Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


   
   
   
མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་རྣམ་བཤད་སྙོམས་འཇུག་རབ་གསལ།
   
   
   


 
previousམཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་རྣམ་བཤད་སྙོམས་འཇུག་རབ་གསལ།next

མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་རྣམ་བཤད་སྙོམས་འཇུག་རབ་གསལ།

མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་རྣམ་བཤད་སྙོམས་འཇུག་རབ་གསལ་བཞུགས་སོ།། མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་རྣམ་བཤད་སྙོམས་འཇུག་རབ་གསལ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རྟོག་དཔྱོད་མེ་ཡིས་འདོད་ལ་འདུན་དང་རྣམ་འཚེའི་བུད་ཤིང་རབ་བསྲེགས་དེ་ཉིད་རབ་དྭང་ཆུ་ཡིས་སྦྱངས། །དགའ་བདེའི་རླན་བྱེད་དྲན་དང་ཤེས་བཞིན་འོད་ཀྱིས་རྣམ་སྐེམས་བདེ་བའི་དྲྭ་བ་ཡང་དག་མཚོན་གྱིས་བཅད། །ཐོགས་བཅས་མཁའ་དང་ཡུལ་ཅན་འདུ་ཤེས་རིམ་བཞིན་བསལ་ཏེ་མཐའ་གཉིས་སྤངས་པའི་འདུ་ཤེས་ལ་བརྟེན་ནས། །རྩོད་དང་འཁོར་བའི་རྩ་བ་རྣམ་གཉིས་བཀག་པའི་གནས་པ་མཆོག་གིས་གནས་མཛད་འཕགས་མཆོག་ལ་བཏུད་ནས། །མཉམ་པར་མ་བཞག་ས་ལས་བརྒལ། །ཐོགས་བཅས་སྣང་བ་རབ་བསལ་ཏེ། །ཚོར་འདུ་ཞི་བར་གནས་པ་ཡི། །སྙོམས་འཇུག་དགུ་ཡི་རྣམ་བཤད་བྲི། །མི་ཡི་སེང་གེའི་གསུང་རབ་ལས། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གསུངས་པ་ལས། དང་པོ་བརྒྱད་ནི་འཇིག་རྟེན་པ་རྣམས་ཀྱིས་འདོད་པ་ལས་འདས་པའི་བདེ་བ་ཐམས་ཅད་ཐོབ་པའི་རྒྱུ་དང་། འཇིག་རྟེན་ལས་འདས་པ་རྣམས་ཀྱིས་ཡོན་ཏན་ཐམས་ཅད་བརྟེན་པའི་གཞི་ཡིན་ཞིང་། ཐ་མ་ནི་འཕགས་པའི་གང་ཟག་རྣམས་མཐོང་ཆོས་ལ་བདེ་བར་གནས་པ་དང་། ཏིང་ངེ་འཛིན་གྱི་རྩལ་སྦྱང་བའི་ཆེད་དུ་ཡང་དང་ཡང་དུ་སྒོམ་པར་བྱ་བ་ཡིན་པས། འདི་འཆད་པ་ལ་དོན་བཞི་སྟེ། ཚོར་བས་ངེས་པར་འབྱུང་བ་བསམ་གཏན་བཞི་བཤད་པ། འདུ་ཤེས་ཀྱིས་ངེས་པར་འབྱུང་བ་གཟུགས་མེད་བཞི་བཤད་པ། གཉིས་ཀས་ངེས་པར་འབྱུང་བ་འགོག་པའི་སྙོམས་འཇུག་བཤད་པ། སྙོམས་པར་འཇུག་ཚུལ་གྱི་ཁྱད་པར་ཐོད་རྒལ་བཤད་པའོ། །དང་པོ་ལ་གསུམ་སྟེ། མདོ་ལས་ཇི་ལྟར་བཤད་པའི་ཚུལ། བསྟན་བཅོས་ལས་ཇི་ལྟར་བཀྲལ་བའི་ཚུལ། དེ་དག་གི་རྣམ་བཞག་གཏན་ལ་དབབ་པའོ། །དང་པོ་ནི། ཤེར་ཕྱིན་གྱི་མདོ་ལས། འདོད་པས་དབེན་པ། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དྭངས་ཏེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལ་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་བས། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ནུབ་པས། བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། ཚིག་ཇི་ལྟར་བཀྲལ་བའི་ཚུལ་དང་། དོན་ཇི་ལྟར་བཀྲལ་བའི་ཚུལ་ལོ། །དང་པོ་ནི། ཉན་ས་ལས། སྔར་བཤད་པའི་བསམ་གཏན་དང་པོའི་མདོའི་དོན། འདོད་པ་དག་ཅེས་བྱ་བ་ནི། རྣམ་པ་གཉིས་ཏེ། ཉོན་མོངས་པའི་འདོད་པ་དང་། དངོས་པོའི་འདོད་པའོ། །འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ཡང་རྣམ་པ་གཉིས་ཏེ། མཚུངས་པར་ལྡན་པ་ལས་དབེན་པ་དང་། དམིགས་པ་ལས་དབེན་པའོ། །སྡིག་ཏོ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནི་འདོད་པའི་རྒྱུ་ལས་བྱུང་བ་སྟེ། ཉེ་བའི་ཉོན་མོངས་པ་མི་དགེ་བ་འདི་ལྟ་སྟེ། ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་དང་། མཚོན་འབྱིན་པ་དང་། དབྱིག་པ་འབྱིན་པ་དང་། འཐབ་མོ་དང་། མཚང་འབྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། གཡོ་བྱེད་པ་དང་། བསླུ་བ་དང་། སྙིང་རྗེ་མེད་པ་དང་། བརྫུན་དུ་སྨྲ་བ་ཀུན་དུ་འབྱུང་བ་གང་དག་ཡིན་པ་དེ་དག་སྟེ། དེ་དག་སྤངས་པའི་ཕྱིར་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱའོ། །རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི། རྟོག་པ་དང་དཔྱོད་པ་དག་ལ་སྐྱོན་དུ་མི་ལྟ་བའི་ཕྱིར། འདོད་པའི་གཉེན་པོ་རང་གི་ས་པའི་རྟོག་པ་དང་དཔྱོད་པ་དག་དང་ལྡན་པས་ན། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ཞེས་བྱ་བའོ། །དབེན་པ་ལས་ཞེས་བྱ་བ་ནི་འདོད་པ་གང་དག་ལས་དབེན་པ་ལ་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ལས་སོ། །སྐྱེས་པ་ཞེས་བྱ་བ་ནི་རྒྱུ་དེ་དང་རྐྱེན་དེས་དེའི་མཇུག་ཐོག་ཁོ་ནར་ཡང་དག་པར་སྐྱེས་པ་ལ་བྱ་སྟེ། དེའི་ཕྱིར་དབེན་པ་ལས་སྐྱེས་པ་ཞེས་བྱ་བ་གསུངས་སོ། །དགའ་བ་དང་བདེ་བ་ཅན་ཞེས་བྱ་བ་དེ་ནི་འདོད་པ་དང་རེ་བའི་དོན་ཐོབ་ཅིང་དགའ་བ་ལ་སྐྱོན་དུ་མི་ལྟ་བའི་ཕྱིར་དང་། གནས་ངན་ལེན་ཐམས་ཅད་བྲལ་ཞིང་སེམས་དང་ལུས་ལས་སུ་རུང་བ་རྒྱ་ཆེན་པོ་དང་ལྡན་པས་དགའ་བ་དང་བདེ་བ་ཅན་ཞེས་བྱའོ། །བསམ་གཏན་ཞེས་བྱ་བ་ནི་དམིགས་པ་ལ་ཡང་དག་པར་ཉེ་བར་སྤྱོད་པ་དང་། དྲན་པ་རྩེ་གཅིག་ཏུ་ཉེ་བར་གཏོད་པའི་ཕྱིར་བསམ་གཏན་ཞེས་བྱའོ། །དང་པོ་ཞེས་བྱ་བ་ནི། དེ་ལྟར་འདོད་པའི་ཁམས་ནས་བསྐྱོད་པའི་གོ་རིམ་བཞིན་དུ་བགྲང་བའི་ཕྱིར་དང་པོ་ཞེས་བྱའོ། །བསྒྲུབས་ཏེ་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་སྤྱིར་བསྒྲུབས་ཏེ་ཞེས་བྱའོ། །གནས་སོ་ཞེས་བྱ་བ་ནི་ཕྱིས་སྒོམ་པ་ལན་མང་དུ་བསྒྲུབས་པས་ཅི་འདོད་པ་བཞིན་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་དང་། ཚེགས་མེད་པར་ཐོབ་པའི་ཕྱིར་བསམ་གཏན་གྱི་སྙོམས་པར་འཇུག་པ་དེས་མཚན་མོ་དང་ཉིན་མོ་དང་། ཉིན་མཚན་དང་། ཉིན་མཚན་བདུན་གྱི་བར་རམ། ཇི་སྲིད་འདོད་པའི་བར་དུ་འདའ་བར་བྱེད་པས་ན་གནས་སོ་ཞེས་སོ། །བསམ་གཏན་གཉིས་པའི་མདོའི་དོན། དེ་ལ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ཞེས་བྱ་བ་ནི། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་མཚན་མ་དག་ལས་སེམས་རྣམ་པར་བཟློག་ནས་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན་མ་དག་ལ་ལེགས་པར་གཏོད་ཅིང་། དམིགས་པ་ལས་མི་བརྟན་པར་སྤྱོད་པ་ལས་རྣམ་པར་བྲལ་ཏེ། དམིགས་པ་ལ་བརྟན་པར་སྤྱོད་པ་ལ་ངང་ཅིག་གིས་སེམས་ཞི་བ་དང་དྭང་བར་འཇུག་པར་བྱེད་ཅིང་། རྣམ་པར་འཇོག་པར་བྱེད་པས་ན་དེའི་ཕྱིར། རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དྭངས་ཏེ་ཞེས་བྱ་བ་གསུངས་སོ། །སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ཞེས་བྱ་བ་ནི། དེས་བསྒོམ་པ་ཡོངས་སུ་གོམས་པར་བྱས་པའི་ཕྱིར། རྟོག་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་དེ་ཉིད་ལ་རྟོག་པ་དང་དཔྱོད་པས་བར་དུ་གཅོད་ཅིང་སྐབས་སུ་ཆད་པའི་གནས་སྐབས་ལས་ཡང་དག་པར་འདས་ཏེ་བར་དུ་གཅོད་པ་མེད་པ་དང་སྐབས་སུ་ཆད་པ་མེད་པའི་གནས་སྐབས་ཐོབ་པས་ན། དེའི་ཕྱིར་སེམས་ཀྱི་རྒྱུད་ཅིག་ཏུ་གྱུར་པས་ཞེས་བྱ་བ་གསུངས་སོ། །རྟོག་པ་མེད་པ་དཔྱོད་པ་མེད་པ་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་རྣམ་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་སྤངས་པའི་ཕྱིར་རྟོག་པ་མེད་པ་དང་དཔྱོད་པ་མེད་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་ནི། སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལས་སོ། །སྐྱེས་པ་ཞེས་བྱ་བ་ནི་རྒྱུ་དེ་དང་རྐྱེན་དེས་དེའི་མཇུག་ཐོག་ཁོ་ནར་ཡང་དག་པར་སྐྱེས་པ་ལ་བྱ་སྟེ། དེའི་ཕྱིར་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་གསུངས་སོ། །དགའ་བ་དང་བདེ་བ་ཅན་ཞེས་བྱ་བ་ནི་འདོད་པ་དང་རེ་བའི་དོན་ཐོབ་ཅིང་དགའ་བ་ལ་སྐྱོན་དུ་མི་ལྟ་བས་ཡང་དག་པར་རབ་ཏུ་དགའ་བ་དང་ལྡན་ཞིང་། ཡིད་བདེ་བ་དང་ལྡན་པའི་ཕྱིར་དང་། བསམ་གཏན་དང་པོའི་རྟོག་པ་དང་དཔྱོད་པ་དང་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བ་སྟེ། དེའི་གཉེན་པོ་སེམས་དང་ལུས་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་བའི་བདེ་བ་དང་ལྡན་པའི་ཕྱིར་དགའ་བ་དང་བདེ་བ་ཅན་ཞེས་བྱའོ། །བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ་གཉིས་པ་ཞེས་བྱ་བ་ནི་གོ་རིམ་བཞིན་དུ་བགྲང་བའི་ཕྱིར་རོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ་ཞེས་སོ། །བསམ་གཏན་གསུམ་པའི་མདོའི་དོན་ནི་དེ་ལ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་བྱ་བ་ནི། དགའ་བའི་མཚན་མ་དག་ལ་སྐྱོན་དུ་ལྟ་བའི་ཕྱིར་ཏེ། དེའི་ཕྱིར་དེ་དགའ་བའི་འདོད་ཆགས་དང་བྲལ་བ་ཞེས་གསུངས་སོ། །བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་ནི་དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་སེམས་གཏོད་པར་བྱེད་པ་དེའི་ཚེ་ན་དེའི་སེམས་ཀུན་ཏུ་འཁྲུག་པར་བྱེད་པའི་སྐྱོན་རྣམ་པ་གཉིས་པོ་བསམ་གཏན་གཉིས་པ་ལ་རྟོག་པ་དང་། དཔྱོད་པ་དང་། ད་ལྟར་གྱི་དགའ་བ་དང་བྲལ་བས་ན། དེའི་ཕྱིར་བཏང་སྙོམས་ལ་གནས་ཞིང་ཞེས་བྱ་བ་གསུངས་ཏེ། སེམས་ཀུན་ཏུ་འཁྲུག་པར་བྱེད་པའི་ཆོས་དེ་གཉིས་ནི་སེམས་རྒྱུན་དུ་བཏང་སྙོམས་སུ་བཞག་པ་ལ་གེགས་བྱེད་པ་ཡིན་པས་ན་སེམས་ཀུན་ཏུ་འཁྲུག་པར་བྱེད་པ་ཞེས་བྱའོ། །དེ་ལ་བསམ་གཏན་དང་པོ་ལ་ནི་རྟོག་པ་དང་དཔྱོད་པ་ཡོད་པས་དེས་ན་རྒྱུན་དུ་བཏང་སྙོམས་ལ་འཇུག་པར་མི་འགྱུར་རོ། །བསམ་གཏན་གཉིས་པ་ལ་ནི་དགའ་བ་ཡོད་པས། དེས་ན་དེར་ཡང་རྒྱུན་དུ་བཏང་སྙོམས་ལ་འཇུག་པར་མི་འགྱུར་ཏེ། དེ་བས་ན་བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དེ་དག་ལ་བཏང་སྙོམས་ཤས་ཆེར་མེད་པས་དེའི་ཕྱིར་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པའི་བསམ་གཏན་གསུམ་པ་དེ་ནི། བཏང་སྙོམས་ལ་གནས་པ་ཞེས་བྱའོ། །དྲན་པ་དང་ཤེས་བཞིན་ཡིན་ཏེ་ཞེས་བྱ་བ་ནི་དེ་ནི་བཏང་སྙོམས་ལ་གནས་པ་ན། ཇི་ལྟ་ཇི་ལྟར་དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་དེ་དག་ཀུན་ཏུ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་བཞག་སྟེ་གནས་པར་བྱེད་དོ། །གལ་ཏེ་བསམ་གཏན་གསུམ་པ་ལེགས་པར་གོམས་པར་མ་བྱས་པས་བརྗེད་ངེས་པའི་ཕྱིར། བརྒྱ་ལམ་བརྒྱ་ལམ་ན་དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་པ་བྱེད་པ་དེ་དག་ཀུན་ཏུ་འབྱུང་བར་འགྱུར་ན་མྱུར་བ་མྱུར་བར་ཁོ་ནར་དེ་དག་ལ་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད་དོ། །ལེགས་པ་ཁོ་ནར་རབ་ཏུ་ཤེས་པར་བྱེད། ལེགས་པ་ཁོ་ནར་རབ་ཏུ་ཤེས་པར་བྱེད་ཅིང་བྱུང་ངོ་ཅོག་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་ཅིང་སེམས་བཏང་སྙོམས་སུ་བྱེད་པས་ན། དེའི་ཕྱིར་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་ཞེས་གསུངས་སོ། །བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་ནི་དེའི་ཚེ་ན་གཟུགས་ཀྱི་ལུས་དང་། ཡིད་ཀྱི་ལུས་ཀྱིས་ཚོར་བ་བདེ་བ་དང་། ཤིན་ཏུ་སྦྱངས་པའི་བདེ་བ་སོ་སོར་མྱོང་བར་བྱེད་པས་ན། དེའི་ཕྱིར་བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱ་བ་གསུངས་སོ། །འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ་ཞེས་བྱ་བ་ནི། བསམ་གཏན་གསུམ་པ་མན་ཆད་ལ་ནི་བདེ་བ་དེ་ལྟ་བུ་ཡང་མེད་ལ་རྒྱུན་དུ་བཏང་སྙོམས་ལ་གནས་པ་ཡང་མེད་དོ། །བསམ་གཏན་གསུམ་པའི་གོང་མ་ནི་བཏང་སྙོམས་ཡོད་ཀྱང་བདེ་བ་དེ་ལྟ་བུ་མེད་དོ། །དེ་ལྟར་འོག་མ་དག་ལ་བདེ་བ་དང་བཏང་སྙོམས་མེད་པ་དང་། གོང་མ་དག་ལ་བདེ་བ་མེད་པའི་ཕྱིར་འདི་ལྟ་སྟེ་བསམ་གཏན་གསུམ་པ་འདི་ནི་དེ་དག་གི་གནས་ཡིན་པས་ན་འཕགས་པས་ཀྱང་དེ་ལ་དམིགས་ཏེ། གནས་པའི་གང་ཟག་ཡིན་པས་དེའི་དབང་དུ་མཛད་ནས། གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་དོ། །འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ། །དགའ་བ་མེད་པའི་ཞེས་བྱ་བ་ནི་དེ་ལྟར་བཏང་སྙོམས་ལ་གནས་པ་དེས་དེའི་ཚེ་དྲན་པ་དང་ཤེས་བཞིན་ཀུན་ཏུ་རྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་དགའ་བ་དང་ལྡན་པའི་ཚོར་བས་སེམས་དགའ་བར་བྱེད་པ་དེ་སྤོང་བར་བྱེད་ཅིང་། དགའ་བའི་གཉེན་པོ་དགའ་བ་མེད་པའི་ཞི་བ་དང་། རབ་ཏུ་ཞི་བའི་ཚོར་བ་སེམས་པ་ལ་སྐྱེ་བར་འགྱུར་བས་ན། དེའི་ཕྱིར་དགའ་བ་མེད་པ་ཞེས་བྱ་བ་གསུངས་སོ། །བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །བསམ་གཏན་བཞི་པའི་མདོའི་དོན་ནི་དེ་ལ་བདེ་བ་སྤངས་ཏེ་ཞེས་བྱ་བ་ནི་བདེ་བའི་གཉེན་པོའི་རིགས་འདྲ་ཕྱིར་སྤོང་བའི་གཉེན་པོ་མ་བསྟེན་པར་དེའི་གཉེན་པོས་བྱས་པ་བདེ་བ་སྤངས་པ་གང་ཡིན་པ་དེ་ཉིད་བསྟན་ཏེ། དེའི་གཉེན་པོ་ཡང་གང་ཞེ་ན། འདི་ལྟ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་ཡིན་ནོ། །དེ་དག་ལ་བརྟེན་ཅིང་གོམས་པར་བྱས་པས་བསམ་གཏན་གསུམ་པ་ལས་བསྐྱོད་ཅིང་བསམ་གཏན་གསུམ་པའི་ས་པའི་བདེ་བ་གང་ཡིན་པ་དེས་སྤོང་བར་བྱེད་པས་ན། དེའི་ཕྱིར་བདེ་བ་ཡང་སྤངས་ཏེ་ཞེས་བྱ་བ་གསུངས་སོ། །སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་ནི། དེའི་ཚེ་བསམ་གཏན་པ་དེས་བདེ་བ་དང་སྡུག་བསྔལ་ལས་ཡང་དག་པར་འདས་པའི་རྗེས་སུ་ཐོབ་ཅིང་། དེས་སྔོན་སྤངས་པ་གང་ཡིན་པ་དང་། ད་ལྟར་སྤོང་བར་བྱེད་པ་དེ་དག་གཅིག་ཏུ་བསྡུས་པས་ན་དེའི་ཕྱིར་སྔ་ནས་སྡུག་བསྔལ་ཡང་སྤངས་ཞིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་བདེ་བ་ཡང་སྤངས་སོ། །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་སྡུག་བསྔལ་སྤངས་སོ། །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ཡིད་བདེ་བ་ནུབ་བོ། །བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཚེ་ན་ཡིད་མི་བདེ་བ་ནུབ་བོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཞེས་བྱ་བ་ནི་དེས་དེ་དག་གི་བདེ་བ་དང་སྡུག་བསྔལ་སྤངས་པའི་ཕྱིར། དེ་ལ་ཚོར་བ་ལྷག་མ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཉེ་ཚེ་ཡོད་པ་ཡིན་པས་ན། དེའི་ཕྱིར་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཞེས་གསུངས་སོ། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བ་ནི་དེས་དེའི་ཚེ་ན་བསམ་གཏན་དང་པོ་ཡན་ཆད་ཀྱི་ས་འོག་མའི་སྐྱོན་འདི་ལྟ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། དབུགས་རྔུབ་པ་དང་། དབུགས་འབྱུང་བ་ཐམས་ཅད་སྤངས་པར་འགྱུར་ཞིང་། དེ་དག་སྤངས་པའི་ཕྱིར་དེ་ལ་བཏང་སྙོམས་དང་དྲན་པ་གང་ཡོད་པ་དེ་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་འགྱུར་ཏེ། དེས་ན་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དེའི་སེམས་མི་གཡོ་བར་གནས་ཤིང་གཡོ་བ་ཐམས་ཅད་དང་བྲལ་བས་ན་དེའི་ཕྱིར་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་གསུངས་སོ། །དེ་ལ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། བསམ་གཏན་དང་པོ་ལ་སོགས་པ་བསམ་གཏན་སྔ་མ་དག་ལ་ཇི་ལྟ་བ་དེ་བཞིན་དུ་རིག་པར་བྱའོ།། །།གཉིས་པ་ལ་གཉིས་ཏེ། མངོན་པ་གོང་མར་ཇི་ལྟར་བཀྲལ་བའི་ཚུལ། མཛོད་དུ་ཇི་ལྟར་བཀྲལ་བའི་ཚུལ་ལོ། །དང་པོ་ནི། བསམ་གཏན་གཟུགས་མེད་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་དག་པ་དང་། རྣམ་པར་དག་པས་རྣམ་པར་དག་པ་བཞིས་འཆད་པ་ལས། དང་པོ་ནི། སྙོམས་འཇུག་ཉོན་མོངས་ཅན་བཞིའོ། །གཉིས་པ་ནི་དག་པ་བ་ཡན་ཆད་དོ། །གསུམ་པ་ལ་ཡན་ལག་རྣམ་པར་དག་པ་དང་། སྙོམས་པར་འཇུག་པ་རྣམ་པར་དག་པ་དང་། ཚད་རྣམ་པར་དག་པ་དང་། མིང་དུ་བཏགས་པ་རྣམ་པར་དག་པ་བཞི་ལས། དང་པོ་ནི། བསམ་གཏན་གྱི་ཡན་ལག་བཅོ་བརྒྱད་དོ། །གཉིས་པ་ནི་སྙོམས་པར་འཇུག་ཚུལ་ཡིད་ལ་བྱེད་པ་བདུན་ནོ། །གསུམ་པ་ནི། དེ་ལས་འབྲས་བུ་སྐྱེ་བའི་བསམ་གཏན་འགྲུབ་ཚུལ་ལོ། །བཞི་པ་ནི་རེ་རེ་ལ་མིང་གི་ཐ་སྙད་ཅི་ཙམ་ཡོད་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མི་ཤེས་པའི་ཚུལ་ལོ། །བཞི་པ་རྣམ་པར་དག་པས་རྣམ་པར་དག་པ་ནི་རབ་ཀྱི་མཐའི་ཆ་ལས་བྱུང་བའི་བསམ་གཏན་བཞི་དང་གཟུགས་མེད་བཞིའོ། །འདི་ལ་མཁས་པ་ཆེན་པོ་དག་གིས་མཛོད་ལས་གསུངས་པའི་རབ་མཐའ་དང་འདྲ་བར་བྱས་ནས། འདོད་པ་ནས་སྲིད་རྩེའི་བར་ལ་ལུགས་མཐུན་དང་། སྲིད་རྩེ་ནས་འདོད་པའི་བར་ལ་ལུགས་བཟློག་ཏུ་འཇུག་པའི་རྗེས་ལས་བྱུང་བའི་བསམ་གཏན་བཞི་དང་གཟུགས་མེད་བཞི་ལ་འཆད་པར་སྣང་མོད་ཀྱི་དེ་ནི་མི་འཐད་དེ། མཛོད་ལས་གསུངས་པའི་རབ་མཐའ་ཡང་ས་བསམ་གཏན་བཞི་པ་ཁོ་ན་དང་། གང་ཟག་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ་ཁོ་ནས་བསྐྱེད་པར་གསུངས་ཀྱི་གཞན་ལ་མ་གསུངས་པའི་ཕྱིར་དང་། འདིར་ཀུན་བཏུས་རྩ་འགྲེལ་གཉིས་ཆར་ལས་རབ་མཐའི་ཚུལ་དེ་འདྲ་བ་བཤད་པ་མེད་པའི་ཕྱིར་རོ། །དེས་ན་འདིར་རབ་ཀྱི་མཐའ་ལས་འབྱུང་བ་ནི་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་ཆུང་ངུ་རྣམས་འབྲིང་དུ་འཕེལ། འབྲིང་རྣམས་ཆེན་པོར་འཕེལ་བའོ། །འོ་ན་སྔར་རྣམ་པར་བྱང་བའི་རྣམ་པར་དག་པ་དང་ཁྱད་མེད་དོ་སྙམ་ན་མིན་ཏེ། རྣམ་པར་བྱང་བའི་རྣམ་པར་དག་པ་ནི། དག་པ་བ་དང་ཟག་མེད་གཉིས་ཆར་ལ་འཇུག་ལ། འདི་ནི་དག་པ་བ་ཁོ་ན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བསམ་གཏན་དང་གཟུགས་མེད་ཀྱི་རྣམ་གཞག་ཐུན་མོང་དུ་མཛོད་ལས། བསམ་གཏན་དག་ནི་རྣམ་གཉིས་བཞི། །དེ་སྐྱེ་བ་དག་རབ་ཏུ་བཤད། །སྙོམས་འཇུག་དགེ་བ་རྩེ་གཅིག་པ། །རྗེས་འབྲེལ་བཅས་ན་ཕུང་པོ་ལྔ། །དཔྱོད་དང་དགའ་དང་བདེ་དང་ལྡན། །ཡན་ལག་སྔ་སྔ་སྤངས་པ་ཡི། །དེ་བཞིན་གཟུགས་མེད་ཕུང་པོ་བཞི། །འོག་མའི་ས་ལས་དབེན་ལས་སྐྱེས། །ཉེར་བསྡོགས་གསུམ་དང་བཅས་པ་ནི། །གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ། །གཟུགས་མེད་པ་ན་གཟུགས་མེད་དོ། །གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །རྣམ་ཤེས་མཐའ་ཡས་མཁའ་མཐའ་ཡས། །ཅི་ཡང་མེད་ཅེས་བྱ་དེ་ལྟར། །སྦྱོར་ཕྱིར་དམན་ཕྱིར་འདུ་ཤེས་མེད། །འདུ་ཤེས་མེད་པའང་མ་ཡིན་ནོ། །དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས། །རྣམ་པ་བརྒྱད་བདུན་རྣམ་པ་གསུམ། །རོ་མྱོང་ལྡན་དང་དག་པ་དང་། །ཟག་མེད་བརྒྱད་པ་རྣམ་པ་གཉིས། །རོ་མྱོང་མཚུངས་ལྡན་སྲེད་བཅས་སོ། །འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ་དེ་ནི་དེ་མྱོང་བྱ། །ཟག་མེད་འཇིག་རྟེན་འདས་པའོ། །དང་པོ་ལ་ལྔ་རྟོག་དཔྱོད་དང་། །དགའ་དང་བདེ་དང་ཏིང་འཛིན་གནས། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དང་ནི་དགའ་ལ་སོགས། །གསུམ་པ་ལ་ལྔ་བཏང་སྙོམས་དང་། །དྲན་དང་ཤེས་བཞིན་བདེ་དང་གནས། །མཐའ་ན་བཞི་དྲན་བཏང་སྙོམས་དང་། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །རྫས་སུ་བཅུ་གཅིག་དང་པོ་ན། །ཤིན་ཏུ་སྦྱངས་པ་བདེ་བ་ཡིན། །རབ་ཏུ་དྭང་བ་དད་པ་ཡིན། །ལུང་རྣམ་གཉིས་ཕྱིར་དགའ་ཡིད་བདེ། །ཉོན་མོངས་ཅན་ལ་དགའ་བདེ་དང་། །རབ་དང་ཤེས་བཞིན་དྲན་པ་དང་། །བཏང་སྙོམས་དྲན་པ་དག་པ་མེད། །ཁ་ཅིག་ཤིན་ཏུ་སྦྱངས་བཏང་སྙོམས། །སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། །བཞི་པ་གཡོ་བ་མེད་པ་ཡིན། །རྟོག་དང་དཔྱོད་དང་དབུགས་དག་དང་། །བདེ་བ་ལ་སོགས་བཞི་ཡིན་ནོ། །སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བདེ་དང་བཏང་སྙོམས་དང་། །བཏང་སྙོམས་ཡིད་བདེ་བདེ་བ་དང་། །བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །དེ་ལུང་མ་བསྟན་ཉོན་མོངས་མིན། །དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པ་ཐོབ། །ཟག་མེད་འདོད་ཆགས་བྲལ་བ་ཡིས། །ཉོན་མོངས་ཅན་ཉམས་སྐྱེ་བ་ཡིས། །ཟག་པ་མེད་པའི་མཇུག་ཐོགས་སུ། །ལྡོག་འོག་གསུམ་པའི་བར་དགེ་བ། །སྐྱེ་བོ་དག་པ་ལས་དེ་བཞིན། །རང་གི་ས་པའི་ཉོན་མོངས་ཀྱང་། །ཉོན་མོངས་ཅན་ལས་རང་དག་དང་། །ཉོན་མོངས་འོག་མའི་དག་གཅིག་ཀྱང་། །འཆི་འཕོའི་དག་ལས་ཉོན་མོངས་ཀུན། །ཉོན་མོངས་ཅན་ལས་གོང་མ་མིན། །དག་པ་ཉམས་པ་ཆ་མཐུན་སོགས། །ཉམས་བཞི་དེ་ནི་གོ་རིམ་བཞིན། །ཉོན་མོངས་སྐྱེ་དང་རང་ས་དང་། །གོང་དང་ཟག་མེད་རྗེས་མཐུན་པའོ། །ཉམས་ཆ་མཐུན་སོགས་མཇུག་ཐོགས་སུ། །གཉིས་དང་གསུམ་དང་གསུམ་དང་གཅིག །ས་བརྒྱད་རྣམས་གཉིས་འབྲེལ་བ་དང་། །གཅིག་རྒལ་སོང་བཞིན་འོང་ནས་ནི། །རིས་མི་མཐུན་པ་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །བསམ་གཏན་གཟུགས་མེད་རང་དང་ནི། །འོག་སའི་རྟེན་ཅན་འོག་དགོས་མེད། །སྲིད་རྩེ་འཕགས་པ་ཅི་ཡང་མེད། །མངོན་དུ་བྱས་ནས་ཟག་པ་ཟད། །སྲེད་བཅས་རང་གི་སྲིད་ལ་དམིགས། །བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །གཟུགས་མེད་དངོས་གཞི་དགེ་རྣམས་ནི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཟག་པ་མེད་པས་ཉོན་མོངས་རྣམས། །སྤོང་ངོ་ཉེར་བསྡོགས་དག་པས་ཀྱང་། །དེ་དག་ལས་ནི་ཉེར་བསྡོགས་བརྒྱད། །དག་པ་བདེ་མིན་སྡུག་བསྔལ་མིན། །དང་པོ་འཕགས་པའང་ཁ་ཅིག་གསུམ། །རྟོག་མེད་བསམ་གཏན་ཁྱད་པར་ཅན། །རྣམ་གསུམ་བདེ་མིན་སྡུག་བསྔལ་མིན། །དེ་ནི་ཚངས་ཆེན་འབྲས་བུ་ཅན། །མན་ཆད་རྟོག་དཔྱོད་བཅས་པ་ཡིས། །ཏིང་འཛིན་ཡན་ཆད་གཉིས་ཀ་མེད། །ཞེས་གསུངས་ལ། འདི་དག་གི་དོན་ལ། བསམ་གཏན་གཟུགས་མེད་ཀྱི་ངོ་བོ་དང་དབྱེ་བ། བསམ་གཏན་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ། སྙོམས་འཇུག་གསུམ་གྱི་ཐོབ་ཚུལ། གསུམ་པོ་གང་གི་མཇུག་ཐོགས་སུ་གང་འབྱུང་བ། སྙོམས་འཇུག་དག་པ་བ་བྱེ་བྲག་ཏུ་བཤད་པ། ཁྱད་པར་གྱི་ཆོས་ཞིབ་ཏུ་དཔྱད་པ་དང་དྲུག་བསྟན་པ་ལས། དང་པོ་ནི། བསམ་གཏན་དག་ནི་ཞེས་སོགས་ཚིགས་བཅད་དྲུག་སྟེ། ཚིག་རྐང་དང་པོས་བསམ་གཏན་ལ་རྒྱུ་སྙོམས་འཇུག་དང་། འབྲས་བུ་སྐྱེ་བ་གཉིས་སུ་ཕྱེ་ནས་གཉིས་པས་འབྲས་བུ་སྐྱེ་བ་གནས་གསུམ་པར་བཤད་ཟིན་པ་བསྟན། དེ་ནས་གཉིས་ཀྱིས་བསམ་གཏན་གྱི་ངོ་བོ་དང་། དེ་ནས་གཉིས་ཀྱི་བཞི་པོ་སོ་སོའི་ངོ་བོ་བསྟན། དེ་ནས་གཅིག་གིས་གཟུགས་མེད་ཀྱི་ངོ་བོ་དང་། དེ་ནས་གཅིག་གིས་བཞི་པོ་སོ་སོའི་ངོ་བོ་བསྟན། དེ་ནས་གཉིས་ཀྱིས་གཟུགས་མེད་ཀྱི་དངོས་གཞི་དང་། ཉེར་བསྡོགས་གོང་མ་གསུམ་དང་བཅས་པ་གཟུགས་ཀྱི་འདུ་ཤེས་ཞིག་པར་བསྟན། དེ་ནས་གཉིས་ཀྱི་སྔར་ཕུང་པོ་བཞི་པར་འཇོག་པའི་སྒྲུབ་བྱེད་བསྟན། དེ་ནས་ཚིགས་བཅད་གཅིག་གིས་གཟུགས་མེད་བཞིའི་ངེས་ཚིག་དང་། དེ་ནས་ཚིག་རྐང་ཕྱེད་དང་གཉིས་ཀྱིས་སྙོམས་འཇུག་གི་དངོས་གཞིའི་རྫས་བརྒྱད་དུ་གྲངས་ངེས་པ་དང་། དེ་ནས་ཕྱེད་དང་བདུན་གྱིས་སྲིད་རྩེ་མ་གཏོགས་པ་བདུན་པོ་ལ་སྙོམས་འཇུག་གསུམ་གསུམ་དུ་ཕྱེ་ནས་གསུམ་པོའི་ངོ་བོ་དང་བཅས་པ་བསྟན་ཏོ། །གཉིས་པ་ནི། དང་པོ་ལ་ལྔ་ཞེས་སོགས་ཚིགས་བཅད་བདུན་ཏེ། ཚིགས་བཅད་དང་པོ་གཉིས་ཀྱིས་བསམ་གཏན་གྱི་ཡན་ལག་ལ་མིང་གི་སྒོ་ནས་བཅོ་བརྒྱད་དུ་དབྱེ་བ་དང་། དེ་ནས་ཚིག་རྐང་ཕྱེད་ཀྱིས་རྫས་སུ་བཅུ་གཅིག་ཏུ་བསྡུ་བ་བསྟན་ནོ། །དེ་ནས་ཕྱེད་དང་བཞིས་རྫས་སུ་བཅུ་གཅིག་ཏུ་འགྱུར་བའི་སྒྲུབ་བྱེད་དང་། དང་པོ་གཉིས་ཀྱི་བདེ་བ་དང་། དགའ་བ་གཉིས་དང་། གསུམ་པའི་ནང་རབ་ཏུ་དྭང་བའི་ངོ་བོ་ངོས་བཟུང་བ་བསྟན། དེ་ནས་ཚིགས་བཅད་གསུམ་གྱིས་རིམ་པ་ལྟར་སྙོམས་འཇུག་ཉོན་མོངས་ཅན་ལ་ཡན་ལག་ཅི་ཙམ་ཡོད་པ་དང་། བཞི་པ་མི་གཡོ་བར་འཇོག་པའི་རྒྱུ་མཚན་དང་། སྐྱེ་བའི་བསམ་གཏན་ན་ཚོར་བ་དུ་ཡོད་པ་བསྟན། དེ་ནས་ཚིགས་བཅད་གཅིག་གིས་དེ་ལས་འཕྲོས་ནས་བསམ་གཏན་གཉིས་པ་ཡན་ཆད་ན་ལུས་དང་མིག་དང་རྣ་བའི་རྣམ་ཤེས་གསུམ་དང་། རྣམ་པར་རིག་བྱེད་ཀུན་ནས་སློང་བའི་ཤེས་པ་རྣམས་ས་གང་དུ་གཏོགས་པ་ངོ་བོ་ངོས་འཛིན་དང་བཅས་པ་བསྟན་ཏོ། །གསུམ་པ་ནི། དེ་དང་མི་ལྡན་ཞེས་སོགས་ཚིགས་བཅད་གཅིག་གོ །བཞི་པ་ནི། ཟག་པ་མེད་པའི་ཞེས་སོགས་ཚིགས་བཅད་གཉིས་སོ། །ལྔ་པ་ནི། དག་པ་ཉམས་པའི་ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། ཚིགས་བཅད་དང་པོས་ནི་དག་པ་བ་ལ་ཆ་མཐུན་བཞིར་ཕྱེ་ནས་བཞི་པོ་སོ་སོའི་ངོ་བོ་དང་བཅས་པ་བསྟན། དེ་ནས་ཚིག་རྐང་གཉིས་ཀྱིས་བཞི་པོ་གང་གི་མཇུག་ཏུ་གང་འབྱུང་བ་དང་། དེ་ནས་ཚིགས་བཅད་གཅིག་གིས་དེ་ལས་འཕྲོས་ནས་ཐོད་རྒལ་གྱི་སྙོམས་འཇུག་བསྟན་ནོ། །དྲུག་པ་ནི་བསམ་གཏན་གཟུགས་མེད་ཞེས་སོགས་ཚིགས་བཅད་ཕྱེད་དང་ལྔ་སྟེ་ཚིག་རྐང་དང་པོ་གཉིས་ཀྱིས་རྟེན་གྱི་ཁྱད་པར་སྒྲུབ་བྱེད་དང་བཅས་པ་དང་། དེ་ནས་གཉིས་ཀྱིས་དེའི་དམིགས་བསལ་དང་། དེ་ནས་ཚིགས་བཅད་གཅིག་གིས་དམིགས་པའི་ཁྱད་པར་དང་། དེ་ནས་ཚིགས་བཅད་གཅིག་གིས་ཉོན་མོངས་སྤོང་བྱེད་ངོས་བཟུང་ཞིང་ཞར་ལ་ཉེར་བསྡོགས་ཀྱི་ངོ་བོ་དང་བཅས་པ་དང་། དེ་ནས་ཚིག་རྐང་གསུམ་གྱིས་བསམ་གཏན་ཁྱད་པར་ཅན་འབྲས་བུ་དང་བཅས་པ་དང་། དེ་ནས་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་རིགས་གསུམ་དུ་འདུ་བ་བསྟན་ནོ། །གསུམ་པ་ལ། བསམ་གཏན་དང་གཟུགས་མེད་ཀྱི་རྣམ་གཞག་ཐུན་མོང་བ་རྣམས་ཐ་སྙད་ཟོར་ཡངས་བའི་ཕྱིར་ཕྱོགས་གཅིག་ཏུ་འཆད་ཅིང་། ཐུན་མོང་མ་ཡིན་པ་རྣམས་བསམ་གཏན་ལ་སྦྱར་ཏེ་འཆད་པ་གཉིས་ཏེ། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་། འབྲས་བུ་སྐྱེ་བའི་བསམ་གཏན་ནོ། །དང་པོ་ལ་ལྔ་སྟེ། གང་ལ་སྐྱེ་བའི་རྟེན། ཐོབ་བྱེད་ཀྱི་རྒྱུ། ཐོབ་བྱའི་ངོ་བོ། ཐོབ་པའི་ཚུལ། ཐོབ་པའི་རྟགས་སོ། །དང་པོ་ལ་སྔར་མེད་གསར་དུ་སྐྱེ་བའི་རྟེན་ནི། ངན་སོང་གསུམ་གྱི་རྟེན་ལ་བསམ་གཏན་དང་གཟུགས་མེད་མི་སྐྱེ་སྟེ། རྣམ་མིན་གྱིས་སྒྲིབ་པ་ཤས་ཆེ་བའི་ཕྱིར་རོ། །སྒྲ་མི་སྙན་པའི་རྟེན་ལ་མི་སྐྱེ་སྟེ། ལས་ཀྱི་སྒྲིབ་པ་ཤས་ཆེ་བའི་ཕྱིར་རོ། །འདུ་ཤེས་མེད་པའི་རྟེན་ལ་ཡང་མི་སྐྱེ་སྟེ། འདུ་ཤེས་གསལ་པོ་མེད་པའི་ཕྱིར་རོ། །སྲིད་རྩེའི་རྟེན་ལ་ཡང་དག་པ་བ་མི་སྐྱེ་སྟེ། ས་གོང་འོག་ལ་ཞི་རགས་སུ་ལྟ་བ་མེད་པའི་ཕྱིར་ཏེ། དེ་ལ་གོང་ས་མེད་པའི་ཕྱིར་རོ། །དེ་རྣམས་མ་གཏོགས་པའི་འགྲོ་བ་གཞན་རྣམས་ནི་རྟེན་དུ་རུང་སྟེ། འདོད་པའི་རྟེན་ལ་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་སྙོམས་འཇུག་བརྒྱད་ཀ་སྐྱེ་བ་ནས་བཟུང་སྟེ་ཅི་ཡང་མེད་པའི་རྟེན་ལ་སྲིད་རྩེའི་སྙོམས་འཇུག་སྐྱེ་བའི་ཕྱིར་ཏེ། གོང་ས་གོང་སའི་སྙོམས་འཇུག་རྣམ་འོག་ས་འོག་སའི་རྟེན་ལ་བསྒྲུབ་དགོས་པའི་ཕྱིར་རོ། །རང་སའི་རྟེན་ལ་རང་སའི་རྒྱུ་སྙོམས་འཇུག་བསྒོམ་པ་ཡོད་དམ་མེད་ཅེ་ན། ཉེར་བསྡོགས་ཀྱི་སྒོ་ནས་སྔར་མེད་གསར་དུ་སྐྱེ་བ་ནི་མེད་ལ། སྐྱེས་ཟིན་མངོན་དུ་བྱེད་པ་ནི་ཡོད་དེ། ཚངས་རིས་ཀྱི་རྟེན་ལ་བསམ་གཏན་དང་པོའི་རྒྱུ་སྙོམས་འཇུག་འབྲིང་དུ་བསྒོམ་པས་མདུན་ན་འདོན་དུ་སྐྱེ་ཞིང་། དེའི་རྟེན་ལ་ཆེན་པོར་བསྒོམས་པས་ཚངས་ཆེན་དུ་སྐྱེ་བ་ལྟ་བུའོ། །གལ་ཏེ་འདོད་པའི་རྟེན་ལ་བསམ་གཏན་དང་པོའི་དངོས་གཞི་ཆུང་ངུ་འབྲིང་ཆེན་པོ་གསུམ་དུ་བསྒོམས་པས་བསམ་གཏན་དང་པོའི་གནས་གསུམ་དུ་རིམ་གྱིས་སྐྱེ་བ་ཡིན་ནོ་སྙམ་ན་མིན་ཏེ། འདོད་པའི་རྟེན་ལ་ཆེན་པོ་བསྒོམས་པ་མ་ཉམས་པར་ཤི་འཕོས་ན་ཚངས་རིས་སུ་སྐྱེ་བའི་གོ་སྐབས་མེད་ཅིང་། ཉམས་ན་ཚངས་རིས་སུ་སྐྱེ་བ་ཡིན་ན་སླར་ཡང་དེའི་རྟེན་ལ་ཆེན་པོ་དང་འབྲིང་གཉིས་བསྒོམ་དགོས་པའི་ཕྱིར་རོ། །དེ་དག་ཀྱང་དག་པ་བའི་དབང་དུ་བྱས་པ་ཡིན་གྱི་ཟག་མེད་ནི་གོང་སའི་རྟེན་ཅན་ཡང་ཡོད་དེ། སྲིད་རྩེའི་རྟེན་ཅན་གྱི་ཕྱིར་མི་འོང་གིས་ཅི་ཡང་མེད་ཀྱི་ཟག་མེད་མངོན་དུ་བྱས་ནས་སྲིད་རྩེའི་ཉོན་མོངས་སྤོང་དགོས་པའི་ཕྱིར་ཏེ། སྲིད་རྩེའི་ཉོན་མོངས་སྤོང་བ་ལ་ལམ་ཟག་མེད་དགོས་ཤིང་། སྲིད་རྩེ་ལ་རང་སས་བསྡུས་པའི་ཟག་མེད་མེད་པའི་ཕྱིར་ཏེ། མཛོད་ཀྱི་ལུང་སྔར་དྲངས་པ་ལྟར་རོ། །དེ་ཡང་ཉན་ཐོས་ཀྱི་དབང་དུ་བྱས་པ་ཡིན་གྱི། བྱང་སེམས་འཕགས་པས་ནི་དེ་མ་གཏོགས་པའི་སྙོམས་འཇུག་ཀྱང་གོང་སའི་རྟེན་ལ་སྒོམ་པ་ཡོད་དེ། བསམ་གཏན་བཞི་པའི་རྟེན་ཅན་གྱི་བྱང་སེམས་སྒོམ་ལམ་པས་ཐོད་རྒལ་གྱི་སྙོམས་འཇུག་སྒོམ་པ་ཡོད་པའི་ཕྱིར་རོ།། །།གཉིས་པ་ལ་གཉིས་ཏེ། སྤྱིར་རྒྱུ་ལྔར་དབྱེ་བ་དང་། ཕྱི་མ་གཉིས་ཀྱི་ཉམས་ལེན་རྒྱས་པར་བཤད་པའོ། །དང་པོ་ལ་རྒྱུ་དང་། ལས་དང་། ཆོས་ཉིད་དང་། ཐོས་པ་དང་། མན་ངག་གི་སྟོབས་ཀྱིས་སྐྱེ་བ་དང་ལྔ་ལས། དང་པོ་ནི། སྔར་སྙོམས་འཇུག་གོམས་པར་བྱས་པ་ཉམས་པ་འདོད་ཁམས་སུ་སྐྱེས་པ་ཡིན་ན་སླར་ཡང་ཚེ་དེ་ཉིད་ལ་ཉེར་བསྡོགས་བསྒོམ་པ་ལ་མི་ལྟོས་པར་རྐྱེན་ཅུང་ཟད་ཙམ་གྱིས་གསོས་བཏབ་ནས་སྐྱེ་བ་ལྟ་བུའོ། །གཉིས་པ་ནི། ཁམས་གོང་མ་འཕེན་བྱེད་ཀྱི་རྒྱུ་ཉེ་བར་གནས་པ་ལས། བྱམས་པའི་སེམས་ཀྱིས་གསོས་བཏབ་ནས་སྐྱེ་བ་ལྟ་བུ་སྟེ། སྤྱོད་འཇུག་ལས། སེམས་གསལ་གཅིག་བསྐྱེད་འབྲས་བུ་གང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་སོ། །དེ་ཡང་གོང་མ་འཕེན་བྱེད་ཀྱི་ལས་དེ་བྱམས་པའི་སེམས་ཀྱིས་གསོས་བཏབ་ནས་སྙོམས་འཇུག་སྐྱེ་བའི་དབང་གི་ཁམས་གོང་དུ་སྐྱེ་བ་ཡིན་གྱི་བྱམས་པའི་སེམས་ཁོ་ནས་སྐྱེ་བ་ནི་མ་ཡིན་ཏེ། འོག་ས་ལ་འདོད་ཆགས་དང་མ་བྲལ་བར་གོང་མར་སྐྱེ་བ་མེད་པའི་ཕྱིར་རོ། །གསུམ་པ་ནི་བསྐལ་པ་འཇིག་པའི་ཚེ་ལྟ་བུ་སྟེ། བསམ་གཏན་དང་པོ་མན་ཆད་མེས་འཇིག་པ་ལ་ཉེ་བའི་ཚེ། ངན་སོང་གི་སེམས་ཅན་ལས་མ་ཟད་པ་རྣམས་འཇིག་རྟེན་གྱི་ཁམས་གཞན་གྱིས་སེམས་ཅན་དུ་སྐྱེ། ལས་ཟད་པ་རྣམས་གླིང་གསུམ་གྱི་མིར་སྐྱེས་ཏེ་འཛམ་བུ་གླིང་པའི་མི་གང་ཡང་རུང་བ་གཅིག་གི་རྒྱུད་ལ་བསམ་གཏན་དང་པོའི་སྙོམས་འཇུག་ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེ་ཞིང་དེ་ལས་ལངས་མ་ཐག་ཏུ་ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེ་བའོ། །དབེན་པ་ལས་སྐྱེ་བའི་དགའ་བ་དང་བདེ་བ་ནི་ཞི་བའོ། །ཞེས་ཟེར་ཞིང་ཚིག་དེ་ཉིད་ཀྱིས་རྐྱེན་བྱས་ནས་གླིང་གསུམ་གྱི་མི་གཞན་རྣམས་ཀྱི་རྒྱུད་ལ་ཡང་སྙོམས་འཇུག་སྐྱེས་ཏེ་བསྒོམ་པ་ལ་བརྟེན་ནས་བསམ་གཏན་དང་པོར་སྐྱེའོ། །དེ་བཞིན་དུ་སྒྲ་མི་སྙན་པའི་མི་རྣམས་འདོད་ལྷར་སྐྱེ་ཞིང་འདོད་ལྷའི་རྟེན་ལ་བསམ་གཏན་དང་པོའི་སྙོམས་འཇུག་ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེ་བ་ལ་བརྟེན་ནས་དེ་དག་ཀྱང་བསམ་གཏན་དང་པོར་སྐྱེའོ། །བསམ་གཏན་དང་པོའི་རྟེན་ལ་བསམ་གཏན་གཉིས་པའི་སྙོམས་འཇུག་ཆོས་ཉིད་ཀྱིས་སྐྱེ་བ་ལ་བརྟེན་ནས་དེ་དག་བསམ་གཏན་གཉིས་པར་སྐྱེའོ། །བསམ་གཏན་གཉིས་པ་མན་ཆད་ཆུས་འཇིག་པ་ལ་ཉེ་བའི་ཚེ་བསམ་གཏན་གསུམ་པ་མན་ཆད་ཀྱི་སྙོམས་འཇུག་ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེ་བ་སོགས་ཀྱང་ཤེས་པར་བྱའོ། །གཟུགས་མེད་ཀྱི་སྙོམས་འཇུག་ཆོས་ཉིད་ཀྱིས་སྐྱེ་བ་ནི་མེད་དེ། སྣོད་འཇིག་པའི་དབང་གིས་གཟུགས་མེད་དུ་སྐྱེ་བ་མེད་པའི་ཕྱིར་ཏེ། བསམ་གཏན་བཞི་པ་ལ་མེ་ཆུ་རླུང་གསུམ་གྱི་འཇིག་པ་མེད་པའི་ཕྱིར་རོ། །སྐྱེ་ཚུལ་གསུམ་པོ་འདི་ནི་ཚེ་འདིར་ཉེར་བསྡོགས་བསྒོམས་པ་ལ་མི་ལྟོས་པའི་སྐྱེ་ཚུལ་ཡིན་ལ་དེ་དག་གི་ལུང་ཡང་། མཛོད་ལས། ཁམས་གཉིས་དག་ཏུ་གཟུགས་མེད་པ། །རྒྱུད་དང་ལས་ཀྱི་སྟོབས་ཀྱིས་སྐྱེ། །གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས། །དེ་དག་དང་ཆོས་ཉིད་ཀྱིས་ཀྱང་། །ཞེས་གསུངས་སོ། །བཞི་པ་ནི། རང་ཉིད་ཀྱིས་སྙོམས་འཇུག་གི་དབང་དུ་བྱས་པའི་གསུང་རབ་མང་དུ་ཐོས་པའི་སྟོབས་ཀྱིས་སྙོམས་འཇུག་ཐོབ་པའི་ཐབས་ཤེས་ནས་བསྒོམས་པ་ལྟ་བུ་སྟེ། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ལུགས་ཡིན་ནོ། །ལྔ་པ་ནི་སློབ་དཔོན་གཞན་གྱི་མན་ངག་ལ་བརྟེན་ནས་སྐྱེ་བ་སྟེ། དེ་ནི་དབང་རྟུལ་དད་པའི་རྗེས་འབྲངས་ཀྱི་ལུགས་སོ། །གཉིས་པ་ལ་བསམ་གཏན་དང་པོ་ལྟ་བུ་ལ་མཚོན་ན། ཉེར་བསྡོགས་ཞི་གནས་དང་། ལྷག་མཐོང་གཉིས་ལས། དང་པོ་ནི། མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེའི་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ཡང་བླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ནི་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་ཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ། །དེ་ཡིས་དེ་ནི་འཕེལ་བྱས་ནས། །འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེས་ཐོབ་བོ། །ཞེས་གསུངས་པ་ལྟར། སེམས་གནས་པའི་ཐབས་དགུ་བསྒོམས་ནས་དགུ་པའི་གནས་སྐབས་སུ་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་པ་ན། བསམ་གཏན་དང་པོའི་སས་བསྡུས་པའི་ཉེར་བསྡོགས་ཞི་གནས་སྐྱེས་པ་ཡིན་ལ། དེའི་ཚེ་ཡིད་ལ་བྱེད་པ་བཾཅུ་གཅིགཾ་དང་བཅས་ཤིང་། དེ་དག་རིམ་པ་བཞིན་དུ་འཕེལ་བ་ཡིས་དངོས་གཞིའི་གནས་པ་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་ཉེར་བསྡོགས་ཞི་གནས་དེ་ལ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་བརྟེན་པའི་ཚེ། ཉེར་བསྡོགས་མི་ལྕོགས་པ་མེད་པ་ཞེས་བྱ་སྟེ། རང་ས། གོང་ས། འོག་སའི་ཉོན་མོངས་པ་ཐམས་ཅད་སྤོང་ནུས་པའི་ཕྱིར་རོ། །དེས་ན་རྒྱུན་ཞུགས་དང་། ཕྱིར་འོང་དང་། རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པ་རྣམས་ཀྱི་ལམ་ཟག་མེད་ཀྱི་སེམས་རྟེན་དུ་གྱུར་པའི་ཉེར་བསྡོགས་ཡང་དེ་ཉིད་ཡིན་གྱི། མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་སོགས་ནི་མ་ཡིན་ཏེ། དེ་དག་ནི་ཞི་རགས་ཀྱི་རྣམ་པ་ཅན་ཡིན་ལ། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཉེར་བསྡོགས་ལ། ལམ་ཟག་མེད་བརྟེན་པ་འགལ་བའི་ཕྱིར་རོ། །ཞི་གནས་དེ་ལ་ལམ་ཟག་མེད་མི་བརྟེན་པར་མཚན་ཉིད་རབ་ཏུ་རིག་པ་སོགས་ལ་བརྟེན་པའི་ཚེ་འོག་ས་ཁོ་ནའི་ཉོན་མོངས་སྤོང་ལ་དངོས་གཞི་ཐོབ་པ་ཡིན་ནོ།། །།གཉིས་པ་ལ་མཚན་ཉིད། དབྱེ་བ། བྱེད་ལས། རྣམ་གཞག་དང་བཞི་ལས། དང་པོ་ནི། བསམ་གཏན་དང་པོའི་དངོས་གཞིའི་ཆེད་དུ་དམིགས་རྣམ་ཡོངས་སུ་སྦྱོང་བར་བྱེད་པའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་དགེ་རྩས་བསྡུས་པའོ། །གཉིས་པ་ལ། བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ། མོས་པ་ཡིད་ལ་བྱེད་པ། རབ་ཏུ་དབེན་པ་ཡིད་ལ་བྱེད་པ། དགའ་བ་སྡུད་པ་ཡིད་ལ་བྱེད་པ། དཔྱད་པ་ཡིད་ལ་བྱེད་པ། སྦྱོར་བའི་མཐའ་ཡིད་ལ་བྱེད་པ། སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་དང་བདུན་ལས། ཕྱི་མ་ནི་དངོས་གཞིའི་ཁོངས་སུ་གཏོགས་པས་ཉེར་བསྡོགས་མིན་ལ། བསམ་གཏན་དང་པོའི་ཉེར་བསྡོགས་དྲུག་གི་མཚན་ཉིད་རིམ་བཞིན། མཉམ་གཞག་གི་སས་བསྡུས་ཀྱི་ཡིད་བྱེད་གང་ཞིག ཐོས་བསམ་འདྲེས་མའི་སྒོ་ནས་འདོད་པ་ལ་རགས་པ་དང་། བསམ་གཏན་དང་པོ་ལ་ཞི་བའི་རྣམ་པར་ལྟ་བ་དང་། ཐོས་བསམ་ལས་འདས་ཏེ་ཞི་རགས་ཀྱི་མཚན་མ་རྩེ་གཅིག་ཏུ་སྒོམ་པའི་ཡིད་བྱེད་གང་ཞིག འདོད་ཉོན་ཆེན་པོ་གསུམ་སྤོང་བའི་སྦྱོར་བར་གྱུར་པ་དང་། དེ་གང་ཞིག འདོད་ཉོན་ཆེན་པོ་གསུམ་དངོས་སུ་སྤོང་བ་དང་། འདོད་ཉོན་ཆེན་པོ་གསུམ་སྤངས་པའི་དགའ་བདེ་ཆུང་ངུས་རང་རྒྱུད་ལ་རེག་ཅིང་། ཉོན་མོངས་སྤོང་བ་ལ་ཡོན་ཏན་དུ་མཐོང་བ་དྭང་བར་གྱུར་པའི་ཡིད་བྱེད་གང་ཞིག འདོད་ཉོན་འབྲིང་པོ་གསུམ་དངོས་སུ་སྤོང་བ་དང་། དེ་གང་ཞིག འདོད་ཉོན་འབྲིང་པོ་སྤངས་པས་དགེ་བའི་ཆོས་ལ་སྦྱོར་བ་བརྟན་པར་བྱས་པའི་ཕྱིར་ཀུན་ནས་དཀྲིས་པ་མངོན་དུ་གྱུར་པ་མི་འབྱུང་བའི་ཚེ་འདོད་པའི་ཉོན་མོངས་སྤངས་མ་སྤངས་དཔྱོད་པར་བྱེད་པའི་ཡིད་བྱེད་དང་། འདོད་ཉོན་ལྷག་མ་མ་སྤངས་པར་ཤེས་ནས་དེ་སྤང་བའི་ཕྱིར་ཞི་རགས་ཀྱི་མཚན་མ་རྩེ་གཅིག་ཏུ་སྒོམ་པའི་ཡིད་བྱེད་གང་ཞིག འདོད་ཉོན་ཆུང་ངུ་གསུམ་དངོས་སུ་སྤོང་བར་བྱེད་པ་སྟེ། དེ་སྐད་དུ་ཡང་རྒྱལ་སྲས་མ་ལས། ཇི་ལྟར་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཡིད་ལ་བྱེད་པ་བདུན་དུ་འགྱུར་ཞེ་ན། མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་གང་གིས་འདོད་པ་རྣམས་ལ་ཉེས་དམིགས་ལ་སོགས་པར་བལྟས་པས་རགས་པའི་མཚན་ཉིད་ཅན་དུ་རིག་པར་བྱེད་ལ། དེ་མེད་པའི་ཕྱིར་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དོ། །འདི་ནི་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེ་ནི་ཐོས་པ་དང་བསམ་པ་དང་འདྲེས་པར་རིག་པར་བྱའོ། །དེའི་འོག་ཏུ་ཐོས་པ་དང་བསམ་པ་ལས་འདས་ནས་གཅིག་ཏུ་བསྒོམ་པའི་རྣམ་པས་དེའི་རགས་པ་དང་། ཞི་བའི་མཚན་ཉིད་ཀྱི་མཚན་མ་ལ་གནས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་ཞིང་། ཇི་ལྟར་ཡང་ཡོངས་སུ་བཙལ་བ་རགས་པ་དང་། ཞི་བ་ཉིད་དུ་མོས་ཏེ། འདི་ནི་མོས་པ་ལས་བྱུང་བ་ཞེས་བྱའོ། །དེ་སྒོམ་པས་ཐོག་མ་ཁོ་ནར་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ་བྱེད་པ་ནི། རབ་ཏུ་དབེན་པ་ལས་བྱུང་བ་སྟེ། དེས་ཉོན་མོངས་པའི་རྣམ་པ་ཆེན་པོ་སྤངས་པ་དང་། དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ། །རྣལ་འབྱོར་པ་དེ་དེའི་འོག་ཏུ་སྤོང་བ་ལ་དགའ་བར་འགྱུར་ཞིང་སྤོང་བ་ལ་ཡོན་ཏན་དུ་ལྟ་སྟེ། རབ་ཏུ་དབེན་པའི་དགའ་བ་དང་བདེ་བ་ཆུང་ངུས་རེག་པ་ན་དུས་དུས་སུ་དང་བར་འགྱུར་བའི་ཡིད་ལ་བྱེད་པས་ཇི་ཙམ་རྨུགས་པ་དང་། གཉིད་དང་རྒོད་པ་དང་བྲལ་བར་བྱ་བའི་ཕྱིར་དུ་རབ་ཏུ་དགའ་བར་བྱེད་པ་འདི་ནི་དགའ་བ་སྡུད་པ་ཞེས་བྱའོ། །དེ་ལྟར་ལེགས་པར་ཞུགས་པ་དེ་དགེ་བའི་ཕྱོགས་ལ་སྦྱོར་བ་བརྟན་པའི་ཕྱིར། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པ་ཀུན་ཏུ་མི་འབྱུང་བས། དེའི་སྤངས་སམ་མ་སྤངས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་དེ་འབྱུང་བ་དང་མཐུན་པའི་སྡུག་པའི་མཚན་མ་ཡིད་ལ་བྱེད་པས་སོ་སོར་རྟོག་པ་ནི་དཔྱོད་པའི་ཡིད་ལ་བྱེད་པའོ། །དེས་དེ་ལྟར་དཔྱད་ནས་གཉེན་པོ་སྒོམ་པས། དུས་དེ་སྲིད་གཅིག་པའི་ཚུལ་གྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་བྲལ་བར་བྱ་བའི་ཕྱིར། བསམ་གཏན་དང་པོ་ལ་སྦྱོར་བའི་མཐར་ཐུག་པའི་གཉེན་པོ་ཡིད་ལ་བྱེད་པ་ནི་སྦྱོར་བའི་མཐའ་འོ། །དེའི་འོག་ཏུ་དངོས་གཞིའི་བསམ་གཏན་དང་པོར་གྱུར་པ་ནི་སྦྱོར་བའི་མཐའི་འབྲས་བུ་ཞེས་བྱའོ་ཞེས་གསུངས་སོ། །གསུམ་པ་ནི། རྒྱལ་སྲས་མ་ལས། དེ་ལ་མཚན་ཉིད་རབ་ཏུ་རིག་པས་ནི་སྤང་བར་བྱ་བ་དང་ཐོབ་པར་བྱ་བ་ལེགས་པར་ཡོངས་སུ་ཤེས་ནས་སྤང་བར་བྱ་བ་དང་ཐོབ་པར་བྱ་བའི་ཕྱིར་སེམས་ཡོངས་སུ་འཇོག་གོ །མོས་པ་ལས་བྱུང་བས་ནི་དེའི་དོན་དུ་ཡང་དག་པར་སྦྱོར་བ་བརྩམ་མོ། །རབ་ཏུ་དབེན་པ་ལས་བྱུང་བས་ནི་ཀུན་ནས་ཉོན་མོངས་ཆེན་པོ་རྣམས་རབ་ཏུ་སྤོང་ངོ་། །དགའ་བ་སྡུད་པས་ནི་ཉོན་མོངས་པའི་རྣམ་པ་འབྲིང་རབ་ཏུ་སྤོང་ངོ་། །དཔྱོད་པས་ནི་ཐོབ་པར་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག་པར་བྱེད་དོ། །སྦྱོར་བའི་མཐས་ནི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་བར་དུ་སྤོང་ངོ་། །སྦྱོར་བའི་མཐའི་འབྲས་བུས་ནི་ཡིད་ལ་བྱེད་པ་ལེགས་པར་སྒོམ་པ་འདི་དག་གི་སྒོམ་པའི་འབྲས་བུ་མྱོང་བར་བྱེད་དོ་ཞེས་གསུངས་པ་ལྟར་རོ། །བཞི་པ་ལ་གསུམ་སྟེ། ཡིད་བྱེད་བཞིར་བསྡུ་བ། ལམ་བཞིར་བསྡུ་བ། ཁྱད་པར་གྱི་ཆོས་ལ་དཔྱད་པའོ། །དང་པོ་ནི། ཉན་ཐོས་ཀྱི་ས་ལས། གཞན་ཡང་མཚན་ཉིད་སོ་སོར་རིག་པ་ཡིད་ལ་བྱེད་པ་གང་ཡིན་པ་དང་། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། སུན་འབྱིན་པའི་གཉེན་པོ་དང་ལྡན་པ་སྟེ་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ནོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་གང་ཡིན་པ་དང་། སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སྤོང་བའི་གཉེན་པོ་དང་ལྡན་པ་སྟེ། གཉེན་པོ་ཡིད་ལ་བྱེད་པ་ཡིན་ནོ། །དགའ་བ་སྡུད་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། གཉེན་པོ་ཡིད་ལ་བྱེད་པ་དང་། དྭང་བར་འགྱུར་བའི་ཡིད་ལ་བྱེད་པ་ཡིན་ནོ། །དཔྱོད་པ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། སོ་སོར་རྟོག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེ་ལྟར་ན་ཡིད་ལ་བྱེད་པ་དྲུག་པོ་དེ་དག་ནི་ཡིད་ལ་བྱེད་པ་བཞི་པོ་འདི་ལྟ་སྟེ། རྗེས་མཐུན་པ་དང་། གཉེན་པོ་དང་། དྭང་བར་འགྱུར་བ་དང་། སོ་སོར་རྟོག་པ་དག་ཏུ་འདུས་པར་རིག་པར་བྱའོ་ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། བསྡུ་བ་ལས། མཚན་ཉིད་སོ་སོར་རིག་པ་དང་། མོས་པ་ཡིད་ལ་བྱེད་པ་ནི་སྦྱོར་བའི་ལམ་གྱིས་བསྡུས་པ་ཡིན་ནོ། །རབ་ཏུ་དབེན་པ་དང་། སྦྱོར་བའི་མཐར་ཐུག་པ་གཉིས་ནི་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ཡིན་ནོ། །དགའ་བ་སྡུད་པ་ནི་ལམ་རྣམ་པ་བཞི་ཆར་གྱིས་བསྡུས་པ་ཡིན་ནོ། །དཔྱོད་པ་ཡིད་ལ་བྱེད་པ་ནི། ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །གསུམ་པ་ལ་ཚོར་བ་གང་དང་མཚུངས་པར་ལྡན་དཔྱད་པ། སྙོམས་འཇུག་གསུམ་པོ་གང་ཡོད་དཔྱད་པ། ལམ་གསུམ་པོ་གང་ཡོད་དཔྱད་པ་དང་གསུམ་ལས། དང་པོ་ནི། དངོས་གཞི་ལ་ཚོར་བ་གསུམ་ཡོད་པ་ལྟར། ཉེར་བསྡོགས་ལ་ཡང་ཚོར་བ་གསུམ་ཡོད་དམ་ཞེ་ན། མ་ཡིན་ཏེ་འབད་དེ་དྲང་བར་བྱ་བའི་ཕྱིར་དང་། ས་འོག་མ་ལ་ཡིད་འབྱུང་བ་དང་མ་བྲལ་བའི་ཕྱིར་ན། ཚོར་བ་བཏང་སྙོམས་ཁོ་ན་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་སྐད་དུ་ཡང་མཛོད་ལས། དག་པ་བདེ་མིན་སྡུག་བསྔལ་མིན། །ཞེས་པའི་འགྲེལ་པར། དེ་དག་ནི་དག་པ་བ་ཡང་ཡིན་ལ། བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་དག་ཀྱང་ཡིན་ཏེ། འབད་དེ་དྲང་བར་བྱ་བའི་ཕྱིར་དང་། ས་འོག་མ་ལ་ཡིད་འབྱུང་བ་དང་མ་བྲལ་བའི་ཕྱིར་དང་། འདོད་ཆགས་དང་བྲལ་བའི་ལམ་ཡིན་པའི་ཕྱིར་རོ། །རོ་མྱོང་བ་དང་མཚུངས་པར་ལྡན་པ་མིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། དངོས་གཞི་ལ་ཉོན་མོངས་ཅན་དང་དག་པ་བ་ཟག་མེད་གསུམ་ཡོད་པ་ལྟར། ཉེར་བསྡོགས་ལ་ཡང་དེ་ལྟར་ཡོད་དམ་ཞེ་ན། ཉེར་བསྡོགས་རྣམས་ལ་ཉོན་མོངས་ཅན་ནི་མེད་དེ། ཉེར་བསྡོགས་ནི་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་ལ། ཉོན་མོངས་ཅན་གྱིས་འདོད་ཆགས་དང་བྲལ་བར་བྱེད་མི་ནུས་པའི་ཕྱིར་རོ། །བསམ་གཏན་དང་པོའི་ཉེར་བསྡོགས་ལ་དག་པ་བ་དང་ཟག་མེད་གཉིས་ཡོད་ཀྱི་ཉེར་བསྡོགས་ལྷག་མ་རྣམས་ལ་ཟག་མེད་མེད་དེ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཉེར་བསྡོགས་ལ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་བརྟེན་པ་མེད་པའི་ཕྱིར་ཏེ། འོག་མའི་དངོས་གཞི་མ་ཐོབ་པར་གོང་མའི་ཉེར་བསྡོགས་མི་ཐོབ་ལ། འོག་མའི་དངོས་གཞི་ཐོབ་ན་གོང་མའི་ཉེར་བསྡོགས་ལ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མི་བརྟེན་པའི་ཕྱིར་ཏེ། དངོས་གཞི་ནི་ཞི་ལྷག་ཟུང་འབྲེལ་ཡིན་པས་ལམ་སླ་བ་ཡིན་ལ། ཉེར་བསྡོགས་ནི་ལྷག་མཐོང་ཤས་ཆེ་བས་ལམ་དཀའ་བ་ཡིན་པའི་ཕྱིར་རོ། །འོ་ན་བསམ་གཏན་དང་པོའི་ཉེར་བསྡོགས་ལ་མི་བརྟེན་པར་མཚུངས་སོ་སྙམ་ན། བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་རབ་ཏུ་རིག་པ་ལ་སོགས་ལ་མི་བརྟེན་ཀྱང་། དེའི་སྔ་རོལ་གྱི་ཞི་གནས་ལ་བརྟེན་པར་གོང་དུ་བཤད་ཟིན་ནོ། །འོ་ན་བསམ་གཏན་གཉིས་པའི་ཉེར་བསྡོགས་ལ་ཡང་མཚན་ཉིད་རབ་ཏུ་རིག་པའི་སྔ་རོལ་དུ་བསམ་གཏན་གཉིས་པའི་སས་བསྡུས་ཀྱི་ཞི་གནས་གཅིག་དགོས་པར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། དེའི་སྔ་རོལ་དུ་མཉམ་གཞག་གི་སེམས་དགོས་པ་ནི་བསམ་གཏན་དང་པོའི་དངོས་གཞི་ཡིན་པའི་ཕྱིར་རོ། །དེས་ན་ཉེར་བསྡོགས་ལྷག་མ་བདུན་ནི་དག་པ་བ་ཁོ་ན་ཡིན་ནོ། །གསུམ་པ་ནི་ཉེར་བསྡོགས་རྣམས་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་དང་། ཡོན་ཏན་མངོན་པར་བསྒྲུབ་པའི་ལམ། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་གསུམ་གང་ཡོད་ཞེ་ན། འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཁོ་ན་ཡོད་ཀྱི། ཡོན་ཏན་མངོན་པར་སྒྲུབ་པར་བྱེད་པའི་ལམ་མེད་དེ། ཡན་ལག་དང་མི་ལྡན་པས་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་མངོན་པར་བསྒྲུབ་མི་ནུས་པའི་ཕྱིར། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ཡང་མེད་དེ། མི་མཐུན་ཕྱོགས་སྤོང་བའི་འབད་རྩོལ་དང་བཅས་པའི་ཕྱིར་རོ། །བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་རྣམ་གཞག་དེ་དག་གིས་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་གྱི་ཉེར་བསྡོགས་རྣམས་ཀྱང་རིག་པར་བྱ་སྟེ། ཉན་ས་ལས། ཇི་ལྟར་ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་བཞིན་དུ། བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་སྙོམས་པར་འཇུག་པ་དང་། ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ཡང་ཡིད་ལ་བྱེད་པ་བདུན་གྱིས་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ། །འོན་ཀྱང་ཡིད་བྱེད་དང་པོ་ཐོས་བསམ་འདྲེས་མ་ཡིན་པ་ནི། འདོད་པའི་རྟེན་ལ་སྒོམ་པའི་དབང་དུ་བྱས་ལ། ཞི་རགས་ཀྱི་རྣམ་པ་ནི་ས་འོག་མའི་སྐྱོན་མཐོང་བས་རགས་པ་དང་། གོང་མའི་ཡོན་ཏན་མཐོང་ནས་ཞི་བར་ལྟ་བ་སྟེ། རྒྱས་སྲས་མ་ལས། རགས་པའི་མཚན་ཉིད་ནི་ས་འོག་མ་ཐམས་ཅད་དེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། རབ་ཏུ་མ་ཞི་བར་གནས་པས་ཤིན་ཏུ་སྡུག་བསྔལ་བར་གནས་པ་དང་ཤིན་ཏུ་ཚེ་ཐུང་བའོ། །དེ་ལས་བཟློག་སྟེ་ས་གོང་མ་ནི་ཞི་བའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་གསུངས་སོ། །གསུམ་པ་ཐོབ་བྱའི་ངོ་བོ་ལ་དྲུག་སྟེ། ངོ་བོ། དབྱེ་བ། གྲངས་ངེས། མི་མཐུན་ཕྱོགས། ཁྱད་པར་ལ་དཔྱད་པ། དམིགས་རྣམ་ལ་དཔྱད་པའོ། །དང་པོ་ནི། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་ཁྱད་པར་དུ་བྱས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག སྙོམས་འཇུག་གི་དངོས་གཞིས་བསྡུས་པའོ། །གཉིས་པ་ལ་གཉིས་ཏེ། སའི་སྒོ་ནས་དབྱེ་བ་དང་། ངོ་བོའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། སོ་སོའི་ངོ་བོ་དང་། ཡན་ལག་གི་རྣམ་གཞག་གོ །དང་པོ་ལ་བཞི་ལས། བསམ་གཏན་དང་པོའི་དངོས་གཞི་ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་དོན་ཉན་ས་ལས་འགྲེལ་བའི་ཚུལ་ནི། འདོད་པ་ལ་ཉོན་མོངས་པའི་འདོད་པ་དང་། དངོས་པོའི་འདོད་པ་གཉིས་ལས། དང་པོ་ནི། འདོད་པ་ལ་འདུན་པ་དང་རྣམ་འཚེ་གཉིས་སོ། །ཕྱི་མ་ནི་གཟུགས་སོགས་འདོད་པའི་ཡོན་ཏན་ལྔའོ། །དེས་དབེན་པ་ལ་ཡང་གཉིས་ལས། སྔ་མ་ནི་མཚུངས་ལྡན་གྱིས་དབེན་པ་དང་། ཕྱི་མ་ནི་དམིགས་པས་དབེན་པའོ། །སྡིག་ཏོ་མི་དགེ་བའི་ཆོས་ནི་འདོད་པ་དེ་དག་གི་རྒྱུ་ལས་བྱུང་བའི་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་ཡིན་ལ། དེས་དབེན་པ་ནི་རྒྱུ་འདོད་པ་སྤངས་པས་འབྲས་བུ་ཉེས་སྤྱོད་སླར་ཡང་མི་འབྱུང་བའོ། །རྟོག་དཔྱོད་དང་བཅས་པ་ནི་དེ་ལ་སྐྱོན་དུ་མི་ལྟ་བས་འདོད་པའི་གཉེན་པོར་རང་སས་བསྡུས་པའི་རྟོག་དཔྱོད་དང་བཅས་པའོ། །དབེན་པ་ནི་འདོད་པའི་གཉེན་པོར་གྱུར་པའི་ཡིད་བྱེད་དྲུག་པ་ཡིན་ལ། དེའི་མཇུག་ཐོགས་དེ་མ་ཐག་ཏུ་བྱུང་བས་ན་སྐྱེས་པའོ། །རེ་ཞིག་འདོད་པའི་དོན་ཐོབ་པས་ན་དགའ་བ། ལུས་སེམས་ལས་སུ་རུང་བ་རྒྱ་ཆེན་པོ་དང་ལྡན་པས་ན་བདེ་བ་ཅན་ཏེ་ཕན་ཡོན་གྱི་ཡན་ལག་གོ །བསམ་གཏན་ནི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དང་པོ་ནི། འདོད་པ་ལས་བསྐྱོད་པའི་དང་པོའོ། །ཉེ་བར་བསྒྲུབ་པ་ནི་ཉེར་བསྡོགས་ལ་བརྟེན་ཏེ་གསར་དུ་བསྒྲུབ་པ། གནས་པ་ནི་ཕྱིས་ཡང་དང་ཡང་དུ་སྙོམས་པར་འཇུག་པའོ། །དེས་ན་བསམ་གཏན་དང་པོའི་དངོས་གཞིའི་མཚན་ཉིད། རྟོག་དཔྱོད་གང་རུང་གཉེན་པོའི་ཡན་ལག་གིས་འདོད་པ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག དབེན་པ་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །སངས་རྒྱས་ཀྱི་ས་ལམ་ཁྱབ་པ་སྤང་བའི་ཆེད་དུ་དེའི་རིགས་སུ་གནས་པའི་དངོས་གཞིའི་སྙོམས་འཇུག་ཞེས་སྦྱར་ཞིང་། འོག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྟོག་དཔྱོད་གང་རུང་ཞེས་པའི་དོན་ནི་བསམ་གཏན་དང་པོའི་དངོས་གཞི་ལ་རང་གི་ཡན་ལག་རགས་པ་སྤངས་མ་སྤངས་ཀྱི་ཁྱད་པར་གྱིས་དངོས་གཞི་ཙམ་པོ་དང་། ཁྱད་པར་ཅན་གཉིས་ཡོད་པ་ལས་དངོས་གཞི་ཙམ་པོའི་སྐབས་སུ་རྟོག་དཔྱོད་གཉིས་ཀ་ལྡན་ཡང་དངོས་གཞི་ཁྱད་པར་ཅན་གྱི་སྐབས་སུ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་དང་ལྡན་པས་དེ་སྐད་དུ་སྨོས་སོ། །བསམ་གཏན་གཉིས་པའི་དངོས་གཞི་ཤེར་ཕྱིན་ལས་གསུངས་པའི་དོན་ཉན་ས་ལས་འགྲེལ་པའི་ཚུལ་ནི། དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཐམས་ཅད་ཉེ་བར་ཞི་ནས་ཞེས་པ་ནི་རྟོག་དཔྱོད་དང་བཅས་པའི་ཏིང་ངེ་འཛིན་ནི་མི་བརྟན་པ་ཡིན་པས་དེ་དང་བྲལ་ཏེ་རྟོག་དཔྱོད་སྤངས་པའི་ཏིང་ངེ་འཛིན་བརྟན་པ་ལ་ཞུགས་པའོ། །ནང་ཡོངས་སུ་དང་སྟེ་ཞེས་པ་ནི་དེས་སེམས་ཞི་བར་བྱེད་པ་དང་། དྭང་བར་བྱེད་པའི་དོན་ནོ། །སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ཞེས་བྱ་བ་ནི་སྒོམ་པ་ངང་དུ་གྱུར་པས་དེ་ལ་རྟོག་དཔྱོད་ཀྱིས་བར་དུ་གཅོད་མི་ནུས་པའོ། །རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ཞེས་བྱ་བ་ནི་དེ་སྤངས་པའོ། །ཏིང་ངེ་འཛིན་ནི་བསམ་གཏན་དང་པོ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ཡིད་བྱེད་དྲུག་པ་ཡིན་ལ། དེ་ལས་བྱུང་བ་ནི་དེའི་མཇུག་ཐོགས་སུ་བྱུང་བའོ། །དགའ་བ་མན་ཆད་ཀྱི་དོན་ནི་སྔར་བཞིན་ནོ། །དེས་ན་བསམ་གཏན་གཉིས་པའི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། ནང་རབ་ཏུ་དྭང་བ་གཉེན་པོའི་ཡན་ལག་གིས་དཔྱོད་པ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །བསམ་གཏན་གསུམ་པའི་དངོས་གཞི་ཤེར་ཕྱིན་ལས་གསུངས་པའི་དོན་ཉན་ས་ལས་འགྲེལ་པའི་ཚུལ་ནི། དེ་དགའ་བ་ལ་འདོད་ཆགས་དང་བྲལ་བས་ཞེས་བྱ་བ་ནི་དེའི་མཚན་མ་ལ་སྐྱོན་དུ་ལྟ་བའོ། །བཏང་སྙོམས་སུ་གནས་ཏེ་ཞེས་པ་ནི་སེམས་རྒྱུན་དུ་བཏང་སྙོམས་སུ་གནས་པའི་གེགས་བསམ་གཏན་དང་པོའི་རྟོག་དཔྱོད་དང་གཉིས་པའི་དགའ་བ་དང་བྲལ་བས་རྒྱུན་དུ་བཏང་སྙོམས་ལ་གནས་པའོ། །དྲན་པ་དང་ཤེས་བཞིན་དུ་ཞེས་པའི་དོན་ནི་སེམས་རྒྱུན་དུ་བཏང་སྙོམས་ལ་གནས་པ་ན་དགའ་བའི་འདུ་ཤེས་མི་འབྱུང་བའི་ཆེད་དུ་དྲན་པ་ཉེ་བར་གནས་པར་བྱེད་ཅིང་། བརྗེད་ངས་པའི་དབང་གིས་བརྒྱ་ལམ་ན་དགའ་བའི་འདུ་ཤེས་བྱུང་བ་ན་ཤེས་བཞིན་གྱིས་སོ་སོར་རྟོག་པར་བྱེད་ཅིང་སྤོང་བར་བྱེད་པའོ། །བདེ་བ་ལུས་ཀྱི་མྱོང་ལ་ཞེས་པའི་དོན་ནི་གཟུགས་ཀྱི་ལུས་ཀྱིས་ཚོར་བ་བདེ་བ་དང་། ཡིད་ཀྱི་ལུས་ཀྱིས་ཤིན་ཏུ་སྦྱངས་པའི་བདེ་བ་སོ་སོར་མྱོང་བའོ། །འཕགས་པ་རྣམས་ཀྱིས་ཞེས་སོགས་ཀྱི་དོན་ནི་བསམ་གཏན་གཉིས་པ་མན་ཆད་ལ་ནི་བདེ་བ་དེ་ལྟ་བུ་ཡང་མེད་ལ་རྒྱུན་དུ་བཏང་སྙོམས་ལ་གནས་པ་ཡང་མེད། བཞི་པ་ཡན་ཆད་ལ་ནི་བཏང་སྙོམས་ཡོད་ཀྱང་བདེ་བ་དེ་ལྟ་བུ་མེད་པས་བསམ་གཏན་གསུམ་པ་ཁོ་ན་ལ་འཕགས་པ་རྣམས་ཀྱིས་དེ་སྐད་དུ་བརྗོད་པའོ། །འཕགས་པ་ནི་སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ། །དགའ་བ་མེད་པའི་ཞེས་བྱ་བ་ནི་དྲན་པ་དང་ཤེས་བཞིན་གྱི་སྟོབས་ཀྱིས་དགའ་བའི་ཚོར་བ་སྤངས་པའོ། །བསམ་གཏན་གསུམ་པ་ཞེས་པ་མན་ཆད་ཀྱི་དོན་ནི་སྔར་བཞིན་ནོ། །དེས་ན་བསམ་གཏན་གསུམ་པའི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། གཉེན་པོའི་ཡན་ལག་དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱིས་དགའ་བ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག དགའ་བ་སྤངས་པའི་སེམས་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །བསམ་གཏན་བཞི་པའི་དངོས་གཞི་ཤེར་ཕྱིན་ལས་གསུངས་པའི་དོན་ཉན་ས་ལས་འགྲེལ་པའི་ཚུལ་ནི། དེ་བདེ་བ་ཡང་སྤངས་ཞེས་པའི་དོན་ནི་བསམ་གཏན་གསུམ་པའི་ཡན་ལག་ཏུ་གྱུར་པའི་བདེ་བ་ད་ལྟ་ཉིད་དུ་སྤངས་པའི་དོན་ནོ། །སྡུག་བསྔལ་དང་ཡིད་བདེ་བ་དང་མི་བདེ་བ་སྔ་ནས་ནུབ་ཞེས་པའི་དོན་ནི། ཡིད་མི་བདེ་བ་བསམ་གཏན་དང་པོ་ནས་སྤངས། སྡུག་བསྔལ་བསམ་གཏན་གཉིས་པ་ནས་སྤངས། ཡིད་བདེ་བསམ་གཏན་གསུམ་པ་ནས་སྤངས་པའི་དོན་ནོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ཞེས་པ་ནི་ཚོར་བར་བཏང་སྙོམས་ཁོ་ན་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །བཏང་སྙོམས་དང་དྲན་པ་ནི་གཉེན་པོའི་ཡན་ལག་ཡིན་ལ། དེ་ལ་ཡོངས་སུ་དག་པ་ཞེས་སྨོས་པའི་དོན་ནི་བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར་རོ། །བཏང་སྙོམས་འདི་ནི་འདུ་བྱེད་བཏང་སྙོམས་སོ། །ལྷག་མ་རྣམས་ནི་སྔར་བཞིན་ནོ། །དེས་ན་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། དྲན་པ་དང་བཏང་སྙོམས་ཡང་དག་གཉེན་པོའི་ཡན་ལག་གིས་བདེ་བ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །གཉིས་པ་ཡན་ལག་གི་རྣམ་བཞག་ལ་གསུམ་སྟེ། ཡན་ལག་གི་དབྱེ་བ། ཡན་ལག་ཏུ་འགྱུར་ཚུལ། ཡན་ལག་སོ་སོའི་ངོ་བོའོ། །དང་པོ་ནི། ཀུན་བཏུས་ལས། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། ཡན་ལག་ལྔ་ནི་རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །གཉིས་པ་ལ་ཡན་ལག་བཞི་སྟེ། ཡན་ལག་བཞི་ནི་ནང་རབ་ཏུ་དྭང་བ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །གསུམ་པ་ལ་ཡན་ལག་ལྔ་སྟེ། ཡན་ལག་ལྔ་ནི། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བཞི་པ་ལ་ཡན་ལག་བཞི་སྟེ། ཡན་ལག་བཞི་ནི། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་། སེམས་རྩེ་གཅིག་པ་ཉིད་དོ་ཞེས་གསུངས་སོ། །མཛོད་ལས་ཀྱང་དེ་ལྟར་དུ་གསུངས་ཏེ། ལུང་ནི་སྔར་དྲངས་ཟིན་ཏོ། །གཉིས་པ་ནི། དང་པོའི་རྟོག་དཔྱོད་གཉིས། གཉིས་པའི་ནང་རབ་ཏུ་དྭང་བ། གསུམ་པའི་དྲན་ཤེས་བཞིན་བཏང་སྙོམས་གསུམ། བཞི་པའི་དྲན་པ་ཡོངས་དག་དང་། བཏང་སྙོམས་ཡོངས་དག་རྣམས་ནི། རང་རང་གི་གཉེན་པོའི་ཡན་ལག་ཡིན་ཏེ། རང་རང་གི་འོག་ས་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་པའི་ཕྱིར། དངོས་གཞིའི་དུས་སུ་འོག་ས་ལ་འདོད་ཆགས་དང་བྲལ་ཟིན་པས་གཉེན་པོར་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། དངོས་གཞིའི་དུས་སུ་འོག་སའི་ཐག་བསྲིང་བའི་གཉེན་པོ་བྱེད་ལ། ཉེར་བསྡོགས་ཀྱི་གནས་སྐབས་སུ་འོག་ས་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་གཉེན་པོ་དངོས་བྱེད་པའི་ཕྱིར། དང་པོ་གཉིས་ཀྱི་དགའ་བདེ། གསུམ་པའི་བདེ་བ། བཞི་པའི་ཚོར་བ་བཏང་སྙོམས་རྣམས་ནི་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། རང་རང་གི་འོག་ས་ལ་འདོད་ཆགས་དང་བྲལ་བར་བྱས་པའི་སྟོབས་ཀྱིས་ཐོབ་པའི་ཕྱིར་དང་། བསམ་གཏན་ལ་གནས་པའི་གང་ཟག་དེ་ལུས་སེམས་བདེ་བར་བྱེད་པའི་ཕྱིར། བཞི་ཀའི་ཏིང་ངེ་འཛིན་གནས་ཀྱི་ཡན་ལག་ཡིན་ཏེ། སྔར་བཤད་པའི་གཉེན་པོའི་ཡན་ལག་དང་། ཕན་ཡོན་གྱི་ཡན་ལག་གཉིས་ཀ་ཡང་དེ་ལ་བརྟེན་པའི་ཕྱིར་རོ། །ཇི་སྐད་དུ། རྒྱལ་པོའི་སྲས་ལས། གང་གི་དབང་དུ་བྱས་ནས་ཆོས་གཞན་དག་ཀྱང་ཡོད་བཞིན་དུ་རྟོག་པ་ལ་སོགས་པ་ཁོ་ན་བསམ་གཏན་རྣམས་ལ་ཡན་ལག་ཉིད་དུ་རྣམ་པར་བཞག་ཅེ་ན། དེ་ཙམ་གྱིས་གཉེན་པོ་དང་། ཕན་ཡོན་དང་། དེ་གཉིས་ཀའི་གནས་ཀྱི་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་རོ། །བསམ་གཏན་དང་པོ་ལ་རྟོག་པ་དང་དཔྱོད་པ་ནི་གཉེན་པོའི་ཡན་ལག་སྟེ། དེ་གཉིས་ཀྱིས་འདོད་པ་དང་གནོད་སེམས་དང་འཚེ་བའི་རྣམ་པར་རྟོག་པ་ལ་སོགས་པ་སྤོང་བའི་ཕྱིར་རོ། །དགའ་བ་དང་། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། རྟོག་པ་དཔྱོད་པ་གཉིས་ཀྱིས་གཉེན་པོ་བྱས་པའི་མི་མཐུན་ཕྱོགས་དེ་ལས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཐོབ་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ཉིད་ནི་དེ་གཉིས་ཀའི་གནས་ཀྱི་ཡན་ལག་སྟེ། ཏིང་ངེ་འཛིན་ལ་བརྟེན་པའི་སྟོབས་ཀྱིས་རྟོག་པ་ལ་སོགས་པ་འཇུག་པའི་ཕྱིར་རོ་ཞེས་གསུང་ཞིང་། དེ་བཞིན་དུ་བསམ་གཏན་གཉིས་པ་སོགས་ལ་ཡང་སྦྱར་ནས་གསུངས་སོ། །གསུམ་པ་ནི། བསམ་གཏན་དང་པོའི་ཡན་ལག་ཏུ་གྱུར་པའི་རྟོག་པ་ནི། འདོད་པ་ལ་རགས་པ་དང་བསམ་གཏན་དང་པོ་ལ་ཞི་བའི་རྣམ་པར་ལྟ་བའི་སེམས་བྱུང་ངོ་། །དཔྱོད་པ་ནི་དེའི་རྗེས་སུ་ཉོན་མོངས་པ་མང་ཉུང་དང་ཚེ་རིང་ཐུང་སོགས་ཞིབ་མོར་དཔྱོད་པའི་སེམས་བྱུང་ངོ་། །གཉིས་པའི་ནང་རབ་ཏུ་དྭང་བ་ནི་བྱེ་བྲག་ཏུ་སྨྲ་བས་བསམ་གཏན་གྱི་ས་ལས་ངེས་པར་འབྱུང་བའི་དད་པ་ལ་འདོད་དེ། མཛོད་ལས། རབ་ཏུ་དྭང་བ་དད་པ་ཡིན། །ཞེས་སོ། །སེམས་ཙམ་པས་དྲན་ཤེས་བཞིན་བཏང་སྙོམས་གསུམ་ལ་འདོད་དེ། གཏན་ལ་དབབ་པ་བསྡུ་བ་ལས། ནང་རབ་ཏུ་དྭང་བའི་ངོ་བོ་ནི་དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དག་གོ །བསམ་གཏན་དང་པོ་ནི། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དག་རྟོག་དཔྱོད་ཀྱིས་རྣམ་པར་དཀྲུགས་པའི་ཕྱིར་མ་སྨོས་སོ་ཞེས་སོ། །དང་པོ་གཉིས་ཀྱི་ཡན་ལག་དགའ་བ་ནི་སེམས་ཚོར་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་ཡིན་པའི་ཕྱིར། བདེ་བ་ནི། བྱེ་བྲག་ཏུ་སྨྲ་བས་ཤིན་ཏུ་སྦྱངས་པ་ལ་འདོད་དེ། མཛོད་ལས། ཤིན་ཏུ་སྦྱངས་པ་བདེ་བ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ནི་སེམས་བྱུང་དགེ་བ་བཅུ་གཅིག་གི་ནང་ཚན་ཡིན་པས་འདུ་བྱེད་ཀྱི་ཕུང་པོའི་ཁོངས་སུ་གཏོགས་ལ། ཚོར་བ་བདེ་བར་ནི་མི་འཐད་དེ། བསམ་གཏན་ལ་མཉམ་པར་བཞག་པའི་གནས་སྐབས་ན་ལུས་ཚོར་མེད་པའི་ཕྱིར་དང་། སེམས་ཚོར་ནི་དགའ་བར་བཞག་ཟིན་པའི་ཕྱིར། གཙོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་ཚོར་བ་རྫས་ཐ་དད་པ་གཉིས་ཅིག་ཆར་དུ་འབྱུང་བ་མི་སྲིད་པའི་ཕྱིར་ཞེས་ཟེར་རོ། །མདོ་སྡེ་པས་ལུས་ཚོར་ལ་འདོད་དེ། མདོ་ལས། བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བཤད་པའི་ཕྱིར། ཤིན་ཏུ་སྦྱངས་པའི་བདེ་བ་ལ་འདོད་པ་མི་འཐད་དེ། བསམ་གཏན་གསུམ་པའི་གནས་སྐབས་ན་ཤིན་ཏུ་སྦྱངས་པ་སྔ་མ་ལས་ཆེས་ཁྱད་པར་དུ་འཕགས་པ་ཡོད་ཀྱང་། ཡན་ལག་དུ་མ་བཞག་པའི་ཕྱིར་རོ། །གལ་ཏེ་བྱེ་བྲག་ཏུ་སྨྲ་བས་བསམ་གཏན་གསུམ་པར་ཤིན་ཏུ་སྦྱངས་པ་དེ་ཉིད་བཏང་སྙོམས་ཀྱིས་བཅོམ་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་དེ་ཡང་མི་འཐད་དེ། བཏང་སྙོམས་དེས་ཤིན་ཏུ་སྦྱངས་པ་དེ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཕྱིར་རོ། །སེམས་ཙམ་པས་སེམས་བདེ་ལ་འདོད་དེ། གཏན་ལ་དབབ་པ་བསྡུ་བ་ལས། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་གཅིག་ཉིད་ཡིད་ཤེས་འཁོར་བཅས་ལ་ཕན་འདོགས་པའི་ཆ་ནས་དགའ་བ། དབང་ཤེས་འཁོར་བཅས་ལ་ཕན་འདོགས་པའི་ཆ་ནས་བདེ་བར་བཤད་ཅིང་། རྒྱལ་སྲས་མ་ལས། དེས་འཇུག་ཤེས་འཁོར་བཅས་ལ་ཕན་འདོགས་པའི་ཆ་ནས་དགའ་བ། ཀུན་གཞིའི་རྣམ་པར་ཤེས་པ་འཁོར་བཅས་ལ་ཕན་འདོགས་པའི་ཆ་ནས་བདེ་བར་བཤད་པའི་ཕྱིར། གསུམ་པའི་ཡན་ལག་ཏུ་གྱུར་པའི་དྲན་པ་ནི་དགའ་བ་མི་འབྱུང་བར་བྱ་བའི་ཕྱིར་དུ་དམིགས་རྣམ་མ་བརྗེད་པར་འཛིན་པའི་སེམས་བྱུང་ངོ་། །ཤེས་བཞིན་ནི། དགའ་བ་བྱུང་མ་བྱུང་སོ་སོར་རྟོག་པར་བྱེད་ཅིང་། བྱུང་ན་མྱུར་དུ་སྤོང་བའི་སེམས་བྱུང་ངོ་། །བཏང་སྙོམས་ནི་སེམས་རིང་དུ་གནས་པའི་འདུ་བྱེད་བཏང་སྙོམས་ཡིན་གྱིས་ཚོར་བ་ནི་མ་ཡིན་ནོ། །གསུམ་པའི་ཡན་ལག་བདེ་བ་ནི། མདོ་སྡེ་པས་ལུས་ཚོར་ལ་འདོད་དེ། མདོ་ལས། བདེ་བ་ལུས་ཀྱིས་མྱོང་ལ་ཞེས་གསུངས་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བ་དང་སེམས་ཙམ་པས་སེམས་ཚོར་ལ་འདོད་དེ། བྱེ་བྲག་ཏུ་སྨྲ་བས་སྔར་གྱི་དགའ་བའི་རྒྱུན་དེ་ཉིད་དགའ་བ་ལ་འདོད་ཆགས་དང་བྲལ་བ་ཙམ་ལ་འདོད་ཅིང་། སེམས་ཙམ་པས་ནི་སྔར་གྱི་བདེ་བའི་རྒྱུན་ལ་འདོད་པའི་ཕྱིར་རོ། །བཞི་པའི་ཡན་ལག་ཏུ་གྱུར་པའི་བཏང་སྙོམས་ནི། སེམས་རྒྱུན་དུ་གནས་པའི་འདུ་བྱེད་བཏང་སྙོམས་ཡིན་ལ། དྲན་པ་ནི་བདེ་བ་མི་འབྱུང་བར་བྱ་བའི་ཕྱིར་དམིགས་རྣམ་མི་བརྗེད་པར་འཛིན་པའི་སེམས་བྱུང་ངོ་། །འོ་ན་དྲན་པ་དང་བཏང་སྙོམས་ཡན་ལག་ཏུ་སྨོས་ནས་ཤེས་བཞིན་མི་སྨོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཤེས་བཞིན་ནི་མི་མཐུན་ཕྱོགས་བྱུང་མ་བྱུང་སོ་སོར་རྟོག་པར་བྱེད་ཅིང་བྱུང་ན་མྱུར་དུ་སྤོང་བར་བྱེད་པ་ཡིན་ལ། བསམ་གཏན་བཞི་པ་ནི་བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བས་མི་མཐུན་ཕྱོགས་བྱུང་མ་བྱུང་སོ་སོར་རྟོག་པར་བྱེད་མི་དགོས་པའི་ཕྱིར་མ་སྨོས་སོ། །འོ་ན་དྲན་པ་ལ་ཡང་མཚུངས་སོ་སྙམ་ན་མ་ཡིན་ཏེ། དྲན་པ་ནི་མི་མཐུན་ཕྱོགས་མི་འབྱུང་བར་བྱེད་པ་ཙམ་ཡིན་ལ་དེ་ནི་ཐག་བསྲིང་བའི་གཉེན་པོའི་གནས་སྐབས་སུ་ཡང་དགོས་ཤིང་། མི་མཐུན་ཕྱོགས་བྱུང་མ་བྱུང་སོ་སོར་རྟོག་པར་བྱེད་པ་ནི་མི་མཐུན་ཕྱོགས་འབྱུང་མི་སྲིད་པའི་གནས་སྐབས་སུ་མི་དགོས་པའི་ཕྱིར་རོ། །འོ་ན་བསམ་གཏན་དང་པོར་དྲན་ཤེས་བཞིན་བཏང་སྙོམས་གསུམ་པོ་དེ་ཡན་ལག་ཏུ་མི་སྨོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྟོག་དཔྱོད་ཀྱིས་མངོན་པར་དཀྲུགས་པས་གཉེན་པོར་མི་འཐད་པའི་ཕྱིར་རོ། །གཉིས་པའི་སྐབས་སུ་གཉེན་པོར་འཐད་ཀྱང་རང་གི་མིང་གིས་མི་སྨོས་པའི་རྒྱུ་མཚན་ཡོད་དེ། དགའ་བ་ཉོན་མོངས་ཅན་གྱི་ཀུན་དཀྲིས་དང་མ་བྲལ་བས་རང་མིང་གིས་མི་ཐོབ་པའི་ཕྱིར་རོ། །གསུམ་པའི་སྐབས་སུ་རང་མིང་གིས་སྨོས་པའི་རྒྱུ་མཚན་ཡོད་དེ། དགའ་བ་ཉོན་མོངས་ཅན་གྱིས་ཀུན་དཀྲིས་དང་བྲལ་བས་རང་མིང་གིས་ཐོབ་པའི་ཕྱིར་རོ། །བཞི་པར་དྲན་པ་དང་བཏང་སྙོམས་གཉིས་ལ་ཡོངས་དག་ཞེས་སྨོས་པའི་རྒྱུ་མཚན་ཡོད་དེ། བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར་རོ། །བཞི་ཆར་གྱི་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་སེམས་བྱུང་ངོ་། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། སྙོམས་འཇུག་ཉོན་མོངས་ཅན་དང་། དག་པ་བ་དང་། ཟག་མེད་དོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ལ། ཁ་ཅིག་ན་རེ། བསམ་གཏན་གྱི་སྙོམས་འཇུག་ཉོན་མོངས་ཅན་གྱི་མཚན་ཉིད། རང་སའི་ཉོན་མོངས་པས་བཅིངས་པའི་བསམ་གཏན་གྱི་སས་བསྡུས་ཀྱི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་ཟེར་ན་སོ་སོ་སྐྱེ་བོའི་རྒྱུད་ཀྱི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་དག་པ་བ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། རང་སའི་སྲེད་པས་བཅིངས་པའི་བསམ་གཏན་གྱི་སས་བསྡུས་ཀྱི་སེམས་རྩེ་གཅིག་པ་ཡིན་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། ཟག་བཅས་ཀྱི་ས་རྣམས་ནི་སྲེད་པས་རིས་སུ་བཅད་པ་ཡིན་པའི་ཕྱིར། དེས་ན་རང་སའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་བསམ་གཏན་གྱི་སས་བསྡུས་ཀྱི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ལ་བཞི་སྟེ། སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་གྱི་སྙོམས་འཇུག་ཉོན་མོངས་ཅན་ནོ། །དང་པོའི་མཚན་ཉིད། ཤིན་ཏུ་སྦྱངས་པའི་བདེ་བའི་རོ་མྱོང་བའི་སྲེད་པ་དང་མཚུངས་པར་ལྡན་པའི་བསམ་གཏན་གྱི་སས་བསྡུས་ཀྱི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པའི་མཚན་ཉིད། སྔོན་གྱི་མཐའ་ལ་རྟོག་པ་ལ་སོགས་པ་རང་སའི་ལྟ་བ་དང་མཚུངས་པར་ལྡན་པའི་སོགས་སོ། །གསུམ་པའི་མཚན་ཉིད། ཡོན་ཏན་མ་ཐོབ་པ་ལ་ཐོབ་བོ་སྙམ་པའི་རང་སའི་མངོན་པའི་ང་རྒྱལ་དང་སོགས་སོ། །བཞི་པའི་མཚན་ཉིད། ཐར་པ་ལ་ཡིད་གཉིས་ཟ་བ་སོགས་ཀྱི་རང་སའི་ཐེ་ཚོམ་དང་མཚུངས་པར་ལྡན་པའི་བསམ་གཏན་གྱི་སས་བསྡུས་ཀྱི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་དག་པ་བ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ལ་ཁ་ཅིག་ན་རེ། ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་བསམ་གཏན་གྱི་སས་བསྡུས་ཀྱི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་ཞེས་ཟེར་ན། བདེན་པའི་རྣམ་པ་ཅན་གྱི་ཉན་ཐོས་ཀྱི་སྦྱོར་ལམ་གྱི་སེམས་རྟེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེས་ན་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་དག་པ་བའི་མཚན་ཉིད། ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་རིགས་སུ་གནས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག བདག་མེད་མངོན་སུམ་དུ་མ་རྟོགས་པའོ། །གཉིས་པ་དབྱེ་བ་ལ། ཉམས་པ་ཆ་མཐུན། གནས་པ་ཆ་མཐུན། ཁྱད་པར་ཆ་མཐུན། ངེས་འབྱེད་ཆ་མཐུན་དང་བཞི། དེ་རྣམས་ཀྱི་མཚན་ཉིད་ལ་ཁ་ཅིག རིམ་པ་ལྟར། བསམ་གཏན་གྱི་སྙོམས་འཇུག་དག་པ་བ་གང་ཞིག རང་གི་མཇུག་ཐོགས་སུ་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པ། གང་ཞིག རང་གི་མཇུག་ཐོགས་སུ་རང་རིགས་སྐྱེ་བ་དང་རྗེས་སུ་མཐུན་པ། གང་ཞིག རང་གི་མཇུག་ཐོགས་སུ་གོང་ས་སྐྱེ་བ་དང་རྗེས་སུ་མཐུན་པ། གང་ཞིག རང་གི་མཇུག་ཐོགས་སུ་ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པ་ཞེ་ན། རང་གི་མཇུག་ཐོགས་སུ་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་དག་པ་བ་སྐད་ཅིག་མ་གསུམ་སྐྱེ་བར་ངེས་ཤིང་དེའི་མཇུག་ཐོགས་སུ་བསམ་གཏན་གྱི་སྙོམས་འཇུག་ཉོན་མོངས་ཅན་སྐྱེ་བ་དང་རྗེས་སུ་མཐུན་པའི་བསམ་གཏན་གྱི་སྙོམས་འཇུག་དག་པ་བ་ཆོས་ཅན། ཉམས་པ་ཆ་མཐུན་དུ་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། གནས་པ་ཆ་མཐུན་དུ་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། འགལ་ལོ། །རང་གི་མཇུག་ཐོགས་སུ་གོང་སའི་ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའི་བསམ་གཏན་གྱི་སྙོམས་འཇུག་དག་པ་བ་ཆོས་ཅན། ཁྱད་པར་ཆ་མཐུན་དུ་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ངེས་འབྱེད་ཆ་མཐུན་དུ་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན་འགལ་ལོ། །དེས་ན་རིམ་པ་བཞིན། བསམ་གཏན་གྱི་སྙོམས་འཇུག་དག་པ་བ་གང་ཞིག རང་གི་རྒྱུན་རྫོགས་པའི་མཇུག་ཐོགས་དེ་མ་ཐག་ཏུ་ཉོན་མོངས་ཅན་གྱི་སྙོམས་འཇུག་སྐྱེ་བ་དང་རྗེས་སུ་མཐུན་པ། གང་ཞིག རང་གི་མཇུག་ཐོགས་དེ་མ་ཐག་ཏུ་རང་སའི་དག་པ་བ་སྐྱེ་བ་དང་རྗེས་སུ་མཐུན་ཅིང་། དེའི་རྒྱུན་རྫོགས་པའི་ཚེ་རྗེས་ཐོབ་ལ་གནས་པར་འགྱུར་བ། གང་ཞིག རང་གི་རྒྱུན་རྫོགས་པའི་མཇུག་ཐོགས་དེ་མ་ཐག་ཏུ་གོང་སའི་དག་པ་བ་སྐྱེ་བ་དང་རྗེས་སུ་མཐུན་པ། གང་ཞིག རང་གི་རྒྱུན་རྫོགས་པའི་མཇུག་ཐོགས་དེ་མ་ཐག་ཏུ་ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའོ། །གསུམ་པ་བསམ་གཏན་གྱི་སྙོམས་འཇུག་ཟག་མེད་ཀྱི་མཚན་ཉིད། ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་རིགས་སུ་གནས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག བདག་མེད་མངོན་སུམ་དུ་རྟོགས་པའོ། །གསུམ་པ་གྲངས་ངེས་ནི། སོ་སོ་སྐྱེ་བོའི་རྒྱུད་ཀྱི་སྙོམས་འཇུག་དེ་ལ་བསམ་གཏན་གྱི་སྙོམས་འཇུག་དང་། གཟུགས་མེད་ཀྱི་སྙོམས་འཇུག་གཉིས་སུ་གྲངས་ངེས་ཏེ། སོ་སོ་སྐྱེ་བོ་རྣམས་ནི་རྩོད་པའི་རྩ་བ་ལས་ངེས་པར་འབྱུང་བའི་ཕྱིར་དུ་སྙོམས་པར་འཇུག་པ་ཡིན་ཅིང་། རྩོད་པའི་རྩ་བ་དེ་ལ། ཚོར་བ་དང་། འདུ་ཤེས་གཉིས་སུ་ངེས་ལ། ཚོར་བས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་བསམ་གཏན། འདུ་ཤེས་ཀྱིས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་གཟུགས་མེད་ཀྱི་སྙོམས་འཇུག་བཞག་པའི་ཕྱིར་རོ། །རྩོད་པའི་རྩ་བ་ལ་གཉིས་སུ་ངེས་ཏེ། ཁྱིམ་པ་རྣམས་ནི་ཚོར་བ་བདེ་སྡུག་གི་དབང་གི་རྩོད་པར་བྱེད། རབ་ཏུ་བྱུང་བ་རྣམས་ནི་འདུ་ཤེས་ཕྱིན་ཅི་ལོག་མ་ལོག་གི་དབང་གིས་རྩོད་པར་བྱེད་པའི་ཕྱིར་ཏེ། མཛོད་ལས། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག །ཅེས་གསུངས་པའི་ཕྱིར། ཚོར་བས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་བསམ་གཏན་གྱི་སྙོམས་འཇུག་དེ་ལ་ཡང་བཞིར་ངེས་ཏེ། ཚོར་བ་དེ་ལ་སྡུག་བསྔལ་དང་། བདེ་བ་གཉིས། དེ་གཉིས་ལ་རགས་པ་དང་ཕྲ་བ་གཉིས་གཉིས་ཏེ་བཞི་ཡོད་ཅིང་། དེ་དག་ལས་རིམ་གྱིས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་བསམ་གཏན་གྱི་སྙོམས་འཇུག་བཞི་པོ་རིམ་པ་བཞིན་དུ་བཞག་པའི་ཕྱིར་རོ། །བཞི་པ་མི་མཐུན་ཕྱོགས་ལ་ཆེན་པོ་དང་། འབྲིང་དང་། ཆུང་ངུ་གསུམ་ལས། འདོད་པ་ལ་འདུན་པ་དང་། རྣམ་འཚེ་གཉིས་ནི་བསམ་གཏན་གྱི་མི་མཐུན་ཕྱོགས་ཆེན་པོ་ཡིན་ཏེ། བསམ་གཏན་ཙམ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར། རྟོག་དཔྱོད་གཉིས་ནི་མི་མཐུན་ཕྱོགས་འབྲིང་པོ་ཡིན་ཏེ། བསམ་གཏན་ཐོབ་ཟིན་ཁྱད་པར་དུ་འགྱུར་བ་ལ་གེགས་བྱེད་པའི་ཕྱིར། དགའ་བདེ་གཉིས་ནི་མི་མཐུན་ཕྱོགས་ཆུང་ངུ་ཡིན་ཏེ། སེམས་གནས་པ་ལས་རུང་དུ་བྱེད་པ་ལ་གེགས་བྱེད་པའི་ཕྱིར། ལྔ་པ་ཁྱད་པར་ལ་དཔྱད་པ་ལ། སྤང་བྱའི་ཁྱད་པར་དང་། ཚོར་བས་ངེས་པར་འབྱུང་བའི་ཁྱད་པར་གཉིས་ལས། དང་པོ་ནི། བསམ་གཏན་དང་པོ་དང་། གཉིས་པ་ལ། རྟོག་དཔྱོད་སྤངས་པ་དང་མ་སྤངས་པའི་བྱེ་བྲག་གིས། གཉེན་པོའི་ཡན་ལག་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི་ཁྱད་པར་ཡོད། གཉིས་པ་དང་གསུམ་པ་ལ་དགའ་བ་སྤངས་མ་སྤངས་ཀྱི་བྱེ་བྲག་གིས་ཕན་ཡོན་གྱི་ཡན་ལག་ཡོངས་སུ་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད། གསུམ་པ་དང་བཞི་པ་ལ་བདེ་བ་སྤངས་མ་སྤངས་ཀྱི་བྱེ་བྲག་གིས་ཏིང་ངེ་འཛིན་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་དོ། །གཉིས་པ་ནི། བྱིས་པ་རྣམས་ཀྱིས་ཚོར་བ་བཏང་སྙོམས་ལས་ངེས་པར་འབྱུང་མི་ནུས་པས་ན་འདིས་ངེས་པར་འབྱུང་བར་བྱ་བའི་ཚོར་བ་དེ་ལ་ཡིད་མི་བདེ་དང་། སྡུག་བསྔལ་དང་། ཡིད་བདེ་དང་། བདེ་བ་བཞི་ཡོད་པས། དེ་བཞི་རིམ་པ་བཞིན་དུ་སྤངས་མ་སྤངས་ཀྱི་ཁྱད་པར་ཡོད་དོ། །དྲུག་པ་དམིགས་རྣམ་ལ་དཔྱད་པ་ལ། སྙོམས་འཇུག་ཉོན་མོངས་ཅན་གྱི་དམིགས་རྣམ་ལ་དཔྱད་པ་དང་། དག་པ་བ་དང་ཟག་མེད་ཀྱི་དམིགས་རྣམ་ལ་དཔྱད་པ་དང་གཉིས་ལས། དང་པོ་ལ་མཛོད་ཀྱི་ལུགས་དང་། ཀུན་བཏུས་ཀྱི་ལུགས་གཉིས། དང་པོ་ནི། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་སྙོམས་འཇུག་ཉོན་མོངས་ཅན་ཐམས་ཅད་ཀྱང་སྲེད་པ་ཤས་ཆེ་བའི་སྙོམས་འཇུག་ཁོ་ནར་འདོད་དེ། སྙོམས་འཇུག་དེ་ལ་རོ་མྱོང་མཚུངས་ལྡན་དང་། དག་པ་བ་དང་། ཟག་མེད་གསུམ་དུ་ཕྱེ་ནས་རོ་མྱོང་མཚུངས་ལྡན་སྲེད་བཅས་སོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྲེད་པ་ཤས་ཆེ་བའི་སྙོམས་འཇུག་དེས་འོག་ས་ལ་དམིགས་པ་མེད་དེ། དེས་གང་ལ་དམིགས་པའི་ཡུལ་དེ་ལ་སྲེད་དགོས་ཤིང་། འོག་ས་ལ་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་རོ། །གོང་ས་ལ་དམིགས་པ་མེད་དེ། ཟག་བཅས་ཀྱི་ས་རྣམས་ནི་སྲེད་པས་རིས་སུ་བཅད་པ་ཡིན་པའི་ཕྱིར་རོ། །ཟག་མེད་ལ་དམིགས་པ་མེད་དེ། དེས་གང་ལ་དམིགས་པའི་ཡུལ་དེ་ལ་འདོད་པའི་ཚུལ་གྱིས་དམིགས་དགོས་ཤིང་ཟག་མེད་ལ་འདོད་པའི་ཚུལ་གྱིས་དམིགས་པའི་བློ་ཡིན་ན་དགེ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་རང་སའི་ཟག་བཅས་ཁོ་ན་ལ་དམིགས་པའི་དབང་དུ་བྱས་ནས་སྲེད་བཅས་རང་གི་སྲིད་ལ་དམིགས་ཞེས་གསུངས་སོ། །གཉིས་པ་ཀུན་བཏུས་ཀྱི་ལུགས་ནི། སྙོམས་འཇུག་ཉོན་མོངས་ཅན་གྱིས་གོང་ས་ལ་དམིགས་པ་ཡོད་དེ། ང་རྒྱལ་ཤས་ཆེ་བའི་སྙོམས་འཇུག་དེས་གོང་མའི་ཡོན་ཏན་མ་ཐོབ་པ་ལ་ཐོབ་བོ་སྙམ་དུ་རློམས་པའི་ཕྱིར་རོ། །འོག་ས་ལ་དམིགས་པ་ཡོད་དེ། ལྟ་བ་ཤས་ཆེ་བའི་སྙོམས་འཇུག་དེས་འོག་མའི་སེམས་ཅན་ལ་དམིགས་ནས་བདག་ཉིད་དེ་ལས་ཁྱད་པར་དུ་འཕགས་པར་འཛིན་པའི་ཕྱིར་རོ། །ཟག་མེད་ལ་དམིགས་པ་ཡོད་དེ། ཐེ་ཚོམ་ཤས་ཆེ་བའི་སྙོམས་འཇུག་དེས་ཐར་པ་ལ་དམིགས་ནས་ཡིད་གཉིས་ཟ་བའི་ཕྱིར་རོ། །སྲེད་པ་ཤས་ཆེ་བའི་སྙོམས་འཇུག་གིས་ནི། འདིའི་ལུགས་ལ་ཡང་རང་སའི་ཟག་བཅས་ཁོ་ན་ལ་དམིགས་སོ། །ཁྱད་པར་ཕྱེད་པ་གལ་ཆེའོ། །གཉིས་པ་སྙོམས་འཇུག་དག་པ་བ་དང་། ཟག་མེད་ཀྱི་དམིགས་རྣམ་ལ་དཔྱད་པ་ནི། བསམ་གཏན་གྱི་དངོས་གཞི་དག་པ་བ་དང་། ཟག་མེད་གཉིས་ཀས་ཀྱང་རང་ས་གོང་ས་འོག་སའི་ཟག་བཅས་ཐམས་ཅད་དང་། ཟག་མེད་ཐམས་ཅད་ལ་དམིགས་ཏེ། མཛོད་ལས། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །ཞེས་གསུངས་པའི་ཕྱིར། བཞི་པ་ཐོབ་ཚུལ་ནི། རྣལ་འབྱོར་པ་རྣམས་ཀྱིས་དང་པོར་འདོད་པ་ལ་འདུན་པ་དང་། རྣམ་འཚེ་གཉིས་པོ་སྡུག་བསྔལ་གྱི་རྩ་བར་མཐོང་ནས་རྟོག་དཔྱོད་གཉིས་ཀྱིས་དེ་སྤོང་བ་ལ་ཞུགས་ཏེ་སྤངས་པའི་ཚེ་བསམ་གཏན་དང་པོའི་དངོས་གཞི་ཐོབ། དེའི་འོག་ཏུ་རྟོག་དཔྱོད་གཉིས་པོ་ཡང་སེམས་རྣམ་པར་དཀྲུགས་པར་བྱེད་པས་ཏིང་ངེ་འཛིན་གྱི་སྐྱོན་དུ་མཐོང་ནས་ནང་རབ་ཏུ་དྭང་བས་དེ་སྤོང་བ་ལ་ཞུགས་ཏེ་སྤངས་པའི་ཚེ་བསམ་གཏན་གཉིས་པའི་དངོས་གཞི་ཐོབ། དེའི་འོག་ཏུ་དགའ་བ་ཡང་ཡིད་གཡོ་བར་བྱེད་པས་ཏིང་ངེ་འཛིན་གྱི་སྐྱོན་དུ་མཐོང་ནས་དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱིས་དེ་སྤོང་བ་ལ་ཞུགས་ཏེ་སྤངས་པའི་ཚེ་བསམ་གཏན་གསུམ་པའི་དངོས་གཞི་ཐོབ། དེའི་འོག་ཏུ་བདེ་བ་ཡང་སེམས་ལ་འགྱུར་བ་བསྐྱེད་པར་བྱེད་པས་ཏིང་ངེ་འཛིན་གྱི་སྐྱོན་དུ་མཐོང་ནས་བཏང་སྙོམས་ཡོངས་དག་དང་། དྲན་པ་ཡོངས་དག་གིས་དེ་སྤོང་བ་ལ་ཞུགས་པས་སྤངས་པའི་ཚེ་བསམ་གཏན་བཞི་པའི་དངོས་གཞི་ཐོབ་བོ། །ལྔ་པ་ཐོབ་པའི་རྟགས་ནི། ཉན་ས་ལས། བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པའི་ཚེ་ལུས་ས་ལ་འབྱིངས་བ་ལྟ་བུའི་རྟགས་འབྱུང་བར་གསུངས་སོ། །གཉིས་པ་འབྲས་བུ་སྐྱེ་བའི་བསམ་གཏན་བཤད་པ་ལ་གཉིས་ཏེ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། ཁ་ཅིག རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་སྟོབས་ཀྱིས་གཟུགས་ཁམས་སུ་ཐོབ་པའི་རྣམ་སྨིན་གྱི་འབྲས་བུའོ་ཞེས་ཟེར་བ་ནི་མི་འཐད་དེ། གཟུགས་ཁམས་ཀྱི་གཞལ་ཡས་ཁང་དེ་འབྲས་བུ་སྐྱེ་བའི་བསམ་གཏན་ཡིན་ཀྱང་། རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་སྟོབས་ཀྱིས་ཐོབ་པའི་རྣམ་སྨིན་གྱི་འབྲས་བུ་མིན་པའི་ཕྱིར་ཏེ། དེའི་བདག་འབྲས་ཡིན་པའི་ཕྱིར། གཞན་ཡང་གཟུགས་ཁམས་སུ་སྐྱེ་བས་ཐོབ་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། དགེ་བ་ཡིན་པའི་ཕྱིར་རོ། །ཁ་ཅིག རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་ཞེས་ཟེར་ན། འདོད་པའི་རྟེན་ཅན་གྱི་སོ་སྐྱེའི་རྒྱུད་ཀྱི་མངོན་ཤེས་དང་པོ་ལྔ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། འདོད་པའི་རྟེན་ཅན་གྱིས་སོ་སྐྱེའི་རྒྱུད་ཀྱི་ཡོན་ཏན་ཡིན་པའི་ཕྱིར། རང་ལུགས་ནི། རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་སྟོབས་ཀྱིས་གཟུགས་ཁམས་སུ་ཐོབ་པའི་འདུས་བྱས་ཀྱི་ཆོས་སོ། །གཉིས་པ་དབྱེ་བ་ལ། ངོ་བོའི་སྒོ་ནས་དབྱེ་བ་དང་། གནས་ཀྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ། རྒྱུ་མཐུན་གྱི། རྣམ་སྨིན་གྱི། བདག་པོའི་འབྲས་བུ་དང་གསུམ། དང་པོ་ནི། གཟུགས་ཁམས་སུ་སྐྱེ་བས་ཐོབ་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་རྣམས་སོ། །གཉིས་པ་ནི། གཟུགས་ཁམས་པའི་གང་ཟག་གི་རྒྱུད་ཀྱི་རྣམ་སྨིན་གྱི་འབྲས་བུས་བསྡུས་པའི་ཉེར་ལེན་གྱི་ཕུང་པོ་ལྔའོ། །གསུམ་པ་ནི་གཟུགས་ཁམས་ཀྱི་གཞལ་ཡས་ཁང་ལྟ་བུའོ། །གཟུགས་ཁམས་ཀྱི་གཞལ་ཡས་ཁང་སེམས་ཅན་དང་བཅས་པ་འབྲས་བུ་སྐྱེ་བའི་བསམ་གཏན་ཡིན་པའི་རྒྱུ་མཚན་ནི་མཛོད་ཀྱི་སྙོམས་འཇུག་བསྟན་པའི་སྐབས་སུ། བསམ་གཏན་དག་ནི་རྣམ་གཉིས་བཞི། །དེར་སྐྱེ་བ་དག་རབ་ཏུ་བཤད། །ཅེས་གསུང་ཞིང་། དེའི་འགྲེལ་པར། འབྲས་བུ་སྐྱེ་བའི་བསམ་གཏན་ནི་འཇིག་རྟེན་བསྟན་པའི་སྐབས་སུ་བཤད་ཟིན་པར་གསུངས་ལ། འཇིག་རྟེན་བསྟན་པའི་སྐབས་སུ། གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཁམས་ཡིན་དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། །ཞེས་གསུངས་ལ། དེའི་འགྲེལ་པར། དེ་ལྟར་ན་གནས་བཅུ་བདུན་པོ་འདི་དག་དེ་ན་གནས་པའི་སེམས་ཅན་རྣམས་དང་བཅས་པ་ནི་གཟུགས་ཀྱི་ཁམས་ཡིན་ནོ་ཞེས་དང་། ཀུན་བཏུས་ཀྱི་འགྲེལ་པ་རྒྱལ་པོ་སྲས་ལས། བསམ་གཏན་རྣམས་ནི་ཆུང་ངུ་དང་འབྲིང་དང་ཆེར་ཡོངས་སུ་བསྒོམ་པའི་ཕྱིར་རོ། །རེ་རེ་ལ་ཡང་བསམ་གཏན་གྱི་སྐྱེ་བ་རྣམ་པ་གསུམ་ནི་འབྲས་བུ་ཡིན་ཏེ། འདི་ལྟ་སྟེ་ཚངས་རིས་དང་ཞེས་སོགས་གསུངས་པ་ལས་ཤེས་སོ། །གཉིས་པ་གནས་ཀྱི་སྒོ་ནས་དབྱེ་ན་རྣམ་པ་བཅུ་བདུན་ཡོད་དེ། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་པོ་ཆུང་ངུ་འབྲིང་ཆེན་པོ་གསུམ་བསྒོམས་པས་རིམ་པ་བཞིན་དུ་བསམ་གཏན་དང་པོའི་གནས་ཚངས་རིས་དང་ཚངས་པ་མདུན་ན་འདོན་དང་། ཚངས་ཆེན་གསུམ་གྱི་སྐྱེ་བ་འགྲུབ། གཉིས་པའི་རྒྱུ་སྙོམས་འཇུག་གི་བསམ་གཏན་ཆུང་ངུ་འབྲིང་ཆེན་པོ་གསུམ་བསྒོམས་པས་རིམ་པ་བཞིན་བསམ་གཏན་གཉིས་པའི་གནས། འོད་ཆུང་། ཚད་མེད་འོད། འོད་གསལ་གསུམ་གྱི་སྐྱེ་བ་འགྲུབ། བསམ་གཏན་གསུམ་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་བསྒོམས་པས་རིམ་བཞིན་དགེ་ཆུང་། ཚད་མེད་དགེ དགེ་རྒྱས་གསུམ་གྱི་སྐྱེ་བ་འགྲུབ། བཞི་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་བསྒོམས་པས་རིམ་པ་བཞིན་བསམ་གཏན་བཞི་པའི་སོ་སྐྱེའི་སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བའི་སྐྱེ་བ་གསུམ་འགྲུབ། བཞི་པ་སྤེལ་སྒོམ་ཆུང་ངུ་འབྲིང་ཆེན་པོ་ཤིན་ཏུ་ཆེན་པོ་ཤིན་ཏུ་ཆེས་ཆེན་པོ་ལྔ་སྒོམ་པས་རིམ་པ་བཞིན། འཕགས་པའི་གནས་མི་ཆེ་བ། མི་གདུང་བ། ཤིན་ཏུ་མཐོང་། གྱ་ནོམ་སྣང་། འོག་མིན་གྱི་སྐྱེ་བ་ལྔ་འགྲུབ་པའི་ཕྱིར་རོ། །འོ་ན་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་གྱི་ཁྱད་པར་གང་ཞེ་ན། གུས་སྦྱོར་དང་། རྟགས་སྦྱོར་གཉིས་ཀ་དང་མི་ལྡན་པར་སྒོམ་པ་ནི་ཆུང་ངུ་། གང་རུང་གཅིག་དང་ལྡན་པར་སྒོམ་པ་ནི་འབྲིང་། གཉིས་ཀ་དང་ལྡན་པར་སྒོམ་པ་ནི་ཆེན་པོའོ། །སྤེལ་སྒོམ་ཆུང་ངུ་སོགས་ཀྱི་ཁྱད་པར་ནི་གསུམ་སྤེལ་ཆུང་ངུ་། དྲུག་སྤེལ་འབྲིང་། དགུ་སྤེལ་ཆེན་པོ། བཅུ་གཉིས་སྤེལ་ཤིན་ཏུ་ཆེན་པོ། བཅོ་ལྔ་སྤེལ་ཤིན་ཏུ་ཆེས་ཆེན་པའོ། །འོ་ན་འདིའི་ཟག་བཅས་དང་ཟག་མེད་གང་གི་དབང་གིས་གནས་གཙང་མར་སྐྱེ་བ་ཡིན་ཞེ་ན། ཟག་བཅས་ཀྱི་དབང་གིས་སྐྱེ་བ་ཡིན་ཏེ། མཛོད་འགྲེལ་ལས། དེ་ལ་ཟག་པ་དང་བཅས་པ་གང་ཡིན་པའི་དབང་གིས་དེ་དག་ཏུ་སྐྱེའོ་ཞེས་གསུངས་པའི་ཕྱིར། འོ་ན་སོ་སོ་སྐྱེ་བོ་ཡང་གནས་གཙང་མར་སྐྱེ་བར་འགྱུར་རོ་སྙམ་ན། མ་ཡིན་ཏེ། ཟག་མེད་དང་སྤེལ་བའི་ཟག་བཅས་ཀྱི་དབང་གིས་སྐྱེ་དགོས་པའི་ཕྱིར་རོ། །ཚོར་བས་ངེས་པར་འབྱུང་བ་བསམ་གཏན་བཤད་ཟིན་ཏོ།། །།གཉིས་པ་འདུ་ཤེས་ཀྱིས་ངེས་པར་འབྱུང་བ་གཟུགས་མེད་བཤད་པ་ལ་གསུམ་སྟེ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ། བསྟན་བཅོས་ལས་ཇི་ལྟར་བཀྲལ་བའི་ཚུལ། དེ་དག་གི་དོན་གཏན་ལ་དབབ་པའོ། །དང་པོ་ནི། ཤེར་ཕྱིན་གྱི་མདོ་ལས། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་ཤེས་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཡང་དག་པར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅུང་ཟད་མེད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ཡང་དག་པར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཡང་དག་པར་བསྒྲུབས་ཏེ་གནས་སོ་ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། ཚིག་ཇི་ལྟར་བཀྲལ་བའི་ཚུལ་དང་། དོན་ཇི་ལྟར་བཀྲལ་བའི་ཚུལ་ལོ། །དང་པོ་ནི། མདོ་དང་པོའི་དོན་ཉན་ས་ལས། དེ་ལ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི། ནམ་མཁར་མོས་པར་བྱེད་པའི་ཕྱིར། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་ལྡན་པའི་འདུ་ཤེས་དེ་དག་ནི་མི་སྣང་ཞིང་སྐྱེ་ལ་འདོད་ཆགས་དང་བྲལ་བས་ཡང་དག་པར་འདས་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་གསུངས་སོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི། དེ་དག་ལས་ཡང་དག་པར་འདས་ཤིང་མི་སྣང་བར་འགྱུར་བའི་རྒྱུས་ཁ་དོག་བསགས་པའི་རྒྱུ་གྱུར་པའི་སྒྲིབ་པའི་འདུ་ཤེས་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་དག་དང་བྲལ་བས་ན། དེའི་ཕྱིར་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་བྱ་བ་གསུངས་སོ། །སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ཞེས་བྱ་བ་ནི། དེ་དག་དང་བྲལ་བས་ཐོགས་པ་ཁྱད་པར་ཅན་རྣམ་པ་སྣ་ཚོགས་པ་དེ་དག་ཉིད་ལ་འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཞོན་པ་དང་། གོས་དང་། རྒྱན་དང་། གནས་དང་། སྐྱེད་མོས་ཚལ་དང་། ནགས་ཚལ་དང་། དམག་དང་། རི་ལ་སོགས་པའི་ཉེ་བར་འདོགས་པའི་འདུ་ཤེས་འཇུག་པ་གང་ཡིན་པའི་འདུ་ཤེས་དེ་དག་ཀྱང་དེ་རྣམས་ལ་གཏད་ཀྱང་། རྣམ་པ་ཐམས་ཅད་དུ་དེ་ལས་འབྱུང་བར་མི་འགྱུར་བས་ན། དེའི་ཕྱིར་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པ་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི། དེས་དེ་ལྟར་གཟུགས་དང་། ཐོགས་པ་དང་། སྣ་ཚོགས་ཀྱི་འདུ་ཤེས་དག་རྣམ་པར་བཤིག་ནས་ནམ་མཁའ་མཐའ་ཡས་པའི་རྣམ་པས་མོས་པར་བྱེད་པས་ན། དེའི་ཕྱིར་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་ཉེར་བསྡོགས་ལས་ཡང་དག་པར་འདས་ཤིང་། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན་དེའི་ཕྱིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །ཇི་སྲིད་དུ་དངོས་གཞི་ལ་སྙོམས་པར་མི་འཇུག་པའི་བར་དུ་ནི་དེ་ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་དོ། །སྙོམས་པར་འཇུག་ནས་ཀྱང་ནམ་མཁའ་དེ་ཉིད་དང་དེ་ལ་གནས་པ་རང་གི་ས་པའི་ཕུང་པོ་རྣམས་ལ་དམིགས་པར་བྱེད་དོ། །ཉེར་བསྡོགས་ཀྱི་ཚེ་ན་ནི་ས་འོག་མའི་ཕུང་པོ་རྣམས་ལ་ཡང་དམིགས་པར་བྱེད་དོ་ཞེས་སོ། །མདོ་གཉིས་པའི་དོན་ཉན་ས་ལས། དེ་ལ་དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་བྱ་བ་ནི་དེ་རྣམ་པར་ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་པར་མོས་པར་བྱེད་པ་ནམ་མཁའ་མཐའ་ཡས་པར་མོས་པར་བྱེད་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱིས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འདོད་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་ལས་བཟློག་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་རྣམ་པར་ཤེས་པ་དེ་ཉིད་ལ་མཐའ་ཡས་པའི་རྣམ་པར་མོས་པར་བྱེད་ཅིང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་པ་ན་དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་ཞེས་གསུངས་སོ། །རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་པར་གནས་སོ་ཞེས་བྱ་བ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཤིང་། སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་པས་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན་དེའི་ཕྱིར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །མདོ་གསུམ་པའི་དོན་ཉན་ས་ལས། དེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་བསྐྱོད་ཅིང་རྣམ་པར་ཤེས