Nitartha Digital Library
Tibetan
 
previousཀུན་མཁྱེན་བླ་མའི་གསུང་འབུམ་སྨོན་ལམ་གྱི་སྐོར།no next

ཀུན་མཁྱེན་བླ་མའི་གསུང་འབུམ་སྨོན་ལམ་གྱི་སྐོར།

ཀུན་མཁྱེན་བླ་མའི་གསུང་འབུམ་སྨོན་ལམ་གྱི་སྐོར་བཞུགས་སོ།། སྭ་སྟི། སངས་རྒྱས་ཀུན་གྱི་གསང་གསུམ་གཅིག་བསྡུས་ནས། །མཐའ་དག་འགྲོ་ལ་དགའ་བདེའི་དཔལ་སྟེར་ཞིང་། །གདམས་པའི་སྙིང་པོས་སྐལ་ལྡན་རྗེས་འཛིན་པ། །བླ་ཆེན་ས་སྐྱ་པ་ལ་མགོས་ཕྱག་འཚལ། །གང་སྐུ་བྱིན་རླབས་རྒྱ་མཚོའི་དཔལ་མངའ་ཞིང་། །གཟི་བརྗིད་ཕུང་པོ་བརྟན་པར་བཞུགས་པ་ཡི། །གཡས་ཕྱོགས་མཁྱེན་པའི་སྒོ་འབྱེད་འཇམ་པའི་དབྱངས། །གཡོན་དུ་གདམས་པས་རྒྱུད་གཏམས་བི་རཱུ་པ། །དེ་དག་མདུན་དུ་འདྲེན་མཆོག་བླ་མ་དང་། །ཚེ་དང་འོད་ཟེར་དཔག་མེད་ལྷ་མཆོག་གཉིས། །འོད་ཟེར་དྲྭ་བས་མཛེས་པའི་གུར་ནང་དུ། །རྗེ་བཙུན་མལ་གྱོ་ཞང་སྟོན་ཆོས་འབར་དང་། །དཀོན་མཆོག་རྒྱལ་པོ་བ་རི་ཐུགས་རྗེ་ཅན། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་ཁུ་དཔོན་བཞུགས། །དེ་དག་ཁ་སྐོང་དང་བཅས་བརྒྱུད་པའི་རིམ། །གོང་བསྟར་རིན་ཆེན་མཛེས་པའི་ཁྲི་སྟེང་ན། །སྙན་བརྒྱུད་གདམས་པའི་དཔལ་གྱི་བརྒྱུད་རིམ་དང་། །གཡས་བསྟར་གསེར་གྱི་བ་གམ་བརྩེགས་པའི་སྟེང་། །རྣལ་འབྱོར་གསང་མཐའི་བརྒྱུད་པའི་རིམ་པ་བཞུགས། །གཡོན་བསྟར་ཟླ་དཀར་ཕྲེང་བ་བསྒྲིགས་པའི་སྟེང་། །བྱང་སེམས་སྨོན་འཇུག་བརྒྱུད་པའི་རིམ་པ་དང་། །ཀུན་གྱི་བསྟན་སྲུང་ནག་པོ་ཆེན་པོ་རྣམས། །ཚུལ་བཞིན་བཞེངས་པའི་རྣམ་དཀར་དགེ་བའི་ཚོགས། །གངས་རིའི་ཕུང་པོ་ལྟར་དཀར་གང་ཐོབ་དེ། །འདྲེན་མཆོག་རྩ་བའི་བླ་མ་རྡོ་རྗེ་འཆང་། །ཀུན་མཁྱེན་ཀུན་དགའ་བཟང་པོ་ཡབ་སྲས་གྱི། །ཐུགས་ཀྱི་དགོངས་པ་ཇི་བཞིན་ལེགས་རྫོགས་ནས། །མཁའ་མཉམ་འགྲོ་ལ་བྱིན་རླབས་འཇུག་ཕྱིར་བསྔོ། །ཨེ་ཝྃ་ཆོས་ཀྱི་འབྱུང་གནས་གནས་མཆོག་འདི། །དམ་པའི་ཆོས་དང་ལོངས་སྤྱོན་ཀུན་ལྡན་ཞིང་། །ཉེ་བར་འཚེ་བ་མཐའ་དག་རབ་ཞི་ནས། །སྲིད་ཞིའི་དཔལ་འབྱོར་མ་ལུས་རྒྱས་པར་ཤོག །ས་ཕོ་འབྲུག་གི་ལོ་ལ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་བསྒྲུབ་པའོ།། །།དགེའོ།། ༈ །།བླ་མ་ཉིད་ཀྱིས་བཞེངས་པའི་གསུང་ངག་བརྒྱུད་པའི་བྲིས་སྐུའི་ངོས་ནས་བཤུས་ཏེ་བྲིས་པའི་བརྒྱུད་འདེབས།། ༄༅། །ཨོྃ་སྭ་སྟི། ཟུང་འཇུག་མཆོག་གི་ས་བརྙེས་རྡོ་རྗེ་འཆང་། །གསང་བ་ཀུན་བདག་ཡེ་ཤེས་མཁའ་འགྲོའི་གཙོ། །ཕུང་སོགས་རྣམ་དག་གདན་གསུམ་ཚང་བ་ཡི། །སྐུར་བསྐྱེད་དཀྱིལ་འཁོར་ལྷ་ལ་གུས་ཕྱག་འཚལ། །མཐུ་སྟོབས་བསམ་ཡས་དཔལ་ལྡན་བིརྺ་པ། །རྡོ་རྗེའི་ཚིག་གིས་རྣམ་གྲོལ་ནག་པོ་པ། །བདེ་སྟོང་མཆོག་གི་དབང་ཕྱུག་ཌཱ་མ་རུ། །གཉིས་སྤངས་སྤྱོད་པ་མཛད་ལ་གུས་ཕྱག་འཚལ། །གངས་ཅན་འདུལ་མཛད་ག་ཡ་དྷ་ར་དཔལ། །དམ་ཆོས་གཏེར་མཛོད་བླ་ཆེན་འབྲོག་མིའི་ཞབས། །ནུས་མཐུ་མཐར་ཕྱིན་སེ་སྟོན་ཀུན་རིག་དང་། །ཡོན་ཏན་མངའ་བརྙེས་ཆོས་འབར་ལ་ཕྱག་འཚལ། །འགྲོ་ཀུན་ཐུགས་རྗེས་དགའ་མཛད་སྤྱན་རས་གཟིགས། །རྒྱལ་བའི་ཡེ་ཤེས་སྙིང་པོ་འཇམ་པའི་དབྱངས། །གསང་གསུམ་ཀུན་འདུས་གསང་བདག་རྡོ་རྗེ་འཛིན། །རྗེ་བཙུན་ས་སྐྱ་པ་ལ་གུས་ཕྱག་འཚལ། །མི་ཐུབ་ཟླ་བའི་སྤྲུལ་པ་བསོད་ནམས་རྩེ། །རྡོ་རྗེ་འཛིན་ས་བདུན་བརྙེས་གྲགས་པའི་མཚན། །འཇམ་དབྱངས་མི་ཡི་དོན་མཛད་ཆོས་ཀྱི་རྗེ། །བླ་ཆེན་འཕགས་པའི་ཞབས་ལ་གུས་ཕྱག་འཚལ། །སྒྲུབ་པའི་རྒྱལ་མཚན་ལེགས་འཛིན་ཚོགས་སྒོམ་པ། །ཉམས་དང་རྟོགས་པ་མཐར་ཕྱིན་ཉན་ཆེན་པ། །སྙན་བརྒྱུད་གདམས་པའི་མཛོད་འཛིན་དཀོན་མཆོག་དཔལ། །རིམ་གཉིས་མཐར་ཕྱིན་བྲག་ཕུག་པ་ལ་འདུད། །འགྲོ་བའི་བླ་མ་བསོད་ནམས་རྒྱལ་མཚན་དཔལ། །མདོ་རྒྱུད་ཀུན་མཁྱེན་མཚུངས་མེད་རི་ཁྲོད་པ། །སྙན་བརྒྱུད་གདམས་པའི་བདག་པོ་དཔལ་ལྡན་པ། །སྦས་པའི་རྣལ་འབྱོར་བུདྡྷ་ཤྲཱི་ལ་འདུད། །གསུང་རབ་ཀུན་འཛིན་མཁྱེན་པའི་གཏེར་མངའ་བ། །ཀུན་དགའ་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་འཛིན་ཐུགས་རྗེའི་གཏེར་མངའ་བ། །དཀོན་མཆོག་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །གྲོང་ཁྱེར་གསུམ་འཇིག་ཐུབ་བསྟན་གྲོང་ཁྱེར་སྐྱོང་། །འཇིགས་རུང་ཞལ་གདངས་འཇིགས་རུང་གད་རྒྱང་སྒྲོགས། །དཔུང་ཆེན་ནུས་མཐུས་བདུད་ཀྱི་དཔུང་ཆེན་འཇོམས། །བསྟན་སྲུང་ཁྱོད་ཀྱིས་བསྟན་པ་འདི་སྐྱོང་ཤིག། ༈ །།སྡེ་པ་ཨ་སེང་པས་གསུང་ངག་བརྒྱུད་པའི་གསེར་སྐུ་ཕུལ་དུས་ཀྱི་ཕྱག་རྟགས།། ༄༅། །ན་མོ་གུ་ར་ཝེ། དཀྱིལ་འཁོར་ཀུན་གྱི་དབང་བསྐུར་གནས་སུ་ནི། །རོལ་བས་དགའ་བའི་རིགས་བདག་ཚུལ་འཛིན་ཅིང་། །དངོས་གྲུབ་བཟང་པོའི་དཔལ་གྱིས་ལྷམ་མེ་བ། །འདྲེན་མཆོག་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད། །ཆེ་བ་གསུམ་ལྡན་འབྲས་བུ་མཆོག་བརྙེས་རྒྱལ་བའི་ཡབ་གཅིག་རྡོ་རྗེ་འཆང་། །འབྲས་དུས་དབང་གི་ཆུ་བོའི་འབྱུང་གནས་རོལ་བའི་ཡུམ་གྱུར་བདག་མེད་མ། །བདེ་སྟོང་ཆེན་པོའི་གྲུབ་མཐས་འགྲོས་བཞི་ཐིམ་མཛད་རྣལ་འབྱོར་དབང་ཕྱུག་ཞབས། །རྡོ་རྗེའི་ཚིག་གིས་བདེ་སྟོང་ཆུང་ངུའི་གྲུབ་པའི་མཐའ་བརྙེས་ནག་པོ་པ། །སྐད་ཅིག་མ་འདྲེས་གསུང་རབ་ཡོངས་རྫོགས་སྒྲོག་མཛད་ཌཱ་མ་རུ་པ་བ། །འཁོར་འདས་དབྱེར་མེད་གྲུབ་མཐའི་རྩེ་བས་བྱིས་པའི་ཁྲོད་གནས་གཉིས་སྤངས་ཞབས། །མ་དག་སྣང་བ་ཉམས་ཀྱིས་དག་པར་སྒྱུར་མཛད་ག་ཡ་དྷ་ར་དཔལ། །སྐད་གཉིས་སྨྲ་བས་རྒྱུད་གསུམ་ཉམས་ལེན་གཏེར་གྱི་སྒོ་འབྱེད་བླ་ཆེན་འབྲོག །ཚད་མ་བཞི་ལྡན་གདམས་པའི་རྒྱལ་པོས་འགྲོ་བའི་དོན་མཛད་རྗེ་བཙུན་སེ། །ལྟ་སྒོམ་གཉིས་ཀྱི་གདམས་པ་དྲུག་གིས་རང་རྒྱུད་རྣམ་གྲོལ་འབར་བའི་མཚན། །སྙན་བརྒྱུད་བཞི་ལྡན་གདམས་པས་གངས་ཅན་གསལ་མཛད་བརྩེ་ཆེན་ས་སྐྱ་པ། །ཕྱི་ནང་གསང་སོགས་རྟེན་འབྲེལ་ལྔ་ཡིས་ལམ་གྱི་མཐར་སོན་བསོད་ནམས་རྩེ། །ཕྱོགས་ལྷུང་རྣམ་སྤང་ཟུང་འཇུག་ལམ་གྱིས་བདུད་ལས་རྣམ་རྒྱལ་གྲགས་པའི་མཚན། །འདུ་ལུགས་གསུམ་གྱིས་སྒྲོ་སྐུར་བྲལ་བའི་ལམ་བརྙེས་ཆོས་རྗེ་པཎྜི་ཏ། །ཏིང་འཛིན་ཉེ་རྒྱུ་གནས་ལུགས་གསུམ་གྱིས་ཏིང་འཛིན་མཆོག་བརྙེས་འཕགས་པའི་ཞབས། །ཉམས་གསུམ་སྒོ་ནས་གང་ཡང་ཏིང་ངེ་འཛིན་དུ་སྲེལ་མཛད་དཀོན་མཆོག་དཔལ། །བྱུང་རྒྱལ་གནད་ཀྱི་དྲོད་གསུམ་ཚུལ་བཞིན་སྐྱོང་མཛད་རྗེ་བཙུན་བསོད་ནམས་དཔལ། །ཁྲིད་ལུགས་གསུམ་གྱིས་ཏིང་འཛིན་བྱེ་བྲག་རྟོགས་པ་བསོད་ནམས་རྒྱལ་མཚན་དཔལ། །འདུས་པ་གསུམ་གྱིས་ས་མཚམས་ཡིད་གཉིས་བྲལ་བ་དཔལ་ལྡན་པ། །རྟེན་འབྲེལ་རྣམ་གསུམ་རང་ལ་འཇོམ་པས་རེ་དོགས་བྲལ་བ་བུདྡྷ་ཤྲཱི། །དམ་ཚིག་རྣམ་དག་ཟབ་མོའི་ལམ་གྱིས་གསུང་རབ་ཀུན་མཁྱེན་བླ་མ་རྗེ། །མི་མཐུན་ཕྱོགས་སྤངས་བྱིན་རླབས་རྒྱུན་གྱིས་གཞན་གྱི་དོན་མཛད་མུས་པ་རྗེ། །དབང་བཞིའི་བརྡ་ཡིས་དོན་གཉིས་ལྷུན་གྲུབ་ཀུན་དགའི་དབང་ཕྱུག་རྒྱལ་ཚབ་མཆོག །དམ་པའི་མགོན་གྱིས་བཟུང་ཞིང་བརྒྱུད་པའི་སྲོལ་འཛིན་པུཎྱ་སིཾ་ཧ་བདག །རྡོ་རྗེ་མཁའ་འགྲོའི་ཐུགས་རྗེའི་གདེང་གཡོས་ཀུན་གྱི་བསྟན་སྲུང་གཙོ་བོའི་སྐུ། །སྣ་ཚོགས་རིན་ཆེན་ལས་གྲུབ་མཛེས་ཤིང་བརྗིད་པའི་རྣམ་འགྱུར་ཅིར་ཡང་སྟོན། །རིང་བསྲེལ་རྣམ་བཞིའི་སྙིང་པོར་ལྡན་ཞིང་ནོར་སྦྱིན་ཕོ་མོའི་འཁོར་ལོ་བཅས། །རྨད་བྱུང་ཆོ་གས་ལེགས་པར་རབ་གནས་བྱིན་རླབས་གཟི་འོད་འབར་བ་འདི། །བརྗོད་པ་ཀུན་གྱི་རྒྱུར་གྱུར་ཨ་ཡིག་དང་། །རི་དྭགས་ཀུན་གྱི་དབང་པོ་སེང་གེ་དང་། །དོན་མཚོན་བརྡ་ཡི་མཆོག་གྱུར་རྡོ་རྗེ་ལྟར། །ཁྲིམས་གཉིས་བརྟན་པ་མི་ཡི་དབང་པོ་དེས། །སྨོན་ཐང་དཔལ་འབྱོར་རྒྱས་པའི་ཕོ་བྲང་ནས། །ཨེ་ཝྃ་ཆོས་ཀྱིས་མཐོ་བའི་ཁང་བཟང་དུ། །མང་ཐོས་དོན་བཞིན་སྨྲ་བའི་དགེ་སློང་ལ། །རྣམ་དཀར་དད་དང་བརྩོན་པའི་སྟོབས་ཀྱིས་ཕུལ། །འདི་ལས་བསྒྲུབས་པའི་དགེ་ཚོགས་གངྒའི་རྒྱུན། །སྐྱེ་འཕགས་ཀུན་གྱིས་བསྒྲུབས་པའི་བསོད་ནམས་དང་། །མཉམ་དུ་འདྲེས་ནས་འགྲོ་བ་རེ་རེའི་ཕྱིར། །ཀུན་མཁྱེན་རྒྱ་མཚོ་ཆེན་པོར་འཇུག་ཕྱིར་བསྔོ། །གནས་སྐབས་ཀུན་ཏུ་མི་དབང་འཁོར་དང་བཅས། །སྐུ་ཚེ་རིང་ཞིང་ཆབ་སྲིད་རྒྱས་པ་དང་། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་སྟོབས་ཀྱིས་སྐྱོང་བར་ཤོག །ཚེ་རབས་ཀུན་ཏུ་འདྲེན་མཆོག་བླ་མའི་ཚོགས། །རྙེད་དང་བཀུར་སྟི་སྒྲུབ་པས་མཆོད་བྱས་ནས། །ཡང་དག་གདམས་པའི་དཔལ་ལ་ལོངས་སྤྱོད་དེ། །རྡོ་རྗེ་འཛིན་ས་མངོན་དུ་འགྱུར་བར་ཤོག །མན་ངག་རྒྱལ་པོ་འདི་ཡང་སྲིད་མཐའི་བར། །རྟག་ཏུ་མི་ཉམས་རྒྱ་མཚོའི་གོས་ཅན་གྱི། །ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དར་བ་དང་། །རྣམ་མང་འགྲོ་བས་ཉམས་སུ་ལེན་པར་ཤོག །མདའ་གཞུ་ཨུཏྤལ་ལྕགས་ཀྱུས་ཁམས་གསུམ་འགུགས་མཛད་རིག་བྱེད་ལྷ་མོ་དང་། །ཟླ་གམ་དབང་གི་དཀྱིལ་འཁོར་དབུས་གནས་དཔལ་འབྱོར་རྒྱས་མཛད་འདོད་པའི་རྒྱལ། །གླང་ཆེན་ཞལ་ལྡན་འགྱིང་བའི་གར་གྱིས་སྒེག་ལ་དབང་སྒྱུར་ཚོགས་ཀྱིས་བདག །ལྷ་མཆོག་གསུམ་གྱིས་ཨ་སེང་རྡོ་རྗེ་བརྟན་པའི་དགེ་ལེགས་བསྒྲུབ་པར་མཛོད། །འཇིགས་བྱེད་ཞལ་བཞད་ཁྲོས་པའི་གད་རྒྱང་སྒྲོགས་པ་བསྟན་སྲུང་གཙོ་དེ་དང་། །ཤུགས་ཆེན་མ་མཆུ་འཕྱང་བས་དྲག་པོའི་ལས་སྒྲུབ་གདོང་བཞི་གཉན་པའི་མགོན། །རྔམ་ཞིང་མྱུར་བའི་གར་གྱིས་ལས་རྣམས་གྲུབ་མཛད་ཕོ་ཉའི་ཚོགས་རྣམས་ཀྱིས། །ཨ་སེང་རྡོ་རྗེ་བརྟན་པ་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །འདི་ཉིད་ཐོག་མར་བསྐུལ་ཞིང་མཐར་ཕྱིན་ནས། །སླར་ཡང་གནས་འདིར་སྤྱན་འདྲེན་རྒྱལ་མཚན་དཔལ། །འདོད་པའི་དོན་རྣམས་ཡིད་བཞིན་འགྲུབ་པ་དང་། །བླ་མའི་ཚོགས་ཀྱི་བྱིན་རླབས་འཇུག་པར་ཤོག། ༈ །།ལམ་འབྲས་ཀྱི་སྨོན་ལམ་བཞུགས།། ༄༅། །ཕུན་ཚོགས་དགེ་ལེགས་ཀུན་འབྱུང་དྲིན་ཅན་རྗེ། །ཕུལ་བྱུང་མཚན་དཔེའི་དཔལ་འབར་རྡོ་རྗེ་འཆང་། །ཕས་རྒོལ་ཚར་གཅོད་མཐུ་སྟོབས་དབང་ཕྱུག་ཞབས། །ཕན་བདེའི་ལམ་སྟོན་རྗེ་བཙུན་ས་སྐྱ་པ། །བརྒྱུད་པར་བཅས་པའི་མཁྱེན་བརྩེའི་སྤྱན་རས་ཀྱིས། །བུ་གཅིག་པ་ལ་བརྩེ་བའི་མ་བཞིན་དུ། །རྣལ་འབྱོར་བདག་ལ་རྒྱུན་དུ་ལེགས་གཟིགས་ནས། །ཡིད་ལ་སྨོན་པའི་གནས་འདི་འགྲུབ་པར་མཛོད། །སྣང་བ་གསུམ་གྱི་མ་དག་པའི་སྣང་བ་འཁོར་བའི་ཉེས་དམིགས་ནི།་་་་་སྲིད་གསུམ་འཁོར་བར་མཐའ་མེད་འགྲོ་བ་རྣམས། །སྡུག་བསྔལ་འདུ་བྱེད་འགྱུར་བའི་སྡུག་བསྔལ་གྱིས། །རྒྱུན་དུ་གཙེས་ཤིང་བདེ་བའི་སྐབས་མེད་པར། །ངེས་འབྱུང་དྲག་པོ་གཏིང་ནས་སྐྱེ་བར་ཤོག །དལ་འབྱོར་རྙེད་དཀའ་ལེགས་བརྒྱས་བསྒྲུབས་པའི་ལུས་རྟེན་ཕུན་ཚོགས་འདི། །རྙེད་པར་དཀའ་ཞིང་འཇིག་པར་སླ་བ་ཡི། །རང་བཞིན་རྟོགས་ནས་སྐད་ཅིག་གཡེལ་མེད་པར། །དལ་འབྱོར་ལུས་ལ་སྙིང་པོ་ལེན་པར་ཤོག །ལས་རྒྱུ་འབྲས།་་་་་ཀུན་རྫོབ་འཁྲུལ་བའི་བདེ་སྡུག་སྣང་བ་རྣམས། །སྔོན་བསགས་ལས་ཀྱི་རྗེས་སུ་འབྲང་བ་ཡི། །ལས་འབྲས་བསླུ་བ་མེད་པའི་ཚུལ་རྟོགས་ནས། །དགེ་སྡིག་བླང་དོར་ཚུལ་བཞིན་བྱེད་པར་ཤོག །སྡུག་བསྔལ་རྒྱ་མཚོར་དྲིན་ཅན་ཕ་མ་རྣམས། །ལས་ཀྱི་ཆུ་བོ་ཆེན་པོས་ཁྱེར་མཐོང་ནས། །ཉམས་ཀྱི་སྣང་བ་ལ་གསུམ་སྨོན་པ་བྱང་ཆུབ་ཀྱི་སེམས།་་་་་བཅོས་མིན་བྱམས་དང་སྙིང་རྗེས་དྲངས་པ་ཡི། །བྱང་ཆུབ་སྨོན་པའི་སེམས་མཆོག་བསྐྱེད་པར་ཤོག །འཇུག་པ་བྱང་ཆུབ་ཀྱི་སེམས།་་་་་ཐེག་ཆེན་ལམ་གྱི་རྩ་བ་ཚུལ་ཁྲིམས་གསུམ། །བདག་གཞན་མཉམ་དང་བརྗེ་བའི་བྱང་ཆུབ་སེམས། །ཕ་རོལ་ཕྱིན་དྲུག་བསྡུ་དངོས་བཞི་ལ་སོགས། །རྒྱ་ཆེན་བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །དོན་དམ་བྱང་ཆུབ་ཀྱི་སེམས།་་་་་རྩེ་གཅིག་གཡོ་བ་མེད་པའི་ཞི་གནས་དང་། །གནས་ལུགས་འཁྲུལ་མེད་རྟོགས་པའི་ལྷག་མཐོང་གཉིས། །ཟུང་འཇུག་ཆུ་བོའི་རྒྱུན་ལྟར་བསྒོམས་པ་ཡིས། །དངོས་འཛིན་འཁྲུལ་པའི་དྲི་མ་སེལ་བར་ཤོག །དག་བའི་སྣང་བ་ནི་འབྲས་བུའི་སྐབས་སུ་འབྱུང་བས་འདིར་མ་བྲིས་ལ། མདོ་སྔགས་མཚམས་སྦྱོར་བ་ནི།་་་་་ཕ་རོལ་ཕྱིན་པའི་ལམ་གྱིས་རྒྱུད་སྦྱངས་ནས། །བརྒྱུད་པའི་བཀའ་ལྡན་རྒྱུད་དོན་མ་ལུས་རིག །སྙིང་རྗེར་ལྡན་ཞིང་དམ་ཚིག་མཆོག་སྲུང་བའི། །རྡོ་རྗེ་སློབ་དཔོན་ཚུལ་བཞིན་མཉེས་བྱེད་ཤོག །སྨིན་བྱེད་ཀྱི་དབང་།་་་་་དེ་སོགས་མཚན་ཉིད་ཀུན་ལྡན་བླ་མ་ཡིས། །རང་ལུས་གཞིར་གནས་དཀྱིལ་འཁོར་རྣམ་བཞི་ལ། །རྨད་བྱུང་ཆོ་གས་དབང་བཞི་བསྐུར་པ་ཡིས། །ལམ་བཟང་བཞི་ཡི་སྣོད་དུ་འགྱུར་བར་ཤོག །དབང་གི་དམ་ཚིག་་་་་དབང་ལས་ཐོབ་པའི་དམ་ཚིག་སྡོམ་པའི་ཚོགས། །སྲོག་དང་བསྡོས་ཏེ་ཚུལ་བཞིན་བསྲུངས་པ་ཡིས། །འགལ་རྐྱེན་ཉེས་ཚོགས་མཐའ་དག་རབ་བཅོམ་ནས། །སྔགས་ཀྱི་ལམ་རྣམས་འགྲུབ་པའི་གཞིར་གྱུར་ཤོག །ལྟ་བ།་་་་་ཕྱི་ནང་དངོས་ཀུན་རང་སེམས་སྣང་བ་ཙམ། །སེམས་འདི་ངོ་བོ་ཉིད་མིན་སྒྱུ་མ་བཞིན། །དེ་ཡང་སྤྲོས་པའི་མཐའ་དང་བྲལ་བ་ཡི། །དབང་གིས་མཚན་པའི་ལྟ་བ་རྟོགས་པར་ཤོག །ཕྱི་བསྐྱེད་རིམ།་་་་་ཐོག་མེད་འཁོར་བའི་བག་ཆགས་ཀྱིས་བསླད་པའི། །མ་དག་འཁྲུལ་བའི་སྣོད་བཅུད་སྣང་བ་རྣམས། །ཐབས་ལ་མཁས་པས་ལྷག་པའི་ལྷར་བསྒོམས་པས། །རྟེན་དང་བརྟེན་པའི་འཁོར་ལོར་འཆར་བར་ཤོག །ནང་བསྐྱེད་རིམ།་་་་་མ་བཅོས་ལྷུན་གྱིས་གྲུབ་པའི་ལུས་ཀྱི་རྩ། །གདན་གསུམ་ཚང་བའི་ལྷ་རུ་བསྒོམས་པ་ཡིས། །རྩ་རླུང་རྒྱལ་བས་བྱིན་གྱིས་བརླབས་བྱས་ནས། །བུམ་དབང་གི་ལྟ་བ།་་་་་སྣང་སྟོང་ཟུང་འཇུག་ཡེ་ཤེས་སྐྱེ་བར་ཤོག །གསང་དབང་གི་ལམ་རླུང་དང་གཏུམ་མོ།་་་་་སྣ་ཚོགས་ཀུན་རྟོག་སྐྱེད་བྱེད་ལས་ཀྱི་རླུང་། །སྦྱོར་བ་བདུན་གྱིས་དབང་དུ་བྱས་པ་ཡིས། །གཏུམ་མོའི་མེ་དྲོད་ཕྱོགས་མེད་རབ་སྦར་ནས། །ལྟ་བ།་་་་་གསལ་སྟོང་ཟུང་འཇུག་ཡེ་ཤེས་སྐྱེ་བར་ཤོག །གསུམ་པའི་ལམ།་་་་་ལས་ཀྱི་ཕྱག་རྒྱ་དངོས་སམ་ཡེ་ཤེས་ལ། །འདུ་ཤེས་གསུམ་ལྡན་སྦྱོར་བས་སྙོམས་ཞུགས་ནས། །ཡས་འབབ་དགའ་བ་བཞི་ཡི་རིམ་གྱིས་ནི། །ལྟ་བ།་་་་་བདེ་སྟོང་ཟུང་འཇུག་ཡེ་ཤེས་སྐྱེ་བར་ཤོག །དབང་བཞི་པའི་ལམ།་་་་་ལུས་དང་ངག་གི་རྦ་རླབས་དབང་གྱུར་ནས། །ཏིང་འཛིན་སེམས་ཀྱི་རྦ་རླབས་གསུམ་བསྒོམས་པས། །གཟུང་འཛིན་གཉིས་ཀྱི་རྦ་རླབས་རེངས་པ་ཡིས། །ལྟ་བ།་་་་་བདེ་སྟོང་མཆོག་གི་ཡེ་ཤེས་སྐྱེ་བར་ཤོག །འདུས་པ་གསུམ་ལ་མཐར་ཕྱིན་ནས་འཕགས་བའི་ས་ལམ་མཚམས་སྦྱོར་བ་ནི།་་་་་དེ་ལྟར་རིམ་གཉིས་བསམ་གཏན་བསྒོམས་པ་ལས། །རང་ལུས་དག་ལ་ཉམས་གསུམ་སྐྱེས་པ་ཡིས། །འདུས་པ་གསུམ་གྱི་ལམ་རྣམས་མཐར་ཕྱིན་ནས། །པད་ཅན་ལུང་བསྟན་སྤྲུལ་སྐུའི་ཞལ་མཐོང་ཤོག །གྲུབ་མཐའ་སྙོགས་ཏེ་བླ་མ་ན་འཕོ་བ་ན་གྲུབ་མཐའ་རེ་རེ་ལ་བླ་མ་གང་ལས། དབང་གང་བླང་། དཀྱིལ་འཁོར་གང་གནས་གྱུར། ཡོན་ཏན་གང་ཐོབ། གྲུབ་མཐའ་གང་སྙོགས་པ་སྟེ་ལྔ་ལྔ་ཡོད་པ་ལས། གྲུབ་མཐའ་དང་པོའི་ལྔ་ནི།་་་་་སྣ་ཚོགས་སྤྲུལ་སྐུར་དབང་བཞི་བླངས་པ་ཡིས། །ཡན་ལག་བདུན་གྱིས་རྩ་རྣམས་མངོན་གྱུར་ནས། །ཡོན་ཏན་བརྒྱ་ཕྲག་བདུན་གྱིས་བརྒྱན་པ་ཡི། །འཁོར་འདས་དབྱེར་མེད་གྲུབ་མཐའ་སྙོགས་པར་ཤོག །གྲུབ་མཐའ་གཉིས་པའི་ལྔ་ནི།་་་་་ཟུང་འཇུག་ལོངས་སྐུར་དབང་བཞི་བླངས་པ་ཡིས། །ཡི་གེ་བྷ་གའི་དཀྱིལ་འཁོར་མངོན་གྱུར་ནས། །རིགས་དྲུག་སོ་སོའི་སྐད་དུ་ཆོས་སྟོན་པའི། །མ་འདྲེས་ཡོངས་རྫོགས་གྲུབ་མཐའ་སྙོགས་པར་ཤོག །གྲུབ་མཐའ་གསུམ་པའི་ལྔ་ནི།་་་་་བདེ་ཆེན་ཆོས་སྐུར་དབང་བཞི་བླངས་པ་ཡིས། །གསང་བ་བདུད་རྩིའི་དཀྱིལ་འཁོར་མངོན་གྱུར་ནས། །ཉི་ཁྲི་ཆིག་སྟོང་རྒྱུ་བ་འགགས་པ་ཡིས། །བདེ་སྟོང་ཆུང་ངུའི་གྲུབ་མཐའ་སྙོགས་པར་ཤོག །གྲུབ་མཐའ་བཞི་པ་ལྔ་ནི།་་་་་དབྱེར་མེད་སྐུ་ལས་དབང་བཞི་བླངས་པ་ཡིས། །ཀུན་ཁྱབ་རླུང་གི་དཀྱིལ་འཁོར་མངོན་གྱུར་ནས། །རྣམ་ཐར་གཉིས་ཀྱི་འབྲས་བུས་བརྒྱན་པ་ཡིས། །བདེ་སྟོང་ཆེན་པོའི་གྲུབ་མཐའ་སྙོགས་པར་ཤོག །ཉེ་རྒྱུས་འབྲས་བུ་ལ་མཚམས་སྦྱོར་བ་ནི།་་་་་བཅུ་གཉིས་ས་ཐོབ་ཕྱག་རྒྱའི་བྷ་གར་ནི། །དུས་གསུམ་བདེ་གཤེགས་བཅུད་འདུས་ཐིག་ལེ་ལས། །འབྲས་དུས་དབང་གི་ཆུ་བོ་བླངས་པ་ཡིས། །གཙུག་ཏོར་མཆོག་ཏུ་འགྲོས་བཞི་ཐིམ་པར་ཤོག །འབྲས་བུ་ལ་གསུམ་ལས། རང་དོན་གྱི་ཆེ་བ་ནི།་་་་་རྟེན་དང་བརྟེན་པ་སྐུ་ལྔར་གནས་གྱུར་ཅིང་། །གཞན་དོན་གྱི་ཆེ་བ་ནི།་་་་་སྣ་ཚོགས་གདུལ་བྱའི་འདོད་རྒུའི་དཔལ་འབྱོར་སྐོང་། །བདག་གཞན་གཉིས་ཀའི་ཆེ་བ་ནི།་་་་་བདག་གཞན་མཉམ་དུ་མངོན་པར་འཚང་རྒྱ་བའི། །དཔག་ཡས་ཡོན་ཏན་ཚོགས་ལ་དབང་འབྱོར་ཤོག །གོ་འཕང་མཆོག་དེ་མ་ཐོབ་དེ་སྲིད་དུ། །ཀུན་མཁྱེན་བླ་མའི་དྲུང་དུ་བདག་སྐྱེ་ཞིང་། །ཉིད་ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་སྟེ། །ལམ་བཟང་འདི་དོན་སྒོམ་པའི་སྐལ་ལྡན་ཤོག །ཚེ་འདི་ཉིད་ལའང་འགལ་རྐྱེན་ཀུན་སྤངས་ཤིང་། །དམ་པས་བསྔགས་པའི་མཐུན་རྐྱེན་ཀུན་ཚང་ནས། །མདོ་རྒྱུད་རྒྱ་མཚོའི་དགོངས་པ་མཐར་ཕྱིན་ཏེ། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །དྲིན་ཆེན་བླ་མ་རྣམས་ཀྱི་བྱིན་རླབས་དང་། །སྐྱབས་ཆེན་དཀོན་མཆོག་གསུམ་གྱི་བདེན་པ་དང་། །དཔལ་ཆེན་ཆོས་སྐྱོང་སྲུང་མའི་ནུས་མཐུ་ཡིས། །རླབས་ཆེན་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །ཅེས་ལམ་འབྲས་བུ་དང་བཅས་པའི་ལམ་གྱི་རིམ་པ་རྣམས་རྒྱུད་ལ་སྐྱེ་བར་སྨོན་ལམ་འདེབས་པ་འདི་ནི་རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་དགེ་སློང་རྒྱལ་ཁམས་པ་སེང་གེའི་མཐའ་ཅན་གྱིས་སྦྱར་བའོ།། །།དགེའོ།། ༈ །།རྩ་རྒྱུད་ཕྱི་མའི་བརྒྱད་པར་གསུངས་པའི་སྨོན་ལམ་དབང་བཞི་ལ་སྦྱར་བ།། ༄༅། །ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་རིགས་སུ་སྐྱེ། །རྩ་བ་ཡན་ལག་སྲུང་བའི་དམ་ཚིག་ཅན། །ཐ་མལ་རྣམ་པར་རྟོག་པས་སྨྱོ་མེད་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཀྱེ་ཡི་རྡོ་རྗེ་ངོ་བོ་ཉིད་གསུམ་སྟོན། །བུམ་དབང་བསྐུར་བའི་བླ་མ་ལ་གུས་ཤིང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྡོ་རྗེ་དྲིལ་བུ་འཛིན་དང་མི་འབྲལ་ཞིང་། །ཟབ་མོའི་རྒྱུད་རྒྱལ་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་བདུད་རྩི་ལྔ་ལ་སྤྱོད། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྩ་ཡིག་སྐྱོན་མེད་གསང་དབང་རིགས་སུ་སྐྱེ། །ཐུན་ཆགས་རྣམ་རྟོགས་ལས་སྲུང་དམ་ཚིག་ཅན། །བསམ་གཏན་སྒྲིབ་པ་ཀུན་གྱིས་སྨྱོ་མེད་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཀྱེ་ཡི་རྡོ་རྗེ་རང་བྱུང་ཡེ་ཤེས་སྟོན། །གསང་དབང་བསྐུར་བའི་བླ་མ་ལ་གུས་ཤིང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྡོ་རྗེ་དྲིལ་བུ་རོ་རྐྱང་དབུ་མར་འཛུད། །ཟབ་མོའི་དྲིལ་ཆེན་སྒྲ་ནི་སྒྲོགས་པ་དང་། །བཙུན་མོའི་ཁུ་བ་ཁམས་དགུ་འདུས་པ་ཅན། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །བདུད་རྩི་སྐྱོན་མེད་གསུམ་པའི་རིགས་སུ་སྐྱེ། །ཐིག་ལེར་གནོད་པ་རྣམ་སྤོང་དམ་ཚིག་ཅན། །གསུམ་པའི་ཉམས་དང་མ་བྲལ་སྨྱོ་མེད་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཀྱེ་ཡི་རྡོ་རྗེ་ལྷན་སྐྱེས་ཡེ་ཤེས་སྟོན། །གསུམ་པ་བསྐུར་བའི་བླ་མ་ལ་གུས་ཤིང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྡོ་རྗེ་དྲིལ་བུ་མཁའ་གསང་མཉམ་པར་སྦྱོར། །ཟབ་མོ་བདེ་བའི་ཉམས་དང་མི་འབྲལ་ཞིང་། །བཙུན་མོ་ཕྱག་རྒྱ་བསྟེན་དང་མི་འབྲལ་བ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །སྙིང་པོ་སྐྱོན་མེད་བཞི་པའི་རིགས་སུ་སྐྱེ། །ཐིག་ལེ་འཛག་པ་སྲུང་བའི་དམ་ཚིག་ཅན། །སྒྲིབ་པ་གསུམ་དང་བྲལ་བས་སྨྱོ་མེད་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཀྱེ་ཡི་རྡོ་རྗེ་ཤིན་ཏུ་རྣམ་དག་སྟོན། །བཞི་པ་བསྐུར་བའི་བླ་མ་ལ་གུས་ཤིང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྡོ་རྗེ་དྲིལ་བུ་པད་ཅན་མཁའ་གསང་སྦྱོར། །ཟབ་མོ་བདེ་བའི་ཉམས་དང་མི་འབྲལ་ཞིང་། །བཙུན་མོ་པདྨ་ཅན་གྱི་ཐིག་ལེ་འདྲེན། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྩ་རྒྱུད་ཕྱི་མའི་བརྒྱད་པར་གསུངས་པའི་སྨོན་ལམ་གྱི་ཚིགས་བཅད་གཉིས་པོ་དབང་བཞི་ལ་སྦྱར་བ་རྣལ་འབྱོར་གྱི་དབང་ཕྱུག་ས་སྐྱ་པ་ཆེན་པོའི་གསུང་བཞིན་དུ། ཐར་ལམ་བླ་མ་ལ་རེ་བ་བསོད་ནམས་སེང་གེས་སྦྱར་བའོ།། །།དགེའོ།། ༈ །།བདེ་བ་ཅན་གྱི་སྨོན་ལམ་བཞུགས།། ༄༅། །རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་ཚལ་ལོ། །མི་མཇེད་ཞིང་གི་སྟོན་པ་རྫོགས་སངས་རྒྱས། །ཤཱཀྱའི་རྒྱལ་པོས་འཁོར་ཚོགས་རྒྱ་མཚོ་ལ། །སངས་རྒྱས་ཞིང་གིས་བསྔགས་པ་བརྗོད་རྣམས་ལས། །མཆོག་གྱུར་བདེ་བ་ཅན་ལ་གུས་ཕྱག་འཚལ། །ཞིང་དེའི་དབུས་སུ་རིན་ཆེན་ལྗོན་པའི་དྲུང་། །ལྷ་མིའི་སྟོན་པ་འདྲེན་མཆོག་འོད་དཔག་མེད། །པདྨ་རཱ་གའི་ལྷུན་པོ་ལྟར་བརྗིད་ཅིང་། །འོད་ཟེར་བྱེ་བས་བརྒྱན་ལ་གུས་ཕྱག་འཚལ། །ཚངས་པའི་དབྱངས་ཀྱིས་འདུས་པའི་ཚོགས་རྣམས་ལ། །ཐེག་མཆོག་བསྟན་ཚེ་ཏིང་འཛིན་གྱིས་མྱོས་པའི། །དགྲ་བཅོམ་རྣམས་ཀྱང་དམན་པའི་སེམས་སྤངས་ནས། །བྱང་ཆུབ་མཆོག་ཏུ་སྦྱོར་མཛད་ལ་ཕྱག་འཚལ། །སྣ་ཚོགས་སྤྲུལ་པས་སྐད་ཅིག་རེ་རེ་ཞིང་། །སྣ་ཚོགས་ཞིང་གི་མགོན་མེད་འགྲོ་རྣམས་ལ། །སྣ་ཚོགས་མཛད་པས་ཕན་བདེ་ཀུན་སྩོལ་བའི། །ཕྲིན་ལས་བསམ་མི་ཁྱབ་ལ་གུས་ཕྱག་འཚལ། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས། །སྲས་བཅས་རྒྱལ་བ་ནམ་མཁའི་ལྟོས་གང་ཞིང་། །ཉན་ཐོས་དགེ་འདུན་རྒྱ་མཚོའི་རྡུལ་རྙེད་ཀྱི། །གྲངས་དང་མཉམ་པའི་འཁོར་ཚོགས་ལ་ཕྱག་འཚལ། །རྣལ་འབྱོར་དབང་ཕྱུག་བརྩེ་ཆེན་ས་སྐྱ་པ། །བརྒྱུད་པར་བཅས་པའི་ཡོངས་འཛིན་རྒྱ་མཚོའི་ཚོགས། །རྣམ་མང་དགེ་ཚོགས་རྣམ་དག་སྨོན་ལམ་མཐུས། །ཞིང་དེར་བརྫུས་ཏེ་འཁྲུངས་ལ་མགོས་ཕྱག་འཚལ། །བདག་གཞན་དུས་གསུམ་བསགས་པའི་དགེ་ཚོགས་དང་། །རྩ་བརྒྱུད་བླ་མའི་ཐུགས་རྗེའི་བྱིན་རླབས་དང་། །འོད་དཔག་མེད་མགོན་ཐུགས་བསྐྱེད་རྒྱ་མཚོའི་མཐུས། །བདག་དང་སྲིད་མཚོར་འཁྱམས་པའི་འགྲོ་བ་རྣམས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེ། །སངས་རྒྱས་ཀུན་གྱིས་བསྔགས་པའི་ཞིང་གི་མཆོག །བདེ་བ་ཅན་ཞེས་གྲགས་པ་དེར་སྐྱེས་ནས། །འོད་དཔག་མེད་པའི་ཞལ་མཆོག་མཐོང་བར་ཤོག །མཐོང་མ་ཐག་ཏུ་གསུང་དབྱངས་རྒྱ་མཚོ་ལས། །ཟབ་ཅིང་རྒྱ་ཆེའི་ཐེག་མཆོག་ཐོས་གྱུར་ནས། །དད་དང་ཤེས་རབ་གཟུངས་དང་ཏིང་འཛིན་སོགས། །ཡོན་ཏན་ཚོགས་ཀྱིས་བདག་རྒྱུད་གང་བར་ཤོག །རང་ལུས་ཞིང་གི་རྡུལ་སྙེད་སྤྲུལ་པ་ཡིས། །སྐད་ཅིག་རེ་རེར་ཕྱོགས་བཅུའི་ཞིང་བསྒྲོད་ནས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་ཆེན་གྱིས། །སངས་རྒྱས་སྲས་བཅས་མ་ལུས་མཆོད་པར་ཤོག །སླར་ཡང་དག་པའི་ཞིང་དེར་མགོན་པོ་དང་། །འདྲེན་མཆོག་བླ་མའི་ཚོགས་རྣམས་མཆོད་བྱས་ནས། །ཐེག་ཆེན་ཆོས་ཚུལ་ཟབ་མོ་ལེགས་ཐོབ་སྟེ། །བྱང་ཆུབ་སྤྱོད་པ་མ་ལུས་མཐར་ཕྱིན་ཤོག །སྙིང་རྗེས་མ་དག་ཞིང་གི་འགྲོ་རྣམས་ལ། །སོ་སོའི་ཡིད་བཞིན་འདོད་རྒུས་ཚིམ་བྱས་ཏེ། །སྐལ་བ་ཇི་བཞིན་ཐེག་པ་གསུམ་བསྟན་ནས། །རྣམ་གྲོལ་ཐར་པའི་ལམ་དུ་འཇོག་པར་ཤོག །ནམ་ཞིག་གོ་འཕང་དམ་པ་མངོན་གྱུར་ཚེ། །འཁོར་དུ་བསྡུས་ནས་ཐེག་མཆོག་བསྟན་པ་ཡིས། །བྱང་ཆུབ་སྤྱོད་པའི་ས་ལ་བཞག་བྱས་ནས། །སངས་རྒྱས་ཡེ་ཤེས་མཆོག་ལ་འགོད་པར་ཤོག །རྒྱལ་བ་འཇིག་རྟེན་དབང་ཕྱུག་ཞབས་འབྲིང་དུ། །ཆོས་ཀྱི་འབྱུང་གནས་ཞེས་བྱའི་དགེ་སློང་གིས། །སངས་རྒྱས་ཞིང་གི་བཀོད་པ་བཟུང་བ་ལྟར། །སྣོད་བཅུད་དག་པའི་ཞིང་བཟང་ཐོབ་པར་ཤོག །རབ་དགའི་སར་གནས་རྒྱལ་བའི་སྲས་རྣམས་ཀྱིས། །དགོངས་པ་གཅིག་ཏུ་བཏབ་པའི་སྨོན་ལམ་མཆོག །བཟང་པོ་སྤྱོད་པའི་སྨོན་ལམ་ཇི་ལྟ་བར། །བདག་དང་འགྲོ་བས་མྱུར་དུ་འགྲུབ་པར་ཤོག །ཅེས་པ་འདི་ནི་འདུན་ཅིང་སྨོན་པའི་གནས་ཐོབ་པར་བྱ་བའི་ཆེད་དུ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་ཐུབ་བསྟན་རྣམ་པར་རྒྱལ་བའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།། །།དགེའོ།། ༈ །།བསྔོ་བ་མདོར་བསྡུས་དང་སྨོན་ལམ་ཆེན་པོ་བཅུ་པ་བཞུགས་སོ།། ༄༅། །བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཚོགས་དཔོན་བྱེད་པར་འདོད་པའི་བླ་མ་བདག་གིས། དགེ་འདུན་རྣམས་ཆོས་སྤྱོད་ལེགས་པར་ཟིན། རང་གི་མདུན་དུ་བསྔོ་རྟེན་བཞག་ནས། སྦྱིན་བདག་པུས་མོ་བཙུགས། ཐལ་མོ་སྦྱར་ཏེ་འཁོད་པའི་ཚེ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། འོ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་སྐྱབས་ཀྱི་འོག་ནས་འདི་ལྟར་ཞལ་མངོན་སུམ་དུ་གྱུར་པའི་དགེ་འདུན་རྣམས་ལ་ཚ་བའི་བསྙེན་བཀུར་ཞེས་པའམ། གུང་ཚིགས་ཞེས་པའམ། གྲལ་འགྱེད་དང་བཅས་པ་སོགས་གང་ཡོད་ཀྱི་སྐབས་ཐོབ་དང་སྦྱར་ཏེ། བསྔོ་བ་ཞུ་བའི་རྟེན་དང་བཅས་པ་བསྒྲུབས་པའི་སྐབས་དོན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་བདེ་འབྱུང་བ་དང་། ཁྱད་པར་དམིགས་པའི་ཡུལ་འདི་ཞེས་བྱ་བའི་སྔོན་འགྲོའམ། གཤེགས་རྫོང་ལ་དམིགས་ནས་བསྒྲུབ་པར་གདའ་བས་རྗེས་སུ་ཡི་རང་། དེ་ལས་བྱུང་བའི་དགེ་བ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིད་པས། དགེ་འདུན་རྣམས་ཀྱིས་བསྔོ་བའི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། ཕྱོགས་བཅུ་ན་ཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྦྱིན་པའི་བདག་པོ་ལ་དགོངས་སུ་གསོལ། སྦྱིན་པའི་བདག་པོས་འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་འདིས་མཚོན་ནས། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པ་རང་དང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་ཡོད་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས། ཚེ་ལས་འདས་པ་རྣམས་ཀྱི་མིང་ནས་སྨོས་ཏེ། འདི་རྣམས་ཀྱིས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རླབས་པོ་ཆེ་ཡོངས་སུ་རྫོགས་པར་གྱུར་ཅིག རང་དང་གཞན་གྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་པ་ལན་གསུམ་བརྗོད། དེ་ལྟ་བུའི་གོ་འཕང་མ་ཐོབ་པའི་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་དམ་པའི་ཆོས་སྒྲུབ་པའི་རྟེན་རྣམ་པར་དག་པ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མིའི་ལུས་རིན་པོ་ཆེ་ཐོབ་པར་གྱུར་ཅིག རྟེན་དེར་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྐལ་བ་དང་ལྡན་པར་གྱུར་ཅིག རབ་ཏུ་བྱུང་ནས་ཉེས་ལྟུང་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་མཐར་ཕྱིན་པར་གྱུར་ཅིག གཞི་ཚུལ་ཁྲིམས་ལ་གནས་ནས་བདེ་བར་གཤེགས་པའི་གསུང་རབ་ལ་ཐོས་པ་དང་། བསམ་པ་དང་། སྒོམ་པ་ཕྱིན་ཅི་མ་ལོག་པ་སྒྲུབ་པར་གྱུར་ཅིག བསྒྲུབས་པའི་འབྲས་བུས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག ཅེས་བརྗོད། ཡང་གཤིན་པོར་དགེ་རྩ་རྒྱ་ཆེན་བསྒྲུབས་ནས་བསྔོ་བ་རྒྱས་པར་བྱེད་དགོས་ན། དགོངས་གསོལ་སྔར་དང་འདྲ། སྦྱིན་པའི་བདག་པོས་འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་འདིས་མཚོན་ནས། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་ཇི་སྙེད་ཡོད་པ་རྣམས་དང་། དམིགས་པའི་ཡུལ་རང་ཉིད་ཀྱིས་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པས་བསྡུས་པའི་དགེ་བའི་རྩ་བ་ཇི་སྙེད་བསགས་པ་རྣམས་དང་། དེ་དག་གི་འབྲེལ་པ་ཤུལ་ན་མཆིས་པ་རྣམས་ཀྱིས་འདིའི་ཆེད་དུ་བླ་མ་དང་དཀོན་མཆོག་ལ་མཆོད་པ་ཕུལ་བ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིས་པ་དང་། སྐྱེ་བོའི་ཚོགས་ལ་སྦྱིན་གཏོང་བགྱིས་པ་དང་། དཀྱིལ་འཁོར་ཟབ་མོའི་སྒྲུབ་མཆོད་བགྱིས་པ་དང་། གཟུངས་སྔགས་ཟབ་མོའི་བཟླས་བརྗོད་བགྱིས་པ་ལ་སོགས་པ་རྣམ་དཀར་གྱི་དགེ་བ་ཇི་སྙེད་བསགས་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ཏེ། དམིགས་པའི་ཡུལ་འདི་ཞེས་བྱ་བའི་ཕྱི་བཞིན་དུ་འབྲང་ཞིང་ཕྱི་བཞིན་དུ་རྗེས་སུ་འཇུག་པར་གྱུར་ཅིག རྗེས་སུ་ཞུགས་ནས་རིགས་དྲུག་སོ་སོའི་སྡུག་བསྔལ་བར་དོ་དང་བཅས་པ་ལས་གྲོལ་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་གྱུར་ཅིག ཅེས་ལན་གསུམ་བརྗོད། དེ་ལྟ་བུའི་གོ་འཕང་མ་ཐོབ་པའི་སྐྱེ་བ་དང་། སྲིད་པ་ཐམས་ཅད་དུ་དམ་པའི་ཆོས་སྒྲུབ་པའི་རྟེན་རྣམ་པར་དག་པ་ལྷའམ་མིའི་ལུས་རིན་པོ་ཆེ་ཐོབ་པར་གྱུར་ཅིག