Nitartha Digital Library
Tibetan
 
previousདཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས།next

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས།

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བཞུགས་སོ།། སྲིད་ཞི་ཀུན་ཁྱབ་ཡེ་ཤེས་འཇམ་པའི་དབྱངས། །ཐུགས་རྗེའི་དབང་གིས་ཁྲོས་པའི་སྐུར་སྟོན་པ། །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་རིམ་པར་བཤད་པར་བྱ། །བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་པའི་རིམ་པ་བསྒོམ་པ་ལ། སྔོན་འགྲོ་དང་། དངོས་གཞི་དང་། ཐུན་མཚམས་སུ་གཏོར་མ་གཏོང་བའི་ཚུལ་དང་གསུམ་ལས། དང་པོ་ལ། བསོད་ནམས་ཀྱི་ཚོགས་བསག་པ་དང་། ཡེ་ཤེས་ཀྱི་ཚོགས་བསག་པ་གཉིས། དང་པོ་ལ་ཡུལ་དག་པ་ལ་བརྟེན་པའི་ཚོགས་བསག་ནི། དབེན་པའི་གནས་སུ་བཅོམ་ལྡན་འདས་ཀྱི་བྲིས་སྐུ་བཤམས་པའི་མདུན་དུ། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་། ནང་མཆོད་རྡོ་རྗེ་དྲིལ་བུ་རྣམས་བཤམས་ནས། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔོན་དུ་བྱས་ཏེ། རང་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་ལས་འོད་འཕྲོས་པས། བླ་མ་དང་དཔལ་རྡོ་རྗེ་འཇིགས་བྱེད་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲང་། དེའི་མདུན་དུ་ཚོགས་བསག་བཅུ་གསུམ་བྱ་བ་ལ། དང་པོ་ཕྱག་འཚལ་བ་ནི། ན་མོ་གུ་རུ་བྷྱཿས་བླ་མ་དང་། ན་མཿཤྲཱི་བཛྲ་བྷཻ་ར་ཝེ་བྷྱཿས་རྡོ་རྗེ་འཇིགས་བྱེད་ལ་ཕྱག་བྱའོ། །གཉིས་པ་མཆོད་པ་ནི། མདུན་དུ་བཤམས་པའི་མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་བྷཻ་ར་ཝ་ས་པ་རི་ཝཱ་ར་སོ་སོའི་མགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱཧཱ། བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ བཛྲ་གནྡྷེ། བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ་སྭཱཧཱས་ཕྱི་མཆོད་དང་། བདུད་རྩི་ཡང་གཏོར་མ་བཞིན་བྱིན་གྱིས་བརླབས་ལ། རྩ་སྔགས་ལ་འབྲུ་གསུམ་བཏགས་པ་བརྗོད་པས་ནང་མཆོད། དུར་ཁྲོད་རྒྱན་གྱིས་རྣམ་བརྒྱན་པའི། །ཞེ་སྡང་གཤིན་རྗེའི་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་སྟོན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཅེས་པས་བསྟོད་པ་རྣམས་བྱའོ། །གསུམ་པ་སྡིག་པ་བཤགས་པ་ནི། བདག་གིས་སྐྱེ་བ་ཐོག་མ་མེད་པ་ནས་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །བཞི་པ་སྐྱབས་སུ་འགྲོ་བ་ནི། བླ་མ་དང་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པ་ལ་སྐྱབས་སུ་མཆིའོ། །ལྔ་པ་དམ་ཚིག་དང་སྡོམ་པ་བླང་བ་ནི། ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་རྣམས་བླང་ཞིང་བསྐྱང་བར་བགྱིའོ། །དྲུག་པ་རྗེས་སུ་ཡི་རང་བ་ནི། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། སོ་སོ་སྐྱེ་བོའི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བགྱིའོ། །བདུན་པ་སྨོན་པའི་སེམས་བསྐྱེད་པ་ནི། བདག་གིས་འཁོར་བའི་རྒྱ་མཚོ་ལས་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །བརྒྱད་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་བསྐུལ་བར་བགྱིའོ། །དགུ་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི། འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་གསོལ་བར་བགྱིའོ། །བཅུ་པ་འཇུག་པའི་སེམས་བསྐྱེད་པ་ནི། བདག་གི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྒོམ་བཟླས་ལ་གནས་པར་བགྱིའོ། །བཅུ་གཅིག་པ་བསྔོ་བ་ནི། བདག་དང་སེམས་ཅན་ཐམས་ཅད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག སྡིག་པ་བཤགས་པ་ནས་བསྔོ་བའི་བར་འདི་ལན་གསུམ་བརྗོད་དོ། །བཅུ་གཉིས་པ་གནང་བ་ནོད་པ་ནི། བླ་མ་དང་འཇིགས་བྱེད་ཀྱི་ཞལ་ནས་དེ་ལྟར་བསྒྲུབས་པས་ལམ་ལེགས་པ་ལ་གནས་པ་ཡིན་ནོ། །ཞེས་གསུངས་པར་བསམ་ཞིང་ངག་ཏུ་ཡང་བརྗོད་དོ། །བཅུ་གསུམ་པ་གཤེགས་སུ་གསོལ་བ་ནི། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟཱ་ཡ་ཨཱ་ཝརྟཱ་ཡ་ཧོཿཞེས་པས་མཆོད་དེ། ཨོཾ་བཛྲ་མུཿས་གཤེགས་སུ་གསོལ་ལོ། །ཡུལ་མ་དག་པ་ལ་བརྟེན་པའི་ཚོགས་བསག་ནི། ཚད་མེད་བཞི་བསྒོམ་མོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ནི། སྣང་བ་ཐམས་ཅད་སེམས་ཙམ་དུ་བསམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད། སེམས་དེའང་མི་དམིགས་པར་བསམས་ལ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾཞེས་བརྗོད་དོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ། དེ་ལ་མཆོད་པ་བྱ་བ། སྔགས་ཀྱི་བཟླས་པ་བྱ་བའོ། །དང་པོ་ལ་བཞི་སྟེ། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་ནོ། །དང་པོ་ནི། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་དྷིཿཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རལ་གྲི་དཔུང་པའི་ཐད་དུ་འཕྱར་བ། གཡོན་པས་ཨུཏྤ་ལའི་སྟེང་ན་གླེགས་བམ་བསྣམས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཨ་ལས་ཉི་མའི་དཀྱིལ་འཁོར། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རིག་པའི་ལྷ་མོ། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་བསྡུས་ནས་ཉི་མ་ལ་ཐིམ། འཇམ་དཔལ་ཟླ་བའི་དཀྱིལ་འཁོར་དང་བཅས་པའང་ཉི་མ་ལ་ཐིམ་པས། ཉི་མ་དེའང་དཔག་ཚད་འབུམ་གྱི་ཚད་དང་ལྡན་པ་འོད་ཟེར་བརྒྱ་སྟོང་འཕྲོ་བར་གྱུར། དེ་ལས་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུ་འཕྲོས་པས་སྡང་བའི་སེམས་ཅན་རྣམས་ཚར་བཅད། ཉི་མའི་སྟེང་དུ་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་གྱིས་ཧཱུྃ་ནག་པོ་འོད་ཟེར་ལྔ་དང་ལྡན་པ། དེ་ལས་འོད་འཕྲོས། སླར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་རྭ་གདེངས་པ་འོད་ཟེར་ལྔ་དང་ལྡན་པའི་ལྟེ་བ་ལ་ཧཱུྃ་གིས་མཚན་པར་བསམས་ལ། ཧཱུྃ་ལས་རྡོ་རྗེའི་ཚོགས་དཔག་ཏུ་མེད་པ་འཕྲོས། རབ་ཏུ་སྡང་བའི་སེམས་ཅན་རྣམས་རྡོ་རྗེའི་ཆར་གྱིས་བརྡུངས་ནས་ཚར་བཅད། ཡང་ཧཱུྃ་གི་འོད