོགས་པ་རྟོགས་པ་ཐ་དད་པ་དང་། ཞེས་གསུངས་པའི་ཕྱིར་རོ། །འདི་ཡང་མཉམ་གཞག་གི་དབང་དུ་བྱས་སོ་སྙམ་ན་མ་ཡིན་ཏེ། དམིགས་པ་དང་བཅས་པའི་དོན་ནི་ཞེན་པ་དང་བཅས་པ་ཡིན་པས་ཉན་རང་གི་མཐོང་སྒོམ་མཉམ་གཞག་ན་མངོན་ཞེན་མེད་པའི་ཕྱིར་དང་། གཞན་དུ་ན་ཉན་རང་གི་མཐོང་སྒོམ་མཉམ་གཞག་ལ་རྟོགས་རིགས་ཐ་དད་ཡོད་པར་འགྱུར་ཏེ། འདི་འབྲས་བུ་དང་པོ་སོགས་རྟོགས་རིགས་ཐ་དད་དུ་སྟོན་པའི་གཞུང་ཡིན་པའི་ཕྱིར་རོ། །འདོད་ན་ཉིར་སྣང་དུ། ཏིལ་གྱི་དཔེས་ཉན་ཐོས་ཀྱི་སྒོམ་ལམ་སྟོན་པའི་རྒྱུ་མཚན་དུ་མཐོང་སྒོམ་རྟོགས་རིགས་ཐ་དད་མེད་ཀྱང་ནུས་པ་ཐ་དད་ཡོད་པར་བཤད་པ་དང་ཅིའི་ཕྱིར་མི་འགལ། ཁྱེད་རང་ལ་ཡང་མཚུངས་སོ་སྙམ་ན་མི་མཚུངས་ཏེ། འདིར་རྗེས་ཐོབ་ཀྱི་ངེས་ཤེས་ཀྱི་དབང་དུ་བྱས་ལ་མཉམ་གཞག་གིས་དྲངས་པའི་ངེས་ཤེས་འགའ་ཞིག་ནི་མི་རྟག་པར་མངོན་པར་ཞེན་པ་དང་། འགའ་ཞིག་ནི་སྡུག་བསྔལ་བར་མངོན་པར་ཞེན་པ་སོགས་ཡིན་པས་རིགས་ཐ་དད་པའི་ཕྱིར་རོ། །ཐེག་ཆེན་ལ་ནི་མི་མཚུངས་ཏེ། མཉམ་གཞག་གིས་རང་སྟོབས་ཀྱིས་དྲངས་པའི་ངེས་ཤེས་ཐམས་ཅད་སྤྲོས་བྲལ་གྱི་རྣམ་པ་ཅན་ཡིན་པས་རིགས་གཅིག་པའི་ཕྱིར་རོ། །ལྔ་པ་ནི། ལུགས་འདི་མ་རྟོགས་པའི་མཁས་པ་ཁ་ཅིག ཆོས་ཀྱི་བདག་མེད་ཀྱི་ངོས་འཛིན་གཅིག་ཏུ་བྱས་ནས་དེ་ཀླུ་སྒྲུབ་ཀྱི་ལུགས་ལ་ཉན་རང་གིས་རྟོགས། བྱམས་ཆོས་ཀྱི་ལུགས་ལ་ཉན་རང་གིས་མ་རྟོགས་པར་ཁས་བླངས་པས་གང་རུང་ཅིག་ལ་སྐུར་པ་བཏབ་པར་འགྱུར་ཞིང་། མཁས་པ་ཁ་ཅིག་གཉིས་ཆར་གྱི་ལུགས་ལ་ཉན་རང་གིས་ཕུང་པོ་བདེན་མེད་དུ་མ་རྟོགས་པར་ཁས་བླངས་པས་ཀླུ་སྒྲུབ་ཀྱི་གཞུང་ལ་སྦྱོར་བའི་ཚེ་ཀྱོག་བཤད་འབའ་ཞིག་དགོས་པར་འགྱུར་རོ། །ཙོང་ཁ་པས་ཐེག་པ་ཆེ་ཆུང་གཉིས་ཆར་གྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པར་མཚུངས་པས་ལྟ་བ་ལ་ཁྱད་པར་མེད་པར་འདོད་པས་ཐེག་ཆེན་གྱི་ལྟ་སྤྱོད་ནམ་མཁའ་ལྟ་བུ་ལ་སྐུར་པ་བཏབ་པར་འགྱུར་ཞིང་། ཡབ་སྲས་ཀྱི་གཞུང་རྣམས་ལས། ཆོས་ཀྱི་བདག་མེད་རྫོགས་པ་དང་། རྒྱས་པར་རྟོགས་མ་རྟོགས་ཀྱི་ཁྱད་པར་བཤད་པ་དང་ཡང་འགལ་ལོ། །དེའི་ལན་དུ་བསྒྲུབ་བྱ་ཆོས་ཀྱི་བདག་མེད་གཅིག་ཉིད་ལ་སྒྲུབ་བྱེད་རིགས་པ་རྒྱས་བསྡུས་ཀྱི་སྒོ་ནས་རྟོགས་པའི་ཁྱད་པར་ཡོད་པར་སྨྲ་བ་ནི་ཐེག་པ་ཆེ་ཆུང་དབང་པོ་རྣོ་རྟུལ་གོ་བཟློག་པར་འགྱུར་ཞིང་། སྒྲིབ་པ་སྤོང་བའི་ནུས་པ་ཆེ་ཆུང་ལ་འཆད་ན་ཡང་། སྤང་བྱ་བདེན་འཛིན་གཅིག་ཉིད་ཉན་ཐོས་བརྩོན་འགྲུས་མྱུར་བས་ཚེ་གསུམ་གྱིས་སྤོང་ནུས་ཤིང་། བྱང་སེམས་ཀྱིས་བསྐལ་པ་གྲངས་མེད་གཉིས་ཀྱི་བར་དུ་སྤོང་མི་ནུས་པར་ཁས་བླངས་པ་དང་ཅིའི་ཕྱིར་མི་འགལ། ཕུང་པོ་བདེན་མེད་དུ་མ་རྟོགས་ཀྱང་མི་རྟག་ལ་སོགས་བཅུ་དྲུག་གིས་བསྡུས་པའི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་ཐེག་པ་གསུམ་ཆར་ལ་ཡོད་པ་ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐའ་ཡིན་པའི་དོན་མ་རྟོགས་པར་དབུ་མ་པའི་ལུགས་ལ་ཡང་དེ་ལྟ་བུའི་གང་ཟག་ཡོད་ཅིང་། དེས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་མངོན་གྱུར་བ་སྤངས་ཀྱང་། ཉོན་མོངས་ཀྱི་ས་བོན་མ་སྤངས་པས། བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །ཞེས་སྤྱོད་འཇུག་གི་གཞུང་འདི་ལ་སྦྱར་ནས་འཆད་པ་ནི་མཁས་པའི་མདུན་སར་རྣ་བའི་ཡུལ་དུ་འགྲོ་བའི་གཏམ་མ་ཡིན་ནོ། །དེ་སོགས་ནོར་བ་དཔག་ཏུ་མེད་པ་སྣང་མོད་ཀྱང་། ཐེག་མཆོག་གནད་ཀྱི་ཟླ་ཟེར་དུ་ཡང་ཅུང་ཟད་བཤད་ཟིན་ཞིང་། རྒྱས་པར་ངག་ལས་རྟོགས་པར་བྱའོ། །གཉིས་པ་སྐབས་དོན་ཐེག་དམན་གྱི་རྟོགས་རིགས་སུ་འགྱུར་བའི་གཞི་ཤེས་ལ་གསུམ་སྟེ། རྒྱུ་སྦྱོར་བ། འབྲས་བུ་མཐོང་ལམ། སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ལ། སྦྱོར་བའི་དབྱེ་བ་དང་། སྦྱོར་བའི་མཉམ་པ་ཉིད་གཉིས་ལས། དང་པོ་ནི། གཟུགས་སོགས་དེ་མི་རྟག་སོགས་དང་། །ཞེས་སོགས་ཏེ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་པ་ནས། ཇི་སྐད་བཤད་པ་འདིར་ཤེས་བྱ། །ཞེས་པའི་བར་གྱིས་བྱང་སེམས་ཀྱི་གཞི་ཤེས་ལ་ཐེག་ཆེན་གྱི་རྟོགས་རིགས་དང་། ཐེག་དམན་གྱི་རྟོགས་རིགས་གཉིས་ལས། དང་པོའི་དབང་དུ་བྱས་པའི་སྤང་གཉེན་གྱི་རིམ་པ་བསྟན་པ་ཡིན་ལ། དེ་ལ་ཡང་མཉམ་རྗེས་གཉིས་ལས། མཉམ་གཞག་གི་དབང་དུ་བྱས་པའི་སྤང་གཉེན་གྱི་རིམ་པ་སྐབས་གཉིས་པར་བསྟན་ཟིན་ནས། རྗེས་ཐོབ་ཀྱི་དབང་དུ་བྱས་པའི་སྤང་གཉེན་གྱི་རིམ་པ་བསྟན་པ་ཡིན་ཏེ། མཉམ་གཞག་གི་དབང་དུ་བྱས་པའི་སྤང་གཉེན་གྱི་རིམ་པ་དེ་ཡོད་པར་མཚུངས་ཀྱང་། རྗེས་ཐོབ་ཀྱི་དབང་དུ་བྱས་པའི་སྤང་གཉེན་གྱི་རིམ་པ་དེ་ཤེས་པ་དང་། མ་ཤེས་པའི་བྱེ་བྲག་གིས་རྣམ་མཁྱེན་ལ་ཉེ་བ་དང་རིང་བར་བསྟན་པའི་ཕྱིར། འོ་ན་ཐེག་ཆེན་གྱི་རྟོགས་རིགས་སུ་འགྱུར་བའི་གཞི་ཤེས་མཉམ་གཞག་ཏུ་སྐྱེས་པ་དེ་རྗེས་ཐོབ་ཏུ་མཚན་འཛིན་བཀག་པའི་སྒོ་ནས་ཉམས་སུ་ལེན་དགོས་ན་ཐེག་དམན་གྱི་རྟོགས་རིགས་སུ་གྱུར་པའི་བྱང་སེམས་ཀྱི་གཞི་ཤེས་ལ་ཡང་དེ་ལྟར་དུ་མཚུངས་སམ་ཞེ་ན། དེ་ནི་མི་མཚུངས་ཏེ། དེ་སྦྱོར་ལམ་གྱི་གནས་སྐབས་སུ་ཞེན་སྤྱོད་བཀག་པའི་སྒོ་ནས་རྒྱུན་ལྡན་དུ་བསྒོམས་པས་དེའི་འབྲས་བུ་མཐོང་ལམ་གྱི་གནས་སྐབས་སུ་མངོན་སུམ་དུ་ཤེས་པ་ཙམ་ཡིན་གྱི་དེ་ཕྱིན་ཆད་དུ་རྒྱུན་ལྡན་དུ་བསྒོམས་པ་མེད་པའི་ཕྱིར་རོ། །འོ་ན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཐམས་ཅད་ཤེས་པ་ཉིད་ནི་ས་བདུན་པ་ལ་བཞག་གོ །ཞེས་གཞི་ཤེས་ཀྱི་སྦྱོར་བ་ས་བདུན་པའི་བར་དུ་རྗེས་སུ་འགྲོ་བར་གསུངས་པ་དང་འགལ་ལོ་སྙམ་ན་སྐྱོན་མེད་དེ། བྱང་སེམས་ཀྱི་སྦྱོར་ལམ་གྱི་གནས་སྐབས་སུ་མངོན་ཞེན་བཀག་པའི་སྒོ་ནས་མི་རྟག་ལ་སོགས་བཅུ་དྲུག་བསྒོམ་དགོས་ལ། མ་དག་ས་བདུན་གྱི་རྗེས་ཐོབ་ཏུ་མི་རྟག་ལ་སོགས་བཅུ་དྲུག་ལ་མངོན་ཞེན་སྐྱེས་པའི་ཚེ་མངོན་ཞེན་བཀག་དགོས་པས་གཞི་ཤེས་ཀྱི་སྦྱོར་བ་གཞག་པ་ཡིན་གྱི། མངོན་ཞེན་བཀག་པའི་སྒོ་ནས་མི་རྟག་ལ་སོགས་བཅུ་དྲུག་བསྒོམ་མི་དགོས་པའི་ཕྱིར་རོ། །དེ་ལྟ་བུའི་སྦྱོར་བའི་དབྱེ་བ་ལ་འཕགས་སེང་གཉིས་ཀྱིས་སྦྱོར་བ་བཅུར་བྱས་ནས། ཞེན་སྤྱོད་བཀག་པའི་སྦྱོར་བ་བཅུ་ཆར་ལ་སྦྱར་བར་བཞེད་ཅིང་། དེའི་དོན་སྔ་རབས་པ་རྣམས་ཀྱིས་དང་པོ་བཞི་རང་བཞིན་གྱི་སྦྱོར་བ་དང་། ཕྱི་མ་དྲུག་གནས་སྐབས་ཀྱི་སྦྱོར་བར་བཞེད་ཀྱང་ཤེས་བྱེད་མ་མཐོང་ངོ་། །དེས་ན་དང་པོ་བཞི་སོགས་སུ་བཅད་ནས་ཞེན་སྤྱོད་བཀག་པར་རྩ་བར་གསུངས་པའི་དོན་ནི་བདེན་བཞིའི་སྟེང་གི་ཁྱད་ཆོས་ལ་ཞེན་སྤྱོད་བཀག་པས་ན། ཉན་ཐོས་ཀྱི་རྟོགས་རིགས་ལ་ཞེན་སྤྱོད་བཀག་པར་མངོན་ཏེ། གཟུགས་སོགས་ཞེས་པས་བདེན་པ་བཞི་བསྟན། དེ་མི་རྟག་སོགས་ཞེས་པས་སྡུག་བསྔལ་བདེན་པའི་ཁྱད་ཆོས་བསྟན། དེ་མ་རྫོགས་དང་། ཞེས་པས་ཀུན་འབྱུང་བདེན་པའི་ཁྱད་ཆོས་བསྟན། རབ་རྫོགས་དང་། ཞེས་པས་འགོག་བདེན་གྱི་ཁྱད་ཆོས་དང་། དེ་ལ་ཆགས་པ་མེད་ཉིད་དང་། །ཞེས་པས་ལམ་བདེན་གྱི་ཁྱད་ཆོས་སྟོན། དེ་དག་ལ་ཞེན་སྤྱོད་བཀག་ནས་བསྒོམས་པའི་འབྲས་བུ་ལ་མཐོང་ལམ་གྱི་གནས་སྐབས་སུ་བདེན་བཞིའི་སྟེང་གི་རྟག་མི་རྟག་སོགས་ཀྱི་སྤྲོས་པ་སོ་གཉིས་དང་བྲལ་བའི་ཆོས་དབྱིངས་མངོན་སུམ་དུ་མཐོང་བ་འབྱུང་བའི་ཕྱིར་རོ། །ཕྱི་མ་དྲུག་གིས་རང་རྒྱལ་གྱི་རྟོགས་རིགས་ལ་ཞེན་སྤྱོད་བཀག་པ་སྟོན་ཏེ། དང་པོ་ལྔས་ནི། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་སོགས་རང་བཞིན་མེད་པར་རྟོགས་པ་སོགས་བསྟན་ཞིང་། སྣང་བ་རྣམ་བདུན་གྱིས་ནི་གཟུང་བ་ཕྱི་རོལ་གྱི་དོན་བདེན་མེད་དུ་རྟོགས་པ་བསྟན་པའི་ཕྱིར་ཏེ། དེ་ཉིད་ཀྱི་མཇུག་ཏུ། ཉིར་སྣང་དུ། ཐམས་ཅད་ཤེས་པ་ཉིད་ལ་ཉན་ཐོས་ལ་སོགས་པའི་དབང་དུ་བྱས་ནས་དཔེའི་དོན་འཐད་པར་བྱས་པས་གང་གསུངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་བུདྡྷ་ཤྲཱི། གསེར་གླིང་པ་རྣམས་ཀྱིས་མ་རྫོགས་པས་ཀུན་བཏགས་དང་། རྫོགས་པས་ཡོངས་གྲུབ་བསྟན་ཅིང་། གཞན་དབང་ཤུགས་ལ་བསྟན་པར་བཞེད་དོ། །འགྲེལ་ཆེན་དུ། མཚན་ཉིད་ཀྱིས་སྟོང་པའི་ཕྱིར་བཏགས་པའི་གཟུགས་ནི་ཡོངས་སུ་མ་རྫོགས་པའོ། །ཡོན་ཏན་གྱི་ཚོགས་དང་ལྡན་པའི་ཕྱིར་ཆོས་ཉིད་ཀྱི་གཟུགས་ནི་རབ་ཏུ་རྫོགས་པའོ། །ཞེས་དང་། ཤེར་སྒྲོན་དུ་མ་རྫོགས་པ་དང་རྫོགས་པའི་གཟུགས་ཀུན་བཏགས་པ་དང་། ཡོངས་སུ་གྲུབ་པ་ལ་སྤྱོད་པ་བཀག་པའི་སྒོ་ནས་མི་དམིགས་པའི་ཚུལ་གྱིས་ཉེ་བར་སྦྱོར་ཞེས་དང་། རྟོགས་དཀའི་སྣང་བར། མཚན་ཉིད་ཀྱི་སྟོང་པ་ཉིད་དུ་བཏགས་པའི་ཕྱིར་དང་། ཡོན་ཏན་གྱི་ཚོགས་དང་ལྡན་པ་ཉིད་དང་། ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་སོ་སོར་མ་རྫོགས་པ་དང་རྫོགས་པ་ཉིད་དེ། གཟུགས་ལ་སོགས་པ་མ་ཚང་བ་དང་། ཚང་བ་ཉིད་དོ། །ཞེས་སོ། །གཉལ་པས། མ་རྫོགས་པ་བྱིས་པའི་ཕུང་པོ་ལྔ་དང་། རྫོགས་པ་རྒན་པོའི་ཕུང་པོ་ལྔ་ལ་འཆད་ཅིང་ཀུན་བཏགས་སོགས་སེམས་ཙམ་པའི་ལུགས་ཡིན་པས་དེ་འདིར་འཆད་པ་མི་འཐད་ཅེས་དང་། གཟད་པས། མ་རྫོགས་པ་སྟེ་མ་སྨིན་པ། རྫོགས་པ་སྟེ་སྨིན་པ་ལ་འཆད། ཁ་ཅིག ཚོགས་རྫོགས་མ་རྫོགས་ལ་འཆད་དོ། །འབྲེ་ཨར་དང་། གཡག་རོང་གཉིས་སློབ་དཔོན་གྱི་བཞེད་པ་ལྟར་མཛད་པས་དེ་དག་གི་ལྟར་ན། འདིར་མཚན་ཉིད་གསུམ་གྱི་རྣམ་གཞག་ལ་དཔྱད་པ་ལ། སྤྱིར་གྲུབ་མཐའ་སྨྲ་བ་བཞི་པོ་རེ་རེ་ལ་ཡང་གནས་ལུགས་འབྱེད་པ་དང་། གསུང་རབ་འཆད་པའི་སྒོ་ཐུན་མོང་མ་ཡིན་པ་རེ་རེ་ཡོད་དེ། བྱེ་བྲག་ཏུ་སྨྲ་བས་ནི་ཤེས་བྱ་གཞི་ལྔ་དང་། མདོ་སྡེ་པས་ནི་རང་སྤྱི་གཉིས་དང་། སེམས་ཙམ་པས་ནི་མཚན་ཉིད་གསུམ་དང་། དབུ་མ་པས་ནི་བདེན་པ་གཉིས་ལ་གནས་ལུགས་འབྱེད་པ་དང་། གསུང་རབ་འཆད་པའི་སྒོ་ཐུན་མོང་མ་ཡིན་པར་མཛད་པའི་ཕྱིར་རོ། །དེས་ན་མཚན་ཉིད་གསུམ་གྱི་རྣམ་གཞག་འདི་སེམས་ཙམ་པའི་ལུགས་བཞིན་དུ་འཆད་པ་ལ་དོན་གསུམ་སྟེ། ངོ་བོ་ངོས་གཟུང་བ། དེས་གནས་ལུགས་ཇི་ལྟར་འབྱེད་པའི་ཚུལ། གསུང་རབ་ཇི་ལྟར་འགྲེལ་བའི་ཚུལ་ལོ། །དང་པོ་ལ་ཀུན་བཏགས་ནི། དགོངས་འགྲེལ་དུ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་མཚན་མ་ལ་གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་གཞག་པ་དང་། གཟུགས་ཀྱི་ཕུང་པོ་སྐྱེ་བ་ཞེའམ། འགག་པ་ཞེའམ། གཟུགས་ཀྱི་ཕུང་པོ་སྤངས་པ་དང་། ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལགས་ཏེ། ཞེས་གསུངས་སོ། །དེ་ལ་འདུ་བྱེད་ཀྱི་མཚན་མ་ཞེས་པ་ཡན་ཆད་ཀྱིས་ཀུན་བཏགས་འདོགས་པའི་གཞིར་གྱུར་པའི་གཞན་དབང་སྟོན་ཏེ། འོག་མ་གཉིས་པོ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཞེས་པ་ནི་ཀུན་བཏགས་ཀྱི་ཁྱད་ཆོས་ཡིན་ལ། དེའི་གནས་འདུ་བྱེད་ཀྱི་མཚན་མ་ནི་གཞན་དབང་ངོ་། །གཟུགས་ཀྱི་ཕུང་པོ་ཞེས་པ་མན་ཆད་ཀྱིས་གཞན་དབང་དེ་ལ་ཀུན་བཏགས་ཇི་ལྟར་འདོགས་པའི་ཚུལ་བསྟན་ཏེ། ངོ་བོ་དང་ཁྱད་པར་གྱི་མཚན་ཉིད་རྣམ་པར་རྟོག་པས་སྒྲོ་བཏགས་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་བྱེད་པ་རྣམས་སོ། །གཞན་དབང་ནི་དགོངས་འགྲེལ་དུ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། ཞེས་གསུངས་ལ། འདུ་བྱེད་ཀྱི་མཚན་མ་ཞེས་པའི་དོན་ནི་རྒྱུ་དང་རྐྱེན་ལས་སྐྱེས་པ་ལ་འཇོག་ལ། རྣམ་པར་རྟོག་པའི་སྤྱོད་ཡུལ་ནི་ཀུན་བཏགས་ཀྱི་ཁྱད་ཆོས་སུ་འགྲོ་བ་ཡང་སྔར་བཞིན་ནོ། །ཡོངས་གྲུབ་ནི་དགོངས་འགྲེལ་དུ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བཏགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་གསུངས་ལ། དེའི་དོན་ནི་གཞན་དབང་གི་སྟེང་དུ་ཀུན་བཏགས་ཁོ་ནས་སྟོང་པའི་ཆ་ནས་སྟོང་ཉིད་དུ་བཞག་པ། རང་གི་ངོ་བོ་ཆོས་ལ་བདག་མེད་པ་དེ་བཞིན་ཉིད་དང་། ཡང་དག་མཐའ་ལ་སོགས་པ་མིང་གི་རྣམ་གྲངས་ལྔ་དང་ལྡན་པ་གང་ལ་དམིགས་ནས་བསྒོམས་ན་སྒྲིབ་པ་རྣམ་པར་དག་པར་འགྱུར་བའི་དམིགས་པ་ཆོས་ཀྱི་དབྱིངས་ལ་ཡོངས་གྲུབ་ཏུ་འཇུག་གོ །མདོར་བསྡུ་ན། གཟུང་འཛིན་གཉིས་སུ་སྣང་བ་སྐྱེ་བའི་གཞིར་གྱུར་པ་རྒྱུ་རྐྱེན་གཞན་ལས་སྐྱེས་པའི་ཤེས་པ་འཁོར་བ་ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་སའི་བར་དུ་རྒྱུན་མ་ཆད་པ་ཞིག་ལ་གཞན་དབང་དུ་འཇོག་ཅིང་། དེ་ཉིད་བག་ཆགས་ཀྱི་དབང་གིས་གང་ཟག་དང་། གཟུང་འཛིན་གཉིས་སུ་སྣང་བ་སྐྱེ་བའི་ཚེ་ན་དེ་ལྟར་སྣང་བའི་ཤེས་པ་དེའི་ཡུལ་གང་ཟག་དང་གཟུང་འཛིན་གཉིས་ལ་ཀུན་བཏགས་སུ་འཇོག་གོ །དེས་ན་རྣམ་པར་རྟོག་པའི་སྤྱོད་ཡུལ་ཞེས་གསུངས་པའི་རྣམ་རྟོག་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་མོ། །གཞན་དབང་དེ་ཉིད་འཁྲུལ་པའི་སྣང་བ་དང་བཅས་པའི་ཚེ་ན་མ་དག་པ་གཞན་དབང་དང་། འཁྲུལ་པའི་སྣང་བ་རེ་ཞིག་འགག་པ་འཕགས་པ་སློབ་པའི་མཉམ་གཞག་དང་། གཏན་ནས་འགག་པ་སངས་རྒྱས་ཀྱི་སར་དག་པ་གཞན་དབང་དུ་འཇོག་ཅིང་། ཕྱི་མ་འདི་ལ་ཡོངས་གྲུབ་གཉིས་སུ་ཕྱེ་བའི་ཚེ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་། དོན་དམ་གསུམ་དུ་ཕྱེ་བའི་ཚེ་སྒྲུབ་པ་དོན་དམ་དུ་གཞག་པ་ཡོད་མོད་ཀྱི་ཡོངས་གྲུབ་ཀྱི་ཡུལ་ཅན་དང་། དོན་དམ་གྱི་ཡུལ་ཅན་ལ་དགོངས་ནས་དེར་གཞག་པ་ཡིན་གྱི་ཡོངས་གྲུབ་དང་། དོན་དམ་བདེན་པ་མཚན་ཉིད་པ་ནི་མ་ཡིན་ཏེ། དེ་ཡིན་ན། འདུས་མ་བྱས་ཡིན་དགོས་པ་ལས། འདི་ནི་འདུས་བྱས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དགོངས་འགྲེལ་ལས། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ་གལ་ཏེ་ཆོས་དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི། དེས་ན་དེ་བཞིན་ཉིད་དོན་དམ་པ་ཆོས་ལ་བདག་མེད་པ་ཡང་རྒྱུ་དང་བཅས་པ་ཡིན་པར་འགྱུར་རོ། །རྒྱུ་ལས་བྱུང་བ་ཉིད་ཡིན་ན་ནི་འདུས་བྱས་ཡིན་པར་འགྱུར་རོ། །འདུས་བྱས་ཡིན་ན་ནི་དོན་དམ་པ་ཡིན་པར་མི་འགྱུར་རོ། །ཞེས་དང་། དབུས་མཐར། དམ་པའི་དོན་ནི་གཅིག་པུའོ། །ཞེས་གསུངས་ཤིང་། དེའི་འགྲེལ་པར་ཡང་། དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུར་རིག་པར་བྱའོ། །ཞེས་དང་། མདོ་སྡེ་རྒྱན་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་གྱུར་དེ་ནི་དོན་དམ་མཚན། །ཞེས་གསུངས་སོ། །འོ་ན་བསྡུ་བར། གཞན་དབང་གི་དབང་དུ་མཛད་ནས་རྫས་དང་། དོན་དམ་པར་གཉིས་ཀར་ཡང་དེ་བཞིན་དུ་ཡོད་པར་རིག་པར་བྱའོ། །ཞེས་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་དུ་གྲགས། །ཞེས་གཞན་དབང་དོན་དམ་དུ་ཡོད་པར་བཤད་པ་དང་འགལ་ལོ་ཞེ་ན། ཉན་ཐོས་སྡེ་གཉིས་ཀྱི་ལུགས་ལ་དོན་དམ་དུ་ཡོད་ན། དོན་དམ་བདེན་པ་ཡིན་པས་ཁྱབ་ཀྱང་། རྣལ་འབྱོར་སྤྱོད་པའི་ལུགས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་དོན་དམ་པར་བྱས་པ་དང་། རྣམ་པར་དག་པའི་དམིགས་པ་ལ་དོན་དམ་པར་བྱས་པ་གཉིས་ལས། སྔ་མ་ལ་དོན་དམ་བདེན་པས་མ་ཁྱབ་པས་སྐྱོན་མེད་དོ། །དེ་ལྟར་ན་གཞན་དབང་ཡིན་ན། ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་སྟེ། དོན་དམ་བདེན་པ་ལ་མཚན་ཉིད་ལྔ་ལྡན་དུ། དགོངས་འགྲེལ་དང་། མདོ་སྡེ་རྒྱན་དུ་བཤད་ཅིང་། གཞན་དབང་དེ་གཞན་དབང་དང་གཅིག་ཡིན་པས་དེ་བཞིན་ཉིད་མ་ཡིན་ཞེས་པའི་ཁྱད་ཆོས་ཀྱང་མི་གྲུབ་པའི་ཕྱིར་དང་། སྐྱེ་དང་། འཇིག་མེད་དང་། འཕེལ་འགྲིབ་མེད་པའི་མཚན་ཉིད་ཀྱང་མ་གྲུབ་པའི་ཕྱིར་རོ། །འོ་ན་དབུས་མཐར། རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུ་ཁོ་ནར་བརྗོད་པ་ཡིན། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། རྣམ་པར་དག་པའི་ཡེ་ཤེས་གཉིས་སུ་བྱས་ནས། རྗེས་ཐོབ་དག་པ་འཇིག་རྟེན་པའི་སྤྱོད་ཡུལ་ལ་ཡོངས་གྲུབ་ཏུ་གཞག་པ་ནི། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །མཚན་ཉིད་གསུམ་གྱི་དཔེ་ལ་དགོངས་འགྲེལ་དུ་དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་མེ་ཏོག་ཅི་ལྟ་བ་དེ་ལྟ་བུར་ནི་མཚན་ཉིད་ངོ་བོ་ཉིད་མེད་པར་བལྟ་བར་བྱའོ། །དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ། དཔེར་ན། སྒྱུ་མ་བྱས་པ་ཇི་ལྟ་བ་དེ་ལྟ་བུར་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ། །དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དེ་ལས་ཀྱང་གཅིག་བལྟ་བར་བྱའོ། །དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་དང་། ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུར་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་། ཐམས་ཅད་དུ་སོང་བ་གཅིག་བལྟ་བར་བྱ་སྟེ། ཞེས་གསུང་ལ། ཀུན་བཏགས་ལ་ནམ་མཁའི་མེ་ཏོག་དཔེར་བྱས་པ་ནི་ཐ་སྙད་དུ་མེད་པའི་དཔེར་མ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་དཔེའོ། །གཞན་དབང་ལ་སྒྱུ་མ་བྱས་པ་དཔེར་བྱས་པ་ནི། སྒྱུ་མའི་སྤྲུལ་གཞི་རྟ་གླང་དུ་མེད་ཀྱང་རྟ་གླང་དུ་སྣང་བ་ལྟར་གཞན་དབང་ཡང་གཟུང་འཛིན་གཉིས་སུ་མེད་ཀྱང་། གཟུང་འཛིན་གཉིས་སུ་སྣང་བའི་དཔེའོ། །ཡོངས་གྲུབ་ལ་ནམ་མཁའ་དཔེར་བྱས་པ་ནི་ནམ་མཁའ་ལ་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་དང་། ཐམས་ཅད་དུ་སོང་བའི་ཆོས་གཉིས་ཡོད་པ་ལྟར་ཡོངས་གྲུབ་ཆོས་ཉིད་དེ་ཡང་ཆོས་ལ་བདག་མེད་པས་རབ་ཏུ་ཕྱེ་བ་དང་། ཆོས་ཐམས་ཅད་ལ་སོང་བའི་ཆོས་གཉིས་ཡོད་པའི་ཕྱིར་རོ། །དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལས་ཀྱང་གཅིག་བལྟ་བར་བྱ་སྟེ། ཞེས་པའི་དོན་ནི་ལུགས་འདི་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་གཞན་དབང་དུ་སྦྱར་བ་དང་། ཡོངས་གྲུབ་ལ་སྦྱར་བ་གཉིས་ཡོད་པ་ལས། ཕྱི་མའི་དབང་དུ་བྱས་ཞེས་པའི་དོན་ཏེ་འཆད་པར་འགྱུར་རོ། །མདོ་སྡེ་རྒྱན་དུ། ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་ཀུན་རྟོག་འདོད། །སྒྱུ་མའི་རྣམ་པ་ཇི་ལྟ་བུ། །དེ་བཞིན་གཉིས་སུ་འཁྲུལ་པར་བརྗོད། །ཅེས་སྒྱུ་མའི་སྤྲུལ་གཞི་གཞན་དབང་གི་དཔེ་དང་། སྒྱུ་མའི་རྣམ་པ་ཀུན་བཏགས་ཀྱི་དཔེར་གསུངས་པ་ནི་གཞན་དབང་གཟུང་འཛིན་གཉིས་སུ་འཁྲུལ་པའི་གཞི་དང་། ཀུན་བཏགས་འཁྲུལ་པའི་དབང་གིས་བྱུང་བའི་གཟུང་འཛིན་གཉིས་ལ་འཇོག་པའི་དཔེའོ། །གཉིས་པ་དེས་གནས་ལུགས་ཇི་ལྟར་འབྱེད་པའི་ཚུལ་ལ་གསུམ་སྟེ། བྱང་ས་ནས། བསྡུ་བ་ནས། དབུས་མཐའ་ནས་བཤད་པའི་ཚུལ་ལོ། །དང་པོ་ལ་སྒྲོ་སྐུར་སྤང་ཚུལ་སྤྱིར་བསྟན། སྐུར་འདེབས་སྤང་ཚུལ་བྱེ་བྲག་ཏུ་བཤད། དེས་ན་དབུ་མའི་ལམ་དུ་གྲུབ་པ་དང་གསུམ་ལས། དང་པོ་ནི། བྱང་སར། གཟུགས་ལ་སོགས་པའི་ཆོས་རྣམས་དང་། གཟུགས་ལ་སོགས་པའི་དངོས་པོ་ལ་འདོགས་པའི་ཚིག་གིས་ངོ་བོ་ཉིད་ཀྱིས་རང་གི་མཚན་ཉིད་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་ནས་མངོན་པར་ཞེན་པ་གང་ཡིན་པ་དང་། བཏགས་པའི་ཚིག་གིས་མཚན་མའི་གཞི་བཏགས་པའི་ཚིག་གི་མཚན་མའི་རྟེན་དུ་གྱུར་པ་བརྗོད་དུ་མེད་པའི་བདག་ཉིད་ཀྱི་དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ལ་ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་དོ། །ཞེས་སྐུར་པ་འདེབས་ཤིང་ཆུད་གཟོན་པར་བྱེད་པ་གང་ཡིན་པ་འདི་གཉིས་ནི་ཆོས་འདུལ་བ་འདི་ལ་རབ་ཏུ་ཉམས་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །དེ་ལ་མངོན་པར་ཞེན་པ་གང་ཡིན་པ་ཞེས་པ་ཡན་ཆད་ཀྱིས་སྒྲོ་འདོགས་ཚུལ་བསྟན་ཏེ། གཟུགས་ལ་སོགས་པའི་ཆོས་རྣམས་ལ་ངོ་བོ་དང་ཁྱད་པར་དུ་རྣམ་པར་རྟོག་པས་སྒྲོ་བཏགས་པ་ཀུན་བཏགས་ཡིན་པས་དེ་རང་གི་མཚན་ཉིད་ཀྱིས་ཡོད་པར་འདོད་པ་ནི་སྒྲོ་བཏགས་པའོ། །བཏགས་པའི་ཚིག་གིས་ཞེས་པ་མན་ཆད་ཀྱིས་ནི་སྐུར་བ་འདེབས་ཚུལ་བསྟན་ཏེ། ཀུན་བཏགས་འདོགས་པའི་གཞི་གཞན་དབང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་པ་ནི་སྐུར་པ་འདེབས་པའོ། །ཆུད་གཟོན་པར་བྱེད་པ་གང་ཡིན་པ་ཞེས་པ་མན་ཆད་ཀྱིས་ནི་དངོས་སུ་ཐེག་ཆེན་ལས་ཉམས་པར་བསྟན་ཅིང་ཤུགས་ལ་དེ་ལྟ་བུའི་སྒྲོ་སྐུར་སྤང་དགོས་པ་བསྟན་ཏོ། །གཉིས་པ་ནི། བྱང་སར། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་སྐུར་པ་འདེབས་པ་ལ་ནི་དེ་ཁོ་ན་ཡང་མེད་ལ་འདོགས་པ་ཡང་མེད་དེ། དེ་གཉིས་ཀ་ཡང་མི་རིགས་སོ། །འདི་ལྟ་སྟེ་དཔེར་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཡོད་ན་གང་ཟག་གདགས་སུ་རུང་གི་མེད་དུ་ཟིན་ན་ནི་དངོས་པོ་མེད་པ་ལ་གང་ཟག་གདགས་སུ་མེད་དོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ཡོད་ན། གཟུགས་ལ་སོགས་པའི་ཆོས་འདོགས་པའི་ཚིག་ཉེ་བར་གདགས་སུ་རུང་གི་དངོས་པོ་མེད་པ་ལ་གདགས་པའི་ཚིག་གིས་ཉེ་བར་འདོགས་པ་མེད་དོ། །དེ་ལ་འདོགས་པའི་གཞི་མེད་དུ་ཟིན་ན་ནི་གཞི་མེད་པར་འགྱུར་བས་འདོགས་པ་ཡང་མེད་པར་འགྱུར་རོ། །ཞེས་གསུངས་སོ། །དེའི་དོན་ནི་གཉིས་ཀ་ཡང་མི་རིགས་སོ། །ཞེས་པ་ཡན་ཆད་ཀྱིས་གཞན་དབང་ལ་སྐུར་པ་བཏབ་ན་མཚན་ཉིད་གཞན་གཉིས་འཇོག་ཏུ་མི་རུང་བར་བསྟན། འདི་ལྟ་སྟེ། ཞེས་པ་མན་ཆད་ཀྱིས་ཀུན་བཏགས་མི་རུང་བའི་སྒྲུབ་བྱེད་རྒྱས་པར་བསྟན་ཏོ། །གཟུགས་ལ་སོགས་པའི་ཆོས་ཞེས་པ་ནི་རྣམ་པར་རྟོག་པས་སྒྲོ་བཏགས་པའི་ཀུན་བཏགས་ཡིན་ལ། དངོས་པོ་ཙམ་ཞེས་པ་ནི་དེའི་བཞི་གཞན་དབང་ངོ་། །གསུམ་པ་ནི། བྱང་སར། དངོས་པོ་སྔ་མ་གང་ཡིན་པ་དང་། དངོས་པོ་མེད་པ་འདི་གཉིས་ཀྱི་ཡོད་པ་དང་། མེད་པ་ལས་རྣམ་པར་གྲོལ་བའི་ཆོས་ཀྱི་མཚན་ཉིད་ཀྱིས་བསྡུས་པའི་དངོས་པོ་དེ་ནི་གཉིས་སུ་མེད་པ་ཡིན་ནོ། །གཉིས་སུ་མེད་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་མཐའ་གཉིས་སྤངས་པ་བླ་ན་མེད་པ་ཞེས་བྱ་སྟེ། ཞེས་གསུངས་སོ། །དེ་ལ་དངོས་པོ་སྔ་མ་ནི་གཞན་དབང་དང་། དངོས་པོ་མེད་པ་ནི་ཀུན་བཏགས་ཡིན་ལ། ཀུན་བཏགས་ཡོད་པ་དང་གཞན་དབང་མེད་པ་ལས་རྣམ་པར་གྲོལ་བའི་ཆོས་ཀྱིས་བསྡུས་པའི་དངོས་པོ་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡོངས་གྲུབ་ཡིན་པས། དེ་ཉིད་ལ་མཐའ་གཉིས་སྤངས་པའི་དབུ་མར་འཇོག་ཅེས་པའི་དོན་ནོ། །དེས་ན་ལུགས་འདི་ལ་འདུས་མ་བྱས་དང་དངོས་པོ་མི་འགལ་ཏེ། འདིར་ཡང་དངོས་པོ་དེ་ནི་གཉིས་སུ་མེད་པ་ཡིན་ནོ། །ཞེས་དང་། དབུས་མཐར། གཉིས་དངོས་མེད་པའི་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་དང་། ཀུན་བཏུས་སུ་འདུས་མ་བྱས་ཀྱི་དངོས་པོ་བརྒྱད་གསུངས་པ་དང་། འཕགས་མཆོག་ཀླུ་སྒྲུབ་ཀྱིས་སེམས་ཙམ་པའི་ལུགས་ཀྱི་ཡོངས་གྲུབ་ཀྱི་དབང་དུ་མཛད་ནས། ཡང་དག་རྫས་དངོས་རྟག་པ་ལགས། །ཞེས་གསུངས་པའི་ཕྱིར་རོ། །འདུས་མ་བྱས་དང་དངོས་པོའི་གཞི་མཐུན་མེད་པ་ནི། དངོས་སྨྲ་བ་གསུམ་ལས། མདོ་སྡེ་པ་ཁོ་ནའི་ལུགས་ཡིན་གྱི་བྱེ་བྲག་ཏུ་སྨྲ་བ་དང་། སེམས་ཙམ་པ་གཉིས་ཀྱི་ལུགས་ལ་དེ་གཉིས་ཀྱི་གཞི་མཐུན་ཡོད་པར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་གསུངས་པ་འདི་ཉིད་གསུང་རབ་ཀྱི་གནད་དུ་སྣང་ངོ་། །གཉིས་པ་བསྡུ་བ་ལས་གསུངས་པའི་ཚུལ་ལ་སྒྲོ་སྐུར་སྤངས་པའི་ཚུལ་དང་། དེས་ན་དབུ་མའི་ལམ་དུ་གྲུབ་པ་གཉིས་ལས། དང་པོ་ནི། བསྡུ་བར། ཐེག་པ་ཆེན་པོ་ལ་རང་རང་གིས་ཉེས་པར་གཟུང་བས་འདི་སྐད་ཅེས། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད་ལ་དོན་དམ་པར་ནི་ཐམས་ཅད་མེད་དོ། །ཞེས་ཟེར་རོ། །དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དོན་དམ་པ་ནི་གང་ཡིན། ཀུན་རྫོབ་ནི་གང་ཡིན་ཞེས་བརྗོད་པར་བྱའོ། །དེ་སྐད་དྲིས་པ་ན་གལ་ཏེ་འདི་སྐད་ཅེས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་ལ། ངོ་བོ་ཉིད་མེད་པའི་ཆོས་དེ་དག་ལ་ངོ་བོ་ཉིད་དུ་དམིགས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཡོད་པ་མ་ཡིན་པ་དག་ལ་ཀུན་རྫོབ་ཏུ་བྱེད་པ་དང་། འདོགས་པ་དང་། མངོན་པར་བརྗོད་པ་དང་། ཐ་སྙད་དུ་བྱེད་པའི་ཕྱིར་རོ། །ཞེས་ལན་འདེབས་པར་གྱུར་ན་ཞེས་ངོ་བོ་ཉིད་མེད་པར་སྨྲ་བའི་བདེན་གཉིས་ཀྱི་ངོས་འཛིན་ཕྱོགས་སྔར་བྱས་པའོ། །དེ་ལ་ཀུན་རྫོབ་ཀྱི་ངོས་འཛིན་འགོག་པ་ནི་བསྡུ་བར། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