རྟེན་དེར་ཡང་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་མི་འབྲལ་བར་གྱུར་ཅིག སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པ་དང་མི་འབྲལ་བར་གྱུར་ཅིག ལྟ་བ་རྣམ་པར་དག་པ་བདེན་གཉིས་ཟུང་དུ་འཇུག་པའི་དོན་རྟོགས་པར་གྱུར་ཅིག སྒོམ་པ་རྣམ་པར་དག་པ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་གནས་པར་གྱུར་ཅིག སྤྱོད་པ་རྣམ་པར་དག་པ་ཐབས་ཤེས་ཟུང་འཇུག་གི་སྤྱོད་པས་རང་གཞན་གྱི་དོན་སྒྲུབ་པར་གྱུར་ཅིག འབྲས་བུ་རྣམ་པར་དག་པ་སྐུ་གཉིས་ཟུང་དུ་འཇུག་པས་ཕྲིན་ལས་རྒྱུན་མི་ཆད་པར་གྱུར་ཅིག ཅེས་བརྗོད། ཡང་སྤྲོ་ན། རྟེན་དེར་ཡང་གཞི་དད་པ་བརྟན་པོ་དང་ལྡན་པར་གྱུར་ཅིག རྒྱུ་སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར་ཅིག གྲོགས་བརྩོན་འགྲུབ་དྲག་པོ་དང་ལྡན་པར་གྱུར་ཅིག ངོ་བོ་ཤེས་རབ་དྲི་མ་མེད་པ་དང་ལྡན་པར་གྱུར་ཅིག གུས་པ་བསམ་གྱིས་མི་ཁྱབ་པས་བླ་མ་དང་ལྷག་པའི་ལྷ་མཉེས་པར་བྱེད་ནུས་པར་གྱུར་ཅིག ཏིང་ངེ་འཛིན་མུ་མཐའ་མེད་པས་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པར་གྱུར་ཅིག ཐབས་རྨད་དུ་བྱུང་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་གྱུར་ཅིག ཕྲིན་ལས་གཞལ་དུ་མེད་པས་སེམས་ཅན་གྱི་རེ་འདོད་ཡིད་བཞིན་དུ་སྐོང་བར་གྱུར་ཅིག ཅེས་བརྗོད། ཡང་སྤྲོ་ན། རྟེན་དེར་ཡང་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་མཇལ་ཞིང་དེ་དག་རྟག་ཏུ་མཉེས་པར་བྱེད་ནུས་པར་གྱུར་ཅིག ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་སྟོན་པའི་དམ་པའི་ཆོས་དང་མི་འབྲལ་ཞིང་དེ་དག་ལ་རྟག་ཏུ་ལོངས་སྤྱོད་པར་གྱུར་ཅིག ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་གྱུར་ཅིག ལམ་སྒྲུབ་པའི་འགལ་རྐྱེན་བར་དུ་གཅོད་པ་ཕྱི་དང་ནང་གི་འཚེ་བ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག ཅེས་བརྗོད་དེ་སྐབས་ཐོབ་དང་སྦྱར་རོ། །ཡང་གང་ཟག་མཆོག་འཇིག་རྟེན་གྱི་འདྲེན་པར་གྲགས་པའི་ཆེད་དུ་བསྔོ་ན། དགོངས་གསོལ་སྔར་དང་འདྲ། སྦྱིན་པའི་བདག་པོས་འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་འདིས་མཚོན་ནས། གཞན་ཡང་ཐོས་པ་དང་། བསམ་པ་དང་། སྒོམ་པས་བསྡུས་པའི་དགེ་བའི་རྩ་བ་རང་དང་གཞན་གྱིས་ཇི་སྙེད་བསགས་པ་དང་། ལུས་ལོངས་སྤྱོད་དུས་གསུམ་གྱི་དངོས་པོ་ཐམས་ཅད་གདུལ་བྱའི་དོན་དུ་ཞིང་ཁམས་གཞན་དུ་གཤེགས་པ་དམིགས་པ་མེད་པའི་ཐུགས་རྗེ་དང་མཁྱེན་རབ་ཀྱི་མངའ་བདག་ཆོས་ཀྱི་རྗེ་འདི་ཞེས་བགྱི་བས་ཐོག་དྲངས་བླ་མ་གོང་མ་བདེ་བར་གཤེགས་པ་རྣམས་ཀྱི་སྤྱན་སྔར་དབུལ་བར་བགྱིའོ། །དེ་ལྟར་ཕུལ་བ་ལ་བརྟེན་ནས་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་དེ་དག་གི་ཟག་པ་མེད་པའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག སྦྱིན་བདག་གིས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ཤེས་གཟིགས་པའི་བྱིན་རླབས་དམ་པ་འཇུག་པར་གྱུར་ཅིག དེའི་རྗེས་སུ་ཚེ་འདས་གཞན་གྱི་བསྔོ་བ་དང་སྦྲེལ་དགོས་ན། དེ་དག་གི་བྱིན་གྱིས་རླབས་དང་། འདི་ལྟར་བགྱིས་པའི་དགེ་བའི་རྩ་བའི་མཐུ་ལ་བརྟེན་ནས་ཞེས་སོགས་སྔར་གྱི་གཤིན་བསྔོ་གོང་མ་དང་སྦྲེལ་བ་ལན་གསུམ་བརྗོད། མི་དགོས་ན་སྔ་མ་ཉིད་ལན་གསུམ་བརྗོད། ཡང་མཆོག་བསྔོའི་ཐ་སྙད་དགོས་ཀྱང་དོན་ལ་དཀོར་ལ་སྤྱོད་པ་སྙིང་རྗེའི་ཡུལ་ཡིན་ན། དགོངས་གསོལ་སྔ་མ་དང་འདྲ། བསྔོ་རྒྱུའི་དགེ་རྩ་ཡང་སྔར་གྱི་གཤིན་བསྔོ་གཉིས་པོ་གང་རུང་ཞིག་སྨྲོས་ནས། བླ་མ་འདི་ཞེས་བྱ་བའི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་གྱུར་ཅིག སྐུ་ཚེ་ཐོགས་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག ས་དང་ལམ་སྒྲུབ་པའི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་ཅིག ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བསྒྲོད་ནས་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕངས་ཐམས་ཅད་མྱུར་དུ་མངོན་དུ་བྱེད་ནུས་པ་གྱུར་ཅིག ཅེས་ལན་གསུམ་བརྗོད། དེ་ནས་གསོན་པོའི་དོན་དུ་བསྔོ་ན་དགོངས་གསོལ་མི་དགོས། གཞན་ཡང་འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། སྦྱིན་བདག་མིང་འདི་ཞེས་བགྱི་བ་འཁོར་དང་བཅས་པའི་གནས་སྐབས་ཀྱི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག རླུང་མཁྲིས་དང་བན་ཀན་ལ་སོགས་པའི་ནད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག གདོན་བགེགས་དང་འབྱུང་པོ་ལ་སོགས་པའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་ཅིག འཕྲལ་གྱི་རྐྱེན་དུ་གྱུར་པའི་རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། བཀྲ་མི་ཤིས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག མཐུན་པའི་རྐྱེན་ཚེ་དང་བསོད་ནམས་དང་། དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག ཇི་ལྟར་བསམ་པའི་དོན་ཐམས་ཅད་ཆོས་དང་ལྡན་པ་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག ཡང་གང་ཟག་མཆོག་གི་སྐུ་རིམ་བྱེད་དུས་ཡིན་ན། དཔལ་ལྡན་བླ་མ་དམ་པ་འདི་ཞེས་བྱ་བའམ། ཡང་དག་པའི་དགེ་བའི་བཤེས་གཉེན་འདི་ཞེས་བྱ་བའི་སྐུ་གསུང་ཐུགས་ཀྱི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག ཅེས་སོགས་གོང་བཞིན་སྦྱར། དེ་ཐམས་ཅད་ཀྱི་མཇུག་ཏུ། གཞན་ཡང་འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་འདི་དང་། རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་ཕན་བདེ་ཐམས་ཅད་ཀྱི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག བསྟན་པ་འཛིན་པའི་བླ་མ་གོང་མ་བདེ་བར་གཤེགས་པ་རྣམས་ཀྱི་ཟག་པ་མེད་པའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག ད་ལྟ་ཞལ་བཞུགས་པའི་བསྟན་པ་འཛིན་པའི་སྐྱེས་བུ་ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བར་གྱུར་ཅིག རྣམ་པར་དཀའ་བའི་ཕྲིན་ལས་དང་འགྲོ་དོན་ཕྱོགས་བཅུ་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག ཕྱོགས་བཅུའི་དགེ་འདུན་གྱི་སྡེ་འཕེལ་ཞིང་ཆོས་སྤྱོད་བཅུའི་སྒྲུབ་པ་ཁྱད་པར་ཅན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག དེ་དག་གི་བྱིན་གྱིས་རླབས་ལ་བརྟེན་ནས་མཁའ་མཉམ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག ས་ཕྱོགས་འདི་ཉིད་ཀྱིས་གཙོར་བྱས་ཡངས་པའི་རྒྱལ་ཁམས་ཆེན་པོ་རྣམས་སུ་ཆར་ཆུ་དུས་སུ་འབབ་པར་གྱུར་ཅིག ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག མཚོན་གྱི་བསྐལ་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག འཐབ་རྩོད་དང་འཁྲུག་ལོང་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག ཚོགས་རྫོགས་སྒྲིབ་པ་བྱང་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་གྱུར་ཅིག ཅེས་བརྗོད། དེ་ནས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་ཞེས་སོགས་དང་། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །ཞེས་སོགས་དང་། འཇམ་དཔལ་ཇི་ལྟར་ཞེས་སོགས་ཚིགས་བཅད་གཉིས་དང་། རྒྱལ་བ་ཀུན་གྱི་སྲས་ཀྱི་ཞེས་སོགས་ལོང་སྐབས་དང་བསྟུན་ནས་བརྗོད། ཁྱད་པར་དུ་གཤིན་དོན་དུ་ཡིན་ན། ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །ཞེས་སོགས་དང་། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་སོགས་ཚིགས་བཅད་གཉིས་དང་། བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཞེས་སོགས་བརྗོད། མཆོག་བསྔོ་དང་པོ་ལྟ་བུ་ལ་ཡིན་ན། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་དང་། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་བརྗོད། དེ་ནས། བསོད་ནམས་སྟོབས་ཆེན་ཞེས་སོགས་དང་། སེམས་ཅན་དེ་དག་ཐམས་ཅད་ནི། །ཞེས་སོགས་དང་། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ཞེས་སོགས་བརྗོད། དེ་ནས་འགྲོ་བའི་སྡུག་བསྔལ་སྨན་གཅིག་པོ། །ཞེས་སོགས་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་བསྔོ་བ། སྨོན་ལམ། བཀྲ་ཤིས་ཀྱི་མཐའ་རྟེན་དང་བཅས་པ་ཅི་ཤེས་བརྗོད། ནམ་མཁའ་དང་མཉམ་དགེ་རྩ་རྣམས། །ནམ་མཁའི་མཁའ་ཀླས་སེམས་ཅན་ལ། །ནམ་མཁའ་ལྟ་བུར་བསྔོ་བའི་ཚུལ། །ནམ་མཁའ་བཟང་པོས་བསྐུལ་ནས་བྲིས།། །།དགེའོ།། ༄༅། །ཨོཾ་སྭ་སྟི། ཚེ་རབས་ཀུན་ཏུ་དེ་བཞིན་གཤེགས་པ་ལ། །བཀུར་སྟི་རྙེད་དང་སྒྲུབ་པའི་མཆོད་པ་དང་། །རིམ་གྲོ་བྱ་བའི་རྣམ་པ་དཔག་མེད་པའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག ༡ །རྒྱལ་བའི་དམ་ཆོས་ཀུན་གྱི་ཚིག་དོན་རྣམས། །གཟུང་ཞིང་ཉམས་པ་མེད་པར་བསྲུང་བ་དང་། །ཆོས་ཚུལ་ཟབ་མོ་ཡང་དག་གཟུང་བ་ཡི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག ༢ །དགའ་ལྡན་གནས་ན་བཞུགས་པ་ནས་བརྩམས་ཏེ། །མྱང་འདས་བར་གྱི་མཛད་པ་ཀུན་སྟོན་པ། །དྲུང་དུ་འགྲོ་ཞིང་ཆོས་ཀུན་སྡུད་བྱེད་པའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག ༣ །གཞན་དོན་སྒྲུབ་བྱེད་བསྡུ་དངོས་རྣམ་བཞི་དང་། །སངས་རྒྱས་ཆོས་རྣམས་རྫོགས་བྱེད་ཕྱིན་དྲུག་སོགས། །རྒྱལ་སྲས་སྤྱོད་པ་ཐམས་ཅད་ལེགས་སྤྱད་པའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག ༤ །སེམས་ཅན་ཀུན་ལ་དམ་པའི་ཆོས་བསྟན་པས། །དད་སོགས་དབང་པོས་སྨིན་ནས་འཕགས་པའི་ལམ། །དངོས་སུ་སྐྱེ་ཞིང་སྒྲིབ་པ་སྤོང་རུང་བའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག ༥ །བ་སྤུའི་ཁུང་བུར་ཞིང་གི་རྡུལ་སྙེད་ཀྱི། །འཇིག་རྟེན་ཁམས་ཀུན་སྤྲུལ་ནས་དེ་དག་ཏུ། །རྒྱལ་དང་རྒྱལ་སྲས་སྤྱོད་པ་ཀུན་སྟོན་པའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག ༦ །སྣོད་བཅུད་ཞིང་གི་སྐྱོན་རྣམས་རབ་སྤངས་ནས། །གསེར་གྱི་གཞི་དང་དགེ་བཅུ་སྤྱོད་པ་སོགས། །སངས་རྒྱས་ཞིང་གི་ཡོན་ཏན་ཀུན་ལྡན་པའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག ༧ །ཐེག་པ་མཆོག་ལ་འཇུག་ཕྱིར་བྱང་སེམས་དང་། །གཅིག་ཏུ་གཞན་ལ་ཕན་པའི་བསམ་སྦྱོར་ཀུན། །རྣམ་པ་ཀུན་ཏུ་གཅིག་པར་བྱ་བ་ཡི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག ༨ །ཐོག་མར་སེམས་མཆོག་བསྐྱེད་པ་ནས་བཟུང་སྟེ། །བར་དུ་ཡང་དག་ལམ་གྱི་སྦྱོར་བ་ཀུན། །ཐ་མར་འབྲས་བུ་མཆོག་གི་དོན་ཡོད་པའི། །སྨོན་ལམ་ཆེན་མོ་མྱུར་དུ་འགྲུབ་པར་ཤོག །ཚོགས་གཉིས་རྒྱ་མཚོའི་དཔལ་ལས་ལེགས་བྱུང་བའི། །དོན་གཉིས་མཐར་ཕྱིན་བླ་མེད་རྫོགས་བྱང་ཆུབ། །འགྲོ་བའི་དོན་དུ་མངོན་པར་འཚང་རྒྱ་བའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག ༡༠ །ཐེག་པ་ཆེན་པོའི་མདོ་སྡེ་ལས་ས་དང་པོ་ལ་གནས་པའི་བྱང་སེམས་ཀྱི་སྨོན་ལམ་འབུམ་ཕྲག་གྲངས་མེད་བཅུ་བཏབ་པ་ཐམས་ཅད་སྨོན་ལམ་ཆེན་པོ་བཅུར་འདུས་པར་གསུངས་པའི་དོན་བྱང་ས་དང་། མདོ་སྡེ་རྒྱན་དང་། འཇུག་འགྲེལ་གྱི་དགོངས་པ་ཇི་ལྟ་བ་བཞིན་དུ་གཞན་ཕན་གྱི་བསམ་པ་ཅུང་ཟད་དང་ལྡན་པ་བསོད་ནམས་སེང་གེས་ཆོ་འཕྲུལ་ཆེན་པོའི་རྒྱལ་ཕུར་འཛོམ་པའི་ཉི་མ་ལ་ཚིགས་བཅད་དུ་བསྡེབས་པ་འདི་ཀུན་གྱིས་འཛིན་པ་དང་ཁ་འདོན་དུ་མཛད་པར་ཞུ།། དགེའོ།། ༈ །།སྨོན་ལམ་ཆེན་པོ་བཅུ་པ་བཞུགས།། ༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཁམས་གསུམ་འགྲོ་ལ་བྱིན་རླབས་ཆར་རྒྱུན་གྱིས། །དགེ་ལེགས་ལོ་ཐོག་རྒྱས་མཛད་དྲིན་ཅན་རྗེ། །མཚུངས་མེད་བླ་མ་བརྒྱུད་པར་བཅས་རྣམས་དང་། །ཁྱབ་བདག་རྒྱལ་བ་སྲས་དང་སློབ་མར་བཅས། །སྒྲིབ་མེད་མཁྱེན་པའི་སྤྱན་གྱིས་ལེགས་གཟིགས་ནས། །མཐའ་དག་འགྲོ་ལ་ཕན་དང་བདེ་བའི་ཕྱིར། །སྨོན་ལམ་རྒྱལ་པོ་འདི་ལྟར་བཏབ་པ་རྣམས། །ཚུལ་བཞིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དུས་གསུམ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་། །དེ་སྲས་ས་ཆེན་ལ་བཞུགས་བྱང་སེམས་རྣམས། །སྨོན་ལམ་འབུམ་ཕྲག་གྲངས་མེད་བཅུ་བཏབ་པ། །སྨོན་ལམ་ཆེན་པོ་བཅུར་འདུས་འདིར་བརྗོད་བྱ།། ༈ །།བདག་དང་གཞན་གྱིས་འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་རྩ་བ་འདི་དག་གིས་ཉེ་བར་མཚོན་ནས། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སོ་སོའི་སྐྱེ་བོ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མཛད་པའི་དགེ་བའི་རྩ་བ་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའམ། ཟག་པ་དང་བཅས་པ་དང་ཟག་པ་མེད་པས་བསྡུས་པའམ། ཐོས་པ་དང་། བསམ་པ་དང་། སྒོམ་པ་ལས་བྱུང་བའམ། འཆད་པ་དང་། རྩོད་པ་དང་། རྩོམ་པ་ལས་བྱུང་བའམ། སྦྱིན་པ་དང་། ཚུལ་ཁྲིམས་དང་། སྒོམ་པ་ལས་བྱུང་བ་གང་ཅི་ཡང་རུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་དུ་བྱས་པ་དང་། བྱེད་པར་འགྱུར་བ་དང་། དེ་བཞིན་དུ་བྱེད་པའི་བསོད་ནམས་ཐམས་ཅད་གཅིག་ཏུ་བསྡུས་པའི་མཐུ་ལ་བརྟེན་ནས། བདག་ཅག་རྣམས་དང་། དམིགས་པའི་ཡུལ་ཆེ་གེ་མོས་ཐོག་དྲངས་པའི་མར་གྱུར་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་སངས་རྒྱས་མ་ལུས་པ་ལ་མཆོད་པ་དང་། རིམ་གྲོ་ལྷག་མ་མེད་པ་མཐའ་དག་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོ་ཆེན་པོ་བྱ་བ་རྒྱུན་མི་ཆད་པའི་སྨོན་ལམ་ཆེན་པོ་མངོན་པར་འགྲུབ་པར་གྱུར་ཅིག ཚེ་རབས་ཀུན་ཏུ་དེ་བཞིན་གཤེགས་པ་ལ། །བཀུར་སྟི་རྙེད་དང་སྒྲུབ་པའི་མཆོད་པ་དང་། །རིམ་གྲོ་བྱ་བའི་རྣམ་པ་དཔག་མེད་པའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག །སྲས་བཅས་རྒྱལ་བས་འགྲོ་བའི་དོན་སླད་དུ། །སྨོན་ལམ་རྒྱལ་པོ་དང་པོ་བཏབ་པ་ལྟར། །བདག་ཀྱང་ལྷག་བསམ་དག་པས་ཚུལ་བཞིན་འདེབས། །འགྲོ་བའི་དོན་ཕྱིར་མྱུར་དུ་འགྲུབ་པར་ཤོག །སངས་རྒྱས་ཕྲིན་ལས་འགྲོ་ལ་འཇུག་པ་དང་། །ཆོས་དབྱིངས་མཁའ་ལྟར་ཀུན་ལ་ཁྱབ་པ་དང་། །ཀུན་རྫོབ་བརྟེན་འབྲེལ་བསླུ་བ་མེད་པའི་མཐུས། །རྒྱ་ཆེན་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག ༡ དེ་ལྟར་སངས་རྒྱས་འབྱུང་བ་མཉེས་པར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡང་དག་པར་ཡོངས་སུ་གཟུང་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་ཀྱི་དམ་པའི་ཆོས་རྒྱུན་མི་ཆད་པའི་སྨོན་ལམ་ཆེན་པོ་མངོན་པར་འགྲུབ་པར་གྱུར་ཅིག རྒྱལ་བའི་དམ་ཆོས་ཀུན་གྱི་ཚིག་དོན་རྣམས། །གཟུང་ཞིང་ཉམས་པ་མེད་པར་བསྲུང་བ་དང་། །ཆོས་ཚུལ་ཟབ་མོ་ཡང་དག་གཟུང་བ་ཡི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག །སྲས་བཅས་རྒྱལ་བས་སོགས་ཚིགས་བཅད་གཉིས་འགྲེ་སྟེ། གཉིས་པ་ཞེས་སྦྱར་རོ། ༢ །དེ་ལྟར་དམ་པའི་ཆོས་གཟུང་བའི་སླད་དུ་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱིས་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་དེ། འཕོ་བ་དང་། གཤེགས་པ་དང་། ལྷུམས་ན་བཞུགས་པ་དང་། བལྟམས་པ་དང་། གཞོན་ནུ་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་དྲུང་དུ་འགྲོ་ཞིང་མཆོད་པ་དང་། ཆོས་ཀྱིས་ཡང་དག་པར་བསྡུ་བའི་སྦྱོར་བ་སྔོན་དུ་འགྲོ་བར་ཐམས་ཅད་དུས་གཅིག་ཏུ་བསྒྲུབ་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་ཀྱི་གཞན་དོན་དུ་འགྲོ་བ་རྒྱུན་མི་ཆད་པའི་སྨོན་ལམ་ཆེན་པོ་མངོན་པར་འགྲུབ་པར་གྱུར་ཅིག དགའ་ལྡན་གནས་ན་བཞུགས་པ་ནས་བརྩམས་ཏེ། །མྱང་འདས་བར་གྱི་མཛད་པ་ཀུན་སྟོན་པ། །དྲུང་དུ་འགྲོ་ཞིང་ཆོས་ཀུན་སྡུད་བྱེད་པའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག །སྲས་བཅས་རྒྱལ་བས་སོགས་ཚིགས་བཅད་གཉིས་འགྲེ་སྟེ། གསུམ་པ་ཞེས་སྦྱར་རོ། ༣ །དེ་ལྟར་རྒྱལ་བའི་དམ་ཆོས་མ་ལུས་པ་བསྡུས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཤིན་ཏུ་རྒྱས་པ། ཆེ་བ། ཚད་མེད་པ། ཐ་མི་དད་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་བསྡུས་པ། ཡོངས་སུ་སྦྱོང་བ། ཡན་ལག་དང་། ཉེ་བའི་ཡན་ལག་ཏུ་བཅས་པ། སྒྲུབ་པ་དང་། མཚན་ཉིད་འདྲ་བ་དང་། མཚན་ཉིད་མི་འདྲ་བ་དང་། འདུ་བ་དང་། རྒྱས་པ་དང་བཅས་པ། བྱང་ཆུབ་སེམས་དཔའི་སྤྱོད་པར་གྱུར་པའི་ས་ལམ་ཐམས་ཅད་ཇི་ལྟ་བ་བཞིན་དུ་སྟོན་པས། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱ་བའི་གདམས་ངག་དང་། རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པས་བསྟན་པའི་སེམས་བསྐྱེད་པ་མངོན་པར་བསྒྲུབ་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་སྤྱོད་པ་བགྲངས་པ་ཐམས་ཅད་དུ་རྒྱུན་མི་ཆད་པར་མངོན་པར་བསྒྲུབ་པའི་སྨོན་ལམ་ཆེན་པོ་མངོན་པར་འགྲུབ་པར་གྱུར་ཅིག བྱང་སེམས་སྤྱོད་པ་ཚད་མེད་རྒྱ་ཆེ་བ། །སངས་རྒྱས་ཆོས་རྣམས་རྫོགས་བྱེད་ཕྱིན་དྲུག་སོགས། །རྒྱལ་སྲས་ས་ལམ་ཐམས་ཅད་ལེགས་བསྒྲུབ་པའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག །སྲས་བཅས་རྒྱལ་བས་སོགས་ཚིགས་བཅད་གཉིས་འགྲེ་སྟེ། །བཞི་པ་ཞེས་སྦྱར་རོ། ༤ །དེ་ལྟར་རང་དོན་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས། སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་གཟུགས་ཅན་དང་། གཟུགས་མེད་པ་དང་། འདུ་ཤེས་ཅན་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་དང་། སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། ཁམས་གསུམ་དུ་གཏོགས་པ། འགྲོ་བ་དྲུག་ཏུ་འདུས་པ། སྐྱེ་བ་ཐམས་ཅད་དུ་གཏོགས་པ། མིང་དང་གཟུགས་ཀྱིས་བསྡུས་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བར་སངས་རྒྱས་ཀྱི་ཆོས་ལ་གཟུད་པ་དང་། འགྲོ་བ་བགྲངས་པ་ཐམས་ཅད་རྣམ་པར་གཅད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་སེམས་ཅན་གྱི་ཁམས་བགྲངས་པ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་རྒྱུན་མི་ཆད་པའི་སྨོན་ལམ་ཆེན་པོ་མངོན་པར་འགྲུབ་པར་གྱུར་ཅིག སེམས་ཅན་ཀུན་ལ་དམ་པའི་ཆོས་བསྟན་པས། །དད་སོགས་དབང་པོ་སྨིན་ནས་འཕགས་པའི་ལམ། །དངོས་སུ་སྐྱེ་ཞིང་སྒྲིབ་པ་སྤོང་རུང་བའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག །སྲས་བཅས་རྒྱལ་བས་སོགས་ཚིགས་བཅད་གཉིས་འགྲེ་སྟེ། ལྔ་པ་ཞེས་སྦྱར་རོ། ༥ །དེ་ལྟར་སེམས་ཅན་སྨིན་པར་བྱེད་པའི་ཐབས་སུ་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྒྱས་པ་དང་། ཐ་གྲུ་ཆེ་བ་དང་། ཚད་མེད་པ་དང་། ཕྲ་བ་དང་། རགས་པ་དང་། སྣྲེལ་ཞི་དང་། སྤྱིའུ་ཚུགས་དང་། ངོས་ཕྱལ་བ་དང་། འཇུག་པའི་ཁྱིམ་ཅན་དང་། མིག་འཕྲུལ་ལྟར་རྣམ་པར་འབྱེད་པ་དང་། ཕྱོགས་བཅུ་རྣམ་པ་ཐ་དད་པ་རྣམ་པར་འབྱེད་པ་ལ་འཇུག་པ་མ་ལུས་པ་ཡེ་ཤེས་ཀྱི་ཁོང་དུ་ཆུད་པར་མངོན་སུམ་དུ་འགྱུར་བར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་འཇིག་རྟེན་གྱི་ཁམས་བགྲངས་པ་ཐམས་ཅད་དུ་འཇུག་པ་རྒྱུན་མི་ཆད་པའི་སྨོན་ལམ་ཆེན་པོ་མངོན་པར་འགྲུབ་པར་གྱུར་ཅིག ཤིན་ཏུ་རྒྱས་ཤིང་ཐ་གྲུ་ཆེ་བ་སོགས། །མིག་འཕྲུལ་ལྟར་འབྱེད་ཕྱོགས་བཅུའི་འཇིག་རྟེན་ཁམས། །རྣམ་པར་འབྱེད་ལ་འཇུག་པ་ཐོགས་མེད་པའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག །སྲས་བཅས་རྒྱལ་བས་སོགས་ཚིགས་བཅད་གཉིས་འགྲེ་སྟེ། དྲུག་པ་ཞེས་སྦྱར་རོ། ༦ །དེ་ལྟར་འཇིག་རྟེན་གྱི་ཁམས་ཡང་དག་པར་བསྟན་ནས། ཞིང་ཐམས་ཅད་ཞིང་གཅིག་དང་། ཞིང་ཐམས་ཅད་དུ་ཡང་དག་པར་གཞོལ་བར་བྱ་བ་ཡོངས་སུ་སྦྱོང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཞིང་ཚད་མེད་པ་དག་འོད་རྣམ་པར་བཀོད་པའི་རྒྱན་གྱིས་རབ་ཏུ་བརྒྱན་པ་དང་། ཡོངས་སུ་དག་པའི་ལམ་དང་ལྡན་པས་ཉོན་མོངས་པ་ཐམས་ཅད་བསལ་བ་དང་། སེམས་ཅན་ཡེ་ཤེས་ཀྱི་འབྱུང་གནས་ཚད་མེད་པས་རབ་ཏུ་གང་བ་དང་། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་བ་དང་། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྟན་ཅིང་ཤིན་ཏུ་ཚིམ་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་སངས་རྒྱས་ཀྱི་ཞིང་བགྲངས་པ་ཐམས་ཅད་དུ་ཡོངས་སུ་སྦྱོང་བ་རྒྱུན་མི་ཆད་པའི་སྨོན་ལམ་ཆེན་པོ་མངོན་པར་འགྲུབ་པར་གྱུར་ཅིག སྣོད་བཅུད་ཞིང་གི་སྐྱོན་རྣམས་རབ་སྤངས་ནས། །གསེར་གྱི་གཞི་དང་དགེ་བཅུ་སྤྱོད་པ་སོགས། །སངས་རྒྱས་ཞིང་གི་ཡོན་ཏན་ཀུན་ལྡན་པའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག །སྲས་བཅས་རྒྱལ་བས་སོགས་ཚིགས་བཅད་གཉིས་འགྲེ་སྟེ། བདུན་པ་ཞེས་སྦྱར་རོ། ༧ །དེ་ལྟར་སངས་རྒྱས་ཀྱི་ཞིང་དག་པར་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་དང་སྦྱོར་བ་གཅིག་པར་བྱ་བ་དང་། འགྲན་ཟླ་མེད་པའི་དགེ་བའི་རྩ་བ་གསག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དམིགས་པ་གཅིག་པས་མཉམ་པ་ཉིད་དུ་བྱ་བ་དང་། རྟག་ཏུ་རྒྱུན་མི་ཆད་པར་བྱང་ཆུབ་སེམས་དཔའ་དང་འགྲོགས་ཤིང་མི་འབྲལ་བར་བྱ་བ་དང་། སངས་རྒྱས་འབྱུང་བ་ཅི་དགར་བསྟནཾ་པར་བྱ་བ་དང་། རང་གི་སེམས་བསྐྱེད་པས་དེ་བཞིན་གཤེགས་པའི་མཐུ་ཡེ་ཤེས་ཀྱི་ཁོང་དུ་ཆུད་པར་བྱ་བ་དང་། མ་ཉམས་ཤིང་རྗེས་སུ་འགྲོ་བའི་མངོན་པར་ཤེས་པ་རབ་ཏུ་ཐོབ་པར་བྱ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་བར་བྱ་བ་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སྣང་བ་ཐོབ་པར་བྱ་བ་དང་། སྐྱེ་བ་ཐམས་ཅད་དུ་རང་གི་ལུས་རྗེས་སུ་འགྲོ་བར་བྱ་བ་དང་། ཐེག་པ་ཆེན་པོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་སྤྱོད་པ་བགྲངས་པ་ཐམས་ཅད་དུ་ཐེག་པ་ཆེན་པོ་ལ་འཛུད་པ་རྒྱུན་མི་ཆད་པའི་སྨོན་ལམ་ཆེན་པོ་མངོན་པར་འགྲུབ་པར་གྱུར་ཅིག ཐེག་པ་མཆོག་ལ་འཇུག་ཕྱིར་བྱང་སེམས་དང་། །གཅིག་ཏུ་གཞན་ལ་ཕན་པའི་བསམ་སྦྱོར་ཀུན། །རྣམ་པ་ཀུན་ཏུ་གཅིག་པར་བྱ་བ་ཡི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག །སྲས་བཅས་རྒྱལ་བས་སོགས་ཚིགས་བཅད་གཉིས་འགྲེ་སྟེ། བརྒྱད་པ་ཞེས་སྦྱར་རོ། ༨ །དེ་ལྟར་གཞན་དོན་འདྲེས་ཤིང་ཉེ་བར་འདྲེས་པའི་མཐུ་ལ་བརྟེན་ནས་ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱ་བ་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་དོན་ཡོད་པར་བྱ་བ་དང་། མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་ངེས་པར་འཐོབ་པར་བྱ་བ་དང་། དབྱངས་བརྗོད་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། དད་པར་གྱུར་མ་ཐག་ཏུ་ཉོན་མོངས་པ་ལྡོག་པར་བྱ་བ་དང་། སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུའི་ལུས་ཐོབ་པར་བྱ་བ་དང་། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ལུས་ཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྱོད་པ་སྤྱད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་སྤྱོད་པ་བགྲངས་པ་ཐམས་ཅད་དུ་དོན་ཡོད་པ་རྒྱུན་མི་ཆད་པའི་སྨོན་ལམ་ཆེན་པོ་མངོན་པར་འགྲུབ་པར་གྱུར་ཅིག ཐོག་མར་སེམས་མཆོག་བསྐྱེད་པ་ནས་བཟུང་སྟེ། །བར་དུ་ཡང་དག་ལམ་གྱི་སྦྱོར་བ་ཀུན། །ཐ་མར་འབྲས་བུ་མཆོག་གི་དོན་ཡོད་པའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག །སྲས་བཅས་རྒྱལ་བས་སོགས་ཚིགས་བཅད་གཉིས་འགྲེ་སྟེ། དགུ་པ་ཞེས་སྦྱར་རོ། ༩ །དེ་ལྟར་ཚོགས་གཉིས་རྒྱ་མཚོ་མངོན་པར་བསྒྲུབས་པའི་མཐུ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང་། བྱིས་པའི་ལམ་གཅིག་དང་ཐ་མི་དད་པར་བྱིས་པའི་ལམ་ཐམས་ཅད་དུ་ཚེཾ་སྐྱེ་བ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་པར་བྱ་བ་དང་། སངས་རྒྱས་ཀྱི་ཡུལ་ཆེན་པོ་མཐུ་དང་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་འབྱུང་བར་དཀྱིལ་འཁོར་གདལ་བ་ལ་རྟོགས་པར་བྱེད། ཞི་བར་བྱེད། འཐོབ་པར་བྱེད་ཅིང་བསྟན་པར་བྱ་བ་དང་། གཅིག་མངོན་དུ་ཡང་དག་པར་རྟོགས་པས་ཆོས་ཀྱི་དབྱིངས་ཐམས་ཅད་མྱ་ངན་ལས་འདས་པས་རྒྱས་པར་བྱ་བ་དང་། དབྱངས་གཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་ཀྱང་སྤྱོད་པའི་སྟོབས་རྒྱུན་མི་ཆད་པ་དང་། ཡེ་ཤེས་ཆེན་པོས་ཆོས་ཐམས་ཅད་འབྱུང་བར་བྱེད་པ་བསྟན་པར་བྱ་བ་དང་། ཆོས་ཤེས་པ་དང་། རྫུ་འཕྲུལ་དང་། སྒྱུ་མའི་མངོན་པར་ཤེས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་མངོན་པར་རྫོགས་པར་བྱང་ཆུབ་པ་བགྲངས་པ་ཐམས་ཅད་དུ་ཐེག་པ་ཆེན་པོ་མངོན་པར་སྒྲུབ་པ་རྒྱུན་མི་ཆད་པའི་སྨོན་ལམ་ཆེན་པོ་མངོན་པར་འགྲུབ་པར་གྱུར་ཅིག ཚོགས་གཉིས་རྒྱ་མཚོའི་དཔལ་ལས་ལེགས་བྱུང་བའི། །དོན་གཉིས་མཐར་ཕྱིན་བླ་མེད་རྫོགས་བྱང་ཆུབ། །འགྲོ་བའི་དོན་དུ་མངོན་པར་འཚང་རྒྱ་བའི། །སྨོན་ལམ་ཆེན་པོ་མྱུར་དུ་འགྲུབ་པར་ཤོག །སྲས་བཅས་རྒྱལ་བས་སོགས་ཚིགས་བཅད་གཉིས་འགྲེ་སྟེ། བཅུ་པ་ཞེས་སྦྱར་རོ། ༡༠ །གཞན་ཡང་གནས་སྐབས་ཀུན་ཏུ་ཕན་བདེའི་འབྱུང་གནས་ལུང་དང་རྟོགས་པས་བསྡུས་པའི་རྒྱལ་བའི་བསྟན་པ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་རྒྱས་ཤིང་སྲིད་མཐའི་བར་དུ་གནས་པ་དང་། བསྟན་པའི་འབྱུང་གནས་ཡོངས་འཛིན་གོང་མ་བརྒྱུད་པར་བཅས་པ་ཐམས་ཅད་ཀྱིས་གཞན་དོན་མཛད་པའི་ཐུགས་ཀྱི་བཞེད་པ་ཇི་ལྟ་བ་བཞིན་དུ་འགྲུབ་པ་དང་། ད་ལྟར་ཐོས་བསམ་བསྒོམས་པས་རང་རྒྱུད་སྦྱངས་ནས་འཆད་རྩོད་རྩོམ་པའི་འོད་ཀྱིས་ཐུབ་བསྟན་གསལ་བར་མཛད་པའི་སྐྱེས་ཆེན་ཐམས་ཅད་སྐུ་ཚེ་བརྟན་ཞིང་ཕྲིན་ལས་ཉི་མའི་འོད་ཀྱིས་ཐུབ་བསྟན་པད་མཚོ་ཀུན་ཏུ་ཁྱབ་པ་དང་། དགེ་འདུན་ཐམས་ཅད་རྣམ་པར་དཀར་བའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་གནས་ནས་ཆོས་སྤྱོད་བཅུའི་སྒོ་ནས་སྐྱེ་རྒུ་ཀུན་གྱིས་མཆོད་པའི་འོས་སུ་གྱུར་ཏེ། དད་པ་དང་འབྱོར་པར་ལྡན་པའི་འགྲོ་བ་དུ་མས་རྙེད་པ་དང་། བཀུར་སྟི་དང་། རིམ་གྲོ་དཔག་ཏུ་མེད་པས་མཆོད་པ་ལ་བརྟེན་ནས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཉེར་འཚེ་མཐའ་དག་ཞི་ཞིང་། བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པའི་དཔལ་གྱིས་ཁྱབ་པར་གྱུར་ཅིག རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །རྒྱལ་སྲས་རྣམས་ཀྱི་སྨོན་ལམ་འགྲུབ་པ་དང་། །རྒྱལ་ཁམས་ཀུན་ཏུ་དཔལ་འབྱོར་ཕུན་ཚོགས་རྣམས། །རྒྱལ་བས་བསྔགས་པ་ཇི་བཞིན་འབྱོར་གྱུར་ཅིག །དགེ་འདུན་ཐམས་ཅད་རྣམ་དཀར་ཚུལ་ཁྲིམས་ལ། །ལེགས་པར་གནས་ཤིང་ཐོས་དང་བསམ་ལྡན་པས། །ཞི་ལྷག་ཟུང་འབྲེལ་རྣལ་འབྱོར་བསྒོམ་པའི་མཐུས། །རྟོགས་པའི་ཡོན་ཏན་འཕེལ་ཞིང་རྒྱས་པར་ཤོག །ཡི་གེ་འབྲི་མཆོད་སྦྱིན་པ་ལ་སོགས་པ། །ཆོས་སྤྱོད་རྣམ་བཅུས་བསྟན་དང་འགྲོ་བའི་དོན། །ཚུལ་བཞིན་བསྒྲུབས་པས་སྐྱེ་རྒུས་མཆོད་གྱུར་ཏེ། །ཆོས་དང་དགེ་ལེགས་ཕྱོགས་བཅུར་རྒྱས་པར་ཤོག །སྲས་བཅས་རྒྱལ་བས་འགྲོ་བའི་དོན་སླད་དུ། །རྒྱ་ཆེན་སྨོན་ལམ་རྣམ་མང་བཏབ་པ་ལྟར། །བདག་ཀྱང་ལྷག་བསམ་དག་པས་ཚུལ་བཞིན་འདེབས། །འགྲོ་བའི་དོན་ཕྱིར་མྱུར་དུ་འགྲུབ་པར་ཤོག །སངས་རྒྱས་ཕྲིན་ལས་འགྲོ་ལ་འཇུག་པ་དང་། །ཆོས་དབྱིངས་མཁའ་ལྟར་ཀུན་ལ་ཁྱབ་པ་དང་། །ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །རྒྱ་ཆེན་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །བྱང་ས་དང་། མདོ་སྟེ་རྒྱན་གྱི་འགྲེལ་པ་དང་། བསླབ་བཏུས་དང་། འཇུག་འགྲེལ་རྣམས་ལས་ས་ལ་གནས་པའི་བྱང་སེམས་ཀྱིས་སྨོན་ལམ་འབུམ་ཕྲག་གྲངས་མེད་བཅུ་བཏབ་པ་རྣམས་སྨོན་ལམ་ཆེན་པོ་བཅུར་འདུས་པར་གསུངས་པའི་སྨོན་ལམ་བཅུ་པོའི་ཚིག་གི་ངོ་བོ་རྣམས་མདོ་སྡེ་ས་བཅུ་པའི་ལུང་ཇི་ལྟ་བ་བཞིན་བྲིས་ཤིང་། མཚམས་སྦྱོར་གྱི་ཚིག་ཙམ་སྦྱར་བ་འདི་ནི་དབུ་མར་སྨྲ་བ་བསོད་ནམས་སེང་གེས་ཐུབ་བསྟན་རྣམ་རྒྱལ་གྱི་དགོན་པར་སྦྱར་བའོ།། །།དགེའོ།། །


previousཀུན་མཁྱེན་བླ་མའི་གསུང་འབུམ་སྨོན་ལམ་གྱི་སྐོར།no next