Nitartha Digital Library
Tibetan
 
previousརྒྱུད་སྡེ་བཞི་དང་འབྲེལ་བའི་ལྷག་པའི་ལྷ་སྤྱིའི་བསྙེན་ཐབས་དངོས་གྲུབ་བུམ་བཟང་།next

རྒྱུད་སྡེ་བཞི་དང་འབྲེལ་བའི་ལྷག་པའི་ལྷ་སྤྱིའི་བསྙེན་ཐབས་དངོས་གྲུབ་བུམ་བཟང་།

རྒྱུད་སྡེ་བཞི་དང་འབྲེལ་བའི་ལྷག་པའི་ལྷ་སྤྱིའི་བསྙེན་ཐབས་དངོས་གྲུབ་བུམ་བཟང་བཞུགས་སོ།། ཨོཾ་སྭ་སྟི། བླ་མ་ལྷག་པའི་ལྷར་བཅས་ལ། །སྒོ་གསུམ་གུས་པའི་སྤྱི་བོས་འདུད། །རྒྱུད་སྡེ་རྣམ་པ་བཞི་པོ་ལས། །མཆོག་དང་ཐུན་མོང་སྒྲུབ་པའི་ཐབས། །བསྙེན་སྒྲུབ་ལས་གསུམ་ཆོ་ག་གསུངས། །དེ་ཡི་དང་པོ་བསྙེན་པ་ལ། །རབ་འབྲིང་ཐ་གསུམ་རྣམ་དབྱེ་མང་། །འདིར་ནི་གྲངས་ཀྱི་བསྙེན་པ་ཡི། །བྱེད་ཐབས་ཅུང་ཟད་བྲི་བར་བྱ། །དེ་ལའང་རབ་འབྲིང་ཐ་གསུམ་ཡོད། །ཕྱི་མ་གཉིས་ནི་འདིར་མི་གཏོགས། །རབ་ལ་སྦྱོར་དངོས་རྗེས་གསུམ་མོ། །དང་པོ་ནི། གནས་ཁང་དབེན་ཞིང་ཡིད་དུ་འོང་བ་བཀྲ་ཤིས་པའི་ནང་དུ་ཕྱག་དར་སྐྱང་ནུལ་ལེགས་པར་བྱས། རྟེན་མཆོད་རྣམ་པར་དག་པ་ཡང་བཤམ། དེ་ནས་བད་ཀན་དང་ཚ་བ་ཤས་ཆེ་བའི་གང་ཟག་ཡིན་ན། ཁྲུས་ཀྱི་རྣལ་འབྱོར་རང་རང་གི་སྒྲུབ་ཐབས་ནས་བཤད་པ་བཞིན་དུ་བྱ། རླུང་དང་གྲང་བ་ཤས་ཆེ་ན་མ་བྱས་པས་འོང་སྟེ། བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་ཀྱི་རྣལ་འབྱོར་བྱ་ཞེས་གསུངས་པའི་དོན་ཡིན་ནོ། །ཁྲུས་ཀྱི་རྣལ་འབྱོར་མ་གྲུབ་ཀྱང་ཐུན་མཚམས་སུ་ཟས་ཟ་བ་དང་། རྩ་ཆུ་འཆག་པ་ནའང་ཆབ་ལ་སོགས་པ་ལེན་དགོས་ཏེ། གྲུབ་ཆེན་ནཱ་རོ་ཏ་པའི་གསུང་གིས། ཁ་མི་བཤལ་བར་སྔགས་ཟློས་སྤང་། །ཞེས་གསུངས་སོ། །དེ་ནས་སྟན་ནང་ཚངས་ཅན་ལ་འཇིག་རྟེན་པའི་ཤར་དུ་ཁ་ཕྱོགས་པར་སྐྱིལ་ཀྲུང་གཉིས་པོ་གང་རུང་ངམ། ཙོག་པུར་སྐྱིལ་ཀྲུང་དུ་འདུག་པ་དང་། ཐོག་མར་རང་གི་བློ་ལ་བརྟག་དཔྱད་ལེགས་པོ་བྱ་དགོས་ཏེ། རྗེ་བླ་མའི་གསུང་གིས། གྱ་ཚོམ་དུ་མི་འཇུག་གསུངས་པའི་དོན། རང་གི་སེམས་ཉོན་མོངས་པ་དང་། རྣམ་རྟོག་གཞན་གྱི་དབང་དུ་འདུག་ན། འཆི་བ་མི་རྟག་པ་ལ་སོགས་པས་བློ་ལེགས་པར་བཅོས་ནས་དགེ་བ་ལ་བསྐུལ་དགོས་ཀྱི། དེ་ལྟར་མ་བྱས་ན་ཉམས་ལེན་ཉོན་མོངས་གྱི་དབང་དུ་འགྲོ་བས་དགེ་བ་མི་འགྲུབ་པས། བླ་མ་དང་དཀོན་མཆོག་ལ་དད་པའི་ཀུན་སློང་བརྟན་པོས་སེམས་དགེ་བ་ལ་བསྐུལ་ནས་དྲན་ཤེས་ཀྱིས་ཡང་ཡང་དུ་སེམས་ཉོན་མོངས་པ་དང་མ་འདྲེས་པ་ཅི་ཐུབ་བྱེད་པ་གལ་ཆེ་སྟེ། ནཱ་རོ་ཏ་པས། དད་པ་མེད་པའི་ལེ་ལོ་སྤང་། །ཞེས་གསུངས་སོ། །གཉིས་པ་དངོས་གཞི་ནི། སྐྱབས་འགྲོ་སེམས་བསྐྱེད་ནས་བརྩམས་ཏེ། མ་རྒྱུད་དང་ཕ་རྒྱུད་སོ་སོའི་ལུགས་ཀྱི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱིས་རྒྱུད་དག་པར་བྱེད་ཅིང་། དེ་ནས་མངོན་པར་རྟོགས་པ་སྦྱང་གཞི་དང་སྦྱོང་བྱེད་ངོ་སྤྲོད་པའི་རིམ་པས་དམིགས་པ་གསལ་རུང་མི་གསལ་རུང་། རྣམ་རྟོག་གཞན་གྱི་དབང་དུ་མ་སོང་བར། སེམས་འཇུར་མིག་ནས་དྲངས་ལ་ཤར་རེ་གཤར་འདོན་གྱི་ཚུལ་དུ་འགྲོ་བ་ནི། བིརྺ་པ་ཡབ་སྲས་ཀྱི་མན་ངག་ལས། གསལ་ལ་དྲག་ལ་ཡུན་ཐུང་བ། །བསྐྱེད་པའི་རིམ་པ་གནད་དུ་ཆེ། །ཞེས་གསུངས་པ་ལྟར་རོ། །དེ་ནས་རང་རང་གི་བསྐྱེད་རིམ་ལ་སེམས་འཛིན་པའི་སྐབས་སུ་སླེབ་པ་དང་། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་དང་། ཁྱད་པར་དུ་ཡང་རང་ཉིད་གཙོ་བོ་དེའི་ཞལ་ཕྱག་རྒྱན་ཆ་ལུགས་བཞུགས་སྟངས་དང་བཅས་པ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་ང་རྒྱལ་ཡུན་རིང་པོའི་བར་དུ་འཛིན། ལས་དང་པོ་པས་དམིགས་པ་གསལ་པོ་མེད་ཀྱང་ལྷ་དེ་ཡིན་སྙམ་པའི་ང་རྒྱལ་བརྟན་པོ་ལ་ཡུན་རིང་མཉམ་པར་བཞག་པ་ལ་ཕན་ཡོན་ཆེ་སྟེ། མཁའ་འགྲོ་མ་རྡོ་རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །འགྲུབ་རྒྱུའི་སངས་རྒྱས་ནི། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་གསུངས་སོ། །དེ་ནས་ཕྲེང་བ་བྱིན་རླབས་དང་བཅས་པ་བྱས་ལ། རང་རང་གི་གཞུང་ནས་བཤད་པའི་ཞི་རྒྱས་དབང་དྲག་གི་དམིགས་པ་ལ་ནན་ཏན་བསྐྱེད་ཅིང་། སྔགས་ལྷག་ཆད་མེད་པ་དག་པོར་བཟླ་དགོས་ཏེ། ནཱ་རོ་ཏ་པས། སྔགས་ཀྱི་ཡིག་འབྲུ་འཁྱལ་བ་སྤང་། །ཞེས་གསུངས་སོ། །དེ་ལྟར་བཟླས་པའི་སྐབས་ཐམས་ཅད་དུ་འོད་ཟེར་སྤྲོ་བསྡུ་སོགས་ཀྱི་དམིགས་པ་ལ་གཅུན་དགོས་ཏེ། ནཱ་རོ་ཏ་པས། བསམས་པ་མེད་པར་སྔགས་བཟླས་སྤང་། །ཞེས་གསུངས་སོ། །ལྷའི་དམིགས་པ་ཡང་ཡང་དུ་གསལ་གདབ་དགོས་ཏེ། ནཱ་རོ་ཏ་པས། ལྷ་མི་གསལ་བར་སྔགས་བཟླས་སྤང་། །ཞེས་གསུངས་སོ། །དེ་ཡང་ལྷའི་དམིགས་པའམ། འོད་ཟེར་སྤྲོ་བསྡུའམ་ཐ་ན་སྔགས་ཀྱི་སྒྲ་ལྷང་ལྷང་བ་དེ་དང་ཤེས་པ་འདྲེས་པ་ཅི་ཐུབ་ལ་འབད་པ་གལ་ཆེ་ཞིང་། དེ་ལྟར་མ་ཡིན་པའི་ཐ་མལ་པའི་རྣམ་རྟོག་དང་བསྲེས་པའི་ངང་དུ་ཡུན་རིང་པོའི་བར་དུ་བྱས་ཀྱང་ནུས་པ་ཤིན་ཏུ་ཆུང་སྟེ། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་གསུངས་པ་ལྟར་རོ། །རྒྱུ་མཚན་དེ་བས་ན་བསྙེན་སྒྲུབ་ལ་འཇུག་པའི་ཚེ། བྱིང་རྨུགས་རྣམ་གཡེང་ཐམས་ཅད་དྲག་ཏུ་བཟློག་ནས་མ་འབད་ན་ནུས་པ་འདྲེས་འཕྲོག་པར་བཤད་དེ། ནཱ་རོ་ཏ་པས། གཉིད་ཀྱི་དབང་དུ་གྱུར་པ་སྤང་། །ཞེས་གསུངས་སོ། །སྔགས་ལ་སོགས་པ་གསང་ཞིང་ཤིབ་བུར་བཟླ་དགོས་ཏེ། རྩ་ལྟུང་བདུན་པའི་ཉེས་པ་འོང་བའི་ཕྱིར། ནཱ་རོ་ཏ་པས། གསལ་ཞིང་སྔགས་སྒྲ་ཆེ་བ་སྤང་། །ཞེས་གསུངས་སོ། །དེ་ལྟ་བུའི་སྤྱོད་པས་ཐོ་རངས་དང་། སྔ་དྲོ་དང་། ཕྱི་དྲོ་དང་། སྲོད་ཀྱི་ཐུན་དང་བཞིའི་རིམ་པས་འཇུག་ཅིང་། དེ་ཡང་དང་པོ་སྐྱབས་འགྲོ་ནས་རྗེས་བསྔོ་བ་སྨོན་ལམ་གྱི་བར་ལ་ཐ་མལ་གྱི་ལོང་གཏམ་དང་མི་བསྲེ་བར་སྨྲ་བཅད་ཀྱི་ངང་ནས་བྱ་དགོས་ཤིང་གཞན་དུ་ན་བསྙེན་པའི་དོན་མེད་དེ། ནཱ་རོ་ཏ་པས། ནུས་པ་མྱུར་དུ་སྐྱེ་འདོད་ན། །སྨྲ་བ་བཅད་ན་དངོས་གྲུབ་འཕེལ། །ལོ་གཅིག་སིལ་བུར་བཟླས་པ་བས། །ཟླ་གཅིག་སྨྲ་བཅད་བྱ་བ་གཅེས། །ཞེས་གསུངས་སོ། །དེ་ལྟར་བྱེད་པའི་གནས་ཀྱང་རི་ཁྲོད་དབེན་པར་བྱས་ན་ལེགས་པར་གསུངས་ཏེ། ནཱ་རོ་ཏ་པས། ཡུལ་དགོན་ལོ་གཅིག་བྱས་པ་བས། །རི་ཁྲོད་ཞག་གཅིག་བསྙེན་པ་གཅེས། །