Nitartha Digital Library
Tibetan
 
previousདཔལ་ཀྱཻ་རྡོ་རྗེའི་ལུས་དཀྱིལ་གྱི་རྣམ་པར་བཤད་པ་བདེ་ཆེན་བཅུད་ཀྱི་སྙིང་པོ།next

དཔལ་ཀྱཻ་རྡོ་རྗེའི་ལུས་དཀྱིལ་གྱི་རྣམ་པར་བཤད་པ་བདེ་ཆེན་བཅུད་ཀྱི་སྙིང་པོ།

དཔལ་ཀྱཻ་རྡོ་རྗེའི་ལུས་དཀྱིལ་གྱི་རྣམ་པར་བཤད་པ་བདེ་ཆེན་བཅུད་ཀྱི་སྙིང་པོ་བཞུགས་སོ།། ༄༅། །དཔལ་ཀྱཻ་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་བཤད་པ་བདེ་ཆེན་བཅུད་ཀྱི་སྙིང་པོ་ཞེས་བྱ་བ། རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་དང་། བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདེ་གཤེགས་རིགས་དྲུག་ལྷ་དང་བྷ་ག་ཡེ་ཤེས་ལྔ་ཡི་དངོས། །སྙིང་པོ་བདེ་ཆེན་རང་ལ་གནས་པ་ལེན་ཅིང་འཛིན་པའི་ཐབས། །རང་བཞིན་ཉམས་དགའི་དཀྱིལ་འཁོར་སྟོན་མཛད་དཔལ་ལྡན་བླ་མ་མཆོག །ཧེ་རུ་ཀ་དཔལ་ཉིད་དང་དབྱེར་མེད་དེ་ཡི་ཞབས་བཏུད་ནས། །ཕྱི་རོལ་སྤྲོས་ཀུན་ནང་དུ་ལེགས་བསྡོམས་ཏེ། །བདེ་ཆེན་ཡེ་ཤེས་ཉིད་ཀྱི་རྣམ་རོལ་དུ། །སྣང་བའི་ཆོས་ཀུན་རྟོགས་པར་བྱེད་པའི་ཐབས། །ཟབ་མོའི་དགོངས་པ་བཤད་ཀྱིས་དགའ་བས་ཉོན།། ༈ །།དཔལ་ཀྱཻའི་རྡོ་རྗེའི་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་ཀུན་ཏུ་ཁ་སྦྱོར་ལས་གསུངས་པའི་ལུས་ཀྱི་དཀྱིལ་འཁོར་རྣལ་འབྱོར་དབང་ཕྱུག་བིརྺ་པའི་མན་ངག་བཞིན། རྗེ་བཙུན་གོང་མ་རྣམས་ཀྱི་ཇི་ལྟར་བཞེད་པའི་ཚུལ། འདིར་བཤད་པར་བྱ་བ་ལ་དོན་གསུམ་སྟེ། སྤྱིར་དཀྱིལ་འཁོར་གྱི་སྒྲ་དོན། དཀྱིལ་འཁོར་དེའི་རབ་ཏུ་དབྱེ་བ། ལུས་དཀྱིལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཅིའི་ཕྱིར་དཀྱིལ་འཁོར་ཞེས་བྱ་ཞེ་ན། དེའི་སྐད་དོད་མཎྜལ་ཅེས་པའི་མའི་སྒྲ་ལས། མ་ནུ་སཱ་ར་ནི་སྙིང་པོ་སྟེ། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའོ། །ལ་ནི་ལེན་པའམ་འཛིན་པ་སྟེ། སྙིང་པོ་བདེ་བ་ཆེན་པོ་ལེན་ཅིང་འཛིན་པར་བྱེད་པས་ན་དཀྱིལ་འཁོར་ཏེ། རྩ་བའི་རྒྱུད་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་དང་། ཁ་སྦྱོར་ལས། དངོས་པོ་ཀུན་གྱི་སྙིང་པོ་མཆོག །ལེན་ཅིང་གཅོད་པ་ཉིད་ཀྱི་ཕྱིར། །ལུས་ནི་དཀྱིལ་འཁོར་ཉིད་དུ་བརྗོད། །རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱི། །དཀྱིལ་འཁོར་ཡང་ནི་དཀྱིལ་འཁོར་ཉིད། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །དཀྱིལ་འཁོར་དེ་ཉིད་དཀྱིལ་འཁོར་བརྗོད། །ཅེས་གསུངས་པས་སོ། །སྙིང་པོ་བདེ་ཆེན་ལེན་པས་དཀྱིལ་འཁོར་དུ་འཇོག་པའི་སྒྲ་དོན་དེ་ཉིད། རས་བྲིས་དང་། རྡུལ་ཚོན་དང་། བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཡང་འཇུག་སྟེ། སྨན་པའི་ཞབས་ཀྱིས། དཀྱིལ་འཁོར་བཞི་སྟེ་རི་མོ་དང་། །ལུས་དང་བྷ་ག་བྱང་ཆུབ་སེམས། །ཡེ་ཤེས་ལྔ་ལ་སོགས་པའི་གནས། །ཐོབ་བྱེད་ཉིད་དུ་གྱུར་པ་འོ། །ཅེས་གསུངས་པས་སོ། །དེས་ན་འཆད་པ་པོ་འགའ་ཞིག་གིས་གཙོ་བོ་ལ་དཀྱིལ་དང་། འཁོར་ལ་འཁོར་ཅེས་དང་། བརྟེན་པ་ལ་དཀྱིལ་དང་། རྟེན་ལ་འཁོར་ཞེས་དང་། འདས་པ་ལ་དཀྱིལ་དང་། འཇིག་རྟེན་པ་ལ་འཁོར་ཞེས་སྨྲ་བ་ནི་རྒྱུད་གཞུང་གི་ཁུངས་མེད་བཞིན་དུ་རང་དགར་སྨྲས་པའོ། །གཉིས་པ་ལ་དབྱེ་སྒོ་དྲུག་སྟེ། དཀྱིལ་འཁོར་བརྒྱད་དུ་དབྱེ་བ། དྲུག་ཏུ་དབྱེ་བ། ལྔར་དབྱེ་བ། བཞིར་དབྱེ་བ། གསུམ་དུ་དབྱེ་བ། གཉིས་སུ་དབྱེ་བའོ། །དང་པོ་ནི། གྲུབ་ཆེན་ཀླུ་བྱང་གིས། སློབ་མའི་དོན་ཀུན་བསྒྲུབ་པའི་ཕྱིར། །འཁོར་ལོ་རྣམ་བརྒྱད་བྲི་བར་བྱ། །རིན་ཆེན་དེ་བཞིན་ས་བོན་དང་། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་གཡོ་དང་ཕྱེ་མ་སྟེ། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་གསུངས་པའི་དང་པོ་གཉིས་ནི་རྩ་རྒྱུད་དང་པོའི་བཅུ་པར། རྡུལ་ཚོན་དམ་པའི་ཚོན་དང་ནི། །ཡང་ན་འབྲིང་པོ་ཉིད་ཀྱིས་ཏེ། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་འབྲས་ལ་སོགས་པས་སོ། །ཞེས་གསུང་པ་དང་དོན་གཅིག་གོ །གསུམ་པ་ནི་རྟེན་གྱི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་ཟིན་ནས་ལྷའི་མཚན་མ་ལ་མེ་ཏོག་འགོད་པའོ། །བཞི་པ་ནི་རས་ལ་ཚོན་གྱིས་བྲིས་པའི་རས་བྲིས་སོ། །ལྔ་པ་དང་དྲུག་པ་ནི་ཁུངས་ནས་འབྱུང་བའི་བྱེ་བ་མ་དང་རྡོའི་ཕྱེ་མ་སྟེ་ཚོན་གྱི་རྒྱུའོ། བདུན་པ་ནི་ཡེ་ཤེས་ཞབས་ལུགས་པ་དག་གིས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། བསམ་གཏན་གྱི་དཀྱིལ་འཁོར་གསུངས་པ་དང་དོན་གཅིག་གོ །བརྒྱད་པ་ནི་ལུས་ཀྱི་དཀྱིལ་འཁོར་དང་དོན་གཅིག་སྟེ། སློབ་དཔོན་དྲིལ་བུ་པས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་པ་ལ་འདིར་བདེན་པའི་དཀྱིལ་འཁོར་ཞེས་པའི་ཐ་སྙད་མཛད་པའི་ཕྱིར་རོ། །གཉིས་པ་ནི་མངོན་བརྗོད་བླ་མ་ལས། ཡི་གེའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་ཡིན། །ལག་པའི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་བཀོད་པ་བཞི་པའོ། །མེ་ཏོག་བཀྲམ་པ་ལྔ་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་འདི་དག་བྲིས་ནས་ནི། །རྟག་ཏུ་སྒྲུབ་ཅིང་མཆོད་པར་བྱ། །ཞེས་གསུངས་ཏེ། དང་པོ་ལྔ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཧཱུྃ་ལ་སོགས་པའི་ཡི་གེ་དང་། རྡོ་རྗེ་ལ་སོགས་པའི་མཚན་མ་དང་། མཆོག་སྦྱིན་ལ་སོགས་པའི་ཕྱག་རྒྱ་དང་། ལྷའི་གཟུགས་རྫོགས་པར་བྲི་བའམ་སྐུ་རབ་གནས་ཅན་བཞག་པ་དང་། མེ་ཏོག་གི་ཚོམ་བུ་དགོད་པ་སྟེ། མཚན་མ་འགོད་ཚུལ་གྱི་སྒོ་ནས་དབྱེ་བ་ཡིན་ལ། དྲུག་པ་ནི། ཚོགས་འཁོར་ལ་སོགས་པའི་དུས་སུ་ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་ཕོ་མོ་ཕྱོགས་ཕྱོགས་སུ་བཀོད་པ་སྟེ། འདུས་པ་འཕགས་ལུགས་ལས་འདི་ལྟ་བུའི་དཀྱིལ་འཁོར་ལ་བརྟེན་ནས་དབང་གོང་མ་བསྐུར་བར་གསུངས་པ་དང་མཐུན་ནོ། །དབྱེ་སྒོ་གསུམ་པ་ནི། ཤིན་དུ་ཟབ་པའི་མན་ངག་ལས། །དཀྱིལ་འཁོར་ལྔ་ལ་བཏུད་དེ་བསྐྲུན། །ཞེས་ཏེ། ཕྱི་དབྱིབས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ལུས་དང་། བྷ་ག་དང་། བྱང་ཆུབ་ཀྱི་སེམས་དང་། སྙིང་པོ་ཡེ་ཤེས་རླུང་དང་ལྔའོ། །ཡང་ཡེ་ཤེས་ཞབས་ལུགས་པ་དག་བུམ་དབང་ལེན་པའི་དཀྱིལ་འཁོར་ལ་རི་མོ་དང་ལུས་ཀྱི་དཀྱིལ་འཁོར་གཉིས། དབང་བར་མ་གཉིས་ལེན་པའི་དཀྱིལ་འཁོར་ལ་བྷ་ག་དང་། བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་གཉིས་ཏེ་བཞི་ཡིན་པར་གསུངས་པའི་ཤུགས་ཀྱིས་ཀྱང་དཀྱིལ་འཁོར་ལྔར་གྲུབ་སྟེ། སློབ་དཔོན་སྨན་པའི་ཞབས་ཀྱིས་དབང་བཞི་པ་ལ་དབང་དང་པོ་གསུམ་ལྟར་བཅོས་མའི་དཀྱིལ་འཁོར་སོགས་མེད་ཀྱང་རང་བཞིན་གྱི་དཀྱིལ་འཁོར་སོགས་ཡོད་པར་གསུངས་པས་སོ། །དབྱེ་སྒོ་བཞི་པ་ནི། ཇི་སྐད་བཤད་པའི་བཅོས་མའི་དཀྱིལ་འཁོར་བཞིར་ཕྱེ་བ་སྟེ། སྨན་པའི་ཞབས་ཀྱིས། དཀྱིལ་འཁོར་བཞི་སྟེ་རི་མོ་དང་། །ལུས་དང་བྷ་ག་བྱང་ཆུབ་སེམས། །ཞེས་གསུངས་པ་ལྟར་རོ། །ཡང་མན་ངག་ཐུན་མོང་མ་ཡིན་པ་ལས། གང་ལས་ལེན་པའི་བསྐུར་བྱེད་ཀྱི་དཀྱིལ་འཁོར་བཞི། གང་དུ་བསྐུར་བ་སྦྱང་གཞིའི་དཀྱིལ་འཁོར་བཞི་སྟེ་ཚན་པ་གཉིས་གསུངས་པ་ལས། དང་པོ་ནི། ཕྱི་དབྱིབས་རྡུལ་ཚོན་གྱི་དཀྱིལ་འཁོར། རྫས་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་བཞིའོ། །ཕྱི་མ་ནི། སློབ་མའི་ལུས་རྩ། ཡི་གེ་བྷ་ག ཁམས་བདུད་རྩི། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་དང་བཞིའོ། །དབྱེ་སྒོ་ལྔ་པ་ནི། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །འོན་ཀྱང་དཀྱིལ་འཁོར་དེའི་རང་བཞིན། །ཅི་ཡིན་དེ་ནི་བདག་གིས་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལས་ཚོན་དགྱེའི་རིམ་པ་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པས་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་གདུལ་བྱ་དབང་རྟུལ་ལ་རས་བྲིས་དང་། དབང་འབྲིང་ལ་རྡུལ་ཚོན་དང་། དབང་རྣོན་ལ་ལུས་དཀྱིལ་གསུངས་སོ། །འདི་དག་གདུལ་བྱ་སོ་སོ་ལ་སྨིན་བྱེད་ཀྱི་དཀྱིལ་འཁོར་དུ་རུང་བར་རྗེ་བཙུན་རྩེ་མོས་བཞེད་ཅིང་། རྗེ་བཙུན་གྱིས་དེང་སང་གི་གདུལ་བྱ་རབ་ཀྱང་འདིའི་འབྲིང་པོ་ལས་མ་འདས་པ་ལ་དགོངས་ནས་ལུས་དཀྱིལ་དུ་དབང་བསྐུར་བ་ལ་བཅོས་མའི་དཀྱིལ་འཁོར་གཉིས་སུ་སྨིན་བྱེད་སྔོན་དུ་འགྲོ་དགོས་པར་བཞེད་དེ་དགོངས་པ་གཅིག་གོ །ཡང་འདུས་པ་དང་། ཁ་སྦྱོར་གྱི་རྒྱུད་ཕྱི་མ་གཉིས་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་བྱང་ཆུབ་སེམས་ཉིད་དེ། །དཀྱིལ་འཁོར་གསུམ་ནི་ཡོངས་སུ་བརྟག །ཞེས་གསུངས་ཤིང་། འདི་ལ་རྗེ་བཙུན་གོང་མས་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་ཞེས་པའི་ཐ་སྙད་མཛད་དོ། །དབྱེ་སྒོ་དྲུག་པ་ནི། ཁ་སྦྱོར་གྱི་དྲུག་པའི་གསུམ་པར། ཕྱི་རོལ་བཅས་པའི་ནང་ཉིད་ཀྱིས། །སྣ་ཚོགས་ཁྱབ་ཅིང་རྣམ་པར་གནས། །ཕྱི་རོལ་གཟུགས་དང་སྒྲ་ལ་སོགས། །དབང་པོ་རྣམས་ནི་འཇུག་པའོ། །ནང་གི་ཁུ་བ་བྱང་ཆུབ་སེམས། །གྲུབ་པའི་རྫས་ནི་གནས་པའོ། །ཞེས་གསུངས་ཤིང་དེའི་འགྲེལ་པར། རྗེ་བཙུན་རྩེ་མོས་བཅོས་མ་གཉིས་ལ་ཕྱིའི་དཀྱིལ་འཁོར་དང་། གསང་པ་ཆོས་ཀྱི་དཀྱིལ་འཁོར་གསུམ་ལ་ནང་གི་དཀྱིལ་འཁོར་ཞེས་པའི་ཐ་སྙད་མཛད་དོ། །གསུམ་པ་ལུས་དཀྱིལ་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། ཕྱི་དཀྱིལ་ལས་ལུས་དཀྱིལ་ཁྱད་པར་དུ་འཕགས་པའི་རྒྱུ་མཚན། ཁྱད་པར་དུ་འཕགས་པའི་ལུས་དཀྱིལ་གྱི་སྒྲ་དོན། སྒྲ་དེ་ལྡན་གྱི་ལུས་དཀྱིལ་གྱི་དབྱེ་བ། དབྱེ་གཞི་ལུས་དཀྱིལ་གྱི་མཚན་གྱི་རྣམ་གྲངས། མཚན་དེ་དང་ལྡན་པའི་ལུས་དཀྱིལ་ཉིད་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། རྒྱུའི་སྒོ་ནས་དང་། ངོ་བོའི་སྒོ་ནས་དང་། འབྲས་བུའི་སྒོ་ནས་ཁྱད་པར་དུ་འཕགས་པའོ། །དང་པོ་ནི། དྲིལ་བུ་པས་གསུངས་པ་ལྟར་དཀྱིལ་འཁོར་གསུམ་དུ་ཕྱེ་བའི་ཚེ་དཀྱིལ་འཁོར་དང་པོ་གཉིས་ལས་ལུས་དཀྱིལ་རྒྱུའི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། དང་པོ་གཉིས་ནི་ལྷ་བཟོ་བ་སོགས་ཀྱིས་ཚོན་ལ་སོགས་པའི་སྒོ་ནས་གསར་དུ་བཅོས་པ་ཡིན་པ་དང་། དཀྱིལ་འཁོར་དེར་དབང་བསྐུར་བའི་བྱ་བ་རྫོགས་ནས་དབེན་པའི་གནས་སུ་བཞག་པའམ་ཆུ་བོ་སོགས་སུ་དོར་བར་བྱ་བ་ཡིན་གྱི་འཇའ་ལུས་རྡོ་རྗེའི་སྐུར་འགྱུར་བའི་རྒྱུ་མ་ཡིན་ལ། ལུས་ཀྱི་དཀྱིལ་འཁོར་ནི་ཕ་མའི་ཁུ་ཁྲག་ལས་བུ་ཚའི་ལུས་གྲུབ་པའི་ཚེ་ལྷ་བཟོ་བ་སོགས་ཀྱིས་གསར་དུ་བཅོས་པ་ལ་མ་ལྟོས་པར་རྟེན་དང་བརྟེན་པའི་དཀྱིལ་འཁོར་རང་བཞིན་ལྷུན་གྲུབ་ཀྱི་ཚུལ་གྱིས་གྲུབ་པའི་ཕྱིར་དང་། དེ་ཉིད་ལམ་གྱི་གནས་སྐབས་སུ་བསྒོམས་པས་འཇའ་ལུས་རྡོ་རྗེའི་སྐུར་འགྱུར་བའི་ཕྱིར་རོ། །འདི་ཡང་སྔར་གྱི་ལུང་གིས། ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་པའི་དོན་ཏེ་ལུས་ཉིད་ལྷར་མཐོང་ན་གྲོལ་ཞེས་པའི་སྒོ་ནས་བཅོས་མ་གཉིས་ལས་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར་རོ། །གཉིས་པ་ནི། རྩ་བའི་རྒྱུད་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་དུ་ཕྱེ། །ཞེས་པས། རང་གི་ངོ་བོ་སྤྲོས་པ་གཅོད་ཚུལ་གྱི་སྒོ་ནས་ཕྱི་དཀྱིལ་ལས་ཁྱད་པར་དུ་འཕགས་པར་བསྟན་ཏེ། ཕྱི་རོལ་དུ་སྣང་བ་ཆར་ཚུལ་ནང་དུ་རྩ་ཁམས་ཀྱི་དབང་གིས་བྱུང་བས་ནང་གི་རྩ་ཁམས་ལྷར་བསྒོམས་ཏེ་སྒྲོ་འདོགས་ཆོད་པ་ན་ཕྱི་རོལ་གི་སྣང་བ་ཐམས་ཅད་ལ་སྒྲོ་འདོགས་ཅིག་ཆར་དུ་ཆོད་ཅིང་། དེ་ལྟ་བུའི་སྒྲོ་འདོགས་གཅོད་ཚུལ་དེ་ཕྱི་དཀྱིལ་ལ་མེད་པའི་ཕྱིར་རོ། །ཇི་ལྟར་མེད་ན་ཕྱི་དཀྱིལ་ལ་མཉམ་བཞག་དང་། རྗེས་སྤྱོད་ཀྱི་ཉམས་ལེན་གཉིས་ལས། དང་པོ་ནི་ཡེ་ཤེས་ཚོགས་བསག་གིས་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ནས་དེའི་ངང་ལས་སེམས་གསལ་ཙམ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམས་ཏེ་ཕྱི་རོལ་གྱི་སྣང་བ་ཐམས་ཅད་དེ་དང་དབྱེར་མེད་དུ་སྦྱང་གཞི་སྦྱོང་བྱེད་སྦྱར་ནས་བསྒོམ་པ་ཙམ་ཡིན་གྱི། སྣང་བ་འཆར་བའི་གཞི་ལུས་འདི་ལ་གནད་དུ་བསྣུན་ནས་བསྒོམ་པ་མ་ཡིན་པའི་ཕྱིར་དང་། རྗེས་སྤྱོད་ཀྱི་ཉམས་ལེན་ཡང་སྣང་བ་ཉིད་ལ་ཐ་མལ་དུ་ཞེན་པ་ནམ་སྐྱེས་པའི་ཚེ་དེ་བཀག་ནས་ལྷའི་ངོ་བོར་ཞེན་པ་ཙམ་ལས་མེད་པའི་ཕྱིར་རོ། །མདོར་ན་སེམས་ཀུན་གཞི་ལ་བག་ཆགས་བསགས་ཚད་ལུས་ལ་རྩ་ཁམས་ཀྱི་ཚུལ་གྱིས་ཚང་། དེར་ཚང་ཚད་ཕྱི་རོལ་དུ་སྣང་བ་སྣ་ཚོགས་འཆར་བའི་རིམ་པ་གསུམ་ཡོད་པ་ལས། ཕྱི་དཀྱིལ་ལ་རིམ་པ་ཕྱི་མ་ལ་གནད་དུ་བསྣུན་ནས་བསྒོམ་པ་ལས་གཞན་མེད་ཅིང་དེས་ནང་གི་རྒྱུ་ལ་སྒྲོ་འདོགས་གཅོད་མི་ནུས་ལ་ལུས་དཀྱིལ་གྱིས་རིམ་པ་བར་མ་ལ་གནད་དུ་བསྣུན་པས་དེའི་དབང་གིས་འཆར་བའི་རིམ་པ་ཕྱི་མ་ལ་སྒྲོ་འདོགས་གཅོད་ནུས་པ་ནི་ཟབ་ཁྱད་ཀྱི་དངོས་གཞིའོ། །གསུམ་པ་ནི། འབྲས་བུའི་རྫོགས་པའི་རིམ་པའི་ལྟ་བ་འདྲེན་པའི་སྒོ་ནས་ཀྱང་ཕྱི་དཀྱིལ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཕྱི་དཀྱིལ་བསྒོམས་པས་ཐ་མལ་གྱི་རྣམ་རྟོག་སྤངས་ནས་ལྟ་བ་ངོ་བོ་ཉིད་གསུམ་འདྲེན་ནུས་ཀྱང་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་སྤངས་ནས་རྫོགས་རིམ་གི་ལྟ་བ་འདྲེན་མི་ནུས་ལ། ལུས་དཀྱིལ་གྱིས་སྔ་མ་མ་ཟད་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་སྤངས་ནས་རྫོགས་རིམ་གྱི་ལྟ་བ་འདྲེན་ནུས་པའི་ཕྱིར་རོ། །འདི་ཡང་རྡོ་རྗེའི་ཚིག་རྐང་ལས་ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམས་པས་ལུས་ལ་བརྟེན་ནས་བདེ་ཆེན་གྱི་སྒྲིབ་པ་འགག་ཅིང་འཚང་རྒྱ་བར་གསལ་བས་བཤད་རྒྱུད་ཅེས་པས་སྟོན་ཏེ། བདེ་ཆེན་ནི་རྫོགས་རིམ་གྱི་ཡེ་ཤེས་ཡིན་ལ། དེའི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་ཉམས་སྐྱོན་ཅན་བརྒྱད་དེ། བུམ་དབང་གི་སྣང་ཕྱོགས་དང་། སྟོང་ཕྱོགས་ཀྱི་ངོ་བོ་ཉིད་གཉིས། གསང་དབང་གི་ཉོན་མོངས། རྣམ་རྟོག སྣྲེལ་ཞི་རང་འབྱུང་གསུམ། དབང་གོང་མ་གཉིས་ཀྱི་དགའ་བ་དང་པོ་གསུམ་སྟེ་བརྒྱད་དོ། །དེ་འགག་ཅིང་ཉམས་སྐྱོན་མེད་གསུམ་བསྐྱེད་པའི་སྒོ་ནས་འཚང་རྒྱ་བར་གསལ་བས་ལུས་བཤད་རྒྱུད་ཡིན་ཏེ། རྟོགས་པར་བྱ་རྒྱུ་སེམས་ཀུན་གཞི་ལུས་ལ་གནད་དུ་སྣུན་པ་ལས་རྟོགས་པའི་ཕྱིར་རོ། །ཞེས་པའི་དོན་ཏོ། །གལ་ཏེ་དེ་ལྟར་ན་དབང་བཞི་བསྒོམས་པས་བདེ་ཆེན་གྱི་སྒྲིབ་པ་འགག་ཅིང་འཚང་རྒྱ་བར་གསུངས་ཀྱི་ལུས་དཀྱིལ་གྱི་བྱེད་པར་མ་སོང་ངོ་སྙམ་ན། དེ་ནི་ལུས་ལ་བརྟེན་ནས་ཞེས་པ་དང་། ལུས་བཤད་རྒྱུད་ཅེས་པའི་དོན་མ་རྟོགས་པ་སྟེ། རྒྱུ་ལུས་ལ་བརྟེན་ནས་རྐྱེན་དབང་བཞི་བསྒོམས་པས་ལུས་ཉིད་ཀྱིས་བདེ་ཆེན་གྱི་སྒྲིབ་པ་འགག་ཅིང་འཚང་རྒྱ་བར་གསལ་བས་ལུས་བཤད་རྒྱུད་ཅེས་པའི་དོན་ཡིན་པའི་ཕྱིར་ཏེ། གཞུང་བཤད་རྣམས་ལས། སྤང་བྱ་ཡང་ལུས་ལ་སྤང་། ས་ལམ་ཡང་ལུས་ལ་བགྲོད། འབྲས་བུ་ཡང་ལུས་ལ་མངོན་དུ་འགྱུར་པའི་དོན་དུ་བཤད་པའི་ཕྱིར་རོ། །འོ་ན་དེ་ལྟར་དབང་བཞི་ཆར་གྱི་ལྟ་བ་འདྲེན་ནུས་ན་དབང་བཞི་ཆར་གྱི་ལམ་ཚང་བར་འགྱུར་རོ་ཞེ་ན། དེ་ནི་ཤིན་དུ་ཡང་ཚང་སྟེ། བརྒྱུད་པ་འདིའི་ལུགས་ཀྱིས་ཐོག་མར་སྨིན་བྱེད་ཀྱི་དབང་བཞི་ཐོབ་ནས། དེའི་འོག་ཏུ་བླ་མ་ལས་ལམ་དུས་ཀྱི་དབང་བླངས་ཏེ་ལམ་གྱི་ཐུན་བཞིར་བསྒོམས་པ་ཡིན་གྱིས་བུམ་དབང་ཙམ་ལ་བརྟེན་པའི་ལམ་དུས་ཀྱི་དབང་ཡང་མེད་ཅིང་། ལམ་དུས་ཉིད་ལ་ཡང་རྒྱུ་དུས་ལྟར་རིམ་གྱིས་པའི་རྣམ་གཞག་མེད་པས་ཐུན་རེ་ལ་ཡང་དབང་བཞི་ཆར་བསྒོམ་དགོས་ལ། དེ་ལྟ་བུའི་ལམ་དེ་ལ་དབང་ཉིད་ལ་ལམ་བཞི་ཚང་བའི་ཚུལ་དང་། མངོན་རྟོགས་ཚར་གཅིག་ལ་ལམ་བཞི་ཚང་བའི་ཚུལ་དང་། སྦྱོང་བྱེད་ལྷ་རེ་རེ་ལ་ལམ་བཞི་ཚང་བའི་ཚུལ་དང་། སྦྱང་གཞི་རྩ་ཁམས་རེ་རེ་ལ་ལམ་བཞི་ཚང་བའི་ཚུལ་བཞིས་རྟོགས་པར་བྱའོ། །དང་པོ་ལ་འཇུག་པའི་སྐབས་སུ་ཚང་བའི་ཚུལ་དང་། དངོས་གཞིའི་སྐབས་སུ་ཚང་བའི་ཚུལ་གཉིས་ལས། དང་པོ་ནི། བརྒྱུད་པའི་རིམ་པས་བྱིན་གྱིས་བརླབ་པ་ནི་རྒྱུ་དུས་ཀྱི་དབང་གི་ཆུ་བོ་དེ་ཉིད་ལམ་དུས་ཀྱི་དབང་གིས་ཆུ་བོར་བསྒྱུར་བ་ཡིན་པས་ལམ་བཞི་ཚང་། ལྷའི་རིམ་པས་བྱིན་གྱིས་བརླབ་པ་ནི་བུམ་དབང་གི་ལྟ་བ་བསྐྱེད་པ་ཡིན་པས་བུམ་དབང་གི་ལམ་ཚང་། སྔགས་ཀྱི་རིམ་པས་བྱིན་གྱིས་བརླབ་པ་ནི་གསང་དབང་གི་ལྟ་བ་བསྐྱེད་པ་ཡིན་པས་གསང་དབང་གི་ལམ་ཚང་། ཡེ་ཤེས་ཀྱི་རིམ་པས་བྱིན་གྱིས་བརླབ་པ་ནི་ཤེས་རབ་ཡེ་ཤེས་ཀྱི་ལྟ་བ་བསྐྱེད་པ་ཡིན་པས་དེའི་ལམ་ཚང་། དེ་ཁོ་ན་ཉིད་ཀྱི་རིམ་པས་བྱིན་གྱིས་བརླབ་པ་ནི་དབང་བཞིའི་ལྟ་བ་བསྐྱེད་པ་ཡིན་པས་དེའི་ལམ་ཚང་བ་ཡིན་ནོ། །གཉིས་པ་དངོས་གཞིའི་སྐབས་སུ་ཚང་ཚུལ་ནི་ལམ་དུས་ཀྱི་དབང་འདི་ཐོག་མར་བསྐུར་བའི་ཚེ་ན་ཡང་རིམ་གྱིས་པའི་ལུགས་མེད་པས་བཞི་ཆར་བསྐུར་བ་ཡིན་ལ། ཕྱིས་ལེན་པའི་ཚེ་རྒྱས་འབྲིང་བསྡུས་གསུམ་གང་བླངས་ཀྱང་བཞི་ཆར་བླང་དགོས་པས་ལམ་བཞི་ཆར་ཚང་བའོ། །གཉིས་པ་མངོན་རྟོགས་ཚར་གཅིག་ལ་ལམ་བཞི་ཚང་བའི་ཚུལ་ནི་སྲུང་བའི་འཁོར་ལོ་དང་གཞལ་ཡས་ཁང་ལུས་ལ་བསྒོམས་པས་བུམ་དབང་གི་ལམ་ཚང་། འཁོར་ལོ་བཞིའི་རྩ་འདབ་ལྷར་བསྒོམས་པས་གསང་དབང་གི་ལམ་ཚང་། ཕོ་བྲང་ལྔའི་གཙོ་བོ་ཡབ་ཡུམ་ཞལ་སྦྱོར་གི་རྣམ་པ་ཅན་བསྒོམས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་ཚང་། ཡན་ལག་གི་ལྷ་ཉེར་གཉིས་བསྒོམས་པས་དབང་བཞི་པའི་ལམ་ཚང་སྟེ། ཡུལ་གྱི་ལྷ་མོ་དྲུག་བསྒོམས་པས་གཟུང་བའི་རྦ་རླབས་རེངས། ཡུལ་ཅན་གྱི་ལྷ་མོ་དྲུག་བསྒོམས་པས་འཛིན་པའི་རྦ་རླབས་རེངས། ཁྲོ་བོ་བཅུ་བསྒོམས་པས་ཚིགས་ཆེན་བརྒྱད། སྤྱི་བོ་རྐང་མཐིལ་གཉིས་ཀྱི་རྩ་མདུད་རྣམས་གྲོལ་བས་དབུ་མའི་རྦ་རླབས་རེངས་པའོ། །གསུམ་པ་སྦྱོང་བྱེད་ལྷ་རེ་རེ་ལ་ལམ་བཞི་ཚང་བའི་ཚུལ་ནི་ལུས་དཀྱིལ་གྱི་ལྷ་རེ་རེ་ཡང་སྐུ་དབྱིབས་ཞལ་ཕྱག་གི་རྣམ་པ་ཅན་དང་། དེ་ཡང་རྣམ་པ་བདེ་བར་འཆར་བ་དང་། བདེ་བ་དེ་ཡང་རང་བཞིན་གསལ་སྟོང་དུ་འཆར་བ་དང་། གསལ་སྟོང་དེ་ཡང་ཟུང་དུ་འཇུག་པར་འཆར་བའི་ཆ་ནས་རིམ་པ་ལྟར་དབང་བཞིའི་ལམ་ཚང་བའོ། །བཞི་པ་སྦྱང་གཞི་རྩ་ཁམས་རེ་རེ་ལ་ལམ་བཞི་ཚང་བའི་ཚུལ་ནི་སྦྱང་གཞི་རེ་རེ་ཡང་རྩའི་ཆ་ནས་བུམ་དབང་གི་ལམ་ཚང་། དེ་ཡང་ཡི་གེའི་དབྱིབས་སུ་ཡོད་པས་གསང་དབང་གི་ལམ་ཚང་། དེའི་ནང་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་དང་། དེ་དང་རླུང་དབྱེར་མེད་དུ་གནས་པའི་ཆ་ནས་གསུམ་པ་དང་། བཞི་པའི་ལམ་ཚང་བའོ། །གལ་ཏེ་དེ་ལྟར་ལུས་དཀྱིལ་ཉིད་ལ་ལམ་བཞི་ཆར་ཚང་ན། རྡོ་རྗེའི་ཚིག་རྐང་ལས། ལམ་དུ་བསྐྱེད་རིམ་སོགས་ལྔ་པ་བཞིས་བསྟན་ཅེས་པའི་བུམ་དབང་གི་ལམ་བསྐྱེད་རིམ་ལ་ཕྱི་བསྐྱེད་རིམ་དང་། ནང་བསྐྱེད་རིམ་གཉིས་སུ་གསུངས་པ་དང་། བརྡ་དོན་གསལ་བར་དབང་བཞིའི་ལམ་བཞིར་ཕྱེ་བའི་ཚེ་བུམ་དབང་གི་ལམ་ལུས་དཀྱིལ་ཉིད་ལ་གསུངས་པ་དང་འགལ་ལོ་སྙམ་ན། དེའི་དོན་ནི་སྦྱང་གཞི་ལ་ལུས་རྩ་གཙོ་ཆེ་བ་དང་། སྦྱོང་བྱེད་ལ་དབྱིབས་ཀྱི་ལམ་ཞལ་ཕྱག་གི་རྣམ་པ་ཅན་བསྒོམ་པས་བུམ་དབང་གི་ལམ་གཙོ་ཆེ་བ་ལ་དགོངས་ནས་བུམ་དབང་གི་ལམ་དུ་བཤད་པས་འགལ་བ་ཅུང་ཟད་ཀྱང་མེད་དོ། །གཉིས་པ་ཁྱད་པར་དུ་འཕགས་པའི་ལུས་དཀྱིལ་གྱི་སྒྲ་དོན་ནི། ཅིའི་ཕྱིར་ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་ཞེ་ན། དཀྱིལ་འཁོར་གྱི་སྒྲ་དོན་ནི་སྔར་བཤད་ཟིན་ལ། ལུས་ཀྱི་སྒྲ་དོན་འདི་ལ་དཔྱོད་ལྡན་གྱི་དོགས་པའི་གནས་དགོད་པ་དང་། དེའི་ལན་གྱིས་སྒོ་ནས་ངེས་ཤེས་བསྐྱེད་པ་གཉིས་ལས། དང་པོ་ནི། ལུས་ཞེས་པ་རྡོས་བཅས་ཀྱི་ལུས་ལ་བྱེད་ན། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། མིག་གི་རྣམ་ཤེས་མེ་ལོང་སྟེ། །ཞེས་སོགས་རྣམ་ཤེས་རྟེན་ལུས་དཀྱིལ་དུ་བསྒོམ་པའི་ཚུལ་དང་། རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །ཞེས་སོགས་ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་འདོད་དཔག་མེད། འདུ་བྱེད་དོན་ཡོད་གྲུབ་པ། རྣམ་ཤེས་མི་བསྐྱོད་པར་བསྒོམ་པ་དང་། འདིར་ཡང་ཡིད་བདག་མེད་རྣལ་འབྱོར་མར་བསྒོམ་པ་བརྟེན་པ་ལུས་དཀྱིལ་དུ་བཤད་པ་དང་འགལ་ལོ། །སྒོམ་པ་པོ་རྣལ་འབྱོར་པའི་སྦྱང་གཞི་ལ་ཇི་ལྟར་ཡོད་པ་ལུས་སུ་འཇོག་ན། ཨ་བྷི་དྷ་ན་ལས་མ་མོ་བཅུ་གཉིས་ཕྱག་བཅུ་གཉིས་ལ་བསྒོམ་པར་གསུངས་ཤིང་། འདི་ཉིད་རྗེ་བཙུན་གྱིས་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ཊཱི་ཀར་ལུས་དཀྱིལ་དུ་བཤད་པ་དང་འགལ་ལོ་སྙམ་དུ་དོགས་པའོ། །གཉིས་པ་ལ་གསུམ་སྟེ་ཐོག་མར་དཔེ་འགོད་པ། དེ་ཉིད་དོན་དང་སྦྱར་བ། དོགས་པའི་གནས་གཞན་དཔྱད་པའོ། །དང་པོ་ནི། ལུས་ཞེས་པའི་སྒྲ་འཇུག་པའི་གཞི་ཆོས་མངོན་པ་ལས་ཀྱང་བཞི་གསུངས་ཏེ། དབང་པོ་ལྔ་བགྲང་བའི་ཚེ་ལུས་དབང་ཁོ་ན་ལ་ལུས་ཀྱི་སྒྲ་འཇུག ཚོར་བ་ལ་ལུས་ཚོར་དང་སེམས་ཚོར་གཉིས་སུ་ཕྱེ་བའི་ཚེ། དབང་པོ་གཟུགས་ཅན་ལྔ་ཆར་ལ་ལུས་ཀྱི་སྒྲ་འཇུག ཡང་ཚོར་བ་ལ་ཞེན་པ་བརྟེན་པ་དང་མངོན་པར་འབྱུང་བ་བརྟེན་པ་གཉིས་སུ་ཕྱེ་བའི་ཚེ། ཉེར་ལེན་གྱི་ཕུང་པོ་ཙམ་ལ་ལུས་ཀྱི་སྒྲ་འཇུག་སྟེ། ཆོས་མངོན་པ་ལས། ཞེན་པ་བརྟེན་པ་གང་ཞེ་ན་གང་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པའོ་ཞེས་ཉེར་ལེན་གྱི་ཕུང་པོ་ལ་སྲེད་པ་ལ་ལུས་ལ་སྲེད་པར་གསུངས་པའི་ཕྱིར་རོ། །ཡང་རྡུལ་ཕྲ་རབ་ལུས་མེད་པར་རིགས་པར་བྱའོ་ཞེས་གསུངས་པའི་སྐབས་སུ་རྫས་སུ་གྲུབ་པ་ཙམ་ལ་ལུས་ཀྱི་སྒྲ་འཇུག་སྟེ། རྫས་སུ་མེད་པའི་དོན་ལ་ལུས་མེད་པར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དཔེ་དེ་བཞིན་དུ་རྡོ་རྗེ་ཐེག་པ་འདིར་ཡང་ལུས་ཀྱི་སྒྲ་འཇུག་པའི་གཞི་མང་དུ་གསུངས་ཏེ། རིགས་དྲུག་གི་སེམས་ཅན་གྱི་ཉེར་ལེན་གྱི་ཕུང་པོ་ཙམ་དང་། རྡོ་རྗེའི་ལུས་སྐྱོན་མེད་པ་དང་། གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་གྱི་ནང་ནས་རྩ་ཁོ་ན་དང་། རྡོ་རྗེའི་ལུས་ཀྱི་དབང་རྟེན་ཁོག་པ་དང་། རྟེན་དཀྱིལ་འཁོར་བཞི་ཀ་དང་། གཙོ་བོའི་ལུས་ཙམ་ལ་ལུས་ཀྱི་སྒྲ་འཇུག་པ་དང་དྲུག་གོ །དང་པོ་ནི། རྩ་རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོགས་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་པ་འདི་རང་བཞིན་ལྷན་སྐྱེས་ལ་སྦྱར་བ་དང་། ཞུ་བདེ་ལྷན་སྐྱེས་ལ་སྦྱར་བ་གཉིས་ལས། དང་པོའི་སྐབས་སུ་རིགས་དྲུག་གི་སེམས་ཅན་གྱི་ཉེར་ལེན་གྱི་ཕུང་པོ་ཙམ་ལ་ལུས་ཀྱི་སྒྲ་འཇུག་སྟེ། སྐབས་དེར་ལུས་ནི་ཉོན་མོངས་དང་བཅས་པའི་ལུས་དང་། ཡེ་ཤེས་ཆེན་པོ་ནི་རྒྱུད་བླའི་བདེ་གཤེགས་སྙིང་པོ་སྟོན་པའི་གཞུང་ཤེས་བྱེད་དུ་མཛད་ནས་སངས་རྒྱས་ཀྱི་ཡེ་ཤེས་གནས་པ་ལ་གསུངས་པའི་ཕྱིར་རོ། །གཉིས་པ་ནི་སྔར་གྱི་གཞུང་དེ་ཉིད་ཞུ་བདེ་ལྷན་སྐྱེས་ལ་སྦྱར་བའི་ཚེ་རྡོ་རྗེའི་ལུས་སྐྱོན་མེད་ལ་ལུས་ཀྱི་སྒྲ་འཇུག་སྟེ། ལུས་ལ་ཡེ་ཤེས་ཆེན་པོ་གནས་པའི་ཚུལ་ཡང་། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་པའི་དོན་ལུས་ཐམས་ཅད་ལ་རྩས་ཁྱབ། དེ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ། དེ་ཐམས་ཅད་ལ་ཚོར་བ་བདེ་བས་ཁྱབ། དེ་ལ་མི་རྟོག་པས་ཁྱབ་པའི་དོན་དུ་བཤད་ནས། ཀྱཻ་བཅོམ་ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས་ཞེས་པ་དང་འགྲེལ་པར་མཛད་པའི་ཕྱིར་རོ། །གསུམ་པ་ནི། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ་ཞེས་པའི་སྐབས་སུ་རྟེན་དཀྱིལ་འཁོར་བཞིའི་ནང་ནས་རྩ་ཁོ་ན་ལ་ལུས་ཀྱི་སྒྲ་འཇུག་སྟེ། གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་གྱི་ནང་ནས་དང་པོ་ལ་ལུས་ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། ཁ་སྦྱོར་ལས། ལུས་ནི་དཀྱིལ་འཁོར་ཉམས་དགའ་བ། །ཞེས་དང་། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི། །ལུས་ནི་དཀྱིལ་འཁོར་ཉིད་དུ་འདོད། །ཅེས་རྟེན་ལུས་དཀྱིལ་གྱི་སྐབས་སུ་དབང་རྟེན་ཁོག་པ་ལ་ལུས་ཀྱི་སྒྲ་འཇུག་སྟེ། དེའི་དཀྱིལ་འཁོར་ངོས་འཛིན་པའི་སྐབས་སུ་རྐང་མཐིལ་ནས་སྒལ་ཚིགས་དང་། མགོ་བོའི་བར་དང་། ལུས་ཡན་མན་དང་། ཕན་ཚུན་མཉམ་པ་དང་། རྐང་བརྒྱད་པོ་རྣམས་ལ་ངོས་འཛིན་པར་མཛད་ཅིང་། མན་ངག་གི་སྐབས་སུ་མིག་པཉྩ་རེ་ཁཱའི་རྩིག་པ་སོགས་གསུངས་པ་ཡང་དབང་རྟེན་ཉིད་ལ་ངོས་འཛིན་པར་མཛད་པའི་ཕྱིར་རོ། །ལྔ་པ་ནི། རྡོ་རྗེའི་ཚིག་རྐང་ལས། ལུས་ཐབས་རྒྱུད་སོགས་ལ་ཞེས་དང་། ལུས་ལ་བརྟེན་ནས་བདེ་ཆེན་གྱི་སྒྲིབ་པ་འགག་ཅིང་ཞེས་པའི་སྐབས་སུ་རྟེན་དཀྱིལ་འཁོར་བཞི་ལ་ལུས་ཀྱི་སྒྲ་འཇུག་སྟེ། རྟེན་དཀྱིལ་འཁོར་བཞི་ལ་གནད་དུ་བསྣུན་པས་སེམས་ཀུན་གཞི་རྟོགས་པའི་རྒྱུ་མཚན་གྱིས་ལུས་ཐབས་རྒྱུད་དང་བཤད་རྒྱུད་དུ་གསུངས་པའི་ཕྱིར་རོ། །དྲུག་པ་ནི། རྗེ་བཙུན་གྱིས་ཀུན་སྤྱོད་ཀྱི་འགྲེལ་པར་གཙོ་བོའི་ཕྱག་བཅུ་གཉིས་ལ་མ་མོ་བཅུ་གཉིས་བཀོད་པ་ཡང་ལུས་དཀྱིལ་དུ་གསུངས་པའི་རིགས་པས་གཙོ་བོའི་ལུས་ཙམ་ལ་ལུས་ཞེས་པའི་ཐ་སྙད་གྲུབ་བོ། །དེས་ན་གནད་ཀྱི་དོན་ནི། ཐ་སྙད་དང་པོའི་དབང་དུ་མཛད་ནས། མིག་གི་རྣམ་ཤེས་མེ་ལོང་སོགས་དང་། ཚོར་བ་རིན་ཆེན་འབྱུང་ལྡན་སོགས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུང་པ་རྣམས་ཀྱང་ལུས་དཀྱིལ་དུ་གྲུབ་ལ། ཐ་སྙད་གསུམ་པའི་དབང་དུ་བྱས་ནས། དྲིལ་བུ་ལུས་དཀྱིལ་དུ་མ་མོ་བཅུ་གཉིས་སྙིང་གའི་རྩ་འདབ་ལ་བཀོད་པ་དང་། ཀྱཻ་རྡོ་རྗེའི་ཕོ་བྲང་ལྔའི་རྩ་འདབ་ལ་ལྷ་མོ་བཀོད་པ་རྣམས་ཀྱང་ལུས་དཀྱིལ་དུ་གྲུབ་བོ། །ཐ་སྙད་བཞི་པའི་དབང་དུ་བྱས་ནས་རྐང་མཐིལ་རླུང་ལ་སོགས་པའི་གཞལ་ཡས་ཁང་གི་རྟེན་དང་། ལུས་འདོམ་གང་གྲུ་བཞི་ལ་སོགས་པའི་གཞལ་ཡས་ཁང་གི་ཆོས་དང་། སྤྱི་བོ་སྣ་ཚོགས་རྡོ་རྗེ་ལ་སོགས་པའི་སྲུང་འཁོར་རྣམས་ཀྱང་ལུས་དཀྱིལ་དུ་གྲུབ་བོ། །ཐ་སྙད་ལྔ་པའི་དབང་དུ་བྱས་ནས་འཁོར་ལོ་བདེ་མཆོག་གི་སྙིང་གའི་ཧཱུྃ་གཙོ་བོ་ཡབ་ཡུམ་དང་། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་དཔའ་མོ་རྣམས་དང་། ཀྱཻ་རྡོ་རྗེའི་ཕོ་བྲང་ལྔའི་གཙོ་བོ་ཡབ་ཡུམ་རྣམས་ལུས་དཀྱིལ་དུ་གྲུབ་སྟེ། ཕྱི་ཤུན་གྱི་རྩ་དཔའ་མོར་བསྒོམ་པའི་ཚེ་ཡི་གེ་ཉིད་ཀྱང་བསྒོམ་པར་སོང་བའི་ཕྱིར་དང་། དེའི་ནང་གི་བྱང་ཆུབ་ཀྱི་སེམས་དཔའ་བོར་བསྒོམས་པའི་ཚེ་དེ་དང་དབྱེར་མེད་ཀྱི་རླུང་ཡང་བསྒོམས་པར་སོང་བའི་ཕྱིར་རོ། །ཐ་སྙད་དྲུག་པའི་ཚེ་ཨ་བྷི་དྷ་ནའི་དགུ་པར། མཁའ་འགྲོ་མ་ནི་རྡོ་རྗེ། ལཱ་མ་ནི་དྲིལ་བུ། དུམ་སྐྱེས་མ་དང་གཟུགས་ཅན་མ་ནི་གླང་པོ་ཆེའི་ལྤགས་པ་འཛིན་པའི་ཁུ་ཚུར། ཁྭ་གདོང་མ་ནི་རྡོ་རྗེ་མདུང་། འུག་གདོང་མ་ནི་ལྕགས་ཀྱུ། ཁྱི་གདོང་མ་ནི་གྲི་གུག ཕག་གདོང་མ་ནི་ཅང་ཏེའུ། གཤིན་རྗེ་སྲེག་མ་ནི་ཐོད་པའི་ཁ་ཊཱཾ་ག གཤིན་རྗེ་ཕོ་ཉ་མ་ནི་ཞགས་པ། གཤིན་རྗེ་མཆེ་བ་མ་ནི་ཚངས་པའི་མགོ་བོ། གཤིན་རྗེ་འཇོམས་མ་ནི་དགྲ་སཏྭ། བྱང་ཆུབ་ཀྱི་སེམས་ཀྱི་སྣོད་ནི་ཞལ་བཞིའི་ངོ་བོ་ཞེས་གསུངས་པའི་དོན་རྗེ་ས་ཆེན་གྱི་ནག་པོ་པའི་སྐབས་སུ་མ་མོ་བཅུ་གཉིས་ཕྱག་བཅུ་གཉིས་ལ་འགོད་པར་མཛད། རྗེ་བཙུན་གྱིས་ལཱུ་ཧི་པའི་སྐབས་སུ་དེ་ལྟར་མཛད་པ་ལ་ཡང་ལུས་དཀྱིལ་གྱི་ཐ་སྙད་ཐོབ་སྟེ། ཕྱི་དཀྱིལ་གྱི་ལྷ་གྲངས་གཙོ་བོའི་ལུས་ལ་བཀོད་པ་ཡིན་པའི་ཕྱིར་རོ། །དེ་ཐམས་ཅད་ཀྱང་རྡོ་རྗེའི་ལུས་སྐྱོན་མེད་ལ་ལྷ་བསྒོམས་ནས་དེ་ལ་དཀྱིལ་འཁོར་གི་ལྷ་བཀོད་པ་ཡིན་པས་ལུས་དཀྱིལ་ཐམས་ཅད་ཀྱི་ཐ་སྙད་འདི་ལ་རག་ལས་སོ། །དེ་ལྟར་ལུས་དཀྱིལ་དུ་འཇོག་པའི་འཇོག་མཚམས་མང་དུ་ཡོད་པའི་ནང་ནས་གཙོ་བོ་ནི་ཉོན་མོངས་ལྔ་དང་ཕུང་པོ་ལྔ་སྦྱངས་ནས་ཡེ་ཤེས་ལྔ་བསྒྲུབ་པའི་དབང་དུ་བྱས་པ་དང་། གནས་དེ་དང་དེའི་རླུང་སེམས་དབུ་མར་ཐིམ་པ་ལས་སའི་རྟོགས་པ་བསྐྱེད་པའི་དབང་དུ་བྱས་པ་གཉིས་ཡིན་པ་ལས། དང་པོ་ནི། ཀྱཻ་རྡོ་རྗེར་ཕོ་བྲང་ལྔའི་ལུས་དཀྱིལ་བསྒོམ་པ་འདི་ཉིད་ཡིན་ཞིང་། ཕྱི་མ་ལ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ནས་ས་བཅུ་བགྲོད་པའི་ལུས་དཀྱིལ་ནི་རྣལ་འབྱོར་མ་ཀུན་སྤྱོད། རྡོ་རྗེ་མཁའ་འགྲོའི་ལུས་དཀྱིལ་སྟོན་པའི་སྐབས་རྣམས་སུ་འཁོར་ལོ་གསུམ་གྱི་ལུས་དཀྱིལ་ཁོ་ན་གསུངས་ཤིང་། ལཱུ་ནག་གཉིས་ཀྱི་གཞུང་གི་དངོས་བསྟན་ལ་ཡང་འཁོར་ལོ་གསུམ་གྱི་ལུས་དཀྱིལ་ཁོ་ན་གསུངས་པ་ལྟ་བུ་སྟེ། བདེ་མཆོག་རྩ་རྒྱུད་དང་། སཾ་བུ་ཊི་ལས། གནས་ནི་རབ་ཏུ་དགའ་བའི་ས་ཞེས་པ་ནས། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཞེས་པའི་བར་གསུངས་ནས། ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །ཞེས་གསུངས་པ་ལས་ཤེས་སོ། །རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ས་བཅུ་གསུམ་བགྲོད་པའི་ལུས་དཀྱིལ་ནི། སཾ་བུ་ཊི་ལས། རྩ་སུམ་ཅུ་སོ་གཉིས་བཤད་པའི་རྗེས་སུ། ལུས་ཅན་སྙིང་གི་ནང་དུ་ཡང་། །རྩ་རྣམས་ལྔ་ནི་ཡང་དག་གནས། །ཞེས་གསུངས་པ་ལ་བརྟེན་ནས་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་འཁོར་ལོ་གསུམ་གྱི་ལུས་དཀྱིལ་སྔ་མ་དང་འདྲ་བ་ལས། སྙིང་ཁར་རྩ་ཨ་ཝ་དྷཱུ་ཏཱི་ཧཱུྃ་གིས་དབྱིབས་ཅན་གཙོ་བོ་ཡབ་ཡུམ་དང་། ཕྱི་ནང་གི་རྩ་འདབ་བཅུ་གཉིས་མ་མོ་བཅུ་གཉིས་སུ་བསྒོམ་པར་གསུངས་པ་ལྟ་བུ་སྟེ། སྒོ་མཚམས་མ་བརྒྱད་ཀྱི་རྩའི་རླུང་སེམས་དབུ་མར་ཐིམ་པས་ས་བཅུ་གཅིག་པ་དང་། བཅུ་གཉིས་པ་སྙིང་པོའི་རྣལ་འབྱོར་མ་བཞི་དང་། གཙོ་བོ་ཡབ་ཡུམ་གྱི་རྩའི་རླུང་སེམས་དབུ་མར་ཐིམ་པས་ས་བཅུ་གསུམ་པའི་རྟོགས་པ་བསྐྱེད་པའི་དབང་དུ་བྱས་པའོ། །རྗེ་བཙུན་རྡོ་རྗེ་བདག་མེད་མའི་ལུས་དཀྱིལ་ལ་ནི་ཕོ་བྲང་ལྔའི་ལུས་དཀྱིལ་དང་། ཡུལ་སུམ་ཅུ་སོ་གཉིས་ཀྱི་ལུས་དཀྱིལ་གཉིས་ཀ་བསྒོམས་པས་སྔར་གྱི་གཙོ་བོར་འཇོག་པའི་འཇོག་མཚམས་གཉིས་ཀ་ཚང་སྟེ་འདི་ནི་ཤིན་དུ་ཟབ་པའོ། །གསུམ་པ་དོགས་པའི་གནས་གཞན་དཔྱད་པ་ནི་དེ་ལྟར་གཙོ་བོའི་ལུས་ལ་བཀོད་པ་ཙམ་གྱིས་ལུས་དཀྱིལ་དུ་འགྱུར་ན། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་རྣམས་ཀྱང་ལུས་དཀྱིལ་དུ་འགྱུར་རོ་སྙམ་ན། སྒྲ་བཤད་དུ་ཡོད་པ་ལ་འཇུག་ཏུ་ཡོད་པས་མ་ཁྱབ་པ་མཚོ་སྐྱེས་ཀྱི་སྒྲ་བཞིན་དུ་ཤེས་པར་བྱའོ། །གསུམ་པ་སྒྲ་དེ་ལྡན་གྱི་ལུས་དཀྱིལ་གྱི་དབྱེ་བ་ལ་གཉིས་ཏེ། བསྒོམ་པའི་གནས་སྐབས་ཀྱི་སྒོ་ནས་དབྱེ་བ་དང་། བསྒོམ་བྱ་ལུས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། ལུས་དཀྱིལ་རྐྱང་པ་བསྒོམ་པའི་ཚུལ་དང་། ཕྱི་ནང་སྦྲགས་ནས་བསྒོམ་པའི་ཚུལ་ལོ། །དང་པོ་ནི་བདེ་མཆོག་དྲིལ་བུ་ལུས་དཀྱིལ་དང་། ངག་དབང་གྲགས་པའི་གཉུག་མ་དྲན་གསལ་གྱི་ལུས་དཀྱིལ་དང་། ལམ་སོགས་ཉི་ཤུའི་སྐབས་ཀྱི་ཡིག་ཆུང་ནས་བཤད་པའི་ཀྱཻ་རྡོ་རྗེའི་ལུས་དཀྱིལ་རྣམས་སོ། །གཉིས་པ་ལ་ལུས་དཀྱིལ་གསལ་འདེབས་ཚུལ་གྱི་སྒོ་ནས་བཞི་ཙམ་འབྱུང་སྟེ། ལུས་ལ་རང་བཞིན་གྱིས་གྲུབ་པ་དེ་ཉིད། བསྐྱེད་ཆོག་གི་སྒོ་ནས་གསལ་འདེབས་པ་འདུས་པ་འཕགས་ལུས་ཀྱི་ལུས་དཀྱིལ་ལྟ་བུ་དང་། བསྐྱེད་ཆོག་མེད་པར་སྒྲ་ཚུལ་གྱི་རྐྱེན་གྱིས་གསལ་འདེབས་པ་ལཱུ་ཧི་པའི་ལུས་དཀྱིལ་ལྟ་བུ་དང་། དཀྱིལ་འཁོར་རྒྱལ་མཆོག་སྤྲོ་བའི་ཞར་ལ་གསལ་འདེབས་པ་ནག་པོ་པའི་ལུས་དཀྱིལ་ལྟ་བུ་དང་། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་པའི་རྐྱེན་གྱིས་གསལ་འདེབས་པ་ཀྱཻ་རྡོ་རྗེའི་ཕྱི་ནང་སྦྲགས་པའི་ལུས་དཀྱིལ་ལྟ་བུ་རྣམས་སོ། །གཉིས་པ་བསྒོམ་བྱ་ལུས་ཀྱི་སྒོ་ནས་དབྱེ་ན་རགས་པ་ཕུང་ཁམས་སྐྱེ་མཆེད་ལས་བསྐྱེད་པ་འདུས་པ་འཕགས་ལུགས་ཀྱི་ལུས་དཀྱིལ་ལྟ་བུ་དང་། ཕྲ་བ་རྩ་ཁམས་ལས་བསྐྱེད་པ་བདེ་དགྱེས་གཉིས་ཀྱི་ལུས་དཀྱིལ་ལྟ་བུ་དང་གཉིས་ལས། ཕྱི་མ་ལ་ཡང་ཨིནྡྲ་བྷཱུ་ཏི་དང་། རྡོ་རྗེ་སྙིང་འགྲེལ་ལས། རྩ་འཁོར་ལོ་དྲུག་ལ་འགོད་པ་ནས་གསུམ་ལ་འགོད་པའི་བར་གསུངས་པ་དང་། རྣལ་འབྱོར་དབང་ཕྱུག་གི་མན་ངག་དང་། སློབ་དཔོན་དགྲ་ལས་རྣམ་རྒྱལ་དང་། ནག་པོ་པ་རྣམས་ཀྱི་རྩ་འཁོར་ལོ་ལྔ་ལ་འགོད་པ་དང་། ལཱུ་ནག་དྲིལ་གསུམ་གྱིས་ཡུལ་ཉི་ཤུ་རྩ་བཞི་ལ་འགོད་པར་གསུངས་པ་རྣམས་སོ། །ཡང་བསྒོམ་བྱ་ལུས་ཀྱི་སྒོ་ནས་དབྱེ་ན་སྔར་སྒྲ་དོན་གྱི་སྐབས་སུ་བཤད་པ་ལྟར་གྱི་དབྱེ་སྒོ་ལྔ་ཡང་རུང་ངོ་། །བཞི་པ་དབྱེ་གཞི་ལུས་དཀྱིལ་གྱི་མཚན་གྱི་རྣམ་གྲངས་ལ། བདེན་པའི་དཀྱིལ་འཁོར། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར། མ་བཅོས་པའི་དཀྱིལ་འཁོར། ཡང་དག་པའི་དཀྱིལ་འཁོར། དོན་དམ་པའི་དཀྱིལ་འཁོར། ནང་གི་དཀྱིལ་འཁོར། ལུས་ཀྱི་དཀྱིལ་འཁོར་དང་བདུན་ལས། དང་པོ་ནི་ཀླུ་བྱང་གིས། དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཅེས་པའི་ཚིག་ཕྱི་མ་དེ་ཉིད་ཀྱིས་ལུས་དཀྱིལ་སྟོན་ཏེ། གཞན་དུ་ན་དེར་འཁོར་ལོ་རྣམ་བརྒྱད་མ་ཚང་བར་ཐལ་བའི་ཕྱིར་རོ། །གཉིས་པ་ནི། རྡོ་རྗེ་དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་དངོས་སུ་གསུངས་སོ། །གསུམ་པ་ནི་སློབ་དཔོན་དེ་ཉིད་ཀྱིས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །ཞེས་གསུངས་པའི་ཤུགས་ཀྱིས་ལུས་ཀྱི་དཀྱིལ་འཁོར་ལ་མ་བཅོས་པའི་ཐ་སྙད་གྲུབ་པའོ། །བཞི་པ་ནི། སློབ་དཔོན་དེ་ཉིད་ཀྱིས། ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་གསུངས་པས་བསྟན་ཏེ། ལུས་དཀྱིལ་མཐོང་བ་ལ་ཡང་དག་པའི་དོན་མཐོང་བར་གསུངས་པའི་ཕྱིར་རོ། །ལྔ་པ་ནི། སློབ་དཔོན་དེ་ཉིད་ཀྱིས། འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །དེ་ཡི་དབང་བསྐུར་ལ་སོགས་རིམ། །ཅི་ནས་མ་གྲུབ་ཡང་གྲུབ་བྱེད། །ཅེས་གསུངས་ནས། དབང་བསྐུར་སོགས་རིམ་ཀུན་རྫོབ་ཏུ། །མངོན་སུམ་དུ་ནི་གྲུབ་པ་འོ། །ཞེས་གསུངས་པས་ལུས་དཀྱིལ་ལ་དོན་དམ་པའི་ཐ་སྙད་འཇུག་སྟེ། རང་བཞིན་གྱིས་གྲུབ་པ་དང་། མ་བཅོས་པར་གྲུབ་པ་ནི་ཀུན་རྫོབ་ཏུ་བསྒྲུབ་མི་དགོས་ལ་དབང་བསྐུར་སོགས་ནི་ཀུན་རྫོབ་ཏུ་བློ་ངོར་མ་གྲུབ་པ་བསྒྲུབ་པར་བྱ་བའི་ཆེད་ཡིན་ཅེས་པའི་དོན་དུ་འཆད་དགོས་པའི་ཕྱིར་རོ། །དྲུག་པ་ནི། བདེ་མཆོག་རྩ་རྒྱུད་ལས། པཱུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་ཡང་དག་བསམ། །ཅེས་དང་། སཾ་བུ་ཊི་ལས། ཕྱི་རོལ་བཅས་པའི་ནང་ཉིད་ཀྱིས། །སྣ་ཚོགས་ཁྱབ་ཅིང་རྣམ་པར་གནས། །ཞེས་གསུངས་པའི་དོན་དུ་དགོངས་ནས་རྗེ་ས་ཆེན་གྱིས་ནག་པོ་པའི་སྐབས་སུ་ལུས་དཀྱིལ་ལ་ནང་དུ་བསྒོམ་པ་ཞེས་པའི་ཐ་སྙད་གསུངས་སོ། །བདུན་པཾ་ནི། རྒྱུད་གཞུང་ཕལ་ཆེར་གསུངས་ཤིང་ཡོངས་སུ་གྲགས་པའོ། །སྐབས་འདིའི་དོན་དམ་པ་དང་། ཡང་དག་པ་དང་། བདེན་པ་རྣམས་ནི་གསུང་རབ་སྤྱིའི་བརྡ་ཆད་ཀྱི་བདེན་པ་གཉིས་སུ་ཕྱེ་བའི་དོན་དམ་པ་སོགས་ལ་འཁྲུལ་པར་མི་བྱ་སྟེ། རྡོ་རྗེ་གུར་སོགས་ལས། སྦྱང་གཞི་སྦྱོང་བྱེད་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་གསུངས་པའི་ཕྱིར་དང་། ཕན་ཚུན་ལྟོས་ནས་དོན་དམ་པ་དང་། ཀུན་རྫོབ་ཀྱི་ཁྱད་པར་སོགས་གསུངས་པ་རྣམས་གནས་སྐབས་གཞན་ལ་ལྟོས་ནས་གཞན་དུ་ཡང་འགྱུར་བའི་ཕྱིར་རོ། །ལྔ་པ་སྒྲ་དེ་ལྡན་གྱི་ལུས་དཀྱིལ་གཏན་ལ་དབབ་པ་ལ་གཉིས་ཏེ། རྟེན་ལུས་དཀྱིལ་དང་། བརྟེན་པ་ལུས་དཀྱིལ་ལོ། །དང་པོ་ལ་གསུམ་སྟེ། རྒྱུད་ལས་གསུངས་པའི་ཚུལ། དེ་ཉིད་མན་ངག་གིས་འགྲེལ་པའི་ཚུལ། དེ་ལ་ལོག་པར་རྟོག་པ་དགག་པའོ། །དང་པོ་ནི། བོད་དུ་འགྱུར་བའི་རྒྱུད་སྡེ་ལས། རྟེན་ལུས་དཀྱིལ་གསུངས་པ་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང་། སཾ་བུ་ཊི་གཉིས་ལས། འདིར་སྐབས་སུ་བབ་པ་ཕྱི་མ་ལྟར་འཆད་ན། རྒྱུད་དེའི་དྲུག་པའི་གསུམ་པ་ལས། ལུས་ནི་དཀྱིལ་འཁོར་ཉམས་དགའ་བ། །སྒོ་བཞི་ཇི་སྐད་གསུངས་པའོ། །རང་གི་ཡན་ལག་བརྒྱད་བྱུང་བས། །ཀ་བ་དེ་ཡིས་བསྐོར་ཏེ་གནས། །དངོས་པོ་ཀུན་གྱི་མཉམ་པའི་ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་སུ་དབྱེ་བ་ཡི། །འཁོར་ལོ་གསུམ་ནི་གཅིག་ཏུ་གསུངས། །རི་ནི་མགོ་བོའི་ཟེའུ་འབྲུ་ལ། །ཇི་ལྟར་རྩོམ་ཆེན་ལ་སོགས་རིམ། །བླ་མའི་དུས་ཐབས་རིམ་ཉིད་ཀྱིས། །འདི་ནི་རྫོགས་པར་དཀྱིལ་འཁོར་གནས། །རྐང་པའི་མཐིལ་དུ་རྩོམ་ཆེན་རླུང་། །གཞུ་ཡི་དབྱིབས་སུ་ཡང་དག་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ལྟོ་བར་ཡང་ནི་ཆུ་ཡིན་ཏེ། །ཟླུམ་པོའི་གཟུགས་ཀྱིས་ཡང་དག་གནས། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སྒལ་ཚིགས་དབྱུག་གུའི་གཟུགས་ཀྱིས་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། དངོས་བསྟན་ཕྱི་རོལ་ན་ཇི་སྙེད་ཡོད་པ་ནང་དུ་བསྡུ་བའི་ཚུལ་དང་། བླ་མའི་མན་ངག་གིས་དཀྱིལ་འཁོར་རྫོགས་པ་ཁ་བསྐང་བའི་ཚུལ་ལོ། །དང་པོ་ནི། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་དུ་ཕྱེ། །ཞེས་པའི་དོན་རྫོགས་རིམ་གྱི་སྐབས་སུ་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ནང་རྩ་ཁམས་ལ་སྡོམ་པའི་དོན་དུ་འཆད་དགོས་ཀྱང་། ལུས་དཀྱིལ་གྱི་སྐབས་འདིར་ཕྱི་དཀྱིལ་ལ་ཇི་ལྟར་ཡོད་པ་ནང་ལུས་ལ་སྡོམ་པའི་དོན་དུ་བཤད་དགོས་པས། ཕྱི་དཀྱིལ་ལ་གྲུ་བཞི་ཡོད་པ་ནང་དུ་ལུས་ལ་ཡན་མན་དང་། ཕན་ཚུན་དུ་མཉམ་པ་ལ་ཚང་། སྒོ་བཞི་ནི་ནང་དུ་སྙིང་གའི་འབྱུང་བ་བཞིའི་རླུང་རྒྱུ་བའི་བུ་ག་བཞི་ལ་ཚང་སྟེ། ཇི་སྐད་གསུངས་པ་ཞེས་པའི་དོན་དྲུག་པའི་རབ་བྱེད་གཉིས་པར། འདབ་མ་རྣམས་ཀྱི་གཞི་ལ་ཡང་། །འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུ་ལས། །ཕྱོགས་བཞི་ལ་ནི་རྣམ་པར་གནས། །ཞེས་གསུངས་པ་ལ་བསྙགས་པར་མཛད་དོ། །ཕྱི་ལ་ཀ་བ་བརྒྱད་ཀྱིས་གཞལ་ཡས་ཁང་གི་ནང་བསྐོར་བ་ནི་ནང་དུ་རྐང་བརྒྱད་ཀྱིས་ལུས་བསྐོར་བ་ལ་ཚང་། ཕྱི་ལ་འཁོར་ལོ་གསུམ་གྱི་རྩིབས་ཉེར་བཞི་ནི་ནང་དུ་སྤྱི་བོ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་ལ་ཚང་། ཕྱི་ལ་རི་རབ་ཀྱི་ལྕོག་བརྒྱད་ནི་ནང་དུ་མགོ་བོའི་ཟུར་བཞི་ལ་ཚང་། ཕྱི་ལ་གཞལ་ཡས་ཁང་གི་རྒྱུའམ་འོག་གཞི་རྟེན་གང་ཡིན་ཀྱང་རུང་སྟེ། འབྱུང་བ་བཞི་ནི་རྐང་མཐིལ་ལ་སོགས་པ་བཞི་ལ་ཚང་། རི་རབ་ནི་སྒལ་ཚིགས་ཉེར་གཅིག་དབྱུག་གུའི་གཟུགས་སུ་གནས་པ་ལ་ཚང་བའི་དོན་དུ་འཆད་དོ། །གཉིས་པ་ནི། བླ་མའི་དུས་ཐབས་རིམ་ཉིད་ཀྱིས། །འདི་ནི་རྫོགས་པར་དཀྱིལ་འཁོར་གནས། །ཞེས་འདིར་དངོས་སུ་མ་བསྟན་པ་རྣམས་བླ་མའི་མན་ངག་གིས་ཁ་བསྐངས་ཏེ། དཀྱིལ་འཁོར་གི་ཆ་ཤས་རྫོགས་པར་བསྒོམས་ཞེས་གསུངས་ལ། མན་ངག་ལ་ཡང་རྣལ་འབྱོར་དབང་ཕྱུག་ནས་བརྒྱུད་པ་དང་། ནཱ་རོ་པ་ནས་བརྒྱུད་པ་གཉིས་ལས། དང་པོ་ལ་སྤྱི་བོ་སྣ་ཚོགས་རྡོ་རྗེ་སོགས་སྲུང་འཁོར་ཡང་ལུས་ལ་བསྒོམ་པ་དང་། མིག་པཉྩ་རེ་ཁཱའི་རྩིག་པ་སོགས་གཞལ་ཡས་ཁང་གི་ཆ་ཤས་གཞན་རྣམས་ཀྱང་ལུས་ལ་བསྒོམ་པའི་ཚུལ་གསུངས་ཤིང་། ནཱ་རོ་པའི་མན་ངག་ལས་སྲུང་འཁོར་ལུས་ལ་བསྒོམ་པ་མི་སྣང་ཞིང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། རྒྱུ་མ་ལ་སོགས་པ་ནི་གཞལ་ཡས་ཁང་གི་རྒྱན་ཅེས་པ་ཙམ་ལས་གསལ་བར་མ་གསུངས་ཀྱང་། འཕགས་པས་ཀྱཻ་རྡོར་ཇི་ལྟ་བ་བཞིན་དུ་བསྒོམ་པར་གསུངས་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མའི་མན་ངག་ཡིན་པས་རུང་བར་སྣང་ངོ་། །མན་ངག་ཅེས་པ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མས་གྲུབ་ཐོབ་ལ་གནང་ནས་རྩ་བའི་བླ་མའི་བར་དུ་སྙན་ནས་སྙན་དུ་བརྒྱུད་པ་གཅིག་དགོས་ཀྱི་བླ་མ་འགའ་ཞིག་གིས་བར་སྐབས་སུ་ཕོ་ཚོད་ཀྱིས་རང་བཟོ་བྱས་ནས་གང་འགྲིག་སྦྱར་བ་མན་ངག་མ་ཡིན་ཏེ། དེ་ལྟར་ན་མན་ངག་གཞན་ནས་བརྒྱུད་མི་དགོས་པར་རང་གིས་བཟོས་པས་ཆོག་པར་ཐལ་བའི་ཕྱིར་རོ། །འོ་ན་བསྒོམས་པའི་ཚེ་ཚང་བརྩི་བ་ཙམ་གྱིས་ཆོག་གམ། རྣམ་པ་ཉིད་ངེས་པར་བསྒོམ་དགོས་སམ་སྙམ་ན། འདི་ལ་ཕྱི་ལ་ཡོད་པ་ནང་དུ་སྡོམ་པ་གཙོ་བོར་བྱེད་པ་དང་། ནང་ཉིད་ལ་ཡང་ཐ་མལ་གྱི་རྣམ་རྟོག་བཀག་དགོས་པ་གཉིས་ལས། དང་པོའི་སྐབས་སུ་ཚང་བརྩི་བ་ཙམ་གྱིས་ཆོག་པར་མངོན་ཏེ། རྗེ་བཙུན་གྱིས་དྲིལ་བུ་ལུས་དཀྱིལ་གྱི་བརྟེན་པ་ལྷ་ལ་ཡང་རྣམ་པ་ཡི་གེ་ཉིད་ལྷའི་ངོ་བོར་བསྒོམ་པའི་ཚུལ་ཡང་གསུངས་པའི་ཕྱིར་རོ། །ནང་ཉིད་ལ་ཡང་ཐ་མལ་གྱི་རྣམ་རྟོག་བཀག་པ་གཙོ་བོར་བྱེད་ན་རྣམ་པ་ཉིད་ཀྱང་བསྒོམ་དགོས་ཏེ། རྐང་བརྒྱད་ཀ་བའི་རྣམ་པར་མ་བསྒོམ་ན་ཐ་མལ་གྱི་རྣམ་རྟོག་བཀག་མི་ནུས་པའི་ཕྱིར་རོ། །དེའི་ཚེ་ཡང་ལུས་ཀྱི་ཆ་ཤས་གང་དུ་ཡོད་ས་དེར་གཞལ་ཡས་ཁང་གི་ཆ་ཤས་དེ་དང་དེར་བསྒོམ་པ་ཡིན་གྱི་ཐམས་ཅད་བཤིག་ནས་གཞལ་ཡས་ཁང་གཅིག་ཏུ་བསྒོམ་པ་ནི་མ་ཡིན་སྟེ། འོག་ཏུ་འཆད་དོ། །གསུམ་པ་དེ་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། བསྒོམ་ཚུལ་གི་རྣམ་གཞག་སྤྱིར་རྟེན་པ། དེ་ལ་མི་འཐད་པའི་ཆ་དགག་པའོ། །དང་པོ་ནི། རྟེན་ལུས་དཀྱིལ་བསྒོམ་ཚུལ་འདི་ལ་ལུགས་བཞི་འབྱུང་སྟེ། ལུགས་དང་པོ་ནི། བཤད་མ་ཐག་པའི་རྒྱུད་དོན་མན་ངག་གིས་བཤད་པ་རྗེ་བཙུན་ས་སྐྱ་པའི་ལུགས་ཏེ། ཕྱིའི་གཞལ་ཡས་ཁང་པའི་ཆ་ཤས་ནང་གྱི་ལུས་ཀྱི་ཆ་ཤས་གང་དུ་ཡོད་ས་དེར་ཕྱིའི་ཆ་ཤས་ཀྱི་ངོ་བོའམ་རྣམ་པ་གང་རུང་དུ་བསྒོམ་པ་སྟེ། རྗེ་བཙུན་རྩེ་མོས་དྲིལ་བུ་ལུས་དཀྱིལ་དུ་རྟེན་ཡང་རྐང་མཐིལ་ན་རླུང་ཞེས་བྱ་བ་ནས་བརྩམས་ཏེ། ལྕེ་དང་མཆུ་འདོད་པའི་ཡོན་ཏན་ལ་སོགས་པ་ལུས་ཀྱི་ཆ་ཤས་དཀྱིལ་འཁོར་གྱི་རྒྱན་གྱི་བར་རྟེན་ཡང་གནས་པར་བཤད་དེ་ཞེས་གསུངས་པས་སོ། །དེ་ཡང་ཕྱི་ལ་ཡོད་པའི་ཆ་ཤས་རྒྱུད་དང་མན་ངག་གིས་ཇི་ལྟར་བཀྲལ་བ་ཙམ་ཞིག་བསྒོམ་པ་ཡིན་གྱི་མངོན་རྟོག་དེ་ཉིད་ཀྱི་ཕྱི་ལ་ཇི་ལྟར་ཡོད་པ་བཞིན་བསྒོམ་པ་ནི་མ་ངེས་ཏེ་དྲིལ་བུ་ལུས་དཀྱིལ་ལ་ཕྱི་དཀྱིལ་མེད་པའི་ཕྱིར་དང་། ཀྱཻ་རྡོར་གྱི་ཕྱི་དཀྱིལ་ལ་མདའི་དྲྭ་བ་དང་། འོག་གཞིའི་རི་རབ་མེད་ཀྱང་སྤྱིར་ཕྱི་དཀྱིལ་ལ་ཡོད་པ་བསྒོམ་པའི་ཕྱིར་རོ། །ལུགས་གཉིས་པ་ནི། སྔོན་གྱི་མཁས་པ་འགོས་རྔོག་དང་། དཔྱལ་སེ་ལ་སོགས་པ་རྣམས་བསྐྱེད་གཞི་རང་གི་ལུས་ལ་རང་བཞིན་གྱིས་གྲུབ་པའི་ཕུང་པོའི་ཆ་ཤས་དེ་དང་དེ། གཞལ་ཡས་ཁང་གི་ཆ་ཤས་དེ་དང་དེའི་ངོ་བོའམ་དོད་དམ་ཚང་བརྩི་བའི་ཚུལ་གྱིས་བསྒོམས་པ་ཡིན་གྱི། རྣམ་པ་བསྒོམ་མི་དགོས་པར་བཞེད་ཅིང་། རྗེ་བཙུན་གོང་མའི་བཞེད་པ་ཕྱོགས་གཅིག་ལ་ཡང་ངོ་བོར་བསྒོམ་པ་འདི་ཉིད་ཡོད་དོ། །གཞན་དུ་རྣམ་པ་ངེས་པར་བསྒོམ་དགོས་ན། མིག་གི་རྣམ་ཤེས་མེ་ལོང་དང་། རྣ་བའི་རྣམ་ཤེས་བ་དན་དུ་བསྒོམ་པ་སོགས་གཞག་དཀའོ། །ལུགས་གསུམ་པ་ནི་གཞན་ལུགས་ཀྱི་བླ་མ་ཁ་ཅིག ཐོག་མར་གཞལ་ཡས་ཁང་གི་དབུས་གཙོ་བོའི་གནས་སུ་རང་གི་ལུས་ལས་བྱུང་བའི་ཕྱི་དཀྱིལ་ལྟ་བུའི་གྲུ་བཞི་སྒོ་བཞིའི་རྣམ་པ་ཅན་དུ་བསྒོམས་ནས་དེའི་དབུས་སུ་གཙོ་བོའི་ལུས་ཡོད་པའི་གྲུབ་མཐའ་བཅས་པ་ལ། སྔགས་འཆང་གཞན་དག་གིས། དེ་ལྟར་ན་ཁྱོད་ཀྱི་འདུས་པ་འཕགས་ལུགས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་གི་གཞལ་ཡས་ཁང་པ་སྒོ་ཉིས་སྦྲག་ཏུ་འགྱུར་རོ་ཞེས་པའི་གནོད་བྱེད་བརྗོད་པ་མ་བཟོད་ནས། རྗེས་སུ་ལྷག་མོས་ཀྱི་གཞལ་ཡས་ཁང་པའི་རྒྱུན་མ་བསྡུས་པར་ཡོད་པ་ལ་སྤྲུལ་སྐུ་རྡོར་སེམས་ལ་ལུས་དཀྱིལ་བཀོད་པའི་ཐད་དུ་སླེབ་པ་དང་། རང་གི་ལུས་ཀྱི་རིགས་འདྲ་སྔ་མ་རྣམས་ཆད་ནས་བསྟིམས་པས་ལུས་དཀྱིལ་གྱི་གཞལ་ཡས་ཁང་དུ་འགྲོ་བ་ཡིན་ཏེ། ལུས་རྒྱུར་སོང་ཞིང་གྲུ་བཞི་སྒོ་བཞིའི་རྣམ་པ་ཅན་དུ་འདུག་པའི་ཕྱིར་ཞེས་འདོད་དོ། །ལུགས་བཞི་པ་ནི་རང་ལུགས་ཀྱི་རྗེ་བཙུན་གོང་མའི་གསུང་རབ་ཚད་མར་བྱས་ཀྱང་བཤད་མ་ཐག་པ་འདི་ཉིད་སྙིང་ལ་འཚང་བའི་བླ་མ་དག་ཕྱི་དཀྱིལ་གྱི་གཞལ་ཡས་ཁང་པའི་དབུས་སུ་འཁོར་གྱི་ལྷ་རྣམས་ཕྱིར་བཞག་ནས་དེ་དང་གཙོ་བོའི་བར་དུ་ལུས་ལས་བྱུང་བའི་གྲུ་བཞི་སྒོ་བཞི་བསྒོམས་ནས་དེའི་དབུས་སུ་གཙོ་བོ་བཞུགས་པ་དེ་ལ་བརྟེན་པ་ལུས་དཀྱིལ་འགོད་པ་ཡིན་ཏེ། རིགས་པ་ནི་ལུས་དཀྱིལ་གྱི་གཞལ་ཡས་ཁང་པ་ཡིན་ན། ལུས་རྒྱུར་བྱས་པའི་གྲུ་བཞི་སྒོ་བཞིའི་རྣམ་པ་ཅན་ཡིན་དགོས་པའི་ཕྱིར་དང་། ལུང་ནི་སཾ་བུ་ཊི་ལས། ལུས་ནི་དཀྱིལ་འཁོར་ཉམས་དགའ་བ། །ཞེས་སོགས་ལུས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ཀ་བ་བརྒྱད་ཀྱིས་བསྐོར་བ་དང་བཅས་པ་བཤད་པའི་མཇུག་ཏུ། བླ་མའི་དུས་ཐབས་རིམ་ཉིད་ཀྱིས། །འདི་ནི་རྫོགས་པར་དཀྱིལ་འཁོར་གནས། །ཞེས་དངོས་སུ་མི་གསལ་བའི་གཞལ་ཡས་ཁང་གི་ཆ་ཤས་རྣམས་བླ་མའི་མན་ངག་གིས་ཁ་བསྐངས་ནས་ཡོངས་སུ་རྫོགས་པར་བསྒོམ་པར་གསུངས་པའི་ཕྱིར་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ལུས་ནི་གཞལ་ཡས་ཁང་དུ་གྱུར། །སངས་རྒྱས་ཀུན་གྱིས་ཡང་དག་བརྟེན། །ཞེས་མདོར་བསྟན་ནས། བསྒོམ་ཚུལ་རྒྱས་པར་བཤད་པའི་མཇུག་ཏུ། དེ་དག་གཞལ་ཡས་ཁང་དུ་བསྒོམ་ཞེས་གསུངས་པའི་ཕྱིར་དང་། སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས། རྣལ་འབྱོར་ཆེ་མཆོག་རང་གི་ལུས། །གྲུབ་པའི་དཀྱིལ་འཁོར་སྐད་ཅིག་ལྟ། །ཞེས་དང་། གྲུབ་ཆེན་དྲིལ་བུ་པས། རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི། །ལུས་ནི་དཀྱིལ་འཁོར་དུ་འདོད་དོ། །ཞེས་དང་། ཀླུ་བྱང་གིས། ཚངས་པའི་ཐིག་ལ་ཡང་དག་བརྟེན། །གྲུ་བཞི་པ་རུ་རྣམ་པར་དབྱེ། །ཞེས་དང་། རྗེ་བཙུན་རྩེ་མོས་སཾ་བུ་ཊིའི་ཊཱི་ཀར། དེ་དག་གི་རྟེན་ཡང་ལུས་ནི་ཞེས་སྨོས་ཏེ། གཞལ་ཡས་ཁང་གི་མཚན་ཉིད་དང་། རི་རབ་འབྱུང་བ་རིམ་བརྩིག་དང་བཅས་པ་རྣམས་བསྟན་ཏེ་ཚིག་གོ་སླའོ་ཞེས་དེ་གཉིས་རྟེན་དང་བརྟེན་པར་གསུངས་པའི་ཕྱིར་དང་། རྗེ་བཙུན་གྱིས་དྲིལ་བུ་པའི་སྒྲུབ་ཐབས་ལས། མགོ་བོ་རི་རབ་ཀྱི་སྟོད་ཀྱི་ཆ། དེའི་སྟེང་གི་གཞལ་ཡས་ཁང་གྲུ་བཞི་པ་ནི་ལུས་མི་མཉམ་པ་མེད་པ་གྲུ་བཞི་ཞེས་མགོ་བོ་རི་རབ་ཏུ་གྱུར་པའི་སྟེང་དུ་ལུས་གཞལ་ཡས་ཁང་དུ་བསྒོམ་པར་བཤད་པའི་ཕྱིར་དང་། གཉུག་མ་དྲན་གསལ་ལས། རྐང་མཐིལ་རྡོ་རྗེའི་ས་གཞི། སྤྱི་བོ་རྡོ་རྗེ་རྒྱ་གྲམ་གྱི་ཐོག་ཞེས་སོགས་རྟེན་གཞལ་ཡས་ཁང་བསྒོམས་པའི་རྗེས་སུ་དེའི་དབུས་སུ་རང་གང་བསྒོམས་པའི་གཞི་དུས་ཀྱི་ཧེ་རུ་ཀར་གསལ་བའི་གསང་གནས་སུ་དོན་ཡོད་གྲུབ་པ་ཞེས་ལུས་དཀྱིལ་གྱི་གཞལ་ཡས་ཁང་གི་དབུས་སུ་ཧེ་རུ་ཀའི་ལུས་ལ་བརྟེན་པ་ལུས་དཀྱིལ་འགོད་པ་གསལ་བར་བཤད་པའི་ཕྱིར་རོ་ཞེས་སོགས་ཀྱི་སྒྲུབ་བྱེད་མང་དུ་འགོད་པར་བྱེད་དོ། །དེ་ལྟར་ལུགས་བཞི་ལས། དང་པོ་གཉིས་ནི་དོད་ཙམ་བསྒོམས་པ་དང་། རྣམ་པ་བསྒོམ་པའི་ཁྱད་པར་ཅུང་ཟད་ཡོད་ཀྱང་། བློའི་བྱེ་བྲག་གི་གཉིས་ཆར་ཁས་ལེན་དགོས་པའི་ཕྱིར་དང་། རྒྱུད་དོན་མན་ངག་གིས་འགྲེལ་པའི་ལུགས་བཟང་ཡིན་པ་དང་། ཕྱིའི་གཞལ་ཡས་ཁང་ནང་དུ་སྡོམ་པའི་རིགས་པའི་གནད་ཀྱང་ཚང་བས་རང་ལུགས་སུ་གཞག་པར་བྱ་བ་ཡིན་ནོ། །གཉིས་པ་མི་འཐད་པའི་ཆ་དགག་པ་ནི། ལུགས་གསུམ་པ་ལ་ཐོག་མར་འདི་འདྲི་སྟེ། ལུས་རྒྱུར་སོང་ཞིང་གྲུ་བཞི་སྒོ་བཞིའི་རྣམ་པ་ཅན་དུ་འདུག་པའི་ཕྱིར་ཞེས་པའི་དོན་ལུས་དཀྱིལ་གྱི་གྲུ་བཞི་སྒོ་བཞིའི་རྣམ་པ་ཅན་ལ་ཟེར་རམ། ཕྱི་དཀྱིལ་གྱི་གྲུ་བཞི་སྒོ་བཞིའི་རྣམ་པ་ཅན་ལ་ཟེར། དང་པོ་ལྟར་ན་ལུགས་མཆོག་སྔ་མ་གཉིས་ལ་ཡང་ཚང་སྟེ། རྡོ་རྗེ་ཕྲེང་བ་ལས། གྲུ་བཞི་ཡི་ནི་མདུན་རྒྱབ་དང་། །གཡས་དང་གཡོན་གྱི་དབྱེ་བས་སོ། །སྟེང་འོག་སྒོ་ཡི་དབྱེ་བ་ཡིས། །སྒོ་བཞི་ཞེས་ནི་བཤད་པ་ཡིན། །ཞེས་དང་། སཾ་བུ་ཊི་ལས། དངོས་པོ་ཀུན་གྱི་