cover

ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།

པོད། ཁ༽

ཀུན་མཁྱེན་འཇམ་དབྱངས་བཞད་པ།

དཔལ་ལྡན་འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྔོན་གླེང་།

གོ་ལའི་ཤར་ནུབ་ཀུན་ཏུ་རྫས་འགྱུར་འཕྲུལ་རིག་གི་ཚ་རླབས་དྲག་ཏུ་འཕྱོ་ཞིང་། ཆོག་མི་ཤེས་པའི་འདོད་རྔམ་བདུད་ཀྱི་གཡབ་མོས་ཀུན་ནས་བསླུས་པའི་འཛམ་གླིང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འདི། དུས་རབས་སྔོན་མ་དག་ལས་ཕྱི་དངོས་པོའི་མཐུན་རྐྱེན་ཐད་སྣ་ཇེ་འཛོམས་དང་སྟབས་ཇེ་བདེར་གྱུར་ཡོད་པ་ནི་ཡར་རྒྱས་དང་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པར་མཁས་བླུན་སུས་ཀྱང་བསྙོན་དུ་མེད། འོན་ཏེ་ཕྱོགས་གཞན་ཞིག་ནས་བསམ་ན། གནའ་དེང་སྤྱི་ཚོགས་ཀྱི་བར་ན་དོ་མི་མཉམ་ཞིང་ཁོད་སྙོམས་དཀའ་བའི་ཧེ་བག་ཆེན་པོ་ཞིག་ཡོད་པའང་ཀུན་གྱི་སེམས་ངོ་ན་གསལ་ཐང་ངེར་ཡོད་པ། དཔེར་ན། དུས་རབས་སྔོན་མ་དག་གི་སྐབས་སུ་བཀའ་བསྟན་གྱི་གླེགས་བམ་རྣམས་ཏ་ལའི་ལོ་མ་དང་རྒྱུ་བཟང་པོའི་རས་སུ་བྲིས་པ། དེ་ཡང་གསེར་བཟང་པོའི་རྩི་སོགས་རིན་པོ་ཆེའི་ལྡེ་གུས་བྲིས་པ། གཞན་ཡང་ཙན་དན་དང་ཨ་ཀར་སོགས་སུ་བརྐོས་ཏེ་ཡི་གེར་ཕབ་པ། མདོར་ན་ཤིང་བརྐོས་ལས་བཀའ་བསྟན་གསུང་རབ་དག་པར་དུ་བཞེངས་ཏེ་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་བར་སྔར་སྲོལ་མ་ཉམས་པར་ཡོད། དུས་རབས་ཉི་ཤུའི་སྨད་ཙམ་ནས་བཀའ་བསྟན་གསུང་རབ་གླེགས་བམ་གྱི་དབྱིབས་གཟུགས་འགྱུར་འགོ་ཚུགས་ཏེ་དུས་ད་ལྟའི་བར་དེབ་གཟུགས་སུ་མ་འགྱུར་བའི་གླེགས་བམ་ཧ་ལམ་ལྷག་མེད་པ་ལྟ་བུར་སྣང་། དེ་བས་འགྱུར་འགྲོས་ཧ་ཅང་མྱུར་ཞིང་རྒྱ་ཁྱབ་ཏུ་འཕེལ་བའི་དེང་གི་དུས་སུ་རྒྱུག་ཆེ་བའི་(གློག་རྡུལ་འཕྲུལ་དེབ་)འདི་སྔ་མ་སྔ་མའི་གླེགས་བམ་དག་ལ་ལྟོས་ཏེ་བཤད་ན་རིན་ཐང་ཆེར་མེད་མོད། འོན་ཀྱང་གདན་ས་གྲྭ་ཚང་དང་བོད་ཀྱི་གསུང་རབ་དཔེ་མཛོད་ཁང་སོགས་དང་ཁ་ཐག་རིང་བའི་ཡུལ་ལུང་ཁུག་ཀྱོག་དག་ན་བཞུགས་པའི་ཀློག་པ་པོ་རྣམས་དང་། ཁྱད་པར་དུ་ཁོམ་ལོང་ཆེར་མེད་པའི་གདན་སའི་དཔེ་ཀློག་པ་ཞིག་གིས་གཞུང་ཚིག་དང་ཁུངས་ལུང་བཙལ་བ་སོགས་ལ་ཤིན་ཏུ་ནས་སྟབས་བདེ་དང་ཕན་རླབས་ཆེ་བས། འདི་ནས་ཀྱང་དུས་རབས་ཀྱི་འགྲོས་དང་བསྟུན་ཁུལ་གྱིས་(ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་གསུང་འབུམ་)འདིས་མཚོན། པར་རྩ་གང་བཞུགས་རྣམས་རིམ་གྱིས་གློག་རྡུལ་འཕྲུལ་དེབ་ཀྱི་ལམ་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གཟིགས་རྟེན་གྱི་སྐྱེས་སུ་ཕུལ་དང་འབུལ་འགྱུར་དུ་ཡོད་པའི་དགེ་རྩ་གང་མཆིས་རྣམས། ༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོའི་ཞལ་སྔ་ནས་དགུང་གྲངས་བརྒྱད་ཅུ་བཞེས་པའི་དགའ་སྟོན་དང་བཀའ་དྲིན་རྗེས་དྲན། མགོན་པོ་གང་ཉིད་བསྟན་པ་དང་འགྲོ་བའི་སླད་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྒྱུར་འགྲོ་བའི་སྨོན་པ་དང་བཅས།
དཔལ་ལྡན་འབྲས་སྤུངས་སྒོ་མང་དཔེ་མཛོད་འགན་འཛིན་དགེ་བཤེས་འཇིགས་མེད་བསྟན་འཕེལ་གྱིས་༢༠༡༥ཟླ་༡༡ཚེས་༢༨ལའོ། །

མཛད་པ་པོའི་རྣམ་ཐར་མདོར་བསྡུས།

སྣང་མཐའི་སྒྱུ་འཕྲུལ་པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་དཔལ་གྱི་གསུང་ལས། ངག་གི་དབང་ཕྱུག་འཇམ་མགོན་བླ་མ་ཡི། །མདོ་སྔགས་བསྟན་པའི་རྒྱ་མཚོ་སྤེལ་བ་ལ། ། བརྩོན་འགྲུས་ལྷོད་པ་མེད་པའི་སྙིང་སྟོབས་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ་སྲིད་གསུམ་མཁས་པའི་གཙུག་རྒྱན་གྲུབ་པའི་དབང་ཕྱུག་ཆེན་པོ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ནི་རབ་བྱུང་བཅུ་གཅིག་པའི་ས་བྱི་སྤྱི་ལོ་༡༦༤༨ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་ཨ་མདོ་བསང་གི་རྡོ་གེར་ཞེས་པ་དང་ཐག་ཉེ་བར་ཡོད་པ་རྒན་གྱ་རྟིང་རིང་ལྷས་ཁྲ་ཏིང་ཞེས་པར་ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དབལ་ཤུལ་གྱི་དཔོན་རྒྱུད་དུ་ཡབ་དཔལ་འབུམ་ཟེར་བ་དང་ཡུམ་ཐར་མོ་བྱམས་ཟེར་བ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། དགུང་ལོ་ལྔ་བཞེས་པའི་ཚེ་༸རྒྱལ་དབང་ལྔ་པ་ཆེན་མོ་རྒྱ་ཕེབས་སྐབས་མཚོ་སྔོན་པོའི་ཁར་མཇལ་ཏེ་ཆོས་འབྲེལ་དང་ཕྱག་དབང་ཐོབ། དགུང་ལོ་བདུན་པའི་ཚེ་ཁུ་བོ་བསོད་ནམས་ལྷུན་གྲུབ་ལས་ཡི་གེ་འབྲི་ཀློག རི་མོ་འབྲི་བ། སྒྲུབ་ཐབས། སྨན་དཔྱད། ཟ་ཡིག ས་དཔྱད། སྔགས་འབུམ། མཁྱུད་དཔྱད་སོགས་རིག་པའི་གནས་མཐའ་དག་ཐུགས་སུ་ཆུད། དགུང་ལོ་བཅུ་གསུམ་པར་འདུལ་བ་འཛིན་པ་ཡེ་ཤེས་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་དེ་ཉིད་ལས་འཇིགས་བྱེད་ཀྱི་རྗེས་གནང་གསན་ནས་སྒྲུབ་ཐབས་ཆག་མེད་དང་སྐུ་མཚམས་མཛད་དེ་ཡ་མ་ར་ཛ་བྱེ་ཆེན་སོང་སྐབས་མཚན་ལམ་དུ་རྭ་ལོ་རྡོ་རྗེ་གྲགས་ཆེན་པོ་ཞལ་གཟིགས་ཤིང་གསུང་གི་གནང་བ་ཐོབ། དགུང་ལོ་བཅུ་དྲུག་གི་དུས་དགེ་སྦྱོར་གྱི་ཆེད་དུ་སྐུ་ཆིངས་བཀྲོལ་ནས་མི་གཟིམ་པའི་དམ་བཅའ་མཛད།
དགུང་ལོ་ཉེར་གཅིག་པར་ཡབ་ཡུམ་ལ་གནང་བ་ཞུས་ཏེ་དབུས་སུ་ཕེབས་ཁར་སྐུ་བསྙུན་པར་གྲུབ་པའི་དབང་ཕྱུག་སྐལ་ལྡན་རྒྱ་མཚོའི་དྲུང་ནས་འཇམ་དཔལ་ནག་པོའི་རྗེས་གནང་ཞུས་པས་ཉམས་གྲིབ་ཐམས་ཅད་རང་སར་དེངས་པར་གྱུར། དགུང་ལོ་ཉེར་གཅིག་པར་དབུས་གཙང་དུ་ཆིབས་བསྒྱུར་མཛད་པར་སྔ་ཉིན་ནས་ཕྱི་ཉིན་གང་དུ་འབྱོན་པའི་རི་ཐང་སོགས་འཆར་བ་དང༌། གཞི་བདག་རྣམས་ཀྱིས་བསུ་སྐྱེལ་བསྙེན་བཀུར་སོགས་ཚུལ་བཞིན་བྱེད་ཅིང༌། ལྡང་ལར་ཕེབས་མཚམས་མགོན་པོ་ཕྱག་དྲུག་པའི་ཞལ་གཟིགས་པ་སོགས་ཡ་མཚན་པའི་ལྟས་མང་པོ་བྱུང༌། ལྷ་སར་མཆོད་མཇལ་སྐབས་ཇོ་བོ་ཤཱཀྱ་མུ་ནི་དང༌། འཇམ་དབྱངས་གྱང་ཐིམ་མ་གཉིས་ཀྱིས་མཇལ་དར་ཕྱག་གིས་བཞེས་ཏེ་ཞལ་འཛུམ་པ་མཛད་ཅིང་གསུང་བྱོན་པའི་གཟིགས་སྣང་བྱུང༌། འཇིག་རྟེན་དབང་ཕྱུག་ལྔ་པ་ཆེན་པོར་མཇལ་བར་ཕེབས་སྒོ་དང་དགྱེས་བརྩེ་ཚད་མེད་མཛད། འབྲས་སྤུངས་སུ་ཕེབས་པར་འབྲས་སྤུངས་ཚོགས་དུང་བཏང་བ་དང༌། དན་འབག་སྣ་ནས་དགོན་པ་མཇལ་བ་དུས་མཚུངས་བྱུང༌། འབྲས་སྤུངས་མཆོད་མཇལ་སྐབས་༸རྒྱལ་དབང་གོང་མའི་ལྡེར་སྐུ་ཞིག་བཞུགས་པ་སྐུ་དངོས་སུ་གྱུར་ཏེ་གསུང་མང་པོ་བྱོན། ༸རྒྱལ་དབང་བསོད་ནམས་རྒྱ་མཚོས་བཞེངས་པའི་རྗེ་ཙོང་ཁ་པའི་སྐུ་བརྙན་ཡང་རྗེ་དངོས་གནས་པར་གྱུར་ཏེ་ལུང་བསྟན་གནང༌། ལོ་དེའི་ཧོར་ཟླ་དགུ་པའི་ཚེས་ཉེར་ལྔའི་ཉིན་བློ་གསལ་བྱེ་བའི་བསྟི་གནས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། སྒོ་མང་མཁན་ཆེན་ཀླུ་འབུམ་བློ་གྲོས་རྒྱ་མཚོའི་དྲུང་ནས་བརྩི་བཞག་གསན། ཆོས་ཐུན་གཉིས་གསུམ་ནས་རྩོད་གྲྭ་རྙེད་ཅིང་སྟོན་ཆོས་གསུམ་པ་ཚུགས་དུས་བགྲོ་གླེང་ཤར་ཤར་བྱེད་ཐུབ་པ་བྱུང༌།
དགུང་ལོ་ཉེར་གཉིས་པ་ལ་གཞུང་གསར་དུ་ཕེབས་ཏེ་བསམ་བློ་ལྕང་སྐྱ་ངག་དབང་ཆོས་ལྡན་དགེ་རྒན་དུ་བསྟེན་ནས་ཕུལ་དུ་བྱུང་བའི་ལེགས་བཤད་གྱིས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས། ལྕགས་ཁྱིའི་ལོ་དགུང་ལོ་ཉེར་གསུམ་པའི་དུས་འཛིན་གྲྭ་སྐབས་དང་པོར་ཕེབས། ཟུར་བཀོལ་བཞི་དང༌། རྣམ་བཤད་སྐབས་དང་པོ་ཕལ་ཆེར་ཐུགས་ལ་བྱང་བར་བཟུང༌། ལེགས་བཤད་གསེར་ཕྲེང་སོགས་ཡིག་ཆ་མང་པོར་ཞིབ་གཟིགས་མཛད་པས་ཐུགས་སྐྱེད་ཆེ་བར་བྱུང༌། བརྩི་བཞག་སྦྱོར་ལམ་དུ་སླེབས་དུས་འཇམ་དབྱངས་མིའི་བོངས་ཚོད་ཙམ་པ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡུན་རིང་པོའི་བར་གཟིགས་པས་ཤེར་ཕྱིན་རྒྱན་གྱི་དོན་ལྷག་མ་མེད་པར་ཐུགས་སུ་ཆུད། དེ་ནས་བཟུང་མདོ་རྒྱུད་གང་ལ་གཟིགས་ཀྱང་ཆུ་དྭངས་རྡེའུ་ལྟར་ཐུགས་ལ་འཆར་བ་བྱུང༌། ཆོས་གྲྭར་འབྱོན་པའི་སྐབས་དེ་དག་ཏུ་སྐུ་ཆས་བཀྲེན་པོ་བྱུང་སྟེ་སྲན་མ་ཆུར་སྦངས་ནས་བཞེས་པ་སོགས་དཀའ་སྤྱད་མཛད། དགུང་ལོ་ཉེར་བཞི་བར་འཛིན་གྲྭ་ཕར་ཕྱིན་ཏུ་ཕེབས། རྣམ་བཤད་གསེར་ཕྲེང་གི་དཀའ་གནད་དང༌། འགྲེལ་ཆུང་དོན་གསལ། ལེགས་བཤད་སྙིང་པོ་རང་རྒྱུད་པའི་བར་བཅས་བཟུང༌། ལོ་དེར་རྣམ་བཤད་དགོངས་པ་རབ་གསལ་གྱི་སྟོད་ཆ་ཕལ་ཆེར་ཐུགས་འཛིན་མཛད་ཅིང༌། ཞར་ལ་རྗེ་བཙུན་པ་དང་བདེ་ལེགས་ཉི་མ་སོགས་ཀྱི་འདུལ་མཛོད་ལ་སྦྱངས་པས་རྣམ་དཔྱོད་ཀྱི་ཀློང་བརྡོལ། དེ་གའི་ཞར་ལ་ལམ་རིམ་སྔགས་རིམ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་སོགས་གཞུང་དང་མན་ངག་དུ་མ་ལ་སྦྱངས་ཤིང༌། སྒྲ་དང་སྙན་ངག་ལ་ཡང་སྐབས་སྐབས་སུ་གཟིགས་རྟོག་མཛད་པས་ལེགས་པར་དགོངས། ཕར་ཕྱིན་སྟོན་མོའི་དམ་བཅའ་དཔེ་མེད་མཛད། དགུང་ལོ་ཉེར་ལྔ་ཆུ་བྱི་ལ་འཛིན་གྲྭ་དབུ་མར་ཕེབས། རྣམ་བཤད་དགོངས་པ་རབ་གསལ་བཟུང་ཞིང༌། རྒྱ་བོད་ཀྱི་གཞུང་ལུགས་སྤྱི་དང་ལྷག་པར་རྗེའི་དབུ་མའི་གཞུང་ལྔ། སྟོང་ཐུན་དང་བཅས་པ་ཞིབ་གཟིགས་ཀྱིས་ལྟ་བའི་གནད་ལ་དཔྱད་པ་རྫོགས་པར་མཛད། དགུང་ལོ་ཉེར་དྲུག་པར་གསང་ཕུ་ནེའུ་ཐོག་དུ་དཀའ་བཅུའི་གྲྭ་སྐོར་མཛད། བསེ་ཁྲབ་པ་ཞལ་གཟིགས་ཏེ་ཁྱོད་ཀྱི་སྙན་གྲགས་ས་སྟེང་ཐམས་ཅད་དུ་ཁྱབ་པར་འགྱུར་ཞེས་ལུང་བསྟན་གསུངས།
དགུང་ལོ་ཉེར་བདུན་པ་ཤིང་སྟག་ལོར་ཕོ་བྲང་པོ་ཏ་ལར་རྒྱལ་དབང་ལྔ་པ་ཆེན་པོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགུང་ལོ་ཉེར་དགུ་བར་རྒྱུད་སྨད་དུ་ཕེབས། རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོ་བསྟེན་ནས་གསང་ཆེན་ཆོས་ཀྱི་གན་མཛོད་བདག་གིར་བཞེས། ལོ་དེར་ཊཱིཀྐ་ཆུང་བའི་སྐྱོར་དཔོན་མཛད། ཆུ་མིག་ལུང་དུ་ཁྲི་ཁང་བརྩི་བཞག་དུ་གྲགས་པ་རིམ་ལྔའི་དམར་ཁྲིད་ཀྱི་ཕྱག་ལེན་མཛད་པས་ཉམས་མྱོང་ཁྱད་པར་ཅན་སྐྱེས།
དགུང་ལོ་སོ་གསུམ་པ་ནས་འབྲས་སྤུངས་རྒྱབ་རི་དགེ་འཕེལ་རི་ཁྲོད་དུ་སྒྲུབ་པ་མཛད། ཁྲི་སྦྱིན་པ་རྒྱ་མཚོ། སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་སོགས་བསྟེན་ནས་མདོ་རྒྱུད་མན་ངག་མང་དུ་གསན། དགུང་ལོ་སོ་བརྒྱད་པར་དགེ་འཕེལ་རི་ཁྲོད་དུ་དྲང་ངེས་མཐའ་དཔྱོད་ཆེན་མོ་བརྩམས། དགུང་ལོ་བཞི་བཅུ་པ་ལ་གནས་དེ་ཉིད་དུ་བསམ་གཟུགས་ཆེན་མོ་བརྩམས། གཞན་ཡང་གནས་དེ་ཉིད་དུ་དགུང་ལོ་ཞེ་གཉིས་པ་ས་སྦྲུལ་ལོར་གྲུབ་མཐའ་རྩ་བ་བརྩམས་ཤིང༌། དེའི་རང་འགྲེལ་གྲུབ་མཐའ་ཆེན་མོ་རྩོམ་པའི་དབུ་བཙུགས། དགུང་ལོ་ང་གཉིས་པ་ས་མོ་ཡོས་ཀྱི་ལོར་གྲུབ་མཐའ་ཆེན་མོ་རྫོགས་པར་བརྩམས། དགུང་ལོ་ཞེ་བརྒྱད་པ་ཤིང་ཕག་ལོར་དབུ་མའི་མཐའ་དཔྱོད་ཆེན་མོ་ལུང་རིགས་གཏེར་མཛོད་བརྩམས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བསྡུས་ཚན་དུ་ཡོད་དྲིས་པའི་ལན་དུ་བསྡུས་གྲྭའི་རྩ་ཚིག་བརྩམས་པར་བཤད། གཞན་ཡང་བྱང་ཆུབ་ལམ་གྱི་རིམ་པའི་མཆན་འགྲེལ་གསེར་གྱི་འཁོར་ལོ་རིན་པོ་ཆེ་བྱ་བ་ཡང་ལོ་དེར་མཛད། དགུང་ལོ་ང་གསུམ་པར་སྡེ་སྲིད་ཀྱིས་བསྐུལ་ངོར་རྣམ་འགྲེལ་མཐའ་དཔྱོད་རྩོམ་འཕྲོར་ལུས་པ་དེ་མཛད། ཤར་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུའི་ངོར་མ་ཏི་ལུགས་ཀྱི་འཇམ་དཀར་སྒྲུབ་ཐབས་མཛད། དེ་ལྟར་དགུང་ལོ་སོ་གསུམ་ནས་ང་གསུམ་བར་རི་བོ་དགེ་འཕེལ་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ཅིང་བླ་མ་དང་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་ཏེ་མངོན་པར་རྟོགས་པའི་ཀློང་བརྡོལ། ཞར་ལ་ལམ་རིམ་གྱི་འཁྲིད་ལྔ་བཅུར་ཉེ་བ་དང༌། དབང་ལུང་མན་ངག་སོགས་མཐའ་ཡས་པ་གནང༌།
སྒོ་མང་བ་ཐམས་ཅད་ཀྱི་རེ་འདུན་དང༌། ༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བཀའ་བཟློག་མ་ནུས་པར་དགུང་ལོ་ང་གསུམ་པ་ལྕགས་འབྲུག་ཕྱི་ལོ་༡༧༠༠ ཧོར་ཟླ་བཅུ་པའི་ཚེས་ལྔ་ལ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་མི་འཇིགས་སེང་གེའི་ཁྲི་ལ་ཞབས་སོར་བཀོད། བཀའ་རམས་འཛིན་གྲྭས་ཐུགས་ཁུར་བཞེས་ཏེ་ཁང་ཚན་སོ་སོའི་དགེ་རྒན་བཅས་ཀྱིས་ཆོས་གྲྭར་མཎྜལ་རྟེན་གསུམ་འབུལ་ཚན་བཅས་ཕུལ་ཏེ་གྲྭ་ཚང་གི་བརྩི་བཞག་ལ་གཏོང་རྒྱུའི་ཆེད་འདུལ་མཛོད་ཕར་ཕྱིན་བཅས་ཀྱི་ཡིག་ཆ་རྩོམ་བསྐུལ་ཞུས་པ་ལྟར་བརྩམས། གཞན་ཡང་བྲག་གཡབ་སྤྲུལ་སྐུས་ཞུས་ངོར་འཇིགས་བྱེད་ཆོས་འབྱུང་བརྩམས་པ་སོགས་གསུང་རྩོམ་མང་དུ་མཛད། དགུང་ལོ་དྲུག་ཅུ་པ་མེ་ཕག་ཕྱི་ལོ་༡༧༠༧ལོར་གྲྭ་ཚང་གི་བླ་མར་ཉི་ཐང་བ་བློ་བཟང་ཤེས་རབ་བསྐོས་ཏེ་རང་ཉིད་སེ་ཆེན་ཞབས་དྲུང་གི་ཁང་པར་སྤོས་ནས་ཟུར་བཞུགས་མཛད། དེ་ལྟར་དགུང་ལོ་ཉེར་གཅིག་ནས་སོ་གཉིས་བར་དབུས་གཙང་དུ་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་མཐའ་ཆོད་པར་མཛད། དགུང་ལོ་སོ་གསུམ་ནས་ང་གསུམ་བར་རི་བོ་དགེ་འཕེལ་དུ་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཤིང་དབང་ལུང་མན་ངག་སོགས་ཟབ་ཆོས་ཀྱིས་སྐལ་ལྡན་མཐའ་ཡས་པའི་རེ་བ་བསྐངས། དགུང་གྲངས་ང་གསུམ་པ་ལྕགས་འབྲུག་ནས་དྲུག་ཅུ་པ་མེ་ཕག་བར་སྒོ་མང་བླ་མ་མཛད་ནས་ཆོས་སྲིད་གཉིས་ཀྱིས་གྲྭ་ཚང་ལེགས་པར་བསྐྱངས། རེ་གཅིག་ནས་རེ་གཉིས་བར་ཕ་བོང་ཁའི་མཁན་པོ་མཛད་དེ་ཆོས་ཀྱི་ཆར་ཕབ་པ་སོགས་དབུས་གཙང་གི་ཕྱོགས་སུ་བསྟན་པ་རྒྱས་པར་མཛད་ནས་མདོ་སྨད་དུ་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་ཕྱག་འདེབས་པའི་དུས་ལ་བབ་པ་དང༌། དཔོན་ཇུ་ནང་ཡབ་སྲས་ཀྱིས་གསོལ་བ་ཡང་ཡང་བཏབ་པ་ལ་བརྟེན་ནས་རབ་འབྱམས་པ་གྲགས་པ་རིན་ཆེན་དང༌། རབ་འབྱམས་པ་བློ་བཟང་དོན་གྲུབ། ཐུགས་སྲས་ངག་དབང་བཀྲ་ཤིས་སོགས་བཤེས་གཉེན་མཁས་པ་མང་པོའི་འཁོར་དང་བཅས་ཏེ་མདོ་སྨད་དུ་ཕྱགས་བཏེགས།
རབ་བྱུང་བཅུ་གཉིས་པའི་ས་གླང་ཕྱི་ལོ་༡༧༠༩ལོར་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་བཏབ། དགུང་ལོ་དོན་གཅིག་པར་གཏེར་ལུང་དུ་གཏེར་བུམ་བཞེས། ཐུགས་སྲས་གཙོ་བོ་ནི། ཁྲི་ཆེན་དགེ་འདུན་ཕུན་ཚོགས། ཁྲི་ཆེན་ངག་དབང་མཆོག་ལྡན། ཐུགས་སྲས་ངག་དབང་བཀྲ་ཤིས། འཇམ་དབྱངས་བདེ་བའི་རྡོ་རྗེ། སྡེ་ཁྲི་བློ་བཟང་དོན་གྲུབ། ཐང་སག་པ་དངོས་གྲུབ་རྒྱ་མཚོ། ཞོགས་དོན་ཡོད་མཁས་གྲུབ་སོགས་ཤིན་ཏུ་མང༌། དེ་ལྟར་ས་གསུམ་གྱི་སྒྲོན་མེ་གཅིག་པུ་དེ་ཉིད་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་དོན་བཞི་པ་ལྕགས་མོ་གླང་གི་ལོ་ཕྱི་ལོ༡༧༢༡ཧོར་ཟླ་གཉིས་པའི་ཚེས་ལྔ་ཉིན་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་སོ། །ལེགས་བཤད་རྨད་དུ་བྱུང་བའི་བཀའ་རྩོམ་པོད་བཅོ་ལྔ་བཞུགས། འདིར་མདོར་བསྡུས་ཙམ་བཀོད་པ་ལས་རྒྱས་པར་ཤེས་འདོད་ན་ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པའི་རྣམ་ཐར་རྒྱས་པ་དང༌། ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་རྣམ་ཐར་ཆེན་མོ་གཉིས་ལ་གཟིགས་འཚལ།
འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་ནས་བོད་རྒྱལ་ལོ་༢༡༤༢ ཕྱི་ལོ་༢༠༡༥ ཟླ་ ༦ ཚེས ༢༡ ལ། མངྒ་ལཾ།

བཀའ་རྩོམ་ཚིགས་བཅད་མ།

རྗེ་བཙུན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་བཀའ་རྩོམ་ཚིགས་བཅད་མ་བཞུགས་སོ། །
ཨོཾ་བདེ་ལེགས་སུ་གྱུར་ཅིག །རྩ་བརྒྱུད་བླ་མ་རྗེ་བཙུན་མཁྱེན་པའི་གཏེར། །རྣམ་འདྲེན་རྒྱལ་བ་སྲས་བཅས་ཐམས་ཅད་དང༌། །ཡི་དམ་བསྟན་སྲུང་ཀུན་ལ་གུས་བཏུད་ཀྱི། །འདོད་པའི་རེ་བ་དོན་དང་ལྡན་པར་མཛོད། །ཡོན་ཏན་སྦེད་ཅིང་སྐྱོན་ནི་མཐོལ་བཤགས་པ། །ཐུབ་དབང་བཅས་པ་དམ་པ་སྤྱིའི་ལུགས་ཕྱིར། །ཡོན་ཏན་འང་མི་སྒྲོགས་གྱི་ན་བདག་འདྲ་ལ། །ངང་ཚུལ་ངན་པས་བྲི་འོས་མ་མཆིས་ཀྱང༌། །སྔོན་ནས་ཤེས་དང་མི་ཤེས་དུ་མ་དང༌། །ལྷག་ཏུ་ཉེ་སྦྱར་དུ་མས་རྨོངས་ཡུས་དང༌། །ལྷག་བསམ་ཟླ་བ་བདེ་ཐང་སྤྲུལ་སྐུ་སོགས། །སློབ་མ་མང་པོས་ལག་སྦྲེལ་ནན་བསྐུལ་ངོར། །ཐོས་བསམ་སྒོམ་དང་དམ་པ་བསྟེན་ཚུལ་རྣམས། །ནོར་དང་ང་རྒྱལ་རློམ་སེམས་མ་མཆིས་པར། །རྔ་གཡོག་གིས་བསྐུལ་བ་ཊ་ཧ་བཞིན་སྒྲོགས། །སྐྱེས་པའི་ཡུལ་དང་གཞོན་དུས་བག་ཆགས་དང༌། །ཆོས་སྒོར་ཞུགས་དང་བཤེས་གཉེན་བསྟེན་ཚུལ་དང༌། །མང་དུ་ཐོས་དང་བསམ་པས་སྒྲོ་འདོགས་བཅད། །སྒོམ་ལ་སྙིང་རུས་གཞན་ལ་ཕན་སེམས་དང༌། །ཐུབ་བསྟན་རྒྱས་འདོད་བདག་གི་རྣམ་ཐར་ཡིན། །སྐྱེ་ཡུལ་བསང་གི་རྡོ་གེར་ལྷས་ཁྲ་ཏིང༌། །རབ་བྱུང་བཅུ་གཅིག་ནང་གི་ས་བྱིར་སྐྱེས། །རུས་ནི་ལྡོང་དང་རིགས་ནི་རྗེ་དཔོན་བརྒྱུད། །ཁྲི་དམག་ཟློག་ནུས་མེས་སོགས་རིགས་ཡིན་ཀྱང༌། །སྡིག་ཅན་དཔའ་བ་ཉིད་ལས་ཆོས་རིགས་མིན། །ཕ་ནི་ཁ་འདལ་མ་ནི་ཐར་མོ་བྱམས། །གཉིས་ཀ་སྙིང་སྟོབས་ཆེ་ལ་སྦྱིན་ལ་དཔའ། །སྐྱེས་པའི་གོང་དུ་མེས་པོར་རྨི་ལམ་ལྟས། །ཆོས་དུང་ཕང་བར་བྱུང་སོགས་བཀའ་འགྱུར་གྱི། །བཞེངས་པའི་ལྟས་སམ་ཆོས་ཀྱི་ལྟས་ཙམ་ཡིན། །སྐྱེས་པའི་ཚུལ་གྱི་ལེའུ་དང་པོ་རྫོགས། །
༈ གསུམ་བཞི་ཕན་དུ་ན་ཚ་ཁ་ཤས་བྱུང༌། །ལོ་ལྔ་ལོན་ཚེ་རྒྱལ་བ་གོང་མའི་ཞབས། །གོང་དུ་ཆིབས་བསྒྱུར་དུས་སུ་ཞལ་འཇལ་ཞིང༌། །ཆོས་འབྲེལ་ཕྱག་དབང་གནང་ཚུལ་དྲན་ཙམ་བྱུང༌། །ལོ་བདུན་ཀློག་བསླབ་དཔེ་བཅས་འཆར་སླ་མྱུར། །ཆུང་ངུའི་དུས་སུ་ཆོས་འཆད་དགོན་པ་འདེབས། །རི་ཁྲོད་འདེབས་དང་སྒོམ་ཚུལ་སྣ་ཚོགས་སོགས། །པོ་ཏི་ལྷ་ཁང་སོགས་ཀྱི་བག་ཆགས་སོགས། །སད་པའི་དྲན་ཚུལ་ཡིད་ཀྱི་རི་མོ་མང༌། །བཅུ་གསུམ་བར་དུ་ཡི་གེ་འབྲི་ཀློག་དང༌། །བསྙེན་གནས་བསྙེན་བསྒྲུབ་ཅི་རིགས་རོལ་རྩེད་བྱས། །གཞོན་དུས་བག་ཆགས་ལེའུ་མདོ་ཙམ་ཡིན། །
༈ བཅུ་གསུམ་དུས་སུ་དྲིན་ཅན་ཡེ་ཤེས་ཀྱི། །མཚན་ཅན་བླ་མས་རབ་བྱུང་རྗེས་གནང་སོགས། །ཆོས་ཀྱི་སྒོར་ཞུགས་འབྲི་ཀློག་བཟླས་བརྗོདའང་མང༌། །བཅོ་ལྔ་བཅུ་དྲུག་དུས་སུ་འཕོ་བ་སོགས། །མན་ངག་ཟབ་ཁྱད་ཅན་འགར་བློ་སྦྱངས་ཤིང༌། །ཞི་ཁྲོའི་ལྷ་འགར་བསྙེན་མཚམས་ངག་བཅད་དང༌། །བཟླས་བརྗོད་འགྲུས་བྱས་རྟགས་མཚན་རེ་མང་བྱུང༌། །སྐ་རགས་བཀྲོལ་ནས་མི་ཉལ་འདི་ནས་བྱས། །བཅོ་བརྒྱད་ནས་ནི་ཉི་ཤུའི་བར་དེ་དག །གཙོ་བོར་བཟླས་བརྗོད་གྲོང་ཆོག་སྨན་རྒྱུད་བསླབ། །ཕུ་ཆུང་སྤྲུལ་སྐུ་རྒྱལ་སྲས་རིན་པོ་ཆེར། །ཚེ་རྟའི་དབང་དང་རྗེ་ཡི་རྣལ་འབྱོར་ཐོབ། །བཤེས་གཉེན་དམ་པ་སུ་ཅུག་ཐུ་སོགས་ཀྱིས། །སྔགས་ཀློག་ཐབས་དང་གཏོར་མ་གཏོང་ཚུལ་དང༌། །ཆོས་ཀྱི་གླེང་མོ་གནས་བཅུའི་ཞལ་ཐང་གི །རི་ཁྲོད་རི་མོ་མཐོང་བ་ཙམ་གྱིས་ནི། །འཁོར་བར་སྐྱོ་ཤས་སྲིན་མོའི་གླིང་ལྟ་བུའི། །འདུ་ཤེས་ཉིན་མཚན་གཉིད་དུས་ཚུན་ཆད་དུ། །འཆར་བ་ཤུགས་དྲག་ཆུ་ཀླུང་རང་བཞིན་འགྱུར། །སྐབས་འགར་ཕྱུགས་དང་མི་ཡི་འགྲོ་འདུག་ལ། །བལྟས་པས་འགྲོ་འདིའི་བྱ་སྤྱོད་མཐོང་མན་རྣམས། །རླུང་གིས་བདས་པའི་ཤིང་བལ་ལྟར་སྤྱོད་ཀྱང༌། །མི་ཤེས་མི་སྐྱོ་འདི་དག་སྨྱོན་པའམ། །ཆང་གིས་བསླད་དམ་རྣམ་ཤེས་མེད་པ་མཚར། །ད་ནི་འགྲོ་བ་འདི་དང་བདག་རང་གི །དོན་འདི་ཨེ་མ་ངེས་པར་སྒྲུབ་སྙམ་དུ། །གཉིད་དང་མ་གཉིད་ཟ་འདུག་འགྲོ་དུས་ཚུན། །བསམ་པས་རེ་ཞིག་མཚམས་བྱས་ཟླ་བ་དྲུག །ངག་བཅད་བཟླས་བརྗོད་ཕྱག་དང་དཔེ་ཀློག་སོགས། །ཆོས་པའི་གྲལ་དུ་བསྡད་རུང་ཙམ་བྱས་ཀྱང༌། །བསླབ་བྱའི་ཆོས་དང་བཤེས་གཉེན་དང་བྲལ་བའི། །སེམས་ཀྱི་ཟུག་རྔུས་རབ་གདུངས་ཨེ་མ་ང༌། །རྒྱ་ཆེན་ཐོས་པ་རྒྱ་མཚོ་ལྟར་སྤྱོད་པའི། །མཁས་མང་དབུས་སུ་སླེབས་ཏེ་ཉིན་མཚན་དུ། །སྤྱོད་པའི་དངོས་གྲུབ་བླ་མ་ལྷ་ཁྱོད་དང༌། །བསྟན་སྲུང་གིས་སྩོལ་ཞུ་ཞེས་ཡང་ཡང་གསོལ། །དེ་ནས་དགེ་སྡིག་འདྲེས་མ་ཕྱུགས་ཉོ་ཚོང། །ཇ་དང་ཁལ་རྟ་སྣ་ཚོགས་མཐོང་བའི་ཚེ། །འདི་དག་གིས་ནི་བདག་ཕྱིར་སྡིག་འདི་སྤྱད། །འགྲོ་འདུག་མང་ན་.....སེམས་ཅན་ལ་གཟན་པས་.....སེམས་ལ་གཟན་པ་ཡིས། །ཕྱིན་ཆད་འགྲོ་འདུག་སྤངས་ལ་ཆོས་ཟབ་མོར། །ཐོས་བསམ་སྒོམ་པ་བྱེད་སྙམ་ཤུགས་དྲག་སྐྱེས། །དེ་དུས་ཉམས་མགུར་རྟོགས་བརྗོད་སོགས་བལྟས་པས། །ཐམས་ཅད་བློར་ཟིན་སྨོན་པ་ཤུགས་དྲག་སོང༌། །ཡོང་ཁར་གྲུབ་པའི་དབང་ཕྱུག་ཟླ་མེད་པ། །སྐལ་ལྡན་རྒྱ་མཚོར་སྐྱབས་འཇུག་རྟ་ཕུལ་ཏེ། །འཇམ་དཔལ་ནག་པོའི་རྗེས་གནང་མཛད་པ་ན། །ཉམས་དང་གྲིབ་ཀྱི་ཚོགས་རྣམས་རང་སར་དེངས། །སེམས་ལ་ཤར་ཚུལ་མ་ལུས་ཡི་གེར་སུས། །ལམ་ཞུགས་གུང་འབབ་ས་དང་ཞག་ས་ཡི། །ཁྱད་པར་རྣམས་ཀྱང་སྔ་ཉིན་རྨིས་ནས་འོངས། །ལྟས་སོགས་མང་ལ་ལྡང་ལའི་ལ་རྩ་རུ། །ལྟས་བཟང་ནད་གཞི་བག་ཙམ་ཡོད་པའང་སངས། །རྭ་སྒྲེང་མཇལ་ཞིང་སྨོན་ལམ་ལེགས་པར་བཏབ། །ཕོ་མདོར་སི་ལི་རྒོད་ཚང་མཐོང་བའི་ཚེ། །ངས་ཀྱང་ད་ལྟ་རི་ཁྲོད་བྱེད་སྙམ་པ། །ངག་སྨྲས་ཟླ་བོས་བཀག་ཀྱང་ཁེགས་དཀའ་བྱུང༌། །སྟག་ལུང་མཆོད་མཇལ་དེ་དུས་མ་དྲེད་པས། །ལྷ་རྣམས་ཡང་མཐོང་དེ་དངོས་རྣམ་པར་འཆར། །ལྷ་སར་སླེབས་འཕྲལ་ཇོ་བོར་མཇལ་བར་ཕྱིན། །སྨོན་ལམ་ཡང་ཡང་བཏབ་ཅིང་དད་འདུན་སྐྱེས། །ས་ཡི་ཉི་ཟླ་སེ་འབྲས་ཟུང་གྲགས་པའི། །སེ་ར་ཐེག་ཆེན་གླིང་དུ་མཆོད་མཇལ་བྱས། །དད་པ་ཆེ་བར་སྐྱེས་སྐབས་དགེ་བཤེས་གཉིས། །བགྲོ་གླེང་མཛད་པར་མཐོང་ནས་སྔོན་ཆད་ཀྱི། །དཀའ་བའི་སྡུག་སངས་སྐྲ་གཟེང་སྙིང་འཕར་ཏེ། །རེ་ཞིག་འགྲོ་བ་ལུས་ནས་རྒྱངས་བལྟས་བྱས། །ཨེ་མ་ད་ལྟ་རང་ལ་ལྭ་བ་ཤག །ཕུད་ནས་ཆོས་གྲྭར་འགྲོ་འམ་ཡང་ཡང་ཤར། །དེ་རྗེས་འཛམ་གླིང་མཁས་པའི་འབྱུང་གནས་དང༌། །གངས་ཅན་མགོན་པོ་ཕྱག་ན་པདྨ་ཡིས། །མངོན་པར་སངས་རྒྱས་རྡོ་རྗེ་གདན་གྱི་ཟླ། །བླ་མ་ལྷ་དང་ཆོས་སྐྱོང་མངོན་སུམ་དུ། །བཞུགས་པའི་དཔལ་ལྡན་འབྲས་སྤུངས་ཆོས་སྡེར་སླེབས། །མཐོང་བ་ཙམ་གྱིས་འདི་ཀར་རང་སྡོད་ཅེས། །དད་དང་འདུན་པ་དགའ་བ་ཕན་ཚུན་དུ། །འགྲན་པ་རབ་དགའི་ས་ཡི་དབུས་སུ་སླེབས། །མཆོད་མཇལ་བྱེད་པའི་སྔ་ནུབ་རྨི་ལྟས་ལ། །འདུ་ཁང་སྟེང་དང་ལམ་རིམ་ལྷ་ཁང་གི །ལྟས་བཟང་སྔགས་ཁང་འཇིགས་བྱེད་ལྷ་ཁང་གི །ལྟས་རྣམས་ལེགས་རྨིས་ཕལ་ཆེར་དོན་མཐུན་བྱུང༌། །ཉེར་གཅིག་ས་སྤྲེལ་ལོ་དེའི་ཡར་ངོ་ལ། །འཇམ་མགོན་མི་ཡི་ཟོལ་བརྟེན་རྡོ་རྗེ་འཆང༌། །བློ་གྲོས་རྒྱ་མཚོར་སྐྱེས་བཅས་སྙན་གསན་བྱས། །དེ་ཡི་ཉེར་ལྔར་བསྡུས་གྲྭ་ཆུང་ངུར་ཞུགས། །ཆོས་ཐུན་གཉིས་བཟུང་ཙམ་གྱིས་རྩོད་གྲྭ་རྙེད། །བཅུ་པའི་ཡར་ངོར་སྟག་ལྤགས་ཤམ་ཐབས་སོགས། །ཚེ་སྔོན་སྦྱངས་པའི་རང་བཞིན་རྣལ་འབྱོར་བ། །ལུང་རྟོགས་བདག་པོ་རྡོ་རྗེ་འཆང་ཆེན་པོ། །ཕ་བོང་ཁ་པར་རྡོ་རྗེ་འཇིགས་བྱེད་ཀྱི། །བཅུ་གསུམ་ལྷ་ཡི་དབང་བསྐུར་རང་གིས་ཞུས། །སྟ་གོན་རྨིས་ལྟས་བགེགས་ཀྱིས་མི་ཚུགས་རྟགས། །ལ་སོགས་བྱུང་ཞིང་ཐུགས་དགྱེས་སྔགས་སྒོར་ཞུགས། །དགུན་ཆོས་དང་པོར་བསྡུས་པ་འབྲིང་གྲྭ་བྱས། །ཆོས་གྲྭར་རྩོད་པའི་ཐལ་འགྱུར་ཀུན་ལེགས་པས། །ཕལ་ཆེར་ཀུན་གྱིས་སྔར་ནས་ཆོས་གྲྭ་རུ། །སོང་བའི་ང་རྒྱལ་ཅན་ཞིག་རེད་ཅེས་གྲགས། །དེ་སྐབས་རྟགས་དང་རྨིས་ལྟས་ཆེས་མང་བ། །དད་པའི་སྟོབས་ཡིན་ཕྱིས་སུ་དྲེད་པས་མེད། །ལོ་དེའི་དགུན་དུས་ཕོ་བྲང་པོ་ཏ་ལར། །འཇིག་རྟེན་དབང་ཕྱུག་འབྲོམ་སྟོན་ངུར་སྨྲིག་གར། །མཐོང་ཐོས་རེག་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན། །ངག་དབང་བློ་བཟང་རྒྱ་མཚོའི་ཞབས་དྲུང་དུ། །རབ་བྱུང་དགེ་ཚུལ་སོ་ཐར་བདུད་རྩི་ཐོབ། །སྔགས་པ་དཔོན་སློབ་ཚུལ་ཁྲིམས་མཚན་ཅན་ལ། །འཇིགས་བྱེད་མངོན་རྟོགས་གཉིས་དང་ལྷན་ཐབས་དང༌། །སྦྱིན་སྲེག་སོགས་ཐོབ་ཁོ་བོའང་གཞོན་དུས་སུ། །ཡ་སོགས་མང་འདྲེན་སོགས་གསུངས་ཤིན་ཏུ་དགྱེས། །ཉེར་གཉིས་ས་བྱའི་ལོ་ལ་རྡོ་རྗེ་འཆང༌། །རྩ་བའི་བླ་མ་ཕ་བོང་ཁའི་ཞབས་སུ། །གསང་འཇིགས་ཀུན་ཚེ་དབང་རྣམས་རྒྱས་བཤད་བཅས། །བྱིན་རླབས་བདུད་རྩིའི་རྒྱུན་གྱིས་སྙིང་བུམ་གང༌། །ལོ་དེར་རྒྱན་འཇུག་དགེ་འདུན་རྒྱ་མཚོ་ཡི། །གྲུབ་མཐའི་རྣམ་བཞག་གྲུ་རྫིངས་རྟེན་འབྲེལ་དང༌། །བློ་རྟགས་མན་ཆད་བསྡུས་ཚན་ཉེར་ལྔ་ཀུན། །ཞིབ་བཟུང་བརྒལ་བརྟག་སྒོ་ནས་གཏན་ཕབ་ཅིང༌། །དཀའ་བཅུ་ནོ་ཡོན་དབོན་པོས་ཁས་ལེན་བསྐྱར། །སྟོན་ཆོས་གསུམ་ལ་དོན་ནི་བདུན་ཅུ་ཚེ། །དགུན་ཆོས་དུས་སུ་ཕར་ཕྱིན་གཞུང་སར་བྱས། །ལྕགས་ཁྱིར་ལེགས་བཤད་སྙིང་པོ་ཆོས་འབྱུང་གི །དྲང་ངེས་རྣམ་འབྱེད་ཆོས་གྲགས་རྣམ་རྒྱལ་བའི། །དྲང་ངེས་རྣམ་འབྱེད་དགེ་འདུན་རྒྱ་མཚོ་ཡི། །དཀའ་འགྲེལ་བདེ་ལེགས་ཉི་མ་དམ་ཆོས་དཔལ། །མོ་མའི་རྟེན་འབྲེལ་དགེ་འདུན་ཉི་ཤུ་དང༌། །དགེ་འདུན་ཉི་ཤུ་ཆོས་འབྱུང་བྱམས་ལྷུན་གཉིས། །བསམ་གཟུགས་མཐའ་དཔྱོད་སྤྱི་དོན་བརྒྱད་ཙམ་སོགས། །མང་པོ་ཕལ་ཆེར་བཟུང་ཞིང་ལ་ལར་བལྟས། །སྟོན་གྱི་སྲོད་ཆོས་རྟེན་འབྲེལ་སྐབས་གསུམ་པ། །དེ་དག་དབྱར་དགུན་ཆོས་མཚམས་གཉིས་པོ་ལ། །དྲང་ངེས་རྣམ་འབྱེད་དགེ་འདུན་ཉི་ཤུ་དང༌། །བསམ་གཟུགས་སོགས་ཀྱང་འཛིན་ཆོས་སྩལ་བ་གནང༌། །ལྕགས་ཕག་ལོ་བར་རྣམ་བཤད་གསེར་ཕྲེང་གི །དཀའ་གནད་རྣམས་དང་འགྲེལ་ཆུང་ཕལ་ཆེར་བཟུང༌། །ལྕགས་ཕག་ལོ་ལ་དབུ་མའི་རྣམ་བཤད་ཀྱི། །ཕལ་ཆེར་བཟུང་ལ་འདུལ་མཛོད་བདེ་ལེགས་དང༌། །རྗེ་བཙུན་པ་དང་བསོད་གྲགས་སྐྱོ་ཊིཀ་དང༌། །དངོས་གྲུབ་གཉིས་དང་རིན་ཆེན་ཤིང་རྟ་གསུམ། །རང་འགྲེལ་འགྲེལ་བཤད་ཅི་རིགས་ལྟ་རྟོག་བཅུག །དེ་དུས་རྣམ་པར་དཔྱོད་པའི་ཀློང་རྡོལ་ལྟར། །གྲུབ་པའི་མཐའ་དང་ཡིག་འཇོག་སོ་སོ་ལ། །བལྟས་པ་ཙམ་གྱིས་ཆུ་དྭངས་རྡེའུ་ལྟར། །དངོས་ཤུགས་མ་འདྲེས་ཤེལ་ལ་ཚོན་བཞིན་འཆར། །ལམ་རིམ་སྔགས་རིམ་བསྐྱེད་རྫོགས་དུ་མ་དང༌། །འཇིགས་མཛད་ཆོས་སྐོར་རྒྱུད་འགྲེལ་མང་པོའང་བལྟས། །ལ་ལའི་ལུང་ཉན་ཟུར་དགུའི་དྲུག་ཅུ་པའི། །ཐིག་བཏབ་ཟན་བརྩིགས་སོགས་ཀྱང་མངོན་ཆུང་བྱས། །ཕ་བོང་ཁ་རུ་གསང་འཇིགས་ཀུན་ཚེ་དབང༌། །ནག་པོ་སྐོར་གསུམ་གསང་འཇིགས་མངོན་དཀྱིལ་གྱི། །ལྗགས་ལུང་ལ་སོགས་ལོ་དེར་སླར་ཡང་ཐོབ། །ཕར་ཕྱིན་ཐལ་ཕྲེང་ལྷག་མ་མི་ཡི་གར། །རྩ་བའི་བླ་མ་རྒྱལ་བའི་སྲས་ཆེན་པོ། །སྦྱོར་ལམ་པར་གྲགས་དོན་གྲུབ་རྒྱ་མཚོར་ཞུས། །དགུན་ཆོས་ཕར་ཕྱིན་སྟོན་མོའི་དམ་བཅའ་སོགས། །རྗེ་ཡི་ཡིག་ཆ་དང་མཐུན་ཚད་མས་དྲངས། །འོན་ཀྱང་འཇིག་རྟེན་རྨོངས་ཡུས་གནའི་སྲོལ་གྱི། །དྲང་མིན་ཡུར་བར་ཞེན་པའི་ཉལ་འགྲོ་རྒྱུགས། །མཚན་ཉིད་སྟོང་འཁོར་བོན་པོའི་བསཽ་སྒྲ་དང༌། །མུ་ཏོའི་རྒྱང་འབོད་འདི་གསུམ་ངེས་པ་ཅི། །ཚེ་རབས་སྔོན་མའི་ལེགས་བྱས་ཆུ་ཀླུང་དུ། །ལུང་རིགས་པད་དཀར་འདབ་བརྒྱ་བཞད་པ་ལ། །དཔྱོད་ལྡན་ངང་མོས་བརྒལ་བརྟག་དབྱངས་སྙན་ཀྱང༌། །ལོག་སྨོན་བྱ་རོག་དེར་སྙིང་མི་དགའ་ལོ། །འཛམ་གླིང་གསལ་བྱེད་བཅུ་གཉིས་བདག་པོ་འདི། །སྤྲིན་དང་ཁུག་སྣ་རྡུལ་གྱི་ཉེས་པ་ཡིས། །མི་སྡོད་གླིང་བཞིར་ཉིན་བྱེད་ཚལ་བཞད་ན། །རྒྱལ་སྲས་ཚོགས་གཉིས་ཅན་རྣམས་ཇི་ལྟར་སྡོད། །དེ་སྐབས་འཇམ་མགོན་བློ་གྲོས་རྒྱ་མཚོ་ཡིས། །རྒྱན་འཇུག་མཛོད་འདུལ་རྣམ་འགྲེལ་རྩ་བ་ལྔ༌། །ཆོས་སྤྱོད་རབ་གསལ་གཞི་གསུམ་ཆོ་ག་སོགས། །མང་པོའི་ལྗགས་ལུང་ཚོགས་པ་ཡོངས་ལ་གནང༌། །གྲུབ་ཆེན་ཤ་བོར་པཎ་ཆེན་གསུང་འབུམ་ཐོར། །ཐོས་བསམ་བསྒོམ་གསུམ་ཚེ་འདིར་ལེགས་མཛད་པ། །རྡོ་རྗེ་འཆང་དབང་མི་ཡི་གར་མཛད་པ། །པཎ་ཆེན་བཀའ་འགྱུར་སྦྱིན་པ་རྒྱ་མཚོ་ལ། །བདེ་གསང་འཇིགས་གསུམ་མངོན་དཀྱིལ་ལྷན་ཐབས་དང༌། །སོ་སོའི་བསྐྱེད་རྫོགས་ཀུན་དང་ཁྱད་པར་དུ། །འཇིགས་བྱེད་སྒྲུབ་སྐོར་ཀུན་གྱི་རིམ་གཉིས་ཆ། །ལེགས་པར་བཤད་པ་མཁས་གྲུབ་ཡབ་སྲས་ཀྱི། །བསྐྱེད་རྫོགས་ཆེན་པོ་རྒྱུད་སྡེ་བཞིའི་སྦྱིན་སྲེག །མན་ངག་ཀུན་ལྡན་དངོས་གྲུབ་རྒྱ་མཚོ་ཐོབ། །འོན་ཀྱང་འདི་ཡི་མན་ངག་ཀུན་ཤེས་པའི། །གསུང་རྒྱུན་སྲད་པ་རྡོ་རྗེ་འཆང་ཆེན་ལས། །རང་གཞན་ལ་མེད་སོ་སོའི་ཡི་གེ་ན། །སྟོང་གྲག་འབྲུག་སྒྲ་བཞིན་དུ་ཆར་བསྒྲགས་ཀྱང༌། །རྒྱུད་དང་མན་ངག་ཕྱག་ལེན་གསུམ་འཕྲོད་པ། །ཉིན་མོའི་སྐར་མ་པས་ཀྱང་དཀོན་པར་སྣང༌། །རྩ་འཇུག་རྣམ་བཤད་གཉིས་དང་འགྲེལ་ཆུང་དང༌། །ལེགས་བཤད་སྙིང་པོ་དབུ་མ་རིགས་ཚོགས་དྲུག །འཇུག་པ་མདོ་རྩ་སུམ་བརྒྱ་རྩ་འགྲེལ་གཉིས། །ཚད་མ་སྡེ་བདུན་མདོ་དང་རང་འགྲེལ་བཅས། །ལམ་རིམ་ཆེ་ཆུང་རྒྱལ་བ་སྔ་ཕྱིའི་ཁྲིད། །པཎ་ཆེན་ཁྲིད་སོགས་ལུང་དང་ཟླ་གསུམ་དུ། །འཇམ་དཔལ་བཤད་ལུང་ཉམས་ཁྲིད་སྨིན་རྒྱས་ཐོབ། །དེ་དག་གོང་ཙམ་རྒྱལ་བ་གཉིས་པའི་བསྟན། །སྤེལ་ལ་ལེགས་སྨོན་བྱང་ཆུབ་སེམས་ཀྱི་གཏེར། །རྒྱལ་བའི་ཆོས་མཛོད་བདག་གི་མགོན་ཟླ་མེད། །མེར་རྒན་བླ་མ་ངག་དབང་བློ་གྲོས་ལས། །ལམ་རིམ་གཉིས་དང་སངས་རྒྱས་ཡེ་ཤེས་ཀྱི། །དམིགས་བརྩེ་མ་ཡི་ཕྱི་ནང་གསང་སྒྲུབ་སོགས། །ཐོབ་ཅིང་དེ་ནས་ཐུགས་རྗེས་དུས་ཀུན་ཏུ། །ཕ་དང་བུ་བཞིན་མི་འབྲལ་རྒྱུན་དུ་བསྐྱངས། །ང་ཡིས་ཆོས་ཚུགས་ཟིན་ཙམ་འདིའི་དྲིན་ཡིན། །ཉེར་ལྔ་ཆུ་བྱའི་ལོ་ལ་དབུ་མ་དང༌། །རྣམ་འགྲེལ་ཆོས་གྲྭར་ཟུང་འཛིན་ནང་དུ་ཡང༌། །མཛོད་འདུལ་བཟུང་ཟིན་བཤེས་གཉེན་དམ་པ་གཉིས། །གྲྭ་སྐོར་སྟེར་བར་གསུངས་ཀྱང་མ་བླངས་པར། །མཆོད་མཇལ་ཚུལ་དུ་གསང་ཕུར་རྣམ་འགྲེལ་ལ། །རང་ཊིཀ་གསར་བའི་སྟེང་ནས་དཀའ་བཅུ་བྱས། །དེ་ཡི་སྔ་ལོ་འཆད་རྩོད་རྩོམ་པ་ལ། །འཇམ་དབྱངས་དངོས་གྱུར་པྲ་ཛྙཱ་དཱ་ན་ལ། །ཚད་མ་འདུལ་མངོན་དཀའ་གནས་ཟླ་ཕྱེད་ལྷག །ཞིབ་ཞུས་སྐབས་འགར་དགུན་གྱི་མཚན་རང་འདས། །ཉི་རྩེ་ཤར་གྱི་བར་དུ་དཔྱད་པར་བྱས། །བཤེས་གཉེན་དེ་དགྱེས་ཕན་ཚུན་སེམས་གཅིག་བྱུང༌། །ལོ་དེར་བཀའ་འགྱུར་བ་དང་མེར་རྒེན་ལས། །འདུལ་ཊིཀ་རིན་ཆེན་ཕྲེང་སོགས་ཆེས་མང་ཐོབ། །ཆུ་གླང་ལོ་ལ་ཆོས་གྲྭར་དབུ་ཚད་གཉིས། །མཛོད་ལའང་ཟུར་ཉན་བྱས་པས་གསང་ཕུ་རུ། །འཇམ་མགོན་ཤེས་རབ་སྦྱིན་པས་སྔ་ལོ་ནས། །འདི་རུ་རབ་འབྱམས་ཀྱིས་ཞེས་བཀའ་སྩལ་བཞིན། །པོ་ཏི་ལྔ་ལ་ཉིན་ལྔར་དམ་བཅས་པས། །རབ་འབྱམས་སྨྲ་བའི་ཐོག་མ་དེ་ནས་ཚུགས། །པོ་ཏི་གཞན་ལའང་ལན་ནི་མ་གཉིད་ཙམ། །ཚད་མའི་སྐབས་སུ་ལག་པ་ཅུང་ཟད་ཕྱུང༌། །འོན་ཀྱང་ཕན་ཚུན་རྣམ་དཔྱོད་ལྷག་དགའ་རྒྱས། །ལྟས་མཚན་ངོ་མཚར་འཁྲུལ་མེད་ལེགས་འགའ་འང་བྱུང༌། །ཉེར་བདུན་ཤིང་སྟག་ལོ་ལ་སླར་རྣམ་འགྲེལ། །འདུལ་བའང་རྡོ་རྗེ་འཆང་དབང་བཀའ་འགྱུར་བའི། །ཞབས་ལས་མདོ་སྔགས་ལུང་དང་རྗེས་གནང་མང༌། །ཤིང་ཡོས་སླར་མཛོད་རྣམ་འགྲེལ་ལེའུ་དང་རྫོགས། །མེ་འབྲུག་མདོ་སྔགས་རྩེ་མོ་རྒྱུད་ཀུན་གྱི། །རྒྱལ་པོ་དཔལ་ལྡན་གསང་འདུས་བཤད་སྒྲུབ་གྲྭ། །ཆུ་བོ་གངྒཱ་ཚུན་གྱི་སྔགས་གྲྭའི་རྩེར། །མཁས་དང་གངས་ཅན་མགོན་པོས་མངའ་གསོལ་བ། །དཔལ་ལྡན་སྨད་རྒྱུད་འདུས་གྲྭའི་དབུས་སུ་ཕྱིན། །འཇུག་སྒོ་ཚལ་དང་ལྷོ་འབྲུག་རྭ་ལུང་བར། །འཇོམས་བྱེད་དྲག་པོའི་གཏོར་ཆེན་དྲུག་ཅུ་པ། །རྡོ་རྗེ་འཆང་དངོས་བློ་གྲོས་རྒྱ་མཚོ་དང༌། །ལྕང་སྐྱ་མཆོག་གི་སྤྲུལ་སྐུ་ཧེ་རུ་ཀ། །བློ་བཟང་ཆོས་ལྡན་རྣམ་གཉིས་ཞབས་དྲུང་ནས། །དེ་ཡི་ཐིག་དབྱངས་རྔ་ཆིངས་གནམ་དང་སའི། །འཁོར་ལོ་གཉིས་དང་ཟན་ལིང་ཤོག་ལིང་གི །མན་ངག་ཀུན་ཐོས་ལས་མཁན་བདག་ལ་སྩལ། །འཕངས་དུས་འགའ་ལ་རྨི་ལྟས་ཉམས་སོགས་བྱུང༌། །ཁོ་བོ་དྲག་དམིགས་ལིངྒ་ཉམ་ཐག་པ། །བསམ་པ་ཙམ་གྱིས་སྙིང་རྗེས་འགའ་མ་དམིགས། །བདེན་རྫུན་དབང་ངམ་དགེ་འདུན་དམིགས་ནུས་སམ། །དམིགས་ན་རྟགས་ཐོན་ངེས་སྣང་ཡང་ཡང་འཆར། །དེ་ལྟར་ན་ཡང་ཇོ་བོའི་སྐུ་མདུན་དང༌། །ཡུལ་ཡང་གཉན་སྙམ་རྩུབ་པའི་སེམས་མ་བཞག །དེ་ནས་ཡབ་གཅིག་རྒྱལ་བ་གཉིས་པ་ཡིས། །གནས་འདིར་གསང་འདུས་ལྷ་ཚོགས་ཞལ་གཟིགས་པས། །འདི་ན་མ་འོངས་དུས་ན་གསང་འདུས་ཀྱི། །འདུས་སྡེ་འབྱུང་ཞེས་ལུང་བསྟན་ངག་རྒྱུན་དུ། །གྲགས་པའི་ཆུ་མིག་ལུང་དུ་རིམ་ལྔ་ཡི། །དམར་ཁྲིད་ཕྱག་ལེན་བྱིན་རླབས་བདུད་རྩིའི་ངད། །དྲོན་པོ་མ་འཆུག་ཉམས་མྱོང་ལྗགས་ཀྱིས་མྱང༌། །དགའ་དང་རྨི་ལྟས་ཏིང་འཛིན་བརྩོན་པ་བྱུང༌། །མཚམས་གྲོལ་ཁྲིད་སྟོན་ལག་རྗེས་རྒྱུད་བཞིན་དུ། །བཤད་པའི་གོ་རིམ་ཐོབ་ཀྱང་སྐལ་ལྡན་རྣམས། །སྤུ་ལྡང་ཐལ་མོ་སྦྱོར་དེས་སྙིང་ཚིམ་གྱུར། །རིང་ནས་ཡིད་ལ་བརྣག་པའི་ཡབ་གཅིག་རྗེའི། །ཐུགས་བཅུད་མར་མིའི་ཁ་བོ་འབྲུག་ལྟ་བུར། །སྒྲོགས་པ་རྒྱལ་ཀུན་ཕྱག་བྱེད་མཁའ་འགྲོ་མའི། །སྙིང་གི་བཅུད་དེ་ཐོབ་སྙམ་དུས་ཀུན་དགའ། །གནས་དེར་གཞི་གསུམ་ཕྱག་ལེན་ལག་ཉ་སྲུངས། །ནུབ་ལྷག་གཅོད་དང་གར་དབྱངས་ཐིག་གསུམ་སོགས། །བཤད་བཞིན་ཕྱག་ལེན་བཏབ་པས་དགའ་ལྡན་པའི། །གུར་དཀར་གསེར་ཏོག་ལྟ་བུར་འགྲན་ཟླ་མེད། །དེ་ཡི་དོན་གྱི་དཔལ་ལྡན་རྒྱུད་གྲྭ་གཉིས། །གནམ་ལ་ཉི་ཟླ་ས་ལ་རྒྱུད་པ་གཉིས། །མཁས་པས་བསྔགས་དེ་དོན་ལྡན་སངས་རྒྱས་གསུངས། །སྟོན་ཆོས་གསང་སྔགས་མཁར་དུ་གསང་འདུས་ཀྱི། །དཀྱིལ་འཁོར་ཐིག་འདེབས་ས་ལ་ཁྱོད་འགྲོ་ཞེས། །གཞུང་བརྒྱ་སྨྲ་དབང་མོན་པ་དབུ་མཛད་ཀྱིས། །བཀའ་སྩལ་བཞིན་ཕྱིན་ཐིག་ཆོག་ཐིག་རྣམས་ཀུན། །སྔར་གྱི་ཕྱག་ལེན་རྣམ་གྲངས་བཅས་ཐོས་ཤིང༌། །ཟླ་ཕྱེད་འདུས་པའི་བདག་འཇུག་སྐྱེ་དགུའི་ཡིད། །འཛིན་དང་གསོ་བྱེད་ཉམས་མྱོང་གསང་སྔགས་ཀྱི། །བག་ཆགས་རྨད་བྱུང་ཡིད་མཁར་འགོག་མེད་བསྐྲུན། །དགུན་ཆོས་མདོ་རྒྱུད་དུ་མར་ལུང་བསྟན་པ། །རྒྱལ་བ་གཉིས་པས་བདུད་བཅོམ་སངས་རྒྱས་ཞིང༌། །ཆོས་འཁོར་བསྐོར་གནས་རྡོ་རྗེ་གདན་གཉིས་པ། །དགའ་ལྡན་གནས་སུ་རིམ་ལྔ་སོ་སོ་ཡི། །དམིགས་པ་རྣམ་པ་ཡིད་ལ་བྱེད་ཚུལ་སོགས། །ལེགས་དང་མི་ལེགས་སོ་སོའི་ལག་རྗེས་དང༌། །ལམ་དང་འབྲས་བུ་འབྱུང་ཚུལ་མན་ངག་ཅེས། །རྫུན་དང་ཧམ་ཚོད་མིན་པར་རྒྱུད་སྡེ་དང༌། །གྲུབ་ཆེན་ཀུན་གྱི་ཐུགས་བཞེད་མ་འདྲེས་པར། །ངོ་སྤྲོད་ཆེན་མོ་རིམ་ལྔ་གསལ་སྒྲོན་ཞེས། །རང་གཞན་ཀུན་གྱིས་མཐོང་སྨོན་དེ་ཉིད་དང༌། །བསྐྱེད་པའི་རིམ་པ་དངོས་གྲུབ་རྒྱ་མཚོ་ཞེས། །རིམ་པ་དང་པོར་དེ་མཚུངས་ཟླ་མེད་པ། །རྣམ་གཉིས་མཛུབ་ཁྲིད་སྔོན་ནས་ད་ལྟའི་བར། །གཅིག་ནས་གཅིག་བརྒྱུད་ཟླ་མེད་གསུང་བཤད་ཐོབ། །སེམས་ལ་ད་ནི་མར་པ་མི་ལ་ཡིས། །རྡོ་རྗེའི་སྐུ་དེ་མིན་པ་གསུང་འདི་ལས། །ཇི་ཞིག་ཕེབས་སྙམ་རྗེ་བཙུན་ཙོང་ཁ་པར། །དད་པ་ཕྱོགས་ཞེན་མིན་པ་དེ་དུས་རྙེད། །བསྡད་ནའང་དགའ་ལ་སོང་ནའང་ཆེས་ཆེར་དགའ། །བསྒོམས་ན་མངོམ་སུམ་རབ་དགའ་ཐོབ་སྙམ་པའི། །ཆོས་ལ་ཡིད་ཆེས་དད་པ་ཉིན་མཚན་སྐྱེས། །