ཞེས་གསུངས་སོ། །དེ་ཡང་ཐུན་སྐབས་མ་གཏོགས་འགྲོ་འདུག་བྱེད་པ་སོགས་མི་ཉན་ཅིང་སྟན་གཅིག་གི་སྟེང་དུ་ཚར་དགོས་ཏེ། ནཱ་རོ་ཏ་པས། བསྒྲུབ་སྔགས་འཁྱམས་ཤིང་བཟླ་བ་སྤང་། །ཞེས་སོ། །བསྙེན་པ་མ་ཚར་བར་ལ་སྟན་ཡང་སྤོ་འཇུག་མི་ཉན་ཏེ། ཀླུ་སྒྲུབ་ནས་བརྒྱུད་པའི་མན་ངག་ལས། མལ་སྟན་ནམ་མཁའི་མཐོངས་སུ་སྤྲུགས། །ད་རེས་སྒྲུབ་པ་གང་བྱས་གྱ་བ་ཡིན། །ཞེས་གསུངས་པའོ། །དེ་ལྟ་བུའི་གཙོ་བོ་ཡབ་ཡུམ་ལ་འབུམ་ཕྲག་བཞི་རེ། འཁོར་རྣམས་ལ་ཁྲི་ཕྲག་རེ་རེ་བཟླ་དགོས་ཤིང་། དམིགས་བསལ་ཅན་ལ་དེ་ལས་མང་བ་ཡང་བཟླ་དགོས་པར་བཤད་དོ། །དེ་ལྟར་བཟླས་པའི་ཚེ་ནད་པ་དང་། རྒན་པོ་ཡིན་ན་སྐབས་སུ་ངལ་བསོ་བའི་བར་གཡས་གཡོན་དུ་བག་ཙམ་རེ་སྔས་པ་ལ་ཉེས་པ་མེད་དམ་སེམས། དེ་མ་གཏོགས་པ་གོང་སྦྱོར་བའི་སྐབས་ཀྱི་ལུས་གནད་དང་མི་འབྲལ་བར་དགོས་ཏེ། ནཱ་རོ་ཏ་པས། མི་མོས་ཉལ་སྔགས་བཟླ་བ་སྤང་། །ཞེས་གསུངས་སོ། །གོང་མ་དེ་རྣམས་ཀྱི་དོན་མདོར་བསྡུས་ནས་བརྗོད་ན། བསྙེན་པ་གང་ཡིན་པ་མ་ཚར་གྱི་བར་ལ། ཐུན་ལ་འཇུག་པ་ནས་མཐར་བསྔོ་བའི་བར་ལ། ཉལ་བ་དང་། ལྡང་བ་དང་། བཞད་གད་དང་། རྩ་ཆུ་འཆག་པ་དང་། ཟས་ཟ་བ་དང་། མལ་སྟན་སྤོ་བ་དང་། སྤྲུགས་པ་དང་། མི་དང་ཚིག་བསྲེ་བ་དང་། སྔགས་ཀྱི་སྒྲ་རྒྱུན་བཅད་པ་དང་། ལྷ་དང་སྔགས་འཁོར་གྱི་དམིགས་པ་མི་བྱེད་པ་དང་། འོད་ཟེར་གྱི་སྤྲོ་བསྡུ་མི་བྱེད་པ་དང་། ཕྲེང་བ་མདོ་འཛིན་ལ་ཐུག་ནས། ཕྱིར་མི་ལྡོག་པར་མདོ་འཛིན་འགོམ་ནས་འགྲོ་བ་རྣམས་སྤང་དགོས་ཏེ། སྔགས་རྣམས་བཟླ་བའི་མན་ངག་ནི། ཉལ་ནས་མ་ཡིན་ལངས་ནས་མིན། །དགོད་ཅིང་མ་ཡིན་འཆག་ཅིང་མིན། །ཟ་ཞིང་མ་ཡིན་སྟན་མི་སྤྲུགས། །ཕྱི་ཡི་རྒྱུད་ནི་སྐད་མི་བསྲེ། །ནང་གི་རྒྱུད་ནི་སྒྲ་མི་གཅད། །གསང་བའི་རྒྱུད་ནི་ཏིང་ངེ་འཛིན། །འཕྲོ་འདུ་གཅད་པར་མི་བྱའོ། །ལག་ཕྲེང་མི་འགོམ་མདོ་འཛིན་རྫོགས། །ཞེས་གསུངས་པས་སོ། །དེ་ཡང་བསྙེན་སྒྲུབ་དུས་སུ་ཡིན་གྱི། གཞན་དུ་ན། ནཱ་རོ་ཏ་པས། ཕྱག་རྒྱ་ཆེན་པོ་འདོད་པ་ལ། །དེ་ཉིད་ཞལ་འཁྱམས་རྟག་ཏུ་འདོན། །ཞེས་གསུངས་སོ། །གསུམ་པ་རྗེས་ལ། ཐུན་བཞག་རན་པ་དང་། ཕ་རྒྱུད་མ་རྒྱུད་སོ་སོའི་ཡི་གེ་བརྒྱ་པ་བདུན་ནམ་ལྔ་ལ་སོགས་པ་བཏོན་ནས་ལྷག་ཆད་ཁ་བསྐང་ཞིང་བསྙེན་པ་བསྡུ་བར་བྱ་སྟེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་མཛད་དུ་གསོལ། ཞེས་སོགས་ཀྱིས་གང་འདོད་པའི་དོན་ལ་གསོལ་བ་དྲག་ཏུ་གདབ། དེ་ནས་བླ་མ་དང་ལྷག་པའི་ལྷ་གང་ཡིན་པ་དང་། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་ད་ལྟའི་དུས་འདི་ལ་བཅོམ་ལྡན་འདས་གང་ཡིན་པའི་མཚན་ནས་སྨོས་པ་དང་། དེའི་རྩ་སྔགས་སྙིང་པོ་སོགས་གང་བཟླས་པ་དེ་ལ་གྲངས་མ་ནོར་བར་བྱས་ནས་བརྒྱ་སྟོང་སོགས་འདི་ཚར་བ་དེ་སྐུ་གསུང་ཐུགས་ལ་དབུལ་བར་བགྱིའོ། །བདག་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གྲངས་ཡི་དམ་ལ་གཏད་པ་གདམས་པའི་མཆོག་ཡིན་ཏེ། ནཱ་རོ་ཏ་པས། འཕྲལ་གྱི་ནུས་པ་འདོད་པ་ལ། །སྨྲ་བཅད་གྲངས་དང་བཅས་པ་འདོན། །ཞེས་གསུངས་པས་སོ། །དེ་ནས་རྟེན་འབྲེལ་སྙིང་པོའི་རབ་གནས་བྱས་པས་བྱིན་རླབས་མི་ཉམས་ཤིང་ནུས་པ་ཆེ་རུ་འགྲོ་བར་བཤད་པས། ཡེ་དྷརྨཱ་བདུན་ལ་སོགས་པ་ཅི་ནུས་སུ་བགྲང་ངོ་། །དེ་རྗེས་དཀྱིལ་འཁོར་བསྡུས་ནས་གཏོར་མ་གཏང་བའམ། ཐུན་བཞི་ཀ་ལ་གཏོར་མ་འཕྲོད་ན་རབ། དེ་མ་གྲུབ་ཀྱང་སྲོད་ཐུན་གྱི་མཇུག་ཏུ་གཏོར་མ་རྒྱས་པར་གཏང་དགོས་ཤིང་། གཤེགས་སུ་གསོལ་བ་ལ་སོགས་པ་རང་རང་གི་སྒྲུབ་ཐབས་ནས་འབྱུང་བ་བཞིན་བྱ། རྗེས་བསྔོ་བ་སྨོན་ལམ་རྣམ་པར་དག་པ་བཏབ་ཅིང་། ཁ་ཟས་ཀྱི་རྣལ་འབྱོར་ལ་སོགས་པ་སྒྱུ་མ་རྨི་ལམ་ལྟ་བུའི་ཚུལ་གྱིས་ལོངས་སྤྱོད་དོ། །ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་ནས། གཏོར་མ་གཏོང་བ། སཙྪྭ་གདབ་པ། མདོ་འདོན་པ་སོགས་དགེ་བས་དུས་འདའ་བར་བྱའོ། །དེ་ལྟར་བསྙེན་པ་ཐམས་ཅད་ཡོངས་སུ་རྫོགས་ནས་སྦྱིན་སྲེག་ཕྱོགས་གཅིག་ཏུ་བླུག་པ་དང་། ཉིན་བཞིན་བསྙེན་པ་བྱེད་ཅིང་མཚན་བཞིན་དེའི་བཅུ་ཆའི་སྦྱིན་སྲེག་བླུགས་ནས་བསྙེན་པ་དང་ཚར་མཉམ་བྱེད་པའི་ལུགས་གཉིས་བཤད་པས་གང་བདེ་བྱས་པས་འོང་ཞིང་། དེའི་ལག་ལེན་མཐོང་བ་བརྒྱུད་པ་བཞིན་ལེགས་པར་བྱ་དགོས་ཏེ། རྡོ་རྗེ་མཁའ་འགྲོ་ལས། གསང་སྔགས་མ་བཟླས་འགྲུབ་པ་མེད། །སྦྱིན་སྲེག་མ་བྱས་འབྲས་མི་འབྱུང་། །གསང་སྔགས་འབུམ་ཕྲག་གཅིག་བཟླས་པས། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། །ཅེས་གསུངས་སོ། །དེ་ལྟ་བུའི་སྦྱོར་དངོས་རྗེས་གསུམ་གི་སྒོ་ནས་གྲངས་ཀྱི་བསྙེན་པ་ཚད་ལྡན་བྱས་ན་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཚེགས་མེད་པར་འགྲུབ་པར་གསུངས་ཏེ། གནས་སྐབས་ཀྱི་འབྲས་བུ་དམན་པ་ཞི་སོགས་བཞི། །འབྲིང་གྲུབ་ཆེན་བརྒྱད། འབྲིང་གི་མཆོག་མཁའ་སྤྱོད་རིག་འཛིན། སྟོང་འཁོར་ལོས་སྒྱུར་བ་རྣམས་ཀྱང་བསྙེན་པ་སོང་ནས་སྒྲུབ་པས་འགྲུབ་པར་བཤད། མཆོག་གི་དངོས་གྲུབ་ཀྱང་མྱུར་དུ་འགྲུབ་པར་བཤད་དེ། ནཱ་རོ་ཏ་པས། སྒྲུབ་པ་པོ་ཡི་རྣལ་འབྱོར་པས། །ཉི་ཤུ་རྩ་གཅིག་འདི་ལྡན་ན། །ཚེ་གཅིག་མཆོག་དང་ཐུན་མོང་གི །དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །རྗེ་བཙུན་གོང་མ་རྣམས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ནས་བསྐུལ་བའི་ཕྱིར་བཟླས་པ། ཞེས་གསུངས་པའི་དོན་ཡང་དེ་བཞིན་ཡིན་ཞིང་། བསྐུལ་ལུགས་ཀྱང་རྩ་སྔགས་ཀྱིས་སྐུ། སྙིང་པོས་གསུང་། ཉེ་སྙིང་གིས་ཐུགས་བསྐུལ་ཞིང་འབོད་པར་གསུངས་ཏེ། མཁའ་འགྲོ་མ་རྡོ་རྗེ་གུར་ལས། དཔེ་དང་བཅས་པ་གསུངས་པ་ནི། དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། །མདུན་དུ་ངེས་པ་འོང་བ་བཞིན། །དེ་བཞིན་གཤེགས་དེ་དེ་བཞིན་ཏེ། །ཞེས་གསུངས་པས་སོ། །དེ་བས་ན་སེམས་ཀྱི་རྣམ་གཡེང་སྤངས་ནས་རྩེ་གཅིག་པའི་སྒོ་ནས་བྱས་ན། རྒྱལ་བ་རྣམས་བྱོན་ནས་རྒྱུད་བྱིན་གྱིས་བརླབ་པ་ལ་ཐེ་ཚོམ་མེད་པར་ཤེས་པར་བྱའོ། །རྒྱུད་སྡེ་འོག་མ་གསུམ་པོའི་བསྙེན་པ་བྱེད་ན་ཡང་། ལྷའི་བསྐྱེད་ཆོག་དང་གཙང་སྦྲའི་ཀུན་སྤྱོད་ལ་སོགས་པ་མི་འདྲ་བའི་དམིགས་བསལ་རྣམས་རང་རང་གི་གཞུང་ལྟར་བྱེད་པ་དང་། གཞན་ཐུན་གྱི་གོ་རིམ་དང་དམིགས་པའི་གཅུན་ཐབས་རྣམས་ལ་ཁྱད་པར་མེད་པས་དེ་ལྟར་ཤེས་པར་བྱའོ། །བསྙེན་ཐབས་དངོས་གྲུབ་བུམ་བཟང་འདི། །ཀུན་དགའ་བཟང་པོ་ལ་སོགས་པ། །དཔལ་ལྡན་བླ་མ་དམ་པ་ཡི། །གསུང་དང་གྲུབ་ཐོབ་རྣམས་ཀྱི་གཞུང་། །རྒྱུད་སྡེ་་་་་་མཁའ་འགྲོ་མ་རྡོ་རྗེ་གུར་སོགས་རྣམ་པར་དག་པ་ཡི། །ལུང་གིས་ཅུང་ཟད་གསལ་བྱས་ནས། །ཤཱཀྱའི་དགེ་སློང་རྒྱལ་ཁམས་པ། །བསོད་ནམས་སེང་གེས་བསྡེབས་པ་ལགས། །རང་བཟོའི་ཉེས་པ་མེད་པར་སེམས། །སྐལ་བཟང་ཐར་པ་དོན་གཉེར་བའི། །རིང་ན་བཞུགས་པའི་་་་་་བུདྡྷ་རཏྣ་བླ་མ་བས། །དགོས་ཞེས་གསུང་འཕྲིན་བྱུང་མོད་ཀྱང་། །ཁྱབ་པ་འདུ་བྱེད་དབང་གྱུར་པས། །ཡུན་རིང་མ་གྲུབ་བཟོད་པར་གསོལ། །མ་ནོར་ལམ་མཆོག་བཟང་པོ་ལ། །དད་པ་ངོ་མཚར་ཤིན་ཏུ་ཆེ། །དཀའ་བ་བརྒྱས་རྙེད་དཀའ་བ་ཡི། །དལ་འབྱོར་རིན་ཆེན་ཐོབ་དུས་འདིར། །སྙིང་པོ་ལེན་པར་མ་བྱས་ན། །ཕྱི་ནས་འདི་འདྲ་འཕྲད་རྙེད་དཀའ། །བརྩོན་པ་ཆེན་པོས་འབད་འཚལ་ལོ། །འདི་བགྱིས་པ་ལས་བྱུང་བ་ཡི། །དགེ་བ་དྲི་མེད་གང་ཐོབ་དེས། །བདག་དང་མར་གྱུར་སེམས་ཅན་རྣམས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །རྡོ་རྗེ་ཐེག་པའི་ལམ་མཆོག་དང་། །འབྲལ་མེད་བླ་མས་རྗེས་བཟུང་ཞིང་། །བསྙེན་སྒྲུབ་ཚུལ་བཞིན་བྱེད་པ་དང་། །ལམ་གྱི་བར་ཆད་ཀུན་བྲལ་ནས། །རྡོ་རྗེ་འཆང་གི་གོ་འཕང་དེ། །མྱུར་དུ་ཐོབ་པར་བྱ་ཕྱིར་བསྔོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག དགེ་བ་འདི་ཡིས་དུས་གསུམ་གྱི། །རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་བསྟན་པ་ནི། །དར་རྒྱས་ཡུན་དུ་གནས་གྱུར་ཅིག། །།དགེའོ། །དགེའོ། །དགེའོ།། །།


previousརྒྱུད་སྡེ་བཞི་དང་འབྲེལ་བའི་ལྷག་པའི་ལྷ་སྤྱིའི་བསྙེན་ཐབས་དངོས་གྲུབ་བུམ་བཟང་།next