Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


   
   
དྲིས་ལན་པད་མོ་བཞད་པ།
   
   
   
   
   
   
   
   
   
   
   
   
   


 
previousདྲིས་ལན་པད་མོ་བཞད་པ།next

དྲིས་ལན་པད་མོ་བཞད་པ།

དྲིས་ལན་པད་མོ་བཞད་པ་བཞུགས་སོ།། ན་མོ་མཉྫུ་གྷོ་ཥཱ་ཡ། འཁྲུལ་མེད་གནད་ཀྱི་ལམ་སྟོན་པ། །རྗེ་བཙུན་དམ་པའི་ཞབས་པདྨོར། །བཏུད་ནས་དད་ལྡན་སློབ་མ་ཡིས། །དྲིས་ལན་འགའ་ཞིག་འདིར་བརྗོད་བྱ། །དེ་ལ་དང་པོར་སྡོམ་གསུམ་ཁ་སྐོང་གི་ཕྱོགས་སྔ་སྨྲ་བ་པོ་རྣམས་ཀྱི་ངོས་འཛིན་གང་ཡིན་ཞེས་པའི་ལན་ནི། དྲི་བཅས་ཀྱི་སེམས་ལ་རིགས་པས་བདེན་པ་བཀག་ཙམ་བདེར་གཤེགས་སྙིང་པོ་འདོད་པ་ནི་དར་ཊཱིཀ་པ་དང་། དེའི་རྗེས་འབྲང་གི་ལུགས་སྨྲ་བ་པོ་རྣམས་སོ། །འདུས་བྱས་རང་བཞིན་གནས་རིགས་དང་འདུས་མ་བྱས་རང་བཞིན་གནས་རིགས་གཉིས་སུ་ཕྱེ་བ་ནི་རོང་ཊཱིཀ་གི་དངོས་བསྟན་ཡིན་ལ་ཆོས་རྗེ་ཉིད་ཀྱི་དགོངས་པ་ནི་འཁྱོག་པོ་སྲོང་བའི་ཚུལ་གྱིས་གནས་སྐབས་སོ་སོར་བཤད་པ་ཡིན་གྱི། མཐར་ཐུག་ཟུང་འཇུག་ཉིད་ཡིན་ནོ། །བདེར་གཤེགས་སྙིང་པོ་བདེར་གཤེགས་ཁོ་ན་ལ་ཡོད་ཀྱི་འགྲོ་བ་ལ་མེད་པར་འདོད་པ་ནི་སྔར་བྱོན་པའི་བུ་སྟོན་ཁ་ཆེ་དང་། དེང་སང་དབུས་གཙང་དང་། མདོ་ཁམས་ན་ཡོད་པའི་མཚན་ཉིད་པ་ཁ་ཅིག་གོ །རང་བཞིན་རྣམ་དག་གི་ཆོས་དབྱིངས་དང་། གློ་བུར་དྲི་བྲལ་གྱི་ཆོས་དབྱིངས་གཉིས་འགལ་བར་འདོད་པ་ནི་དེང་སང་གི་མཚན་ཉིད་པ་ཕལ་ཆེར་རོ། །རྣམ་རིག་པའི་བག་ཆགས་ཀྱིས་བསྒྲིབས་པའི་སྐྱེས་ཆེན་ཤེས་བྱ་ཀུན་ལ་བདེན་པ་གཉིས་དང་། མཚན་ཉིད་གསུམ་དུ་ཕྱེ་ནས་ཀུན་བཏགས་དང་གཞན་དབང་ཀུན་རྫོབ་དང་། ཡོངས་གྲུབ་དོན་དམ་བདེན་པར་བྱས་ཏེ། དོན་དམ་བདེན་པའི་གཅིག་ཏུ་གྲུབ་པར་འདོད་པ་སོགས་ནི་ཇོ་ནང་ཀུན་མཁྱེན་པའི་ངེས་དོན་རྒྱ་མཚོའི་དགོངས་པ་དཔྱིས་ཕྱིན་པར་བཀོད་པ་ཡིན་ལ། ཞར་བྱུང་རྒྱུད་གསུམ་ཀ་ཀྱེ་རྡོར་མཚན་ཉིད་པར་འདོད་པ་ནི་སྔར་བྱོན་པའི་ཀུན་དགའ་རྒྱལ་མཚན་པ་དང་། ཕྱིས་ཀྱི་རང་ལུགས་ཀྱི་བླ་མ་ཁ་ཅིག་གོ །གཞིའི་སྐབས་ཀྱི་ཕྱོགས་སྔ་བྱུང་ཚུལ་མདོར་བསྡུས་པའོ། །སོ་ཐར་གྱི་སྡོམ་པ་གཟུགས་ཅན་དང་། གྲངས་རིས་བརྒྱད་ཁོ་ནར་འདོད་པ་དང་། འཆི་བའི་ཚེ་གཏོང་བས་ཁྱབ་པར་འདོད་པ་ནི་འདུལ་མཛོད་ཁོ་ན་ལ་བརྟེན་པའི་སྡེ་སྣོད་འཛིན་པ་ཕལ་ཆེར་རོ། །སོ་ཐར་ལ་འཇིགས་སྐྱོབ་ལེགས་སྨོན། ངེས་འབྱུང་གི་ཚུལ་ཁྲིམས་གསུམ་དུ་དབྱེ་བ་དང་། སོ་ཐར་གྱི་ངོ་བོ་གཞན་གནོད་གཞིར་བཅས་སྤོང་བ་འཕགས་ཡུལ་གྱི་གཞུང་འགྲེལ་ལ་བཤད་པ་མེད་ཅེས་པ་ནི། དེང་སང་དྲི་བའི་ཟོལ་གྱིས་སྡོམ་གསུམ་རབ་དབྱེ་འགོག་པ་ལ་བརྩོན་པ་དེ་ཉིད་དོ། །གཞན་གནོད་གཞིར་བཅས་སྤོང་བ་དགེ་སློང་གི་སྡོམ་པ་ཁོ་ནའི་ངོ་བོ་ཡིན་གྱི་སོ་ཐར་སྤྱིའི་ངོ་བོ་མ་ཡིན་ནོ་ཞེས་པ་ནི་ནམ་མཁའ་བསོད་ནམས་སོ། །སྐྱེས་ཚོགས་ཁོ་ནས་བུད་མེད་བསྙེན་རྫོགས་བྱེད་པ་ནི་ཐོག་མར་དགེ་ལྡན་པའི་འདུལ་བ་པ་ཞེས་པ་གཅིག་གིས་བྱས་པར་གྲགས་ནས་རིགས་པའི་འུར་རྡོ་འཕངས་པ་ཕྱིས་དེ་དག་གིས་མ་བྱས་སོ་ཞེས་ཟེར་ཞིང་། ནམ་མཁའ་བསོད་ནམས་ཀྱིས་མཁན་པོ་དང་། ཤངས་ཀྱི་ཕུའི་བླ་མ་ཞིག་གིས་ལས་སློབ་བྱས་ནས་ཆུ་དབར་རང་བྱོན་གྱི་དཔོན་མོ་བསྙེན་རྫོགས་བྱས་པ་ལ་ཕོག་སོང་བར་སྣང་ངོ་། །བསྙེན་རྫོགས་བསྒྲུབ་བྱ་གསུམ་ལས་མང་བ་ལ་མི་རུང་ཡང་། དགེ་ཚུལ་ལ་བསྒྲུབ་བྱ་གསུམ་ལས་མང་བ་འཇུག་ཏུ་རུང་ཞེས་པ་ཡང་སྔར་གྱི་ཟོལ་ཅན་དེ་ཉིད་དོ། །སོ་ཐར་སྡོམ་པའི་སྐབས་ཀྱི་ཕྱོགས་སྔ་མདོར་བསྡུས་པའོ། །བདག་གཞན་བརྗེ་བའི་དོན་གཅེས་འཛིན་བརྗེ་བ་ཡིན་གྱི། དགེ་སྡིག་དང་། བདེ་སྡུག་བརྗེ་བ་མ་ཡིན་ཞེས་པ་ནི་ཙོང་ཁ་པའོ། །མཐའ་བཞིའི་སྤྲོས་བྲལ་རྒྱ་ནག་དགེ་སློང་གི་ལྟ་བ་ཡིན་པས་ནོར་བ་ཡིན་ལ། རིགས་པས་བདེན་པ་བཀག་པའི་རྗེས་སུ་བདེན་མེད་ཉིད་ལ་ཞེན་ནས་འགོག་དུ་མི་རུང་ཞེས་སོགས་ཀྱང་། ཙོང་ཁ་པའི་དབུ་མའི་ཡིག་ཆ་རྣམས་ཀྱི་འདོད་པ་མཐར་ཐུག་པའོ། །ཐ་སྙད་ཀྱི་རྣམ་གཞག་ལའང་ཡོད་མིན་མེད་མིན་སྨྲ་བ་ནི་ལོ་ཙཱ་བ་སྐྱབས་མཆོག་དཔལ་ལོ། །བདག་དང་གང་ཟག་གཉིས་རྣམ་གྲངས་སུ་སྨྲ་བ་མུ་སྟེགས་པའི་གཞུང་ཡིན་པས་ཐ་སྙད་དུའང་བདག་མེད་ཅིང་གང་ཟག་ཡོད་པར་འདོད་པ་དང་། དེར་རྗེས་སུ་ཐ་སྙད་དུ་བདག་ཡོད་པ་བཞིན་དུ་གང་ཟག་གི་བདག་ཀྱང་ཡོད་པར་འདོད་པ་གཉིས་ནི་སྔར་གྱི་ཟོལ་ཅན་དེ་ཉིད་ཀྱི་གྲུབ་མཐའ་སྔ་ཕྱིའོ། །དབུ་མ་ལྟ་ཁྲིད་ཀྱི་ཚེ་ཐོག་མར་ང་བགྲངས་པའི་སྒོ་ནས་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་བཙལ་ཞིང་དེ་རྙེད་པའི་ཚེ་ང་མེད་ཅེས་བགྲང་བར་འདོད་པ་ནི་ལྕང་ར་མཁན་པོའི་རྗེས་སུ་འབྲང་བའི་དགེ་ལྡན་པ་རྣམས་ཏེ། འདི་ལ་ཡང་འདུལ་བ་པ་དང་། དེའི་བླ་མ་དང་། དེའི་གདན་ས་པ་གསུམ་གྱིས་རིམ་པ་ལྟར་ང་སྣང་ཚུལ་ལྟར་མེད་ཅེས་བགྲང་དགོས་པ་དང་། ང་མེད་ཅེས་བགྲངས་པ་ཉིད་ཀྱིས་ཆོག་པ་དང་། ང་ཞེས་བརྗོད་དུ་མི་རུང་བར་མེད་ཅེས་པའི་ཚིག་ཁོ་ན་བགྲང་དགོས་པར་འདོད་པའི་རིམ་པ་གསུམ་ཡོད་པར་གྲགས་ཏེ། གསུམ་ཀའང་སྙིང་རྗེའི་ཡུལ་ལོ། །བྱང་སེམས་ཀྱི་སྡོམ་པའི་སྐབས་ཀྱི་ཕྱོགས་སྔ་མདོར་བསྡུས་པའོ། །རྒྱུད་སྡེ་མཐའ་དག་ལ་རང་བཟོའི་ཆོག་ཁྲིགས་སྦྱར་ནས་དབང་བསྐུར་གཅིག་ཐོབ་པས་ཀུན་ཐོབ་པར་འདོད་པ་ནི་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལོ། །དབང་གིས་མ་སྨིན་པའི་སོ་སྐྱེ་ལ་གསང་སྒྲོགས་བྱེད་པ་ནི་ངོར་པ་མ་གཏོགས་པའི་དེང་སང་གི་སྔགས་པ་ཐམས་ཅད་དང་། ད་ནི་ངོར་པའི་ཡང་སློབ་མ་འགའ་ཞིག་གོ །རྡོ་རྗེ་སྤུན་བླ་མ་གཅིག་ལ། དཀྱིལ་འཁོར་གཅིག་ལས་དུས་གཅིག་ཏུ་དབང་བསྐུར་ཐོབ་པ་དགོས་པར་འདོད་པ་ནི་ཙོང་ཁ་པའོ། །ཐེག་པ་གསུམ་ཅར་གྱི་ཚོགས་ལམ་ཆེན་པོ་ཡན་ཆད་གསང་སྔགས་ཁོ་ནས་ཐོབ་པར་འདོད་པ་ནི་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལོ། །བྱ་རྒྱུད་ཀྱི་བསྐྱེད་ཆོག་ལ་བདག་བསྐྱེད་ཡོད་པར་འདོད་པ་ཡང་ཙོང་ཁ་པའོ། །སྦྱོང་རྒྱུད་ལས་གསུངས་པའི་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་གི་འཁོར་རྣམས་འཇིག་རྟེན་རང་རྒྱུད་པར་འདོད་པ་ནི་ངོར་པའི་སློབ་མ་བླ་མའི་སྒྲོས་མ་ཟིན་ཀྱང་ཟིན་པར་རློམ་པ་རྣམས་སོ། །རྒྱུད་སྡེ་འོག་མ་ལ་རིམ་གཉིས་ཡོད་པར་འདོད་པ་ནི་དགའ་དོང་པ་ཆོས་རྒྱལ་དཔལ་བཟང་ངོ་། །སྣང་བ་ལྷ་རུ་འཆར་བའི་དོན་ཡིད་ངོར་འཆར་བ་ཙམ་ཡིན་གྱི་ཕྱི་རོལ་གྱི་སྣང་བ་ལྷ་རུ་འཆར་བ་མ་ཡིན་ཞེས་པ་ནི་ཙོང་ཁ་པ་དང་། དེའི་རྗེས་འབྲང་གི་དགེ་ཆུང་རྣམས་སོ། །ཀུན་བཏགས་དང་གཞན་དབང་ལྷ་རུ་བསྒོམ་པར་བྱ་བ་མ་ཡིན། ཡོངས་གྲུབ་ཁོ་ན་ལྷར་བསྒོམ་པར་བྱ་བ་ཡིན་ནོ་ཞེས་པ་ནི་ཇོ་ནང་ཀུན་མཁྱེན་ཆེན་པོའོ། །སྦྱིན་སྲེག་ལ་རྫས་སྔགས་བཅུ་ཙམ་གྱི་ཡུན་ཚད་ལ་སྦྱིན་སྲེག་བརྒྱ་ལ་སོགས་པའི་གྲངས་བྱེད་པ་ནི་ངོར་པ་མ་གཏོགས་པའི་དེང་སང་གི་སྔགས་པ་རྣམས་དང་། ངོར་པའི་ཡང་སློབ་མ་འགའ་ཞིག་གོ །གཏོར་མགྲོན་གྱི་དམ་ཚིག་པ་གཤེགས་ནས་ཡེ་ཤེས་པ་བསྡུ་བ་ནི་བོ་དོང་བའི་རྗེས་འབྲང་རྣམས་སོ། །གནམ་རྒྱན་གྱི་དཀྱིལ་འཁོར་ལ་འཁོར་གྱི་ལྷ་དབུ་ནང་ལ་བསྟན་པ་ནི་སྤོས་ཁང་པ་རིན་རྒྱལ་གྱི་བཞེད་པ་ཡིན་ཟེར་ནས་ཉང་སྟོད་ཕྱོགས་སུ་དར་རོ། །སྨན་བླའི་ཕོ་བྲང་ནི་ཉང་སྟོད་སྒོམ་ཆེན་གྱི་ཉམས་སྣང་ཡིན་པར་གྲགས་སོ། །ཆོ་ག་མི་བྱེད་པར་མིང་བྱང་སྲེག་པ་ནི་སྒོམ་སྡེའི་ཡུལ་ལ་དར་བས་དགག་དགོས་སོ་ཞེས་སྒོམ་སྡེ་བསོད་ནམས་རིན་ཆེན་གྱིས་བསྐུལ་ནས་བྲིས་པའོ། །སྨན་བླའི་གནོད་སྦྱིན་བཅུ་གཉིས་འཇིག་རྟེན་པ་ཡིན་པས་ཕྱག་དང་སྐྱབས་འགྲོ་མི་རུང་ཞེས་པ་ནི་ཇོ་གདན་འགའ་ཞིག་གིས་འདོད་ཅིང་། དེའི་གཡོག་བདུན་འབུམ་ལ་ཕྱག་མཆོད་བྱེད་པ་ནི་དེང་སང་གཙང་ཕྱོགས་ཀྱི་ཆོས་སྡེ་ཕལ་ཆེར་རོ། །རྟེན་གྱི་ནང་རྫོངས་ཀྱི་གཟུང་མཐའ་ནས་སྒྲིལ་པ་ནི་ངོར་པ་མ་གཏོགས་པ་གཞན་ཀུན་ནོ། །གནོད་སྦྱིན་ཕོ་མོའི་འཁོར་ལོ་ལ་ཕོ་འཁོར་འོག་དང་མོ་འཁོར་སྟེང་དུ་བྱེད་པ་ནི་བུ་སྟོན་པའི་གྲུབ་མཐའ་འོ། །སྔགས་སྡོམ་གྱི་སྐབས་ཀྱི་ཕྱོགས་སྔ་མདོར་བསྡུས་པའོ། །རྡོ་རྗེ་ཐེག་པའི་ས་བཅུ་གཅིག་པ་དང་། བཅུ་གཉིས་པ་གཉིས་ཕ་རོལ་ཏུ་ཕྱིན་པའི་ས་བཅུ་པར་བསྡུ་དགོས་སོ་ཞེས་པ་ནི་ཙོང་ཁ་པ་དང་། རང་ལུགས་ཀྱི་བླ་མ་ཕྱི་མ་ཁ་ཅིག་གོ །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་བཤད་པའི་སྐུ་གསུམ་ཡེ་ཤེས་བཞི་རྡོ་རྗེ་ཐེག་པའི་ས་བཅུ་གཅིག་པ་ཡིན་པས་དེའི་གོང་དུ་ཡང་ས་བཅུ་གཉིས་པ་དང་། བཅུ་གསུམ་པ་བགྲོད་དགོས་པར་འདོད་པ་ནི་རང་ལུགས་ཀྱི་ས་བཅུ་གསུམ་བསྒྲུབ་པར་འདོད་ཀྱང་སྒྲུབ་བྱེད་ཐལ་ཆེས་པ་འགའ་ཞིག་གོ །འབྲས་བུའི་སྐབས་ཀྱི་ཕྱོགས་སྔ་མདོར་བསྡུས་པ་སྟེ་སྡོམ་གསུམ་ཁ་སྐོང་གི་ཕྱོགས་སྔ་ངོས་འཛིན་བསྟན་ཟིན་ཏོ། །ཆོས་དབྱིངས་ཡོད་པའང་མ་ཡིན་ཏེ། །ཡོད་ཙམ་མི་རྟག་གིས་ཁྱབ་པར། །ཆོས་ཀྱི་གྲགས་པས་ལེགས་པར་གསུངས། །ཞེས་པའི་དོན་སྒྲ་དྲང་ཐད་དུ་ཁས་ལེན་རྒྱུ་ཡིན་ནམ་ཞེས་པའི་ལན་ནི་གྲུབ་མཐའ་བཞིའི་ཡོད་པའི་དོན་ངོས་བཟུང་བ། དེ་དག་ལ་མི་རྟག་པས་ཁྱབ་པར་འདོད་མི་འདོད་དཔྱད་པ། སྐབས་ཀྱི་དོན་ངོས་གཟུང་བ་དང་གསུམ་གྱིས་རྟོགས་པར་བྱའོ། །དང་པོ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་དུ་ཡོད་པ་གཉིས་ལས། དང་པོ་ནི་བཅོམ་པའམ་གཞིགས་པ་ན་དེ་འཛིན་གྱི་བློ་འདོར་བ་སྟེ། བུམ་པ་དང་འཇིག་རྟེན་ན་གྲགས་པའི་ཆུ་ལ་སོགས་པའོ། །གཉིས་པ་ནི་བཅོམ་གཞིག་བྱས་པ་ན་དེ་འཛིན་གྱི་བློ་མི་འདོར་བ་སྟེ། ཤེས་བྱ་གཞི་ལྔའོ། །མདོ་སྡེ་པའི་ལུགས་ལ་ཀུན་རྫོབ་ཏུ་ཡོད་པ་ནི་དོན་དམ་པར་དོན་བྱེད་དེ་མི་ནུས་པ་སྟེ་སྤྱི་མཚན་རྣམས་སོ། །དོན་དམ་དུ་ཡོད་པ་ནི་དོན་དམ་པར་དོན་བྱེད་ནུས་པ་སྟེ་རང་མཚན་རྣམས་སོ། །སེམས་ཙམ་པའི་ལུགས་ལ་ཀུན་རྫོབ་ཏུ་ཡོད་པ་ནི་གང་ལ་དམིགས་ན་ཀུན་ནས་ཉོན་མོངས་པ་སྐྱེ་བ་སྟེ། ཀུན་བཏགས་དང་། མ་དག་གཞན་དབང་ངོ་། །དོན་དམ་དུ་ཡོད་པ་ནི་གང་ལ་དམིགས་ན་རྣམ་པར་བྱང་བ་སྐྱེ་བ་སྟེ་དག་པ་གཞན་དབང་དང་ཡོངས་གྲུབ་རྣམས་སོ། །དབུ་མ་པའི་ལུགས་ལ་དོན་དམ་དུ་ཡོད་པ་ནི་ཅི་ཡང་མི་འདོད་ཅིང་། ཀུན་རྫོབ་ཏུ་ཡོད་པ་ལ་ལོག་པའི་ཀུན་རྫོབ་ཏུ་ཡོད་པ་དང་ཡང་དག་ཀུན་རྫོབ་ཡོད་པ་གཉིས་ལས། དང་པོ་ནི་ཡང་དག་ཀུན་རྫོབ་མི་བདེན་པར་བསྒྲུབ་པའི་དཔེ་ཙམ་ཡིན་གྱི་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་མིན་ནོ། །ཕྱི་མ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དང་། ཐ་སྙད་བདེན་པ་དང་། འཇིག་རྟེན་ཀུན་རྫོབ་བདེན་པ་ཞེས་མིང་གི་རྣམ་གྲངས་གསུམ་དང་ལྡན་པ་སྟེ། མདོར་ན་སྟོང་ཉིད་ཉི་ཤུའི་སྟོང་གཞིའི་ཆོས་ཅན་རྣམས་ཡིན་ཞིང་། བསྡུ་ན་ཆོས་དང་གང་ཟག་གཉིས་སུ་འདུས་སོ། །གཉིས་པ་ནི་འོ་ན་གྲུབ་མཐའ་སྨྲ་བ་བཞི་པོ་དེ་དག་གི་རང་རང་གི་ལུགས་ཀྱི་ཡོད་པ་ལ་མི་རྟག་པས་ཁྱབ་པར་འདོད་དམ་མི་འདོད་ཅེ་ན་དངོས་པོར་སྨྲ་བ་གསུམ་ཅར་གྱིས་ཀུན་རྫོབ་ཏུ་ཡོད་པ་རྣམས་ནི་མ་དཔྱད་པའི་བློ་ངོར་ཡོད་པ་ཙམ་ཡིན་པས་ཡོད་ན་མི་རྟག་པས་ཁྱབ་མ་ཁྱབ་དཔྱད་པའི་གཞི་མ་ཡིན་པས་དོན་དམ་དུ་ཡོད་པ་ལ་དཔྱད་དགོས་སོ། །དེ་ལ་བྱེ་སྨྲས་དོན་དམ་དུ་ཡོད་པ་ལ་མི་རྟག་པས་ཁྱབ་པ་མི་འདོད་དེ། འདུས་མ་བྱས་ཀྱི་གཞི་དོན་དམ་དུ་ཡོད་པར་འདོད་པའི་ཕྱིར་རོ། །མདོ་སྡེ་པས་དོན་དམ་དུ་ཡོད་ན་མི་རྟག་པས་ཁྱབ་པར་འདོད་དེ། དོན་དམ་དུ་ཡོད་པའི་དོན་རང་འབྲས་བསྐྱེད་ནུས་ཡིན་ལ། རྟག་པས་རང་འབྲས་བསྐྱེད་ནུས་ན་འབྲས་བུ་ཐམས་ཅད་ཅིག་ཆར་དུ་བསྐྱེད་པར་ཐལ་བའི་ཕྱིར་རོ། །རྣམ་འགྲེལ་ལས། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །ཅེས་སོགས་ཡོད་ཙམ་ལ་མི་རྟག་པས་ཁྱབ་པར་གསུངས་པའི་གཞུང་ལྔ་ཡོད་པ་ཡང་འདིའི་དབང་དུ་བྱས་པའོ། །སེམས་ཙམ་པས་ནི་དོན་དམ་དུ་ཡོད་པ་ལ་མི་རྟག་པས་ཁྱབ་པར་འདོད་པ་མ་ཡིན་ཏེ། ཆོས་དབྱིངས་དོན་དམ་དུ་ཡོད་པའི་ཕྱིར་རོ། །དབུ་མ་པས་ནི་ལོག་པའི་ཀུན་རྫོབ་ཏུ་ཡོད་པ་ལ་མི་རྟག་པས་ཁྱབ་པར་མི་འདོད་ཅིང་། ཡང་དག་ཀུན་རྫོབ་ཏུ་ཡོད་པ་ལ་ཡང་མི་རྟག་པས་ཁྱབ་པར་མི་འདོད་དེ། སྟོང་གཞིའི་ཆོས་ཅན་ཐམས་ཅད་ཡང་དག་ཀུན་རྫོབ་ཏུ་ཡོད་པར་འདོད་པའི་ཕྱིར་རོ། །དོན་དམ་དུ་ཡོད་པ་ནི་མི་འདོད་པས་དཔྱད་པར་བྱ་བའི་གཞི་མ་ཡིན་ནོ། །གསུམ་པ་ནི་ཆོས་དབྱིངས་ཡོད་པའང་མ་ཡིན་ཏེ། ཞེས་སོགས་ཀྱི་གཞུང་གྲུབ་མཐའ་སྨྲ་བ་གང་གི་དབང་དུ་བྱས་སྙམ་ན། འདི་ནི་དབུ་མ་པའི་དབང་དུ་བྱས་ཏེ། སྡོམ་གསུམ་རབ་དབྱེ་རང་གི་རང་ལུགས་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །འོ་ན་ལུགས་དེ་ལ་དོན་དམ་དུ་ཡོད་པ་ནི་དཔྱད་གཞི་མ་ཡིན། ཀུན་རྫོབ་ཏུ་ཡོད་པ་ལ་མི་རྟག་པས་མ་ཁྱབ་པར་གོང་དུ་སྨྲས་ཟིན་པས་ད་ཇི་ལྟར་བྱ་སྙམ་ན་ཆོས་དབྱིངས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །ཞེས་པའི་སྐབས་ཀྱི་དགེ་བ་ཡིན་ན་ཡོད་པ་འདི་ལ་གསུམ་ལས། དངོས་པོ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་ལྟ་བུ་དངོས་པོ་ལ་ཡོད་པར་བཞག་པ་དང་། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་ལྟ་བུ་དངོས་མེད་ལ་ཡོད་པར་བཞག་པ་དང་། རང་བཞིན་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་ལྟ་བུ་གཉིས་ཀ་མ་ཡིན་པའི་སྤྲོས་བྲལ་ལ་ཡོད་པར་བཞག་པ་གང་ཡིན། དང་པོ་ལྟར་ན་ཆོས་དབྱིངས་སྐབས་དེའི་ཡོད་པ་མ་ཡིན་ཏེ། སྐབས་དེའི་ཡོད་པ་ལ་མི་རྟག་པས་ཁྱབ་པར་ཆོས་ཀྱི་གྲགས་པས་མདོ་སྡེ་པའི་སྐབས་སུ་གསུངས་པ་དེ་ཉིད་དབུ་མ་པའི་ལུགས་ལ་ཡང་ཁྱད་པར་མེད་པའི་ཕྱིར་རོ། །སྐབས་དེའི་ཡོད་པ་ནི་དོན་བྱེད་ནུས་པ་ཡིན་པས་རྟག་པས་དོན་བྱེད་ནུས་ན་དོན་ཐམས་ཅད་ཅིག་ཆར་བྱེད་པར་ཐལ་བའི་རིགས་པ་དབུ་མ་པས་ཀྱང་ཇ་བུ་རམ་གསོལ་བ་དང་འདྲ་བའི་ཕྱིར་རོ། །གཉིས་པ་ལྟར་ན། དངོས་མེད་ཡིན་ན་བྱ་བྱེད་མེད། །ཅེས་པ་དང་། གསུམ་པ་ལྟར་ན། གལ་ཏེ་སེམས་ཅན་ཁམས་དངོས་དང་། །དངོས་མེད་གཉིས་ཀ་མ་ཡིན་པར། །སྤྲོས་བྲལ་ཡིན་ན་སྔར་བཤད་པའི། །ཆོས་ཀྱི་དབྱིངས་ལས་འདའ་བ་མེད། །ཅེས་པའི་སྐབས་སུ་འཆད་པར་འགྱུར་བ་ལ་དགོངས་ནས་འདིར་མ་སྨོས་པར་དང་པོ་ཁོ་ན་སྨོས་པ་སྟེ་གཞུང་ལུགས་སྔར་ཤེས་པའམ། སྔར་མི་ཤེས་ན་ཡང་དཔྱད་པའི་ནུས་པ་ཡོད་པ་རྣམས་ཀྱི་དགའ་སྟོན་མཛོད་ཅིག རྣམ་དཔྱོད་ཉིད་འོད་ཀྱིས་ཕྱེ་བའི། །དྲིས་ལན་པདྨོ་བཞད་པ་འདི། །དོན་གཉེར་རྐང་དྲུག་ལྡན་པ་ཁྱོད། །ཟབ་དོན་སྦྲང་རྩིའི་འབྱུང་གནས་མཛོད། །རྣམ་དཀར་དགེ་ཚོགས་གང་ཐོབ་དེས། །མཁའ་མཉམ་འགྲོ་བ་མ་ལུས་པའི། །རྨོངས་པའི་མུན་པ་དྲུངས་ཕྱུང་ནས། །ཡེ་ཤེས་ཉི་མ་ཐོབ་པར་ཤོག །ཅེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་ཟིལ་གནོན་པ་དཀོན་མཆོག་རྒྱལ་མཚན་ལ་མདོ་ཁམས་ཤར་གྱི་ཕྱོགས་སུ་བསྐུར་བའོ།། ༈ །།ཉི་ཟླ་སེང་གེའི་དྲིས་ལན་བཞུགས་སོ།། ༈ །རྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་དང་། བསམ་གྱིས་མི་ཁྱབ་པའི་མཁྱེན་རབ་ཟུང་དུ་འཇུག་པའི་བདག་ཉིད། དབང་དང་། བྱིན་རླབས་དང་། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་རྣམས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། དགེ་བའི་བཤེས་གཉེན་ཉི་ཟླ་སེང་གེའི་དྲི་བ་རྣམས་ཀྱི་ལན་མདོར་བསྡུས་ཙམ་ཞིག་བརྗོད་པ་ནི། དྲི་བ་དང་པོ་རང་རྒྱལ་གྱི་ལྟ་བ་བདག་མེད་ཕྱེད་དང་གཉིས་རྟོགས་པའི་དབང་དུ་བྱས་པ་འདི་གྲུབ་མཐའ་སྨྲ་བ་བཞི་པོ་གང་དུ་སྡུད་ལགས་ཞེས་པའི་ལན་ནི། འདི་དབུ་མ་པའི་གྲུབ་མཐར་སྡུད་དེ། རྗེ་བཙུན་རྩེ་མོ་ཉིད་ཀྱིས་མངོན་རྟོགས་རྒྱན་གྱི་ལུང་ཁུངས་སུ་དྲངས་ནས་དེའི་རྣམ་གཞག་མཛད་པའི་ཕྱིར་རོ། །དེ་ལྟར་ན་བླ་མེད་ཀྱི་བསྐྱེད་ཆོག་དང་སྦྱར་དགོས་པར་འགྱུར་རོ་སྙམ་པའི་དོགས་པ་ཁོང་དུ་བཞག་པ་ཡིན་མཆི། དེའི་དོན་འདི་ལྟར་ཡིན་ཏེ། སྤྱིར་སངས་རྒྱས་པའི་མཚན་ཉིད་ཀྱི་གྲུབ་མཐའ་ལ་བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་ལེན་པ་དང་། གཟུང་བ་ཕྱི་རོལ་གྱི་དོན་བདེན་གྲུབ་ཁས་ལེན་པ་དང་། གཟུང་བ་མེད་ཀྱང་འཛིན་པ་ཡོད་པར་ཁས་ལེན་པ་དང་། གཟུང་བ་མེད་པས་དེ་འཛིན་མེད་པར་ཁས་ལེན་པ་བཞི་ཡོད་པས། དེ་དང་རྒྱུད་སྡེ་བཞིའི་བསྐྱེད་ཆོག་རིམ་པ་བཞིན་དུ་སྦྱར་ཞེས་པའི་དོན་ཡིན་གྱི། གྲུབ་མཐའ་བཞི་པོ་དེ་ལ་གང་བཤད་ཀྱི་རྣམ་གཞག་ཐམས་ཅད་དང་རྒྱུད་སྡེ་བཞིའི་བསྐྱེད་ཆོག་སྦྱར་བ་མ་ཡིན་ཏེ། དཔེར་ན་མཛོད་ལས་གསུངས་པའི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་རྣམ་གཞག་ཐམས་ཅད་སྤྱོད་རྒྱུད་ཀྱི་བསྐྱེད་ཆོག་དང་ཇི་ལྟར་འགྲིག དེས་གཞན་རྣམས་ལ་ཡང་སྦྱར་བར་བྱའོ། །དྲི་བ་གཉིས་པ་མཐར་ཐུག་གི་འབྲས་བུ་སྐུ་བཞིར་བཤད་པ་དབང་བཞིའི་ལམ་གྱི་འབྲས་བུར་འདོད་ན། སྡུད་འགྲེལ་དུ། སྐུ་བཞིའི་རྣམ་གཞག་གསུངས་པའི་དགོངས་པ་ཇི་ལྟར་འཆད་ལགས། ཞེས་པའི་ལན་ནི་རྗེ་བཙུན་རྩེ་མོས་ཕ་རོལ་དུ་ཕྱིན་པའི་ཐེག་པར་སྐུ་གསུམ་དང་ཡེ་ཤེས་བཞི་ལས་མ་བཤད་ལ། རྡོ་རྗེ་ཐེག་པར་སྐུ་བཞི་དང་། ཡེ་ཤེས་ལྔ་བཤད་པས་ཁྱད་པར་དུ་འཕགས་པར་གསུངས་པ་དེ་ཉིད་གསུང་རབ་ཀྱི་དགོངས་པ་ཡིན་མོད། འགྲེལ་ཚུལ་གྱི་དབང་དུ་བྱས་ན་འཕགས་པ་གྲོལ་སྡེ་སོགས་ཕལ་ཆེར་གྱིས་སྐུ་གསུམ་དུ་འགྲེལ་ཞིང་། མཁན་པོ་རྣམ་སྣང་མཛད་དང་ཡེ་ཤེས་ཟླ་བ་སོགས་སྐུ་བཞིར་འགྲེལ་པ་དེ་ཉིད་སློབ་དཔོན་སེང་གེ་བཟང་པོས་མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་པའི་འགྲེལ་པར་བཀོད་པ་སོགས་གཉིས་ཡོད་པའི་ནང་ནས་ཕྱི་མ་ཕ་རོལ་དུ་ཕྱིན་པའི་གཞུང་ལུགས་འཆད་པ་རྣམས་ཀྱིས་ཀྱང་དགག་སྒྲུབ་ཀྱི་གནས་སུ་བྱེད་དོ། །སྡུད་འགྲེལ་གྱི་དགོངས་པ་ནི་སྐུ་བཞི་ཡིན་པའི་ངེས་པ་ཡང་མེད་དེ། སངས་རྒྱས་རྒྱུད་དང་ཞེས་པས་ཆོས་སྐུ། ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན་ཞེས་པས་ལོངས་སྐུ། དེ་བཞིན་དགེ་འདུན་རྒྱུད་དང་ཞེས་པས་སྤྲུལ་སྐུ་བསྟན་པར་གསུངས་ཤིང་། སྐུ་བཞི་ཡིན་ན། ཆོས་ཀུན་ཡོངས་སུ་འཛིན་ཞེས་པ་ངོ་བོ་ཉིད་སྐུ་ལ་སྦྱར་དགོས་པ་ལས་དེ་མ་སྦྱར་བའི་ཕྱིར་རོ། །དྲི་བ་གསུམ་པ་རྗེ་བཙུན་གྱིས་རྡོ་རྗེ་འབྱུང་བའི་དཀྱིལ་ཆོག་གི་ཊཱི་ཀར། ཁྲོ་བོའི་དབང་གཅིག་པོ་ལ་དེ་བཞིན་གཤེགས་པ་དང་ཁྲོ་བོའི་དབང་རྟགས་གཉིས་ཀ་བཤད་མཆིས་པ་དེའི་དགོངས་པ་ཇི་ལྟར་འཆད་ཞེས་པའི་ལན་ནི། ཁྲོ་བོའི་དབང་རྟགས་ནི་གནས་ལྔར་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསྒོམ་པ་ཡིན་ཅིང་དེ་བཞིན་གཤེགས་པའི་དབང་རྟགས་ནི་དེ་བཞིན་གཤེགས་པ་ལྔ་ཞལ་ཕྱག་གི་རྣམ་པ་ཅན་བསྒོམ་པ་ཡིན་ལ། དེས་ན་དེ་བཞིན་གཤེགས་པའི་དབང་ལ་ནི་ཕྱི་མ་འབའ་ཞིག་ལས་མེད་ཅིང་ཁྲོ་བོའི་དབང་ལ་རྡོ་རྗེ་རྩེ་ལྔ་པ་དེ་དག་གི་སྟེང་དུ་ཡང་དེ་བཞིན་གཤེགས་པ་རྣམ་པ་ལྔ་ཞལ་ཕྱག་གི་རྣམ་པ་ཅན་བསྒོམ་པ་ལ་དགོངས་ཏེ། ཊཱི་ཀ་དེ་ཉིད་ལས། རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་ཉིད་གནས་ལྔ་པོ་དེར་རྡོ་རྗེ་རྩེ་ལྔ་པ་འགྲེང་བུ་རེ་བསྒོམས་ལ་དེ་རྣམས་ཀྱི་སྟེང་དུ་དེ་བཞིན་གཤེགས་པ་ལྔ་སྐུ་མདོག་དང་ཕྱག་རྒྱ་བཅས་པ་བསྒོམ་མོ། །ཞེས་གསུངས་པས་སོ། །དེ་ཉིད་ཀྱི་མཚོན་དོན་གང་ཡིན་སྙམ་ན་རྡོ་རྗེ་རིགས་ཀྱི་ཁྲོ་བོར་མཚོན་པའི་ཆེད་དུ་དབང་རྟགས་རྡོ་རྗེ་དང་། དེ་ཉིད་ཀྱང་དེ་བཞིན་གཤེགས་པའི་རིགས་ལྔའི་བདག་ཉིད་ཡིན་ནོ་ཞེས་མཚོན་པའི་ཆེད་དུ་དེ་བཞིན་གཤེགས་པའི་དབང་རྟགས་འབྱུང་བར་མངོན་ནོ། །དྲི་བ་བཞི་པ་ཞལ་སྔ་ནས་མཛད་པའི་འཇིགས་བྱེད་ཀྱི་སྒྲུབ་དཀྱིལ་འདི་བརྒྱུད་པ་བདེ་མཆོག་དང་མཐུན་པ་དེའི་ལུགས་སུ་མཛད་ནས། ཡེ་ཤེས་ཞབས་ལུགས་ཀྱི་བརྒྱུད་པ་སྨོས་མཆིས་པ་དེའི་དགོངས་པ་གང་ཡིན་ལགས་ཞེས་པའི་ལན་ནི། བརྒྱུད་པ་བདེ་མཆོག་དང་མཐུན་པ་དེའི་ལུགས་སུ་མཛད་ཅེས་པ་ཡང་འདི་རྗེ་བཙུན་ནཱ་རོ་པའི་མན་ངག་ཡིན་པས་བདག་བསྐྱེད་ལ་ཚོགས་བསག་བཅུ་གསུམ་དང་། རྟེན་བརྟེན་པ་ཅིག་ཆར་དུ་བསྐྱེད་པ་དང་། སྔགས་མཆོད་ལ་སོགས་པའི་མཆོད་པ་ལྔ་བྱེད་པ་དང་། མདུན་བསྐྱེད་ཀྱི་སྐབས་སུ་ཐོག་མར་དཀྱིལ་འཁོར་སྦྱངས་ནས་བསྒྲུབ་པ་སོགས་ནཱ་རོ་ཏ་པའི་བདེ་མཆོག་གི་མན་ངག་དང་མཐུན་ཞེས་པ་ཙམ་ཡིན་གྱི་བརྒྱུད་པ་བདེ་མཆོག་གི་ལུགས་སུ་བྱས་པ་ནི་ཅི་ཡང་མེད་དོ། །དེས་ན་ནཱ་རོ་པ་ཡན་ཆད་ཀྱི་བརྒྱུད་པ་ཡེ་ཤེས་ཞབས་ལུགས་ལ་འདེད་པ་འགལ་བ་མེད་དོ། །དྲི་བ་ལྔ་པ་ཡེ་ཤེས་ཞབས་ལུགས་ཀྱི་གསང་འདུས་དང་གཤེད་སྐོར་གྱི་སྐབས་འགའ་ཞིག་ཏུ་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་གསོལ་བྱེད་པ་གདའ་མཆིས་པ་དེའི་དགོངས་པ་ཇི་ལྟར་ལགས་ཞེས་པའི་ལན་ནི། དེ་དག་དང་ཀྱེ་རྡོར་གྱི་ལུགས་འགའ་ཞིག་ཏུ་དེ་ལྟར་འབྱུང་མོད། བླ་མེད་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལ་དེ་ལྟར་ཡོད་གསུངས་པས་དེའི་དབང་དུ་བྱས་པའམ། རྣལ་འབྱོར་རྒྱུད་ཀྱི་ཆོ་གས་རྒྱས་གདབ་པ་གང་རུང་ཡིན་མཆི། བླ་མ་གོང་མས་རྒྱུད་སྡེ་བཞིའི་བསྐྱེད་ཆོག་གི་ཁྱད་པར་གསུངས་པ་དང་། དེ་དག་གིས་བརྟེན་པའི་རྒྱུད་གཞུང་ཁུངས་ཐུབ་རྣམས་དང་མི་མཐུན་པར་སྣང་བས་ལུགས་འདི་ལ་གནོད་སྒྲུབ་གང་ཡང་མེད་དོ། །དྲི་བ་དྲུག་པ་འདུས་པ་འཕགས་ལུགས་སུ་དཔུང་སྐུད་གཡས་ལ་འཆིང་བ་དང་། རྣམ་སྣང་ཆུ་དབང་དུ་བྱེད་པ་གང་གི་རྟེན་འབྲེལ་ལ་དགོངས་པ་ཡིན་ལགས་ཞེས་པའི་ལན་ནི། འདིར་ཐབས་ཀྱི་རྒྱུད་གཙོ་ཆེ་བ་ལ་དགོངས་པ་ཡིན་ནོ། །འོ་ན་གཤིན་རྗེའི་གཤེད་ཀྱི་སྐོར་རྣམས་ལ་ཅིའི་ཕྱིར་དེ་ལྟར་མི་འབྱུང་སྙམ་ན། རྒྱུད་སྡེ་སྤྱི་རྣམ་དུ་ཐབས་ཤེས་རབ་ཀྱི་རྒྱུད་ཀྱི་ཁྱད་པར་གསུངས་པ་རྣམས་ཐབས་རྒྱུད་ཀྱི་གཙོ་བོ་གསང་བ་འདུས་པ་དང་། ཤེས་རབ་ཀྱི་རྒྱུད་ཀྱི་གཙོ་བོ་འཁོར་ལོ་བདེ་མཆོག་ལྟ་བུ་ལ་ཚང་བ་ཡིན་གྱི་མཐའ་གཅིག་ཏུ་མ་ངེས་པ་ལྟར་འདིར་ཡང་སངས་རྒྱས་ཐོད་པའི་རྒྱུད་ལས། བརྟུལ་ཞུགས་མཐར་ཕྱིན་སངས་རྒྱས་ཐོད། །ལས་ཚོགས་མཐར་ཕྱིན་གཤིན་རྗེའི་གཤེད། །རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ཕ་རྒྱུད་ཀྱི་གཙོ་བོའམ་མཐར་ཐུག་ཡིན་པས་ཁྱད་པར་དེ་དག་ཚང་བའོ། །ཞེས་གསུངས་པའི་སྒྲོས་ཀྱང་ཡོད་མོད་ཀྱི། མཚོ་སྐྱེས་ལུགས་ཀྱི་དཀྱིལ་ཆོག་ཏུ་སྐྱེས་པའི་གཡོན་དང་། བུད་མེད་ཀྱི་གཡས་སུ་འཆིང་བར་བཤད་པས་ཁམས་དཀར་དམར་གྱི་བར་ཆད་བསྲུང་བའི་ཆེད་ཡིན་ཏེ་སྐྱེས་པ་ལ་ཁམས་དཀར་པོའི་བར་ཆད་དང་། བུད་མེད་ལ་ཁམས་དམར་པོའི་བར་ཆད་ཤས་ཆེ་བས་དེ་ལ་དགོངས་ནས་གསུངས་པའི་ཕྱིར་རོ། །རིགས་པ་དེས་སྐྱེས་པ་བུད་མེད་གང་ལ་ཡང་། གཡས་སུ་འཆིང་བ་ཁམས་དམར་པོའི་བར་ཆད་བསྲུང་བ་དང་། གཡོན་དུ་འཆིང་བ་ཁམས་དཀར་པོའི་བར་ཆད་བསྲུངས་བ་ཡིན་པས་གང་ལ་འཆིང་ཡང་མི་འགལ་བ་ནི་ཁོ་བོའི་རྟོག་པའོ། །འོ་ན་སྔ་མས་ཐབས་གཙོ་ཆེ་བ་མཚོན་ནུས་ཀྱང་ཕྱི་མས་ཅི་ལྟར་མཚོན་སྙམ་ན། སྦྱང་གཞི་རགས་པ་གཟུགས་ཕུང་སྦྱོང་བའི་ལྷ་རྣམ་སྣང་དང་། དབང་རྫས་རགས་པ་བུམ་པའི་ཆུ་སྦྱར་བས་མཚོན་པའོ། །སྤྱིར་ཡང་རྣམ་སྣང་དང་མི་བསྐྱོད་པ་གཉིས་ལ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཆོས་དབྱིངས་ཡེ་ཤེས་གཉིས་ཀ་ལ་གཉིས་ཀ་སྦྱར་བའི་རྣམ་གཞག་མང་དུ་གསུངས་པས་མཐའ་གཅིག་ཏུ་མ་ངེས་པའོ། །དྲི་བ་བདུན་པ་བརྟག་གཉིས་ཀྱི། ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཞེས་པའི་འཕགས་མཆན་དུ་ལེའུ་གཉིས་པ་དང་གསུམ་པ་བཞིན་ཞེས་འབྱུང་བའི་གསུམ་པ་དེ་གང་ལ་སྙེགས་པ་ཡིན་ལགས་ཞེས་པའི་ལན་ནི། ཁོང་པ་རང་གི་དགོངས་པ་ལེའུ་བརྒྱད་པའི་མཉམ་སྦྱོར་ལས་ཧེ་རུ་ཀ་བཞི་ཆར་བསྐྱེད་དགོས་པས་ཧེ་རུ་ཀ་དང་པོ་གསུམ་བསྐྱེད་པའི་ཚེ་ཕྱག་མཚན་ཞལ་སོགས་ལེའུ་གསུམ་པ་ནས་འབྱུང་བ་བཞིན་བྱས་ནས་སྐུ་མདོག་དཀར་པོར་བྱེད་དོ་ཞེས་དགོངས་པ་ཡིན་མཆི། རྗེ་བཙུན་གོང་མའི་དགོངས་པ་ལ་ནི་འདི་མི་དགོས་ཏེ། རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་ལ་ནི་མཉམ་སྦྱོར་མེད་ཅིང་གུར་གྱི་ཧེ་རུ་ཀ་བཞི་ཀ་ལ་མཉམ་སྦྱོར་སྦྱར་བའི་ཚེ་མཉམ་སྦྱོར་ལས་རྒྱུ་རྡོ་རྗེ་འཛིན་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་བསྐྱེད་པ་བཞི་ཆར་ལ་འདྲ་ཞིང་། ཞུ་བ་གླུས་བསྐུལ་ནས་འབྲས་བུ་རྡོ་རྗེ་འཛིན་པ་ཧེ་རུ་ཀ་བཞི་པོ་སོ་སོར་བཞེངས་པ་གུར་རྒྱན་ཉིད་ལས་གསལ་བར་གསུངས་པའི་ཕྱིར་རོ། །དྲི་བ་བརྒྱད་པ་འགྲེལ་པ་དག་ལྡན་དུ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ནི་ཚོགས་དྲུག་པོ་ཙམ་ལ་འདོད་དོ་ཞེས་འབྱུང་བ་འདིའི་དོན་ཇི་ལྟར་ལགས་ཞེས་པའི་ལན་ནི་རྣལ་འབྱོར་སྤྱོད་པ་བ་རྣམས་ནི་ཞེས་པ་ཡོད་ཀྱི་དབུ་མ་པ་ཞེས་པའི་ཚིག་མེད། དེའི་དོན་རྣལ་འབྱོར་སྤྱོད་པ་བས། རྩ་རྒྱུད་དུ་སེམས་མེད་ཅེས་པའི་བདེན་པར་མེད་རྒྱུའི་སེམས་ཚོགས་དྲུག་ལ་རང་དུས་སུ་གཟུང་འཛིན་གཉིས་སུ་སྣང་བ་ཙམ་དེ་ཉིད་ཚོགས་དྲུག་གི་ངོ་བོ་ཡིན་ཀྱང་བདེན་པར་མེད་དེ། གཟུང་བ་མེད་པས་དེ་འཛིན་མེད་པ་སེམས་ཙམ་པའི་གྲུབ་མཐའི་སྙིང་པོ་ཡིན་པའི་ཕྱིར་རོ། །འདིའི་དཔང་པོ་ལ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཀྱི་འགྲེལ་པར། སེམས་ཙམ་རྣམ་བཅས་པས་ཚོགས་དྲུག་ལ་རང་དུས་སུ་གཟུང་བར་སྣང་བ་ཚོགས་དྲུག་གི་ངོ་བོ་ཡིན་ཀྱང་བདེན་པར་མེད་པར་འདོད་པར་གསུངས་པ་དེ་ཉིད་ཡོད་དོ། །དྲི་བ་དགུ་པ་སཾ་བུ་ཊིའི་སིཧླས་ག་བུར་བསྒོས་པ་ནི་ཞེས་པའི་འགྲེལ་པ་སིཧླ་ལ་སོགས་པ་རྐང་པ་གསུམ་གྱིས་ནི་བསྟེན་པའི་ཚད་དེ། གཉིས་ཀའི་བྱང་ཆུབ་ཀྱི་སེམས་དབང་བསྐུར་བ་ལ་དགོས་པའི་ཕྱིར་རོ། །ཞེས་གསུངས་པ་འདིའི་དགོངས་པ་ཇི་ལྟར་འཆད་ལགས་ཞེས་པའི་ལན་ནི་གཉིས་ཀའི་བྱང་ཆུབ་ཀྱི་སེམས་ཀྱི་སྒྲ་དོན་སྔ་རབས་པ་རྣམས་འཆད་ཚུལ་མང་དུ་བྱུང་ཡང་གོང་མའི་གསུང་རབ་འདི་ཉིད་ཀྱིས་འཁྲུལ་མེད་སྟོན་པར་ནུས་ཏེ། གསང་དབང་གི་ཚེ་ཡབ་ཀྱི་བྱང་སེམས་ཡུམ་གྱི་མཁར་ཕབ་པ་ཙམ་གྱི་སྦྱོར་བ་ལས་མི་བྱེད་ལ་དེའི་ཚེ་ཡུམ་གྱི་སིཧླས་ཡབ་གྱི་ག་བུར་ཅུང་ཟད་བསྒོས་པ་ཡིན་ལ། དེས་ཁ་དོག་དམར་པོར་བསྒྱུར་མ་ནུས་པར་དཀར་པོ་ཉིད་དུ་གནས་པས་ན་གཉིས་ཀའི་བྱང་སེམས་ཚང་བ་དང་། དཀར་བ་ཞེས་པའི་དོན་ཚང་བ་དང་། བསྟེན་པའི་ཚད་ཅེས་པའི་ནུས་པ་ཐོན་པ་གསུམ་ཆར་འབྱུང་ངོ་། །ཤེས་རབ་ཡེ་ཤེས་ཀྱི་ཚེ་ཡབ་ཀྱི་རིགས་ཀྱི་བདག་པོའི་ཁ་དང་། ཡུམ་གྱི་རྩ་མཛེས་པའི་སྤྱི་བོར་ཁམས་དཀར་དམར་ཆ་མཉམ་དུ་འབབ་པའི་བར་དུ་བསྟེན་དགོས་པས་ན་བསྟེན་ཚད་མི་འདྲ་ཞིང་གཉིས་ཀའི་ཁ་དོག་མི་འདྲ་བའི་གནད་དེ་ཉིད་ཡིན་ནོ། །དྲི་བ་བཅུ་པ་རྗེ་བཙུན་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ་དུ་མུ་སྟེགས་མཆོག་གི་ལམ་གྱིས་བདེ་འགྲོ་ཐོབ་པར་གསུངས་པའི་དགོངས་པ་ཅི་ལགས་ཞེས་པའི་ལན་ནི་མུ་སྟེགས་མཆོག་རྣམས་སྡིག་པ་དོར་བྱ་དང་། དགེ་བ་བླང་བྱར་བྱེད་པས་དེའི་རྒྱུ་མཚན་དེ་ཡིན་ནོ། །དྲི་བ་བཅུ་གཅིག་པ་གསུང་ངག་གི་གདན་སོགས་ཀྱི་ཡི་གེར་ཕོ་བྲང་ལྔའམ་དྲུག་ཅེས་གསུངས་པའི་ཕོ་བྲང་དྲུག་པ་དེ་ས་པཎ་ལ་ཁ་འཕངས་པའི་ཁྲིད་ཀྱི་དཀར་ཆགས་དེར་བཤད་པ་ལྟར་རམ། གཞན་ཞིག་ཡོད་ལགས་ཞེས་པའི་ལན་ནི་དེ་ལྟར་བྱས་ཀྱང་འགལ་བ་མེད་དེ་སྤྱིར་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང་། རྡོ་རྗེ་སྙིང་འགྲེལ་སོགས་ལས། ཕོ་བྲང་དྲུག་གསུངས་པ་ལྟར་བརྒྱུད་པ་འདིའི་ལུགས་ཀྱིས་ཀྱང་དེ་བཞིན་གཤེགས་པ་རིགས་དྲུག་གི་ཕོ་བྲང་དྲུག་གམ། རིགས་དྲུག་པ་སྤྱི་ཁྱབ་ཏུ་བཏང་ནས་ཕོ་བྲང་ལྔའམ། བདེ་ཆེན་གྱི་ཕོ་བྲང་གཉིས་གཅིག་ཏུ་བསྡུས་ན་ཕོ་བྲང་བཞིར་འགྱུར་བ་དུ་མ་གསུངས་པའི་ཕྱིར་རོ། །ཕོ་བྲང་དྲུག་ཏུ་བྱེད་པའི་ཚེ་སྤྱི་བོའི་ཕོ་བྲང་རྣམ་སྣང་གི་དང་། སྤྱི་གཙུག་གི་ཕོ་བྲང་རྡོ་རྗེ་སེམས་དཔའི་ཕོ་བྲང་དུ་བྱེད་པར་སྔར་གྱི་ལུང་ཁུངས་དེ་དག་ལས་བཤད་དོ། །དྲི་བ་བཅུ་གཉིས་པ་མངོན་རྟོགས་ཡན་ལག་དྲུག་པ་རྗེ་བཙུན་གྱིས་མཛད་པ་འདི་ལ་མངོན་བྱང་གསུམ་པ་འགྲེལ་པ་ལུགས་ལྟར་བྱས་པ་གཅིག་དང་། ད་ལྟའི་ཉམས་ལེན་ལྟར་བྱས་པ་གཅིག་སྟེ་གཉིས་མཆིས་པ་གང་ལགས་ཞེས་པའི་ལན་ནི་འདི་ལ་དག་མ་དག་གཉིས་ཡོད་ཅིང་མ་དག་པ་དེར་ལྷ་མོ་བརྒྱད་ལྷ་སྣམ་ལ་འགོད་པ་སོགས་ནོར་བ་གཞན་ཡང་འགའ་ཞིག་ཡོད་དེས་ན་ཕྱི་མ་དག་གོ །དྲི་བ་བཅུ་གསུམ་པ་ལམ་སྐོར་གྱི་ནང་གི་མཚོ་སྐྱེས་ཀྱི་སྒྲུབ་ཐབས་སུ་དབང་གི་མཐར་ཐུག་རྒྱན་དྲུག་གི་དག་པ་དྲན་པ་སོགས་འབྱུང་བ་ཇི་ལྟར་ལགས་ཞེས་པའི་ལན་ནི། རྗེ་བཙུན་གྱི་དག་ལྡན་དང་ལམ་འབྲས་ཀྱི་ཡིག་ཆུང་དུ་མན་ངག་ལུགས་ཀྱི་ཡན་ལག་བཞི་པ་དང་། མཚོ་སྐྱེས་ལུགས་གཉིས་མི་འདྲ་བའི་ཁྱད་པར་དབང་གི་མཐར་ཐུག་དྲན་པ་ཡོད་མེད་སོགས་གསུངས་པའི་མཚོ་སྐྱེས་ལུགས་ནི་སྒྲུབ་ཐབས་མཚོ་སྐྱེས་དེ་ཉིད་ཀྱི་སྟེང་དུ། རྗེ་ས་ཆེན་ཡབ་སྲས་གཉིས་ཀྱི་འགྲེལ་པ་ལས་ཇི་ལྟར་འབྱུང་བ་ཙམ་ཞིག་ལ་ངོས་འཛིན་དགོས་ཀྱི་མཚོ་སྐྱེས་ཀྱི་ལུགས་ཡིན་ཚད་ལ་དེར་མ་ངེས་སོ། །དེས་ན་མཚོ་སྐྱེས་ལུགས་ལ་ཐུན་མོང་བ་ཚོགས་པ་ལ་བཤད་པར་བྱ་བ་དང་། ཐུན་མོང་མ་ཡིན་པ་སློབ་མ་ལ་བཤད་པ་གཉིས་ཡོད་པ་ལས་སྔ་མ་ནི་སྔར་ལྟར་བཤད་པ་དང་། ཕྱི་མ་ནི་ལམ་སྐོར་གྱི་མཚོ་སྐྱེས་ལུགས་ཏེ་དེ་ལ་སྔར་བཤད་པ་དེ་དག་ཡོད་པས་ཉེས་པ་གང་ཡང་མེད་དོ། །དྲི་བ་བཅུ་བཞི་པ་རྗེ་བཙུན་གྱིས་ལཱུ་ཧི་པའི་སྒྲུབ་ཐབས་སུ་ལྷ་རེ་རེ་ལ་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཚང་བར་གསུངས་ན་དེའི་ཚེ་རྣམ་དག་གམ་ལུས་དཀྱིལ་དུ་བརྩི་ཕྱི་མ་ལྟར་ན་ཕག་མོ་ལྟ་བུའི་ལུས་ལ་མ་མོ་བཅུ་གཉིས་ཇི་ལྟར་ཚང་ལགས་ཞེས་པའི་ལན་ནི། རྣམ་དག་དང་ལུས་དཀྱིལ་གཉིས་ཆར་དུ་ཚང་ལ། ཕག་མོ་ལྟ་བུའི་ལུས་ལ་མ་མོ་བཅུ་གཉིས་ཚང་ཚུལ་ནི་བདེ་མཆོག་སྡོམ་འབྱུང་སོགས་ཀྱི་དགོངས་པ་མ་མོ་བཅུ་གཉིས་ལུས་ཀྱི་བུ་ག་དགུ་ལ་འགོད་པ་དང་། རྡོ་རྗེ་མཁའ་འགྲོ་སོགས་ཀྱི་དགོངས་པ་སྙིང་གའི་རྩ་འདབ་ལ་འགོད་པ་དང་། ཨ་བྷི་དྷ་ནའི་དགོངས་པ་ཕྱག་བཅུ་གཉིས་ལ་འགོད་པ་དང་གསུམ་ཡོད་པ་ལས། སྔ་མ་ལྟར་ན་ལུས་དཀྱིལ་དངོས་སུ་འགྱུར་ཞིང་། ཕྱི་མ་ལྟར་ན་ཐབས་ཤེས་རབ་སྦྱར་བ་ཙམ་ཡིན་གྱི་ལུས་དཀྱིལ་དངོས་སུ་མི་འགྱུར་བས་མ་མོ་བཅུ་གཉིས་ལུས་དཀྱིལ་དུ་ཚང་བ་ལ་ཕྱག་བཅུ་གཉིས་ཡོད་མེད་ཀྱིས་ཕན་གནོད་གང་ཡང་མེད་དོ། །དྲི་བ་བཅོ་ལྔ་པ་བདེ་མཆོག་གི་རྩ་རྒྱུད་རྒྱས་པ་ལ་ཚིག་རྐང་འབུམ། ཤླཽ་ཀ་འབུམ། ལེའུ་འབུམ་ཡོད་པ་གསུམ་དུ་བཤད་པ་དང་། ཤླཽ་ཀ་འབུམ་ཕྲག་གསུམ་པ་གཅིག་ཏུ་བཤད་པ་གཉིས་མཆིས་པ་གང་ལགས་ཞེས་པའི་ལན་ནི་རྒྱུད་རྒྱས་པ་ལ་གསུམ་དུ་བཤད་པ་མ་མཐོང་། བཤད་པ་འགའ་ཞིག་ལས་རྒྱས་པ་ལེའུ་འབུམ། འབྲིང་ཤླཽ་ཀ་འབུམ། བསྡུས་པ་ཚིག་འབུམ་པ་དང་གསུམ་ཡོད་པ་ལས་བསྡུས་པ་ད་ལྟའི་བདེ་མཆོག་ཉུང་ངུ་ཡིན་ཞེས་དང་། རྒྱུད་རྒྱས་པ་འབུམ་ཕྲག་གསུམ་པ་དང་། བསྡུས་པ་ད་ལྟའི་བདེ་མཆོག་ཉུང་ངུ་ཡིན་ཞེས་པ་གཉིས་ལས། ཕྱི་མ་ནི་བླ་མ་གོང་མའི་རང་ལུགས་ཡིན་ཏེ། རྗེ་ས་ཆེན་གྱི་དཀའ་འགྲེལ་དང་། མུ་ཏིག་ཕྲེང་བ་གཉིས་ཆར་ལས་དེ་ལྟར་འབྱུང་བའི་ཕྱིར་རོ། །དྲི་བ་བཅུ་དྲུག་པ་མཉམ་སྦྱོར་གྱི་མངོན་བྱང་ལ་ངེས་ཆོས་བསྒྲིགས་པ་འདི་རྣམས་ཀུན་ཏུ་ཡིན་ན། རྡོ་རྗེ་མཁའ་འགྲོའི་འགྲེལ་པར་ལྷ་ནག་པོ་མཆིས་ཤིང་། ཀྱེ་རྡོར་ཙམ་ལ་ཡིན་ན། གུར་རིགས་བསྡུས་སུ་ཕྱག་མཚན་ལྔ་བར་དུ་བསྒོམ་པ་མཆིས་ལ། རྩ་རྒྱུད་ཁོ་ནར་ཡིན་ན། དཀྱིལ་འཁོར་བརྒྱའི་སྒྲུབ་བྱེད་དུ་ཚུལ་བཅུ་བཞི་མཛད་པ་ཇི་ལྟར་ཡིན་ལགས་ཞེས་པའི་ལན་ནི་དང་པོ་གཉིས་ལྟར་མ་ཡིན་ཞིང་། ཕྱི་མ་ལྟར་ཡིན་ལ་དེ་ལ་ཡང་ཧེ་རུ་ཀ་བཞིའི་ནང་ནས་ཕྱི་མ་ཁོ་ནའི་དབང་དུ་བྱས་པ་ཡིན་ལ། དེ་ལ་ཡང་འགྲེལ་པ་ལུགས་དང་། མན་ངག་ལུགས་གཉིས་ཡོད་པ་ལས། ཕྱི་མ་ཁོ་ནའི་དབང་དུ་བྱས་པ་སྟེ། རྩ་རྒྱུད་དང་པོའི་བརྒྱད་པ་དང་། ཕྱི་མའི་ལྔ་པ་གཉིས་ལ་རྣལ་འབྱོར་དབང་ཕྱུག་གི་མན་ངག་གི་བཤད་པ་ཉིད་ལས་ཚུལ་བཅུ་བཞི་འབྱུང་ཞིང་དེའི་ཚེ་ངེས་པའི་ཆོས་འདི་རྣམས་འགྲིག་དགོས་པའི་ཕྱིར་རོ། །དེས་ན་ངེས་པའི་ཆོས་འདི་རྣམས་འགྲིག་པའི་གཞི་ངོས་ཟིན་ན་དོགས་པ་རང་གྲོལ་དུ་འགྱུར་རོ། །གུར་རིགས་བསྡུས་ཀྱི་མཉམ་སྦྱོར་ལ་ཕྱག་མཚན་ལྔ་བར་དུ་བསྒོམ་པ་མི་ཐུབ་ཟླ་བའི་གཞུང་དང་གུར་རྒྱན་གཉིས་ལས་མ་བཤད་དོ། །དེ་ལྟར་ན་དཀྱིལ་འཁོར་བརྒྱའི་སྒྲུབ་བྱེད་དུ་ཚུལ་བཅུ་བཞི་མཛད་པ་ཇི་ལྟར་ཞེས་པ་ནི། དེའི་སྒྲུབ་བྱེད་དུ་བཀོད་པ་ཁོ་བོས་སྔར་མ་མཐོང་ཞིང་། ད་ལྟ་ཡང་འབྲེལ་མ་གོ་སྟེ། དཀྱིལ་འཁོར་བརྒྱར་བྱེད་པའི་ཚེ་རྩ་རྒྱུད་ལ་དཀྱིལ་འཁོར་དྲུག་ཁོ་ན་འབྱུང་ལ། ཚུལ་བཅུ་བཞི་མ་བྱས་ཀྱང་དཀྱིལ་འཁོར་དྲུག་བགྲང་བ་ལ་གེགས་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དྲི་བ་བཅུ་བདུན་པ་ལས་བཞིའི་སྦྱིན་སྲེག་གི་ཁ་བལྟ་ཕྱོགས་ལ་བདག་མདུན་གང་གཙོ་ཆེ་ལགས་ཞེས་པའི་ལན་ནི་འདི་ནི་བདག་བསྐྱེད་ཁོ་ནའི་དབང་དུ་བྱས་པ་སྟེ། དེང་སང་གི་ཕྱག་ལེན་ལ་ཡང་དེ་ལྟར་ཡོད་ཅིང་། སྦྱིན་སྲེག་གི་ཡིག་ཆ་ཁུངས་མ་རྣམས་ལས། སྒྲུབ་པ་པོའི་རྒྱན་གོས་དང་། ཁ་བལྟ་ཕྱོགས་ཀྱི་ཁྱད་པར་ཞེས་གསལ་བར་འབྱུང་བའི་ཕྱིར་རོ། །བློ་གྲོས་རབ་གསལ་ཐོས་པ་མང་ལྡན་པ། །དོན་གཉེར་སློབ་མས་ཚུལ་བཞིན་དྲིས་པའི་ལན། །རྒྱུད་གསུམ་སྨྲ་བའི་སེང་གེ་དེ་ཡིས་སྦྱར། །དགེ་བས་འགྲོ་ཀུན་ཆོས་དོན་རྟོགས་པར་ཤོག །ཅེས་པ་འདི་ནི་བྱ་ལོ་ཧོར་ཟླ་བཞི་པའི་ཉེར་གཉིས་ལ་ཐུབ་བསྟན་རྣམ་རྒྱལ་དུ་སྦྱར་བའོ། །དགེའོ།། ༈ །མདོ་ཁམས་པ་དབང་ཕྱུག་རྒྱལ་མཚན་གྱིས་དྲིས་ལན།། དཔལ་ལྡན་བླ་མའི་དབོན་པོ་སྡེ་སྣོད་འཛིན་པ་ཆེན་པོ་སློབ་དཔོན་དབང་ཕྱུག་རྒྱལ་མཚན་པའི་ཕྱག་ཏུ་ཕུལ་བ། ཁམས་བཟང་ཞིང་ལྷག་བསམ་རྣམ་པར་དག་པས་གཞན་དོན་ལ་བརྩོན་པའི་ཐད་ནས་གསུང་ཡིག་དངུལ་སྲང་གང་གི་རྟེན་དང་བཅས་པ་ཤེས་རབ་རྡོ་རྗེ་དང་། དགེ་འདུན་དཔལ་གྲོགས་མཆེད་ཀྱིས་འཕྲོས་པས་སེམས་སྤྲོ་ཞིང་རྗེས་སུ་ཡི་རང་། ཉིད་ཀྱི་དྲི་བ་རྣམས་ཀྱི་ལན་རིམ་པར་བསྙད་པ་ནི། དྲི་བ་དང་པོ་རྗེ་བཙུན་གྱིས་གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ། ཞེས་གསུངས་པའི་ཆོས་སྣ་སོ་དགུ་པོའི་རྣམ་གྲངས་གསལ་པོ་དགོས་གསུང་བ། རྗེ་བཙུན་གྱིས་བླ་མ་གོང་མའི་ཆོས་ཀྱི་རྣམ་གྲངས་མང་པོ་བགྲངས་པའི་འཇུག་ཏུ། བིརྺའི་རྗེས་འབྲང་ཌོམྦིའི་སྐོར། །ཞེས་པ་ནས་ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་པའི་བར་ཚིག་རྐང་ལྔ་གསུངས་པའི་དོན་ལ་ས་སྐྱ་པའི་བླ་མ་ཁ་ཅིག་ཀྱཻ་རྡོར་རྒྱུད་གསུམ། ཌོམ་བྷི་སོགས་ཀྱི་གཞུང་བཅོ་བརྒྱད། མཚོ་སྐྱེས་ལུགས་ལ་ལྔ། ནག་པོ་ལུགས་ལ་བཅུ་གསུམ་སྟེ། དེ་རྣམས་དྲིལ་བས་ཆོས་སྣ་སུམ་ཅུ་སོ་དགུའོ་ཞེས་སྨོས་ནས་གོང་གི་སྐོར་གསུམ་དུ་མ་གཏོགས་པའི་མན་ངག་ལུགས་ཁྱད་པར་དུ་བསྟན་པའི་ཕྱིར། ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་གསུངས་ཞེས་འཆད་པ་དང་། རང་ཕྱོགས་པའི་ཟིན་བྲིས་འགའ་ཞིག་ལས་ཀྱང་འདི་ལྟར་འབྱུང་བ་ནི་དོན་གཏན་མ་ཡིན་ཏེ། བཀའ་སྲོལ་གསུམ་གྱི་རྒྱ་གཞུང་གཙོ་ཆེ་ཤོས་ལ་རྒྱུད་གསུམ་བགྲངས་པ་བཞད་གད་ཀྱི་གནས་ཡིན་པའི་ཕྱིར་དང་། གཞན་རྣམས་ཀྱི་གྲངས་ལ་ཡང་ངེས་པ་མི་སྣང་ཞིང་ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་པའི་དོན་ཡང་དེ་ལྟར་མ་ཡིན་པའི་ཕྱིར་རོ། །རྗེ་བཙུན་མུས་པ་ཆེན་པོའི་ཞལ་སྔ་ནས་འགྲེལ་པ་ཀུ་མུ་ཏི། དཀྱིལ་ཆོག་བཟང་པོ་ཡོངས་གཟུང་། སྒྲུབ་ཐབས་ཡན་ལག་དྲུག་པ། བདག་མེད་མའི་སྒྲུབ་ཐབས། རྡོ་རྗེ་གུར་གྱི་སྒྲུབ་ཐབས། གཏུམ་མོའི་འགྲེལ་ཆུང་། སྦྱིན་སྲེག ཕྱག་མཚན་གྱི་དག་པ། གཏོར་མ། སྔགས་དོན་གཅིག ཡང་སྔགས་དོན་གཅིག བདུད་རྩི་འོད། ལྷན་ཅིག་སྐྱེས་གྲུབ། ལམ་གྱི་ཡན་ལག་ལ་དེ་ཉིད་བཅུ་པ། ཚོགས་ཀྱི་འཁོར་ལོ། དྲན་པ་གཅིག་པ། དཔའ་མོ་གཅིག་པ། ཡང་དཔའ་མོ་གཅིག་པ། རིན་ཆེན་འབར་བ། མན་ངག་གི་རོ་སྲེག་སྟེ་དེ་རྣམས་ཌོམ་བྷི་བའི་སྐོར་རོ། །འགྲེལ་པ་པདྨ་ཅན། དཀྱིལ་ཆོག་ནས་གླིང་མ། སྒྲུབ་ཐབས་མཚོ་སྐྱེས། ཚོགས་འཁོར་དམ་ཚིག་ལྔ་པ། བསྟོད་པ་དེ་རྣམས་པདྨའི་སྐོར་རོ། །འགྲེལ་པ་རྣལ་འབྱོར་རིན་པོ་ཆེའི་སྦྱོར་བའི་ཕྲེང་བ། དཀྱིལ་འཁོར་གྱི་ཆོ་ག་གཞུང་འགྲེལ། སྒྲུབ་ཐབས་དེ་ཉིད་གསལ་བ། ཕྱག་བཅུ་དྲུག་པ་དཔའ་གཅིག ཕྱག་གཉིས་པ་དཔའ་གཅིག ལམ་གྱི་ཡན་ལག་རབ་གནས་ཚུལ་ཟབ་མོ། སྦྱིན་སྲེག རོ་སྲེག ཚོགས་འཁོར། བསྟོད་པ། བདག་མེད་མའི་སྒྲུབ་ཐབས་ཆེ་ཆུང་གཉིས། རྫོགས་རིམ་གྱི་གཞུང་། དེ་རྣམས་ནག་ཆུང་གིས་འགོས་ཁུག་པ་ལ་བརྒྱུད་པའོ་ཞེས་པ་འདི་རྣམས་ལ་ཆོས་ཀྱི་རྣམ་གྲངས་སུམ་ཅུ་སོ་བརྒྱད་གདའ་ཞིང་གཅིག་མ་ཚང་བ་དེ་ཌོམ་བྷི་བས་མཛད་པའི་ཚོགས་ཀྱི་འཁོར་ལོའི་བསླབ་བྱ་སྟོན་པ་འདུ་བ་སྒྲག་པ་ཞེས་བྱ་བ་གཅིག་ཟུར་ན་འདུག་པ་དེ་ཡིན་ནམ་སྙམ་ཞེས་གསུངས་པ་འདི་ཉིད་གསལ་ཁ་ཆེ་བས་དེ་བཞིན་དུ་བཟུང་བས་བཏུབ། ཁོ་བོའི་རྟོགས་པ་ལ་ཀྱེ་རྡོར་རྣམ་བཤད་ཀྱི་དགོངས་པ་འགྲེལ་པ་ལུགས་ཀྱི་ཆོས་སྐོར་ལ་མི་ཐུབ་ཟླ་བ་ཡན་ཆད་ཀྱི་གཞུང་བཅུ་བཞི། དཔའ་བོ་རྡོ་རྗེའི་རིན་ཆེན་འབར་བ་བསྟན་བཅོས་ཀྱི་ངོས་ནས་གཅིག་ཡིན་ཀྱང་ལེའུ་རེ་རེའི་བརྗོད་བྱའི་ངོས་ནས་གཞུང་གཞན་རྣམས་དང་དོད་མཉམ་དུ་ཡོད་པས་དགུར་བགྲངས་འདུག་པས་ཉི་ཤུ་རྩ་གསུམ། མཚོ་སྐྱེས་ལུགས་ལ་བདུན། ནག་པོ་ལུགས་ལ་བཅུ་གཉིས་ཏེ། བཞི་བཅུ་ཞེ་གཉིས་ལས། ཌོམ་བྷི་བའི་ལྷན་ཅིག་སྐྱེས་གྲུབ་དང་། མཚོ་སྐྱེས་ལུགས་ཀྱི་བསྐྱེད་རིམ་སྒྲུབ་ཐབས་མཚོ་སྐྱེས་དང་། རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་སྟེ་གསུམ་པོ་ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་པའི་ཁོངས་སུ་གཏོགས་པས་ལྷག་མ་སུམ་ཅུ་སོ་དགུ་པོ་ཡིན་ནམ་སྙམ་སྟེ། རྣམ་བཤད་ཉིད་ཀྱིས་བགྲང་ཚུལ་དང་། གཙོ་ཆེའི་ཆོས་ཞེས་དང་། ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་པའི་ཚིག་གི་ནུས་པ་ལས་ཤེས་སོ། །དྲི་བ་གཉིས་པ་རྗེ་བཙུན་གྱི་ལྗོན་ཤིང་ལས་མངོན་པ་ཀུན་ལས་བཏུས་མདོ་སྡེ་པའི་གྲུབ་མཐའ་ཡིན་ཞེས་གསུངས་ན་ཀུན་གཞི་དང་ཉོན་ཡིད་རང་ལུགས་ལ་ཁས་ལེན་པའི་མདོ་སྡེ་པ་ཇི་ལྟར་ལགས་ཞེས་པ་ལ་སྤྱིར་རྗེ་བཙུན་གྱིས་གྲུབ་མཐའ་བཞིའི་རྣམ་གཞག་མདོར་བསྡུས་བཤད་ནས་ཞིབ་པར་གཞུང་སོ་སོ་ལ་བསླབ་པར་བཤད་པའི་སྐབས་སུ་མདོ་སྡེ་པའི་གྲུབ་མཐའ་ཞིབ་པར་མངོན་པ་ཀུན་ལས་བཏུས་པ་ལས་ཤེས་པར་བྱའོ་ཞེས་གསུངས་ཤིང་དེའི་ཤེས་བྱེད་དུ་མཛོད་རང་འགྲེལ་ནས་བཤད་པའི་མདོ་སྡེ་པའི་གྲུབ་མཐའ་དང་། འདི་ནས་བཤད་པ་དོན་གཅིག་པའི་ཕྱིར་དང་། རྣམ་པར་རིག་པ་ཙམ་འགའ་ཡང་མ་བསྟན་པའི་ཕྱིར་དང་། འཆད་པ་པོ་དག་གིས་ཀྱང་ཐེག་པ་ཐུན་མོང་གི་སྡོམ་ཞེས་འཆད་པའི་ཕྱིར། ཞེས་གསུངས་པས་དེ་ནས་གསུངས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་ཕལ་ཆེ་བ་དང་། ཕྱི་རོལ་དོན་གྱི་རྣམ་གཞག་དང་། ལམ་ལྔ་ས་བཅུ། སྐུ་གསུམ་ལ་སོགས་པ་ཕལ་ཆེར་མདོ་སྡེ་པའི་ལུགས་ཡིན་ཞེས་པའི་དོན་ཡིན་གྱི་དེ་ནས་བཤད་ཚད་མདོ་སྡེ་པའི་གྲུབ་མཐའ་ཞལ་གྱིས་མི་བཞེས་ཏེ། ཐེག་པ་ཐུན་མོང་གི་སྡོམ་ཞེས་པ་དེ་ཚད་མར་མཛད་འདུག་པའི་ཕྱིར། དེས་ན་ཀུན་གཞི་དང་། ཉོན་ཡིད་རང་ལུགས་ལ་ཁས་ལེན་པའི་མདོ་སྡེ་པ་ཡོད་པར་ཁས་ལེན་མི་དགོས་སོ། །དྲི་བ་གསུམ་པ་རྒྱུད་སྡེ་སྤྱི་རྣམ་ལས་སངས་རྒྱས་ནས་ཤེས་བྱ་མཁྱེན་ཚུལ་ལ་ཕ་རོལ་དུ་ཕྱིན་པའི་ལུགས་ཀྱིས་ཤེས་བྱ་གཞན་སྣང་དུ་མཁྱེན། གསང་སྔགས་པའི་ལུགས་ཀྱིས་ཤེས་བྱ་རང་སྣང་དུ་མཁྱེན་ཞེས་གསུངས་པའི་མཁྱེན་ཚུལ་ཇི་ལྟར་ལགས། དེ་ལྟར་ན་སངས་རྒྱས་ལ་རང་སྣང་དང་གཞན་སྣང་ཇི་ལྟར་མངའ་ལགས་ཞེས་གསུངས་པ་ལ། སཾ་བུ་ཊིའི་རྒྱུད་ལས་གང་དག་བསམ་གྱིས་མི་ཁྱབ་པའི་གནས་མངོན་དུ་མ་བྱས་པ་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ལ། མཚན་གཞི་མཚོན་པ་ནི་རྡོ་རྗེ་འཛིན་པ་ཡང་དག་པའོ་ཞེས་གསུངས་པའི་འགྲེལ་པར། བསམ་གྱིས་མི་ཁྱབ་པའི་གནས་ནི་ཤེས་བྱ་ཐམས་ཅད་རང་སྣང་གི་ཡེ་ཤེས་ཏེ། སྣང་བ་ཉིད་ཀྱང་ཡེ་ཤེས། ཡེ་ཤེས་ཀྱང་སྣང་བ། དེ་ཡང་སྟོང་པ། སྟོང་པ་ཡང་དེ་ཡིན་ཏེ། དུས་གཅིག་ཏུ་ཅིག་ཅར་འཇུག་པ་ཡིན་ཏེ། ད་ལྟ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རིམ་གྱིས་ཐ་སྙད་ལ་བརྟེན་ཏེ་རྟོག་པའི་ཡུལ་དུ་མོས་པ་བྱ་བ་ཙམ་ལས་དེའི་ཡེ་ཤེས་འདི་ལྟ་བུའོ་ཞེས་མོས་པར་བྱ་བའང་དཀའ་འོ། །དེ་བས་ན་བཅུ་གཅིག་པ་དང་བཅུ་གཉིས་པས་ཡེ་ཤེས་དེ་མ་ཐོབ་བོ། །དེ་ནི་བདེ་བར་གཤེགས་པ་སྟེ་ལམ་བདེ་བ་ནས་གཤེགས་པའི་ཕྱིར་རོ། །དེ་ཉིད་ལ་ཕ་རོལ་དུ་ཕྱིན་པ་ལས་སངས་རྒྱས་ཞེས་བཤད་དོ། །དེ་མ་ཐོབ་པ་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ཐོབ་པར་བཤད་དོ་ཞེ་ན། མ་བཤད་དེ། ཕ་རོལ་དུ་ཕྱིན་པ་ཁ་ཅིག་ལས་སངས་རྒྱས་པའི་ཚེ་སེམས་དང་སེམས་བྱུང་གི་འཇུག་པ་ཞིའོ་ཞེས་བཤད་དེ། སེམས་ཡོད་ན་རྣམ་པར་རྟོག་པར་འགྱུར་སྙམ་དུ་སེམས་སོ། །ཡང་ཁ་ཅིག་ལས། སངས་རྒྱས་རྣམས་སེམས་དང་བཅས་ཏེ། སེམས་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ཡིན་ན། སངས་རྒྱས་ལ་མྱ་ངན་ལས་འདའ་བ་མེད་དོ་ཞེས་བསམ་མོ། །ཡང་ཁ་ཅིག་དེ་གནས་གྱུར་པའི་ཡེ་ཤེས་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་གནས་གྱུར་པར་མི་འདོད་དོ་ཞེས་ཟེར་རོ། །ཡང་ཁ་ཅིག་ནི་མཉམ་གཞག་དང་རྗེས་ཐོབ་ཡོད་ཅེས་ཟེར་རོ། །ཡང་ཁ་ཅིག་ནི་མཉམ་གཞག་དང་རྗེས་ཐོབ་མེད་ཅེས་ཟེར་ཏེ། དེ་དག་ཐམས་ཅད་འགལ་བ་མེད་དེ། གཞུང་གཅིག་ལ་ནི་གང་དུ་ཡང་བཤད་པ་མེད་དོ། །དེ་བས་ན་བསམ་གྱིས་མི་ཁྱབ་པའི་གནས་ཐོབ་པ་དེ་ནི་རྡོ་རྗེ་འཛིན་པ་ཡིན་པར་གསུངས་པ་མཚན་གཞི་མཚོན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བ་འདི་ཉིད་འགྲེལ་པའི་ཚིག་རིས་ཡིན་པས་འདི་ལ་དཔྱད་པས་ཁྱབ། མདོར་བསྡུ་ན་ཤེས་བྱའི་སྣང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། གནས་ལུགས་སྟོང་པ་གསུམ་དབྱེར་མེད་དུ་མངོན་དུ་གྱུར་པ་ནི་རང་སྣང་གི་ཡེ་ཤེས་ཏེ་ས་བཅུ་གསུམ་པ་ཁོ་ནའོ། །དེ་མངོན་དུ་མ་གྱུར་པ་ནི་གཞན་སྣང་གི་མཁྱེན་ཚུལ་ཏེ། འདི་ལ་རྗེ་བཙུན་རྩེ་མོས་སངས་རྒྱས་ཆུང་ངུ་ཉན་ཐོས། འབྲིང་རང་སངས་རྒྱས། ཆེན་པོ་ཕ་རོལ་དུ་ཕྱིན་པའི་ས་བཅུ་གཅིག་པའམ། བཅུ་གཉིས་པ་ཞེས་གསུངས་ཤིང་རྗེ་ས་པཎ་གྱིས་བདག་མེད་བསྟོད་འགྲེལ་ལས། དེ་དག་ལ་སངས་རྒྱས་བཏགས་པ་བ་ཞེས་པའི་ཞི་བ་ཆ་སྦྱར་བ་མ་རྟོགས་པ་དགོངས་པ་གཅིག་པར་སྣང་ཞིང་འདི་དག་གི་དོན་ཞིབ་པར་རྒྱུད་གསུམ་གྱི་སྟེང་དུ་ཤེས་དགོས་པ་ལས། འདིར་ནི་མདོར་བསྡུས་པ་ཙམ་མོ། །དེས་ན་སངས་རྒྱས་གཅིག་ཉིད་ལ་རང་སྣང་དང་གཞན་སྣང་གཉིས་ཀ་ཡོད་པ་མ་ཡིན་ཏེ། རང་སྣང་ནི་ས་བཅུ་གསུམ་པ་ཁོ་ན་ཡིན་ལ། གཞན་སྣང་ནི་ས་བཅུ་གཉིས་པ་མན་ཆད་ཡིན་པའི་ཕྱིར་རོ། །དྲི་བ་བཞི་པ་ལུས་དཀྱིལ་གྱི་སྐབས་སུ་ཕོ་བྲང་ལྔའི་ལྷ་རྣམས་རྣལ་འབྱོར་པའི་ལུས་ལ་དང་པོ་ནས་གྲུབ་པ་ཡིན་ན་ཇོ་ནང་པའི་གྲུབ་མཐའ་དང་ཁྱད་པར་ཇི་ལྟར་ལགས། སྔགས་དང་ས་བོན་གྱི་སྒོ་ནས་གསར་དུ་ལྷར་བསྐྱེད་པ་ཡིན་ན། ངོ་བོ་ཉིད་ཀྱིས་གྲུབ་པའི་དཀྱིལ་འཁོར་དུ་ཇི་ལྟར་འགྱུར་ཞེས་པ་ལ་འདིར་རྡུལ་ཚོན་དང་། རས་བྲིས་ལྟ་བུ་སྐྱེས་བུའི་རྩོལ་བས་གསར་དུ་བཅོས་པ་མ་ཡིན་པར་བུ་ཚའི་ལུས་གྲུབ་ཙམ་ཉིད་ནས་ལྷའི་ངོ་བོར་གྱུར་པའི་རྩ་ཁམས་གྲུབ་པ་ལ་ལུས་ལ་དང་པོ་ནས་གྲུབ་བོ་ཞེས་པ་ཡིན་ཞིང་ཇོ་ནང་པས་ནི་ལུས་ཀྱི་རྩ་ཁམས་ཉིད་ལ་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་དུ་ཕྱེ་ནས་ཡོངས་གྲུབ་ཀྱི་རྩ་ཁམས་རིགས་པས་དཔྱད་བཟོད་ཀྱི་བདེན་གྲུབ་ཡིན་པས་ལྷར་བསྒོམ། ཀུན་བརྟགས་དང་གཞན་དབང་གིས་རྩ་ཁམས་ཀུན་རྫོབ་བདེན་པ་ཡིན་པས་ལྷར་མི་བསྒོམ་པར་འདོད་པས་ཁྱད་པར་ཤིན་ཏུ་ཆེའོ། །འདི་ལ་རྩ་ཁམས་དེ་ཉིད་ལྷ་ཡིན་ནམ་མ་ཡིན་སྙམ་ན་རྗེ་བཙུན་གྱིས་མངོན་བྱང་གི་སྐབས་སུ་འདི་དག་ཡེ་ཤེས་ལྔ་ཡིན་ནས་བསྒོམ་མམ། མ་ཡིན་ནས་བསྒོམ་ཞེས་པ་ལ་ཡིན་ནས་བསྒོམ། དེ་ལ་ཡང་ངོ་བོ་དངོས་ཡིན་པ་དང་། རྣམ་པའམ་ཆོས་ཉིད་ཡིན་པ་གཉིས་ལས། ངོ་བོ་དངོས་མ་ཡིན། རྣམ་པའམ་ཆོས་ཉིད་ཡིན་ཅེས་གསུངས་པ་ནང་ལུས་དཀྱིལ་གྱི་སྦྱང་གཞི་སྦྱོང་བྱེད་དང་། ཕྱི་བསྐྱེད་པའི་རིམ་པའི་སྣང་བ་ཐམས་ཅད་ལྷར་བསྒོམ་པའི་སྐབས་ཐམས་ཅད་ལ་ཤིན་ཏུ་གནད་དུ་ཆེ་བར་སྣང་ཡང་འགའ་ཞིག་རྟོག་གེའི་དུག་ཆུས་མྱོས་ནས་སྣང་བ་ལྷར་བསྒོམ་པས་ལྷར་འགྱུར་བ་མི་སྲིད་ཅེས་དང་། ཁ་ཅིག་སྦྱང་གཞི་སྦྱོང་བྱེད་སྦྱར་བའི་གནས་ལུགས་དེ་ཉིད་ཐ་སྙད་ལ་སྦྱར་ནས་སེམས་ཅན་སངས་རྒྱས་ཡིན་ཞེས་པ་ཐ་སྙད་དུ་ཡང་ཁས་ལེན་པ་སྣང་མོད་རྗེ་བཙུན་གོང་མའི་དགོངས་པ་སེམས་གསལ་སྟོང་ཟུང་འཇུག་གི་སྟེང་དུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རང་བཞིན་ལྷུན་གྲུབ་ཀྱིས་ཚང་བས་དེ་ཉིད་གློ་བུར་གྱི་དྲི་མས་བསྒྲིབས་ནས་འཁྲུལ་སྣང་སྣ་ཚོགས་ཤར་བའི་ཚེ་ན་ཡང་འཁྲུལ་སྣང་དེ་དག་གསལ་སྟོང་ཟུང་འཇུག་གི་འཁྲུལ་སྣང་ཡིན་པས་འཁྲུལ་པ་མ་ཟད་པའི་ཚེ་འཁོར་བ་ཡིན་ཅིང་འཁྲུལ་པ་ཟད་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་པ་ཡིན་པས་འཁྲུལ་པ་ཟད་པའི་ཆེད་དུ་ལྷར་བསྒོམས་པས་དེ་ཉིད་ལྷར་གྱུར་ཞེས་བཞེད་དེ། ངོ་བོ་དངོས་མ་ཡིན་ཡང་རྣམ་པའམ་ཆོས་ཉིད་ཡིན་ཞེས་པའི་དོན་ཡང་འདི་ཉིད་ཡིན། སྣང་བ་ལྷར་བསྒོམ་དགོས་པའི་གནད་ཀྱང་འདི་ཉིད་ཡིན། འཁོར་འདས་དབྱེར་མེད་ཡིན་ཞེས་པའི་གནད་ཀྱང་འདི་ཉིད་ཡིན། གསལ་སྟོང་ཟུང་འཇུག་གི་སྟེང་དུ་བག་ཆགས་བསགས་ཚད་ལུས་ལ་རྩ་ཁམས་ཀྱི་ཚུལ་དུ་ཚང་། ལུས་ལ་ཚང་ཚད་ཕྱི་རོལ་དུ་སྣང་བ་ཡང་ལྷར་རང་ཤུགས་ཀྱིས་འཆར་བས་ཕྱི་དཀྱིལ་ལས་ལུས་དཀྱིལ་ཟབ་པའི་གནད་ཀྱང་འདི་ཉིད་ཡིན་ལ། དེ་ལྟ་བུ་ཕན་པར་སྨྲས་ཀྱང་ལུས་ཀྱི་རྩ་ཁམས་ལྷར་བསྒྱུར་དུ་མི་རུང་ཞིང་། དེའི་སྟོབས་ཀྱིས་ཕྱི་རོལ་གྱི་སྣང་བ་ལ་སྐྱོན་འབའ་ཞིག་འདོགས་པའི་སྣོད་མིན་ལ་བཤད་དུ་མི་རུང་ཡང་། ཉིད་དད་པ་དང་བློ་གྲོས་ཀྱིས་དོན་རྟོགས་པ་འབའ་ཞིག་གི་སྒོ་ནས་དྲི་བར་སྣང་བས་སྙིང་བརྩེ་བའི་སྒོ་ནས་གསལ་བར་བཤད་པའོ། །ལུས་དཀྱིལ་གྱི་ལྷ་སྔགས་དང་ས་བོན་གྱི་སྒོ་ནས་གསར་དུ་ལྷར་བསྐྱེད་པ་མ་ཡིན་ཏེ། ལུས་ཀྱི་རྩ་ཁམས་སྔགས་དང་ས་བོན་གྱི་རྣམ་པར་དང་པོ་ནས་གྲུབ་པ་དེ་ལྷ་ཞལ་ཕྱག་གི་རྣམ་པར་བསྒྱུར་བ་ཙམ་ཡིན་པའི་ཕྱིར། དཔེར་ན་འཇིམ་པའི་ཕུང་པོ་བུམ་པའི་རྣམ་པར་བསྒྱུར་བ་བཞིན་ནོ། །དྲི་བ་ལྔ་པ་རྗེ་བླ་མས། གཞི་ཡི་གནས་ལུགས་སྐྱེ་འཆི་བར་དོ་གསུམ། །ཇི་ལྟར་ཡོད་བཞིན་བསྐྱེད་རིམ་བསྒོམས་པའི་མཐུས། །འབྲས་བུ་སྐུ་གསུམ་མངོན་དུ་བྱེད་པ་ཡི། །ཤིང་རྟ་ཆེན་པོའི་ལམ་འདི་ཁོ་བོས་རྟོགས། །ཞེས་གསུངས་ན་ཀྱཻའི་རྡོ་རྗེའི་བསྐྱེད་རིམ་བསྒོམ་པའི་རྣལ་འབྱོར་པས་རང་གི་ཉམས་ལེན་ལ་སྦྱར་ནས་སྦྱོང་བྱེད་བསྐྱེད་རིམ་འཁོར་བཅས་ཀྱིས་སྦྱང་གཞི་སྐྱེ་འཆི་བར་དོ་གསུམ་སྦྱོང་ཚུལ་ངོ་སྤྲོད་མདོར་བསྡུ་ན་འདི་ཡིན་གསུངས་པའི་ཞལ་གསལ་བ་གཅིག་ཀྱང་དགོས་གསུངས་པ་ལ། བླ་མ་གོང་མའི་བཞེད་པ་རྡོ་རྗེ་གུར་ལས། ཕལ་པའི་གནས་སྐབས་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་གྲགས། །རང་བཞིན་གནས་སྐབས་གཞོམ་པ་ལ། །སྒོམ་པ་མ་ཡིན་མི་སྒོམ་མིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོག་པ་ནི་དེ་བཞིན་ཏེ། འོན་ཀྱང་མི་གཙང་བའི་ཚད་མཉམ་པར་སྦྱང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་གཟུགས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་པ་ལ་བརྟེན་ནས་ཕལ་པའི་གནས་སྐབས་མི་གཙང་བའི་ཚད་ནི་ཐ་མལ་དུ་འཛིན་པའི་རྣམ་རྟོག་ཡིན་ལ། དེ་སྦྱང་བའི་ཕྱིར་དུ་བསྐྱེད་རིམ་སྒོམ་དགོས་པ་འདི་ལ་བླ་མེད་སྤྱི་དང་ཐུན་མོང་དུ་མངོན་པར་རྟོགས་པ་ཚར་གཅིག་གིས་འཁོར་བའི་སྐྱེ་འཆི་བར་དོ་ཚར་ཚན་གཅིག་སྦྱོང་བའི་ཚུལ་དང་། རྣལ་འབྱོར་དབང་ཕྱུག་གི་མན་ངག་ཐུན་མོང་མ་ཡིན་པར་བསྐྱེད་རིམ་གྱི་གནས་སྐབས་རེ་རེའམ་ཁ་དོག་དང་ཕྱག་མཚན་ལ་སོགས་པ་རེ་རེས་ཀྱང་འཁོར་བ་མ་ལུས་པ་སྦྱོང་ཚུལ་གཉིས་ལས་དང་པོ་ནི་ཐ་མལ་གྱི་རྣམ་རྟོག་ལ་རྒྱུ་ལས་དང་ཉོན་མོངས་པ་དང་། འབྲས་བུ་བདག་དང་བདག་གིར་འཛིན་པ་གཉིས་ཡོད་པ་ལས། དང་པོ་ནི་ཚོགས་གཉིས་བསགས་པས་སྦྱོང་། གཉིས་པ་ནི་སྣོད་བཅུད་གཉིས་ལས། སྣོད་སྦྱོང་བ་ནི་འབྱུང་བ་བཞི་ལས་གྲུབ་པའི་གཞལ་ཡས་ཁང་དང་། ལྷ་དཔའ་བོ་གཅིག་པའི་དབང་དུ་བྱས་ན་གདན་ནོ། །བཅུད་སྦྱོང་བ་བསྐྱེད་ཆོག་གཅིག་གིས་སྐྱེ་གནས་བཞི་སྦྱོང་ཚུལ་དང་། ལྷའི་རྣམ་པས་ཉོན་མོངས་པ་སྦྱོང་ཚུལ་གཉིས་ལས། དང་པོ་ནི་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའི་ཉི་མ་དྲོད་དང་། ཟླ་བ་གཤེར་ཏེ་དྲོད་གཤེར་སྐྱེས་སམ། ཉི་ཟླ་གཉིས་ཀྱིས་ཁུ་ཁྲག་མཚོན་པས་མངལ་སྐྱེས་ཀྱི་བློ་སྦྱོང་བ་དང་། ཡང་འཁོར་གྱི་ལྷ་མོ་མངལ་ནས་འབྱིན་པས་མངལ་སྐྱེས་སྦྱོང་། འབྲས་བུ་རྡོ་རྗེ་འཛིན་པ་ཐིག་ལེའི་གོང་བུ་ལས་བཞེངས་པའི་སྒོང་སྐྱེས་སྦྱོང་། སྐྱེ་མཆེད་ཀྱི་ལྷ་སྐད་ཅིག་གིས་ས་བོན་ཙམ་ལས་བསྐྱེད་པས་བརྫུས་སྐྱེས་ཀྱི་བློ་སྦྱོང་། དེ་ནས་དཀྱིལ་འཁོར་བསྡུ་བས་སྣོད་བཅུད་འཇིག་པ་སྦྱོང་ངོ་། །གཉིས་པ་ལྷའི་རྣམ་པས་དུག་གསུམ་སྦྱོང་བའི་ཚུལ་ནི་ཤིན་ཏུ་ཟབ་པའི་བསྐྱེད་པའི་རིམ་པས་ནི་དུག་གསུམ་སྦྱོང་སྟེ་ཁྲོ་ཆགས་ཀྱི་རྣམ་པ་སྟེ་ཁྲོ་བོའི་སྐུར་བཞུགས་པས་ནི་ཞེ་སྡང་སྦྱོང་། བཙུན་མོའི་འཁོར་གྱི་དབུས་ན་བཞུགས་པས་ནི་འདོད་ཆགས་སྦྱོང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་གཟུགས་ཀྱི་སྐུར་བསྒོམས་པས་ནི་གཏི་མུག་སྦྱོང་ཞེས་ལྗོན་ཤིང་ལས་གསུངས་ལ་འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་གསང་བ་འདུས་པའི་བསྐྱེད་པའི་རིམ་པ་ཐོག་མར་སྣོད་བཅུད་ཞིག དེ་ནས་སྣོད་བཅུད་འཆགས་པ་ནས་བརྩམས་ཏེ་མཐར་མངལ་སྐྱེས་ཀྱི་སེམས་ཅན་བྱུང་བའི་བར་སྦྱོང་བྱེད་དུ་སྦྱར་བ་དང་། མངོན་པར་རྟོགས་པའི་རྒྱན་གྱི་ལམ་གྱིས་རིམ་པའི་མཁྱེན་གསུམ་ཤེས་བྱ། སྦྱོར་བཞི་ཉམས་ལེན། ཆོས་སྐུ་འབྲས་བུ་ཞེས་སྦྱར་བ་དང་འདྲ་བར། སྦྱོང་བྱེད་མངོན་པར་རྟོགས་པ་གཅིག་གིས་སྦྱང་གཞི་འཁོར་བའི་རྒྱུན་གཅིག་སྦྱོང་བའི་དབང་དུ་བྱས་པའོ། །ཀྱེ་རྡོར་རྣམ་བཤད་ལས་སྐྱེ་འཆི་བར་དོ་གསུམ་སྦྱོང་ཚུལ་སྡོམ་འབྱུང་གི་འགྲེལ་པ་སོགས་ནས་འབྱུང་བའི་བཤད་པ་རྒྱ་ཆེར་སྦྱར་ནས་བསོད་ནམས་ཀྱི་ཚོགས་ཀྱིས་ཚེ་སྔ་མའི་ལས་དང་ཉོན་མོངས་པ་སྦྱོང་། ཡེ་ཤེས་ཀྱི་ཚོགས་ཀྱིས་འཆི་བ་སྦྱོང་། སྲུང་འཁོར་ནས་བརྩམས་ཏེ་བར་དོ་དང་སྐྱེ་བ་སྦྱོང་ཚུལ་བཤད་པ་ནི་རྣམ་བཤད་ཉིད་ན་གསལ་བས་འདིར་མ་སྨོས་སོ། །གཉིས་པ་མན་ངག་ཐུན་མོང་མ་ཡིན་པའི་ལུགས་ནི་རྗེ་བཙུན་ཆེན་པོས་བསྐྱེད་པ་སྔོན་འགྲོ་རྟེན་དང་བསྐྱེད་ཆོག་དང་། ཁ་དོག་ཕྱག་མཚན་ཡན་ལག་རྣམ་འགྱུར་བཅས། །རེ་རེའང་འཁོར་འདས་དབྱེར་མེད་རང་བཞིན་དུ། །ལེགས་པར་བརྩེ་བའི་བསམས་པས་བཤད་པར་བྱ། །ཞེས་བྱ་བའི་འགྲེལ་པར་ཤིན་ཏུ་གསལ་བར་གསུངས་པ་དེ་ཉིད་ཡིན་པས་ཉིད་གསུང་ངག་རིན་པོ་ཆེའི་མན་ངག་རྫོགས་པར་ཐོབ་པ་ཡིན་པས་དེ་ལ་གཟིགས་ནས་བསམ་བློ་བཏང་སྟེ་ཉམས་ལེན་མཛད་པས་ཁྱབ། འདི་དག་ཐམས་ཅད་ལ་ཡང་སྦྱང་གཞི་སྦྱོང་བྱེད་སྦྱར་བའི་སྒོམ་ཚུལ་གང་ཡིན་པ་དང་། མཉམ་གཞག་དང་རྗེས་སྤྱོད་ཀྱི་སྒོམ་ཚུལ་གྱི་ཁྱད་པར་གང་ཡིན་པ་གཉིས་གནད་དུ་ཆེ་བ་ལས། དང་པོ་ནི། སྦྱང་གཞི་འཁོར་བའི་ཆོས་གང་ཡིན་པ་དེ་ཉིད་ཐ་མལ་པ་མ་ཡིན་སངས་རྒྱས་ཀྱི་ཡོན་ཏན་འདི་དང་འདི་ཉིད་ཡིན། དེ་ཉིད་ཀྱང་བདག་གི་བློ་ལ་སྒོམ་པའི་རྣམ་པ་འདི་ཉིད་ཡིན་སྙམ་དུ་སྒོམ་པ་སྟེ། དཔེར་ན་མངལ་སྐྱེས་ཀྱི་ཁུ་བ་དང་། དྲོད་གཤེར་སྐྱེས་ཀྱི་གཤེར་དང་། སྒོང་སྐྱེས་ཀྱི་ཕ་དང་། རྫུས་སྐྱེས་ཀྱི་གསལ་བ་རྣམས་ནི་ཐ་མལ་པ་མ་ཡིན་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་དངོས་ཡིན། དེ་ཉིད་ཀྱང་བདག་གི་བློ་ལ་སྣང་བའི་མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་འདི་ཉིད་ཡིན་སྙམ་དུ་བསྒོམ་པ་ལྟ་བུའོ། །དེས་ཀྱང་ཐམས་ཅད་ལ་འགྲེའོ། །གཉིས་པ་ནི་མཉམ་གཞག་གི་སྐབས་སུ་ཡེ་ཤེས་ཚོགས་བསག་གི་སྣང་བ་ཐམས་ཅད་སྟོང་ཉིད་དུ་སྦྱང་ནས་སྟོང་པའི་ངང་ལས་ཐ་མལ་གྱི་རྣམ་རྟོག་སྐྱེ་རུ་མི་འཇུག་པས་ཐ་མལ་གྱི་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་དང་པོ་ནས་རྟེན་དང་བརྟེན་པའི་འཁོར་ལོ་བསྒོམ་པ་ཡིན་ལ། རྗེས་སྤྱོད་ལམ་གྱི་སྐབས་སུ་གཟུགས་སོགས་ལ་ཐ་མལ་གྱི་རྣམ་རྟོག་ནམ་སྐྱེས་པའི་དུས་སུ་དེ་ཉིད་ཀྱི་རྒྱུན་བཅད་ནས་འདི་ནི་ཐ་མལ་པ་མ་ཡིན་ཏེ་ལྷ་ཡིན་ནོ་སྙམ་དུ་སྦྱང་གཞི་གར་ཡོད་ས་དེ་ཉིད་དུ་བསྒོམ་པའོ། །ལྷ་གང་བསྒོམ་སྙམ་ན་འདི་ལ་ལྷག་པའི་ལྷའི་ཐབས་ལ་མཁས་པ་དང་། ལྷ་སོ་སོའི་ཐབས་ལ་མཁས་པ་གཉིས་གསུངས་པ་ཤེས་དགོས་ཤིང་། མཉམ་རྗེས་གཉིས་ཆར་གྱི་སྐབས་སུ་ལམ་བྱེད་བཞིའི་སྒོ་ནས་བྱིན་རླབས་མྱུར་དུ་འཇུག་པའི་ཐབས་ལ་འབད་དགོས་སོ། །སླད་མ་ཁམས་བཟང་ཞིང་རང་དོན་ཚུལ་གནས་ཐོས་བསམ་སྒོམ་པ་ལ་འབད་པ་དང་། གཞན་དོན་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པའི་སྒོ་ནས་གནས་སྐབས་ཐམས་ཅད་དུ་དལ་འབྱོར་དོན་ཡོད་པ་མཛད་འཚལ་ཞིང་། རྗེ་བཙུན་མུས་པ་ཆེན་པོའི་སྐུ་གདུང་ལས་གྲུབ་པའི་གདུང་ཚྭ་གཅིག་ཕུལ་ཡོད་པ་དད་རྟེན་མཛོད། ཉིད་བླ་མ་འདི་ལ་གསུང་ངག་ཚང་བར་ཐོབ་བླ་མ་འདི་བར་དོར་ཕྱག་ཆེན་མཆོག་གི་དངོས་གྲུབ་མངོན་དུ་མཛད་པ་གདོན་མི་ཟ་བར་སྣང་བས་ལམ་གྱི་གཙོ་བོ་བླ་མའི་རྣལ་འབྱོར་ལ་འབད་པར་མཛོད་ཅིག