Nitartha Digital Library
Tibetan
 
previousརྒྱུད་ཀྱི་ཚིག་དོན།next

རྒྱུད་ཀྱི་ཚིག་དོན།

བསྟོད་པ།

གཉིས་པ་རྒྱུད་ཀྱི་ཚིག་དོན་ལ་གཉིས། བསྟོད་པ་དང་ཕན་ཡོན་ནོ། །དང་པོ་ལ་ཚིགས་བཅད་ཉེར་གཅིག་ལས།

ཚིགས་བཅད་དང་པོ།

དང་པོ་ནི།

ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །

སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །

འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །

གེ་སར་བྱེ་བ་ལས་ནི་བྱུང་མ། །

ཞེས་པ་སྟེ། འཇིག་རྟེན་གསུམ་མགོན་ནམ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ཆུ་སྐྱེས་པདྨའི་གེ་སར་བྱེ་བ་ལས་བྱུང་ཞིང་། བརྩེ་བའི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་མྱུར་དུ་མཛད་པ་དང་། འཇིགས་པ་ཐམས་ཅད་ལས་སྐྱོབ་པར་དཔའ་བའི་ནུས་མཐུ་ཐོགས་པ་མེད་པ་དང་། ཇི་ལྟ་ཇི་སྙེད་ཀྱི་ཆོས་རྣམས་ཡེ་ཤེས་ཀྱི་སྤྱན་གློག་དང་འདྲ་བས་སྐད་ཅིག་མ་གཅིག་ལ་མཁྱེན་པ་སྟེ་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཕུལ་བྱུང་དེ་དག་གིས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ཕྲིན་ལས་ཁྱད་པར་ཅན་གྱི་ལྷ་མོ་དེ་ལ་ཕྱག་འཚལ་ལོ། །ཕྱག་གི་ངོ་བོ་ནི་སྒོ་གསུམ་འདུད་པ་སྟེ་ང་རྒྱལ་སྤངས་པ་མཚོན་པའི་ཆེད་ཡིན་ཞིང་། ཕྱག་འོག་མ་རྣམས་ཀྱང་འདིས་ཤེས་པར་བྱའོ། །

ཚིགས་བཅད་གཉིས་པ།

གཉིས་པ་ནི།

ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །

གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །

སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །

རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཞེས་པ་སྟེ།

སྟོན་དུས་ཀྱི་ཟླ་བ་ཉ་གང་བ་བརྒྱ་ཕྲག་བརྩེགས་པ་ལྟ་བུའི་ཞལ་རས་རབ་ཏུ་མཛེས་ཤིང་དྭངས་པ་དང་། སྐར་མ་སྟོང་ཕྲག་ཚོགས་པ་བཞིན་དུ་སྐུ་ལས་འོད་ཟེར་རབ་ཏུ་འབར་བའོ། །

ཚིགས་བཅད་གསུམ་པ།

གསུམ་པ་ནི།

ཕྱག་འཚལ་གསེར་སྔོན་ཆུ་ནས་སྐྱེས་ཀྱི། །

པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །

སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །

བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཞེས་པ་སྟེ།

གསེར་སྔོན་པོའི་ཆུ་སྐྱེས་པདྨ་ཕྱག་ན་བསྣམས་པའི་ལྷ་མོས་འདོད་པའི་དོན་གཏོང་བའི་སྦྱིན་པ་དང་། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། དཀའ་ཐུབ་སྟེ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། ཞི་བ་སྟེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་། འགའ་རྐྱེན་གྱིས་མི་འཁྲུགས་པའི་བཟོད་པ་དང་། དགེ་བའི་དམིགས་པར་སེམས་རྩེ་གཅིག་ཏུ་གནས་པའི་བསམ་གཏན་ཏེ་ཕྱིན་དྲུག་མཐའ་དག་ཁོང་དུ་ཆུད་པའོ། །

ཚིགས་བཅད་བཞི་པ།

བཞི་པ་ནི།

ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །

མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །

མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །

རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཞེས་པ་སྟེ།

དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་གཙུག་ཏོར་ལས། ཕན་ཡོན་མཐའ་ཡས་ཤིང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རིག་སྔགས་སྤྲུལ་པ་ལ་ལོངས་སྤྱོད་པའི་ལྷ་མོར་སྦྱིན་ཚུལ་བཟོད་བརྩོན་བསམ་ཤེས་ཐོག་ཐབས་སྨོན་ལམ་སྟོབས་ཡེ་ཤེས་བསྣན་པའི་ཕར་ཕྱིན་བཅུ་པོ་མ་ལུས་པ་ཐོབ་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་རྣམས་ཀྱིས་ཀྱང་ཤིན་ཏུ་གུས་པས་བསྟེན་པའོ། །

ཚིགས་བཅད་ལྔ་པ།

ལྔ་པ་ནི།

ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །

འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །

འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །

ལུས་པ་མེད་པ་འགུགས་པར་ནུས་མ། །ཞེས་པ་སྟེ།

ཏུཏྟཱ་ར་དང་ཧཱུྃ་ཡིག་གི་སྔགས་སྒྲས། འཇིག་རྟེན་འདིའི་འདོད་ཁམས་ཀྱི་གནས་ཐམས་ཅད་དང་། ནམ་མཁར་གནས་པའི་གཟུགས་གཟུགས་མེད་ཀྱི་ཁམས་ཐམས་ཅད་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་ཐམས་ཅད་ཀྱང་ཁྱབ་ཅིང་གང་བ་དང་། ཀླུ་དང་། ཡི་དྭགས་དང་། ལྷ་དང་། ལྷ་མ་ཡིན་དང་། མི་དང་། རིག་འཛིན་དང་། མིའམ་ཅི་སྟེ་མཐུ་དང་ལྡན་པའི་འཇིག་རྟེན་བདུན་པོ་ཞབས་འོག་ཏུ་མནན་པ་ལྟར་དབང་དུ་མཛད་པ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱང་བྲན་དུ་འགུགས་པར་ནུས་ན་ཕྲ་མོ་གཞན་དག་སྨོས་དགོས་པ་མ་ཡིན་ནོ། །

ཚིགས་བཅད་དྲུག་པ།

དྲུག་པ་ནི།

ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །

རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །

འབྱུང་པོ་རོ་ལང་དྲི་ཟ་རྣམས་དང་། །

གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཞེས་པ་སྟེ།

ལྷའི་དབང་པོ་བརྒྱ་བྱིན་དང་། དྲང་སྲོང་གི་གཙོ་བོ་མེ་ལྷ་དང་། འཇིག་རྟེན་བྱེད་པོ་ཚངས་པ་དང་། འཇིག་རྟེན་བཟོ་གནས་དང་བཀོད་པའི་ཁྱད་པར་བྱེད་པོ་རླུང་ལྷ་དང་། གཞན་ཡང་དྲག་པོ་དང་ཁྱབ་འཇུག་སོགས་འཇིག་རྟེན་ན་དབང་ཕྱུག་ཏུ་གྲགས་པ་རྣམས་ནི་སྣ་ཚོགས་དབང་ཕྱུག་སྟེ། དེ་ལྟ་བུའི་ཆེས་ཆེ་བ་རྣམས་ཀྱིས་ཀྱང་མཆོད་པའི་གནས་སུ་གྱུར་ཅིང་། ཚོགས་བདག་སོགས་འབྱུང་པོ་དང་། རོ་ལངས་ཀྱི་ལས་བྱེད་པའི་འཇིགས་བྱེད་དང་། སྣ་ཚོགས་ཤིང་རྟ་སོགས་དྲི་ཟ་དང་། རྣམ་ཐོས་བུ་སོགས་གནོད་སྦྱིན་དང་། མདངས་འཕྲོགས་པའི་ལྷ་མ་སྲིན་རྣམས་ཏེ། འདུལ་བར་དཀའ་བའི་ཚོགས་དེ་རྣམས་ཀྱིས་ཀྱང་མདུན་ནས་བསྟོད་པར་བྱེད་པ་སྟེ་འགྲོ་བ་ཐམས་ཅད་ཀྱི་བླ་མར་གྱུར་པའོ། །

ཚིགས་བཅད་བདུན་པ།

བདུན་པ་ནི།

ཕྱལ་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །

ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །

གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །

མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཞེས་པ་སྟེ།

མེ་འབར་ཤིན་ཏུ་འབར་བའི་ཁྲོ་མོ་ཁྲོས་ཤིང་འཁྲུགས་པའི་སྐུར་བསྟན་ཏེ། ཏྲཊ་དང་ཕཊ་ཀྱི་སྔགས་སྒྲས་ཕ་རོལ་བྱད་མ་རྣམས་ཀྱི་འཁྲུལ་འཁོར་དང་སྔགས་ཀྱི་སྟོབས་འཇོམས་པ་དང་། ཞབས་གཡས་བསྐུམ་གཡོན་བརྐྱང་སྟབས་ཀྱིས་གདུག་པ་ཅན་རྣམས་མནན་པའི་ཚུལ་གྱིས་རིམས་ནད་ལ་སོགས་པ་ཞི་བར་མཛད་དོ། །

ཚིགས་བཅད་བརྒྱད་པ།

བརྒྱད་པ་ནི།

ཕྱག་འཚལ་ཏུ་རེས་འཇིགས་པ་ཆེན་མོ། །

བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །

ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །

དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཞེས་པ་སྟེ།

ཏུ་རེའི་སྔགས་ཀྱིས་བསྐུལ་བས་ཞལ་རས་ཁྲོ་གཉེར་ལྡན་པའི་འཇིགས་པ་ཆེན་མོའི་སྐུར་བསྟན་ནས་བདུད་ཀྱི་དཔའ་བོ་དམག་དཔོན་རྣམས་འཇོམས་པ་དང་། བསྟན་ལ་སྡང་བ་དང་། སེམས་ཅན་ལ་འཚེ་བ་དང་། སྒྲུབ་པ་པོ་ལ་བར་དུ་གཅོད་པའི་དགྲ་བོ་མ་ལུས་པ་རྣམས་ཀྱི་གནོད་པའི་བསམ་སྦྱོར་མཚམས་བཅད་དེ་ཞི་བ་ཐར་པའི་ལམ་དུ་འཁྲིད་པར་མཛད་པའོ། །

ཚིགས་བཅད་དགུ་པ།

དགུ་པ་ནི།

ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །

སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །

མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །

རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཞེས་པ་སྟེ།

དཀོན་མཆོག་གསུམ་མཚོན་པར་བྱེད་པའི་ཕྱག་རྒྱ། སྙིམ་པ་ཁ་སྦྱར་གྱི་གོང་མོ་སྦྱར་ཞིང་མཛུབ་མོས་བརྟེན་ནས་མཐེ་བོང་གཤིབས་ཏེ་རྩ་བར་བཀོད་པ་ཐུགས་ཀར་གཏོད་པས་རྣམ་པར་བརྒྱན་པ་དང་། རང་གི་སྐུ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རབ་ཏུ་འཁྲུགས་ཤིང་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ་ཁྱབ་ཅིང་བརྒྱན་པར་མཛད་པའོ། །

ཚིགས་བཅད་བཅུ་པ།

བཅུ་པ་ནི།

ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །

དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །

བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །

བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཞེས་པ་སྟེ།

བརྗིད་ཅིང་མཛེས་པའི་དབུ་རྒྱན་གྱི་འོད་ཀྱི་ཕྲེང་བ་སྤེལ་ཞིང་འཕྲོ་བས་འགྲོ་བ་རྣམས་རབ་ཏུ་དགའ་བ་བསྐྱེད་པ་དང་། བཞད་པ་དང་། རབ་ཏུ་ཆེར་བཞད་པ་དང་། ཏུཏྟཱ་རའི་སྔགས་སྒྲས་བདུད་དང་འཇིག་རྟེན་ཐམས་ཅད་དབང་དུ་མཛད་ནས་ཐར་པ་དང་ཐམས་ཅད་མཁྱེན་པར་འགོད་པར་མཛད་དོ། །

ཚིགས་བཅད་བཅུ་གཅིག་པ།

བཅུ་གཅིག་པ་ནི།

ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །

ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །

ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །

ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཞེས་པ་སྟེ།

ཁྲོ་གཉེར་གཡོ་བའི་ཧཱུྃ་སྒྲས་ས་གཞི་སྐྱོང་བ་རྒྱལ་པོའི་ཚོགས་ཐམས་ཅད་འགུགས་པར་ནུས་པ་དང་། སེམས་ཅན་དབུལ་བའི་སྡུག་བསྔལ་མཐའ་དག་ལས་བསྒྲལ་ནས་འདོད་པའི་ལོངས་སྤྱོད་སྟེར་བར་མཛད་པའོ། །