་ཟེར་ལས་སངས་རྒྱས་ལ་སོགས་པའི་སྐུ་ཕྲ་མོ་ཏིལ་གྱི་གོང་བུ་ཇི་སྙེད་བསྡུས་ནས་ཉི་མ་ལ་ཞུགས། དེ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱས་ནས། ཉི་མ་དང་བཅས་པ་རྡོ་རྗེ་ལ་ཐིམ། དེ་ལྟ་བུའི་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཅིག་ཆར་དུ་གྱུར་པ་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་འཇམ་པའི་དབྱངས། །ཐུགས་རྗེས་གདུག་པ་འདུལ་བའི་ཕྱིར། །ཁྲོ་བོར་གྱུར་པ་གཤིན་རྗེའི་གཤེད། །མདོག་ནག་རབ་ཁྲོས་འཇིགས་པའི་གཟུགས། །དབུ་དགུ་སུམ་ཅུ་རྩ་བཞིའི་ཕྱག །བཅུ་དྲུག་ཞབས་ཀྱི་གཡས་རྣམས་བསྐུམ། །གཡོན་བརྐྱང་རྣམ་པར་བསྒྱིངས་པས་བཞུགས། །རྩ་ཞལ་མ་ཧེ་ཁྲོས་པའི་གདོང་། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོགས། །སྟེང་ཞལ་དམར་པོ་རྒྱ་ཆེར་བཞད། །དེ་སྟེང་འཇམ་དཔལ་གཞོན་ནུའི་ཞལ། །གསེར་གྱི་མདོག་ཅན་ཅུང་ཟད་ཁྲོ། །གཡས་པ་རྭ་ཡི་ཕྱོགས་ཀྱི་ཞལ། །དང་པོ་སྔོན་པོ་མཆེ་བ་གཙིགས། །གཉིས་པ་དམར་པོ་ལྗགས་འདྲིལ་ཞིང་། །གསུམ་པ་སེར་པོ་ཁྲོ་གཉེར་ཅན། །གཡོན་པ་རྭ་ཡི་ཕྱོགས་ཀྱི་ཞལ། །དང་པོ་དཀར་པོས་རྨོངས་པར་བྱེད། །གཉིས་པ་དུད་ཁས་རེངས་པར་བྱེད། །གསུམ་པ་ནག་པོས་གསོད་པར་བྱེད། །ཞལ་རྣམས་ཐམས་ཅད་སྤྱན་གསུམ་ལྡན། །ཕྱག་གཡས་རྣམས་ཀྱིས་རིམ་བཞིན་དུ། །གྲི་གུག་འཕང་མདུང་གཏུན་ཤིང་དང་། །ཆུ་གྲི་རྡོ་རྗེ་རྩེ་གཅིག་པ། །དགྲ་སཏྭ་མདུང་མདའ་ལྕགས་ཀྱུ་དང་། །དབྱུག་པ་ཁ་ཊྭཱཾ་འཁོར་ལོ་དང་། །རྡོ་རྗེ་རྩེ་ལྔ་ཐོ་བ་དང་། །རལ་གྲི་རྔེའུ་ཆུང་རིམ་བཞིན་འཛིན། །ཕྱག་གཡོན་རྣམས་ཀྱིས་རིམ་བཞིན་དུ། །ཁྲག་གིས་གང་བའི་ཐོད་པ་དང་། །མགོ་ཕུབ་རྐང་པ་ཞགས་པ་གཞུ། །རྒྱུ་མ་དྲིལ་བུ་ལག་པ་དང་། །རོ་རས་སྐྱེས་བུ་གསལ་ཤིང་ཕུབ། །མེ་ཐབ་ཐོད་ཚལ་སྡིགས་མཛུབ་དང་། །འཕན་རྩེ་གསུམ་དང་རླུང་རས་འཛིན། །ཐ་མ་ཡི་ནི་ཕྱག་གཉིས་ཀྱིས། །གླང་ཆེན་པགས་པ་གོས་སུ་གྱོན། །ཞབས་གཡས་རྣམས་ཀྱིས་རིམ་བཞིན་དུ། །མི་དང་མ་ཧེ་གླང་བོང་བུ། །རྔ་མོ་ཁྱི་ལུག་ལྕེ་སྤྱང་མནན། །གཡོན་རྣམས་རིམ་བཞིན་བྱ་རྒོད་དང་། །འུག་པ་བྱ་རོག་ནེ་ཙོ་དང་། །ཁྭ་དང་ཁྱུང་ཆེན་རི་སྐེགས་བཞད། །མནན་ཅིང་ཞབས་རྣམས་ཐམས་ཅད་ཀྱིས། །ཚངས་པ་དབང་པོ་ཉེ་དབང་པོ། །དྲག་པོ་གཞོན་ནུ་གདོང་དྲུག་རྣམས། །བསྒྱེལ་ནས་ཁས་བུབ་ཉིད་དུ་མནན། །མི་མགོ་སྐམ་པོ་ལྔ་ལྔ་ཡིས། །ཁྲོ་ཞལ་རྣམས་ཀྱི་དབུ་ལ་བརྒྱན། །མི་མགོ་ཁྲག་འཛག་ལྔ་བཅུ་དང་། །སྦྲུལ་ནག་ཆུན་པོས་དོ་ཤལ་བྱས། །དབུ་སྐྲ་སེར་པོ་གྱེན་དུ་འབར། །སྤྱན་རྩ་དམར་པོ་གློག་ལྟར་འཁྱུག །ལིངྒ་དམར་པོ་གྱེན་དུ་ལངས། །སྐུ་ལས་སྤྲུལ་པའི་ཕོ་ཉ་འཕྲོ། །སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་ཉམས་དང་ལྡན་པ་ཡིས། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །དེའི་ཕྱི་རོལ་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པར་བྱས་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། ཕ་གུ་དང་། དྲྭ་བ་དང་། དྲྭ་བ་ཕྱེད་པ་དང་། མདའ་ཡབ་དང་། པུ་ཤུས་བརྒྱན་ཅིང་། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས་པ། ནང་ཀ་བ་བརྒྱད་དང་ལྡན་ཞིང་། ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོས་བསྐོར་བ། ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ། གཞལ་ཡས་ཁང་གི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བརྒྱད། ཤིང་བརྒྱད། ཞིང་སྐྱོང་བརྒྱད། སྤྲིན་བརྒྱད། ཀླུ་བརྒྱད། མེ་བརྒྱད། ཆུ་བརྒྱད། མཆོད་རྟེན་བརྒྱད། གྲུབ་པ་ཐོབ་པའི་དཔའ་བོ་དང་། རྣལ་འབྱོར་མའི་ཚོགས་དང་། འདྲེ་དང་། རོ་ལངས་དང་། ལྕེ་སྤྱང་ལ་སོགས་པའི་ཚོགས་ཀྱིས་ཡོངས་སུ་གང་བའི་ཕྱི་རོལ་དུ་སྲུང་བའི་འཁོར་ལོ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའོ། །གཉིས་པ་ནི། རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསམ་མོ། །གསུམ་པ་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ལ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་ནས། ཛཿཧཱུྃ་བྃ་ཧོཿས་དབྱེར་མེད་དུ་བསྟིམ་མོ། །བཞི་པ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ལ། སྔར་བཞིན་མཆོད་ནས། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨཱ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །གཉིས་པ་དེ་ལ་མཆོད་པ་བྱ་བ་ལ། སྔགས་ཀྱི་མཆོད་པ། ཕྱིའི་མཆོད་པ། འདོད་ཡོན་གྱི་མཆོད་པ། ནང་གི་མཆོད་པ། བསྟོད་པའི་མཆོད་པའོ། །དང་པོ་ནི། རྩ་སྔགས། སྙིང་པོ། ཉེ་སྙིང་གསུམ་ལན་གཅིག་བརྗོད་དོ། །གཉིས་པ་ནི། ཚོགས་ཞིང་གི་སྐབས་ལྟར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་དོ། །གསུམ་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་ཞེས་སོགས་ལྔ་ཕྱག་རྒྱ་དང་བཅས་པས་མཆོད་དོ། །བཞི་པ་ནི། རྩ་སྔགས་བརྗོད་དེ་ནང་མཆོད་གཏོར་རོ། །ལྔ་པ་ནི། དུར་ཁྲོད་རྒྱན་གྱིས་རྣམ་བརྒྱན་པ། །སོགས་ཀྱིས་བསྟོད་དོ། །གསུམ་པ་སྔགས་ཀྱི་བཟླས་པ་བྱ་བ་ནི། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལ་ཡི་གེ་བཅུ་པས་གཡས་སྐོར་དུ་བསྐོར་བ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་སྣ་ཚོགས་ཀྱིས་མཆོད་ནས། དེ་དག་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འོད་ཟེར་གྱི་རྣམ་པར་བསྡུས་ནས་སྙིང་གའི་ཡི་གེ་རྣམས་ལ་ཐིམ་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ཤིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ཞུགས་པར་བསམས་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ་ཅེས་པ་ཅི་ནུས་བཟླའོ། །དེ་ནས་ཧཱུྃ་དང་ཡིག་འབྲུ་རྣམས་མི་དམིགས་པར་བྱས་ཏེ། དབུས་སུ་ཡ་ལ་མཐའ་སྐོར་དུ་ཡི་གེ་བདུན་པས་བསྐོར་བ་སོགས་དམིགས་པ་སྔར་བཞིན་བྱས་ཏེ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ་ཅི་ནུས་བཟླའོ། །ཡང་ཡིག་འབྲུ་རྣམས་མི་དམིགས་པར་བྱས་ཏེ། དབུས་སུ་མ་ལ་མཐའ་སྐོར་དུ་ཡི་གེ་སོ་གཉིས་པས་བསྐོར་བའི་དམིགས་པ་སོགས་གོང་བཞིན་བྱས་ནས། ཨོཾ་ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ། ད་ཡོ་ད་ཡ། ཡ་ད་ཡོ་ནེ། ར་ཡཀྵེ་ཡ། ཡཀྵེ་ཡཙྪ། ནཱིར་མཱ་ཡ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། སྔགས་ཀྱི་འོད་ཟེར་གྱི་ཁ་དོག་ནི་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོར་བསམ་མོ། །བཟླས་པའི་ཡུལ་ཕྲེང་བ་ནི། བཟླས་པ་ལ་འཇུག་པའི་སྔོན་དུ་བསང་སྦྱངས། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེ་བཞིན་པད་ཉིའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པར་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་བཅུག དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ། མཆོད་བསྟོད་ཞུ་བ་ལས། ཕྲེང་རྡོག་རེ་རེ་ཡང་མི་མགོ་རློན་པ་ཁྲག་འཛག་པར་བསམས་ལ་སྔགས་བཟླའོ། །མཇུག་ཏུ་སྔར་ལྟར་མཆོད་པ་ལྔས་མཆོད་ནས། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་འོད་ཟེར་གྱི་རང་བཞིན་དུ་བྱས་ཏེ་སྲུང་བའི་འཁོར་ལོ་ལ་ཐིམ། དེ་དུར་ཁྲོད་བརྒྱད་ལ། དེ་གཞལ་ཡས་ཁང་ལ། དེ་གདན་རྣམས་ལ། གདན་རྣམས་རིམ་གྱིས་སྲོག་ཆགས་རྣམས་ལ། དེ་རྣམས་ཞབས་ཐ་དད་ལ། ཞབས་ལྷག་མ་རྣམས་རིམ་གྱིས་རྩ་བའི་ཞབས་གཉིས་ལ། ཕྱག་ལྷག་མ་རྣམས་རིམ་གྱིས་རྩ་བའི་ཕྱག་གཉིས་ལ། ཞལ་ལྷག་མ་རྣམས་རྩ་བའི་ཞལ་ལ་ཐིམ་སྟེ། རང་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་མ་ཧེའི་གདོང་པ་ཅན་དུ་བསམས་ཏེ། ཐུན་མཚམས་ཀྱི་བྱ་བ་རྣམས་ལ་འཇུག་གོ །གསུམ་པ་ཐུན་མཚམས་སུ་གཏོར་མ་གཏོང་བའི་ཚུལ་ནི། མདུན་དུ་གཏོར་མ་གཉིས་བཤམས་པ་ལ། ནང་མཆོད་ཆུ་ཆང་གིས་སྦྱང་། མེད་ན་ཆུ་གཙང་མས་སྦྱངས་ལ། ཡི་གེ་སུམ་ཅུ་རྩ་གཉིས་པས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེའི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་ཤར་དུ་གོ་ལས་བ་གླང་གི་ཤ ལྷོར་ཀུ་ལས་ཁྱིའི་ཤ ནུབ་ཏུ་ད་ལས་རྟའི་ཤ བྱང་དུ་ཧ་ལས་གླང་པོ་ཆེའི་ཤ དབུས་སུ་ན་ལས་མིའི་ཤ དེ་རྣམས་ཀྱི་སྟེང་དུ། ཤར་དུ་བི་ལས་དྲི་ཆེན། དབུས་སུ་མུ་ལས་དྲི་ཆུ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཀླད་པ། ལྷོར་ར་ལས་རཀྟ། དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་དུ་ཨོཾ་མེ་ལོང་ལྟ་བུའི་ཡེ་ཤེས། བྱང་དུ་ཁྃ་བྱ་བ་གྲུབ་པའི་ཡེ་ཤེས། ནུབ་ཏུ་ཛྲཱིཾ་སོ་སོར་རྟོག་པའི་ཡེ་ཤེས། ལྷོར་ཏྲཱྃ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་དག་གི་སྟེང་གི་ནམ་མཁར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟས་པ་འཕྱང་བ། ཟླ་བའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བར་ཟླ་བ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས། མེ་སྦར་ནས་ཐོད་པའི་ནང་གི་རྫས་རྣམས་བསྐོལ་ཞིང་ཞུ་བའི་རླངས་པ་ཨོཾ་དང་། སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་ཕོག་པས། དེ་དག་ལས་བདུད་རྩིའི་རྒྱུན་འཛག ཡང་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་ཐོད་པ་གང་བ་དཔག་ཏུ་མེད་པ་བཀུག