་པ་ལས་གཞན་པའི་དམིགས་པ་ཅི་དང་ཡང་ལྡན་པ་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཡོངས་སུ་ཚོལ་བར་བྱེད་པ་ན་མ་རྙེད་དེ། དེས་དམིགས་པ་དེ་མ་རྙེད་པ་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་ཏེ། དམིགས་པ་གཞན་ཅི་ཡང་མེད་དོ་ཞེས་མོས་པར་བྱེད་ཅིང་ཅི་ཡང་མེད་པའི་འདུ་ཤེས་ཁོ་ན་ལ་མོས་པར་འགྱུར་ཏེ། དེས་འདུ་ཤེས་ལ་མོས་པ་དེ་ལན་མང་དུ་བྱས་པའི་རྒྱུ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཏེ་སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་པས། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན་དེའི་ཕྱིར་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་སོ། །མདོ་བཞི་པའི་དོན་ཉན་ས་ལས། དེ་ལ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་ནི། དེ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་བསྐྱོད་ཅིང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལ་རགས་པར་འདུ་ཤེས་ཤིང་ཉེས་དམིགས་སུ་འདུ་ཤེས་པས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལས་བཟློག་པར་བྱེད་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་གསུངས་སོ། །འདུ་ཤེས་མེད་ཅེས་བྱ་བ་ནི་དེ་སྔོན་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ཅི་ཡང་གི་འདུ་ཤེས་ལས་ཡང་དག་པར་འདས་ལ་ད་ལྟར་ནི་ཅི་ཡང་མེད་པའི་འདུ་ཤེས་ལས་ཡང་དག་པར་འདས་པས་ན་དེའི་ཕྱིར་འདུ་ཤེས་མེད་ཅེས་བྱ་བ་གསུངས་ཏེ། འདི་ལྟ་སྟེ་ཅི་ཡང་མེད་པའི་འདུ་ཤེས་མེད་པ་ལ་བྱའོ། །འདུ་ཤེས་མེད་མིན་ཞེས་བྱ་བ་ནི། དེའི་འདུ་ཤེས་འདི་ལྟ་སྟེ་དཔེར་ན་འདུ་ཤེས་མེད་པའམ་འགོག་པའི་སྙོམས་པར་འཇུག་པ་དག་གི་ལྟར་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པ་མ་ཡིན་ཏེ། འདུ་ཤེས་དེ་ཕྲ་ཞིང་དམིགས་པ་ལ་མཚན་མ་མེད་པ་འཇུག་པ་ཁོ་ནར་ཡིན་པས་ན་དེའི་ཕྱིར་འདུ་ཤེས་མེད་མིན་ཞེས་གསུངས་སོ། །སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་དེ་ལྟར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་མོས་པར་བྱེད་པས་ན་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དངོས་གཞིའི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་ཤིང་སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་པས་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་དེའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ལུས་སའི་འོག་ཏུ་བྱིང་བར་སྣང་བ་ལྟ་བུའི་རྟགས་འབྱུང་ངོ་། །གཟུགས་མེད་པ་དག་ལ་སྙོམས་པར་འཇུག་པའི་ཚེ་ན་ནི། ལུས་ནམ་མཁའ་ལ་འཕུར་བ་ལྟར་སྣང་བའི་རྟགས་འབྱུང་སྟེ། དེ་དག་ལ་ཞི་གནས་ཀྱི་རྣམ་པས་བཏང་སྙོམས་སུ་བཞག་ན་ཡང་དག་པའི་རབ་ཏུ་སྦྱོར་བ་ཡིན་ནོ་ཞེས་སོ། །ཅི་ཕྱིར་གཟུགས་མེད་པ་བཞིར་ཟད་དེ། དེ་བས་ཆེས་མང་བ་ཡང་མ་ཡིན་ལ་ཉུང་བ་ཡང་མ་ཡིན་ཞེ་ན་ཞེས་གསུངས་སོ། །གཉིས་པ་དོན་ཇི་ལྟར་བཀྲལ་བའི་ཚུལ་ནི། མངོན་པ་གོང་འོག་ལས་གསུངས་པའི་ཚུལ་སྔར་བཤད་པ་རྣམས་ཡན་ལག་གི་རྣམ་པར་བཞག་པ་རྣམས་མ་གཏོགས་པ་ཕལ་ཆེར་བསམ་གཏན་དང་གཟུགས་མེད་གཉིས་ཆར་གྱི་ཐུན་མོང་བ་ཡིན་པས་དེར་ཤེས་པར་བྱའོ། །གསུམ་པ་དེ་དག་གི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ། རྒྱུ་སྙོམས་འཇུག་གི་གཟུགས་མེད་དང་། འབྲས་བུ་སྐྱེ་བའི་གཟུགས་མེད་དོ། །དང་པོ་ལ། གང་ལ་སྐྱེ་བའི་རྟེན་དང་། ཐོབ་པར་བྱེད་པའི་རྒྱུ་ནི་སྔར་བསམ་གཏན་གྱི་སྐབས་སུ་བཤད་ཟིན་ནས། འདིར་ཐོབ་བྱའི་ངོ་བོ། ཐོབ་པའི་ཚུལ། ཐོབ་པའི་རྟགས་དང་གསུམ་ལས། དང་པོ་ལ་ལྔ་སྟེ། ངོ་བོ། དབྱེ་བ། གྲངས་ངེས། མི་མཐུན་ཕྱོགས། དམིགས་རྣམ་དཔྱད་པའོ། །དང་པོ་ནི། དམིགས་པའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་རིགས་སུ་གནས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ལ་གཉིས་ཏེ། སའི་སྒོ་ནས་དབྱེ་བ་དང་། ངོ་བོའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཟུགས་མེད་དང་པོ་ཤེར་ཕྱིན་ལས་གསུངས་པ་ཉན་ས་ལས་བཀྲལ་བའི་ཚུལ་ནི། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་ཁ་དོག་སྔོན་པོ་ལ་སོགས་པའི་ཁ་དོག་གི་འདུ་ཤེས་མི་སྣང་ཞིང་སྐྱོ་ལ་འདོད་ཆགས་དང་བྲལ་བའོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི་རྒྱུ་དེས་ཁ་དོག་བསགས་པའི་རྒྱུ་ལས་བྱུང་བའི་རྭ་བ་ལ་སོགས་པ་སྒྲིབ་པའི་འདུ་ཤེས་དང་བྲལ་བའོ། །སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ཞེས་བྱ་བ་ནི་རྒྱུ་དེས་ཐོགས་པ་ཁྱད་པར་ཅན་ཟས་སྐོམ་ལ་སོགས་པ་སྣ་ཚོགས་པ་རྣམས་ལ་ཡིད་གཏད་ཀྱང་དེའི་འདུ་ཤེས་འབྱུང་བར་མི་འགྱུར་བའོ། །ནམ་མཁའ་མཐའ་ཡས་སོ་ཞེས་བྱ་བ་ནི་འདུ་ཤེས་གསུམ་པོ་དེ་དག་བཤིག་ནས་སྦྱོར་བའི་དུས་སུ་ནམ་མཁའ་མཐའ་ཡས་པའི་རྣམ་པས་མོས་པར་བྱེད་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་ཉེར་བསྡོགས་ལས་འདས་ཤིང་དངོས་གཞི་ལ་སྙོམས་པར་འཇུག་པའོ། །དག་ལྡན་ལས་ཀྱང་། གཟུགས་ཀྱི་འདུ་ཤེས་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་འདུ་ཤེས་སོ། །ཐོགས་པའི་འདུ་ཤེས་ནི་རྩིག་པ་དང་རྭ་བ་ལ་སོགས་པ་སྒྲིབ་པའི་འདུ་ཤེས་སོ། །སྣ་ཚོགས་ཀྱི་འདུ་ཤེས་ནི་ཁང་བཟངས་དང་། སྐྱེད་མོས་ཚལ་དང་། རི་དང་། ཟླ་བ་དང་། ཉི་མ་ལ་སོགས་པའི་འདུ་ཤེས་སོ་ཞེས་གསུངས་སོ། །ཇི་སྲིད་དུ་དངོས་གཞི་ལ་སྙོམས་པར་མི་འཇུག་པའི་བར་དུ་ཞེས་སོགས་ཀྱི་དོན་ནི། གཟུགས་མེད་ཀྱི་དངོས་གཞི་བསྒྲུབ་པའི་ཚུལ་ལ་དང་པོར་ཉེར་བསྡོགས་ཡིད་བྱེད་དྲུག་གིས་འོག་ས་ལ་འདོད་ཆགས་དང་བྲལ་བར་བྱས་ནས་དེའི་འོག་ཏུ་འདི་ནས་བཤད་པ་ལྟར་གྱི་གཟུགས་ཀྱི་འདུ་ཤེས་དང་། ནམ་མཁའི་འདུ་ཤེས་ལ་སོགས་པ་བསལ་ནས་ནམ་མཁའ་མཐའ་ཡས་སོ་སྙམ་པ་སོགས་ཀྱི་སྦྱོར་བསྒོམ། དེའི་འོག་ཏུ་སྦྱོར་བ་དེ་ཉིད་དངོས་གཞིར་གྱུར་པ་སྟེ་གསུམ་གསུམ་ཡོད་པ་ལས་ཉེར་བསྡོགས་ཀྱི་སྐབས་སུ་ཞི་རགས་ཀྱི་རྣམ་པ་སྒོམ་དགོས་པས་འོག་སའི་ཕུང་པོ་དང་། རང་སའི་ཕུང་པོ་གཉིས་ཀ་ལ་དམིགས། སྦྱོར་བའི་སྐབས་སུ་འདུ་ཤེས་འོག་མ་བསལ་ནས་ནམ་མཁའ་སོགས་ཀྱི་འདུ་ཤེས་རྩེ་གཅིག་ཏུ་སྒོམ་དགོས་པས་ནམ་མཁའ་དང་རྣམ་ཤེས་སོགས་ཁོ་ན་ལ་དམིགས། དངོས་གཞིའི་སྐབས་སུ་དེ་ཉིད་གོམས་པ་ངང་དུ་གྱུར་པས་རང་སའི་ཕུང་པོ་ལ་ཡང་དམིགས་པའི་དོན་ཏེ། ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་དོ་ཞེས་པའི་ཚིག་དེ་ཉིད་རྣམ་ཤེས་ཁོ་ན་ལ་ཡང་དམིགས་པར་བྱེད་དོ་ཞེས་སོགས་འདོན་པ་བསྒྱུར་བར་བྱེད་དོ། །བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་ཉེར་བསྡོགས་ཡིད་བྱེད་དྲུག་པོ་ཐམས་ཅད་ས་གོང་འོག་ལ་ཞི་རགས་སུ་ལྟ་བའི་རྣམ་པ་ཅན་ཡིན་པ་དང་། གཟུགས་མེད་རྣམས་དམིགས་པའི་སྒོ་ནས་འོག་ས་ལས་འདའ་བ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་པའི་ཐ་སྙད་སྦྱོར་བའི་སྒོ་ནས་མིང་དུ་བཏགས་པར་གསུངས་པ་དང་། འདིར་གཟུགས་མེད་ཀྱི་སྐབས་སུ་ཉེར་བསྡོགས་དང་སྦྱོར་བ་སོ་སོར་བཤད་པའི་གནད་རྣམས་རྟོགས་ན་དེའི་ཚེ་ཁོ་བོ་དྲན་པ་འབྱུང་ངོ་། །མི་ཤེས་པ་དག་གི་ངོ་ཚ་བོར་བའི་གཏམ་ཅི་ཡང་མ་སྨྲ་ཤིག དེས་ན་གཟུགས་མེད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་མཚན་ཉིད་སྦྱོར་བའི་དུས་སུ་གཟུགས་ཀྱི་འདུ་ཤེས་བསལ་ནས་ནམ་མཁའི་འདུ་ཤེས་གོམས་པར་བྱས་པ་ལས་དངོས་གཞིའི་དུས་སུ་དེ་ཉིད་མངོན་དུ་གྱུར་པའི་རིགས་སུ་གནས་པའི་དགེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཟུགས་མེད་ཀྱི་སྙོམས་འཇུག་གཉིས་པ་ཤེར་ཕྱིན་ལས་གསུངས་པའི་དོན་ཉན་ས་ལས་འགྲེལ་བའི་ཚུལ་ནི། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཞེས་པས་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་ཉེར་བསྡོགས་དང་བཅས་པ་ལས་འདས་པའོ། །རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་ཞེས་པས་ནི་སྦྱོར་བའི་གནས་སྐབས་ཀྱི་དམིགས་རྣམ་སྟོན། ལྷག་མ་རྣམས་ནི་སྔར་བཞིན་ནོ། །དེས་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་མཚན་ཉིད། སྦྱོར་བའི་དུས་སུ་ནམ་མཁའི་འདུ་ཤེས་བསལ་ནས་རྣམ་པར་ཤེས་པའི་འདུ་ཤེས་གོམས་པར་བྱས་པས། དངོས་གཞིའི་དུས་སུ་དེ་ཉིད་མངོན་དུ་གྱུར་པའི་རིགས་སུ་གནས་པའི་དགེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཟུགས་མེད་ཀྱི་སྙོམས་འཇུག་གསུམ་པ་ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་དོན་ཉན་ས་ལས་འགྲེལ་བའི་ཚུལ་ནི། དེ་རྣམ་པ་ཐམས་ཅད་དུ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཞེས་པ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་པའོ། །ཅུང་ཟད་མེད་དོ་སྙམ་ནས་ཞེས་པས་ནི་རྣམ་ཤེས་ལས་གཞན་པའི་དམིགས་པ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ཅི་ཡང་མ་རྙེད་པ་སྟེ་སྦྱོར་བའི་དམིགས་རྣམ་བསྟན་ཏོ། །ལྷག་མ་རྣམས་ནི་སྔར་བཞིན་ནོ། །དེས་ན་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་མཚན་ཉིད། སྦྱོར་བའི་དུས་སུ་རྣམ་ཤེས་ལས་གཞན་པའི་བཟུང་བྱ་ཅི་ཡང་མེད་པ་གོམས་པས་དངོས་གཞིའི་དུས་སུ་དེ་ཉིད་མངོན་དུ་གྱུར་པའི་རིགས་སུ་གནས་པའི་དགེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཟུགས་མེད་ཀྱི་སྙོམས་འཇུག་བཞི་པ་ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་དོན་ཉན་ས་ལས་འགྲེལ་བའི་ཚུལ་ནི། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཞེས་པ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་པའོ། །འདུ་ཤེས་མེད་ཅེས་པ་ནི་སྔར་ཅི་ཡང་མེད་པའི་སྐབས་སུ་ནི་ཅི་ཡང་གི་འདུ་ཤེས་མེད་ལ། འདིར་ནི་ཅི་ཡང་མེད་པའི་འདུ་ཤེས་ལ་ཡང་སྐྱོན་དུ་ལྟས་ནས་ཡང་དག་པར་འདས་པའོ། །འདུ་ཤེས་མེད་མིན་ཞེས་པ་ནི་སྙོམས་འཇུག་གཉིས་ལྟར་འདུ་ཤེས་གཏན་མེད་པ་མ་ཡིན་པས་དམིགས་པ་ལ་མཚན་མ་མེད་པར་འཇུག་པའི་འདུ་ཤེས་ཕྲ་མོ་ཡོད་པའོ། །སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་སྦྱོར་བའི་སྐབས་སུ་དེ་ལྟར་ཡིད་ལ་བྱས་པས་དངོས་གཞིའི་དུས་སུ་མངོན་དུ་གྱུར་པའོ། །དེས་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་མཚན་ཉིད། འཇུག་ཤེས་ཀྱིས་བསྡུས་པའི་འདུ་ཤེས་རགས་པ་མེད་ཅིང་ཕྲ་བ་དང་བཅས་པའི་དགེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་བ་ལ། གཟུགས་མེད་ཀྱི་སྙོམས་འཇུག་ཉོན་མོངས་ཅན་དང་། དག་པ་བ་དང་། ཟག་མེད་དང་གསུམ་ཡོད་པ་ནི་སྔར་བསམ་གཏན་གྱི་སྐབས་སུ་བཤད་པ་དང་འདྲ་ལ། ཁྱད་པར་ནི་སྲིད་རྩེ་ལ་ཟག་མེད་མེད་དེ། སེམས་ཀྱི་རྒྱུ་བ་མི་གསལ་བས་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱི་སེམས་རྟེན་དུ་མི་རུང་བའི་ཕྱིར་རོ། །མངོན་པ་གོང་འོག་གཉིས་ཀ་ལས་འདི་བཞིན་དུ་བཤད་པ་ནི་དངོས་སྨྲ་བའི་གྲུབ་མཐའི་དབང་དུ་བྱས་པའམ། ཡང་ན་ཐེག་དམན་གྱི་དབང་དུ་བྱས་པ་ཡིན་གྱི་ཐེག་པ་ཆེན་པོ་ལ་ནི་དེར་མ་ངེས་ཏེ། མཐར་གནས་ཀྱི་སྙོམས་འཇུག་དགུ་འཇིག་རྟེན་ལས་འདས་པའི་ལམ་དུ་བཤད་པའི་ཚེ་སྲིད་རྩེ་ལ་ཡང་ཟག་མེད་བྱ་དགོས་པའི་ཕྱིར། སྲིད་རྩེའི་སྙོམས་འཇུག་དག་པ་བ་ལ་ཆ་མཐུན་གཞན་གསུམ་པོ་ཡོད་ཀྱི། ཁྱད་པར་ཆ་མཐུན་མེད་དེ། དེ་ལ་གོང་ས་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་རྣམས་ལ་ཡན་ལག་གི་སྒོ་ནས་འདའ་བ་དང་། གཟུགས་མེད་ལ་དམིགས་པའི་སྒོ་ནས་འདའ་བར་འཇོག་ཅེ་ན། བསམ་གཏན་རྣམས་ནི་རང་རང་གི་འོག་སའི་ཡན་ལག་རགས་པ་ལ་འདོད་ཆགས་དང་བྲལ་བའི་ཁྱད་པར་རེ་རེ་ཡོད་པས་ཡན་ལག་གི་སྒོ་ནས་འདའ་བར་འཇོག་ལ། གཟུགས་མེད་རྣམས་ནི་གཟུགས་ཀྱི་འདུ་ཤེས་བསལ་བ་ལས་ནམ་མཁའ་མཐའ་ཡས། ནམ་མཁའི་འདུ་ཤེས་བསལ་བ་ལས་རྣམ་ཤེས་མཐའ་ཡས། རྣམ་ཤེས་ཀྱི་འདུ་ཤེས་བསལ་བ་ལས་ཅི་ཡང་མེད་པའི་སྐྱེ་མཆེད། བཟུང་བྱ་ཅི་ཡང་མེད་པའི་འདུ་ཤེས་བསལ་བ་ལས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་འབྱུང་བས་ན་དམིགས་པའི་སྒོ་ནས་འདའ་བར་བཞག་གོ། །།གསུམ་པ་གྲངས་ངེས་པ་ནི། གཟུགས་མེད་ཀྱི་སྙོམས་འཇུག་དེ་ལ་བཞིར་གྲངས་ངེས་ཏེ། འདུ་ཤེས་ལས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་གཟུགས་མེད་བཞག་པ་གང་ཞིག འདུ་ཤེས་དེ་ལ་ཡུལ་གྱི་འདུ་ཤེས་དང་ཡུལ་ཅན་གྱི་འདུ་ཤེས་གཉིས། ཡུལ་གྱི་འདུ་ཤེས་ལ་ཡང་ཡུལ་གཟུགས་ཀྱི་འདུ་ཤེས་དང་། གཉེན་པོ་ནམ་མཁའི་འདུ་ཤེས་གཉིས། ཡུལ་ཅན་གྱི་འདུ་ཤེས་དེ་ལ་ཡང་ཡུལ་ཅན་རྣམ་པར་ཤེས་པའི་འདུ་ཤེས་དང་། གཉེན་པོ་ཅི་ཡང་མེད་པའི་འདུ་ཤེས་གཉིས་ཡོད་ལ། བཞི་པོ་དེ་དག་ལས་རིམ་པ་བཞིན་དུ་ངེས་པར་འབྱུང་བའི་དབང་དུ་བྱས་ནས་གཟུགས་མེད་ཀྱི་སྙོམས་འཇུག་བཞི་པོ་རིམ་བཞིན་བཞག་པའི་ཕྱིར་རོ། །བཞི་པ་མི་མཐུན་ཕྱོགས་ནི། གཟུགས་མེད་ཀྱི་མི་མཐུན་ཕྱོགས་ནི་སྤྱིར་འདུ་ཤེས་ཡིན་ལ། དེ་ལ་ཡང་ཐོགས་བཅས་ཀྱི་འདུ་ཤེས་དང་། ཐོགས་མེད་ཀྱི་འདུ་ཤེས་གཉིས། དང་པོ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་མི་མཐུན་ཕྱོགས་ཡིན་ནོ། །གཉིས་པ་ལ། ཡུལ་ནམ་མཁའི་འདུ་ཤེས་དང་། ཡུལ་ཅན་རྣམ་པར་ཤེས་པའི་འདུ་ཤེས་གཉིས་ལས། དང་པོ་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་མི་མཐུན་ཕྱོགས་ཡིན་ནོ། །གཉིས་པ་ལ་རགས་པ་དང་། ཅུང་ཟད་ཕྲ་བ་དང་། ཤིན་ཏུ་ཕྲ་བ་དང་གསུམ། དང་པོ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་མི་མཐུན་ཕྱོགས། གཉིས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མི་མཐུན་ཕྱོགས་ཡིན་ལ། གསུམ་པ་ནི་འདིར་སྐྱོན་མ་ཡིན་པས་དགག་པར་བྱ་བ་མ་ཡིན་ནོ། །ལྔ་པ་དམིགས་རྣམ་ལ་དཔྱད་པ་ལ། གཟུགས་མེད་ཀྱི་སྙོམས་འཇུག་ཉོན་མོངས་ཅན་གྱི་དམིགས་རྣམ་ནི་སྔར་བཤད་ཟིན་ལ། དག་པ་བ་དང་། ཟག་མེད་ཀྱི་རང་ས་དང་གོང་ས་གཉིས་ལ་དམིགས་པ་ཡོད་ཅིང་། འོག་སའི་ཟག་བཅས་ལ་དམིགས་པ་མེད་དེ། འོག་སའི་ཟག་བཅས་དེ་མ་ཞི་བ་ཡིན་པའི་ཕྱིར་དང་། གཟུགས་མེད་ཀྱི་དངོས་གཞི་རྣམས་འོག་ས་ལས་དམིགས་པའི་སྒོ་ནས་འདའ་བ་ཡིན་པའི་ཕྱིར་ཏེ། མཛོད་ལས། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་གསུངས་པའི་ཕྱིར། འོག་སའི་ཟག་བཅས་ལ་མི་དམིགས་པར་གསུངས་པའི་ཤུགས་ལ་འོག་སའི་ཟག་མེད་ལ་དམིགས་པ་ཡོད་པར་བསྟན་ཏེ། སྲིད་རྩེའི་རྟེན་ཅན་གྱི་ཕྱིར་མི་འོང་གིས་ཅི་ཡང་མེད་ཀྱི་ཟག་མེད་ཀྱི་སྙོམས་འཇུག་སྒོམ་པའི་ཚེ་སྲིད་རྩེའི་སེམས་དེས་འདི་བསྒོམ་པར་བྱའོ་སྙམ་དུ་དམིགས་དགོས་པའི་ཕྱིར། གཟུགས་མེད་ཀྱི་དངོས་གཞི་དགེ་བ་རྣམས་ཀྱིས་འོག་སའི་ཟག་བཅས་ལ་མི་དམིགས་པར་བསྟན་པའི་ཤུགས་ལ་གཟུགས་མེད་ཀྱི་ཉེར་བསྡོགས་རྣམས་ཀྱིས་འོག་སའི་ཟག་བཅས་ལ་དམིགས་པར་བསྟན་ཏེ། གང་སྤེལ་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་བར་ཆད་མེད་པའི་ལམ་རྣམས་ཀྱི་དམིགས་པ་བསམ་གཏན་བཞི་པ་ཡིན་ལ། སྲིད་རྩེའི་ཉེར་བསྡོགས་བར་ཆད་མེད་པའི་ལམ་རྣམས་ཀྱི་དམིགས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཡིན་པའི་བར་དུའོ་ཞེས་དང་། ཉན་ས་ལས། ཇི་སྲིད་དངོས་གཞི་ལ་སྙོམས་པར་མི་འཇུག་པའི་བར་དུ་ནི་ཞེས་སོགས་སྔར་བཤད་པ་ལྟར་རོ། །གཉིས་པ་ཐོབ་པའི་ཚུལ་ནི། བསམ་གཏན་བཞི་པ་ཐོབ་པའི་རྣལ་འབྱོར་པ་དེས་གཟུགས་ཀྱི་འདུ་ཤེས་ཏིང་ངེ་འཛིན་གྱི་སྐྱོན་དུ་མཐོང་ནས་ནམ་མཁའ་མཐའ་ཡས་ཀྱི་སྦྱོར་བས་དེ་སྤོང་བ་ལ་ཞུགས་ཏེ། སྤངས་པའི་ཚེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག་དེ་ཐོབ་བོ། །དེའི་འོག་ཏུ་ནམ་མཁའི་འདུ་ཤེས་དང་། རྣམ་ཤེས་ཀྱི་འདུ་ཤེས་རགས་པ་དང་། ཅུང་ཟད་ཕྲ་བ་གསུམ་ཏིང་ངེ་འཛིན་གྱི་སྐྱོན་དུ་མཐོང་ནས་གཟུགས་མེད་ཀྱི་སྦྱོར་བ་ཕྱི་མ་གསུམ་གྱིས་དེ་གསུམ་རིམ་གྱིས་སྤོང་བ་ལ་ཞུགས་ཏེ། སྤངས་པའི་ཚེ་དངོས་གཞི་ཕྱི་མ་གསུམ་ཐོབ་བོ། །གསུམ་པ་ཐོབ་པའི་རྟགས་ནི། ཉན་ས་ལས། གཟུགས་མེད་ཀྱི་ཏིང་ངེ་འཛིན་སྐྱེས་པའི་ཚེ་ནམ་མཁའ་ལ་འཕུར་བ་ལྟ་བུའི་སྣང་བ་འབྱུང་བར་གསུངས་སོ། །གཉིས་པ་འབྲས་བུ་སྐྱེ་བའི་གཟུགས་མེད་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རྒྱུ་སྙོམས་འཇུག་གི་གཟུགས་མེད་བསྒོམ་སྟོབས་ཀྱིས་གཟུགས་མེད་ཁམས་སུ་ཐོབ་པའི་འདུས་བྱས་ཀྱི་ཆོས་སོ། །གཉིས་པ་ལ། ངོ་བོའི་སྒོ་ནས་དབྱེ་བ་དང་། གནས་ཀྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་གཉིས་ཏེ། རྒྱུ་མཐུན་གྱི་འབྲས་བུ་དང་། རྣམ་སྨིན་གྱི་འབྲས་བུའོ། །དང་པོ་ནི། གཟུགས་མེད་དུ་སྐྱེ་བས་ཐོབ་པའི་གཟུགས་མེད་ཀྱི་སྙོམས་འཇུག་རྣམས་སོ། །གཉིས་པ་ནི། གཟུགས་མེད་ཁམས་པའི་གང་ཟག་གི་རྒྱུད་ཀྱི་རྣམ་སྨིན་གྱིས་བསྡུས་པའི་ཕུང་པོ་བཞིའོ། །བདག་པོའི་འབྲས་བུ་ནི་མེད་དེ། གཟུགས་མེད་ཁམས་ན་ཕྱི་སྣོད་ཀྱི་འཇིག་རྟེན་མེད་པའི་ཕྱིར་རོ། །གཉིས་པ་གནས་ཀྱི་སྒོ་ནས་དབྱེ་ན། གཟུགས་མེད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྐྱེ་བ་ལ་སོགས་པ་བཞི་ཡོད་དོ། །རྒྱུ་སྙོམས་འཇུག་གི་གཟུགས་མེད་ཆུང་ངུ་དང་འབྲིང་དང་ཆེན་པོར་བསྒོམས་པའི་སྟོབས་ཀྱིས་གནས་གོང་འོག་གིས་ཕྱེ་བའི་གཟུགས་མེད་ཀྱི་སྐྱེ་བ་ཐོབ་པ་མེད་ཀྱང་། གཟུགས་མེད་ཀྱི་སྐྱེ་བ་མཐོན་པོ་དང་། དམའ་བ་དང་། ངན་པ་དང་། བཟང་པོ་ཐོབ་པ་ནི་ཡོད་དེ། ཀུན་བཏུས་ཀྱི་འགྲེལ་པ་རྒྱལ་པོའི་སྲས་ལས། གཟུགས་མེད་པ་རྣམས་ན་ནི་གཞལ་མེད་ཁང་གི་གནས་གཞན་མེད་པའི་ཕྱིར། དེ་ལྟར་སྐྱེ་བའི་བྱེ་བྲག་རྣམ་པར་གཞག་པ་མེད་ལ། འོན་ཀྱང་དེ་དག་ལ་ཆུང་ངུ་ལ་སོགས་པ་ཡོངས་སུ་བསྒོམས་པ་རྣམས་ཀྱི་སྐྱེ་བ་ལ་ཚེ་ལ་སོགས་པའི་ཁྱད་པར་གྱིས་མཐོན་པོ་དང་། དམའ་བ་དང་། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་མང་བའི་ཁྱད་པར་གྱིས་ངན་པ་དང་བཟང་པོ་ནི་ཡོད་དོ་ཞེས་གསུངས་སོ། །འདུ་ཤེས་ཀྱིས་ངེས་པར་འབྱུང་བ་གཟུགས་མེད་བཤད་ཟིན་ཏོ།། །།གསུམ་པ་གཉིས་ཀས་ངེས་པར་འབྱུང་བ་འགོག་པའི་སྙོམས་འཇུག་བཤད་པ་ལ་གསུམ་སྟེ། བྱེ་བྲག་ཏུ་སྨྲ་བའི་ལུགས། སེམས་ཙམ་པའི་ལུགས། དབུ་མ་པའི་ལུགས་སོ། །དང་པོ་ལ་གཉིས་ཏེ། གཞུང་ལས་ཇི་ལྟར་བཤད་ཚུལ་སྤྱིར་བསྟན་པ་དང་། ཁྱད་པར་གྱི་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མཛོད་ལས། འགོག་པ་ཞེས་པའང་དེ་བཞིན་ཉིད། །འདིར་གནས་དོན་དུ་སྲིད་རྩེར་སྐྱེས། །དགེ་བའོ་གཉིས་སུ་མྱོང་འགྱུར་དང་། །མ་ངེས་འཕགས་པའི་སྦྱོར་བས་ཐོབ། །ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། །དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོ་མི་ནང་དུ། །ཞེས་གསུངས་ཏེ། འདི་ལ་དགག་བྱ་གང་འགོག་པ། ཡིད་བྱེད་གང་གིས་འཇུག་པ། ས་གང་གིས་བསྡུས་པ། ངོ་བོ་གང་ཡིན་དཔྱད་པ། མྱོང་འགྱུར་གང་ཡིན་དཔྱད་པ། གང་ཟག་གང་གིས་འཇུག་དཔྱད་པ། ཚུལ་ཇི་ལྟར་དུ་ཐོབ་པ། རྟེན་གང་ལ་འཇུག་པ་དང་བརྒྱད་ལས། དང་པོ་ནི། འགོག་པ་ཞེས་པའང་དེ་བཞིན་ཉིད། །ཅེས་པ་སྟེ། གོང་དུ་འདུ་ཤེས་མེད་པའི་སྙོམས་འཇུག་གི་སྐབས་སུ་སེམས་སེམས་བྱུང་ཐམས་ཅད་དགག་བྱར་བསྟན་པ་དེ་བཞིན་དུ། འདིར་ཡང་སེམས་སེམས་བྱུང་ཐམས་ཅད་འགོག་ཞེས་པའི་དོན་ཏེ། འགྲེལ་པར། དེ་བཞིན་ཞེས་བྱ་བའི་སྒྲས་རྣམ་པ་གང་ཞིག་བཟུང་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པར་བྱའོ་ཞེས་བཟུང་ངོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། གཉིས་པ་ནི། འདི་གནས་དོན་དུ་ཞེས་པ་སྟེ། སྔ་མ་ལ་ནི་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བས་འཇུག་ལ། འདི་ནི་ཚོར་འདུ་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་འཇུག་པའོ། །གསུམ་པ་ནི་སྲིད་རྩེར་སྐྱེས་ཞེས་ཏེ། སྔ་མ་ནི་བསམ་གཏན་བཞི་པའི་སས་བསྡུས་ཡིན་ལ། འདི་ནི་སྲིད་རྩེའི་སས་བསྡུས་ཡིན་ནོ། །བཞི་པ་ནི་དགེ་བའོ་ཞེས་པ་སྟེ། དགེ་བ་ཟག་བཅས་སུ་ནི་གཉིས་ཀ་འདྲའོ། །ལྔ་པ་ནི་གཉིས་སུ་མྱོང་འགྱུར་དང་། མ་ངེས་ཞེས་པ་སྟེ། སྔ་མ་ནི་སྐྱེས་ནས་མྱོང་འགྱུར་ཁོ་ན་ཡིན་ལ། འདི་ནི་སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་དང་། མྱོང་བར་མ་ངེས་པ་དང་གསུམ་ཡོད་པ་ཡིན་གྱིས། མཐོང་ཆོས་ལ་མྱོང་འགྱུར་ནི་མེད་དོ། །དྲུག་པ་ནི། འཕགས་པའི་ཞེས་པ་སྟེ། སོ་སོ་སྐྱེ་བོ་རྣམས་ནི་འདི་ལ་སྙོམས་པར་འཇུག་མི་ནུས་ཏེ། འཕགས་ལམ་གྱི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །བདུན་པ་ནི་སྦྱོར་བས་འཐོབ་ཅེས་པ་སྟེ། འདོད་ཆགས་དང་བྲལ་བ་ཙམ་གྱིས་འཐོབ་པ་མ་ཡིན་གྱི་སྦྱོར་བ་འབད་པས་འཐོབ་པ་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཀྱང་སྦྱོར་བ་འབད་པས་ཐོབ་བམ་ཞེ་ན། ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། །ཞེས་པ་སྟེ། ཟད་པ་ཤེས་པ་དང་དུས་མཉམ་དུ་ཐོབ་པས་ན་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ནོ། །འོ་ན་ཐུབ་པས་སྔར་སློབ་པ་ལམ་གྱི་གནས་སྐབས་སུ་འགོག་སྙོམས་མ་ཐོབ་བམ་ཞེ་ན། འདི་ལ་རྒྱ་གར་ནུབ་ཕྱོགས་པ་དག་ན་རེ། དང་པོ་ཁོ་ནར་བྱང་ཆུབ་སེམས་དཔས་བསྐྱེད་དེ། གནས་བརྟན་ཉི་སྲུངས་ཀྱི་ལུགས་ཀྱི་ཚིག་ནི་དེ་བཞིན་གཤེགས་པ་ནི་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་ནས། ཟག་པ་ཟད་པ་བསྐྱེད་དོ་ཞེས་བརྗོད་པར་བྱའོ་ཞེས་པ་འདི་ཚད་མར་བྱ་དགོས་པའི་ཕྱིར་ཞེས་བཞེད་དོ། །ཁ་ཆེ་བ་རྣམས་ན་རེ། དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །ཞེས་ཏེ། བྱང་ཆུབ་སེམས་དཔའ་ནི་བདེན་པ་མངོན་པར་རྟོགས་པ་བཅུ་དྲུག་དང་། སྲིད་རྩེ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་བར་ཆད་མེད་ལམ་དགུ། རྣམ་གྲོལ་ལམ་དགུ་སྟེ། སུམ་ཅུ་རྩ་བཞི་བར་མ་ཆད་དུ་འབྱུང་བའི་ཕྱིར་ཏེ། བར་སྐབས་དེར་སྙོམས་པར་འཇུག་པའི་སེམས་སྲིད་རྩེའི་སེམས་མངོན་དུ་བྱས་ན་བསམ་པ་ལྡང་བ་ཅན་དུ་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཟེར་རོ། །ཉི་འོག་པ་རྣམས་ན་རེ། བསམ་པ་ལྡང་བ་ཅན་མ་ཡིན་ཞེས་པའི་དོན་ནི། ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་མི་བཤིག་པའི་དོན་ཡིན་གྱི། ཟག་མེད་ཀྱི་ལམ་ལས་མི་ལྡང་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །བརྒྱད་པ་ནི། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོ་མི་ནང་དུ། །ཞེས་པ་སྟེ། སྙོམས་འཇུག་གཉིས་ཀ་ཡང་འདོད་པ་དང་། གཟུགས་ཀྱི་རྟེན་ཅན་ཡིན་གྱི། གཟུགས་མེད་ཀྱི་རྟེན་ཅན་མ་ཡིན་ནོ། །ཁྱད་པར་དུ་འགོག་པའི་སྙོམས་འཇུག་ནི། དང་པོར་མིའི་ནང་དུ་བསྐྱེད། ཕྱིས་ཉམས་པ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་པ་ཡོད་ལ། འདུ་ཤེས་མེད་པའི་སྙོམས་འཇུག་ནི་དང་པོ་ནས་གཟུགས་ཁམས་སུ་སྐྱེད་པ་ཡང་ཡོད་དོ། །འོ་ན་འགོག་པའི་སྙོམས་འཇུག་ལས་ཉམས་པ་ཡོད་དམ་ཞེ་ན་ཡོད་དེ། འཆར་བྱེད་ཀྱི་མདོ་ལས། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་ཡིན། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡང་ཡིན། ཤེས་རབ་ཕུན་སུམ་ཚོགས་པ་ཡང་ཡིན་པ་དེ་ནི་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་། ལྡང་བའི་གནས་དེ་ཡོད་དོ་ཞེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་མཐོང་བའི་ཆོས་ཁོ་ན་ལ་ཀུན་ཤེས་པའི་ཆོས་ཐོབ་པར་ཡང་མི་བྱེད་ཅིང་འཆི་བའི་དུས་ཀྱི་ཚེ་ཡང་མ་ཡིན་ལ། ལུས་ཞིག་ནས་ཀྱང་ཁམ་གྱི་ཟས་ཟ་བའི་ལྷ་ལས་འདས་ཏེ། ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བར་འགྱུར་རོ། །དེ་དེར་སྐྱེས་ནས་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་། ལྡང་བའི་གནས་དེ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཁྱད་པར་གྱི་ཆོས་བྱེ་བྲག་ཏུ་བཤད་པ་ལ། འགོག་པའི་སྙོམས་འཇུག་ནི་རྫས་ཡོད་དང་། བཏགས་ཡོད་གཉིས་ཀྱི་ནང་ནས་རྫས་ཡོད་ཡིན་ཏེ། སེམས་སེམས་བྱུང་རེ་ཤིག་སྐྱེ་བ་ལ་གེགས་བྱེད་པའི་ཆོས་ཡིན་པའི་ཕྱིར་ཏེ། མཛོད་འགྲེལ་ལས། ཡང་ཅི་སྙོམས་པར་འཇུག་པ་འདི་དག་རྫས་སུ་ཡོད་དམ། འོན་ཏེ་བཏགས་པར་ཡོད་ཅེ་ན། སེམས་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རྫས་སུ་ཡོད་དོ་ཞེས་ཟེར་རོ་ཞེས་གསུངས་པའི་ཕྱིར། སློབ་དཔོན་གྱིས་ནི་དེ་མི་འཐད་དེ། སྙོམས་པར་འཇུག་པའི་སེམས་ཁོ་ན་སེམས་སྐྱེ་བ་དེ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་བཞེད་དོ། །དེའི་དོན་ཡང་། བྱེ་མདོ་གཉིས་ཀ་འགོག་སྙོམས་ལྡན་མིན་འདུ་བྱེད་དུ་འདོད་པ་འདྲ་ཡང་ལྡན་མིན་འདུ་བྱེད་ཉིད་རྫས་ཡོད་དང་བཏགས་ཡོད་དུ་འདོད་པའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །ཟག་བཅས་ཟག་མེད་གཉིས་ཀྱི་ནང་ནས་ཟག་བཅས་ཡིན་ཏེ། སྲིད་རྩེའི་སས་བསྡུས་ཡིན་པའི་ཕྱིར་རོ། །སྡེ་པ་ཁ་ཅིག་བསམ་གཏན་བཞི་པའི་སས་བསྡུས་སུ་འདོད་པ་ནི་མི་འཐད་དེ། མདོ་ལས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་འབྱུང་བའི་ཕྱིར་རོ། །འོ་ན་ཐོད་རྒལ་དུ་སྙོམས་པར་འཇུག་པ་ཇི་ལྟར་ཡིན་སྙམ་ན། རྩོམ་པ་དང་པོའི་སྐབས་སུ་མཐར་གྱིས་གནས་ཞེས་པའི་དོན་ཡིན་པས་སྐྱོན་མེད་དོ། །སེམས་ཡོད་མེད་གཉིས་ཀྱི་ནང་ནས་སེམས་མེད་ཡིན་ཏེ། འགོག་པ་ལ་སྙོམས་པར་འཇུག་པའི་གནས་སྐབས་སུ་སེམས་དང་སེམས་བྱུང་མ་ལུས་པ་བཀག་ཟིན་པའི་ཕྱིར་རོ། །ཁ་ཅིག དེའི་གནས་སྐབས་ན་སེམས་ཡོད་དེ། ཡིད་དབང་ཡོད་པའི་ཕྱིར་ཏེ། སྲོག་དབང་ཡོད་པའི་ཕྱིར། ཁྱབ་སྟེ། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །ཞེས་གསུངས་པའི་ཕྱིར། ཡང་དེའི་གནས་སྐབས་ན་སེམས་ཡོད་དེ། རྣམ་པར་ཤེས་པ་ཡོད་པའི་ཕྱིར་ཏེ། སྲོག་ཡོད་པའི་ཕྱིར། ཁྱབ་སྟེ། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར། ཡང་དེའི་གནས་སྐབས་ན་སེམས་ཡོད་དེ། སེམས་བྱུང་ཡོད་པའི་ཕྱིར་ཏེ། མ་ཆགས་པའི་སེམས་བྱུང་ཡོད་པའི་ཕྱིར་ཏེ། རང་བཞིན་གནས་རིགས་ཡོད་པའི་ཕྱིར། ཁྱབ་སྟེ། མ་ཆགས་འཕགས་རིགས་ཞེས་གསུངས་པའི་ཕྱིར། འོ་ན་མཛོད་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འགོག་པའི་སྙོམས་པར་འཇུག་པ་ནི་སེམས་མེད་པ་ཡིན་ནོ་ཞེས་ཟེར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ལུང་དེའི་དོན་ནི་སེམས་སེམས་བྱུང་མངོན་འགྱུར་བ་མེད་ཅེས་པའི་དོན་ཡིན་པས་སྐྱོན་མེད་དོ་ཞེས་སྨྲའོ། །འོ་ན་གཟུགས་མེད་ཀྱི་རྟེན་ཅན་གྱི་འཕགས་པའི་རྒྱུད་ལ་གཟུགས་ཡོད་པར་ཐལ། དེའི་རྒྱུད་ལ་ཟག་མེད་ཀྱི་སྡོམ་པ་ཡོད་པའི་ཕྱིར། ཁྱབ་སྟེ། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་སོ་སོ་ཐར་ཞེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །ཞེས་གསུངས་པའི་ཕྱིར། གཏན་ཚིགས་ཁས་བླངས་ཏེ། ཟག་མེད་ནི། བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ནའང་། །ཞེས་གསུངས་པའི་ཕྱིར། གཞན་ཡང་གཟུགས་མེད་ཀྱི་རྟེན་གྱི་གང་ཟག་གི་རྒྱུད་ལ་གཟུགས་ཡོད་པར་ཐལ། དེའི་རྒྱུད་ལ་དྲོད་ཡོད་པའི་ཕྱིར། རྟགས་ཁས་བླངས་ཏེ། དེའི་རྒྱུད་ལ་སྲོག་ཡོད་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། སྲོག་ནི་ཚེ་ཡིན་དྲོད་དང་ནི། །ཞེས་གསུངས་པའི་ཕྱིར། གཞན་ཡང་། རང་བཞིན་གནས་རིགས་ཡོད་པའི་ཕྱིར་ཞེས་པ་དེ། རང་གི་ངོ་བོ་ཡོད་པ་ལ་བྱེད་དམ། དེའི་ཐོབ་པ་ཡོད་པ་ལ་བྱེད། དང་པོ་ལྟར་ན་གཏན་ཚིགས་མི་འགྲུབ་ཅིང་། ཕྱི་མ་ལྟར་ན་ས་མ་འཕོས་པའི་མཐོང་ལམ་པའི་རྒྱུད་ལ་སྦྱོར་ལམ་ཡོད་པར་འགྱུར་བར་ཐལ། དེའི་ཐོབ་པ་ཡོད་པའི་ཕྱིར། དེས་ན་འགོག་པའི་སྙོམས་འཇུག་གི་གནས་སྐབས་ན་སེམས་སེམས་བྱུང་གཏན་ནས་མེད་པ་ཡིན་ཏེ། དེས་སེམས་སེམས་བྱུང་མ་ལུས་པ་འགོག་པ་ཡིན་གྱི། མངོན་འགྱུར་བ་འགོག་ཅིང་ཕྲ་བ་མི་འགོག་པའི་རྣམ་གཞག་བྱེ་བྲག་ཏུ་སྨྲ་བའི་གཞུང་གང་ལས་ཀྱང་མ་གསུངས་པའི་ཕྱིར་དང་། དེའི་ཐོབ་པ་ཡོད་པ་ཙམ་གྱིས་དེ་ཡོད་པར་མི་འགྲུབ་པའི་ཕྱིར་དང་། སེམས་སེམས་བྱུང་གང་རུང་ཡིན་ན། མངོན་འགྱུར་བ་ཡིན་དགོས་པའི་ཕྱིར། དེ་དག་གི་དོན་བསྡུ་ན། འགོག་སྙོམས་ཀྱི་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ལ། ཁ་ཅིག་དགག་གཞི་ལུས་ཀྱི་སྟེང་དུ་དགག་བྱ་རྣམ་ཤེས་ཚོགས་དྲུག་བཀག་པའི་སྙོམས་འཇུག་ཅེས་ཟེར་བ་ནི་མི་འཐད་དེ། འདུ་ཤེས་མེད་པའི་སྙོམས་འཇུག་གིས་མ་ངེས་པའི་ཕྱིར་རོ། །རང་ལུགས་ནི། དགག་གཞི་ལུས་ཀྱི་སྟེང་དུ་དགག་བྱ་རྣམ་ཤེས་ཚོགས་དྲུག་འཁོར་བཅས་བཀག་པའི་འཕགས་རྒྱུད་ཀྱི་སྙོམས་འཇུག་གང་ཞིག