ཚིགས་བཅད་བཅུ་གཉིས་པ།

བཅུ་གཉིས་པ་ནི།

ཕྱག་འཚལ་ཟླ་བ་དུམ་བུས་དབུ་བརྒྱན། །

བརྒྱན་པ་ཐམས་ཅད་ཤི་ཏུ་འབར་མ། །

རལ་པའི་ཁྲོད་ན་འོད་དཔག་མེད་ལས། །

རྟག་པར་ཤིན་ཏུ་འོད་ནི་མཛད་མ། །ཞེས་པ་སྟེ།

ཟླ་བ་ཕྱེད་པའི་དབུ་རྒྱན་དང་། རྒྱན་གྱི་ཁྱད་པར་གཞན་དང་། རལ་པའི་ཁྲོད་ན་བཞུགས་པའི་འོད་དཔག་མེད་པའི་སྐུ་བཅས་ལས་རྟག་པར་འོད་ཟེར་ཤིན་ཏུ་རབ་ཏུ་འཕྲོ་བའོ། །

ཚིགས་བཅད་བཅུ་གསུམ་པ།

བཅུ་གསུམ་པ་ནི།

ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །

འབར་བའི་ཕྲེང་བའི་དབུས་ན་གནས་མ། །

གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགས། །

དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཞེས་པ་སྟེ།

བསྐལ་པ་འཇིག་དུས་ཀྱི་མེ་ལྟར་འབར་བའི་དབུས་ན་བཞུགས་ཤིང་། ཞབས་གཡས་གཡོན་བརྐྱང་བསྐུམ་གྱིས་ཀུན་ནས་བསྐོར་བའི་དྲག་པོའི་སྟངས་སྟབས་དང་དགའ་བའི་ཉམས་ཀྱིས་མི་དང་མི་མ་ཡིན་པའི་དགྲ་བོའི་དཔུང་ཚོགས་ཐམས་ཅད་རྣམ་པར་འཇོམས་པའོ། །

ཚིགས་བཅད་བཅུ་བཞི་པ།

བཅུ་བཞི་པ་ནི།

ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །

མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །

ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །

རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཞེས་པ་སྟེ།

ཞལ་རས་ཁྲོ་གཉེར་ཅན་དུ་མཛད་ཅིང་འཇིགས་པའི་ཧཱུྃ་སྒྲ་བཅས་ཕྱག་ཞབས་ཀྱི་མཐིལ་རྣམས་ས་གཞིའི་ངོས་ལ་བསྣུན་པས་ས་ཆེན་པོ་འདི་ཉིད་ཀྱི་འོག་ཏུ་ཐོག་ཕུབས་རིམ་པ་བདུན་བཞིན་གནས་པའི་མི་མ་ཡིན་གྱི་སྣོད་བཅུད་དག་དུམ་བུར་འཐོར་བར་མཛད་པའོ། །

ཚིགས་བཅད་བཅོ་ལྔ་པ།

བཅོ་ལྔ་པ་ནི།

ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །

མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །

སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །

སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཞེས་པ་སྟེ།

ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་ལྷ་མོའི་སྤྱོད་ཡུལ་དུ་གྱུར་པས་རྟག་ཏུ་བདེ་བ་དང་དགེ་བ་དང་ཞི་བའི་ངང་ཚུལ་དུ་གནས་ཏེ་གདུལ་བྱ་རྣམས་ཀྱང་དེ་དག་ཏུ་འགོད་པ་དང་། མགོ་མཇུག་ཏུ་ཨོཾ་དང་སྭཱ་ཧཱ་ལྡན་པའི་རིག་སྔགས་བཟླས་པས་སྡིག་པ་དང་སྡུག་བསྔལ་ཆེན་པོ་དག་ཀྱང་འཇོམས་པར་བྱེད་དོ། །