ཀུན་མཁྱེན་བླ་མའི་རྣམ་ཐར་དང་དྲིས་ལན།

ཀུན་མཁྱེན་བླ་མའི་རྣམ་ཐར་དང༌། བྱ་ཀ་ལན་ཏ་ཀའི་དྲིས་ལན་ལེགས་པར་བཤད་པ་ཨེ་མ་ཧོ།
ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ་ཤྩ་སྭ་ར་སྭ་སྟྱཻ། འབིགས་བྱེད་སྐྱོང་གཏད་འདི་ནི་མ་ར་ཎ། །ཀུན་བསྲུང་སྲིང་མོ་བཅུ་གསུམ་ཡིན་ད་ཟུངས། །མཱུ་ལ་ངེས་ཆོག་སླར་ན་ཛ་པཀྟོ། །ཀུན་འདུས་ཕྱོགས་བཅུར་ནས་སམ་འབྲས་སྤུངས་ལྟར། །ཨུཥྞཱི་ཥ་ལྡན་དཔག་མེད་སྤྲིན་བཞིན་འཁྲིགས། །གང་གང་བལྟས་བལྟས་མང་པོ་དེ་དེ་རང༌། །གསང་རྣམ་འདོན་དུས་དེ་དེ་བྲིས་བཞིན་དུ། །ཆུང་དུས་འབྱུང་འདུལ་སོགས་ཀྱི་བསྙེན་དུས་ཡིན། །དགའ་དང་དད་རྣམས་རྨི་ལམ་ཉམས་དང་འདྲེས། །ལམ་དུ་འགྲོ་དུས་གང་བབས་དེ་དག་དང༌། །ལྡང་ལར་ཙིཏྟ་ཨིཥྚ་དེ་བ་ཆར། །དཔལ་ལྡན་འབྲས་སྤུངས་ཐོག་མར་མཇལ་སྐབས་སུ། །བསོད་ནམས་རྒྱ་མཚོས་བཞེངས་པའི་རྗེ་ཡི་སྐུས། །གསུང་བྱོན་རྗེར་གྱུར་དུས་ཚོད་ལུང་བསྟན་གནང༌། །ལམ་རིམ་ལྷ་ཁང་གོང་མའི་སྐུ་དངོས་གྱུར། །ཨ་ཛྙཱ་ཏཱ་ཨུག་ཉུང་མིན་ཉིད་ཀྱང་དངོས། །འཇམ་དབྱངས་སྐོར་བསྙེན་ཨཥྚ་ཅི་ཧྣཾ། །མང་པོ་ནམ་མཁར་དན་འབག་སྟེང་སོགས་ནས། །ཁྲིད་སྐབས་དང་མཐུན་གསང་ཕུར་བྱཱ་ཀར་ཨུག །སྐྱོར་ལུང་བྲག་ཏུ་འཇའ་བཞིན་གྲགས་ཆེན་འབར། །ཇོ་ཁང་ཇོ་དང་འཇམ་དབྱངས་སྙན་དར་བཞེས། །རྩ་སྒྱེར་མེ་ཏོག་ཆར་བཞིན་གསལ་སྣང་དང༌། །ཕ་རྒན་ལན་འགའ་མཐོང་འདྲ་ཨེ་མ་ཧོ། །བི་ཥྩིའི་ཀྲྀ་ཧར་འོད་སྔོན་དབུས་སུ་ཡབ། །འདོད་པའི་ལྷ་མཐོང་ཤར་གྱི་རྭ་མཁན་གནས། །ཤིང་ཟུར་ནོར་སྐྱོང་སྟེང་སར་མི་ཉལ་མིན། །མུ་ཁ་ཀ་ར་ཡོངས་རྫོགས་འོད་འབར་ལོ། །སྙེ་གྲུར་འཇིགས་རུང་ཆུ་འཁོར་འཁོར་བ་ལས། །སྒྲོལ་བའི་མཉན་པར་རྟའི་དགྲའི་ཤི་རེ་ཧ། །སྔར་བཞིན་བྱུང་བས་མ་འཁོར་མ་ནུབ་པར། །ཆུ་བརྒལ་དགའ་དང་དད་པའི་ཆུ་གཏེར་རྒྱས། །ཟམ་པར་ར་གཏེར་འདོན་པའི་མཚན་མ་སོགས། །རྒྱུད་དོན་ལེགས་རྙེད་དམ་པ་དེའི་དྲིན་གྱིས། །རྒྱུད་བཤད་མཁའ་འགྲོའི་གསང་མཛོད་ཡིད་ཆེས་གནས། །ལེགས་ཟུངས་དངོས་གྲུབ་རྒྱ་མཚོའི་དགའ་སྟོན་ཡིན། །འདི་བཀོད་དགེ་བས་མ་རྒན་འགྲོ་བ་ཀུན། །སྐྱེ་བར་འཇམ་དཔལ་ཞི་ཁྲོས་རྗེས་འཛིན་ཤོག །ཅེས་བྱ་བཏང་བ་ཞིག་གིས་རང་གི་བརྗེད་བྱང་དུ་བྲིས་པས་བཀྲ་ཤིས་པར་གྱུར་ཅིག།།
༈ སྤྲུལ་སྐུ་རིན་པོ་ཆེའི་ཞབས་དྲུང་དུ། ཞུ་བ། མདངས་སང་ཕྱག་བྲིས་རྗེ་བཙུན་བཞད་པ་རྡོ་རྗེའི་ཆེ་བརྗོད་དང་སྐུ་ཉིད་ཀྱི་གནས་ཚུལ་དང་ཁོ་བོ་ལ་ཡང་ཕྲལ་ཕུགས་ཀྱི་བསླབ་དོན་སྡེབས་ལེགས་ཀྱི་ཚིགས་བཅད་དུ་སྤེལ་བ་ཞིབ་འཁོད་དང་བཅས་གནང་བ་ཕེབས་པས་ཤིན་ཏུ་སྤྲོ་བར་གྱུར་ལགས། དེ་ལ་ཞུ་ལན་ཞིག་འཕྲལ་དུ་འབུལ་བར་འདོད་ཀྱང༌། ངེད་རང་བློ་གྲོས་ཀྱི་རྩལ་ཞན་པ་དང༌། སུག་བྲིས་ཀྱི་འདུ་བྱེད་བུལ་བས་འཕྲལ་དུ་འབུལ་མ་ཐུབ་པར་བརྟེན། སླར་ཕྱག་བྲིས་དེ་ཁ་ལས་བརྩམས་ནས་རྗེ་བཙུན་གྱི་ཆེད་བརྗོད་དང་རང་གི་གནས་ཚུལ། སྐུ་ཉིད་ལ་ཡང་ངེད་རང་གི་ཕུང་པོར་ཤར་ཚོད་ཀྱིས་དགེ་བསྐུལ་གསལ་འདེབས་ཀྱི་ཞུ་དོན་ཞིག་འབུལ་དགོས་པར་འདུག་པས་ཚུལ་ཇི་ལྟར་དྲག་སྙམ་དུ་རང་ཉིད་གཅིག་པུར་སེམས་ཤིང་ཡོད་པའི་ཚེ། མདུན་དུ་བྱིའུ་མཛེས་ཤིང་ཡིད་དུ་འོང་བ་སྔོན་ཆད་མཐོང་ཐོས་མ་མྱོང་བ་སྤུ་དང་གཤོག་པ་ཐམས་ཅད་འཇའ་ཚོན་རིས་སུ་ཡོད་པ། སྤུའི་ཐོག་ནས་འོད་འབྱུང་བ་བློ་བརྟན་ཅིང་བག་དང་ལྡན་པ་ཞིག་བཟའ་འབྲུ་ཚོལ་བའི་ཚུལ་དུ་བྱུང་སྟེ་ཁོ་བོ་ལ་མགྲིན་པ་སྐྱོགས་ཏེ་འདི་སྐད་ཅེས་ཟེར། ཀ་ཅིག་ཉོན་དང་བན་གཟུགས་ཆོས་མ་ནུས། །ཁ་ཏ་འཆད་མཁས་རང་ལ་ཉམས་ལེན་ཞན། །ག་ལེར་ལོང་ཡོད་རེ་བའི་རྟག་འཛིན་མཁན། །ང་ལ་ཉན་ན་ལེགས་བཤད་སྨྲ་རྒྱུ་ཡོད། །ཅེས་ཟེར་བས་བདག་གི་བསམ་པ་ལ། བྱིའུ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་མི་སྐད་དུ་སྨྲ་བ་ནི་ཤིན་ཏུ་ངོ་མཚར་ཆེ། འདི་ལ་མཐུན་པའི་གླེང་མོ་བྱས་ན་སེམས་ལ་ཕན་པའི་གཏམ་སྨྲ་བའི་རིགས་སུ་འདུག་པས། ཐོག་མར་རེ་ཞིག་གཞན་དུ་མི་འཕུར་བའི་གྲོས་ཞིག་འདེབས་དགོས་སྙམ་སྟེ། སྨྲས་པ། ཀ་ལན་ཏ་ཀ་འཕྲུལ་གྱི་གཤོག་པ་ཅན། །ཁ་ནས་ལེགས་བཤད་སྨྲ་བའི་ངོ་མཚར་བྱ། །ག་ཞིག་གཞན་ལ་དར་ཅིག་མ་འཕུར་བར། །ང་ཡི་ས་ལ་བག་ཕེབས་གླེང་མོ་བྱ། །ཞེས་སྨྲས་པས། བྱིའུ་ན་རེ། ཀ་ཤིའི་རྒྱལ་མཚན་འཛིན་པའི་གྲུབ་མཆོག་ལ། །ཁ་ཞེ་མེད་པར་གུས་པས་མཇལ་འདོད་ན། །ག་ཞིག་དབེན་པའི་གནས་སུ་རྩེ་གཅིག་ཏུ། །ང་འཛིན་དགྲ་བོ་འདུལ་བ་གདམས་པའི་ཕུལ། །ཞེས་ཟེར་ཞིང་ལུས་སྤུག་ཅིང་ཕན་ཚུན་དུ་བལྟ་བ་སོགས་འཕུར་འདོད་པའི་རྣམ་འགྱུར་དུ་འདུག་པ་ལ། བདག་གི་བསམ་པ་ལ་བྱིའུ་འདིས་རྗེ་བཙུན་གྱི་ཆེ་བ་བརྗོད་འདོད་པས། ང་ཡི་བསམ་པ་དེ་ཡང་ཤེས་འདུག་ཅིང༌། བྱིའུ་བག་ཡོད་གཙང་སྦྲ་དང་ལྡན་པ་ཞིག་འདུག་པས། ཟན་དང་ཤ་སོགས་བྱིན་ཡང་མི་འདོད་ཅིང་ཚུར་ཐུགས་ཁྲེལ་བྱེད་པའི་རིས་སུ་འདུག་པས། ཤིང་ཐོག་དང་འབྲུ་སོགས་སྦྱིན་རྒྱུ་ནི་མི་འདུག་པས། རེ་ཞིག་ཇ་གཅིག་བསྐོལ་ནས་གཏམ་བྱའོ་སྙམ་སྟེ།
སྨྲས་པ། ཅ་ཅོའི་ངག་ལས་ཟབ་དོན་སྟོན་མཁས་ཤིང༌། །ཆ་ལུགས་མཛེས་ལྡན་འདབ་ཆགས་ཁྱོད་ལ་བདག །ཇ་སོགས་རྙེད་བཀུར་ཅུང་ཟད་བགྱིད་སྤྲོ་བས། །ཉ་བཞིན་མ་འཁྱུག་ལྷོད་ལ་རྒྱུན་དུ་བཞུགས། །ཞེས་སྨྲས་པས། བྱིའུ་ན་རེ། ཅ་རེ་གཅིག་ཏུ་འཇུག་པར་བདག་མི་ཁོམ། །ཆ་ཆེའི་གོས་སོགས་ཚེ་འདིའི་ཆེ་ཐབས་དང༌། །ཇ་སོགས་འདོད་ལ་སྲེད་པ་མ་སྤངས་ན། །ཉ་བཞིན་གཅེར་བུར་འགྲོ་ཚེ་འཕྲང་བའི་རྒྱུ། །ཞེས་ཟེར་བ་ལ། བདག་གི་བསམ་པ་ལ་བྱིའུ་འདི་ཡུན་རིང་སྡོད་པའི་རིས་སུ་མི་འདུག་པས་ད་ལན་བཞིན་དུ་ཡང་ཡང་འཕྲད་ན་སྙམ་ཏེ་སྨྲས་པ། ཏ་ལའི་ལྗོན་པ་རྒྱས་པའི་ནགས་ཚལ་ནས། །ཐ་མལ་ཚུལ་དོར་བག་ལྡན་བྱིའུ་ཁྱོད། །ད་ལན་བཞིན་དུ་མཛའ་.....འབེལ་.....བའི་གཏམ་བགྱིད་ཕྱིར། །ན་མ་རེ་བཞིན་ཕྱོགས་འདིར་འབྱོན་པར་མཛོད། །ཅེས་སྨྲས་པས། བྱིའུ་ན་རེ། ཏ་ཐཱ་ག་ཏའི་བསྟན་ལ་ཐོས་བསམ་གྱིས། །ཐ་སྙད་དོན་དམ་ཚུལ་ལ་སྒྲོ་འདོགས་ཆོད། །ད་ལྟའི་ཆོས་བརྒྱད་བྱ་བ་རིང་དུ་སྤོངས། །ན་འཆི་བྱུང་ཡང་དེ་ཚེ་འགྱོད་པ་མེད། །ཅེས་ཟེར་ཞིང་འཕུར་བར་བརྩམས་བྱུང་བ་ལ། བདག་གི་བསམ་པ་ལ། འདི་ཟས་སྐོམ་སོགས་ལ་འདོད་པ་མི་འདུག་པས། ཁོ་རང་ལ་ཅུང་ཟད་བསྟོད་དེ་སྨྲས་ན་དྲག་གམ་སྙམ་སྟེ་སྨྲས་པ། པ་སངས་ལྟར་དཀར་གཞན་ཕན་སེམས་དང་ལྡན། །ཕ་མཐར་བསྒྲོད་པའི་ཐབས་ཤེས་གཤོག་ཟུང་ཅན། །བ་སྤུ་གཡོ་བའི་ངེས་འབྱུང་གཏམ་ལ་མཁས། །མ་འཕུར་མ་འཕུར་ཅུང་ཟད་བདག་ལ་གསོན། །ཞེས་སྨྲས་པས། བྱིའུ་ན་རེ། པ་ཊའི་མཇུག་ལྡན་གནས་འདྲའི་འཁོར་བ་འདིའི། །ཕ་རོལ་བསྒྲོད་ཕྱིར་བརྩོན་པས་མི་འབད་ན། །བ་ལང་ལུས་དང་དལ་འབྱོར་རྟེན་འདི་ཉིད། །མ་ཐོབ་ཐོབ་ལ་ཁྱད་པར་ཅི་འདུག་སོམས། །ཞེས་ཟེར་བ་ལ། ཡང་བྱིའུ་ལ་སྨྲས་པ། ཙ་ལའི་སེམས་ལྡན་གཉིས་སྐྱེས་གཞོན་ནུ་ཁྱོད། །ཚ་ཟེར་ཅན་གྱིས་པདྨོའི་ཚལ་ལ་བཞིན། །ཛ་ལང་ཅན་བདག་དགེ་བའི་བློ་རྒྱས་ཕྱིར། །ཝ་ལེར་མ་བསྐྱོད་སླར་ཡང་ལེགས་བཤད་སྨོས། །ཞེས་སྨྲས་པས། བྱིའུ་ན་རེ། ཙ་ཏུར་གྲངས་ལྡན་རིན་ཆེན་རྡུལ་བརྩེགས་ཀྱང༌། །ཚ་ཟེར་འོད་ཀྱིས་དུས་མཐར་སྐད་ཅིག་འཇིག །ཛ་ལང་རྟག་འཛིན་བློ་འདིས་བླུན་པོ་རྣམས། །ཝ་བཞིན་འཁོར་བའི་གྲལ་དུ་འཁྲིད་པར་བྱས། །ཞེས་ཟེར་ཞིང་འཕུར་གྲབས་འདུག་པས་བདག་གི་བསམ་པ་ལ། རི་ཁྲོད་འདིར་བྱིའུ་འདིའི་ཡིད་དང་མཐུན་པའི་ཟས་སྦྱིན་རྒྱུ་ཡང་དཀའ་བ་འདུག་པས། སླར་འབྲས་སྤུངས་རང་དུ་སྡོད་དུས་ཞིག་ཕྲད་བྱུང་ན་སྙམ་སྟེ་སྨྲས་པ། ཞྭ་སེར་ངུར་སྨྲིག་འཛིན་པའི་ཁྲིམས་ལྡན་གྱི། །ཟ་མ་ཏོག་འདྲའི་རབ་རྒྱས་ཆོས་སྡེ་ཆེར། །འ་ཅག་མཐུན་པའི་གསུང་གླེང་བགྱིད་པའི་ཕྱིར། །ཡ་མཚན་བྱ་ཁྱོད་ཡང་ཡང་འབྱོན་པར་རིགས། །ཞེས་སྨྲས་པས། བྱིའུ་ན་རེ། ཞྭ་གོས་རྒྱན་སོགས་ནོར་རྫས་ལོངས་སྤྱོད་དང༌། །ཟ་མ་འདོད་ཡོན་སོགས་ལ་ཆོག་ཤེས་རྟེན། །འ་ཅག་ཡང་ཡང་འཕྲད་པའི་ངེས་མེད་པས། །ཡ་མཚན་འཆད་ཉན་ལས་ལ་བརྩོན་འགྲུས་ཀྱིས། །ཞེས་ཟེར་བ་ལ་ཡང༌། བྱིའུ་ལ་སྨྲས་པ། རྭ་ལྟར་གྱོང་བའི་རང་གི་ཤེས་རྒྱུད་འདི། །ལ་གོར་འདུལ་བར་འདོད་ཀྱང་ལེ་ལོས་ཁྱེར། །ཤ་ཚའི་སྙིང་གཏམ་སྨྲ་བའི་བྱ་ཁྱོད་ཀྱིས། །ས་ལམ་མྱུར་དུ་བགྲོད་པའི་གདམས་པ་སྟོན། །ཞེས་སྨྲས་པས། བྱིའུ་ན་རེ། རྭ་བཅུ་རྒྱས་པའི་ཤ་བ་ནག་པོ་དང༌། །ལ་ལུང་བསྐོར་བའི་གློག་སྤྱང་དམར་མོ་དང༌། །ཤ་ཟའི་གདོང་ཅན་མགོན་པོ་རྡོ་རྗེ་གསུམ། །ས་ཐོབ་དམ་པ་གང་ལས་བྱུང་བ་ལྟོས། །ཞེས་ཟེར་བ་ལ་ཡང༌། བྱིའུ་ལ་སྨྲས་པ། ཧ་ས་བཛྲ་ཐུགས་ཀྱི་བུམ་བཟང་ལས། །ཨམྲྀ་ཏ་འདྲའི་ཟབ་དོན་གདམས་པའི་བཅུད། །མྱོང་བའི་སྐལ་ལྡན་རྣམས་ལ་དེ་སྐད་མོད། །བདག་སོགས་སྙིགས་དུས་འགྲོ་ལ་ཇི་ལྟར་འགྱུར། །ཞེས་སྨྲས་པས། བྱིའུ་ན་རེ། ཧ་ཅང་བརྩོན་པ་ཆེན་པོས་བསྒྲུབ་ནུས་ན། །ཨ་དོན་སྐྱེ་མེད་རྟོགས་པའང་དཀའ་བ་མིན། །བཏང་སྙོམས་ལེ་ལོས་དབང་གྱུར་སྐྱེ་བོ་ལ། །འདི་སྣང་འཕྲལ་གྱི་བྱ་བའང་དཀའ་མོར་མཆིས། །མང་དུ་སྨྲས་ཀྱང་ཚིག་ལ་འཛད་པ་མེད། །དེ་རིང་ངེད་ཅག་མཐུན་པར་སྨྲ་བ་ཡང༌། །སྔོན་བསགས་ལས་སྨོན་དག་པའི་རྒྱུ་ལས་བྱུང༌། །དེ་བཞིན་རྒྱུ་འབྲས་ཆོས་ལ་ཡིད་ཆེས་ཀྱིས། །སྔོན་སྨྲས་ཚིག་རྣམས་མ་བརྗེད་སེམས་ལ་ཞོག །ཡུན་རིང་བསྡད་ན་ལོང་གཏམ་འཕེལ་བའི་རྒྱུ། །མི་སྡོད་དགྲ་བོ་ནམ་ཡོང་ཆ་མེད་པས། །བྱིའུ་བདག་ནི་ནགས་མའི་གསེབ་ཏུ་འགྲོ། །ཞེས་བདག་ལ་སེམས་འཕྲང་བའི་ཚུལ་གྱིས། ཕྱི་མིག་བལྟ་བཞིན་ཤར་ཕྱོགས་ཀྱི་ནམ་མཁའ་ལ་འཕུར་སོང་བས། སེམས་ལ་ཤིན་ཏུ་འཕྲང་ཞིང་ཡིད་སྐྱོ་བ་སྨྲ་མི་ཤེས་པ་ལྟ་བུ་ཞིག་བྱུང་སྟེ་བརྗེད་ཀྱིས་དོགས་ནས་འཕྲལ་དུ་ཡི་གེར་བཀོད་པའོ། །ལེགས་པར་བཤད་པ་བྱ་ཀ་ལན་ཏ་ཀའི་དྲིས་ལན་ཞེས་བྱ་བ་རྫོགས་སོ། །
སྨྲས་པ།
སྡེབ་སྦྱོར་གཞུང་ལ་ཐོས་ཆུང་བདག་འདྲ་དང༌། །འདབ་ཆགས་དུད་འགྲོས་སྨྲས་པའི་ཕལ་ཚིག་འདི། །མཁས་རྣམས་དགའ་བ་བསྐྱེད་པར་མི་ནུས་མོད། །འོན་ཀྱང་ཀ་སོགས་སྡེ་ཚན་ལས་རྩོམ་ཚེ། །འདོགས་དང་སྔོན་འཇུག་མཐའ་རྟེན་བྱེད་པ་དང༌། །ཐོབ་བཏང་དོར་ནས་ཚིག་ཙམ་བསྒྲིགས་པ་འདི། །མི་རིགས་ཞེས་པ་དཔྱོད་ལྡན་ཕལ་ལ་གྲགས། །དེའི་ཕྱིར་འདི་ལ་ནོངས་པའི་ཚོགས་མཆིས་ན། །མཁྱེན་ལྡན་མཁས་པའི་ཚོགས་ཀྱིས་མི་ཁྲེལ་འཚལ། །
དེས་ན་ཁ་སང་གི་ཕྱག་བྲིས་དེ་ལ་དངོས་ལན་ཞིག་འབུལ་དགོས་རྒྱུ་ཡིན་རུང༌། ཕལ་ཆེར་དྲིས་ལན་གྱི་ཚིག་འདི་རྣམས་ཀྱིས་སྟོན་པར་འདུག་པ་དང༌། རེ་ཞིག་བྱིའུའི་ཚིག་འདི་རྣམས་ལ་ཡ་མཚན་པར་འདུག་པས་སྔ་མགྱོགས་སུ་ཕུལ་བ་ལགས། བྱིའུ་དེ་ཕྱོགས་སུ་ཡང་བྱུང་ནས་གསུང་གླེང་བྱུང་ན་འདིར་ཡང་སྐད་ཆ་གནང་བ་ཞུ་ལགས། གོང་གི་འབུལ་ཡུལ་གྱི་སྤྲུལ་བའི་སྐུ་ནི། བསྟན་པའི་མངའ་བདག་ལྕང་སྐྱ་རིན་པོ་ཆེ་ྋངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོ་དང༌། འབུལ་བ་པོ་ནི་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའོ། །གནས་ནི་ཡུལ་དབུས་འབྲས་སྤུངས་ཀྱི་ཉེ་འདབས་རི་བོ་དགེ་འཕེལ་དུ་གྲགས་པ་དེ་ཡིན་ནོ། །

མཆན་འགྲེལ་རྡོ་རྗེའི་ཚིག་འགྲེལ།

རྗེ་བཙུན་ཙོང་ཁ་པ་ཆེན་པོའི་མནལ་ལམ་གྱི་མཆན་འགྲེལ་རྡོ་རྗེའི་ཚིག་འགྲོལ་ཞེས་བྱ་བ་བཞུགས་སོ། །
སངས་རྒྱས་ཀུན་གྱི་དངོས་པོ་མ་ལུས་པ། །ངུར་སྨིག་གར་མཛད་འཇམ་དབྱངས་སྤྲུལ་པའི་སྐུ། །རྒྱལ་བ་གཉིས་པའི་ཞབས་ལ་གུས་བཏུད་ཏེ། །རྡོ་རྗེའི་གསུང་གི་མདུད་པ་འགྲོལ་ལ་སྤྲོ། །དེ་ཡང་མཆོད་བརྗོད་ནི། རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པའོ། །འདིར་བྱཱགྷྲ་ནི་སྟག་སྟེ་དེའི་གོང་མ་གླང་གི་ལོའི་ཙནྡྲ་ནི། རྒྱ་སྐད་ལ་མཁའི་ཟླ་བ་ལས་དུས་ཀྱི་ཟླ་བར་མི་འཇུག་ཀྱང་བོད་སྐད་དུ་བསྒྱུར་ན་ཟླ་བ་ཞེས་པ་ཡིན་ལ་སྤྱིར་བོད་སྐད་ལ་ཟླ་བ་ཞེས་པ་དེ་དུས་ཀྱི་ཟླ་བ་དང་མཁའི་ཟླ་བ་གཉིས་ཀ་ལ་འཇུག་པ་དང༌། རྒྱ་སྐད་མི་འཇུག་པ་དངོས་བསྟན་དུ་བྱས་པ་ནི། གབ་ཚིག་སྟེ། དཔེར་ན་སྐད་གཅིག་གཉའ་སྒུར་མ་དང་མཛེས་མ་ལ་སྦྱར་བའི་གབ་ཚིག་བཞིན་ནོ། །དེས་ན་དུས་ཀྱི་ཟླ་བ་མིག་དང་ཟླ་བ་སྟེ་བཅུ་གཉིས་པའི་ཚེས་གྲངས་གསུམ་པ་ལ། སྔོན་ཇོ་བོས་གཟིགས་པའི་བྱམས་འཇམ་དབྱངས་ཀྱིས་འགྲོ་བ་མཛད་པའི་ཆུ་བོ་འདྲེས་པའི་ཆུས། ཀ་ལ་ཤ་སྟེ་བུམ་པ། བཀང་བ་གཅིག་འཇམ་རྡོར་དཀྱིལ་འཁོར་གྱི་གཙོ་བོ་དེས། སྟེར་རྩིས་བྱེད། ཅིང༌། ལྷ་དེའི་ཞལ་ནས་ཕུལ་བྱུང་སྟེ་ཨ་ཏི་ཤ།།ནས་ནི་ད་བར་ལོ་སུམ་བརྒྱ་དང་བཅུ། སོང་སྟེ་ད་བར་དུ་སྟེར་ས་མ་རྙེད་ད་ཁྱོད་ལ་སྟེར་ཟེར་ཅིང་དེའི་ཚེ་ཡབ་ཅིག་འཇམ་དཔལ་རྡོ་རྗེ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་གཙོ། བཅས་ཐམས་ཅད་དང༌། སྔོན་སྐུ་བཞི་སོགས་ལ་བགྲོ་བ་མཛད་པ་འདི་བྱམས་འཇམ་དབྱངས་གཉིས་ཀྱང་སྣང༌། བ་ཞིག་རྨིས་ལ། འདིས་ནི་མདོ་སྔགས་ཀྱི་བདག་པོར་རྗེ་གཅིག་བུ་བྱུང་བར་ལུང་བསྟན་པ་ཡིན་ནོ། །ཟླ་བ་དེའི་ཚེས་གྲངས་བཞི་པ་ལ་བུ་སྟོན་ཐམས་ཅད་མཁྱེན་པ་ཡིན་ཟེར་བའི་བླ་མ་བུ་སྟོན་གྱི་རྣམ་པ་ཇི་ལྟ་བ་ཅན་ཞིག་གིས་རིན་པོ་ཆེའི་ཁྲི་ཡི་སྟེང་ནས་འདུས་པ་རྩ་བའི་རྒྱུད་ནི། གནང་ནས་ཁྱོད་ཀྱིས་འདི་བདག་གྱིས་ཤིག་ཞེས་གནང་བའི་ཚེ། མ་ཚང་ངམ་སྙམ་ནས་བལྟས་པས་ཚང་འདུག་བཛྲ་སོགས་ཀྱི་སྔགས་དང་ཕྱག་རྒྱས་དབུའི་སྟེང་དུ་ལན་གསུམ་བཏེགས་པ་ཞིག་རྨིས་ཏེ་དེ་ནི་སྔོན་གྱི། འཇམ་དཔལ་རྡོ་རྗེའི་ལུང་བསྟན། དེ་འདྲའི་ལྟས་སུ་གོ་བ་ཞིག་བྱུང་ལ་ཟླ་བ་དེའི་ཚེས་ལྔ་པ་ལ། ལྷོ་བྲག་མར་པ་ཡི་ཐུགས་ཀྱི་བཅུད་དམ་པ་གྲུབ་པའི་དབང་ཕྱུག་ཐམས་ཅད་ཀྱི་གསང་ལམ་ཆེན་པོ་འགྲན་ཟླ་མེད་པའི་བསྲེ་འཕོའི་གདམས་པ་ལ། །འཕྲིག་ཚུད་ལུགས་ཡ་མཚན་ཅན་ཞིག་བྱུང༌། དེ་ནས་ཟླ་བ་དེའི་ཚེས་དྲུག་པ་ལ་བསྲེ་བ་སྐོར་དགུའི་རྒྱུ་མཚན་དངོས་སྟོབས་ཀྱི་རིགས་པས་གྲུབ་ཅིང་ཐུན་མོང་མ་ཡིན་པའི་ངེས་པ་མཐའ་ཆོད་པར་རྙེད་དེ་ནས་ཟླ་བ་དེའི་ཚེས་བདུན་པ་ལ། སྤྱོད་བསྡུས་གཟིགས་པས་བསྲེ་འཕོའི་སྐོར་འཕགས་པ་ཡབ་སྲས་ཀྱི་དགོངས་པར་རྟོགས་བསྲེས་ལས་ནི་ཤིན་ཏུ་ངེས། པ་རྙེད་ལ། སྔར་འཇམ་རྡོར་གྱི་རྟེན་བརྟེན་པའི་དཀྱིལ་འཁོར་བགྲོ་མཛད་གཉིས་དང་བཅས་པ་མནལ་ལམ་དུ་བྱུང་དུས་བདེ་མཆོག་གི་དཀྱིལ་ཐང་གཅིག་བཤམས་ནས་དེའི་རྩར་ཤིད་ཟན་གཏོང་བ་ཡིན་ཟེར་ནས་མཆོད་པ་ཐོགས་འདུག་པ་ཞིག་རྨིས་པས། ཤིད་ཟན་ཞེས་པའང་མི་ཤི་བ་ལ་ཤིད་ཟན་གཏོང་བ་བཞིན་དུས་ཕྱིས་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ཤི་བའམ་ནུབ་པ་ལྟར་སོང་བ་དེའི་བརྡ་དང་ཤིད་ཟན་ལྟ་བུའི་གསོ་ཐབས་གྱིས་ཤིག་གི་བརྡར། དེ་ནས་གོ ། བ་སྟེ་ལེགས་པར་དགོངས་གསུངས་པའོ།། སྔར་བཤད་པ་དེ་འདྲའི་རྨི་ལྟས་ངོ་མཚར་རྨད་དུ་བྱུང༌། བ་དེ་བརྗེད་ན་ཕྱི་རབས་གདུལ་བྱ་ལ་ཡིད་ཆེས་ཀྱི་ངེས་པ་སྟེར་དཀའ་བ་སོགས་ཀྱི་དོགས་ནས་དེ་དུས་ཡི་གེར་བཀོད། པ་ཡིན་པས། འདིའི་དགེ་བས་རིམ་པ་གཉིས་པོ་དེའི་དོན་བསྒྲུབ་པ་མཐར་ཕྱིན་ནས་སངས་རྒྱས་པར་ཤོག །ཅིག་གུ་ཞེས་པའོ། །དུས་ནི་གླང་གི་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བདུན་གནས་འོལ་ཁའི་བསམ་གཏན་གླིང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག ཅེས་པའི་མཆན་རྡོ་རྗེའི་ཚིག་འགྲོལ་ཞེས་པ་འདི་ཡང་རྗེ་དེ་ཉིད་ལ་མི་ཕྱེད་པའི་དད་ལྡན་རྣལ་འབྱོར་བ་འཇམ་དབྱངས་བཞད་རྡོར་གྱིས་བྲིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག།། །།

ཆོས་སྡེ་ཆེན་པོ་དགའ་ལྡན་གྱི་དཀར་ཆག

རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི་ཆོས་སྡེ་ཆེན་པོ་དགའ་ལྡན་གྱི་དཀར་ཆག་བཞུགས་སོ། །
ཨོཾ་བདེ་ལེགས་སུ་གྱུར་ཅིག །ལྷ་མིའི་རྣམ་འདྲེན་ཟླ་མེད་ཟས་གཙང་སྲས། །སྲས་ཀྱི་ཐུ་བོ་རྒྱལ་ཚབ་མི་ཕམ་མགོན། །རྒྱལ་ཀུན་ཡབ་གཅིག་རྒྱལ་སྲས་འཇམ་དབྱངས་ཞབས། །སྐྱབས་མཆོག་སངས་རྒྱས་སྲས་བཅས་གཙུག་གིས་མཆོད། །སྙིགས་དུས་ལོག་སྤྱོད་ཐུན་གསུམ་མུན་ཚོགས་ཀུན། །སེལ་བྱེད་ལེགས་སྨོན་མཁྱེན་རབ་འོད་ཟེར་འབུམ། །ཐུབ་བསྟན་བཅུ་གཉིས་གླིང་བདག་ཉི་མ་མཆོག །རྒྱལ་བ་གཉིས་པའི་ཞབས་སེན་གཙུག་ན་མཛེས། །སངས་རྒྱས་ཀུན་གྱིས་ལུང་བསྟན་གངས་ཅན་གྱི། །རྡོ་རྗེ་གདན་དངོས་གཉིས་པ་དཔའ་བོ་དང༌། །མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་མངོན་རྒྱུ་བའི། །དགའ་ལྡན་རྟེན་གསུམ་འགའ་ཙམ་ལོ་རྒྱུས་བྲི། །
༈ དེ་ཡང་རྟེན་འདི་དག་གི་ལོ་རྒྱུས་རྒྱས་པར་མི་ལྕོགས། མཚོན་ཙམ་བཤད་ན། མཁན་ཆེན་ཕྱག་རྡོར་པ་ལ་དཔལ་གསང་བའི་བདག་པོས་ལུང་བསྟན་པ་ལས། བློ་བཟང་གྲགས་པ་འདི་ཉིད་ནི། །སངས་རྒྱས་ཀུན་གྱི་སྤྲུལ་པ་སྟེ། །པཎ་ཆེན་རྐྱང་གི་ལུས་བཟུང་ནས། །མདོ་དང་སྔགས་ཀྱི་དོན་བཤད་ཅིང༌། །ངེས་པ་ཁོ་ནར་འཚང་རྒྱའོ། །ཞེས་གསུངས་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཡིན་ལ། སྤྲུལ་ཚུལ་ཡང་སྙིགས་དུས་ཀྱི་ལོག་སྤྱོད་མཐའ་དག་ཟིལ་གྱིས་མནན་ནས་བསྟན་པའི་བདུད་རྩིའི་འོད་སྣང་གིས་ས་གསུམ་ཁྱབ་པའི་ཆེད་དུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སྔོན་རྒྱལ་བ་དབང་པོའི་ཏོག་གི་དུས་ནས་དེ་ལྟར་འགྱུར་བར་བྱིན་གྱིས་བརླབས་ཤིང་ཐུགས་བསྐྱེད་པའི་མཐུས་འཇིག་རྟེན་ཐམས་ཅད་དུ་མདོ་སྔགས་ཀྱི་ཆོས་ཀྱི་བདུད་རྩིས་ཁྱབ་པར་མཛད་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དང་པོ་པ་གྲགས་པ། །སྡོམ་བརྩོན་ཐམས་ཅད་གྲགས་པ་ཡང༌། །སྟོན་པའི་བསྟན་པ་གསལ་བྱེད་པ། །བསྟན་པ་དེ་ཚེ་ས་སྟེང་དུ། །རྣམ་པར་ཉམས་ཤིང་སྣང་མེད་ལ། །བསྟན་པའི་གཟུགས་བརྙན་ཡིད་དུ་འོང༌། །བྱེད་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་སོགས་དང༌། མ་ཅིག་ལབ་སྒྲོན་གྱིས། དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ། །ལུང་རིགས་སེང་གེའི་ང་རོ་རབ་བསྒྲགས་པས། །ཁྲིམས་འཆལ་ལོག་སྤྱོད་སྤོབས་པ་ཟིལ་གྱིས་གནོན། །ཁྲིམས་འཆལ་དཔག་མེད་ཡང་དག་ཁྲིམས་ལ་སྦྱོར། །ཐུབ་པ་ཉིད་ཀྱི་སྲོལ་ལུགས་ཇི་བཞིན་མཚུངས་པ་ཡི། །འདུལ་ཁྲིམས་སྲོལ་གཏོད་སྟོན་པའི་ཆས་རྟགས་འཛིན། །ཞེས་གསུངས་ཤིང༌། གཏེར་ཁ་གོང་དང༌། རཏྣའི་སྤྱི་ལུང་སོགས་ལས་ཀྱང་དེ་ལྟར་བཤད་པ་དང༌། མ་ཅིག་ལབ་སྒྲོན་གྱིས། བསྟན་པ་གསལ་བར་བྱེད་པའི་སྐྱེས་བུ་དེ་ནི། ཞེས་པ་ནས། རེས་སྤྱན་རས་གཟིགས་དབང་བོ་ལ་ཆོས་ཞུ་བ། རེས་མགོན་པོ་བྱམས་པ་ལ་ཆོས་ཞུ་བ། རེས་མགོན་པོ་ཚེ་དཔག་མེད་ལ་ཆོས་ཞུ་བ། རེས་མགོན་པོ་འཇམ་དཔལ་དང་ཀུ་ཀུ་རི་བ་ལ་ཆོས་ཞུ་ནུས་པ། སེམས་ཅན་གྱི་དོན་བྱེད་པ་ལ་ཐུགས་བསྐྱེད་ཤིན་ཏུ་ཆེ་བ། ཞེས་པ་ནས། འདིར་བྱོན་ནས་དགེ་སློང་གི་ཆས་སུ་ཞུགས་ནས་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པ་ཡིན་ནོ། །དེའང་ཐུབ་པ་ཉིད་ཀྱི་ལུང་བསྟན་ཐོབ་པ་དང༌། ཞེས་དང༌། འཇམ་དབྱངས་ཁ་ཆེས་ཀྱང༌། ཏ་ཐཱ་ག་ཏས་ལུང་བསྟན་རྒྱལ་བའི་སྲས། །ཞེས་སོགས་ལྟར་ལུང་བསྟན་ཚུལ་ཡང་ཤིན་ཏུ་མང་སྟེ། དེའི་ནང་ནས། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་པའི་ཚེ། །ས་ཡི་སྟེང་འདི་སྟོངས་པ་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཅན་གྱིས། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་སངས་རྒྱས་མྱ་ངན་ལས་འདས་རྗེས་འཇམ་དབྱངས་བྱིས་པ་སྟེ་སོ་སྐྱེའི་ཚུལ་བཟུང་ནས་སངས་རྒྱས་ཀྱི་མཛད་པ་བྱེད་པ་དང༌། དགོན་པ་ཆེན་པོ་དགའ་ལྡན་ཞེས་གངས་ཅན་དུ་འབྱུང་བར་ལུང་བསྟན་པ་ལྟར་རྣམ་ཐར་ཟུར་འདེབས་ལས་ཀྱང༌། སྤྲེའུ་ལོའི་མཇུག་ཏུ་ཡབ་ཀྱི་མནལ་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔ་ནས་འོང་ཟེར་བའི་བཙུན་པ་མེ་ཏོག་ཕྲེང་བ་དུ་མ་སྦྲེལ་བའི་ཆོས་གོས་དང༌། སུམ་ཅུ་རྩ་གསུམ་གྱི་ཤིང་ལོ་ཡིན་ཟེར་བ་དར་སེར་པོ་འདྲ་བའི་ཤམ་ཐབས་ཅན། པོ་ཏི་ཁྱེར་བ་ཞིག་བྱུང་ནས། ང་ཁྱེད་ལ་གནས་ཞིག་གཡོར་བ་ཡིན་ཟེར་ནས། ཞེས་པ་ནས། འཇམ་དབྱངས་ཀྱི་རྣམ་འཕྲུལ་ཡིན་སྙམ་པ་བྱུང་སྐད་ཅེས་དང༌། དཔལ་གསང་བའི་བདག་པོ་མིའི་རྣམ་པར་རོལ་བ་མཁན་ཆེན་ཕྱག་རྡོར་བའི་གསུང་འབུམ་ལས། གསང་བའི་བདག་པོས། བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ། ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པ་ཕུན་སུམ་ཚོགས་པ་གཅིག་དང་བཅོ་ལྔའི་གོང་ནས་འབྲེལ་བ་ཡོད་ཅིང༌། ཞེས་སོགས་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་ཐར་གཟིགས་པ་ལྔ་ལྡན་ལས། སང་ཉིན་རྗེ་ལ་མཇལ་དུས་མདངས་རྨི་ལམ་འདི་ལྟ་བུ་གཅིག་རྨིས་པ་ཇི་ལྟར་ལགས་ཞུས་པས། ཁྱེད་ཀྱིས་བླ་མ་དང་ཡི་དམ་དབྱེར་མེད་དུ་མཐོང་བ་ལེགས། ཁྱེད་སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་གཅིག་ཡིན་པར་འདུག །ང་རྗེ་བཙུན་འཇམ་དབྱངས་སུ་མཐོང་བ་ལྟར་དོན་ལ་གནས་མོད། གཞན་བློ་དམན་པའི་གང་ཟག་གིས་ཐ་མལ་བར་མཐོང་འོང་བ་ཡིན། ཞེས་གསུངས་པ་ལྟར་དམིགས་བརྩེ་མའི་ཊཱིཀྐ་ཚིག་དོན་རབ་གསལ་དང༌། འཇིགས་བྱེད་ཆོས་འབྱུང་དང༌། རཏྣའི་སྤྱི་ལུང་སོགས་དུ་མས་བཤད། ཡང་དམིགས་བརྩེ་མའི་ཊཱིཀ་ཆེན་རྣམ་ཐར་ཟུར་འདེབས་སུ། དེ་ནས་བྱ་ལོ་ཟླ་བ་དང་པོའི་ཚེས་བཅུའི་ནུབ་མོ་ཡུམ་གྱི་མནལ་ལམ་དུ་དགེ་འདུན་ལ་སོགས་པའི་ཕོ་མོ་བསམ་གྱིས་མི་ཁྱབ་པས་རྒྱལ་མཚན་དང༌། རྔ་བོ་ཆེ་ལ་སོགས་པ་རོལ་མོའི་བྱེ་བྲག་མཐའ་ཡས་པ་བཟུང་སྟེ། སྤྱན་རས་གཟིགས་འབྱོན་པ་ལ་བསུ་བ་བྱེད་ཟེར་གྱིན་འདུག་པས། ཞེས་སོགས་ལྟར་སྤྲུལ་པའི་གླེགས་བམ་ལས་ཀྱང་དེ་ལྟར་བཤད་པས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དམ་པ་དང༌། ཡང་རྣམ་ཐར་ཟུར་འདེབས་ལས། ཡབ་ཀྱི་མནལ་ལམ་དུ་ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེས་འཕངས་སམ་སྙམ་པའི་གསེར་གྱི་རྡོ་རྗེ་འབར་བ་ཞིག་ཡུམ་ལ་ཐིམ་པ་རྨིས་པས་བུ་སྟོབས་ལྡན་ཞིག་སྐྱེ་བ་ཡིན་ནམ། ཞེས་གསུངས་པ་ལྟར་མཁན་ཆེན་ཕྱག་རྡོར་ལ་གསང་བའི་བདག་པོས་ཀྱང༌། སོ་སོ་སྐྱེ་བོའི་སྣང་ངོར་སྦྱོར་ལམ་ལ་གནས་པར་གྲགས། ཁོ་བོ་ལག་ན་རྡོ་རྗེས་ཀྱང་འདིའི་ཡོན་ཏན་དཔག་པར་མི་ནུས་ཤིང་ལྷག་པའི་ལྷ་ཕྱི་ནང་གི་མང་པོས་རྗེས་བཟུང༌། རིགས་གསུམ་མགོན་པོས་ཀྱང་རྗེས་སུ་བཟུང་སྟེ་ལྷག་པའི་ལྷ་ཡིན། ཞེས་གསུངས་པ་ལྟར། དཔལ་གསང་བདག་ཕྱག་ན་རྡོ་རྗེ་དང་དབྱེར་མ་མཆིས་པ་དང༌། ཡི་དམ་རྒྱུད་སྡེ་བཞིའི་ལྷ་མཐའ་ཡས་པས་བྱིན་གྱིས་བརླབས་པ་ཡང་རྣམ་ཐར་ཟུར་འདེབས་སུ། ཆོས་རྗེ་དོན་གྲུབ་རིན་ཆེན་ལ་རྨི་ལམ་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཟིགས་པས་ཡང་ཡང་ཞལ་གཟིགས་པར་གསོལ་བ་བཏབ་པས། སང་ཕོད་ད་ཙམ་ན་ལུང་པ་འདིའི་མདའ་རུ་ཡོང༌། དེ་བར་དུ་བདེ་བར་གྱིས་གསུངས་པས། དེ་གང་ཡིན་དཔྱད་པའི་ཕྱིར་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས་ཁྱེད་ཀྱི་བུར་འདུག་པ་ཐིགས་པ་ཡིན། ཞེས་དང༌། གངས་ཅན་གྱི་རྒྱལ་བ་ཉི་མ་བདུན་གྱི་གཉིས་པ་རྒྱལ་བ་དགེ་འདུན་རྒྱ་མཚོས་གསུངས་པ་ལས་ཀྱང༌། རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །མ་རུང་བདུད་དཔུང་འཇོམས་མཛད་གཤིན་རྗེ་གཤེད། །མི་ཡི་གཟུགས་ཀྱིས་རྣམ་རོལ་ཙོང་ཁ་པ། །ཞེས་གསུངས་པ་དང༌། རྒྱལ་བ་དགེ་འདུན་གྲུབ་ཀྱི་གསུང་ལས་ཀྱང༌། རྗེ་རིན་པོ་ཆེ་ལ་གཤེགས་པ་མི་མངའ་སྙམ་ཞེས་སོགས་གསུངས་པ་ལྟར། འཇམ་དབྱངས་ཁྲོས་པ་དཔལ་རྡོ་རྗེ་འཇིགས་བྱེད་མིའི་ཟློས་གར་མཛད་པ་དང༌། ཡང་མ་ཅིག་ལབ་སྒྲོན་གྱིས་ལུང་བསྟན་པ་ལས་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པའི་དགེ་སློང་གཅིག་འབྱུང་བྱས་པ་དེ། ད་ལྟར་བཤད་པའི་དགེ་སློང་གྲགས་པའི་མཚན་ཐོགས་པ་འདི་ཡིན། དགེ་སློང་དེས་བསྟན་པ་འཆོལ་བ་མང་དུ་འབྱུང་བ་རྣམས་ཚར་གཅོད་ཅིང༌། ཡང་དག་པའི་དོན་དང་བསྟན་པ་རྣམ་དག་གི་ཁྲིམས་སྲོལ་བཏོད་པ་ནི་འཛམ་བུ་གླིང་དུ་ཐུབ་པས་ཆོས་འཁོར་བསྐོར་བ་དང་སྙིགས་དུས་བོད་དུ་དགེ་སློང་གྲགས་པའི་མཚན་ཅན་བྱུང་ནས་ཆོས་སྲོལ་བཏོད་པ་ནི་མཚུངས་ཏེ། ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །ཞེས་གསུངས་པ་དང༌། ལྷ་མོ་དྲི་མ་མེད་པས་ཞུས་པ་ལས་ཀྱང༌། བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་ཆར། །དགེ་བ་ལྡན་པའི་ས་ཕྱོགས་སུ། །དམ་པའི་ཆོས་ནི་རྒྱས་པར་འགྱུར། །ཞེས་དང༌། མཁན་ཆེན་ཕྱག་རྡོར་བའི་ལུང་བསྟན་ལས་ཀྱང༌། འཕྲིན་ལས་བསམ་གྱིས་མི་ཁྱབ་པ་དཔག་མེད་འོང༌། ཆོས་སྡེ་ཆེན་པོ་ཁྱེད་ཀྱི་རིང་ལ་འདེབས། དགེ་འདུན་ཚན་ཆེ་བ་འདུ། འཕགས་པའི་སློབ་མ་ལྔ་དྲུག་འདུ། བསྟན་པ་དང་སེམས་ཅན་ལ་ཕན་ཆེ་བར་འབྱུང༌། མདོ་སྔགས་ཀྱི་གཞུང་ལུགས་ཀྱང་ཆེས་ཆེར་གསལ་བར་བྱེད་ཅིང༌། སངས་རྒྱས་འཇིག་རྟེན་དུ་བྱོན་པ་འདྲ་བའི་རིང་ལུགས་འོང༌། འགྲོ་བ་མང་པོ་ཞིག་ཐར་པའི་ལམ་ལ་འཁྲིད་པར་འདུག་པས་ཤིན་ཏུ་ངོ་མཚར་ཞེས་པ་ལྟར་མོ་ལའི་ལ་རྩར་བཞུགས་དུས་རྒྱལ་བ་བྱམས་པས། རིགས་ཀྱི་བུ་ཁྱོད་ཀྱིས་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་འདྲ་བ་ཞིག་འོང་བར་ཤེས་པར་བྱོས་ཤིག་ཅེས་སེང་གེའི་སྒྲས་དབུགས་དབྱུང། གཉལ་སྨད་སེང་གེ་རྫོང་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས། ཁྱོད་ཀྱིས་དུས་ཀྱི་འཁོར་ལོ་འདི་ལ་རྒྱལ་པོ་ཟླ་བ་བཟང་པོ་བྱོན་པ་འདྲ་བ་གཅིག་འོང་བ་ཡོད་དོ། །ཞེས་སྔགས་ཀྱི་འཁོར་ལོས་བསྒྱུར་བར་བྱིན་གྱིས་བརླབས་པ་དང༌། རྗེ་བཙུན་འཇམ་དབྱངས་ལ་གྲུབ་ཆེན་བརྒྱད་ཅུ་རྒྱན་དྲུག་གིས་བསྐོར་བ་ཡང་ཡང་གཟིགས་ནས། མདོ་སྔགས་ཀྱི་བདུད་རྩི་ཐོབ་པ་ཙམ་གྱིས་གྲོལ་བར་བྱིན་གྱིས་བརླབས་ཀྱི་བཀའ་བབས་ཀྱི་བདུད་རྩིས་གདུལ་བྱ་མཐའ་ཡས་མུ་མེད་པས་རྒྱལ་བ་སྲས་བཅས་ཀྱི་བཀོད་པས་ནམ་མཁའི་ཁྱོན་མ་ལུས་གང་བ་ཇི་ལྟར་དཔལ་གསང་བ་འདུས་པ་གསུངས་པའི་ཚེ་རྒྱལ་བ་སྲས་བཅས་ཏིལ་གྱི་གང་བུ་ལྟར་གང་བར་མཛད་པ་ལ། མཆོད་པ་དང་སྨོན་ལམ་རླབས་ཆེན་མཛད་པས་སྐྱེ་རྒུ་མཐོང་ཐོས་དྲན་རེག་འདྲེན་པའི་མཐོ་རིས་དང༌། ཐར་པ་དང༌། ཐམས་ཅད་མཁྱེན་པའི་ལམ་སྲོལ་རྒྱ་ཆེ་ཞིང༌། བསྟན་པ་དག་ཞིང་ཆེན་པོས་འཇིག་རྟེན་ཁྱབ་པ་ལྟ་བུ་མཛད། དམ་ཚིག་གི་དྲི་བསུང་མཆོག་ཏུ་དགའ་བ་དང༌། བཤད་སྒྲུབ་ཀྱི་རྔ་བོ་ཆེ་བརྡུངས་པས་འཇིག་རྟེན་ལས་འདས་པའི་དཔའ་བོ་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་དབྱར་དུས་ཀྱི་སྤྲིན་བཞིན་འདུ་ཞིང་ལུས་དང་གྲིབ་མ་བཞིན་འབྲལ་བ་མེད་པར་བླ་མ་དང་རྡོ་རྗེ་འཇིགས་མཛད་ཀྱི་བཀའ་བཞིན་དུ་རང་གི་རྗེས་འཇུག་གདུལ་བྱ་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་གཡེལ་བ་མེད་པར་བཞུགས་པ་ཀུན་གྱིས་མངོན་སུམ་ལྟ་བུར་གྲུབ་ཅིང༌། ཤེས་བྱེད་ཀྱང་མདོ་རྒྱུད་ལུང་བསྟན་ཆེས་མང་བ་ལགས། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྗེ་རྒྱལ་བ་གཉིས་པ་དེ་ཉིད་ཀྱིས་བདུད་བཏུལ་བ་དང༌། ཆོས་འཁོར་བསྐོར་བའི་གནས་ནི། འཇམ་དཔལ་རྩ་རྒྱུད་ལས། དུས་ཀྱི་ཐ་མ་དེ་ལ་ནི། །སེམས་ཅན་ཀུན་ལ་མཆོག་སྦྱིན་བྱེད། །འཇིག་རྟེན་པ་ནི་མྱ་ངན་འདས། །ས་ཡི་སྟེང་ནི་སྟོངས་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཆུ་བོ་གསེར་དང་ལྡན་འགྲམ་དུ། །ང་ནི་མྱ་ངན་འདའ་བར་འགྱུར། །ཞེས་ཁ་བ་ཅན་དུ་དགའ་ལྡན་ཞེས་པའི་དགོན་གནས་སོགས་ལུང་བསྟན་པ་འདི་ཡིན་ལ། དེ་ཡང་གཞན་གྱི་ལུང་བསྟན་ལ་ཧམ་ཚོད་ལྟ་བུ་ཡང་མིན་པ་ནི་དགོན་པའི་མིང་དང་གང་དུ་འདེབས་པའི་ལུང་ལག་ཚུན་ཆད་གསལ་བར་བཤད་པ་ནི་སངས་རྒྱས་མྱ་ངན་ལས་འདའ་ཁར། འོད་སྲུངས་དང་ཀུན་དགའ་བོ་ལ་མདོ་སྡེ་གདམས་ངག་འབོགས་པ་བཀའ་སྩལ་པའི་མདོ་འདིའི་ལེའུ་བཞི་བཅུ་པ་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ནས་དུ་མ་ལུང་བསྟན་པ་དེ་ཟུར་དུ་ཕྱུང་བ་ལས། ཀུན་དགའ་བོས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་བསྟན་པ་གསོ་བའི་གང་ཟག་འདི་ལྟར་རོ། །ད་ལྟར་ང་ལ་ཤེལ་དཀར་གྱི། །ཕྲེང་བ་ཕུལ་ནས་སེམས་བསྐྱེད་པ། །ང་ཡི་བསྟན་པ་གསོ་བྱེད་ལ། །མཐའ་འཁོབ་ཁ་བ་ཅན་ལྗོངས་སུ། །འབྲི་དང་ལྡན་གྱི་ས་མཚམས་སུ། །དགའ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་མཚན་ཅན་འབྱུང༌། །ཞེས་སྟོན་པ་སངས་རྒྱས་ལ་ཤེལ་དཀར་གྱི་འཕྲེང་བ་ཕུལ་ནས་ལྟ་སྤྱོད་རྣམ་དག་སྤེལ་བའི་སྨོན་ལམ་བཏབ་སྟེ་སེམས་བསྐྱེད་པས། སངས་རྒྱས་ཀྱིས་ཁྱེའུ་པདྨའི་ངང་ཚུལ་འདི་མ་འོངས་པ་ན་ཁ་བ་ཅན་དུ་འབྲི་གུང་དང༌། དེའི་ཚུ་རོལ་དུ་ལྡན་གཉིས་ཀྱི་ས་མཚམས་འགོག་པ་རིའམ། འབྲོག་རིའི་ངོས་སུ་དགོན་པ་དགའ་ལྡན་ཞེས་བྱ་བ་དང༌། ཁྱེའུ་པདྨའི་ངང་ཚུལ་གྱིས་མཚན་བློ་བཟང་གྲགས་པ་ཞེས་བྱ་བ་འབྱུང་ཞེས་པ་ཡིན་ཏེ། དེ་དུས་ཀྱི་ཤེལ་ཕྲེང་འབུལ་བའི་ཁྱེའུ་མཚན་པདྨའི་ངང་ཚུལ་ཡིན་པ་ནི། བླ་མ་དབུ་མ་པས་རྗེ་བཙུན་འཇམ་དབྱངས་ལ་ཞུས་པ་ནི། སྔོན་སངས་རྒྱས་འཇིག་རྟེན་ན་བཞུགས་པའི་དུས་སུ་བླ་མ་འདི་རྒྱ་གར་དུ་བྲམ་ཟེའི་ཁྱེའུ་ཞིག་ཏུ་འཁྲུངས། དེའི་ཚེ་དགེ་སློང་གི་ཆ་ལུགས་འཛིན་པའི་བྱང་ཆུབ་སེམས་དཔའ་མོས་པའི་བློ་གྲོས་ཞེས་བྱ་བ་དང་མཇལ་ནས་དེ་ཉིད་མཉེས་པར་བྱས་ཤིང་ཞབས་འབྲིང་དུ་ཆོས་མང་དུ་གསན། དེས་ཁྲིད་དེ་སྟོན་པ་ཤཱཀྱ་ཐུབ་པར་མཇལ་ཞིང་སེམས་བསྐྱེད། དེའི་ཚེ་སྟོན་པ་ལ་ཤེལ་དཀར་པོ་དྲི་མ་མེད་པ་བརྒྱ་རྩའི་ཕྲེང་བ་ཞིག་དང་བས་ཕུལ་ནས་སྨོན་ལམ་བཏབ་པས་སྟོང་པ་ཉིད་ཀྱི་ལྟ་བ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ས་བོན་བཞག་པ་ཡིན་ཞེས་གསུངས་པ་དང༌། ལང་གཤེགས་རྒྱ་ནག་མ་ལས། སྟོན་པ་འཁོར་བཅས་མཚོ་མ་ཕམ་པའི་འགྲམ་དུ་དབྱར་གནས་པར་ཞལ་གྱིས་བཞེས་པའི་ཚེ། ཀླུའི་རྒྱལ་པོ་མ་དྲོས་པས་དུང་ཞིག་ཕུལ་བས་བཅོམ་ལྡན་འདས་ཀྱིས་མོའུ་འགལ་གྱི་བུ་ལ། ཁྱོད་རྫུ་འཕྲུལ་གྱིས་སོང་ལ་དུང་འདི་བོད་གདོང་དམར་ཅན་གྱི་ཡུལ་དུ་སྦོས་ཤིག །མ་འོངས་པའི་དུས་ན་འཁོར་འདིའི་ནང་ནས་དགེ་སློང་པདྨའི་ངང་ཚུལ་གྱིས་ངའི་བསྟན་པ་རྒྱས་པར་བྱེད་པའི་དུས་དགེ་འདུན་གྱི་ཚོགས་དུང་བྱེད་ཀྱི། དེའི་གཏེར་བདག་ཏུ་ཚོགས་བདག་སྤྲེའུ་གཟུགས་སུ་བྱས་ཏེ་སྲུང་དུ་ཆུག །ཅེས་བཤད་པ་དང༌། ལུང་བསྟན་གསང་བའི་མེ་ལོང་ལས་ཀྱང༌། བྱ་རྒོད་ཕུང་པོའི་རིར་སྟོན་པ་སངས་རྒྱས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་དུང་ཕུལ་བ་རེ་ཞིག་ཆོས་དུང་མཛད། དེ་རྗེས་སྟོན་པ་འཁོར་བཅས་ཁ་ཆེར་ཕེབས་དུས། ད་ལྟའི་སློབ་མ་དགེ་སློང་པདྨའི་ངང་ལྡན་འདི་བོད་གདོང་དམར་ཅན་གྱི་ཡུལ་དུ་བློ་བཟང་གྲགས་པ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རྒྱས་པར་བྱེད་པ་འོང་གསུངས་ཏེ། ཀུན་དགའ་བོ་ལ་བཀའ་སྩལ་ནས། ཀུན་དགའ་བོས་དུང་བསྣམས་ནས་རྫུ་འཕྲུལ་གྱིས་བྱོན། འབྲོག་རི་བོ་ཆེར་གཏེར་དུ་སྦས། གཏེར་བདག་ཚོགས་བདག་ལ་བཅོལ་བ་སྤྲེའུའི་གཟུགས་སུ་ཡོད། ཅེས་གསུངས་ལ། གསང་བའི་བདག་པོ་མཁན་ཆེན་ཕྱག་རྡོར་པའི་ལུང་བསྟན་ལས་ཀྱང༌། ཆོས་རྗེ་བློ་བཟང་གྲགས་པ་ཁྱེད་དགོན་གནས་གར་བཏབ་ན་ལེགས་གསུངས་པ་ཁྱེད་རང་གིས་བླ་མ་དང་ཡི་དམ་དབྱེར་མེད་དུ་མཛོད་ལ་གསོལ་བ་ཐོབ་དང༌། ད་དུང་ཞིབ་ཆ་འདྲ་བ་ཅིག་འཇམ་དབྱངས་ཀྱིས་གསུངས་པར་འདུག །འོན་ཀྱང་ང་ལ་ལྷག་པའི་ལྷས་གསུངས་དུས། དབང་བསྐུར་རི་ཡི་འདབས་དག་ཏུ། །བཙུན་མོ་སྡིང་གི་ངོས་ཕྱོགས་སུ། །དགེ་འདུན་དཔག་མེད་འདུ་བར་འགྱུར། །རི་ནི་གང་ཡིན་འཇམ་དབྱངས་འཆད། །དབུས་གཙང་མདོ་ཁམས་རྒྱ་ཡུལ་གྱི། །མཆོད་ཡུལ་དམ་པ་ཚོགས་སོག་རྟེན། །མངའ་རིས་བྱང་ཁམས་ཀུན་གྱི་སྐྱབས། །ཟེར་བ་སོགས་བྱུང་སྟེ། ངའི་འདི་ཟུར་ཙམ་ཡིན། ཁྱེད་རང་གང་དགོས་ཡི་དམ་ལ་ཞུས་པས་ཡོངས་པར་སྣང༌། ཞེས་གསུངས་ལ། དེ་ཡང་དབང་བསྐུར་རི་ནི་དགོན་པའི་མདུན་གྱི་རི་དེ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བཞུགས་ནས་དགོན་པ་ངོས་ཀྱི་སྡིང་དེ་ལ་བཙུན་མོ་བཞུགས་ནས་དབང་བསྐུར་བའི་ཕྱག་ནས་ཀྱི་རྗེས་ཀྱང་རྡོ་ལ་ཡོད་པས། དགོན་པའི་གཡོན་གྱི་སྡིང་ནི་བཙུན་མོ་ཡིན་པས། དེའི་ངོས་ཕྱོགས་སུ་དགེ་འདུན་དཔག་མེད་འདུ་བ་རི་དང་སྡིང་གང་ཡིན་འཇམ་དབྱངས་ལ་དྲིས་ན་འདི་ཡིན་ཞེས་བཤད་པ་ཡོངས་ལ། དགོན་པའི་མ་རྟེན་འབྲེལ་གྱིས་བཙུན་མོ་སྡིང་ངོས་ལ་བཏབ་ན། དབུས་གཙང༌། མདོ་སྨད་དང༌། ཁམས་དང༌། ཆེན་པོ་རྒྱ་ཧོར་གྱི་ཡུལ་གྲུའི་བར་གྱི་མངའ་རིས་ཀྱི་སྐྱེ་འགྲོ་ཁ་ཆེ་ནས་བྱང་ཕྱོགས་ཀྱི་རྒྱ་མཚོ་དང་ཤར་མཐའི་རྒྱ་མཚོའི་བར་དུ་ཁྱབ་ལ། དེ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། གང་ཞིག་ཐུན་བཞིའི་རྡོ་རྗེ་དག་ནི་སྒྲུབ་བྱེད་ཅིང༌། །མི་སྣང་ལ་སོགས་སྣ་ཚོགས་མཆོག་དང་དམན་གྲུབ་ཅིང༌། །བླ་མའི་དྲིན་གྱིས་འདི་ན་མ་ནོར་ལམ་རྟོགས་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་སོགས་བཤད་པ་ལྟ་བུའི་ཡོན་ཏན་དང་ལྡན་པའི་མདོ་སྔགས་ཟུང་འབྲེལ་གྱི་རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་ཀྱིས་ཀྱང་ཕྱག་མཛད་པའི་ཡུལ་དམ་པ་དག་གིས་ས་ཀུན་ཁྱབ་ཚུལ་རྣམ་ཐར་དད་པའི་འཇུག་ངོགས་ལས། ཚེ་འདི་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་ནུས་པའི་མན་ངག་གི་གནད་གྲུབ་ཆེན་གྱི་དགོངས་པ་ལྟར་འཁྲུལ་མེད་དུ་གོ་ནས། ཞེས་པ་ནས། བོད་ལ་གྲུབ་ཐོབ་ཏུ་གྲགས་པ་དུ་མ་ཞིག་གིས་བསྐྲུན་པར་མི་ནུས་པའི་ཏིང་ངེ་འཛིན་བརྟན་པོ་རྙེད་པ་དང༌། ལྷག་པའི་ལྷས་བྱིན་གྱིས་བརླབས་ཤིང་བསྙེན་སྒྲུབ་དང་བཟླས་པ་ལ་གོམས་པ་རྨད་དུ་བྱུང་བས། རང་གཞན་གྱི་བདུད་དང་བར་དུ་གཅོད་པ་ཚར་གཅོད་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པ་ལ་སོགས་པ་མདོར་ན་རྒྱུད་སྡེ་དང་མཐུན་པའི་རྡོ་རྗེ་འཛིན་པ་སོ་སོར་ཐར་པ་དང་འདུལ་བའི་ཀུན་སྤྱོད་རྣམ་པར་དག་ཅིང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་དག་ལ་ཐེག་པ་ཆེན་པོའི་སྡེ་སྣོད་དང་མཐུན་པར་གཅེས་སྤྲས་སུ་བྱེད་པ། སྡོམ་པ་གསུམ་གྱི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པས་ཐུགས་རྒྱུད་རྙོག་པ་མེད་པར་ལེགས་པར་གཏམས་པའི་སྡེ་སྣོད་འཛིན་པ་སྟོང་ཕྲག་མང་པོ་ཞིག་གིས། ནུབ་ཕྱོགས་ཛ་ལན་དྷ་ར་ནས་བཟུང་སྟེ། ཤར་ཕྱོགས་རྒྱ་མཚོ་ཆེན་པོ་ལ་ཐུག་པའི་རྒྱ་ནག་གི་རྒྱལ་ཁམས་ཡན་ཆད་དུ་ཅི་རིགས་པར་ཁྱབ་པར་འགྱུར་བ་འདི་ལྟ་བུ་ནི་རྗེ་བླ་མ་འདི་ཉིད་འབའ་ཞིག་གི་རྨད་དུ་བྱུང་བའི་འཕྲིན་ལས་དཔག་པར་དཀའ་བ་ཡིན་ནོ། །ཞེས་གསུངས་པ་ནི་རང་བཞིན་བརྗོད་པ་ཁོ་ན་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། སངས་རྒྱས་མཛད་པ་བྱེད་པར་བཤད་པར་མ་ཟད། མ་ཅིག་ལབ་སྒྲོན་གྱིས་ཀྱང༌། མཐའ་ཡས་རྒྱུད་སྡེའི་ཚོགས་ལ་དབང་བསྐུར་ཞིང༌། །རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད་ཕྱུང་ནས། །གདུལ་བྱར་གྱུར་པའི་སྐལ་ལྡན་ཚིམ་པར་མཛད། །ཅེས་དང༌། རྡོ་རྗེ་གླིང་བའི་གཏེར་ལས་ཀྱང༌། དེ་ཡི་ཆོས་རྒྱུད་འཛིན་རྣམས་ཚེ་གཅིག་སངས་རྒྱས་ཡིན། །ཞེས་གསུངས་སོ། །སྤྲུལ་པའི་གླེགས་བམ་གྱི་མ་འོངས་ལུང་བསྟན་གྱི་ཐོག་མར་སྦས་པའི་བརྟུལ་ཞུགས་མཛད་པའི་བཟང་པོ་འགའ་རེ་འོང་སྟེ་དེ་པའང་བཤད་མི་འཚལ། གོང་བཞིན་དུ་རིགས་གསུམ་གྱི་སྐུའི་ངོ་བོ་གྱུར་པ་དགེ་སློང་བྱང་ཆུབ་སེམས་དཔའི་རིགས་བསྐྱེད་པ། དེའང་ཐམས་ཅད་ཐམས་ཅད་ལ་མཁས་མོད་ཀྱི། འོན་ཀྱང་གཅིག་གིས་ཁོ་བོའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་འབྱེད་ཅེས་གསུངས་པས་རྗེ་བདག་ཉིད་ཆེན་པོ་ལུང་བསྟན་ཀྱང༌། གསལ་བར་མི་འཆད་པ་དང༌། གོ་རིམ་དང་ཆད་པ་ལྟ་བུར་ཚང་བར་མི་སྟོན་པ་དང༌། སྣར་ཐང་དང་དགའ་ལྡན་ཡང་ཡང་བསྐྱར་བས་ལྷག་པ་ཡིན་ཀྱང་དགོས་དབང་ཡིན་ཚུལ་སོགས་མ་འོངས་ལུང་བསྟན་ལས། ཇོ་བོས་དཔང་མཛོད་གྲོགས་པོ་རྣམས། །དེ་རིང་ཡོད་ངེས་དམ་པ་རྣམས། །གང་ནས་ཟིན་ཟིན་ཐོར་བུར་བསྒྲགས། །དེ་ལ་ཉེས་གང་མཐོལ་ལོ་བཤགས། །ལ་ལ་ཆད་དང་ལྷག་སྲིད་ནའང༌། །དགོས་པའི་དབང་ཡིན་ནོངས་པ་མེད། །ཅེས་སོགས་ཀྱི་ལྡེ་མིག་བྱས་ནས་དཔྱད་དགོས་ལ། ལུང་བསྟན་དེ་ཉིད་ལས། བྱང་རི་ལྷུན་པོ་བརྟན་པའི་རྩེར། །ཞེས་པ་ནས། དེ་ནི་རྡོ་རྗེ་གདན་དང་མཚུངས། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །མི་དང་དྲི་ཟ་དག་གིས་མཆོད། །གང་ནས་བལྟས་ཀྱང་ལྷང་ངེར་གསལ། །ཞེས་ལྷ་ཀླུ་མི་སོགས་ཀྱི་སྐྱབས་གནས་གཅིག་པུ་དང༌། དགའ་ལྡན་སོགས་དགོན་པའི་མ་དང་ཡན་ལག་ཀྱང་མ་འོངས་ལུང་བསྟན་གྱི་འོག་གི་འཕྲོ་དེ་ཉིད་ལས། དེའི་རྒྱུད་པ་ལ་ཡང་བཀའ་གདམས་གཞུང་བར་གྲགས་ནས་གཞུང་བའི་ཆོས་གྲྭ་རྒྱ་མཚོ་ལྟ་བུ་དབུས་གཙང་གཉིས་སུ་ལྔའམ་དྲུག་ལ་ཉེ་བ་འོང༌། དབུས་སུ་གཞུང་ཀུ་པོར་གྲགས་ཏེ་དེ་དག་གི་མ་ལག་ལུང་པའི་སུལ། ཞེས་པ་ནས། ཉུང་ཤོས་དཔོན་གཡོག་གཉིས་གཉིས་ནས་བཟུང་སྟེ། བཞི་སྡེ། ལྔ་སྡེ། བརྒྱད། བཅུ། ཉི་ཤུ་ཙམ། བཞི་བཅུ་ལྔ་བཅུ་མན་ཆོད་རྡོ་རྗེ་གདན་གྱི་མཆོད་རྟེན་བཞིན་དུ་དཀར་པོ་སིབ་སིབ་ཏུ་འབྱུང་ཞེས་གསུངས། འདི་དང་མཐུན་པར་འོག་གི་ལུང་བསྟན་ལས་ཀྱང༌། མདོར་ན་གནས་མཆོག་དེ་དག་ཏུ། །དང་པོ་བཞི་གྲྭ་ནས་བཟུང་སྟེ། །ཐ་མར་སྟོང་ཕྲག་ཕྱེད་དང་གསུམ། །བསླབ་པ་གསུམ་ལྡན་ཤཱཀྱའི་སྲས། །འགྲོ་བ་ཀུན་གྱི་མགོན་དུ་འགྱུར། །ཞེས་གསུངས་པའི་དོན་གནས་གཅིག་ལ་གྲ་སོགས་མིན་པར་སྔར་བཤད་པ་ལྟར་རྒྱ་བོད་ཁམས་སོག་གི་ཡུལ་ཀུན་ཏུ་འབྱུང་བའི་དོན་ཡིན། སྤྱིར་སྤྱོད་འཇུག་ལས། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་དང༌། འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར་ཡིན་ལ། དེའི་ནང་ནས། རྗེ་བདག་ཉིད་ཆེན་པོ་མཐོང་ཐོས་དྲན་ཞིང་རེག་ཚད་ཐམས་ཅད་ལ་མངོན་མཐོ་ངེས་ལེགས་ཀྱི་ཕན་ཡོན་འབྱུང་ངེས་ཡིན་པ་ནི། འཇམ་དཔལ་རྩ་རྒྱུད་ལས། ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ། །ང་ཡི་བྱང་ཆུབ་མཆོག་ཐོབ་སྟེ། །དེ་ནི་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐར་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པ། །གྲགས་པ་འཛིན་པ་ཤེས་པར་བྱ། །ཞེས་དང༌། མདོ་སྡེ་གདམས་ངག་འབོགས་པའི་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ལས་ཀྱང༌། རྨད་བྱུང་བཀོད་མཛེས་ཞིང་ཁམས་སུ། །རྒྱལ་བ་སེང་གེའི་ང་རོར་འགྱུར། །དེ་ལ་དད་བྱེད་ཞིང་དེར་སྐྱེ། །ཞིང་མཆོག་དེ་ནི་ཁྱད་པར་འཕགས། །ཞེས་དང༌། གསང་བའི་བདག་པོས་མཁན་ཆེན་ཕྱག་རྡོར་པ་ལ་ལུང་བསྟན་པ་ལས་ཀྱང༌། ཁོ་བོ་ལག་ན་རྡོ་རྗེས་ཀྱང་འདི་ཡི་ཡོན་ཏན་དཔག་པར་མི་ནུས་ཤིང༌། ཞེས་པ་ནས། མཐོང་ཐོས་རེག་གསུམ་གྱིས་ཕན་ཡོན་ཐོབ་པའི་གང་ཟག་ཡིན་པས། ཁོང་གི་རྒྱུད་ཚོད་གཞན་གྱིས་རྟོགས་པར་མི་ནུས་སོ། །ཞེས་དང༌། མ་ཅིག་ལབ་སྒྲོན་གྱིས་ཀྱང༌། དགེ་སློང་དེ་དང་ཐུག་པའི་སེམས་ཅན་གང་དག་རྣམས་ནི་དམུ་རྒོད་བོད་དུ་བསྟན་མཐར་སྐྱེས་ཀྱང་དོན་ཆེན་འགྲུབ་པ་ཡིན་ནོ། །ཞེས་སོགས་དང༌། མཐོང་ཐོས་རེག་གསུམ་འདྲེན་པར་ལུང་བསྟན་པའི་རྗེ་རྒྱལ་བ་གཉིས་པས་སྔར་སངས་རྒྱས་བྱང་སེམས་དུ་མས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པའི་དགོན་པ་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་འདི་བཏབ་ཅིང་གནས་འདི་ནི། སྤྲུལ་པའི་གླེགས་བམ་ལས། དེ་ནི་རྡོ་རྗེ་གདན་དང་མཚུངས། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །མི་དང་དྲི་ཟ་དག་གིས་མཆོད། །གང་ནས་བལྟས་ཀྱང་ལྷང་ངེར་གསལ། །ཞེས་གསུངས་པ་ལྟར་ནག་ཕྱོགས་སྡེ་རིས་མཐའ་དག་མཐུ་སྟོབས་དང༌། བསྟན་བསྲུང་རྣམས་ཀྱིས་ཚར་བཅད་ཅིང༌། རྟག་ཆད་ལྟ་བའི་རི་བོ་མཐའ་དག་བཅོམ་ཞིང་བར་དོ་ལོངས་སྐུར་སངས་རྒྱས་པར་མཛད་པས་གངས་ཅན་གྱི་རྡོ་རྗེ་གདན་ཆེན་པོ་ལྷ་ཀླུ་གནོད་སྦྱིན་མི་དང་དྲི་ཟ་སོགས་ཀྱིས་མཆོད་པར་མཛད་པའི་གནས་མཆོག་འདི། ཇོ་བོ་ཡབ་སྲས་སམ། རྗེ་བདག་ཉིད་ཆེན་པོ་རང་ཉིད་ཀྱི་སྤྲུལ་པ་སྣ་ཚོགས་པ་དུ་མ་འོངས་ཤིང་གནས་འདི་སྐྱོང་ཚུལ་ནི། སྤྲུལ་པའི་གླེགས་བམ་ལས། བདག་གི་སྤྲུལ་པ་དམ་པ་ཞིག །རེས་འགའ་དགེ་སློང་ཉིད་དུ་སྤྲུལ། །རེས་འགའ་བྱིས་པའི་གཟུགས་སུ་འོང༌། །རེས་འགའ་དབུལ་ཕོངས་སྤྲང་པོའི་གཟུགས། །རེས་འགའ་བྱོལ་སོང་བྱ་ཁྱིའི་གཟུགས། །ཞེས་པས་གང་ཟག་སྣ་ཚོགས་དང་གཟུགས་ཀྱི་སྤྲུལ་པ་དང༌། ཡང་གླེགས་བམ་ལས། རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས། །རེས་འགའ་ཡིག་འབྲུ་གཟུངས་ཀྱི་གཟུགས། །གྲགས་པ་ཅན་གྱི་དགེ་སློང་ངོ༌། །བསྟན་གནས་བར་དུ་ཡང་ཡང་འོང༌། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་བསྟན་པ་གནས་ཀྱི་བར་དུ་སྤྲུལ་པ་སྣ་ཚོགས་ཡང་ཡང་འོང་བ་དང༌། སྔོན་རྗེ་ཞལ་བཞུགས་དུས་ཀྱང་གཎྜིའི་སྒྲ་གྲག་པ་དང༌། རིའི་ཕྱོགས་བཞིའི་ཤར་གྱི་རྡོ་རྗེ་འཇིགས་བྱེད་དཔའ་གཅིག་རང་བྱོན་དང༌། དུང་དང་དམིགས་བརྩེ་མ་རང་བྱོན་སོགས་དང༌། ཕྱོགས་སོ་སོར་གྲགས་ཆེ་བས། རི་འདི་ཡང་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་རང་བྱོན་གྱི་ཕུང་པོ་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་འདུག་གསུངས་པ་ལྟར་དོན་ལ་གནས་པས་བརྗོད་ཀྱིས་མི་ལངས་ཤིང༌། དགོན་པ་འདིའི་རྟེན་གཅོ་བོ་ལྷ་མིའི་མཆོད་གནས་མཐོང་ཐོས་དོན་ལྡན་བྱེད་པའི་རྟེན་མཐའ་ཡས་པ་ལས་རགས་རིམ་བརྗོད་ན། ཡངས་པ་ཅན་གྱི་གཙང་ཁང་དུ་ལྷ་བཟོའི་བཟོ་ཐིག་སོགས་ཕལ་བ་མིན་པར་སྐུ་རྒྱུའི་བྱིན་རླབས་བཟོ་བོའི་སྐྱེད་ཆོག་དང་ལག་ཆ་གང་དགོས་རྒྱུད་སྡེའི་དགོངས་པ་ལྟར་གྱི་སྐྱེད་ཆོག་སོགས་རྗེ་རང་ཉིད་ཀྱིས་མཛད་ནས་བྱིན་རླབས་ཀྱི་ཕུང་པོར་བསྐྲུན་པར་མ་ཟད། ཕྱག་ཚད་ཀྱང་ཤཱ་རིའི་བུ་དང༌། ཚངས་པ་ཨེ་ཊའི་བུ་ལ་སོགས་པས་ཞུས་པར་གྲགས་པ་སོགས་ཡོད་ཀྱང༌། གཙོ་བོར་འཁྲུལ་མེད་ནི་བདེ་མཆོག་སྡོམ་འབྱུང་གིས་སངས་རྒྱས་བྱང་སེམས་ལྷ་ཞི་ཁྲོ་དུ་མའི་ཕྱག་ཚད་སྟོན་པ་དང༌། དེའི་འགྲེལ་པ་རཏྣ་རཀྵི་ཏས་མཛད་པ་དང༌། གཤིན་རྗེ་གཤེད་དམར་ནག་གི་རྒྱུད་གཉིས་ཀྱི་ལེའུ་རེ་རེས་ཕྱག་ཚད་སྟོན་པ་རྣམས་གུང་བསྒྲིགས་ནས་ཚད་དང་ལྡན་པར། སྟོན་པའི་སྐུ་གཟུགས་ཇོ་བོའི་སྐུ་ཚད་ལས་ཅུང་ཆེ་བ་གསེར་ཟངས་ལས་བསྒྲུབ་པ། པད་སྦྲགས་དང་བཅས་པའི་དཔངས་གཞུ་འདོམ་གང་སོར་བཅུ་ཡོད་པ། ནང་རྟེན་སོགས་རྗེ་བླ་མ་ཉིད་ཀྱིས་མཛད་པ། རབ་གནས་རྒྱས་པར་མཛད་པས་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བ་ཐུབ་པ་ཚུལ་ཁྲིམས་མར་གྲགས་པ། རྗེ་རིན་པོ་ཆེས་མ་འོངས་པ་ན་ཇོ་བོ་རིན་པོ་ཆེ་ཀླུས་གདན་དྲངས་པའི་ཚེ་འདི་ཇོ་བོའི་སྐུ་ཚབ་ཡོངས་པར་ལུང་བསྟན་པར་གྲགས་པ། ལན་རེ་མཐོང་བས་ཀྱང་སངས་རྒྱས་ཀྱི་སྨོན་ལམ་དང་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཐུགས་རྗེའི་ཤུགས་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་ས་བོན་བསྐྲུན་ངེས་འདི་བཞུགས། རྗེ་འདིས་དེ་ལྟར་ཕྱག་ཚད་མཛད་པས་དེའི་སྲས་ཀུན་གྱིས་ཀྱང་དེ་ལྟར་བྱས་ཤིང་ཕྱག་ཚད་ཀྱི་ཟིན་བྲིས་ཡང་ཡོད་ཅིང༌། ཁྱད་པར་དུ་རྒྱལ་བ་དགེ་འདུན་གྲུབ་པས་བཀྲ་ཤིས་ལྷུན་པོར་དེ་ལྟར་མཛད་པས་སྨན་ཐང་བ་སྔ་ཕྱིའི་ཟིན་བྲིས་དང༌། སྨན་བླ་དོན་གྲུབ་དང༌། སྤྲུལ་སྐུ་ང་ལ་གཟིགས་སམ་འཕྲང་ཁང་པ་དཔལ་ལྡན་བློ་གྲོས་གཉིས་ཀྱིས་ཡིག་ཆ་ལེགས་པ་རེ་མཛད་པས་དེང་སང་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །དེ་ཡང་འདིའི་རྒྱབ་ཡོལ་དུ་སངས་རྒྱས་སོ་ལྔའི་སྐུ། གཡས་གཡོན་དུ་ལྡེམ་དང་བཅས་པ་གཟི་བྱིན་བླ་ན་འབར་བ་དང༌། དེའི་གཡོན་དུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་རྒྱུ་ཕྱག་ཚད་སྔ་མ་ལྟར་མཛད་ནས་ནང་རྟེན་དུ། གསེར་ཟངས་ལས་གྲུབ་པའི་འོད་དཔག་མེད་སྐུ། རྗེ་དེ་སོགས་དམ་པ་དུ་མས་ཕྱག་ནས་འཐོར་བའི་བྱིན་རླབས་ཤིན་ཏུ་ཆེ་བ་དང༌། གཡོན་དུ་མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་འབྲི་ཕག་སོ་སོས་རྗེ་བདག་ཉིད་ཆེན་པོའི་དགོངས་རྫོགས་སུ་ཟངས་ཀྱི་དད་འབུལ་མང་པོ་བྱུང་བ། མཁས་གྲུབ་ཐམས་ཅད་མཁྱེན་པས་རྒྱུའི་བྱིན་རླབས་ཕྱག་ཚད་ཞིབ་ཐིག་གནང་ནས་རབ་གནས་མཛད་པ། གསེར་ཟངས་ལས་གྲུབ་པའི་ཐུབ་དབང་གི་ཚད་གཞུ་འདོམ་གང་དང་སོར་དགུ་ཡོད་པ། བྱིན་རླབས་དང་གཟི་བྱིན་ཕན་ཚུན་འགྲན་པ་ལྟ་བུ། རྒྱབ་ཡོལ་སངས་རྒྱས་སོ་ལྔ་དང༌། གསོལ་ལྷུང་དང་བཅས་པ་འདི་བཞུགས། དེའི་གཡོན་དུ་རྗེ་བཙུན་འཇམ་དབྱངས་ཀྱིས་བསྐྱེད་རྫོགས་གྱི་རྟོགས་པ་ཁྱད་པར་ཅན་འཁྲུངས་པའི་སློབ་མ་བདུན་ལུང་བསྟན་པའི་ནང་ཚན་དང༌། རྗེ་བཙུན་གྱིས་འཁོར་དག་པ་རྣམ་བརྒྱད་ཕྱག་གཡོག་ཏུ་གནང་བའི་ནང་ཚན་དུས་འཁོར་གྱི་སྟོང་གཟུགས་དང༌། གསང་བདེ་འཇིགས་བྱེད་ཀྱི་རིམ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེས་པར་ཞང་ཞུང་ཆོས་དབང་གྲགས་པའི་བསྟོད་ཚོགས་སོགས་ནས་བཤད་པ་ལྟར་མངའ་བ། ཤར་གྱི་གདན་ས་ཡང་འདིའི་གདན་ས་ཡིན་པ། དེའི་དགོངས་རྫོགས་ལ་བཞེངས་པའི་གསེར་ཟངས་ཀྱི་ཐུབ་དབང་སྐུ་བྱིན་ཅན་འདི་བཞུགས། དེའི་གཡོན་གྱི་རྣམ་རྒྱལ་མཆོད་རྟེན་འདོམ་ཕྱེད་དོ་བ་འདི་ནི། རྗེ་བཙུན་གྱིས་ལུང་བསྟན་པའི་འཁོར་དག་པ་རྣམ་བརྒྱད་ཀྱི་ཐོག་མ་འཇམ་དཀར་བ། རྟོགས་པའི་ཡོན་ཏན་གྱི་ཕུང་པོ་དེའི་གདུང་ཐལ་ལས་གྲུབ་པ་ཡིན་ལ། གདུངས་འབུམ་དགའ་ལྡན་གྱི་སྐོར་ལམ་གྱི་ནང་གི་དེ་ཡིན་པར་ངག་རྒྱུན་དང༌། པཎ་ཆེན་རིན་པོ་ཆེས་གསུངས་ཚུལ་དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་ཀྱི་རྣམ་ཐར་ན་ཡོད། དེའི་གཡོན་གྱི་རྒྱལ་བ་སེང་གེའི་ང་རོའི་གསེར་སྐུ་འདི་ནི། འཇམ་དབྱངས་གཙང་པ་བདུན་གྱི་ནང་ཚན་ལྔ་པ་བ་སོ་ཆོས་ཀྱི་རྒྱལ་མཚན་རང་ཉིད་ཀྱིས་རྒྱུ་ཐིག་ཚད་སྔར་བཞིན་མཛད་ནས་བཞེངས་ཤིང་རབ་གནས་སོགས་མཛད། བྱིན་རླབས་རྒྱལ་བ་སེང་གེ་ང་རོ་དང་མཚུངས་པར་གྲགས་པ་འདིའི་ཁྲི་འདི་ཡང་རྒྱལ་བ་ཙོང་ཁ་པ་ཆེན་པོའི་འོད་གསལ་གཟིམས་ཁྲི་ཡིན་ནོ། །སྤྲུལ་པའི་གླེགས་བམ་ལས། ཁྲིམས་འཆལ་བྱོལ་སོང་སྐྱོང་བར་བྱེད། །སྡིག་གྲོགས་འཕེལ་ཞིང་སྐྱོན་གྱིས་གང༌། །རང་ཉིད་མི་བསྲུན་གཞན་ལ་འཕྱ། །ནོར་བདུན་འདོར་ཞིང་ནོར་མིན་སྒྲུབ། །ཅེས་སོགས་ལྟར་བཀའ་གདམས་ཀྱི་བསྟན་པ་སྔ་མ་ཡང་དེ་འདྲར་གྱུར་སྐབས་སུ་ལྔ་བརྒྱའི་ཐ་མར་བསྟན་པའི་མེ་རོ་གསོ་ཞིང༌། གྲགས་པ་བྱང་རིའི་རྩེ་མོར་སྐུ་གདུང་དམ་པ་བཞག་ནས་ཐུགས་རྗེའི་འོད་ཟེར་གྱིས་དད་ལྡན་དཔག་མེད་སྡུད་ཚུལ་དང༌། བསྟན་པ་གནས་ཀྱི་བར་དུ་སྤྲུལ་པ་ཡི་གེ་དང༌། འོད་ཟེར་དང༌། དབྱངས་དང༌། གཟུགས་བརྙན་དང༌། གང་ཟག་སྣ་ཚོགས་འབྱོན་ལ། རྒྱ་མཚོ་ལྟ་བུའི་དགོན་པ་འོང་བར་བཤད་པས། རྗེ་རྒྱལ་བ་ཁོ་ན་ལུང་བསྟན་དང༌། དགའ་སྣར་ཐང་བྱང་ཆེན་དང༌། སངས་རྒྱས་སེང་གེའི་ལུང་བསྟན་ཁྱད་པར་མི་ཚང་ལས། ལུང་བསྟན་འདི་ལ་སེང་གེའི་མཚན་ཉིད་མི་ལྡན་བཞིན་དུ་རི་བོང་གིས་ཨང་ཉན་མི་བྱེད་པར་ལུང་བསྟན་ཚུལ། ཇི་སྐད་དུ། གླེགས་བམ་གྱི་སྔར་གྱི་ལུང་བསྟན་གྱི་འཕྲོ་ཉིད་དུ་གླེགས་བམ་ལས། འོན་ཀྱང་ལྔ་བརྒྱའི་ཐ་མར་ཡང༌། །བསྟན་པའི་མེ་རོ་དེ་ན་གནས། །རྒྱལ་བ་མྱ་ངན་འདས་པ་ཡི། །རིང་བསྲེལ་སྐྱེ་རྒུས་མཆོད་པར་བྱེད། །བྱང་རི་ལྷུན་པོ་བརྟན་པའི་རྩེར། །བྱང་ཆུབ་གནས་ཞེས་གྲགས་པའི་སར། །བདག་གིས་བྱིན་རླབས་སེང་གེའི་སྒྲ། །སྐུ་གདུང་དམ་པ་དེར་གནས་ཏེ། །ཐུགས་རྗེས་འོད་ཟེར་ཕྱོགས་བཅུར་འཕྲོ། །ཞེས་པ་ནས། བསྟན་གནས་བར་དུ་ཡང་ཡང་འོང༌། །ཞེས་གསུངས་པ་ལྟར་གནས་འདིར། སྔར་ནས་སངས་རྒྱས་ཟིན་ཀྱང་ཚུལ་བསྟན་ལ་རྗེ་བདག་ཉིད་ཆེན་པོས་བདུད་རིགས་ཚར་བཅད། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པའི་ཚུལ་བསྟན་པའི་གནས་ཡིན་པས་བྱང་ཆུབ་ཀྱི་གནས་དང༌། རྡོ་རྗེ་གདན་དང་མཚུངས་པར་ལུང་བསྟན་པའི་སྐུའི་རགས་པའི་ཟུང་འཇུག་གི་ཟ་མ་ཏོག་བསྟན་པ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་དུ། མ་ཉམས་པར་ཙན་དན་འབའ་ཞིག་ལས་བསྒྲུབ་པའི་སྒྲོམ་དུ་བཞུགས་པ། སོ་སོས་དད་འབུལ་གྱི་དངུལ་བྲེ་ཆེན་བཅོ་བརྒྱད་སོགས་ཀྱིས་གདུང་རྟེན་སྔར་བཤད་པ་ལྟར་མཆོད་རྟེན་གྱི་ཆ་ཚད་ཕུན་སུམ་ཚོགས་པ་རིན་པོ་ཆེའི་ཕྲ་སྣ་ཚོགས་པས་སྤྲས་པ་བཞེངས་ཏེ། དེ་དག་གི་བུམ་པར་སྐུ་གདུང་སྣམ་སྦྱར་གྱིས་དྲིལ་བ་ཙན་དན་གྱི་སྒྲོམ་དང་བཅས་པ་བཞུགས་ཤིང༌། རིམ་གཉིས་ཀྱི་ཏིང་ངེ་འཛིན་ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་སློབ་མ་དག་པ་རྣམ་བརྒྱད་ཀྱི་ལྷག་བདུན། རྒྱལ་ཚབ། འདུལ་འཛིན། མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ཀྱིས་རབ་གནས་རྨད་བྱུང་གནང་བ་དངུལ་གདུང་མཐོང་བ་དོན་ལྡན་དུ་གྲགས་པ་མིང་དོན་གནས་ཀྱི་བྱིན་རླབས་ཀྱི་སྐྱེ་དགུའི་ནོར་བུ་འདི་ལ་ཡང་ཕྱི་དུས་སུ་དཔའ་རིས་གསེར་ཏོག་ནང་སོས་དེ་ནང་རྟེན་བྱས་ཏེ་རྣམ་རྒྱལ་མཆོད་རྟེན་ཕྲ་རྒྱན་ཕུན་སུམ་ཚོགས་པ་སྟེང་འོག་བར་གསུམ་ལ་འོས་པའི་བླ་མ་ཡི་དམ་ཆོས་སྐྱོང་སྐུ་དུ་མས་སྤྲས་པ་ཁྱད་འཕགས་འདི་བྱས་སོ། །དེའི་མདུན་དུ་རྗེ་བདག་ཉིད་ཆེན་པོའི་སྐུ་འོད་ཟེར་མར་གྲགས་པ་འདི་ལ་འོད་ཟེར་འཕྲོས་པ་གཙང་ཁང་གི་ཐུབ་པ་དང་འོད་གསལ་ཕུག་གི་ལྡེབ་རིས་རྗེ་བདག་ཉིད་ཆེན་པོ་རང་གི་འདྲ་སྐུ་གསུམ་འབྲེལ་བྱུང་བས་དེ་ལྟར་གྲགས་ཤིང༌། ད་ལྟ་ཡང་དུས་བཟང་ལ་དེ་ལྟར་འོང་བར་གྲགས་ཤིང༌། རྒྱལ་བ་གོང་མ་དག་དང༌། པཎ་ཆེན་གོང་མ་དང༌། གཟིམས་ཁང་གོང་མ་དག་བྱོན་དུས་མཆོད་རྟེན་དང་སྐུ་འདི་དག་ལ་འོད་སོགས་བྱུང་བ་རྣམ་ཐར་དང་ངག་རྒྱུན་ལ་གྲགས་ཤིན་ཏུ་ཆེ་བ། བྱིན་རླབས་རྗེ་རང་ཉིད་དང་ཆ་འདྲ་བ། མདུན་དུ་རྗེ་རང་གི་གསོལ་ལྷུང་གསོལ་དཀར་དང་བཅས་པ་ལགས། འདིའི་གཡས་སྐུ་འདི་རྒྱལ་ཚབ་རིན་པོ་ཆེའི་སྐུ་དང༌། གཡོན་སྐུ་མཁས་གྲུབ་རིན་པོ་ཆེའི་སྐུ་ཡིན། བདེ་མཆོག་དཔུང་སྐུ་རྒྱ་གར་མ་དང༌། རྒྱ་ནག་མར་གྲགས་པ་གཉིས་རང་རང་གི་བླ་མའི་སྐུ་མདུན་དུ་ཡོད་པ་བླ་མ་གཉིས་ཀྱི་ཐུགས་དམ་གྱི་རྟེན་དུ་གྲགས། འཇམ་དབྱངས་སེང་ཞོན་མ་རྗེའི་ཐུགས་དམ་གྱི་རྟེན་ཁྱད་འཕགས་ཕྲ་རྒྱན་ཕུན་སུམ་ཚོགས་པ་འདི་ལ་སོགས་པ་སྐུ་རྟེན་བྱིན་རླབས་ཅན་དུ་མ་བཞུགས། དཔལ་གསང་བདག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ལུང་བསྟན་ལས། ཆོས་རྗེ་བློ་བཟང་གྲགས་པ་ཁྱེད་རང་གི་གདན་ས་འཛིན་མཁན། མཁས་ཤིང་གྲུབ་པ་བརྙེས་པ་མང་པོ་ཡོངས་པ་འདུག ཁྱེད་རང་གི་རྗེས་ལ་གཙང་པའི་དགེ་བའི་བཤེས་གཉེན་ཁྱེད་རང་གི་ཐུགས་ཁེངས་པ་བདུན་འབྱུང་ཞེས་གསུངས་པ་ལྟར། འཇམ་དབྱངས་གཙང་པ་བདུན་བརྒྱུད་ཀྱི་ཐོག་མ། རྗེ་རིན་པོ་ཆེ་ལ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས། ཟླ་བ་བཟང་པོ་ཁྱོད་ཀྱི་རིགས་ལྡན་པདྨ་དཀར་པོ་དང༌། འཇམ་དཔལ་གྲགས་པ་གཉིས་རྗེས་སུ་ཟུངས་ཤིག་ཅེས་ལུང་བསྟན་པའི་པདྨ་དཀར་པོ་ནི་རྒྱལ་ཚབ་དང༌། འཇམ་དཔལ་གྲགས་པ་མཁས་གྲུབ་རྗེ་ཡིན་པར་གྲགས་ཆེ་བ་ལྟར། རིགས་ལྡན་པད་དཀར་གྱི་རྣམ་འཕྲུལ་རྒྱལ་ཚབ་ཐམས་ཅད་མཁྱེན་པའི་གདུང་ཞུགས་ལ་ཕུལ་བར་རིང་བསྲེལ་ཤེལ་ལྟ་བུ་དཔག་མེད་ཕེབས་པ་ཕལ་ཆེར་ནང་དུ་བཞུགས་པའི་མཆོད་རྟེན་གཡས་ཀྱི་དང་པོ་འདི་ལགས། དངུལ་གདུང་ཆེན་མོའི་གཡོན་གྱི་མཆོད་རྟེན་འདི་ནི་འཇམ་དབྱངས་བདུན་བརྒྱུད་ཀྱི་གཉིས་པ། རིགས་ལྡན་འཇམ་དཔལ་གྲགས་པའི་རྣམ་སྤྲུལ། མ་འོངས་པ་ན་དྲག་པོ་འཁོར་ལོ་ཅན་དུ་སྤྲུལ་པ་འཛམ་གླིང་མཁས་པའི་གཙུག་ནོར་མཁས་གྲུབ་ཐམས་ཅད་མཁྱེན་པའི་སྐུ་གདུང་ཞུགས་ལ་ཕུལ་བས་ཞུན་ཐིག་ལས་བདེ་མཆོག་དྲིལ་བུ་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་དང༌། རིང་བསྲེལ་ཁ་དོག་སྣ་ལྔ་དུ་མ་ཕེབས་པར་དགའ་ལྡན་གྱི་གདན་རབས་ལས་བཤད་པ་ལྟར་ཕལ་ཆེར་ནང་རྟེན་དུ་བཞུགས་པས་བྱིན་རླབས་ཤིན་ཏུ་ཆེ་བ་ལགས། རྒྱལ་ཚབ་ཀྱི་རྟེན་གྱི་གཡས་སུ་མཐུ་སྟོབས་དབང་ཕྱུག །མ་རུང་བ་མཐའ་དག་གི་གཉེན་པོ། དཔལ་གསང་བའི་བདག་པོ་དང་རྡོ་རྗེ་འཇིགས་བྱེད་གཉིས་སུ་མེད་པ། རྗེ་རང་ཉིད་ཀྱིས་སངས་མ་རྒྱས་བར་དུ་ཐུགས་རྗེས་འཛིན་པར་ཞལ་གྱིས་བཞེས་པ། འཇམ་དབྱངས་བདུན་གྱི་གསུམ་པ་རྗེ་ལེགས་པ་རྒྱལ་མཚན་གྱི་གདུང་གི་དབུ་ཀླད་ཞུན་ཐིགས་ལས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཞལ་ཕྱག་ཡོངས་རྫོགས་པ་ནང་དུ་བཞུགས། མཁས་གྲུབ་རྟེན་གྱི་གཡོན་དུ་འཇམ་དབྱངས་བདུན་གྱི་བཞི་པ་རྗེ་བློ་གྲོས་ཆོས་སྐྱོང་གི་དངུལ་གདུང་བཀྲ་ཤིས་སྒོ་མང་རྗེ་ཆོས་སྐྱོང་རང་གིས་བཞེངས་ཤིང་རབ་གནས་མཛད་པ་དང༌། ཞྭ་ལུ་བའི་མཆོད་རྟེན་གྱི་གཡས་སུ་བདེ་སྟོང་གི་ཏིང་ངེ་འཛིན་ཟབ་མོ་སྐྱེས་པ་འཇམ་དབྱངས་བདུན་གྱི་ལྔ་པ་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་དངུལ་གདུང་བྱང་ཆུབ་མཆོད་རྟེན་ཁྱད་འཕགས། མཁས་གྲུབ་ཆོས་རྗེའི་རྟེན་གྱི་གཡོན་དུ་རྩེ་ཤར་ཁྲི་གསུམ་དུ་གྲགས་པའི་བྱང་རྩེའི་ཁྲིའི་ཐོག་མ་མཁས་གྲུབ་ཟུང་དུ་འབྲེལ་བ། རྗེ་བདག་ཉིད་ཆེན་པོའི་ཉེ་གནས་ལོ་བཅུ་གཉིས་མཛད་ནས་བྱང་ཆུབ་ཀྱི་སེམས་ཞུས་པས་བདག་པས་གཞན་གཅེས་པའི་བྱང་ཆུབ་སེམས་ཀྱི་གཏེར་ཆེན་པོ་ཧོར་སྟོན་ནམ་མཁའ་དཔལ་གྱི་རྟེན་དངུལ་གྱི་མཆོད་རྟེན་བཀྲ་ཤིས་སྒོ་མང་རྟེན་ཕྲ་སྐུ་སོགས་བཀོད་པས་མཛེས་པ་བྱིན་རླབས་ཅན་འདི་ལགས། དེའི་གཡོན་དུ་འཇམ་དབྱངས་བདུན་གྱི་དྲུག་པ་མཁས་གྲུབ་ཆེན་པོ་བློ་གྲོས་བསྟན་པ་ཞེས་པ་པོ་ཏི་ཆེས་མང་པོར་ཐུགས་བཤད་མཛད་པ། དྭགས་པོ་གྲྭ་ཚང་སོགས་དགེ་འདུན་གྱི་སྡེ་ཆེ་ཆུང་དུ་མ་བཙུགས་པ་དེའི་དངུལ་གདུང་བཀྲ་ཤིས་སྒོ་མང་སངས་རྒྱས་བྱང་སེམས་ཀྱི་སྐུ་གདུང་དུ་མས་སྤྲས་པ་འདི་ལགས། རྒྱ་གུར་གྱི་གོས་འདི་བྱམས་ཆེན་ཆོས་རྗེས་དངུལ་གདུང་མཐོང་བ་དོན་ལྡན་ལ་ཕུལ་བར་ཕྱིས་སུ་ཡར་རྒྱབ་པས་ལེན་འདོད་ཀྱིས་དམག་ལན་གསུམ་བྱས་ཀྱང༌། མཐུ་སྟོབས་དབང་ཕྱུག་འཇམ་དབྱངས་བདུན་པ་སྨོན་ལམ་དཔལ་བས་མགོན་པོའི་གཏོར་ཆེན་གྱི་བཟློག་པར་དེབ་ཐེར་གཞོན་ནུའི་དགའ་སྟོན་ལྟར་ལགས་ལ། ལ་ལས་དེ་དུས་སམ་དེའི་གོང་ནས་ཀྱང་མགོན་ཆོས་ཀྱི་སྐུ་མི་གསལ་ཙམ་རང་བྱོན་བྱུང་བ་རྗེ་སྨོན་ལམ་དཔལ་བས་རི་མོར་བྱས་པར་གྲགས་ཤིང༌། གང་ལྟར་ཡེ་ཤེས་པ་མངོན་སུམ་པ་ལྟར་ཡོད་སྣང༌། རྒྱ་གུར་གྱི་སྒོའི་གཡས་སུ་ཁྲི་རིན་པོ་ཆེ་སངས་རྒྱས་དཔལ་བཟང་གི་དངུལ་གདུང༌། གཡོན་དུ་མཁས་གྲུབ་ཆེན་པོ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་དངུལ་གདུང་ཡོད། འདིའི་ཁྲི་པ་སོ་སོའི་རྟེན་གྱི་ལོ་རྒྱུས་གདན་རབས་གཉིས་ལས་བྲིས། ཡངས་པ་ཅན་གྱི་བྱང་གི་གཙང་ཁང་དུ་རྗེ་རང་གིས་རྒྱུ་དང་བཟོ་བོ་ལག་ཆ་ཚོན་སོགས་ལ་བྱིན་རླབས་གནང་ཞིང༌། སྔར་ལྟར་ཕྱག་ཚད་རྗེ་རང་ཉིད་ཀྱིས་བཀོད་པ་གནང་སྟེ། རྒྱུ་གོས་དར་བཟང་པོ་ཁོ་ན་བརྡུངས་པའི་དར་འདག་འབའ་ཞིག་ལས་གྲུབ་པའི་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་བཞེངས་པ། འདིའི་རྩ་ཞལ་ནི་རྣམ་ཐར་ཟུར་འདེབས་སུ། གཞན་ཡང་རྡོ་རྗེ་འཇིགས་བྱེད་ཆེན་པོ་བཞེངས་དུས་རྩ་ཞལ་རང་བྱོན་པ་དང་ཞེས་གསུངས་པ་ལྟར་རྩ་ཞལ་རང་བྱོན་པ་དང༌། ཡང་རྣམ་ཐར་ཟུར་འདེབས་ལས། རྡོ་རྗེ་འཇིགས་བྱེད་ཆེན་པོའི་རབ་གནས་ཀྱི་ཉིན་པར་ནམ་མཁའ་དྭངས་པའི་དཀྱིལ་ནས། སྒྲ་ཆེན་པོ་འབྲུག་སྒྲ་ཙམ་ཞིག་བྱུང་ནས་མཆོད་ཁང་དུ་ཞུགས་པ་ཀུན་གྱིས་ཚོར་ལ། དེ་དང་མཚུངས་པའི་གསང་འདུས་རིམ་ལྔ་དང༌། བདེ་མཆོག་རིམ་ལྔའི་རྣལ་འབྱོར་པ་འགས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བ་ཙམ་ཕྱོགས་བཞི་ཀ་ནས་བྱུང་ནས་ལྡེར་སྐུ་ལ་ཐིམ་པ་སོགས་སུ་གཟིགས་སོ། །ཞེས་གསུངས་པ། རྗེ་བདག་ཉིད་ཆེན་པོ་རང་གིས་རབ་གནས་མཛད་དེ་ཡེ་ཤེས་པ་མངོན་སུམ་དུ་བཞུགས་ཤིང༌། ཐུགས་ཀ་ན་དྲོད་ལྕོག་སྒོང་ཙམ་ཡོད་པར་གྲགས་ལ། དེ་བཞིན་དུ་རྗེ་རང་གི་ཞལ་བཀོད་ལྟར་རྒྱལ་ཚབ་རྗེས་མགོན་པོ་སོགས་བཞེངས་པས་རང་བྱོན་ལྟར་བྱུང་བར་རྣམ་ཐར་ཟུར་འདེབས་སུ་བཤད་པ་འདི་ན་མགོན་ཆོས་གཉིས་སོགས་མངོན་སུམ་ལྟར་རྒྱུ་བའི་ལོ་རྒྱུས་དང་རྟགས་མཚན་མང༌། སྟེང་གི་བློས་བསླང་འདི་ཡང་རྗེ་བདག་ཉིད་ཆེན་པོ་རང་གིས་ཕྱག་ཚད་བྱིན་རླབས་སོགས་མཛད་པས་ལུགས་ཕུད་ལ་ཁཎྜ་ཀཱ་པ་ལ་འཇའ་ཚོན་མ་དང༌། རྡོར་དབྱིངས་ཀྱི་ཡང་རྡོ་རྗེ་རྒྱལ་པོ་དང༌། རྡོ་རྗེ་ཆགས་པ་གཉིས་འཇའ་ཚོན་མར་བྱུང་ཚུལ་ཡང༌། གནས་རྙིང་ཀུན་དགའ་བདེ་ལེགས་ཀྱི་རྗེའི་རྣམ་ཐར་ལས། ཁྱད་པར་དུ་གཞལ་ཡས་ཁང་རྣམས་ཀྱི་ལུགས་ཕུད་ལ་དཔའ་པོ་ཁཎྜ་ཀཱ་པ་ལ་འཇའ་ཚོན་མ་བྱུང་སྟེ། ཞེས་དང༌། ཡང་དེ་ཉིད་ལས། གཞན་ཡང་རྡོར་དབྱིངས་ཀྱི་རྡོ་རྗེ་རྒྱལ་པོ་དང༌། རྡོ་རྗེ་ཆགས་པ་གཉིས་ཀྱང་འཇའ་ཚོན་མར་བྱོན་ནོ། །ཞེས་གསུངས་པ་ལྟར་ཡིན་ལ། སྐུ་འདི་དག་ལ་ད་ལྟ་སོ་སོ་ལ་མཐོང་སྣང་འཇའ་ཚོན་ཡོད་མེད། ཟངས་དང་གསེར་སྐུ་མཐོང་ཚུལ་སྣ་ཚོགས་པ་འབྲས་སྤུངས་འཇིགས་བྱེད་དང༌། གསང་ཕུའི་བསེ་ཁྲབ་པའི་སྐུ་སོགས་དང་འདྲ་བར་སྣང་ལ། བློས་བསླང་གསུམ་ཀའི་གཙོ་བོ་གསུམ་རང་བྱོན་ལྟར་བྱུང་བ་དང། བདེ་མཆོག་གི་གཙོ་བོའི་ཐུགས་ཀ་ནས་དྲོད་རྟ་རྔ་ཙམ་རྗེའི་རྣམ་ཐར་ཟུར་འདེབས་སོགས་ལས་བཤད་ཅིང༌། མཐོང་ཐོས་ཐམས་ཅད་ལ་དངོས་གྲུབ་ཆེན་པོ་སྩོལ་པའི་སངས་རྒྱས་དངོས་ཀྱི་རྣམ་པར་བཞུགས་པ་འདི་ལགས་སོ། །