འབྲུག་ལོ་ཧོར་ཟླ་བཅུ་གཉིས་པའི་ཡར་ཚེས་བརྒྱད་ལ་རྟ་ནག་གསེར་གླིང་གི་དགོན་པར་སྦྱར་ཏེ་རྒྱལ་ཁམས་ཤར་གྱི་ཕྱོགས་སུ་ཕུལ་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོས་བགྱིས་སོ། །དགེའོ།། །། ༄༅། །སྔགས་འཆང་རཏྣ་ཤྲཱིའི་དྲིས་ལན་བཞུགས་སོ།། ཨོཾ་སྭ་སྟི། རང་བཞིན་སྤྲོས་པའི་འཆིང་ཀུན་བྲལ། །ཟུང་འཇུག་སྣ་ཚོགས་སྐུར་སྟོན་པ། །དཔལ་ལྡན་ཧེ་རུ་ཀ་དཔལ་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །དཔྱོད་ལྡན་སློབ་མས་དྲིས་པའི་ལན། །ལུང་རིགས་ཉི་མའི་འོད་ཟེར་དང་། །མན་ངག་སྦྲང་རྩིའི་བཅུད་འཛིན་པ། །རྒྱུད་གསུམ་སྨྲ་བས་བཤད་པར་བྱ། །དེ་ལ་དྲི་བ་དང་པོ་རྩ་ལྟུང་འཁྲུལ་སྤོང་ལས། བཅུ་གསུམ་པོ་དང་གཉིས་པའི་ཕྱོགས་གཅིག་ནི། རྡོ་རྗེ་ཐེག་པ་མ་གཏོགས་གཞན་གང་གི་ཡང་རྩ་བར་བཅས་པ་མེད་དོ་གསུངས་པ། བཅུ་གསུམ་པ་ཡིན་ནམ་པོ་ཡིན། དང་པོ་ལྟར་ན་གཞན་བཅུ་གཉིས་པོའང་སྡོམ་པ་འོག་མ་གཉིས་ཀྱི་རྩ་བར་གང་རུང་ལ་བཅས་པ་ལྟར་སྣང་ལ། ཕྱི་མ་ལྟར་ན་རྩ་ལྟུང་ལྔ་པ་སོགས་བྱང་སེམས་ལ་མ་བཅས་པ་ལྟར་སྣང་བས་ཇི་ལྟར་ལགས། ཞེས་པའི་ལན་ནི། བཅུ་གསུམ་པོ་ཞེས་པ་ཡིག་ཆ་དག་པ་རྣམས་ན་ཡོད་ཅིང་། དོན་ལ་ཡང་གནས་ཏེ། རྩ་ལྟུང་གཉིས་པ་ལ་ཉན་ཐོས་དང་ཐུན་མོང་བའི་ཕམ་པ་བཞི། བྱང་སེམས་དང་ཐུན་མོང་བའི་ཕམ་འདྲ་བཞི་ནི་ཁྱད་གསོད་མེད་ཀྱང་རྩ་བའི་ལྟུང་བར་འགྱུར་བ་ནི་སྡོམ་པ་འོག་མ་གཉིས་ལའང་རྩ་བར་བཅས་ལ། གཉིས་པའི་ཕྱོགས་གཅིག་ཡན་ལག་ཕྲ་མོ་རྣམས་ལ་ཁྱད་གསོད་དང་བཅས་ཏེ་སྤྱད་པ་དང་། ལྟུང་བ་གཞན་བཅུ་གསུམ་པོ་ཐམས་ཅད་རྡོ་རྗེ་ཐེག་པ་མ་གཏོགས་འོག་མ་གཉིས་ལ་རྩ་བར་བཅས་པ་མེད་ཅེས་པའོ། །སྨོན་པ་བྱང་ཆུབ་ཀྱི་སེམས་སྤོང་བ་ཡང་བྱང་སེམས་ཀྱི་སྡོམ་པའི་རྩ་བར་བཅས་པ་མེད་དེ། བྱང་སེམས་ཀྱི་སྡོམ་པའི་སྲོལ་ཆེན་གཉིས་ནི་དབུ་མ་ལུགས་དང་། སེམས་ཙམ་ལུགས་གཉིས་ཡིན་ལ། དང་པོ་ལ་ནི་ནམ་མཁའི་སྙིང་པོའི་མདོ་དང་། རྡོ་རྗེ་རྩེ་མོ་ལས་རྩ་བའི་ལྟུང་བ་བཅུ་བཞི་གསུངས་ཤིང་། དེ་ཉིད་རྟེན་གྱི་སྒོ་ནས་བཅོ་བརྒྱད་དང་། མཚམས་མེད་ལྔ་སོ་སོར་ཕྱེ་ན་ཉི་ཤུ་རྩ་གཉིས་སུ་འགྱུར་བ་ལ་ཡང་སྨོན་སེམས་སྤོང་བ་མ་བགྲངས་པའི་ཕྱིར་དང་། ཕྱི་མ་ལ་བྱང་ས་དང་། སྡོམ་པ་ཉི་ཤུ་པར་རྩ་བའི་ལྟུང་བ་བཞི་གསུངས་པ་ལ་ཡང་སྨོན་སེམས་སྤོང་བ་མ་བགྲངས་པའི་ཕྱིར་རོ། །རིགས་པས་ཀྱང་འཐད་དེ། རྩ་ལྟུང་དེ་དག་ནི་འཇུག་སྡོམ་ལ་ལྟོས་པའི་རྩ་ལྟུང་ཡིན་པའི་ཕྱིར་རོ། །འོ་ན་བྱང་སེམས་ཀྱི་སྡོམ་པའི་གཏོང་རྒྱུར་བཤད་པ་དང་འགལ་ལོ་སྙམ་ན། གཏོང་རྒྱུར་བཤད་པ་ཙམ་གྱི་རྩ་བའི་ལྟུང་བར་འགྱུར་བ་མ་ཡིན་ཏེ། སོ་ཐར་ལ་ཡང་། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །ཞེས་པ་རྣམས་གཏོང་རྒྱུར་བཤད་ཀྱང་རྩ་ལྟུང་མ་ཡིན་པ་དང་། དགེ་སློང་གི་སྡོམ་པ་ལ། ཉི་ཤུ་མ་ལོན་ལ་དེར་ཤེས་གཏོང་རྒྱུར་བཤད་ཀྱང་རྩ་ལྟུང་མ་ཡིན་པ་བཞིན་ནོ། །དེས་ན་བྱང་སེམས་ཀྱི་སྡོམ་པ་ལ་བསླབ་པ་ཕུལ་བའི་རྣམ་གཞག་མ་བཤད་ཀྱང་། འདི་སོ་ཐར་གྱི་བསླབ་པ་ཕུལ་བ་དང་ཆ་འདྲ་བར་སྣང་སྟེ། དང་པོར་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་ཁས་བླངས་ནས་ཕྱིས་དེ་མི་ནུས་སྙམ་ནས་བཏང་བ་ཡིན་པའི་ཕྱིར་རོ། །རྗེ་ས་པཎ་གྱིས་དབུ་མ་ལུགས་ལ་སྨོན་སེམས་མ་བཏང་ན་འཇུག་སྡོམ་གྱི་རྩ་ལྟུང་འགའ་ཞིག་བྱུང་ཡང་སྡོམ་པའི་རྩ་བ་མི་གཏོང་ངོ་ཞེས་གསུངས་པ་ལྟར། འདི་བཏང་ན་བྱང་སེམས་ཀྱི་སྡོམ་པ་མཐའ་དག་གཏོང་བར་དབུ་སེམས་གཉིས་ཀ་མཐུན་ཏེ། བྱང་སའི་ཚུལ་ཁྲིམས་ལེའུར་སྡོམ་པ་གཏོང་བའི་རྒྱུ་ལ་སྨོན་སེམས་གཏོང་བ་དང་། ཀུན་དཀྲིས་དྲག་པོས་རྩ་བའི་ལྟུང་བ་བཞི་པོ་སྤྱད་པ་གཉིས་ཡིན་པར་གསུངས་པ་ལྟ་བུའོ། །དེས་ན་གཏོང་རྒྱུ་དང་རྩ་ལྟུང་ནོར་བར་མི་བྱའོ། །དྲི་བ་གཉིས་པ་གཞལ་ཡས་ཁང་གི་འོག་གཞི་སྣ་ཚོགས་རྡོ་རྗེ་ཐུན་མོང་བའི་སྲུང་འཁོར་གྱི་སྣ་ཚོགས་རྡོ་རྗེ་ཡིན་པ་ལ། སྲུང་འཁོར་ཐུན་མོང་བ་ལྟར་ན་ཆོས་འབྱུང་དང་། ཐུན་མོང་མ་ཡིན་པ་དང་། གཉིས་ཀ་ལྟར་ན་ཆོས་འབྱུང་། སྲུང་འཁོར་འོག་གི་ཁྲོ་བོ་སོགས་ཆོད་བྱེད་ཡོད་པ་ལྟར་སྣང་བས་བསྒོམ་དོན་ལ་ཇི་ལྟར་ལགས་ཞེས་པའི་ལན་ནི་ཐུན་མོང་བའི་སྲུང་འཁོར་གྱི་ནང་དུ་ཆོས་འབྱུང་སོགས་མེད་པར་གཞལ་ཡས་ཁང་བསྒོམ་པ་རྣམས་ལ་དེ་གཉིས་གཅིག་པ་ཡིན་གྱི་གཞན་རྣམས་ལ་དེ་ལྟར་མ་ངེས་ཏེ། ཐུན་མོང་བའི་སྲུང་འཁོར་གྱི་ནང་དུ་ཐུན་མོང་མ་ཡིན་པའི་སྲུང་འཁོར་དང་དེའི་དབུས་ཀྱི་ཁྲོ་བོ་ཞུ་བའམ། ལྟོ་བའི་ནང་དུ་ཆོས་འབྱུང་བསྐྱེད་ནས་དེའི་ནང་དུ་གཞལ་ཡས་ཁང་བསྒོམ་པའི་ཚེ་གཞལ་ཡས་ཁང་གར་ཡོད་ས་དེ་ཉིད་དུ་འོག་གཞི་སྣ་ཚོགས་རྡོ་རྗེ་དང་བཅས་ཏེ་གྲུབ་པ་ཡིན་གྱི། མ་གིའི་སྣ་ཚོགས་རྡོ་རྗེ་ལྟོ་བའི་ནང་དུ་ཡར་ལེན་པ་ཡང་མ་ཡིན། ལྟོ་བའམ་ཆོས་འབྱུང་ཐུན་མོང་བའི་སྲུང་འཁོར་གྱི་ཕྱི་རོལ་དུ་སོང་བ་ཡང་མ་ཡིན་ནོ། །གདན་གྱི་སྣ་ཚོགས་རྡོ་རྗེ་དུ་མ་ཡོད་པ་བློ་ལ་མི་ཤོང་བ་ཡང་མི་དགོས་ཏེ། དགྲ་ནག་དུ་གཞལ་ཡས་ཁང་གི་ནང་དུ་ལྷའི་གདན་ལ་ཡང་སྣ་ཚོགས་རྡོ་རྗེ་བཤད་པ་བཞིན་ནོ། །གཞན་དུ་ན་དབུས་སུ་དཀྱིལ་འཁོར་ལྔ་ལ་ཁྲོ་བོ་གཞན་རྣམས་དང་ལྡན་པའོ་ཞེས་པའི་དོན། དབུས་ཀྱི་ཁྲོ་བོའི་ལྟོ་བར་གུར་རིགས་བསྡུས་ཀྱི་དཀྱིལ་འཁོར་ལྔ་བསྒོམས་ནས་དེའི་ཕྱི་རོལ་དུ་ཁྲོ་བོ་བཅུ་པོ་དང་ལྡན་པར་གསུངས་པའི་དོན་ཡང་ཇི་ལྟར་འཆད། དེས་ན་གསང་སྔགས་རྒྱུད་སྡེ་ལས་བཤད་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ལ། ལོངས་སྤྱོད་རྫོགས་སྐུའམ། སྤྲུལ་པ་མཆོག་གི་དཀྱིལ་འཁོར་ལ་དངོས་སུ་གྲུབ་པ་དང་། དེའི་རྣམ་པ་རྣལ་འབྱོར་པས་བདག་བསྐྱེད་དང་། མདུན་བསྐྱེད་ཀྱི་བློ་སྣང་ལ་བསྒོམ་པ་དང་། དེའི་དམིགས་པ་གསལ་བའི་ཆེད་དུ་བློས་སློང་དང་། རས་བྲིས་དང་། རྡུལ་ཚོན་སོགས་ལ་བྲིས་པ་སྟེ་གསུམ་ལས། དང་པོ་ལ། མེ་རིས་ཡན་ཆད་ཀྱི་རྟེན་དང་། དུར་ཁྲོད་ཀྱི་ཕྱོགས་སྐྱོང་ཞིང་སྐྱོང་ཡན་ཆད་ཀྱི་བརྟེན་པ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བ་ཁོ་ན་དང་། གཉིས་པ་ལ་རྣལ་འབྱོར་པའི་བློ་སྣང་དང་། གསུམ་པ་ལ་རྡོ་ཤིང་དང་། ཚོན་སོགས་ལས་ལག་པའི་འདུ་བྱེད་ཀྱིས་བཟོས་པ་ཡིན་པས་བློས་སློང་ལ་བཞེངས་ཇི་ཙམ་ཐུབ་པ། ཡེ་ཤེས་ཀྱི་སྣང་བ་དང་། བློ་སྣང་ལ་སྦྱར་ག་ལ་ཉན། འཁོར་གྱི་ལྷ་ལ་འཇིག་རྟེན་པའི་གཟུགས་འཛིན་པ་དང་། འཇིག་རྟེན་པའི་མིང་གིས་བཏགས་པ་ཐམས་ཅད་འཇིག་རྟེན་པ་ཡིན་ཞེས་སྨྲ་བར་ག་ལ་རུང་སྟེ། སྔར་གྱི་གསུམ་པོ་གང་ཡིན་དཔྱད་པས་གསལ་ལོ། །དྲི་བ་གསུམ་པ་རྫོགས་རིམ་འཁོར་ལོ་བཞིའི་སྤྲུལ་པའི་འཁོར་ལོ་དང་། བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་ཀྱི་ཡིག་འབྲུ་བསྲེག་པ་དང་། གསོ་བ་དགོས་མི་དགོས་གསལ་ཁ་མི་འདུག་པ་ཇི་ལྟར་ལགས་ཞེས་པའི་ལན་ནི། བདེ་མཆོག་གི་རྫོགས་རིམ་འགའ་ཞིག་ཏུ་བདེ་ཆེན་གྱི་འཁོར་ལོ་ལ་བསྲེག་གསོ་གསུངས་ཀྱང་གསུང་ངག་གི་སྐབས་སུ་འཁོར་ལོ་གོང་འོག་གཉིས་ལ་མ་གསུངས་པ་ནི་དམིགས་པའི་དངོས་གཞི་འབར་འཛག་ཡིན་ལ། བདེ་ཆེན་གྱི་འཁོར་ལོ་ནི་བྱང་སེམས་འབབ་པའི་གཞི་དང་། སྤྲུལ་པའི་འཁོར་ལོ་ནི་མེ་འབར་བའི་གཞི་ཡིན་པས་དེ་ལས་གཞན་པའི་བསྲེག་པ་དང་། གསོ་བ་མི་དགོས་པ་ལ་དགོངས་ཏེ། རྩ་རྒྱུད་ལས། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་པའི་ཚིག་རྐང་བར་པ་གཉིས་ཀྱིས་སྙིང་གའི་ཡིག་འབྲུ་དགུ་བསྲེག་པ་དངོས་སུ་བསྟན་ནས། ཡང་ཞེས་པས་མགྲིན་པའི་ཡིག་འབྲུ་བསྟན་པར་གསུངས་པ་དང་ཤིན་ཏུ་འགྲིག་སྟེ། ཚིག་རྐང་གོང་འོག་གཉིས་བསྲེགས་གསོ་བྱེད་པ་པོའི་འབར་འཛག་གཉིས་པོ་དངོས་སུ་གསུངས་པའི་ཕྱིར་རོ། །དྲི་བ་བཞི་པ་ལམ་དུས་ཀྱི་རིགས་པའི་དབང་ལྔ་ལ་སོ་སོའི་སྐབས་སུ་ལུས་དཀྱིལ་གྱི་ལྷ་རྣམས་ཁ་དོག་བསྒྱུར་བའི་དམིགས་པ་དགོས་ལགས་སམ་ཞེས་པའི་ལན་ནི། དེའི་རྒྱུ་མཚན་ཅི་ཡིན་ཕྱིའི་ཧེ་རུ་ཀའི་ཁ་དོག་དང་མཐུན་པར་དགོས་པས་སོ་སྙམ་ན། སྙིང་པོ་ཀྱཻ་རྡོ་རྗེའི་ལུས་ལ་ལུས་དཀྱིལ་བཀོད་པའི་ཚེ་ཕོ་བྲང་ལྔའི་ལྷའི་ཁ་དོག་སོ་སོར་འཁྲུལ་ཟད་དག་གི་གསུངས་པ་རྣམས་དོར་དགོས་པར་འགྱུར་རོ། །གལ་ཏེ་དབང་ལྔ་སོ་སོའི་མཐར་རིགས་ལྔ་སོ་སོའི་རྒྱས་འདེབས་ཡོད་པས་དེའི་ཁ་དོག་ལྟར་བསྒོམ་དགོས་སོ་སྙམ་ན། འོ་ན་ཙཽ་རཱི་ཁ་དོག་དཀར་པོ་དང་། ཙཎྜ་ལཱི་ཁ་དོག་སེར་པོར་བསྒོམ་དགོས་པར་འགྱུར་ཏེ། དེ་གཉིས་ལ་རྣམ་སྣང་དང་རིན་འབྱུང་གིས་རྒྱས་བཏབ་པའི་ཕྱིར་རོ། །དེས་ན་རྣམ་རྟོག་བན་བུན་གྱིས་བསླང་བའི་སྒྲོས་ངན་གྱི་རྗེས་སུ་འཇུག་པར་མི་བྱའོ། །དྲི་བ་ལྔ་པ་རྩ་ཡིག་མགོ་ཐུར་བསྟན་ལ་ལྷ་མགོ་ཐུར་བསྟན་བསྒོམ་དགོས་ལགས་སམ་ཞེས་པའི་ལན་ནི། དེ་ལྟར་བསྒོམ་དུ་མི་རུང་སྟེ། ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལུས་རང་གི་དཀྱིལ་འཁོར་གྱི་རྣམ་པ་བསྒོམ་དགོས་པའི་ཕྱིར་རོ། །རྩ་ཡིག་མགོ་ཐུར་དུ་བསྟན་པ་ནི་སྦྱང་གཞི་ལ་ཡོད་པ་ལྟར་རྫོགས་རིམ་གྱི་སྐབས་སུ་བསྒོམ་དགོས་པ་ཡིན་གྱི། ལུས་དཀྱིལ་གྱི་སྐབས་སུ་མགོ་བོ་གང་དུ་བསྟན་ཀྱང་འདྲ། སྦྱང་གཞི་རྩ་དང་ཁམས་ཡོད་པ་ཙམ་གྱིས་ཆོག་སྟེ། མན་ངག་ཐུན་མོང་མ་ཡིན་པ་འགའ་ཞིག་ཏུ་སྦྱང་གཞི་ལ་སྙིང་མགོ་ཐུར་བསྟན་དུ་ཡོད་ཀྱང་བསྒོམ་དོན་ལ་མགོ་བོ་གྱེན་དུ་བསྟན་པར་བསྒོམས་ནས་དེའི་ནང་དུ་ཧེ་རུ་ཀ་བསྒོམ་པར་གསུངས་པ་བཞིན་ནོ། །དྲི་བ་དྲུག་པ་སཾ་བུ་ཊི་ནས་བཤད་པའི་སྙིང་པོ་ཀྱཻ་རྡོ་རྗེ་ལ་དཀྱིལ་ཆོག་གང་སྦྱར་ཞེས་པའི་ལན་ནི། སཾ་བུ་ཊིའི་བརྟག་པ་གཉིས་པའི་རབ་བྱེད་དང་པོ་ནས་གསུངས་པའི་དཀྱིལ་ཆོག་སྦྱར་དགོས་ཏེ། རྒྱུད་འདིར་བརྟག་པ་དང་པོས་རྒྱུད་དོན་མདོར་བསྟན། གཉིས་པ་ནས་བཅུ་པའི་བར་གྱིས་མངོན་རྟོགས་ཀྱི་རིམ་པ་བཞིན་རྒྱས་པར་བཤད་པ་ལས་གཉིས་པའི་དང་པོས་སྨིན་བྱེད་དབང་། གཉིས་པས་ལྟ་བ། གསུམ་པ་ནས་བརྟག་པ་གསུམ་པ་དངོས་ཀྱི་བར་རབ་བྱེད་དྲུག་གིས་བསྐྱེད་རིམ་སྟོན་པའི་ལུགས་ཡིན་པས་སྐབས་དེའི་མཆོག་སྒྲུབ་པའི་དཀྱིལ་འཁོར་བཅུ་གཉིས་ལ་གཉིས་པའི་དང་པོ་ནས་གསུངས་པའི་དབང་ཆོག་སྦྱར་དགོས་སོ་འདི་ཇི་ལྟར་ཤེས་ཞེ་ན་རྒྱུད་འདི་ནས་གསུངས་པའི་གཏུམ་མོའི་དམིགས་པའི་ཉེར་དགུ་ལ་རྟེན་དཀྱིལ་འཁོར་བཅུ་གཉིས་པོ་གང་རུང་བསྒོམ་པར་གསུངས་པ་དང་། ཚོགས་འཁོར་དང་གཏོར་ཆོག་གི་སྐབས་སུ་ཡང་ཆོས་འབྱུང་གི་ནང་དུ་ལེ་དགུའི་ལེ་ཚེ་བརྒྱད་ལ་ཞིང་སྐྱོང་བཞི་བཅུ་རྩ་བརྒྱད་དང་ལེ་ཚེ་དབུས་མ་ལ་དཀྱིལ་འཁོར་བཅུ་གཉིས་པོ་གང་རུང་བསྒོམ་པར་གསུངས་པའི་ཤེས་སོ། །དྲི་བ་བདུན་པ་བདེ་མཆོག་ནག་པོ་པའི་དཀྱིལ་ཆོག་གི་སྐབས་སུ། ལྷ་དང་དཀྱིལ་འཁོར་གྱི་དག་པ་དྲན་ཞེས་པ་ལ་དག་པ་གང་དྲན། རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས་པ་གསུངས་ཀྱང་ཕྱག་ལེན་དང་གསང་མཐའི་ཟབ་ཁྱད་ཡིན་པས་ལུས་ལ་བསྡུ་ཞེས་པ་ཡོངས་གྲགས་གཅིག་འདུག་པ་ཅི་ལྟར་ལགས་ཞེས་པའི་ལན་ནི་དཀྱིལ་འཁོར་གྱི་དག་པ་བྱང་ཕྱོགས་སོ་བདུན་དང་སྦྱར་བ་རྡོ་རྗེ་རྩེ་མོ་ལས་གསུངས་པ་དེ་ཉིད་རྒྱུད་སྡེ་གོང་མ་གཉིས་ལ་ཐུན་མོང་དུ་སྦྱར་བར་བྱ་བ་ཡིན་ལ་འདིར་ནི་ལྷའི་དག་པ་ཡང་རྣལ་འབྱོར་མ་ཀུན་སྤྱོད་ལས་གསུངས་པ་ལྟར་བྱང་ཕྱོགས་སོ་བདུན་དང་སྦྱར་བར་བྱ་བ་ཡིན་ཏེ། སྒྲུབ་པའི་ཐབས་ཉིད་ན་གསལ་ལོ། །རྗེ་བཙུན་གྱི་ནག་པོ་དཀྱིལ་ཆོག་ལས་རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས་པ་དཀྱིལ་འཁོར་གཞན་དང་འདྲ་བར་གསུངས་ལ། རྒྱ་གཞུང་དུ། གཡས་དང་གཡོན་གྱི་ལོགས་སུ་ནི། །བསྐོར་བ་དེ་ནས་འཇུག་པ་དང་། །ལོངས་སྤྱོད་རྫོགས་པ་བཟུང་ནས་ནི། །གཉིས་མེད་ཡེ་ཤེས་ངལ་གསོའོ། །ཚོན་ལ་སོགས་པའི་དངོས་པོ་ཀུན། །ནངས་པར་ཐོ་རངས་བསྡུ་བར་བྱ། །བསྡུས་ནས་གསེར་གྱི་བུམ་པར་ནི། །བཅུག་ནས་ཆུ་བོ་ཆེན་པོར་དོར། །ཞེས་གསུངས་པའི་ཚིགས་བཅད་དང་པོས་མདུན་གྱི་དཀྱིལ་འཁོར་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་གྱིས་རང་གི་ལུས་ལ་བསྡུས་ནས་ཚིགས་བཅད་ཕྱི་མས་རྡུལ་ཚོན་ཆུ་བོར་དོར་བ་བསྟན་པས་འདི་དང་གོང་མ་གཉིས་གདམ་ཁ་ཅན་དུ་མངོན་ཏེ། ལྷ་སྟ་གོན་གྱི་དཀྱིལ་འཁོར་ལུས་ལ་བསྡུ་བ་དང་ནམ་མཁར་བཏེག་པ་གང་རུང་བྱས་པས་ཆོག་པར་གསུངས་པ་བཞིན་ནོ། །དྲི་བ་བརྒྱད་པ་ཀུན་རིག་གི་བསྙེན་པ་རྒྱས་པ་དཀྱིལ་འཁོར་ལས་རིམ་ལ་སྦྱར་བའི་ཚེ་བདག་སྐྱེད་ཀྱི་ཡེ་ཤེས་པ་གཤེགས་སམ་བསྟིམ་མམ་ཇི་ལྟར་ལགས། སྡོམ་གསུམ་རབ་དབྱེར། ཕྱག་རྒྱ་བཀྲོལ་ནས་སངས་རྒྱས་གཤེགས། །དེ་ནས་རང་ཉིད་ཐ་མལ་གྱུར། །ཅེས་གསུངས་པའི། དམ་ཚིག་པ་དང་། ཡེ་ཤེས་པ་གཉིས་ཀ་གཤེགས་པ་ཡིན་ནམ་ཇི་ལྟར་ལགས་ཞེས་པའི་ལན་ནི། ཀུན་རིག་གི་བསྙེན་པ་རྒྱས་པ་དཀྱིལ་འཁོར་ལས་རིམ་ལ་སྦྱར་བའི་ཚེ་ཐོག་མར་ཡེ་ཤེས་པ་གཤེགས། དེ་ནས་དམ་ཚིག་པ་གཞལ་ཡས་ཁང་དང་འཁོར་རྣམས་གཙོ་བོ་ལ་བསྡུས་ཏེ། གཙོ་བོ་དམ་ཚིག་པའི་ང་རྒྱལ་གྱིས་མདུན་གྱི་དཀྱིལ་འཁོར་གྱི་བྱ་བ་བྱེད་པ་ལུགས་འདི་ལ་མི་རུང་བ་མ་ཡིན་ནོ། །དེས་ན་སྡོམ་གསུམ་རབ་དབྱེར། དེ་ནས་རང་ཉིད་ཐ་མལ་གྱུར། །ཞེས་པ་ཡང་ཡེ་ཤེས་པ་གཤེགས་ནས་དམ་ཚིག་པ་རྐྱང་པ་ཙམ་ལ་ཐ་མལ་པའི་མིང་བཏགས་པ་ཡིན་གྱི་དམ་ཚིག་པའི་ང་རྒྱལ་ཙམ་ཡང་མེད་པར་ཐ་མལ་པར་གནས་པ་ནི་སྤྱོད་རྒྱུད་ཡན་ཆད་ཀྱི་ཉམས་ལེན་ལ་མི་རུང་ངོ་། །ཁ་ཅིག ཆོ་ག་ཚར་ནས་ཡེ་ཤེས་པ་གཤེགས་ཞེས་པའི་དོན་དུ་བསམས་ནས་བདག་བསྐྱེད་བསྙེན་པ་རྒྱས་པ་དཀྱིལ་འཁོར་ལས་རིམ་ལ་སྦྱར་བའི་ཚེ་བདག་མདུན་གྱི་ཡེ་ཤེས་པ་མཉམ་དུ་གཤེགས་པར་འདོད་པ་ཡང་མི་འཐད་དེ། བདག་བསྐྱེད་མ་བསྡུས་པའི་རྣལ་འབྱོར་པ་དེས་སློབ་མ་ལ་དབང་བསྐུར་སོགས་བྱེད་པའི་ཚེ་ན་དབང་རྫས་འགྲིམ་པ་སོགས་དཀྱིལ་འཁོར་མ་བསྡུས་པའི་གཙོ་བོས་བྱར་མི་རུང་བའི་ཕྱིར་རོ། །སྡོམ་གསུམ་རབ་དབྱེ་ཉིད་ལས་ཀྱང་། ཕྱག་རྒྱ་བཀྲོལ་ནས་སངས་རྒྱས་གཤེགས་ཞེས་གསུངས་ཀྱི། གཉིས་ཀ་གཤེགས་པའམ་དམ་ཚིག་པ་གཤེགས་པ་མ་གསུངས་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །དམ་ཆོས་རིན་ཆེན་བརྩོན་པའི་ལེགས་བསྒྲུབས་ནས། །བྱིན་རླབས་དཔལ་གྱིས་འབྱོར་པའི་སློབ་མ་ཡིས། །ཚུལ་བཞིན་དྲིས་དོན་བཤད་པའི་དགེ་བ་དེས། །འདྲི་བོ་རྡོ་རྗེ་ཐེག་ལ་དབང་འབྱོར་ཤོག །གཟི་རིན་ཆེན་དཔལ་གྱིས་དྲིས་པའི་ལན་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་བཀོད་པའོ། །དགེའོ།། །། ༄༅། །རིན་ཆེན་དཔལ་གྱི་དྲིས་ལན་བཞུགས།། མཁྱེན་པའི་ནམ་མཁར་ཐུགས་རྗེ་ཡི། །དཀྱིལ་འཁོར་ཕྲིན་ལས་ཚ་ཟེར་ཅན། །རྗེ་བཙུན་བླ་མའི་ཞབས་བཏུད་དེ། །བློ་ལྡན་དྲིས་པའི་ལན་བརྗོད་བྱ། །དགེ་བའི་བཤེས་གཉེན་གཟི་རིན་ཆེན་དཔལ་གྱི་གསུང་ཡིག་ཇ་ཞོ་དོའི་རྟེན་དང་བཅས་པ་འཕྲོད་པས་སེམས་སྤྲོ། དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོ། ཕར་ཕྱིན་ཐེག་པ་རང་ལུགས་ལ། །བཅུ་གཅིག་རྫོགས་སངས་སར་བཤད་ཀྱང་། །ས་བཅུ་ལས་བགྲོད་མི་ནུས་ཤིང་། །ས་གསུམ་སྔགས་ལ་ལྟོས་དགོས་ན། །བདག་མེད་བསྟོད་པའི་འགྲེལ་པ་རུ། །ས་བཅུ་གཉིས་པོ་ཉེ་རྒྱུ་ལ། །མི་ལྟོས་བགྲོད་ནུས་གསུངས་པ་དང་། །འགྲེལ་པ་གནད་ཀྱི་གསལ་བྱེད་ལས། །ཕར་ཕྱིན་ཐེག་པའི་བགྲོད་བྱ་བ། །ས་བཅུ་གཅིག་པའམ་བཅུ་གཉིས་པ། །ཞེས་གསུངས་དགོངས་པ་ཇི་ལྟར་ལགས། །ཞེས་པའི་ལན་ནི། ཕར་ཕྱིན་ཐེག་པར་ས་བཅུ་གཅིག་པ་རྫོགས་པའི་སངས་རྒྱས་ཀྱི་སར་བཤད་པ་ནི་ཕར་ཕྱིན་ཐེག་པ་རང་ལུགས་ལ་ལམ་དེས་ས་དེ་ཐོབ་པར་འདོད་ཀྱང་། གསང་སྔགས་བླ་མེད་ཀྱི་ལུགས་ལ་ཕར་ཕྱིན་ཐེག་པའི་ལམ་གྱི་སྔགས་ལ་མ་ལྟོས་པར་ས་བཅུ་པ་ཐོབ་ཅིང་། ས་བཅུ་པ་ནས་ངེས་པར་སྔགས་ལ་ལྟོས་དགོས་པར་བཞེད་པས་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །བདག་མེད་བསྟོད་འགྲེལ་དུ་ས་བཅུ་གཅིག་པ་དང་བཅུ་གཉིས་པ་ཉེར་རྒྱུ་ལ་མི་ལྟོས་པར་བགྲོད་ནུས་པར་གསུངས་པ་དང་ཡང་མི་འགལ་ཏེ། དེ་གཉིས་ཉེ་རྒྱུ་ལ་མ་ལྟོས་པར་བགྲོད་ནུས་ཀྱང་སྔགས་ལམ་ལ་མ་ལྟོས་པར་བགྲོད་མི་ནུས་པའི་ཕྱིར་རོ། །འགྲེལ་པ་གནད་ཀྱི་གསལ་བྱེད་ལས་ཕར་ཕྱིན་ཐེག་པའི་བགྲོད་པར་བྱ་བ་ས་བཅུ་གཅིག་པའམ་བཅུ་གཉིས་པ་སྤྱི་དོན་གྱི་མཐར་ཐུག་ཏུ་གསུངས་པ་ནི་ཕ་རོལ་དུ་ཕྱིན་པའི་ས་བཅུ་པ་ལས་ནི་འདས། བཅུ་གསུམ་པ་ནི་མ་ཐོབ་པས་སྤྱི་དོན་གྱི་མཐར་ཐུག་ཏུ་བཞག་པ་ཡིན་གྱི་ཕར་ཕྱིན་ཐེག་པའི་ལམ་གྱིས་སྔགས་ལམ་ལ་མ་ལྟོས་པར་ཐོབ་ནུས་པའི་རྒྱུ་མཚན་གྱིས་སྤྱི་དོན་དུ་བཞག་པ་ནི་མ་ཡིན་ཏེ། གཞན་དུ་ན་རྒྱུད་སྡེ་སྤྱི་རྣམ་ལས། ས་བཅུ་གཉིས་པ་སྦས་དོན་གྱི་མཐར་ཐུག་ཏུ་གསུངས་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །དེས་ན་ཐ་སྙད་ལ་དགོངས་ནས་ས་བཅུ་གཉིས་པ་སྦས་དོན་གྱི་མཐར་ཐུག་ཏུ་བཞག་ཏུ་རུང་སྟེ། ཕར་ཕྱིན་ཐེག་པར་ས་བཅུ་གཉིས་པའི་ཐ་སྙད་མ་གསུངས་པའི་ཕྱིར་རོ། །དོན་ལ་དགོངས་ནས་ས་བཅུ་གཉིས་པ་སྤྱི་དོན་གྱི་མཐར་ཐུག་ཏུ་ཡང་བཞག་ཏུ་རུང་སྟེ། ས་བཅུ་པ་ལས་ནི་འདས། བཅུ་གསུམ་པ་མ་ཐོབ་པའི་འབྲས་བུའི་ས་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ས་བཅུ་གཅིག་པ་དོན་དང་ཐ་སྙད་གཉིས་ཀའི་སྒོ་ནས་སྤྱི་དོན་གྱི་མཐར་ཐུག་ཏུ་བཞག་ཏུ་རུང་བར་གྲུབ་ལ། སྤྱི་དོན་གྱི་མཐར་ཐུག་གི་དོན་ཡང་ཕ་རོལ་དུ་ཕྱིན་པ་བས་མཐར་ཐུག་འདོད་ཅིང་། རྡོ་རྗེ་ཐེག་པ་བས་མཐར་ཐུག་ས་བཅུ་གསུམ་པར་འདོད་པ་ཡང་ལེགས་པར་གྲུབ་བོ། །ཕར་ཕྱིན་ཐེག་པའི་བཅུ་གཅིག་དང་། །རྡོ་རྗེ་ཐེག་པའི་བཅུ་གསུམ་གཉིས། །དོན་གཅིག་མིང་གིས་དབྱེ་མིན་ནམ། །ས་ཆེན་སྒྲོལ་མའི་དཀྱིལ་ཆོག་ལས། །དབང་བཞི་ཐོབ་པའི་འབྲས་བུ་ཡང་། །ས་བཅུ་གཅིག་དང་སྦྱར་བ་དང་། །ཊཱི་ཀ་མུ་ཏིག་ཕྲེང་བ་ལས། །བཅུ་གསུམ་གདུལ་བྱ་དྲོད་བསྐྱེད་ཕྱིར། །དངོས་བགྲོད་ས་བཅུ་གཅིག་པོ་ལས། །མེད་གསུངས་དགོངས་པའང་དེ་མིན་ནམ། །ཞེས་པའི་ལན་ནི་ཕར་ཕྱིན་ཐེག་པར་བཤད་པའི་ས་བཅུ་གཅིག་པ་དང་། རྡོ་རྗེ་ཐེག་པར་བཤད་པའི་ས་བཅུ་གསུམ་པ་གཉིས་དོན་གཅིག་པར་རྗེ་བླ་མས་བཞེད་པ་དོན་ལ་གནས་ཏེ། ཕར་ཕྱིན་ཐེག་པར་ཡང་སྤངས་རྟོགས་མཐར་ཐུག་པ་གཅིག་ལ་ས་བཅུ་གཅིག་པར་བཤད། ས་བཅུ་གསུམ་པ་ལ་ཡང་དེ་བས་ལྷག་པ་མེད་པའི་ཕྱིར་རོ། །འོན་ཀྱང་དེ་ཕར་ཕྱིན་ཐེག་པ་བ་རང་ལམ་གྱིས་ཐོབ་པར་འདོད་ཀྱང་། བླ་མེད་ཀྱི་ལུགས་ལ་མི་འདོད་པས་འགལ་བ་ཅི་ཡང་མེད་དོ། །དེ་ཉིད་ཀྱིས་དབང་བཞི་པའི་འབྲས་བུ་ས་བཅུ་གཅིག་པ་དང་སྦྱང་བར་གསུངས་པ་ཡང་ཕར་ཕྱིན་ཐེག་པར་བཤད་པའི་ས་བཅུ་གཅིག་པ་ལ་དགོངས་པས་མི་འགལ་ལོ། །མུ་ཏིག་ཕྲེང་བའི་དགོངས་པ་རྒྱ་གར་ན་ནཱ་རོ་པ་དོན་ལ་ས་བཅུ་གཅིག་ལས་མི་འདོད་པ་དང་། གཾ་ག་མེ་ཏྲི་དང་། རྣལ་འབྱོར་དབང་ཕྱུག་སོགས་དོན་ལ་ས་བཅུ་གསུམ་པ་འདོད་པའི་ལུགས་གཉིས་ཡོད་པ་ལས། སྔ་མའི་གསུང་སྒྲོས་བཀོད་པའི་སྐབས་ཡིན་པས། ལུགས་འདི་དང་བསྲེ་རྒྱུ་མ་ཡིན་ནོ། །རྡོ་རྗེ་ཐེག་པའི་འབྲས་མཐར་ཐུག །ཉེ་རྒྱུ་མ་ལྟོས་མི་གྲུབ་ཅིང་། །འཁོར་ཚོམ་གཅིག་པུ་སངས་རྒྱ་བའམ། །ཆེ་དབྱུང་དོད་བརྩེའི་མ་ཡིན་པས། །དོགས་གཅོད་ཟུར་པ་དགོས་གསུང་ཡང་། །བརྩེ་བའི་ཐུགས་ཀྱིས་གནང་བར་ཞུ། །ཞེས་པའི་ལན་ནི་རྡོ་རྗེ་ཐེག་པའི་མཐར་ཐུག་གི་འབྲས་བུ་རང་བཞིན་གང་རུང་གི་ཉེ་རྒྱུའི་སྤྱོད་པ་ལ་ངེས་པར་ལྟོས་དགོས་ཀྱང་། འཁོར་ཚོམ་བུ་གཅིག་སངས་རྒྱ་བ་མི་འགལ་བའི་གནད་ནི། སྒྲུབ་པ་པོ་རང་གི་ཉེ་རྒྱུའི་སྤྱོད་པ་ལ་ལྟོས་ནས་སངས་རྒྱ་བའི་ཚེ། བླ་མ་དང་། སློབ་མ་དང་། མཁའ་འགྲོ་དང་། ཕྱག་རྒྱ་བཞི་པོ་གཞན་གྱི་ཉེ་རྒྱུའི་སྤྱོད་པ་ལ་ལྟོས་ནས་སངས་རྒྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཡང་བཞི་པོ་སྒྲུབ་པ་པོ་རང་དང་རྟོགས་པ་མཉམ་པ་དང་། ཐུགས་རྗེས་རྗེས་སུ་བཟུང་བ་དང་། བཀའ་བཞིན་བསྒྲུབ་པ་དང་། བར་ཆད་སེལ་བ་དང་། ཉེ་རྒྱུའི་རྟེན་བྱེད་པ་བཞི་པོ་གང་རུང་གཅིག་དེ་མཚན་ཉིད་གཉིས་ལྡན་དགོས་པས་སྒྲུབ་པ་པོ་གཅིག་པུ་སངས་རྒྱ་བ་དང་། གཉིས་ཁོ་ན་སངས་རྒྱ་བ་ནས་ལྔ་ཅིག་ཆར་དུ་ཡང་སངས་རྒྱ་བ་ཡོད་པ་ནི་གནད་ཀྱི་དོན་ནོ། །དྲིས་ལན་ཉི་མའི་འོད་ཟེར་འདིས། །བློ་གྲོས་པདྨོ་ཁ་ཕྱེ་ནས། །དོན་གཉེར་བུང་བ་ཚིམ་པ་དང་། །སྐལ་བཟང་གཞན་ལའང་ཕན་པར་ཤོག །ཡི་གེའི་རྟེན་མཚོན་པར་སྨན་ཐུམ་བུ་གཅིག་ལ་རྟགས་འབྱར་བ་ཡོད། འབྲུག་ལོ་ཧོར་ཟླ་བཞི་པའི་གནམ་གང་ལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པ་ནས་དགེ། །། ༄༅། །མུད་སྲད་པ་རྡོ་རྗེ་རྒྱལ་མཚན་གྱི་དྲིས་ལན།། ཨོཾ་སྭ་སྟི། གང་ཞིག་ཐོས་ན་མངོན་པར་དྭང་བའི་རྒྱུ། །ཚུལ་བཞིན་བསམས་ན་དགའ་བའི་དཔལ་སྟེར་ཞིང་། །སྒོམ་ན་བློ་མཆོག་སངས་རྒྱས་སྩོལ་མཛད་པའི། །བཀའ་སྲོལ་མཚུངས་མེད་འགྲོ་བའི་གཙུག་ན་རྒྱལ། །ཚུལ་ལུགས་རྨད་བྱུང་དེ་ཡི་དཀའ་བའི་གནས། །དཔྱོད་ལྡན་བློ་གྲོས་མཛངས་པས་དྲིས་པའི་ལན། །བླ་མའི་དྲིན་གྱིས་བློ་མིག་གསལ་ཐོབ་པ། །རྒྱུད་གསུམ་སྨྲ་བ་དེ་ཡིས་འདི་སྐད་ཞུ། །དྲི་བ་དང་པོ་ལྗོན་ཤིང་ལས། ཟག་བཅས་ཟག་མེད་ཀྱི་སྐབས་དེར། དེ་ལ་དང་པོ་ཟག་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཡིན་ལ། དེ་གང་དུ་རྒྱས་པར་འགྱུར་བ་ནི་ཟག་པ་དང་བཅས་པ་སྟེ། དེའང་ལམ་གྱི་བདེན་པ་མ་གཏོགས་པའི་འདུས་བྱས་རྣམས་ཏེ། སྡུག་བསྔལ་དང་། ཀུན་འབྱུང་དང་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཅིག་དང་། ཁམས་བཅུ་བདུན་དང་། ཆོས་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་རེ་ནི་ཟག་པ་དང་བཅས་པའོ། །ཟག་པ་མེད་པ་ནི་ཉོན་མོངས་ཉེ་བར་ཞི་བ་དང་། རྒྱས་པར་མི་འགྱུར་བ་སྟེ་ལམ་གྱི་བདེན་པ་དང་། ཆོས་ཀྱི་སྐྱེ་མཆེད་དང་། ཁམས་ཀྱི་ཕྱོགས་གཅིག་དང་། ནམ་མཁའ་དང་སོ་སོར་བརྟགས་པས་འགོག་པ་དང་། སོ་སོར་བརྟགས་མིན་གྱི་འགོག་པ་དང་དྲུག་ནི་ཟག་པ་མེད་པའོ་ཞེས་གསུངས་པའི་དོན་མཛོད་རྩ་འགྲེལ་དང་མཐུན་པའི་ངོས་འཛིན་ལུགས་ཇི་ལྟར་ཡིན། ཡང་གསུངས་པ་བཞིན་སྡེ་བདུན་གཞན་ན་འདི་དང་མཐུན་པའི་ངོས་འཛིན་ཡོད་དམ། འོག་གི་ཁམས་ཀྱི་ཕྱོགས་གཅིག་དང་ཞེས་པའི་དང་སྒྲ་དང་དྲུག་ཅེས་པའི་དྲུག་སྒྲ་ལྷག་པ་ཡིན་ནམ། མ་ལྷག་ན་སྦྱོར་ཚུལ་ཇི་ལྟར་བྱེད་ཅེས་པའི་ལན་ནི། ལྗོན་ཤིང་འདིར་མཛོད་ཀྱི་གནས་བརྒྱད་ཀྱིས་བསྟན་ཚུལ་ཤེས་བྱའི་གནས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་གསུམ་དུ་བསྡུས་ནས། ཤེས་བྱའི་གནས། གནས་དང་པོ་གཉིས་ཀྱིས་བསྟན་པ་འདི་ལ། རྒྱས་པར་དབྱེ་བ་དང་། དེ་བསྡུ་བའི་ཚུལ་གཉིས་ལས། དང་པོ་ནི། བདག་འཛིན་གསུམ་གྱི་གཉེན་པོར་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས། ཁམས་བཅོ་བརྒྱད་གསུངས། ཡང་འཁོར་བ་སྤངས་ནས་མྱང་འདས་ཐོབ་པའི་ཕྱིར། བདེན་བཞིའི་ཆོས་གསུངས་པར་བཤད་ནས། གཉིས་པ་དེ་བསྡུ་བའི་ཚུལ་ལ། ཟག་བཅས་ཟག་མེད་གཉིས་སུ་བསྡུ་བ་དང་། འདུས་བྱས་འདུས་མ་བྱས་གཉིས་སུ་བསྡུ་བ་གཉིས་གསུངས་པའི་དང་པོའི་སྐབས་སུ། གཞུང་འདི་དག་བྱུང་བས། ཟག་བཅས་ཟག་མེད་ཀྱི་ངོས་འཛིན་ཆོས་གསུམ་དང་བདེན་པ་བཞི་ལ་ལྟོས་ནས་འཇོག་དགོས་སོ། །དེ་ལྟར་ན། ཟག་བཅས་ཀྱི་ངོས་འཛིན་མདོར་བསྡུས་ལམ་བདེན་མ་གཏོགས་པའི་འདུས་བྱས་ཡིན་ཞེས་གསུངས་ནས། དེ་ཉིད་ཆོས་གསུམ་དང་། བདེན་པ་བཞི་ལ་ལྟོས་པའི་ཚེ། སྡུག་བསྔལ་དང་། ཀུན་འབྱུང་རིལ་པོ་ཟག་བཅས་ཡིན་ལ། འདི་ལ་ལམ་བདེན་མ་གཏོགས་པ་ཞེས་པའི་ཚིག་གི་ཁྱད་པར་སྦྱར་མི་དགོས་ཏེ། དོགས་པའི་གཞི་མེད་པའི་ཕྱིར་རོ། །ཆོས་གསུམ་ལ་ལམ་བདེན་མ་གཏོགས་པའི་ཕུང་པོ་ལྔ། དེ་མ་གཏོགས་པའི་སྐྱེ་མཆེད་བཅུ་གཅིག དེ་མ་གཏོགས་པའི་ཁམས་བཅུ་བདུན་རིལ་པོ་ཟག་བཅས་ཡིན་ཏེ། སྐྱེ་མཆེད་བཅུ་དང་། ཁམས་བཅོ་ལྔ་ཟག་བཅས་ཡིན་པ་ནི་མཛོད་ལས་དངོས་སུ་གསུངས་ཤིང་། གཞན་གསུམ་ལ་ཟག་མེད་ཡོད་པ་རྣམས་ནི་ལམ་བདེན་ཁོ་ན་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་ལ་ལམ་བདེན་མ་གཏོགས་པ་ཡིན་ཀྱང་མཐའ་གཅིག་ཏུ་ཟག་བཅས་སུ་འཇོག་མི་ནུས་ཏེ། ལམ་བདེན་མ་ཡིན་པའི་ཟག་མེད་ཀྱང་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཕྱོགས་རེ་ཞེས་སྨོས་སོ། །དེས་ན་མཛོད་ལས། དེ་གསུམ་ཟག་བཅས་ཟག་པ་མེད། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་དང་། ཤུགས་ཀྱིས་སྐྱེ་མཆེད་བཅུ་གཉིས་ལ། །དེ་གཉིས་ཟག་བཅས་ཟག་པ་མེད། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་ཐོབ་པ་དང་། ལམ་བདེན་གྱི་གཙོ་བོ་ཤེས་རབ་ཡིན་ཀྱང་། རྗེས་འབྲང་དང་བཅས་ན་ཕུང་པོ་ལྔ་པ་ཅན་དུ་གསུངས་པས། ཕུང་པོ་ལྔ་ཟག་བཅས་ཟག་མེད་གཉིས་ཀ་ཡོད་པར་གསུངས་པ་དང་། འདིར་གསུངས་པའི་ཟག་བཅས་ཟག་མེད་ཀྱི་ངོས་འཛིན་སྤྱིར་མཐུན་ཞིང་། ཆོས་གསུམ་དང་། བདེན་པ་བཞི་ལ་ལྟོས་ནས་ཟག་བཅས་ཟག་མེད་ཀྱི་ངོས་འཛིན་ཚུལ་འདི་ཁྱད་པར་དུ་གསལ་བས་ཉིད་ཀྱིས་གསུངས་པ་ལྟར། བཀའ་སྲོལ་འདི་ལ་གཞན་གྱིས་བརྒལ་བའམ། དཀའ་བའི་གནས་ལ་དྲིས་པའི་ཚེ་ལྷག་པར་ཡང་ཡིད་ཆེས་པའི་གནས་སུ་གྱུར་པ་ཡང་ཐོག་ཏུ་བབ་པ་དེ་ལྟར་རོ། །སྡེ་བདུན་གཞན་ནས་གསུངས་པའི་སྦྱོར་ཚུལ་མ་ཡིན་པར་སྣང་སྟེ། མཛོད་རྩ་འགྲེལ་ནས་ཅི་ལྟར་ཐོན་པ་ཙམ་ཞིག་སྟོན་པའི་སྐབས་སུ་སྣང་བའི་ཕྱིར་རོ། །ཟག་མེད་ཀྱི་ངོས་འཛིན་ལ་དང་ཞེས་པ་ལྷག་པར་སྣང་ཡང་དྲུག་ཅེས་པ་ལྷག་མ་ཡིན་ཏེ། འདུས་བྱས་སུ་གྱུར་པའི་ཟག་མེད་ཐམས་ཅད་ལམ་བདེན་ཞེས་པས་བསྟན་ཟིན་ནས། འདུས་མ་བྱས་སུ་གྱུར་པའི་ཟག་མེད་ལ། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་འདུས་མ་བྱས་གསུམ་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་འདུས་མ་བྱས་གསུམ་དང་དྲུག་ཅེས་གནང་བའི་ཕྱིར་རོ། །དྲི་བ་གཉིས་པ། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་བཟོད་ཤེས་ཀྱི་སྐབས་དེར། རྗེས་བཟོད་རྗེས་ཤེས་གཉིས་ཀྱི་ངོས་འཛིན་མངོན་པ་གོང་མ་དང་མཐུན་པར་བྱུང་བ་དེ་སྐབས་དེར་ཕྲེང་གཉིས་ཙམ་ཆད་པ་ཡིན་ནམ་ཞེས་པའི་ལན་ནི། དེ་ལྟར་གཉིས་པོ་དེ་འཕགས་པའི་ཆོས་ཀྱི་རྒྱུར་ཤེས་པས་ལྷག་མ་རྣམས་ཀྱང་དེ་ལྟར་ཤེས་པ་ནི་རྗེས་སུ་ཤེས་པའི་བཟོད་པ། དེ་ངེས་པར་འཛིན་པ་རྗེས་སུ་ཤེས་པའོ་ཞེས་པ་འདིས་རྗེས་བཟོད་རྗེས་ཤེས་གཉིས་པོ་ངོས་འཛིན་ཚུལ་མངོན་པ་གོང་མ་དང་འདྲ་བ་ལྟར་སྣང་ཡང་ལྷག་མ་རྣམས་ཀྱང་དེ་ལྟར་ཤེས་པ་ཞེས་པའི་དོན་འདོད་པའི་སྡུག་བསྔལ་བདེན་པའི་ལྷག་མ་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་བདེན་པའི་མི་རྟག་སོགས་ཤེས་པ་དང་དེ་ངེས་པར་འཛིན་པ་ཞེས་པའི་དོན་རྗེས་བཟོད་དེ་ངེས་པར་འཛིན་པ་ཞེས་མི་སྦྱར་བར་དེའི་ཡུལ་ཁམས་གོང་གི་བདེན་པའི་གནས་ཚུལ་དེ་ངེས་པར་འཛིན་པ་ཞེས་སྦྱར་ན་མཛོད་དང་མཐུན་པའི་བཤད་པ་ཡང་རུང་མོད་ཀྱི། འོན་ཀྱང་སྐབས་དེར་རྗེས་བཟོད་རྗེས་ཤེས་གཉིས་ཀྱི་ངོས་འཛིན་ཕྲེང་ཆད་བྱུང་བ་གཞན་ཞིག་གིས་མངོན་པ་གོང་མ་དང་མཐུན་པའི་ངོ་འཛིན་བསྣན་པ་ཡིན་པ་འདྲ་སྟེ། དེ་གཉིས་འཕགས་པའི་ཆོས་ཀྱི་རྒྱུར་ཤེས་པས་ཞེས་པ་མཛོད་རྩ་འགྲེལ་ནས་མི་འབྱུང་ཞིང་། ལྗོན་ཤིང་འདིར། འོག་ཏུ་ཤེས་པ་བཅུའི་སྐབས་སུ་ཆོས་ཤེས་ཞེས་བྱ་བ་ནི། འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ཤེས་པ་ཡིན་ནོ། །རྗེས་སུ་ཤེས་པ་ཞེས་བྱ་བ་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བདེན་པ་བཞི་ཤེས་པ་ཡིན་ནོ་ཞེས་གསུངས་པས་མཛོད་དང་མཐུན་པར་དགོངས་པ་ཡིན་པར་གདོན་མི་ཟའོ། །དྲི་བ་གསུམ་པ། ཤེས་པ་ལྡན་ཚུལ་གྱི་སྐབས་སུ། མཛོད་ལས། ཟག་མེད་སྐད་ཅིག་དང་པོ་ལ། །ཆགས་ཅན་ཤེས་པ་གཅིག་དང་ལྡན། །གཉིས་པ་ལ་གསུམ་ཡན་ཆད་ནི། །བཞི་ལ་རེ་རེ་འཕེལ་དང་ལྡན། །ཞེས་གསུངས་པའི་ལྡན་ཚུལ་དང་མ་མཐུན་པས་ཅི་ལྟར་ཡིན་ཞེས་པའི་ལན་ནི། འདིར་སོ་སོའི་སྐྱོ་བོ་ངེས་འབྱེད་ཆ་མཐུན་མན་ཆད་ལ་ནི་ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན་ནོ། །གལ་ཏེ་སོ་སོ་སྐྱེ་བོ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན། ཕ་རོལ་གྱི་སེམས་ཤེས་པ་དང་ཡང་ལྡན་ནོ། །མཐོང་བའི་ལམ་ནས་ཆོས་ཤེས་པ་དང་ལྡན་ཏེ། དེའང་སྐད་ཅིག་དང་པོ་ལ་སྡུག་བསྔལ་ལ་ཆོས་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་ལྡན་ནོ། །དེ་བཞིན་དུ་རེ་རེ་བསྣན་པས་བདུན་དུ་འགྱུར་ལ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ཕ་རོལ་གྱི་སེམས་ཤེས་པ་དང་ལྡན་པས་བརྒྱད་དུ་འགྱུར་རོ་ཞེས་གསུངས་པ་འདི། སོ་སོ་སྐྱེ་བོ་ཆགས་ཅན་ལ་ཤེས་པ་གཅིག་དང་། ཆགས་བྲལ་ལ་གཉིས་ལྡན་པའི་ལྡན་ཚུལ་དང་། མཐོང་ལམ་སྐད་ཅིག་དང་པོའི་ལྡན་ཚུལ་ཁྱད་པར་མེད་པ་ལ་དགོངས་ནས་འདིར་མ་སྨོས་ལ། ཆོས་ཤེས་གང་ལ་ལྡན་པ་ནས་ངོས་བཟུང་བ་ནི། འདིར་ཐ་སྙད་རྟོགས་སླ་བའི་ཆེད་དུ་ཡིན་པར་སྣང་ཏེ། དེའང་སྐད་ཅིག་དང་པོ་ལ་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་པ་མ་དག་པས་སྡུག་བསྔལ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་ལྡན་ནོ་ཞེས་འབྱུང་བའི་སྐད་ཅིག་དང་པོ་ནི་ཤེས་པས་བསྡུས་པའི་མཐོང་ལམ་སྐད་ཅིག་དང་པོ་ཡིན་ལ་དེའང་མཛོད་ལས། གཉིས་པ་ལ་གསུམ་ཞེས་འབྱུང་བ་དང་དོན་གཅིག་སྟེ། དྲི་མེད་བཟོད་རྣམས་ཤེས་པ་མ་ཡིན་ཞེས་པའི་ཚུལ་གྱིས་སྡུག་བསྔལ་ལ་ཆོས་བཟོད་ཤེས་པར་བསྡུས་པའི་མཐོང་ལམ་དུ་མི་འདོད་པའི་ཕྱིར་རོ། །དེས་ན་འདིར། སྐད་ཅིག་དང་པོའི་ལྡན་ཚུལ་གྱི་འོག་ཏུ་གཉིས་པ་ལ་གསུམ་ཞེས་མི་འབྱུང་བར་དེ་བཞིན་དུ་རེ་རེ་བསྣན་པས་བདུན་དུ་འགྱུར་ལ་ཞེས་གསུངས་པའི་གནད་ཀྱང་འདི་ཉིད་དུ་སྣང་སྟེ་ཤིན་ཏུ་འགྲིག་གོ །དྲི་བ་བཞི་པ། ལོག་རྟོག་དགག་པའི་སྐབས་སུ་དབང་བསྐུར་ངན་པའི་ལུགས་དགག་པ་དང་། ཡང་དག་དབང་བསྐུར་མ་ཡིན་པའི་ལུགས་དགག་པ་གཉིས། དང་པོ་ལ་ནི། ངོ་བོའི་ལོག་རྟོག་ཀྱང་ཡོད་ལ། གཉིས་པ་ལ་ནི་གོ་རིམ་གྱི་ལོག་རྟོག་ཡོད་དོ་ཞེས་གསུངས་པའི་ལོག་རྟོག་གཉིས་པོ་སྨྲ་བ་པོའི་གང་ཟག་ཀྱང་མ་ཤེས། དེ་གཉིས་ཀྱི་ཁྱད་པར་ཀྱང་མ་ཤེས། འདི་གོ་རིམ་ལ་ལོག་རྟོག་དགག་པའི་སྐབས་ཡིན་པས། གོ་རིམ་ལ་ལོག་རྟོག་ཡོད་དོ་ཞེས་འབུར་དོད་དུ་བརྗོད་པ་ལ་དགོས་པ་ཡང་མེད་དམ་སྙམ་པས་དེ་དག་ཅི་ལྟར་ཡིན་ཞེས་པའི་ལན་ནི། སྨྲ་བ་པོའི་གང་ཟག་གི་གཙོ་བོ་ནི་རྔོག་གཞུང་པ་ཡིན་ལ། གཞན་ཡང་ཕྱག་རྒྱ་བ་རབ་ཏུ་མང་པོ་དག་གོ །དབང་བསྐུར་ངན་པའི་ལུགས་ནི། བྱིན་རླབས་སྨིན་བྱེད་དུ་འདོད་པ་དང་། གཡུང་དྲུང་རིས་དང་། ནས་འདྲ་རིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པ་དང་། ཆོ་ག་མེད་བཞིན་དུ་བླ་མའི་ལུས་ལ་དབང་བཞི་ལེན་པར་འདོད་པ་རྣམས་སོ། །ཡང་དག་དབང་བསྐུར་མ་ཡིན་པའི་ལུགས་ནི། མོས་པ་ཆོས་སྒོར་འདོད་པ་དང་། དབང་བསྐུར་མུ་བཞིར་འདོད་པ་རྣམས་ཀྱང་ཡང་དག་གི་དབང་བསྐུར་སྤོང་བའི་ཆ་ནས་དེར་རུང་མོད་ཀྱི། འདིར་ནི། གོ་རིམ་ལ་ལོག་རྟོག་འདོད་པའི་ལུགས་གཅིག་འཇོག་དགོས་པར་སྣང་བས། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །ཞེས་གསུངས་པ་ལྟར། རླུང་ལ་དབང་མ་ཐོབ་བཞིན་དུ་གྲོལ་ལམ་བསྟེན་པ་དབང་བསྐུར་མ་ཡིན་པས། དངོས་དབང་བསྐུར་དགོས་ཞེས་སྨྲ་བ་ཞིག་ལ་འཇོག་པར་སྣང་ངོ་། །གོ་རིམ་ལ་ལོག་རྟོག་དགག་པའི་སྐབས་ཡིན་པས། དེ་འབུར་དོད་དུ་བརྗོད་པ་ལ་དགོས་པ་མེད་པ་མ་ཡིན་ཏེ། དགག་པ་བྱེད་པའི་སྐབས་སུ་ཕྱོགས་སྔ་འབུར་དོད་དུ་བརྗོད་པ་ཚུལ་ལུགས་ཡིན་པའི་ཕྱིར་རོ། །དྲི་མ་མེད་པའི་རྒྱུད་གཞུང་ལ་སྐྱེས་ཐོབ་དང་སྦྱངས་པའི་བློ་གྲོས་མི་དམན་པའི་བཤེས་གཉེན་ཆེན་པོ་བྱམས་པ་རྡོ་རྗེ་རྒྱལ་མཚན་པས་ཚུལ་བཞིན་དུ་དྲིས་པའི་ལན། མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་རང་གི་གོ་ཚོད་ཙམ་ཞིག་ཐུབ་བསྟན་རྣམ་རྒྱལ་དུ་བྲིས་ནས་དཔལ་ལྡན་ས་སྐྱར་ཕུལ་བའོ།། །། ༄༅། །སྒྲུབ་པ་བ་ཚུལ་ཁྲིམས་བཟང་པོའི་དྲིས་ལན་བཞུགས།། དཔལ་ལྡན་བརྩེ་བའི་དཔུང་ཚོགས་མི་དམན་ཞིང་། །རྒྱ་ཆེན་མཁྱེན་པའི་འབྱོར་བ་དཔག་ཡས་ཀྱིས། །ཐུབ་དབང་བསྟན་པའི་རྒྱལ་ཐབས་ལེགས་འཛིན་པ། །ཡོངས་འཛིན་འཁོར་ལོས་སྒྱུར་བས་བདག་སྐྱོངས་ཤིག །མགོན་དེས་རྗེས་བཟུང་རྣམ་དཀར་ཚུལ་ཁྲིམས་ལྡན། །བློ་གྲོས་བཟང་པོས་གདམས་པའི་བཅུད་འཛིན་པ། །དཔྱོད་ལྡན་དོན་གཉེར་དེ་ཡིས་དྲིས་པའི་ལན། །ཚུལ་བཞིན་སྨྲ་ལ་ཀུན་གྱིས་ཉན་པར་གྱིས། །དྲི་བ་དང་པོ་སྤྱི་རྣམ་དུ་མདོ་སྔགས་གཉིས་འབྲས་བུ་ལ་ཁྱད་ཞུགས་པའི་རིགས་པ་ཀོ་ཊ་བ་དང་སཱ་ལུ་བཞིན་བླ་མེད་དང་གཉིས་ཅི་ལྟ་བ་བཞིན་འབྱུང་ནའང་རྒྱུད་སྡེ་འོག་མ་གསུམ་དང་། མྱུར་བུལ་ཙམ་མ་གཏོགས་འབྲས་བུའི་ངོ་བོ་ལ་ཁྱད་པར་མེད་པར་འདོད་པ་གདའ་ལགས་པས་ཅི་ལྟར་ལགས། ཞེས་པའི་ལན་ནི། སྤྱི་རྣམ་དུ་མདོ་སྔགས་གཉིས་ཀྱི་ལམ་དང་འབྲས་བུའི་ཁྱད་པར་ཕྱེ་བའི་སྔགས་ནི་སྐབས་ཐོབ་ཀྱིས་བླ་མེད་ཉིད་ལ་འཇུག་སྟེ། དཔེར་ན་སྡོམ་གསུམ་རབ་དབྱེར། རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །ཞེས་པའི་སྐབས་ཀྱི་རྡོ་རྗེ་ཐེག་པ་སྐབས་ཐོབ་ཀྱི་བླ་མེད་ལ་འཇུག་པར་བླ་མ་བཙལ་ལ་དབང་བཞི་བླང་ཞེས་པས་བསྟན་པ་བཞིན་ནོ། །དེས་ན་རྒྱུ་སྡེ་འོག་མ་གསུམ་དང་། འབྲས་བུའི་ངོ་བོ་ལ་ཁྱད་པར་མེད་པར་འདོད་པ་མི་འགལ་ལོ། །དྲི་བ་གཉིས་པ་ལུང་གི་སྐབས་སུ་སྐྱེ་བ་འདིར་སངས་རྒྱས་ཉིད་དམ་ཞེས་པ་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཐོབ་པའི་ལུང་དུ་གདའ་བས་གཞན་དུ་མྱུར་མཐའ་བསྐལ་པ་གྲངས་མེད་གསུམ་དུ་འགྲུབ་པར་གསུངས་པ་དང་ཅི་ལྟར་མཐུན་ཞེས་པའི་ལན་ནི། ལུང་གི་དོན་བླ་མེད་ཀྱི་ལམ་ཉམས་སུ་བླངས་པའི་སྐྱེ་བ་འདིར་ཕ་རོལ་དུ་ཕྱིན་པས་ཅི་ཙམ་ཐོབ་པའི་འབྲས་བུ་ཡང་ཐོབ་ཅེས་པའི་དོན་ཡིན་ལ། གཞན་དུ་མྱུར་མཐའ་བསྐལ་པ་གྲངས་མེད་གསུམ་ནས་འགྲུབ་པར་གསུངས་པ་ནི་ཕ་རོལ་དུ་ཕྱིན་པ་རང་གི་ལམ་ལ་དགོངས་པས་འགལ་བ་ཅུང་ཟད་ཀྱང་མེད་དོ། །དྲི་བ་གསུམ་པ་གང་དག་རྟོགས་པ་ལ་ཁྱད་པར་མེད་པ་དེ་ལ་ཡོན་ཏན་ལ་ཁྱད་པར་མེད་པ་ཆོས་ཉིད་དེ་དཔེར་ན་སངས་རྒྱས་བཞིན་ནོ་ཞེས་དང་། བདག་མེད་བསྟོད་འགྲེལ་ལས། རྟོགས་པའི་ཁྱད་པར་ནི་ས་དང་པོ་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་ལ་ཆོས་ཉིད་ཀྱི་ངོ་བོ་རྟོགས་པ་ཙམ་ལ་ཁྱད་པར་མེད་ཀྱང་ཡོན་ཏན་གྱི་ལྡོག་པ་ལ་ཁྱད་པར་ཆེ་སྟེ་ཞེས་རྟོགས་པ་དང་ཡོན་ཏན་ལ་ཁྱད་པར་ཡོད་པར་གསུངས་པ་ཅི་ལྟར་ལགས་ཞེས་པའི་ལན་ནི་སྔ་མའི་དོན་གཞན་གྱིས་དབང་གི་ཡེ་ཤེས་དང་། ཕ་རོལ་དུ་ཕྱིན་པའི་མཐོང་ལམ་གཉིས་མཐོང་ལམ་མཚན་ཉིད་པར་མཚུངས་ཀྱང་གླིང་བཞི་བརྒྱ་བསྒུལ་བ་སོགས་ཀྱི་ཡོན་ཏན་ཡོད་མེད་ཀྱི་ཁྱད་པར་འདོད་པ་ལ་རྟོགས་པ་ལ་ཁྱད་པར་མེད་ན་ཡོན་ཏན་ལ་ཁྱད་པར་མེད་པས་ཁྱབ་པས་དབང་གི་ཡེ་ཤེས་དེ་ལ་ཡང་གླིང་བཞི་བརྒྱ་བསྒུལ་བ་ལ་སོགས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཡོད་དགོས་སོ་ཞེས་པའི་དོན་ཡིན་ལ་ཕྱི་མའི་དོན་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་དུ་མཉམ་གཞག་ཏུ་རང་བཞིན་རྣམ་དག་གི་ཆོས་དབྱིངས་རྟོགས་པ་ཙམ་ལ་ཁྱད་པར་མེད་ཀྱང་། གློ་བུར་དྲི་བྲལ་གྱི་ཆོས་ཉིད་རྟོགས་ཚུལ་ལ་ཁྱད་པར་ཡོད་ཅིང་། རྗེས་ཐོབ་ཏུ་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་དང་། མཆོག་གི་དོན་ལ་ངེས་ཤེས་འདྲེན་པ་སོགས་ཀྱི་ཁྱད་པར་ཡོད་པས་ཡོན་ཏན་ལ་ཡང་ཁྱད་པར་ཡོད་ཞེས་པའི་དོན་ཡིན་གྱི་སྔ་མའི་དོན་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་རྟོགས་པ་ལ་ཁྱད་པར་མེད་པས་ཡོན་ཏན་ལ་ཁྱད་པར་མེད་པར་སྟོན་པ་ག་ལ་ཡིན། ཆོས་དབྱིངས་རང་གི་ངོ་བོ་རྟོགས་པ་ཙམ་ལ་ཁྱད་པར་མེད་པས་སྤྱིར་རྟོགས་པ་ལ་ཁྱད་པར་མེད་པར་མི་འགྲུབ་སྟེ། གྲུབ་མཐའ་སྨྲ་བ་བཞི་ཆར་གྱིས་བུམ་པ་རང་གི་ངོ་བོ་རྟོགས་པ་ཙམ་ལ་ཁྱད་པར་མེད་ཀྱང་བུམ་པའི་གནས་ཚུལ་རྟོགས་པ་ལ་ཁྱད་པར་ཤིན་ཏུ་ཆེ་བ་བཞིན་ནོ། །དྲི་བ་བཞི་པ་གྲུབ་མཐའ་སྨྲ་བ་བཞི་དང་བསྟུན་ནས་བསྐྱེད་ཆོག་མི་འདྲ་བ་བཞིས་རྒྱུད་སྡེ་བཞིར་བཞག་པ་ལ། དགེ་ལྡན་པས་རང་རྒྱལ་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་ཀྱང་མ་ཡིན་ཅིང་ཞེས་པ་ལ། རྗེ་གོང་མའི་གསུང་རྒྱུན་ལ་སེམས་ཙམ་གྱི་གྲུབ་མཐའ་ཁས་ལེན་པའི་རང་རྒྱལ་གཅིག་ཡོད་ན་དེས་དོན་གྲུབ་ཅེས་སྣང་བ་དང་། ངེད་རང་གི་བློར་ཡང་རང་རྒྱལ་ལྟ་བའི་སྒོ་ནས་སེམས་ཙམ་པའི་ལྟ་བར་སྡུད་དེ། ཕྱི་དོན་རང་བཞིན་མེད་པར་རྟོགས་ཤིང་ནང་སེམས་ལ་འཛིན་པ་དང་བཅས་པའི་ཕྱིར་རོ་སྙམ་པ་བདོག་ནའང་། ཞལ་སྔ་ནས་རང་རྒྱལ་དབུ་མ་པའི་ནང་དུ་སྡུད་པ་སྤྱི་རྣམ་གྱི་དོན་ཡིན་པ་མཛད་གདའ་ལགས་པ། དེའི་རྒྱུ་མཚན་ཞིབ་པ་གཅིག་ཞེས་པའི་ལན་ནི་སྤྱི་རྣམ་ལས་གྲུབ་མཐའ་སྨྲ་བ་བཞི་དང་སྒོ་བསྟུན་ནས་རྒྱུད་སྡེ་བཞིར་བཞག་པ་གཏན་མ་ཡིན་ཏེ། གསུང་རབ་སྤྱིའི་བརྡའ་ཆད་གྲུབ་མཐའ་སྨྲ་བ་བཞི་ཞེས་པ་བྱེ་མདོ། དབུ་སེམས་བཞི་ལ་འཇུག་ལ། སྤྱི་རྣམ་གྱི་དགོངས་པ་ནི། མཚན་ཉིད་ཀྱི་ཐེག་པ་ལ་བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་ལེན་པ་དང་། དེ་ཁས་མི་ལེན་ཀྱང་གཟུང་བ་ཕྱི་རོལ་གྱི་དོན་ཁས་ལེན་པ་དང་། དེ་ཁས་མི་ལེན་ཀྱང་ཡུལ་ཅན་གྱི་འཛིན་པ་ཁས་ལེན་པ་དང་། གཟུང་བ་མེད་པས་དེར་འཛིན་མེད་པར་ཁས་ལེན་པ་དང་བཞི་ལས། དང་པོ་ནི་ཉན་ཐོས་དམན་པ་གནས་མ་བུ་པའི་སྡེ་པ་དང་འབྲིང་ཉི་འོག་པ་གཉིས་དང་། གཉིས་པ་ནི་ཉན་ཐོས་མཆོག་ཁ་ཆེ་བ་དང་མདོ་སྡེ་པ་གཉིས་དང་། གསུམ་པ་ནི་འཕགས་པ་རང་སངས་རྒྱས་པ་དང་། བཞི་པ་ནི་དབུ་སེམས་གཉིས་ཡིན་པར་གསུངས་པའི་ཕྱིར་རོ། །དེ་དག་ལ་གྲུབ་མཐའ་བཞི་ཡོད་པས་དེ་སྨྲ་བའི་གང་ཟག་ལ་གྲུབ་མཐའ་སྨྲ་བ་བཞི་ཞེས་པའི་ཐ་སྙད་མི་འཐད་པ་ནི་སྔར་བཤད་པ་ལྟར་རོ། །དེས་ན་དགེ་ལྡན་པས་རང་སངས་རྒྱས་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་མ་ཡིན་ཞེས་པ་ཡང་ཕྱོགས་སྔའི་དོན་མ་རྟོགས་པ་སྟེ། གྲུབ་མཐའ་གཅིག་སྨྲ་བ་ཙམ་གྱིས་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་དུ་འཇོག་པ་མ་ཡིན་པའི་ཕྱིར་རོ། །ཟིན་བྲིས་འགའ་གཞི་ལ་སེམས་ཙམ་གྱི་གྲུབ་མཐའ་ཁས་ལེན་པའི་རང་སངས་རྒྱས་ཡོད་ན་དེས་དོན་གྲུབ་ཅེས་པ་ཡོད་སྲིད་ན་ཡང་ཟིན་བྲིས་འབྲི་བ་པོ་ཡིན་ན་གསུང་སྒྲོས་ཟིན་པས་ཁྱབ་པ་མེད་དེ། སྤྱི་རྣམ་གྱི་དགོངས་པ་འཕགས་པ་རང་སངས་རྒྱས་པའི་གྲུབ་མཐའ་དང་རྣལ་འབྱོར་གྱི་རྒྱུད་སྦྱར། སེམས་ཙམ་གྱི་གྲུབ་མཐའ་དང་བླ་མེད་སྦྱར་