སྲིད་རྩེའི་སས་བསྡུས་པའོ། །འདི་དང་ཟག་མེད་ཀྱི་གཞི་མཐུན་ནི་མེད་དེ། ལུགས་འདི་ལ་ཟག་མེད་དང་འདུ་བྱས་ཀྱི་གཞི་མཐུན་ཡིན་ན། ལམ་བདེན་ཡིན་དགོས་ཤིང་། འགོག་སྙོམས་ཡིན་ན། ལམ་བདེན་མིན་དགོས་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ། རྟེན་གྱི་སྒོ་ནས་དབྱེ་ན། འདོད་པའི་རྟེན་ཅན་དང་། གཟུགས་ཀྱི་རྟེན་ཅན་གཉིས། གང་ཟག་གི་སྒོ་ནས་དབྱེ་ན། སློབ་པའི་རྒྱུད་ལ་ཡོད་པ་དང་། མི་སློབ་པའི་རྒྱུད་ལ་ཡོད་པ་གཉིས། ཕྱི་མ་ལ་ཐེག་པ་གསུམ་གྱི་དབྱེ་བས་གསུམ་ཡོད་དོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་བཤད་ཟིན་ཏོ།། ༈ །།སེམས་ཙམ་པའི་ལུགས་ལ་གཉིས་ཏེ། གཞུང་ལས་ཇི་ལྟར་བཤད་པའི་ཚུལ་དང་། ཁྱད་པར་གྱི་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མངོན་པ་ཀུན་བཏུས་ཀྱི་མཚན་ཉིད་རྣམ་པར་ངེས་པ་ལས། འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པའི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་དང་། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག་པ་ལ་འགོག་པའི་སྙོམས་པར་འཇུག་པ་ཞེས་གདགས་སོ་ཞེས་དང་། ཡང་དེ་ཉིད་ཀྱི་བདེན་པ་རྣམ་པར་ངེས་པ་ལས། འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པ་སྟེ་མི་རྣམས་ཀྱི་ནང་དུ་མངོན་པར་བསྒྲུབ་བོ། །མི་རྣམས་ཀྱི་ནང་དུ་མངོན་པར་གྲུབ་ནས་མི་རྣམས་ཀྱི་ནང་དུའམ། གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དོ། །གཟུགས་མེད་པའི་ཁམས་སུ་ནི་འདི་མངོན་དུ་འགྱུར་བ་མེད་དེ། ཞི་བའི་རྣམ་པར་ཐར་པའི་རྣམ་པར་སྨིན་པའི་གནས་པ་རྣམས་ནི་འདི་ལ་འབད་པའི་བརྩོན་པ་མེད་པའི་ཕྱིར་རོ་ཞེས་དང་། གཏན་ལ་དབབ་པ་བསྡུ་བ་ལས། དེ་ཡང་རྣམ་པ་གསུམ་སྟེ་ངོ་བོ་ལས་ནི་དགེ་བ་ཡིན་ནོ། །གང་ཟག་ལས་ནི་འཕགས་པའི་རྒྱུད་དུ་གཏོགས་པ་སྟེ། སློབ་པའི་རྒྱུད་དུ་གཏོགས་པ་དང་མི་སློབ་པའི་རྒྱུད་དུ་གཏོགས་པའོ། །སྐྱེ་བ་ལས་ནི་ཀུན་གཞི་རྣམ་པར་མ་བཞག་ན་དང་པོར་འདིར་བསྐྱེད་ཅིང་། དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དེ། དེ་མངོན་དུ་བྱེད་པ་ནི་གཟུགས་ཀྱི་ལུས་ལ་བྱེད་པ་རག་ལས་པའི་ཕྱིར། ཀུན་གཞི་རྣམ་པར་བཞག་ན་མངོན་དུ་བྱེད་པ་ཐམས་ཅད་དུ་འགྲོ་བར་ལྟའོ་ཞེས་གསུངས་སོ། །དེ་ལ་ཀུན་བཏུས་ལས་གསུངས་པའི་ལུང་དང་པོའི་དོན་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ཞེས་པས་ནི་ཞི་གནས་ཁྱད་པར་ཅན་སྲིད་རྩེའི་སེམས་ཐོབ་དགོས་པར་བསྟན། སྲིད་པའི་རྩེ་མོ་ལས་ཞེས་སོགས་ཀྱིས་ནི་ལྷག་མཐོང་ཁྱད་པར་ཅན་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཐོབ་དགོས་པར་བསྟན་པས་དེ་གཉིས་ཀྱིས་སའི་ཁྱད་པར་བསྟན་ནོ། །ཞི་བར་གནས་པའི་ཞེས་སོགས་ཀྱིས་ཡིད་བྱེད་ཀྱི་ཁྱད་པར་བསྟན། སེམས་དང་སེམས་ལས་བྱུང་བའི་ཞེས་སོགས་ཀྱིས་གནས་ཀྱི་ཁྱད་པར་བསྟན་ཏེ། བརྟན་པ་མ་ཡིན་པ་ཚོགས་དྲུག་དང་། བརྟན་པ་དེ་དག་ལས་ཁ་ཅིག་ཉོན་ཡིད་དགག་བྱར་དངོས་སུ་བསྟན་ནས་ཀུན་གཞི་གནས་སུ་ཤུགས་ལ་བསྟན་པའི་ཕྱིར་རོ། །ཚོགས་དྲུག་ནི་སོ་སོ་སྐྱེ་བོའི་གནས་སྐབས་སུ་ཡང་དང་ཡང་དུ་རྒྱུན་ཆད་པ་སྲིད་པས་ན་བརྟན་པ་མ་ཡིན་པ་དང་། ཉོན་ཡིད་ནི་སོ་སྐྱེའི་གནས་སྐབས་སུ་རྒྱུན་ཆད་པ་མི་སྲིད་པས་བརྟན་པ་ཞེས་བརྗོད་དོ། །འགོག་པའི་སྙོམས་པར་འཇུག་པ་ཞེས་པས་ནི་ངོ་བོའི་ཁྱད་པར་བསྟན། གདགས་སོ་ཞེས་པས་ནི་བཏགས་ཡོད་དུ་བསྟན་ཏེ། འགྲེལ་པ་རྒྱལ་པོའི་སྲས་ལས། སྙོམས་པར་འཇུག་པ་འདི་གཉིས་ནི་ས་དང་ཡིད་ལ་བྱེད་པ་དང་། གནས་དང་། ངོ་བོ་དང་། བཏགས་པས་བསྟན་ཏེ་ཞེས་གསུངས་པའི་ཕྱིར་རོ། །ལུང་གཉིས་པའི་དོན་ནི། འགོག་པའི་སྙོམས་པར་འཇུག་པ་ནི་ཞེས་པས་ནི་ངོ་བོ་འཇིག་རྟེན་ལས་འདས་པར་བསྟན། མི་རྣམས་ཀྱི་ནང་དུ་ཞེས་སོགས་ཀྱིས་ནི་འདོད་གཟུགས་གཉིས་ཀའི་རྟེན་ཅན་དུ་བསྟན་ནོ། །ལུང་གསུམ་པའི་དོན་ནི། ངོ་བོ་གང་ཡིན་པ་དང་། གང་ཟག་གང་གི་རྒྱུད་ལ་ཡོད་པ་དང་། རྟེན་གང་ལ་མངོན་དུ་བྱེད་པ་གསུམ་སྟེ་གོ་སླའོ། །གཉིས་པ་ཁྱད་པར་གྱི་ཆོས་བྱེ་བྲག་ཏུ་བཤད་པ་ལ་བདུན་སྟེ། གང་ཟག་གང་གིས་འཇུག་པ། རྟེན་གང་ལ་འཇུག་པ། ས་གང་ལ་བརྟེན་པ། ཡིད་བྱེད་གང་གིས་འཇུག་པ། དུས་ཇི་སྲིད་དུ་འཇུག་པ། དགག་བྱ་གང་འགོག་པ། ངོ་བོའི་ཁྱད་པར་ལ་དཔྱད་པའོ། །དང་པོ་ནི། སོ་སོ་སྐྱེ་བོ་རྣམས་འགོག་པ་ལ་སྙོམས་པར་མི་འཇུག་སྟེ། སོ་སོ་སྐྱེ་བོ་འགའ་ཞིག་གིས་ཞི་གནས་ཁྱད་པར་ཅན་སྲིད་རྩེའི་སེམས་ཙམ་ཐོབ་ཀྱང་ལྷག་མཐོང་ཁྱད་པར་ཅན་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མ་ཐོབ་པའི་ཕྱིར། འཕགས་པ་ལ་ཡང་རྒྱུན་ཞུགས་དང་། ཕྱིར་འོང་དང་། སྲིད་རྩེའི་སེམས་མ་ཐོབ་པའི་ཕྱིར་མི་འོང་རྣམས་ཀྱིས་ནི་དེ་ལ་སྙོམས་པར་འཇུག་མི་ནུས་ཏེ། ལྷག་མཐོང་ཁྱད་པར་ཅན་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་ལྡན་ཀྱང་ཞི་གནས་ཁྱད་པར་ཅན་སྲིད་རྩེའི་སེམས་མ་ཐོབ་པའི་ཕྱིར། འོ་ན་འགོག་པའི་སྙོམས་འཇུག་ཐོབ་པ་ལ་དེ་གཉིས་ཐོབ་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཐོབ་དགོས་ཏེ། དེ་དང་མི་ལྡན་ན་བདག་ཆད་ཀྱིས་དོགས་པའི་འཇིགས་པ་དང་བཅས་པས་ཉོན་ཡིད་དགག་མི་ནུས་ཞིང་། དེ་མ་བཀག་ན་འཕགས་པའི་གནས་པ་མཆོག་ཏུ་མི་འགྱུར་བའི་ཕྱིར་དང་། སྲིད་རྩེའི་སེམས་ཡང་ཐོབ་དགོས་ཏེ། འགོག་པ་ལ་སྙོམས་པར་འཇུག་པ་ལ་ཚོར་འདུ་རགས་པ་འགོག་དགོས་ཤིང་། སྲིད་རྩེའི་སེམས་དེ་སེམས་ཀྱི་རྒྱུ་བ་མི་གསལ་བས་ཚོར་འདུ་རགས་པ་དགག་སླ་བའི་ཕྱིར། ཇི་སྐད་དུ་མདོ་ལས། འགོག་པ་ལ་སྙོམས་པར་འཇུག་པས་ཆོས་གཉིས་གཅེས་སྤྲས་སུ་བྱ་སྟེ། གཉིས་གང་ཞེ་ན། ཞི་གནས་དང་ལྷག་མཐོང་ངོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཞི་གནས་ཁྱད་པར་ཅན་སྲིད་རྩེའི་སེམས་དང་། ལྷག་མཐོང་ཁྱད་པར་ཅན་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཐོབ་པས་འདི་ལ་སྙོམས་པར་འཇུག་པས་ན་ཕྱིར་མི་འོང་ཡན་ཆད་ཀྱིས་སྙོམས་པར་འཇུག་དགོས་སོ། །གཉིས་པ་ནི། འགོག་པའི་སྙོམས་པར་འཇུག་པ་ནི་འདོད་གཟུགས་ཀྱི་རྟེན་ཅན་ཡིན་གྱི་གཟུགས་མེད་ཀྱི་རྟེན་ཅན་ནི་མེད་དེ། རང་རྒྱལ་འདོད་པའི་རྟེན་ཅན་དུ་ངེས་པའི་ཕྱིར་དང་། བྱང་འཕགས་རྣམས་ཀྱང་འདོད་གཟུགས་ཀྱི་རྟེན་ཅན་དུ་ངེས་པའི་ཕྱིར་དང་། ཉན་ཐོས་ལ་གཟུགས་མེད་ཀྱི་རྟེན་ཅན་ཡོད་ཀྱང་རྟེན་དེ་ལ་འགོག་པའི་སྙོམས་པར་འཇུག་པ་ནི་མེད་དེ། ཉན་ཐོས་རྣམས་འགོག་པ་ལ་སྙོམས་པར་འཇུག་པའི་དགོས་པ་ནི། ཚོར་འདུ་རགས་པས་སྐྱོ་བ་སྐྱེས་ནས་དེ་ཞི་བའི་དོན་དུ་སྙོམས་པར་འཇུག་པ་ཡིན་པ་ནི་གང་ཞིག གཟུགས་མེད་ཀྱི་རྟེན་ཅན་གྱི་ཉན་ཐོས་འཕགས་པ་རྣམས་ནི་ཞི་བའི་རྣམ་པར་ཐར་པའི་རྣམ་པར་སྨིན་པའི་གནས་པ་ཡིན་པས་ཚོར་འདུ་རགས་པས་སྐྱོ་བ་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ཡང་གཟུགས་མེད་ཀྱི་རྟེན་ལ་ཚོར་འདུ་རགས་པས་སྐྱོ་བ་སྐྱེ་བ་མེད་པ་ཡིན་གྱི། ཚོར་འདུ་རགས་པ་མེད་པ་ནི་མ་ཡིན་ཏེ། ཡིད་ཀྱི་རྣམ་ཤེས་དང་། ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་ཚོར་འདུ་ཡོད་པའི་ཕྱིར་རོ། །འོ་ན་བསྡུ་བ་ལས་ཀུན་གཞི་རྣམ་པར་བཞག་ན་མངོན་དུ་བྱེད་པ་ཐམས་ཅད་དུ་འགྲོ་བར་ལྟའོ་ཞེས་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་ནུས་པ་ཡོད་པ་ཙམ་ལ་དགོངས་པས་སྐྱོན་མེད་དོ། །མདོར་ན་གཟུགས་མེད་ཁམས་ན་འགོག་པ་ལ་སྙོམས་པར་འཇུག་པ་མེད་དེ། འགོག་པ་ལ་སྙོམས་པར་འཇུག་པ་ལ་དགོས་ནུས་གཉིས་ཀ་ཚང་དགོས་ཞིང་ཀུན་གཞི་རྣམ་པར་བཞག་ན་ནུས་པ་ཡོད་ཀྱང་དགོས་པ་མེད། མ་བཞག་ན་དགོས་ནུས་གཉིས་ཀ་མེད་པའི་ཕྱིར་རོ། །ཁ་ཅིག་བསྡུ་བ་ལས་གཟུགས་མེད་ཁམས་སུ་འགོག་པ་ལ་སྙོམས་པར་འཇུག་པ་ཡོད་པར་བཤད་པ་ནི་སྐྱེས་ཟིན་མངོན་དུ་བྱེད་པའི་དབང་དུ་བྱས་པ་ཡིན་ལ། ཀུན་ལས་བཏུས་ལས་མེད་པར་བཤད་པ་ནི་གསར་དུ་མངོན་དུ་བྱེད་པ་མེད་པ་ལ་དགོངས་སོ་ཞེས་སྨྲ་བ་ནི་མི་འཐད་དེ། དེ་ལྟར་ན་ཀུན་བཏུས་སུ་གཟུགས་སུ་ཡང་འགོག་སྙོམས་མངོན་དུ་མི་བྱེད་པར་འཆད་རིགས་པར་ཐལ་བའི་ཕྱིར་ཏེ། འགོག་པའི་སྙོམས་པར་འཇུག་པ་དང་པོར་མིའི་རྟེན་ལ་སྒྲུབ་དགོས་པར་བཤད་པའི་ཕྱིར་རོ། །ཁ་ཅིག ཐོགས་མེད་ཀྱི་ལུགས་ལ་ཀུན་གཞི་རྣམ་པར་མ་བཞག་པ་ཉན་ཐོས་སྡེ་པའི་གྲུབ་མཐའ་དང་སྒོ་བསྟུན་པའི་ལུགས་གཅིག་དང་། ཀུན་གཞི་རྣམ་པར་བཞག་པ་སེམས་ཙམ་པའི་གྲུབ་མཐའ་དང་སྒོ་བསྟུན་པའི་ལུགས་གཉིས་ཡོད་པ་ལས། དང་པོའི་དབང་དུ་བྱས་ནས་གཟུགས་མེད་དུ་མངོན་དུ་མི་བྱེད་པར་བཤད། ཕྱི་མའི་དབང་དུ་བྱས་ནས་མངོན་དུ་བྱེད་པར་བཤད་པ་ཡིན་ནོ་ཞེས་འདོད་པ་ཡང་མི་འཐད་དེ། ཀུན་ལས་བཏུས་ཀྱི་ལུགས་ཀུན་གཞི་རྣམ་པར་བཞག་པའི་གནས་སྐབས་ཡིན་ཀྱང་མཐའ་གཅིག་ཏུ་གཟུགས་མེད་དུ་མངོན་དུ་མི་བྱེད་པར་བཤད་པའི་ཕྱིར་རོ། །འོ་ན་བསྡུ་བའི་ལུང་གི་དོན་ཇི་ལྟར་སྙམ་ན། གཟུགས་མེད་དུ་མངོན་དུ་མི་བྱེད་པ་ལ་དོགས་པ་གཅོད་པའི་དབང་དུ་བྱས་ནས། འོ་ན་གཟུགས་མེད་དུ་འགོག་པ་ལ་སྙོམས་པར་འཇུག་པའི་ནུས་པ་ཡང་མེད་དམ་ཞེ་ན། ཀུན་གཞི་རྣམ་པར་བཞག་ན་ནུས་པ་ཡོད་ཅེས་པའི་དོན་ནོ། །དེས་ན་འགོག་སྙོམས་ཀྱི་རྟེན་ནི་འདོད་གཟུགས་ཁོ་ནར་ངེས་ཏེ། ཐེག་ཆེན་གྱི་མཐོང་ལམ་འདོད་གཟུགས་གཉིས་ཀའི་རྟེན་ལ་སྐྱེ་བ་ཡོད་པས། བྱང་སེམས་འཕགས་པ་རྣམས་ཀྱིས་འདོད་གཟུགས་གཉིས་ཀའི་རྟེན་ལ་འགོག་སྙོམས་གསར་དུ་མངོན་དུ་བྱེད་པ་ཡོད་པ་གང་ཞིག ཉན་ཐོས་རྣམས་ཀྱིས་ནི་དང་པོར་མིའི་རྟེན་ལ་བསྐྱེད་ཅིང་། དེ་ལས་ཉམས་ན་ཚེ་དེ་ཉིད་ལ་འདོད་པར་མངོན་དུ་བྱེད་པའམ་སྐྱེ་བ་ཕྱི་མར་གཟུགས་སུ་མངོན་དུ་བྱེད་པ་གང་རུང་དུ་ངེས་པའི་ཕྱིར་རོ། །ཐེག་ཆེན་གྱི་མཐོང་ལམ་སྐྱེས་པའི་རྟེན་ལ་འགོག་སྙོམས་མངོན་དུ་བྱེད་པས་ཁྱབ་སྟེ། རྣམ་གྲོལ་ལམ་གྱི་རྗེས་སུ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་སྒོམ་པར་ངེས་པའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་སྐྱེ་བ་ཕྱི་མ་གཟུགས་སུ་མངོན་དུ་བྱེད་པ་ཡོད་དེ། འགོག་པའི་སྙོམས་འཇུག་འབྲིང་དུ་སྒོམ་པ་ལས་ཉམས་ན་ཚེ་དེ་ཉིད་ལ་མངོན་དུ་བྱེད་ཅིང་ཆུང་ངུར་སྒོམ་པ་ལས་ཉམས་ན་ཕལ་ཆེར་ཚེ་ཕྱི་མ་ལ་གཟུགས་སུ་མངོན་དུ་བྱེད་དེ། བསྡུ་བ་ལས། དེ་ལ་འགོག་པའི་སྙོམས་པར་འཇུག་པ་ཆུང་ངུ་སྒོམ་པ་ནི་ཡོངས་སུ་ཉམས་པར་འགྱུར་ཞིང་། མྱུར་བ་ཁོ་ནར་ཕྱིས་བསྐྱེད་པར་མི་ནུས་སོ། །འབྲིང་དུ་སྒོམ་པ་ནི་ཡོངས་སུ་ཉམས་པར་འགྱུར་ལ་མྱུར་བ་ཁོ་ནར་ཕྱིས་བསྐྱེད་པར་ནུས་སོ། །ཆེན་པོར་སྒོམ་པ་ནི་ཡོངས་སུ་ཉམས་པར་མི་འགྱུར་བ་ཁོ་ན་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །འགོག་པའི་སྙོམས་འཇུག་ལས་ཉམས་ནས་ཕྱི་མ་འདོད་པར་མངོན་དུ་བྱེད་པ་ནི་མེད་དེ། བྱང་སེམས་འཕགས་པ་འགོག་སྙོམས་ལས་ཉམས་པ་མི་སྲིད་ཅིང་འགོག་སྙོམས་ཐོབ་པའི་ཐེག་དམན་གྱི་གང་ཟག་ཡིན་ན། ཕྱིར་མི་འོང་དང་དགྲ་བཅོམ་གང་རུང་ཡིན་དགོས་པས་ལས་ཉོན་གྱི་དབང་གིས་འདོད་ཁམས་སུ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །འོ་ན་ཕྱི་མ་གཟུགས་ཁམས་སུ་མངོན་དུ་བྱེད་པར་ཡོད་པར་གང་ལས་ཤེས་ཤེ་ན། འཆར་བྱེད་ཀྱི་མདོ་ལས་གསུངས་པའི་ཁམ་ཟས་ཟ་བའི་ལྷ་ལས་འདས་ཏེ། ཡིད་ལས་བྱུང་བའི་ལྷའི་རིགས་སུ་སྐྱེས་ནས་མངོན་དུ་བྱེད་པ་ཡོད་པ་དེ་ཉིད་ཀྱིས་གྲུབ་བོ། །གལ་ཏེ་དང་པོར་མིའི་རྟེན་ལ་འགོག་སྙོམས་ཐོབ་པའི་གང་ཟག་ཕྱི་མ་གཟུགས་ཁམས་སུ་ལས་ཉོན་གྱི་དབང་གིས་སྐྱེ་བ་མེད་པར་ཐལ། འགོག་པའི་སྙོམས་འཇུག་ཐོབ་ན་ཅི་ཡང་མེད་མན་ཆད་ལ་འདོད་ཆགས་དང་བྲལ་བས་ཁྱབ་པའི་ཕྱིར་ཞེ་ན། འདི་ལ་འགྲེལ་པ་རྒྱས་སྲས་མའི་ལན་དང་། རང་ལུགས་ཀྱི་ལན་གཉིས་ལས། དང་པོ་ནི། མུ་བཞི་མཛད་པ་ལས། མུ་དང་པོ་གཟུགས་ལ་འདོད་ཆགས་དང་བྲལ་ནས་གཟུགས་མེད་ལ་སྙོམས་པར་འཇུག་མི་ནུས་པ་ནི་མི་ལྕོགས་པ་མེད་པ་ལ་བརྟེན་ནས་གཟུགས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་དང་། དགྲ་བཅོམ་ལྟ་བུ་སྟེ། བསམ་གཏན་གྱི་དངོས་གཞི་ཙམ་ཡང་མ་ཐོབ་པའི་ཕྱིར་རོ། །མུ་གཉིས་པ་གཟུགས་ལ་འདོད་ཆགས་དང་མ་བྲལ་བར་གཟུགས་མེད་ལ་སྙོམས་པར་འཇུག་ནུས་པ་ནི། བསམ་གཏན་བཞི་པ་ཐོབ་པའི་འཕགས་པ་གཟུགས་མེད་དུ་སྐྱེ་བ་དོན་དུ་མི་གཉེར་བས། སྤོང་ལམ་བསལ་ནས་ཁྱད་པར་གྱི་ལམ་ལ་གནས་ཏེ་གཟུགས་མེད་ཀྱི་རྣམ་ཐར་ལ་སྙོམས་པར་འཇུག་པ་ལྟ་བུའོ། །མུ་གསུམ་པ་གཟུགས་ལ་འདོད་ཆགས་དང་བྲལ་ནས་གཟུགས་མེད་ལ་སྙོམས་པར་འཇུག་ནུས་པ་ནི་དེ་ཉིད་གཟུགས་ལ་འདོད་ཆགས་དང་བྲལ་བ་དོན་དུ་གཉེར་བས་སྤོང་ལམ་ལ་གནས་ཏེ་གཟུགས་མེད་ལ་སྙོམས་པར་འཇུག་པ་ལྟ་བུའོ། །མུ་བཞི་པ་གཉིས་ཀ་མ་ཡིན་པ་ནི་དེ་དག་ལས་མ་གཏོགས་པ་རྣམས་སོ། །གཟུགས་སུ་འགོག་སྙོམས་མངོན་དུ་བྱེད་པ་ནི་མུ་གཉིས་པའི་དབང་དུ་བྱས་པའོ་ཞེས་གསུངས་སོ། །འདི་ལ་ཊཱི་ཀ་ལས་འོག་ས་ལ་འདོད་ཆགས་དང་མ་བྲལ་བར་གོང་མ་ཐོབ་པར་འདོད་པ་ལ་ནི་མཐར་གནས་ཀྱི་སྙོམས་འཇུག་མ་ཡིན་པར་ཐལ་བའི་སྐྱོན་གནས་སོ་ཞེས་གསུངས་པའི་དོན་དུ་བསམ་ནས་ཁ་ཅིག་བསམ་གཏན་བཞི་དང་གཟུགས་མེད་བཞི་པོ་མཐར་གནས་ཀྱི་སྙོམས་འཇུག་མིན་པར་ཐལ། འོག་སའི་དངོས་གཞི་མངོན་དུ་མ་བྱས་པར་གོང་སའི་དངོས་གཞི་མངོན་དུ་བྱས་པ་ཡོད་པའི་ཕྱིར། ཞེས་སྨྲ་བ་ནི་དགོངས་པ་མ་ཡིན་ཏེ། གཏན་ཚིགས་དེ་ཕྱོགས་སྔས་ཁས་ཀྱང་མ་བླངས་ཤིང་ཅིག་ཆར་བའི་དགྲ་བཅོམ་གྱིས་དེ་ལྟར་དུ་བྱས་པ་ཡོད་པས་ཁྱབ་པ་ཡང་མ་ངེས་པའི་ཕྱིར་རོ། །དེས་ན་ཊཱི་ཀའི་དགོངས་པ་ནི་འོག་ས་ལ་འདོད་ཆགས་དང་མ་བྲལ་བར་གོང་མ་ཐོབ་པ་ལ་སྐྱོན་བརྗོད་པ་ཡིན་ནོ། །སྐྱོན་གཞན་ཡང་ཡོད་དེ། བར་ཆད་མེད་ལམ་སྔོན་དུ་མ་སོང་བའི་རྣམ་གྲོལ་ལམ་ཡོད་པར་ཐལ། སྤོང་ལམ་སྔོན་དུ་མ་སོང་བའི་ཁྱད་པར་གྱི་ལམ་ཡོད་པའི་ཕྱིར། གཟུགས་མེད་དུ་སྐྱེ་བ་ལེན་པ་གཟུགས་ལ་འདོད་ཆགས་དང་བྲལ་དགོས་པར་ཐལ། བསམ་གཏན་བཞི་པ་ཐོབ་པའི་འཕགས་པ་གཟུགས་མེད་ཀྱི་སྐྱེ་བ་དོན་དུ་མི་གཉེར་བའི་རྒྱུ་མཚན་གྱིས་གཟུགས་ལ་ཆགས་བྲལ་མི་བྱེད་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཁས་བླངས་དང་འགལ་ཏེ། བསམ་གཏན་བཞི་པ་ལ་ཆགས་པ་དང་མ་བྲལ་ཞིང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག་ལས་མ་ཉམས་པར་འཆི་འཕོ་བ་ཕྱིར་མི་འོང་དེ་གཟུགས་མེད་དུ་མི་སྐྱེ་བར་ཐལ། འདོད་པ་དེའི་ཕྱིར།༞ མཛོད་ཀྱི་འགྲེལ་བཤད་ལས། འགོག་པའི་སྙོམས་འཇུག་གི་ལུས་རྟེན་ལ། གླིང་གསུམ་གྱི་མི། འདོད་ལྷ་རིས་དྲུག ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གནས་རིགས་བཅུ་དྲུག་སྟེ། ཉེར་ལྔ་ཡོད་པར་བཤད་པ་ཡང་མི་འཐད་དེ། འདི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་ནམ། ཐེག་པ་ཆེན་པོའི་ལུགས་ཡིན། དང་པོ་ལྟར་ན། བྱང་སེམས་འཕགས་པ་འགོག་པ་ལ་སྙོམས་པར་འཇུག་མི་སྲིད་ཅིང་། འགོག་པ་ཐོབ་པའི་ཐེག་དམན་གྱི་གང་ཟག་ཡིན་ན། ཕྱི་མ་འདོད་ལྷར་སྐྱེ་བ་མི་སྲིད་པས་མི་འཐད་དོ། །གཉིས་པ་ལྟར་ན། ཚངས་ཆེན་མ་གཏོགས་པ་ཞེས་པ་དང་འགལ་ཏེ། ཚངས་ཆེན་གྱི་རྟེན་ལ་ཡང་འགོག་སྙོམས་ཐོབ་ཟིན་མངོན་དུ་བྱེད་པ་ཡོད་པའི་ཕྱིར་རོ། །འདི་ཡས་མན་ནས་ས་བཅད་གཅིག་ཆད་པས་སླན་ཆད་བཙལ་དགོས་མཆན། གསུམ་པ་ས་གང་ལ་བརྟེན་པ་ནི་རྩོམ་པ་དང་པོའི་ཚེ་ཐེག་པ་ཆེ་ཆུང་གཉིས་ཀས་སྲིད་རྩེའི་སེམས་ལ་བརྟེན་ནས་འཇུག་གོ །ཐེག་དམན་གྱི་ལུགས་ལ་སྲིད་རྩེ་དེ་སེམས་ཀྱི་རྒྱུ་བ་མི་གསལ་བས་དེ་ལ་བརྟེན་ནས་ཚོར་འདུ་རགས་པ་རྒྱུན་གཅོད་སླ་བའི་ཕྱིར་ཏེ། མཛོད་ལས། ཕྲ་བ་ཕྲ་བའི་མཇུག་ཐོག་ཏུ། །ཞེས་པའི་འགྲེལ་པར། སྲིད་པའི་རྩེ་མོ་ནི་འདུ་ཤེས་ཤིན་ཏུ་ཕྲ་བ་ཡིན་ཏེ། དེ་བས་ཀྱང་ཆེས་ཕྲ་བར་བྱས་ནས་འགོག་པ་ལ་སྙོམས་པར་འཇུག་གོ་ཅེས་གསུངས་པའི་ཕྱིར། འདིའི་ཕྲ་བ་ཡང་ས་གཞན་ལ་ལྟོས་ནས་ཕྲ་བ་ཡིན་གྱི་འགོག་སྙོམས་ཀྱི་དགག་བྱའི་འདུ་ཤེས་རགས་པའི་ཟླས་ཕྱེ་བའི་ཕྲ་བ་ནི་མིན་ཏེ། དེའི་ཕྲ་བ་ནི་ཀུན་གཞི་དང་མཚུངས་ལྡན་གྱི་འདུ་ཤེས་ལ་འཇོག་པའི་ཕྱིར་རོ། །ཐེག་ཆེན་ལ་ཡང་རྩོམ་པ་དང་པོའི་གནས་སྐབས་སུ་དེ་ལྟར་དུ་ངེས་ཏེ། ཐེག་ཆེན་འགོག་པ་ལ་སྙོམས་པར་འཇུག་པའི་ཐོག་མ་ནི་མཐོང་ལམ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་ཀྱི་གནས་སྐབས་ཡིན་ལ། དེའི་ཚེ་སྲིད་རྩེའི་མཇུག་ཐོག་ཏུ་འབྱུང་བར་ངེས་པའི་ཕྱིར་རོ། །ཕྱིས་ནི་བསམ་གཏན་དང་གཟུགས་མེད་གཞན་གྱི་མཇུག་ཐོག་ཏུ་འཇུག་པ་ཡང་ཡོད་དེ། མཛོད་འགྲེལ་ལས། འདི་ནི་རྩོམ་པ་དང་པོ་ལ་རྣམ་པར་ངེས་པ་ཡིན་གྱི་ཕྱིས་དགའ་འགུར་དབང་ཐོབ་པས་ནི་རྣམ་པར་བརྒལ་ཏེ་ཡང་འགོག་པ་ལ་སྙོམས་པར་འཇུག་གོ་ཞེས་གསུངས་པའི་ཕྱིར། འདིར་སྲིད་རྩེ་ལ་བརྟེན་ནས་སྙོམས་པར་འཇུག་ཞེས་པའི་དོན་ཡང་སྲིད་རྩེའི་མཇུག་ཐོག་ཏུ་སྙོམས་པར་འཇུག་པ་ཡིན་གྱི་སྲིད་རྩེ་འགོག་སྙོམས་ཀྱི་སེམས་རྟེན་ཡིན་པའི་དོན་ནི་མིན་ཏེ། སེམས་རྟེན་གྱི་དོན་ནི་རྣམ་ཤེས་གཅིག་གི་འཁོར་དུ་མཚུངས་ལྡན་དུས་མཉམ་དུ་འབྱུང་བ་ལ་འདོད་ཅིང་སྲིད་རྩེའི་སེམས་མ་འགགས་པར་འགོག་སྙོམས་མི་སྐྱེ། འགོག་སྙོམས་ནམ་ཞིག་སྐྱེས་པའི་ཚེ་སྲིད་རྩེའི་སེམས་འགག་ཟིན་པའི་ཕྱིར་རོ། །ཁ་ཅིག འགོག་པ་ལ་སྙོམས་པར་འཇུག་པ་ལ་ཞི་གནས་ཁྱད་པར་ཅན་སྲིད་རྩེའི་སེམས་དང་། ལྷག་མཐོང་ཁྱད་པར་ཅན་འདས་ལམ་ཐོབ་དགོས་པར་བཤད་པས་འཁྲུལ་གཞི་བྱས་ནས་གཉིས་ཀ་སྙོམས་པར་འཇུག་སེམས་སུ་འདོད་པ་ནི་བློ་གྲོས་རྩིང་བ་སྟེ། སེམས་ཙམ་པའི་ལུགས་ལ་སྲིད་རྩེའི་སེམས་ལ་འདས་ལམ་བརྟེན་པ་མེད་པས་དེ་གཉིས་ལྷན་ཅིག་ཏུ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །དེས་ན་སྲིད་རྩེའི་སས་བསྡུས་ཀྱི་ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་འདུ་གཅད་བྱའི་གཙོ་བོར་བྱས་ནས། དེ་དང་མཚུངས་ལྡན་གྱི་ཤེས་རབ་གཅོད་བྱེད་ཀྱི་གཙོ་བོར་བྱས་ཏེ། དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་འཁོར་དང་བཅས་པ་འགོག་པའི་ཚེ་འགོག་པའི་སྙོམས་འཇུག་ཏུ་འཇོག་པའོ། །བཞི་པ་ཡིད་བྱེད་གང་གིས་འཇུག་པ་ནི། ཉན་ཐོས་རྣམས་ནི་ཚོར་འདུ་རགས་པ་ཞི་བས་གནས་པའི་ཡིད་ལ་བྱེད་པས་འཇུག་སྟེ། མཛོད་ལས། འདི་གནས་དོན་དུ་ཞེས་དང་། ཀུན་བཏུས་ལས། ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་ཞེས་གསུངས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ནི་སྙོམས་འཇུག་ལ་རྩལ་སྦྱངས་པ་དང་། གཞན་དོན་དུ་ཤེས་པར་བྱེད་པའི་ཡིད་ལ་བྱེད་པས་འཇུག་སྟེ། སྤྱོད་འཇུག་ལས། རྒྱས་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་རོ། །སངས་རྒྱས་ནི་གཞན་ངོར་སྙོམས་པར་འཇུག་པར་སྣང་བ་ཙམ་ཡིན་གྱི་དོན་ལ་སྙོམས་པར་འཇུག་པ་མེད་དེ། ལུགས་འདི་ལ་འགོག་པའི་སྙོམས་འཇུག་ཡིན་ན། འཇུག་ཤེས་འཁོར་བཅས་བཀག་པས་ཁྱབ་པ་གང་ཞིག སངས་རྒྱས་འཕགས་པ་ཡིན་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུན་མི་ཆད་དུ་ལྡན་པས་ཁྱབ་པའི་ཕྱིར། མདོ་སྡེ་རྒྱན་གྱི་འགྲེལ་པ་དང་། བྱང་སར་སྙོམས་པར་འཇུག་པར་བཤད་པ་ནི་གཞན་ངོར་སྣང་བ་ཙམ་ལ་དགོངས་ལ། རྒྱན་དང་། ཀུན་བཏུས་ལས་སངས་རྒྱས་ཀྱི་ཟག་མེད་ཀྱི་ཡེ་ཤེས་འཆད་པའི་སྐབས་སུ་འགོག་པའི་སྙོམས་འཇུག་མི་འཆད་པ་ནི། དོན་ལ་སྙོམས་པར་འཇུག་པ་མེད་པའི་གནས་འདི་ཉིད་ཡིན་ནོ། །ལྔ་པ་དུས་ཇི་སྲིད་དུ་འཇུག་པ་ནི་ཉན་རང་རྣམས་ནི་བློའི་འཕེན་པ་ཇི་སྲིད་ཡོད་པ་དེ་སྲིད་དུ་སྙོམས་པར་འཇུག་ལ། བྱང་སེམས་ནི་ཞག་བདུན་ལས་ལྷག་པ་མི་འཇུག་སྟེ། མདོ་སྡེ་ཉི་མའི་སྙིང་པོ་ལས། ཉི་མ་གཅིག་ནས་བདུན་གྱི་བར་དུ་སྙོམས་པར་འཇུག་གོ །དུས་རིང་མོ་ཞིག་ཏུ་ཞུགས་ན་བྱང་ཆུབ་སེམས་པའི་སྤྱོད་པ་དམན་པར་འགྱུར་རོ་ཞེས་གསུངས་སོ། །ཁ་ཅིག་བྱང་སེམས་ཡུན་རིང་དུ་སྙོམས་པར་འཇུག་པ་ཡོད་དེ། སྙིང་རྗེ་པད་དཀར་ལས། སྐྱེ་བ་གཅིག་གིས་ཐོག་པའི་བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག་པའི་སེམས་ཀྱིས་བར་གྱི་བསྐལ་པ་བཅུ་པོ་འདི་དག་འདའ་བར་བྱེད་དོ་ཞེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཡང་དེའི་ཚེ་འདི་སྙམ་དུ་ཆོས་ཐམས་ཅད་བཟུང་སྟེ་ཡང་དག་པ་མ་ཡིན་པ་བདག་གིས་ཚོར་བ་རྣམ་པ་གསུམ་དང་འདུ་ཤེས་གསུམ་ལ་སོགས་པ་ཆོས་ཐམས་ཅད་ལྷག་མ་མ་ལུས་པ་ཡོངས་སུ་གཅོད་དོ་སྙམ་པས་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཏིང་ངེ་འཛིན་འདི་ལ་གནས་ནས་བློ་སྔོན་དུ་བཏང་བ་བཞིན་ཐམས་ཅད་ཡོངས་སུ་གཅོད་པར་བྱེད་དོ། །ཏིང་ངེ་འཛིན་དེའི་ཟས་ཀྱིས་འཚོ། གལ་ཏེ་ན་ཞག་བདུན་ནམ། བདུན་གཉིས་སམ། བདུན་གསུམ་མམ། བདུན་བཞིའམ། བདུན་ལྔའམ། བདུན་དྲུག་གམ། བདུན་བདུན་ནམ། བདུན་བརྒྱད་དམ། གལ་ཏེ་ན་བསྐལ་པ་ཚད་མེད་པ་བྱེ་བར་ཕྲག་ཁྲིག་བརྒྱ་སྟོང་གི་བར་དུ་ཅི་ནུས་སུ་གནས་ཏེ། ཏིང་ངེ་འཛིན་གྱི་ཟས་ཟའོ། །ཏིང་ངེ་འཛིན་དེ་ལས་ལངས་ནས་སེམས་ཅི་ལ་ཡང་མི་ཆགས་པར་གནས་ཏེ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། བྱང་སེམས་ནི་གཙོ་བོར་གཞན་དོན་དུ་ཤེས་པར་བྱ་བའི་ཕྱིར་དུ་འཇུག་ཅིང་དེ་ནི་ཡུན་ཚད་ཐུང་ངུས་འགྲུབ་པའི་ཕྱིར་དང་། ཡུན་རིང་དུ་སྙོམས་པར་འཇུག་ན་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཡང་དེ་སྲིད་དུ་བཀག་དགོས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དམན་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་གཞན་དོན་དོར་བར་མི་འགྱུར་ཏེ། འགོག་པ་ལ་སྙོམས་པར་འཇུག་པ་དེ་ཉིད་གཞན་དོན་ཡིན་པའི་ཕྱིར་ཞེ་ན། འོ་ན་ས་བརྒྱད་པའི་བྱང་སེམས་སྤྲོས་པ་མཐའ་དག་བཀག་པའི་འགོག་པ་ལ་ཡུན་རིང་དུ་མཉམ་པར་བཞག་པ་དེ་ལས་སངས་རྒྱས་རྣམས་ཀྱིས་སློང་བར་མཛད་པ་མི་རིགས་པར་ཐལ། དེ་ཉིད་གཞན་དོན་ཡིན་པའི་ཕྱིར་ཞེས་མཚུངས་སོ། །དེས་ན་སྙིང་རྗེ་པད་དཀར་གྱི་ལུང་དོན་ནི་ནུས་པ་ཡོད་པ་ཙམ་ལ་དགོངས་སོ། །དྲུག་པ་དགག་བྱ་གང་འགོག་པ་ནི། ཚོགས་བདུན་འཁོར་དང་བཅས་པ་འགོག་སྟེ། ཀུན་བཏུས་ལས། བརྟན་པ་མ་ཡིན་པ་རྣམས་དང་བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག་པ་ལ་ཞེས་བཤད་པའི་ཕྱིར་རོ། །འདིར་ཁ་ཅིག ཡིད་ཀྱི་རྣམ་ཤེས་ཟག་བཅས་འགོག་པ་ཡིན་གྱི་ཟག་མེད་མི་འགོག་པར་འདོད་པ་ནི་གྲུབ་མཐའི་སྐབས་མ་ཕྱེད་པ་སྟེ། དེ་ལྟར་ན་འགོག་པ་ལ་སྙོམས་པར་འཇུག་པའི་སྐབས་སུ་ཡང་སྙོམས་པར་འཇུག་སེམས་ཀྱི་རྒྱུན་ཡོད་པར་ཁས་ལེན་དགོས་ཤིང་། དེ་ཡང་འདོད་ན། དེ་ཉིད་འགོག་པའི་སྙོམས་འཇུག་ཏུ་འགྱུར་བས་ཐེག་བསྡུས་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ན། འགོག་པའི་སྙོམས་འཇུག་མ་ཡིན་པས་ཁྱབ་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །བརྟན་པ་མ་ཡིན་པའི་དོན་ལ་འདོད་པར་འཇུག་ཤེས་དྲུག་དང་། གཟུགས་སུ་སྣ་ལྕེའི་རྣམ་ཤེས་མ་གཏོགས་པ་བཞི་དང་། གཟུགས་མེད་དུ་ཡིད་ཀྱི་རྣམ་ཤེས་འགོག་པ་ཡིན་ཞིང་། ས་བདུན་པ་མན་ཆད་ཀྱི་བྱང་སེམས་དང་ཐེག་དམན་སློབ་པ་རྣམས་ཀྱིས་བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་ཉོན་ཡིད་འགོག་པར་བྱེད་དེ། བློ་བརྟན་གྱི་ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པར་འགོག་པ་ལ་སྙོམས་པར་འཇུག་པ་རྣམས་ཀྱིས་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་། བཞི་དང་། གཅིག་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་སུ་གོ་རིམ་བཞིན་ནོ་ཞེས་གསུངས་པས་སོ། །དེ་ལ་ཁ་ཅིག་འགོག་པའི་སྙོམས་འཇུག་གིས་འཇུག་ཤེས་འཁོར་དང་བཅས་པ་བཀག་པ་མི་འཐད་དེ། འགོག་པ་ལ་མཉམ་པར་བཞག་བཞིན་པའི་སངས་རྒྱས་འཕགས་པའི་རྒྱུད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོད་པའི་ཕྱིར་དང་། གལ་ཏེ་སངས་རྒྱས་འཕགས་པའི་རྒྱུད་ལ་འགོག་པའི་སྙོམས་འཇུག་མེད་པར་འདོད་ན། གཏན་ལ་དབབ་པ་བསྡུ་བ་ལས། འཇུག་པའི་རྣམ་པར་ཤེས་པ་དང་ལྡན་ལ་ཀུན་གཞིའི་རྣམ་པར་ཤེས་པ་དང་མི་ལྡན་པ་ནི་སེམས་ཡོད་པའི་གནས་སྐབས་ན་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའོ། །གཉིས་ཀ་དང་མི་ལྡན་པ་ནི་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་འགོག་པ་ལ་སྙོམས་པར་འཇུག་པ་རྣམས་དང་། ཕུང་པོ་ལྷག་མ་མེད་པའི་དབྱིངས་ནའོ་ཞེས་གསུངས་པ་དང་འགལ་ལོ་ཞེས་སྨྲའོ། །མི་འཐད་དེ། ལུང་དེའི་དོན་ནི་གཞན་ངོར་སྙོམས་པར་འཇུག་པར་སྣང་བ་ཙམ་ལ་སྔར་བཤད་ཟིན་ཅིང་། གཞན་དུ་ན་གནས་སྐབས་དེར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོད་པར་བཤད་པ་དང་འགལ་བའི་ཕྱིར་ཏེ། གནས་སྐབས་དེར་འཇུག་ཤེས་དང་མི་ལྡན་པར་གསུངས་པའི་ཕྱིར་རོ། །སྐྱོན་གཞན་ཡང་། འདུ་ཤེས་མེད་པའི་སྙོམས་འཇུག་ཡིན་ན། ཡིད་ཀྱི་རྣམ་ཤེས་བཀག་པས་མ་ཁྱབ་པར་ཐལ། འགོག་སྙོམས་ཡིན་ན། དེ་བཀག་པས་མ་ཁྱབ་པའི་ཕྱིར། ཁྱབ་ཅིང་འདོད་མི་ནུས་ཏེ། སུམ་ཅུ་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་རྒྱལ་མ་གཏོགས། །ཞེས་གསུངས་པའི་ཕྱིར། གཞན་ཡང་འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་གཉིས་ལ་ཉོན་ཡིད་ལས་གཞན་པའི་དགག་བྱའི་ཁྱད་པར་ཡོད་པར་ཐལ། དེ་གཉིས་ལ་ཡིད་ཀྱི་རྣམ་ཤེས་བཀག་མ་བཀག་གི་ཁྱད་པར་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་བསྡུས་ལས། འདིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་གྱི་འགོག་པའི་སྙོམས་པར་འཇུག་པ་ནི་མ་ཡིན་ཏེ། གཞན་དུ་ན་འདི་གཉིས་བྱེ་བྲག་མེད་པ་ཉིད་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར། དགྲ་བཅོམ་པ་དང་། རང་རྒྱལ་དང་། ཕྱིར་མི་ལྡོག་པའི་བྱང་སེམས་གསུམ་གྱི་རྒྱུད་ལ་ཀུན་གཞིའི་རྣམ་ཤེས་མེད་པར་ཐལ། གཉིས་ཀ་དང་མི་ལྡན་པ་ནི་དགྲ་བཅོམ་པ་དང་ཞེས་སོགས་གསུངས་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། སེམས་ཅན་ཡིན་པའི་ཕྱིར། འོ་ན་ལུང་དེའི་དོན་ཇི་ལྟར་སྙམ་ན་ཀུན་གཞི་ལ་རྣམ་སྨིན་གྱི་ཆ་དང་། ས་བོན་གྱི་ཆ་གཉིས་ཡོད་པ་ལས་ཉོན་ཡིད་ཀྱིས་དམིགས་པར་གྱུར་པའི་ཀུན་གཞི་ས་བོན་གྱི་ཆ་མེད་པ་ལ་དགོངས་སོ། །འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་གཉིས་ལྡན་མིན་འདུ་བྱེད་ཀྱི་དབྱེ་བར་མཉམ་དུ་བཤད་པ་མི་འཐད་པར་ཐལ། འགོག་སྙོམས་དང་ཤེས་པའི་གཞི་མཐུན་ཡོད་པའི་ཕྱིར། རྟགས་ཁས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ན། འགོག་སྙོམས་མ་ཡིན་པས་མ་ཁྱབ་པར་ཐལ། ཤཱཀྱ་ཐུབ་པའི་རྒྱུད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྱུར་པའི་འགོག་སྙོམས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་བསྡུས་ལས། དེ་ལ་རྣམ་པ་ལྔ་སྤངས་པ་ནི་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཅེས་བྱ་སྟེ་ཡིད་ལ་མི་བྱེད་པ་ཡོངས་སུ་སྤངས་པ་དང་། རྟོག་པ་དང་བཅས་པ་དང་། དཔྱོད་པ་དང་བཅས་པའི་ས་ལས་ཤིན་ཏུ་འདས་པ་ཡོངས་སུ་སྤངས་པ་དང་། འདུ་ཤེས་དང་ཚོར་བ་ཉེ་བར་ཞི་བ་ཡོངས་སུ་སྤངས་པ་དང་། གཟུགས་ཀྱི་ངོ་བོ་ཉིད་ཡོངས་སུ་སྤངས་པ་དང་། དེ་ཁོ་ནའི་དོན་ལ་བཀྲ་བར་འཛིན་པ་ཡོངས་སུ་སྤངས་པའི་ཕྱིར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་རྣམ་པ་འདི་ལྔ་ཡོངས་སུ་སྤངས་པར་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར། བཙུན་པ་དབྱིག་བཤེས་ཀྱིས་འགོག་སྙོམས་ཀྱི་སྐབས་སུ་ཡིད་ཀྱི་རྣམ་པར་ཤེས་པ་ཕྲ་མོ་ཡོད་པར་ཁས་བླངས་པ་དེ་སེམས་ཙམ་པས་འགོག་མི་རིགས་པར་ཐལ། སེམས་ཙམ་པས་ཀྱང་དེ་ལྟར་དུ་ཁས་ལེན་པའི་ཕྱིར། འདོད་མི་ནུས་ཏེ། དབྱིག་གཉེན་གྱིས་ལས་གྲུབ་པའི་རབ་ཏུ་བྱེད་པར་དབྱིག་བཤེས་ཀྱི་འདོད་པ་འགོག་པའི་སྐབས་སུ་རྟོག་གེ་བ་དག་གིས་ལུང་གི་དོན་ཇི་ལྟ་བ་བཞིན་མ་རྟོགས་པས་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་སུ་ཡིད་ཀྱི་རྣམ་པར་ཤེས་པའི་སེམས་དང་བཅས་པར་རྟོག་པ་ནི་གཟུ་ལུམ་དུ་རྟོག་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། གལ་ཏེ་སེམས་ཙམ་པས་འགོག་སྙོམས་སུ་གྱུར་པའི་འདས་ལམ་དང་། སྒོམ་ལམ་རྩེ་སྦྱོར་དང་། རྟོགས་པ་ཆོས་སྐུ་ཡོད་པར་ཁས་ལེན་དགོས་ཏེ། ཤེར་ཕྱིན་གྱི་མདོ་དང་། མངོན་རྟོགས་རྒྱན་ལས་དེ་ལྟར་དུ་བཤད་པ་གང་ཞིག