Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
འཇམ་པའི་རྡོ་རྗེ་དང་སྤྱན་རས་གཟིགས་ཀྱི་སྒྲུབ་དཀྱིལ་གྱི་མི་འདྲ་བའི་ཁྱད་པར།
   
   
   
   


 
previousའཇམ་པའི་རྡོ་རྗེ་དང་སྤྱན་རས་གཟིགས་ཀྱི་སྒྲུབ་དཀྱིལ་གྱི་མི་འདྲ་བའི་ཁྱད་པར།next

འཇམ་པའི་རྡོ་རྗེ་དང་སྤྱན་རས་གཟིགས་ཀྱི་སྒྲུབ་དཀྱིལ་གྱི་མི་འདྲ་བའི་ཁྱད་པར།

འཇམ་པའི་རྡོ་རྗེ་དང་སྤྱན་རས་གཟིགས་ཀྱི་སྒྲུབ་དཀྱིལ་གྱི་མི་འདྲ་བའི་ཁྱད་པར་བཞུགས་སོ།། ༈ །བླ་མ་དང་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་ལས། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཀྱི་ཁྱད་པར་ལོགས་སུ་བརྗོད་ན། ཐོག་མར་ཨོཾ་གྷ་གྷ། གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཛྙ་པ་ཡ་ཏི། སརྦ་དུཥྚ་ནཾ་ཀཱ་ཡ་ཝཱཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་ཕཊ། ཞེས་པའི་སྔགས་འདིས་ཕྱོགས་བཅུའི་བགེགས་ཐམས་ཅད་བསལ་བར་བྱས་ནས་ཚད་མེད་བཞི་བསྒོམ་པ་དང་། ཚོགས་ཞིང་སྤྱན་འདྲེན་པ་ནི། འཇིག་རྟེན་དབང་ཕྱུག་གི་ང་རྒྱལ་དང་། ས་བོན་ཧྲཱིཿཡིག་དང་། མདུན་དུ་འཇིག་རྟེན་དབང་ཕྱུག་གིས་གཙོར་བྱས་པ་སྤྱན་འདྲེན་པ་མ་གཏོགས་གཞན་འདྲའོ། །དེ་ནས་ཀཱ་ཡ་ཝཱཀ་ཙིཏྟ་སོགས་ཀྱིས་ཕྱག་བྱས་ནས། ཉེར་སྤྱོད་དང་རྡོ་རྗེ་མ་ལྔས་མཆོད། རྒྱུན་བཤགས་དང་ཡེ་ཤེས་ཀྱི་ཚོགས་བྱའོ། །དེའི་རྗེས་སུ་སྟོང་པའི་ངང་ལས་ཨྃ་དམར་པོ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ནག་པོ་ཁ་གྱེས་པ། ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་གྱི་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས་པས་བགེགས་ཐམས་ཅད་བསལ་ལ། རྡོ་རྗེའི་རང་བཞིན་གྱི་འོད་ཟེར་དེ་ཉིད་ལས་རྡོ་རྗེའི་རྭ་བ་དང་། དྲྭ་བ་དཔངས་དཔག་ཚད་བརྒྱ་སྟོང་དུ་ཡོད་པ། བདུད་ཐམས་ཅད་ཀྱིས་བགྲོད་པར་མི་ནུས་པ་ཕྱོགས་ཐམས་ཅད་ཁྱབ་པ། ཕྱི་རོལ་ན་དུས་མཐའི་མེའི་ཕུང་པོ་འབར་བ་ལྟ་བུས་བསྐོར་བ་དང་། རྡོ་རྗེའི་རང་བཞིན་གྱི་སའི་དཀྱིལ་འཁོར་ས་འོག་གི་མཐར་ཐུག་པར་བསམས་ལ། ཆོས་འབྱུང་ནས་བཟུང་སྟེ། གཞལ་ཡས་ཁང་གདན་བཅས་བསྒོམ་པ་ལ་འཇུག་པས་ཆོ་ག་ནི། ནམ་མཁར་ཡིག་འབྲུ་ལྔ་འཇོག་པ་དང་། རྩིབས་བཅུ་པའི་སྲུང་འཁོར་ནི་མི་དགོས་སོ། །གཞལ་ཡས་ཁང་ལ་ལྷ་སྣམ་ནི་ཤར་དཀར། ལྷོ་སེར། ནུབ་སྔོ། བྱང་ལྗང་། དབུས་དམར་པོ་སྟེ། དེས་རྩིག་པའི་གོ་རིམ་ཡང་ཤེས་པར་བྱས་ནས། བདག་མདུན་ཀུན་ལ་སྦྱར་བར་བྱའོ། །གཞལ་ཡས་ཁང་གདན་བཅས་བསྒོམས་པའི་རྗེས་སུ། ནམ་མཁའ་ནས་ཡི་གེ་གསུམ་བབས་པ་མི་དགོས་པར། ཨཱ་ལི་ཕྲག་གཉིས་ལས་ཟླ་བ་བསྒོམ་པ་སོགས་མངོན་བྱང་ལྔ་ལས་རྡོ་རྗེ་སེམས་དཔའ་བསྐྱེད་པ་ནས། ཞུ་བ་གླུས་བསྐུལ་གྱི་བར་འདྲ་ལ། ཐིག་ལེ་དེ་ཡོངས་སུ་གྱུར་པ་ལས། ཧྲཱིཿལས་པདྨ་དམར་པོའི་ལྟེ་བར་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་འཇིག་རྟེན་དབང་ཕྱུག་ཞལ་གསུམ་ཕྱག་དྲུག་པའི་གཟུགས་ཀྱིས་ཧྲཱིཿལ་ཐིམ། པདྨ་ཧྲཱིཿདང་བཅས་པ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དམར་བ། གཡས་ཞལ་སྔོ་བ། གཡོན་ཞལ་དཀར་བ། རྩ་ཕྱག་གཉིས་ཀྱིས་རང་འདྲ་བའི་རིག་མ་ལ་འཁྱུད་པ། གཡས་གཉིས་པས་པདྨ། གསུམ་པས་རལ་གྲི། གཡོན་གཉིས་པས་རིན་པོ་ཆེ། གསུམ་པས་འཁོར་ལོ་བསྣམས་པ། རྒྱན་ཆ་ལུགས་འདྲ་བར་བྱས་ནས་དྷརྨ་དྷཱ་ཏུའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །ཡན་ལག་ཕྱི་མ་གསུམ་ནི་གཞན་འདྲ་ལ་རིགས་བདག་འོད་དཔག་མེད་དོ། །དེ་ནས་ཡན་ལག་བར་མ་བཞི་ཡང་ཞལ་ཕྱག་དང་། ས་བོན་འདོན་པ་བསྒྱུར་བ་མ་གཏོགས་འདྲ། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ཡུམ་གྱི་མཁར་ཐིག་ལེ་དེ་ཧྲཱིཿདམར་པོར་གྱུར། དེ་ལས་འོད་དཔག་མེད་གཙོ་བོར་གྱུར་པ་དང་མི་བསྐྱོད་པ་ནུབ་ཏུ་བཞག་པའི་ལྷ་བཅུ་དགུ་བསྐྱེད། འོད་དཔག་མེད་ཕྱིར་ཕྱུང་སྟེ་མཛད་པ་མཛད་ནས་རང་ལ་བསྟིམ། དེ་ནས་རྣམ་སྣང་དང་རིན་འབྱུང་གཉིས་འདྲ། མི་བསྐྱོད་པ་ཕྱིར་ཕྱུང་མཛད་པ་མཛད་ནས་ནུབ་ཕྱོགས་སུ་འགོད། གཞན་རྣམས་འདྲའོ། །རིགས་བདག་གི་སྐབས་སུ་རིག་ལྔ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན། གཞན་རྣམས་འདྲ། གཙོ་བོའི་སྔགས་ནི་ཨོཾ་ཨཱཿཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ་ཞེས་པའོ། །དེ་དག་ནི་སྒྲུབ་ཐབས་ཀྱི་མི་འདྲ་བའི་ཁྱད་པར་རོ།། །།དཀྱིལ་འཁོར་གྱི་ཆོ་ག་ལ་ཡང་གཙོ་བོ་གོ་འཕོ་ཚུལ་དང་། ས་བོན་གྱི་འདོན་པ་བསྒྱུར་བ་དང་། གསོལ་གདབ་དང་། མཆོད་པའི་སྐབས་ཀྱི་གཙོ་བོའི་མཚན་བསྒྱུར་བ་ཙམ་མ་གཏོགས་གཞན་འདྲ་བར་ཤེས་པར་བྱའོ། །དཀྱིལ་མཆོག་གང་ལ་སྦྱར་ཡང་མདུན་བསྐྱེད་ཀྱི་བསྟོད་པའི་སྐབས་སུ་སྤྲོས་པ་ལ་དགའ་ན་དེ་ཉིད་ལྔ་པའི་རྗེས་སུ། གང་གི་དངོས་ཀུན་གདོད་ནས་གསལ་བས་མཁའ་བཞིན་ཞི་ཞིང་དག །ཡང་དག་གསལ་བས་བསྲེས་པའི་འཁོར་ལོས་ཀུན་འདས་རབ་བཟློག་པའི། །རྟག་སོགས་རྒྱལ་བ་བསྐྱེད་བྱེད་འགྲོ་ཀུན་དེ་ཉིད་གཅིག་པ་པོ། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དེ་ལ་ཕྱག་འཚལ་ལོ། །དེ་ཡི་གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་རྣམས། །འཁྲུལ་དང་བྲལ་བས་དྲི་མེད་ཕུང་པོ་དངོས་པོར་གྲུབ་པ་སྟེ། །འདོད་ཆགས་ལ་སོགས་ཐབས་ཀྱིས་དེ་བསྐྱོད་མངོན་པར་བྱང་ཆུབ་ཕྱིར། །སེམས་དོན་བདག་བཅས་རྣམ་རིག་ལས་སྐྱེས་རྟག་སོགས་དེ་ལ་འདུད། །ས་ཆུ་མེ་རླུང་རང་བཞིན་གྱུར་ཅིང་ཚངས་སྤྱོད་བཞི་ལས་སྐྱེས། །འཇོ་སྒེག་རོལ་གདུང་རབ་ཏུ་བྲོད་པའི་ཡིད་དགའ་གང་གི་སེམས། །སྒྱུ་མའི་སྐུ་ཡིས་རང་འབྱོར་མཐའ་རུ་དེ་སྒྲོལ་རབ་མཁས་པ། །རྡོ་རྗེ་ཐེག་པར་འགྲོ་བའི་ལམ་མཆོག་སྤྱན་མ་ལ་སོགས་དེ་ལ་འདུད། །དེ་བཞིན་མིག་ལ་སོགས་པའི་གཏི་མུག་དམ་ཚིག་ལས་བྱུང་ཞིང་། །མ་ནིང་གནས་སུ་རྒྱས་བཏབ་དེ་ལས་ཐམས་ཅད་མཁྱེན་པ་སྐྱེ། །རིག་པའི་རྒྱལ་པོས་ལྷ་ཡི་མིག་སོགས་གང་བར་སྩོལ་མཛད་པ། །ས་སྙིང་ལ་སོགས་སེམས་དཔའ་ཚོགས་ཆེན་དེ་ལ་རབ་ཏུ་འདུད། །གཟུགས་ལ་སོགས་པའི་སྤྱོད་ཡུལ་འདུལ་བར་དཀའ་བ་ཉམས་བྱས་པ། །བླ་ན་མེད་པའི་འདོད་པ་རྣམས་ཀྱིས་རྣལ་འབྱོར་གང་གི་སེམས། །ཚིམ་པར་མཛད་པ་འདི་ལ་བསྒྲུབ་བྱ་མཆོག་འབྱུང་གང་ཡིན་པའི། །གཟུགས་ཀྱི་རྡོ་རྗེ་ལ་སོགས་ལྷ་མོ་ཚོགས་ཆེན་དེ་ལ་འདུད། །ཀུན་ཏུ་སྦྱོར་བའི་གདེང་གཡོས་རབ་བརྒྱན་དྲག་པོའི་ཆ་ལུགས་འཆང་། །འཇིག་བྱེད་ཞལ་བཞད་ས་འཛིན་གཡོ་ཞིང་ཐུབ་སྐྲག་སྡིག་ལ་སོགས། །དད་པ་ལ་སོགས་སེམས་སུ་གཏོགས་དང་དེ་ཡི་རང་བཞིན་ཆོས། །དམ་པར་བཟུང་སོགས་རྣམ་དག་གཤིན་རྗེ་གཤེད་སོགས་དེ་ལ་འདུད། །ཤེས་རབ་ཆེན་པོ་ལས་སྐྱེས་དེ་རྣམས་ཤིན་ཏུ་དག་མཛད་ཅིང་། །འཇམ་ཞིང་མཉེན་པའི་དབྱངས་ཀྱིས་འགྲོ་བའི་རྒྱུད་ནི་ཚིམ་མཛད་པ། །འབར་ཞིང་ཟུར་ཕུད་ལྔ་ལྡན་བརྒྱད་གཉིས་ལོན་པའི་ཚུལ། །དབང་པོའི་གཞུ་མཚུངས་འཇམ་དབྱངས་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །ཞེས་ཙི་ལུ་པའི་འགྲེལ་པའི་མཆོད་བརྗོད་ལས་འབྱུང་བ་འདི་དག་གིས་བསྟོད་པར་བྱ་ཞིང་འཇམ་པའི་རྡོ་རྗེ་ལ་བསྟོད་ན་ཚིགས་བཅད་འོག་མ་གོང་དུ་བཏོན་པར་བྱའོ། །ཤིན་ཏུ་རྒྱས་པ་ལ་སྤྲོ་ན། རྗེ་བླ་མས་མཛད་པའི་དཀྱིལ་འཁོར་གྱི་བསྟོད་པས་བསྟོད་པར་བྱའོ། །འདིའི་བརྒྱུད་པ་ནི། ཇོ་བོ་རྗེ། རྒྱ་ལྕགས་རི་གོང་པ། རྫིང་བུ་ཁ་བ་ཤཱཀྱ་གྲགས། སྤེན་ཕུག་པ་དར་མ་ཤཱཀྱ། ཞང་ཡེ་པ། བཟེ་པ་དོན་གྲུབ། བར་ཐང་པ་ཡབ་སྲས། བསོད་ནམས་དབང་ཕྱུག ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། མཁས་གྲུབ་གཞོན་ནུ་བསོད་ནམས། བླ་མ་བཀྲ་ཤིས་རིན་ཆེན། རྗེ་བཙུན་ཀུན་དགའ་བཟང་པོ། དམ་པ་ཀུན་དགའ་དབང་ཕྱུག དེས་བདག་བསོད་ནམས་སེང་གེ་ལའོ། །ཇོ་བོ་རྗེ་དང་། རྒྱ་ལྕགས་རི་གོང་པའི་བར་དུ་ལྷ་བྱང་ཆུབ་འོད། འམ་པ་ལྕགས་རི་བ་གཉིས་ཆད་པ་འདྲ། བུ་སྟོན་པའི་གསན་ཡིག་ན་སྔ་མ་དེ་ལས་མི་སྣང་ཡང་། རྒྱ་ལྕགས་རི་བས་ཇོ་བོ་རྗེ་མ་ཟིན་ཞེས་རྗེ་རྡོ་རྗེ་འཆང་གསུང་ངོ་། །བརྒྱུད་པ་གོང་མ་རྣམས་ཤཱནྟི་པ་ཡན་ཆད་ཡེ་ཤེས་ཞབས་ལུགས་དང་འདྲའམ་བསམ་སྟེ། ཇོ་བོ་རྗེ་ཤཱནྟི་པའི་དངོས་སློབ་ཡིན་པས་སོ་ཞེས་བུ་སྟོན་གསུངས་ཏེ། དེ་ལྟར་ན་འཇམ་པའི་དབྱངས། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་ན། ཤཱནྟི་པ། ཇོ་བོ་རྗེ་ཞེས་སྦྱར་བར་བྱའོ། །འདི་ཡང་འཇམ་པའི་རྡོ་རྗེའི་སྒྲུབ་དཀྱིལ་སྤྱན་རས་གཟིགས་དང་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་པ་རྣམས་ཤེས་པའི་ཆེད་དུ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་བྲིས་པའོ། །དགེའོ།། །།


previousའཇམ་པའི་རྡོ་རྗེ་དང་སྤྱན་རས་གཟིགས་ཀྱི་སྒྲུབ་དཀྱིལ་གྱི་མི་འདྲ་བའི་ཁྱད་པར།next