ཚིགས་བཅད་བཅུ་དྲུག་པ།

བཅུ་དྲུག་པ་ནི།

ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །

དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །

ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །

རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཞེས་པ་སྟེ།

རྩ་སྔགས་ཡི་གེ་བཅུ་པ་དང་ས་བོན་ཧཱུྃ་ཡིག་ལས་བྱུང་བའི་ལྷ་མོ་སྒྲོལ་མ་ནི་བྱང་ཆུབ་སེམས་དཔའ་དགའ་བའི་ཐུགས་ལྡན་རྣམས་ཀྱིས་བསྐོར་ཞིང་། སེམས་ཅན་རྣམས་ལ་འཚེ་བའི་དགྲ་ཡི་ལུས་ནི་རབ་ཏུ་འགེམས་པའོ། །

ཚིགས་བཅད་བཅུ་བདུན་པ།

བཅུ་བདུན་པ་ནི།

ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །

ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །

རི་རབ་མན་དཱ་ར་དང་འབིགས་བྱེད། །

འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཞེས་པ་སྟེ།

ཧཱུྃ་ཡིག་ས་བོན་དུ་གྱུར་པའི་ལྷ་མོ་ཏུ་རེའམ་མྱུར་མས་ཞབས་གཉིས་བརྡབས་པས་རིའི་རྒྱལ་པོ་རི་རབ་དང་། མན་དཱ་ར་ཞེས་བྱ་བའི་རི་དང་། རི་བོ་འབིགས་བྱེད་དང་བཅས་པའི་འཇིག་རྟེན་གསུམ་སྟེ་ས་འོག་ས་སྟེང་ས་བླ་རྣམས་གཡོ་བར་བྱེད་དོ། །

ཚིགས་བཅད་བཅོ་བརྒྱད་པ།

བཅོ་བརྒྱད་པ་ནི།

ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །

རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །

ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །

དུག་རྣམས་མ་ལུས་པ་ནི་སེལ་མ། །ཞེས་པ་སྟེ།

ལྷ་ཡི་མཚོ་དང་འདྲ་བའི་ཟླ་བ་དཀར་ཟླུམ་ཕྱག་ན་བསྣམས་པའི་ལྷ་མོའི་རིག་སྔགས་ཏཱ་ར་གཉིས་བརྗོད་ཀྱི་མཐའ་བརྟེན་ཕཊ་ཡིག་བཏགས་པས་ནི་བརྟན་གཡོའི་དུག་རྣམས་མ་ལུས་སེལ་བར་བྱེད་དོ། །

ཚིགས་བཅད་བཅུ་དགུ་པ།

བཅུ་དགུ་པ་ནི།

ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །

ལྷ་དང་མིའམ་ཅི་ཡིས་བསྟེན་མ། །

ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །

རྩོད་དང་རྨི་ལམ་ངན་པ་སེལ་མ། །ཞེས་པ་སྟེ།

འདོད་ལྷའི་ཚོགས་དང་མིའི་རྒྱལ་པོ་དང་། ས་ཆུ་ཤིང་སོགས་ལ་གནས་པའི་ལྷ་དང་། མིའམ་ཅི་སོགས་ཀྱིས་ཞབས་པད་ལ་གུས་པར་བསྟེན་པའི་ལྷ་མོ་ཡི་དམ་གྱི་ལྷར་བཟུང་བའི་གོ་ཆ་བགོས་ན་རྣམ་ཀུན་དགའ་བདེར་གནས་པའི་གཟི་བརྗིད་ཀྱིས་ཕ་རོལ་པོའི་རྩོད་པ་དང་རྨི་ལམ་ངན་པ་སོགས་སེལ་བར་བྱེད་དོ། །

ཚིགས་བཅད་ཉི་ཤུ་པ།

ཉི་ཤུ་པ་ནི།

ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །

སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །

ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །

ཤིན་ཏུ་དྲག་པོའི་རིམས་ནི་སེལ་མ། །ཞེས་པ་སྟེ།

སྤྱན་གཉིས་པོ་ལས་འོད་རབ་འཕྲོས་པས་སྡིག་སྡུག་སྲེག་པ་དང་། ཚེ་བསོད་དཔལ་འབྱོར་རྒྱས་པར་བྱེད་པའི་ལྷ་མོའི་རིག་སྔགས་ཧ་ར་གཉིས་བརྗོད་དེ། ཨོཾ་ན་མཿཏཱ་རེ་ན་མོ་ཧ་རེ་ཧཱུྃ་ཧ་རེ་སྭཱ་ཧཱ་དང་། ཏུ་ཏྟཱ་ར་ཡི་སྔགས་བཅས་བཟླས་ན་གསོ་བར་དཀའ་བའི་རིམས་ནད་དྲག་པོ་རྣམས་ཀྱང་སེལ་བར་བྱེད་དོ། །

ཚིགས་བཅད་ཉེར་གཅིག་པ།

ཉེར་གཅིག་པ་ནི།

ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །

ཞི་བའི་མཐུ་དང་ཡང་དག་ལྡན་མ། །

གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །

འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཞེས་པ་སྟེ།

གདུལ་བྱ་སེམས་ཅན་རྣམས། རྒྱུ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ། ངོ་བོ་སྟོང་པ་ཉིད་དེ་དེ་ཁོ་ན་ཉིད་གསུམ་གྱི་ལམ་ལ་བཀོད་པས་སྡུག་བསྔལ་གཏན་དུ་ཞི་བའི་ཐར་པ་ལ་འཁྲིད་པར་མཛད་པའི་མཐུ་དང་ལྡན་ཞིང་། གདོན་དང་རོ་ལངས་གནོད་སྦྱིན་སོགས་གདུག་པ་ཅན་མཐའ་དག་ཏུ་རེ་སྟེ་མྱུར་དུ་འཇོམས་པའི་ལྷ་མོ་ནི་ཡི་དམ་གྱི་ལྷ་ཀུན་ལས་ཀྱང་རབ་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ། །གཞུང་འདི་བླ་མེད་རྒྱུད་སྡེ་ཡིན་ཕྱིར་སྔགས་ཀྱི་བཤད་པ་སྣ་ཚོགས་ཡོད་མོད། རང་རེ་དམན་པ་རྣམས་ཀྱི་བློ་ཡུལ་དུ་འགྱུར་དཀའ་བར་བརྟེན་ཚིག་དོན་འོལ་སྤྱི་ཙམ་གྱིས་ཆོག་པར་བྱས་སོ། །

ཕན་ཡོན།

མཚན་བསྟན་པ།

གཉིས་པ་ཕན་ཡོན་ལ་གཉིས། མཚན་བསྟན་པ་དང་། ཕན་ཡོན་དངོས་སོ། །

དང་པོ་ནི།

རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། །

ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཅེས་པ་སྟེ།

རྩ་སྔགས་ཡི་གེ་བཅུ་པ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་སྟེ་དོན་ནི་སྒྲོལ་མ་སྡུག་བསྔལ་ལས་སྒྲོལ་མ་གཞི་ཚུགས་ཞེས་བྱའོ། །སྔགས་འདིའི་སྒོ་ནས་བསྟོད་པའང་འདི་ཉིད་ཡིན་ལ། ཕྱག་འཚལ་ལོ་ཉེར་གཅིག་ལྡན་པའི་བསྟོད་པའང་འདི་ཉིད་ཡིན་ནོ། །

ཕན་ཡོན་དངོས།

ལྷར་བསྙེན་པའི་ཕན་ཡོན།

གཉིས་པ་ལ་གསུམ། ལྷར་བསྙེན་པའི་ཕན་ཡོན། རིག་སྔགས་དྲན་པའི་ཕན་ཡོན། རྒྱུད་ཀློག་པའི་ཕན་ཡོན་ནོ། །