མདུན་གྱི་ཐོད་པ་ལ་ཐོད་པ་ཐིམ། བདུད་རྩི་ལ་བདུད་རྩི་ཐིམ། སྣ་ཚོགས་རྡོ་རྗེ་ཟླ་བ་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བ་འོད་དུ་ཞུ་ནས་སྔར་གྱི་བདུད་རྩི་རྣམས་དང་གཉིས་སུ་མེད་པར་གྱུར་ཏེ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད། དེ་ནས་གཏོར་མགྲོན་སྤྱན་འདྲེན་པ་ནི། རང་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། གཡོན་དུ་སྨྱོན་པ་འཇིགས་བྱེད་བཀའ་ནོད་པ་དང་། མཐའ་སྐོར་དུ་དུར་ཁྲོད་ཀྱི་བདག་པོ་རྣམས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་ལ། བཛྲ་བྷེ་ར་ཝ་ཨ་གྲ་ཊིཋ་ཊིཋ་བཛྲ་ཞེས་དང་། ཨུཏྨན་ཌ་བྷཻ་ར་ཝ་ཨ་གྲ་ཊིཋ་ཊིཋ་ཞེས་དང་། ས་སྭ་ཏི་ཨ་དྷི་པ་ཏི་ཨ་གྲ་ཊིཋ་ཊིཋ་ཞེས་པས་བརྟན་པར་བཞུགས་སུ་གསོལ་ལ། དེ་རྣམས་ཀྱི་ལྗགས་ཀྱི་འོད་ཟེར་གྱིས་གཏོར་མ་གསོལ་བར་བསམས་ཏེ། བཅོམ་ལྡན་འདས་ལ་རྩ་སྔགས་ཀྱི་རྗེས་སུ། ཨོཾ་བྷཻ་ར་ཝ་གྲྀཧྞེ་དཾ་བ་ལིཾ་སྭཱཧཱ་ཞེས་དང་། སྨྱོན་པ་འཇིགས་བྱེད་ལ། ཨོཾ་ཨུཏྨནྜ་ལ་བྷཻ་ར་ཝ་ཡ་བ་ལིཾ་གྲྀཧྣ་གྲྀཧྣ་མ་མ་ཀརྻ་སདྱ་ཡ་སྭཱ་ཧཱ། ཞེས་དང་། དུར་ཁྲོད་བརྒྱད་ལ། ཨཥྚ་ས་སྭཱ་ན་ཏིཥྛ་བྷུ་ཏ་ས་ས་ན་རཀྵན་ཏ་སརྦ་གྲྀཧྣ་དཾ་བ་ལིཾ། མ་མ་སརྦ་ཀརྻ་སདྱ་ཡ་སྭཱ་ཧཱ། ཞེས་པ་རྣམས་ལན་གསུམ་གསུམ་བརྗོད་དོ། །དེ་ནས་ཕྱི་མཆོད་དང་ནང་མཆོད་ཀྱིས་མཆོད། བསྟོད་པས་བསྟོད། ཕྲིན་ལས་གཞོལ། ཡི་གེ་བརྒྱ་པ་བརྗོད་ཅིང་མགྲོན་གཤེགས་སུ་གསོལ་ལོ། །འཇམ་དབྱངས་ཁྲོས་ཆེན་རྒྱལ་པོའི་སྒྲུབ་པའི་ཐབས། །གསལ་བར་བགྱིས་པའི་བསོད་ནམས་གང་ཐོབ་དེས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །འཇམ་དཔལ་གོ་འཕང་མྱུར་དུ་ཐོབ་པར་ཤོག །བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་འདི་ནི་དཔལ་ས་སྐྱ་པ་ཆེན་པོའི་དགོངས་པ་ཇི་ལྟ་བ་བཞིན་དུ་རྗེ་བཙུན་བླ་མ་མུས་པ་ཆེན་པོའི་ཞབས་རྡུལ་སྤྱི་བོས་བླངས་པ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་སྡེ་སྣོད་འཛིན་པ་དུ་མས་བསྐུལ་བའི་ངོར་དཔལ་ངམ་རིངས་ཀྱི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་འཇམ་དཔལ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། གྲུབ་ཆེན་དཔལ་འཛིན། རྗེ་བཙུན་ནཱ་རོ་ཏ་པ། ཨསྡྱུལ་བཛྲ། བྷ་རོ་ཧཾ་ཐུང་། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། རྗེ་ས་སྐྱ་པ་ཆེན་པོ། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་རིན་རྒྱལ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། མཁན་ཆེན་བྱང་ཆུབ་དཔལ་བཟང་པོ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ། རྗེ་བཙུན་ཀུན་དགའ་བཟང་པོ། ཆོས་རྗེ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བསོད་ནམས་སེང་གེ་ལའོ།། །།དགེའོ།། ༄༅། །སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་བཞུགས། །གང་ཞིག་རྟོག་ན་འཇམ་དབྱངས་ཡེ་ཤེས་ཀྱི། །ཉི་མ་སྙིང་གི་དཀྱིལ་ན་གསལ་གྱུར་པ། །ཤིན་ཏུ་སྤྲོས་མེད་ཡེ་ཤེས་ལ་བཏུད་ནས། །དེ་ཡི་ཉམས་ལེན་ཚུལ་བཞིན་བཤད་པར་བྱ། །འདིར་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