བས་དེས་དོན་གྲུབ་མི་གྲུབ་དཔྱད་པས་གསལ་བའི་ཕྱིར་རོ། །ཕྱི་མ་ཁ་ཅིག་སྤྱི་རྣམ་གྱི་དགོངས་པ་གྲུབ་མཐའ་སྨྲ་བ་བཞི་དང་། རྒྱུད་སྡེ་བཞི་སྦྱར་བར་ཡིན་པར་བྱས་ནས་བུ་སྟོན་གྱི་ཕར་ཕྱིན་གྱི་ཊཱི་ཀར། འཛིན་པ་བདེན་སྨྲའི་རང་རྒྱལ་དང་། །གཟུང་འཛིན་གཉིས་མེད་དོན་དམ་དུ། །སྨྲ་བའི་སེམས་ཙམ་གྲུབ་མཐའ་གཉིས། །མཚུངས་པར་འདོད་པའི་མཁས་པ་མཚར། །ཞེས་པ་སྤྱི་རྣམ་ལ་དགག་པ་བརྗོད་པར་བྱས་ནས་དེའི་ལན་འདེབས་བློ་བྱེད་པ་ཡང་བཞད་གད་ཀྱི་གནས་ཏེ་བུ་སྟོན་གྱི་ཚིགས་བཅད་དེ་དང་། སྤྱི་རྣམ་གྱི་དགོངས་པ་དོན་གཅིག་ཏུ་སྣང་བའི་ཕྱིར་རོ། །དོན་མེད་ཀྱི་ཐང་ཁུག་མགོ་ལ་གོན་པར་མི་བྱའོ། །དེས་ན་ཁྱོད་ཀྱི་ཐུགས་ལ་རང་རྒྱལ་ལྟ་བའི་སྒོ་ནས་སེམས་ཙམ་དུ་སྡུད་པ་བདེ་གསུང་བ་ཡང་། རྗེ་བཙུན་རྩེ་མོས་རང་རྒྱལ་གཟུང་བ་མེད་ཀྱང་འཛིན་པ་བདེན་གྲུབ་ཏུ་འདོད་པ་མངོན་རྟོགས་རྒྱན་གྱི་ལུང་དང་སྦྱར་ནས་རྣལ་འབྱོར་གྱི་རྒྱུད་ཀྱི་བསྐྱེད་ཆོག་དང་སྦྱར། དབུ་སེམས་གཉིས་ཆར་གཟུང་བ་མེད་པས་དེར་འཛིན་མེད་པར་འདོད་པས་བླ་མེད་ཀྱི་བསྐྱེད་ཆོག་དང་སྦྱར་འདུག་པས་ཁྱེད་ཀྱི་ཐུགས་ལ་བདེ་བའི་ཁ་ན་མེད་དོ། །ངེད་ཀྱིས་རང་རྒྱལ་དབུ་མ་པའི་ནང་དུ་སྡུད་པ་ཡང་དབུ་མའི་གྲུབ་མཐའ་ཁས་བླངས་པའི་ཚེ་ཐེག་པ་གསུམ་ཆར་དབུ་མ་པའི་ནང་དུ་སྡུད་དགོས་ཏེ་དེའི་ཚེ་དབུ་མའི་ལྟ་བ་ལ་མ་བརྟེན་པར་ཐེག་པ་གསུམ་པོ་གང་གིས་ཀྱང་བྱང་ཆུབ་མི་ཐོབ་པར་ཁས་ལེན་དགོས་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཙམ་པས་ཐེག་པ་གསུམ་ཆར་སེམས་ཙམ་གྱི་ནང་དུ་སྡུད། མདོ་སྡེ་པས་གསུམ་ཆར་མདོ་སྡེ་པར་སྡུད། བྱེ་སྨྲས་གསུམ་ཆར་བྱེ་བྲག་སྨྲ་བའི་ནང་དུ་སྡུད་པའི་ཚུལ་རྟོགས་ན་འདིའི་དོགས་པ་ཆོད་པར་འགྱུར་རོ། །དེ་ལས་གཞན་སྤྱི་རྣམ་དུ་རྒྱུད་སྡེ་བཞི་དང་གྲུབ་མཐའ་བཞི་སྦྱར་བའི་རང་རྒྱལ་དབུ་མ་པའི་ནང་དུ་སྡུད་པ་ནི་ཁོ་བོས་གར་ཡང་སྨྲས་པ་མེད་དོ། །དྲི་བ་ལྔ་པ་གསང་སྔགས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པར་བཤད་པ་ངེས་དོན་དང་། མ་གསུངས་པར་བཤད་པ་གསང་བ་འདུས་པའི་ཆེ་བ་བརྗོད་པ་ཡིན་ཞེས་བཤད་པ་དོན་ལ་གནས་པ་གཅིག་ལ་ཟེར་རམ། དོན་ལ་མི་གནས་ཀྱང་ཟེར། དང་པོ་ལྟར་ན། དེའི་དོན་རྒྱུད་མཐའ་དྲུག་ཚུལ་བཞིའི་སྒོ་ནས་འཆད་པ་ལ་བྱེད་ན་མཐའ་དྲུག་ཚུལ་བཞི་འདི་རྩ་རྒྱུད་ཀྱི་དངོས་བསྟན་ལ་མི་ཐོན། བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱིས་བཀྲལ་བ་ལ་བརྟེན་ནས་ཐོན་པ་ཡིན་མི་གསུང་ལགས་སམ། ཕྱི་མ་ལྟར་ན་སངས་རྒྱས་བརྫུན་གསུང་བར་སོང་བས་ཇི་ལྟར་ཡིན་ལགས་ཞེས་པའི་ལན་ནི། སྤྱིར་སངས་རྒྱས་ཀྱི་ཆེ་བ་བརྗོད་པ་ལ་ཆེ་བ་བརྗོད་པའི་གཞི་ངེས་པར་ཡོད་པས་བརྫུན་གསུང་བར་མི་འགྱུར་ལ། ཆེ་བ་བརྗོད་པའི་གཞི་རྒྱུད་མཐའ་དྲུག་ཚུལ་བཞིའི་སྒོ་ནས་འཆད་པ་ཁོ་ནར་མ་ངེས་ཏེ། གསང་བ་འདུས་པ་རང་གི་ལམ་སྨིན་གྲོལ་འཁོར་བཅས་ཆེ་བ་བརྗོད་པའི་གཞི་ཡིན་པའི་ཕྱིར། དཔེར་ན་སྦྱིན་པ་ལ་མཆོག་འཛིན་གྱི་གཉེན་པོར་ཚུལ་ཁྲིམས་ལ་ཆེ་བ་བརྗོད་པ་ན་ཚུལ་ཁྲིམས་ཀྱི་ཡོན་ཏན་དེ་ཉིད་ཆེ་བ་བརྗོད་པའི་གཞི་ཡིན་པ་བཞིན་ནོ། །གལ་ཏེ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་འཆད་པ་ལ་བྱེད་ན་ཡང་རྩ་རྒྱུད་ལ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་བཤད་དགོས་པ་དེ་ཉིད་ཆེ་བ་བརྗོད་པའི་གཞི་ཡིན་ཏེ། རྒྱུད་གཞན་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །ཞེས་བསྔགས་པ་ན་ཡང་། རྩ་རྒྱུད་མཐའ་དྲུག་ཚུལ་བཞིས་བཤད་དགོས་ཤིང་། བཤད་ཐབས་ཀྱི་མན་ངག་བཤད་པའི་རྒྱུད་ལ་ཡོད་པས་རྩ་བའི་རྒྱུད་ཉིད་ལ་བསྔགས་པ་བཞིན་ནོ། །དྲི་བ་དྲུག་པ་ཕ་རོལ་དུ་ཕྱིན་པ་ལས་ཆོས་དབྱིངས་ཡེ་ཤེས་ཞེས་བྱ་བའང་མ་བཤད་ལ་གསང་སྔགས་ལས་བཤད་པ་དང་། ཕ་རོལ་ཏུ་ཕྱིན་པ་ལས་སྐུ་གསུམ་ལས་མ་བཤད་པ་ལ་གསང་སྔགས་ལས་སྐུ་བཞི་བཤད་ཅེས་པ་ཞལ་སྔ་ནས་སྒྲ་དྲང་ཐད་དུ་ཞལ་གྱིས་བཞེས་ཀྱིན་ཡོད་ཟེར་བ་ཐོས་ན་ཡང་རྗེ་བླ་མའི་ཞལ་ནས་སྤྱི་རྣམ་ནས་བཤད་པའི་ཕ་རོལ་དུ་ཕྱིན་པའི་ལམ་རིམ་དེ་རྣལ་འབྱོར་དབང་ཕྱུག་ནས་ས་ཆེན་ལ་བརྒྱུད་པ་མིན། རྔོག་ལོ་དང་ཕྱྭ་པ་ནས་བརྒྱུད་པའི་ལམ་རིམ་མདོ་སྡེ་རྒྱན་ལ་བརྟེན་པ་ཡིན་པས་དེ་ནས་སྐུ་གསུམ་ལས་མ་བཤད་པ་དང་། ཡེ་ཤེས་ཀྱང་བཞི་ལས་མ་བཤད་ཅེས་ཟེར་བ་ཡིན་གྱི་གཞན་དུ་ན་མངོན་རྟོགས་རྒྱན་ལས་སྐུ་བཞིར་བཤད་པ་དང་། འཕགས་པ་སངས་རྒྱས་ཀྱི་ས་ལས་ཆོས་དབྱིངས་ཡེ་ཤེས་ཀྱང་བཤད་དོ། །སཾ་བུ་ཊི་རང་གི་རྒྱུད་བཞིར་བཞག་ན་མཐར་ཐུག་ཐོབ་པར་བཤད་དམ་མ་བཤད་པ་ལ་སྦྱར་ཀྱང་མི་འགྲིག་པའི་སྐྱོན་མེད་དེ། མཐར་ཐུག་གི་འབྲས་བུ་གཅིག་ལས་མེད་པ་དང་། ཐོབ་བྱེད་ཀྱི་ལམ་གཉིས་ཡིན་པ་དང་། ཕ་རོལ་དུ་ཕྱིན་པའི་ལམ་རང་རྐང་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་མི་ཐོབ་པར་བཤད་པ་རྣམས་སཾ་བུ་ཊི་ལ་བརྟེན་ནས་ཞལ་གྱིས་བཞེས་པ་ཡིན་ཞེས་གསུངས་ཀྱིན་གདའ་སྙམ་པ་བདོག་ན་ཡང་བདག་གི་མ་གོ་བ་སྲིད་ལགས་པས་སྒྲ་དྲང་ཐད་དུ་ཁས་ལེན་རྒྱུ་ཡིན་ལགས་སམ་ཞེས་པའི་ལན་ནི། རྗེ་བླ་མས་སྤྱི་རྣམ་ནས་བཤད་པའི་ཕ་རོལ་དུ་ཕྱིན་པའི་ལམ་རིམ་དེ་རྣལ་འབྱོར་དབང་ཕྱུག་ནས་ས་ཆེན་ལ་བརྒྱུད་པ་མིན་ཞེས་པ་ཡེ་མི་གསུང་སྟེ། སྤྱི་རྣམ་ཉིད་ལས། ལམ་རང་གི་ངོ་བོའི་རྣམ་པར་གཞག་པ་འདི་རྗེ་བླ་མ་སྐབས་འདིར་མི་གསུངས་ཡང་། གནས་སྐབས་གཞན་དུ་གསུངས་པ་ཁོ་བོས་བྲིས་པ་ཡིན་ནོ་ཞེས་གསུངས་པའི་ཤུགས་ཀྱིས་ལམ་སོ་སོའི་རྣམ་གཞག་གཉིས་པོ་རྗེ་བླ་མས་སྐབས་འདིར་གསུངས་པ་བསྟན་ནུས་པའི་ཕྱིར་དང་། རྗེ་བླ་མ་ནི་ས་ཆེན་ཉིད་ཡིན་པའི་ཕྱིར་རོ། །དེར་མ་ཟད་རྗེ་ས་ཆེན་ཉིད་ཀྱིས་མཛད་པའི་སྤྱི་རྣམ་ལས་ཕ་རོལ་དུ་ཕྱིན་པའི་ལམ་བགྲོད་ཚུལ་དང་། རྡོ་རྗེ་ཐེག་པའི་ལམ་བགྲོད་ཚུལ་གཉིས་སྤྱི་རྣམ་ཆེན་པོ་ན་ཅི་ལྟར་ཡོད་པ་བཞིན་དངོས་སུ་གསུངས་པས་ཀྱང་ས་ཆེན་གྱི་གསུང་སྒྲོས་ཡིན་པར་ཤེས་སོ། །རྗེ་སེམས་པ་ཆེན་པོས་རྩེ་མོའི་སྤྱི་རྣམ་དུ་ཕ་རོལ་དུ་ཕྱིན་པའི་ལམ་གྱི་རིམ་པ་མདོ་སྡེ་རྒྱན་དུ། རིགས་དང་ཆོས་ལ་མོས་པ་དང་ཞེས་སོགས་ཚིགས་བཅད་གཉིས་དང་སྦྱར་བ་དེ་ཕྱྭ་པ་ནས་བརྒྱུད་པའི་གྲོ་ལུང་པའི་རྒྱལ་སྲས་འཇུག་ངོགས་ཀྱི་གསུང་སྒྲོས་ལྟར་ཡིན་གསུང་བ་ཤིན་དུ་དོན་ལ་ཡང་གནས་པས་ས་ཆེན་ནས་བརྒྱུད་པའི་ཕ་རོལ་དུ་ཕྱིན་པའི་ལམ་རིམ་ལ་སྐབས་དེ་ཁོ་ན་རྗེ་བཙུན་རྩེ་མོས་རྒྱས་སུ་བཏང་བ་ཙམ་མོ། །དེ་ཙམ་གྱིས་སྤྱི་རྣམ་ནས་བཤད་པའི་ཕ་རོལ་དུ་ཕྱིན་པའི་ལམ་ཐམས་ཅད་ཕྱྭ་པ་ནས་བརྒྱུད་པར་མི་འགྲུབ་པས་ཕ་རོལ་དུ་ཕྱིན་པ་ལས་སྐུ་གསུམ་ལས་མ་བཤད་པ་དང་། ཆོས་དབྱིངས་ཡེ་ཤེས་མ་བཤད་པ་ཡང་མདོ་སྔགས་ཀྱི་འབྲས་བུའི་བཤད་ཚུལ་གྱི་ཁྱད་པར་ཕྱེ་བ་ཡིན་གྱི་ལུགས་གཞན་བཀོད་པ་ཆོས་རྗེ་རིན་པོ་ཆེ་ཡང་མི་བཞེད་དོ། །མངོན་རྟོགས་རྒྱན་གྱི་དགོངས་པ་སྐུ་བཞིར་ལྗོན་ཤིང་ནས་བཤད་པ་དང་མ་མཐུན་སྙམ་པའི་དོགས་པ་སྤོང་བ་ལ་ཆོས་རྗེ་རིན་པོ་ཆེའི་གསུང་སྒྲོས་ལྟར་བྱས་ན་འགལ་སྤོང་གི་ཚུལ་ཤིན་ཏུ་ལེགས་པ་ཡོང་བ་འདུག་མོད་ཀྱི་གཞུང་གི་འཆད་ཚུལ་རེ་རེ་ཙམ་ལ་ཅུང་ཟད་མི་འདྲ་བ་རྗེ་བཙུན་སྐུ་མཆེད་རྣམས་ལ་ཡང་སྣང་སྟེ་བསོད་ནམས་ཚོགས་བསག་བསྡུས་པ་མཆོག་བསྒྲུབ་པ་ལ་སྦྱར་མི་སྦྱར་དང་། དྲག་ལས་ཀྱི་སྐབས་སུ་ཞིང་ལ་སྡིག་པ་བསྒོ་བ་བྱེད་མི་བྱེད་ཀྱི་ཁྱད་པར་བཞིན་ནོ། །དེས་ན་སྡོམ་གསུམ་རབ་དབྱེར་ཡང་། ཁ་ཅིག་དབང་བཞི་མི་འདོད་ཅིང་། །བསྐྱེད་རིམ་ལ་སོགས་ལམ་བཞི་པོའི། །རྣམ་པར་གཞག་པའང་མི་འདོད་པར། །རྡོ་རྗེ་ཐེག་པའི་འབྲས་བུར་ནི། །སྤྲུལ་སྐུ་ལ་སོགས་སྐུ་བཞི་ཞེས། །འདོད་པ་དེ་ཡང་ལོག་ཤེས་ཡིན། །ཞེས་གསུངས་པ་དང་། སྤྱི་རྣམ་གྱི་དགོངས་པ་དོན་གཅིག་པར་སྣང་བས་སྒྲ་དྲང་ཐད་ལེགས་སོ་སྙམ་མོ། །དྲི་བ་བདུན་པ་ཞལ་སྔ་ནས་ཞུས་ལན་གཅིག་ལ་མངོན་རྟོགས་རྒྱན་གྱི་དེ་ཡང་ལ་ལ་སྐུ་གསུམ་དུ་འདོད་ལ་ལ་བཞིར་འདོད་པ་མ་གཏོགས་མཐའ་གཅིག་ཏུ་བཞི་ཁོ་ནར་མ་ངེས་གསུངས་པ་འདྲ་གཅིག་སྣང་ལགས་ན། ལྗོན་ཤིང་ལས་དེ་ཡང་གཞུང་ལས་ནི་སྐུ་བཞིར་གསལ་ཏེ་ཞེས་གསུངས་པས་རང་ལུགས་ལ་སྐུ་བཞིར་འདོད་པ་མ་ལགས་སམ་ཞེས་པའི་ལན་ནི་མངོན་རྟོགས་རྒྱན་གྱི་དགོངས་པ་འཕགས་པ་གྲོལ་སྡེས་སྐུ་གསུམ་དུ་བཀྲལ་ཞིང་། སློབ་དཔོན་གྱིས་ཀྱང་འགྲེལ་པ་དོན་གསལ་ལས་གསུམ་དུ་འགྲེལ་པ་དང་བཞིར་འགྲེལ་པའི་ཚུལ་སོ་སོར་སྨོས་ནས་བརྒྱད་སྟོང་འགྲེལ་ཆེན་དུ་རང་ལུགས་སྐུ་གསུམ་དུ་མཛད་པས་རྒྱ་བོད་ན་སྐུ་གསུམ་དུ་འགྲེལ་མཁན་ཤིན་ཏུ་མང་ངོ་། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་སྟོན་པའི་མདོར། ཚིག་གཞན་རྣམས་དེ་དང་འདྲ་བ་ལ་སྤྲུལ་པ་དང་ཞེས་པའི་ཚིག་བྱས་ནས་སྐུ་བཞིར་དབྱེ་བའི་སྐབས་སུ་བཤད་པས་འདིར་སྤྲུལ་པ་ནི་ཞེས་པའི་ཚིག་བྱས་པའི་ཚེ་སྐུ་གསུམ་དུ་འགྲེལ་པ་ལྟར་དགོངས་པ་ཡིན་ནོ། །དེའི་ཚེ་རྣམ་པ་བཞི་ཞེས་པ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་ལ་མཛད་པ་ཕྲིན་ལས་དང་བཅས་ཏེ་བཞིར་བརྗོད་ཅེས་པའི་དོན་ཡིན་པས་སྐུ་བཞིར་མི་སྟོན་ནོ། །རང་ལུགས་ལ་འདོད་མི་འདོད་ནི་ལན་སྔ་མ་ཉིད་ཀྱི་ནང་དུ་ཡོད་དོ། །དྲི་བ་བརྒྱད་པ་མངོན་རྟོགས་ལྗོན་ཤིང་ལས། ཟག་མེད་ཀྱི་ངོས་འཛིན་མངོན་པ་གོང་མ་ལྟར་ན་འདུས་མ་བྱས་ལ་བརྒྱད་དུ་བྱས་གདའ་བས། ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དང་། བརྟགས་མིན་གྱི་འགོག་པ་མ་ཡིན་པའི་ཆོས་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་རེ་ཨེ་ཐོན་ལགས་འདིའི་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་མངོན་པ་འོག་མ་ཇི་ལྟ་བ་བཞིན་རང་མིན་པ་འདྲ་ལགས། འོག་མ་ནས་སེམས་བྱུང་བཞི་བཅུ་ཞེ་དྲུག་ལས་མ་བཤད། གོང་མ་ནས་ལྔ་བཅུ་རྩ་གཅིག་བཤད་ཅེས་པ་ཤེས་བྱ་རབ་གསལ་ན་གདའ་ཞིང་། ལྗོན་ཤིང་བྱིན་པོར་སེམས་ལས་བྱུང་བའི་གཞི་ནི་སེམས་བྱུང་ལྔ་བཅུ་རྩ་གཅིག་གོ་ཞེས་གསུངས་གདའ་ལགས་ཞེས་པའི་ལན་ནི། མངོན་པ་གོང་མར་ནམ་མཁའ་དང་། འགོག་པ་གཉིས་མ་ཡིན་པའི་འདུས་མ་བྱས་སུ་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་དང་། ཆོས་ཁམས་ཀྱི་ཕྱོགས་རེ་ལེགས་པར་ཐོན་ཏེ། དགེ་མི་དགེ་ལུང་མ་བསྟན་གྱི་དེ་བཞིན་ཉིད་གསུམ་དང་། མི་གཡོ་བ་དང་། འདུ་ཤེས་དང་ཚོར་བ་འགོག་པ་རྣམས་དེ་ཡིན་པའི་ཕྱིར་རོ། །འདུས་མ་བྱས་ལ་སྔར་གྱི་གསུམ་པོ་དེར་གྲངས་ངེས་པ་ནི་མཛོད་ཀྱི་ལུགས་སོ། །འདིའི་བྱེ་བྲག་སྨྲ་བའི་གྲུབ་མཐའ་མཛོད་ཀྱི་ལུགས་ཅི་ལྟ་བ་བཞིན་ཡིན་ཏེ། ཆོས་མངོན་པ་སྡེ་བདུན་གྱི་དགོངས་པ་ཕྱོགས་གཅིག་ཏུ་འགྲེལ་པ་བྱེ་བྲག་བཤད་མཛོད་ཆེན་མོ་ཡིན་ཅིང་། དེའི་དགོངས་པ་ཅི་ལྟ་བ་བཞིན་འགྲེལ་པ་མཛོད་ཡིན་པས། དེ་ལས་གཞན་བྱེད་སྨྲའི་གྲུབ་མཐའ་བརྟེན་ས་མེད་པའི་ཕྱིར་དང་། རྗེ་བཙུན་ཉིད་ཀྱིས་ཀྱང་འདི་རྟོགས་པར་འདོད་པས་མངོན་པ་མཛོད་བལྟ་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་སེམས་བྱུང་གི་གྲངས་ཇི་ལྟར་སྙམ་ན། མཛོད་ལས། སེམས་བྱུང་རྫས་ཡོད་ཀྱི་དབང་དུ་བྱས་ནས་སེམས་ཀྱི་ས་མངས་བཅུ། དགེ་བའི་ས་མངས་བཅུ། ཉོན་མོངས་པའི་ས་མངས་དྲུག མི་དགེ་བའི་ས་མངས་གཉིས། ཉོན་མོངས་ཆུང་ངུའི་ས་པ་བཅུ། མ་ངེས་པའི་སྡེ་ཚན་བརྒྱད་དེ། བཞི་བཅུ་ཞེ་དྲུག་ལས་མ་གསུངས་ཀྱང་། གཏི་མུག་མེད་པ་དང་། ལྟ་བ་དང་ཤེས་བཞིན་མ་ཡིན་པ་གསུམ་ཤེས་རབ་ཀྱི་རྫས་དང་། རྣམ་གཡེང་ཏིང་ངེ་འཛིན་ཉོན་མོངས་ཅན་ཡིན་པས་ཏིང་ངེ་འཛིན་གྱི་རྫས་དང་། བརྗེད་ངས་དྲན་པ་ཉོན་མོངས་ཅན་ཡིན་པས་དྲན་པའི་རྫས་སུ་འདུས་པར་བཞེད་པས་སྤྱིར་སེམས་བྱུང་ལྔ་བཅུ་རྩ་གཅིག་མི་རུང་བ་མིན་པའི་ཕྱིར་རོ། །དྲི་བ་དགུ་པ་ཞལ་སྔ་ནས་དྲིས་ལན་གཅིག་ལ། དེས་ན་ཀུན་གཞི་དང་ཉོན་ཡིད་རང་ལུགས་ལ་ཁས་ལེན་པའི་མདོ་སྡེ་པ་ཡོད་པར་ཁས་ལེན་མི་དགོས་གསུང་བ་གདའ་ན། དབྱིག་གཉེན་གྱི་ལས་གྲུབ་པའི་རབ་ཏུ་བྱེད་པ་ལས་འགོག་པའི་སྙོམས་འཇུག་ལ་ཞུགས་པའི་ཚེ་སེམས་དང་བཅས་པར་ཇི་ལྟར་འདོད་པར་བྱ་ཞེ་ན་ཇི་ལྟར་མདོ་སྡེ་པ་ཁ་ཅིག་འདོད་པ་དེ་ལྟར་རོ། །མདོ་སྡེ་པ་ཁ་ཅིག་ཅི་ལྟར་འདོད་ཅེ་ན། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཉིང་མཚམས་སྦྱོར་བ་ནས་བཟུང་སྟེ་ཞེས་ཀུན་གཞི་བཤད་གདའ་བས་ཀུན་ལས་བཏུས་ཁས་ལེན་པའི་མདོ་སྡེ་པ་དེ་ཀུན་གཞི་ཁས་བླངས་ན་གོང་གི་ལུང་དེ་ཤེས་བྱེད་དུ་ཨེ་འབྲེལ་ཞེས་པའི་ལན་ནི། མདོ་སྡེ་པས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཁས་བླངས་ཀྱང་ཀུན་ལས་བཏུས་ནས་བཤད་པ་ལྟར་གྱི་ཀུན་གཞི་ཁས་ལེན་པ་མ་ཡིན་ཏེ། ཐེག་བསྡུས་ལས། དམུས་ལོང་བརྒྱས་གླང་པོ་ཆེ་ལ་འཇུ་བ་དཔེར་བྱས་ནས་ཉན་ཐོས་སྡེ་པ་དག་གིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་སོགས་ཀུན་གཞིའི་ཆ་ཤས་རེ་རེ་འདོད་ཀྱང་མིག་ལྡན་གྱིས་གླང་པོ་ཆེ་ལ་བལྟ་བ་ལྟར་གྱི་ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་ཡོངས་རྫོགས་མ་རྟོགས་པར་གསུངས་ཤིང་ཐེག་བསྡུས་དང་། ཀུན་ལས་བཏུས་དང་། སུམ་ཅུ་པའི་རབ་བྱེད་གསུམ་སེམས་ཙམ་རང་ལུགས་ཀྱི་ཀུན་གཞིའི་མཚན་ཉིད་ཡོངས་རྫོགས་སྟོན་པར་མཚུངས་པར་སྣང་བའི་ཕྱིར་རོ། །དེས་ན་ཀུན་བཏུས་ཀྱི་ཀུན་གཞིའི་མཚན་ཉིད་ཡོངས་རྫོགས་བཤད་ཟིན་པའི་མཇུག་ཏུ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ནོ་ཞེས་གསུངས་པ་ཡང་མདོ་སྡེ་པས་འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་དེ་གཉིས་ཡོད་པར་འདོད་པ་ཡང་ཀུན་གཞིའི་རྣམ་ཤེས་ཡིན་པ་ཁྱེད་རང་གིས་མ་རྟོགས་པ་ཡིན་གྱི་དོན་ལ་ཀུན་གཞི་ཡིན་ཞེས་པའི་དོན་ཡིན་པས་སྔར་གྱི་ལུང་དེ་དེའི་ཤེས་བྱེད་དུ་མི་འབྲེལ་ལོ། །དྲི་བ་བཅུ་པ་གོང་དུ་ཀུན་རྫོབ་ཏུ་ཡོད་པ་ནི་བཏགས་པ་ཉིད་ཡིན་པས་ཞེས་ཀུན་རྫོབ་ཡོད་པ་ཀུན་བཏགས་སུ་བཤད་ནས་འོག་ཏུ་ཀུན་གཞི་ལ་སོགས་པ་རྣམ་པར་རིག་པ་ཙམ་དུ་བཤད་པ་དེ་དག་ཀུན་རྫོབ་ཏུ་ཡིན་པ་ཙམ་ལ་འདོགས་པ་ཡིན་ལ་ཅེས་གསུངས་པས། ཀུན་གཞི་ཀུན་བཏགས་སུ་ཁས་ལེན་དགོས་སམ་ཞེས་པའི་ལན་ནི་ཀུན་རྫོབ་ཏུ་ཡོད་པ་ནི་ཀུན་བཏགས་པ་ཉིད་ཡིན་པས་ཞེས་པའི་དོན་ཀུན་རྫོབ་ཏུ་ཡོད་པའི་ཚུལ་དེ། སྒྲོ་བཏགས་པའི་སྒོ་ནས་ཡོད་པ་ཙམ་ཡིན་གྱི། དོན་དམ་དུ་ཡོད་པ་མ་ཡིན་ཞེས་པའི་དོན་ཡིན་གྱི། གཞི་དེ་ཀུན་རྫོབ་ཏུ་ཡོད་ན་གཞི་དེ་ཀུན་བཏགས་ཡིན་པས་ཁྱབ་ཅེས་པའི་དོན་ནི་མ་ཡིན་ཏེ། འདི་པའི་ལུགས་ཀྱི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་དེ་ཡང་ཀུན་རྫོབ་བདེན་པར་བཞེད་པའི་ཕྱིར་རོ། །དྲི་བ་བཅུ་གཅིག་པ་དབུ་མ་པས་སེམས་ཙམ་པ་ལ་ཡང་ཁྱེད་གནས་གྱུར་པ་ཞེས་བྱ་བ་འདོད་ན་དོན་དམ་པར་གནས་འགྱུར་རམ། ཀུན་རྫོབ་ཏུ་གནས་འགྱུར་ཞེས་གནོད་བྱེད་གཏོང་བ་གདའ་ན། དབུ་མ་པ་རང་ཡང་གནས་གྱུར་ཞལ་གྱིས་བཞེས་པའི་ཚེ་སེམས་ཙམ་པ་དང་མི་འདྲ་བའི་གནས་གྱུར་ཚུལ་ཇི་ལྟར་ལགས་ཞེས་པའི་ལན་ནི། སེམས་ཙམ་པས་ཀུན་རྫོབ་ཏུ་གནས་གྱུར་ཁས་བླངས་ན་ཁས་བླངས་འགལ་ལ། དབུ་མ་པས་ཀུན་རྫོབ་ཏུ་གནས་གྱུར་ཁས་བླངས་པ་ཁས་བླངས་ནང་འགལ་བ་དང་། རིགས་པ་དང་འགལ་བའི་སྐྱོན་མེད་པ་ནི་ཁྱད་པར་རོ། །དྲི་བ་བཅུ་གཉིས་པ་སེམས་ཙམ་པས་ཕྱི་རོལ་གྱི་དོན་ཁས་མི་ལེན་ཙ་ན་ཐེག་བསྡུས་སུ་གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་ཞིང་དང་ལུས་ཞེས་སོགས་གཟུགས་ཕུང་པོ་ཁས་ལེན་པ་ཅི་ལྟར་ལགས་ཞེས་པའི་ལན་ནི། གཟུགས་ཕུང་དང་། གཟུགས་ཅན་གྱི་ཁམས་དང་། སྐྱེ་མཆེད་རྣམས་ཐ་སྙད་དུ་ཁས་ལེན་ལ་དེའི་ཚེ་ཕྱི་རོལ་གྱི་དོན་ཡང་ཐ་སྙད་དུ་ཁས་ལེན་ཅིང་དོན་དམ་པར་གཟུགས་ཕུང་སོགས་ཁས་མི་ལེན་པས་ཁོ་རང་གི་ལུགས་ལ་འགལ་བ་གང་ཡང་མེད་དོ། །དེ་ལྟར་ན་གཟུགས་ཕུང་ལ་གནས་གྱུར་མི་འཐད་དོ་སྙམ་ན་དེ་ཉིད་ཀྱི་ཕྱིར་དབུ་མ་པས་ཁས་བླངས་ནང་འགལ་སྟོན་པའོ། །དྲི་བ་བཅུ་གསུམ་པ་ཐེག་པ་ཐུན་མོང་མ་ཡིན་པས་ས་དང་ལམ་གྱི་རིམ་པ་འབྲས་བུ་གྲུབ་པ་དང་བཅས་པ་ནི་ཐེག་པ་ཆེན་པོ་ཐུན་མོང་བ་ཉིད་ལས་ཁྱད་པར་མི་འདོད་ཅེས་པ་དང་། བླ་མེད་ལ། དབང་བཞི་དང་ནི་རིམ་པ་གཉིས། །རྣལ་འབྱོར་ཆེན་པོའི་ཁྱད་ཆོས་ཡིན། །ཞེས་ལམ་ལ་ཁྱད་པར་ཡོད་པ་བཤད་པ་དང་། འབྲས་བུ་ལ་ཡང་ས་ཕྱེད་དང་གསུམ་ཐོབ་རྒྱུ་ཡོད་པར་བཤད་པ་ཅི་ལྟར་ཞེས་པའི་ལན་ནི། སྤྱིར་ས་བཅུ་དང་། ལམ་ལྔ་དང་འབྲས་བུ་སྤངས་རྟོགས་མཐར་ཐུག་པ་རྣམས་ལ་ཐེག་པ་ཆེན་པོ་ཐུན་མོང་བ་ནས་བཤད་པ་དེ་ཉིད་ཐུན་མོང་མ་ཡིན་པས་ཀྱང་དེ་ཅི་ལྟ་བ་བཞིན་དུ་འདོད་ཅེས་པའི་དོན་ཡིན་གྱི་ཐུན་མོང་བ་ལ་མེད་པའི་ཁྱད་ཆོས་མི་འདོད་ཅེས་པའི་དོན་གཏན་མ་ཡིན་ཏེ། ཅི་སྐད་བཤད་པ་དེ་དག་དང་། །གཞན་ཡང་དོན་གཅིག་ན་ཡང་མ་རྨོངས་དང་། །ཞེས་སོགས་ཀྱི་ཁྱད་པར་མང་དུ་ཡོད་པའི་ཕྱིར་དང་། ཁྱད་པར་མེད་ན་ཐུན་མོང་མ་ཡིན་པ་ཞེས་པའི་སྒྲ་དོན་ཡང་བཤད་དུ་མེད་པའི་ཕྱིར་རོ། །དེས་ན་འདི་གཉིས་སྤྱི་དང་བྱེ་བྲག་ཡིན་ཞེས་པའི་གནད་རྟོགས་ན་འདི་རང་གྲོལ་དུ་འགྱུར་རོ། །དྲི་བ་བཅུ་བཞི་པ་བདེན་པ་གཉིས་སུ་འཇོག་པ་ནི་འཇིག་རྟེན་པའི་བློ་ལ་ལྟོས་ཏེ་འཇོག་གོ་ཞེས་དང་། འཇིག་རྟེན་པའི་བློས་ཡོད་པའམ། མེད་པའམ། གཉིས་ཀའམ། གཉིས་ཀ་མ་ཡིན་པ་གཅིག་ལས་འཛིན་མི་ཤེས་པས་དེ་དག་དོན་དམ་པའི་བདེན་པར་ཇི་ལྟར་མི་འགྱུཾར་ལགས་ཞེས་པའི་ལན་ནི། སངས་རྒྱས་ཀྱི་སར་བདེན་གཉིས་ཟུང་འཇུག་ཡིན་པས་སོ་སོར་དབྱེར་མེད་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་ཐུགས་སུ་ཆུད་ནས་གདུལ་བྱ་ལ་བསྟན་པའི་ཚེ་འཇིག་རྟེན་པ་རྣམས་མི་བསླུ་བ་ལ་དོན་དམ་པ་དང་། བསླུ་བ་ལ་ཀུན་རྫོབ་ཡིན་ཞེས་པའི་ཐ་སྙད་ལ་བརྟེན་ནས་བདེན་གཉིས་སོ་སོར་ཕྱེ་སྟེ་བསྟན་པའི་ཚེ་བློ་འཁྲུལ་མ་འཁྲུལ་གཉིས་སམ། ཕྱིན་ཅི་ལོག་མ་ལོག་གཉིས་སམ། མཐོང་བ་བརྫུན་པ་དང་། མཐོང་བ་ཡང་དག་གཉིས་སམ། རྨོངས་མ་རྨོངས་གཉིས་ཀྱི་ངོ་བོར་བདེན་པ་ལ། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པར་བཞག་པའི་ཕྱིར་རོ། །དེའི་ཚེ་འཇིག་རྟེན་པའི་བློ་དོན་དམ་བདེན་པ་ཡུལ་དུ་བྱེད་པ་ནི་བདེན་པ་གཉིས་སུ་ཕྱེ་བའི་ཚེ་བློ་མ་འཁྲུལ་བ་སོགས་བཞི་པོ་དེར་འཇོག་ཀྱང་། བདེན་གཉིས་ཟུང་འཇུག་ལ་ལྟོས་ནས་བློ་འཁྲུལ་པ་སོགས་བཞིར་འཇོག་པས། དེས་དངོས་སུ་བཟུང་བ་ནི་དོན་དམ་པ་མཚན་ཉིད་པ་མ་ཡིན་ཞེས་པའི་དོན་ནོ། །འོན་ཀྱང