ངོ་བོ་ཉིད་དུ་དམིགས་པ་དེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་པར་འདོད་དམ། གལ་ཏེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཙམ་ཞིག་ཡིན་པ་འདོད། གལ་ཏེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་ནི་དེས་ན་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་པས་ཡོད་པ་མ་ཡིན་ནོ་ཞེས་བྱར་མི་རུང་ངོ་། །གལ་ཏེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཙམ་ཞིག་ཡིན་ན་ནི་དེས་ན་གཞི་མེད་པར་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཅེས་བྱར་མི་རུང་ངོ་། །ཞེས་གསུངས་སོ། །དེའི་དོན་ནི་ངོ་བོ་ཉིད་མེད་པ་ལ་ཡོད་དོ་སྙམ་དུ་དམིགས་པའི་ཀུན་རྫོབ་དེ་ནང་གི་མངོན་པར་བརྗོད་པ་རྣམ་རྟོག་གི་རྒྱུ་ལས་བྱུང་བ་དང་། ཀུན་རྫོབ་རང་གི་རིགས་འདྲ་སྔ་མ་ལས་བྱུང་བ་ཡིན་ན་དོན་དམ་དུ་མེད་པ་འགལ་ཞིང་ནང་གི་མངོན་པར་བརྗོད་པ་རྣམ་རྟོག་གིས་བཏགས་པ་ཙམ་དང་རང་གི་རིག་འདྲ་སྔ་མའི་རྒྱུ་ལས་མ་བྱུང་བའི་ཀུན་རྫོབ་ཙམ་ཞིག་ཡིན་ན་གདགས་གཞི་དོན་དམ་དུ་མེད་པས་བཏགས་པ་ཙམ་ཡང་མི་རུང་ངོ་ཞེས་པའོ། །དོན་དམ་གྱི་ངོས་འཛིན་འགོག་པ་ནི་བསྡུ་བར་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཅིའི་ཕྱིར་ན་གང་དམིགས་པ་དེ་མེད་པ་ཡིན་ཞེས་ཀྱང་བརྗོད་པར་བྱའོ། །དེ་སྐད་ཅེས་དྲིས་པ་ན་གལ་ཏེ་དེ་འདི་སྐད་ཅེས་ཕྱིན་ཅི་ལོག་གི་དངོས་པོ་ཡིན་པའི་ཕྱིར་རོ། །ཞེས་ལན་འདེབས་པར་གྱུར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཕྱིན་ཅི་ལོག་དེ་ཡོད་པར་འདོད་དམ་འོན་ཏེ་མེད་པར་འདོད། གལ་ཏེ་ཡོད་ན་ནི་དེས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ནི་དོན་དམ་པའོ་ཞེས་བྱ་བར་མི་རུང་ངོ་། །གལ་ཏེ་མེད་ན་ནི་དེས་ན་ཕྱིན་ཅི་ལོག་གི་དངོས་པོ་ཡིན་པའི་ཕྱིར། གང་དམིགས་པ་དེ་ངོ་བོ་ཉིད་མེད་དོ་ཅེས་བྱར་མི་རུང་ངོ་ཞེས་གསུངས་སོ། །དེའི་དོན་ནི་གང་དམིགས་པ་དེའི་ངོ་བོ་ཉིད་མེད་པ་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པས། དམིགས་བྱེད་ཀྱི་བློ་དེ་ཕྱིན་ཅི་ལོག་གི་དངོས་པོ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་ཕྱིན་ཅི་ལོག་གི་བློ་དེ་ངོ་བོ་ཉིད་ཀྱིས་ཡོད་དམ་མེད། དང་པོ་ལྟར་ན་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མེད་པ་དང་འགལ་ལོ། །ཕྱི་མ་ལྟར་ན་ཕྱིན་ཅི་ལོག་གི་དངོས་པོ་རྒྱུ་མཚན་དུ་བྱས་ནས་དམིགས་པ་ངོ་བོ་ཉིད་ཀྱིས་མེད་པར་བསྒྲུབ་མི་ནུས་སོ་ཞེས་པའོ། །གཉིས་པ་ནི། བསྡུ་བར། དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་སྒྲོ་འདོགས་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །གཞན་གྱི་དབང་གི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོད་པ་མི་འཐད་དོ། །ཞེས་རང་གི་མཚན་ཉིད་ལ་སྐུར་པ་འདེབས་པ་གང་ཡིན་པ་སྟེ། དེ་ལྟར་མཐའ་གཉིས་རྣམ་པར་སྤང་བའི་ཚུལ་གྱིས་དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་ཏེ་གཞན་དབང་དང་ཡོངས་གྲུབ་ལ་ཀུན་བཏགས་སུ་སྒྲོ་འདོགས་པ་དང་། གཞན་དབང་དང་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་མེད་དོ། །ཞེས་སྐུར་པ་འདེབས་པ་སྤངས་ནས་གཞན་དབང་དང་དེ་ལ་ཀུན་བཏགས་ཀྱིས་སྟོང་པའི་ངོ་བོ་ཉིད་དོན་དམ་དུ་ཡོད་པ་ནི་དབུ་མའོ། །ཞེས་པའི་དོན་ནོ། །གསུམ་པ་དབུས་མཐའ་ནས་བཤད་པའི་ཚུལ་ལ། སྒྲོ་སྐུར་སྤང་བའི་ཚུལ་དང་། དེས་ན་དབུ་མའི་ལམ་དུ་གྲུབ་པ་གཉིས་ལས། དང་པོ་ནི། དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་དང་། དེའི་འགྲེལ་བཤད་དུ་བློ་བརྟན་གྱིས་ལ་ལ་དག་ཆོས་ཐམས་ཅད་རི་བོང་གི་རྭ་ལྟར་རང་བཞིན་ཡེ་མེད་དོ་སྙམ་དུ་སེམས་པ་དེའི་ཕྱིར། ཐམས་ཅད་ལ་སྐུར་པ་འདེབས་པ་དགག་པའི་དོན་དུ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་བྱ་བ་གསུངས་ཏེ། རང་བཞིན་གྱིས་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ལྟར་ན་མདོར་ཆོས་ཐམས་ཅད་སྟོང་པའོ། །ཞེས་བཤད་པས་མདོ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ་འདི་ལྟར། དེ་ལ་གཉིས་པོ་ཡོད་མ་ཡིན། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དང་བྲལ་བས་སྟོང་པ་ཞེས་བྱ་ཡི་རང་བཞིན་ཡེ་མེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་མདོ་དང་མི་འགལ་ལོ། །གལ་ཏེ་དེ་ལྟར་གཉིས་པོ་ནི་རི་བོང་གི་རྭ་ལྟར་ཡེ་མེད་ལ་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་དོན་དམ་པར་རང་བཞིན་གྱིས་ཡོད་ན་དེ་ལྟར་ན་སྟོང་པ་ཉིད་མེད་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་སྟོང་པ་ཉིད་ནི་འདི་ལ་ཡོད། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་གཟུང་བ་དང་འཛིན་པ་མེད་པ་ཉིད་གང་ཡིན་པ་དེ་སྟོང་པ་ཉིད་ཡིན་པས་སྟོང་པ་ཉིད་མེད་པར་མི་འགྱུར་རོ་ཞེས་གསུངས་སོ། །དེའི་དོན་ནི་ཆོས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་འདོད་པ་ནི་སྐུར་འདེབས་ཡིན་པས་དེའི་གཉེན་པོར་གཞན་དབང་རང་གི་མཚན་ཉིད་ཀྱིས་ཡོད་ཅེས་བྱའོ། །འོ་ན་མདོར་ཆོས་ཐམས་ཅད་སྟོང་པར་བཤད་པ་དང་འགལ་ལོ་ཞེ་ན་དེ་ནི་ཀུན་བཏགས་ཀྱིས་སྟོང་པ་ལ་དགོངས་པས་མི་འགལ་ལོ། །འོ་ན་སྟོང་ཉིད་རང་གི་མཚན་ཉིད་ཀྱིས་མེད་པར་འགྱུར་རོ་ཞེ་ན་སྟོང་ཉིད་ཀྱི་དོན་ནི་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་མ་ཡིན་གྱི་གཞན་དབང་གི་སྟེང་དུ་གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་ཡིན་པས་རང་གི་མཚན་ཉིད་ཀྱིས་མེད་པར་མི་འགྱུར་རོ། །ཞེས་པའོ། །གཉིས་པ་ནི་དབུས་མཐར། སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ནི། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་ཏེ་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། མདོའི་དོན་མི་འགལ་བར་བཤད་ཟིན་པའི་ཕྱིར་ན། གཞན་དབང་རང་གི་མཚན་ཉིད་ཀྱིས་ཡོད་པ་དང་། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མེད་པ་དང་། ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་ཡོད་པ་དེ་ནི་མཐའ་གཉིས་སྤངས་པ་དབུ་མའི་ལམ་ཡིན་ནོ་ཞེས་པའོ། །གསུམ་པ་དེས་གསུང་རབ་ཇི་ལྟར་འགྲེལ་པའི་ཚུལ་ལ་གསུམ་སྟེ། དོགས་པ་ཇི་ལྟར་སྐྱེ་བའི་ཚུལ། དེ་སེལ་བྱེད་ཀྱི་ལན་བཤད་པ། དེས་ན་འཁོར་ལོ་གསུམ་ལ་གྲངས་ངེས་ཀྱི་རྣམ་པར་གཞག་པའོ། །དང་པོ་ལ་དོགས་པ་སྐྱེ་བའི་གཞི་ནི་འཁོར་ལོ་དང་པོར་ཆོས་ཐམས་ཅད་རང་སྤྱིའི་མཚན་ཉིད་གསུངས་པ་དང་། འཁོར་ལོ་གཉིས་པར་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་སོགས་སུ་གསུངས་པ་ལའོ། །དོགས་པ་སྐྱེ་བའི་ཚུལ་ནི་དེ་གཉིས་འགལ་ལོ་སྙམ་དུ་བསམ་ནས་ཆོས་ཐམས་ཅད་ཀྱི་རང་སྤྱིའི་མཚན་ཉིད་གསུངས་པ་དེ་ཅི་ལ་དགོངས། ཆོས་ཐམས་ཆད་ངོ་བོ་ཉིད་མ་མཆིས་པ་སོགས་སུ་གསུངས་པ་དེ་ཅི་ལ་དགོངས་ཞེས་ཞུས་པ་སྟེ། དགོངས་འགྲེལ་དུ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། སྐྱེ་བའི་མཚན་ཉིད་དང་འཇིག་པའི་མཚན་ཉིད་དང་། སྤངས་པ་དང་ཡོངས་སུ་ཤེས་པ་ཡང་བཀའ་སྩལ། ཕུང་པོ་རྣམས་ཇི་ལྟ་བ་དེ་བཞིན་དུ་སྐྱེ་མཆེད་རྣམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ཟག་བཅས་ཀྱི་བར་ཡང་བཀའ་སྩལ། དེ་བཞིན་དུ་སྦྱར་ནས་བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་དང་། ཡོངས་སུ་ཤེས་པ་དང་སྤངས་པ་དང་མངོན་དུ་བགྱི་བ་དང་། བསྒོམ་པ་དང་ཁམས་རྣམས་ཀྱི་རང་གི་མཚན་ཉིད་དང་། ཁམས་སྣ་ཚོགས་པ་དང་ཁམས་དུ་མ་དང་སྤངས་པ་དང་ཡོངས་སུ་ཤེས་པ་དག་བྱང་ཕྱོགས་སོ་བདུན་གྱི་རང་གི་མཚན་ཉིད་དང་། མི་མཐུན་པ་དང་། གཉེན་པོ་དང་། མ་སྐྱེས་པ་དང་། སྐྱེ་བ་དང་། སྐྱེས་པ་གནས་པ་དང་། མི་འབྱུང་བ་དང་། སླར་ཞིང་གནས་པ་དང་། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་སྩལ་ལ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་སྩལ་ལགས་ན་བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་སྩལ་པའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། དགོངས་འགྲེལ་ལས་གསུངས་ཚུལ། མདོ་སྡེ་རྒྱན་ལས་གསུངས་ཚུལ། ཀུན་བཏུས་ནས་གསུངས་ཚུལ་ལོ། །དང་པོ་ནི། ངོ་བོ་ཉིད་མེད་པར་གསུངས་པའི་དོན་བཤད་པ་དང་། མ་སྐྱེས་པ་སོགས་གསུངས་པའི་དོན་བཤད་པ་གཉིས་ལས། དང་པོ་ནི། དགོངས་འགྲེལ་དུ་དོན་དམ་ཡང་དག་འཕགས་པས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །ཞེས་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་སོ། །འོ་ན་ངོ་བོ་ཉིད་མེད་པ་གསུམ་པོ་དེ་གང་ཡིན། ངོ་བོ་ཉིད་མེད་ཚུལ་ཇི་ལྟར་ཡིན་སྙམ་ན། ངོ་བོ་ཉིད་མེད་པ་དང་པོ་ནི། དགོངས་འགྲེལ་དུ་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡར་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་ཀུན་བཏགས་ལ་དགོངས་ནས་མཚན་ཉིད་ངོ་བོ་ཉིད་མེད་པར་འཇོག་སྟེ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། དགོངས་འགྲེལ་དུ་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱི་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གསུངས་ཏེ། གཞན་དབང་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཡིན་ཏེ། སྐྱེ་བ་ངོ་བོ་ཉིད་ནི་རྐྱེན་གཞན་ལ་མི་ལྟོས་པར་བདག་ཉིད་ཀྱིས་སྐྱེ་བ་ལ་འཇོག་དགོས་པ་ལས་གཞན་དབང་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བའི་ཕྱིར་ཞེས་པའོ། །ངོ་བོ་ཉིད་མེད་པ་གསུམ་པ་ལ་འཇོག་ཚུལ་གཉིས་ལས་གཞན་དབང་ལ་བཞག་པ་ནི། དགོངས་འགྲེལ་དུ་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་གང་ཞེ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་ཆོས་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ལ་གཞན་གྱི་དབང་གི་མཚན་ཉིད་དེ་ནི་རྣམ་པར་དག་པའི་དམིགས་པ་མ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གསུངས་སོ། །ཡོངས་གྲུབ་ལ་གཞག་པ་ཡང་དགོངས་འགྲེལ་དུ་གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་བདག་མེད་པ་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ། དེ་ནི་དོན་དམ་པ་ཡིན་ལ་དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དེ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གསུངས་སོ། །དེ་དག་གི་དོན་ནི་དོན་དམ་པ་དེ་རྣམ་དག་གི་དམིགས་པ་ལ་འཇོག་པའི་ཚེ་གཞན་དབང་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དུ་འཇོག་སྟེ། གཞན་དབང་དེ་རྣམ་དག་གི་དམིགས་པ་མ་ཡིན་པའི་ཕྱིར་རོ། །ཆོས་དེའི་དོན་དམ་པ་ཡང་ཡིན། ཆོས་དེའི་ངོ་བོ་ཉིད་མེད་པ་ཡང་ཡིན་པ་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དུ་གཞག་པའི་ཚེ་ཡོངས་གྲུབ་ལ་འཇོག་སྟེ། ཡོངས་གྲུབ་དེ་གཞན་དབང་གི་དོན་དམ་པ་ཡང་ཡིན། གཞན་དབང་གི་ངོ་བོ་ཉིད་དུ་མེད་པ་ཡང་ཡིན་པའི་ཕྱིར་རོ། །ཞེས་པའོ། །གཉིས་པ་ནི། ངོ་བོ་ཉིད་མེད་པར་གསུངས་པའི་ཚུལ་དེ་ལྟར་ཡིན་ན། སྐྱེ་བ་མེད་པ་སོགས་གང་ལ་དགོངས་ནས་གསུང་ཞེ་ན། འདི་ནི་ངོ་བོ་ཉིད་མེད་པ་དང་པོ་དང་ཐ་མ་ལ་དགོངས་ནས་གསུངས་ཏེ། དགོངས་འགྲེལ་དུ། དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། །ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་འདི་ལྟར་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན། མ་སྐྱེས་པ་གང་ཡིན་པ་དེ་ནི་མ་འགགས་པ་ཡིན་ཞེས་སོགས་དང་། ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ། གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། །ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ནི་རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་རྣམ་པར་གནས་པ་ཁོ་ན་ཡིན་ལ་དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། ཞེས་སོགས་གསུངས་སོ། །གཉིས་པ་ནི། མདོ་སྡེ་རྒྱན་ནས་གསུངས་ཚུལ་ལ་ངོ་བོ་ཉིད་མེད་པར་གསུངས་པའི་དོན་བཤད་པ། མ་སྐྱེས་པ་སོགས་སུ་གསུངས་པའི་དོན་བཤད་པ་གཉིས་ལས། དང་པོ་ནི། ཆོས་རྣམས་རྐྱེན་ལ་རག་ལས་པས་རང་དབང་མེད་པའི་ཕྱིར་ན་ངོ་བོ་ཉིད་མེད་པ་དང་། ཆོས་གང་འགགས་པ་སླར་ཡང་ཆོས་དེའི་བདག་ཉིད་དུ་མི་སྐྱེ་བས་རང་གི་བདག་ཉིད་དུ་མེད་པའི་ཕྱིར་ན་ངོ་བོ་ཉིད་མེད་པ་དང་། སྐྱེས་ལ་མ་འགགས་པ་ནི་སྐད་ཅིག་མ་ཡིན་པས་རང་གི་ངོ་བོ་ལ་དུས་གཉིས་པར་མི་གནས་པའི་ཕྱིར་ངོ་བོ་ཉིད་མེད་པ་དང་། བྱིས་པས་གཙང་བདེ་རྟག་བདག་སོགས་སུ་འཛིན་པ་བཞིན་དེ་མེད་པའི་ཕྱིར་ན་ངོ་བོ་ཉིད་མེད་པར་གསུངས་ཏེ། རྒྱན་དུ། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་ཏེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་པ། ཅི་ལྟར་མ་སྐྱེས་པ་དེ་ལྟར་མ་འགགས་ཞེས་སོགས་སྔ་མ་སྔ་མ་རྒྱུ་མཚན་དུ་བྱས་ནས་ཕྱི་མ་ཕྱི་མ་སྒྲུབ་སྟེ། རྒྱན་དུ། སྔ་མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་ནི་མེད་པ་ཡིས། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་གྲུབ། །ཅེས་སོ། །གསུམ་པ་ཀུན་བཏུས་ནས་བཤད་ཚུལ་ནི། དེ་ཉིད་དུ། ཀུན་བཏགས་པའི་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། གཞན་གྱི་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་སུ་གྲུབ་པ་ལ་དོན་དམ་པ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་སོགས་འབྱུང་བའི་དགོངས་པ་གང་ཡིན་ཞེ་ན། ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་སོ། །ཇི་ལྟར་མ་སྐྱེས་པ་དེ་ལྟར་མ་འགགས་སོ། །ཇི་ལྟར་མ་སྐྱེས་པ་དང་། མ་འགགས་པ་དེ་ལྟར་གཟོད་མ་ནས་ཞིའོ། །དེ་ལྟར་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་སོགས་མཚན་ཉིད་གསུམ་ཀའི་དབང་དུ་བྱས་ནས་མ་སྐྱེས་པ་སོགས་སུ་བཤད་པར་གསུངས་སོ། །འོ་ན་དགོངས་འགྲེལ་དུ། ངོ་བོ་ཉིད་མེད་པ་དང་པོ་དང་ཐ་མའི་དབང་དུ་བྱས་ནས་གསུངས་པ་དང་འགལ་ལོ་སྙམ་ན་སྐྱོན་མེད་དེ། དགོངས་འགྲེལ་དུ་ནི། དང་པོ་དང་ཐ་མ་གཉིས་འདུས་བྱས་སུ་མེད་པས་མ་སྐྱེས་པ་དང་། མ་འགགས་པ་སོགས་སུ་བཤད་ལ། རྒྱན་དང་། ཀུན་བཏུས་སུ། ཇི་ལྟར་ཞེས་དང་། དེ་ལྟར་ཞེས་པའི་ཚིག་གི་ནུས་པས་གཞན་དབང་ལ་ཡང་བདག་ཉིད་ཀྱིས་སྐྱེ་བའི་ངོ་བོ་ཉིད་མེད་པས་བདག་ཉིད་ཀྱིས་མ་སྐྱེས་པས་བདག་ཉིད་དུ་མ་འགགས་ཞེས་སོགས་སུ་བཤད་པའི་ཕྱིར་རོ། །གསུམ་པ་དེས་ན་འཁོར་ལོ་གསུམ་ལ་གྲངས་ངེས་ཀྱི་ཁྱད་པར་རྣམ་པར་གཞག་པ་ནི། དགོངས་འགྲེལ་དུ། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་བཱ་རཱ་ཎཱ་སཱིར། དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས། ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་སོ། །འདི་དག་གི་དོན་ལ་དབུ་སེམས་གཉིས་ཀྱིས་འཁོར་ལོ་གསུམ་ལ་དྲང་ངེས་ཀྱི་ཁྱད་པར་ཇི་ལྟར་འཇོག་པའི་ཚུལ་དང་། འཁོར་ལོ་ཕྱི་མའི་ངོས་འཛིན་གྱི་ཁྱད་པར་ཞིབ་ཏུ་ཕྱེ་དགོས་མོད་ཀྱི་མང་བས་འཇིགས་པས་རེ་ཞིག་བཞག་གོ །གཉིས་པ་སྦྱོར་བའི་མཉམ་པ་ཉིད་ནི། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་ཏེ། མདོར། རྣམ་པ་བཞི་ནི་གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་པ་ནས། རྣམ་མཁྱེན་གྱི་བར་དུ་སྦྱར་ནས་གསུངས་པའི་དོན་སློབ་དཔོན་གྱིས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་དང་། སྔོན་པོ་ལ་སོགས་པའི་མཚན་མ་དང་། རྟོགས་པའི་རློམ་པ་རྣམས་མི་དམིགས་པར་མཉམ་པ་ཉིད་དུ་སྒོམ་པ་ལ་འཆད་དོ། །གཉིས་པ་འབྲས་བུ་མཐོང་ལམ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་སོགས་ཏེ། སྦྱོར་ལམ་གྱི་གནས་སྐབས་སུ་བདེན་བཞིའི་སྟེང་གི་རྟག་སོགས་བཅུ་དྲུག་དང་། མི་རྟག་སོགས་བཅུ་དྲུག་ལ་ཞེན་པ་བཀག་ནས་བསྒོམ་པའི་མཐུས་རྟག་མི་རྟག་སོགས་ཀྱི་སྤྲོས་པ་སོ་གཉིས་དང་བྲལ་བའི་སྤྲོས་བྲལ་མངོན་སུམ་དུ་མཐོང་བའོ། །གལ་ཏེ་གཞུང་འདིས་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་ཐེག་ཆེན་གྱི་མཐོང་ལམ་བསྟན་པ་མི་འཐད་དེ། ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་ན་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་མཐོང་དགོས་པ་ལས། འདིར་མི་རྟག་ལ་སོགས་བཅུ་དྲུག་གི་སྤྲོས་པ་དང་བྲལ་བའི་ཕྱིར་རོ་སྙམ་ན། རྗེས་ཀྱི་ངེས་ཤེས་ཀྱི་གནས་སྐབས་སུ་མི་རྟག་ལ་སོགས་བཅུ་དྲུག་ལ་ངེས་པ་འདྲེན་ནུས་པའི་ཆ་ནས་ཉན་ཐོས་ཀྱི་རྟོགས་རིགས་ཚང་བར་བཞག་པ་ཡིན་གྱི། མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་མཐོང་བ་ནི་ཉན་ཐོས་ཀྱི་མཐོང་ལམ་ལ་ཡང་མེད་དེ། སྐྱེ་མེད་མངོན་སུམ་དུ་མཐོང་བའི་ཕྱིར་ཞེས་བཤད་ཟིན་ཏོ། །ཡང་མཐོང་ལམ་དེ་ཉིད་གཟུང་བ་ཕྱི་རོལ་གྱི་དོན་རང་བཞིན་མེད་པ་ལ་ངེས་ཤེས་འདྲེན་པའི་ལྡོག་པ་ནས་རང་རྒྱལ་གྱི་རྟོགས་རིགས་ཀྱང་ཚང་བས་ན། ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བ་ཡིན་ནོ། །འོ་ན་སྐབས་འདིར་ཐེག་དམན་གྱི་རྟོགས་རིགས་སུ་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་སྟོན་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། བྱང་ཆུབ་སེམས་དཔས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ཚེ་ན་ཡང་། ཐེག་པ་གསུམ་ཆར་གྱི་རྟོགས་རིགས་གཏན་ལ་ཕབ་ཅིང་། རྣམ་པར་བསྡུས་ནས་སྒོམ་པའི་ཚེ་ན་ཡང་། ཐེག་པ་གསུམ་ཆར་གྱི་རྟོགས་རིགས་བསྒོམ་དགོས་པས། སྐབས་འདིར་ཐེག་དམན་གྱི་རྟོགས་རིགས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྐབས་ཡིན་པའི་ཕྱིར་དང་། དེ་ཉིད་རྣམ་པར་བསྡུས་པའི་ཚེ་འོག་ནས་འཆད་པའི་གཞི་ཤེས་ཀྱི་རྣམ་པ་དེ་ཡང་། ཐེག་དམན་གྱི་རྟོགས་རིགས་ཡིན་པའི་ཕྱིར་རོ། །འོ་ན་ཐེག་དམན་གྱི་གཞི་ཤེས་ཉིད་དངོས་སུ་སྟོན་རིགས་སོ་སྙམ་ན། འདིར་དངོས་སུ་བསྟན་པའི་མངོན་པར་རྟོགས་པ་བྱང་སེམས་ཀྱི་མངོན་རྟོགས་ཡིན་པའི་རྒྱུ་མཚན་ནི་བཤད་ཟིན་ཏོ། །གསུམ་པ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ནི། ཉིར་སྣང་དུ། ཡང་ཅིའི་དོན་གྱིས་ལམ་ཤེས་པ་ཉིད་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་སྒོམ་པའི་ལམ་ལོགས་ཤིག་པ་མེད་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་། མཐོང་བས་བལྟས་ནས་འདིའོ། །ཞེས་གསུངས་པས་ན། འདི་ནི་གཞན་གཙོ་བོར་བྱེད་པའི་ཕྱིར་རོ། །ཞེས་བྱ་བར་དགོངས་པ་ཡིན་ནོ། །ཞེས་དང་། དེའི་དོན་སློབ་དཔོན་གྱིས་ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི་མངོན་དུ་བྱ་བ་ནི་མ་ཡིན་པས་སྒོམ་པའི་ལམ་ནི་མ་བསྟན་ཏོ། །ཞེས་གསུངས་སོ། །དེ་དག་གི་དོན་ཡང་སྐབས་གཉིས་པར་མཐོང་ལམ་གྱི་རྗེས་སུ་སྒོམ་ལམ་བསྟན་པ་ལྟར་འདིར་ཡང་ཅིའི་ཕྱིར་མི་སྟོན་སྙམ་ན། འདིར་མཐོང་ལམ་ནི་ཐེག་དམན་གྱི་རྟོགས་རིགས་སུ་གྱུར་པའི་ཐེག་པ་ཆེན་པོའི་མཐོང་ལམ་ཡིན་པས། དེའི་རྗེས་སུ་སྒོམ་ལམ་སྟོན་ན་ཐེག་དམན་གྱི་རྟོགས་རིགས་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་བསྟན་དགོས་ལ། བྱང་ཆུབ་སེམས་དཔས་ཐེག་དམན་གྱི་རྟོགས་རིགས་གཞན་དོན་དུ་མངོན་སུམ་དུ་ཤེས་པར་བྱ་བ་ཙམ་ཡིན་གྱི་མངོན་སུམ་དུ་མཐོང་ཟིན་རང་དོན་དུ་རྒྱུན་ལྡན་དུ་བསྒོམ་པར་བྱ་བ་ནི་མ་ཡིན་པས་དེ་ལྟ་བུའི་སྒོམ་ལམ་མེད་པས་མ་བསྟན་པ་ཡིན་ནོ། །གཞི་ཤེས་ཀྱི་སྦྱོར་བ་དང་། འབྲས་བུ་མཐོང་ལམ་གྱི་རྟོགས་རིགས་ཀྱི་གནད་ངོས་ཟིན་ན། འདི་ལ་དཀའ་བའི་གནས་གཞན་མེད་པས་སྨྲ་བ་མང་བ་ལ་དགོས་པ་མེད་དོ། །གསུམ་པ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུས་པའི་ཆེད་དུ་མཁྱེན་གསུམ་གྱིས་མཇུག་བསྡུ་བ་ནི། དེ་ལྟར་འདི་དང་ཡང་འདི་དང་། །ཞེས་སོགས་ཏེ། འདི་ལ་རྫོགས་པར་བསྟན་བྱ། རྫོགས་པར་སྟོན་བྱེད། གོ་རིམ་བཟློག་པའི་དགོས་པ། སྐབས་འདིར་བསྟན་པའི་དགོས་པ་དང་བཞི་ལས། དང་པོ་ནི། དོན་བསྡུ་འདི་ལ་ལྟོས་ནས་བཤད་མ་ཐག་པའི་གཞི་ཤེས་འདི་དང་། གཞི་ཤེས་ལ་ལྟོས་ནས་ཡང་བཤད་མ་ཐག་པའི་ལམ་ཤེས་འདི་དང་། ལམ་ཤེས་ལ་ལྟོས་ནས་ཡང་བཤད་མ་ཐག་པའི་རྣམ་མཁྱེན་འདིའོ། །སློབ་དཔོན་གྱིས་རྣམ་མཁྱེན་ལ་ཐོག་མར་འདི་ཞེས་སྨོས་ནས་བཤད་མ་ཐག་པའི་ཚུལ་དུ་ཞེས་སྦྱར་བ་ནི་སྔར་གྱི་མཁྱེན་གསུམ་གྱི་གོ་རིམ་དང་། འདིའི་མཁྱེན་གསུམ་གྱི་གོ་རིམ་མཐུན་པ་གཅིག་དགོས་སོ་སྙམ་དུ་དགོངས་པ་ཡིན་ན་ཡང་རྣམ་མཁྱེན་ནི་བཤད་མ་ཐག་པ་དང་འཆད་འགྱུར་གང་ཡང་མ་ཡིན་པས་འདི་ཞེས་སྦྱར་བ་མི་འཐད་དོ། །དེས་ན་དང་པོར་དེ་ལྟར་འདི་ཞེས་དང་། འོག་མ་གཉིས་ལ་ཡང་འདི་ཞེས་པའི་ཚིག་གི་ནུས་པས་གོ་རིམ་སྔ་མ་ལས་མ་འདས་ཤིང་། མདོ་དང་། ཉིར་སྣང་དུ་ཡང་འདི་བཞིན་དུ་བཤད་དོ། །གཉིས་པ་ནི། ཁ་ཅིག་ལེའུ་གསུམ་ལ་རྫོགས་པར་སྟོན་བྱེད་དུ་བྱས་ནས། དེས་མཁྱེན་པ་གསུམ་རྫོགས་པར་བསྟན་ཞེས་འཆད་པ་ནི་མི་འཐད་དེ། འདིར་རྫོགས་པར་སྟོན་བྱེད་ནི་ལེའུ་གསུམ་རྫོགས་པའི་མཇུག་ཐོག་ཏུ་འབྱུང་བའི་དོན་བསྡུའི་མདོ་ཚིག་གསུམ་ལ་ངོས་འཛིན་དགོས་པའི་ཕྱིར་རོ། །འོ་ན་དེ་ཉིད་གང་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། སྟོན་པར་བྱེད་པ་མ་ཡིན། ཞེས་སོགས་ཀྱིས་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཡོངས་སུ་རྫོགས་པར་བསྟན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཁམས་གསུམ་ལས་འདའ་བར་བྱེད་པ་མ་ཡིན། མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པར་བྱེད་པ་མ་ཡིན། ཞེས་སོགས་ཀྱིས་ལམ་ཤེས་པ་ཉིད་ཀྱི་སྐབས་ཡོངས་སུ་རྫོགས་པར་བསྟན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། སངས་རྒྱས་ཀྱི་ཆོས་རྣམས་དང་། སོ་སོ་སྐྱེ་བོའི་ཆོས་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་སོ་སོར་གཏོང་བར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། ཞེས་སོགས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཡོངས་སུ་རྫོགས་པར་བསྟན་ཏོ། །གསུམ་པ་ནི། རྒྱས་བཤད་ཀྱི་སྐབས་སུ་རྣམ་མཁྱེན་དང་པོར་བསྟན་ནས་དོན་བསྡུ་བའི་སྐབས་སུ་གཞི་ཤེས་དང་པོར་སྟོན་པའི་རྒྱུ་མཚན་ཅི་ཡིན་སྙམ་ན་རྒྱས་བཤད་ཀྱི་སྐབས་སུ་ནི་འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཆེད་དུ་རྣམ་མཁྱེན་དང་པོར་བསྟན་ལ། འདིར་ནི་མཁྱེན་གསུམ་གྱི་རྣམ་པའི་གོ་རིམ་དང་མཚམས་སྦྱོར་བའི་ཆེད་དུ་གཞི་ཤེས་དང་པོར་བསྟན་པར་ཤེས་པར་བྱའོ། །བཞི་པ་ནི། སྔར་མཁྱེན་གསུམ་རྒྱས་པར་བསྟན་པའི་མཇུག་ཏུ། མདོ་དང་བསྟན་བཅོས་གཉིས་ཆར་ལས་མཁྱེན་གསུམ་བསྡུས་ཏེ་བསྟན་པའི་དགོས་པ་གང་ཞེ་ན། སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་དག་ཀྱང་བསྡུས་ནས་བསྒོམ་དགོས་པར་ཤེས་པའི་ཆེད་ཡིན་ལ། བསྡུས་ཚུལ་ཇི་ལྟར་ཞེ་ན་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་དུ་བསྡུ་ཞེས་པ་ནི། འོག་རྣམ་རྫོགས་སྦྱོར་བ་དང་འབྲེལ་པར་ཤེས་པའི་ཆེད་དུའོ། །དེ་ལྟར་བྱས་ན་བདེན་བཞིའི་སྟེང་དུ་སྤྲོས་པ་སོ་གཉིས་དང་བྲལ་བའི་མཐོང་ལམ་བསྟན་མ་ཐག་ཏུ་མཁྱེན་གསུམ་གྱི་མཇུག་སྡུད་བསྟན་ཅིང་། དེའི་འོག་ཏུ་མཁྱེན་གསུམ་གྱི་རྣམ་པ་བསྟན་པའི་དགོས་པ་ཡང་འགྲུབ་སྟེ། མཁྱེན་གསུམ་གྱི་རྣམ་པ་དེ་དག་ཀྱང་འཕགས་པའི་བདེན་བཞིའི་སྟེང་གི་རྣམ་པར་བསྡུ་བར་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ལས། སྐབས་གསུམ་པའི་གཞུང་སོ་སོའི་འབྲེལ་དང་། དཀའ་བའི་གནས་རྣམས་ལེགས་པར་བཤད་ཟིན་ཏོ།། །།


previousགཞི་ཤེས།next