དང་པོ་ནི།

ལྷ་མོ་ལ་གུས་ཡང་དག་ལྡན་པའི། །

བློ་ལྡན་གང་གིས་རབ་ཏུ་བརྗོད་པས། །

སྲོད་དང་ཐོ་རངས་ལངས་པར་བྱས་ནས། །

དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །

སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །

ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །

རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །

མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །

འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །

སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །ཞེས་པ་སྟེ།

དད་བརྩོན་ཤེས་རབ་ལྡན་པའི་གང་ཟག་དག་གིས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་སྲོད་དང་ཐོ་རངས་ཀྱི་དུས་སུ་བསྟོད་ཕྱག་འདི་ཉིད་བརྗོད་པས་འཕགས་མ་སྒྲོལ་མ་བསྒྲུབ་ན་མི་འཇིགས་པའི་གནས་དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་པ་དང་། རྒྱུ་སྡིག་པ་མི་དགེ་བ་ཐམས་ཅད་རབ་ཏུ་ཞི་ནས་འབྲས་བུ་ངན་འགྲོར་སྐྱེ་བ་ཐམས་ཅད་འཇོམས་པར་བྱེད་པ་དང་། སྒྲོལ་མ་ཉིད་དང་ལྷན་དུ་གཤེགས་པའི་རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱི་ཞལ་མྱུར་དུ་མཐོང་སྟེ། དབང་བསྐུར་བ་ཐོབ་པས་ཡོན་ཏན་གྱི་ཆེ་བ་དུ་མ་ལྡན་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཕགས་པའི་ས་རྣམས་རིམ་གྱིས་ཐོབ་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་དེར་འགྲོ་བར་འགྱུར་རོ། །

རིག་སྔགས་དྲན་པའི་ཕན་ཡོན།

གཉིས་པ་ནི།

དེ་ཡི་དུག་ནི་དྲག་པོ་ཆེན་པོ། །

བརྟན་གནས་པའམ་གཞན་ཡང་འགྲོ་བ། །

ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །

དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །

གདོན་དང་རིམས་དང་དུག་གིས་བཟིར་བའི། །

སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ། །

སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །ཞེས་པ་སྟེ།

ལྷ་མོའི་རིག་སྔགས་བཅོས་མིན་གྱི་དད་པས་དྲན་པའི་གང་ཟག་དེའི་རྒྱུད་ལ་ཟོས་འཐུངས་རེག་པ་སོགས་ཀྱིས་རྒྱུ་བ་དང་མི་རྒྱུ་བའི་དུག་སྡུག་བསྔལ་ཚབས་ཆེན་བསྐྱེད་པའི་དྲག་པོ་ཞུགས་པ་ཡང་སེལ་བ་དང་། གདོན་དང་རིམས་ཀྱིས་གཟིར་བའི་སྡུག་བསྔལ་སྣ་ཚོགས་པ་རྣམས་ཀྱང་སྤོང་བར་འགྱུར་ཞིང་། རིག་སྔགས་ཀྱི་སྦྱོར་བ་བསྟེན་ན་སེམས་ཅན་གཞན་གྱི་དུག་དང་སྡུག་བསྔལ་ཡང་མེད་པར་བྱེད་དོ། །

རྒྱུད་ཀློག་པའི་ཕན་ཡོན།

གསུམ་པ་ནི།

གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །

བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །

ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །

འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །

བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཞེས་པ་སྟེ།

བུ་ནོར་ལ་སོགས་པ་འདོད་པའི་དོན་རྣམས་བསྒྲུབ་པར་འདོད་པ་དག་གིས་བསྟོད་ཕྱག་གི་རྒྱུད་ཉིད་གཉིས་གསུམ་བདུན་ལ་སོགས་པ་དད་པས་མངོན་པར་བརྗོད་ན་གེགས་མེད་ཡིད་བཞིན་འགྲུབ་པར་འགྱུར་རོ། །གཞུང་ནས་བསྟན་པ་བཞིན་ལྷ་མོ་སྒྲོལ་མར་གསོལ་བ་རྩེ་གཅིག་ཏུ་བཏབས་པས་ཉམ་ངའི་གནས་ནས་ཐར་བའི་ལོ་རྒྱུས་ཀྱང་ཡོད་དེ། ཁ་ཆེའི་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་མི་བརྒྱ་དང་བདུན་གྱིས་བསྐོར་བ་ཙན་ལྡན་གྱི་མེས་སྲེག་པའི་ཚེ་སྨྲེ་སྔགས་ཀྱིས་གསོལ་བ་བཏབ་པའི་སྐད་ཅིག་དེར་འཕགས་མའི་ཕྱག་ནས་ཆར་རྒྱུན་གཉའ་ཤིང་ཙམ་བབས་ནས་མཚོ་ནང་གི་པདྨ་ལྟར་གྱུར་པ་དང་། ཙནྡྲ་གོ་མི་རྒྱལ་པོའི་ཆད་པས་གངྒཱའི་ཆུར་བསྐྱུར་བ་ན་གསོལ་བ་བཏབ་པས་སིང་ག་ལའི་གླིང་དུ་བཞག་པས་མཚོན་ནོ། །


previousརྒྱུད་ཀྱི་ཚིག་དོན།next