Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
དམ་ཚིག་དང་སྡོམ་པའི་རྣམ་གཞག་ཟབ་དོན་བདུད་རྩིའི་སྙིང་པོ།
   


 
previousདམ་ཚིག་དང་སྡོམ་པའི་རྣམ་གཞག་ཟབ་དོན་བདུད་རྩིའི་སྙིང་པོ།next

དམ་ཚིག་དང་སྡོམ་པའི་རྣམ་གཞག་ཟབ་དོན་བདུད་རྩིའི་སྙིང་པོ།

དམ་ཚིག་དང་སྡོམ་པའི་རྣམ་གཞག་ཟབ་དོན་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་བྷ་དྲཱ་ཡ། རྟེན་དང་བརྟེན་པའི་ཆོས་བདུན་ཀུན་གཞི་ཡི། །དྲི་མ་སྨིན་གྲོལ་ཆུ་ཡིས་ལེགས་སྦྱངས་ཏེ། །གནས་གྱུར་སྐུ་བཞི་རྣམ་དག་རོ་གཅིག་ཏུ། །གསལ་བར་སྟོན་མཛད་རྗེ་བཙུན་བླ་མ་རྒྱལ། །དེའི་གསུང་དྲི་མེད་བདུད་རྩིའི་ཆར་རྒྱུན་གྱིས། །བདག་བློའི་པདྨོ་རྣམ་པར་རྒྱས་བྱེད་ཅིང་། །སྐལ་ལྡན་བུང་བས་ཟློས་གར་རྩེ་བའི་ཕྱིར། །ཟབ་དོན་བདུད་རྩིའི་སྙིང་པོ་སྤེལ་བར་བྱ། །འདིར་དམ་ཚིག་དང་སྡོམ་པའི་རྣམ་པར་བཞག་པ་ལ་གསུམ་སྟེ། དམ་ཚིག་དང་སྡོམ་པའི་ངོ་བོ། དམ་ཚིག་དང་སྡོམ་པའི་དབྱེ་བསྡུ། སྐབས་སུ་བབས་པའི་དམ་ཚིག་དང་སྡོམ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཡིད་མཚན་རྟོག་ལས་སྐྱོབ་པའི་སྒོ་ནས་བདེ་བར་གྱུར་པའོ། །དེ་ཉིད་སྔགས་ཀྱི་དམ་ཚིག་དང་སྡོམ་པ་གཉིས་ཀའི་མཚན་ཉིད་ཡིན་ཏེ། དེ་གཉིས་མཚན་ཉིད་གཅིག་གིས་མཚོན་པར་ནུས་པའི་མཚོན་བྱ་མིང་གི་རྣམ་གྲངས་པ་ཡིན་པའི་ཕྱིར་ཏེ། རྩ་རྒྱུད་ལས། སྡོམ་པ་ཞེས་བྱ་གང་གིས་དང་། །དམ་ཚིག་གང་གིས་གནས་པར་བགྱི། །ཞེས་པའི་འགྲེལ་པ་དག་ལྡན་དུ། དང་པོར་ཐོབ་པ་ལ་དམ་ཚིག་དང་རྗེས་སུ་བསྲུང་བ་ལ་སྡོམ་པའམ། ཡང་ན་བཟའ་བ་ལ་དམ་ཚིག་དང་བསྲུང་བ་ལ་སྡོམ་པའམ། ཡང་ན་གཉེན་པོ་རྟེན་པ་ལ་དམ་ཚིག་དང་སྤང་བྱ་སྤོང་བ་ལ་སྡོམ་པའམ། ཡང་ན་དེ་གཉིས་མིང་གི་རྣམ་གྲངས་སུ་ཡང་འགྱུར་རོ་ཞེས་གསུངས་པའི་ཕྱིར། ཅིའི་ཕྱིར་དམ་ཚིག་དང་སྡོམ་པ་མིང་གི་རྣམ་གྲངས་ཡིན་ཞེ་ན། དམ་ཚིག་གི་སྐད་དོད་ལ། ས་མ་ཡ་ཞེས་པ་ཡོད་ལ། དེ་ཉིད་མཉམ་པ་དང་། མི་འདའ་བ་དང་། རྟོག་པ་གསུམ་ལ་འཇུག་པ་ལས། རང་གིས་བླངས་པའི་བསླབ་པའི་རྐང་གྲངས་ཐམས་ཅད་བསྲུང་བར་མཉམ་པ་དང་། རྐང་གྲངས་ཐམས་ཅད་ལས་མི་འདའ་བ་དང་། བསླབ་པའི་བླང་བྱ་དང་སྤང་བྱའི་གནས་ཚུལ་ཇི་ལྟ་བ་བཞིན་རྟོགས་པས་ན་དམ་ཚིག་ཅེས་བྱའོ། །འདི་ལྟ་བུའི་བཤད་ཚུལ་ནི་སྡོམ་པ་གསུམ་ཀ་ལ་འཇུག་གོ །སྡོམ་པའི་སྐད་དོད་ལ་སམ་བ་ར་ཞེས་ཡོད་ལ། སམ་གྱི་སྒྲ་ལས་སུ་ཁ་ནི་བདེ་བ། བ་ར་ནི་མཆོག་ཅེས་བྱ་ལ། དེ་ཡང་ཚིག་འགྱུར་ལ་བདེ་མཆོག་དང་། དོན་འགྱུར་ལ་སྡོམ་པར་འགྱུར་རོ། །འཁོར་ལོ་བདེ་མཆོག་ལ་ནི་གཉིས་ཆར་དུ་བསྒྱུར་བ་ཡོད་དེ་ཙཀྲ་སམ་བ་ར་ཞེས་པ་གཅིག་ཉིད་འཁོར་ལོ་བདེ་མཆོག་ཅེས་པ་དང་། འཁོར་ལོ་སྡོམ་པ་ཞེས་པར་བསྒྱུར་རོ། །འདི་ལ་བདེ་བའི་དོན་ངེས་པར་བྱ་བ་དང་། མཆོག་གི་དོན་ངེས་པར་བྱ་བ་གཉིས། དང་པོ་ནི། སྐབས་འདིའི་བདེ་བ་དེ་ཚོར་བ་བདེ་བ་མ་ཡིན་ཏེ། ཚོར་བ་བདེ་