མདོ་དང་བསྟན་བཅོས་དེ་དག་སེམས་ཙམ་པས་ཀྱང་ཁས་ལེན་པའི་ཕྱིར་རོ་ཞེ་ན། འོ་ན་སེམས་ཙམ་པས་ཆོས་ཐམས་ཅད་བདེན་སྟོང་དུ་ཁས་ལེན་པར་ཐལ། ཤེར་ཕྱིན་གྱི་མདོ་དང་། མངོན་རྟོགས་རྒྱན་ལས་དེ་ལྟར་དུ་བཤད་པ་གང་ཞིག མདོ་དང་བསྟན་བཅོས་དེ་དག་སེམས་ཙམ་པས་ཀྱང་ཁས་ལེན་པའི་ཕྱིར། བདུན་པ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། ཁྱད་པར་གྱི་ཆོས་ལ་དཔྱད་པའོ། །དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ལ། ཁ་ཅིག ཚོགས་དྲུག་འགོག་བྱེད་སྲིད་རྩེའི་སེམས་དང་། ཉོན་ཡིད་འགོག་བྱེད་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀྱིས་དགག་གཞི་ཀུན་གཞིའི་སྟེང་དུ་དགག་བྱ་ཚོགས་བདུན་འཁོར་བཅས་བཀག་པའི་ཀུན་གཞིའི་གནས་སྐབས་ལ་བཏགས་པའི་ལྡན་མིན་འདུ་བྱེད་ཅེས་ཟེར་བ་ནི་དགག་བྱ་འགོག་ཚུལ་མ་ཤེས་པ་སྟེ། འོ་ན་འགོག་པ་ལ་སྙོམས་པར་འཇུག་པའི་ཚེ་དང་པོར་སྲིད་རྩེའི་སེམས་ཀྱིས་ཚོགས་དྲུག་བཀག་ནས་དེའི་རྗེས་སུ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཉོན་ཡིད་འགོག་པ་ཡིན་ནམ། གོ་རིམ་དེ་ལས་བཟློག་པ་ཡིན་ནམ། དུས་མཉམ་དུ་འགོག་པར་བྱེད་པ་ཡིན། དང་པོ་ལྟར་ན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཉོན་ཡིད་འགོག་པར་བྱེད་བཞིན་པའི་འགོག་པ་ལ་སྙོམས་པར་འཇུག་ཁ་མའི་གང་ཟག་གི་རྒྱུད་ལ་ཡིད་ཀྱི་རྣམ་ཤེས་མེད་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། དེའི་རྒྱུད་ལ་བདག་མེད་རྟོགས་པའི་ཤེས་རབ་མེད་པར་ཐལ་ལོ། །གཉིས་པ་ལྟར་ན། སྲིད་རྩེའི་སེམས་ལ་བརྟེན་ནས་ཚོགས་དྲུག་འགོག་པར་བྱེད་བཞིན་པའི་འགོག་པ་ལ་སྙོམས་པར་འཇུག་ཁ་མའི་ཕྱིར་མི་འོང་གི་རྒྱུད་ལ་ཉོན་ཡིད་མེད་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། དེ་ལྟ་བུའི་ཕྱིར་མི་འོང་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཉོན་ཡིད་ཡོད་པར་ཐལ། ཁྱོད་འདས་ལམ་དང་འགོག་སྙོམས་མངོན་དུ་མ་གྱུར་པའི་ཐེག་དམན་སློབ་པ་ཡིན་པའི་ཕྱིར། གསུམ་པ་ལྟར་ན་མི་འཐད་དེ། ལུགས་འདི་ལ་སྲིད་རྩེའི་སེམས་དང་། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དུས་མཉམ་དུ་འབྱུང་བ་མེད་པའི་ཕྱིར། ཁ་ཅིག དགག་གཞི་ཀུན་གཞིའི་སྟེང་དུ་དགག་བྱ་ཚོགས་བདུན་བཀག་པའི་མཐར་གནས་ཀྱི་སྙོམས་འཇུག་གང་ཞིག སྲིད་རྩེའི་སས་བསྡུས་པ་ཞེས་ཟེར་བ་ལ་གཞན་དག་ན་རེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་འགོག་པའི་སྙོམས་འཇུག་ཆོས་ཅན། མཚན་ཉིད་ཀྱི་ཟུར་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ལ་ཀུན་གཞི་མེད་པའི་ཕྱིར་ཞེས་བཀག་ནས་རང་ལུགས་ལ་དགག་གཞི་སེམས་རྒྱུན་གྱི་སྟེང་དུ་དགག་བྱ་འཇུག་ཤེས་མངོན་འགྱུར་བ་བཀག་པའི་མཐར་གནས་ཀྱི་སྙོམས་འཇུག་གང་ཞིག སྲིད་རྩེའི་སས་བསྡུས་པ་ཞེས་སྨྲ་བ་ནི་གཞན་ལུགས་འགོག་པ་དང་འགལ་ཏེ། སངས་རྒྱས་ཀྱི་འགོག་སྙོམས་ཆོས་ཅན། མཚན་ཉིད་ཀྱི་སྔ་ཟུར་དུ་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། འཇུག་ཤེས་མངོན་འགྱུར་བ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་མིན་པར་ཐལ། འདོད་པ་དེའི་ཕྱིར། བསལ་བ་རྣམས་རིམ་པ་བཞིན་དུ་ཁས་བླངས་གཞན་ཡང་སངས་རྒྱས་འཕགས་པའི་རྒྱུད་ལ་འགོག་སྙོམས་མེད་པར་གོང་དུ་བསྒྲུབ་ཟིན་པས་ལུགས་འདི་མི་འཐད་པར་གྲུབ་བོ། །སྔ་ཕྱི་གཉིས་ཆར་གྱིས་འགོག་སྙོམས་སྲིད་རྩེའི་སས་བསྡུས་སུ་འདོད་པ་ནི་གྲུབ་མཐའི་སྐབས་མ་ཕྱེད་པ་སྟེ། དེ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་ཏེ། ལུགས་འདི་ལ་ཟག་མེད་དུ་བཤད་པའི་ཕྱིར་རོ། །ཁ་ཅིག སྲིད་རྩེའི་སེམས་ལ་བརྟེན་ནས་ཚོར་འདུ་རགས་པ་ཆ་མཉམ་དུ་བཀག་སྟེ་བདག་མེད་པའི་དོན་ལ་རྩེ་གཅིག་ཏུ་གྱུར་པའི་མཐར་གནས་ཀྱི་སྙོམས་འཇུག་ཞེས་ཟེར་བ་ཡང་མི་འཐད་དེ། དབུ་མ་པའི་ལུགས་ཡིན་ན། སྲིད་རྩེའི་སེམས་ལ་བརྟེན་ནས་ཚོར་འདུ་རགས་པ་འགོག་པས་མ་ཁྱབ་པའི་ཕྱིར་ཏེ། བསམ་གཏན་དང་པོའི་མཇུག་ཐོག་དེ་མ་ཐག་ཏུ་འགོག་པ་ལ་སྙོམས་པར་འཇུག་པ་ཡོད་པའི་ཕྱིར་དང་། སེམས་ཙམ་པའི་ལུགས་ལ་ལྡན་མིན་འདུ་བྱེད་ཡིན་པས་བདག་མེད་པའི་དོན་ལ་རྩེ་གཅིག་པར་འགལ་བའི་ཕྱིར་རོ། །གཉིས་པ་ནི། ཊཱི་ཀ་ལས། ཚོར་འདུ་རགས་པ་སུན་འབྱིན་པའི་སྲིད་རྩེའི་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པ་པོའི་རྒྱུད་ཀྱི་རྣམ་ཤེས་ཚོགས་བདུན་འཁོར་དང་བཅས་པ་རེ་ཤིག་སྐྱེ་བ་དང་མི་མཐུན་པར་བྱས་པའི་ཀུན་གཞིའི་གནས་སྐབས་ལ་བཏགས་པའི་ལྡན་མིན་འདུ་བྱེད་ཅེས་གསུངས་པ་ནི་ཐེག་དམན་གྱིས་དང་པོར་བསྒྲུབ་པའི་དབང་དུ་བྱས་པ་ཡིན་གྱིས་ཐེག་ཆེན་ལ་ནི་དེ་ལྟར་མ་ངེས་ཏེ། བྱང་སེམས་སྒོམ་ལམ་པས་ཐོད་རྒལ་འབྲིང་པོའི་སྐབས་སུ་མཐར་གནས་ཀྱི་སྙོམས་འཇུག་བརྒྱད་པོ་རེ་རེའི་མཇུག་ཐོག་ཏུ་ཡང་འགོག་པ་ལ་སྙོམས་པར་འཇུག་པར་བཤད་པ་དེ། སེམས་ཙམ་པས་ཀྱང་ཁས་ལེན་པའི་ཕྱིར། གལ་ཏེ་དེའི་ཚེ་བསམ་གཏན་དང་པོའི་མཇུག་ཐོག་ཏུ་སྲིད་རྩེའི་སེམས་ལ་བརྟེན་ནས་འགོག་པ་ལ་སྙོམས་པར་འཇུག་པའི་དོན་ཡིན་པས་སྐྱོན་མེད་དོ་སྙམ་ན་མ་ཡིན་ཏེ། དེ་ལྟར་ན་བསམ་གཏན་དང་པོ་ལ་སྲིད་རྩེ་སྤེལ། སྲིད་རྩེ་ལ་འགོག་པ་སྤེལ་བར་སོང་གི བསམ་གཏན་དང་པོ་ལ་འགོག་པ་སྤེལ་བར་མ་སོང་བའི་ཕྱིར་རོ། །རང་ལུགས་ནི། དགག་གཞི་ཀུན་གཞིའི་སྟེང་དུ་དགག་བྱ་སྙོམས་པར་འཇུག་པ་པོའི་རྒྱུད་ལ་ཡོད་པའི་ཚོགས་བདུན་གྱི་ཁོངས་སུ་གཏོགས་པ་འཁོར་བཅས་བཀག་པའི་ཀུན་གཞིའི་གནས་སྐབས་ལ་བཏགས་པའི་ལྡན་མིན་འདུ་བྱེད་དོ། །སྙོམས་པར་འཇུག་པ་པོའི་ཞེས་སྨོས་པ་ནི། སློབ་དཔོན་བློ་བརྟན་གྱིས་ཁམས་གསུམ་ལ་རིམ་པ་བཞིན་འཇུག་ཤེས་དྲུག་དང་། བཞི་དང་། གཅིག་འགོག་པར་གསུངས་པའི་དོན་ཡིན་ནོ། །གཉིས་པ་དབྱེ་བ་ལ་གསུམ་སྟེ། གང་ཟག་གི་སྒོ་ནས་དབྱེ་བ། རྟེན་གྱི་སྒོ་ནས་དབྱེ་བ། སྙོམས་པར་འཇུག་སེམས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་ཉན་ཐོས་སློབ་པ་དང་། མི་སློབ་པའི་རྒྱུད་ཀྱི་འགོག་སྙོམས་གཉིས། རང་སངས་རྒྱས་ཀྱི་རྒྱུད་ཀྱི་འགོག་སྙོམས། བྱང་སེམས་འཕགས་པའི་རྒྱུད་ཀྱི་འགོག་སྙོམས་དང་བཞིའོ། །གཉིས་པ་ལ་འདོད་པའི་རྟེན་ཅན་དང་། གཟུགས་ཀྱི་རྟེན་ཅན་གཉིས། དང་པོ་ལ། ཐེག་དམན་གྱི་དབང་དུ་བྱས་ན་གླིང་གསུམ་གྱི་མིའི་རྟེན་ཅན་དུ་ངེས་ཤིང་། བྱང་སེམས་ཀྱི་དབང་དུ་བྱས་ན་འགྲོ་བ་གཞན་རྣམས་ལ་ཡང་ཡོད་དོ། །ཕྱི་མ་ལ་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་རྟེན་ཅན་བཅུ་བདུན་ནོ། །གསུམ་པ་ལ་ཁམས་གསུམ་ས་དགུའི་མཇུག་ཐོག་ཏུ་བྱུང་བའི་འགོག་པའི་སྙོམས་འཇུག་དགུའོ། །གསུམ་པ་ཁྱད་པར་གྱི་ཆོས་ལ་དཔྱད་པ་ནི། འགོག་སྙོམས་དེ་རྫས་ཡོད་དང་བཏགས་ཡོད་གཉིས་ཀྱི་ནང་ནས་བཏགས་ཡོད་ཡིན་ཏེ། བསྡུ་བ་ལས། འགོག་པའི་སྙོམས་པར་འཇུག་པ་ནི་བཏགས་པའི་ཕྱིར་ཡོད་པ་ཡིན་གྱི། རྫས་སུ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། འོ་ན་བྱེ་བྲག་ཏུ་སྨྲ་བས་དེ་རྫས་ཡོད་དང་། སེམས་ཙམ་པས་བཏགས་ཡོད་དུ་འདོད་པའི་ཁྱད་པར་ཉིད་མི་འཐད་དེ། དེ་གཉིས་ཀས་ལྡན་མིན་འདུ་བྱེད་དུ་འདོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ལྡན་མིན་འདུ་བྱེད་ཉིད་རྫས་ཡོད་དང་བཏགས་ཡོད་དུ་འདོད་པའི་ཁྱད་པར་ཡོད་པའི་ཕྱིར། ཟག་བཅས་ཟག་མེད་གཉིས་ཀྱི་ནང་ནས་ཟག་མེད་ཡིན་ཏེ། ཀུན་བཏུས་ལས། འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པ་སྟེ་ཞེས་དང་། བསྡུ་བ་ལས། འགོག་པའི་སྙོམས་པར་འཇུག་པ་ནི་ཟག་པ་མེད་པར་བརྗོད་པར་བྱ་སྟེ། ཉོན་མོངས་པ་དང་བྲལ་བ་དང་། ཉོན་མོངས་པ་དང་མཚུངས་པར་ལྡན་པ་མ་ཡིན་པ་དང་། ཉོན་མོངས་པ་ལ་དམིགས་པ་མ་ཡིན་པ་དང་། ཉོན་མོངས་པ་རྣམས་ཀྱིས་མ་བསྐྱེད་པའི་ཕྱིར་ཞེས་སོ། །དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ནང་ནས་དགེ་བ་ཡིན་ཏེ། བསྡུ་བ་ལས། ངོ་བོ་ཉིད་ལས་ནི་དགེ་བའོ་ཞེས་སོ། །ཕུང་པོ་ལྔའི་ནང་ནས་འདུ་བྱེད་ཀྱི་ཕུང་པོ་ཡིན་ཏེ། ལྡན་མིན་འདུ་བྱེད་ཀྱི་དབྱེ་བར་བཤད་པའི་ཕྱིར། སེམས་ཡོད་མེད་གཉིས་ཀྱི་ནང་ནས་སེམས་ཡོད་ཡིན་ཏེ། དེའི་གནས་སྐབས་ན་ཀུན་གཞིའི་རྣམ་ཤེས་ཡོད་པའི་ཕྱིར་རོ།༞ །འགོག་པའི་སྙོམས་པར་འཇུག་པ་ལ་ཆོས་གཉིས་གཅེས་སྤྲས་སུ་བྱེད་དོ། །གཉིས་གང་ཞེ་ན་ཞི་གནས་དང་ལྷག་མཐོང་ངོ་། །དེ་ལ་ཞི་གནས་ནི་གང་། ལྷག་མཐོང་ནི་གང་། དེ་གཉིས་ཅི་ལྟར་དུ་གཅེས་སྤྲས་སུ་བྱེད་ཅེ་ན། དོན་འདིར་ཞི་གནས་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་པོ་བརྒྱད་ལ་བྱའོ། །ལྷག་མཐོང་ནི་འཕགས་པའི་ཤེས་རབ་སྟེ། དེ་གཉིས་གཅིག་མེད་ན་འཇུག་ཏུ་མི་རུང་བའི་ཕྱིར། དེ་གཉིས་ཀ་ཚོགས་པ་ན་གཅེས་སྤྲས་སུ་བྱེད་པར་འགྱུར་རོ་ཞེས་གཏན་ལ་དབབ་པ་བསྡུ་བའི་མཉམ་པར་འཇོག་པའི་སྐབས་སུ་འབྱུང་ངོ་།། ༈ །།གསུམ་པ་དབུ་མ་པའི་ལུགས་ལ་གཉིས་ཏེ། ལུང་ལས་གསུངས་པའི་ཚུལ་དང་། རྣམ་གཞག་ཞིབ་ཏུ་གཏན་ལ་དབབ་པའོ། །དང་པོ་ནི། ཤེར་ཕྱིན་གྱི་མདོ་ལས། མཐར་གནས་ཀྱི་སྙོམས་འཇུག་འཆད་པའི་སྐབས་སུ་འདུ་ཤེས་དང་ཚོར་བ་འགོག་པ་ཞེས་པའི་མིང་ཙམ་ཞིག་ཡང་ཡང་གསུངས་ཀྱི། དོན་ཞིབ་ཏུ་མ་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཏིང་ངེ་འཛིན་དེ་ལ་གནས་ནས་ཚོར་བ་གསུམ་དང་འདུ་ཤེས་གསུམ་ཡོངས་སུ་གཅོད་དེ་མངོན་པར་འདུ་བྱེད་པ་དང་། གཡོ་བའི་སེམས་ཀྱི་དཔྱོད་པ་མེད་པར་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་ཀུན་གཅོད་པར་འགྱུར་རོ་ཞེས་གསུངས་སོ། །མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་དྲུག་པ་ཡན་ཆད་བྱང་ཆུབ་སེམས་དཔའི་འགོག་པ་ལ་སྙོམས་པར་འཇུག་གོ །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་དང་། སེམས་ཀྱི་སྐད་ཅིག་ལ་ཡང་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ་འགོག་པ་མངོན་དུ་བྱས་ཞེས་ནི་མི་བྱའོ་ཞེས་རྒྱས་པར་གསུངས་སོ། །འཇུག་པ་ལས། རིང་དུ་སོང་བ་འདིར་ནི་སྐད་ཅིག་དང་། །སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་། །ཞེས་པའི་འགྲེལ་པར། འགོག་པ་ལ་སྙོམས་པར་འཇུག་པ་ནི་ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས་དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་དེ། འདིར་སྤྲོས་པ་ཐམས་ཅད་འགག་པར་འགྱུར་བའི་ཕྱིར་རོ། །ས་བདུན་པ་རིང་དུ་སོང་བ་འདིར་ནི་ས་དྲུག་པར་ཐོབ་པའི་འགོག་པ་དེ་ལ་བྱང་ཆུབ་སེམས་དཔའ་སྐད་ཅིག་དང་སྐད་ཅིག་ལ་སྙོམས་པར་འཇུག་པར་འགྱུར་ཏེ། ཇི་སྐད་དུ་ཀྱེ་རྒྱལ་བའི་སྲས་དག་ཅེས་སོགས་བཤད་མ་ཐག་པའི་ལུང་ཤེས་བྱེད་དུ་དྲངས་སོ། །དེ་དག་གི་དོན་ལ་ཐུན་མོང་བ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་དང་། ཐུན་མོང་མ་ཡིན་པ་ཡང་དག་མཐའ་ལ་སྙོམས་པར་འཇུག་པའི་སྙོམས་འཇུག་གཉིས་ལས། ཤེར་ཕྱིན་གྱི་མདོ་དང་། མངོན་རྟོགས་རྒྱན་ལས་དང་པོ་བསྟན་ལ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་གཉིས་ཀ་བསྟན་ཏེ། དང་པོའི་དགག་བྱ་ཚོར་བ་གསུམ་དང་། བདག་ཏུ་འཛིན་པའི་འདུ་ཤེས་དང་། གཉིས་པའི་དགག་བྱ་དམན་པའི་ཡིད་བྱེད་དང་སྤྲོས་པའི་མཚན་མའི་འདུ་ཤེས་གཉིས་དགག་བྱར་བསྟན་པའི་ཕྱིར་རོ། །མདོ་སྡེ་ས་བཅུ་པ་དང་། འཇུག་པ་རྩ་འགྲེལ་ལས་ཕྱི་མ་ཁོ་ན་བསྟན་ཏེ། དེ་ནས་བཤད་པའི་འགོག་སྙོམས་ས་དྲུག་པ་མན་ཆད་དུ་ཐོབ་པ་མེད་པར་བཤད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐུན་མོང་བ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་དང་། ཐུན་མོང་མ་ཡིན་པ་ཡང་དག་མཐའ་ལ་སྙོམས་པར་འཇུག་པའི་འགོག་སྙོམས་སོ། །དང་པོ་ལ་རྟེན་ངོས་གཟུང་བ། དགག་གཞི། དགག་བྱ། འགོག་བྱེད། ངོ་བོ་ལ་དཔྱད་པ་དང་ལྔ་ལས། དང་པོ་ནི། བྱང་སེམས་འཕགས་པས་འདོད་གཟུགས་གཉིས་སུ་མངོན་དུ་བྱས་ཚུལ་ནི་སྔར་སེམས་ཙམ་པའི་སྐབས་སུ་བཤད་པ་ལྟར་ཡིན་ལ་ཉན་རང་གིས་གསར་དུ་ཐོབ་ཚུལ་ནི་དབུ་མ་པའི་གཞུང་ལས་གསལ་བར་མ་བཤད་པས། སེམས་ཙམ་པ་ལྟར་ཁས་ལེན་དགོས་ཤིང་། ཕྱིས་ནི་གཟུགས་མེད་ཀྱི་རྟེན་ལ་ཡང་མངོན་དུ་བྱེད་པ་ཡོད་དེ། དེར་མངོན་དུ་བྱེད་པའི་དགོས་ནུས་གཉིས་ཚང་བའི་ཕྱིར་ཏེ། བདག་ཏུ་འཛིན་པའི་འདུ་ཤེས་དང་། དེའི་རྒྱུར་གྱུར་པའི་ཚོར་བ་འགོག་དགོས་པས་དགོས་པ་ཡོད་ཅིང་། དེའི་ཚེ་ཟག་མེད་ཀྱི་ཤེས་པ་ཡོད་པས་ནུས་པ་ཡང་ཡོད་པའི་ཕྱིར། གཉིས་པ་ལ་ཁ་ཅིག ལུས་ལ་འདོད་པ་ནི་མི་འཐད་དེ། འགོག་པ་ལ་སྙོམས་པར་འཇུག་བཞིན་པའི་དུས་སུ་ཟག་མེད་ཀྱི་ཤེས་པ་ཡོད་པས་ལུས་དགག་གཞིར་གཟུང་མི་དགོས་པའི་ཕྱིར་རོ། །ཁ་ཅིག་ཀུན་གཞི་ལ་འདོད་པ་ཡང་མི་འཐད་དེ། དབུ་མ་པ་ཐམས་ཅད་ཀྱིས་ཀུན་གཞི་ཁས་ལེན་པའི་ངེས་པ་མེད་པའི་ཕྱིར་དང་། སངས་རྒྱས་འཕགས་པའི་རྒྱུད་ལ་ཀུན་གཞི་མེད་པའི་ཕྱིར་རོ། །ཁ་ཅིག སེམས་རྒྱུན་ལ་འདོད་པ་ཡང་མི་འཐད་དེ། སེམས་རྒྱུན་དེ་འགོག་བྱེད་ཡིན་གྱི་དགག་གཞི་མིན་པའི་ཕྱིར་རོ། །དེས་ན་དེ་བཞིན་ཉིད་དགག་གཞིར་འཐད་དེ། དབུ་མ་པས་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་བརྟེན་པར་ཁས་ལེན་པའི་ཕྱིར། གསུམ་པ་ནི། དབང་ཤེས་དགག་དགོས་ཏེ། དེ་མ་བཀག་ན་བདག་མེད་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་གཞག་མི་ནུས་པའི་ཕྱིར། ཡིད་ཀྱི་རྣམ་ཤེས་ཟག་བཅས་རྣམས་ཀྱང་མཐའ་གཅིག་ཏུ་དགག་དགོས་ཏེ། ཐེག་དམན་སློབ་པ་རྣམས་ནི་ཉོན་མོངས་ཀྱི་རྒྱུར་གྱུར་པའི་ཚོར་འདུ་དགག་དགོས། བྱང་སེམས་འཕགས་པ་རྣམས་ནི་ཆོས་ཀྱི་བདག་ཏུ་འཛིན་པའི་རྒྱུར་གྱུར་པའི་ཚོར་འདུ་དགག་དགོས་པའི་ཕྱིར་རོ། །ཡིད་ཀྱི་རྣམ་ཤེས་ཟག་མེད་ནི་མི་འགོག་སྟེ། འགོག་སྙོམས་ཉིད་ཟག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཉོན་ཡིད་ཁས་ལེན་ན་དེ་ཡང་དགག་དགོས་ཏེ། དེ་ནི་ངར་འཛིན་ཡིན་པས་འདིར་དགག་བྱའི་གཙོ་བོ་ཡིན་པའི་ཕྱིར་རོ། །བཞི་པ་ནི། ཟག་མེད་ཀྱི་ཤེས་པར་ངེས་ཏེ། འདིར་ནི་བདག་འཛིན་དགག་བྱའི་གཙོ་བོར་བྱས་ནས་འགོག་དགོས་པས་དེ་ལ་བདག་མེད་རྟོགས་པའི་ཤེས་རབ་དགོས་ཤིང་། འཕགས་རྒྱུད་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ལ་ཟག་མེད་ཀྱིས་ཁྱབ་པའི་ཕྱིར་རོ། །འོན་ཀྱང་སྲིད་རྩེའི་སེམས་ལ་བརྟེན་ནས་འགོག་པ་ནི་མི་འགལ་ཏེ། ལུགས་འདི་ལ་བདག་མེད་རྟོགས་པའི་ཤེས་རབ་སྲིད་རྩེའི་སེམས་ལ་བརྟེན་པ་ཡོད་པའི་ཕྱིར། དང་པོར་འཇུག་པའི་ཚེ་སྲིད་རྩེའི་སེམས་ལ་བརྟེན་དགོས་ཏེ། ཉན་རང་ནི་དེ་ལ་བརྟེན་ནས་བསྒྲུབ་སླ་ཞིང་། བྱང་འཕགས་འགོག་པ་ལ་སྙོམས་པར་འཇུག་པའི་ཐོག་མ་ནི་མཐོང་ལམ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་ཀྱི་ཡར་འོང་བའི་གནས་སྐབས་ཀྱི་འགོག་པ་ཡིན་ཅིང་། དེ་སྲིད་རྩེ་ལ་བརྟེན་ནས་ཐོབ་པ་ཡིན་པའི་ཕྱིར་རོ། །དེས་ན་འགོག་བྱེད་ཀྱི་ཤེས་པ་དང་། སྙོམས་པར་འཇུག་སེམས་གཉིས་པོ་དོན་གཅིག་ཅིང་། འགོག་པ་ལ་མཉམ་པར་བཞག་བཞིན་པའི་གནས་སྐབས་སུ་འཇུག་སེམས་ཀྱི་རྒྱུན་ཡོད་པ་དེ་ཉིད་སྙོམས་འཇུག་དངོས་ཡིན་པས་འདིར་འགོག་བྱེད་ཀྱི་ཤེས་པ་ཟག་མེད་དུ་ངེས་སོ། །ལྔ་པ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། ཁྱད་པར་གྱི་ཆོས་ལ་དཔྱད་པའོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། མཁན་ཆེན་པ་ན་རེ། དགག་གཞིའི་སྟེང་དུ་དགག་བྱ་ཅི་རིགས་པ་བཀག་པའི་འཕགས་རྒྱུད་ཀྱི་མཁྱེན་པ་རྩེ་གཅིག་པ་ཞེས་གསུངས་པ་ནི་མི་འཐད་དེ། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དགག་གཞིའི་སྟེང་དུ་གང་ཟག་གི་བདག་འཛིན་བཀག་པའི་འཕགས་རྒྱུད་ཀྱི་མཁྱེན་པ་རྩེ་གཅིག་པ་ཡིན་པའི་ཕྱིར། ཁ་ཅིག་སྲིད་རྩེའི་སེམས་ལ་བརྟེན་ནས་ཚོར་འདུ་རགས་པ་ཆ་མཉམ་དུ་བཀག་སྟེ། བདག་མེད་པའི་དོན་ལ་རྩེ་གཅིག་པའི་སྙོམས་འཇུག་ཅེས་ཟེར་ཡང་མི་འཐད་དེ། བསམ་གཏན་དང་པོའི་འཇུག་ཐོག་དེ་མ་ཐག་ཏུ་འགོག་པ་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །ཁ་ཅིག འགོག་བྱེད་ས་དགུ་གང་རུང་གིས་དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དགག་བྱ་ཟག་བཅས་ཀྱི་ཚོར་འདུ་རགས་པ་ཅི་རིགས་པ་བཀག་པའི་འཕགས་རྒྱུད་ཀྱི་ལྡན་མིན་འདུ་བྱེད་ཅེས་ཟེར་བ་ཡང་མི་འཐད་དེ། འདིར་འགོག་པའི་སྙོམས་འཇུག་ལྡན་མིན་འདུ་བྱེད་མིན་པའི་ཕྱིར་དང་། སངས་རྒྱས་འཕགས་པའི་རྒྱུད་ཀྱི་འགོག་སྙོམས་དེས་ཟག་བཅས་ཀྱི་ཚོར་འདུ་རགས་པ་འགོག་པ་མིན་པའི་ཕྱིར་རོ། །གལ་ཏེ་དེས་ཟག་བཅས་ཀྱི་ཚོར་འདུ་རགས་པ་བཀག་སྟེ། སངས་རྒྱས་འཕགས་པའི་རྒྱུད་ལ་ཟག་བཅས་ཀྱི་ཚོར་འདུ་མེད་པའི་ཕྱིར་ཞེ་ན། གཟུགས་ཀྱི་རྟེན་ཅན་གྱི་འགོག་སྙོམས་དེས་སྣ་ལྕེའི་རྣམ་ཤེས་དེ་གཉིས་བཀག་པར་ཐལ། དེར་དེ་གཉིས་མེད་པའི་ཕྱིར། འདོད་ན། གོང་དུ་དྲངས་པའི་བློ་བརྟན་གྱི་ལུང་དང་འགལ་ལོ། །གཉིས་པ་ནི་ཐུན་མོང་བ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་གི་མཚན་ཉིད། ཟག་བཅས་ཀྱི་ཚོར་འདུ་གཉིས་ཀ་དགག་བྱའི་གཙོ་བོར་བྱས་ནས་བཀག་པའི་རིགས་སུ་གནས་པའི་མཐར་གནས་ཀྱི་སྙོམས་འཇུག་གོ །གཉིས་པ་ལ་གང་ཟག་གི་སྒོ་ནས་དབྱེ་བ། རྟེན་གྱི་སྒོ་ནས་དབྱེ་བ། སྙོམས་པར་འཇུག་སེམས་ཀྱི་སྒོ་ནས་དབྱེ་བ་དང་གསུམ་ལས། དང་པོ་ལ་ཉན་ཐོས་སློབ་མི་སློབ་གཉིས། རང་རྒྱལ་མི་སློབ་པ། ཐེག་ཆེན་སློབ་པ་དང་མི་སློབ་པའི་རྒྱུད་ཀྱི་འགོག་པའི་སྙོམས་འཇུག་དང་ལྔའོ། །གཉིས་པ་ལ། ཁམས་གསུམ་གྱི་རྟེན་ཅན་གསུམ་མོ། །གསུམ་པ་ལ་སྔར་བཤད་པ་ལྟར་དགུའོ། །གསུམ་པ་ཁྱད་པར་གྱི་ཆོས་ལ་དཔྱད་པ་ནི། རྫས་ཡོད་བཏགས་ཡོད་གཉིས་ཀྱི་ནང་ནས་བཏགས་ཡོད་ཡིན་ཏེ། རྫས་ཡོད་ཀྱི་ཆོས་མེད་པའི་ཕྱིར་རོ། །ཟག་བཅས་ཟག་མེད་གཉིས་ཀྱི་ནང་ནས་ཟག་མེད་ཡིན་ཏེ། འཕགས་རྒྱུད་ཀྱི་བདག་མེད་རྟོགས་པའི་མཉམ་བཞག་ཡིན་པའི་ཕྱིར། སེམས་བཅས་སེམས་མེད་གཉིས་ཀྱི་ནང་ནས་སེམས་བཅས་ཡིན་ཏེ། དེའི་གནས་སྐབས་ན་ཟག་མེད་ཀྱི་ཤེས་པ་ཡོད་པའི་ཕྱིར། ཕུང་པོ་ལྔའི་ནང་ནས་གཟུགས་ཕུང་མ་གཏོགས་པའི་གཞན་བཞི་ཀ་ཡོད་དེ། གཙོ་བོ་ཡིད་ཀྱི་རྣམ་ཤེས་འགོག་སྙོམས་སུ་སོང་བའི་ཚེ། དེའི་འཁོར་དུ་བྱུང་བའི་ཚོར་བ་དང་། འདུ་ཤེས་དང་། མཚུངས་ལྡན་གྱི་འདུ་བྱེད་གསུམ་པོ་དེ་ཡང་འགོག་སྙོམས་སུ་འགྱུར་བའི་ཕྱིར། དར་ཊཱིཀ་པ་ན་རེ། འགོག་པའི་སྙོམས་འཇུག་ཡིན་ན། མཉམ་བཞག་ཡིན་པས་མ་ཁྱབ་སྟེ། འཕགས་སེང་གཉིས་ཀྱིས་ཐོགས་མེད་སྐུ་མཆེད་ཀྱིས་བཤད་པ་ལས་མ་གཏོགས་པའི་འགོག་སྙོམས་མ་བཤད་པ་གང་ཞིག ཐོགས་མེད་སྐུ་མཆེད་ཀྱིས་དེ་ལྡན་མིན་འདུ་བྱེད་དུ་བཤད་པའི་ཕྱིར། གཞན་ཡང་འགོག་སྙོམས་དང་མི་རྟོག་ཡེ་ཤེས་ཀྱི་གཞི་མཐུན་མེད་དེ། ཐེག་བསྡུས་ལས། དེ་ལ་རྣམ་པ་ལྔ་སྤངས་པ་ནི་ཞེས་སོགས་གསུངས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དེ་བདེན་གྲུབ་ཏུ་ཐལ། འཕགས་སེང་གཉིས་ཀྱིས་ཐོགས་མེད་སྐུ་མཆེད་ཀྱི་བཤད་པ་ལས་མ་གཏོགས་པའི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་མ་བཤད་པ་གང་ཞིག ཐོགས་མེད་སྐུ་མཆེད་ཀྱིས་དེ་བདེན་གྲུབ་ཏུ་བཤད་པའི་ཕྱིར། གལ་ཏེ་གཏན་ཚིགས་དང་པོ་མ་གྲུབ་སྟེ། འཕགས་སེང་གཉིས་ཀྱིས་རྟེན་འབྲེལ་གྱི་རྟགས་ལས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་ངོ་བོ་ཉིད་མེད་པར་བཤད་པའི་ཕྱིར་ཏེ། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་ཏེ། སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་པ་སྟེ་ཞེས་གསུངས་པའི་ཕྱིར་ཞེ་ན། འོ་ན་སྔ་མའི་གཏན་ཚིགས་དང་པོ་ཡང་མ་གྲུབ་སྟེ། སློབ་དཔོན་གྱིས་འགོག་སྙོམས་དེ་འདས་ལམ་དུ་བཤད་པའི་ཕྱིར་ཏེ། འཇིག་རྟེན་ལས་འདས་པའི་ལམ་ལ་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་དག་སྟེ་དགུའོ་ཞེས་གསུངས་པའི་ཕྱིར། འགོག་སྙོམས་ཡིན་ན། འདས་ལམ་ཡིན་དགོས་པར་ཐལ། འཕགས་སེང་གཉིས་ཀྱིས་བྱམས་མགོན་གྱིས་བཤད་པ་ལས་མ་གཏོགས་པའི་འགོག་སྙོམས་མ་བཤད་པ་གང་ཞིག བྱམས་མགོན་གྱིས་འགོག་སྙོམས་ལ་འདས་ལམ་གྱིས་ཁྱབ་པར་བཤད་པའི་ཕྱིར་ཏེ། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་འགོག་སྙོམས་སྒོམ་ལམ་རྩེ་སྦྱོར་དང་། སངས་རྒྱས་ཀྱི་འགོག་སྙོམས་རྟོགས་པ་ཆོས་སྐུར་བཤད་པའི་ཕྱིར། ཐེག་བསྡུས་ཀྱི་ལུང་གི་དོན་ནི། སེམས་ཙམ་པའི་དབང་དུ་བྱས་པར་བཤད་ཟིན་ཏོ།། །།གཉིས་པ་ལ་གང་ཟག ས་མཚམས། དགག་བྱ། འགོག་བྱེད། ངོ་བོའི་ཁྱད་པར་དང་ལྔ་ལས། དང་པོ་ནི། འདི་ལ་ཐེག་ཆེན་འཕགས་པ་རྣམས་འཇུག་གི ཐེག་དམན་རྣམས་མི་འཇུག་སྟེ། འདིའི་དགག་བྱའི་གཙོ་བོ་མཚན་འཛིན་གྱི་སྤྲོས་པ་འགོག་མི་ནུས་པའི་ཕྱིར། གཉིས་པ་ནི། ས་དྲུག་པ་ནས་འཐོབ་སྟེ། དེར་ཤེར་ཕྱིན་ལྷག་པར་ཐོབ་པའི་ཕྱིར་རོ། །དེ་ལྟར་ཡང་། འཇུག་པ་ལས། ཤེས་རབ་གནས་པས་འགོག་པ་འཐོབ་པར་འགྱུར། །ཞེས་པའི་འགྲེལ་པར། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་དེ་ཁོ་ན་ཉིད་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་འགོག་པ་འཐོབ་པར་འགྱུར་གྱི་སྔ་རོལ་དུ་ནི་མ་ཡིན་ཏེ། ཤེར་ཕྱིན་ལྷག་པར་གྱུར་པ་མེད་པའི་ཕྱིར། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བ་དང་ལྡན་པས་འདི་ཐོབ་པར་མི་ནུས་སོ་ཞེས་གསུངས་སོ། །ས་བདུན་པ་ནས་སྐད་ཅིག་རེ་རེ་ལ་འཇུག་ལྡང་བྱེད་ནུས་ཏེ། དེར་མཚན་འཛིན་གྱི་སྤྲོས་པ་དངོས་སུ་འགོག་པའི་ནུས་པ་ཐོབ་པའི་ཕྱིར་ཏེ། འཇུག་པ་ལས། རིང་དུ་སོང་བ་འདིར་ནི་སྐད་ཅིག་དང་། །སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་། །ཞེས་གསུངས་པའི་ཕྱིར། འོ་ན་ནུས་པ་དེ་ས་བདུན་པར་ཐོབ་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། མདོ་སྡེ་ས་བཅུ་པ་ལས། བྱང་ཆུབ་སེམས་དཔའི་ས་བདུན་པ་རིང་དུ་སོང་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ་ཞེས་གསུངས་པའི་དོན་བྱང་སེམས་རང་གི་ཐུན་མོང་མ་ཡིན་པའི་ཡུལ་ནི་སྤྲོས་པ་མཐའ་དག་བཀག་པའི་དེ་བཞིན་ཉིད་ཡིན་ལ། དེ་ཤེས་པའི་ཆེ་བ་ནི་མཚན་འཛིན་གྱི་སྤྲོས་པ་དངོས་སུ་འགོག་པའི་ནུས་པ་ཡིན་པས་དེ་ས་བདུན་པ་ནས་ཐོབ་ཅེས་པའི་དོན་ནོ། །ས་བརྒྱད་པར་ནི་རྩོལ་མེད་དུ་འཇུག་ནུས་ཏེ། མཚན་འཛིན་གྱི་སྤྲོས་པ་མཐའ་དག་དང་བྲལ་བའི་ཕྱིར་རོ། །སངས་རྒྱས་ཀྱི་སར་ནི་དུས་རྟག་ཏུ་མཉམ་པར་བཞག་པའི་སྒོ་ནས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ཏེ། འཇུག་འགྲེལ་ལས། འགོག་པ་ལ་སྙོམས་པར་འཇུག་པ་ནི་ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས་ཞེས་འདིར་བསྟན་གྱི་འགོག་པ་དང་། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མ་བྱེད་ཅིག་ཅེས་པའི་ཡང་དག་མཐའ་གཉིས་དོན་གཅིག་པར་བཤད་ཅིང་། སངས་རྒྱས་འཕགས་པས་རྫོགས་སྨིན་སྦྱངས་གསུམ་བྱས་ནས་ཡང་དག་མཐའ་མངོན་དུ་བྱས་པའི་ཕྱིར། གསུམ་པ་ནི། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་འདུ་ཤེས་གསུམ་གསུངས་པའི་བདག་ཏུ་འཛིན་པའི་འདུ་ཤེས་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་འགོག་སྙོམས་ཀྱི་དགག་བྱ་དང་། དམན་པའི་ཡིད་བྱེད་ཀྱི་འདུ་ཤེས་ནི་ཐེག་ཆེན་གྱི་འགོག་སྙོམས་གཉིས་ཀྱི་དགག་བྱ་དང་། མཚན་འཛིན་གྱི་སྤྲོས་པའི་འདུ་ཤེས་ནི་འདིའི་ཐུན་མོང་མ་ཡིན་པའི་དགག་བྱ་ཡིན་ཏེ། འཇུག་འགྲེལ་ལས། དེ་བཞིན་ཉིད་ལ་འགོག་པ་ཞེས་བྱ་སྟེ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་འདི་ནས་བཤད་པའི་མཚན་འཛིན་དང་། སྐབས་དང་པོར་སྦྱོར་ལམ་གྱི་དགག་བྱར་བཤད་པའི་མངོན་ཞེན་དང་། སྐབས་དང་པོ་དང་ལྔ་པར་བཤད་པའི་བཏགས་འཛིན་རྟོག་པ་དང་། སྐབས་གསུམ་པར་བཤད་པའི་གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་དང་། རྒྱུད་བླར། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པའི་ཤེས་སྒྲིབ་དང་། འཇུག་པ་ལས་བཤད་པའི་སྦྱིན་པ་ལ་སོགས་པའི་འཁོར་གསུམ་དུ་རྣམ་པར་རྟོག་པའི་བློ་རྣམས་དོན་གཅིག་ཅིང་། དེ་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་དགག་བྱ་ཡིན་གྱི་ཐེག་དམན་གྱིས་དེ་འགོག་མིན་ནུས་ཤིང་མ་བཀག་ཀྱང་རང་གི་བྱང་ཆུབ་ཐོབ་པ་ལ་གེགས་ཅུང་ཟད་ཀྱང་མི་བྱེད་དོ། །བཞི་པ་ནི། སྔར་བཤད་པའི་མཚན་འཛིན་གྱི་སྤྲོས་པ་དེའི་གཉེན་པོར་གྱུར་པའི་མཚན་མེད་རྟོགས་པའི་ཤེས་རབ་ཡིན་ལ། དེ་ལྟ་བུའི་མཚན་མེད་དེ་ཐོས་བསམ་གྱི་སྒོ་ནས་རྟོགས་པ་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད་དེ། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་གསུངས་པའི་ཕྱིར། སྒོམ་བྱུང་གི་སྒོ་ནས་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཐེག་ཆེན་གྱི་སྦྱོར་ལམ་ནས་ཡོད་དེ། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་དང་། སྤྱོད་པ་བཀག་པའི་སྦྱོར་བ་དང་། །ཞེས་གསུངས་པའི་ཕྱིར། མངོན་སུམ་དུ་རྟོགས་པ་ཐེག་ཆེན་གྱི་མཐོང་ལམ་ནས་ཡོད་དེ། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཞེས་གསུངས་པའི་ཕྱིར། མངོན་སུམ་དུ་རྟོགས་ཟིན་རྒྱུན་ལྡན་དུ་བསྒོམས་པ་ཐེག་ཆེན་གྱི་སྒོམ་ལམ་ནས་ཡོད་དེ། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་གསུངས་པའི་ཕྱིར། དེས་ན་བསྟན་བཅོས་མངོན་རྟོགས་རྒྱན་འདིར་དེ་ལྟ་བུའི་ཤེས་རབ་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཐ་སྙད་མཛད་ནས། ཉན་རང་ལ་མེད་པར་བཤད་པ་ཡིན་ཏེ། ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་དེ་ལྟ་བུའི་ཤེས་རབ་དང་ལྡན་པའི་ཆ་ནས་ཐེག་དམན་གྱི་སྦྱོར་མཐོང་སྒོམ་གསུམ་ལས་ཁྱད་པར་དུ་འཕགས་པར་བཤད་པའི་ཕྱིར། དེ་ཉིད་ཀླུ་སྒྲུབ་ཡབ་སྲས་ཀྱང་བཞེད་དེ། རིན་ཆེན་ཕྲེང་བ་ལས། ཟབ་མོ་འཁུ་འཕྲིག་ཅན་འཇིགས་པ། །བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལའོ། །ཞེས་དང་། སློབ་དཔོན་ཟླ་བས། སྦྱིན་པའི་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་བྱང་ཆུབ་སེམས་དཔའི་གནས་སྐབས་མ་ཐོབ་པ་ལ་མེད་པར་བཤད་པའི་ཕྱིར། དེས་ན་ཤེར་ཕྱིན་ལྷག་པར་ཐོབ་པའི་སྟོབས་ཀྱིས་མཚན་འཛིན་གྱི་སྤྲོས་པ་མཐའ་དག་འགོག་པའི་ནུས་པ་མཐུ་ཅན་དུ་གྱུར་པའི་ཟག་མེད་ཀྱི་ཡེ་ཤེས་ནི་འགོག་བྱེད་ཀྱི་ཤེས་པ་ཡིན་ཏེ། འདིར་འགོག་བྱེད་ཀྱི་ཤེས་པ་དང་། འགོག་པའི་སྙོམས་འཇུག་གཉིས་ནི་ཤེས་པ་རིགས་རྒྱུན་གཅིག་ལ་འཇོག་དགོས་པའི་ཕྱིར་རོ། །མདོར་ན་ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་རིགས་སུ་གྱུར་པའི་མཚན་འཛིན་གྱི་སྤྲོས་པ་མཐའ་དག་བཀག་པའི་མཚན་མེད་རྟོགས་པའི་ཤེས་རབ་དེ་ཐེག་ཆེན་གྱི་ཚོགས་སྦྱོར་གྱི་གནས་སྐབས་སུ་དོན་སྤྱིའི་ཚུལ་དུ་བསྒོམས་པའི་མཐུས་ཐེག་ཆེན་གྱི་མཐོང་ལམ་དུ་མངོན་སུམ་དུ་རྟོགས། ས་དྲུག་པར་མཚན་འཛིན་གྱི་སྤྲོས་པ་འགོག་པའི་ནུས་པ་ཐོབ། ས་བདུན་པར་སྐད་ཅིག་རེ་རེ་ལ་འཇུག་ལྡང་ནུས། ས་བརྒྱད་པར་རྩོལ་མེད་དུ་འཇུག་ནུས། སངས་རྒྱས་ཀྱི་སར་ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་དུ་འགྱུར་བས་ན། ཐེག་ཆེན་རང་གི་རྟོགས་རིགས་ཐུན་མོང་མ་ཡིན་པ་དེ་ལ་ས་དྲུག་པ་ནས་འདིའི་འགོག་སྙོམས་སུ་བཞག་པ་ཙམ་མོ། །དེ་ཡང་མདོ་སྡེ་ས་བཅུ་པ་ལས། སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ནོ་ཞེས་དང་། བཟོད་པའི་སྒོ་འདི་ཉིད་ཀྱང་མ་དོར་ཅིག་ཅེས་གསུངས་པས། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་རིགས་སུ་གྲུབ་ལ། འདི་དང་ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་ཡང་དག་མཐའ་གཉིས་དོན་གཅིག་པས་དེ་གཉིས་མངོན་དུ་བྱས་པ་ཡང་དོན་གཅིག