། དམ་ཚིག་དང་སྡོམ་པར་ལྡན་པ་ཤིན་ཏུ་སྤྲོས་མེད་ཀྱི་བྱིན་རླབས་དང་། ཁྲིད་ཐོབ་པའི་རྣལ་འབྱོར་པས་རྒྱུན་དུ་ཉམས་སུ་ལེན་ཚུལ་ནི་སྟན་བདེ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་ལ་སོགས་པ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་སོང་ནས། མདུན་གྱི་ནམ་མཁར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་། ཉི་མ་དང་། མ་ཧེ་དམར་པོའི་སྟེང་ན་རྩ་བའི་བླ་མ་འཇམ་པའི་དབྱངས་གཤིན་རྗེའི་གཤེད་ཀྱི་རྣམ་པ་ཅན། ཞལ་གཅིག ཕྱག་གཉིས། གཡས་འཇིག་རྟེན་གསུམ་འདུལ་བའི་དབྱུག་པ་འཕྱར་བའི་ཚུལ་གྱིས་འཛིན་ཅིང་། གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཞལ་ཆེ་བ་བཞི་གཙིགས་ཤིང་། སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། དེའི་པང་ན་ཡུམ་རོ་ལངས་མ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དེའི་མཐའ་སྐོར་དུ་བླ་མ་བརྒྱུད་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། སངས་རྒྱས་བྱང་སེམས། འཕགས་པ་ཉན་ཐོས། རང་སངས་རྒྱས། ཆོས་སྐྱོང་སྲུང་མའི་ཚོགས་བཅས་མངོན་སུམ་དུ་བཞུགས་པར་དམིགས། དེའི་མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་རྣམས་ཀྱང་གཤིན་རྗེའི་གཤེད་ཀྱི་རྣམ་པས་འཁོད་པར་བསམ། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་བརྒྱུད་པ། ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས། ཆོས་སྐྱོང་སྲུང་མ་རྣམས་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ། དེ་ནས་གང་གི་དྲིན་གྱིས་བདེ་ཆེན་ཉིད་ནས། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །ཞེས་པའི་བར་ཚིགས་རྐང་དྲུག་དང་། གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཁྱོད་ཞབས་པདྨོ་སྤངས་ནས་ནི། །བདག་ལ་གནས་སུ་སྐྱབས་མ་མཆིས། །ཁྱོད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །ད་ལྟ་ཉིད་དུ་བཀའ་དྲིན་མཛོད། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཐོག་མཐའ་འདྲ་བ་ལ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤབྡའི་བར་གྱིས་ཕྱི་མཆོད་དབུལ། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། བདག་གིས་དགྲ་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་ལ་དབུལ་བར་བགྱིའོ། །གཉེན་ཐམས་ཅད༞ བར་མའི་སེམས་ཅན་ཐམས་ཅད༞ བདག་ཏུ་གཟུང་བའི་ཡོ་བྱད་ཀྱི་དངོས་པོ་ཐམས་ཅད་དབུལ་བར་བགྱིའོ། །ཞེས་བརྗོད། དེ་ནས་ལག་པ་གཡས་པས་རལ་གྲི་རྣོ་ངར་དང་ལྡན་པ་གཟུང་བར་བསམས་ནས། རང་གི་ཐོད་པ་བཅད་དེ་མདུན་དུ་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་བཀན་ནས་གཞག