བ་ནི་སིམས་པར་ཉམས་སུ་མྱོང་བ་ཡིན་ལ། འདི་ནི་དེ་ལྟར་མིན་པའི་ཕྱིར། ཤིན་སྦྱངས་ཀྱི་བདེ་བ་ཡང་མིན་ཏེ། ཤིན་སྦྱངས་ཀྱི་བདེ་བ་ནི་ཞི་གནས་ཀྱི་ཡོན་ཏན་ཡིན་ལ། འདི་ནི་དེ་ལྟར་མིན་པའི་ཕྱིར་རོ། །དེས་ན་སྐབས་འདིའི་བདེ་བ་ནི། སྤང་བྱ་སྤོང་བའི་སྒོ་ནས་བདེ་བར་འཇོག་པ་ཡིན་ཏེ། དཔེར་ན་དགྲ་བོ་བཅོམ་པས་ཡུལ་ཁམས་བདེ་བ་བཞིན་ནོ། །གཉིས་པ་སྐབས་འདིའི་མཆོག་ནི་ཟག་བཅས་ལས་མཆོག་ཏུ་གྱུར་པ་མིན་ཏེ། ཟག་བཅས་ལ་ཡང་སྐབས་འདིའི་མཆོག་བཤད་དགོས་པ་ཡོད་པའི་ཕྱིར་ཏེ། ཟག་མེད་ཁོ་ནར་མ་ངེས་པའི་ཕྱིར། ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་ལས་མཆོག་ཏུ་གྱུར་པའང་མིན་ཏེ། དེ་གཉིས་ལ་ཡང་འདིའི་མཆོག་དེ་བཤད་དགོས་པའི་ཕྱིར་ཏེ། འདིའི་མཆོག་དེ་གསང་སྔགས་ཁོ་ནར་མ་ངེས་པའི་ཕྱིར། དེས་ན་སྐབས་འདིའི་མཆོག་དེ་སྡོམ་པས་བསྡུས་པའི་བདེ་བ་ཡིན་ཏེ། རྗེ་བཙུན་གྱིས་སྡོམ་པ་གསུམ་ཀའང་དོན་མཚན་ལྔ་ལྔའི་སྒོ་ནས་བཤད་པའི་ཚེ། སྡོམ་པ་རང་གི་ངོ་བོ་ནི་དེས་བདེ་བར་གྱུར་པ་སྟེ་ཞེས་གསུངས་པས་དོན་ཚན་བཞིའི་སྒོ་ནས་བདེ་བར་གྱུར་པ་ལ་མཆོག་ཅེས་བྱ་བ་ཡིན་ལ། དེ་ལས་གཞན་དུ་གྱུར་པའི་མཆོག་གི་དོན་མ་གསུངས་པའི་ཕྱིར་རོ། །འོ་ན་སྡོམ་པ་གསུམ་པོ་དོན་ཚན་ལྔ་ལྔའི་སྒོ་ནས་ཇི་ལྟར་བཤད་ཅེ་ན། རྗེ་བཙུན་གྱིས། སོ་ཐར་དང་རྫོགས་རིམ་གྱི་སྡོམ་པ་གཉིས་དོན་ཚན་ལྔ་ལྔའི་སྒོ་ནས་བཤད་ནས། བྱང་སེམས་ལའང་སྤང་བྱ་གང་སྡོམ་ཙམ་ལས་མ་གསུངས་ཀྱང་། རྗེ་བཙུན་རྩེ་མོས། སོ་ཐར། བྱང་སེམས། བསྐྱེད་རིམ། རྫོགས་རིམ་གྱི་སྡོམ་པ་དང་བཞི་ཆར་དོན་ཚན་ལྔ་ལྔའི་སྒོ་ནས་གསུངས་པ་ལྟར་བཤད་ན། སོ་ཐར་གྱི་སྡོམ་པ་ལ་ལྔ་ལས། གནས་གང་དུ་སྡོམ་པ་ནི་རྒྱ་གར་ན་ལེནྡྲ་ལ་སོགས་པ་དགེ་འདུན་གང་དུ་བཞུགས་པའི་གནས་དེ་ཉིད་དུའོ། །གྲངས་ཇི་སྙེད་ཅིག་སྡོམ་ན་དགེ་སློང་ལ་བསླབ་བྱའི་གྲངས་ཇི་སྙེད་ཅིག་ཡོད་ཀྱང་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་། དགེ་ཚུལ་ལ་ཇི་སྙེད་ཡོད་ཀྱང་བཅུ་དང་། དགེ་བསྙེན་ལ་ཇི་སྙེད་ཡོད་ཀྱང་ལྔར་སྡོམ་པའོ། །སྤང་བྱ་གང་སྡོམ་པ་ནི་ལུས་ངག་གི་ཁ་ན་མ་ཐོ་བ་སྡོམ། ཐབས་གང་གི་སྡོམ་ན་གསོལ་བཞིའི་ལས་ལ་སོགས་པའི་ཐབས་ཀྱིས་སྡོམ་པའོ། །སྡོམ་པ་རང་གི་ངོ་བོ་ནི་དེས་བདེ་བར་གྱུར་པ་སྟེ། མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་གསུངས་སོ། །བྱང་སེམས་ལ་ཡང་ལྔ་ལས། གནས་གང་དུ་སྡོམ་ན་སོ་ཐར་བཞིན་བྱང་ཆུབ་སེམས་དཔའ་གང་དུ་བཞུགས་པའི་གནས་དེ་ཉིད་དུའོ། །གྲངས་ནི་བྱང་ཆུབ་སེམས་དཔའི་བསླབ་པའི་གྲངས་ཇི་སྙེད་ཡོད་པ་ཐམས་ཅད་དང་སྡོམ་པ་ཉི་ཤུ་པ་ལྟར་ན་རྩ་བ་བཞི་དང་ཉེས་བྱས་བཞི་བཅུ་རྩ་དྲུག་སྤང་བར་སྡོམ། ནམ་མཁའི་སྙིང་པོའི་མདོ་ལྟར་ན་བཅུ་བཞིའམ་བཅུ་དགུར་སྡོམ། ཡང་ན་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་དུ་སྡོམ། ཡང་ན་བྱང་ཆུབ་སེམས་དཔའི་ཉམས་ལེན་གྱི་སྤྱོད་པ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་པ་ལ་སོགས་པ་མཐའ་ཡས་སོ། །སྤང་བྱ་གང་སྡོམ་ན་སེམས་ཀྱི་ཁ་ན་མ་ཐོ་བ་སྡོམ་པ་སྟེ་གཞན་ལ་གནོད་པ་ནི་ཉན་ཐོས་དང་ཐུན་མོང་བ་ཡིན་ལ། འདིར་ནི་གཞན་ལ་ཕན་པ་བསྒྲུབ་པར་མི་ནུས་པའི་དམན་སེམས་སྡོམ་པ་གཙོ་བོ་ཡིན་ནོ། །ཐབས་གང་གིས་སྡོམ་ན་དགེ་བའི་བཤེས་གཉེན་ནམ་རྟེན་གྱི་དྲུང་དུ་དབུ་སེམས་ཀྱི་ཆོ་གའི་ཐབས་ཀྱིས་སོ། །སྡོམ་པ་རང་གི་ངོ་བོ་ནི་དེས་བདེ་བར་གྱུར་པ་སྟེ། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བའི། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་པའོ། །བསྐྱེད་རིམ་ལའང་ལྔ་ལས། གནས་ནི་མཉམ་གཞག་ཏུ་སྒྲུབ་པ་པོ་རང་ཉིད་གང་དུ་གནས་པའི་གནས་དེ་ཉིད་དུ་སྡོམ་སྟེ། སྒྲུབ་ཐབས་རྣམས་ལས་གང་དུ་སྒོམ་པའི་གནས་གསུངས་པ་ལྟ་བུའོ། །རྗེས་སྤྱོད་ལ་སྣང་བའི་དངོས་པོ་གང་དུ་ཡོད་པའི་སྟེང་དུའོ། །གྲངས་ནི་ཕྱི་རོལ་གྱི་ཆོས་ཐམས་ཅད་ནང་དུ་སྡོམ་པ་སྟེ། གཟུགས་ཀྱི་ཕུང་པོ་གཅིག་ཉིད་ལ་དབང་པོ་ལྔ་དང་། དོན་ལྔ་ལ་སོགས་པ་དང་། དེ་རེ་རེ་ལའང་སྐད་ཅིག་སྔ་ཕྱི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། དེ་ཐམས་ཅད་རྣམ་སྣང་གཅིག་གི་ངོ་བོར་སྡོམ་པ་ལྟ་བུ་ལ་སོགས་པའོ། །སྤང་བྱ་ནི་ཐ་མལ་པའི་རྣམ་རྟོག་གོ །ཐབས་ནི་དང་པོར་བུམ་དབང་དང་། དེ་ནས་ཕྱི་ནང་གི་བསྐྱེད་རིམ་སྒོམ་པའི་ཐབས་ཀྱིས་སོ། །སྡོམ་པ་རང་གི་ངོ་བོ་ནི་དེས་བདེ་བར་གྱུར་པ་སྟེ། གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་འདི་བདེ་བའི་སྡོམ་པ་སྟེ། །ཞེས་གསུངས་སོ། །བཞི་པ་རྫོགས་རིམ་ལའང་ལྔ་ལས། གནས་ནི་རང་བྱིན་རླབས་ཀྱི་སྐབས་སུ་སྤྱིར་རྩ་འཁོར་ལོ་བཞི་དང་། ཁྱད་པར་ལྟེ་བའི་ཨཾ་གི་གནས་སུའོ། །དཀྱིལ་འཁོར་འཁོར་ལོའི་སྐབས་སུ་ནི་དབང་གི་གནས་སུའོ། །གྲངས་ནི་ཕྱི་རོལ་གྱི་ཆོས་ཐམས་ཅད་ནང་དུ་སྡོམ་པ་སྟེ། དེ་ཡང་བཞི་ཚན་གྱི་ཆོས་ཐམས་ཅད་རྩ་འཁོར་ལོ་བཞི་དང་། གསུམ་ཚན་ཐམས་ཅད་རྩ་གསུམ་དང་། གཉིས་ཚན་ཐམས་ཅད་རྩ་རོ་རྐྱང་གཉིས་སུ་སྡོམ་པའོ། །སྤང་བྱ་ནི་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་དོ། །ཐབས་ནི་དང་པོར་དབང་གོང་མ་དང་། དེ་ནས་རང་བྱིན་རླབས་དང་དཀྱིལ་འཁོར་འཁོར་ལོ་སྒོམ་པའི་ཐབས་ཀྱིས་སོ། །རང་བྱིན་རླབས་ནི་རྗེ་བཙུན་གྱིས། ལྟེ་བར་གཏུམ་མོ་འབར་བ་ཡིས། །ཞེས་སོགས་ཀྱི་གཞུང་ལ་དགོངས་ལ། རྩ་རྒྱུད་ཕྱི་མར། སངས་རྒྱས་ཀུན་གྱིས་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་གི་གནས་སུ་ཡང་དག་གནས། །ཞེས་གསུངས་པས་དབང་གི་སྡོམ་པ་ཡང་གསུངས་སོ། །སྡོམ་པ་རང་གི་ངོ་བོ་ནི་དེས་བདེ་བར་གྱུར་པ་སྟེ། རང་རིག་བདེ་བ་ཆེན་པོ་ཉིད། །ཅེས་གསུངས་སོ། །གཉིས་པ་དབྱེ་བསྡུ་ལ། དབྱེ་བ་དང་བསྡུ་བ་གཉིས་ལས། དང་པོ་ལ་བདུན་ཏེ། བརྗོད་བྱ་རྒྱུད་ཀྱི་སྒོ་ནས་དབྱེ་བ། རྗོད་བྱེད་རྒྱུད་སྡེའི་སྒོ་ནས། རྟེན་དང་བརྟེན་པའི་སྒོ་ནས། རྟེན་གི་གང་ཟག་གི་སྒོ་ནས། ཆོ་གའི་གནས་སྐབས་ཀྱི་སྒོ་ནས། སྨིན་བྱེད་དབང་གི་སྒོ་ནས། གྲོལ་བྱེད་ལམ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་གསུམ་སྟེ། རྒྱུ་རྒྱུད་ཀྱི་སྔགས་སྡོམ། ཐབས་རྒྱུད་ཀྱི་སྔགས་སྡོམ། འབྲས་རྒྱུད་ཀྱི་སྔགས་སྡོམ་མོ། །དང་པོའི་མཚན་ཉིད། ཡིད་མཚན་རྟོག་ལས་རང་བཞིན་གྱིས་སྐྱོབ་པའི་སྒོ་ནས་རང་བཞིན་གྱིས་བདེ་བར་གྱུར་པ་སྟེ། འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་སྨིན་བྱེད་ཀྱི་དབང་མ་ཐོབ་ཀྱི་བར་གྱི་སེམས་གསལ་སྟོང་ཟུང་འཇུག་དེ་ཉིད་དོ། །རྟེན་ནི་རིགས་དྲུག་གི་སེམས་ཅན་ཐམས་ཅད་དོ། །གཉིས་པའི་མཚན་ཉིད། ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་སུ་གྱུར་པའི་སྒོ་ནས་ལམ་གྱི་ངོ་བོར་གྱུར་པའི་བདེ་བ་སྟེ། སྨིན་བྱེད་ཐོབ་པ་ནས་འབྲས་རྒྱུད་མ་ཐོབ་ཀྱི་བར་གྱི་ཉམས་ལེན་ཐམས་ཅད་དོ། །གསུམ་པའི་མཚན་ཉིད། ཡིད་མཚན་རྟོག་མ་ལུས་པ་ལས་སྐྱོབ་པའི་སྒོ་ནས་འབྲས་བུའི་ངོ་བོར་གྱུར་པའི་བདེ་བ། འདི་ནི་བཅུ་གསུམ་རྡོ་རྗེ་འཛིན་པའི་སས་བསྡུས་སོ། །དེ་ལྟར་གསུམ་དུ་ཡོད་ཀྱང་། རྒྱུ་རྒྱུད་ཀྱི་སྔགས་སྡོམ་གྱིས་ནི་གསུང་རབ་འཆད་པའི་སྐབས་ཀྱི་ཐ་སྙད་ཀྱི་སྔགས་སྡོམ་གྱི་གོ་མི་ཆོད་དེ། དཔེར་ན་རྒྱུ་རྒྱུད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་གོ་མི་ཆོད་པ་བཞིན་ནོ། །གཉིས་པ་རྗོད་བྱེད་རྒྱུད་སྡེའི་སྒོ་ནས་དབྱེ་བ་ལ་བཞི་སྟེ། བྱ་རྒྱུད་ཀྱི་སྔགས་སྡོམ། སྤྱོད་རྒྱུད་ཀྱི། རྣལ་འབྱོར་རྒྱུད་ཀྱི། རྣལ་འབྱོར་བླ་མེད་རྒྱུད་ཀྱི་སྔགས་སྡོམ་མོ། །དང་པོའི་མཚན་ཉིད། མཚན་བཅས་ཀྱི་རྣལ་འབྱོར་མདུན་བསྐྱེད་ཁོ་ན་དང་། མཚན་མེད་ཀྱི་རྣལ་འབྱོར་མེར་གནས། སྒྲར་གནས། སྒྲ་མཐའི་ཏིང་ངེ་འཛིན་གསུམ་གྱི་ཐབས་ཀྱིས་ཡིད་མཚན་རྟོག་ལས་སྐྱོབ་པའི་སྒོ་ནས་བདེ་བར་གྱུར་པ། དེ་ནི་ཆུ་དང་ཅོད་པཎ་གྱི་དབང་གི་སྐབས་སུ་ཐོབ་བོ། །གཉིས་པའི་མཚན་ཉིད། མཚན་བཅས་ཀྱི་རྣལ་འབྱོར་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ཐ་དད་པ་ཁོ་ན་དང་། མཚན་མེད་ཀྱི་རྣལ་འབྱོར་སྔར་གྱི་ཏིང་ངེ་འཛིན་གསུམ་གྱི་ཐབས་ཀྱིས་ཡིད་མཚན་རྟོག་ལས་སྐྱོབ་པའི་སྒོ་ནས་བདེ་བར་གྱུར་པ་དེ་ནི་རྡོ་རྗེ་དྲིལ་བུ་མིང་གི་དབང་གི་སྐབས་སུ་ཐོབ་བོ། །གསུམ་པའི་མཚན་ཉིད། མཚན་བཅས་ཀྱི་རྣལ་འབྱོར་མཉམ་གཞག་ཏུ་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པ་ཁོ་ན་དང་། རྗེས་སྤྱོད་ལ་དེ་གཉིས་ཐ་དད་ཁོ་ན་དང་། མཚན་མེད་ཀྱི་རྣལ་འབྱོར་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་ཐབས་ཀྱིས་ཡིད་མཚན་རྟོག་ལས་སྐྱོབ་པའི་སྒོ་ནས་བདེ་བར་གྱུར་པ། དེ་ནི་ཕྱིར་མི་ལྡོག་པ་འཁོར་ལོའི་དབང་གི་སྐབས་སུ་ཐོབ་བོ། །བཞི་པའི་མཚན་ཉིད། བསྐྱེད