དེ་གཉིས་ལ་མཉམ་པར་བཞག་པ་ཡང་དོན་གཅིག་གོ །འོན་ཀྱང་མཉམ་པར་བཞག་པ་ཙམ་གྱིས་མངོན་དུ་བྱས་པ་ནི་མ་ཡིན་ཏེ། ས་བདུན་པའི་གནས་སྐབས་སུ་དེ་ལ་མཉམ་པར་བཞག་པ་ཡོད་ཀྱང་མངོན་དུ་བྱས་པ་མེད་པའི་ཕྱིར་དང་། མདོ་ལས་ཀྱང་རྫོགས་སྨིན་སྦྱང་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་བྱེད་པ་བཀག་གི ཡང་དག་མཐའ་ལ་མཉམ་པར་བཞག་པ་ཙམ་མ་བཀག་པའི་ཕྱིར་ཏེ། དག་པ་ས་གསུམ་གྱི་གནས་སྐབས་སུ་སྒོམ་སྤང་ཆུང་ངུའི་ཆུང་ངུ་སོགས་ཀྱི་གཉེན་པོར་ཡང་དག་མཐའ་ལ་མཉམ་པར་གཞག་དགོས་པའི་ཕྱིར། འོ་ན་ས་བརྒྱད་པའི་བྱང་སེམས་སྤྲོས་པ་མཐའ་དག་བཀག་པའི་འགོག་པ་ལ་མཉམ་པར་བཞག་པ་ལས་རྒྱལ་བ་རྣམས་ཀྱིས་སློང་བ་མི་འཐད་པར་འགྱུར་རོ་ཞེ་ན། མཉམ་པར་བཞག་པ་ཙམ་བཀག་པ་ནི་མ་ཡིན་ཏེ། སྔར་བཤད་པ་ལྟར་ཤེས་སྒྲིབ་ཀྱི་གཉེན་པོར་མཉམ་པར་བཞག་པའི་སྐབས་སྲིད་པའི་ཕྱིར་ཡུན་རིང་དུ་མཉམ་པར་བཞག་པ་ནི་བཀག་སྟེ། དེར་མཚན་འཛིན་གྱི་སྤྲོས་པ་མེད་པས་ཡུན་རིང་དུ་མཉམ་པར་བཞག་ནུས་ཤིང་ཡུན་རིང་དུ་མཉམ་པར་བཞག་ཀྱང་མཚན་འཛིན་གྱི་བར་ཆད་སྤོང་བ་སོགས་ཀྱི་དགོས་པ་མེད་ལ། ཤེས་སྒྲིབ་ཀྱི་བག་ཆགས་སྤོང་བ་ལ་ནི་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་གསོག་པ་གཙོ་ཆེ་བའི་ཕྱིར་རོ། །ས་བདུན་པ་མན་ཆད་དུ་ཡུན་རིང་དུ་མཉམ་པར་བཞག་པ་མ་བཀག་སྟེ་མཚན་འཛིན་གྱི་བར་ཆད་དང་བཅས་པས་ཡུན་རིང་དུ་མཉམ་པར་བཞག་མི་ནུས་ལ། ཡུན་རིང་དུ་མཉམ་པར་བཞག་པ་ལ་མཚན་འཛིན་གྱི་བར་ཆད་སྤོང་བའི་དགོས་པ་ཡོད་ཅིང་། མཚན་འཛིན་གྱི་བར་ཆད་སྤོང་བ་ལ། མཉམ་རྗེས་གཉིས་ཀྱི་ནང་ནས་མཉམ་གཞག་གཙོ་ཆེ་བའི་ཕྱིར་རོ། །ལྔ་པ་ནི། ཤེར་ཕྱིན་ལྷག་པར་ཐོབ་པའི་སྟོབས་ཀྱིས་མཚན་འཛིན་གྱི་སྤྲོས་པ་མཐའ་དག་བཀག་པའི་དེ་བཞིན་ཉིད་ལ་རྩེ་གཅིག་པའི་ཡེ་ཤེས་ཏེ། ས་མཚམས་ས་དྲུག་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །གཉིས་ཀས་ངེས་པར་འབྱུང་བ་འགོག་པའི་སྙོམས་འཇུག་བཤད་ཟིན་ཏོ།། །།བཞི་པ་སྙོམས་པར་འཇུག་ཚུལ་གྱི་ཁྱད་པར་ཐོད་རྒལ་བཤད་པ་ལ་གསུམ་སྟེ། ཐེག་པ་ཆེན་པོའི་ལུགས་ཀྱི་ཐོད་རྒལ་བཤད་པ། ཉན་ཐོས་པའི་ལུགས་ཀྱི་ཐོད་རྒལ་བཤད་པ། དམན་པའི་ལུགས་ཀྱིས་མཆོག་ལ་མི་གནོད་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ། བསྟན་བཅོས་ལས་ཇི་ལྟར་བསྟན་པའི་ཚུལ། སྙོམས་འཇུག་གི་རང་བཞིན་གཏན་པ་དབབ་པའོ། །དང་པོ་ནི། ཡུམ་རྒྱས་པ་ལས་མཐོང་ལམ་རྩེ་སྦྱོར་གྱི་སྐབས་སུ་ཕར་ཕྱིན་དྲུག་པོ་རེ་རེའི་ནང་དུ་ཕར་ཕྱིན་གཞན་ལྔ་ལྔ་བསྡུས་ཚུལ་གསུངས་པའི་ཤེས་རབ་ཀྱི་ཕར་ཕྱིན་གྱི་བསྡུ་བྱར་གྱུར་པའི་བསམ་གཏན་གྱི་ཕར་ཕྱིན་སྟོན་པའི་མདོ་རྣམས་ཀྱིས་སེངྒེ་རྣམ་བསྒྱིངས་དང་ཐོད་རྒལ་རྣམས་སྟོན་ཏེ། འདི་ལྟར། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་ཉན་ཐོས་ཀྱི་ཏིང་ངེ་འཛིན་ནམ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ནམ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡང་རུང་སྟེ། ཏིང་ངེ་འཛིན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་སྙོམས་པར་འཇུག་གོ །ཏིང་ངེ་འཛིན་དེ་དག་ཐམས་ཅད་ལ་གནས་ཤིང་རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །བརྒྱད་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཅན་གྱི་གཟུགས་རྣམ་པར་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་པའི་ཕྱི་རོལ་གྱི་གཟུགས་རྣམ་པར་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །བཟང་པོར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབ་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་ཤེས་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅུང་ཟད་མེད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། དེ་ལྟར་ན་རྣམ་པར་ཐར་པ་བརྒྱད་པོ་འདི་དག་ལ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་ལྡང་ངོ་། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་སྟེ། དགུ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དྭངས་ཏེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་ནས་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལ་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཅིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ་བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བདེ་བ་ཅན་གྱི་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་ཡིད་བདེ་བ་དང་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་ཤེས་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅུང་ཟད་མེད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་ལ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །དེ་ལྟར་རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན་པ། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་ལངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པ་ལའོ། །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་བཞིན་དུ་དེ་ལས་ལངས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་སྨིན་པར་བྱས་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །རབ་འབྱོར་བྱང་སེམས་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ལངས་ནས་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་པ་ནས་དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་འཇུག་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ལས་ལངས་ནས་འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་པའི་བར་དང་། ཡང་། དེ་ལས་ལངས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་འཇུག་ལ་སྙོམས་པར་འཇུག་གོ་ཞེས་པ་ནས། དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ་ཞེས་པའི་བར་དང་། དེ་ནས་འགོག་པའི་སྙོམས་འཇུག་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་འཇུག་ལ་སྙོམས་པར་འཇུག་གོ །ཞེས་པ་ནས་དེ་ལས་ལངས་ནས་བསམ་གཏན་དང་པོ་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ་ཞེས་པའི་བར་དང་། དེ་ཐོད་རྒལ་གྱི་ཏིང་ངེ་འཛིན་འདི་ལ་གནས་ཤིང་ཆོས་ཐམས་ཅད་མཉམ་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོ་ཡུམ་ལ་གནས་ཤིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་གསུངས་སོ། །མདོ་དེ་དག་ལས་རྣམ་ཐར་བརྒྱད་ལ་ལུགས་མཐུན་དང་། ལུགས་བཟློག་དང་། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་ལུགས་བཟློག་ཏུ་སྙོམས་པར་འཇུག་པས་མཐོང་ལམ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་བསྟན་ཅིང་འདི་ལ་སེང་གེ་རྣམ་བསྒྱིངས་ཞེས་པའི་ཐ་སྙད་མདོ་ལས་མ་གསུངས་སོ། །རབ་འབྱོར་བྱང་སེམས་ཆེན་པོའི་སེང་གེ་རྣམ་པར་བསྒྱིངས་པ་གང་ཞེ་ན། ཞེས་པ་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་ཞེས་པའི་བར་གྱིས་སྦྱོར་བ་སེང་གེ་རྣམ་བསྒྱིངས་བསྟན། རབ་འབྱོར་བྱང་སེམས་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་གང་ཞེ་ན། ཞེས་པ་མན་ཆད་ཀྱིས་དངོས་གཞི་ཐོད་རྒལ་བསྟན་ཏོ།། །།གཉིས་པ་ལ་གཉིས་ཏེ། རྩ་བའི་དགོངས་པ་དང་། འགྲེལ་པ་ལས་གསུངས་ཚུལ་ལོ། །དང་པོ་ནི། ཤེས་བྱ་ཀུན་རིག་གི་ཞལ་སྔ་ནས། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་པའི་རྐང་པ་གཉིས་ཀྱིས་ཁྱད་པར་ལམ་གྱིས་སེང་གེ་རྣམ་བསྒྱིངས་དང་སྦྱོར་བ་སེང་གེ་རྣམ་བསྒྱིངས་གཉིས་ཀ་བསྟན། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་སོགས་ཀྱིས་དངོས་གཞི་ཐོད་རྒལ་ཁོ་ན་བསྟན་པ་ལས། འགོག་དང་བཅས་པའི་སྙོམས་འཇུག་དགུར། རྣམ་པ་གཉིས་སུ་སོང་ཞེས་པའི་རྣམ་པ་གཅིག་གིས་ཐོད་རྒལ་ཆུང་ངུ་དང་། གཅིག་གིས་འབྲིང་བསྟན་ཏེ། དེ་གཉིས་ཀ་ཡང་ལུགས་མཐུན་དུ་སོང་བར་མཚུངས་པའི་ཕྱིར་རོ། །འོངས་ནས་ཞེས་པས་ཁྲི་བརྒྱད་སྟོང་པ་ནས་བཤད་པའི་ནུད་ཆུང་བསྟན། དེ་ནས་རྐང་པ་གཉིས་ཀྱིས་ཆེ་འབྲིང་གཉིས་ཀྱི་མཚམས་འཛིན་བསྟན། དེ་ནས་རྐང་པ་གཅིག་གིས་མིང་བསྟན། དེ་ནས་གཉིས་ཀྱིས་ཆེན་པོ་བསྟན། དེ་ནས་གཅིག་གིས་སྒྲ་དོན་བསྟན་ཅིང་། ཨ་བྷ་ཡས་ཀྱང་འདི་ལྟར་དུ་བཞེད་དོ། །ཁ་ཅིག འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་སོགས་ཀྱི་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་གཉིས་ཀ་བསྟན་པར་འདོད་པ་ནི། འཕགས་པས་སེང་གེ་རྣམ་བསྒྱིངས་ཀྱི་མདོ་དང་། དངོས་གཞི་ཐོད་རྒལ་གྱི་མདོ་གཉིས་ཕྱོགས་གཅིག་ཏུ་དྲངས་པས་འཁྲུལ་གཞི་བྱས་པར་ཟད་དོ་ཞེས་གསུངས་སོ། །དེ་ལ་གཞན་དག་གནོད་བྱེད་འདི་ལྟར་བརྗོད་དེ། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་སེང་གེ་རྣམ་བསྒྱིངས་དེ་ཆོས་ཅན། ཁྱོད་ཐོད་རྒལ་གྱི་དངོས་ཀྱི་སྦྱོར་བ་མ་ཡིན་པར་ཐལ། ཁྱོད་དང་ཐོད་རྒལ་གྱི་བར་དུ་རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པས་ཆོད་པའི་ཕྱིར། འདོད་ན། གཞུང་དེས་ཐོད་རྒལ་གྱི་དངོས་ཀྱི་སྦྱོར་བར་གྱུར་པའི་སེང་གེ་རྣམ་བསྒྱིངས་མ་བསྟན་པར་ཐལ། འདོད་པ་དེའི་ཕྱིར། ཡང་དེའི་སྐབས་ནས་དངོས་བསྟན་གྱི་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཆོས་ཅན། ཁྱོད་ཐོད་རྒལ་གྱི་དངོས་ཀྱི་སྦྱོར་བ་མིན་པར་ཐལ། ཁྱོད་དང་དེའི་བར་དུ་རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པས་ཆོད་པའི་ཕྱིར་ཏེ། ཁྱོད་དེའི་སྐབས་ནས་དངོས་བསྟན་གྱི་སེང་གེ་རྣམ་བསྒྱིངས་ཡིན་པའི་ཕྱིར་ཟེར་རོ། །མི་འཐད་དེ། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོང་ནས། །ཞེས་པ་དེས། དངོས་གཞི་ཐོད་རྒལ་ཆུང་ངུ་དང་འབྲིང་གཉིས་མ་བསྟན་པར་ཐལ། དེའི་སྐབས་ནས་བསྟན་པའི་དངོས་གཞི་ཐོད་རྒལ་གྱི་ཏིང་ངེ་འཛིན་དེ་གཉིས་གང་རུང་མིན་པའི་ཕྱིར། ཁྱབ་པ་ཐལ་འགྱུར་སྔ་མའི་ཁྱབ་པ་ཕྱི་མ་ལ་སྒྲིགས། འདོད་ན། དེ་གཉིས་སྟོན་བྱེད་ཀྱི་རྒྱན་གཞུང་མེད་པར་ཐལ་ལོ། །ཐལ་འགྱུར་གཉིས་པའི་ཁྱབ་པ་ཕྱི་མ་མ་ངེས་ཏེ། རྒྱུན་མཐའི་རྣམ་རྫོགས་སྦྱོར་བ་ཆོས་ཅན། ཁྱོད་དང་སྐད་ཅིག་མའི་སྦྱོར་བའི་བར་དུ་མཐར་གྱིས་པའི་སྦྱོར་བས་ཆོད་པར་ཐལ། ཁྱོད་མཚན་ཉིད་དེ་ཡི་སྦྱོར་བ་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་སྦྱོར་བ་ཡིན་པའི་ཕྱིར། ཡང་ཁ་ཅིག མཐོང་ལམ་མཉམ་གཞག་དང་སྒོམ་ལམ་མཉམ་བཞག་གཉིས་པོ་བར་མ་ཆད་དུ་འབྱུང་བར་ཐལ། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་པའི་སྐབས་ནས་བསྟན་པའི་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དེ་སྒོམ་ལམ་མཉམ་གཞག་ཡིན་པའི་ཕྱིར་ཞེ་ན། གཏན་ཚིགས་དེ་ནི་ཁྱེད་ཉིད་ཀྱང་ཁས་ལེན་དགོས་ཏེ། མཐོང་ལམ་སྐད་ཅིག་བཅུ་དྲུག་རྫོགས་པའི་དེ་མ་ཐག་ཏུ་བྱུང་བའི་མཉམ་གཞག་ཡིན་ན། སྒོམ་ལམ་མཉམ་གཞག་ཡིན་དགོས་པ་ཁས་བླངས་པའི་ཕྱིར་རོ། །ཡང་ཁ་ཅིག མཐོང་ལམ་རྩེ་སྦྱོར་དང་སྦྱོར་བ་སེང་གེ་རྣམ་བསྒྱིངས་གཉིས་པོ་བར་མ་ཆད་དུ་འབྱུང་བར་ཐལ། སྦྱིན་པ་ལ་སོགས་རེ་རེ་ནི། །ཞེས་པ་དེས་མཐོང་ལམ་རྩེ་སྦྱོར་བསྟན་པ་གང་ཞིག དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་པའི་གཞུང་དེས་སྦྱོར་བ་སེང་གེ་རྣམ་བསྒྱིངས་བསྟན་པའི་ཕྱིར་ཞེ་ན། འོ་ན་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་མཚམས་འཛིན་གྱི་འདོད་སེམས་གཉིས་པོ་ཡང་བར་མ་ཆད་དུ་འབྱུང་བར་ཐལ། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོང་ནས། །ཞེས་པ་དེས་སྦྱོར་བ་སེང་གེ་རྣམ་བསྒྱིངས་བསྟན་པ་གང་ཞིག འདོད་པར་གཏོགས་པའི་རྣམ་པར་ཤེས། །ཞེས་པས་མཚམས་འཛིན་གྱི་འདོད་སེམས་བསྟན་པའི་ཕྱིར། རྟགས་ཁྱབ་ཁས། ཡང་ཁ་ཅིག དེས་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་པའི་གཞུང་དེ་ཆོས་ཅན། མཐོང་ལམ་རྩེ་སྦྱོར་སྟོན་བྱེད་ཀྱི་རྒྱན་གཞུང་མིན་པར་ཐལ། སྒོམ་ལམ་རྩེ་སྦྱོར་སྟོན་བྱེད་ཀྱི་རྒྱན་གཞུང་ཡིན་པའི་ཕྱིར་ཞེ་ན། མཐོང་ལམ་རྩེ་སྦྱོར་གྱི་ཤེར་ཕྱིན་གྱི་བསྡུ་བྱར་གྱུར་པའི་བསམ་གཏན་གྱི་ཕར་ཕྱིན་སྟོན་པར་བྱེད་པའི་ཤེར་ཕྱིན་གྱི་མདོ་རྣམས་ཆོས་ཅན། མཐོང་ལམ་རྩེ་སྦྱོར་སྟོན་བྱེད་ཀྱི་མདོ་མིན་པར་ཐལ། སྒོམ་ལམ་རྩེ་སྦྱོར་སྟོན་བྱེད་ཀྱི་མདོ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འོ་ན་དེ་ལྟ་བུའི་མདོ་དེ་མཐོང་ལམ་རྩེ་སྦྱོར་གྱི་སྐབས་སུ་འབྱུང་ཞིང་། སྒོམ་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་དང་། ཐོད་རྒལ་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་གཉིས་མངོན་དུ་བྱེད་པའི་ནུས་པ་མཐོང་ལམ་རྩེ་སྦྱོར་གྱི་སྐབས་སུ་ཐོབ་པས་མདོ་དེ་མཐོང་ལམ་རྩེ་སྦྱོར་གྱི་སྐབས་སུ་བཤད་ཅིང་། ནུས་པ་དེ་ཉིད་ལ་མཐོང་ལམ་རྩེ་སྦྱོར་གྱི་ཤེར་ཕྱིན་གྱི་བསྡུ་བྱར་གྱུར་པའི་བསམ་གཏན་གྱི་ཕར་ཕྱིན་ཞེས་ཀྱང་བརྗོད་དེ། མཐོང་ལམ་རྩེ་སྦྱོར་གྱི་གནས་སྐབས་སུ་ཕར་ཕྱིན་རེ་རེའི་ནང་དུ་གཞན་ལྔ་ལྔ་ཚང་བ་དེ་ཡང་ལྡོག་པའི་སྒོ་ནས་ཕྱེ་བ་ཡིན་པའི་ཕྱིར་རོ། །མཐོང་ལམ་རྩེ་སྦྱོར་གྱི་གནས་སྐབས་སུ་དེ་ཉིད་མངོན་དུ་བྱེད་པའི་ནུས་པ་ཐོབ་ཀྱང་དེར་མངོན་དུ་མི་བྱེད་པར་སྒོམ་ལམ་གྱི་གནས་སྐབས་སུ་མངོན་དུ་གྱུར་པའི་ཕྱིར་ན་མདོ་དེ་རྣམས་ཀྱི་སྒོམ་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་དང་། ཐོད་རྒལ་བསྟན་ཏེ། ཀུན་ལས་བཏུས་ལས། བྱང་ཆུབ་སེམས་དཔའ་རྣམས་མཐོང་བའི་ལམ་ལ་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་རྣམས་འཐོབ་ཀྱི་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་དག་ནི་སྒོམ་པའི་ལམ་ལ་མངོན་དུ་བྱེད་དོ་ཞེས་གསུངས་པ་དང་མཐུན་ནོ།། །།གཉིས་པ་ལ་བཞི་སྟེ། འཕགས་པའི་ལུགས། སློབ་དཔོན་གྱི་ལུགས། ཤཱནྟི་པའི་ལུགས། བུདྡྷ་ཤྲཱིའི་ལུགས་སོ། །དང་པོ་ནི། གཞུང་སྔ་མས་སྦྱོར་བ་སེང་གེ་རྣམ་བསྒྱིངས་བསྟན་ཟིན་པ་སྔར་དང་འདྲ་བ་ལ། དེ་ཡང་རྣམ་པ་གཉིས་སུ་ཞེས་པས་ལུགས་མཐུན་དང་ལུགས་བཟློག་བསྟན་པས་སོང་ཞེས་པ་ནི་ལུགས་མཐུན་དང་། འོང་ཞེས་པ་ནི་ལུགས་མི་མཐུན་ལ་སྦྱར་རོ། །དེ་ལ་ལུགས་མཐུན་ནི་དངོས་གཞི་ཐོད་རྒལ་ཆུང་ངུ་དང་འབྲིང་གཉིས་ཡིན་ལ། ལུགས་བཟློག་ནི་ཐོད་རྒལ་ཆེན་པོའོ། །མདོ་འདྲེན་པའི་ཚེ་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་གྱི་མདོ་གཉིས་ཕྱོགས་གཅིག་པར་འདྲེན་པར་མཛད་ཅིང་། དེ་གཉིས་ཆར་གྱི་སྔ་རོལ་དུ་ཁྱད་པར་ལམ་གྱི་སེང་གེ་རྣམ་བསྒྱིངས་དང་། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པ་འགྲོ་དགོས་པར་བཞེད་དེ། ཉིར་སྣང་ལས། སྒོམ་པའི་ལམ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་བསྡུས་པ་ཡིན་ལ། དེ་དག་ཀྱང་ཐོད་རྒལ་གྱི་སྙོམས་པར་འཇུག་པས་བསྡུས་པ་ཡིན་ཏེ། དེས་ན་དེས་ངེས་པར་བསྟན་པའི་སྒོ་ནས་མདོར་བསྡུས་ཏེ། སྒོམ་པའི་ལམ་གྱི་དབང་དུ་བྱས་ནས་གསུངས་པ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོང་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་ནས། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་བྱ་བ་གསུངས་པ་ཡིན་ཏེ། རྣམ་པ་གཉིས་སུ་ཞེས་བྱ་བ་ནི། ལུགས་དང་མཐུན་པ་དང་མི་མཐུན་པའོ། །ཇི་སྐད་དུ་དེ་ནས་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོ་སོར་རྟོག་པའི་རྗེས་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མཉམ་པར་མ་བཞག་པའི་སེམས་ཀྱིས་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་ཐོད་རྒལ་དུ་སྙོམས་པར་འཇུག་པ་མངོན་སུམ་དུ་བྱེད་པས་ཇི་ལྟར་འདོད་པ་བཞིན་དུ་དབང་ཐོབ་པར་གསུངས་པ་ཡིན་ནོ། །འདིའི་མདོ་ནི་ཞེས་གསུངས་ཤིང་། དེའི་འོག་ཏུ་སྔར་གྱི་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་གྱི་མདོ་གཉིས་ཁོ་ན་འདྲེན་པར་མཛད་དོ། །གཉིས་པ་ནི། སློབ་དཔོན་གྱི་འགྲེལ་པ་ཆེ་ཆུང་གཉིས་ལས། གཞུང་སྔ་མས་མཐོང་ལམ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་བསྟན་ཟིན་ནས། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་སོགས་ཀྱིས་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་གཉིས་ཀ་བསྟན་ཏེ། རྣམ་པ་གཉིས་སུ་སོང་འོང་ནས། །ཞེས་པས་སྦྱོར་བ་སེང་གེ་རྣམ་བསྒྱིངས་དངོས་སུ་བསྟན་ཅིང་། དེའི་ཡར་འགྲོས་དངོས་གཞི་ཐོད་རྒལ་ཆུང་ངུ་དོན་གྱིས་བསྟན། འབྲིང་པོ་ཤུགས་ལ་བསྟན་པར་བཞེད་དགོས་པ་འདྲ་སྟེ། སྟོན་བྱེད་གཞན་མི་སྣང་བའི་ཕྱིར་རོ། །ལྷག་མ་རྣམས་ཀྱིས་སྟོན་ཚུལ་ནི་སྔར་རྩ་བའི་སྐབས་སུ་བཤད་པ་དང་འདྲའོ། །ཁ་ཅིག ལུགས་འདི་ལ། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་ཞེས་པས་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། འོང་ནས་ཞེས་པས་ཁྲི་བརྒྱད་སྟོང་པ་ནས་བཤད་པའི་ནུད་ཆུང་བསྟན་ཞེས་ཟེར་བ་ནི་མི་འཐད་དེ། སོང་ཞེས་པས་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཡར་འགྲོ་དང་། འོང་ཞེས་པས་དེའི་མར་འོང་བསྟན་པར་བཞེད་པའི་ཕྱིར་ཏེ། དོན་གསལ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་བསམ་གཏན་དང་པོ་ནས་བཟུང་སྟེ། འགོག་པའི་བར་དུ་སོང་ནས་དེའི་འོག་ཏུ་འགོག་པ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་དུ་འོངས་ཏེ་ཞེས་གསུངས་པས་སོ། །གསུམ་པ་ནི། དག་ལྡན་ལས་བཤད་ཚུལ་དང་། སྙིང་པོ་མཆོག་ལས་བཤད་ཚུལ་གཉིས་ལས། དང་པོ་ནི། སྦྱོར་བ་སེང་གེ་རྣམ་བསྒྱིངས་གཞུང་སྔ་མས་བསྟན་ཟིན་པས། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་སོགས་ཀྱིས་དངོས་གཞི་ཐོད་རྒལ་ཁོ་ན་སྟོན་པ་ནི་སྔར་རྩ་བའི་སྐབས་སུ་བཤད་པ་དང་འདྲ་ལ། དེ་ཡང་ཚིག་རྐང་དང་པོ་གཉིས་ནི་འོག་མ་ཐམས་ཅད་ཀྱི་མདོར་བསྟན་ཏེ་སྙོམས་འཇུག་དགུ་ལ་རྣམ་པ་གཉིས་སུ་སོང་བ་དང་འོང་བ་གཅིག་སྟེ་གསུམ་མོ། །སོང་བ་དང་པོ་ནི། སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་དུ་སོང་བ་སྟེ། དེང་སང་ཐོད་རྒལ་ཆུང་ངུའི་ཐ་སྙད་བྱེད་པ་དེའོ། །སོང་བ་གཉིས་པ་ནི། སྙོམས་འཇུག་དགུ་ལ་འགོག་པ་རེ་རེ་སྤེལ་ནས་ལུགས་མཐུན་དུ་སོང་བ་སྟེ། གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་ཞེས་པས་བསྟན་ཏོ། །འོ་ན་འགོག་པའི་བར་ཁོ་ནའམ་ཞེ་ན། དེར་མ་ཟད། འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པས་མཚམས་བཟུང་སྟེ། །ཞེས་པ་སྟེ། འདོད་སེམས་ཀྱི་མཐར་ཐུག་པའི་བར་དུའོ། །འདི་ནི་དེང་སང་ཐོད་རྒལ་འབྲིང་པོའི་ཐ་སྙད་བྱེད་པ་དེ་ཡིན་ཞིང་། དེ་ཡང་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་བརྒྱད་ལ་འགོག་པ་རེ་རེ་སྤེལ་བའི་རྗེས་སུ་འགོག་པ་ལ་འགོག་པ་སྤེལ་མི་ནུས་པས་སླར་ཡང་སྲིད་རྩེ་ལ་སྙོམས་པར་འཇུག དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག དེ་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པ་སྟེ། སྤྱིར་སྙོམས་འཇུག་དགུ་ལ་འགོག་པ་དགུ་སྤེལ་དགོས་པ་ལས། འགོག་པ་ལ་འགོག་པ་སྤེལ་བའི་ཚབ་ཏུ་འགོག་པ་ལ་འདོད་སེམས་སྤེལ་བར་དགོངས་སོ། །དེས་ན་སྲིད་རྩེའི་སྤེལ་ཆོས་ཀྱི་འགོག་པ་དང་། འདོད་སེམས་ཀྱི་སྤེལ་གཞིའི་འགོག་པ་གཉིས་ཀྱི་བར་དུ་སྲིད་རྩེ་མངོན་དུ་བྱེད་པ་ནི་ཁྲི་བརྒྱད་སྟོང་པ་ནས་བཤད་པའི་ནུད་ཆུང་གི་དོན་དུ་བཞེད་པར་མངོན་ནོ། །གསུམ་པ་འོང་བ་གཅིག་ནི་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་འདོད་སེམས་དགུ་སྤེལ་ནས་ལུགས་མི་མཐུན་དུ་འོང་བ་སྟེ། དེ་ལ་སྤེལ་ཆོས་ནི་འདོད་པར་གཏོགས་པའི་ཞེས་སོགས་རྐང་པ་གཉིས་ཀྱིས་བསྟན། སྤེལ་གཞི་ནི་གཅིག་དང་གཉིས་གསུམ་ཞེས་སོགས་རྐང་པ་ཕྱེད་དང་གསུམ་གྱིས་བསྟན། མི་འདྲར་འགྲོ་ཞེས་པས་ནི་མཉམ་བཞག་དེ་དང་རྗེས་ཐོབ་དེ་སྤེལ་བས་མཉམ་རྗེས་རིགས་མི་འདྲ་བར་འགྲོ་ཞེས་བསྟན་ཏོ། །གཉིས་པ་ནི་སྙིང་པོ་མཆོག་ལས། གཞན་ཐམས་ཅད་སྔར་དང་འདྲ་བ་ལས། སོང་བ་གཉིས་པའི་སྐབས་སུ་མཐར་གནས་ཀྱི་སྙོམས་འཇུག་བརྒྱད་ལ་འགོག་པ་བརྒྱད་སྤེལ་ནས་དེའི་འོག་ཏུ་འདོད་སེམས་མངོན་དུ་བྱེད་པས་གནས་བཅུ་བདུན་དུ་ངེས་ལ། སྔ་མ་ལ་ནི་སྲིད་རྩེའི་སྤེལ་ཆོས་ཀྱི་འགོག་པའི་རྗེས་སུ་ཡང་སྲིད་རྩེ་དང་འགོག་པ་གཉིས་ཏེ། གནས་བཅུ་དགུར་ངེས་པ་ནི་ཁྱད་པར་རོ། །ཨ་བྷ་ཡ་ཡང་སོང་བ་དང་པོ་ལ་གནས་དགུ་དང་། སོང་བ་གཉིས་པ་ལ་གནས་བཅུ་བདུན་དང་། འོང་བ་གཅིག་ལ་གནས་བཅོ་བརྒྱད་དུ་བྱས་ནས་སྦྱོར་བ་སེང་གེ་རྣམ་བསྒྱིངས་གཞུང་སྔ་མས་བསྟན་ཟིན་པ་ནི་སྙིང་པོ་མཆོག་ཇི་ལྟ་བ་བཞིན་དུ་སྣང་ཞིང་སློབ་དཔོན་གྱི་ལུགས་འཕགས་པའི་དགོངས་པ་དང་མི་འགྲིག་པར་གསུངས་སོ། །བཞི་པ་ནི། ཤེས་རབ་སྒྲོན་མེའི་ཕྲེང་བ་ལས། སྦྱོར་བ་སེང་གེ་རྣམ་བསྒྱིངས་བསྟན་ཚུལ་སློབ་དཔོན་དང་མཐུན་ཅིང་། མཇུག་གི་འགྲོ་ཞེས་པའི་ཚིག་དེ་ཉིད་ལ་གསུམ་བྱས་ནས་དངོས་གཞི་ཐོད་རྒལ་གསུམ་པོ་སྟོན་པར་བཞེད་དོ།། །།གསུམ་པ་སྙོམས་འཇུག་གི་རང་བཞིན་གཏན་ལ་དབབ་པ་ལ་ལྔ་སྟེ། སྙོམས་འཇུག་གི་གྲངས་ངེས། སྙོམས་པར་འཇུག་པའི་ཚུལ། སྙོམས་པར་འཇུག་པའི་དགོས་པ། ཐོབ་པའི་ས་མཚམས། རྩོད་པ་སྤང་བའོ། །དང་པོ་ནི། སྤྱིར་མདོ་དང་འགྲེལ་པ་རྣམས་ལས། དངོས་གཞི་ཐོད་རྒལ་ལ་ཆུང་ངུ་འབྲིང་ཆེན་པོ་ཞེས་པའི་ཐ་སྙད་མ་གསུངས་ཀྱང་། སྙོམས་འཇུག་གི་རིགས་སོ་སོར་འབྱེད་པའི་ཆེད་དུ། སྔོན་གྱི་མཁས་པ་རྣམས་བཞེད་པ་ལྟར་ཐ་སྙད་འདི་སྦྱར་ནས་བཤད་པར་བྱའོ། །དེ་ལ་ཡང་སྐབས་འདིར་བསྟན་གྱི་སྙོམས་འཇུག་དེ་ལ་བཞིར་གྲངས་ངེས་ཏེ། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་གང་ཡང་མ་སྤེལ་བར་སྙོམས་པར་འཇུག་པ་དང་། སྤེལ་ཆོས་གཞན་སྤེལ་ནས་སྙོམས་པར་འཇུག་པ་གཉིས། དང་པོ་ལ་ལུགས་མཐུན་ལུགས་མི་མཐུན་གཉིས་ཆར་དུ་སྙོམས་པར་འཇུག་པ་དང་། ལུགས་མཐུན་ཁོ་ནར་སྙོམས་པར་འཇུག་པ་གཉིས། ཕྱི་མ་ལ་སྤེལ་ཆོས་གཞན་སྤེལ་ནས་ལུགས་མཐུན་ཁོ་ནར་སྙོམས་པར་འཇུག་པ་དང་། ལུགས་བཟློག་ཁོ་ནར་སྙོམས་པར་འཇུག་པ་གཉིས་ཏེ་བཞི་ལ་རིམ་པ་ལྟར། སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་ཆུང་ངུ་དང་། འབྲིང་དང་། ཆེན་པོར་འཇོག་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་བཤད། དངོས་གཞི་ཐོད་རྒལ་ཆུང་ངུ་བཤད། འབྲིང་པོ་བཤད། ཆེན་པོ་བཤད་པའོ། །དང་པོ་ལ་གནས་ཀྱི་གྲངས་ངེས། མཚན་ཉིད། དབྱེ་༞བ། སྙོམས་པར་འཇུག་པའི་དགོས་པ། སྒྲ་བཤད་པ་དང་ལྔ་ལས། དང་པོ་ལ། མཁན་ཆེན་པ་ན་རེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་གྱི་གནས་ལ་བཅུ་བདུན་དུ་ངེས་ཏེ། ཡར་འོང་གི་འགོག་པ་དང་། མར་འོང་གི་འགོག་པ་གཉིས་རྒྱུན་གཅིག་པའི་ཕྱིར་ཞེས་གསུངས་པ་ནི་མདོའི་དངོས་བསྟན་ལ་བར་དེར་འགོག་པ་གཅིག་ལས་མ་གསུངས་པས་འགྲིག་པར་སྣང་ཡང་། སློབ་དཔོན་གྱི་དགོངས་པར་མཛད་ན་ཅུང་ཟད་མི་འགྲིག་སྟེ། སློབ་དཔོན་གྱིས་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཡར་འོང་གི་གནས་ཀྱི་འགོག་པ་མངོན་དུ་བྱས་ནས་སླར་ཡང་མར་འོང་གི་གནས་ཀྱི་འགོག་པ་མངོན་དུ་བྱེད་པར་བཤད་པའི་ཕྱིར་ཏེ། འགྲེལ་པར། བྱང་ཆུབ་སེམས་དཔའ་རྣམས་ནི་བསམ་གཏན་དང་པོ་ནས་བཟུང་སྟེ། འགོག་པའི་བར་དུ་སོང་ནས་དེའི་འོག་ཏུ་འགོག་པ་ནས་བཟུང་ནས་བསམ་གཏན་དང་པོའི་བར་དུ་འོངས་ཏེ་ཞེས་གསུངས་པའི་ཕྱིར། མདོའི་དགོངས་པ་ཡང་འདི་ཉིད་དུ་སྣང་སྟེ། གཞན་དུ་ན་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་གནས་ཀྱི་འགོག་པ་དེ་ཆོས་ཅན། སྙོམས་འཇུག་དགུ་ལ་ལུགས་མཐུན་དུ་འཇུག་པའི་སྐབས་ཀྱི་འགོག་པ་མིན་པར་ཐལ། དེ་ལ་ལུགས་མི་མཐུན་དུ་འཇུག་པའི་སྐབས་ཀྱི་འགོག་པ་ཡིན་པའི་ཕྱིར། རྟགས་གསལ་ཁས། རང་ལུགས་ནི་འགོག་པ་གཉིས་ཀྱི་བར་གྱི་མཚམས་འཛིན་རྗེས་ཐོབ་གཅིག་གིས་བྱེད་པས་གནས་བཅོ་བརྒྱད་དོ། །གཉིས་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའི་བྱང་འཕགས་ཀྱི་མཁྱེན་པ་ཞེས་དང་། གཞན་དག་ན་རེ། མཐོང་ལམ་རྩེ་སྦྱོར་རྫོགས་རྗེས་སུ་མཐར་གནས་ཀྱི་སྙོམས་འཇུག་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་དང་། ལུགས་མི་མཐུན་དུ་སྙོམས་པར་འཇུག་པའི་དགེ་སེམས་རྩེ་གཅིག་པ་ཞེས་ཟེར་རོ། །དང་པོ་ལ་ཐོད་རྒལ་འབྲིང་པོ་དང་ཆེན་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། སྦྱོར་བ་སེང་གེ་རྣམ་བསྒྱིངས་དེ་དེ་ཡིན་པའི་ཕྱིར། གཉིས་པ་ལ་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཡར་འོང་གི་གནས་ཀྱི་ནང་ཚན་དུ་གྱུར་པའི་བསམ་གཏན་དང་པོའི་སྙོམས་འཇུག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་རང་རྒྱུད་ལ་སྐྱེས་ནས་དེའི་རྒྱུན་མ་རྫོགས་བར་གྱི་སྙོམས་འཇུག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའི་སྙོམས་འཇུག་ཏུ་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་ལུགས་མཐུན་དུ་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་སྙོམས་འཇུག་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྤྱིར་སེང་གེ་རྣམ་བསྒྱིངས་ཀྱི་མཚན་ཉིད། རྣམ་ཐར་བརྒྱད་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་དང་ལུགས་མི་མཐུན་གང་རུང་དང་། སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་དང་ལུགས་མི་མཐུན་གང་རུང་དུ་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་བྱང་འཕགས་ཀྱི་མཁྱེན་པའོ། །གསུམ་པ་ནི། ཁ་ཅིག སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཡར་འོང་གི་གནས་ཀྱི་ནང་ཚན་དུ་གྱུར་པའི་བསམ་གཏན་དང་པོའི་སྙོམས་འཇུག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཞེ་ན། ཤིན་ཏུ་འདོད་དེ། ལུགས་མཐུན་དུ་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་བྱང་འཕགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར་རོ། །གསུམ་པ་དབྱེ་བ་ནི། མཐོང་ལམ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་དང་། སྦྱོར་བ་སེང་གེ་རྣམ་བསྒྱིངས་གཉིས་ལས། དང་པོའི་མཚན་ཉིད། མཚན་ཉིད་སྔ་མ་དེ་གང་ཞིག རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པ་སྔོན་དུ་མ་སོང་བ། གཉིས་པའི་མཚན་ཉིད། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པ་སྔོན་དུ་སོང་ནས་དངོས་གཞི་ཐོད་རྒལ་གྱི་ཆེད་དུ་མཐར་གནས་ཀྱི་སྙོམས་འཇུག་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་དང་ལུགས་བཟློག་གང་རུང་དུ་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་བྱང་འཕགས་ཀྱི་མཁྱེན་པའོ། །བཞི་པ་ནི། མཐོང་ལམ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་པར་བསྒྱིངས་པ་སྒོམ་པའི་དགོས་པ་ནི་མཐོང་ལམ་རྩེ་སྦྱོར་གྱི་སྐབས་སུ་རྣམ་ཐར་བརྒྱད་དང་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའི་ནུས་པ་ཐོབ་པ་དེ་ལ་དབང་ཐོབ་པར་བྱ་བའི་ཆེད་ཡིན་ཏེ། དེ་ལ་དབང་དུ་བྱ་བའི་ཕྱིར་དེ་ཉིད་ཡང་དང་ཡང་དུ་སྒོམ་པར་བྱེད་པས་ཞེས་འབྱུང་བའི་ཕྱིར། སྦྱོར་བ་སེང་གེ་རྣམ་བསྒྱིངས་སྒོམ་པའི་དགོས་པ་ནི་དངོས་གཞི་ཐོད་རྒལ་གྱི་སྙོམས་འཇུག་ལ་ཇི་ལྟར་འདོད་པ་བཞིན་དུ་འཇུག་ནུས་པའི་ཆེད་ཡིན་ཏེ། དེའི་སྦྱོར་བ་ཡིན་པའི་ཕྱིར་རོ། །ལྔ་པ་ལ་གཉིས་ལས། དང་པོ་ལ་སེང་གེ་རྣམ་བསྒྱིངས་ཞེས་འཇོག་པའི་རྒྱུ་མཚན་ནི་སེང་གེ་རྣམ་པར་བསྒྱིངས་པ་དེ་རི་དྭགས་གཞན་ལ་བག་ཚ་བ་མེད་པ་ལྟར། འདི་ཡང་མཐོང་སྤང་སྒྲིབ་གཉིས་ཀྱི་བག་ཚ་བ་མེད་པའི་ཕྱིར་ཏེ། མཐོང་བའི་ལམ་ཐོབ་པའི་རྣལ་འབྱོར་པ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པའི་ཕྱིར་ཞེས་འབྱུང་བའི་ཕྱིར་རོ། །གཉིས་པ་ལ། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྙོམས་འཇུག་གི་རིགས་ཐམས་ཅད་དགུ་པོ་འདིའི་ནང་དུ་འདུས་པས་སྙོམས་འཇུག་གི་རིགས་རྣམས་ལ་འཇུག་མི་ནུས་སམ་སྙམ་པའི་བག་ཚ་བ་མེད་པའི་ཕྱིར་རོ། །མདོ་ལས་ནི་འདི་ཁོ་ན་ལ་སེང་གེ་རྣམ་བསྒྱིངས་ཀྱི་ཐ་སྙད་གསུངས་སོ། །གཉིས་པ་དངོས་གཞི་ཐོད་རྒལ་ཆུང་ངུ་ལ། གནས་ཀྱི་གྲངས་ངེས། མཚན་ཉིད། སྒོམ་པའི་དགོས་པ། ཐ་སྙད་ལ་རྩོད་པ་སྤང་བ་དང་བཞི། དང་པོ་ནི། དགུར་གྲངས་ངེས་ཏེ། མཐར་གནས་ཀྱི་སྙོམས་འཇུག་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་ཁོ་ནར་སྙོམས་པར་འཇུག་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་ལ་དགག་བཞག་གཉིས་ལས། དང་པོ་ལ་ཁ་ཅིག མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དུ་སྙོམས་པར་འཇུག་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཞེས་དང་། ལུགས་མཐུན་ཁོ་ནར་ཞེས་པའི་ཁྱད་པར་སྦྱོར་བ་དང་། སྦྱོར་བ་སེང་གེ་རྣམ་བསྒྱིངས་སྔོན་དུ་བཏང་ནས་ཞེས་པའི་ཚིག་གི་ཁྱད་པར་སྦྱོར་བ་དང་། དངོས་གཞི་ཐོད་རྒལ་གྱི་སྙོམས་འཇུག་གང་ཞིག མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་དུ་སྙོམས་པར་འཇུག་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཞེས་བཤད་པ་བཞི་ལས། དང་པོ་གཉིས་ལ་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཡར་འགྲོའི་སྙོམས་འཇུག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གསུམ་པ་ལ། སྦྱོར་བ་ལ་སེང་གེ་རྣམ་བསྒྱིངས་ལན་གཉིས་སྒོམ་པའི་ཡར་འགྲོའི་སྙོམས་འཇུག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། བཞི་པ་ལ་ཁ་ཅིག དངོས་གཞི་ཐོད་རྒལ་འབྲིང་པོའི་སྙོམས་འཇུག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་ཟུར་མ་གྲུབ་ན། དེར་ཐལ། མཐར་གནས་ཀྱི་སྙོམས་འཇུག་ལ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལས་གཞན་པའི་ཆོས་མ་སྤེལ་བར་ལུགས་མཐུན་དུ་སྙོམས་པར་འཇུག་པའི་སྙོམས་འཇུག་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱི་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་སྤེལ་བར་བྱ་བའི་ཆོས་དེ་ཡིན་ན། དེ་དགུ་པོ་གང་རུང་ཡིན་དགོས་པ་གང་ཞིག ཁྱོད་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དུ་སྙོམས་པར་འཇུག་པ་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཕྱེད་དུ་འཕར་བའི་ཕྱིར་མི་འོང་ཆོས་ཅན། ཕྱེད་འཕར་གྱི་ཕྱིར་མི་འོང་མིན་པར་ཐལ། གཟུགས་ཁམས་གནས་རིགས་བཅུ་བདུན་ལ་གནས་གཞན་མ་བརྒལ་བར་འོག་མིན་དུ་སྐྱེ་བ་ཡིན་པའི་ཕྱིར་ཏེ། གཟུགས་ཁམས་གནས་རིགས་བཅུ་བདུན་ལ་ཁོ་རང་ལས་གཞན་པའི་གནས་མ་བརྒལ་བར་འོག་མིན་དུ་སྐྱེ་བ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱིས་གཟུགས་ཁམས་གནས་རིགས་བཅུ་བདུན་ལས་བརྒལ་བར་བྱ་བའི་གནས་དེ་ཡིན་ན། བཅུ་བདུན་པོ་དེ་གང་རུང་ཡིན་དགོས་པ་གང་ཞིག ཁྱོད་འོག་མིན་དུ་སྐྱེ་བ་ཡིན་པའི་ཕྱིར་རིམ་པ་བཞིན་ཁས། གཉིས་པ་ནི། སྦྱོར་བ་སེང་གེ་རྣམ་བསྒྱིངས་སྔོན་དུ་བཏང་ནས་དངོས་གཞི་ཐོད་རྒལ་འབྲིང་པོའི་ཆེད་དུ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་དུ་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་དངོས་གཞིའི་སྙོམས་འཇུག་གོ །གསུམ་པ་ནི། དངོས་གཞི་ཐོད་རྒལ་གྱི་སྙོམས་འཇུག་གི་ནང་དུ་མཐར་གནས་ཀྱི་སྙོམས་འཇུག་ལ་ཆོས་གཞན་མ་སྤེལ་བར་སྙོམས་པར་འཇུག་པ་དང་། རིགས་མཐུན་གྱི་ཆོས་གཞན་སྤེལ་ནས་སྙོམས་པར་འཇུག་པ་དང་། རིགས་མི་མཐུན་གྱི་ཆོས་གཞན་སྤེལ་ནས་སྙོམས་པར་འཇུག་པ་དང་གསུམ་ཡོད་པའི་དང་པོ་ལ་དབང་ཐོབ་པའི་ཆེད་ཡིན་ནོ། །དེ་ལྟར་གསུམ་དགོས་པའི་རྒྱུ་མཚན་ཡང་འདིར་སྙོམས་འཇུག་གི་རིགས་ཐམས་ཅད་འདུས་པའི་ཕྱིར་རོ། །འོ་ན་འདིར་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བར་ལུགས་མི་མཐུན་དུ་སྙོམས་པར་འཇུག་པ་གཅིག་ཀྱང་སྒོམ་དགོས་པར་འགྱུར་རོ་སྙམ་ན་སྐྱོན་མེད་དེ། ཆོས་གཞན་མ་སྤེལ་བར་ལུགས་མཐུན་དུ་སྙོམས་པར་འཇུག་པས་ཆོས་གཞན་མ་སྤེལ་བར་སྙོམས་པར་འཇུག་པའི་རིགས་ཐམས་ཅད་ཚང་བར་འགྱུར་བའི་ཕྱིར། འོ་ན་སྦྱོར་བ་སེང་གེ་རྣམ་བསྒྱིངས་ལ་ཡང་ལུགས་མི་མཐུན་མི་དགོས་པར་འགྱུར་རོ་སྙམ་ན། དེར་ནི་དངོས་གཞི་ཐོད་རྒལ་གྱི་ནང་ན་སྙོམས་འཇུག་དགུ་ལས་ལུགས་མི་མཐུན་དུ་སྙོམས་པར་འཇུག་པ་ཡོད་པས་དེའི་སྦྱོར་བ་སྒོམ་དགོས་པའི་ཕྱིར་ན་མི་འདྲའོ། །བཞི་པ་ལ། དར་ཊཱིཀ་པ་ན་རེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་རྗེས་སུ་སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བར་སྙོམས་པར་འཇུག་པའི་སྙོམས་འཇུག་དེ་ལ་ཐོད་རྒལ་ཆུང་ངུའི་ཐ་སྙད་བྱེད་པ་མི་འཐད་དེ། དངོས་གཞི་ཐོད་རྒལ་ལ་ཆུང་འབྲིང་ཆེན་པོའི་ཐ་སྙད་མདོ་དང་བསྟན་བཅོས་གང་ལས་ཀྱང་མ་བཤད་པའི་ཕྱིར་དང་། སྙོམས་འཇུག་དེ་ལ་དངོས་གཞི་ཐོད་རྒལ་གྱི་དོན་མ་ཚང་བའི་ཕྱིར་ཏེ། དེས་སྙོམས་འཇུག་ལ་ཆོས་གཞན་སྤེལ་བ་ཡང་མེད། བར་དུ་ཆོས་གཞན་པ་རྒལ་བ་ཡང་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། སྐྱེས་བུ་གསུམ་གྱི་ལམ་རིམ་དེ་ལ་སྐྱེས་བུ་ཆུང་འབྲིང་ཆེན་པོ་གསུམ་གྱི་ཐ་སྙད་མཛད་པ་ལ་བརྟེན་ནས་བརྗོད་བྱའི་སྤུ་རིས་འབྱེད་སླ་བའི་ཁྱད་པར་ཡོད་པས། ཇོ་བོ་རྗེས་མཛད་པ་དེ་ཁས་ལེན་རིགས་པ་ལྟར་འདིར་ཡང་དངོས་གཞི་ཐོད་རྒལ་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་ཐ་སྙད་ལ་བརྟེན་ནས་བརྗོད་བྱའི་དོན་གྱི་སྤུ་རིས་འབྱེད་སླ་བའི་ཁྱད་པར་ཡོད་པས། སྔོན་གྱི་མཁས་པ་འབྲེ་ཨར་གྱིས་མཛད་པ་དེ་དང་། ཤཱནྟི་པས་དངོས་གཞི་ཐོད་རྒལ་ལ་དང་པོ་དང་གཉིས་པ་དང་གསུམ་པའི་ཐ་སྙད་གསུངས་པ་ལྟར་དོན་གཅིག་པར་ཁས་ལེན་རིགས་པའི་ཕྱིར་རོ། །དེ་ལ་དངོས་གཞི་ཐོད་རྒལ་གྱི་དོན་མ་ཚང་བས་དངོས་གཞི་ཐོད་རྒལ་མིན་ནོ་ཞེས་པའི་ལོག་རྟོག་འདི་འདྲ་བ་སྔར་བྱུང་འདུག་པ་ལ། མཁས་གྲུབ་གཡག་གི་དཀའ་འགྲེལ་ལས། མངོན་རྟོགས་རྒྱན་འཆད་པའི་སྐབས་སུ་མདོ་དངོས་སུ་འགོག་པ་ནི་བུ་རུ་བརྫུས་ནས་རབས་གཅོད་པ་ཡིན་པར་གསུངས་པའི་བཀའ་བཀྱོན་ལྗི་མོ་གནང་འདུག་པ་འདི་ཁྱེད་ཀྱི་ཐེག་གམ། མི་ཐེག་པའི་ལུང་རིགས་ཀྱི་གདེང་ཅི་ཡོད། ནུས་པ་ཡོད་ན་ད་གཟོད་དཔུང་སྦྲན་རན་ནོ། །གསུམ་པ་དངོས་གཞི་ཐོད་རྒལ་འབྲིང་པོ་ལ་གནས་ཀྱི་གྲངས་ངེས། མཚན་ཉིད། སྙོམས་པར་འཇུག་པའི་དགོས་པ། ནུད་ཆུང་གི་དོན་བཤད་པ་དང་བཞི་ལས། དང་པོ་ལ་ཤཱནྟི་པས། སྔར་བཤད་པ་ལྟར་གནས་བཅུ་དགུར་འདོད་ཀྱང་། ནུད་ཆུང་མི་དགོས་པའི་གནས་སྐབས་སུ་གནས་བཅུ་བདུན་ལས་མེད་ཅིང་། གཞན་དུ་ན་རྒྱས་འབྲིང་གཉིས་ནས་བཤད་པའི་ཐོད་རྒལ་འབྲིང་པོའི་གནས་ལ་མ་ཚང་བར་ཐལ་བའི་སྐྱོན་ཡོད་པས་མི་འཐད་དོ། །མཁན་ཆེན་པ་མཐར་གནས་ཀྱི་སྙོམས་འཇུག་བརྒྱད་ལ་འགོག་པ་བརྒྱད་སྤེལ་དེ་ནས་སྲིད་རྩེ་ལ་ནུད་ཆུང་། དེ་ནས་མཚམས་འཛིན་གྱི་འདོད་སེམས། དེ་ནས་སྤེལ་གཞིའི་འགོག་པ། དེ་ནས་སྤེལ་ཆོས་ཀྱི་འདོད་སེམས་ཏེ་གནས་ཉི་ཤུར་ངེས་ཞེས་གསུངས་པ་ཡང་མི་འཐད་དེ། མཚམས་འཛིན་གྱི་འདོད་སེམས་དེ་འབྲིང་པོ་དང་། ཆེན་པོ་གཉིས་ཀྱི་མཚམས་འཛིན་གྱི་འདོད་སེམས་ཡིན་གྱི་འབྲིང་པོའི་བར་སྐབས་ཀྱི་མཚམས་འཛིན་མིན་པའི་ཕྱིར་དང་། འབྲིང་པོའི་མཚན་ཉིད་དུ་སྙོམས་འཇུག་བརྒྱད་ལ་འགོག་པ་བརྒྱད་སྤེལ་ནས་སྙོམས་པར་འཇུག་པའི་དགེ་སེམས་རྩེ་གཅིག་པ་བཤད་པའི་རང་ལུགས་དང་ཡང་འགལ་བའི་ཕྱིར་དང་། མཚམས་འཛིན་གྱི་རྗེས་སུ་འབྱུང་བའི་འགོག་པ་དེ་ཆེན་པོའི་གནས་ཡིན་གྱི་འབྲིང་པོའི་གནས་མིན་པའི་ཕྱིར་དང་། འབྲིང་པོ་ལ་སྤེལ་ཆོས་ཀྱི་འདོད་སེམས་མེད་པའི་ཕྱིར་རོ། །རང་ལུགས་ནི་རྒྱས་འབྲིང་ལྟར་ན་སྙོམས་འཇུག་བརྒྱད་ལ་འགོག་པ་བརྒྱད་སྤེལ་བས་བཅུ་དྲུག་ཡིན་ལ། ཁྲི་བརྒྱད་སྟོང་པ་ལྟར་ན་ནུད་ཆུང་དང་བཅུ་བདུན་ནོ། །གཉིས་པ་ལ་དགག་བཞག་གཉིས་ལས། དང་པོ་ལ། མཁན་ཆེན་པ་ན་རེ། དངོས་གཞི་ཐོད་རྒལ་ཆུང་ངུ་སྔོན་དུ་བཏང་ནས་དངོས་གཞི་ཐོད་རྒལ་ཆེན་པོའི་ཆེད་དུ་མཐར་གནས་ཀྱི་སྙོམས་འཇུག་དང་པོ་བརྒྱད་ལ་འགོག་པ་བརྒྱད་སྤེལ་ནས་སྙོམས་པར་འཇུག་པའི་དགེ་སེམས་རྩེ་གཅིག་པ་ཞེས་དང་། ཁ་ཅིག ལུགས་མཐུན་དུ་ཞེས་པའི་ཁྱད་པར་བསྣན་པ་དང་། ཁ་ཅིག སྙོམས་འཇུག་དགུ་ལ་འགོག་པ་དགུ་སྤེལ་ནས་སྙོམས་པར་འཇུག་པའི་དངོས་གཞིའི་སྙོམས་འཇུག་ཞེའོ། །དང་པོ་ལ་ཁས་བླངས་འགལ་བའི་སྐྱོན་བསྟན་ཟིན་ཅིང་། གཞན་ཡང་སྲིད་རྩེའི་ནུད་ཆུང་ནས་སྤེལ་ཆོས་ཀྱི་འདོད་སེམས་ཀྱི་བར་གྱི་འགོག་པའི་སྙོམས་འཇུག་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་ཆོས་ཅན་དང་བཅས་པ་ཁས་བླངས་སོ། །གཉིས་པ་དང་གསུམ་པ་ལ་དངོས་གཞི་ཐོད་རྒལ་འབྲིང་པོའི་གནས་ཀྱི་ནང་ཚན་གྱི་སྲིད་རྩེའི་ནུད་ཆུང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། འགོག་པའི་མཇུག་ཐོག་དེ་མ་ཐག་ཏུ་བྱུང་བའི་སྲིད་རྩེའི་སྙོམས་འཇུག་ཡིན་པའི་ཕྱིར། བཞི་པ་ཡང་མི་འཐད་དེ། འགོག་པ་ལ་འགོག་པ་སྤེལ་བ་མེད་པའི་ཕྱིར་དང་། བར་དུ་མཚམས་འཛིན་གྱི་སེམས་གཞན་གྱིས་ཆོད་ན་དེ་སྤེལ་ཆོས་ཡིན་གྱི་འགོག་པ་སྤེལ་ཆོས་སུ་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། དངོས་གཞི་ཐོད་རྒལ་ཆུང་ངུ་སྔོན་དུ་བཏང་ནས་ཆེན་པོའི་ཆེད་དུ་འགོག་པ་སྤེལ་བའི་རིགས་སུ་གནས་པའི་སྙོམས་འཇུག་གོ །གསུམ་པ་ནི། སྔར་བཤད་པ་ལྟར་རིགས་གསུམ་ཡོད་པའི་བར་པ་ལ་དབང་ཐོབ་པའི་ཆེད་ཡིན་ནོ། །བཞི་པ་ནི་ཤཱནྟི་པ་ན་རེ། སྤེལ་གཞིའི་འགོག་པ་སྔོན་དུ་བྱེད་པ་ཡིན་ནོ་ཞེས་གསུངས་ཤིང་། མཁན་ཆེན་པ་ཡང་དེ་ལྟར་དུ་བཞེད་དེ། ནུད་ཆུང་གི་རྗེས་སུ་མཚམས་འཛིན་གྱི་འདོད་སེམས་དེ་ནས་སྤེལ་གཞིའི་འགོག་པ། དེ་ནས་སྤེལ་ཆོས་ཀྱི་འདོད་སེམས་མངོན་དུ་བྱེད་པའི་ཕྱིར་ཞེས་གསུངས་སོ། །དེ་ནི་མི་འཐད་དེ། འབྲིང་པོའི་གནས་ལ་སྤེལ་གཞིའི་འགོག་པ་དང་། སྤེལ་ཆོས་ཀྱི་འདོད་སེམས་མེད་པའི་ཕྱིར་རོ། །ཁ་ཅིག མཚམས་འཛིན་གྱི་འདོད་སེམས་མངོན་དུ་བྱེད་པའི་ཆེད་ཡིན་ཏེ། སྲིད་རྩེའི་མཇུག་ཐོག་གི་འགོག་པ་དེ་ཟག་བཅས་ཀྱི་སེམས་ཤིན་ཏུ་ཞི་བ་སྲིད་རྩེ་ལས་ཐོབ་པས་སྲིད་རྩེ་ལ་ནུད་ཆུང་མ་བྱས་པར་འདོད་སེམས་མངོན་དུ་བྱེད་པར་མི་ནུས་པའི་ཕྱིར་ཏེ། དེ་ལྟ་བུའི་འགོག་པ་དེ་སེམས་ཞི་བ་མཐར་ཐུག་དང་། འདོད་སེམས་དེ་སེམས་མ་ཞི་བ་མཐར་ཐུག་ཡིན་པའི་ཕྱིར་ཟེར་རོ། །འོ་ན་འབྲིང་པོ་ཡིན་ན། སྲིད་རྩེ་ལ་ནུད་ཆུང་བྱེད་པས་ཁྱབ་པར་ཐལ། དེ་ཡིན་ན། ཆེན་པོ་ལ་འཇུག་པའི་ཚེ་འདོད་སེམས་མངོན་དུ་བྱེད་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྒྱས་འབྲིང་གཉིས་ནས་བཤད་པའི་འབྲིང་པོའི་གནས་ལ་མ་ཚང་བའི་སྐྱོན་ཡོད་པར་ཐལ་ལོ། །གཞན་ཡང་མར་འོང་གི་འགོག་པའི་མཇུག་ཐོག་དེ་མ་ཐག་ཏུ་འདོད་སེམས་མངོན་དུ་བྱེད་མི་ནུས་པར་ཐལ། དེའི་འགོག་པ་དེ་སེམས་ཞི་བ་མཐར་ཐུག་དང་། འདོད་སེམས་དེ་སེམས་མ་ཞི་བ་མཐར་ཐུག་ཡིན་པའི་ཕྱིར། གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། དེའི་སྐབས་ཀྱི་འགོག་པ་དེ་འདོད་སེམས་ཀྱི་མཇུག་ཐོག་དེ་མ་ཐག་ཏུ་བྱུང་བའི་ཕྱིར་རོ་ཞེ་ན། དེ་དང་སྲིད་རྩེའི་མཇུག་ཐོག་ཏུ་བྱུང་བའི་འགོག་པ་གཉིས་ལ་ཞི་མ་ཞིའི་ཁྱད་པར་མེད་པར་ཐལ། དེ་གཉིས་ལ་དགག་བྱ་མང་ཉུང་གི་ཁྱད་པར་ཡང་མེད། རང་གི་ངོ་བོ་ལ་ཟག་པ་དང་བཅས་མ་བཅས་ཀྱི་ཁྱད་པར་ཡང་མེད་པའི་ཕྱིར། གཞན་ཡང་སྲིད་རྩེའི་མཇུག་ཐོག་གི་འགོག་པ་དེ་སྲིད་རྩེ་ལ་ནུད་ཆུང་མ་བྱས་པར་འགོག་པ་ལ་སྙོམས་པར་འཇུག་པའི་མཉམ་གཞག་དེ་ལས་ལྡང་ནུས་སམ་མི་ནུས། ནུས་ན་འདོད་སེམས་མངོན་དུ་བྱེད་མི་ནུས་པར་འདོད་པ་དང་འགལ་ལ། མི་ནུས་ན་འགོག་པ་ལ་མཉམ་པར་བཞག་པའི་མཉམ་བཞག་དེ་ལས་ལྡང་བའི་ཆེད་དུ་ཡང་སྲིད་རྩེ་ལ་ནུད་ཆུང་བྱེད་དགོས་པར་ཐལ་ལོ། །གཞན་ཡང་སྲིད་རྩེའི་མཇུག་ཐོག་དེ་མ་ཐག་ཏུ་འདོད་སེམས་མངོན་དུ་བྱེད་པ་མེད་པར་ཐལ། སྤྱིར་འགོག་པའི་མཇུག་ཐོག་དེ་མ་ཐག་ཏུ་འདོད་སེམས་མངོན་དུ་བྱེད་པ་གཅིག་ཡོད། སྲིད་རྩེའི་མཇུག་ཐོག་གི་འགོག་པ་དེ་སྲིད་རྩེ་ལས་ཐོབ་པའི་རྒྱུ་མཚན་གྱིས་སྲིད་རྩེ་ལ་ནུད་ཆུང་མ་བྱས་པར་འདོད་སེམས་མངོན་དུ་བྱེད་མི་ནུས་པའི་ཕྱིར་རོ། །རང་ལུགས་ནི་ཐོད་རྒལ་ལ་ལེགས་པར་བྱང་བའི་གང་ཟག་དང་། བྱང་སེམས་དབང་རྣོན་གཉིས་ལ་ནུད་ཆུང་མི་དགོས་པའི་དབང་དུ་བྱས་ནས་རྒྱས་འབྲིང་ལས་དེ་མ་བཤད་ལ། ཐོད་རྒལ་ལ་མ་བྱང་བའི་གང་ཟག་དང་། བྱང་སེམས་དབང་རྟུལ་གཉིས་ཀྱི་དབང་དུ་བྱས་ནས་ཁྲི་བརྒྱད་སྟོང་པ་ནས་ནུད་ཆུང་བྱེད་པར་བཤད་དེ། གང་ཟག་དེ་གཉིས་སྙོམས་འཇུག་དགུ་ལ་ལུགས་མཐུན་དུ་སྙོམས་པར་ཞུགས་པའི་མཇུག་ཐོག་དེ་མ་ཐག་ཏུ་སྲིད་རྩེ་ལ་ནུད་ཆུང་མ་བྱས་པར་ཆོས་གཞན་སྤེལ་ནས་ལུགས་བཟློག་ཏུ་སྙོམས་པར་འཇུག་མི་ནུས་པའི་ཕྱིར། སྦྱོར་བ་སེང་གེ་རྣམ་བསྒྱིངས་ལ་ནི་མི་མཚུངས་ཏེ། དེར་ལུགས་མི་མཐུན་དུ་སྙོམས་པར་འཇུག་པ་ཡོད་ཀྱང་ཆོས་གཞན་སྤེལ་བ་མེད་པའི་ཕྱིར། འོ་ན་གང་ཟག་དེ་གཉིས་མར་འོང་གི་འགོག་པའི་མཇུག་ཐོག་དེ་མ་ཐག་ཏུ་འདོད་སེམས་མངོན་དུ་བྱེད་མི་ནུས་པར་ཐལ། གང་ཟག་དེ་གཉིས་སྲིད་རྩེ་ལ་ནུད་ཆུང་མ་བྱས་པར་ཆོས་གཞན་སྤེལ་ནས་ལུགས་མི་མཐུན་དུ་སྙོམས་པར་འཇུག་མི་ནུས་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། འདོད་སེམས་མངོན་དུ་བྱེད་པའི་ཆེད་དུ་སྲིད་རྩེ་ལ་ནུད་ཆུང་བྱེད་པར་ཁས་མ་བླངས་ཤིང་། ཆོས་གཞན་སྤེལ་བ་དང་ལུགས་མི་མཐུན་དུ་སྙོམས་པར་འཇུག་པ་གཉིས་ཀའི་ཆེད་དུ་སྲིད་རྩེ་ལ་ནུད་ཆུང་བྱེད་པར་ཁས་བླངས་ཀྱང་སྐབས་དེར་ནི་ནུད་ཆུང་སྔོན་དུ་སོང་བའི་ཕྱིར་རོ། །བཞི་པ་དངོས་གཞི་ཐོད་རྒལ་ཆེན་པོ་ལ་གནས་ཀྱི་གྲངས་ངེས། མཚན་ཉིད། སྙོམས་པར་འཇུག་པའི་དགོས་པ། སྤེལ་ཆོས་ཀྱི་འདོད་སེམས་བཤད་པ་དང་བཞི། དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། མཁན་ཆེན་པ་དངོས་གཞི་ཐོད་རྒལ་ཆེན་པོའི་སྐབས་སུ། ལུགས་མཐུན་ལུགས་མི་མཐུན་གཉིས་ཡོད་ཅིང་འདིའི་ལུགས་མི་མཐུན་པ་འགོག་པ་ལ་འདོད་སེམས་སྤེལ་མི་དགོས་པས་སྲིད་རྩེ་ནས་བསམ་གཏན་དང་པོའི་བར་དུ་འདོད་སེམས་རེ་རེ་སྤེལ་བས་གནས་བཅུ་དྲུག ལུགས་མཐུན་ལ་བསམ་གཏན་དང་པོ་ལ་འདོད་སེམས་སྤེལ་མི་དགོས་པས་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་ལ་འགོག་པ་རེ་རེ་སྤེལ་བས་བཅུ་བཞི། དེ་ནས་འགོག་པ་ལ་སྙོམས་པར་འཇུག་པས་སོ་གཅིག་ཏུ་ངེས་ཤིང་། འདི་ཉིད་མདོ་དང་། བསྟན་བཅོས་རྩ་བ་དང་། འགྲེལ་པ་གཉིས་ཀའི་དགོངས་པ་ཡིན་ཏེ། རྩ་བར། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་དང་། འགྲེལ་པར་དེ་ལྟར་གཅིག་ལ་སོགས་པ་བོར་ནས་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ལ་ཐུག་གི་བར་དུ་ཞེས་པས་ལུགས་མཐུན་དུ་སྙོམས་པར་འཇུག་པ་ཡང་བསྟན་པའི་ཕྱིར་རོ། །ལུགས་མི་མཐུན་གྱི་སྐབས་སུ་འགོག་པ་ལ་འདོད་སེམས་སྤེལ་མི་དགོས་ཏེ། དེའི་འོག་ཏུ་འགོག་པ་གཅིག་པུ་བོར་ལ་ཞེས་གསུངས་པའི་ཕྱིར། ལུགས་མཐུན་གྱི་སྐབས་སུ་བསམ་གཏན་དང་པོ་ལ་འདོད་སེམས་སྤེལ་མི་དགོས་ཏེ། དེ་སྤེལ་མ་ཐག་པ་ཡིན་པའི་ཕྱིར་ཏེ། གལ་ཏེ་དེ་ལྟར་གཅིག་ལ་སོགས་པ་བོར་ནས་ཞེས་པ་དོན་བསྡུ་ཡིན་ན་ནི། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པ་ཡང་དོན་བསྡུར་འགྱུར་ལ། འདོད་ན། དེ་གཞུང་གང་གི་དོན་བསྡུ་ཡིན་སྨྲ་དགོས་སོ་ཞེས་གསུངས་སོ། །དེ་ནི་མི་འཐད་དེ། འགྲེལ་ཆེན་ལས། དེ་བཞིན་དུ་བརྒྱད་ཀྱི་བར་དུ་བོར་ནས་བསམ་གཏན་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལ་སྟེ། དེ་ལྟར་གཅིག་ལ་སོགས་པ་བོར་ནས་ཞེས་དོན་བསྡུར་གསལ་བར་བཤད་པའི་ཕྱིར་དང་། དེ་བཞིན་དུ་བརྒྱད་ཀྱི་བར་དུ་བོར་ནས་ཞེས་གསུངས་པས་ལུགས་བཟློག་གི་སྐབས་སུ་སྲིད་རྩེ་ནས་བསམ་གཏན་གཉིས་པའི་བར་ལ་ཡང་འདོད་སེམས་སྤེལ་མི་དགོས་པར་ཐལ་བའི་ཕྱིར་རོ། །གཞན་ཡང་རྣམ་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་ཞེས་པ་འདི་རྣམ་པའི་དོན་བསྡུ་ཡིན་ནམ་མིན། ཡིན་ན་མེད་པའི་རྣམ་པ་ནས་བཟུང་སྟེ། ཞེས་སོགས་གཞུང་ཚན་གསུམ་པོ་དེའི་དོན་བསྡུར་འགྱུར་ཞིང་། འདོད་ན། དེ་གཞུང་གང་གི་དོན་བསྡུ་ཡིན་གསུང་ཕྱུང་རན་ནོ། །གཉིས་པ་ལྟར་ན་ཧ་ཅང་ཐལ་ལོ། །གཉིས་པ་ལ་དགག་བཞག་གཉིས་ལས། དང་པོ་ནི། མཁས་གྲུབ་ཁ་ཅིག དངོས་གཞི་ཐོད་རྒལ་འབྲིང་པོ་སྔོན་དུ་བཏང་ནས་སྲིད་རྩེ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་གྱི་མཐར་གནས་ཀྱི་སྙོམས་འཇུག་བརྒྱད་ལ་འདོད་སེམས་བརྒྱད་སྤེལ་ནས་སྙོམས་པར་འཇུག་པའི་དགེ་སེམས་རྩེ་གཅིག་པ་ཞེས་གསུང་བ་ནི་མི་འཐད་དེ། འགོག་པ་སྐབས་འདིར་སྤེལ་གཞིར་དངོས་སུ་གསུང་བ་དེ་མ་ཚང་འདུག་པའི་ཕྱིར་དང་། མཚན་ཉིད་ཀྱི་ཟུར་དུ་དགེ་སེམས་རྩེ་གཅིག་པ་ཞེས་པ་ཡང་སྤེལ་ཆོས་ཀྱི་འདོད་སེམས་ལ་མ་ཁྱབ་པའི་ཕྱིར་རོ། །གཉིས་པ་ནི་མཚམས་འཛིན་གྱི་འདོད་སེམས་ཀྱི་རྗེས་སུ་སྙོམས་པར་འཇུག་པ་དགུ་ལ་འདོད་སེམས་རེ་སྤེལ་ནས་ལུགས་བཟློག་ཏུ་འཇུག་པའི་གནས་སྐབས་ཀྱི་ཐེག་ཆེན་གྱི་རྗེས་ལ་ཐོབ་པའི་མངོན་རྟོགས། གསུམ་པ་ལ་སྤྱིར་སྒོམ་པའི་དགོས་པ་དང་། བྱེ་བྲག་ཏུ་འདོད་སེམས་སྤེལ་ནས་སྒོམ་པའི་དགོས་པ་གཉིས་ལས། དང་པོ་ནི། སྔར་བཤད་པ་ལྟར་རིགས་གསུམ་ལས་ཕྱི་མ་ལ་དབང་ཐོབ་པའི་ཆེད་ཡིན་ལ། གཉིས་པ་ནི་སྙོམས་འཇུག་གི་རིགས་ཐམས་ཅད་ལ་དབང་ཐོབ་པའི་ཆེད་ཡིན་ནོ། །དེ་ལ་ཁ་ཅིག སྙོམས་འཇུག་གི་རིགས་ཐམས་ཅད་ལ་དབང་ཐོབ་པའི་ཆེད་དུ་འདོད་སེམས་སྤེལ་བ་མེད་པར་ཐལ། མཉམ་བཞག་ལ་དབང་ཐོབ་པའི་ཆེད་དུ་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་པ་མི་འཐད་པའི་ཕྱིར་ཏེ། ཡང་དག་པའི་ལྟ་བ་ལ་དབང་ཐོབ་པའི་ཆེད་དུ་ལོག་ལྟ་མངོན་དུ་བྱེད་པ་མི་འཐད་པའི་ཕྱིར་ཞེས་ཟེར་རོ། །འོ་ན་སྙོམས་འཇུག་ལ་དབང་ཐོབ་པའི་ཆེད་དུ་སྙོམས་འཇུག་དགུ་ལ་ལུགས་བཟློག་ཏུ་སྙོམས་པར་འཇུག་པ་མི་འཐད་པར་ཐལ། ཐར་ལམ་ལ་དབང་ཐོབ་པའི་ཆེད་དུ་ཐར་ལམ་ལ་ལུགས་བཟློག་ཏུ་འཇུག་པ་མི་འཐད་པའི་ཕྱིར། ཁྱབ་པ་ཁས། བཞི་པ་ནི། ཁ་ཅིག དངོས་གཞི་ཐོད་རྒལ་གྱི་སྐབས་སུ་ཁམས་གསུམ་གྱིས་བསྡུས་པའི་སྙོམས་འཇུག་གི་རིགས་ཐམས་ཅད་ཚང་བར་སྒོམ་དགོས་པས་འདིར་བསྟན་གྱི་འདོད་སེམས་དེ་འདོད་པའི་སས་བསྡུས་ཀྱི་སྙོམས་འཇུག་ཡིན་ཞེས་ཟེར་བ་ནི་རང་ཚིག་དང་འགལ་ཏེ། འདོད་པའི་སས་བསྡུས་ཀྱི་སྙོམས་འཇུག་མེད་པའི་ཕྱིར། ཁ་ཅིག་དངོས་གཞི་ཐོད་རྒལ་གྱི་སྐབས་སུ་ཁམས་གསུམ་གྱིས་བསྡུས་པའི་མཉམ་གཞག་གི་རིགས་ཐམས་ཅད་ཚང་བར་སྒོམ་དགོས་པས་འདིར་བསྟན་འདོད་སེམས་འདོད་པའི་སས་བསྡུས་ཀྱི་མཉམ་གཞག་ཡིན་ཞེས་ཟེར་བ་ཡང་མ་བརྟགས་པ་སྟེ། མདོ་དང་རྒྱན་རྩ་འགྲེལ་རྣམས་ལས་མཉམ་པར་མ་བཞག་པའི་སེམས་སུ་བཤད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། མཉམ་གཞག་བཏང་ཙམ་གྱི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་འདོད་སེམས་ཀྱི་མིང་གིས་བཏགས་པ་སྟེ། འདི་ཐོད་རྒལ་ཆེན་པོའི་ཁོངས་སུ་གཏོགས་པས་ཐོད་རྒལ་ཡིན་ན་མཉམ་གཞག་ཡིན་པས་མ་ཁྱབ་པ་ནི་གནད་ཕྲ་མོའོ། །གསུམ་པ་སྒོམ་པའི་དགོས་པ་ནི། ས་བདུན་པ་མན་ཆད་དུ་དབང་ཐོབ་པའི་ཆེད་དང་། ས་བརྒྱད་པ་ཡན་ཆད་དུ་དབང་ཐོབ་པ་ཕུལ་དུ་བྱུང་བའི་ཆེད་ཡིན་ལ། ཁྱད་པར་སྒོམ་སྤང་རྟོག་པའི་གཉེན་པོ་སྒོམ་ལམ་རྩེ་སྦྱོར་གྱི་རྟེན་དང་ཐེག་པ་གསུམ་གྱི་ཡོན་ཏན་གྱི་རིགས་ཐམས་ཅད་ཀྱི་རྟེན་སྒྲུབ་པའི་ཆེད་ཡིན་ཏེ། མི་མཐུན་པའི་ཕྱོགས་སྤོང་བ་ལ་སོགས་པ་ནི་རྟེན་གྲུབ་པ་སྔོན་དུ་འགྲོ་བ་ཅན་ཡིན་ན་ཞེས་སོགས་གསུངས་པའི་ཕྱིར། བཞི་པ་ཐོབ་པའི་ས་མཚམས་ནི། ཁ་ཅིག མདོ་སྡེ་དཀོན་མཆོག་སྤྲིན་དང་། བསྡུ་བ་ལས་བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་ཐོད་རྒལ་ལ་སྙོམས་པར་འཇུག་ཞེས་པ་ལ་བརྟེན་ནས་ས་བརྒྱད་པ་ནས་འཇུག་གོ་ཞེས་འདོད་པ་ནི་མི་འཐད་དེ། ས་གཉིས་པའི་བྱང་སེམས་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་མ་ཐོབ་པར་ཐལ། དེའི་རྟེན་མ་ཐོབ་པའི་ཕྱིར། ལུང་དོན་དང་ཡང་འགལ་ཏེ། ས་བརྒྱད་པ་ནས་བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བར་བྱར་མེད་པའི་ཕྱིར་ཏེ། ས་བརྒྱད་པ་ནས་སངས་རྒྱས་ཀྱི་ས་མངོན་དུ་བྱེད་པ་ལ་བསྐལ་པ་གྲངས་མེད་གཅིག་ལས་མེད་པའི་ཕྱིར་རོ། །ལུང་དེའི་དོན་མ་མཐའ་ས་གཉིས་པ་ནས་འཇོག་པར་མཛད་པ་ཡང་ཅུང་ཟད་མི་འཐད་དེ། གཉིས་པའི་མཉམ་བཞག་ལ་འདི་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། རྟེན་གྲུབ་པ་སྔོན་དུ་འགྲོ་བ་ཡིན་ན་གོ་སླ་བས་སྒོམ་པའི་ལམ་ཞེས་གསུངས་པའི་ཕྱིར། དེས་ན་གནད་ཀྱི་དོན་ནི་འདི་དག་མངོན་དུ་བྱེད་པའི་ནུས་པ་མཐོང་ལམ་རྩེ་སྦྱོར་དུ་ཐོབ་པས་མདོ་ལས་མཐོང་ལམ་རྩེ་སྦྱོར་གྱི་སྐབས་སུ་གསུངས་ཤིང་། མངོན་དུ་བྱེད་པ་ས་དང་པོའི་རྗེས་ཐོབ་ཀྱི་སྐབས་སུ་འབྱུང་བས་བསྟན་བཅོས་ལས་མཐོང་སྤང་རྟོག་པའི་གཉེན་པོ་དང་སྒོམ་སྤང་རྟོག་པའི་གཉེན་པོ་གཉིས་ཀྱི་བར་དུ་གསུངས་པ་སོགས་གནད་མང་དུ་ཡོད་པ་ནི་ཞལ་གྱི་པད་མོ་ལ་དྲི་བར་བྱའོ།།༞ །།གཉིས་པ་ཉན་ཐོས་པའི་ལུགས་ཀྱི་ཐོད་རྒལ་བཤད་པ་ནི་མཛོད་ལས། ས་བརྒྱད་རྣམ་པ་གཉིས་འབྲེལ་དང་། །གཅིག་བརྒལ་སོང་ཞིང་འོང་ནས་ནི། །རིགས་མི་མཐུན་པ་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་གསུངས་ཏེ། ས་བརྒྱད་ཅེས་པ་ནི་བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་བརྒྱད་དོ། །རྣམ་གཉིས་ཞེས་པ་ནི་སྲིད་རྩེ་མ་གཏོགས་པ་རྣམས་ལ་ཟག་བཅས་ཟག་མེད་གཉིས་གཉིས་སུ་ཕྱེ་བ་སྟེ། སྦྱོར་དངོས་ཐམས་ཅད་ཀྱི་སྙོམས་པར་འཇུག་པའི་གཞི་བསྟན་ནོ། །སྙོམས་འཇུག་ལ་སྦྱོར་བ་དང་། དངོས་གཞི་གཉིས། དང་པོ་ལ་རིང་སྦྱོར་དང་། ཉེ་སྦྱོར་གཉིས་ལས། དང་པོ་ནི། འབྲེལ་བར་སོང་ཞིང་འོང་ནས་ཞེས་པ་སྟེ། འབྲེལ་པ་ནི་ཆོས་གཞན་སྤེལ་བ་དང་བོར་བ་གང་ཡང་མེད་པར་ཟག་བཅས་བརྒྱད་ལ་ཡར་སོང་ཞིང་མར་འོང་ནས་ཟག་མེད་བདུན་ལ་ཡང་དེ་བཞིན་དུ་སྙོམས་པར་འཇུག་པའོ། །གཉིས་པ་ནི། གཅིག་བརྒལ་སོང་ཞིང་འོང་ནས་ནི། །ཞེས་པ་སྟེ། ཟག་བཅས་བརྒྱད་ལ་རེ་རེ་བོར་ནས་ལུགས་མཐུན་དུ་སོང་ཞིང་ལུགས་བཟློག་ཏུ་འོང་ནས་ཟག་མེད་བདུན་ལ་ཡང་དེ་བཞིན་དུ་སྙོམས་པར་འཇུག་པའོ། །གཉིས་པ་དངོས་གཞི་ནི་རྐང་པ་ཕྱི་མ་གཉིས་ཏེ། རིགས་མི་མཐུན་པ་ནི་ཟག་བཅས་ཟག་མེད་སྤེལ་བ་ཡིན་ལ། གསུམ་པར་འགྲོ་བ་ནི་དང་པོའི་གནས་ནས་གཉིས་པ་བོར་ནས་གསུམ་པར་འགྲོ་བ་སྟེ། དེ་ཡང་ཟག་བཅས་བསམ་གཏན་དང་པོ་ལ་འཇུག དེ་ལས་ལངས་ནས་གཉིས་པ་བོར་ནས་ཟག་མེད་བསམ་གཏན་གསུམ་པ་ལ་འཇུག དེ་ནས་བཞི་པ་བོར་ནས་ཟག་བཅས་ནམ་མཁའ་ལ་འཇུག དེ་ནས་རྣམ་ཤེས་བོར་ནས་ཟག་མེད་ཅི་ཡང་མེད་ལ་འཇུག དེ་ནས་སྲིད་རྩེ་བོར་ནས་ཟག་བཅས་ཅི་ཡང་མེད་ལ་འཇུག དེ་ནས་རྣམ་ཤེས་བོར་ལ་ཟག་མེད་ནམ་མཁའ་ལ། དེ་ནས་བཞི་པ་བོར་ནས་ཟག་བཅས་བསམ་གཏན་གསུམ་པ་ལ། དེ་ནས་གཉིས་པ་བོར་ནས་ཟག་མེད་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའོ། །གསུམ་པ་དམན་པའི་ལུགས་ཀྱིས་མཆོག་ལ་མི་གནོད་པར་བསྟན་པ་ནི་ཉིར་སྣང་ལས། སྔར་གྱི་མཛོད་ཀྱི་ལུང་དེ་ཉིད་དང་མི་མཐུན་པས་ལུགས་སྔ་མ་མི་འཐད་དོ་ཞེ་ན། ཅི་བྱ་རོག་དང་། འོ་ཐུག་མཚན་ཉིད་འདྲའམ་ཞེས་པའི་ལན་མཛད་ཅིང་འགྲེལ་ཆེན་ལས་ཀྱང་དེ་ཉིད་གསུངས་སོ། །དེའི་དོན་ལ་མཁས་གྲུབ་གཡག་གིས་ཀཱ་ཀ་དང་། ཀཱ་དུ་ཀ་གཉིས་མིང་འདྲ་ཡང་། དོན་ཀཱ་ཀ་བྱ་རོག་དང་། ཀཱ་དུ་ཀ་འོ་ཐུག་ལ་འཇུག་པ་ལྟར་ཐེག་པ་ཆེ་ཆུང་གི་ཐོད་རྒལ་གཉིས་ཐོད་རྒལ་ཅེས་པ་ཙམ་གྱི་མིང་འདྲ་ཡང་དོན་མི་འདྲ་བས་མི་གནོད་པར་གསུངས་ཏེ། སྦྱོར་ལམ་གྱི་རྣམ་པའི་སྐབས་སུ་ཐེག་དམན་གྱི་ལུང་གི་སུན་འབྱིན་མི་ནུས་པའི་སྒྲུབ་བྱེད་དུ་ཐེག་ཆེན་གྱི་ལུགས་འདི་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པར་གསུངས་པ་དང་དོན་མཐུན་ནོ།། །།རྨད་བྱུང་ཡོན་ཏན་ཀུན་གྱི་གཞིར་གྱུར་བསམ་གཏན་གཟུགས་མེད་སྙོམས་འཇུག་དང་། །འཕགས་པའི་གནས་པ་མཆོག་གྱུར་འདུ་ཤེས་ཚོར་བ་འགོག་པའི་སྙོམས་འཇུག་གི །ཇི་བཞིན་གནས་ལུགས་ཇི་ལྟར་འཇུག་ཚུལ་སྡེ་སྣོད་རྒྱ་མཚོ་རྣམ་དཔྱོད་ཀྱི། །སྲུབ་ཤིང་ས་འཛིན་བརྩོན་པ་གཉིས་ཀྱིས་བསྲུབ་ཐག་ཀླུ་དབང་བསྒྱུར་བ་ཡིས། །སྙོམས་འཇུག་རབ་གསལ་ལེགས་བཤད་ཟླ་བ་ཕྱུང་སྟེ་ཐུབ་བསྟན་གངས་རི་ལ། །སྡེབ་ལེགས་འོད་དཀར་དྲྭ་བ་འཕྲོ་ཚེ་ལྟ་འདོད་ཕྱོགས་ཀྱི་བྲམ་ཟེ་དག །དགའ་གུས་ཕྱག་གི་སོར་མོ་ཟུམ་ཞིང་བློ་གྲོས་མིག་འབོར་རྣམ་ཕྱེ་ནས། །ཡིད་གཉིས་རྫི་མ་ཟུམ་པ་མེད་པར་ཟབ་དོན་དཀྱིལ་འཁོར་བལྟ་བར་གྱུར། །འདི་སྦྱར་དགེ་བ་ཡར་ངོའི་ཟླ་ཚེས་ལྟ་བུ་གང་ཞིག་ཐོབ་པ་དེ། །ཆོས་དབྱིངས་ཡིད་ཀྱི་ནམ་མཁར་ཞི་ལྷག་ཟུང་དུ་འབྲེལ་བའི་ཐབས་མཁས་ཀྱིས། །གོང་ནས་གོང་དུ་འཕེལ་བར་བྱས་ཏེ་ས་དང་ས་ཡི་རྟོགས་པ་མཆོག །རིམ་གྱིས་འཛེགས་ནས་སྤངས་རྟོགས་ཡོངས་རྫོགས་བདེ་གཤེགས་ཟླ་བ་ཉིད་ཐོབ་ཤོག །དེང་སང་ལ་ལ་ལེ་ལོའི་དགྲ་ཉེ་བག་ཆགས་ངན་པའི་གྲོགས་ཀྱིས་སྲུང་། །འགའ་ཞིག་ཅུང་ཟད་བརྩོན་ཡང་བཤེས་གཉེན་ངན་པས་ལོག་པའི་གཡང་སར་ཁྲིད། །གཞན་དག་ཇི་བཞིན་དོན་སྟོན་མགོན་གྱིས་བཟུང་ཡང་རྣམ་དཔྱོད་སྟོབས་དང་བྲལ། །དེ་སླད་ཐེག་ཆེན་གཞུང་གི་དགོངས་པ་ཇི་བཞིན་རྟོགས་པ་ཤིན་ཏུ་ཉུང་། །ཁོ་བོ་སྔོན་སྦྱངས་ཐོས་པའི་བག་ཆགས་གོམས་པས་སྐྱེས་སྟོབས་བློ་གྲོས་ལྡན། །འཇིག་རྟེན་བྱ་བ་སྙིང་པོ་མེད་པར་ངེས་པས་གསུང་རབ་དོན་ལ་བརྩོན། །ཡོངས་འཛིན་དམ་པའི་མགོན་གྱིས་བཟུང་བས་ལོག་པའི་གཡང་ས་རིང་དུ་སྤངས། །དེ་སླད་མདོ་སྔགས་གཞུང་གི་དགོངས་པ་སྨྲ་ལ་མི་འཇིགས་སྤོབས་པ་ཐོབ། །བློ་གྲོས་ཉམས་ཆུང་ཕྱོགས་ཞེན་དྲི་མས་བསྒོས་པའི་གོས་ཀྱིས་གཡོགས་པ་རྣམས། །ལེགས་བཤད་ཟླ་བའི་འོད་ཟེར་བཀྱེ་བ་འདི་ལ་ཁོང་ནས་སྨོད་གྱུར་ཀྱང་། །མཁས་མང་གཟའ་སྐར་དབུས་ན་ལྷམ་མེར་གསལ་ཞིང་བློ་གསལ་ཀུ་མུད་ཀྱི། །ཕྲེང་བ་མཚར་དུ་མངར་བའི་སྤྱི་བོའི་གཙུག་ན་མཛེས་པའི་རྣམ་འགྱུར་སྟོན།། །།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་རྣམ་པར་བཞག་པ་སྙོམས་འཇུག་རབ་གསལ་ཞེས་བྱ་བ་འདི་ནི་སྙིགས་མའི་དུས་སུ་བསྟན་པ་མི་ནུབ་པའི་རྒྱལ་མཚན་འཛིན་པ་མཁས་པའི་དབང་པོ་ཀུན་མཁྱེན་སངས་རྒྱས་འཕེལ་ལ་སོགས་པ་ཡོངས་འཛིན་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་པས་སྡེ་སྣོད་རྒྱ་མཚོ་ལྟ་བུའི་དོན་ལ་ངེས་པའི་ཤེས་པ་གཏིང་ནས་རྙེད་པ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་དོན་གཉེར་རབ་ཏུ་མང་པོས་ཡང་ཡང་བསྐུལ་ཞིང་། ལ་སྟོད་བྱང་གི་སའི་ཆར་སྐྱེས་པ་གཞོན་ནུ་བློ་ལྡན་གྱིས་འཕྲལ་དུ་བསྐུལ་ཏེ་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས། ལྕགས་ཕོ་སྟག་གི་སྣྲོན་གྱི་ཟླ་བའི་ཡར་ཚེས་བརྒྱད་ལ་རྟ་ནག་གསེར་གླིང་གི་དགོན་པར་སྦྱར་བའོ།། ༈ །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་གང་ཞིག་ཐོབ་པ་དེས། །མཁའ་ཁྱབ་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousམཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་རྣམ་བཤད་སྙོམས་འཇུག་རབ་གསལ།next