Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


   
   
   
   
   
   
   
   
མགོན་པོའི་སྲུང་འཁོར།
   
   
   
   
   
   
   


 
previousམགོན་པོའི་སྲུང་འཁོར།next

མགོན་པོའི་སྲུང་འཁོར།

མགོན་པོའི་སྲུང་འཁོར་བཞུགས་སོ།། བླ་མ་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་ལ་བརྟེན་པའི་སྲུང་འཁོར་ལ། རང་བསྲུང་བ་དང་། གནོད་པ་ཕྱིར་བཟློག་གཉིས་ལས། དང་པོ་ནི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་སྐད་ཅིག་གིས་དཔལ་རྡོ་རྗེ་ནག་པོ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་གཟུང་འཛིན་དང་བྲལ་བའི་ཡི་གེ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དཔལ་ནག་པོ་ཆེན་པོ་སྲུང་བའི་འཁོར་ལོ་དང་བཅས་པ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿཞེས་པས་བླ་མ་དང་། ན་མཿཤྲཱི་མ་ཧཱ་ཀཱ་ལ་མཎྜ་ལ་བྷྱཿཞེས་པས་ནག་པོ་ཆེན་པོ་ལ་ཕྱག་བྱ། ཨོཾ་ཤྲཱི་མཎྜ་ལ་ས་པ་རི་ཝཱ་ར་ཞེས་པ་ཀུན་ལ་སྦྱར་བའི་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་དང་། ཚད་མེད་བཞི་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་སོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྣང་བ་ཐམས་ཅད་སྟོང་པར་བསྒོམས་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེའི་དྲག་རྫོང་ཟུར་གསུམ་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་མཐིང་ནག་གི་ནང་དུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཞེས་སོགས་ཐུན་མོང་གི་སྲུང་འཁོར་ཀྱཻ་རྡོར་ལྟར་བསྒོམས་ལ། དེ་ལྟ་བུའི་སྲུང་བའི་འཁོར་ལོའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་མཐིང་ནག་འོད་དུ་ཞུ་བ་ལས་སྲུང་བའི་འཁོར་ལོ་མཐིང་ནག་རྩིབས་བཅུ་པ། རྩེ་མོ་རྣོ་བ། ཁོག་པ་སྟོང་པ། ཡངས་ཤིང་རྒྱ་ཆེ་བའི་ནང་གི་དབུས་དང་། ཕྱོགས་བཅུར་པདྨ་དང་ཉི་མའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་སྟེང་དུ་རོ་མགོ་བོ་གཡས་སུ་བསྟན་པ་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་རེ་རེ། དེ་དག་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་རྣམས་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བཅུ་གཅིག་ཏུ་གྱུར་པ་ནི། དབུས་སུ་རང་ཉིད་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ་ཞེས་པ་ནས་མིའུ་ཐུང་གེལ་བའི་འདུག་སྟངས་ཀྱིས་རོའི་གདན་ལ་འདུག་པ་ཞེས་པའི་བར་གཏོར་ཆོག་ལྟར་གསལ་གདབ། ཕྱོགས་བཅུའི་མགོན་པོ་རྣམས་ནི་ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། སྤྱན་གསུམ་དང་ལྡན་པ་ཞེས་པ་ནས་ལྷབ་ལྷུབ་ཀྱིས་བཀླུབས་པ་ཞེས་པའི་བར་སྔ་མ་དང་འདྲ། དེ་ནས་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསྒོམ། གཙོ་བོ་ལ་གཎྜི་ཡོད་ལ། གཞན་རྣམས་ལ་གཎྜི་མེད་དོ། །དེ་ནས་གཙོ་བོའི་སྟེང་གི་ཕྱོགས་སུ་རིགས་ལྔའི་ངོ་བོ་ཁྱུང་ཆེན་ལྔ་ལྡིང་བ། གཡས་སུ་བྱ་ནག་གཤོག་སྐོར་བྱེད་པ། རྒྱབ་ཏུ་ཁྱི་ནག་འཁང་ཞིང་ཟུག་པ། གཡོན་དུ་ལྕེ་སྤྱང་འབྲོས་འདེད་བྱེད་པ། མདུན་དུ་མི་ནག་གནམ་དུ་འོ་དོད་འབོད་པ། སྲུང་བའི་འཁོར་ལོའི་ཕྱི་རོལ་རྡོ་རྗེའི་རྭ་གུར་གྱི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད། དེ་དག་ལ་གནས་པའི་ཕྱོགས་སྐྱོང་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། རྒྱལ་པོ་བཞི། འཇིགས་བྱེད་ཆེན་པོ་དགུ། གནོད་བྱིན་