་རྫོགས་གཉིས་ཀྱི་ཐབས་ཀྱིས་ཡིད་མཚན་རྟོག་ལས་སྐྱོབ་པའི་སྒོ་ནས་བདེ་བར་གྱུར་པ། དེ་ནི་དབང་བཞི་རྫོགས་པའི་སྐབས་སུ་ཐོབ་བོ། །གསུམ་པ་རྟེན་དང་བརྟེན་པའི་སྒོ་ནས་དབྱེ་ན་གསུམ་སྟེ། སོ་ཐར་གྱི་ངོ་བོར་གྱུར་པའི་སྔགས་སྡོམ། བྱང་སེམས་ཀྱི་ངོ་བོར་གྱུར་པའི་སྔགས་སྡོམ། སྡོམ་པ་གསུམ་གྱི་ཟླས་ཕྱེ་བའི་སྔགས་སྡོམ་མོ། །དང་པོའི་མཚན་ཉིད། གཞན་ལ་གནོད་པ་གཞི་བཅས་སྤོང་བའི་སྒོ་ནས་ཡིད་མཚན་རྟོག་ལས་སྐྱོབ་པའི་བདེ་བ། གཉིས་པའི་མཚན་ཉིད། གཞན་ལ་ཕན་པ་ཁྱད་པར་ཅན་སྒྲུབ་པའི་སྒོ་ནས་ཡིད་མཚན་རྟོག་ལས་སྐྱོབ་པའི་བདེ་བ། གསུམ་པའི་མཚན་ཉིད། ལྷའི་རྣམ་པའམ་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པའི་སྒོ་ནས་ཡིད་མཚན་རྟོག་ལས་སྐྱོབ་པའི་བདེ་བའོ། །བཞི་པ་རྟེན་གྱི་གང་ཟག་གི་སྒོ་ནས་དབྱེ་ན། གང་ཟག་སྤྱིའི་དམ་ཚིག ལས་དང་པོ་པའི། བརྟན་པ་ཐོབ་པའི། བརྟན་པ་ཆེར་ཐོབ་པའི་དམ་ཚིག་གོ །དང་པོ་ནི། བླ་མ་ལ་མ་གུས་པ་སྤང་བ་དང་། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་མི་སྤང་བའོ། །གཉིས་པ་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས་སྲུང་བ་དང་། གུར་ནས་གསུངས་པའི་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཞེས་བྱ་བ་ལ་སོགས་པའོ། །གསུམ་པ་ནི། ཕྱག་རྒྱ་བཅིང་བ་རྣམ་སྤང་ཞིང་། །ཞེས་པའི་ཚིག་རྐང་བདུན་ནོ། །བཞི་པ་ནི། དབང་དང་བསླབ་ལས་རྣམ་པར་གྲོལ། །ཞེས་བྱ་བ་ལ་སོགས་པའོ། །ལྔ་པ་ཆོ་གའི་གནས་སྐབས་ཀྱི་སྒོ་ནས་དབྱེ་བ་ལ་གཉིས། སྟ་གོན་གྱི་སྐབས་སུ་ཐོབ་པའི་སྡོམ་པ་དང་། དངོས་གཞིའི་སྐབས་སུ་ཐོབ་པའི་སྡོམ་པའོ། །དང་པོ་ལ་སྡོམ་པ་གསུམ་ཡོད་པ་ལས། སྡོམ་པ་འོག་མ་གཉིས་རྒྱུན་བཤགས་ལན་གསུམ་བྱས་པའི་སྐབས་སུ་ཐོབ་བོ། །དེ་ཡང་སྔར་སྔོན་དུ་མ་སོང་བ་ཡིན་ན་སྐབས་འདིར་གསར་དུ་ཐོབ་ལ། སྔོན་དུ་སོང་ན་སྐབས་འདིར་སྔགས་སྡོམ་གྱི་ངོ་བོར་གནས་འགྱུར་རོ། །སྔགས་སྡོམ་ནི་མྱང་འདས་ཀྱི་བསམ་པ་བསྐྱེད་པ་དང་། གསང་སྔགས་ལ་སྤྲོ་བ་བསྐྱེད་པ་དང་། གནས་གསུམ་བསྲུང་བའི་སྐབས་དང་། ཟབ་མོའི་ཆོས་བཤད་ཀྱི་སྐབས་རྣམས་སུ་ཐོབ་པའོ། །གཉིས་པ་ལྔ་སྟེ། འཇུག་པའི་སྐབས་སུ་ཐོབ་པ་དང་། རིགས་ལྔའི་དབང་གི་དང་། བརྟུལ་ཞུགས་ཀྱི་དང་། རྡོ་རྗེ་སློབ་དཔོན་གྱི་དང་། དབང་གོང་མ་གསུམ་གྱི་སྐབས་སུ་ཐོབ་པའོ། །དང་པོ་ལ་གཉིས་ལས་ཕྱི་འཇུག་ལ་རྒྱུན་བཤགས་ཀྱི་སྐབས་སུ་ནི། སྔར་གྱི་དེ་དག་གོང་འཕེལ་དུ་འགྱུར་རོ། །འདོད་པ་དྲི་བའི་སྐབས་སུ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་པའི་ལན་དུ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་པའི་ལན་བཏབ། བདེ་བ་ཆེན་པོ། དེ་ཡིས་བུ་ལ་ཅི་ཞིག་བྱ། །ཞེས་པའི་ལན་དུ། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་ལན་བཏབ་པ་འདི་མན་ཆད་ཀྱི་ཆོ་གའི་སྒོ་ནས་ཐོབ་པའི་སྡོམ་པ་ཐམས་ཅད་བདེ་བ་ཆེན་པོ་དང་། སངས་རྒྱས་མཆོག་གི་དམ་ཚིག་ཡིན་པ་ལ་ནི་ཁྱད་པར་མེད་དོ། །དེ་ཡང་བསྒོམ་བྱ་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་བ་ཡིན་ཞིང་། སྒོམ་ཚུལ་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པ་ནི་ཟླ་བ་རྡོ་རྗེའི་སེམས་བསྐྱེད་པ་སྟེ། བསྒོམ་བྱ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་དེ་ཉིད། སྒོམ་ཚུལ་གཟུགས་ཀྱི་རྣམ་པར་སྒོམ་པ་ཡིན་པའི་ཕྱིར། དེ་ནི་ཕྱི་འཇུག་གི་སྐབས་སུ་ཐོབ་པའི་སྡོམ་པ་ཡིན་ནོ། །ནང་འཇུག་ལ་ཡེ་ཤེས་དབབ་པའི་སྐབས་དང་། མེ་ཏོག་དབུལ་ཞིང་མགོ་ལ་བཅིང་བ་དང་། དཀྱིལ་འཁོར་བསྟན་པ་རྣམས་ཀྱི་སྐབས་སུ་ཐོབ་པའི་སྡོམ་པ་ཡིན་ནོ། །མདོར་ན་ཡོལ་བའི་ཕྱི་ནང་གི་འཇུག་པའི་སྐབས་སུ་ཐོབ་པའི་སྡོམ་པ་རྣམས་ལ་ནི་ལྷ་དང་སྐལ་བ་མཉམ་པའི་དམ་ཚིག་ཅེས་པའི་ཐ་སྙད་ཀྱང་གསུངས་སོ། །གཉིས་པ་རིག་པའི་དབང་ལྔའི་སྐབས་སུ་ཐོབ་པ་ལ་གཉིས་ཏེ། བླ་མེད་དང་ཡོ་གའོ། །དང་པོ་ལ་གསུམ། གྲངས་དང་། སྤང་བྱ་དང་། དམ་ཚིག་གང་ཐོབ་པའོ། །དང་པོ་གྲངས་ནི་རྣམ་པར་ཤེས་པའི་ཕུང་པོ་ལ་གྲངས་ཇི་སྙེད་ཅིག་ཡོད་ཀྱང་དེ་ཐམས་ཅད་མི་བསྐྱོད་པའི་ངོ་བོར་སྡོམ་མོ། །དེ་བཞིན་དུ་ཕུང་པོ་གཞན་བཞི་པོ་སོ་སོ་ལ་གྲངས་ཇི་སྙེད་ཡོད་པ་ཐམས་ཅད་དེ་བཞིན་གཤེགས་པ་རིགས་གཞན་བཞི་པོ་སོ་སོའི་ངོ་བོར་སྡོམ་པའོ། །གཉིས་པ་སྤང་བྱ་ནི་དེ་ཐམས་ཅད་ལ་ཐ་མལ་དུ་འཛིན་པའི་རྟོག་པ་སྡོམ་པའོ། །གསུམ་པ་དམ་ཚིག་ནི་རིག་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་ཐོབ་པ་ཡིན་ཏེ། རྗེ་བཙུན་རྩེ་མོས། དབང་དེ་དག་ཐོབ་པས་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལ་སོགས་པ་དེ་བཞིན་གཤེགས་པ་སྤྱི་དང་བྱེ་བྲག་གི་དམ་ཚིག་བསྲུང་ཞིང་བསྟེན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པའི་ཕྱིར། གཉིས་པ་ཡོ་ག་ལ་རྡོ་རྗེ་སློབ་མའི་དབང་གི་སྐབས་ཀྱི་རིག་པའི་དབང་ལྔ་དང་། རྡོ་རྗེ་སློབ་དཔོན་གྱི་སྐབས་ཀྱི་རིག་པའི་དབང་གཉིས་ལས། དང་པོའི་སྐབས་སུ་རིག་ལྔའི་དམ་ཚིག་དེ་དག་ཐོབ་པར་མི་འགྱུར་ཏེ། དེ་ནི་དམ་ཚིག་འཛིན་ནུས་པ་དང་མི་ནུས་པ་གཉིས་ཆར་ལ་བསྐུར་བར་གསུངས་ཤིང་། མི་ནུས་པ་ལ་འཇུག་པའི་སྐབས་སུ་སྡོམ་པ་བསྒྲགས་བཟུང་ལ་སོགས་པའི་ཆོས་བདུན་ཡང་མི་མཛད་པར་གསུངས་པའི་ཕྱིར། དེས་ན་གཉིས་པའི་སྐབས་སུ་ཐོབ་པ་ཡིན་ཏེ། རིག་ལྔའི་དམ་ཚིག་ཡིན་པས་རིག་པའི་དབང་གི་སྐབས་སུ་ཐོབ་དགོས་ཤིང་། དང་པོ་ནི་མེ་ཏོག་གང་ཕོག་གི་ལྷ་ལ་བརྟེན་པ་ཡིན་ལ། ཕྱི་མ་ནི་མེ་ཏོག་གང་ལ་ཕོག་ཀྱང་རྡོ་རྗེ་སེམས་དཔའ་ཁོ་ན་ལ་བརྟེན་པར་གསུངས་པའི་ཕྱིར་རོ། །དེས་ན་བླ་མེད་ཀྱི་རིག་པའི་དབང་ལྔ་དང་། ཡོ་གའི་རྡོ་རྗེ་སློབ་མའི་དབང་གི་སྐབས་ཀྱི་རིག་པའི་དབང་ལྔ་ནི་ན་མི་མཉམ་ལ། དེའི་རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