་དེ་སྐྱེ་བ་དང་རྗེས་སུ་མཐུན་པའི་དོན་དམ་དང་། རྣམ་གྲངས་པའི་དོན་དམ་དུ་འཇོག་པ་ནི་དབུ་མའི་གཞུང་ལུགས་ཚད་ལྡན་རྣམས་ལས་མང་དུ་གསུངས་ཤིང་ལྗོན་ཤིང་ཉིད་ལས་ཀྱང་གསལ་བར་འབྱུང་ངོ་། །འདིའི་མཐའ་ཆོད་པར་འདོད་ན་ཁོ་བོས་བྱས་པའི་ངེས་དོན་རབ་གསལ་བལྟ་བར་བྱའོ། །དྲི་བ་བཅོ་ལྔ་པ་རྩ་རྒྱུད་ཀྱི་བདག་མེད་མའི་སྐབས་ཀྱི་རྒྱུ་རྡོ་རྗེ་འཆང་འདི་ས་ཆེན་གྱིས་ཞལ་བརྒྱད་ཕྱག་བཅུ་དྲུག་པ་དང་། ཞལ་གསུམ་ཕྱག་དྲུག་པར་བྱེད་པའི་ལུགས་གཉིས་གསུངས་ནས། ཕྱི་མ་ལྟར་ན་ཕྱག་མཚན་ཞལ་སོགས་གོང་མ་བཞིན་ཞེས་ཐུགས་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལ་སྙེགས་པར་གསུང་གདའ་བ་དང་། དག་ལྡན་ལས་ཀྱང་དམ་ཚིག་རྡོ་རྗེ་ལུ་གུ་རྒྱུད་མ་བཞིན་དུའོ་ཞེས་དེའི་ཡུམ་ལ་སྙེགས་པར་གསུངས་པ་བཞིན་སཾ་བུ་ཊིའི་བདག་མེད་མའི་སྐབས་ཀྱི་དྲུག་པ་རྡོ་རྗེ་འཆང་ཡང་རྡོར་དབྱིངས་ཀྱི་ཚེ་ཞལ་གསུམ་ཕྱག་དྲུག་པ་དང་། ཀྱེ་རྡོར་ལྷ་བཅུ་བདུན་མའི་ཚེ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་བྱས་ན་གོང་གི་དེ་དེའི་སྒྲུབ་བྱེད་དུ་ཨེ་འབྲེལ་ཞེས་པའི་ལན་ནི། གོང་གི་དེ་འདྲ་ཡོད་ན་སྒྲུབ་བྱེད་དུ་འབྲེལ་བ་སྲིད་ན་ཡང་ས་ཆེན་གྱི་དཀའ་འགྲེལ་དུ་ནི་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཁོ་ནར་གསུངས་ལ་དེ་ལས་གཞན་ས་ཆེན་གྱིས་ཞལ་གསུམ་ཕྱག་དྲུག་པར་གསུངས་པ་ནི་མ་མཐོང་ངོ་། །དག་ལྡན་ལས། དམ་ཚིག་རྡོ་རྗེ་ལུ་གུ་རྒྱུད་མ་ལ་སྙེགས་པར་གསུངས་པ་ནི་ཕྱོགས་སྔ་བརྗོད་པའི་སྐབས་ཡིན་གྱི་རང་ལུགས་མ་ཡིན་ནོ། །དྲི་བ་བཅུ་དྲུག་པ་ལྗོན་ཤིང་དུ་མན་ངག་ལུགས་དང་། འགྲེལ་པ་ལུགས་གཉིས་བཤད་ཐབས་ཀྱི་མན་ངག་དང་། མངོན་པར་རྟོགས་པའི་ཆིང་མི་འདྲ་བར་གསུངས་པ་དང་། ཀྱེ་རྡོར་རྣམ་བཤད་དུ་དེ་གཉིས་ངོ་བོ་གཅིག་ཏུ་བསྒྲུབས་གདའ་ལགས་པའི་དགོངས་པ་ཅི་ལྟར་ཞེས་པའི་ལན་ནི། ལྗོན་ཤིང་དུ་དེ་གཉིས་མངོན་རྟོགས་ཀྱི་ཆིང་མི་འདྲ་བར་བཤད་པ་མེད་དེ། ལམ་གྱི་རིམ་པ་ཐམས་ཅད་བརྒྱུད་པ་གཉིས་ཀ་ནས་འོངས་པའི་ལམ་རིམ་ཐུན་མོང་བ་ལ་མན་ངག་ལུགས་གཙོ་ཆེ་བ་ཡིན་པར་དབུ་ཞབས་གཉིས་ཀ་ལས་གསུངས་པའི་ཕྱིར་རོ། །དག་ལྡན་ལས་རྒྱུད་འཆད་པའི་ཚེ་ག་ཡ་དྷ་རས་བརྟག་པ་དང་པོ་སྤྱི་དོན་དང་། སྦས་དོན་གཉིས་གཉིས་ཀྱི་མཚམས་སྦྱར་གསུངས་པ་དང་། མི་ཐུབ་ཟླ་བས་འཇིག་རྟེན་གྱི་རྒྱལ་པོའི་དཔེས་ལེའུ་གོང་འོག་རྣམས་ཀྱི་མཚམས་སྦྱར་ཕྱོགས་གཅིག་ཏུ་གསུངས་པའི་ཁྱད་པར་ཙམ་ཞིག་གསུངས་ཀྱང་དེ་ཙམ་གྱིས་ལམ་གྱི་ངོ་བོ་མི་གཅིག་པར་མི་འགྱུར་ཏེ། ལམ་གྱི་ངོ་བོ་ནི་གཙོ་བོ་སྨིན་གྲོལ་གཉིས་ལ་འཇོག་དགོས་པའི་ཕྱིར་རོ། །སྨིན་གྲོལ་ཀྱི་སྐབས་སུ་སྤྲོས་པ་ཆེ་ཆུང་གི་ཁྱད་པར་འབྱུང་བ་ཙམ་གྱིས་ངོ་བོ་མི་གཅིག་པར་མི་འགྱུར་བ་ནི་རྣམ་བཤད་ཉིད་ལས་དཔེ་དང་བཅས་ཏེ་གསུངས་པ་ལས་ཤེས་པར་བྱའོ། །དྲི་བ་བཅུ་བདུན་པ་རྗེ་སེམས་དཔའ་ཆེན་པོ་ལོ་ནག་གཉིས་ལ་ཁྱད་པར་མེད་པར་མ་མོ་བཅུ་གཉིས་ལུས་དཀྱིལ་དུ་ཞལ་གྱིས་བཞེས་ཤིང་དེའི་རྒྱུ་མཚན་རྗེ་བཙུན་གྱིས་ལོ་ཧི་པའི་སྒྲུབ་ཐབས་སུ་ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱིས་བྱིན་གྱིས་རླབས་པ་དང་བཅས་པ་ནི་ཞེས་དེ་མན་ཆད་ལུས་དཀྱིལ་དུ་མཛད་པ་དང་། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ཊཱི་ཀར་ཡང་ལུས་དཀྱིལ་གྱི་ལྷ་སུམ་ཅུ་སོ་བདུན་ཞེས་དང་། གཉན་ཕུལ་བྱུང་བའི་འབྲུ་འབུམ་དུ་ཡང་ཕྱི་ནང་གཉིས་ཀ་ལ་ལྷ་སུམ་ཅུ་སོ་བདུན་བཞུགས་པས་ཞེས་གསུངས་འདུག་པས་སྙིང་གའི་ཕྱི་ནང་གི་རྩ་འདབ་རྣམས་ལ་བསྐྱེད་ནས་ཕྱག་ལ་བཀོད་པ་གོང་གི་ལུང་དེ་རྣམས་དང་རྗེ་ས་ཆེན་གྱི་ཊཱིཀ་ཆུང་གི་དོན་ལ་ཡོད་པར་འདུག དེས་ན་བསྐྱེད་གཞི་གང་ཡིན་པ་དེ་དང་དེ་ལྷ་དེ་དང་དེ་རུ་བསྐྱེད་པས་ཁྱབ། བསྐྱེད་ནས་དེ་རུ་བཞུགས་པས་མ་ཁྱབ་ཅེས་པ་གཅིག་ཁས་བླངས་དགོས་སྔར་རྗེ་རྡོ་རྗེ་འཆང་གི་གསུང་རྒྱུན་ལ་ལུས་དཀྱིལ་གྱི་ལྷ་ཡིན་ན་སྦྱང་གཞི་གང་ཡོད་ས་དེར་ཡོད་དགོས་གསུང་བ་གཅིག་ཡོད་དེ་དང་འགལ་བ་ཙམ་མ་གཏོགས་གཞན་གང་དང་ཡང་འགལ་བ་མེད། ས་སྐྱ་པའི་དགེ་བཤེས་ཡིན་ན་ལུང་དེ་རྣམས་ཀྱི་འབྲུ་གནོན་དགོས་གསུང་བ་གཅིག་བདོག་སྟེ། འདི་རྣམས་ལུས་དཀྱིལ་དུ་ཞལ་གྱིས་བཞེས་བཏུབ་ལགས་སམ་མི་བཏུབ་ལགས་ཞེས་པའི་ལན་ནི། དེ་དག་རྗེ་སེམས་དཔའ་ཆེན་པོའི་སྐུ་ཚེའི་མཇུག་གི་གསུང་སྒྲོས་ཡིན་པར་འདུག ངེད་གླེ་ལུང་དུ་མཇལ་དུས་སུ་ཡང་ཐོ་ཙམ་ཅིག་གསུངས། སྔར་གྱི་ལུང་གསུམ་པོ་དེ་ལ་བརྟེན་ནས་མ་མོ་བཅུ་གཉིས་ཕྱག་ལ་བཀོད་པ་ཡང་ལུས་དཀྱིལ་དུ་བྱ་དགོས་པས་འབུར་དོད་དུ་བྱུང་བ་ནི་ངོ་མཚར་རྨད་དུ་བྱུང་བའི་གསུང་སྒྲོས་སུ་སྣང་སྟེ། ལུས་དཀྱིལ་དུ་དངོས་སུ་གསུངས་འདུག་པའི་ཕྱིར་རོ། །དེ་ལྟར་ན་ཡང་སྙིང་གའི་རྩ་འདབ་ལ་བསྐྱེད་ནས་ཕྱིར་སྤྲོས་པ་འདི་མཛད་ན་རྡོ་རྗེ་འཆང་གི་སྔར་གྱི་གསུང་སྒྲོས་དང་འགལ་བ་ཙམ་དུ་མ་ཟད། རྗེ་སེམས་དཔའ་ཆེན་པོ་ཉིད་ཀྱི་དྲིལ་བུ་ལུས་དཀྱིལ་གྱི་སྐབས་སུ། དགེ་ལྡན་པས་ལུས་རྒྱུར་སོང་བའི་ཕྱིའི་གཞལ་ཡས་ཁང་ལུས་དཀྱིལ་དུ་འདོད་པ་ལ་བརྗོད་པའི་སྐྱོན་ཐམས་ཅད་ཚུར་ལོག་གམ་སྙམ། འོ་ན་དེ་དག་ལུས་དཀྱིལ་དུ་ཇི་ལྟར་འགྱུར་ན། མངོན་པ་གོང་མར་ལུས་ཞེས་པ་དབང་པོ་ལྔའི་ནང་ཚན་དུ་གྱུར་པའི་ལུས་དབང་དང་དབང་པོ་གཟུགས་ཅན་ལྔ་ཆར་དང་། ཉེར་ལེན་གྱི་ཕུང་པོ་ལྔ་ཆར་དང་། རྫས་ཡོད་ཙམ་ལ་འཇུག་པའི་ཚུལ་བཞི་གསུངས་པ་ལྟར། གསང་སྔགས་ཀྱི་རྒྱུད་སྡེ་འདིར་ཡང་ལུས་ཞེས་པ་རྡོ་རྗེའི་ལུས་སྐྱོན་མེད་དང་། རྟེན་དཀྱིལ་འཁོར་བཞི་དང་། དེའི་ནང་ནས་རྩ་ཁོ་ན་དང་། སྦྱང་གཞི་སྒྲུབ་པ་པོའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དང་། དཀྱིལ་འཁོར་གྱི་གཙོ་བོའི་ལུས་ལ་འཇུག་པ་སོགས་དུ་མ་ཡོད་པའི་ནང་ནས་ལོ་ནག་དྲིལ་གསུམ་གསུམ་ཆར་ལ་ལྷ་ཉི་ཤུ་རྩ་ལྔ་དཔའ་བོ་རྣམས་ནི་བྱང་ཆུབ་ཀྱི་སེམས་དང་། དཔའ་མོ་རྣམས་ནི་རྩ་རྒྱུར་སོང་བའི་ལུས་དཀྱིལ་དུ་མཚུངས་ལ་མ་མོ་བཅུ་གཉིས་དྲིལ་བུ་པའི་སྐབས་སུ་རྩ་རྒྱུར་སོང་བའི་ལུས་དཀྱིལ་དང་། ལོ་ནག་གཉིས་ཀྱི་སྐབས་སུ་སྦྱང་གཞིའི་ལུས་རྒྱུར་མ་སོང་ཡང་། གཙོ་བོའི་ལུས་ལ་བཀོད་པའི་ཆ་ནས་ལུས་དཀྱིལ་དུ་འཇོག་པ་ཡིན་པར་མངོན་ནོ། །དྲི་བ་བཅོ་བརྒྱད་པ་ཆོས་རྗེ་གུང་རུ་པའི་གསུང་ལས། བསྟན་པ་འདི་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་པས། དཀྱིལ་འཁོར་གྱི་དབུས་སུ་ཁོང་རང་བཞུགས་དགོས། ཁོང་གི་འཁོར་དུ་ཁོང་གི་སློབ་དཔོན་རྣམས་བཞག་ན་རྗེ་འབངས་གོ་ལོག་པར་འགྱུར་བས། མཁའ་འགྲོ་རྒྱ་མཚོ་སོགས་སེམས་དཔའ་སྟོང་དཀྱིལ་འཁོར་ལ་བཀོད་པའི་ཚེ། དང་པོ་གསུམ་པོ་འཁོར་དུ་མི་ཡོང་བའི་རྒྱུ་མཚན་དེ་ཡིན་གསུངས་པ་གཅིག་བདོག་ནའང་། སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་འགའ་རེ་ལ་སངས་རྒྱས་རབས་བདུན་འཁོར་དུ་བཀོད་པ་མང་པོ་ཡོང་བར་གདའ་བས་ཅི་ལྟར་ལགས་ཞེས་པའི་ལན་ནི། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ཅི་ལྟར་བསྐལ་བཟང་རྒྱལ་བ་ནི། །བཞི་ཡིས་དམན་པའི་སྟོང་ཕྲག་གཅིག །ཅེས་དངོས་སུ་གསུངས་པའི་དོན་ལ་ཤཱཀྱ་ཐུབ་པ་ནི་གཙོ་བོ་ཡིན་ཞིང་། གཞན་གསུམ་པོ་དེའི་སློབ་དཔོན་ཡིན་པས་འཁོར་དུ་མི་བཀོད་པ་མཁའ་འགྲོ་རྒྱ་མཚོ་རང་གི་སྐབས་སུ་གོ་དོན་དེ་ལྟར་ཡིན་པར་པདྨ་བཛྲ་སོགས་འཆད་ལ། དེ་དག་འཁོར་དུ་བཀོད་ན་རྗེ་འབངས་གོ་ལོག་པའི་སྐྱོན་དུ་འགྱུར་ཞེས་པའི་ཁྱབ་པ་འཆའ་ན་སྦྱོང་རྒྱུད་སོགས་དང་འགལ་བ་ཡོང་ཉེན་ཡོད་དོ། །དྲི་བ་བཅུ་དགུ་པ་ལྗོན་ཤིང་དུ་འདི་ལའང་མཐུན་པའི་དོན་དམ་དེ་ལ་དོན་དམ་པ་ཉིད་དུ་གོལ་བར་མི་བྱའོ་ཞེས་པ་འདི་གང་ལ་ངོས་འཛིན་ཞེས་པའི་ལན་ནི། སྔར་གྱི་དྲི་བ་བཅུ་བཞི་པའི་ནང་ན་ཡང་ཅུང་ཟད་ཡོད་ཅིང་། རྒྱས་པར་འདོད་ན་ཁུངས་སྟོན་པ་དེར་ཡོད་དོ། །དྲི་བ་ཉི་ཤུ་པ་བདེན་པ་གཉིས་ཀྱི་མཚན་ཉིད་གྲུབ་མཐའ་སྨྲ་བ་བཞི་ཆར་མཐུན་པའི་ཚུལ་ཇི་ལྟར་ལགས་ཞེས་པའི་ལན་ནི་རྗེ་བཙུན་གྱིས་དེ་ལྟར་གསུངས་པ་ནི་གྲུབ་མཐའ་སྨྲ་བ་བཞི་པོ་རང་རང་གི་མཐར་ཐུག་པའི་རིགས་པས་དཔྱད་པ་ན་དེ་མི་ཞིག་པ་ནི་དོན་དམ་བདེན་པའི་མཚན་ཉིད་དང་། དེ་ལྟར་དཔྱད་ན་དེ་ཞིག་པ་ནི་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་འདོད་པ་འདྲ་ཞེས་པའི་དོན་ཏེ་གསུང་རབ་ཀྱི་གནད་སྟོན་ཚུལ་ཚིག་ཉུང་ལ་དོན་རྒྱས་པའོ། །དེ་ལྟར་ཟབ་མོའི་དོན་ལ་ཚུལ་བཞིན་དྲིས་པའི་ལན་དུ་ནི། །འཁྲུལ་མེད་གོ་བདེའི་ངག་གིས་གནས་ལུགས་ཇི་བཞིན་སྨྲས་པ་འདི། །ཚུལ་ལུགས་བཟང་པོའི་དཔྱོད་ལྡན་ཁྱོད་ཀྱི་རེ་བ་བསྐང་བ་དང་། །གཟུར་གནས་བློ་ལྡན་དོན་གཉེར་གཞན་ལའང་ཕན་པ་ཉིད་དུ་འགྱུར། །རྗེ་བཙུན་བླ་མ་མུས་པ་ཆེན་པོའི་གདམས་པ་ཟབ་མོ་ཐོབ་ནས་ཚུལ་བཞིན་དུ་ཉམས་སུ་ལེན་པའི་སྐལ་བ་དང་ལྡན་པས་ཚུལ་ཁྲིམས་བཟང་པོས་དྲིས་པའི་ལན་མང་དུ་ཐོས་ཤིང་ཚུལ་བཞིན་དཔྱོད་པར་ནུས་པའི་བློ་གྲོས་དང་ལྡན་པ་བསོད་ནམས་སེང་གེས་ལྕགས་མོ་གླང་གི་ལོ་དབོའི་ཟླ་བ་ལ་ཐུབ་བསྟན་རྣམ་རྒྱལ་དུ་བྲིས་པའོ། །དགེའོ།། །། ༄༅། །ལྡན་མ་ཤེས་རབ་སེང་གེའི་དྲིས་ལན།། ཨོཾ་སྭ་སྟི། མཁྱེན་པའི་ཁོར་ཡུག་ཆེར་ཡངས་ཤིང་། །མན་ངག་རིན་ཆེན་དུ་མས་གཏམས། །བྱིན་རླབས་ཆུ་རྒྱུན་འབྱུང་བའི་གཞི། །ཡོན་ཏན་རྒྱ་མཚོ་བླ་མ་རྒྱལ། །ཤེས་རབ་གསལ་བའི་མེ་ལོང་ལ། །མདོ་སྔགས་གྲུབ་མཐའི་གཟུགས་འཆར་བ། །བཤེས་གཉེན་ཤེས་རབ་སེང་གེ་ཡིས། །དྲིས་ལན་མདོར་བསྡུས་བརྗོད་པར་བྱ། །ཁྱེད་ཁམས་བཟང་ཞིང་དགེ་སྦྱོར་ལ་བརྩོན་པའི་ངང་ནས་གསུང་ཡིག་གསེར་སྲང་གང་གི་འབུལ་བ་དང་བཅས་པ་ཀུན་དགའ་སྙིང་པོས་འཕྲོད་པས་རྗེས་སུ་ཡི་རང་ཞིང་དགེ་བའི་རྩ་བ་ཚེ་རབས་ཐམས་ཅད་དུ་བླ་མ་དམ་པས་རྗེས་སུ་བཟུང་ཞིང་ཐར་པའི་ལམ་ལ་བར་ཆད་མེད་པར་འཛེགས་པའི་རྒྱུར་བསྔོ། འཇིགས་བྱེད་ས་ལུགས་ཀྱི་མངོན་དཀྱིལ་ལ་ལོག་པར་རྟོག་པ་བཀག་པའི་ཡི་གེ་ཁྱེད་རང་གིས་བྱས་པ་དེ་ཉིད་གནད་ཟིན་ཅིང་ས་ཆེན་གྱི་ཊཱི་ཀའི་དགོངས་པ་ཇི་ལྟ་བ་བཞིན་དུ་སོང་འདུག་པས་དེ་ཀ་བསྐྱང་པས་ཆོག་པར་འདུག གཞན་ཡང་ནམ་མཁའི་དཀྱིལ་ཞེས་པས་ཆོས་འབྱུང་སྟོན་པའི་ཤེས་བྱེད་དུ། བརྟག་གཉིས་ལས། ནམ་མཁའི་ཁམས་སུ་བྷཱ་ག་བསམ། །ཞེས་པ་འདྲེན་པ་ནི་ནམ་མཁའི་ཁམས་ཞེས་པས་ཆོས་འབྱུང་སྟོན་ན་ནི་བྷ་ག་ཞེས་པ་ཆོས་འབྱུང་གི་དོན་ཡིན་པས་ཆོས་འབྱུང་ཉིས་བརྩེགས་སུ་འགྱུར་ལ། དེ་མི་སྟོན་ན་ནི་དེ་འདྲེན་པ་ལ་འབྲེལ་ཅི་ཡོད། རྗེ་བླ་མ་རྡོ་རྗེ་འཆང་གི་ཞལ་ནས། སློབ་དཔོན་ཨ་བོའི་ལུགས་ལ། བདག་མདུན་གཉིས་ཀ་ལ་རོ་ལངས་བརྒྱད་ཀྱིས་བསྐོར་བའི་ལྷ་དགུ་བྱེད་པ་མ་གཏོགས་གཞན་རྒྱ་བོད་སུའི་ལུགས་ལ་ཡང་། མདུན་བསྐྱེད་ལ་ལྷ་དགུ་བྱེད་པའི་ཚེ་བདག་བསྐྱེད་ལ་དཔའ་བོ་གཅིག་པ་ལས་ལྷ་དགུ་བྱེད་པའི་ལུགས་མེད་ཅེས་གསུངས་ཤིང་། གཞུང་རྣམས་ལ་ཡང་དེ་ལྟར་སྣང་བཞིན་དུ། ཀུན་རིག་དང་། ཚེ་དཔག་མེད་གཉིས་ཙམ་མ་གཏོགས་གཞན་རྣམས་ལ་བདག་མདུན་ལྷ་གྲངས་མཉམ་པ་དགོས་ཞེས་སྨྲ་བ་ནི་ལྕང་ར་མཁན་པོས། ཕྱི་དཀྱིལ་དང་ལུས་དཀྱིལ་ལྷ་གྲངས་མཉམ་པ་དགོས་ཞེས་སྨྲ་བའི་འོད་ཟེར་གཅིག་ཕོག་པ་འདྲ་བས། དེ་འདྲ་བ་ལ་དགག་སྒྲུབ་ལས་སྔགས་བཟླས་པ་ཁེ་ཆེ། མངོན་རྟོགས་ཚུལ་བཅུ་བཞིའི་སྐབས་སུ་ས་བོན་ལས་བསྐྱེད་པ་ཡན་ལག་དྲུག་གིས་འཆིང་བ་གནད་ཀྱི་ཟླ་ཟེར་ན་ཡོད་ཀྱང་། རྗེ་བླ་མའི་རྩོམ་པའི་ཐོག་མ་ཡིན། ཕྱིས་གཏིང་ས་བོན་ལས་བསྐྱེད་པ་དང་། སྐད་ཅིག་གིས་བསྐྱེད་པ་གཉིས། གཙོ་འཁོར་ཐམས་ཅད་མངོན་བྱང་ལས་བསྐྱེད་པའི་ཕྱོགས་དྲུག་སྟེ། བརྒྱད་པོ་རྩ་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་ཐུན་མོང་མ་ཡིན་པ་ཡིན་པས་རྩ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆིང་། ཡན་ལག་བཞི་པ་སྦྱར་དགོས་པར་བཞེད་པར་གྲགས་པ་འདི་ཉིད། རྗེ་བཙུན་གོང་མའི་དགོངས་པ་དཔྱིས་ཕྱིན་པར་སྣང་བས་ངེད་རང་གིས་ཀྱང་དེ་ལྟར་བྱས་པ་ཡིན། མངོན་རྟོགས་ཚུལ་བཅོ་ལྔ་པ་གང་ཡིན་གྱི་ཉལ་མགོ་རེ་ཞིག་གཞན་གྱིས་ནོན་པ་མེད་པས། རྒྱུད་གསུམ་དང་གསུང་ངག་གི་ཡིག་ཆ་ཞིབ་ཏུ་བལྟས་པའི་བློ་གཟུར་གནས་གཅིག་ལ་ལུགས་འདིས་ས་བོན་བྱས་ན་གཟོད་རྟོགས་པར་འགྱུར་རོ། །རྗེ་བཙུན་མ་དྲོས་ཞབས་ལ་རྒྱུན་བཞིའི་བླ་མ་ནི། །རྒྱལ་པོ་རིག་དང་སྙིང་པོ་སྣང་བའི་མཐའ་ཅན་ཏེ། །ཞེས་གསུངས་པའི་སེ་སྟོན་ཀུན་རིག་གིས་འབྲོག་མི་ལས་རྒྱུད་དངོས་སུ་མ་གསན་པས་རྒྱུན་བཞིའི་བླ་མར་ཇི་ལྟར་འགྱུར་ཞེས་པའི་ལན་ནི་སེ་སྟོན་ཀུན་རིག་གིས། འབྲོག་མི་ལས་རྒྱུད་དངོས་སུ་མ་གསན་པ་མ་ཡིན་ཏེ། རྒྱུད་གསུམ་ལ་མན་ངག་ལུགས་ཀྱི་བཤད་བཀའ་དང་། ཌོམ་བྷི་ལུགས་ཀྱི་བཤད་བཀའ་གཉིས་ཡོད་པ་ལས་དང་པོ་གསན་པའི་ཕྱིར་རོ། །འོ་ན་འབྲོག་མིས་བླ་མ་གཅིག་གི་དྲུང་དུ་མན་ངག་བསྟན་པ་ལ་གཞུང་མི་བཤད། གཞུང་བཤད་པ་ལ་མན་ངག་མི་སྟོན་པར་ཁས་བླངས་པས། སེ་སྟོན་ལ་གཞུང་མ་བཤད་པ་དང་། མཁོན་དཀོན་མཆོག་རྒྱལ་པོ་ལ་མན་ངག་མ་བསྟན་པར་གསུངས་པ་ཇི་ལྟར་སྙམ་ན་འདི་ནི་ཌོམ་བྷི་ལུགས་ཀྱི་རྒྱུད་ཀྱི་གཞུང་ལ་དགོངས་ཏེ། སྤྱི་རྣམ་དང་། ལྗོན་ཤིང་ལས། འབྲོག་མི་ཡན་ཆད་ལ་བརྒྱུད་པ་གཉིས་ཡོད་པར་གསུངས་ཤིང་། འབྲོག་མི་ལས་རྒྱུན་བཞིའི་བླ་མ་བྱུང་བར་གསུངས་པ་ཉིད་ཀྱིས་ཤེས་སོ། །དེ་ལྟར་ན་འབྲོག་མི་ལས། ཌོམ་བྷི་ལུགས་ཀྱི་རྒྱུན་འཛིན་པ་རྒྱལ་པོ་དང་། སྙིང་པོ་དང་། སྣང་བའི་མཐའ་ཅན་གསུམ། མན་ངག་ལུགས་ཀྱི་རྒྱུན་འཛིན་པ་རིག་གི་མཐའ་ཅན་ཏེ། བཞི་ཆར་ཡང་རྒྱུད་ཀྱི་བཤད་བཀའི་དབང་དུ་བྱས་པའོ། །དབུ་མ་པའི་ལུགས་ལ་སོ་ཐར་གྱི་སྡོམ་པ་གཟུགས་ཅན་དུ་བཞེད་པའི་སྒྲུབ་བྱེད་དབུ་མ་ཕུང་པོ་ལྔའི་རབ་བྱེད་ལས། ཡང་དག་པར་བླངས་པ་ལས་བྱུང་བའི་གཟུགས་ཞེས་དང་། སྤྱོད་བསྡུས་སྒྲོན་མེར། ཡང་དག་པར་བླངས་པ་ལས་བྱུང་བའི་གཟུགས་ནི་མི་བསྐྱོད་པའོ་ཞེས་དང་། འགྲེལ་པ་ཀུ་མུ་ཏིར། ཡང་དག་པར་བླངས་པ་ལས་བྱུང་བའི་སྡོམ་པའི་གཟུགས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ་ཞེས་པ་རྣམས་འདྲེན་པའི་དགོངས་པ་ཇི་ལྟར་ལགས་ཞེས་པའི་ལན་ནི། སྤྱིར་དབུ་མའི་གཞུང་ལུགས་ལས་ཀྱང་ཕུང་ཁམས་སྐྱེ་མཆེད་ཀྱི་མིང་གི་ཐ་སྙད་རྣམས་ཆོས་མངོན་པའི་གཞུང་ལས་བཤད་པ་ལྟར་མཛད་ལ། མངོན་པའི་གཞུང་ལས་ཐ་སྙད་དེ་རྣམས་གསུངས་པ་སོར་བཞག་པའོ། །ཐ་སྙད་དེ་ལྟར་གསུངས་པའི་དོན་ལ། བྱེ་བྲག་ཏུ་སྨྲ་བས་གཟུགས་ཅན་མཚན་ཉིད་པར་འདོད་ཅིང་། མདོ་སྡེ་པ་ཡན་ཆད་ཀྱིས་མངོན་པའི་མདོ་ལས་དེ་ལྟར་གསུངས་པ་ནི་གཟུགས་ཅན་གྱི་མིང་གི་བཏགས་པ་ཡིན་གྱི། དོན་ལ་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་ལ་བཞེད་ཅེས་པ་སྟེ། དཔེར་ན་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་ཅེས་པའི་མིང་བཏགས་ཀྱང་འཇིག་རྟེན་པར་མི་གྲུབ་པ་བཞིན་ནོ། །འཇུག་པའི་དཀའ་འགྲེལ་དུ། ཆོས་ལ་དམིགས་པའི་སྙིང་རྗེའི་ཡུལ། ཉན་རང་མི་སློབ་པ་དང་། ས་བཅུའི་རྗེས་ཐོབ་ལ་གནས་པ་རྣམས་ཡིན་གྱི་མཉམ་གཞག་ལ་གནས་པ་རྣམས་མིན་པའི་རྒྱུ་མཚན་སྐྱེ་སོགས་མི་སྣང་བ་ཙམ་བཀོད་པ་མ་ཡིན་གྱི། རྫོགས་སངས་རྒྱས་བློ་རྒྱ་མཚོར་སྐྱེ་བ་བརྙེས། །ཞེས་པ་ལྟར། ས་བཅུའི་མཉམ་གཞག་དང་། སངས་རྒྱས་ཀྱི་ཡེ་ཤེས་རང་བཞིན་རྣམ་དག་གི་ཆོས་དབྱིངས་རྟོགས་ཚུལ་ཁྱད་པར་མེད་པ་བཀོད་པ་ཡིན་པས། དོགས་པ་གཞན་རྣམས་འབྱུང་བའི་གནས་མེད་དོ། །མྱུ་གུའི་གནས་ཚུལ་ལ་དཔྱད་པའི་ཚེ་ཆོས་ཅན་མྱུ་གུ་ཁས་མི་ལེན་པ་ཡིན་གྱི་དམ་བཅའ་དང་ཐལ་འགྱུར་སོགས་ཀྱི་གནས་ལུགས་ལ་དཔྱད་པ་མེད་པས་སྐྱོན་མེད་ཅེས་པ་དང་། ཐལ་རང་གི་ཁྱད་པར་ཕྱེ་བའི་ཚེ་ཆོས་ཅན་དང་། དམ་བཅའ་སོགས་དྲུག་གི་ཁྱད་པར་ཕྱེ་བས་ཆོས་ཅན་སོགས་དྲུག་ཁས་ལེན་དགོས་པས་དེ་གཉིས་འགལ་ཞེས་པའི་སྐྱོན་ཡང་མི་གནས་ཏེ། ཐལ་རང་གི་ཁྱད་པར་ཕྱེ་བའི་ཚེ་ཆོས་ཅན་སོགས་དྲུག་གི་ཁྱད་པར་ཕྱེ་བ་ནི་ཆོས་ཅན་སོགས་ཀྱི་འདོད་ཚུལ་གྱི་ཁྱད་པར་ཕྱེ་བ་ཡིན་ལ། དེ་ཙམ་གྱིས་ཆོས་ཅན་གྱི་གནས་ཚུལ་ལ་དཔྱད་པའི་ཚེ་ཆོས་ཅན་ཁས་ལེན་པར་མི་འགྱུར་བའི་ཕྱིར་རོ། །དཀའ་འགྲེལ་དུ་ཐ་སྙད་དུ་ཀུན་གཞི་ལས་འབྲས་ཀྱི་རྟེན་དུ་ཁས་ལེན་པ་ལ་འགལ་བ་མེད་དེ། ལས་འབྲས་སེམས་ལ་བརྟེན་པའི་ཕྱིར་རོ་ཞེས་ཀུན་གཞི་ལས་འབྲས་ཀྱི་རྟེན་དུ་ཁས་ལེན་པ་དང་། ལས་བྱེད་པ་པོ་དང་། རྣམ་སྨིན་མྱོང་བ་པོའི་བདག་ཁས་བླངས་པས་བདག་ལས་འབྲས་ཀྱི་རྟེན་དུ་ཁས་མི་ལེན་པ་ནི་ཇི་ལྟར་འགལ་ཞེས་པའི་དོགས་སྤོང་ཇི་ལྟར་ལགས་ཞེས་པའི་ལན་ནི། སྤྱིར་ལས་ཀྱི་བག་ཆགས་ཀུན་གཞི་ལ་བརྟེན་པ་ཀླུ་སྒྲུབ་ཀྱིས། སཱ་ལུ་ལྗང་པའི་མདོ་འགྲེལ་ལས་ཀྱང་གསུངས་ཤིང་། རྗེ་བཙུན་གྱིས་འཁོར་འདས་དབྱེར་མེད་ཀྱི་འགྲེལ་པར་ཡང་གསུངས་པ་ལྟར་ངེས་པར་ཁས་ལེན་དགོས་ཏེ། དེར་སེམས་ཙམ་པ་འདོད་པ་ལྟར་གྱི་ཚོགས་བདུན་ལས་རྫས་གཞན་པའི་ཀུན་གཞི་བདེན་གྲུབ་མི་འདོད་ཅིང་། ཡིད་ཀྱི་རྣམ་ཤེས་གཅིག་ཉིད་ལ་གསལ་ཙམ་རྒྱུན་མི་ཆད་པའི་ཆ་དང་། རེས་འགའ་ངར་འཛིན་པའི་ཆ་དང་། རེས་འགའ་ཡུལ་དྲུག་པ་ཆོས་ལ་འཇུག་པའི་ཆ་གསུམ་ཡོད་པ་ལ་རིམ་པ་ལྟར་ཀུན་གཞི་དང་། ཉོན་ཡིད་དང་། དྲུག་པ་ཡིད་ཀྱི་རྣམ་ཤེས་གསུམ་དུ་འཇོག་པའི་སྐབས་ཡིན་པས། དང་པོ་ལ་ལམ་དུ་ཞུགས་པའི་ཚེ་ཐོས་སོགས་ཀྱི་བག་ཆགས་འཇོག་ཏུ་རུང་ན་ལམ་དུ་མ་ཞུགས་པའི་ཚེ་ལས་ཉོན་གྱི་བག་ཆགས་འཇོག་པ་ཡང་འབད་མེད་དུ་གྲུབ་པའི་ཕྱིར་རོ། །བདག་ལས་བྱེད་པ་པོ་དང་། རྣམ་སྨིན་མྱོང་བ་པོར་ཁས་བླངས་པས་དེ་ལས་འབྲས་ཀྱི་རྟེན་དུ་ཁས་ལེན་མི་དགོས་ཏེ་འདིར་རྟེན་ཞེས་པ་བག་ཆགས་འཇོག་པའི་གཞི་ཡིན་ལ། ལས་བྱེད་པ་པོ་ནི་བག་ཆགས་འཇོག་པ་པོ་ཡིན་གྱི། བག་ཆགས་འཇོག་པའི་གཞི་མ་ཡིན་པའི་ཕྱིར་རོ། །དཔེར་ན་རྣམ་རིག་པའི་ལུགས་ལ་ཡང་འཇུག་ཤེས་བག་ཆགས་འཇོག་པ་པོ་ཡིན་གྱི། བག་ཆགས་འཇོག་པའི་གཞི་མ་ཡིན་པ་བཞིན་ནོ། །སྐུ་དང་ཡེ་ཤེས་ལ་སོགས་པ་སངས་རྒྱས་རང་རྒྱུད་ཀྱིས་བསྡུས་པ་མེད་ན་ཚོགས་ལམ་པ་ལྟ་བུ་ལ་དངོས་སུ་སྣང་བ་དེ་ཉིད་ཚོགས་ལམ་པ་རང་གི་སེམས་ཡིན་ནམ་དེ་ལས་གཞན་པ་ཞིག་གི་སེམས་ཡིན་ཞེས་སོགས་ཀྱི་ཤུགས་ལ་སློབ་དཔོན་ཟླ་བའི་ལུགས་ལ་འཇིག་རྟེན་མཐུན་འཇུག་སོགས་གསུམ་དུ་ཕྱེ་ནས་གནས་སྐབས་དང་པོ་ལ་ཕྱི་རོལ་གྱི་དོན་དང་། གཉིས་པ་ལ་སྣང་བ་སེམས་སུ་ཁས་ལེན་མི་དགོས་ཏེ། འདི་གཞན་གྱིས་སྣང་བ་སེམས་སུ་ཁས་བླངས་ནས་སངས་རྒྱས་ལ་རང་རྒྱུད་ཀྱིས་བསྡུས་པའི་སྐུ་དང་ཡེ་ཤེས་མེད་པར་འདོད་པ་འགོག་པའི་སྐབས་ཡིན་པའི་ཕྱིར་རོ། །སྤྱི་རྣམ་དུ་སློབ་དཔོན་ཟླ་བས་ལམ་གཅིག་ལ་འབྲས་བུ་གསུམ་བཞེད་པའི་དོན། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར་ཞེས་པའི་འགྲེལ་པར། རྒྱུ་མེད་པ་ཡི་མེ་བཞིན་དུ། །གནས་མེད་ལེན་མེད་མྱ་ངན་འདའ། །ཞེས་རིན་ཆེན་ཕྲེང་བའི་ལུང་དྲངས་པས་དངོས་བསྟན་ལ་མཐར་ཐུག་ཐེག་པ་གསུམ་དུ་བསྟན་ཏེ། ཉན་རང་གི་ལྷག་མེད་མྱང་འདས་ཐོབ་ནས་སྐྱེ་བ་ལེན་པ་མེད་པར་བསྟན་པའི་ཕྱིར། འདི་ཉིད་དགོངས་པ་ཅན་དུ་བསྒྲུབ་པ་ནི་ཟླ་བ་ཉིད་ཀྱིས་འབྲས་བུའི་སྐབས་སུ་མཐར་ཐུག་ཐེག་པ་གཅིག་ཏུ་གསུངས་པ་དེ་ཉིད་ཀྱིས་གྲུབ་པས་ཐེག་ཆེན་གྱི་གྲུབ་མཐའ་གཅིག་པུ་ལ་བརྟེན་ནས་མཐར་ཐུག་ཐེག་པ་གསུམ་ཐོབ་པ་ཟླ་བ་ཉིད་ཀྱིས་དགོངས་པ་ཅན་དུ་བསྒྲུབ་ཞེས་པའི་དོན་ཡིན་གྱི། ཟླ་བའི་མཐར་ཐུག་གི་དགོངས་པ་རྗེ་བཙུན་གོང་མས་དགོངས་པ་ཅན་དུ་བསྒྲུབ་མི་སྲིད་དོ། །གཞུང་ཚད་བརྩི་བའི་སྐབས་སུ་རྩ་བ་གཉིས་པའི་ཚིགས་སུ་བཅད་པ་ནི་དབུས་མཐར། ཉོན་མོངས་ཅན་མིན་ཉོན་མོངས་མིན། །དེ་ནི་དག་དང་མ་དག་མིན། །ཞེས་པ་ལྟ་བུའོ། །གསུམ་པ་ནི་དེ་ཉིད་དུ། ཁྱབ་དང་ཉི་ཚེ་ལྷག་པ་དང་། །མཉམ་དང་ལེན་དང་སྤོང་བ་ནི། །གཉིས་ཀྱིས་སྒྲིབ་པར་བསྟན་པ་ཡིན། །ཞེས་པ་ལྟ་བུའོ། །བཞི་པ་ནི་ཤིན་ཏུ་མང་ངོ་། །ལྔ་པ་ནི་མདོ་སྡེ་རྒྱན་དུ། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱི་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་པ་ལྟ་བུའོ། །རྐང་པ་དྲུག་པའི་ཚིགས་སུ་བཅད་པ་ནི། དེ་ཉིད་དུ། ཆོས་སྦྱིན་ཚུལ་ཁྲིམས་དག་པ་དང་། །ཞེས་པ་ནས། ཕ་རོལ་ཕྱིན་པའི་གཙོ་བོར་འདོད། །ཅེས་པའི་བར་ཚིག་རྐང་དྲུག་གསུངས་པ་ལྟ་བུའོ། །རབ་གནས་དོན་གསལ་དུ། རྒྱས་གདབ་ཀྱི་སྐབས་སུ་རྒྱུད་སྡེའི་ཁྱད་པར་ཕྱེ་བས་རྟེན་བསྐྱེད་ཀྱི་སྐབས་སུ་རྒྱུད་སྡེའི་ཁྱད་པར་ཕྱེ་བ་དངོས་སུ་གསུངས་མི་དགོས་ཏེ། རྒྱས་གདབ་ཀྱི་སྐབས་སུ་བླ་མེད་སྤྱི་ཙམ་ལ་རྒྱས་གདབ་དེ་ཉིད་ཀྱིས་ཆོག་པས་རྒྱུད་སྡེ་འོག་མ་ལས་ཁྱད་པར་དུ་ཕྱེ་དགོས་ཤིང་། རྟེན་བསྐྱེད་ཀྱི་སྐབས་སུ་དཀྱིལ་འཁོར་གང་ཡིན་དེའི་རིགས་ལྔ་བསྐྱེད་པ་གཞིར་བཞག་ནས་ཁྱད་པར་དངོས་སུ་མ་གསུངས་པའི་ཕྱིར་རོ། །དེས་ན་རྗེ་བླ་མའི་བཞེད་པས་རྟེན་བསྐྱེད་ཀྱི་སྐབས་སུ་དཀྱིལ་འཁོར་སོ་སོའི་རིགས་ལྔ་བསྐྱེད་པར་བཞེད་ཅིང་ཁ་བལྟ་ཕྱོགས་ལ་རྟེན་སྤྱན་དྲང་དུ་བཏུབ་ཅིང་། གནས་ཁང་གི་སྟབས་བདེ་ན་རྟེན་ཁ་བྱང་ནས་ལྷོར་བསྟན་པ་དང་། སློབ་དཔོན་ལྷོ་ནས་བྱང་དུ་བསྟན་པ་ཡང་བཞེད་དོ། །འོན་ཀྱང་རྣལ་འབྱོར་ཆེན་པོའི་སྐབས་སུ་ཡང་ཡོ་ག་ལྟར་རིགས་ལྔ་བསྐྱེད་པ་ལ་ཡང་འགལ་བ་མེད་པ་སྔར་བྱས་པ་ལྟར་རོ། །སྦྱིན་སྲེག་གི་ཚེ་སློབ་དཔོན་དང་། དཀྱིལ་འཁོར་གཉིས་ཀ་ཁ་ཤར་དུ་བལྟས་ནས་ལྟག་པའི་ཕྱོགས་ནས་བསྲེག་རྫས་བསྐྱུར་བ་དང་། བདག་འཇུག་གི་ཚེ་ཡང་དེ་ལྟར་བྱེད་པ་ངོར་པའི་ཕྱག་ལེན་ཡིན་ཟེར་བའི་གང་ཟག་དེ་འདྲ་ཡང་ས་ཕྱོགས་དེ་འདྲ་ན་ཡོད་པ་རེད་བླུན་པོའི་ལོག་རྟོག་ལ་མཐའ་མེད། གནད་ཀྱི་དོན་ནི་སྦྱིན་སྲེག་གི་ཚེ་སྒྲུབ་པ་པོའི་ཁ་བལྟ་ཕྱོགས་གཙོ་བོ་ཡིན་པས་ཞི་བའི་སྦྱིན་སྲེག་བྱེད་པའི་ཚེ་སྒྲུབ་པ་པོ་ཁ་ཤར་དུ་བལྟས། དཀྱིལ་འཁོར་ཞལ་ནུབ་དུ་བསྟན། སྒྲུབ་མཆོད་ཀྱི་ཚེ་མདུན་བསྐྱེད་གཙོ་བོ་ཡིན་པས་དཀྱིལ་འཁོར་ཞལ་ཤར་དུ་བསྟན། སྒྲུབ་པ་པོ་ཁ་ནུབ་ཏུ་བསྟན་པ་འདི་ནི་རྗེ་བཙུན་གོང་མའི་ཡིག་ཆའི་དངོས་བསྟན་རྗེ་བླ་མ་རྣམས་ཀྱི་ཕྱག་ལེན་མ་འཁྲུལ་བ་ཡིན་ནོ། །ད་ལན་ཡི་གེའི་རྟེན་མཚོན་པར་བདུད་རྩི་རིལ་བུ་གཅིག་ལ་རྟགས་འབྱར་བ་ཡོད། ཡིག་རྟེན་དྲག་པ་གཅིག་རྗེས་སུ་བསྐུར་བ་བགྱིད། དྲིས་ལན་པད་དཀར་ཕྲེང་བ་འདི། །བློ་གྲོས་སྤྱི་བོའི་རྒྱན་དུ་མཛོད། །མཐོང་བ་ཙམ་གྱིས་དགའ་བའི་སེམས། །འཛུམ་མདངས་བཞིན་རས་གསལ་བར་མཛོད། །ཡོས་ལོ་ཧོར་ཟླ་བཞི་པའི་ཚེ་བཅུ་བཞི་ལ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པ་ནས་དགེ། ༄༅། །བཀའ་བཅུ་པ་རིན་ཆེན་བྱང་ཆུབ་ཀྱི་དྲིས་ལན་ཟླ་ཟེར་བྱ་བ་ལགས་སོ།། འགྲོ་བ་ཀུན་ལ་ཁྱབ་པའི་ཐུགས་རྗེ་དང་། །བདེ་ཆེན་དགའ་བཞིའི་ཏིང་འཛིན་ཟུང་འཇུག་ལས། །ཕྲིན་ལས་བཟང་པོའི་དཔལ་འབྱོར་ལྷམ་མེ་བ། །རྗེ་བཙུན་བླ་མའི་ཞབས་པད་སྤྱི་བོས་མཆོད། །དལ་འབྱོར་རིན་ཆེན་སྐྱོན་མེད་རྙེད་དུས་འདིར། །བླ་མེད་བྱང་ཆུབ་སྒྲུབ་པའི་གོ་བགོས་ནས། །མན་ངག་བཅུད་འཐུང་རྩེ་གཅིག་སྒྲུབ་ལ་བརྩོན། །རྟོགས་པའི་ལུས་རྒྱས་དེ་ཡིས་དྲིས་པའི་ལན། །མང་ཐོས་དོན་ལ་ངེས་པའི་བློ་ལྡན་ཡང་། །རློམ་པའི་དགྲ་ཡིས་བརྫི་བར་མ་ནུས་པ། །ཤཱཀྱའི་དགེ་སློང་བསོད་ནམས་སེང་གེ་ཡིས། །དཔལ་ལྡན་བདེ་ཆེན་གནས་ནས་འདི་སྐད་འབྲི། །དྲི་བ་དང་པོ་མ་གྷ་དྷ་རྡོ་རྗེ་གདན་དུ་ཐུབ་པའི་དབང་པོས་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་རྣམས་དྲང་ངེས་སོ་སོར་འབྱེད་ལགས་སམ། སྒྲ་ཇི་བཞིན་ཞལ་གྱིས་བཞེས། གཞན་དོན་གཟུགས་སྐུ་རྣམ་གཉིས་སངས་རྒྱས་མིན་པར་བཞེད་པ་རྣམས་འཐད་དམ། མི་འཐད། དང་པོ་ལྟར་ན་དག་སའི་འཕགས་པས་སངས་རྒྱས་དངོས་སུ་མ་མཐོང་བར་འགྱུར། དེས་ན་སངས་རྒྱས་ཀྱི་གསུང་ཐོས་པའི་གདུལ་བྱ་མེད་པར་འགྱུར། གཉིས་པ་ལྟར་ན། གང་དག་ང་ལ་གཟུགས་སུ་མཐོང་། །ཞེས་སོགས་ཀྱི་ལུང་དོན་གསལ་བར་ཞུ་ཞེས་པའི་ལན་ནི། བྱེ་བྲག་ཏུ་སྨྲ་བས་རྒྱལ་བུ་དོན་གྲུབ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་བྱང་སེམས་ཚོགས་ལམ་པ་དེས་བྱང་ཆུབ་ཀྱི་ཤིང་དྲུང་དུ་མཚན་གང་གཅིག་ལ་སྲོད་ནས་བཟུང་སྟེ། མི་སློབ་ལམ་གྱི་བར་གྱི་རྟོགས་པ་བསྐྱེད་པར་རང་རྒྱུད་པར་འདོད་པ་དང་། ཡོ་ག་བ་ཤཱཀྱ་བཤེས་གཉེན་གྱིས་ནེ་རན་ཛ་རཱའི་འགྲམ་དུ་དཀའ་བ་སྤྱོད་པའི་དུས་སུ་བྱང་ཆུབ་གསར་དུ་ཐོབ་པ་རང་རྒྱུད་པར་འདོད་པ་གཉིས་མ་གཏོགས་ཐེག་པ་ཆེན་པོ་བ་ཐམས་ཅད་སྟོན་པ་འདི་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་སངས་རྒྱས་ནས་ཞིང་འདིར་གདུལ་བྱའི་དོན་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་དེ་དག་དྲང་དོན་དུ་བཞེད་པར་མཐུན། གཞན་དོན་གཟུགས་སྐུ་གཉིས་པོ་གསུང་རབ་ཀྱི་དོན་ལ་འཇུག་ཚུལ། འཇིག་རྟེན་མཐུན་འཇུག་དང་། ཐ་སྙད་དཔྱོད་པའི་གནས་སྐབས་དང་། དོན་དམ་དཔྱོད་པའི་གནས་སྐབས་གསུམ་དུ་ཕྱེ་བའི་ཚེ་གནས་སྐབས་དང་པོའི་ཚེ་སངས་རྒྱས་དངོས་སུ་ཁས་ལེན་པས། གདུལ་བྱས་སངས་རྒྱས་ཀྱི་སྐུ་དངོས་སུ་མཐོང་བ་དང་། གསུང་དངོས་སུ་ཐོས་པའི་ཐ་སྙད་བྱེད། གཉིས་པའི་ཚེ་སངས་རྒྱས་དངོས་མ་ཡིན་པར་གདུལ་བྱའི་སེམས་སྣང་ཡིན་ཡང་། སྤྱིར་སངས་རྒྱས་ཡིན་པར་གྱུར་པའི་གཟུགས་སྐུ་གཉིས་མེད་པར་མི་འགྱུར་ཏེ། སངས་རྒྱས་རང་སྣང་གི་སྐུ་གསུམ་རྒྱུད་བླར་བཤད་པའི་ཕྱིར་རོ། །གསུམ་པའི་ཚེ་སངས་རྒྱས་ཡིན་མིན་གྱི་སྤྲོས་པ་དང་བྲལ་བས་མཐའ་གང་དུ་ཡང་བརྗོད་པར་མི་ནུས་སོ་དེས་ན། གང་དག་ང་ལ་གཟུགས་སུ་མཐོང་། །ཞེས་སོགས་ཀྱང་གནས་སྐབས་ཕྱི་མ་གཉིས་ལ་དགོངས་ཏེ། སངས་རྒྱས་རང་སྣང་གི་གཟུགས་སྐུ་གཉིས་དང་། སངས་རྒྱས་རང་སྣང་གི་དོན་དམ་སྤྲོས་བྲལ་གདུལ་བྱ་ལ་མི་སྣང་བའི་ཕྱིར་རོ། །དྲི་བ་གཉིས་པ་ཚུལ་མཐོང་ལ་སྣང་བའི་འཁོར་བ་འདི་ཀུན་རྫོབ་ཙམ་དུ་ཡོད་པ་འཐད་དམ་མེད་པ་འཐད། དང་པོ་ལྟར་ན་ཕྱིའི་རྒྱ་མཚོ་བདུད་རྩིར་འགྱུར་ཏེ་ལྷ་ལ་དེ་ལྟར་སྣང་བའི་ཕྱིར་དང་། རྣག་ཁྲག་ཏུ་འགྱུར་ཏེ། ཡི་དྭགས་ལ་དེ་ལྟར་སྣང་བས་སོ། །ཕྱི་མ་ལྟར་ན་སྤང་གཉེན་གཉིས་འཁོར་འདས་གཉིས་ཇི་ལྟར་འཇོག་ལགས་ཞེས་པའི་ལན་ནི་ཚུར་མཐོང་ལ་སྣང་བའི་འཁོར་བ་འདི་ཀུན་རྫོབ་ཙམ་དུ་ཡོད་དེ། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་མེད་ན། དོན་དམ་བདེན་པ་ཐབས་བྱུང་དུ་གྱུར་པའང་མེད་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ནའང་ཕྱིའི་རྒྱ་མཚོ་བདུད་རྩི་དང་རྣག་ཁྲག་ཏུ་འགྱུར་བའི་སྐྱོན་མེད་དེ། ཕྱིའི་རྒྱ་མཚོ་ཞེས་པ་ཁས་བླངས་པ་ཙམ་གྱིས་མིའི་ཐ་སྙད་ཀྱི་དབང་དུ་བྱས་པ་ཡིན་ལ། མིའི་བློ་ངོར་ནི་བདུད་རྩི་དང་རྣག་ཁྲག་གཉིས་ཀུན་རྫོབ་ཙམ་དུ་ཡང་མེད་པའི་ཕྱིར་དང་། ལྷ་དང་ཡི་དྭགས་ལ་བདུད་རྩི་དང་རྣག་ཁྲག་ཏུ་སྣང་བའི་ཚེ་དེ་ཀུན་རྫོབ་ཙམ་དུ་ཡོད་ཀྱི་དེ་ལས་གཞན་ཀུན་རྫོབ་ཙམ་དུ་ཡང་མེད་པའི་ཕྱིར་དེས་ན་སློབ་དཔོན་ཟླ་བས། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །ཞེས་མིའི་ཐ་སྙད་བཞིར་བཞག་ནས། ཡི་དྭགས་ལ་སྣང་ཚུལ་བརྩི་བའི་གནད་ཀྱང་འདི་ཉིད་ཡིན་ནོ། །དྲི་བ་གསུམ་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལམ་འབྲས་ཀྱི་སྐབས་སུ་སྣང་བ་སེམས་སུ་བཞེད་པར་འདུག་པ་གདུལ་བྱ་རང་ལ་ཤར་བའི་སངས་རྒྱས་དེ་དང་རང་སེམས་གཉིས་ཁྱད་པར་མེད་པ་གཅིག་ཡིན་ནམ་མིན། དང་པོ་ལྟར་ན་རང་སེམས་སངས་རྒྱས་དུ་འགྱུར། ཕྱི་མ་ལྟར་ན་སྣང་བ་ཐམས་ཅད་སེམས་ཡིན་པ་དང་འགལ་ཞེས་པའི་ལན་ནི་སྔར་བཤད་པ་ལྟར་གནས་སྐབས་གསུམ་དུ་ཕྱེ་བའི་དང་པོ་ལ་སྣང་བ་ཕྱི་རོལ་གྱི་དོན་དུ་ཁས་ལེན་གྱི། རང་སེམས་སུ་ཁས་མི་ལེན་པས་རང་སེམས་སངས་རྒྱས་སུ་ཐལ་བའི་སྐྱོན་མི་གནས། གནས་སྐབས་བར་པ་ལ་སྣང་བ་སེམས་སུ་ཁས་ལེན་ཀྱང་། གདུལ་བྱའི་རང་སྣང་ལ་ཤར་བ་སངས་རྒྱས་སུ་ཁས་མི་ལེན་པས་སྔར་གྱི་སྐྱོན་མི་གནས་ལ། གནས་སྐབས་གསུམ་པ་ལ་ནི་སྤྲོས་པ་དང་བྲལ་ལོ། །འདི་ཡང་ས་སྐྱ་པཎྜི་ཏས། འཇུག་ཚུལ་ཡང་ནི་རྣམ་པ་གསུམ། །ཐུབ་པས་འཇིག་རྟེན་མཐུན་འཇུག་ལ། །དགོངས་ནས་ཕྱི་རོལ་དོན་དུ་གསུངས། །ཐ་སྙད་དཔྱོད་པའི་རིགས་པ་ལ། །དགོངས་ནས་སྣང་བ་སེམས་སུ་གསུངས། །དམ་པའི་དོན་ལ་དགོངས་ནས་ནི། །ཆོས་ཀུན་སྤྲོས་པ་བྲལ་ཞེས་གསུངས། །ཞེས་གསུངས་པ་གནས་ལུགས་ཀྱི་དོན་ལ་འཇུག་པ་དང་། གསུང་རབ་ཀྱི་དྲང་ངེས་འབྱེད་པའི་སྒྲོན་མེ་ཡིན་པ་ལས་རྟོགས་སོ། །དྲི་བ་བཞི་པ་ཡོད་ན་ཀྱཻ་རྡོར་ཡིན་པས་ཁྱབ་གསུངས་པ། སངས་རྒྱས་དང་། སེམས་ཅན་གང་གི་ངོར་ཡིན། དང་པོ་ལྟར་ན་མ་དག་པའི་སེམས་ཅན་སངས་རྒྱས་ཀྱིས་མ་གཟིགས་པར་འགྱུར་རོ། །ཕྱི་མ་ལྟར་ན་སེམས་ཅན་གྱིས་ཤེས་བྱ་ཐམས་ཅད་དག་པར་མཐོང་བར་འགྱུར་ལ་ཞེས་པའི་ལན་ནི་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་སྦྱར་བའི་ཚེ་ཡོད་ན་ཀྱཻ་རྡོར་ཡིན་པས་ཁྱབ་པ་ཁས་ལེན་དགོས་ཀྱང་། སྤྱིར་བདེན་པ་གཉིས་ཀྱི་ཐ་སྙད་སོ་སོར་ཕྱེ་ནས་འཆད་པའི་ཚེ་དེ་ཁས་ལེན་པ་ཅུང་མི་བདེ་སྟེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་སོས་ཀའི་དུས་སུ་ཆུ། །དྲོའོ་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པར་བྱེད། །དེ་བཞིན་ཉོན་མོངས་དང་བཅས་ན། །སེམས་ཅན་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་ཉོན་མོངས་བྲལ་བ་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཞེས་གསུངས་པས། སེམས་ཅན་དང་སངས་རྒྱས་སོ་སོར་ཕྱེ་ནས་འཆད་དགོས་པའི་ཕྱིར་རོ། །དེ་ལྟར་ན་ཡང་སངས་རྒྱས་ཀྱི་ངོར་ནི་ཡོན་ན་ཀྱཻ་རྡོར་ཡིན་པས་ཁྱབ་སྟེ། ཤེས་བྱ་ཐམས་ཅད་རང་སྣང་གི་ཡེ་ཤེས་བརྙེས་པའི་ཕྱིར་རོ། །དེ་ལ་སངས་རྒྱས་ཀྱིས་མ་དག་པའི་སེམས་ཅན་མ་གཟིགས་པར་འགྱུར་རོ་ཞེས་པ་ནི་མ་དག་པའི་སེམས་ཅན་མ་དག་པར་མ་གཟིགས་པར་འགྱུར་རོ་ཞེས་པའི་དོན་ཡིན་ན་འདོད་ཐོག་ཡིན་ཞིང་། མ་དག་པའི་སེམས་ཅན་དག་པར་གཟིགས་པས་མ་དག་པའི་སེམས་ཅན་མ་གཟིགས་པར་འགྱུར་རོ་ཞེས་པ་ཡིན་ན། རོ་མི་ཞིམ་པ་རོ་མཆོག་ཏུ་སྣང་བས་རོ་མི་ཞིམ་པ་མ་གཟིགས་པར་འགྱུར་བ་དང་རྣམ་པ་ཀུན་ཏུ་མཚུངས་སོ། །དྲི་བ་ལྔ་པ་ཀྱཻ་རྡོར་པའི་ལུགས་ཀྱི་དབང་བཞི་ཐ་དད་ཀྱི་སྦྱང་གཞི་ཇི་ལྟར་ལགས། ཁ་ཅིག་སྔགས་སྡོམ་རྒྱུད་ལྡན་གྱི་སྐྱེས་བུའི་གཟུགས་ཕུང་བུམ་དབང་གི་སྦྱང་གཞིར་འདོད་ཀྱིན་འདུག་པ་དེའི་གཟུགས་སྐུ་ཀྱཻ་རྡོར་དུ་འགྱུར་ཡང་སྐྱེས་བུའི་ལུས་བོར་མ་ཐག་སྦྱང་གཞི་དོར་བར་འགྱུར་ཏེ། དེ་ཉིད་ཀྱི་གཟུགས་ཕུང་སྦྱང་གཞི་ཡིན་པས་སོ་ཞེས་པའི་ལན་ནི་དབང་བཞི་ཐ་དད་ཀྱི་སྦྱང་གཞི། ལུས་རྩ་དང་། རྩ་ཡི་གེ་དང་། ཁམས་བདུད་རྩི་དང་། སྙིང་པོ་ཡེ་ཤེས་རླུང་རྣམས་ཡིན་ཏེ། རྩ་རྒྱུད་བརྟག་གཉིས་ཀྱི་ལེའུ་དང་པོར། ལུས་རྩ་ལ་སོགས་པ་བཞིའི་ས་མཚམས་སོ་སོར་བཅད་པའི་གཞུང་ཚོམ་བུ་བཞི་གསུངས་པ་དབང་བཞི་ཐ་དད་ཀྱི་སྦྱང་གཞི་ཉིད་ལ་དགོངས་པའི་ཕྱིར་དང་། རྡོ་རྗེ་གུར་ལས། སངས་རྒྱས་སངས་རྒྱས་སྲས་པོ་དང་། །ཡན་ལག་ཀུན་དང་བུ་ག་ཀུན། །རྩ་ཡི་དྲྭ་བ་སྐུད་པར་བཅས། །ལུས་ནི་ཡོད་མིན་ལྟར་གཟིགས་ཤིང་། །སྐད་ཅིག་ཀྱེ་རྡོར་གཟུགས་འཛིན་ཞིང་། །ཞེས་གསུངས་པའི་དོན་མན་ངག་གི་མིག་གིས་བལྟས་ན་གསལ་ལོ། །སྔགས་སྡོམ་རྒྱུད་ལྡན་གྱི་གཟུགས་ཕུང་། བུམ་དབང་གི་སྦྱང་གཞིར་འདོད་པའི་ཚེ་གཟུགས་ཕུང་ཀྱེ་རྡོར་དུ་འགྱུར་བ་ལ་འགལ་བ་ཅུང་ཟད་ཀྱང་མེད་དེ། སྦྱང་གཞི་དང་སྦྱོང་བྱེད་སྦྱར་བའི་དོན་དེ་གཉིས་དབྱེར་མེད་ལ་འཇོག་དགོས་པའི་ཕྱིར། འདིའི་དོན་རྒྱུད་དང་མཁས་གྲུབ་ཀྱི་གཞུང་དང་། བླ་མ་གོང་མའི་མན་ངག་ཕྱོགས་གཅིག་ཏུ་བསྡེབས་པའི་ཡིག་ཆ་ཁོ་བོས་ལོགས་ན་བྱས་ཡོད་དོ། །སྤྱིར་སྦྱང་གཞི་དེ་ཉིད་སྦྱོང་བྱེད་ལྷའི་ངོ་བོ་ཉིད་དུ་དངོས་སུ་འགྱུར་བ་ནི་ཚེ་གཅིག་ལུས་གཅིག་ལ་ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ་པའི་དབང་དུ་བྱས་པ་ཡིན་པས་སྐྱེས་བུའི་ལུས་དོར་མ་ཐག་སྦྱང་གཞི་དོར་བ་ལ་སྐྱོན་མེད་དེ། ཚེ་འདི་ཉིད་ལ་འབྲས་བུ་མ་ཐོབ་ན་ལུས་དོར་བ་ལས་འོས་མེད་པའི་ཕྱིར། དྲི་བ་དྲུག་པ་བཀའ་རྫོགས་ཆེན་པའི་ལུགས་ཀྱི་ཆོས་དབྱིངས་མངོན་སུམ་དུ་སྣང་བ་རྣམས་འཐད་དམ་མི་འཐད་ལགས་ཞེས་པའི་ལན་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཕགས་པ་ལ་དགོངས་ན་ནི་ཡེ་ཤེས་སུ་བྱེད་དགོས་མཆི། ཚུར་མཐོང་ལ་ཡིན་ན་ནི་ངེད་དེ་འདྲ་ཁས་མི་ལེན་པས་རྫོགས་ཆེན་པ་ཉིད་ལ་སྨྲ་རྒྱུ་ཡོད་ལས་ཆེ། སྙིང་པོར་དྲིལ་བ་མཐར་ཐུག་ལྟ་བའི་སྐྱེལ་སོ་འཁྲུལ་མེད་འཁྱེར་བདེ་གཅིག་ཞུ་ལགས་ཞེས་པའི་ལན་ནི། གསང་བ་འདུས་པའི་ལེའུ་གཉིས་པར་གསུངས་པའི་རྣམ་སྣང་གི་བྱང་ཆུབ་ཀྱི་སེམས་ཐོས་བསམ་གྱིས་གཏན་ལ་ཕབ་ཚུལ་འཕགས་མཆོག་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་པ། །རྟག་ཏུ་སྟོང་ཉིད་མཚན་ཉིད་ཅན། །ཞེས་གསུངས་པ་ལྟར་ཕྱི་རོལ་པས་འདོད་པའི་གང་ཟག་གི་བདག་ཉན་ཐོས་སྡེ་གཉིས་ཀྱི་འདོད་པའི་གཟུང་འཛིན་རྫས་གཞན་དང་། སེམས་ཙམ་པས་འདོད་པའི་གཉིས་མེད་ཀྱི་རྣམ་ཤེས་རྣམས་དབུ་མའི་གཞུང་ལས་བཤད་པའི་རིགས་པས་བཙལ་བའི་ཚེ། བདེན་པར་གྲུབ་པ་ཅུང་ཟད་ཀྱང་མི་རྙེད། དགག་བྱ་བདེན་པ་མེད་པས་དེ་བཀག་པའི་བདེན་མེད་ཉིད་ཀྱང་མི་རྙེད། དེ་མེད་པས་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཉིད་ཀྱང་མི་རྙེད་པས་མཐའ་བཞིའི་སྤྲོས་པ་གང་དུ་ཡང་འཛིན་རྒྱུ་མེད། དེ་ལས་གཞན་ཞིག་ཀྱང་འཛིན་རྒྱུ་མེད་པས་འཛིན་མེད་ཀྱི་ངང་ལ་གསལ་བའི་ངར་དང་མ་བྲལ་བར་འབོལ་ལེ། ཤིག་གེ སིང་ངེ་། ཧད་དེ་བར་བཞག བྱིང་རྒོད་བྱུང་ན་སེལ་ཚུལ་མན་ངག་བཞིན་བྱེད་པ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་མཐར་ཐུག་གི་སྐྱེལ་སོ་ཡིན་ཏེ། མགོན་པོ་འཇམ་པའི་དབྱངས་ཀྱིས་ས་སྐྱ་པ་ཆེན་པོ་ལ་གནང་བའི་མན་ངག་ལས། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་གསུངས་པའི་དོན་ཏོ། །རྡོ་རྗེ་ཐེག་པའི་སྒོམ་ཚུལ་དེ་ཙམ་གྱིས་རིགས་པའི་དཔྱད་པ་མ་བྱུང་ཀྱང་། ནམ་མཁའ་དང་རང་སེམས་དང་གནས་ལུགས་བསྲེ་བའི་ངང་ལ་མཉམ་པར་བཞག་པས་ནམ་ཞིག་ན་ཡེ་ཤེས་ཁྱད་པར་ཅན་སྐྱེ་སྟེ། དབང་གོང་མ་གསུམ་གྱི་ལྟ་བ་སྐྱོང་བ་ཡིན་པའི་ཕྱིར་རོ། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་དཔྱོད་ལྡན་གྱིས། །ཚུལ་བཞིན་དྲིས་པའི་དྲིས་ལན་ཟླ་ཟེར་འདིས། །ངེས་དོན་ཀུནྡའི་ཕྲེང་བ་རྒྱས་གྱུར་ནས། །དོན་གཉེར་ཙ་ཀོར་ཚོགས་རྣམས་རྒྱས་གྱུར་ཅིག། །། ༄༅། །ལྡན་མ་ཚེ་རྒྱལ་སྐྱབས་ཀྱི་དྲིས་ལན།། ཐུགས་རྗེས་འགྲོ་ཀུན་རྗེས་འཛིན་པ། །སྤྱན་རས་གཟིགས་མགོན་ལ་བཏུད་ནས། །དད་དང་ལྡན་པས་དྲིས་པའི་དོན། །མདོར་བསྡུས་ཙམ་ཞིག་བརྗོད་པར་བྱ། །ཕ་རོལ་ཕྱིན་པའི་གཞུང་ལུགས་ཀྱི། །ཡང་དག་ལྟ་བ་བསྒྲུབ་ཚུལ་ནི། །གཞན་གྱི་སྡེ་པས་བརྟགས་པ་ཡི། །ཕུང་པོ་ལས་གཞན་གང་ཟག་དང་། །རང་སྡེས་བརྟགས་པའི་རྡུལ་ཕྲན་དང་། །ཤེས་པ་སྐད་ཅིག་རྫས་གྲུབ་དང་། །གཉིས་མེད་ཡེ་ཤེས་བདེན་གྲུབ་རྣམས། །དབུ་མའི་གཞུང་ལས་གསུངས་པ་ཡི། །གཅིག་དང་དུ་བྲལ་ལ་སོགས་པའི། །རིགས་པས་དཔྱད་ཚེ་མ་རྙེད་པ། །མཐའ་བཞིའི་དང་པོ་དགག་པ་སྟེ། །སྤྲོས་བྲལ་ཀུན་གྱི་གཞི་མ་ཡིན། །དགག་བྱ་བདེན་པ་མ་གྲུབ་པས། །དེ་བཀག་སྟོང་ཉིད་ག་ལ་རྙེད། །གཉིས་དང་གཉིས་མིན་མ་རྙེད་པས། །གང་དུའང་མི་འཛིན་ལྟ་བ་ཡིན། །འདི་ལ་ཁ་ཅིག་ཧཱ་ཤང་གི །ལྟ་བ་ཡིན་ཞེས་སྨྲ་བ་ནི། །དཔྱད་ནས་མཐའ་བཞི་མ་རྙེད་དང་། །རང་དགར་རྟོགས་པ་བཀག་ཙམ་ལ། །སྒོམ་གྱི་མཆོག་ཏུ་སྨྲ་བ་གཉིས། །ཁྱད་པར་མ་ཕྱེད་བཞིན་དུ་ཡང་། །ལྟ་བ་སྤྲོས་བྲལ་བསྣུབ་པའི་ཕྱིར། །རང་དགར་སྨྲ་བའི་བདུད་ཚིག་ཡིན། །དཔྱད་ཚེ་མཐའ་བཞི་མ་རྙེད་ཀྱང་། །ཤེས་པ་གསལ་ཙམ་མ་འགགས་པ། །བྱིང་རྒོད་ལ་སོགས་སྐྱོན་སྤོང་ནས། །རང་དགར་བཞག་པ་བསྒོམ་པ་ཡིན། །རྡོ་རྗེ་ཐེག་པའི་ལྟ་བ་ནི། །རིགས་པས་དཔྱད་ནས་གཏན་ཕབ་ཚེ། །འདི་ལས་ལྷག་པའི་རིགས་པ་མེད། །དེ་ཕྱིར་ཐོས་བསམ་ལྟ་བ་གཅིག །མན་ངག་སྒོ་ནས་བསྡུ་བའི་ཚེ། །སེམས་དང་སྒྱུ་མ་རང་བཞིན་མེད། །གསུམ་དུ་བསྡུས་ནས་བསྒོམ་པ་ཡང་། །གཉིས་ཀ་ལ་ཡང་ཁྱད་པར་མེད། །སྨིན་བྱེད་དབང་དང་རིམ་གཉིས་དང་། །བྱིན་རླབས་ཟབ་མོ་འགའ་ཞིག་ལས། །རང་བྱུང་ཡེ་ཤེས་སྐྱེ་ཚུལ་གྱིས། །རྡོ་རྗེ་ཐེག་པ་ཁྱད་པར་འཕགས། །འདི་ལ་བརྗོད་པ་མང་ཡོད་ཀྱང་། །གནས་སྐབས་མིན་པས་རེ་ཞིག་བཞག །འདི་ཙམ་གྱིས་ཀྱང་དད་ལྡན་གྱི། །རེ་བ་མ་ལུས་སྐོངས་གྱུར་ཅིག །ལྡན་མའི་སྐྱེ་བོ་ཚེ་རྒྱལ་སྐྱབས་ཀྱིས་རྒྱང་རིང་པོ་ནས་བསྐུལ་ནས་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་བྲིས་པའོ།། །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་གང་ཞིག་ཐོབ་གྱུར་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །དགེའོ། །དགེའོ། །དགེའོ།། །།


previousདྲིས་ལན་པད་མོ་བཞད་པ།next