གྱི་སྡེ་དཔོན་བཅུ་གཉིས། གཞན་ཡང་ཞིང་སྐྱོང་དང་། ཤིང་དང་། ཆུ་དང་། མེ་དང་། མཆོད་རྟེན་དང་། གྲུབ་པ་ཐོབ་པའི་དཔའ་བོ་དང་། རྣལ་འབྱོར་མ་དང་། འདྲེ་དང་། སྲིན་པོ་དང་། རོ་ལངས་ལ་སོགས་པས་ཡོངས་སུ་བསྐོར་བའི་དུར་ཁྲོད་བསམ་མོ། །ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གའི་སྟོད་དུ་ཉི་མ་ལ་ཧཱུྃ་སྔོན་པོ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་ཚོགས་ཞིང་གི་སྐབས་ལྟར་སྤྱན་དྲངས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་ནས་ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ་པར་བསམ་མོ། །སླར་ཡང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། སྔ་མ་བཞིན་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཞེས་སོགས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་ལྷ་ཐམས་ཅད་ལ་མི་བསྐྱོད་པ་རེ་རེས་དབུར་བརྒྱན་པར་བསམ་མོ། །དེ་ནས་འཁོར་ལོ་གཡས་སུ་འཁོར་བ་མི་མངོན་པར་མྱུར་དུ་འཁོར་བར་བསམ་ཞིང་། ཐོག་མར་སྔགས་ཐུང་དང་། དེ་ནས་སྔགས་རིང་ཅི་ནུས་བཟླ། སྔགས་རིང་བཟླ་བའི་ཚེ་མཱ་ར་ཡ་ཞེས་པའི་ཚིག་མི་འཇུག་གོ །གཉིས་པ་གནོད་པ་ཕྱིར་བཟློག་བསྒོམ་པའི་ཚུལ་ནི་བར་ཆད་ཀྱི་མཚན་མ་བྱུང་བའི་ཚེ་བཟློག་པར་འདོད་ན། ཡན་ལག་བཞི་རྫོགས་སུ་བསྒོམ་པ་ཡན་ཆད་སྔར་དང་འདྲ། དེ་ནས་རང་གི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ལས་གྲི་གུག་བསྒོམ། དེའི་ཡུ་བའི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་སུ་རང་གི་རྣམ་པར་ཤེས་པ་ཧཱུྃ་ཡིག་སྔོན་པོར་བསྒོམ། གཞན་བསྲུང་བར་འདོད་ན་ཀྱཻ་རྡོར་བཞིན་བསྒོམ། དེ་དག་གི་མཐའ་མར་ནང་སྐོར་དུ་སྔགས་ཐུང་དང་། ཕྱི་སྐོར་དུ་སྔགས་རིང་གཡས་སྐོར་དུ་འཁོར་བར་བསམ། འཁོར་ལོའི་འོག་གི་རྩིབས་ཀྱི་འོག་ཏུ་གནོད་བྱེད་བསྒོམས་ནས་དེའི་སྤྱི་བོར་རྩེ་མོ་ཟུག་པར་བསམ། ཕྱོགས་མཚམས་ཀྱི་རྩིབས་རྣམས་ཀྱི་བར་དུ་རླུང་མེའི་དཀྱིལ་འཁོར་གྱི་སྟེང་དུ་གནོད་བྱེད་ལུས་རིད་པ། སྐྲ་འཛིངས་པ། ཁ་ནས་ཁྲག་འཛག་པ། སྤྱིའུ་ཚུགས་སུ་འདུག་པར་བསམ། དེ་ནས་རང་གི་སྙིང་ག་ནས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། གནོད་བྱེད་རྣམས་བཀུག་ནས་སྔར་གྱི་དེ་དག་ལ་བསྟིམ། སྔགས་བཟླ་བའི་ཚེ་འཁོར་ལོ་གཡོན་དུ་འཁོར། ཁྲོ་བོ་བཅུ་པོ་ཞལ་ཕྱིར་གཟིགས་པས་དེ་དག་གི་ལུས་དུམ་བུར་གཏུབས། ཀླད་པ་ཐར་ཐོར་དུ་ཐོར་བར་བསམ། ཡང་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕྱི་རིགས་འཇིག་རྟེན་སྐྱོང་བ་རྣམས་ལ་ཕོག་པས། དེ་དག་གིས་སྲོག་སྙིང་འོད་ཟེར་གྱི་རྣམ་པར་རང་ལ་ཕུལ་ནས་སྤྲུལ་པ་ཕྱོགས་བཅུར་སོང་སྟེ་གནོད་བྱེད་ཚར་བཅད་པར་བསམས་ནས་ཐོག་མར་སྔགས་ཐུང་དང་། དེ་ནས་སྔགས་རིང་བཟླས་པའི་ཚེ་ཏ་དཱ་ཡན་ཆད་དཀྱུས་བཞིན་བཟླ། དེ་ནས་བྱད་མ་ཨི་དཾ་དུཥྚཾ། བྱད་མ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྱད་མ་མཱ་ར་མཱ་ར། བྱ་མ་གྲྀཧྞ་གྲྀཧྞ། བྱད་མ་བནྡྷ་བནྡྷ། བྱད་མ་ཧ་ན་ཧ་ན། བྱད་མ་ད་ཧ་ད་ཧ། བྱད་མ་པ་ཙ་པ་ཙ། བྱད་མ་དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་དྲུག་ཅུ་རེའི་མཚམས་ནས་གང་དག་བདག་ཅག་ཅེས་སོགས་དམོད་པ་བོར་བ་ཀྱཻ་རྡོར་བཞིན་བྱ། ཐུན་འཇོག་ཁར་འཁོར་ལོ་གཡས་སུ་འཁོར། ཁྲོ་བོ་རྣམས་ཞལ་ནང་དུ་གཟིགས་པའི་དབུས་སུ་རང་ཉིད་ཡོད་པར་བསམས་ཏེ་བསྔོ་བ་སྨོན་ལམ་བྱའོ། །ནན་ཆེས་པས་བྲིས་པ་ཡིན་གྱི། ཅི་ཡིན་ལ་མ་སྟོན་ཅིག །དགེའོ།། །།


previousམགོན་པོའི་སྲུང་འཁོར།next