་ཀྱི་རིག་པའི་དབང་དང་ན་མཉམ་པར་ཤེས་པར་བྱའོ། །གསུམ་པ་རྡོ་རྗེའི་བརྟུལ་ཞུགས་ཀྱི་སྐབས་སུ་ཐོབ་པའི་དམ་ཚིག་ལ་ཐ་མལ་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བརྟུལ་པའི་སྡོམ་པ་ཞེས་པའི་ཐ་སྙད་གསུངས་སོ། །བཞི་པ་རྡོ་རྗེ་སློབ་དཔོན་གྱི་སྐབས་སུ་ཐོབ་པ་ལ་བླ་མེད་དང་། རྒྱུད་སྡེ་གཞན་གསུམ་གྱི་ལུགས་གཉིས་ལས། དང་པོ་ལ་སངས་རྒྱས་ཀུན་གྱི་དམ་ཚིག་བླ་ན་མེད་པ་དང་། སངས་རྒྱས་ཀུན་གྱི་སྡོམ་པ་བླ་ན་མེད་པ་ཞེས་པའི་ཐ་སྙད་གསུངས་སོ། །དེ་གནས་སྐབས་གང་དུ་ཐོབ་ན། དམ་ཚིག་གསུམ་སྦྱིན་ཆུ་དབང་རྒྱས་པ་བསྐུར་ཏེ། རིགས་བདག་གིས་རྒྱས་གདབ་པའི་དུས་སུ་ཐོབ་བོ། །གཉིས་པ་ལ་དམ་ཚིག་གསུམ་སྦྱིན་དགོས་པའི་ངེས་པ་མེད་པར་རང་རང་གི་སློབ་དཔོན་གྱིས་དབང་གི་དོན་དུ་གསོལ་བ་གདབ་པའི་རྗེས་སུ། དབང་སྟེགས་ཀྱི་སྟེང་དུ་བཞག་ནས་ཆུ་དབང་རྒྱས་པ་བསྐུར་ཏེ་རིགས་བདག་གི་རྒྱས་གདབ་པའི་སྐབས་སུ་ཐོབ་པའོ། །ལྔ་པ་དབང་གོང་མ་གསུམ་གྱི་སྐབས་སུ་ཐོབ་པ་ལ་རང་རིག་བདེ་བ་ཆེན་པོའི་སྡོམ་པ་ཞེས་པའི་ཐ་སྙད་གསུངས་སོ། །དྲུག་པ་སྨིན་བྱེད་དབང་གི་སྒོ་ནས་དབྱེ་ན་བཞི། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། དབང་བཞི་པའི་དམ་ཚིག་གོ །དེ་རེ་རེ་ལའང་ལྔ་ལྔ་སྟེ་ཉི་ཤུའོ། །བདུན་པ་གྲོལ་བྱེད་ལམ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། གསང་བ་འདུས་པའི་རྒྱུད་ལས། སྡོམ་པ་ཞེས་བྱ་བ་ཅི་ལྟ་བུ་ཞེས་པའི་ལན་དུ། སངས་རྒྱས་རྣམས་ཀྱིས་དེར་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་གསུངས་པ་ལྟར་བསྐྱེད་རིམ་གྱི་སྡོམ་པ་དང་། རྫོགས་རིམ་གྱི་སྡོམ་པ་གཉིས་སོ། །གཉིས་པ་བསྡུ་བའི་རིམ་པ་ལ་གཉིས། བསྲུང་བྱའི་སྒོ་ནས་དང་། སྦྱང་གཞིའི་སྒོ་ནས་བསྡུ་བའོ། །དང་པོ་ལ་གསུམ། བཟའ་བའི་དམ་ཚིག བསྲུང་བའི་དམ་ཚིག མི་འབྲལ་བའམ་རྟེན་པའི་དམ་ཚིག་གོ །དང་པོ་ལ་གཉིས་ལས། རྒྱུན་གྱི་དམ་ཚིག་ནི་ཤ་ལྔ་བདུད་རྩི་ལྔའི་རིལ་བུ་བསྟེན་པའོ། །དུས་ཁྱད་པར་ཅན་གྱི་དམ་ཚིག་ནི་ཟླ་བ་གཅིག་ལ་དུས་དྲུག་གི་བརྒྱད་ཆ་ལ་ཚོགས་ཀྱི་འཁོར་ལོ་བྱའོ། །གཉིས་པ་ལ། སྦྱང་གཞི་རང་གཞན་གྱི་ལུས་ངག་ཡིད་གསུམ་ལ་འདུས་པས། དམ་ཚིག་ཀྱང་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གསུམ་དུ་འདུས་ཏེ། འདི་གསུམ་གྱི་དམ་ཚིག་བསྲུང་བས་དམ་ཚིག་གཞན་ཐམས་ཅད་བསྲུང་བར་འགྱུར་བའི་ཕྱིར་རོ། །ཅི་ལྟར་རྡོ་རྗེ་གསུམ་གྱི་དམ་ཚིག་ཡིན་ཞེ་ན། སཾ་བུ་ཊི་ལས། བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མས་བསྐྱེད་པས་ན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ །ཞེས་པས་གཞན་གྱི་གཟུགས་བཟང་ངན་སྣ་ཚོགས་པ་འདི་དག་བག་ཆགས་ཀྱི་དབང་གིས་གློ་བུར་དུ་བསྐྱེད་པ་ཡིན་གྱི། རང་བཞིན་རྣམ་དག་གི་ཆ་ནས་སྐུ་རྡོ་རྗེ་ཡིན་ནོ་ཞེས་སྐུ་རྡོ་རྗེར་ཤེས་ནས་གཞན་གྱི་ལུས་ལ་མི་སྨོད་པ་དངོས་སུ་བསྟན་ནས། ཤུགས་ལ་རང་གི་ལུས་ཀྱི་མི་དགེ་བ་གསུམ་སྤང་བ་དང་ལུས་ལ་མི་སྨོད་པ་བསྟན། སེམས་ཅན་སྣ་ཚོགས་གདུང་བ་དང་། །ཀུན་རྟོག་དྲྭ་བའི་རྣམ་རྟོག་གིས། །སེམས་ལ་སྨད་པར་མི་བྱ་སྟེ། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ །ཞེས་གསུངས་པས་གཞན་གྱི་སེམས་ཉོན་མོངས་པས་གདུང་བ་དང་། རྣམ་རྟོག་གི་དྲྭ་བས་གཡོགས་པ་འདི་དག་བག་ཆགས་ཀྱི་དབང་གིས་གློ་བུར་དུ་བྱུང་བ་ཡིན་གྱི། རང་བཞིན་རྣམ་དག་གི་ཆ་ནས་ཐུགས་རྡོ་རྗེ་ཡིན་ནོ་ཞེས་ཐུགས་རྡོ་རྗེར་ཤེས་ནས་གཞན་གྱི་སེམས་ལ་མི་སྨོད་པ་དངོས་སུ་བསྟན་ནས། ཤུགས་ལ་རང་གི་སེམས་ལ་མི་སྨོད་པ་དང་སེམས་ཀྱི་མི་དགེ་བ་གསུམ་སྤང་བ་བསྟན། ཕྲག་དོག་ཉིད་ཀྱིས་མ་རངས་པ། །ཚིག་རྩུབ་ལ་སོགས་སྨྲ་མི་བྱ། །རྣ་བ་བདེ་བར་བྱེད་པ་ཉིད། །གསུང་གི་རྡོ་རྗེའི་དམ་ཚིག་གོ །ཞེས་གསུངས་པས་རྒྱུ་ཕྲག་དོག་གིས་ཀུན་ནས་བསླངས་ཏེ། ཚིག་རྩུབ་ལ་སོགས་པའི་ངག་གི་མི་དགེ་བ་བཞི་པོ་འདི་བག་ཆགས་ཀྱི་དབང་གིས་གློ་བུར་དུ་བྱུང་བ་ཡིན་གྱི། རང་བཞིན་རྣམ་དག་གི་ཆ་ནས་གསུང་རྡོ་རྗེ་ཡིན་ནོ་ཞེས་རང་གི་ངག་ལ་མི་སྨོད་པ་དང་ངག་གི་མི་དགེ་བ་བཞི་སྤང་བ་དངོས་སུ་བསྟན་ནས། ཤུགས་ལ་གཞན་གྱི་ངག་འཇམ་རྩུབ་གང་ལ་ཡང་མི་སྨོད་པ་བསྟན་ཏོ། །ཡེ་ཤེས་ཞབས་ལུགས་པས་ཀྱང་ལས་དང་པོ་པའི་སྐབས་སུ་ལུས་ཀྱི་མི་དགེ་བ་གསུམ་སྤངས་པ་ལུས་ཀྱི་སྡོམ་པ། ངག་གི་བཞི་སྤངས་པ་ངག་གི་སྡོམ་པ། ཡིད་ཀྱི་གསུམ་སྤངས་པ་ཡིད་ཀྱི་སྡོམ་པ་དང་། བརྟན་པ་ཐོབ་པའི་སྐབས་སུ་ལུས་ཀྱི་ལས་བཟང་ངན་ལ་བླང་དོར་མེད་པ་སྐུ་རྡོ་རྗེའི་དམ་ཚིག ངག་གི་ལས་བཟང་ངན་ལ་བླང་དོར་མེད་པ་གསུང་རྡོ་རྗེའི་དམ་ཚིག སེམས་ཀྱི་ལས་བཟང་ངན་ལ་བླང་དོར་མེད་པ་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་ཏུ་བཤད་དོ།། །།འདི་འདྲའི་ཆོས་ཚུལ་འདོམས་པར་བྱེད་པ་པོ། །སྲིད་གསུམ་འདྲེན་པ་དམ་པར་རབ་གྲགྃས་པྃ། །ཐར་པའི་རྒྱལྃ་མཚནྃ་སློང་བར་མཛད་པ་ཡི། །ཐུགས་རྗེས་སྤྲུལ་པའི་སྐྱེས་མཆོག་ཁྱོད་ལ་འདུད། །ཕུང་ཁམས་སྐྱེ་མཆེད་སྒོ་གསུམ་དྲི་མ་སྦྱངས། །དཀྱིལ་འཁོར་བཞི་ལ་སྐུ་བཞིའི་ས་བོན་བཏབས། །བསོདྃ་ནམྃས་ཡེ་ཤེས་ཚོགས་གཉིས་མཐར་ཕྱིན་ནས། །དམ་ཆོས་སྨྲ་བའི་སེྃང་གེྃར་འགྱུར་བར་ཤོག །སྙན་པའི་གྲགས་པས་ས་སྟེང་ཁྱབ་བྱས་ནས། །འགྲོ་བའི་ཆོས་དང་དཔལ་འབྱོར་རྒྱས་པ་ལ། །བུམ་བཟང་དཔག་བསམ་ཤིང་སོགས་ལྟ་བུ་དང་། །རྣམ་མང་ཉེར་འཚོའི་རྒྱུ་ཡང་བདག་གྱུར་ཅིག །ཅེས་པ་འདིའང་སྙིགས་དུས་ཀྱི་ཐུབ་དབང་གཉིས་པ་ཀུན་མཁྱེན་བླ་མའི་གསུང་ཇི་ལྟ་བ་བཞིན་བཀོད་པའོ།། །།རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་རྡོ་རྗེ་ཐེག་པ་ཡི། །བསྟན་པ་རྙེད་དང་བཀུར་བསྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousདམ་ཚིག་དང་སྡོམ་པའི་རྣམ་གཞག་ཟབ་དོན་བདུད་རྩིའི་སྙིང་པོ།next