Nitartha Digital Library
Tibetan
 
previousསྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཁ་སྐོང་གཞི་ལམ་འབྲས་གསུམ་གསལ་བར་བྱེད་པའི་ལེགས་བཤད་འོད་ཀྱི་སྣང་བ།next

སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཁ་སྐོང་གཞི་ལམ་འབྲས་གསུམ་གསལ་བར་བྱེད་པའི་ལེགས་བཤད་འོད་ཀྱི་སྣང་བ།

སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཁ་སྐོང་གཞི་ལམ་འབྲས་གསུམ་གསལ་བར་བྱེད་པའི་ལེགས་བཤད་འོད་ཀྱི་སྣང་བ་ཞེས་བྱ་བ་བཞུགས།། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཁ་སྐོང་གཞི་ལམ་འབྲས་གསུམ་གསལ་བར་བྱེད་པའི་ལེགས་བཤད་འོད་ཀྱི་སྣང་བ་ཞེས་བྱ་བ། རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཡོན་ཏན་ལྷུན་གྲུབ་གཞིར་གནས་ཆོས་ཀྱི་དབྱིངས། །སྒྲིབ་པའི་དྲི་མ་སེལ་བར་བྱེད་པའི་ལམ། །གནས་གྱུར་བྲལ་དང་རྣམ་པར་སྨིན་པའི་འབྲས། །དབྱེར་མེད་སྙིང་པོ་དེ་ལ་གུས་བཏུད་ནས། །རྒྱལ་བའི་བཀའ་དང་ཚད་ལྡན་གཞུང་ལུགས་དང་། །འཁྲུལ་ཟད་དམ་པའི་མན་ངག་ལ་བརྟན་ནས། །གཞི་ལམ་འབྲས་གསུམ་གསལ་བྱེད་སྣང་བ་འདི། །གཟུར་གནས་གཞན་ལ་ཕན་ཕྱིར་བརྩེ་བས་བཤད། །རང་བཞིན་འོད་གསལ་ཤེལ་གྱི་ཁམས། །བག་ཆགས་ཚོན་གྱིས་བསྒྱུར་བ་ལས། །གནས་སྐབས་དུ་མར་སྣང་བ་ཡི། །དབྱིངས་ཉིད་འཁོར་འདས་ཀུན་གྱི་གཞི། །ཐེག་གསུམ་བསླབ་པ་ལྕགས་ཟངས་དངུལ། །རིག་འཛིན་རྩི་ཡིས་གསང་ཆེན་གྱི། །གསེར་དུ་བསྒྱུར་བའི་ཉམས་ལེན་ནི། །དྲི་མ་སེལ་བྱེད་ལམ་གྱི་མཆོག །གནས་གྱུར་ནམ་མཁར་བྲལ་འབྲས་ཀྱི། །ཡོན་ཏན་ཟླ་བ་ཤར་བ་ལས། །གདུལ་བྱ་དག་པའི་ཆུ་གཙང་དུ། །གཟུགས་སྐུ་འཆར་བ་འབྲས་བུའོ། །གཞི་ལ་གྲུབ་མཐའི་བྱེ་བྲག་གིས། །སེམས་བྱུང་ཟག་མེད་ས་བོན་དང་། །སྐྱེ་མཆེད་དྲུག་གི་ཁྱད་པར་སོགས། །འདོད་པ་ཡོད་ཀྱང་འདུས་བྱས་ཡིན། །འདིར་ནི་བྱམས་མགོན་ཀླུ་སྒྲུབ་ཀྱིས། །གསལ་བ་རྒྱུན་ཆགས་མ་འགགས་པ། །མཐའ་བཞིའི་སྤྲོས་པས་སྟོང་པ་ཡི། །ཟུང་འཇུག་འདུས་མ་བྱས་ལ་བཞེད། །དེ་ཡང་ཐེག་ཆེན་རྒྱུད་བླ་མར། །གཞི་ལམ་འབྲས་བུའི་ཡོན་ཏན་གྱི། །ལྡོག་པ་མ་ལུས་ཚང་བ་ནི། །སྒྲུབ་བྱེད་གསུམ་གྱིས་ཡོད་པར་བསྒྲུབ། །རྣམ་གཞག་བཅུ་ཡིས་གཏན་ལ་དབབ། །དྲི་མས་སྒྲིབ་ཚུལ་དཔེ་དགུས་བསྟན། །བྱང་ཆུབ་ཡོན་ཏན་ཕྲིན་ལས་ཀྱིས། །འབྲས་བུའི་གནས་ཚུལ་ཁྱད་པར་བཤད། །ཀླུ་སྒྲུབ་ཞབས་ཀྱི་རིགས་ཚོགས་ལས། །རྟེན་འབྲེལ་མཐའ་བཞིའི་སྤྲོས་པ་ཡིས། །སྟོང་ཚུལ་རིགས་པས་གཏན་ཕབ་ནས། །སྟོང་ཉིད་བྱ་བྱེད་རུང་བར་གསུངས། །བསྟོད་པའི་ཚོགས་ལས་སྟོང་ཉིད་དེའང་། །ཅི་ཡང་མེད་ཙམ་ཡིན་སྤངས་ནས། །འཁོར་འདས་ལྷུན་གྲུབ་སེམས་ཉིད་ཀྱི། །ཡིན་ཕྱིར་བྱ་བྱེད་རུང་བར་གསུངས། །དེས་ན་ཐེག་ཆེན་དབུ་མ་ཡི། །ལུགས་ཀྱི་གཞི་ཡི་འདོད་ཚུལ་ལ། །རྒྱལ་ཚབ་རྒྱལ་བས་ལུང་བསྟན་པའི། །སྲོལ་འབྱེད་འདི་གཉིས་དགོངས་པ་མཐུན། །ཆོས་དབྱིངས་དྲི་བཅས་དེ་བཞིན་ཉིད། །འོད་གསལ་བདེ་གཤེགས་སྙིང་པོ་དང་། །སེམས་ཀྱི་རང་བཞིན་དག་པ་སོགས། །མཚན་གྱི་རྣམ་གྲངས་དུ་མས་བསྟན། །ལང་གཤེགས་སྟུག་པོ་བཀོད་པ་དང་། །རྣལ་འབྱོར་དབང་ཕྱུག་མན་ངག་དང་། །དཔལ་ལྡན་ཟླ་བའི་ཞབས་སོགས་ཀྱིས། །ཀུན་གཞིའི་སྒྲ་ཡང་འདི་ལ་བཞེད། །ཟབ་མོའི་རྒྱུད་དུ་འཇམ་དཔལ་དང་། །ཡེ་ཤེས་ཆེན་པོ་ལྷན་སྐྱེས་དང་། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །ཀུན་བཟང་ལ་སོགས་བགྲང་ཡས་གསུང་། །དེང་སང་ཚིག་ཙམ་སྨྲ་བ་ལ། །ངོ་མཚར་འཛིན་པའི་མཁས་རློམ་འགའ། །དྲི་བཅས་སེམས་ལ་རིགས་པ་ཡིས། །བདེན་པ་བཀག་ཙམ་སྙིང་པོར་འདོད། །འདི་ཉིད་ཐོགས་བཅས་བསལ་བ་ལ། །ནམ་མཁའ་ཞེས་ནི་བཏགས་པ་དང་། མགོ་བོར་འབིགས་ནུས་བསལ་བ་ལ། །རྭ་མེད་ཅེས་ནི་བཏགས་པ་ལྟར། །རྟོག་པས་དགག་བྱ་བཅད་ཙམ་གྱིས། །གཞན་སེལ་ཡིན་ཕྱིར་གནས་ལུགས་ཀྱང་། །མིན་ན་རང་བཞིན་གནས་རིགས་དང་། །བདེ་གཤེགས་སྙིང་པོར་ག་ལ་འཐད། །འདི་ལ་འཁོར་བ་ཇི་ལྟར་ཚང་། །འདི་ལ་ལམ་ཉིད་ཇི་ལྟར་བསྒོམ། །འདི་ལ་འབྲས་བུ་ཇི་ལྟར་འབྱུང་། །ངན་རྟོག་དྲྭ་བ་འདི་དོར་ཅིག །ཁ་ཅིག་སེམས་ཀྱི་སྟོང་གསལ་གཉིས། །འདུས་མ་བྱས་དང་འདུས་བྱས་ཀྱི། །རང་བཞིན་གནས་རིགས་སོ་སོར་བཞེད། །འདི་ཡང་རེ་ཞིག་བརྟག་པར་བྱ། །ཟུང་འཇུག་སྒྲུབ་ཕྱིར་གནས་སྐབས་སུ། །འཁྱོག་པོ་བསྲང་བའི་ཚུལ་ཡིན་ན། །འགལ་བ་མེད་དེ་ཟུང་འཇུག་ལ། །ཡ་གྱལ་གཉིས་པོ་དགོས་ཕྱིར་རོ། །གཞན་དུ་ངེས་པའི་དོན་ཡིན་ན། །རང་བཞིན་གནས་རིགས་འདུས་བྱས་སུ། །འདོད་པ་དངོས་སྨྲའི་ལུགས་ཡིན་གྱི། །དབུ་མ་པ་ཡིས་ལུགས་ལ་མེད། །འགའ་ཞིག་ཆོས་ནི་ཐམས་ཅད་ཀྱི། །སྙིང་པོ་རང་རང་ལ་ཡོད་ཕྱིར། །བདེ་གཤེགས་སྙིང་པོ་བདེ་གཤེགས་ལ། །ཡོད་ཀྱི་འགྲོ་བའི་རྒྱུད་ལ་མེད། །འགྲོ་ལ་ཡོད་པར་གསུངས་པ་ནི། །བདག་ཉིད་ཆེན་པོ་ས་པཎ་གྱིས། །ཆོས་གསུམ་སྒོ་ནས་དྲང་དོན་དུ། །གཏན་ལ་དབབ་ཅེས་སྒྲོ་འདོགས་བྱེད། །འདི་ནི་འཇིག་རྟེན་བསྟན་བཅོས་ཀྱི། །ཐ་སྙད་གཉིས་ལས་འདས་པ་སྟེ། །སྦྲུལ་གྱི་སྙིང་པོ་སྦྲུལ་ཉིད་དང་། །མར་གྱི་སྙིང་པོ་མར་ཉིད་ལ། །ཡོད་ཕྱིར་ཙནྡན་སྦྲུལ་སྙིང་དང་། །མར་ནི་འོ་མའི་སྙིང་པོ་སོགས། །འཇིག་རྟེན་ཀུན་ལ་གྲགས་པ་ཡི། །ཐ་སྙད་ཀུན་དང་འགལ་ཕྱིར་དང་། །དྲི་མེད་བཀའ་དང་བསྟན་བཅོས་ལས། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ། །ལུས་ཅན་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པ་དང་འགལ་ཕྱིར་རོ། །དེ་ཉིད་དྲང་དོན་ཡིན་སྙམ་ན། །བདེན་གཉིས་སྒོ་ནས་དྲང་ངེས་ཀྱི། །རྣམ་གཞག་བྱེད་ཚེ་དྲང་དོན་ཀུན། །ཐ་སྙད་དུ་ཡང་མེད་ན་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ཀུན་རྫོབ་བདེན་པའི་རྣམ་གཞག་ཀུན། །ཐ་སྙད་དུ་ཡང་མེད་འགྱུར་ཏེ། །དེ་དག་དྲང་དོན་ཡིན་ཕྱིར་རོ། །འཇམ་དབྱངས་དགོངས་པར་འདོད་ན་ནི། །དེས་ན་དེ་བཞིན་གཤེགས་པ་ཡི། །སྙིང་པོ་སྤྲོས་བྲལ་ཡིན་པའི་ཕྱིར། །སེམས་ཅན་རྣམས་ལ་སངས་རྒྱས་དང་། །འཁོར་བ་གཉིས་ཀ་འབྱུང་བ་འཐད། །ཅེས་གསུངས་གཞན་ཡང་དེ་ཉིད་ལས། །སེམས་ནི་རང་གནས་སྙེག་པའི་ཕྱིར། །མེ་ཡི་སྒྲུབ་བྱེད་ཚ་བ་ལྟར། །བདེ་གཤེགས་ཁམས་ཀྱི་སྒྲུབ་བྱེད་འཐད། །ཅེས་གསུངས་པ་དང་ཅིས་མི་འགལ། །གཞན་ཡང་བེམ་པོའི་ཆོས་དབྱིངས་དང་། །སེམས་ཅན་སེམས་ཀྱི་ཆོས་དབྱིངས་གཉིས། །སྙིང་པོ་ཡིན་པར་ཁྱད་མེད་དེ། །ཆོས་དབྱིངས་དབྱེ་བ་མེད་ཕྱིར་རོ། །ཞེས་གསུངས་པས་ཀྱང་གནོད་པ་སྟེ། །སེམས་ཅན་སེམས་ཀྱི་ཆོས་དབྱིངས་དང་། །སངས་རྒྱས་སེམས་ཀྱི་ཆོས་དབྱིངས་གཉིས། །སྙིང་པོ་ཡིན་པར་ཁྱད་མེད་དེ། །ཆོས་དབྱིངས་དབྱེ་བ་མེད་ཕྱིར་རོ། །ཞེས་པ་ཀུན་ཏུ་མི་མཚུངས་སམ། །རང་གི་ངན་རྟོག་ཁྭ་ཏ་ཡིས། །ལྟ་ངན་མི་གཙང་ཟོས་པའི་མཆུ། །འཇམ་དབྱངས་གཞུང་བཟང་པདྨོའི་ཚལ། །དྲི་ཞིམ་ལྡན་ལ་བསྒོ་བ་མཚར། །དེས་ན་གཞུང་ལུགས་ཆེན་པོ་ཡི། །དགོངས་པ་ཁོ་བོས་ཚུལ་བཞིན་བཤད། །ཕྲག་དོག་ཕྱོགས་འཛིན་ཡིད་དོར་ལ། །གཟུ་བོར་གནས་པའི་བློ་ཡིས་དཔྱོད། །ཆོས་དབྱིངས་བདེ་གཤེགས་སྙིང་པོ་དང་། །སྟོང་ཉིད་ལ་སོགས་རྣམ་གྲངས་ནི། །དོན་དམ་བདེན་པ་ཡིན་པའི་ཕྱིར། །ངེས་དོན་ཡིན་གྱི་དྲང་དོན་མིན། །འོན་ཀྱང་དཔེ་དགུས་བསྟན་པ་ལྟར། །དེ་ཉིད་འགྲོ་བའི་རྒྱུད་ལ་ནི། །རྟེན་དང་བརྟེན་པའི་ཚུལ་གྱིས་སམ། །སྒྲུབ་པའི་ཚུལ་གྱིས་ཡོད་པ་ནི། །དྲང་དོན་ཡིན་གྱི་ངེས་དོན་མིན། །ཀུན་རྫོབ་བདེན་པ་ཡིན་ཕྱིར་རོ། །དགོངས་གཞི་མཐའ་བཞི་སྤྲོས་བྲལ་དང་། །དགོས་པ་སྐྱོན་ལྔ་སྤོང་བ་ཡང་། །སྒྲུབ་པའི་ཚུལ་གྱིས་ཡོད་ལ་འཐད། །དེ་ཉིད་ངེས་པའི་དོན་ཡིན་ན། །མུ་སྟེགས་བདག་དང་མཚུངས་པ་སོགས། །དངོས་ལ་གནོད་བྱེད་སྐྱོན་རྣམས་འབྱུང་། །འདི་ཉིད་ཐེག་ཆེན་རྒྱུད་བླ་ལས། །འགྲོ་བའི་སེམས་རྒྱུད་བདག་གཉིས་ཀྱི། །སྤྲོས་པ་ཞི་བར་མཐོང་བ་ལ། །ཇི་ལྟར་མཐོང་བར་གསུངས་པ་དང་། །སྤྲོས་བྲལ་ཆོས་ཉིད་དེ་ཉིད་ཀྱང་། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ལ་ཇི་སྙེད་མཐོང་བར་ནི། །གསུངས་པ་རྟོགས་ན་འབད་མེད་འགྲུབ། །ཁ་ཅིག་རང་བཞིན་རྣམ་དག་དང་། །གློ་བུར་དྲི་བྲལ་ཆོས་དབྱིངས་གཉིས། །ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར། །གློ་བུར་དྲི་བྲལ་ཆོས་དབྱིངས་ནི། །རང་བཞིན་རྣམ་དག་མིན་ཞེས་ཐོས། །དེ་སྨྲ་ཁ་ཡི་བུ་ག་ནི། །བུ་ག་དོན་མེད་གཞན་དང་མཚུངས། །གང་ཕྱིར་དྲི་མ་བདེན་གྲུབ་ཀྱིས། །དག་པའི་དབྱིངས་དང་གློ་བུར་གྱི། །དྲི་མ་གཉེན་པོས་བཅོམ་པ་ཡི། །དབྱིངས་ཀྱི་གཞི་མཐུན་མེད་པའི་ཚིག །འབྱུང་བའི་བུ་ག་ཡིན་ཕྱིར་རོ། །དག་ཆ་གཉིས་པོ་འགལ་བའི་ཕྱིར། །དག་པ་གཉིས་པོ་འགལ་སྙམ་ན། །སྐྱེས་དང་འཇིག་པའི་ཆ་འགལ་ཕྱིར། །བྱས་དང་མི་རྟག་འགལ་བར་འགྱུར། །དག་པ་དང་པོ་མངོན་གྱུར་ཚེ། །གཉིས་པ་མཐའ་དག་མངོན་འགྱུར་ཏེ། །གཉིས་པ་དང་པོ་ཡིན་ཕྱིར་རོ། །སྙམ་ན་ཚིག་གི་སྒྲིབ་གཡོགས་ཏེ། །བདག་མེད་དང་པོ་མངོན་གྱུར་ཚེ། །གཉིས་པ་མཐའ་དག་མངོན་འགྱུར་ཏེ། །གཉིས་པ་དང་པོ་ཡིན་པའི་ཕྱིར། །ཞེས་སོགས་ཀུན་ཏུ་མཚུངས་ཕྱིར་རོ། །དེས་ན་འཕགས་མཆོག་ཀླུ་སྒྲུབ་ཀྱིས། །ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་རྣམས་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་སྔོན་གྱི་མཁས་རྣམས་ཀྱང་། །ཆོས་དབྱིངས་རང་བཞིན་རྣམ་དག་ལ། །གློ་བུར་དྲི་མ་དང་བྲལ་བའི། །དག་པ་གཉིས་ལྡན་ཞེས་གསུངས་པ། །ཚད་མར་བྱས་ནས་ཆོས་དབྱིངས་ཀུན། །རང་བཞིན་རྣམ་དག་ཤེས་པར་གྱིས། །མཁྱེན་རབ་གཤོག་ཡངས་རྒྱས་པ་ཡིས། །གསུང་རབ་མཁའ་ལ་བགྲོད་གྱུར་ཀྱང་། །རྣམ་རིག་བག་ཆགས་ཀྱིས་བསྒྲིབས་པའི། །སྐྱེས་ཆེན་འགའ་ཞིག་འདི་སྐད་གསུངས། །ཤེས་བྱ་ཀུན་ལ་བདེན་གཉིས་དང་། །མཚན་ཉིད་གསུམ་དུ་ཕྱེ་བ་ལས། །ཀུན་བརྟགས་གཞན་དབང་ཀུན་རྫོབ་སྟེ། །ཡོངས་གྲུབ་དོན་དམ་བདེན་པའོ། །ཆོས་རྣམས་ཀུན་གྱི་དོན་དམ་ནི། །སངས་རྒྱས་ཡིན་པར་ཁྱད་མེད་ཕྱིར། །སེམས་ཅན་ཀུན་ལ་སངས་རྒྱས་ཉིད། །ཡོད་ཀྱི་སེམས་ཅན་སངས་རྒྱས་མིན། །དོན་དམ་ཆོས་སྐུ་རང་འཁྲུངས་ནི། །ཚོགས་གཉིས་བསགས་པས་ཐོབ་མི་དགོས། །ཀུན་རྫོབ་ཚོགས་གཉིས་བསགས་པ་ཡིས། །ཀུན་རྫོབ་གཟུགས་སྐུ་ཐོབ་པར་འདོད། །དོན་དམ་ཀུན་རྫོབ་ཆོས་ཀྱིས་སྟོང་། །རང་གི་ངོ་བོས་མི་སྟོང་སྟེ། །རྟག་བརྟན་ཐེར་ཟུག་བདེན་གྲུབ་ཕྱིར། །ཀུན་རྫོབ་རང་གི་ངོ་བོས་སྟོང་། །དོན་དམ་འདི་ནི་གཞི་དུས་དང་། །འབྲས་བུའི་སྐབས་སུ་དྲི་མ་ཡིས། །དག་དང་མ་དག་མ་གཏོགས་པ། །ཡོན་ཏན་ལྡོག་པ་ཁྱད་པར་མེད། །འདི་ནི་བདེན་པའི་གཅིག་ཏུ་གྲུབ། །སྟོབས་སོགས་ཆོས་སྐུའི་ཡོན་ཏན་དང་། །གཟུགས་སྐུའི་ཡོན་ཏན་མཚན་དཔེ་སོགས། །དམ་པའི་དོན་དུ་འདི་ལ་ཚང་། །དཔལ་ཕྲེང་མྱང་འདས་སྙིང་པོའི་མདོ། །སོར་ཕྲེང་ལ་ཕན་ལང་གཤེགས་དང་། །དགོངས་འགྲེལ་ལ་སོགས་ངེས་དོན་གྱི། །མདོ་སྡེའི་དགོངས་པ་འདི་ཉིད་དེ། །བྱམས་པའི་གསུང་རབ་རྣམ་ལྔ་དང་། །ཐོགས་མེད་སྐུ་མཆེད་ཕྱོགས་གླང་དང་། །ཆོས་ཀྱི་གྲགས་པའི་གཞུང་ལུགས་རྣམས། །དབུ་མ་ཆེན་པོའི་ལུགས་ཡིན་པས། །དེ་དག་དགོངས་པའང་འདི་ཉིད་ཡིན། །ཀླུ་སྒྲུབ་ཡབ་སྲས་ཀྱང་ནི་བཞེད། །ཟབ་མོའི་རྒྱུད་སྡེ་ཐམས་ཅད་ཀྱི། །དགོངས་པ་ཕྱོགས་གཅིག་པ་ཞེས་སྨྲ། །འདི་ལ་སྒྲོ་སྐུར་སྤངས་ནས་ནི། །ལུང་དང་རིགས་པས་དཔྱད་པར་བྱ། །གཞི་འབྲས་ཀུན་ཏུ་དབྱེར་མེད་པའི། །ཆོས་དབྱིངས་བདེ་གཤེགས་སྙིང་པོ་དང་། །རང་བཞིན་ལྷུན་གྱིས་གྲུབ་པ་ཡི། །དོན་དམ་སངས་རྒྱས་ཡིན་པར་ནི། །ཐེག་པ་ཆེན་པོའི་མདོ་རྒྱུད་ཀྱི། །དགོངས་པ་ཡིན་པར་ཁོ་བོའང་འདོད། །ལྷག་མ་ཐ་སྙད་དོན་དམ་པ། །གཉིས་དང་འགལ་བ་འདི་ལྟར་མཐོང་། །ཐ་སྙད་སྒོ་ནས་གསུང་རབ་དོན། །འཆད་ཚེ་དྲི་མས་མ་དག་པའི། །ཆོས་དབྱིངས་སངས་རྒྱས་ཡིན་སྨྲ་བ། །ཐ་སྙད་ཉིད་དང་འགལ་བ་སྟེ། །ཐ་སྙད་ཚེ་ན་དམན་མཉམ་དང་། །ཁྱད་འཕགས་ཡོད་མེད་སྐྱེ་འགག་སོགས། །སོ་སོར་ཕྱེ་ནས་སྨྲ་དགོས་ཕྱིར། །དེ་སྐད་དུ་ཡང་ཀླུ་སྒྲུབ་ཀྱིས། །སྟོང་ཉིད་བདུན་ཅུ་པ་ལས་ནི། །གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་དང་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་བསྙད་དབང་གིས། །གསུང་གི་ཡང་དག་དབང་གིས་མིན། །ཞེས་སོགས་རྒྱས་པར་གསུངས་ཕྱིར་རོ། །ཐ་སྙད་ཚེ་ན་དེ་ཡིན་མོད། །དེ་ཉིད་ཚད་མར་བྱེད་ན་ནི། །རྟོན་པ་བཞི་ཡི་གོ་རིམ་རྣམས། །ལོག་པ་ཉིད་དུ་འགྱུར་ཞེ་ན། །དེ་ཡི་གོ་རིམ་འདི་ལྟར་ཡིན། །ཐོག་མར་ཐ་སྙད་ཁས་བླངས་ནས། །ཕྱི་ནས་དམ་པའི་གནས་ལུགས་ལ། །འཇུག་པ་ཡིན་གྱི་ཐ་སྙད་ཉིད། །དང་པོ་ཉིད་ནས་དོར་ན་ནི། །ཐ་སྙད་དོན་མེད་འགྱུར་བའམ། །གོ་རིམས་ལོག་པར་ཁྱོད་ལ་འགྱུར། །དེ་སྐད་དུ་ཡང་རྩོད་ཟློག་ལས། །ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་གསུངས་རྩ་བའི་ཤེས་རབ་ལས། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་ཟླ་བ་གྲགས་པས་ཀྱང་། །ཀུན་རྫོབ་དོན་དམ་ཐབས་དང་ནི། །ཐབས་བྱུང་ཡིན་ཕྱིར་དེ་གཉིས་ཀྱི། །རྣམ་དབྱེ་མི་ཤེས་ལམ་ངན་ཞུགས། །གསུངས་པའང་འདི་ཉིད་ཡིན་ཕྱིར་རོ། །གལ་ཏེ་ཐ་སྙད་ཚེ་ན་ཡང་། །མ་དག་དབྱིངས་ཉིད་སངས་རྒྱས་སུ། །སྨྲ་བ་ཡིན་པས་སྐྱོན་མེད་ན། །འདི་ནི་འཕགས་པའི་གཞུང་དང་འགལ། །ཅི་སླད་ཅེ་ན་རྒྱུད་བླ་མར། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་ཆོས་དབྱིངས་བསྟོད་པ་ལས། །ཇི་ལྟར་སོས་ཀའི་དུས་སུ་ཆུ། །དྲོ་འོ་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་བཞིན། །ཉོན་མོངས་དྲྭ་བས་གཡོགས་པ་ན། །སེམས་ཅན་བྱ་བར་བརྗོད་པ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཅེས་གསུངས་གཞན་ཡང་དེ་ཉིད་ལས། །ཇི་ལྟར་སྦུན་པས་གཡོགས་པ་ན། །སོ་བ་འབྲས་བུར་མི་འདོད་ལྟར། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པས། །དེ་ནི་སངས་རྒྱས་ཞེས་མི་རྟག །ཇི་ལྟར་སྦུན་པ་ལས་གྲོལ་ན། །འབྲས་ཉིད་སྣང་བར་འགྱུར་བ་ལྟར། །དེ་བཞིན་ཉོན་མོངས་བྲལ་གྱུར་ན། །ཆོས་ཀྱི་སྐུ་ཡང་རབ་ཏུ་གསལ། །ཞེས་སོགས་ཐ་སྙད་སོ་སོར་གསུངས། །དེས་ན་དཔལ་ལྡན་རྩེ་མོ་ཡིས། །ཀྱེ་རྡོར་ཞེས་བྱའི་མཚན་གྱིས་ནི། །འབྲས་རྒྱུད་དངོས་བསྟན་རྒྱུ་དང་ལམ། །ཤུགས་ལས་ཤེས་པའི་མཐུན་པའི་དཔེར། །ཕྱོགས་ཀྱི་གླང་པོས་ཤེར་ཕྱིན་དངོས། །འབྲས་བུ་སངས་རྒྱས་ཡེ་ཤེས་ཏེ། །གཞུང་དང་ལམ་གཉིས་བཏགས་པ་བར། །གསུངས་པ་བཀོད་འདི་གུས་པས་ལོངས། །གལ་ཏེ་འདི་ལའང་རྒྱུད་གསུམ་ཀ །ཀྱེ་རྡོར་ཉིད་དུ་བཞེད་ཅེ་ན། །རྒྱུད་ཀྱི་མཚན་དོན་འཆད་པའི་ཚེ། །བརྗོད་བྱ་དོན་གྱི་ཀྱེ་རྡོ་རྗེ། །རྒྱུད་ནི་གསུམ་ཆར་ལ་འཇུག་ཀྱང་། །དེ་ཉིད་དངོས་བཏགས་ཕྱེ་བའི་ཚེ། །ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་པའི་དོན་ནི་དངོས་ཡིན་ལ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་པའི་དོན་ནི་ཚང་བས་ན། །རྒྱུ་དང་ལམ་ལའང་ཀྱེ་རྡོར་སྒྲ། །འཇུག་ཕྱིར་དེ་གསུམ་འཆད་པ་ལ། །ཀྱེ་རྡོར་འཆད་ཅེས་གསུངས་པ་ཡི། །དོན་ཡིན་གཞན་དུ་རྒྱུད་གསུམ་ཀ །ཀྱེ་རྡོར་ཡིན་ན་དེ་ཡིས་སྒྲས། །འབྲས་རྒྱུད་དངོས་བསྟན་རྒྱུ་དང་ལམ། །ཤུགས་ལས་བསྟན་པ་མི་འཐད་དེ། །གསུམ་ཀ་ཀྱེ་རྡོར་ཡིན་ཕྱིར་རོ། །དཔེར་ན་བུམ་པ་ཞེས་པའི་སྒྲས། །གསེར་བུམ་དངོས་བསྟན་དངུལ་བུམ་ནི། །ཤུགས་ལས་བསྟན་པར་མི་འཐད་བཞིན། །དེས་ན་ཧ་རི་བྷ་དྲ་ཡིས། །དངོས་དང་བཏགས་པར་གསུངས་པ་དང་། །དཀོན་མཆོག་འབངས་ཀྱིས་གཙོ་ཕལ་དུ། །གསུངས་པ་དེ་གཉིས་དོན་གཅིག་སྟེ། །དངོས་བཏགས་གཙོ་ཕལ་དོན་གཅིག་པ། །གཞུང་ལུགས་ཆེན་པོའི་ལུགས་ཡིན་ཕྱིར། །དེ་སྐད་དུ་ཡང་རྣམ་འགྲེལ་ལས། །ཇི་ལྟར་གྲགས་ལས་གྲུབ་གང་ཡིན། །དངོས་དང་དེ་དང་མཚུངས་པའི་ཕྱིར། །གང་ལ་དེ་སྐད་བརྗོད་ཕལ་པ། །དངོས་ལ་དངོས་མེད་བཏགས་ཕྱིར་རོ། །ཞེས་སོགས་དུ་མ་གསུངས་ལ་ལྟོས། །གཞུང་ལམ་ཤེར་ཕྱིན་མཚན་ཉིད་པར། །འདོད་པ་ངེས་དོན་རྒྱ་མཚོ་ཡི། །དགོངས་པ་ཉིད་ཀྱང་མ་ཡིན་ཏེ། །དེར་ནི་གཞི་འབྲས་དབྱེར་མེད་པའི། །གཉིས་མེད་ཡེ་ཤེས་མཚན་ཉིད་པར། །བྱས་ན་གཞུང་དང་ལམ་གཉིས་ལ། །བཏགས་པ་བར་ནི་གསུངས་ཕྱིར་རོ། །འོན་ཀྱང་འདི་ཡང་མི་འཐད་དེ། །གཞི་དུས་གཉིས་སུ་མེད་ཡེ་ཤེས། །ཤེར་ཕྱིན་ཡིན་ན་དེ་བཞིན་གཤེགས། །ཞེས་པས་རྟེན་གྱི་ཁྱད་པར་ནི། །བསྟན་པ་དོན་མེད་འགྱུར་ཕྱིར་རོ། །དེ་ཉིད་རྣམ་གྲངས་ཡིན་སྙམ་ན། །གཞི་དུས་དེ་བཞིན་གཤེགས་ཡོད་ལ། །ཐ་སྙད་དང་འགལ་སྔར་བསྟན་ཟིན། །གཞན་ཡང་གཞུང་དང་ལམ་གཉིས་ལ། །མཚན་ཉིད་གསུམ་དུ་ཕྱེ་བ་ཡི། །ཡོངས་གྲུབ་ཤེར་ཕྱིན་མ་ཡིན་ན། །རང་གི་གྲུབ་མཐའ་ཉིད་དང་འགལ། །ཡིན་ན་འདི་དོན་བཤད་དང་འགལ། །དེས་ན་གཞུང་དེའི་དགོངས་པ་ནི། །འཕགས་ཡུལ་མཁས་གྲུབ་ཀུན་མཐུན་པར། །ས་སྐྱའི་རྗེ་བཙུན་གོང་མ་ཡིས། །ཚུལ་བཞིན་བཤད་པ་གུས་པས་ལོངས། །ཆོས་སྐུ་གློ་བུར་དྲི་བྲལ་ཆ། །ཚོགས་གཉིས་བསགས་པས་ཐོབ་དགོས་ན། །དོན་དམ་ཆོས་སྐུ་མིན་པར་འགྱུར། །ཚོགས་གཉིས་བསགས་ལ་མི་ལྟོས་ན། །འགྲོ་ཀུན་དང་པོ་ཉིད་ནས་ཀྱང་། །གློ་བུར་དྲི་མ་བྲལ་འགྱུར་བས། །སྙིང་པོ་དྲི་མས་སྒྲིབ་པའི་ཚུལ། །དཔེ་དགུས་བསྟན་པ་དོན་མེད་འགྱུར། །དོན་དམ་གནས་ལུགས་དང་འགལ་བ། །འདི་ལྟར་མཐོང་སྟེ་ཆོས་ཀྱི་དབྱིངས། །ཡོངས་གྲུབ་བདེན་པར་གྲུབ་པ་ནི། །ངེས་པའི་དོན་གྱི་མདོ་སྡེ་དང་། །ཀླུ་སྒྲུབ་དགོངས་པ་མ་ཡིན་ཏེ། །མདོ་ལས་ཟབ་ཞི་སྤྲོས་བྲལ་དང་། །འོད་གསལ་འདུས་མ་བྱས་པ་ལྔ། །རྣམ་གྲངས་ཉིད་དུ་གསུངས་ཕྱིར་དང་། །དེ་ཉིད་མགོན་པོ་ཀླུ་སྒྲུབ་ཀྱིས། །སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཅེས་གསུངས་འདི་ཡི་འདུས་བྱས་དང་། །འདུས་མ་བྱས་གཉིས་བདེན་མེད་པར། །མཚུངས་པ་ཉིད་དུ་བསྟན་ཕྱིར་རོ། །སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཀྱིས། །དངོས་སྨྲ་འགོག་པའི་རིགས་པ་རྣམས། །རང་ལ་ལོག་པ་ཉིད་འགྱུར་ཏེ། །བདེན་གྲུབ་ཆོས་ནི་དམ་བཅས་ཕྱིར། །དེ་སྐད་དུ་ཡང་རྩོད་ཟློག་ལས། །གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་ཡི་དམ་བཅའི་དོན། །བདེན་གྲུབ་དམ་བཅས་ཉིད་ལ་ནི། །རང་ཉིད་ཀྱང་ནི་འཆད་ཕྱིར་རོ། །དེ་ལ་སྐྱོན་སྤོང་འདི་སྐད་དུ། །འདུས་མ་བྱས་ནི་མ་གྲུབ་དང་། །བདེན་གྲུབ་དམ་བཅའ་མེད་པ་ནི། །མཉམ་གཞག་ལ་ཟློའི་སྐབས་ཡིན་གྱི། །རྗེས་ཐོབ་ཤན་འབྱེད་སྐབས་མིན་ཕྱིར། །ངེད་ལ་གནོད་པ་མེད་ཅེས་ཟེར། །གདུལ་བྱས་གནས་ལུགས་རྟོགས་དོན་དུ། །རིགས་པས་གཏན་འབེབས་གནས་སྐབས་དང་། །དབུ་མ་པ་ཡི་སྐྱེས་ཆེན་གྱིས། །དངོས་སྨྲའི་རྩོད་པ་ཟློག་པའི་སྐབས། །མཉམ་པར་བཞག་པའི་སྐབས་ཡིན་གྱི། །རྗེས་ཐོབ་གནས་སྐབས་མིན་ནོ་ཞེས། །སྨྲ་བ་འདི་ལའང་བདེན་འཛིན་ཡོད། །རྗེས་ཐོབ་རྩོད་པ་མི་བྱེད་པར། །མཉམ་གཞག་རྩོད་པ་བྱེད་ཅེས་པ། །རྩ་བའི་གྲུབ་མཐའ་ཤེལ་སྒོང་ལ། །སྒྲུབ་བྱེད་ལྟར་སྣང་ཚོན་རྣམས་ཀྱིས། །རེ་ཞིག་ནོར་བུར་ཁ་བསྒྱུར་ཡང་། །དངོས་སྟོབས་རིགས་པའི་ཆུ་གཙང་དང་། །ཕྲད་ཚེ་རང་མདོག་འདི་ལྟར་སྟོན། །ཤེས་རབ་ཕ་རོལ་ཕྱིན་མདོ་ལས། །ཆོས་རྣམས་ཐམས་ཅད་རྣམ་ཀུན་ཏུ། །སྟོང་པ་ཞེས་ནི་གསུངས་པ་དང་། །འཁོར་ལོ་ཕྱི་མར་སེམས་ཅན་ལ། །སྙིང་པོ་ཡོད་པར་གསུངས་པ་གཉིས། །འགལ་ལོ་སྙམ་དུ་དོགས་པའི་ལན། །སྔ་མ་ངེས་པའི་དོན་ཡིན་ཞིང་། །ཕྱི་མ་སྐྱོན་ལྔ་སྤོང་ཕྱིར་དུ། །གསུངས་པས་དྲང་དོན་ཉིད་ཡིན་པར། །མགོན་པོ་བྱམས་པས་རྒྱུད་བླར་གསུངས། །དེས་ན་དྲང་དོན་ངེས་དོན་གྱི། །མདོ་སྡེ་མ་འདྲེས་སོ་སོར་སྨྲོས། །ཆོས་དབྱིངས་གཉིས་མེད་ཡེ་ཤེས་སོགས། །བདེན་པར་གྲུབ་པ་རྒྱུད་སྡེ་ཡི། །དགོངས་པ་ཉིད་ཀྱང་མ་ཡིན་ཏེ། །རང་རིག་ཡེ་ཤེས་མཁའ་མཉམ་དང་། །རྡུལ་བྲལ་སྟོང་པ་ལ་སོགས་པ། །བདེན་གྲུབ་ལོག་རྟོག་བཟློག་ཕྱིར་དུ། །གཅིག་དང་དུ་མ་བྲལ་བའང་དེ། །ཞེས་པ་ཀྱེ་རྡོར་རྒྱུད་ལས་གསུངས། །བྱམས་ཆོས་ཕྱི་མ་རྣམ་གསུམ་དང་། །ཐོགས་མེད་སྐུ་མཆེད་རང་གཞུང་དང་། །ཕྱོགས་གླང་གྲགས་པའི་མདོ་དང་ནི། །སྡེ་བདུན་ལ་སོགས་གཞུང་ལུགས་རྣམས། །དབུ་མ་ཆེན་པོའི་ལུགས་ཡིན་ན། །འཕགས་པའི་ཡུལ་ནས་གངས་ཅན་འདིར། །སེམས་ཙམ་གཞུང་ལུགས་མ་འགྱུར་རམ། །འགྱུར་ན་གང་ཞིག་ཡིན་པར་སྨྲོས། །བདག་ནི་དཔལ་ལྡན་དུས་འཁོར་གྱི། །སྲོལ་འཛིན་ཉམས་རྟོགས་མཐར་ཕྱིན་པའི། །སྐྱེས་ཆེན་བརྒྱུད་པ་འདི་དག་ལ། །ཡིད་ནི་ཤིན་ཏུ་དད་མོད་ཀྱི། །འོན་ཀྱང་རྒྱ་བོད་ཀུན་མཐུན་པའི། །ལྟ་བ་སྤྲོས་བྲལ་སྒྲུབ་པའི་ཕྱིར། །སྒྲོ་སྐུར་སྤངས་ནས་འདི་ཙམ་ཞིག །རྣམ་པར་དཔྱད་པ་དྲང་པོར་ཟུང་། །མདོར་ན་ཆོས་རྣམས་སེམས་སུ་འདུས། །སེམས་ཉིད་མཐའ་བཞིའི་སྤྲོས་དང་བྲལ། །དེ་ཡང་གསལ་ལ་མ་འགགས་པའི། །བརྗོད་བྲལ་སྙིང་པོར་ཤེས་པར་གྱིས། །གཞིའི་སྐབས་ཏེ་དང་པོའོ།། ༈ །།ལམ་ལ་གྲུབ་མཐའ་རྣམ་བཞི་ཡི། །རང་རང་གཞུང་ལས་ཐེག་གསུམ་གྱི། །ལམ་གྱི་རྣམ་གཞག་བྱེད་མོད་ཀྱི། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མས་གནོད་པའི་ཚེ། །དབུ་མའི་གཞུང་ལུགས་མ་རྟོགས་པར། །ཐེག་གསུམ་ལམ་ཉིད་ཚང་བར་ནི། །མེད་ཅེས་དབུ་མ་པ་རྣམས་བཞེད། །ཕ་རོལ་ཕྱིན་ལས་ཆེས་འཕགས་པའི། །ཟབ་མོ་སྔགས་ཀྱི་སྒོར་ཞུགས་ཚེ། །སྡོམ་གསུམ་ལྡན་པས་འབྲས་བུ་མཆོག །སྒྲུབ་ཅིང་སྡོམ་གསུམ་དེ་ཉིད་ཀྱང་། །རང་རང་ཆོ་གས་རིམ་བཞིན་དུ། །བླངས་སམ་དབང་བསྐུར་ཆོ་ག་ལས། །གསུམ་ཆར་ཐོབ་པ་ཉིད་ཀྱང་རུང་། །གསུམ་ལྡན་ཚེ་ན་ངོ་བོ་གཅིག །དེ་ལ་ཁ་ཅིག་སོ་ཐར་གྱི། །སྡོམ་པ་གཟུགས་ཅན་དུ་འདོད་ཅིང་། །གྲངས་ཀྱང་རིགས་བརྒྱད་ཁོ་ནར་ངེས། །འཆི་ཚེ་གཏོང་བས་ཁྱབ་པར་འདོད། །མདོ་རྒྱུད་གཞུང་མང་མ་མཐོང་བར། །བྱེ་སྨྲའི་འདུལ་མངོན་མཐོང་ཙམ་གྱིས། །ཁྲོན་པའི་སྦལ་ཆུང་ཇི་བཞིན་དུ། །རང་སྣང་ཙམ་གྱིས་ཚིམ་པར་ཟད། །བྱེ་སྨྲས་སྡོམ་པ་གཟུགས་ཅན་དུ། །འདོད་པ་མདོ་སྡེའི་མཁས་རྣམས་ཀྱིས། །བཀག་ན་དབུ་སེམས་གཞུང་བཟང་དང་། །ཟབ་མོའི་རྒྱུད་སྡེར་སྨོས་ཅི་དགོས། །གཞན་དུ་རྒྱུད་རྒྱས་འབུམ་པ་ལས། །རིགས་ཅན་གསུམ་གྱི་བསླབ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རིག་འཛིན་སྡོམ་པར་འགྱུར་ཞེས་པའི། །ལུང་གིས་དངོས་སུ་གནོད་པ་སྟེ། །བེམ་པོ་ཤེས་པར་འགྱུར་བ་ནི། །རྒྱང་འཕེན་པ་ཡི་ལུགས་ཡིན་གྱི། །སངས་རྒྱས་གཞུང་ལས་མི་སྲིད་ཕྱིར། །རིགས་བརྒྱད་ཁོ་ནར་ངེས་ན་ནི། །ཉེ་བར་འཁོར་གྱིས་ཞུས་པ་དང་། །བྱང་སེམས་སོ་སོར་ཐར་པ་དང་། །ཆོས་བཞི་བསྟན་པའི་མདོ་རྣམས་ལས། །གསུངས་པའི་སོ་སོར་ཐར་པ་རྣམས། །བརྒྱད་པོ་གང་དུ་འདོད་པ་སྨྲོས། །སྔགས་སྡོམ་བྱང་སེམས་སྡོམ་པ་ཡི། །བྱེ་བྲག་ཡིན་ཞིང་དེ་ཉིད་ཀྱང་། །གཞན་ལ་ཕན་པ་བསྒྲུབ་པ་ལ། །གཞན་ལ་གནོད་པ་སྤོང་བ་ཡིས། །ཁྱབ་ཕྱིར་སོ་སོར་ཐར་པ་ཡི། །དོན་ཚང་གཉིས་པོ་གང་དུ་འདུས། །འོན་ཀྱང་རྡོ་རྗེ་རྩེ་མོ་ལས། །གསུངས་པའི་ཁྱིམ་པའི་སྡོམ་པ་དང་། །སྟ་གོན་འཇུག་པའི་གནས་སྐབས་སུ། །ཐུན་མོང་མིན་པའི་སྐྱབས་འགྲོ་ལས། །ཐོབ་པའི་སོ་ཐར་སྡོམ་པ་རྣམས། །དགེ་བསྙེན་སྡོམ་པར་བླ་མ་བཞེད། །འདི་ལ་འཐད་པ་མང་ཡོད་ཀྱང་། །གཞུང་མང་དོགས་པས་རེ་ཞིག་བཞག །དེས་ན་ཇི་སྐད་བཤད་པ་ཡི། །སོ་སོར་ཐར་པའི་སྡོམ་པ་རྣམས། །བྱང་ཆུབ་བར་དུ་བླངས་པའི་ཕྱིར། །ཤི་འཕོས་ཚེ་ན་ཇི་ལྟར་གཏོང་། །ལ་ལ་སོ་སོར་ཐར་པ་ལ། །འཇིགས་སྐྱོབ་ལེགས་སྨོན་ངེས་འབྱུང་གི །ཚུལ་ཁྲིམས་གསུམ་དུ་དབྱེ་བར་འདོད། རྒྱུ་ཡི་་་་་་ཀླུ་སྒྲུབ་ངག་དབང་ཆོས་གྲགས། །ཆོས་རྣམ་པ་སོགས་ཀྱི་བཞེད་པས། །དུས་ཀྱི་ཀུན་སློང་མྱང་འདས་ཀྱི། །ཞེས་དང་། རྒྱུ་ཡི་ཀུན་སློང་སྒོ་ནས་ནི། །ཞེས་ཚིག་བསྒྱུར་དགོས་པའི་སྒྲུབ་བྱེད་མཛད་ཀྱང་ཁ་སྐོང་གི་དཔེ་ཕལ་ཆེར་ན་གོང་བཞིན་ཡོད། ཀུན་སློང་མྱང་འདས་ཀྱི། །བསམ་པས་ཟིན་པས་གསུམ་ཆར་ནི། །སོ་སོར་ཐར་པ་ཁྱད་མེད་ཀྱང་། །དུས་ཀྱི་ཀུན་སློང་སྒོ་ནས་ནི། །གསུམ་པོ་སོ་སོར་དབྱེ་ཞེས་ཟེར། །འོ་ན་ཕྱི་རོལ་པ་རྣམས་ལ། །འཇིགས་སྐྱོབ་ལེགས་སྨོན་ཡོད་པའི་ཕྱིར། །སོ་ཐར་སྡོམ་པ་ཡོད་པར་འགྱུར། །འདོད་ན་ཕྱི་རོལ་པ་དག་ལ། །ཡང་དག་བླངས་པའི་ཚུལ་ཁྲིམས་ནི། །ཡོད་ཀྱང་སྲིད་པ་ལ་བརྟེན་ཕྱིར། །སོ་སོར་ཐར་པ་མེད་དོ་ཞེས། །མཛོད་ཀྱི་འགྲེལ་པར་གསུངས་དང་འགལ། །འཇིགས་སྐྱོབ་དང་ནི་ལེགས་སྨོན་གཉིས། །སོ་སོར་ཐར་པ་མ་ཡིན་ཏེ། །སྲིད་པ་ལ་བརྟེན་ཕྱིར་ཞེས་པའི། །སྐྱོན་ཡང་ལུང་དེས་གསལ་བར་བསྟན། །དེས་ན་ངེས་འབྱུང་ཚུལ་ཁྲིམས་དང་། །སོ་ཐར་དོན་གཅིག་འདུལ་བའི་ལུགས། །གལ་ཏེ་སྐྱབས་འགྲོའི་དུས་ཀྱི་ཚེ། །ངེས་འབྱུང་བསམ་པས་ཁྱབ་པའི་ཕྱིར། །གཉིས་པོའང་སོ་ཐར་ཡིན་སྙམ་ན། །དེ་ཡང་བསྒྲུབ་བྱ་དང་མཚུངས་ཏེ། །སྐྱབས་འགྲོ་ཉིད་ལ་འཇིགས་སྐྱོབ་དང་། །ལེགས་སྨོན་སྐྱབས་འགྲོ་ཡོད་ཕྱིར་རོ། །གཞན་ཡང་འདི་ལ་ལུང་རིགས་ཀྱི། །གནོད་བྱེད་ཆར་ལྟར་འབབ་ན་ཡང་། །ཀུན་གྱིས་ནོར་བར་གོ་བའི་ཕྱིར། །འདིར་ནི་རེ་ཞིག་མི་སྤྲོའོ། །ཁ་ཅིག་སོ་ཐར་སྡོམ་པ་ཡི། །ངོ་བོ་གཞན་གནོད་གཞི་དང་བཅས། །སྤོང་བར་འཕགས་ཡུལ་གཞུང་འགྲེལ་ལས། །བཤད་པ་མེད་ཅེས་སྒྲོག་པ་ཐོས། །དཔལ་ལྡན་ཁ་ཆེ་བློ་བརྟན་གྱིས། །བྱེ་བྲག་བཤད་པ་ལས་གསུངས་གང་། །བོད་ཀྱི་མཁས་པ་སྔ་མ་རྣམས། །སྤྱི་བོའི་ཐོད་བཞིན་ཁུར་བར་མཛད། །ལ་ལ་གཞན་གནོད་གཞི་དང་བཅས། །སྤོང་བ་དགེ་སློང་སྡོམ་པ་ཡི། །ངོ་བོ་ཡིན་གྱི་སོ་སོར་ཐར། །སྤྱི་ཡི་ངོ་བོ་མིན་ཞེས་སྨྲ། །ངེད་ཀྱི་ལུགས་འདི་བློ་བརྟན་དང་། །ས་སྐྱའི་རྗེ་བཙུན་ཡབ་སྲས་དང་། །དཔང་ལོ་མཆིམས་སྟོན་ནམ་མཁའ་གྲགས། །བུ་སྟོན་ཁ་ཆེ་ལ་སོགས་ཀྱིས། །མགྲིན་གཅིག་ཉིད་དུ་གསུངས་པ་ཡིན། །ཁྱེད་ཀྱི་ལུགས་འདི་ཁྱེད་ཉིད་ལས། །གཞན་པའི་རྒྱ་བོད་སུ་ཞིག་གིས། །བཤད་པ་ཡོད་ན་ཁུངས་སྟོན་ཅིག །འགའ་ཞིག་སྐྱེས་ཚོགས་ཁོ་ན་ཡིས། །དེང་སང་བུད་མེད་བསྙེན་རྫོགས་བྱེད། །དངོས་གཞི་གསོལ་བཞིའི་ལས་ཀྱི་ཚེ། །ཚོགས་གཉིས་ཕན་ཚུན་བསྣོར་བ་དང་། །ལས་ཚིགས་ཕན་ཚུན་བསྣོར་བས་ཀྱང་། །འཆགས་པར་ལས་གཞི་ཉིད་ལས་གསུངས། །འོན་ཀྱང་ད་ལྟའི་ཆོ་ག་ཡིས། །བུད་མེད་བསྙེན་པར་རྫོགས་པ་ལ། །ཚངས་སྤྱོད་ཉེར་གནས་མ་སོང་བར། །བསྙེན་པར་རྫོགས་པར་མི་འགྱུར་ཞིང་། །ཚངས་སྤྱོད་ཉེར་གནས་མ་ཚོགས་ནི། །ཁོ་ནས་སྟེར་བར་གཞུང་ལས་གསུངས། །འདི་ལ་དམིགས་བསལ་མ་གསུངས་ཤིང་། །སྒྲུབ་བྱེད་གཞན་ཡང་མེད་པས་ན། །འདི་འདྲའི་ཆོ་ག་བྱེད་པ་ནི། །བསྟན་པ་དཀྲུག་པའི་སྙད་ཀར་ཟད། །དེ་ལ་ཁ་ཅིག་ཚིགས་སྔ་མ། །མེད་པར་སྐྱེ་ལ་ཉེས་བྱས་སུ། །གསུངས་པས་འདི་ཉིད་འགྲུབ་ཅེས་ཟེར། །ཚངས་སྤྱོད་ཉེར་གནས་བསླབ་ཚིགས་སུ། །འདོད་པ་མཁས་པའི་བཞད་གད་གནས། །ཅི་ཕྱིར་ཞེ་ན་བུད་མེད་ལ། །དགེ་སློབ་མ་ལས་མ་གཏོགས་པའི། །བསླབ་ཚིགས་ལྷག་པོ་མ་གསུངས་ཕྱིར། །བསླབ་ཚིགས་དོན་ཡང་མི་གནས་ཏེ། ཚངས་སྤྱོད་ཉེར་གནས་ཐོབ་ནས་ནི། །བསྙེན་པར་རྫོགས་པ་མ་ཐོབ་པའི། །བར་དེར་བསླབ་མཚམས་མེད་ཕྱིར་རོ། །དེས་ན་ཁྱོད་ལས་མཁྱེན་བརྩེའི་ཚོགས། །ཆེ་བ་སྔོན་གྱི་ཞི་འཚོ་དང་། །བར་གྱི་བླ་ཆེན་མཁན་བརྒྱུད་དང་། །ཐ་མར་པཎ་ཆེན་ཤཱཀ་ཤྲཱི་སོགས། །བོད་ཡུལ་འདུལ་བའི་སྲོལ་འབྱེད་རྣམས། །ལྗོངས་འདིར་བུད་མེད་བསྙེན་པར་རྫོགས། །མཛད་པ་མེད་པ་འདི་ཉིད་ལ། །བསམས་ནས་བསྟན་པ་མ་དཀྲུགས་ཤིག །ལ་ལ་བསྙེན་རྫོགས་བསྒྲུབ་བྱ་ནི། །གསུམ་ལས་མང་བར་མི་རུང་ཡང་། །རབ་བྱུང་དགེ་ཚུལ་དག་ལ་ནི། །གསུམ་ལས་མང་བ་འཇུག་རུང་སྟེ། །ཚོགས་ཀྱིས་ཚོགས་ལ་མི་ཆགས་པར། །གསུངས་པ་ལས་བརྒྱ་རྩ་གཅིག་པོ། །ཁོ་ནའི་དབང་དུ་བྱས་ཕྱིར་དང་། །གཉིས་ལ་དེ་དག་མེད་ཅེས་ཟེར། །འོ་ན་དངོས་གཞི་གསོལ་བཞི་ལས། །མ་གཏོགས་བསྙེན་རྫོགས་ཆོ་གའི་སྐབས། །གཞན་ལའང་དེ་དག་རུང་འགྱུར་ཏེ། །རྒྱུ་མཚན་ཀུན་ཏུ་མཚུངས་ཕྱིར་རོ། །འདུལ་བར་གསུངས་པའི་ལས་ལ་ནི། །བརྒྱ་རྩ་གཅིག་ཏུ་མ་ངེས་ཏེ། །རབ་བྱུང་ཞུ་བ་ལ་སོགས་ལའང་། །ལས་སུ་གཞུང་ལས་གསུངས་ཕྱིར་རོ། །འདི་ནི་རྗེ་བཙུན་རྩེ་མོ་དང་། །དཔལ་ལྡན་ས་སྐྱ་པཎྜི་ཏས། །ཉན་ཐོས་བསྟན་པ་ནུབ་གྱུར་ཀྱང་། །གཟུགས་བརྙན་ཙམ་ཞིག་སྣང་བའི་དཔེར། །རབ་བྱུང་གང་ཟག་གསུམ་ལས་ནི། །མང་བ་མི་འཇུག་བཀོད་གྱུར་ཀྱང་། །ང་ནི་འདི་ལའང་བརྒལ་བར་སྣང་། །ཀྱེ་མ་བསྟན་པ་འདི་ལྟར་གྱུར། །དེས་ན་བྱང་ཆུབ་རྒྱུར་འགྱུར་བའི། །སོ་ཐར་ཉམས་སུ་ལེན་འདོད་ན། །ཡང་ན་ཉན་ཐོས་འདུལ་བ་ལས། །ཇི་ལྟར་གསུངས་པ་ཉམས་སུ་ལོངས། །འདི་ཉིད་ཐེག་ཆེན་སེམས་བསྐྱེད་ཀྱིས། །ཟིན་ན་བྱང་སེམས་སྡོམ་པར་འགྱུར། །ཡང་ན་ཐེག་པ་ཆེན་པོ་ལས། །བྱུང་བའི་སྐྱབས་འགྲོའི་སྡོམ་པ་ལ། །བྱང་ཆུབ་བར་དུ་བསླབ་པའི་གཞི། །ལྔ་ཆར་འཛིན་པ་ཐོབ་པའམ། །དོན་ཞགས་རྟོག་པ་ནས་བཤད་པའི། །ཉིན་ཞག་གསོ་སྦྱོང་ཉམས་སུ་ལོངས། །སོ་སོ་ཐར་པའི་སྡོམ་པའི་སྐབས་ཏེ་གཉིས་པའོ།། ༈ །།བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །ཕ་རོལ་ཕྱིན་པའི་དབུ་སེམས་ཀྱི། །སྲོལ་ཆེན་གཉིས་ལས་ཐོབ་པའམ། །གསང་སྔགས་རྒྱུད་སྡེ་ལས་གསུངས་པའི། །ཆོ་ག་དག་ལས་ཐོབ་ཀྱང་རུང་། །སྨོན་འཇུག་སེམས་བསྐྱེད་ཐོབ་ནས་ནི། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །བསྲུང་བ་ཉམས་ལེན་དངོས་གཞི་ཡིན། །དེ་ཡི་གཙོ་བོ་སྤྱོད་པའི་ཆ། །བདག་གཞན་བརྗེ་བའི་བྱང་སེམས་དང་། །ལྟ་བ་མཐའ་བཞིའི་སྤྲོས་བྲལ་གཉིས། །ཟུང་འཇུག་ཉམས་སུ་ལེན་པ་ཡིན། །དེ་ལ་ཁ་ཅིག་བརྗེ་བའི་དོན། །གཅེས་འཛིན་བརྗེ་བ་ཉིད་ཡིན་གྱི། །དགེ་སྡིག་བདེ་སྡུག་བརྗེ་མིན་ཏེ། །བརྗེ་བར་མི་ནུས་ཕྱིར་ཞེས་ཟེར། །འོ་ན་གཅེས་འཛིན་བརྗེ་བ་ཡང་། །བརྗེ་བའི་དོན་ཉིད་མིན་འགྱུར་ཏེ། །བརྗེ་བར་མི་ནུས་མཚུངས་ཕྱིར་རོ། །དངོས་སུ་བརྗེ་བར་མི་ནུས་ཀྱང་། །བློ་ཡི་སྟེང་དུ་སྦྱོར་ཞེ་ན། །དེ་ནི་ཅིག་ཤོས་ལ་མཚུངས་ཏེ། །རང་གཞན་བདེ་དང་སྡུག་བསྔལ་གཉིས། །དངོས་སུ་བརྗེ་བར་སུ་ཡིས་ནུས། །བློ་ལ་བདེ་སྡུག་མི་བརྗེ་ན། །གཅེས་འཛིན་བརྗེ་བ་འགལ་བ་སྟེ། །ཁ་ཟས་གཞན་ལ་མ་བྱིན་པར། །རང་གིས་ཟོས་པ་ཇི་བཞིན་ནོ། །དགེ་སྡིག་བརྗེ་བ་བཀག་པ་ནི། །སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཀྱིས། །བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་གསུངས་པ་དང་ཅིས་མི་འགལ། །བདེ་སྡུག་བརྗེ་བ་བཀག་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་པ་དང་ཅིས་མི་འགལ། །སྤྱོད་འཇུག་ལུང་དོན་དེ་ཉིད་ལ། །ཁྱོད་ཀྱི་གྲུབ་མཐའ་ཆོས་ཅན་དུ། །བཟུང་ནས་ཐལ་བ་འཕེན་ན་ནི། །ཆོས་མཐུན་ལན་ཉིད་གང་ལ་འདེབས། །མདོར་ན་བློ་ལ་འདོད་མི་འདོད། །གཉིས་སུ་ཕྱེ་བའི་འདོད་པ་ཀུན། །གཞན་ལ་སྟེར་ཞིང་མི་འདོད་ཀུན། །རང་ལ་ལེན་པར་གོམས་པ་ནི། །མདོ་སྡེ་དབྱུག་གསུམ་ཕྲེང་བ་དང་། །བསྟན་བཅོས་བསླབ་བཏུས་སྤྱོད་འཇུག་སོགས། །དགོངས་པ་དཔལ་ལྡན་ཨ་ཏི་ཤས། །ཟབ་དོན་ཉམས་ཁྲིད་སྒོ་ནས་ནི། །བཤེས་གཉེན་སྟོན་པ་ཉིད་ལ་གནང་། །ཕྱི་ནས་གངས་རིའི་ཁྲོད་འདིར་འཕེལ། །སངས་རྒྱས་བསྒོམ་པ་ལ་སོགས་ཀྱི། །བསྒོམ་ཚུལ་ཞིབ་ཏུ་བཤད་པའང་མཐོང་། །ས་སྐྱའི་རྗེ་བཙུན་མཆོག་རྣམས་ལ། །རྣལ་འབྱོར་དབང་ཕྱུག་བིརྺ་པའི། །མན་ངག་གཉིས་ལས་འདི་ཉིད་ཀྱི། །ཉམས་ལེན་གསལ་བའི་བཀའ་བབས་བཞུགས། །དེ་དང་སྔར་གྱི་བཀའ་སྲོལ་གཉིས། །ཁྱད་པར་མེད་པ་སངས་རྒྱས་ཀྱི། །བསྟན་པའི་སྙིང་པོ་ཡིན་པའི་ཕྱིར། །མོས་པ་ཙམ་ལའང་བྱིན་རླབས་འབྱུང་། །ཁ་ཅིག་མཐའ་བཞིའི་སྤྲོས་བྲལ་ནི། །རྒྱ་ནག་དགེ་སློང་ལྟ་བ་དང་། །ཁྱད་པར་མེད་ཕྱིར་ནོར་པ་ཡིན། །རིགས་པས་བདེན་པ་བཀག་རྗེས་སུ། །བདེན་མེད་ཉིད་ལ་ཞེན་པ་ནི། །དབུ་མའི་ལྟ་བ་མཐར་ཐུག་སྟེ། །ཐེག་པ་གསུམ་ཆར་འདི་ཉིད་ནི། །རྟོགས་ཕྱིར་ལྟ་བ་ཁྱར་པར་མེད། །བདེན་ཚད་དེ་ཡང་རང་རྒྱུད་པས། །བློ་ལ་མ་ལྟོས་ཡུལ་ངོས་ནས། །གྲུབ་པ་ཉིད་ལ་འདོད་གྱུར་ཀྱང་། །དེ་ནི་དགག་བྱ་ཐུན་མོང་སྟེ། །མིང་གིས་བཏགས་དོན་བཙལ་བའི་ཚེ། །རྙེད་པ་བདེན་ཚད་དུ་བྱས་ནས། །དེ་ཉིད་འགོག་པ་ཐལ་འགྱུར་བའི། །ཐུན་མོང་མ་ཡིན་ཁྱད་ཆོས་ཡིན། །དགག་བྱའི་ཁྱད་པར་འདི་རྟོགས་ན། །བློ་ཡིས་གང་དུ་ཞེན་པའི་ཡུལ། །རིགས་པས་དཔྱད་ནས་འགོག་པ་ཡི། །ལོག་རྟོག་ཐམས་ཅད་ཁེགས་པར་འགྱུར། །གཞན་དུ་བདེན་པ་བཀག་རྗེས་སུ། །བདེན་མེད་ཞེན་པའང་འགོག་དགོས་ན། །བློ་ཡིས་སྔ་མ་གནོད་བཅས་དང་། །ཕྱི་མ་ཐུག་མེད་ཉིད་དུ་འགྱུར། །བདེན་པར་མེད་པ་འགོག་ན་ནི། །བདེན་པར་ཡོད་པ་ཉིད་འགྱུར་ཏེ། །དགག་པ་གཉིས་ཀྱི་རྣལ་མ་ནི། །གོ་བའི་ཕྱིར་ཞེས་འཛེར་བར་བྱེད། །ལྟ་བའི་སྙིགས་མ་འདི་དག་ནི། །ལུང་དང་རིགས་པས་དགག་པར་བྱ། །རྒྱ་ནག་དགེ་སློང་མ་དཔྱད་པར། །རང་དགར་རྟོག་པ་བཀག་པ་ལ། །སྒོམ་གྱི་མཆོག་ཏུ་སྨྲ་བ་དང་། །འདི་ནི་རིགས་པས་དཔྱད་པའི་ཚེ། །མཐའ་བཞིའི་སྤྲོས་པ་མ་རྙེད་པའི། །འཛིན་མེད་ལྟ་བར་སྨྲ་བ་གཉིས། །མཚུངས་ཞེས་སྨྲ་བ་སྟོང་པ་ཉིད། །ཟབ་མོ་སྤོང་བའི་བདུད་ཚིག་ཡིན། །གཞན་ཡང་དཀོན་མཆོག་བརྩེགས་པ་ལས། །ཡོད་མེད་གཉིས་པོ་མཐའ་རེ་རེ། །བྱས་ནས་དབུས་ནི་དབུ་མ་སྟེ། །དེ་ཡང་བསྟན་མེད་བརྗོད་མེད་པར། །གསུངས་པ་དེ་ཡང་རྒྱ་ནག་གི །ལྟ་བ་ཉིད་དང་ཁྱད་མེད་འགྱུར། །དེ་བཞིན་ཏིང་འཛིན་རྒྱལ་པོ་ལས། །ཡོད་མེད་གཙང་དང་མི་གཙང་སོགས། །མཐའ་གཉིས་ཡིན་ཕྱིར་དེ་སྤངས་ནས། །དབུས་ལའང་མི་གནས་གསུངས་པ་དང་། །ཡུམ་ལས་སྟོང་དང་མི་སྟོང་སོགས། །གཉིས་ལ་སྤྱོད་པ་ཐམས་ཅད་ནི། །མཚན་མར་སྤྱོད་པ་གསུངས་པ་དང་། །ཡང་དག་སྦྱོར་བའི་རྒྱུད་ལས་ཀྱང་། །སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤོང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ་། །སྟོང་དང་མི་སྟོང་གཟུང་བ་ལ། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཞེས་གསུངས་པ་ཡང་རྒྱ་ནག་གི །ལྟ་བ་ཉིད་དང་ཁྱད་མེད་འགྱུར། །མགོན་པོ་བྱམས་པས་རྒྱུད་བླ་མར། །འགོག་བདེན་ཡོད་དང་མེད་པ་དང་། །གཉིས་དང་གཉིས་མིན་རྣམ་པ་བཞིར། །བརྟག་པར་མི་ནུས་གསུངས་པ་དང་། །དབུ་མ་རྩ་བའི་བསྟན་བཅོས་ལས། །སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །བཅོམ་ལྡན་བཞུགས་དང་མྱ་ངན་ལས། །འདས་པ་གཉིས་ལ་མཐའ་བཞི་ཡི། །སྤྲོས་པ་བཀག་པར་མཛད་པ་དང་། །རིགས་ལྡན་པདྨ་དཀར་པོ་དང་། །འཕགས་པ་ལྷ་ཡིས་འདི་སྐད་དུ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པ། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱིས་དེ་ཁོ་ན། །ཞེས་གསུངས་པ་ཡང་རྒྱ་ནག་གི །ལྟ་བ་ཉིད་དང་ཁྱད་མེད་འགྱུར། །དེ་ལ་ཡོད་མིན་མེད་མིན་དོན། །ཀུན་རྫོབ་དོན་དམ་ལ་དགོངས་པས། །ངེད་ལ་གནོད་པ་མེད་ཅེས་ཟེར། །འོ་ན་སྣང་བའི་དངོས་པོ་ཀུན། །དོན་དམ་ཡོད་དང་ཀུན་རྫོབ་ཏུ། །མེད་པ་གཉིས་ཀར་ཐལ་འགྱུར་ཏེ། །གཉིས་ཀ་མིན་པ་མིན་པའི་ཕྱིར། །རྣམ་གསུམ་ཁས་བླངས་དྲན་པར་གྱིས། །ཁ་ཅིག་ཡོད་མེད་ལ་སོགས་བཞི། །བདེན་པར་མེད་པའི་དོན་ཡིན་ཟེར། །བཞི་པོ་ཆོས་ཅན་དུ་བཟུང་ནས། །བདེན་པ་བཀག་པ་སྒྲུབ་ཆོས་སུ། །ཡབ་སྲས་གཞུང་ལས་མ་གསུངས་ཏེ། །ཐམས་ཅད་བཅོམ་ལྡན་གཤེགས་བཞུགས་དང་། །གཉིས་མེད་ཡེ་ཤེས་ལ་སོགས་ལ། །བཞི་པོ་བཀག་པར་གསུངས་ཕྱིར་རོ། །བདེན་པ་བཀག་པའི་མེད་དགག་ལ། །དབུ་མའི་ལྟ་བར་ཞེན་པ་ནི། །སྔར་བཤད་ཡིད་ཆེས་ལུང་གིས་གནོད། །རྒྱུད་ལས་རྩ་བའི་ལྟུང་བར་གསུངས། །ཐེག་གསུམ་ལྟ་བ་ཁྱད་མེད་ན། །མི་ཕམ་མགོན་པོས་ཐེག་གསུམ་ལ། །བདག་མེད་རྟོགས་པ་རིམ་གསུམ་དང་། །ཐེག་ཆེན་སྦྱོར་མཐོང་བསྒོམ་པ་གསུམ། །དམན་པའི་སྦྱོར་མཐོང་བསྒོམ་གསུམ་ལས། །ལྟ་བས་འཕགས་ཚུལ་གསུང་དང་འགལ། །ཀླུ་སྒྲུབ་ཞབས་ཀྱིས་མཚན་མེད་ནི། །ཚང་བར་རྟོགས་དང་མ་རྟོགས་པའི། །ཁྱད་པར་གསུངས་ཤིང་ཟླ་བས་ཀྱང་། །འཁོར་གསུམ་མི་དམིགས་ཤེས་རབ་དང་། །བསམ་གྱིས་མི་ཁྱབ་ཆོས་ཉིད་སོགས། །ལྟ་བའི་ཁྱད་པར་གསུང་དང་འགལ། །རིགས་པས་ཀྱང་ནི་གནོད་པ་སྟེ། །དམན་པའི་མཐོང་བའི་ལམ་ཉིད་ནས། །བདེ་གཤེགས་སྙིང་པོ་མཐོང་བར་འགྱུར། །འདོད་ན་ལས་ཉོན་ལས་བྱུང་བའི། །སྐྱེ་སོགས་རྣམས་ལས་འདས་འགྱུར་ཞིང་། །ཉན་རང་སྙིང་པོ་ལྟ་བ་ལ། །མིག་དང་མི་ལྡན་གང་ཟག་ཏུ། །ཐོགས་མེད་ཞབས་ཀྱིས་གསུང་དང་འགལ། །བློ་ལ་མ་ལྟོས་ཡུལ་ངོས་ནས། །གྲུབ་པར་རང་རྒྱུད་ཀུན་འགོག་ན། །བྷ་བྱས་ཕྱི་དོན་རང་ངོས་ནས། །གྲུབ་པར་ཁས་བླངས་སྨྲས་དང་འགལ། །བཏགས་དོན་བཙལ་ཚེ་མ་རྙེད་དོན། །ཐ་སྙད་དོན་དམ་གང་དུ་འདོད། །ཐ་སྙད་ཡིན་ན་འདོགས་བྱེད་ཀྱི། །མིང་ཡང་ཐ་སྙད་མེད་འགྱུར་ཏེ། །དེ་དག་ཕན་ཚུན་ལྟོས་གྲུབ་ཕྱིར། །དེ་སྐད་དུ་ཡང་དབུ་མ་ལས། །བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བར་མ་རྟོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །བྱེད་པ་པོ་དང་ལས་དབང་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་གསུངས་དངོས་པོ་ལྷག་མ་ནི། །བརྗོད་བྱ་རྗོད་བྱེད་ལ་སོགས་པ། །ལྟོས་གྲུབ་ཀུན་ལ་འཇུག་པར་གསུངས། །དམ་པའི་དོན་དུ་མ་རྙེད་པ། །དེ་དོན་ཡིན་ན་ཆོས་ཐམས་ཅད། །དམ་པའི་དོན་དུ་མི་རྙེད་པར། །ཐལ་རང་གཉིས་ཀ་མཐུན་པའི་ཕྱིར། །གཅིག་གི་ཁྱད་ཆོས་ཇི་ལྟར་འགྱུར། །བློ་ཡིས་གང་དུ་ཞེན་པའི་ཡུལ། །རིགས་པས་དཔྱད་ནས་འགོག་པ་ནི། །ལོག་རྟོག་ཡིན་ན་སངས་རྒྱས་ནས། །བཟུང་སྟེ་རྒྱ་བོད་མཁས་གྲུབ་ཀུན། །ལོག་རྟོག་དེ་དང་ལྡན་གྱུར་ཏེ། །དེ་དག་སྟོང་དང་མི་སྟོང་སོགས། །གཉིས་འཛིན་ཞེན་ཡུལ་བཀག་ཕྱིར་རོ། །གཅིག་དང་དུ་བྲལ་གཏན་ཚིགས་ཀྱིས། །རྟོག་བློས་ཞེན་ཡུལ་བདེན་གྲུབ་པ། །འགོག་ན་ཁྱོད་ཀྱི་དམ་བཅའ་ཉམས། །མི་འགོག་ན་ནི་བདེན་འཛིན་གྱི། །ལོག་རྟོག་གང་གིས་ཁེགས་པར་འགྱུར། །ཅི་སྲིད་རྟོག་བློས་ཡུལ་གྱི་ནི། །གནས་ལུགས་དཔྱོད་པར་བྱེད་པའི་ཚེ། །སྔ་ཕྱི་གནོད་བཅས་ཐུག་མེད་གཉིས། །འདོད་ཐོག་ཡིན་ན་གང་གིས་གནོད། །འདི་ལ་གནོད་བྱེད་གང་བརྗོད་པ། །དབུ་མ་རྩ་བའི་བསྟན་བཅོས་ལས། །བདག་གོ་ཞེས་ཀྱང་བཏགས་འགྱུར་ཞིང་། །བདག་མེད་ཅེས་ཀྱང་བསྟན་པར་འགྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །འདི་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་གསུངས་པ་ལ་ཅིས་མི་གནོད། །འོན་ཀྱང་འཕགས་པའི་མཉམ་གཞག་ངོར། །སྤྲོས་པ་ཐམས་ཅད་ཉེར་ཞིའི་ཚེ། །གཉིས་པོའི་སྐྱོན་ཡོད་མ་ཡིན་ཏེ། །སྔ་མས་ཞེན་པ་མེད་ཕྱིར་རོ། །རིགས་པས་གནས་ལུགས་དཔྱད་པའི་ཚེ། །དགག་པ་གཉིས་ཀྱི་རྣལ་མ་ནི། །གོ་བ་མགོན་པོ་ཀླུ་སྒྲུབ་ཀྱིས། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མེད་དང་ཡོད་པར་མི་འདོད་པ། །དེ་ཕྱིར་མེད་པ་པར་འགྱུར་ན། །ཅི་ཕྱིར་ཡོད་པ་པར་མི་འགྱུར། །གལ་ཏེ་ཡོད་པ་སུན་ཕྱུང་བས། །དོན་གྱིས་འདི་ནི་མེད་པར་བསླན། །དེ་བཞིན་མེད་པ་སུན་ཕྱུང་བས། །ཡོད་པར་ཅི་ཡི་ཕྱིར་མི་བསླན། །ཞེས་གསུངས་པ་དང་ཅིས་མི་འགལ། །དབུ་མའི་ཐ་སྙད་མི་རུང་སྟེ། །རྟག་མཐའ་བཀག་ཚེ་ཆད་མཐའ་སོགས། །མཐའ་གཉིས་གང་རུང་བཀག་པའི་ཚེ། །ཅིག་ཤོས་དེར་ནི་འགྱུར་ཕྱིར་རོ། །ཁ་ཅིག་ཐ་སྙད་ཚེ་ན་ཡང་། །ཡོད་མིན་མེད་མིན་ལ་སོགས་པ། །མཐའ་བཞིའི་སྤྲོས་བྲལ་སྨྲ་བར་བྱེད། །འདི་ནི་མདོ་ལས་སྟོན་པ་ཡིས། །འཇིག་རྟེན་ང་དང་རྩོད་བྱེད་ཀྱི། །ང་ནི་འཇིག་རྟེན་མི་རྩོད་དེ། །འཇིག་རྟེན་ཡོད་མེད་གང་སྨྲ་བ། །ང་ཡང་སྨྲ་ཞེས་གསུང་དང་འགལ། །འདི་ལ་དགོངས་ནས་ཟླ་བས་ཀྱང་། །ཐ་སྙད་འཇོག་ཚེ་ཡོད་མེད་སོགས། །འགོག་ན་འཇིག་རྟེན་གྱིས་གནོད་པས། །ཡོད་མེད་སོ་སོར་སྨྲོས་ཞེས་གསུངས། །རིགས་པས་ཀྱང་ནི་གནོད་པ་སྟེ། །ཀུན་རྫོབ་ཐམས་ཅད་མཐའ་བཞི་ཡི། །སྤྲོས་པ་ཉིད་ལས་མ་འདས་ཕྱིར། །ཀུན་རྫོབ་རྣམ་གཞག་མི་རུང་འགྱུར། །མྱོང་བ་དང་འགལ་བཤད་པར་བྱ། །ཟས་གོས་མེ་ཆུ་ལ་སོགས་པ། །ཡོད་མེད་དྲིས་ཚེ་དབུ་མ་པས། །ཡོད་མིན་མེད་མིན་སྨྲ་བྱེད་ན། །སྐབས་ཀྱི་དོན་ཡང་མི་འགྲུབ་ཅིང་། །གཞན་ལ་ཀླན་ཀར་འགྱུར་བ་མཐོང་། །ཀུན་རྫོབ་ལ་ཡང་སྐལ་དོན་དང་། །རྒྱུ་ཡི་དུས་ན་འབྲས་བུ་སོགས། །ཡོད་མིན་མེད་མིན་དགོས་པའང་ཡོད། །ལྷག་མ་སྣང་རུང་ཆོས་རྣམས་ལ། །ཡོད་མེད་ཡིན་མིན་ལ་སོགས་པ། །སོ་སོར་སྨྲ་བ་དབུ་མའི་ལུགས། །ལ་ལ་བདག་དང་གང་ཟག་གཉིས། །རྣམ་གྲངས་ཡིན་སྨྲ་མུ་སྟེགས་གཞུང་། །ཡིན་ཕྱིར་ཐ་སྙད་དུ་ཡང་བདག །མེད་ཕྱིར་གང་ཟག་ཡོད་པར་འདོད། །སྒྲུབ་བྱེད་བདག་མེད་རྟོགས་པའི་བློས། །ཡུལ་གྱི་གནས་ཚུལ་རྟོགས་ཕྱིར་དང་། །བདག་འཛིན་ཡུལ་གྱི་གནས་ཚུལ་ལ། །མ་ཞུགས་ཕྱིར་ཞེས་སྨྲ་བ་ཐོས། །འོ་ན་ཡུམ་གྱི་མདོ་རྣམས་དང་། །ཀླུ་སྒྲུབ་ཡབ་སྲས་གཞུང་ལུགས་རྣམས། །མུ་སྟེགས་གཞུང་ལུགས་སུ་འགྱུར་ཏེ། །དེ་དག་རྣམ་གྲངས་གསུངས་ཕྱིར་རོ། །དེ་ཡང་མདོ་ལས་བདག་དང་ནི། །སེམས་ཅན་སྲོག་དང་གང་ཟག་དང་། །གསོ་བ་སྐྱེས་བུ་ཤེད་བདག་དང་། །ཤེད་སྐྱེས་བྱེད་པོ་ཚོར་པོ་དང་། །ཤེས་པ་པོ་དང་མཐོང་པོ་སྟེ། །བྱེད་པའི་སྐྱེས་བུ་བཅུ་གཉིས་གསུངས། །དེ་དོན་འཕགས་པ་ཀླུ་སྒྲུབ་ཀྱིས། །ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་ངར་འཛིན་ཡོད་ཅེས་པའི། །ངར་འཛིན་དམིགས་ཡུལ་ང་ཙམ་ལ། །བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱི། །མིང་གི་རྣམ་གྲངས་བཏགས་པར་བཞེད། །དེ་ཉིད་ཕུང་པོ་རྣམས་ལ་ནི། །རྣམ་པ་ལྔའམ་རྣམ་བདུན་གྱིས། །བཙལ་བའི་ཚེ་ན་མི་རྙེད་ཀྱང་། །མ་དཔྱད་འཇིག་རྟེན་གྲགས་པའི་ངོར། །རང་གི་ཉེ་བར་བླང་བྱ་དང་། །ཆ་ཤས་དང་ནི་ཡན་ལག་ལ། །བརྟེན་ནས་ལེན་པ་པོ་དང་ནི། །ཆ་ཤས་ཅན་དང་ཡན་ལག་ཅན། །འཇོག་པ་ཤིང་རྟའི་དཔེ་དང་ནི། །སྦྱར་བར་དཔལ་ལྡན་ཟླ་བས་གསུངས། །རྩོད་ཚེ་འདི་ལ་མ་བསྙོན་ཅིག །འཆད་ཚེ་སློབ་མ་མ་བསླུ་ཞིག །སྒྲུབ་བྱེད་ཀྱང་ནི་ལྟར་སྣང་སྟེ། །སྐྱེ་མེད་མཚན་མེད་སྤྲོས་མེད་རྣམས། །རྟོགས་པའི་བློ་ལ་མཚུངས་པ་སྟེ། །སྐྱེ་སོགས་ཐ་སྙད་དུ་ཡོད་ཕྱིར། །གཞན་ལ་སྐྱོན་བརྗོད་ཚེ་ན་བདག །དོན་དམ་མེད་མཐོང་གྲོལ་འགྱུར་ན། །མོ་གཤམ་བུ་མེད་མཐོང་བས་ཀྱང་། །གྲོལ་བར་འགྱུར་ཞེས་སུན་འབྱིན་སྨྲ། །སུན་འབྱིན་འདི་ནི་ཀླུ་སྒྲུབ་ཀྱིས། །བདག་ཡོད་བདག་གི་ཡོད་ཅེས་པ། །འདི་ནི་དམ་པའི་དོན་དུ་ལོག །གང་ཕྱིར་ཡང་དག་ཇི་ལྟ་བ། །ཡོངས་སུ་ཤེས་པས་གཉིས་མི་འབྱུང་། །ཞེས་གསུངས་པ་ལ་བརྗོད་པར་སྣང་། །རགས་པའི་རྣམ་གཞག་འདི་འདྲ་ལའང་། །འཁྲུལ་ན་ཕྲ་མོ་ཇི་ལྟར་འགྱུར། །རང་ལུགས་ཐ་སྙད་བདག་མེད་དང་། །ཕུང་སོགས་དོན་དམ་མེད་པ་ལའང་། །ཐལ་བ་དེ་ནི་མཚུངས་འགྱུར་ཏེ། །རིགས་པའི་རྣམ་གཞག་ཤེས་ན་དཔྱོད། །གཞུང་ལུགས་རྣམ་གཞག་དོར་ནས་ནི། །ཕལ་པའི་ངག་ཙམ་ལ་བརྟེན་ནས། །གྲུབ་མཐའི་རྣམ་གཞག་འཇོག་བྱེད་པ། །མཁས་པས་མཐོང་ན་བཞད་གད་གནས། །ཆོས་དང་གང་ཟག་ཚིག་ཟུར་ལ། །སྦྱར་བའི་བདག་དང་ཆོས་ཐམས་ཅད། །བདག་མེད་ཅེས་པའི་བདག་གི་དོན། །སངས་རྒྱས་བསྐྱངས་དང་ཟླ་བ་ཡིས། །ངོ་བོས་གྲུབ་པ་ལ་བཤད་ནས། །ཐ་སྙད་དུ་ཡང་མེད་པར་བཞེད། །དེ་དང་བྱེད་པའི་སྐྱེས་བུ་ལ། །བདག་ཅེས་བརྗོད་པར་སོ་སོར་སྨྲོས། །ལ་ལ་གང་ཟག་བདག་འགོག་པའི། །རིགས་པའི་གཙོ་བོ་གང་ཟག་ཉིད། །ཕུང་པོ་ལྔ་ལ་རྣམ་བདུན་གྱིས། །བཙལ་ཚེ་མ་རྙེད་པ་ཡིན་པས། །གང་ཟག་དང་ནི་གང་ཟག་བདག །ཁྱད་པར་མེད་ཕྱིར་གཉིས་ཀ་ཡང་། །ཐ་སྙད་དུ་ཡོད་དོན་དམ་དུ། །མེད་པ་དབུ་མའི་ལུགས་ཞེས་སྨྲ། །གཉིས་པོ་ཁྱད་མེད་མུ་སྟེགས་དང་། །མང་བཀུར་ལུགས་ཡིན་གཞན་ལ་མེད། །གཞན་དུ་ཆོས་ཀྱང་ཆོས་བདག་ཏུ། །འགྱུར་ཏེ་བཙལ་ཚུལ་མཚུངས་ཕྱིར་རོ། །འདོད་ན་འཕགས་པའི་རྗེས་ཐོབ་ཀྱིས། །ཆོས་ཀྱི་བདག་མེད་རྟོགས་པའི་ཚེ། །ཆོས་ཙམ་མེད་པ་རྟོགས་པར་འགྱུར། །སྒྲུབ་བྱེད་བློ་གྲོས་རྩིང་བ་ཡི། །འབྲས་རྟགས་ཉིད་དུ་ཤེས་བྱ་སྟེ། །དེ་དོན་གང་ཟག་རྣམ་བདུན་གྱིས། །བཙལ་ཚེ་རྙེད་ན་གང་ཟག་གི །བདག་ཏུ་འགྱུར་བའི་དོན་ཡིན་ཕྱིར། །ཁ་ཅིག་དབུ་མའི་ལྟ་བ་ཡིས། །གདུལ་བྱའི་སེམས་རྒྱུད་འཁྲིད་པའི་ཚེ། །ཐོག་མར་ང་ཞེས་བརྗོད་པ་ཡི། །རྗེས་འབྲངས་རྟོག་པའི་ཕྲེང་བ་ཉིད། །གོམས་པས་ངར་འཛིན་ལྷན་སྐྱེས་ཀྱི། །ཞེན་ཡུལ་ང་ཉིད་རྙེད་པའི་རྟགས། །མཚན་མ་ཅི་རིགས་འབྱུང་བར་འདོད། །དེར་རྗེས་ང་མེད་ཅེས་བརྗོད་པའི། །རྗེས་འབྲང་རྟོག་པ་གོམས་པ་ལས། །མེད་དགག་བློ་ལ་ཤར་བ་ཉིད། །གནས་ལུགས་མཐར་ཐུག་རྟོགས་པ་ཡི། །ལྷག་མཐོང་ཡིན་ཞེས་སྒྲོག་པར་བྱེད། །བདག་ལྟའི་ཞེན་ཡུལ་གོམས་པ་ཡི། །སྒོམ་པ་མུ་སྟེགས་ལུགས་ཡིན་གྱི། །ཁ་ཆེ་བྱེ་བྲག་སྨྲ་བ་ནས། །དབུ་མའི་བར་ལ་ལུགས་འདི་མེད། །འདི་ཉིད་མགོན་པོ་བྱམས་པ་ཡིས། །བདག་ཏུ་ལྟ་བ་བསྐྱེད་མི་དགོས། །གོམས་པ་ཐོག་མ་མེད་དུས་ཅན། །ཞེས་གསུངས་པ་ཡིས་འདི་བཀག་ཟིན། །ང་མེད་ཅེས་ནི་བརྗོད་པ་ཡི། །རྗེས་འབྲང་རྟོག་པ་གོམས་ཙམ་གྱིས། །དབུ་མའི་ལྟ་བ་རྟོགས་ན་ནི། །དབུ་མའི་གཞུང་ལུགས་རྒྱ་མཚོ་ལས། །གསུངས་པའི་རིགས་པའི་རྣམ་གཞག་ལ། །ཐོས་བསམ་དོན་མེད་ཉིད་འགྱུར་ཏེ། །སྒོམ་པའི་ཚུལ་འདི་བླུན་པོ་དང་། །མཁས་པ་གཉིས་ལ་ཁྱད་མེད་ཕྱིར། །འདི་འདྲ་ལྷག་མཐོང་ཡིན་ན་ནི། །འདི་དང་ཞི་གནས་ཟུང་འབྲེལ་དུ། །སྒོམ་པ་མི་སྲིད་ཉིད་འགྱུར་ཏེ། །བརྗོད་པའི་རྗེས་འབྲང་ཉིད་མིན་ཕྱིར། །ཀྱེ་མ་སྙིགས་མའི་དུས་འདི་མཚར། །འདི་འདྲ་བླུན་པོས་འཛིན་སྲིད་ནའང་། །དབུ་མའི་གཞུང་ལ་སྦྱངས་པས་ཀྱང་། །འདི་ལ་ཡིད་ཆེས་ཅི་ཞིག་ཡིན། །མདོར་ན་ཐེག་ཆེན་ལྟ་སྤྱོད་གཉིས། །མ་འཁྲུལ་ཉམས་སུ་ལེན་འདོད་ན། །མཐའ་བཞིས་དབེན་པའི་སྟོང་པ་ཉིད། །སྙིང་རྗེའི་སྙིང་པོ་ཅན་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡོམ་པའི་སྐབས་ཏེ་གསུམ་པའོ།། ༈ །།རིག་འཛིན་སྡོམ་པ་དབང་བསྐུར་ལས། །ཐོག་མར་ཐོབ་པ་སྨིན་བྱེད་དང་། །དེ་ཉིད་བསྲུང་ཞིང་སྤེལ་བ་ལ། །གྲོལ་བྱེད་ཅེས་ནི་རྒྱུད་ལས་གསུངས། །སྨིན་བྱེད་རྒྱུད་སྡེ་བཞི་པོ་ལ། །དབང་གི་དངོས་གཞིའི་རིམ་པ་བཞི། །ཡེ་ཤེས་ཐིག་ལེར་གསུངས་པའི་ཕྱིར། །སྡོམ་པའི་ཐོབ་ཚུལ་རྣམ་བཞིར་ངེས། །ཁ་ཅིག་རྒྱུད་སྡེ་མཐའ་དག་ལ། །རང་བཟོའི་ཆོག་ཁྲིགས་སྦྱར་ནས་ནི། །བཀའ་ལུང་ཡོད་པའི་སྒྲུབ་བྱེད་དུ། །རྣལ་འབྱོར་ཆེན་པོའི་དབང་བསྐུར་ཅིག །ཐོབ་པས་དཀྱིལ་འཁོར་ཀུན་གྱི་དབང་། །ཐོབ་པར་འགྱུར་ཏེ་བདེ་མཆོག་ལས། །རྒྱུད་འདི་རུ་ནི་དབང་བསྐུར་གང་། །རྒྱུད་རྣམས་ཀུན་གྱི་སྒྲུབ་པོར་འགྱུར། །ཞེས་གསུངས་རིག་པའི་དབང་ལྔ་ཡི། །ངོ་སྤྲོད་ཚེ་ན་བྱ་སྤྱོད་གཉིས། །འཆད་དང་རྣལ་འབྱོར་རྒྱུད་ཉན་པར། །དབང་བར་གསུངས་པའི་ཕྱིར་ཞེས་ཟེར། །འདི་ནི་ཕག་མོ་མངོན་འབྱུང་དང་། །མི་གཡོ་བླ་མེད་རྒྱུད་དག་ལས། །དཀྱིལ་འཁོར་དུ་ནི་མ་ཞུགས་ལ། །རྒྱུད་འདི་བསྟན་པར་མི་བྱ་སྟེ། །དཀྱིལ་འཁོར་གཞན་དུ་ཞུགས་པ་ལའང་། །རྒྱུད་འདི་བསྟན་པར་མི་བྱའོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར། །བཞི་མདོའི་རྩྭ་བཞིན་དོར་བར་བྱ། །དབང་བསྐུར་གཅིག་གིས་དབང་བསྐུར་ཀུན། །ཐོབ་ན་སྟོན་པས་རྒྱུད་སྡེ་ལས། །དབང་ཆོག་གཅིག་ཉིད་ཅིས་མ་གསུངས། །དཔེར་ན་འདུལ་བའི་ལས་ཆོག་བཞིན། །རྒྱུད་ལས་སྤྲོ་བ་བསྐྱེད་ཕྱིར་དུ། །ཕན་ཡོན་གསུངས་པའི་གནས་སྐབས་དང་། །འཇིགས་པ་བསྐྱེད་ཕྱིར་ལ་དོར་གྱིས། །ཚིག་རྣམས་ཇི་བཞིན་སྒྲ་ཡིན་ན། །ཀྱེ་རྡོ་རྗེ་ཡི་རྩ་རྒྱུད་ལས། །གལ་ཏེ་སངས་རྒྱས་གསང་བའི་སྐད། །མི་གསུངས་ན་ཡང་འགྲོངས་པར་འགྱུར། །ཞེས་པའང་ཇི་བཞིན་སྒྲ་རུ་འགྱུར། །གོང་མའི་དབང་བསྐུར་ནང་དུ་ནི། །འོག་མའི་དབང་དང་ནུས་མཉམ་པ། །འདུས་ཕྱིར་གོང་མའི་དབང་ཐོབ་ན། །འོག་མ་འཆད་དང་ཉན་པར་གསུངས། །དེ་ཙམ་གྱིས་ནི་འོག་མའི་དབང་། །ཐོབ་པར་འགྱུར་ན་ཐེག་ཆེན་གྱི། །མཐོང་ལམ་ཐོབ་ཚེ་ཉན་ཐོས་དང་། །རང་རྒྱལ་མི་སློབ་ལམ་ཐོབ་འགྱུར། །སླར་ཡང་དམ་བཅའ་སྒྲུབ་ཕྱིར་དུ། །ཁོ་བོས་བདག་འཇུག་བླངས་པའི་ཚེ། །དཀྱིལ་འཁོར་གཙོ་བོ་རྡོར་སེམས་ལས། །ཐོབ་པས་ཁོ་བོ་གཅིག་བརྒྱུད་ཡིན། །ཁོ་བོ་ལས་ནི་བླངས་པ་རྣམས། །གཉིས་བརྒྱུད་ལ་སོགས་ཡིན་ཞེས་སྨྲ། །འདི་དང་སྒྲུབ་བྱེད་གོང་མ་གཉིས། །གཅིག་གིས་གྲུབ་ན་ཅིག་ཤོས་ནི། །དོན་མེད་ཉིད་དུ་འགྱུར་བ་སྟེ། །བདག་འཇུག་བླངས་པས་ཀུན་གྱི་དབང་། །མ་ཆད་པར་ནི་སྒྲུབ་དགོས་ན། །གཅིག་གིས་ཀུན་ཐོབ་དོན་མེད་འགྱུར། །སློབ་མའི་བརྒྱུད་པ་གཞན་དག་ཀྱང་། །གཉིས་བརྒྱུད་སོགས་ཀྱིས་ཅི་ཞིག་བྱ། །རང་ཉིད་བདག་འཇུག་བླངས་ནས་ནི། །གཅིག་བརྒྱུད་འབའ་ཞིག་ཅིས་མི་བྱེད། །འཕགས་ཡུལ་གྲུབ་པའི་དབང་ཕྱུག་རྣམས། །སེམས་ཅན་ཡིན་ཕྱིར་འཁྲུལ་པ་སྲིད། །དེས་ན་མ་འཁྲུལ་ཆོ་ག་ནི། །ཁོ་བོས་རྒྱུད་ལས་འདོན་ཞེས་ཟེར། །འཕགས་ལ་སྐུར་འདེབས་འདི་འདྲའི་ཚིག །ཐོས་པར་གྱུར་ནའང་རྣ་བ་དགབ། །འོ་ན་ཁྱོད་ཀྱང་སེམས་ཅན་ཕྱིར། །ཅི་སྨྲས་ཚད་མར་སུ་ཡིས་བཟུང་། །ཟག་མེད་བློ་མངའི་བསྟན་བཅོས་རྣམས། །དྲང་སྲོང་བཀའ་བཞིན་སྤྱི་བོར་ནི། །བླང་བྱ་ཡིན་པར་བྱམས་པས་གསུངས། །ཀུ་ཀུ་རི་པ་ཀུན་སྙིང་སོགས། །རྒྱལ་བའི་བསྟན་པ་འཛིན་པ་ལ། །འཁྲུལ་པ་མེད་པར་སངས་རྒྱས་གསུངས། །དེ་དག་འཁྲུལ་ལོ་ཞེས་བརྗོད་པ། །རྫོགས་སངས་རྒྱས་ལའང་བརྒལ་བར་སྣང་། །དེས་ན་བདག་ཉིད་ལེགས་འདོད་རྣམས། །རྡོ་རྗེ་འཆང་ནས་འཕགས་ཡུལ་གྱི། །གྲུབ་ཆེན་རྣམས་ལས་རིམ་བརྒྱུད་ཅིང་། །ལོ་པཎ་ཁྱད་པར་ཅན་གྱིས་བསྒྱུར། །དེ་ནས་རྩ་བའི་བླ་མའི་བར། །བརྒྱུད་པ་མ་ཉམས་དབང་བསྐུར་ཞུས། །དབང་དང་དམ་ཚིག་ལ་གནས་པ། །རྡོ་རྗེ་ཐེག་པའི་བསྟན་པ་ཡིན། །དེང་སང་སྔགས་པར་རློམ་པ་འགའ། །དབང་གིས་མ་སྨིན་སྐྱེ་བོ་ལ། །རྣལ་འབྱོར་ཆེན་པོའི་གསང་སྤྱོད་ཀུན། །འཛེམ་བག་མེད་པར་གསང་སྒྲོག་བྱེད། །འདི་ནི་དམ་པ་དང་པོ་དང་། །རྡོ་རྗེ་གུར་དང་དགྲ་ནག་དང་། །རྩ་བའི་ལྟུང་བའི་གཞུང་རྣམས་ལས། །རྩ་བའི་ལྟུང་བ་ཉིད་དུ་གསུངས། །རྩ་ལྟུང་དོན་ཡང་མ་བསྲུང་ན། །ཉེས་པ་ཀུན་གྱི་རྩ་བ་དང་། །བསྲུང་ན་དངོས་གྲུབ་རྩ་བར་ནི། །གསུངས་ཕྱིར་ལེགས་འདོད་བག་ཡོད་མཛོད། །ཁ་ཅིག་སྔགས་ཀྱི་སྡོམ་ལྡན་ཀུན། །རྡོ་རྗེ་སྤུན་དུ་བྱས་ན་ནི། །ཧ་ཅང་རྒྱ་ཆེས་སྐྱོན་ཡོད་ཕྱིར། །བླ་མ་གཅིག་དང་དཀྱིལ་འཁོར་ནི། །གཅིག་ལས་དུས་གཅིག་དབང་ཐོབ་པ། །རྡོ་རྗེའི་སྤུན་ཡིན་གཞན་དུ་ན། །མངལ་གྱི་སྒོ་ནི་མི་གཅིག་ཕྱིར། །སྤུན་གྱི་དོན་མི་གནས་ཞེས་ཟེར། །འོ་ན་བསླབ་གསུམ་ལྡན་པ་ཀུན། །ཚངས་པ་མཚུངས་སྤྱོད་མིན་འགྱུར་ཏེ། །ཧ་ཅང་རྒྱ་ཆེས་སྐྱོན་ཡོད་ཕྱིར། །འདོད་ན་རྣམ་བཤད་རིགས་པ་ལས། །ཚངས་པ་མྱ་ངན་འདས་ཡིན་ཏེ། །དེ་ཡི་ཆེད་དུ་སྤྱོད་པ་ནི། །བསླབ་གསུམ་ཡིན་ཏེ་དེ་ལྡན་ཀུན། །ཚངས་པ་མཚུངས་སྤྱོད་གསུང་དང་འགལ། །ཡུལ་ཆེན་སུམ་ཅུ་རྩ་གཉིས་སུ། །སྤྱོད་པའི་ཚེ་ན་བརྡ་དང་ནི། །བརྡ་ཡི་ལན་ཤེས་གང་ཟག་ཀུན། །རྡོ་རྗེ་སྤུན་དང་སྲིང་མོ་ནི། །མ་ཡིན་འགྱུར་ཏེ་དེ་དག་ལ། །སྔར་གྱི་མཚན་ཉིད་མ་ཚང་ཕྱིར། །འདོད་ན་བདེ་མཆོག་ཀྱེ་རྡོར་གྱི། །རྩ་བའི་རྒྱུད་དང་ཁ་སྦྱོར་ལས། །གང་གིས་སྤུན་དང་སྲིང་མོར་ཡང་། །ཐེ་ཚོམ་མེད་པར་ཤེས་པར་བྱ། །ཞེས་གསུངས་པ་དང་འགལ་བའི་ཕྱིར། །གཞན་གྱི་ཉམས་རྐྱེན་མ་བྱེད་ཅིག །མངལ་སྒོ་གཅིག་དང་མི་གཅིག་དོན། །དྲིས་ན་རང་བཟོ་མ་ཡིན་པར། །ལུང་དང་མཐུན་པ་ཁྱོད་ལ་མེད། །འཇིག་རྟེན་ཐ་སྙད་དང་འགལ་ཏེ། །འཁོར་ལོས་སྒྱུར་བ་གཅིག་ཉིད་ཀྱི། །བཙུན་མོ་ལྔ་བརྒྱའི་སྲས་རྣམས་ཀུན། །རིགས་ཀྱིས་སྤུན་ཡང་མ་ཡིན་པར། །འགྱུར་ཏེ་མངལ་སྒོ་མི་གཅིག་ཕྱིར། །ཁ་ཅིག་ཐེག་པ་གསུམ་ཆར་གྱི། །ཚོགས་ལམ་ཆེན་པོ་ཡན་ཆད་ནི། །སྔགས་ལམ་ཁོ་ནས་ཐོབ་པར་འདོད། །སྒྲུབ་བྱེད་ཆོས་རྒྱུན་ཏིང་འཛིན་ལ། །བརྟེན་ནས་སངས་རྒྱས་ཞིང་བགྲོད་ཚེ། །ལམ་གྱི་ཟབ་ཤོས་གདུལ་བྱས་ཀྱང་། །ཉན་འདོད་ཡོད་ཅིང་སངས་རྒྱས་ལ། །དེ་སྟོན་མཁྱེན་བརྩེ་མངའ་ཕྱིར་དང་། །ཀུན་རིག་ཁྱམས་ལ་བཀོད་པ་ཡི། །ཉན་རང་རྣམས་ཀྱང་སྔགས་ལམ་གྱིས། །ཐོབ་པའི་ཉན་རང་མཚན་ཉིད་པ། །ཡིན་པའི་ཕྱིར་ཞེས་སྨྲ་བར་བྱེད། །འདི་ནི་མདོ་རྒྱུད་བསྟན་བཅོས་དང་། །རིགས་པ་ཀུན་དང་འགལ་བ་སྟེ། །མི་ཕམ་མགོན་པོས་ཐེག་ཆེན་གྱི། །ལམ་དུ་ཆོས་རྒྱུན་ཏིང་ངེ་འཛིན། །གསུངས་ཀྱི་དམན་པའི་ལམ་དག་ལ། །ཆོས་རྒྱུན་ཏིང་འཛིན་ཐོབ་པ་ནི། །ཚད་ལྡན་གཞུང་ལས་གསུངས་པ་མེད། །རིགས་པས་ཀྱང་ནི་གནོད་པ་སྟེ། །དམན་པའི་མཐོང་ལམ་སྔ་རོལ་དུ། །ཆོས་རྒྱུན་ཏིང་ངེ་འཛིན་ཐོབ་ན། །བསམ་གཏན་དངོས་གཞི་ཐོབ་དགོས་པས། །དེ་ཡིས་འཕགས་ལམ་ཐོབ་པའི་ཚེ། །རྒྱུན་ཞུགས་ཕྱིར་འོང་མི་སྲིད་དང་། །འབྲས་བུ་གསུམ་པ་ལ་གནས་པའི། །ཆགས་བྲལ་སྔོན་སོང་ཁོ་ནར་འགྱུར། །གཞན་ཡང་འདུལ་བ་ལུང་དག་ལས། །ཉན་ཐོས་སློབ་པ་ལྟ་ཞོག་གི །དགྲ་བཅོམ་ཐོབ་ཀྱང་རྫུ་འཕྲུལ་ནི། །མ་ཐོབ་མང་དུ་བསྟན་པ་དང་། །ཁྱོད་ཀྱི་གྲུབ་མཐའ་འདི་ཉིད་འགལ། །ལམ་གྱི་ཟབ་ཤོས་ཡིན་ཙམ་གྱིས། །གདུལ་བྱས་ཉན་འདོད་ཡོད་པར་ནི། །མ་ངེས་གཞན་དུ་ཐེག་གསུམ་གྱི། །རིམ་པ་བསྟན་པ་དོན་མེད་འགྱུར། །སངས་རྒྱས་དངོས་ཀྱིས་གདུལ་བྱ་ལ། །སྔགས་ལམ་སྟོན་པར་མ་ངེས་ཏེ། །གདུལ་བྱའི་བློ་ཡི་རིམ་པ་དང་། །འཚམས་པར་སྟོན་པར་གསུངས་ཕྱིར་རོ། །དེ་ཡང་ཀྱེ་རྡོར་རྩ་རྒྱུད་ལས། །གདུལ་བྱ་བཀྲི་བའི་རིམ་པའི་ཚུལ། །སྡོམ་པ་རིམ་བཞིན་བླངས་ནས་ནི། །གྲུབ་མཐའ་བཞི་དང་རྒྱུད་སྡེ་བཞིར། །རིམ་གྱིས་བསླབ་པའི་བཀྲི་ཚུལ་གསུངས། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཅི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་གསུངས་མགོན་པོ་ཀླུ་སྒྲུབ་ཀྱིས། །བརྡ་སྤྲོད་པ་དག་ཇི་ལྟ་བུ། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཅི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་གསུངས་འཕགས་པ་ལྷ་ཡིས་ཀྱང་། །ཡོད་དང་མེད་དང་ཡོད་མེད་དང་། །གཉིས་ཀ་མིན་ཞེས་ཀྱང་བསྟན་ཏེ། །ནད་ཀྱི་དབང་གིས་ཐམས་ཅད་ཀྱང་། །སྨན་དུ་འགྱུར་བ་མ་ཡིན་ནམ། །ཞེས་སོགས་གསུངས་པ་ཚད་མ་ཡིན། །ལམ་གྱི་མཐར་ཐུག་སྔགས་ལམ་ལས། །འབྲས་བུའི་དམན་ཤོས་ཐོབ་བོ་ཞེས། །སྨྲ་བ་རྒྱུ་དང་འབྲས་བུ་ལ། །སྐུར་པ་འདེབས་པའི་སྨྲ་ངན་ཡིན། །རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི། །ལྷ་ལ་ཉན་རང་མཚན་ཉིད་པ། །ཡོད་ན་སྔགས་སྡོམ་ལྡན་པ་ཡིས། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་ལ། །ལྟུང་བ་འབྱུང་བའི་རྒྱུ་མཚན་ཅི། །ཀུན་རིག་ཁྱམས་ཀྱི་ཉན་རང་རྣམས། །ཐེག་དམན་རང་རྒྱུད་པ་ཡིན་ན། །རིགས་ལྔའི་གདན་གྱི་སེངྒེ་སོགས། །དུད་འགྲོ་རང་རྒྱུད་པར་འགྱུར་ཞིང་། །ཟླ་བ་ཉི་མ་ལ་སོགས་ཀྱང་། །ནམ་མཁའི་ཉི་ཟླ་སོགས་སུ་འགྱུར། །གྲུབ་མཐར་གྱི་ན་སྨྲ་བ་པོ། །འདིས་ནི་དབང་བསྐུར་དུས་སུ་ཡང་། །རྒྱུན་བཤགས་སྡོམ་བཟུང་སྔོན་རོལ་དུ། །བྱང་ཆུབ་གསུམ་པོ་གང་འདོད་ལ། །དམིགས་ནས་རྗེས་ཟློས་གྱིས་ཞེས་ཟེར། །སྡོམ་པ་བསྒྲག་ཚེ་རྩེ་མོ་ལས། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤོང་། །ཞེས་པ་བསྒྲགས་ནས་བཟུང་བའི་ཚེ། །ཐེག་པ་དམན་ལ་འདོད་པ་སོགས། །འགལ་ཟླ་གསུམ་པོ་བཟུང་བ་འགལ། །ཀུན་སློང་ཐེག་དམན་སེམས་བསྐྱེད་ཀྱིས། །བླངས་ནས་བྱང་ཆུབ་སེམས་བླ་མེད། །དམ་པ་བདག་གིས་གཟུང་བར་བགྱི། །ཞེས་སྨྲ་འདི་ནི་ཅི་ཞིག་ཡིན། །ཉན་ཐོས་ས་རུ་སེམས་བསྐྱེད་ན། །ཐེག་ཆེན་སྨོན་སེམས་སྤོང་དགོས་ཤིང་། །སྨོན་སེམས་སྤངས་ན་རྩ་ལྟུང་དུ། །འགྱུར་བར་རྒྱུད་སྡེ་བཞི་ཆར་མཐུན། །གཞན་ཡང་རྒྱུད་སྡེ་ཕལ་ཆེར་དང་། །གྲུབ་པའི་དབང་ཕྱུག་གཞུང་བཟང་རྣམས། །འདི་ལ་གཅིག་ཏུ་གནོད་པ་སྟེ། །གཞུང་ལུགས་མཐོང་ཚེ་གསལ་བར་འགྱུར། །ཁ་ཅིག་བྱ་རྒྱུད་སྐྱེད་ཆོག་ལ། །བདག་བསྐྱེད་སྤྱོད་རྒྱུད་གཞུང་འགྲེལ་གྱི། །ལུང་གིས་བསྒྲུབ་ཅིང་རིགས་པ་ཡང་། །བལྟས་པའི་བདེ་བ་ལམ་བྱེད་དང་། །རྣམ་སྣང་མངོན་བྱང་གཞི་གཉིས་པོ། །བདག་མདུན་གཉིས་ལ་བཤད་རུང་ན། །བསམ་གཏན་ཕྱི་མའི་གཞི་གཉིས་ཀྱང་། །བདག་མདུན་གཉིས་སུ་རུང་བར་མཚུངས། །བདག་བསྐྱེད་མེད་པར་བཤད་པ་ནི། །བྱ་རྒྱུད་ཕལ་ལ་དགོངས་པའམ། །སྲོག་རྩོལ་ལ་སོགས་བསམ་གཏན་གྱི། །ཡན་ལག་བསྒོམ་པར་མི་ནུས་པའི། །གདུལ་བྱ་རྣམས་ལ་དགོངས་ཞེས་ཟེར། །སྤྱོད་རྒྱུད་ལུང་གིས་བྱ་རྒྱུད་ལ། །བདག་བསྐྱེད་འགྲུབ་ན་བླ་མེད་ཀྱི། །ལུང་གིས་བསྐྱེད་རྫོགས་ཅིས་མི་འགྲུབ། །བྱ་སྤྱོད་གཉིས་ཀྱི་སྐྱེད་ཆོག་ལ། །བདག་བསྐྱེད་ཡོད་པར་ཁྱད་མེད་ན། །ཉམས་ལེན་ཁྱད་པར་གང་གིས་འབྱེད། །རྒྱུད་སྡེ་གོང་མའི་ལུང་དང་འགལ། །བལྟས་པའི་བདེ་བ་ལམ་བྱེད་ཀྱིས། །བདག་བསྐྱེད་ཡོད་པར་མི་འགྲུབ་སྟེ། །མདུན་བསྐྱེད་ཕོ་མོ་བལྟས་པ་ལ། །དམིགས་པས་ལམ་བྱེད་དེ་འགྲུབ་ཕྱིར། །རྒྱུད་སྡེ་གཉིས་ཀྱི་གཞི་ཡི་དོན། །བདག་མདུན་གཉིས་སུ་མི་མཚུངས་ཏེ། །རྣམ་སྣང་མངོན་པར་བྱང་ཆུབ་ལས། །ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཞེས་གསུངས་བསམ་གཏན་ཕྱི་མ་ལས། །སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པ་གཞི་ནི་གཅིག་གསུངས་ཕྱིར། །ཡི་གེ་གཉིས་དང་སྒྲ་སེམས་གཉིས། །སྔོན་འགྲོའི་དོན་དུ་མཚུངས་པས་ན། །དངོས་གཞི་གཞི་གཉིས་གཅིག་གི་ནི། །ཁྱད་པར་ཡོད་པས་དེ་གཉིས་ཀྱི། །བདག་བསྐྱེད་ཡོད་མེད་ཁྱད་འགྲུབ་སྟེ། །བསམ་གཏན་ཕྱི་མའི་གཞི་ཡི་དོན། །མདུན་བསྐྱེད་ཉིད་ལ་བཤད་དགོས་ཕྱིར། །སྐྱོན་སྤོང་གཉིས་ཀྱང་མི་འཐད་དེ། །བྱ་རྒྱུད་ཕལ་ལ་བལྟས་པ་ཡི། །བདེ་བ་ལམ་བྱེད་མེད་འགྱུར་བའམ། །ལམ་དང་གདུལ་བྱའི་གཙོ་བོ་གཉིས། །གོ་རིམ་ལོག་པའི་སྐྱོན་དུ་འགྱུར། །ཁ་ཅིག་ངན་སོང་སྦྱོང་རྒྱུད་ལས། །གསུངས་པའི་གཙོ་བོ་ཕྱག་རྡོར་ལ། །རྒྱལ་ཆེན་བཞི་སོགས་ཀྱིས་བསྐོར་བའི། །དཀྱིལ་འཁོར་དྲུག་གི་འཁོར་གྱི་ལྷ། །འཇིག་རྟེན་རང་རྒྱུད་པ་ཞེས་སྨྲ། །སྒྲུབ་བྱེད་དྲིས་ཚེ་དམ་བཅའ་འགོད། །ལ་ལ་བླ་མ་གསུངས་ཞེས་ཟེར། །སྲོག་སྙིང་ཕུལ་ནས་དཀྱིལ་འཁོར་ལ། །བཀོད་པའི་ཕྱིར་དང་འཇིག་རྟེན་པ། །ཞེས་པའི་མིང་དང་ལྡན་ཕྱིར་དང་། །རྒྱུད་གསུངས་འཁོར་གྱི་ཚངས་པ་སོགས། །ཡིན་པའི་ཕྱིར་ཞེས་འགོད་པར་བྱེད། །དེ་བཞིན་དཔལ་མཆོག་ལས་གསུངས་པའི། །མིང་་་་་ཁ་སྐོང་གི་དཔེ་ཕལ་ཆེར་ལས་འདི་བཞིན་འབྱུང་ཡང་མིང་པོ་གསུམ་དང་སྲིང་མོ་བཞི་དཔལ་མཆོག་ན་ཡོད་ཅིང་། ངག་དབང་ཆོས་གྲགས་ཀྱི་རྣམ་བཤད་ནའང་དེ་བཞིན་གསུངས་སོ།། པོ་སྲིང་མོ་བཞི་བཞི་དང་། །སྨན་བླའི་ཁྱམས་ལ་བཀོད་པ་ཡི། །གནོད་སྦྱིན་ཚངས་པ་ལ་སོགས་པ། །བཅུ་བདུན་ལྷ་ཚོགས་འཇིགས་བྱེད་ཀྱི། །འཁོར་གྱི་གཤིན་རྗེ་ཕོ་མོ་དང་། །ལྷ་མོ་འདོད་ཁམས་དབང་ཕྱུག་དང་། །དཔལ་མགོན་གདོང་བཞི་གཉེན་པོ་དང་། །པུ་ཏྲ་ལ་སོགས་ལས་མཁན་དང་། །བྱ་ནག་ཁྱི་ནག་ལ་སོགས་པ། །སྤྲུལ་པའི་ཕོ་ཉ་ཐམས་ཅད་ཀྱང་། །འཇིག་རྟེན་རང་རྒྱུད་པ་ཞེས་སྨྲ། །འདི་དག་སངས་རྒྱས་རྣམ་འཕྲུལ་ལ། །སྐུར་འདེབས་ཡིན་པས་དགག་པར་བྱ། །རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་གྱི། །གཙོ་བོ་ནས་བཟུང་མེ་རིའི་བར། །གཙོ་བོ་ཉིད་ཀྱི་རྣམ་འཕྲུལ་ལས། །མ་གཏོགས་རྒྱུད་ནི་ཐ་དད་དང་། །རྟེན་དང་བརྟེན་པ་རྫས་ཐ་དད། །གནས་པའི་དཀྱིལ་འཁོར་རྣམ་གཞག་ནི། །རྒྱུད་དང་གྲུབ་པའི་གཞུང་བཟང་དང་། །དམ་པའི་གསུང་ལས་ཐོས་པ་མེད། །འདི་ནི་འདུས་པ་རྣམ་གཉིས་སོགས། །རྒྱུད་ཀྱི་དཀྱིལ་འཁོར་སྤྲུལ་བཤད་ཀྱི། །སྐབས་དང་རྩ་རྒྱུད་བརྟག་གཉིས་ལས། །འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་སོགས་རྟོགས་ན་འབད་མེད་འགྲུབ། །ཁྱད་པར་དཀྱིལ་འཁོར་དྲུག་པོ་ཡི། །འཁོར་རྣམས་འཇིག་རྟེན་པ་ཡིན་ན། །བདག་བསྐྱེད་བསྙེན་པ་རྒྱས་པའི་ཚེ། །སྐྱེད་ཆོག་ཚུལ་ལུགས་ཇི་ལྟར་བྱ། །ཕྱག་རྡོར་ཐུགས་ཀར་བསྐྱེད་པ་ཡི། །འཇིག་རྟེན་པ་དེ་ངོ་མཚར་ཆེ། །དཀྱིལ་འཁོར་དྲུག་པོ་འདི་དག་ལ། །བསྙེན་པ་རྒྱས་པ་མི་འཇུག་ན། །གྲགས་པ་རྒྱལ་མཚན་གསུང་རབ་ལས། །སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ལ། །དཀྱིལ་འཁོར་སུམ་ཅུ་སོ་དྲུག་ཏུ། །ཕྱེ་བའི་མཚན་གཞི་གང་ཡིན་སྨྲོས། །བདག་བསྐྱེད་ཚེ་ན་གཙོ་བོས་སྤྲུལ། །སྒྲུབ་ཚེ་ཡེ་ཤེས་དགུག་གཞུག་དང་། །མཆོད་ཚེ་སྒེག་སོགས་ཀྱིས་མཆོད་དང་། །བསྟོད་ཚེ་ཕྱག་འཚལ་ཚིག་བརྗོད་དང་། །རྒྱུན་བཤགས་སྐྱབས་འགྲོའི་ཡུལ་བྱས་དང་། །འཇུག་ཚེ་མེ་ཏོག་འདོར་བ་དང་། །སྔགས་བཟླས་བུམ་ཆུས་དབང་བསྐུར་བ། །རྒྱུད་དང་གོང་མའི་གསུང་རབ་ལས། །འབྱུང་ཕྱིར་འཇིག་རྟེན་པ་ཡིན་ཞེས། །སེམས་ལྡན་སུ་ཞིག་སྨྲ་བར་ནུས། །དེ་དང་གཙོ་འཁོར་ཁྱད་པར་ལ། །ཡོད་མེད་སྨྲ་ན་རྒྱུད་དང་འགལ། །སྤྲུལ་པ་མཆོག་གི་དཀྱིལ་འཁོར་དུ། །དབང་ཐོབ་ཙམ་གྱིས་གྲུབ་པའི་ས། །ཐོབ་དང་དཀྱིལ་འཁོར་དེ་ཡི་ལྷ། །འཇིག་རྟེན་རང་རྒྱུད་པ་ཡོད་འགལ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་ཀྱིས། །སྒོ་སྲུང་བྱས་པའི་དཀྱིལ་འཁོར་ནང་། །སྡོད་པར་ནུས་པའི་འཇིག་རྟེན་པ། །རང་རྒྱུད་པ་དེ་ཅི་འདྲ་ཞིག །སྒྲུབ་བྱེད་ལ་ཡང་དཔྱད་པར་བྱ། །དམ་བཅས་དམ་བཅའ་སྒྲུབ་ན་ནི། །ཕ་རོལ་དམ་བཅའ་བཟློག་པ་ཡིས། །དམ་བཅའ་དེ་ཉིད་འགོག་པར་འགྱུར། །རྗེ་བཙུན་མཁྱེན་པའི་དབང་པོ་དེས། །བསྙེན་པ་རྒྱས་པའི་ཆོ་གར་ནི། །རིགས་བཞི་ནས་ནི་འཁོར་ཡུག་བར། །ཀུན་རིག་ཐུགས་ཀར་བསྐྱེད་ནས་ནི། །སོ་སོར་བཀོད་པ་སྤྲུལ་པའི་སྐུ། །ཉམས་ལེན་ཡིན་གསུངས་ཁྱད་པར་དུ། །སངས་རྒྱས་གང་ལ་གང་འདུལ་བ། །དེ་དང་དེ་ཡི་སྐུར་སྟོན་ཞེས། །འཁོར་ཡུག་བར་དུ་སྦྱར་ཏེ་གསུངས། །འདི་དང་ཁྱེད་ཀྱི་གསུང་སྒྲོས་འགལ། །དེ་ལ་སྐྱོན་སྤོང་འདི་སྐད་དུ། །ཀུན་རིག་འཁོར་ཡུག་ལྷ་རྣམས་ནི། །སངས་རྒྱས་ཡིན་ཞིང་ཅིག་ཤོས་ནི། །འཇིག་རྟེན་རང་རྒྱུད་པ་ཞེས་སྨྲ། །ཀྱེ་མ་འདི་འདྲའི་ཚིག་གིས་ཀྱང་། །ཤེས་ལྡན་ངེས་པ་སྐྱེ་བ་རེ། །ཀུན་རིག་དཀྱིལ་འཁོར་ཕྱི་རོལ་དུ། །ཁོར་ཡུག་ལ་བཀོད་ལྷ་ཀླུ་སོགས། །སངས་རྒྱས་ཡིན་ཞིང་ཕྱག་རྡོར་གྱི། །དཀྱིལ་འཁོར་ནང་བཀོད་ཡེ་ཤེས་པས། །སྒོ་སྲུང་བྱས་པའི་ལྷ་རྣམས་ཀྱང་། །འབྱུང་པོ་ཡིན་ན་འདི་ཙམ་གྱི། །ཁྱད་པར་ཀུན་རིག་ཕྱག་རྡོར་གཉིས། །བཟང་ངན་དབང་ཆ་ཆེ་ཆུང་གང་། །བླ་མས་འཆད་ཚེ་ཟོར་ཡང་ཕྱིར། །འཇིག་རྟེན་པ་ཞེས་གསུངས་ཙམ་ལ། །བླ་མའི་གསུང་སྒྲོས་ཡིན་ནོ་ཞེས། །བླ་མ་མཆོག་ལ་སྐུར་མི་བྱ། །སྲོག་སྙིང་ཕུལ་བའི་ཚུལ་སྟོན་པ། །ཙམ་གྱིས་འཇིག་རྟེན་པར་འགྱུར་ན། །གདུལ་བྱ་དྲག་པོ་དབང་ཕྱུག་ཆེ། །འདུལ་བྱེད་ཧེ་རུ་ཀས་འདུལ་བའི། །རྣམ་འཕྲུལ་ཆ་ཤས་ཙམ་གྱིས་ཀྱང་། །དེ་གཉིས་རྒྱུད་གཅིག་ཇི་ལྟར་འགྱུར། །དེ་སོགས་སངས་རྒྱས་རྣམ་འཕྲུལ་ལ། །རང་གི་བློ་ཚོད་སྦྱར་མི་རུང་། །འཇིག་རྟེན་པ་ཞེས་བྱ་བ་ཡིན། །མིང་གིས་འཇིག་རྟེན་པར་འགྱུར་ན། །མི་ལ་སེང་གེའི་མིང་བཏགས་ཚེ། །སྣ་ཉག་རལ་པ་སྤྲུག་པར་འགྱུར། །མིང་དོན་ངོ་བོ་ཉིད་ཀྱིས་ནི། །འབྲེལ་བར་འདོད་པ་རིག་བྱེད་གཞུང་། །ཡིན་ཕྱིར་རིག་པའི་རྒྱལ་པོས་བཀག །མིང་ལ་དངོས་མིང་བཏགས་མིང་གཉིས། །གསུང་རབ་འཆད་པ་ཀུན་ལ་གྲགས། །འཇིག་རྟེན་ཐ་སྙད་ལ་ཡང་ཡོད། །འོན་ཀྱང་སྒྲུབ་བྱེད་གཙོ་བོ་ནི། །འདི་ཉིད་ལ་ནི་རེ་བར་སྣང་། །སྟོན་པས་རྒྱུད་སྡེ་གསུངས་པའི་ཚེ། །འཁོར་ལ་རང་རྒྱུད་པས་ཁྱབ་ན། །སྤྲུལ་པ་དང་ནི་རང་རྒྱུད་པའི། །འཁོར་གཉིས་རྒྱུད་ལས་གསུང་དང་འགལ། །སྟོན་པས་རྒྱུད་སྡེ་འདི་གསུངས་ཚེ། །འཁོར་གྱི་ཚངས་སོགས་སྤྲུལ་པ་ཉིད། །ཡིན་ཕྱིར་ཀུན་རིག་ཁོར་ཡུག་ཏུ། །ཚང་བར་བཀོད་ཅིང་ཕྱག་རྡོར་གྱིས། །བརྟག་པ་ཕྱི་མ་གསུངས་པའི་ཚེ། །སྲོག་སྙིང་ཕུལ་ནས་རང་ཉིད་ཀྱི། །དཀྱིལ་འཁོར་ལ་ནི་སོ་སོར་བཀོད། །དེ་ཚེ་དཀྱིལ་འཁོར་རྣམ་དྲུག་འབྱུང་། །དཔལ་མཆོག་ལས་གསུངས་ལྷ་རྣམས་ཀྱང་། །འཇིག་རྟེན་རང་རྒྱུད་པ་ཡིན་པའི། །སྒྲུབ་བྱེད་སྔ་མ་ལས་གཞན་མེད། །ཀུན་དགའ་སྙིང་པོས་སྤྲུལ་པར་བཤད། །སྨན་བླའི་གནོད་སྦྱིན་ལ་སོགས་པ། །འཇིག་རྟེན་རང་རྒྱུད་པ་ཡིན་ན། །སྨན་བླའི་ཆོ་ག་བྱས་པ་ཀུན། །སྐྱབས་འགྲོའི་སྡོམ་པ་འཆོར་འགྱུར་ཏེ། །འཇིག་རྟེན་པ་ཡི་ལྷ་རྣམས་ལ། །ཕྱག་འཚལ་སྐྱབས་འགྲོ་བྱས་པའི་ཕྱིར། །ཞི་འཚོས་མདོ་ལས་གསུངས་པ་ཡི། །བདེ་གཤེགས་བརྒྱད་པོ་སངས་རྒྱས་སུ། །བྱས་ནས་སྐབས་དེར་དམ་ཆོས་བསྣན། །ལྷག་མ་སྐྱབས་གྲོལ་ལ་སོགས་པ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སྐུར་སྟོན་དགེ་འདུན་དུ་བྱས་ནས། །སྐྱབས་གནས་གསུམ་ལ་ཕྱག་མཆོད་སོགས། །ཡན་ལག་དྲུག་པོ་དངོས་སུ་སྦྱར། །བདུན་པ་མདོ་ཡི་སྨོན་ལམ་ཉིད། །སྦྱར་བ་སྨན་བླའི་ཆོ་ག་ཡིན། །དོན་ཡོད་རྡོ་རྗེས་འཇིགས་བྱེད་ཀྱི། །གསུང་ལས་རྡོར་སེམས་ཡབ་ཡུམ་གྱི། །མངལ་ནས་གཤིན་རྗེ་ཕོ་བརྒྱད་ཕྱུང་། །སྲུང་འཁོར་རྩིབས་བརྒྱད་ལ་བཀོད་ནས། །རྡོར་སེམས་ཞུ་བའི་གཞལ་ཡས་དབུས། །འཇིགས་བྱེད་གཤིན་རྗེ་མོ་བརྒྱད་དང་། །བཅས་པ་བསྐྱེད་པར་གསུངས་པའི་ཕྱིར། །དེ་དག་འབྱུང་པོར་སུས་སྨྲ་ནུས། །འདོད་ཁམས་དབང་ཕྱུག་འཇིག་རྟེན་པ། །ཡིན་ན་བྲམ་ཟེ་མཆོག་སྲེད་ཀྱིས། །དུས་གསུམ་སངས་རྒྱས་བསྐྱེད་པ་དང་། །རིགས་ལྔའི་ཡུམ་དུ་བཤད་དང་འགལ། །གདོང་བཞི་གཉེན་པོ་འཇིག་རྟེན་པ། །ཡིན་ན་རྡོ་རྗེ་འཆང་དབང་གི །ཐུགས་ཀྱི་ཕྲིན་ལས་ལས་སྤྲུལ་དང་། །སྟོན་པའི་ཉིང་སྤྲུལ་དུ་བཤད་འགལ། །ལས་མགོན་ལྔ་པོ་འཇིག་རྟེན་པ། །ཡིན་ན་མགོན་པོ་ལྕམ་དྲལ་གྱི། །ཐུགས་ཀའི་ས་བོན་ལས་བརྒྱུད་དེ། །རིམ་པ་བཞིན་དུ་བསྐྱེད་པ་འགལ། །སྤྲུལ་པའི་བྱ་ནག་ཁྱི་ནག་སོགས། །འཇིག་རྟེན་རང་རྒྱུད་པ་ཡིན་ན། །སྤྲུལ་པའི་ཕོ་ཉ་ཞེས་བརྗོད་པའི། །ཚིག་དང་འགལ་བར་མི་འགྱུར་རམ། །དེས་ན་བརྩེ་ཆེན་ས་པཎ་གྱིས། །ཀྱེ་མ་བསོད་ནམས་དམན་པའི་མི། །ལྷ་སྐལ་ཆད་པ་འབྱུང་པོ་བསྒྲུབ། །ཅེས་གསུངས་ཡིད་ལ་བཞག་ནས་ནི། །ཡི་དམ་ཆོས་སྐྱོང་ཕལ་ཆེ་བ། །འབྱུང་པོ་ཡིན་ཞེས་མ་སྨྲ་ཞིག །སྐྱབས་གནས་མཆོག་ལ་ཐེ་ཚོམ་གྱི། །རྒྱུ་ཡིན་ཕྱིར་ན་ཉེས་དམིགས་ཆེ། །དེས་ན་ཕན་པའི་གདམས་ངག་ནི། །ཉན་ཐོས་རང་རྒྱལ་སྐུར་སྟོན་ལ། །སངས་རྒྱས་བྱང་སེམས་སྤྲུལ་པ་དང་། །རང་རྒྱུད་པ་དང་རྣམ་གསུམ་ཡོད། །ཚངས་དང་བརྒྱ་བྱིན་ལ་སོགས་པ། །འཇིག་རྟེན་ཆེ་དགུ་མཐའ་དག་དང་། །དུར་ཁྲོད་བདག་པོ་ཤ་ཟའི་ཚོགས། །འཇིག་རྟེན་ཆ་ལུགས་ལྡན་རྣམས་དང་། །རི་བོང་སྟག་དང་སེང་གེ་སོགས། །རིགས་དྲུག་འགྲོ་བའི་གཟུགས་སྟོན་ཀུན། །སྔ་མ་བཞིན་དུ་རྣམ་གསུམ་ཡོད། །དེ་འདྲའི་རྣམ་དབྱེ་མདོ་རྒྱུད་ཀྱི། །དགོངས་པ་ཡིན་ཕྱིར་སངས་རྒྱས་ཀྱི། །རྣམ་འཕྲུལ་མཐའ་ཡས་ཤེས་པར་བྱ། །ལ་ལ་རྒྱུད་སྡེ་འོག་མ་ལ། །དབང་བཞི་མེད་པས་དེ་ལ་ནི། །ལྟོས་པའི་རིམ་པ་གཉིས་མེད་ཀྱང་། །རིམ་གཉིས་ངེས་པར་འདོད་དགོས་ཏེ། །རྡོ་རྗེ་ཐེག་པའི་གཞུང་ཡིན་ཕྱིར། །དེ་ཡང་སངས་རྒྱས་ཕྲིན་ཡིག་ལས། །བཅོམ་ལྡན་ཁྱོད་ཀྱིས་གསང་སྔགས་ལམ། །རིམ་པ་གཉིས་སུ་བསྡུས་ཏེ་བསྟན། །ཞེས་གསུངས་སྡོམ་གསུམ་རབ་དབྱེ་ལས། །དབང་དང་རིམ་གཉིས་མི་ལྡན་པས། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །ཞེས་གསུངས་པ་ཡི་ཕྱིར་ཞེས་ཟེར། །འོ་ན་རྒྱུད་སྡེ་འོག་མ་ལའང་། །དབང་བཞི་ཡོད་པ་ཉིད་འགྱུར་ཏེ། །རྡོ་རྗེ་ཐེག་པའི་གཞུང་ཡིན་ཕྱིར། །དེ་ཡང་བསྟན་བཅོས་འདི་ཉིད་ལས། །རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །མྱུར་དུ་སངས་རྒྱས་ཐོབ་འདོད་ན། །སྨིན་གྲོལ་གཉིས་ལ་འབད་དགོས་པའི། །སྨིན་བྱེད་དབང་བཞི་ཉིད་ལ་ནི། །གསུངས་ཤིང་གཞན་ཡང་དེ་ཉིད་ལས། །གལ་ཏེ་གསང་སྔགས་བསྒོམ་འདོད་ན། །ནོར་པ་མེད་པའི་དབང་བཞི་ལོངས། །ཞེས་སོགས་མཚུངས་པར་གསུངས་ཕྱིར་རོ། །དབང་བསྐུར་བཞི་ལ་མ་ལྟོས་པའི། །རིམ་གཉིས་སྔོན་མེད་གཏམ་ཡིན་ཏེ། །ས་བོན་འདེབས་ལ་མ་ལྟོས་པའི། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །བློ་ཡིས་རིམ་གྱིས་ལྷ་བསྐྱེད་ཙམ། །བསྐྱེད་པའི་རིམ་པའི་དོན་མིན་ཏེ། །བསྐྱེད་རིམ་སྦྱང་གཞི་སྦྱོང་བྱེད་གཉིས། །སྦྱར་བ་ཉིད་ལ་གསུངས་ཕྱིར་རོ། །མཚན་མེད་རྣལ་འབྱོར་བསྒོམ་པ་ཙམ། །རྫོགས་པའི་རིམ་པའི་དོན་མིན་ཏེ། །རྫོགས་རིམ་ལུས་ངག་ཡིད་གསུམ་ནི། །རྫོགས་པ་ཉིད་ལ་གསུངས་ཕྱིར་རོ། །ཁ་ཅིག་བསྐྱེད་རྫོགས་རྣམ་གཉིས་ལ། །སྣང་བ་ལྷ་རུ་འཆར་བའི་དོན། །ཡིད་ངོར་རྟེན་དང་བརྟེན་པ་ཡི། །ལྷ་དང་ཡེ་ཤེས་བསྒོམ་པའི་ཚེ། །རྟོག་གཉིས་ཅིག་ཆར་མི་འཇུག་པས། །ཡིད་ངོའི་སྣང་བ་དེར་འཆར་བའི། །དོན་ཡིན་ཕྱི་རོལ་སྣང་བ་ཀུན། །ལྷ་རུ་འཆར་བ་མ་ཡིན་ཏེ། །ལོག་ཤེས་ཉིད་དུ་ཐལ་ཕྱིར་དང་། །ཕྱི་རོལ་སྣང་བ་ལྷར་བསྒོམ་པས། །ལྷ་རུ་འགྱུར་བ་མ་ཡིན་ཏེ། །རང་བཞིན་རྣམ་དག་ལྷ་མིན་ཕྱིར། །སོལ་བ་རྡར་བས་དུང་བཞིན་ནོ། །ཞེས་པས་གྲུབ་མཐའ་འཛུགས་པ་མཐོང་། །འདི་ནི་རྣལ་འབྱོར་བླ་མེད་ཀྱི། །གནད་བཅོས་པ་ཡི་བདུད་ཀྱི་ཚིག །ཡིན་ཕྱིར་ལུང་དང་རིགས་པ་དང་། །ཁས་བླངས་འགལ་བས་དགག་པར་བྱ། །དེ་ཡང་གསང་བ་འདུས་པ་ལས། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་གསུངས་དེ་དོན་སྤྱོད་བསྡུས་ལས། །ཐ་མལ་དངོས་པོ་རིགས་རྣམས་བརྒྱར། །ཕྱེ་ནས་དེ་དག་འདུས་པ་ཡི། །དམ་པ་རིགས་བརྒྱར་བསྒོམ་ཚུལ་གསུངས། །འདི་དང་ཁྱོད་ཀྱི་གྲུབ་མཐའ་འགལ། །དེ་བཞིན་ཀྱེ་རྡོར་རྩ་རྒྱུད་ལས། །ཕུང་པོ་ལྔ་དང་ཉོན་མོངས་ལྔ། །ཁམས་ལྔ་བཞི་དང་སྐྱེ་མཆེད་དྲུག །བདག་མེད་ལྷ་མོ་བཅོ་ལྔ་ཡི། །ལྷ་རུ་བསྒོམ་པར་གསུངས་པ་འདི། །ཁྱོད་ཀྱི་གྲུབ་མཐའི་གཉེན་པོ་ཡིན། །དེ་བཞིན་བདེ་མཆོག་བཤད་རྒྱུད་ལས། །ཕུང་པོ་སྐྱེ་མཆེད་ཁམས་བཅུ་བདུན། །རྣམ་སྣང་ལ་སོགས་སངས་རྒྱས་སུ། །བསྒོམ་པར་གསུངས་ཤིང་སོ་སེན་སོགས། །ལུས་ཀྱི་ཁམས་ནི་ཉི་ཤུ་བཞི། །དཔའ་བོ་ཉི་ཤུ་རྩ་བཞིར་ནི། །བསྒོམ་པར་གསུངས་དང་དེ་བཞིན་དུ། །འཕགས་ཡུལ་གྲུབ་ཐོབ་གསུང་རྣམས་དང་། །བོད་ཡུལ་སྔོན་གྱི་སྔགས་འཆང་གི །མན་ངག་ཐམས་ཅད་ཁྱོད་ཀྱི་ནི། །གྲུབ་མཐའ་འདི་ཡི་གཉེན་པོ་ཡིན། །དེས་ན་སྤང་བྱ་དེ་དོར་བྱ། །སྣང་བ་ལྷ་མི་ངོ་བོར་ནི། །རང་བཞིན་གྱིས་ནི་རྣམ་དག་ན། །དེ་བསྒོམ་ལྷ་རུ་མི་འགྱུར་དང་། །དེ་འཆར་ལོག་ཤེས་ཡིན་པ་འགལ། །ལྷ་ཡི་ངོ་བོར་རང་བཞིན་གྱིས། །རྣམ་དག་མ་ཡིན་བརྟག་གཉིས་ལས། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་གསུངས་དེ་ཡི་སྒྲུབ་བྱེད་དུ། །ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་གསུངས་པ་དང་འགལ་བར་འགྱུར། །དེ་ཉིད་དག་པ་དང་པོ་ཡི། །སྒྲུབ་བྱེད་ཡིན་གྱི་ལྷ་ཡི་ནི། །དག་པའི་སྒྲུབ་བྱེད་མིན་སྙམ་ན། །ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །བཞིན་ལག་ཁ་དོག་གནས་པ་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་གསུངས་པ་དང་ཅིས་མི་འགལ། །གཞན་ཡང་ལུགས་འདི་སྨྲ་བ་པོས། །སྦྱང་གཞི་མ་འོངས་འབྱུང་འགྱུར་གྱི། །སྐྱེ་འཆི་བར་དོ་ཁོ་ན་དང་། །སྦྱོང་བྱེད་གནས་སྐབས་དེ་ཉིད་ཀྱི། །བསྐྱེད་པའི་རིམ་པ་ཁོ་ན་དང་། །སྦྱོང་ཚུལ་ཆོས་གསུམ་དོད་དུ་ནི། །སྐུ་གསུམ་འབྱུང་བར་སྒྲོ་བཏགས་པ། །གཞན་དུ་བཀག་ཟིན་བལྟ་བར་བྱ། །ཁ་ཅིག་སྣང་བའི་དངོས་ཀུན་ལ། །མཚན་ཉིད་གསུམ་དུ་ཕྱེ་བ་ཡི། །ཀུན་བརྟགས་གཞན་དབང་ཀུན་རྫོབ་ཉིད། །ཡིན་ཕྱིར་ལྷ་རུ་བསྒོམ་བྱ་མིན། །ཡོངས་གྲུབ་དོན་དམ་ལྷ་ཡིན་ཕྱིར། །བསྒོམས་པས་ལྷ་རུ་འགྱུར་བ་སྟེ། །གློ་བུར་དྲི་མ་བྲལ་བའི་ཚེ། །དོན་དམ་ལྷ་ཉིད་མངོན་འགྱུར་ཕྱིར། །རྒྱུད་ལས་ཕུང་ཁམས་སྐྱེ་མཆེད་སོགས། །དངོས་ཀུན་ལྷ་རུ་གསུངས་པ་ཡང་། །འདི་ལ་དགོངས་ཏེ་དེ་དག་གི །ཡོངས་གྲུབ་ལྷ་ཉིད་ཡིན་ཕྱིར་རོ། །ཡེ་ཤེས་ཚོགས་བསག་དུས་སུ་ཡང་། །སྤྲོས་བྲལ་ཉིད་ལ་ཨ་ཧཾ་ཞེས། །ང་རྒྱལ་འཇོག་པའང་འདི་ཉིད་དེ། །འོག་ཏུ་ལྷ་ནི་བསྒོམ་ཕྱིར་ལོ། །འདི་ལ་ལུང་རིགས་ཁས་བླངས་དང་། །འགལ་བ་གསུམ་ལས་ལུང་འགལ་ནི། །ཀྱེ་རྡོར་རྩ་བའི་རྒྱུད་ཉིད་ལས། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །ཞེས་སོགས་དེ་བཞིན་ཉིད་ཀྱི་ནི། །ཕྱི་ནས་ཀུན་རྫོབ་སྤྲོས་པ་ཀུན། །ལྷ་རུ་བསྒོམ་པར་གསུངས་པ་དང་། །ཁྱོད་ཀྱི་གྲུབ་མཐའ་འདི་ཉིད་འགལ། །བསྒོམ་གཞི་ཆོས་དབྱིངས་ཉིད་ཡིན་ན། །རེ་རེ་ཞེས་པ་དང་འགལ་ཏེ། །རེ་རེ་ཞེས་པ་སོ་སོའི་ཚིག །ཆོས་དབྱིངས་སོ་སོར་མེད་ཕྱིར་རོ། །དེ་བཞིན་བརྟག་པ་ཕྱི་མར་ཡང་། །ཀུན་རྫོབ་གཟུགས་སུ་གནས་ནས་ནི། །དེ་རྣམས་བདེ་གཤེགས་རིགས་སུ་འགྱུར། །བུད་མེད་རྣམས་ཀྱི་མཚན་ཉིད་འདི། །ཇི་ལྟར་སྐྱེས་པ་དེ་བཞིན་ནོ། །ཀུན་རྫོབ་ཐ་སྙད་ཚུལ་ལས་ནི། །དེ་ཡི་རིགས་སུའང་དེ་འགྱུར་རོ། །ཞེས་གསུངས་བཤད་རྒྱུད་གུར་ལས་ཀྱང་། །དོན་ལ་འགལ་བ་ཡོད་མིན་ཡང་། །རྒྱལ་བའི་དངོས་པོས་སྦྱངས་པ་ཡོད། །ཀུན་རྫོབ་གཟུགས་སུ་གནས་ནས་ནི། །འཁོར་ལོའི་གཟུགས་ཀྱི་ཆོས་ཙམ་བརྟག །ཅེས་གསུངས་དེ་བཞིན་གསང་འདུས་ལ། །སོགས་པའི་རྒྱུད་སྡེ་ཐམས་ཅད་ལས། །ཀུན་རྫོབ་སྤྲོས་པའི་དབྱེ་བ་ཀུན། །ལྷ་རུ་བསྒོམ་པར་གསུང་དང་འགལ། །རིགས་པས་ཀྱང་ནི་གནོད་པ་སྟེ། །གཞན་དབང་གིས་བསྡུས་ཆོས་ཅན་ལ། །ཐ་མལ་རྣམ་རྟོག་ཡོད་པའི་ཕྱིར། །དེ་དག་ལྷ་རུ་བསྒོམ་དགོས་ཏེ། །གཞན་དུ་སྲིད་པའི་འཆིང་བ་ལས། །གྲོལ་བའི་ཐབས་ནི་མེད་པར་གསུངས། །དེ་ཡང་ཡེ་ཤེས་ཞབས་ཉིད་ཀྱིས། །ཐ་མལ་རྣམ་རྟོག་རྒྱུན་དེ་ལས། །གཞན་དུ་སྲིད་པའི་འཆིང་བ་མེད། །དེ་དང་རྣམ་པ་འགལ་བའི་སེམས། །གང་ཡིན་ཀུན་རྟོག་སྣང་མི་འགྱུར། །ཞེས་གསུངས་པ་ཡིས་ལེགས་པར་གྲུབ། །ཆོས་དབྱིངས་སྤྲོས་བྲལ་རང་ངོས་ནས། །ལྷ་རུ་བསྒོམ་ན་སྤྲོས་མེད་ལ། །སྤྲོས་པར་བྱས་ཕྱིར་སྤྲོས་པ་གཞན། །འགོག་པའི་ཐབས་ནི་མེད་པར་འགྱུར། །དེ་སྐད་དུའང་བརྟག་གཉིས་ལས། །བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིཾས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །སྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་པ་སྤྲོས་པ་སྤྲོས་མེད་དུ། །བྱེད་པའི་ལུང་ཡིན་བཟློག་པ་མིན། །སྒྲ་དང་རྟོག་པའི་ཡུལ་གྱུར་པའི། །ཆོས་དབྱིངས་ཀུན་རྫོབ་ཡིན་པའི་ཕྱིར། །ཐ་མལ་རྣམ་རྟོག་བཟློག་ཆེད་དུ། །རྡོ་རྗེ་སེམས་དཔའ་འམ་ཆོས་དབྱིངས་མར། །བསྒོམ་པར་རྒྱུད་གཞུང་རྣམས་ལས་གསུངས། །འདི་ཡང་ཀུན་རྫོབ་ལྷར་བསྒོམ་ཞིང་། །དོན་དམ་སྤྲོས་བྲལ་རང་ངོས་ནས། །ལྷར་མི་བསྒོམ་པའི་རིགས་པ་ཡིན། །གང་ལ་སྨད་ན་རྩ་བ་ཡི། །ལྟུང་བ་བརྒྱད་པ་འབྱུང་བའི་གཞི། །ཆོས་ཉིད་ཡིན་ན་རིགས་པས་གནོད། །ཆོས་ཅན་ཡིན་ན་ཁས་བླངས་འགལ། །ཁས་བླངས་འགལ་བ་བསྟན་བྱ་སྟེ། །བསྐྱེད་པའི་རིམ་པས་ཐུན་མོང་ཉིད། །འགྲུབ་ཀྱི་མཆོག་མི་འགྲུབ་པ་དང་། །བསྐྱེད་པའི་རིམ་པས་གང་བསྒོམ་པ། །དོན་དམ་ཆོས་སྐུ་ཡིན་པ་འགལ། །བསྐྱེད་རིམ་བསྒོམ་པའི་འབྲས་བུ་ནི། །གཟུགས་སྐུ་ཡིན་ན་ཆོས་ཉིད་ནི། །གཟུགས་སྐུར་འགྱུར་བ་བཟློག་ཏུ་མེད། །དེ་ཡང་འདོད་ན་གཟུགས་ཀྱི་སྐུ། །ཀུན་རྫོབ་ཡིན་ཞིང་ཆོས་ཀྱི་སྐུ། །དོན་དམ་ཡིན་པར་ཁས་བླངས་པའི། །རང་གི་གྲུབ་མཐའ་ཉིད་དང་འགལ། །བསྐྱེད་རིམ་གཟུགས་སྐུའི་རྒྱུ་མིན་ན། །རྫོགས་རིམ་ཆོས་སྐུའི་རྒྱུ་ཉིད་དུ། །འགྲུབ་པར་མི་འགྱུར་བསྐྱེད་རྫོགས་གཉིས། །སྐུ་གཉིས་རྒྱུར་ནི་རྒྱུད་ལས་གསུངས། །སྦྱང་གཞི་སྦྱོང་བྱེད་འཆོལ་བ་ཡི། །རྣམ་གཞག་ངན་པ་འདི་དོར་ལ། །དོན་དམ་སྤྲོས་བྲལ་མ་རྟོགས་པས། །ཀུན་རྫོབ་འཁོར་བའི་ཕུང་སོགས་ཀྱི། །སྣང་བ་སྣ་ཚོགས་འབྱུང་བ་ཀུན། །འཆིང་གྲོལ་ཀུན་གྱི་གཞི་ཡིན་པས། །ལྷ་ཡི་ངོ་བོར་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ལྷར་བསྒོམས་པས། །ལྷ་རུ་འགྱུར་བར་གསུངས་པ་འདི། །རྒྱུད་དང་གྲུབ་པའི་གཞུང་བཟང་གི །དགོངས་པ་ཡིན་ཕྱིར་གསེར་རྒྱན་ལྟར། །བློ་གྲོས་ལུས་ལ་འདོགས་པར་གྱིས།། ༈ །།ད་ནི་ལམ་གྱི་ཡན་ལག་དང་། །འཕྲལ་གྱི་ལག་ལེན་འགའ་ཞིག་ཀྱང་། །འཁྲུལ་ན་བསྟན་ལ་གནོད་མཐོང་ནས། །ཆེ་ལོང་ཙམ་ཞིག་བརྗོད་པར་བྱ། །ལྷ་རྣམས་ཚིམ་པར་བྱ་བ་དང་། །སྔགས་ཀྱི་འབྲས་བུ་འབྱིན་པའི་ཕྱིར། །རྫས་སྔགས་གྲངས་མཉམ་བགྲངས་པ་ཡི། །སྦྱིན་བསྲེག་བྱ་བར་རྒྱུད་ལས་གསུངས། །དེང་སང་སྦྱིན་སྲེག་བྱེད་པ་འགའ། །རྫས་སྔགས་བཅུ་ཙམ་ཡུན་ཚོད་ལ། །གཅིག་བཅུ་ཉི་ཤུ་སུམ་ཅུ་སོགས། །བརྗོད་ནས་བརྒྱ་ཐམ་ཐལ་ལོ་ཞེས། །སྐད་པོ་ཆེ་ཡིས་ལོགས་ནས་བགྲངས། །དེ་ཡང་སྦྱིན་སྲེག་གྲངས་སུ་བྱེད། །འཆི་བསླུའི་ཚེ་ན་འཆི་བདག་ལ། །བྲེ་སྲང་ཞོ་ཆས་རྫས་གཞལ་ཚེ། །འདི་འདྲའི་མགོ་སྐོར་བྱེད་པ་བཤད། །སོ་སོ་སྐྱེ་བོས་སངས་རྒྱས་ལ། །མགོ་སྐོར་བྱེད་པ་ཨེ་མ་མཚར། །འདི་ཡིས་འབྲས་བུ་ཅི་ཞིག་འགྲུབ། །དེས་ན་རྫས་སྔགས་རེ་རེ་བཞིན། །བགྲངས་པའི་གྲངས་ཀྱིས་ལས་བཞི་ལ། །སོ་སོའི་རྫས་སྔགས་གཙོར་བྱས་པའི། །བསྙེན་པའི་བཅུ་ཆ་བསྒྲུབ་པར་བྱ། །ཁ་ཅིག་གཏོར་མགྲོན་ལ་སོགས་པའི། །མདུན་བསྐྱེད་གཤེགས་ཚེ་དམ་ཚིག་པ། །གཤེགས་ནས་ཡེ་ཤེས་པ་རང་ལ། །བསྡུ་སྟེ་དེ་ཡི་རྒྱུ་མཚན་ཡང་། །དེ་གཉིས་བཟང་ངན་ཐ་དད་ཕྱིར། །ངན་པ་གཤེགས་ནས་བཟང་པོ་ནི། །རང་ལ་བསྡུ་བ་ཡིན་ཞེས་ཟེར། །འདི་འདྲ་བླུན་པོའི་རིགས་པ་སྟེ། །འོ་ན་མགྲོན་བཟང་བོས་པའི་ཚེ། །བསྙེན་བཀུར་བྱས་རྗེས་མགྲོན་བཟང་ཉིད། །འཁོར་དུ་བསྡུས་ནས་དེའི་ཚབ་ཏུ། །གཡོག་ངན་གཞན་ཞིག་གཏོང་དགོས་འགྱུར། །ཡོ་གར་བདག་ཉིད་དམ་ཚིག་པར། །བསྐྱེད་ནས་ཡེ་ཤེས་པ་བཅུག་སྟེ། །ཆོ་ག་ཚར་ནས་གཤེགས་པའི་ཚེ། །ཚུལ་འདི་ཅི་ཡི་ཕྱིར་མི་མཚུངས། །ལུང་རིགས་མན་ངག་མེད་པ་ཡི། །གྲུབ་མཐའ་བླུན་པོའི་ཁྱད་ནོར་ཡིན། །དེ་གཉིས་བཟང་ངན་ཐ་དད་དུ། །འཛིན་པ་ཡོད་པ་དེ་ཉིད་ཀྱིས། །སྤྱན་དྲངས་པ་ཉིད་གཤེགས་དགོས་ཏེ། །ཚོགས་བསག་ཞིང་ཙམ་ཡིན་པའི་ཕྱིར། །བཟང་ངན་ཐ་དད་འཛིན་མེད་ན། །དེ་འདྲའི་བླང་དོར་བྱ་ཅི་དགོས། །མི་འཁྲུག་མགོན་པོའི་དཀྱིལ་འཁོར་སོགས། །ཚུལ་བཞིན་བྲིས་ནས་གནམ་རྒྱན་ལ། །བཏགས་པས་དེ་འོག་འགྲོ་རྣམས་ཀྱི། །བསོད་ནམས་སྤེལ་ཕྱིར་མཁས་རྣམས་མཛད། །འདི་ལ་ཁ་ཅིག་འཁོར་གྱི་དབུ། །ཕྱིར་བསྟན་བྲིས་ན་བློས་སློང་ཚེ། །དབུ་རྣམས་ཐུར་བསྟན་འབྱུང་བས་ན། །ལྷ་མགོ་ནང་དུ་བསྟན་ཞེས་ཟེར། །འོ་ན་གཞལ་ཡས་ཁང་ལ་ཡང་། །མདའ་ཡབ་པུ་ཤུ་ལ་སོགས་པ། །ནང་ནས་རིམ་བཞིན་བྲིས་ནས་ནི། །རྩིག་པ་ཕྱི་རུ་འདྲི་དགོས་འགྱུར། །དེ་ལྟར་བྱས་ཀྱང་གཞལ་ཡས་ཀྱི། །སྟེང་དུ་འོག་གཞི་འབྱུང་བའི་ཕྱིར། །ལྷ་སོགས་མཚན་མ་གཏན་མེད་པར། །འོག་གཞི་ཁོ་ན་འདྲི་དགོས་འགྱུར། །གཙོ་ཞལ་ཤར་བསྟན་འདྲི་ན་ནི། །བློས་སློང་ཚེ་ན་ནུབ་བསྟན་འགྱུར། །ནུབ་བསྟན་འདྲི་ན་དེ་འདྲ་བའི། །དཀྱིལ་འཁོར་རྒྱ་བོད་སུ་ཡིས་བྱས། །འོག་གཞིར་སྤྱི་གཙུག་བསྟན་ནས་ནི། །ཕྱི་ནས་སློང་ན་མགོ་མཇུག་བསྒྱུར། །ནང་ནས་སློང་ན་གཙོ་བོ་ལ། །རྒྱབ་བསྟན་གསུམ་ལས་མ་འདས་པས། །འདི་འདྲའི་དཀྱིལ་འཁོར་ཡུལ་ཕྱོགས་དེའི། །གཙོ་འཁོར་ཀུན་གྱི་རྟེན་འབྲེལ་ལ། །གནོད་ཕྱིར་རྒྱལ་པོའི་ཁྲིམས་ཡོད་ན། །རྣམ་པ་ཀུན་ཏུ་དགག་པར་རིགས། །ལོགས་ལ་དཀྱིལ་འཁོར་འདྲི་བ་ལ། །བློས་སློང་ཚེ་ན་ཇི་ལྟར་འགྱུར། །དེ་བཅོས་པ་ཡི་ཐབས་སུ་ནི། །འདྲི་ལུགས་ཅི་ཡིན་སྨྲ་དགོས་སོ། །དེས་ན་ས་ལ་བཀྲམ་པའམ། །ལོགས་ལ་འགྲེམས་སམ་གནམ་རྒྱན་ལ། །འདོགས་པ་གང་ཞིག་ཡིན་ཡང་རུང་། །འདྲི་ལུགས་ཁྱད་མེད་ཤེས་དགོས་སོ། །སྨན་བླའི་ཕོ་བྲང་ཞེས་བྱ་བ། །དཀྱིལ་འཁོར་ལྷ་རྣམས་ཙ་ཀ་ལིར། །བྲིས་པ་ཁ་ཕྱིར་བསྟན་ནས་ནི། །མཆོད་རྟེན་བང་རིམ་ལྟ་བུར་བྱེད། །མིག་ལམ་མཛེས་པ་ལྟར་སྣང་བས། །ཉང་ཤབ་གཙང་གི་ཕྱོགས་འདིར་དར། །འདི་ཡང་ཉང་སྟོད་སྒོམ་ཆེན་གྱི། །ཉམས་སྣང་ལས་བྱུང་ཡིན་པར་གྲགས། །ཉམས་སྣང་བདུད་ཀྱི་མིན་ན་རུང་། །མདོ་རྒྱུད་བསྟན་བཅོས་རྣམ་དག་ལས། །འདི་འདྲའི་དཀྱིལ་འཁོར་གསུངས་པ་མེད། །དེས་ན་ཅིར་འགྱུར་བརྟག་དགོས་སོ། །རྟེན་གྱི་གཞལ་ཡས་ཁང་མེད་པར། །ལྷ་ཡི་བཀོད་པ་ཙམ་ཡིན་ན། །རུང་མོད་འདི་ལ་གཙོ་བོ་མེད། །ཁོང་སྟོང་བཞག་པས་མི་ཤིས་སོ། །གལ་ཏེ་སྟེང་དུ་པོ་ཏི་ཉིད། །བཞག་པ་གཙོ་བོ་ཡིན་སྙམ་ན། །དེ་ལྟ་ཡིན་ན་གཙོ་བོ་ལ། །འཁོར་གྱི་ལྷ་རྣམས་རྒྱབ་བསྟན་པས། །ཕྱི་ནང་རྟེན་འབྲེལ་ཀུན་ལ་གནོད། །བོད་ཀྱི་འབངས་རྣམས་རྒྱལ་པོ་ལ། །ངོ་ལོག་བྱེད་པ་ལ་སོགས་ཀྱང་། །དེ་ནས་དར་བས་སྤང་བར་བྱ། །མཆོད་རྟེན་ལོགས་ལ་ལྷ་བྲི་བ། །བཤད་པ་མེད་མོད་བྱེད་ན་ཡང་། །དཀྱིལ་འཁོར་རྣམ་གཞག་མ་ཡིན་པས། །བསོད་ནམས་བསག་ཕྱིར་འགལ་བ་མེད། །འདི་ཡི་ཚུལ་ལུགས་ཞི་བ་འཚོས། །བྱ་རྒྱུད་སྤྱི་ཡི་དཀྱིལ་འཁོར་དང་། །མཐུན་པའི་རྣམ་གཞག་གསུངས་པ་ཉིད། །ཉམས་སུ་བླངས་ན་དགེ་ལེགས་འབྱུང་། །ཁ་ཅིག་ངན་སོང་སྦྱོང་རྒྱུད་ནས། །གསུངས་པའི་ཆོ་ག་མི་བྱེད་པར། །གཤིན་པོའི་མིང་བྱང་བསྲེགས་པ་ཡིས། །དད་རྫས་མང་དུ་ལེན་པ་མཐོང་། །དཀོན་མཆོག་བརྩེགས་པའི་མདོ་སྡེ་ལས། །དད་རྫས་ཟ་བའི་ཉེས་མཐོང་ནས། །དགེ་སློང་ལྔ་བརྒྱས་བསླབ་པ་ཕུལ། །དེ་ལ་སྟོན་པས་ལེགས་ཞེས་གསུངས། །གཞན་ཡང་འདུལ་བའི་གཞུང་ལུགས་ལས། །མི་སློབ་པ་ནི་བདག་པོར་སྤྱོད། །སློབ་པ་བྱིན་པར་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་ཡི། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །ཅེས་གསུངས་སྔོན་གྱི་སྐྱེས་ཆེན་འགས། །སྟོང་ཉིད་འཇུ་རྩི་མ་རྟོགས་པ། །དད་རྫས་འཇུ་བ་ངས་མ་མཐོང་། །ཞེས་གསུངས་ཡིད་ལ་བཞག་ནས་ནི། །དད་རྫས་འཇུ་བར་འདོད་གྱུར་ན། །ཚུལ་ཁྲིམས་རྣམ་དག་དང་ལྡན་པས། །བསམ་གཏན་ཀློག་ལ་བརྩོན་པར་བྱ། །ཁྱད་པར་གཤིན་པོ་རྗེས་འཛིན་ན། །ངན་སོང་སྦྱོང་རྒྱུད་ལ་སོགས་ལས། །གསུངས་པའི་ཆོ་ག་ཚུལ་བཞིན་དུ། །བྱ་བར་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འདི་ལ་གཟབ་པར་བྱ། །དཀྱིལ་འཁོར་ལྷ་བཀོད་ཚངས་དབང་དང་། །གནོད་སྦྱིན་བཅུ་གཉིས་རྒྱལ་ཆེན་རྣམས། །སངས་རྒྱས་འཇིག་རྟེན་སྐུར་སྟོན་པ། །ཡིན་ཕྱིར་ཕྱག་མཆོད་སྐྱབས་འགྲོ་དང་། །འཁོར་གྱི་བདུན་འབུམ་དང་བཅས་ལ། །ཕྱག་མཆོད་སྐྱབས་འགྲོ་མི་བྱེད་ཀྱང་། །ཕྲིན་ལས་འཆོལ་བ་ཞི་འཚོས་གསུངས། །དེང་སང་རྣམ་དབྱེ་མི་ཤེས་པར། །ཁ་ཅིག་དཀྱིལ་འཁོར་ནང་བཀོད་ཀྱང་། །འཇིག་རྟེན་པར་འདོད་སྔར་བཀག་ཟིན། །ལ་ལ་འཁོར་གཡོག་བདུན་འབུམ་ལ། །ཕྱག་འཚལ་སྐྱབས་སུ་འགྲོ་བ་མཐོང་། །འདི་ནི་སྐྱབས་འགྲོའི་བསླབ་བྱ་ལ། །གནོད་པས་ཞི་འཚོས་མི་བཞེད་དེ། །འཁོར་གཡོག་བདུན་འབུམ་ཕལ་ཆེ་བ། །འཇིག་རྟེན་རང་རྒྱུད་པ་ཡིན་ཕྱིར། །དེ་དག་འདུལ་བའི་ཆེད་དུ་ནི། །དེ་དང་མཐུན་པའི་སྐུར་སྟོན་པ། །སངས་རྒྱས་འཇིག་རྟེན་སྐུར་སྟོན་པའི། །དགོས་པ་ཡིན་ཕྱིར་གཞན་ལའང་སྦྱར། །རྟེན་གྱི་ནང་རྫོང་གཟུངས་དྲིལ་ཚེ། །ཕལ་ཆེར་མཐའ་ནས་སྒྲིལ་བ་མཐོང་། །དེ་ཚེ་ཨོྃ་སོགས་སྔགས་ཀྱི་མགོ །ཕྱི་རུ་འབྱུང་ཞིང་སྔགས་མཇུག་རྣམས། །དབུས་སུ་འབྱུང་ཕྱིར་འདི་ཡང་ནི། །ཕྱི་ནང་རྟེན་འབྲེལ་ཀུན་ལ་གནོད། །མགོ་ནས་སྒྲིལ་ན་སྔགས་ཀྱི་མགོ །དབུས་སུ་འབྱུང་ཕྱིར་བླང་བར་བྱ། །འདི་ནི་རྡོ་རྗེ་་་་་་ཁ་སྐོང་གི་དཔེ་ཕལ་ཆེར་དུ་འདི་བཞིན་སྣང་ཡང་ཚིག་འདི་སྒྲ་ཇི་བཞིན་ད་ལྟའི་རྩེ་མོ་ན་མེད། འགྱུར་གཞན་ཡོད་ན་མ་ངེས་སོ།། རྩེ་མོ་ལས། །ཡི་གེ་ཨོྃ་ནི་ཅི་ཡིན་བརྗོད། །དཔལ་དང་གྲགས་དང་གཡང་དང་ནི། །སྐལ་བཟང་རྣམ་པ་དང་ལྡན་པ། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་གསུངས་པ་དང་མཐུན་པ་སྟེ། །དམ་པ་གོང་མའི་ཕྱག་ལེན་ཡིན། །གནོད་སྦྱིན་ཕོ་མོའི་འཁོར་ལོ་གཉིས། །ཁ་སྦྱར་རྟེན་གྱི་ཞབས་སྡོམ་དུ། །བྱས་ན་དཔལ་འབྱོར་འབྲས་འབྱུང་བར། །དཔའ་བོ་གྲུབ་པའི་རྒྱུད་ལས་གསུངས། །འདི་ལ་ཁ་ཅིག་སྔགས་ཀྱི་མགོ །ནང་བསྟན་བྱེད་པ་སྔར་བཀག་ཟིན། །ལ་ལ་ཕོ་འཁོར་འོག་ཏུ་འདོད། །ཕོ་འཁོར་གཙོ་བོ་ཡིན་ན་ནི། །ཚུལ་འདི་ཤིན་ཏུ་འཐད་གྱུར་ཏེ། །གཤེད་དམར་ལྷ་ལྔའི་བྲིས་སྐུ་བཞིན། །རྒྱུད་ལས་མོ་འཁོར་གཙོ་བོར་གསུངས། །དེ་ཚེ་མོ་འཁོར་འོག་ཉིད་དུ། །འབྱུང་སྟེ་སྒྲོལ་མ་བླ་མེད་བཞིན། །དེས་ན་གཙོ་མོ་ནོར་རྒྱུན་མའི། །མདུན་དང་རྟེན་གྱི་མདུན་གཉིས་པོ། །ཕྱོགས་གཅིག་འབྱུང་ན་འཁྲུལ་པ་མེད། །དེ་སོགས་གསུང་རབ་ནས་བཤད་པའི། །འཕྲལ་གྱི་ལག་ལེན་ཐམས་ཅད་ཀྱང་། །མཁས་ལ་དྲིས་ནས་དག་པར་བྱ། །དེ་ལས་དཔལ་འབྱོར་ཕུན་ཚོགས་འབྱུང་། །རིམ་མམ་ཅིག་ཆར་དྲངས་ཀྱང་རུང་། །སྡོམ་གསུམ་ཆོ་གར་ལྡན་བྱས་ནས། །རྡོ་རྗེ་ཐེག་པའི་ཉམས་ལེན་དུ། །གསུམ་ཆར་བསྲུང་བ་སྔགས་སྡོམ་ཡིན། །རིག་པ་འཛིན་པའི་སྡོམ་པའི་སྐབས་ཏེ་བཞི་པའོ།། ༈ །།དེ་ལྟར་སྡོམ་གསུམ་ལྡན་པ་ཡིས། །རིམ་གཉིས་ཟབ་མོའི་ལམ་བསྒོམས་ན། །ཚེ་འདིའམ་བར་དོ་ལ་སོགས་སུ། །ཐམས་ཅད་མཁྱེན་པའི་གོ་འཕང་འགྲུབ། །འདི་ལ་སོ་སོ་སྐྱེ་བོ་ཡིས། །དབང་དང་རིམ་གཉིས་ལས་བྱུང་བའི། །ཡེ་ཤེས་ཕྱག་རྒྱ་ཆེ་བསྒོམས་པས། །མཚོན་བྱ་དོན་གྱི་ཡེ་ཤེས་འཐོབ། །འཕགས་པའི་ས་ལ་ཀྱེ་རྡོ་རྗེར། །གནས་སོགས་བཅུ་གཉིས་གསུངས་པ་ནི། །བྱང་ཆུབ་སེམས་དཔའི་སར་གསུངས་ཕྱིར། །སློབ་པའི་ལམ་གྱི་དབྱེ་བ་ཡིན། །དེ་ཚེ་ཕྱི་ནང་ཡུལ་ཆེན་ནི། །སུམ་ཅུ་རྩ་གཉིས་འདུས་པ་ལས། །གནས་ནས་ཉེ་བའི་འཐུང་གཅོད་བར། །བཅུ་གཉིས་ས་རྣམས་འགྲུབ་པར་གསུངས། །བདེ་མཆོག་ཉུང་ངུ་ཁ་སྦྱོར་ལས། །ཕ་རོལ་ཕྱིན་དང་སྒོ་བསྟུན་ནས། །གནས་ནས་ཉེ་བའི་དུར་ཁྲོད་བར། །ཉི་ཤུ་རྩ་བཞི་ས་བཅུར་བསྡུས། །འདི་ལའང་དཔེ་མེད་ཡེ་ཤེས་ལྡན། །བསྣན་པར་ཨ་བྷི་དྷ་ནར་གསུངས། །དེ་ཕྱིར་སློབ་ལམ་ས་བཅུ་གཉིས། །རྒྱུད་རྒྱལ་གཉིས་ཀ་དགོངས་པ་མཐུན། །ནང་དུ་སྦས་པའི་རྩ་ལྔ་དང་། །ཕྱི་རུ་ཡུལ་ཆེན་ལྷག་མ་ལྔ། །འདུས་པས་བཅུ་གསུམ་ས་བསྐྱེད་པར། །རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས། །འདི་ལ་ཁ་ཅིག་ཕ་རོལ་ཏུ། །ཕྱིན་པའི་ས་བཅུ་ལས་གཞན་པའི། །སློབ་ལམ་མེད་པས་ལྷག་མ་གཉིས། །བཅུ་པའི་ནང་དུ་འདུས་ཞེས་སྨྲ། །ཕྱི་རོལ་ཡུལ་ཆེན་སུམ་ཅུ་བདུན། །དབང་དུ་འདུས་པས་ལུས་ཀྱི་ནི། །རྩ་ཁམས་སུམ་ཅུ་སོ་བདུན་གྱི། །རླུང་སེམས་དབུ་མར་འདུས་པ་ལས། །ས་རྣམས་འགྲུབ་པའི་རྣམ་གཞག་ནི། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས། །གསུངས་པས་ཁས་ལེན་དེ་ཡི་ཚེ། །ལྷག་གཉིས་བཅུ་པར་ཇི་ལྟར་འདུས། །རྣལ་འབྱོར་ཆེན་པོའི་ས་ལམ་གྱི། །རྣམ་གཞག་མི་བྱེད་དེ་ཡི་ཚེ། །བཅུ་གསུམ་ས་ཡི་ཐ་སྙད་མེད། །དེ་ཚེ་དབྱེ་བསྡུ་དོན་མེད་དེ། །གཞན་ཡང་དཔེ་མེད་ཡེ་ཤེས་ལྡན། །ཆོས་ཀྱི་སྤྲིན་དུ་མི་འདུས་ན། །གཉིས་པོ་བཅུ་པར་ཇི་ལྟར་འདུས། །འདུས་ན་འཐུང་གཅོད་སོགས་གཉིས་ལས། །ཕྱེ་བའི་ཕྱི་ནང་ཡུལ་ཆེན་བརྒྱད། །ཉེ་བའི་དུར་ཁྲོད་དུ་འདུས་འགྱུར། །དགུ་པ་བཅུ་པ་གཉིས་ཀྱང་ནི། །བརྒྱད་པར་འདུས་ཞེས་མགོ་བསྒྲེ་ན། །ཆོས་མཐུན་ལན་ཉིད་ཇི་ལྟར་འདེབས། །ཕ་རོལ་ཕྱིན་པའི་གཞུང་ལུགས་ཀྱིས། །རྡོ་རྗེ་ཐེག་ལ་གནོད་མི་ནུས། །ནུས་ན་ཕ་རོལ་ཕྱིན་པ་ལའང་། །གྲུབ་མཐའ་འོག་མ་འོག་མ་ཡིས། །གོང་མ་གོང་མ་གནོད་པར་འགྱུར། །བསྐྱེད་རིམ་ལྷ་ཡི་རྣམ་གཞག་དང་། །འགལ་བའི་ཚུལ་ཡང་བརྗོད་པར་བྱ། །བདག་མེད་ལྷ་མོ་བཅོ་ལྔ་ཡི། །སྟེང་འོག་དབུས་ཀྱི་ལྷ་མོ་གསུམ། །གྷསྨ་རཱི་རུ་མི་འདུ་ན། །ས་གཉིས་བཅུ་པར་ཇི་ལྟར་འདུས། །འདུས་ན་ལྷ་མོའི་གྲངས་ངེས་ཉམས། །ས་ལམ་དེ་ལྟར་མི་སྦྱོར་ན། །རྩ་བའི་རྒྱུད་ལས་རྩ་སོ་གཉིས། །གསུངས་པ་བརྟག་པ་ཕྱི་མར་ནི། །རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེའི་རྣམ་པ་རྣམས་སུ་བརྗོད། །རྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་མར་གསུངས་འདི་དང་འགལ། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི། །བདེ་ཆེན་དམ་ཚིག་འཁོར་ལོ་ཡི། །ལྷ་རྣམས་གཞན་དུ་འདུས་མི་འདུས། །དཔྱད་པའི་རིགས་པ་སྔར་བཞིན་མཚུངས། །མདོར་ན་ཕ་རོལ་ཕྱིན་པ་ཡི། །ས་ལམ་རྣམ་གཞག་ཕྱེད་པའི་ཚེ། །བཅུ་གསུམ་ས་ཡི་ཐ་སྙད་མེད། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས། །གསུངས་པའི་ས་ལམ་རྣམ་གཞག་ལ། །བཅུ་གསུམ་ས་རུ་འབྱེད་པའི་ཚེ། །ཕ་རོལ་ཕྱིན་ལ་མངོན་ཞེན་ནས། །དེ་ཡི་ལུགས་དང་བསྟུན་མི་བྱ། །གསང་བ་ཆེན་པོའི་རྒྱུད་སྡེ་ལས། །ཕ་རོལ་ཕྱིན་དང་སྒོ་བསྟུན་པའི། །རྣམ་གཞག་གསུངས་པའང་དེ་ཉིད་ལས། །མངོན་ཞེན་ཆེ་རྣམས་དྲངས་ཕྱིར་གསུངས། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །མདོ་སོགས་ལ་ནི་རབ་ཞུགས་པའི། །འགྱོད་པ་ཟློག་པར་བྱེད་པ་དང་། །ཞེས་གསུངས་པ་ཡང་འདི་ལ་དགོངས། །ཁ་ཅིག་ཕ་རོལ་ཕྱིན་པ་ནས། །བཤད་པའི་སྐུ་གསུམ་ཡེ་ཤེས་བཞི། །རྡོ་རྗེ་ཐེག་པའི་བཅུ་གཅིག་ས། །ཡིན་ཕྱིར་དེ་ཡི་གོང་དུ་ཡང་། །བཅུ་གཉིས་བཅུ་གསུམ་བགྲོད་ཅེས་ཟེར། །འདི་ཡང་ཕ་རོལ་ཕྱིན་པ་ལས། །བཅུ་གཅིག་པར་བཤད་ལ་འཁྲུལ་ནས། །གྲངས་དང་མཚན་གཞི་ནོར་བར་ཟད། །བྱེ་བྲག་སྨྲ་བའི་གཞུང་ལུགས་ནས། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེའི་བར། །འབྲས་བུའི་རྣམ་གཞག་གང་བཤད་རྣམས། །རང་རང་གདུལ་བྱའི་བློ་ཉིད་ལ། །འཚམས་པའི་ཡོན་ཏན་ལྡོག་པ་ཉིད། །སྨོས་པའི་ཁྱད་པར་མ་གཏོགས་པ། །མཐར་ཐུག་འབྲས་བུར་ཁྱད་པར་མེད། །དཔེར་ན་ཤཱཀ་ཐུབ་ཡོན་ཏན་བཞིན། །གཞུང་དེར་འབྲས་བུར་བཤད་པ་རྣམས། །དེ་ཡི་ལམ་གྱིས་ཐོབ་དགོས་ན། །དངོས་སྨྲའི་གཞུང་ལས་བཤད་པ་ཡི། །འབྲས་བུ་ས་མཚམས་གང་དུ་འཇོག །འབྲས་བུ་སྐུ་ཡི་རྣམ་གཞག་ལ། །བྱེ་སྨྲས་རྣམ་གྲོལ་ཆོས་སྐུ་དང་། །གཟུགས་སྐུ་གཉིས་འདོད་ལོངས་སྤྲུལ་གྱི། །དོན་དང་ཐ་སྙད་གཉིས་ཀ་མེད། །མདོ་སྡེ་པ་སོགས་གོང་མ་གསུམ། །སྐུ་གསུམ་ཡེ་ཤེས་བཞི་རུ་འདོད། །རྒྱུད་སྡེ་འོག་མ་གསུམ་པོར་ཡང་། །སྐུ་གསུམ་འདི་དང་ཆ་འདྲ་ལ། །རྣམ་པའི་འདོད་ཚུལ་སོ་སོར་ཡོད། །གཟུགས་སྐུ་རིགས་ལྔར་འདོད་པའི་ཚེ། །འབྱུང་བ་ལྔ་དང་ཡེ་ཤེས་ལྔ། །དག་བྱ་དག་བྱེད་སྦྱར་ནས་གསུངས། །རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས། །རྒྱུ་ཡི་སྐབས་སུ་དབང་བཞི་དང་། །བསྐྱེད་རིམ་ལ་སོགས་ལམ་བཞི་པོ། །བསྒོམས་པར་སྐུ་བཞི་འབྱུང་བར་བཞེད། །རྣལ་འབྱོར་དབང་ཕྱུག་མན་ངག་ལས། །དྲུག་ཚན་བཞི་རུ་སྦྱར་བ་དང་། །སྐུ་ལྔའི་རྣམ་གཞག་གསུངས་པ་ཡོད། །གསང་ཆེན་ཡིན་ཕྱིར་འདིར་མ་བཤད། །འཇམ་དཔལ་རང་གི་ལྟ་བ་ཡི། །འདོད་པ་མདོར་བསྟན་མདོ་ལས་ཀྱང་། །སྐུ་གཅིག་ནས་ནི་ལྔ་ཡི་བར། །རྣམ་གཞག་རྣམ་པ་ལྔ་རུ་གསུངས། །སྐུ་གཅིག་ཡེ་ཤེས་སྐུ་ཡིན་ཏེ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །སྐུ་གཉིས་རང་དོན་དོན་དམ་དང་། །གཞན་དོན་ཀུན་རྫོབ་སྐུ་ཉིད་ཡིན། །སྐུ་གསུམ་ཆོས་དང་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་ཉིད་ཡིན་པར་གསུངས། །སྐུ་བཞི་ཉིད་ཀྱང་བཤད་བྱ་སྟེ། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་དང་། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པ་མདོ་དེའི་ལུང་ཚིག་ཡིན། །བྱམས་པས་ནི་ཞེས་ཚིག་སྦྱོར་ཚེ། །སྐུ་གསུམ་ཆོས་སྐུའི་དབྱེ་བར་བཞེད། །འདིར་ནི་དང་ཞེས་འབྱེད་པའི་ཚེ། །ཆོས་སྐུ་དབྱེ་བའི་གྲངས་སུ་བཞེད། །སྐུ་ལྔ་ཉིད་ཀྱང་ལུང་དེར་ནི། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པཎ་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །ཞེས་པའི་ཚིག་གིས་གསུངས་པ་ཡིན། །དེ་འདྲའི་རྣམ་དབྱེ་མི་ཤེས་པར། །ཁ་ཅིག་ཕ་རོལ་ཕྱིན་པ་ལའང་། །སྐུ་བཞི་བྱམས་པའི་ལུང་ཉིད་ཀྱི། །འགྲུབ་པར་སྨྲ་བ་ལུང་ཚིག་ལ། །དཔྱད་པའི་ནུས་པ་མེད་པར་ཟད། །དེས་ན་ལེགས་པར་སྤྱོད་ལ་སྨྲོས། །མདོར་ན་ཉན་ཐོས་ཐེག་པ་ནས། །གསང་ཆེན་བླ་ན་མེད་པའི་བར། །འབྲས་བུ་དོན་གཅིག་བཤད་པའི་ཚུལ། །ཐ་དད་སྤྲོ་བ་བསྐྱེད་ཕྱིར་ཡིན། །འབྲས་བུའི་སྐབས་ཏེ་ལྔ་པའོ།། ༈ །།དེ་ལྟར་ཚུལ་བཞིན་བཤད་པ་འདི། །བདག་ཉིད་གྲགས་པ་བསྒྲགས་པའམ། །གཞན་ལ་གནོད་པའི་ཕྱིར་མིན་ཏེ། །གཅིག་ཏུ་བསྟན་ལ་ཕན་ཕྱིར་ཡིན། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སོགས། །འཛམ་གླིང་མཛེས་པའི་རྒྱན་རྣམས་ཀྱིས། །འཕགས་པའི་ཡུལ་དུ་ཕྱི་ནང་གི །ལོག་སྨྲའི་མུན་པ་བསལ་བར་མཛད། །ལྗོངས་འདིར་རིན་ཆེན་བཟང་པོ་དང་། །བླ་ཆེན་འབྲོག་དང་འགོས་སོགས་ཀྱིས། །རྡོ་རྗེ་ཐེག་པའི་བསྟན་པ་མཆོག །བཤད་སྒྲུབ་ཆུ་བོའི་རྒྱུན་བཞིན་མཛད། །དེ་རྗེས་ཆོས་ལོག་འཕེལ་བ་རྣམས། །ས་སྐྱའི་འཇམ་དབྱངས་གྲགས་ཐོབ་དེས། །ལུང་རིགས་འོད་ཀྱིས་རབ་བསལ་ནས། །ལམ་བཟང་སྣང་བ་གསལ་བར་མཛད། །མགོན་པོ་དེ་ཉིད་སློབ་ཚོགས་དང་། །བཅས་པ་ཞིང་གཞན་གཤེགས་གྱུར་ནས། །རིང་ཞིག་ལོན་ནས་བོད་ཡུལ་འདིར། །ལུང་རིགས་མན་ངག་དང་བྲལ་བའི། །རང་བཟོའི་ཆོས་ལུགས་དུ་མ་ཡིས། །བསྟན་པའི་ཉམས་ལེན་སྡོམ་གསུམ་ལ། །གནད་ཀྱི་དོན་རྣམས་བཤིགས་ནས་ནི། །ཐོས་ཆུང་མགོ་སྐོར་མང་དུ་བྱུང་། །དེ་དག་ལུང་དང་རིགས་པ་ཡིས། །རྣམ་པར་བསལ་ནས་གནད་རྣམས་ལ། །སྐལ་ལྡན་མ་འཁྲུལ་སྤྱོད་པའི་ཕྱིར། །བསྟན་བཅོས་ཆེན་པོ་འདི་བྱས་སོ། །ཕྱོགས་ཞེན་རབ་རིབ་དང་བྲལ་ཞིང་། །རྣམ་དཔྱོད་གསལ་བའི་མིག་ལྡན་པས། །ཚུལ་བཞིན་བལྟས་ན་ལམ་བཟང་གི །སྣང་བ་གསལ་བར་འགྱུར་རོ་ཞེས། །ཁོ་བོས་གསང་མཐོའི་སྐད་ཀྱིས་སྒྲོགས། །ཅི་ཕྱིར་ཞེ་ན་མདོ་རྒྱུད་ཀྱི། །གནད་ལ་བློ་གྲོས་དྲི་མེད་ཀྱིས། །དཔྱད་ནས་སྨྲས་པ་ཡིན་ཕྱིར་རོ། །དེ་སླད་སྙིགས་མའི་དུས་འདི་རུ། །སྐལ་ལྡན་ཟབ་དོན་དོན་གཉེར་རྣམས། །ལེགས་བཤད་འདི་ཡིས་འཁྲིད་བྱས་ནས། །གསུང་རབ་གྲོང་ཁྱེར་བགྲོད་པར་རིགས། །བསོད་ནམས་འདི་ཡིས་ཚོགས་གཉིས་རི་བོའི་རྩེར། །སྤངས་རྟོགས་ནུས་པའི་ལུས་སྟོབས་རབ་རྒྱས་ཏེ། །མཐའ་ཡས་འགྲོ་ལ་སྲིད་པའི་མཐར་ཐུག་བར། །དམ་ཆོས་སེངྒེའི་སྒྲ་དབྱངས་སྒྲོགས་པར་ཤོག །གང་སྐུ་འཇིགས་རུང་སྤྲིན་སྔོན་ཀློང་དཀྱིལ་ནས། །ཞལ་དམར་རྣམ་པར་གཡོ་བའི་ཀློག་ཕྲེང་འཁྱུག །ཧཱུྃ་ཕཊ་འབྲུག་གི་འུར་ཆེམ་སྒྲོགས་པ་ཅན། །སྲུང་མའི་དབང་པོས་ལེགས་བཤད་འདི་སྤེལ་ཅིག། །།སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཁ་སྐོང་གཞི་ལམ་འབྲས་གསུམ་གསལ་བ་བྱེད་པའི་ལེགས་བཤད་འོད་ཀྱི་སྣང་བ་ཞེས་བྱ་བ་འདི་ནི། དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོ་ལ་སོགས་པ་ཡོངས་འཛིན་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་པ་ལ་བསྟེན་ནས། སྡེ་སྣོད་དང་རྒྱུད་སྡེའི་དོན་ལ་མ་འཁྲུལ་པའི་ངེས་པ་གཏིང་ནས་རྙེད་པ། ཤཱཀྱའི་དགེ་སློང་བསོད་ནམས་སེངྒེས་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆོས་ཀྱི་དབྱིངས་སུ་ཞུགས་ནས་ལོ་ཉིས་བརྒྱ་དང་ཉི་ཤུ་རྩ་ལྔ་འདས་པ་ས་ཕོ་ཁྱིའི་ལོ་ལ་རྟ་ནག་རིན་ཆེན་རྩེ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡི་གེ་བ་ནི་གཞོན་ནུ་བཟང་པོའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་དཔག་ཏུ་མེད་པ་འབྱུང་བར་གྱུར་གཅིག། ༈ །།ཨོཾ་སྭསྟི། རྒྱལ་བསྟན་མངའ་བདག་ས་སྐྱ་པཎྜི་ཏས། །རྒྱལ་བསྟན་འཁྲུལ་སེལ་བསྟན་བཅོས་ཁྱད་པར་ཅན། །རྒྱལ་བསྟན་གསལ་བྱེད་སྡོམ་གསུམ་རབ་དབྱེ་ཞེས། །རྒྱལ་བའི་བསྟན་འཛིན་ཡོངས་ཀྱི་ལམ་བཟང་མཛད། །མཁས་པ་དག་གིས་སླར་ཡང་བསྟན་པ་ལ། །མཁས་པའི་བྱ་བ་འཆད་རྩོད་རྩོམ་པ་ཡིས། །མཁས་པའི་ཕྱག་རྗེས་འཁྲུལ་མེད་བསྟན་པའི་རྒྱུན། །མཁས་པ་དག་གི་གསལ་བར་གྱིས་ཞེས་གདམས། །ཀུན་མཁྱེན་རྒྱལ་བའི་བསྟན་པའི་སྲོག་ཤིང་མཆོག །ཀུན་གཟིགས་ཆོས་ཚུལ་རྒྱ་མཚོའི་བདག་ཉིད་ཆེ། །ཀུན་མཁྱེན་བླ་མ་བསོད་ནམས་སེང་གེ་ཡི། །ཀུན་ཕན་ལེགས་བཤད་བསམ་འཕེལ་རིན་པོ་ཆེ། །ཆོས་སྦྱིན་མི་འཛད་པར་དུ་བསྐྲུན་འདི་དགེས། །རྒྱལ་བའི་བསྟན་དང་བསྟན་འཛིན་སྤྱི་ཁྱད་པར། །ས་སྐྱའི་འཇམ་མགོན་ཡབ་སྲས་སྐུ་མཆེད་དང་། །མཁན་ཆེན་ཐམས་ཅད་མཁྱེན་གཟིགས་ཡོངས་འཛིན་མཆོག །བྱམས་པ་སྨོན་ལམ་མཚན་ཅན་ཞབས་པད་བརྟན། །ས་ངོར་བསྟན་པ་མདོ་སྔགས་བཤད་སྒྲུབ་རྒྱུན། །འཕེལ་རྒྱས་སྣོད་བཅུད་བདེ་ཞིང་བདག་འཁོར་བཅས། །མི་མཐུན་ཕྱོགས་ལས་རྒྱས་ཞིང་ལུགས་ཟུང་གི །འདོད་དགུ་ལྷུན་གྲུབ་ངུར་སྨྲིག་རྒྱལ་མཚན་འཛིན། །དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད་པར་ཤོག །བླ་མ་མཆོག་གསུམ་ཆོས་སྲུང་ནོར་ལྷ་ཡིས། །ལུགས་ཟུང་ལེགས་ཚོགས་འཕེལ་བརྟན་བཀྲ་ཤིས་སྩོལ། །ཞེས་ལུགས་བརྒྱའི་འདུན་ས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་པར་དུ་བཀོད་ཚེ་སྡེ་དགེ་ས་སྐྱོང་ལྷ་བཙུན་ཨཱ་ནནྡས་སྨྲས་པ་དགེ། །།


previousསྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཁ་སྐོང་གཞི་ལམ་འབྲས་གསུམ་གསལ་བར་བྱེད་པའི་ལེགས་བཤད་འོད་ཀྱི་སྣང་བ།next