མཉམ་པའི་ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། །ཞེས་དང་། སྒོ་བཞི་ཇི་སྐད་གསུངས་པའོ། །ཞེས་གསུངས་པས་སོ། །ཕྱི་མ་ལྟར་ན་ཤིན་དུ་མི་འཐད་དེ། ལུས་དཀྱིལ་སྟོན་པའི་རྒྱུད་གཞུང་རྣམས་ལས། ཕྱི་རོལ་ལ་ཇི་ལྟར་ཡོད་པ་ལྟར་ནང་ལ་ཚང་བ་འབའ་ཞིག་གསུངས་ཀྱི་ནང་ཉིད་ཕྱི་རོལ་ཇི་ལྟ་བ་བཞིན་བསྒོམ་པར་གསུངས་པ་མི་སྣང་བའི་ཕྱིར་དང་། གཞན་དུ་བརྟེན་པ་ལུས་དཀྱིལ་ཡང་ལུས་ཀྱི་ཆ་ཤས་གང་ཡོད་ས་དེར་མི་བསྒོམ་པར་ཕྱི་དཀྱིལ་གྱི་བཀོད་པ་ཇི་ལྟ་བ་བཞིན་བསྒོམ་དགོས་པར་ཐལ་བའི་ཕྱིར་རོ། །གཞན་ཡང་ལུས་ཀྱི་ཆ་ཤས་བསྲེས་ཟིན་པའི་དཀྱིལ་འཁོར་རྒྱལ་མཆོག་གི་ཁང་པ་དེ་ཕྱི་ནང་གཉིས་ཀའི་གཞལ་ཡས་ཁང་ཡིན་ནམ། ལུས་དཀྱིལ་རྐྱང་པའི་གཞལ་ཡས་ཁང་ཡིན། དང་པོ་ལྟར་ན་མི་རིགས་ཏེ། སློབ་དཔོན་དྲིལ་བུ་པས། བཅོས་མ་གཉིས་ཀྱིས་ངོ་བོ་གང་། །ཞེས་གསུངས་པས། བཅོས་མ་དང་མ་བཅོས་པའི་དཀྱིལ་འཁོར་གྱི་གཞི་མཐུན་དུ་ཐལ་བའི་ཕྱིར་རོ། །གལ་ཏེ་ལུང་དེ་ཉིད་རྡུལ་ཚོན་དང་རས་རིས་ལ་བཅོས་མར་འཆད་པའི་སྐབས་ཡིན་གྱིས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་བཅོས་མའི་ཐ་སྙད་མི་བྱེད་དོ་ཞེ་ན། འོ་ན་གྲུབ་ཆེན་ཀླུ་བྱང་གིས་རྡུལ་ཚོན་ལ་བདག་མདུན་ཐ་མི་དད་དུ་བསྒྲུབ་པར་བཤད་པ་ཉམས་སུ་ལེན་པའི་ཚེ་ལུས་དཀྱིལ་བཀོད་ཕྱིན་ཆད་བཅོས་མ་བཅོས་ཀྱི་གཞི་མཐུན་དུ་འགྱུར་ཏེ། ལུས་དཀྱིལ་དང་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་གཞི་མཐུན་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང་མི་རིགས་ཏེ། འདུས་པ་འཕགས་ལུགས་ཀྱི་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ལ་ལུས་དཀྱིལ་འགོད་ཕྱིན་ཆད་ཕྱི་དཀྱིལ་གཏན་མེད་པར་འགྱུར་ཞིང་། དེ་ཡང་འདོད་ན་སྔར་བཤད་པ་ལྟར་རྡུལ་ཚོན་ལ་བདག་མདུན་ཐ་མི་དད་དུ་བསྒྲུབས་ནས་དཀྱིལ་འཁོར་སྟོན་པའི་ཚེ་ཕྱི་དཀྱིལ་སྟོན་རྒྱུ་མེད་པར་འགྱུར་རོ། །གཞན་ཡང་ཕྱི་དཀྱིལ་ལ་ལུས་ཀྱི་ཆ་ཤས་བསྲེས་པར་མོས་པ་ཙམ་གྱིས་ལུས་དཀྱིལ་བསྒོམས་པར་འགྲོ་ན་དཀྱིལ་འཁོར་རྒྱལ་མཆོག་གི་དཀྱིལ་འཁོར་ཐམས་ཅད་ལུས་དཀྱིལ་དུ་འགྱུར་ཏེ་ཕྱི་དཀྱིལ་ལ་ལུས་དཀྱིལ་གྱི་ཆ་ཤས་འདྲེས་པའི་མོས་པ་བྱེད་པར་མཚུངས་པའི་ཕྱིར་རོ། །གཞན་ཡང་བདེ་མཆོག་དྲིལ་བུ་ཞབས་ཀྱི་ལུགས་ལ་ལུས་དཀྱིལ་གྱི་གཞལ་ཡས་ཁང་མེད་པར་འགྱུར་ཏེ། ལུས་ཀྱི་རིགས་འདྲ་བསྲེ་བའི་གཞི་ཕྱིའི་གཞལ་ཡས་ཁང་མེད་པའི་ཕྱིར། གལ་ཏེ་དེར་གྲུབ་ཆེན་གྱིས་དངོས་སུ་མ་བཤད་ཀྱང་མངོན་བརྗོད་དགུ་པ་ནས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་སྒྲ་ཚུལ་ལས་གཞལ་ཡས་ཁང་ཕྱིའི་ཧེ་རུ་ཀ་དང་བཅས་པ་ཅིག་ཆར་དུ་བསྐྱེད་པ་ཁ་བསྐངས་ནས་དེ་ལྟ་བུའི་གཞལ་ཡས་ཁང་དང་། ལུས་ཀྱི་ཆ་ཤས་རྣམས་བསྲེས་ནས་བསྒོམས་པས་སྐྱོན་མེད་དོ་ཞེ་ན། དེ་ནི་ཤིན་ཏུ་མི་འཐད་དེ། མངོན་བརྗོད་དགུ་པ་ནི་ཕྱི་ནང་སྦྲག་མ་སྟོན་པའི་སྐབས་ཡིན་པས་དེ་ལྟར་བྱས་ན་གྲུབ་ཆེན་གྱིས། ཕྱི་རོལ་རྣམ་རྟོགས་སྤངས་ནས་ནི། །ཞེས་གསུངས་པ་དང་འགལ་བའི་ཕྱིར་ཏེ། དེ་ལྟ་བུའི་བསྐྱེད་ཆོག་དེ་ཕྱིའི་སྤྲོས་པ་ལཱུ་ཧི་པ་དང་ཁྱད་པར་མི་འདུག་པའི་ཕྱིར་རོ། །གལ་ཏེ་འདིར་གཞལ་ཡས་ཁང་གི་ནང་ན་ཕྱིའི་ཧེ་རུ་ཀ་དཔའ་བོ་གཅིག་ལས་མེད་པས་ལཱུ་ཧི་པ་དང་མི་མཚུངས་སོ་སྙམ་ན་དེ་ལྟར་ན་འཁོར་གྱི་ལྷ་ཡོད་མེད་ཀྱི་སྒོ་ནས་ཕྱི་དཀྱིལ་དང་ལུས་དཀྱིལ་དུ་འཇོག་པར་སྣང་བས་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སོགས་གཞལ་ཡས་ཁང་གི་ནང་དུ་ལྷ་དཔའ་བོ་གཅིག་པ་བསྐྱེད་པའི་གཞལ་ཡས་ཁང་ཐམས་ཅད་ལུས་དཀྱིལ་དུ་འགྱུར་རོ། །གཞན་ཡང་གྲུབ་ཆེན་གྱི་གཞུང་དུ། འོད་ཟེར་སྤྲོས་པས་སྔོན་གྲུབ་པ། །བསྐུལ་ནས་ཕྱག་འཚལ་རང་ལུས་གཞུག །རྐང་མཐིལ་སུམ་མདོ་ལྟེ་སྙིང་ག །རླུང་དང་མེ་ཆུ་ས་ཡིན་ནོ། །ཞེས་ཚོགས་ཞིང་བསྟིམས་པའི་རྗེས་སུ་ལུས་དཀྱིལ་གསལ་གདབ་པ་ལས་ཁྱེད་འདོད་པ་ལྟར་གྱི་ཕྱི་དཀྱིལ་ཁ་བསྐངས་པ་གཏན་མ་བཤད་ཅིང་ནཱ་རོ་པ་ནས་བརྒྱུད་པ་དང་། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་གང་ལ་ཡང་འདི་ལྟ་བུའི་ཁ་བསྐང་ཚུལ་མ་གསུངས་པས་རང་བཟོ་ཁོ་ནའོ། །གལ་ཏེ་དཀྱིལ་མཆོག་ལས་མནའ་ཆུ་བླུད་པ་ཡན་ཆད་མ་གསུང་ཀྱང་ནག་པོ་དཀྱིལ་ཆོག་ལས་གསུངས་པ་ཁ་བསྐང་བའི་རིགས་པས་འདིར་ཡང་ཁ་བསྐང་ངོ་སྙམ་ན་དེ་ནི་མི་མཚུངས་ཏེ། དཀྱིལ་ཆོག་ལས། དང་པོར་སློབ་དཔོན་བདག་ཉིད་རང་། །དེ་ནས་སློབ་མ་བདག་འདྲར་བསམ། །དེ་ནས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་ཁ་འཕངས་པའི་དོན་ཁ་བསྐང་བ་ཡིན་གྱི་འདིར་ནི་དེ་ལྟ་བུའི་ཁ་འཕངས་ཀྱི་ཚིག་གི་ཁྱད་པར་མེད་པའི་ཕྱིར། གཞན་ཡང་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི་རེ་ཤིག་གཞག་གོ །ད་ནི་ལུགས་བཞི་པ་ལ་དཔྱད་པར་བྱ་སྟེ། སྒྲུབ་བྱེད་མེད་པར་བསྟན་པ་དང་། གནོད་བྱེད་ཡོད་པར་བསྟན་པ་གཉིས་ལས། དང་པོ་ནི། ཁྱོད་ཀྱི་སྒྲུབ་བྱེད་ཀྱི་གཙོ་བོ་རྒྱུད་གཉིས། རྒྱ་གཞུང་གསུམ་ཊཱི་ཀ་དང་བཅས་པའི་ལུགས་དེ་དག་སྒྲུབ་བྱེད་དུ་ཅུང་ཟད་ཙམ་ཡང་མ་འབྲེལ་ཏེ། དེ་དག་ལ་སོགས་པའི་རྒྱུད་འགྲེལ་མང་པོ་ནས། ལུས་དཀྱིལ་འཁོར་ཡིན་ཞེས་པ་དང་། ལུས་དཀྱིལ་འཁོར་དུ་གྱུར་ཞེས་པ་དང་། ལུས་དཀྱིལ་འཁོར་དུ་བསྒོམས་ཞེས་གསུངས་པས་རང་གི་ལུས་འདི་དཀྱིལ་འཁོར་དུ་བསྒོམ་པ་སྟོན་པ་ཡིན་པར་ཐམས་ཅད་མཐུན་མོད། དེ་ཙམ་གྱིས་ཕྱི་དཀྱིལ་ལྟ་བུའི་གྲུ་བཞི་སྒོ་བཞིའི་རྣམ་པར་བསྒོམས་པ་མི་གྲུབ་པའི་ཕྱིར་ཏེ། སྤྱིར་དཀྱིལ་འཁོར་ཡིན་ན་ཡང་གྲུ་བཞི་སྒོ་བཞིའི་རྣམ་པ་ཅན་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། ཕྱིའི་དབང་དུ་བྱས་ན་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ནང་མ་རྣམས་ཟླུམ་པོར་ཡོད་པའི་ཕྱིར་དང་། ནང་གི་དབང་དུ་བྱས་ན་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་ལ་ཡང་དཀྱིལ་འཁོར་གྱི་ཐ་སྙད་ཡོད་པའི་ཕྱིར་རོ། །རྩ་རྒྱུད་དང་སཾ་བུ་ཊི་གཉིས་ཆར་ལས། དཀྱིལ་འཁོར་འཁོར་ལོའི་སྐབས་སུ། དཀྱིལ་འཁོར་སངས་རྒྱས་བཞུགས་པའི་གྲོང་ཁྱེར་ལ་འཁྲུལ་ནས། དོགས་པ་ཞུས་པའི་ལན་དུ་དཀྱིལ་འཁོར་གྱི་སྒྲ་དོན་སྙིང་པོ་ལེན་པ་ཡིན་པས་དེ་འཁྲུལ་མི་དགོས་སོ་ཞེས་པའི་ལན་གསུངས་པ་ཡང་འདི་འདྲའི་རིགས་ཅན་ལ་དགོངས་པར་སྣང་སྟེ་ཁྱོད་ཀྱང་དཀྱིལ་འཁོར་ཞེས་པའི་ཐ་སྙད་ཐམས་ཅད་གྲུ་བཞི་སྒོ་བཞིའི་རྣམ་པ་ཅན་དུ་འཁྲུལ་འདུག་པའི་ཕྱིར་རོ། །དྲིལ་བུ་པའི་སྒྲུབ་ཐབས་རྗེ་བཙུན་གྱིས་མཛད་པ་ལས། དེ་ལྟར་གསུངས་པ་ནི་ཕྱི་ལ་ཇི་ལྟར་ཡོད་པ་ནང་དུ་བསྒོམ་པའི་ཚེ་ཕྱིའི་རྟེན་འབྱུང་བཞི་རི་རབ་དང་བཅས་པ་ནང་དུ་འདི་ཡིན། ཕྱིའི་དེའི་སྟེང་གི་གཞལ་ཡས་ཁང་པ་ནང་དུ་འདི་ཡིན་ཞེས་པའི་དོན་ཡིན་གྱི་ནང་དུ་དེ་གཉིས་སྟེང་འོག་ཏུ་བསྒོམ་པའི་དོན་མ་ཡིན་ནོ། །གཉུག་མ་དྲན་གསལ་གྱི་ལུང་གི་དོན་ཡང་ཁྱོད་འདོད་པ་ལྟར་མ་ཡིན་ཏེ། དེ་ཡང་སྔ་མ་ལྟར། ཕྱི་ལ་སྲུང་བའི་འཁོར་ལོ་ཡོད་པ་ནང་དུ་རྐང་མཐིལ་རྡོ་རྗེའི་ས་གཞི། སྤྱི་བོ་རྡོ་རྗེ་རྒྱ་གྲམ་གྱི་ཐོག་ཞེས་སོགས་དང་། ཕྱི་ལ་གཞལ་ཡས་ཁང་ཡོད་པ་ནང་དུ་ལུས་འདོམ་གང་གྲུ་བཞི་སོགས་དང་། ཕྱི་ལ་གཞལ་ཡས་ཁང་གི་དབུས་ཕྱིའི་ཧེ་རུ་ཀ་བསྒོམ་པ་ནང་དུ་རང་གང་བསྒོམ་པའི་གཞི་དུས་ཀྱི་ཧེ་རུ་ཀར་གསལ་བ་ཡིན་ཞེས་པའི་དོན་ཡིན་གྱི། ལུས་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིར་བསྒོམས་པའི་དབུས་སུ་ཕྱིའི་ཧེ་རུ་ཀ་བསྒོམ་པའི་དོན་གཏན་མ་ཡིན་པའི་ཕྱིར་ཏེ་གཞན་དུ་ན་སཾ་བུ་ཊི་ལས། ཀ་བ་གཅིག་དང་སྒོ་དགུ་པ། །སྦོམ་པོ་ལྔ་ནི་ལྷག་པའི་ལྷ། །ཞེས་པའི་དོན་ཡང་། གཞི་དུས་སུ་རྩ་དབུ་མ་ཀ་བ་གཅིག་དང་། བུ་ག་དགུ་སྒོ་དགུར་སྐྱེས་པའི་ཁང་པའི་ནང་དུ་ཕུང་པོ་ལྔ་ཡོད་པའི་དོན་ཡིན་པར་འགྱུར་ཏེ། དེའི་འགྲེལ་པར་གནད་ཀྱི་གསལ་བྱེད་ལས། ཀ་བ་གཅིག་ནི་ལུས་ཀྱི་ཀ་བ་རྩ་ཨ་ཝ་ངྷཱུ་ཏཱི་དབུས་ན་གནས་པའོ། །སྒོ་དགུ་ནི་འོག་ཏུ་སྦྱར་ལ། བུ་ག་དགུ་ཞེས་སྦྱར་ཏེ། མིག་ལ་སོགས་པ་དགུའོ། །དེ་ལྟ་བུའི་ཁང་པ་ན་ལྷ་གང་ཡོད་ཅེ་ན་སྦོམ་པོ་ལྔ་སྟེ། ཕུང་པོ་ལྔ་རྒྱལ་བ་ལྔའོ། །ཞེས་གསུངས་པས་སོ། །ལེགས་པར་སོམས་ཤིག གཞུང་དེར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱི་ཐོག་ཅེས་པ་འདི་ཉིད་ཀྱིས། ཁྱོད་ཀྱི་འདོད་པ་དེ་ཉིད་བཀག་པར་གསལ་ཏེ། རྡོ་རྗེ་རྒྱ་གྲམ་གྱི་ཐོག་དེ་ཉིད་ལུས་དཀྱིལ་གྱི་ཐོག་ཡིན་ནམ། ཕྱི་དཀྱིལ་གྱི་ཐོག་ཡིན། དང་པོ་ལྟར་ན་ཁྱོད་ལུས་དཀྱིལ་གྱི་རྡོ་རྗེ་རྒྱ་གྲམ་གཞལ་ཡས་ཁང་གི་འོག་གཞིར་བསྒོམས་པ་དང་དངོས་སུ་འགལ་ཞིང་། གཞན་གྱི་འདོད་པ་སྦྱང་གཞི་གང་དུ་ཡོད་སར་བསྒོམ་པ་འདི་ཉིད་འགྲུབ་བོ། །ཕྱི་མ་ལྟར་ན་ཕྱི་དཀྱིལ་ལ་རྡོ་རྗེ་རྒྱ་གྲམ་འོག་གཞིར་ཡོད་ཀྱི་ཐོག་ཏུ་མེད་པས་བསལ་ལོ། །གཉིས་པ་གནོད་བྱེད་ཡོད་པར་བསྟན་པ་ལ་ལུང་གི་གནོད་བྱེད་དང་། རིགས་པའི་གནོད་བྱེད་གཉིས་ལས། དང་པོ་ནི། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་ཕྱེ། །ཞེས་པ་འདི་ཉིད་ཀྱིས་གནོད་དེ་ཁྱོད་འདོད་པ་ལྟར། ལུས་ཀྱི་ཆ་ཤས་འདི་ཉིད་ལ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིར་བྱས་ནས་རང་གི་ལུས་ཀྱི་ཕྱི་རོལ་དུ་ཡོད་ན། ཇི་ལྟར་ནང་དུ་དེ་བཞིན་ཕྱིར། །འཐོར་བའི་དེ་ཉིད་རབ་ཏུ་ཕྱེ། །ཞེས་པར་སོང་འདུག་པའི་ཕྱིར་རོ། །གལ་ཏེ་ནང་ཞེས་པའི་དོན་ལུས་དཀྱིལ་གྱི་གཞལ་ཡས་ཁང་ཡིན་ལ། དེར་ཕྱི་དཀྱིལ་ལ་ཇི་ལྟར་ཡོད་པ་སྡོམ་པའི་དོན་ཡིན་ནོ་སྙམ་ན། དེ་ལྟར་ན་སྦྱིན་སྲེག་ལུས་ལ་སྡོམ་པར་གསུངས་པ་ལ་ཡང་། ཐབ་ཁུང་དང་དགང་བླུགས་གཟར་དང་། བསྲེག་རྫས་རྣམས་ལུས་རྒྱུར་བྱས་པ་ལས་བྱུང་བ་ཞིག་ལུས་ལས་ལོགས་སུ་བསྒོམ་ནས་དེར་ཕྱི་ལ་ཇི་ལྟར་ཡོད་པ་བསྡོམ་དགོས་པར་འགྱུར་ཞིང་། དེ་བཞིན་དུ་འཕགས་པའི་བདེན་པ་བཞི་དང་། སྡེ་པ་བཞི་ལ་སོགས་པ་ལུས་ལ་སྡོམ་པ་ལ་ཡང་མཚུངས་པས་དེ་དག་ཇི་ལྟར་བསྒོམ་པ་ཡིན་ལེགས་པར་སོམས་ཤིག གཉིས་པ་ལ་བརྒྱད་དེ། རྒྱུ་ལ་བརྟགས་ཏེ་མི་འཐད་པ། བསྒོམ་ཚུལ་ལ་བརྟགས་ཏེ་མི་འཐད་པ། གནས་ལ་བརྟགས་ཏེ་མི་འཐད་པ། ཚད་ལ་བརྟགས་ཏེ་མི་འཐད་པ། རྟེན་དང་བརྟེན་པའི་ཚུལ་ལ་བརྟགས་ཏེ་མི་འཐད་པ། སྒྲ་དོན་ལ་བརྟགས་ཏེ་མི་འཐད་པ། དཀྱིལ་འཁོར་སྟོན་ཚུལ་ལ་བརྟགས་ཏེ་མི་འཐད་པ། དཀྱིལ་འཁོར་བསྡུ་བ་ཡོད་མེད་ལ་བརྟགས་ཏེ་མི་འཐད་པའོ། །དང་པོ་ནི། ཁྱོད་ཀྱི་རྟེན་ལུས་དཀྱིལ་གྱི་གཞལ་ཡས་ཁང་པ་དེ་དཀྱིལ་འཁོར་གྱི་གཙོ་བོའི་ལུས་དེ་ཉིད་དངོས་སུ་གཞལ་ཡས་ཁང་པར་གྱུར་པ་ཡིན་ནམ། ལུས་ཀྱི་ཆ་ཤས་རྣམས་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་འཕྲོས་པ་ལས་བྱུང་བ་ཡིན་ནམ། ལུས་ལས་བྱུང་བར་མོས་པ་ཙམ་གྱིས་བསྒོམ་པ་ཡིན། དང་པོ་ལྟར་ན་དེ་ཕྱིན་ཆད་དཀྱིལ་འཁོར་གྱི་གཙོ་བོའི་ལུས་མེད་པར་འགྱུར་ཏེ། ལུས་དེ་ཉིད་ཁྱེད་འདོད་པ་ལྟར་གྱི་གྲུ་བཞི་སྒོ་བཞིར་དངོས་སུ་སོང་བའི་ཕྱིར། གཉིས་པ་ལྟར་ན་ལུས་དཀྱིལ་གྱི་གཞལ་ཡས་ཁང་མ་ཡིན་པར་འགྱུར་ཏེ། ལུས་གང་དུ་ཡོད་སར་གཞལ་ཡས་ཁང་མེད་ལ། གཞལ་ཡས་ཁང་གང་དུ་ཡོད་སར་ལུས་མེད་པའི་ཕྱིར། གཞན་ཡང་བསྒོམ་ཚུལ་དེ་རྣམ་པར་རྟོག་པས་སྒྲོ་བཏགས་ནས་བསྒོམ་པ་ཙམ་ཡིན་པས། འདི་དང་ཕྱོགས་གསུམ་པ་གཉིས་ཆར་ཡང་བཅོས་མའི་དཀྱིལ་འཁོར་ཡིན་གྱི་མ་བཅོས་པའི་དཀྱིལ་འཁོར་དུ་མི་འགྱུར་རོ། །གཉིས་པ་ནི། ཁྱོད་ཀྱིས་ལུས་དཀྱིལ་བསྒོམ་པའི་ཚེ་ཡེ་ཤེས་པ་བཅུག་པ་སོགས་ཀྱི་རྐྱེན་གྱིས་རིམ་གྱིས་བསྐྱེད་པ་ཡིན་ནམ། ཅིག་ཆར་བསྐྱེད་ནས་རིམ་གྱིས་གསལ་འདེབས་པ་ཡིན། དང་པོ་ལྟར་ན། རྗེ་བཙུན་ཆེན་པོས་བདེ་དགྱེས་གཉིས་ཀྱི་སྐབས་སུ། ལུས་དཀྱིལ་ཅིག་ཆར་བསྐྱེད་ནས་རིམ་གྱིས་གསལ་འདེབས་པར་བཤད་པ་དང་འགལ་ཞིང་། ཁྱེད་རང་གི་ལུགས་དང་ཡང་འགལ་ཏེ། རྩིག་པ་མ་བསྐྱེད་པའི་གོང་དུ་གྲུ་བཞི་སྒོ་བཞི་བསྐྱེད་པ་སོགས་ཁྱད་གཞི་མེད་པའི་ཁྱད་ཆོས་དུ་མ་བཟོ་དགོས་པའི་ཕྱིར་ཏེ་ཁྱེད་ཀྱིས་ཕྱི་དཀྱིལ་ལྟ་བུའི་གྲུ་བཞི་སྒོ་བཞི་འདོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་དོན་ལ་འཐད་ཀྱང་ཁྱོད་ལ་འགལ་ཏེ། དེ་ལྟར་ན་ལུས་དཀྱིལ་གྱི་གཞལ་ཡས་ཁང་ཐོག་མར་གྲུ་བཞི་སྒོ་བཞི་བློ་ཡུལ་དུ་འཆར་དུ་བཅུག་ནས་གཞལ་ཡས་ཁང་གི་ཆ་ཤས་འདི་དང་འདི་ལུས་དཀྱིལ་གྱི་འདི་དང་འདི་ལས་བྱུང་ངོ་ཞེས་པའི་ཚུལ་གྱིས་གསལ་གདབ་དགོས་པར་འགྱུར་ཏེ། ལུས་དཀྱིལ་གྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིར་ཅིག་ཆར་བསྐྱེད་ནས་རིམ་གྱིས་གསལ་འདེབས་པ་ཡིན་པའི་ཕྱིར་རོ། །འདོད་ན་གཞལ་ཡས་ཁང་གི་འོག་གི་རླུང་ཡང་རྐང་མཐིལ། མེ་ནི་སུམ་མདོ་ཞེས་སོགས་གོང་མའི་གསུང་རབ་ལས་བརྗོད་པ་ཕྱིན་ཅི་ལོག་ཏུ་བསྒྱུར་དགོས་པར་འགྱུར་རོ། །གསུམ་པ་ནི་ལུས་དཀྱིལ་གྱི་གཞལ་ཡས་ཁང་གི་འོག་གཞི་འབྱུང་བཞི་རི་རབ་སྣ་ཚོགས་རྡོ་རྗེ་དང་བཅས་པ་དེ་ཕྱི་དཀྱིལ་གྱི་གཞལ་ཡས་ཁང་གི་འོག་ཏུ་བསྒོམ་པ་ཡིན་ནམ། དེའི་ནང་དུ་བསྒོམ་པ་ཡིན། དང་པོ་ལྟར་ན་བདེ་མཆོག་ལཱུ་ནག་གཉིས་ལྟ་བུ་ལ་འོག་གཞི་རི་རབ་སྣ་ཚོགས་རྡོ་རྗེ་དང་བཅས་པ་གཉིས་བརྩེགས་སུ་འབྱུང་ཞིང་། ཀྱཻ་རྡོ་རྗེ་ལ་ཕྱི་དཀྱིལ་གྱི་འོག་གཞིར་དེ་དག་ཡོད་པར་འགྱུར་རོ། །གལ་ཏེ་ཕྱོགས་གཉིས་པ་ལྟར་ན་ཀྱཻ་རྡོར་མན་ངག་ལུགས་ལྟ་བུ་ལ་དེ་དག་པདྨ་འདབ་བརྒྱད་ཀྱི་འོག་ཏུ་བསྒོམ་མམ། དབུས་ཀྱི་ཉི་མ་བཏེགས་ནས་པདྨའི་སྟེང་དུ་བསྒོམ་མམ། བདུད་བཞི་བཏེགས་ནས་ཉི་མའི་སྟེང་དུ་བསྒོམ་མམ། བདུད་བཞིའི་ཡང་སྟེང་དུ་བསྒོམ་དཔྱད་ན་བསྒོམ་སའི་གནས་མི་རྙེད་དོ། །བཞི་པ་ནི་ཁྱོད་ཀྱི་ཀྱཻ་རྡོ་རྗེའི་ལུས་དཀྱིལ་གྱི་གཞལ་ཡས་ཁང་སྲུང་འཁོར་སྣ་ཚོགས་རྡོ་རྗེ་དང་བཅས་པ་ཕྱིའི་ལྷ་མོ་བརྒྱད་ཀྱི་ནང་ཆ་ཆེན་དྲུག་ཚུན་ཆད་དུ་ཚུད་དགོས་ལ་དེའི་ཚེ་གཞལ་ཡས་ཁང་རང་གི་ཚད་ལ་རྩིག་པའི་ནང་མཐའ་ནས་ནང་མཐའི་བར་ཆ་ཆེན་གཅིག་ཙམ་ལས་མི་འབྱུང་ཞིང་དེའི་ནང་དུ་གཙོ་བོ་ཆ་ཆེན་གཅིག་གདན་དང་བཅས་པ་དཔངས་སུ་མི་ཤོང་བའི་ཕྱིར་དང་། སྒོ་ལ་ཡང་ཆ་ཕྲན་ཕྱེད་ལས་མེད་པས་ནང་ན་ལྷ་ཆ་ཆེན་གཅིག་གི་ཚད་བཞུགས་པ་དེ་ལྟ་བུའི་རྟེན་བརྟེན་པའི་རྣམ་གཞག་ནི་གསང་སྔགས་རྒྱུད་སྡེའི་ལུགས་ལ་མེད་དོ། །གལ་ཏེ་དེ་དག་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པས་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་བཞུགས་པའི་ཚུལ་ཡིན་པས་སྐྱོན་མེད་དོ་སྙམ་ན། དེ་ལྟར་ན་ཁྱེད་ཀྱིས་གཞན་ལ་སྐྱོན་བརྗོད་པའི་ཚེ་སྙིང་གའི་རྩ་བཞིའི་ཐད་དུ་སྒོ་བཞི་བསྒོམས་ན་སྒོ་ཆུང་བའི་སྐྱོན་བརྗོད་པ་ལ་ཡང་ཅིའི་ཕྱིར་མི་མཚུངས། ལྔ་པ་ནི། ཁྱོད་ཀྱིས་ལུས་དཀྱིལ་གྱི་གཞལ་ཡས་ཁང་ན་ཡོད་པའི་གཙོ་བོ་དེ་ཕྱི་དཀྱིལ་གྱི་ལྷ་ཡིན་ན། རྟེན་དང་བརྟེན་པར་མ་འབྲེལ་ཏེ། ལུས་དཀྱིལ་གྱི་གཞལ་ཡས་ཁང་པའི་ནང་ན་ཕྱི་དཀྱིལ་གྱི་ལྷ་འདུག་པའི་ཕྱིར་རོ། །ལུས་དཀྱིལ་གྱི་ལྷ་ཡིན་ན། ལུས་དཀྱིལ་བསྒོམས་ཕྱིན་ཆད་ཕྱི་དཀྱིལ་ལ་གཙོ་བོ་མེད་པར་འགྱུར་ཞིང་། གཉིས་ཀ་ཡིན་ན་བཅོས་མ་དང་མ་བཅོས་པའི་གཞི་མཐུན་དུ་འགྱུར་རོ། །གཞན་ཡང་གཞལ་ཡས་ཁང་དེ་ལྟར་བསྒོམ་དགོས་ན་བརྟེན་པ་ལྷ་ཡང་ཕྱི་དཀྱིལ་ལྟ་བུའི་བཀོད་པ་བསྒོམ་དགོས་པར་འགྱུར་ཏེ། གཞན་དུ་ན་རྟེན་བརྟེན་པ་མ་འབྲེལ་བའི་ཕྱིར་རོ། །དྲུག་པ་ནི་ཁྱེད་ལུས་དཀྱིལ་གྱི་གཞལ་ཡས་ཁང་འདི་ངེས་པར་ཕྱི་དཀྱིལ་ལྟར་གྱི་གྲུ་བཞི་སྒོ་བཞི་པར་བསྒོམ་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པས་དེ་ལ་དཀྱིལ་འཁོར་གྱི་སྒྲ་དོན་ཚང་དགོས་པའི་ཕྱིར་ཏེ། ཕྱིའི་དཀྱིལ་འཁོར་བཞིན་ནོ་ཞེ་ན། དེ་ནི་དོན་མ་རྟོགས་པ་སྟེ། དཀྱིལ་འཁོར་གྱི་སྒྲ་དོན་རྒྱུད་ལས་སྙིང་པོ་ལེན་པ་ལ་གསུངས་ཀྱི་གྲུ་བཞི་སྒོ་བཞི་པ་ལ་བཤད་པ་མེད་པའི་ཕྱིར་དང་། ཕྱིའི་དཀྱིལ་འཁོར་ལ་ཡང་གྲུ་བཞི་སྒོ་བཞི་པར་མ་ངེས་ཏེ། ཟླུམ་པོའི་དཀྱིལ་འཁོར་མང་དུ་ཡོད་པའི་ཕྱིར་རོ། །བདུན་པ་ནི་རྗེ་བཙུན་རྩེ་མོས་དྲིལ་བུ་དཀྱིལ་ཆོག་ལས། དཀྱིལ་འཁོར་སྟོན་པའི་སྐབས་སུ་རྐང་མཐིལ་རླུང་ནས་ལྕེ་དང་མཆུ་འདོད་ཡོན་གྱི་སྣམ་བུ་ཞེས་སོགས་གཞལ་ཡས་ཁང་གི་ཆ་ཤས་རྫོགས་པར་བསྟན་པར་བཤད་པས་དེའི་ཚེ་ལུས་དཀྱིལ་གྱི་གཞལ་ཡས་ཁང་མ་བསྡུས་པར་སྟོན་ནམ་བསྡུས་ནས་སྟོན། དང་པོ་ལྟར་ན་མིག་དར་བཅིངས་པ་ལ་སོགས་པ་དབང་རྫས་འགྲིམ་པའི་ཆོ་ག་རྣམས་བྱེད་པའི་ཚེ་གཞལ་ཡས་ཁང་འདི་མལ་དུ་བཞག་ནས་བྱེད་དམ། མ་བཞག་པར་དེ་དང་བཅས་ཏེ་བྱེད། དང་པོ་ལྟར་ན་ཆོ་ག་བྱེད་པའི་སློབ་དཔོན་གྱི་ལུས་ལ་ལུས་དཀྱིལ་མེད་པར་འགྱུར་ཞིང་། ཕྱི་མ་ལྟར་ན་ཕྱི་དཀྱིལ་ལ་ཡང་མཚུངས་པས་ཆོ་གའི་རྣམ་གཞག་མ་ཤེས་པའོ། །བསྡུས་ནས་སྟོན་ན། ཕྱི་དཀྱིལ་ལ་ཡང་མཚུངས་ཤིང་། བསྡུས་ནས་སྟོན་ཞེས་པ་རང་ཚིག་དང་འགལ་ཏེ་བསྡུས་ནས་སྟོན་རྒྱུ་མེད་པའི་ཕྱིར་རོ། །བརྒྱད་པ་ནི་ལུས་དཀྱིལ་བསྒོམས་པའི་ཐུན་མཇུག་ཏུ་ལུས་དཀྱིལ་གྱི་གཞལ་ཡས་ཁང་འདི་ལུས་ལ་བསྡུའམ་མི་བསྡུ། དང་པོ་ལྟར་ན་རྗེ་བཙུན་གོང་མའི་གསུང་རབ་བདེ་དགྱེས་ཀྱི་ལུས་དཀྱིལ་སྟོན་པའི་གནས་སྐབས་གང་དུ་ཡང་ལུས་དཀྱིལ་གྱི་གཞལ་ཡས་ཁང་བསྡུ་ཚུལ་ཟུར་ཙམ་ཡང་མི་འབྱུང་བས་རང་བཟོ་ཁོ་ནར་འགྱུར་ལ་ཕྱི་མ་ལྟར་ན་ཕྱི་དཀྱིལ་ཡང་བསྡུ་མི་དགོས་པར་འགྱུར་ཏེ། རྒྱུ་མཚན་ཕྱེད་ཁྱེད་རང་གིས་ཁས་བླངས་ཤིང་། ཕྱེད་རིགས་པས་གྲུབ་པའི་ཕྱིར་རོ། །གཞན་ཡང་ཕྱོགས་སྔ་མ་སྨྲ་བ་པོ་འདིས་གཞལ་ཡས་ཁང་གི་མཚན་ཉིད་མ་རྫོགས་པའི་བསྒོམ་ཚུལ་དེ་ལྟ་བུ་ནི་ཤིན་དུ་མི་འཐད་དེ་ལུང་དང་རིགས་པས་གནོད་པའི་ཕྱིར་རོ། །དེ་ལ་ལུང་ནི་སཾ་བུ་ཊི་ལས། ལུས་ནི་དཀྱིལ་འཁོར་ཞེས་པ་ནས། །འདི་ནི་རྫོགས་པར་དཀྱིལ་འཁོར་གནས། །ཞེས་པའི་བར་གྱིས་རྟེན་ལུས་དཀྱིལ་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པར་བསྒོམས་པར་བསྟན་པ་དང་འགལ་ལོ། །རིགས་པས་གནོད་པ་ནི་སྲུང་འཁོར་བསྒོམ་ཚུལ་ལ་བརྟགས་ན་མི་འཐད་དེ། གཞལ་ཡས་ཁང་གི་འོག་གཞི་སྣ་ཚོགས་རྡོ་རྗེ་སྟེང་དུ་བསྒོམ་པ་དང་། རྡོ་རྗེའི་ས་གཞི་གུར་གྱིས་བཏུམས་པ་དང་། རྡོ་རྗེའི་རྭ་བ་རྩིབ་མའི་ཐད་དུ་ཤ་བའི་རྭ་ལག་བརྒྱངས་པ་ལྟར་བསྒོམ་པ་དང་། ཕྱོགས་ཀུན་ནས་འཆིང་བའི་མེ་རི་བསྒོམ་རྒྱུ་ཡིན་པ་ལ་སེན་མོ་ཉི་ཤུའི་ཐད་དུ་པྲ་ཚུགས་ཙམ་རེ་བསྒོམ་པ་ནི་ཤིན་ཏུ་མི་རིགས་པའི་ཕྱིར་དང་། གཞལ་ཡས་ཁང་གི་རྟེན་འབྱུང་གཞི་གཞལ་ཡས་ཁང་གི་འོག་ཏུ་ཡིན་པ་ལ་རྐང་མཐིལ་དང་། སུམ་མདོ་སོགས་ཀྱི་གནས་སུ་བསྒོམ་པ་མི་རིགས་པའི་ཕྱིར་དང་། གཞལ་ཡས་ཁང་གཅིག་ལ་རླུང་གི་དཀྱིལ་འཁོར་གཉིས་དང་། རི་རབ་ཉེར་གཅིག་ཡོད་པ་ཡང་མི་འཐད་པའི་ཕྱིར་རོ། །གཞལ་ཡས་ཁང་དངོས་ལ་བརྟགས་ན་ཡང་མི་འཐད་དེ། གང་དུ་གྲུ་བཞི་ཡོད་ས་དེར་རྩིག་པ་མེད། རྩིག་པ་ཡོད་ས་དེར་སྒོ་མེད། སྒོ་ཡོད་ས་དེར་རྟ་བབས་མེད་པ་སོགས་དང་། གཞལ་ཡས་ཁང་གཅིག་ལ་རྟ་བབས་གཉིས་ལས་མེད་པ་སོགས་མི་རིགས་པ་མང་དུ་འདུག་པའི་ཕྱིར་ཞེས་རྣམ་རྟོག་གི་སྤྲོས་པས་སུན་འབྱིན་ལྟར་སྣང་མང་དུ་སྨྲ་བར་སྣང་ངོ་། །འདི་དག་དགག་སྒྲུབ་ཀྱི་གནས་སུ་མི་འདུག་ནའང་མ་ངེས་པའི་བློ་ཅན་འགའ་ཞིག་སྒྲུབ་བྱེད་ལྟར་སྣང་ལ་སུན་འབྱིན་ལྟར་སྣང་གིས་བསླུ་བས་འདི་ལ་ཡང་ཅུང་ཟད་དཔྱད་ན། ལུང་གིས་མི་གནོད་པའི་ཚུལ་ནི་ཕྱི་དཀྱིལ་ལྟར་གྱི་གཞལ་ཡས་ཁང་མཚན་ཉིད་རྫོགས་པར་བསྒོམ་པ་ལུང་དོན་མ་ཡིན་ཞིང་ལུངཾ་དོནཾ་གྱི་གཞལ་ཡས་ཁང་གི་མཚན་ཉིད་ཡོངས་སུ་རྫོགས་པ་མེད་པ་ནི་མ་གྲུབ་པར་སྔར་བཤད་ཟིན་ཏོ། །རིགས་པའི་གནོད་བྱེད་རྣམས་ནི་རྡོ་རྗེའི་ལུས་སྐྱོན་མེད་གཅིག་མདུན་དུ་བཞག་ནས་དེ་ལ་གནོད་བྱེད་བརྗོད་པར་སྣང་སྟེ། དགག་བྱའི་ཕྱོགས་སྔ་དེ་དག་དེ་ལ་གྲུབ་པའི་ཕྱིར་རོ། །གལ་ཏེ་ལུས་ལ་དེ་ལྟར་གྲུབ་ཀྱང་བསྒོམ་པའི་ཚེ་ལུས་ལས་ཕྱི་རོལ་དུ་གྲུ་བཞི་སྒོ་བཞིར་བསྒོམས་པས་སྐྱོན་མེད་དོ་སྙམ་ན། དེ་ལྟར་ན་གང་དུ་གྲུ་བཞི་ཡོད་ས་དེར་རྩིག་པ་མེད་པ་སོགས་ཀྱི་སྐྱོན་ལས་ལྷག་པ་གང་དུ་ལུས་ཡོད་སར་ལུས་དཀྱིལ་གྱི་རྩིག་པ་དང་། ཕ་གུ་སོགས་གཞལ་ཡས་ཁང་གི་ཆ་ཤས་གང་ཡང་མེད་པའི་སྐྱོན་འཇུག་པར་མི་འགྱུར་རམ་ལེགས་པར་སོམས་ཤིག གཞལ་ཡས་ཁང་གཅིག་ལ་རླུང་གི་དཀྱིལ་འཁོར་གཉིས་ཡོད་པ་དང་། རྟ་བབས་གཉིས་ལས་མེད་པ་སོགས་ནི་ཕྱི་ནང་ལྷ་གྲངས་མི་མཐུན་པའི་ལོག་རྟོག་དང་འདྲ་བར་སྣང་བས་རྗེ་བླ་མས་བཀག་ཟིན་ཏོ། །མདོར་ན་རྗེ་བཙུན་རྩེ་མོས་དྲིལ་བུ་དཀྱིལ་ཆོག་གི་འགྲེལ་པར། གདུལ་བྱ་དབང་རྟུལ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་མེད་ན་ཡིད་མི་ཆེས་པ་དང་། དབང་འབྲིང་རྡུལ་ཚོན་གྱི་མཚན་མ་ཙམ་གྱིས་ཡིད་ཆེས་པ་དང་། དབང་རྣོན་རྡོ་རྗེ་སློབ་དཔོན་གྱི་ལུས་ལ་དཀྱིལ་འཁོར་ཚང་བར་ཡིད་ཆེས་པ་གསུམ་གྱི་དེར་རིམ་པ་ལྟར། རས་རིས་དང་རྡུལ་ཚོན་དང་། ལུས་དཀྱིལ་གསུངས་པར་བཤད་པའི་དགོངས་པ་ཤེས་ནས་བསྟན་པ་མ་བཀྲུགས་པར་ཉམས་སུ་ལོང་ཤིག གཉིས་པ་བརྟེན་པ་ལུས་དཀྱིལ་བཤད་པ་ལ་གཉིས་ཏེ། སྤྱིར་བཤད་པ་དང་། སྐབས་སུ་བབ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་སྤྱིར་བརྟེན་པ་ལུས་དཀྱིལ་ལ་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་སྦྱོང་བ་གཙོ་བོར་བྱས་པ་དང་། གནས་དེ་དང་དེའི་རླུང་སེམས་ཐིམས་པས་ས་བཅུ་བགྲོད་པ་གཙོ་བོར་བྱས་པ་དང་། དེ་གཉིས་ཀ་ཚང་ཞིང་དབང་བཞིའི་ལམ་དང་སྦྱར་བ་གཙོ་བོར་བྱས་པ་གསུམ་ཡོད་པ་ལས། དང་པོ་ནི། གསང་འདུས་འཕགས་ལུགས་ཀྱི་ལུས་དཀྱིལ་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སློབ་དཔོན་གྱི་ལུས་ལ་གདན་གསུམ་ཚང་བའི་ལྷ་ཚོགས་བཞུགས་པར་གསུངས་པ་དེ་ཉིད་ཤེས་བྱེད་དུ་མཛད་ནས། དང་པོའི་མགོན་པོའམ་སྤྲུལ་སྐུ་རྡོར་སེམས་ཀྱི་ལུས་ལ་ལུས་དཀྱིལ་བཀོད་པའི་ཚེ་སྒྲུབ་པ་པོའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་གནས་དེ་དང་དེར་ས་བོན་གྱི་རྣམ་པར་བསྒོམས་ནས། ས་བོན་དེ་ཉིད་ལྷའི་ངོ་བོར་བསྒོམ་པའམ་ས་བོན་དེ་ཡོངས་སུ་གྱུར་པ་ལས་ལྷའི་རྣམ་པར་བསྒོམ་པའི་ཚུལ་གཉིས་གསུངས་པའི་ཕྱིར་ཏེ། སྒྲུབ་ཐབས་མདོར་བྱས་ལས། རྣམ་སྣང་མཛད་ཀྱི་ས་བོན་ནི། །ཁ་དོག་དཀར་པོ་ཡི་གེ་ཨོཾ། །གཟུགས་ཕུང་ངོ་བོ་ཉིད་ཀྱིས་ནི། །སྔགས་ཤེས་པས་ནི་སྤྱི་བོར་དགོད། །ཅེས་སོགས་གསལ་བར་གསུངས་ཤིང་། རྣམ་གཞག་རིམ་པ་སོགས་གཞུང་གི་ཆ་འགའ་ཞིག་ཏུ་རྣམ་པ་བསྒོམ་པ་ཡང་གསུངས་པའི་ཕྱིར་རོ། །གཉིས་པ་ནི་འཁོར་ལོ་བདེ་མཆོག་གི་ལུས་དཀྱིལ་ཏེ། རྩ་རྒྱུད་དང་། སཾ་བུ་ཊི་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པཱུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་ཡང་དག་བསམ། །ཞེས་ཕ་རོལ་ཏུ་ཕྱིན་པའི་ཐ་སྙད་རབ་དགའ་སོགས་ས་བཅུ་ལ་མ་རྒྱུད་འདིར་བསྡུས་དོན་མན་ངག་གི་བཤད་པས་གནས་ལ་སོགས་པ་རྣམ་པ་བཅུར་གསུངས་ཤིང་། དེ་ཉིད་ལམ་འདི་ལ་བརྟེན་ནས་ཡུལ་ཉི་ཤུ་རྩ་བཞིའི་རླུང་སེམས་དབུ་མར་ཐིམ་པས་ཐོབ་པའི་ཚུལ་གསུངས་སོ། །གསུམ་པ་ནི། ཀྱཻ་རྡོ་རྗེའི་ལུས་དཀྱིལ་ཏེ། འདི་ལ་ཡུམ་གྱི་སྐབས་སུ་རྩ་རྒྱུད་ལེའུ་དང་པོར། རྩ་སུམ་ཅུ་རྩ་གཉིས་དང་། བདུན་པར་ཡུལ་སུམ་ཅུ་སོ་གཉིས་དང་། ཕྱི་མའི་བཞི་པར་དེ་དག་བདག་མེད་ལྷ་མོ་བཅོ་ལྔ་ཡབ་ཧེ་རུ་ཀ་དང་བཅུ་དྲུག་གིས་སྦྱོང་བའི་ཚུལ་གསུངས་པ་ལ་བརྟེན་ནས་རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས། ཡུལ་སུམ་ཅུ་རྩ་གཉིས་ཀྱི་ལུས་དཀྱིལ་དང་། དེ་ལ་བརྟེན་ནས་ས་བཅུ་གཉིས་བགྲོད་པའི་ཚུལ་རྣམས་གསུངས་ལ། ཡབ་དང་ཐུན་མོང་བའི་ལུས་དཀྱིལ་རྣམས་ཀྱང་གསུངས་སོ། །ཡབ་ཀྱི་སྐབས་སུ་སྦྱང་གཞི་ཕུང་པོ་ལྔ། ཁམས་ལྔ། སྐྱེ་མཆེད་བཅུ་གཉིས། ལུས་ཀྱི་སྐྱེ་མཆེད་ཆ་ཤས་ཡན་ལག་བཅུ་རྣམས་སྦྱོང་བའི་དབང་དུ་བྱས་ནས་སྦྱོང་བྱེད་རིགས་ལྔ། ཡུམ་ལྔ་སྐྱེ་མཆེད་ཀྱི་ལྷ་བཅུ་གཉིས། ཁྲོ་བོ་བཅུ་རྣམས་བསྒོམ་པའི་ཚུལ་གསུངས་སོ། །འདི་ཉིད་ལ་དབང་བཞིའི་ལམ་དང་སྦྱར་བ་ཡང་ཚང་སྟེ། ལྟ་བ་ངོ་བོ་ཉིད་གསུམ་བསྐྱེད་པའི་ཆ་ནས་བུམ་དབང་གི་ལམ་ཁོ་ན་ལ་སྦྱར་བ་དང་། རྣམ་པ་བསྒོམ་ཚུལ་གྱི་ལྷ་རེ་རེ་ལ་ཡང་དབང་བཞི་ཆར་གྱི་ལམ་ཚང་བ་དང་། སྦྱང་གཞི་ལྷུན་གྲུབ་ཀྱི་སྒོ་ནས་འབྲས་བུ་སྐུ་བཞི་ཚང་བའི་ཚུལ་རྣམས་ངག་ལས་ཤེས་པར་བྱའོ། །གཉིས་པ་སྐབས་སུ་བབ་པ་ཀྱཻ་རྡོ་རྗེ་ཡབ་ཀྱི་ལུས་དཀྱིལ་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། སྦྱང་གཞི་རྩ་ཁམས་གང་ལ་བསྒོམ་པ། སྦྱོང་བྱེད་ལྷའི་རྣམ་པ་གང་བསྒོམ་པ། བསྒོམ་ཚུལ་དམིགས་པའི་ཁྱད་པར་ཇི་ལྟར་བསྒོམ་པ། མན་ངག་ཐུན་མོང་མ་ཡིན་པར་ཅི་ལྟར་འདུས་པ། དེ་ལྟར་བསྒོམ་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྟན་པའོ། །དང་པོ་ནི། སྤྱིར་ལུས་དཀྱིལ་གྱི་ཐ་སྙད་ཡོད་པ་ཙམ་ལ་བསྐྱེད་གཞི་ལུས་ཀྱི་རྩ་ཁམས་དགོས་པའི་ངེས་པ་མི་སྣང་ཡང་། འདིར་ནི་སྦྱང་གཞི་རྩ་ཁམས་ལས་བསྐྱེད་ཅིང་། དབང་བཞིའི་ལམ་ཚང་བའི་ཟབ་མོ་ལུས་དཀྱིལ་ཡིན་པས་བསྐྱེད་གཞི་ལུས་ཀྱི་རྩ་ཁམས་ངེས་པར་དགོས་སོ། །དེ་ཡང་རྩ་རྒྱུད་དང་པོ་ལས། ཨེ་ཡི་རྣམ་པ་ལྷ་མོ་སྤྱན། །ཝཾ་གི་རྣམ་པ་བདག་མར་བརྗོད། །མ་ནི་ལྷ་མོ་གོས་དཀར་མོ། །ཡ་ཡི་རྣམ་པ་སྒྲོལ་མར་བརྗོད། །ཅེས་དང་། སྤྲུལ་པའི་འཁོར་ལོ་ལ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་དང་། ཆོས་ཀྱི་འཁོར་ལོ་ལ་འདབ་མ་བརྒྱད་དང་། ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་འདབ་མ་བཅུ་དྲུག་དང་། བདེ་བ་ཆེན་པོའི་འཁོར་ལོ་ལ་འདབ་མ་སོ་གཉིས་སོ་ཞེས་པ་འདི་དག་གིས་ཡུམ་རྣམས་བསྐྱེད་པའི་གཞི་རྩ་བསྟན་པའོ། །འོ་ན་འདིར་འཁོར་ལོ་བཞི་ལས་མ་བྱུང་ངོ་སྙམ་ན། རང་བྱིན་བརླབས་ཀྱི་སྐབས་སུ་འཕགས་པའི་བདེན་པ་བཞི་ལ་སོགས་པ་གཞི་ལམ་འབྲས་བུའི་བཞི་ཚན་གྱི་ཆོས་ཐམས་ཅད་ནང་དུ་བསྡོམས་པ་མཚོན་བྱེད་དུ་འཁོར་ལོ་བཞི་ལས་མ་གསུངས་ཀྱང་། ལུས་དཀྱིལ་གྱི་སྐབས་སུ་ཕུང་པོ་ལྔ་དང་ཉོན་མོངས་ལྔ་སྦྱངས་ནས། ཡེ་ཤེས་ལྔ་དང་རིགས་ལྔར་བསྒྱུར་བ་མཚོན་བྱེད་དུ་བདེ་ཆེན་གྱི་འཁོར་ལོ་ཞེས་པའི་ཚིག་གཅིག་ཉིད་ཀྱིས་གསང་གནས་བདེ་ཆེན་དང་། སྤྱི་བོ་བདེ་ཆེན་གཉིས་ཀ་བསྟན་པར་བིརྺ་པ་དང་། དགྲ་ལས་རྣམ་རྒྱལ་གྱི་བཞེད་པ་གཉིས་མཐུན་ཏེ། མན་ངག་ལས་དེ་ལྟར་བཤད་ཅིང་དགྲ་ལས་རྣམ་རྒྱལ་གྱིས། གསང་བར་པདྨ་སུམ་ཅུ་གཉིས། །སྒྲོལ་མ་ལྗང་སྔོ་རླུང་གི་ཁམས། །སྟེང་གི་བདེ་ཆེན་འཁོར་ལོ་ལ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །སུམ་ཅུ་གཉིས་ལྡན་ཁ་དོག་དཀར། །བདེ་ཆེན་ནམ་མཁའ་ཉིད་དུ་བརྗོད། །ཅེས་གསུངས་པས་སོ། །འོ་ན་ཨེ་ཝཾ་མ་ཡ་ལྷ་མོ་བཞིའི་བསྐྱེད་གཞིར་གསུངས་ཀྱང་། འཁོར་ལོའི་རྩ་འདབ་རྣམས་ལྷ་མོ་བཞིར་བསྐྱེད་པ་གང་ནས་བཤད་སྙམ་ན། སཾ་བུ་ཊིའི་དང་པོའི་བཞི་པར། ཡང་དག་སྦྱོར་བྱུང་མཚན་ཉིད་ནི། །དེ་ནས་མཆོག་ཏུ་རབ་བཤད་པ། །ཨེ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །སྙིང་རྗེ་ཆེན་པོ་ཐབས་ཆེན་མོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་ལ། །ལྟེ་བར་སྣ་ཚོགས་འདམ་སྐྱེས་ལ། །སྤྲུལ་པའི་འཁོར་ལོ་རྣམ་པར་གནས། །ཝཾ་ནི་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་པ་དང་ནི་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེའི་རིགས་གཙོ་མ། །སྙིང་ཁར་ཆུ་སྐྱེས་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོ་ཡང་དག་གནས། །མ་ནི་མེ་རུ་བརྗོད་པ་སྟེ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་རྣལ་འབྱོར་གྱི། །ལྷ་མོ་པདྨའི་རིགས་འབྱུང་མ། །ལྐོག་མར་ཆུ་སྐྱེས་འདབ་བརྒྱད་གཉིས། །ལོངས་སྤྱོད་འཁོར་ལོར་ཡང་དག་གནས། །ཡ་ནི་རླུང་གི་རང་བཞིན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་བྱེད། །དམ་ཚིག་ཕྱག་རྒྱ་ཆེན་མོར་ངེས། །ལྷ་མོ་ལས་ཀྱི་རིགས་གཙོ་མ། །བཏང་སྙོམས་ཡེ་ཤེས་རྣལ་འབྱོར་གྱིས། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །བདེ་ཆེན་འཁོར་ལོ་ཆེན་པོར་གནས། །ཞེས་འཁོར་ལོ་བཞི་པོ་རེ་རེ་ལ་ཡི་གེ་དང་། འབྱུང་བ་དང་། ཕྱག་རྒྱ་དང་། ལྷ་མོ་དང་། ཚད་མེད་པ་དང་། ཕ་རོལ་དུ་ཕྱིན་པ་དང་། རིགས་དང་། གནས་དང་། རྩ་འདབ་ཀྱི་གྲངས་དང་། འཁོར་ལོའི་མིང་སྟེ། དོན་ཚན་བཅུ་བཅུ་སྦྱར་བས་རྩ་འདབ་ཀྱི་གྲངས་རྣམས་ཀྱང་ལྷ་མོ་དེ་དང་དེར་བསྒོམ་དགོས་པར་ཤིན་ཏུ་གསལ་ལོ། །རིགས་ལྔའི་བསྐྱེད་གཞི་ནི་འཁོར་ལོ་ལྔའི་དབུས་སུ་རྩ་ཧཱ་དང་། ཨཾ་དང་། ཧཱུྃ་དང་། ཨོཾ་དང་། ཧཾ་གི་དབྱིབས་སུ་གནས་པའི་ནང་གི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡིན་ཏེ། སཾ་བུ་ཊིའི་བརྟག་པ་དྲུག་པའི་བཞི་པར། རྟག་ཏུ་བཞུགས་པར་འདོད་པ་འདི། །སངས་རྒྱས་ཀུན་གྱི་སྡོམ་པ་བདག །ཡང་ན་མེ་ལོང་ལྟ་བུའི་ཚུལ། །དེ་བཞིན་དུ་ཡང་ཉམས་པ་ཉིད། །སོ་སོར་རྟོག་པའི་ཆོ་ག་བཞིན། །དེ་བཞིན་བྱ་བ་ནན་ཏན་ལ། །རྟག་ཏུ་བཞུགས་པར་བརྗོད་པ་འདི། །ཤིན་ཏུ་རྣམ་དག་རང་བཞིན་ཅན། །དེ་བཞིན་རྣམ་པར་སྣང་མཛད་ཉིད། །གཞན་ཡང་མི་བསྐྱོད་པ་ཉིད་དང་། །ཡང་ན་རིན་ཆེན་འབྱུང་གནས་ལ། །ཡང་ན་འོད་དཔག་མེད་པ་ཡིས། །གང་ཚེ་རྟག་བཞུགས་དོན་ཡོད་ལ། །བདུད་རྩི་ལྔ་ཡི་གོང་བུའི་དངོས། །ཐིག་ལེའི་གཟུགས་ཏེ་ཡིད་ལྟ་བུ། །ཤིན་ཏུ་རྣམ་དག་ཡེ་ཤེས་ཆེར། །ལྷ་མོ་ཀུན་གྱི་རང་བཞིན་ཅན། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པ་རུ་ནི་བརྗོད། །ཅེས་གསུངས་པས་སོ། །རྩ་དེ་དག་ནི་ནང་གི་ཁམས་དཔའ་བོ་དང་། ཕྱི་ཤུན་གྱི་རྩ་ཡུམ་དུ་བསྒོམ་པ་ནི། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། འདི་དག་གནས་སུ་རྣལ་འབྱོར་མ། །རྩ་ཡིན་དཔའ་བོ་ཉི་ཤུ་བཞི། །ལུས་ཀྱི་ཁམས་སུ་བརྟག་པར་བྱ། །ཞེས་པས་བསྟན་པར་བཞེད་ཅིང་། རྩ་འདབ་མ་རྣམས་ལ་ཁམས་ཡོད་ཀྱང་། དེ་དཔའ་བོར་མི་སྒོམ་པ་ནི་ཁམས་གང་ནས་འབྱུང་བའི་གནས་མ་ཡིན་པས་མི་བསྒོམ་པར་བཞེད་དོ། །འོ་ན་སྔར་ཨེ་ཝཾ་མ་ཡའི་དབྱིབས་ཅན་ཡུམ་བཞིར་བསྒོམ་པར་བཤད་པ་དང་འགལ་ལོ་སྙམ་ན་དེ་ནི་འཁོར་ལོ་བཞིའི་དབྱིབས་དེ་ལྟར་ཡོད་པས་ཨེ་ཝཾ་མ་ཡར་བཤད་པ་ཡིན་གྱི་ཡུམ་གྱི་བསྐྱེད་གཞི་དངོས་ནི་ཡབ་ཀྱི་བསྐྱེད་གཞིའི་ཕྱི་ཤུན་གྱི་རྩ་དེ་དག་ཉིད་ཡིན་ནོ། །ཡན་ལག་གི་ལྷའི་བསྐྱེད་གཞི་ནི་སཾ་བུ་ཊིའི་དང་པོའི་བཞི་པར། དེ་ལྟར་རིགས་ནི་ལྔ་རྣམས་དང་། །ཡེ་ཤེས་ལྔ་དང་སངས་རྒྱས་ལྔ། །འདི་ལས་རྡོ་རྗེ་སྙིང་པོ་དང་། །ཁྲོ་བོ་ཁམས་གསུམ་སེམས་ཅན་སྐྱེས། །ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །ཞེས་གསུངས་ཏེ། འདི་རྒྱུ་རྒྱུད་ལ་སྦྱར་བའི་ཚེ་ཕུང་པོ་ལྔ་ལས་རྡོ་རྗེ་སྙིང་པོས་མཚོན་པའི་ཡུལ་ཡུལ་ཅན་གྱི་སྐྱེ་མཆེད་དང་། ཚིགས་མཚམས་བརྒྱད་དང་སྤྱི་བོ་རྐང་མཐིལ་རྣམས་སྐྱེ་བ་ལ་བཤད་དགོས་པ་ནི་སྐབས་འདིར་བསྐྱེད་གཞི་ཡིན་ལ། ལྷ་དེ་དང་དེར་བསྐྱེད་པ་ཡང་འདིས་ཟིན་ནོ། །གཉིས་པ་སྦྱོང་བྱེད་ལྷའི་རྣམ་པ་གང་བསྒོམ་པ་ནི། ས་ལམ་བགྲོད་པ་གཙོ་བོར་བྱས་ནས་ལྷ་མོ་བཅོ་ལྔ་སྒོམ་དགོས་པ་ནི་ཡུམ་གྱི་སྐབས་སུ་བཤད་ལ། འདིར་ནི་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་སྦྱོང་ཞིང་། གདན་གསུམ་ཚང་བའི་ལྷ་ཚོགས་བསྒོམ་པའི་དབང་དུ་བྱས་ནས་རིགས་ལྔ་ཡུམ་ལྔ། སྐྱེ་མཆེད་ཀྱི་ལྷ་བཅུ་གཉིས། ཁྲོ་བོ་བཅུ་རྣམས་བསྒོམ་པའོ། །གདན་གསུམ་ཚང་བའི་ལྷ་ཚོགས་བསྒོམ་པ་ཡང་། རྩ་རྒྱུད་དང་པོའི་བཞི་པར། དབང་བསྐུར་གྱི་ལྷ་གདན་གསུམ་ཚང་བ་དོན་གྱིས་གསུངས་པ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བར། རྡོ་རྗེ་སློབ་དཔོན་གྱི་ལུས་ལ་གདན་གསུམ་ཚང་བའི་ལྷ་ཚོགས་བཞུགས་པར་གསུངས་པ་དེ་ཉིད་ཐུགས་ལ་བཞག་ནས། དཔལ་ལྡན་ས་སྐྱ་པཎྜི་ཏས། ཁྱོད་ནི་གདུལ་བྱ་སྨིན་བྱའི་ཕྱིར། །དེ་བཞིན་གཤེགས་པ་རྣམ་པ་ལྔ། །ཁྱོད་ཀྱི་ཕུང་པོ་རྣམས་ལྔར་སྟོན། །སྤྱན་སོགས་ཁྱོད་ཀྱི་འབྱུང་བ་བཞི། །ས་ཡི་སྙིང་པོ་རྡོ་རྗེ་འཛིན། །ནམ་མཁའི་སྙིང་པོ་སྤྱན་རས་གཟིགས། །འཇམ་དབྱངས་སྒྲིབ་པ་རྣམ་པར་སེལ། །བྱམས་པ་ཀུན་དུ་བཟང་པོ་རྣམས། །མགོན་པོ་ཁྱོད་ཀྱི་དབང་པོ་སོགས། །གཤིན་རྗེའི་གཤེད་སོགས་ཁྲོ་བོ་བཅུ། །དཔལ་ལྡན་ཁྱོད་ཀྱི་སྐུ་ཡི་ཆ། །གཟུགས་སོགས་རྡོ་རྗེ་ལྷ་མོར་སྟོན། །ཞེས་དང་། ལམ་ཟབ་བླ་མའི་སྐབས་སུ་ཡང་ལུས་ལ་འགོད་ཚུལ་དེ་ལྟར་དུ་གསུངས་པས་སྟོན་ཏོ། །དེ་ལྟར་ན་རྡོ་རྗེའི་ཚིག་རྐང་ལས། ལུས་ཀྱི་དཀྱིལ་འཁོར་མཐོང་ནས་རྟགས་བསྟན་པ་ཞེས་དང་། ལམ་བསྡུས་པར། དཀྱིལ་འཁོར་ལྔ་ལ་བཏུད་དེ་བསྐྲུན། །ཞེས་གསུངས་པའི་དོན་སྙན་བརྒྱུད་བར་མ་ཆད་པ་ལས་འབྱུང་བ་འདི་ནི་རྒྱུད་སྡེའི་དགོངས་པ་བླ་ན་མེད་པའོ། །གསུམ་པ་བསྒོམ་ཚུལ་དམིགས་པའི་ཁྱད་པར་ཇི་ལྟར་བསྒོམ་པ་ལ་དྲུག་སྟེ། གནས་གང་དུ་བསྒོམ་པ། རྣམ་པ་ཅི་ལྟར་བསྒོམ་པ། ཚད་ཇི་ཙམ་བསྒོམ་པ། གྲངས་དུ་ཞིག་བསྒོམ་པ། རིམ་པ་ཇི་ལྟར་བསྒོམ་པ། གནས་སྐབས་གང་དུ་བསྒོམ་པའོ། །དང་པོ་ནི། འདི་དག་སྦྱང་གཞི་གང་དུ་གནས་པའི་ས་དེར་བསྒོམ་དགོས་པས་འཁོར་ལོ་ལྔ་ནི་ལུས་ཀྱི་དབུས་དྲང་པོར་སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་གནས་ཀྱི་རྐེད་པ་རྣམས་སུ་ཕོ་བྲང་ལྔའི་ལྷ་ཚོགས་བསྒོམ་ལ། སྐྱེ་མཆེད་གྱི་ལྷ་དྲུག་ནི་མིག་འབྲས་གཉིས་དང་། རྣ་བའི་བུ་ག་གཉིས་དང་། སྣའི་བུག་པ་གཉིས་ཡར་འཛོམས་པའི་ས་དང་། ལྕེའི་རྐེད་པ་དང་། སྙིང་གའི་འཁོར་ལོའི་མདུན་ཕྱོགས་དང་། དཔྲལ་བའི་དབྱེས་རྣམས་སུ་བསྒོམ་ཞིང་། ཡུལ་གྱི་ལྷ་དྲུག་ཀྱང་དེ་དག་སོ་སོའི་མདུན་དུ་བསྒོམ་མོ། །ཁྲོ་བོ་བཅུ་ལག་ངར་དང་། དཔུང་པའི་མཚམས་གཉིས་དང་། ལྕེའི་རྩེ་མོའི་ཕྱོགས་དང་། གསང་གནས་ཀྱི་རྩེ་མོའི་ཕྱོགས་དང་། དཔུང་པ་དང་སོག་པ་སྤྲད་མཚམས་གཉིས་དང་། པུས་མོའི་ཚིགས་མཚམས་གཉིས་དང་། སྤྱི་གཙུག་དང་རྐང་མཐིལ་གཉིས་རྣམས་སུ་རྩ་ཧཱུྃ་གི་དབྱིབས་ཅན་རེ་རེ་ཡོད་པས་དེར་བསྒོམ་མོ། །གཤིན་རྗེའི་གཤེད་དང་། ཤེས་རབ་མཐར་བྱེད་གཉིས་མཁྲིག་མའི་མཚམས་སུ་བསྒོམ་པ་ནི་མ་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེའི་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །བདེ་གཤེགས་གཞན་གྱིས་མི་ཐུབ་པ། །ཞེས་རྩ་བར་བསྒོམས་པར་གསུངས་པའི་ཕྱིར་དང་། རྡོ་རྗེའི་ལུས་འདི་ལ་མགྲིན་པ་ཡན་ཆད་སྟེང་གི་ཆ་དང་། པུས་མོ་མན་ཆད་འོག་གི་ཆ་དང་། གྲུ་མོའི་ཚིགས་མཚམས་གཉིས་དང་། ཁ་དང་གསང་གནས་ཕྱོགས་ཀྱི་ཆ་དང་། དཔུང་པའི་རྩ་བ་གཉིས་དང་། པུས་མོ་གཉིས་མཚམས་ཀྱི་ཆར་བྱས་ནས་ཁྲོ་བོ་རྣམས་འགོད་པའི་དབང་དུ་བྱས་པའི་ཕྱིར་རོ། །གཉིས་པ་ནི། སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས་དམིགས་པ་རྒྱས་པར་ནུས་ན་ཕོ་བྲང་ལྔའི་གཙོ་བོ་གུར་ནས་འབྱུང་བའི་ཞལ་ཕྱག་ཚང་མར་བསྒོམ་པ་དང་། མི་ནུས་ན་ཞལ་གཅིག་ཕྱག་གཉིས་པ། གཡས་པ་རྣམས་ན་འཁོར་ལོ་སོགས་དང་། གཡོན་པ་རྣམས་ན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་བསྒོམ་པའི་ཚུལ་གཉིས་གསུངས་ཀྱང་། འདིར་ནི་དམིགས་པ་ཉུང་བའི་དབང་དུ་བྱས་ནས་ཞལ་གཅིག་ཕྱག་གཉིས་བསྒོམ་པའི་ཚུལ་འདི་ཉིད་བཞེད་དོ། །ཞལ་གཅིག་ཕྱག་གཉིས་པ་དེ་ཡང་རིག་པའི་དབང་ལྔའི་སྐབས་སུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཕྱག་གཉིས་པར་བསྡུ་བའི་ཚུལ་གསུངས་པ་དང་མཐུན་ཅིང་ཡུམ་རྣམས་ནི་གུར་ནས་འབྱུང་བའི་ཞལ་གཅིག་ཕྱག་གཉིས་པ་དེ་ཉིད་དོ། །ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་གཞུང་བཤད་གཉགས་མར་ལྷར་དྲན་པར་བྱའོ་ཞེས་པ་ཙམ་ལས་ལྷ་གང་བསྒོམ་མ་གསུངས་ཀྱང་། ས་སྙིང་སོགས་དྲུག་དང་། གཟུགས་རྡོ་རྗེ་མ་སོགས་དྲུག་བསྒོམ་པའི་ཚུལ་དང་། གཏི་མུག་རྡོ་རྗེ་མ་སོགས་དང་། གཽ་རཱི་སོགས་དྲུག་བསྒོམ་པའི་ཚུལ་གཉིས་ལས། དང་པོ་ནི་གཞུང་བཤད་སྲས་དོན་མ། གཞུང་བཤད་དཔེ་དམར་མ། ཕག་མོ་གྲུབ་པའི་བཤད་མཛོད་མ། ཤར་པ་རྡོ་རྗེ་འོད་ཟེར་གྱི་གཞུང་བཤད། ཆོས་རྗེ་བླ་མའི་གཞུང་བཤད་སོགས་རབ་ཏུ་མང་པོར་འབྱུང་ལ། དེ་ཡང་མིག་གཉིས་སུ་སའི་སྙིང་པོ། རྣ་བ་གཉིས་སུ་ཕྱག་རྡོར། སྣར་ནམ་སྙིང་། ལྕེར་འཇིག་རྟེན་དབང་ཕྱུག སྨིན་མཚམས་སུ་སྒྲིབ་པ་རྣམ་སེལ། སྙིང་གའི་སྟོད་དུ་འཇམ་དབྱངས་བསྒོམ་པར་གསུངས་ལ། ཚིགས་མཚམས་སུ་ཀུན་བཟང་དང་། སྤྱི་གཙུག་ཏུ་བྱམས་པ་བསྒོམ་པ་ཡང་དགོས་སོ་ཞེས་རྗེ་བླ་མ་བཞེད་དོ། །དེ་བཞིན་དུ་མིག་གི་སྒོར་གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་བསྒོམ་པ་ཡང་བཤད་དོ། །འདི་ནི་སྔར་བཤད་པ་ལྟར་གདན་གསུམ་ཚང་བའི་ལྷ་ཚོགས་བསྒོམ་པ་དང་མཐུན་པས་ལེགས་པའོ། །ཚུལ་གཉིས་པ་ནི་གྲུབ་ཆེན་བྲག་ཕུག་པས་མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་དྲུག་དང་། དེ་དག་གི་མདུན་དུ་གཟུགས་གཽ་རཱི་སོགས་དྲུག་བསྒོམ་པར་གསུངས་པ་ནི་བརྟག་པ་ཕྱི་མར་དབང་པོའི་རྣམ་དག་དེ་ལྟར་གསུངས་ཤིང་། དང་པོའི་བརྒྱད་པར་གཽ་རཱི་སོགས་དྲུག་གཟུགས་སྒྲ་སོགས་རྣམ་པར་དག་པར་གསུངས་པས་ཤིན་དུ་ལེགས་པའོ། །གསུམ་པ་ནི་ལས་དང་པོ་པས་སྦྱང་གཞིའི་ཚད་དང་མཐུན་པར་བསྒོམས་ན་བསྒོམ་སླ་བས་ཕོ་བྲང་ལྔའི་གཙོ་བོ་ཡབ་ཡུམ་མཐེབ་ཆུང་གིས་སོར་ཕྱེད་ཙམ་དང་། འཁོར་གྱི་ལྷ་དང་ཡན་ལག་གི་ལྷ་རྣམས་ནས་འབྲས་ཙམ་རེ་བསྒོམ་པར་གསུངས་ལ། གཞུང་བཤད་སྲས་དོན་མར་བློའི་རྩལ་སྦྱང་བའི་ཕྱིར་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་བསྒོམ་པར་གསུངས་སོ། །བཞི་པ་ནི་སྦྱང་གཞིའི་གྲངས་དང་མཐུན་པར་བསྒོམས་པ་སྟེ། རྩ་འདབ་གྱི་གྲངས་དང་མཉམ་པའི་འཁོར་གྱི་ལྷ་མོ་བསྒོམ་པ་དང་། གཏི་མུག་རྡོ་རྗེ་མ་གཉིས་དང་། གནོད་མཛེས་གཉིས་བསྒོམ་པ་ལྟ་བུའོ། །ལྔ་པ་ནི། རྗེ་བཙུན་གོང་མས་གསལ་འདེབས་པའི་ཚེ་ལུས་གྲུབ་པའི་ཐོག་མ་ཡིན་པས་ལྟེ་བ་ནས་གསལ་འདེབས། སེམས་འཛིན་པའི་ཚེ་སེམས་གནས་པའི་ས་ཡིན་པས་སྙིང་ག་ནས་བསྒོམ་པར་གསུངས་ཤིང་། རྟེན་དང་བརྟེན་པ་གཉིས་ག་རིམ་ལ་ཁྱད་པར་ཆེར་མི་སྣང་ཡང་། ཕྱིའི་རྟེན་དང་བརྟེན་པ་དང་སྒོ་བསྟུན་ནས་ལུགས་འདི་ལ་ཐོག་མར་རྟེན་གསལ་འདེབས་པ་ཡང་གསུངས་སོ། །དྲུག་པ་ནི། ཕྱི་དཀྱིལ་དང་སྦྲགས་ནས་བསྒོམ་པའི་ཚེ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་གིས་རྐྱེན་བྱས་ནས་གསལ་འདེབས་ལ། ལུས་དཀྱིལ་རྐྱང་པ་བསྒོམ་པའི་ཚེ་ཚོགས་ཞིང་བསྟིམས་པས་རྐྱེན་བྱས་ནས་གསལ་འདེབས་པའི་ཚུལ་གཉིས་ཁོ་ན་གསུངས་སོ། །བཞི་པ་མན་ངག་ཐུན་མོང་མ་ཡིན་པར་ཇི་ལྟར་འདུས་པའི་ཚུལ་ནི། སྦྱང་གཞི་སྦྱོང་བའི་ཚུལ་རྣམས་ནི་ཕྱི་བསྐྱེད་པའི་རིམ་པའི་སྐབས་ལྟར་སྦྱར་བར་བྱ་ཞིང་། ལམ་བྱེད་བཞི་ཡང་འདི་ལ་ཚང་སྟེ། སྙིང་གའི་མི་བསྐྱོད་པའི་ཕོ་བྲང་ལྟ་བུ་ལ་མཚོན་ན། རྣམ་པ་མི་བསྐྱོད་པ་ཡབ་ཡུམ་ཞལ་ཕྱག་གི་རྣམ་པ་ཅན་བསྒོམས་པས་རྣམ་པ་བསྒོམ་སླ་བས་རྣམ་པ་ལམ་བྱེད་དང་། དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པར་བྱས་པས་མོས་པ་ལམ་བྱེད་དང་། དེ་ཡང་འབྲས་བུ་སངས་རྒྱས་ཀྱི་སའི་མེ་ལོང་ལྟ་བུའི་ཡེ་ཤེས་དངོས་སུ་བསྒོམས་པས་འབྲས་བུ་ལམ་བྱེད་དང་། དེ་ལྟར་བསྒོམས་པས་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མི་བསྐྱོད་པའི་རྣམ་པ་བྱིན་གྱིས་བརླབས། དེས་རྣལ་འབྱོར་པའི་སེམས་རྒྱུད་བྱིན་གྱིས་བརླབས་པས་ནམ་ཞིག་ན་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པ་འགྱུར་བས་བྱིན་རླབས་ལམ་བྱེད་དོ། །དེས་ན་ཞེན་པས་འཇུག་ཅིང་འབྲེལ་པས་མི་བསླུ་བའི་ལམ་ཞེས་བྱ་སྟེ། འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་དངོས་སུ་ཞེན་ནས་ལམ་གྱི་རྣམ་པ་ལ་འཇུག་པས་དེ་གཉིས་རང་བཞིན་རྣམ་དག་གི་ཚུལ་གྱིས་འབྲེལ་པའི་ཕྱིར་ཏེ། ནམ་ཞིག་ན་དེ་ཐོབ་པ་ལ་མི་བསླུ་བའི་ཕྱིར་རོ། །འོ་ན་རྣམ་པ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ནས་བསྒོམ་མམ། མ་ཡིན་ཡང་བསྒོམ། ཡིན་ནས་བསྒོམས་ན་གྲུབ་ཟིན་བསྒྲུབ་པར་འགྱུར་ལ། མ་ཡིན་ཡང་བསྒོམས་ན་སྤྲང་པོ་རྒྱལ་པོར་རློམ་པ་དང་འདྲའོ་ཞེ་ན། ཡིན་ནས་བསྒོམས་པས་སྐྱོན་ཕྱི་མ་མེད་ཅིང་། གྲུབ་ཟིན་བསྒྲུབ་པའི་སྐྱོན་ཡང་མེད་དེ། ངོ་བོ་དངོས་མ་ཡིན་ཡང་རྣམ་པའམ་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཉིད་ཡིན་པ་ནི་རྣལ་འབྱོར་པའི་བློར་སྣང་གི་རྣམ་པ་དང་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་གསལ་སྟོང་ཟུང་འཇུག་དབྱེར་མེད་པའི་དོན་ཡིན་ལ་སངས་རྒྱས་སའི་མེ་ལོང་ལྟ་བུའི་ཡེ་ཤེས་གཟུགས་ཀྱི་རྣམ་པར་ཤར་བ་ན་མི་བསྐྱོད་པའམ་རྣམ་སྣང་དང་། རྡོ་རྗེའམ་འཁོར་ལོ་དང་། ཁ་དོག་ནག་པོའམ་དཀར་པོ་དང་། ས་བོན་ཧཱུྃ་བཾ་བྷྲཱུྃ་ལ་སོགས་པ་དང་། མངོན་བྱང་ལྔའི་ནང་ནས་ཟླ་བའི་རྣམ་པར་འབྱུང་བའི་ཕྱིར་རོ། །དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང་ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་གནས་གྱུར་པ་རྩི་བའི་ཚེ། གཟུགས་ཕུང་དང་ཞེ་སྡང་གནས་གྱུར་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པས་རྣམ་སྣང་དང་། འཁོར་ལོ་སོགས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་ཀྱི་རྣམ་པར་གཞག་དགོས་ཏེ། འདི་ལ་དགོངས་ནས་དཀྱིལ་ཆོག་ཕལ་ཆེར་དང་། གཏོར་མའི་སྐབས་ཀྱི་ཡེ་ཤེས་ལྔ་དང་། འཁོར་འདས་དབྱེར་མེད་ཀྱི་འགྲེལ་པར་རྣམ་སྣང་དང་མེ་ལོང་ལྟ་བུའི་ཡེ་ཤེས་སྦྱར་བ་མཛད་ཅིང་། དེའི་ཚེ་མི་བསྐྱོད་པ་དང་ཆོས་དབྱིངས་ཡེ་ཤེས་སྦྱར་བ་ལས་འོས་མེད་དོ། །ཡང་ཚོགས་བརྒྱད་གནས་གྱུར་པ་ལས་ཡེ་ཤེས་ལྔ་འབྱུང་བའི་ཚེ། ཉོན་ཡིད་མཉམ་པ་ཉིད་དང་། ཡིད་ཀྱི་རྣམ་ཤེས་སོ་སོར་རྟོག་པ་དང་། སྒོ་ལྔའི་རྣམ་ཤེས་བྱ་བ་གྲུབ་པ་དང་། ཀུན་གཞི་ལ་གསལ་སྟོང་གཉིས་ལས། སྟོང་པའི་ཆ་ཆོས་དབྱིངས་ཡེ་ཤེས་དང་། གསལ་བའི་ཆ་མེ་ལོང་ཡེ་ཤེས་སུ་གནས་གྱུར་པར་མངོན་རྟོགས་ལྗོན་ཤིང་ལས་བཤད་པས། ཀུན་གཞི་གསལ་བའི་ཆ་དེ་ཉིད་མི་བསྐྱོད་པའི་ངོ་བོར་ཁས་བླང་དགོས་ཏེ། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སེམས་སུ་འདུས་པ་ལུགས་འདིའི་ཟབ་ཁྱད་ཡིན་ཅིང་། སེམས་དེ་ཡང་ཀུན་གཞི་གསལ་བའི་ཆ་ལ་གཞག་དགོས་པའི་ཕྱིར་ཏེ། སྣང་བ་ཐམས་ཅད་སེམས་སུ་འདུས་པ་ཡང་ཐ་སྙད་བདེན་པའི་སྐབས་ཡིན་ཅིང་། གསལ་སྟོང་གཉིས་ཀྱི་ནང་ནས་གསལ་བའི་ཆ་དེ་ཐ་སྙད་བདེན་པ་ཡིན་པའི་ཕྱིར་རོ། །དེའི་ཚེ་རྣམ་སྣང་དང་ཆོས་དབྱིངས་ཡེ་ཤེས་སྦྱར་བ་ལས་འོས་མེད་དོ། །འདི་ལ་དགོངས་ནས་དམར་གཉགས་སོགས་གཞུང་བཤད་ཐམས་ཅད་ལས་ལུས་དཀྱིལ་གྱི་མི་བསྐྱོད་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་སྦྱར་བ་དང་། མན་ངག་ལུགས་ཀྱི་དབང་ཆུར་མི་བསྐྱོད་པ་ཆུ་དབང་གི་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་སྦྱར་བ་ཁོ་ན་གསུངས་ཏེ། སྤང་བྱ་ཞེ་སྡང་དང་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པས་འབྲས་བུ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་ཤར་བ་ཞེས་གསུངས་ཤིང་། དེའི་དོན་ཡང་ཀུན་གཞི་གསལ་བའི་ཆ་ལ་གནས་གྱུར་བརྩི་བའི་ཚེ་ཞེ་སྡང་དང་རྣམ་ཤེས་སྤར་བྱར་བྱེད་ཅེས་པའི་དོན་ཡིན་པའི་ཕྱིར་རོ། །འདི་ཉིད་འཁོར་ལོ་བདེ་མཆོག་ལས་ཀྱང་གསུངས་ཏེ། གྲུབ་ཆེན་བྷཱུ་རི་པས། ཚོགས་བརྒྱད་གྱུར་པ་ཡེ་ཤེས་ལྔར་གྱུར་ཏེ། །ཞེས་དང་། ནག་པོ་དཀྱིལ་ཆོག་ལས། དབང་གི་དག་པ་སྔ་མ་ལྟར་གསུངས་པའི་ཕྱིར་རོ། །དེང་སང་མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པ་ལ་སྦྱར་བ་ཡོ་གའི་ལུགས་ཡིན་གྱི། བླ་མེད་ཀྱི་ཐུན་མོང་མ་ཡིན་པ་ཆོས་དབྱིངས་ཡེ་ཤེས་ལ་སྦྱར་དགོས་སོ་སྙམ་ནས་ལུས་དཀྱིལ་དང་། རྒྱུ་དུས་ལམ་དུས་ཀྱི་དབང་གི་དག་པའི་ཚིག་འདོན་བཅོས་པ་དག་གིས་ནི་དོན་འདི་ཤེས་པར་གྱིས་ལ། གོང་མའི་གསུང་རབ་ལ་བསྲེ་སླད་མ་བྱེད་པར་གཞན་དང་མཐུན་པར་གྱིས་ཤིག གཞན་ལྷ་རེ་རེ་ལ་དབང་བཞི་ཆར་གྱི་ལམ་ཚང་བ་དང་། སྦྱང་གཞི་རྩ་ཁམས་ཀྱི་ཆ་ནས་འབྲས་བུ་སྐུ་བཞི་ལྷུན་གྲུབ་ཏུ་ཚང་བའི་ཚུལ་རྣམས་ནི་སྔར་བཤད་ཟིན་ཅིང་། ཕྱིས་ཀྱི་མཁས་རློམ་མན་ངག་མེད་པར་རྟོག་གེའི་རིགས་པས་གསང་སྔགས་རང་དགར་འཆད་པ་དག་གིས་ཕྱི་ནང་ཐུན་མོང་བའི་ལྷ་མེད་པ་དང་། ཕྱི་ནང་ལྷ་གྲངས་མ་མཐུན་པ་དང་། རྒྱུད་གཞུང་ལས་མ་བཤད་པས་མི་འཐད་ཅེས་པའི་ལོག་པར་སྨྲ་བ་རྣམས་ལུང་རིགས་ཀྱིས་ཇི་ལྟར་བསལ་བའི་ཚུལ་རྣམས་ནི་རྗེ་བླ་མས་མཛད་པའི་ལྟ་བ་ངན་སེལ་དང་། སྨྲ་བ་ངན་འཇོམས་གཉིས་སུ་བལྟ་བར་བྱའོ། །ལྔ་པ་དེ་ལྟར་བསྒོམས་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྟན་པ་ནི། དེ་ལྟར་རྒྱུད་སྡེའི་དོན་མན་ངག་གིས་བཀྲལ་བ་བསྲེ་སླད་མེད་པར་ཚུལ་བཞིན་དུ་བསྒོམས་པས་གནས་སྐབས་སུ་ལྟ་བ་ངོ་བོ་ཉིད་གསུམ་སྐྱེ་ཞིང་། དེ་བསྒོམས་པས་གྲུབ་མཐའ་འཁོར་འདས་དབྱེར་མེད་ས་དང་པོ་ནས་དྲུག་པའི་བར་གྱི་རྟོགས་པ་འཆར་ལ། མཐར་ཐུག་གི་འབྲས་བུ་ལུས་རྩ་གནས་གྱུར་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའོ། །འདི་ཡང་ལམ་སོགས་ཉི་ཤུའི་སྐབས་སུ་བུམ་དབང་གི་ལམ་དུ་བཤད་པའི་དབང་དུ་བྱས་ཀྱི་ཡང་དག་པར་ན་ལུས་དཀྱིལ་བསྒོམ་ནས་ལམ་གྱི་ཐུན་བཞི་ལ་དབང་བཞི་བླངས་པས་སྤང་བྱ་མ་ལུས་པ་སྤངས་ནས་འབྲས་བུ་སྐུ་བཞི་ཐོབ་པར་རྡོ་རྗེའི་ཚིག་རྐང་ཉིད་ལས་གསུངས་པས་སྐལ་བ་དང་ལྡན་པའི་སྐྱེ་བོ་དག་འདི་ལ་འཇུག་པར་རིགས་སོ། །འདི་དག་ཅིའི་ཕྱིར་བཤད་ཅེ་ན་རང་ཉིད་ངེས་པའི་ཤེས་པ་དང་ལྡན་ཡང་། དེང་སང་གི་སྐྱེ་བོ་ཕལ་ཆེར་ལོག་པར་བཀྲལ་བའི་ལམ་ལ་འཇུག་པ་མང་བས་དེ་དག་དགག་པར་བྱ་བའི་ཕྱིར་དང་། འགའ་ཞིག་ཡང་དག་པའི་ལམ་ལ་འཇུག་པར་འདོད་ཀྱང་ཟིན་བྲིས་ཙམ་དང་། ཟེར་སྒྲོས་ཙམ་ཚད་མར་བྱས་ནས་འགྲོན་པོ་ཕྱོགས་སླད་པ་ལྟར་གྱུར་པ་དག་རྗེས་སུ་གཟུང་བའི་ཕྱིར་གཞན་གྱི་དོན་དུ་བཤད་དོ།། ༈ །།རྣམ་མང་རྒྱུད་སྡེའི་རྒྱ་མཚོ་ལས་བྱུང་བའི། །རང་བཞིན་གྲུབ་པའི་དཀྱིལ་འཁོར་རིན་ཆེན་ཚོགས། །སྙན་བརྒྱུད་གདམས་པའི་སྲད་བུ་ལ་བརྒྱུས་འདི། །སྒྲུབ་པོའི་ལུས་བཟང་མཛེས་པའི་རྒྱན་དུ་སྦྱིན། །དེ་ལས་བྱུང་བའི་རྣམ་དཀར་དགེ་བའི་ཚོགས། །བདག་གི་རྒྱུད་ལ་ཐོབ་པ་གང་ཡིན་དེས། །མཁའ་མཉམ་འགྲོ་བའི་སྙིང་མུན་ཀུན་བསལ་ནས། །རྨད་བྱུང་གདམས་པའི་དཔལ་ལ་སྤྱོད་པར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །འདྲེན་མཆོག་བླ་མ་རྣམས་ཀྱིས་རྗེས་བཟུང་སྟེ། །རྣལ་འབྱོར་དབང་ཕྱུག་གསུང་གི་མཛོད་འཛིན་ཅིང་། །རྟག་ཏུ་འགྲོ་ལ་དམ་ཆོས་སྟོན་པར་ཤོག །དཔལ་ཀྱཻ་རྡོ་རྗེའི་ལུས་དཀྱིལ་གྱི་དཀྱིལ་འཁོར་གྱི་རྣམ་པར་བཤད་པ་བདེ་ཆེན་བཅུད་ཀྱི་སྙིང་པོ་ཞེས་བྱ་བ་འདི་ནི་བདེ་བར་གཤེགས་པའི་རིང་ལུགས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོ་ཡབ་སྲས་ཀྱི་གསུང་གི་བདུད་རྩི་མྱངས་པ་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་ཤིང་ཕོ་འབྲུག་གི་ལོ་ལ་ཐུབ་བསྟན་རྣམ་པར་རྒྱལ་པའི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོའོ།། །།དགེ་བ་འདི་ཡིས་དུས་གསུམ་གྱི། །རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་བསྟན་པ་ནི། །དར་རྒྱས་ཡུན་དུ་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousདཔལ་ཀྱཻ་རྡོ་རྗེའི་ལུས་དཀྱིལ་གྱི་རྣམ་པར་བཤད་པ་བདེ་ཆེན་བཅུད་ཀྱི་སྙིང་པོ།next