དེ་ནས་ལག་པ་གཡོན་པ་བཅད་དེ་དུམ་བུར་གཏུབས། ཐོད་པའི་ནང་དུ་བསྐྱུར། དེ་བཞིན་དུ་རྐང་པ་གཡོན། ཁོག་སྨད། ཁོག་སྟོད། ནང་ཁྲོལ་རྣམས་དུམ་བུར་གཏུབས་ནས་ཐོད་པའི་ནང་དུ་བསྐྱུར། མཐར་ལག་པ་གཡས་པ་རལ་གྲི་དང་བཅས་པའང་ཐོད་པའི་ནང་དུ་བསྐྱུར་ནས། རང་སེམས་རླུང་གི་བཞོན་པ་དང་བཅས་པ་རྫོགས་རིམ་གྱི་གཤིན་རྗེའི་གཤེད་ཀྱི་སྐུར་བསམས་ཏེ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་བསམ་པ་མཁྱེན་པར་མཛད་དུ་གསོལ། བདག་ལ་ཐུགས་རྗེས་གཟུང་དུ་གསོལ། ཞེས་གསོལ་བ་བཏབ་པས་མདུན་གྱི་ཐོད་པ་བདུད་རྩིས་གང་བ་མང་དུ་ཆད་དེ་རྩ་བའི་བླ་མའི་ཞལ་དུ་བླུགས་ཏེ། ཨོཾ་ཨཱཿཧཱུྃ་མང་དུ་བརྗོད། དེ་ནས་བརྒྱུད་པའི་བླ་མ་ནས་ཆོས་སྐྱོང་སྲུང་མའི་བར་རང་རང་གི་ཐུགས་བཞེད་དང་མཐུན་པའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་བསམས་ནས་ཨོཾ་ཨཱཿཧཱུྃ་བརྗོད། དེ་བཞིན་དུ་ཐོད་པའི་བདུད་རྩི་ལས་རིགས་དྲུག་གི་སེམས་ཅན་གྱི་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་སྐོང་། ཁྱད་པར་དུ་བདག་ལ་རྦོད་གཏོང་བྱེད་པའི་ལྷ་འདྲེ་རྣམས་ལ་རང་རང་གི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཀྱིས་ཚིམ་པར་བསམས་ནས་རང་གནས་སུ་དེངས་པར་བསམ། ཆོས་སྐྱོང་སྲུང་མ་ནས་ཡར་རིམ་པ་བཞིན་བསྡུས་ནས་རྩ་བའི་བླ་མ་ལ་ཐིམ། དེ་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད། ཆོས་ལ་སྐྱབས་སུ་མཆིའོ། །ཞེས་པས་བླ་མའི་གསུང་དང་རང་གི་ངག དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པས་རང་གི་ལུས་དང་བླ་མའི་སྐུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་ལ་སྐྱབས་སུ་མཆིའོ། །ཞེས་པས་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་དང་རང་གི་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་དབྱེར་མེད་དུ་གྱུར་པར་བསམས་ལ། རང་སེམས་ནམ་མཁའ་ལ་དུ་བ་ཡལ་བ་བཞིན་ཕྱལ་དེ་སོང་བས་རང་སེམས། ནམ་མཁའ། ཆོས་དབྱིངས། བདེ་བ་རྣམས་དབྱེར་མེད་པའི་ངང་ལ་འཛིན་པ་གང་ཡང་ལྷོད་དེ། སིང་ངེ་བར་མཉམ་པར་གཞག་གོ །དེ་ནས་རྣམ་རྟོག་ལངས་ན་རྣམ་རྟོག་འོད་གསལ་གྱི་རྣལ་འབྱོར་བསྒོམ་སྟེ། ཕྱི་ཡུལ་ལ་འཕྲོ་བའི་རྣམ་རྟོག་ཐམས་ཅད་བུ་ག་དགུ་ནས་སྙིང་གར་འདུས་ཏེ་མར་མེའི་རྩེ་མོ་ལྟ་བུ་དམར་ནག་པ་མཐེ་བོང་གི་ཚད་ཙམ་ཞིག་ལུས་ཀྱི་ནང་དུ་ཡར་ཧྲིལ་མར་ཧྲིལ་བྱེད་པར་བསམ། དེ་ནས་སྙིང་དཀར་ནག་གི་མཚམས་སུ་བུ་ག་གཅིག་བྱེ་ནས་རྒྱངས་ཏེ་འཐོན། རྒྱ་མཚོའི་མཐར་སོང་བར་བསམ། ལུས་གོགས་པོ་དེ་ལས་ཀྱི་རླུང་གིས་དེད་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་འོད་དཔག་མེད་ཀྱི་ཞབས་དྲུང་དུ་གཞག དེ་ནས་སྔར་གྱི་རྣམ་རྟོག་དེ་ཇེ་སྲབ་ཇེ་སྲབ་ཏུ་སོང་ནས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་སྟེ། རང་སེམས་དང་། རྣམ་རྟོག་དང་། ནམ་མཁའ་དབྱེར་མེད་པའི་ངང་ལ་གཞག མཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དབྱངས་ཡེ་ཤེས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་བྱའོ། །ཚུལ་འདི་ཤེས་ལྡན་རྣམ་རྒྱལ་ལེགས་མ་དང་། །དད་ལྡན་ཚེ་དབང་དཀོན་མཆོག་སྐྱབས་གཉིས་ཀྱིས། །ཚུལ་བཞིན་བསྐུལ་ནས་བསོད་ནམས་སེང་གེ་ཡིས། །སྦྱར་བའི་དགེ་བས་འགྲོ་ཀུན་སངས་རྒྱས་ཤོག། །།དགེའོ།། །།


previousདཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས།next