ལོ་ཚིགས་ཉི་མའི་འོད་ཟེར།

བསྟན་པའི་གསལ་བྱེད་ཆེན་པོ་བོད་དུ་རིམ་གྱིས་བྱུང་བའི་ལོ་ཚིགས་རེའུ་མིག་ཏུ་བཀོད་པའི་ཚིགས་ལུང་ཚེགས་ཆུང་རྟོགས་བྱེད་གསེར་གྱི་ཉི་མ་འོད་ཟེར་བཀྲ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ་ཙ་སྭཱ་ར་སྭ་སྟྱཻ། ལྷ་དང་བཅས་པའི་བླ་མ་ཟས་གཙང་སྲས། །མ་ལུས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །རྒྱལ་རྣམས་གསང་བའི་མཛོད་འཛིན་གསང་བའི་བདག །ཕྱག་ན་པད་དཀར་འཆང་རྣམས་སྙིང་དབུས་བཞུགས། །མཛེས་སྡུག་སྐུ་ཡིས་བརྟན་གཡོའི་ཁེངས་པ་འཕྲོག །དྲུག་ཅུའི་དབྱངས་ལ་ཤེས་བྱ་མ་ལུས་འཆར། །ཟབ་རྒྱས་ཐུགས་ཀྱི་སྒྱུ་འཕྲུལ་བྱེ་བ་འགྱེད། །དབྱངས་ཅན་ལྷ་མོས་ངག་གི་དབང་ཕྱུག་སྩོལ། །ཕན་བདེའི་འབྱུང་གནས་ཐུབ་དབང་བལྟམས་དུས་དང༌། །མངོན་པར་བྱང་ཆུབ་ཆོས་འཁོར་བསྐོར་ཚུལ་དང༌། །བསྟན་པའི་གནས་ཚད་མང་ཡང་འཁྲུལ་བྲལ་ལུགས། །འཇམ་དཔལ་རྩ་རྒྱུད་དུས་འཁོར་སོགས་ཀྱིས་འཆད། །རང་རང་རྨོངས་ཡུས་ཕྱོགས་རེའི་མིག་ཅན་གྱིས། །ཞར་འདྲོག་ཧམ་གཤོབ་གཏམ་སོགས་མི་བྱེད་པར། །ཊཱིཀ་ཆེན་སྤྱན་སྔ་རིན་བསོད་སྒོམ་སྡེ་སོགས། །ཀུན་མཁྱེན་རྣམ་ལྔའི་བསྟན་རྩིས་འཁྲུལ་མེད་ཉོན། །ལེགས་བཤད་ལོ་ཡི་རེ་མིག་འདི་ལྟོས་དང༌། །དམ་པ་ཀུན་དང་ཐུབ་བསྟན་འབྱུང་ཚུལ་གསལ། །
དེ་ཡང་བསྐལ་བ་དང་པོ་རྫོགས་ལྡན་གྱི་དུས་སུ་སེམས་ཅན་ཚེ་ལོ་དཔག་མེད་ཐུབ་ཅིང་དེ་རྒ་བ་འཆི་བ་མེད་ལ་འོད་ལུས་གཟུགས་ཅན་ལྟ་བུ་ནམ་མཁའ་ལ་གནས་ཤིང༌། ཉི་ཟླ་རྒྱུ་སྐར་ཚེས་གྲངས་དགེ་མི་དགེ་རིགས་རུས་བསྙེན་གནས་དང་སྔགས་སོགས་ཀྱང་མ་བྱུང་བ་ཡིན་ཏེ། ཆོས་བཤེས་ཀྱིས་བསྒྱུར་བའི་འཇམ་དཔལ་རྩ་རྒྱུད་ལས། རྫོགས་ལྡན་དུས་ཀྱི་དུས་དེར་ནི། །སེམས་ཅན་རང་གི་མཐུར་ལྡན་ཏེ། །ཐམས་ཅད་ནམ་མཁའ་ལ་འགྲོ་ཞིང༌། །རྒས་དང་འཆི་བ་རྣམ་པར་སྤངས། །དེ་དུས་རྒྱུ་སྐར་མེད་པ་སྟེ། །ཉི་ཟླ་མེད་ཅིང་སྐར་མ་མེད། །ལྷ་མེད་ལྷ་མིན་འཇིག་རྟེན་མེད། །དང་པོའི་དུས་ནི་དུས་ཀྱི་མཆོག །མི་མེད་རིགས་ཀྱང་ཡོད་མ་ཡིན། །ཚེས་གྲངས་མེད་ཅིང་སྐྱེས་པ་མེད། །བསྙེན་གནས་མེད་ཅིང་གསང་སྔགས་མེད། །དགེ་དང་མི་དགེའི་ལས་མེད་དེ། །རང་དགའ་བ་ནི་རྣམ་པར་སྤྱོད། །དེ་དག་སྤྱོད་དང་སྤྱད་བྱའང་མེད། །དེ་དག་དག་ཅིང་ང་ཡི་མེད། །ཅེས་དང༌། འབྲོག་འགྱུར་ལས། ཉི་མ་ཟླ་བ་སྐར་མ་མེད། །ལྷ་དང་ལྷ་མིན་འཇིག་རྟེན་མེད། །ཅེས་སོ། །དེ་ནས་སེམས་ཅན་མང་པོ་སྔོན་གྱི་ལས་ཀྱིས་སའི་སྟེང་དུ་འོང་ཞིང༌། ས་བླའི་ལྷའི་གནས་དང་ལྷ་དང་ལྷ་མ་ཡིན་པ་དག་ཀྱང་བྱུང་སྟེ། རྩ་རྒྱུད་ལས། རྟག་ཏུ་སེམས་ཅན་རྣམ་མང་པོ། །སྣོད་ཀྱི་འཇིག་རྟེན་མི་རྣམས་ནི། །ཆུང་ངུ་རྣམས་ལ་རབ་འཇུག་སྟེ། །དེ་ནས་དེ་དག་སྔོན་ལས་ཀྱིས། །ས་ཡི་སྟེང་དུ་དྲངས་ཏེ་འོངས། །ས་བླའི་གཞལ་མེད་ཁང་བཟང་གནས། །ལྷ་དང་ལྷ་མིན་ཡང་དག་བྱུང༌། །ཞེས་སོ། དེ་ནས་དུས་འབྲིང་དུ་སླེབས་པ་ན་ཁ་ཟས་ལ་བརྐམ་པས་འོད་མེད་ཅིང༌། ལུས་སྲ་ཞིང་རྩུབ་པ་བར་མའི་ལུས་ལ་བརྟེན་པ་སོགས་དང༌། ཉིན་ཞག་ཟླ་བ་དང་ལོ་དང་གཟའ་དང་སྐར་མ་ཀུན་བྱུང་ཞིང་སྐར་རྩིས་ཡང་དེ་ནས་བྱུང་བ་ཡིན་ཏེ། འབྲོག་འགྱུར་ལས། བར་མའི་ལུས་ལ་ཡང་དག་བརྟེན། །བཟའ་དང་བཏུང་བ་བརྐམ་ཆགས་པས། །འོད་དེ་དག་ནི་རབ་ཏུ་ཉམས། །ལུས་ནི་སྲ་བ་ཉིད་གྱུར་ཅིང༌། །དགེ་དང་མི་དགེ་རྣམ་པར་སྤྱོད། །ཅེས་དང༌། རྩ་རྒྱུད་ལས། དེ་ནས་དུས་འབྲིང་སླེབ་པ་ན། །མ་ཡི་ལུས་ལ་ཡང་དག་བརྟེན། །ཁ་ཟས་ལེན་པ་བརྐམ་རྣམས་ཏེ། །དེ་དག་འོད་ནི་རབ་ཏུ་ཉམས། །ལུས་ནི་སྲ་ཞིང་རྩུབ་པ་སྟེ། །དགེ་དང་མི་དགེར་རྣམ་གཡོ་བས། །དེ་ནས་ཉིན་དང་ཟླ་བ་དང༌། །ལོ་དང་གཟའ་དང་སྐར་མ་ཀུན། །དེ་ནས་བཟུང་སྟེ་གང་ཅུང་ཟད། །སྐར་རྩིས་ཤེས་པ་ཁོ་ནའོ། །སེམས་ཅན་ཕན་འདོད་བཟོད་པས་ན། །དེ་ནས་ང་ཡིས་སྔོན་བཤད་དོ། །ཞེས་སོ། །རིམ་གྱིས་ཐ་མལ་བ་དང་སྐར་མ་སོགས་བྱུང་ཚུལ་འདི་ལྟར་མ་ཤེས་པས་པཎ་ཆེན་བསོད་གྲགས་ཀྱིས་ཀྱང་དཔྱད་གསུངས་པ་སོགས་མང༌། དེ་ནས་སྟོན་པ་དྲང་སྲོང་ཚངས་པ་སོགས་ཀྱི་ཆ་བྱད་ཀྱིས། བཟོ་དང༌། བསྟན་བཅོས་སྣ་ཚོགས། སྒྲུང་དང༌། རིག་བྱེད་དང༌། སྒྲ་དང༌། སྡེབ་སྦྱོར། སྐར་རྩིས། སྒྱུ་རྩལ་སོགས་ཀྱི་བསྟན་བཅོས་སྣ་ཚོགས་བསྟན་པའི་ཕྱིར། རྩ་རྒྱུད་ལས། ཇི་སྙེད་ཅུང་ཟད་འཇིག་རྟེན་འདིར། །བཟོ་ཤེས་པ་ཡི་སྤྱོད་པ་དང༌། །བསྟན་བཅོས་ལུགས་དང་སྒྲུང་དག་དང༌། །རིག་བྱེད་བརྡ་སྤྲོད་དེ་བཞིན་དུ། །སྡེབ་སྦྱོར་སྐར་མའི་རྩིས་ཉིད་དང༌། །གྲངས་དང་སྒྱུ་རྩལ་བསྔགས་པ་དག །ཅེས་དང༌། འབྲོག་འགྱུར་ལས། འཇིག་རྟེན་ཇི་སྙེད་ཡོད་པ་ཡི། །ཁྱབ་འཇུག་གིས་བྱ་བཟོ་སྤྱོད་དང༌། །ལུགས་ཀྱི་བསྟན་བཅོས་སྔོན་གྱི་རབས། །དེ་བཞིན་རིག་བྱེད་བརྡ་སྤྲོད་དང༌། །སྡེབ་སྦྱོར་སྐར་མའི་དཔྱད་ཉིད་དང༌། །རྩིས་དང་སྒྱུ་རྩལ་འདོད་པ་དང༌། །ཞེས་སོ། །དེ་རྗེས་བསྐལ་པ་འདིའི་མི་རྣམས་ཚེ་ལོ་བཞི་ཁྲིའི་དུས་སུ་སངས་རྒྱས་འཁོར་བ་འཇིག་དང༌། སུམ་ཁྲིའི་དུས་སངས་རྒྱས་གསེར་ཐུབ་དང༌། ཉི་ཁྲིའི་དུས་སངས་རྒྱས་འོད་སྲུངས་དང༌། བརྒྱ་པའི་དུས་མཉམ་མེད་ཤཱཀྱ་ཐུབ་པ་དང༌། བརྒྱད་ཁྲིའི་དུས་རྒྱལ་བ་བྱམས་པ་འབྱུང་ངོ༌། །དེ་ཡང་འཇིག་རྟེན་ཐམས་ཅད་ཀྱི་བླ་མ་སངས་རྒྱས་བཅོམ་ལྡན་འདས་ནི་ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོ་ས་ག་ཟླ་བ་ཤོལ་བཅས་ཀྱི་སྔ་མའི་ས་གའི་ཉ་ལ་ལྷུམས་སུ་ཞུགས་པ་ཡིན་ཏེ། རྒྱ་ཆེར་རོལ་བ་ལས། དཔྱིད་ཟླ་ཐ་ཆུང་གི་ཚེས་ཞེས་པ་ནས། ཚེས་བཅོ་ལྔ་ཟླ་བ་ཉ་བའི་དུས་སུ་ཡུམ་གསོ་སྦྱོང་བླངས་པའི་རུམ་དུ་གློ་གཡས་པ་ནས་ཞུགས་སོ། །ཞེས་སོ། །དེ་ནས་ཤོལ་དང་བཅས་པའི་ཟླ་བ་བཅུ་རྫོགས་པ་མེ་ཕོ་རྟ་ལོ་དེ་ཉིད་ཀྱི་དགུན་ཟླ་ཐ་ཆུང་རྟ་ཟླའི་ནང་གི་སྐར་མ་རྒྱལ་འཛོམས་པའི་ཚེས་བདུན་གྱི་སྔ་དྲོ་སྐུ་བལྟམས་ཏེ། རྒྱ་ཆེར་རོལ་བ་ལས། དེ་ལྟར་ཟླ་བ་བཅུ་ཚང་བ་ན་མའི་གློ་གཡས་པ་ནས་དྲན་ཞིང་ཤེས་བཞིན་དུ་མངལ་གྱི་དྲི་མས་མ་གོས་པར་བྱུང་སྟེ། །ཞེས་སོ། །སྐར་མ་རྒྱལ་ལ་འཁྲུངས་པ་ནི། རྒྱ་རོལ་ལས། སྐར་མ་རྒྱལ་དང་ཡང་ལྡན་པར་གྱུར། །ཅེས་དང༌། ཏོག་ལས། འདྲེན་པ་ཁྱོད་ནི་རྒྱལ་ལ་སྐྱེས། །ཞེས་སོ། །ཉེར་དགུ་ཁབ་ཏུ་བཞུགས་ནས། ཉེར་དགུ་པ་ཤིང་ཕོ་ཁྱི་ལ་ཐར་པར་གཤེགས། སུམ་ཅུ་པ་ཤིང་ཕག་ལ་ལྷག་སྤྱོད་ལ་ཏིང་ངེ་འཛིན་གསན། དེ་ནས་ལོ་དྲུག་དཀའ་བ་སྤྱད། སོ་དྲུག་པ་ལྕགས་མོ་སྦྲུལ་གྱི་དཔྱིད་ཟླ་ཐ་ཆུང་ས་གའི་ཉ་ལ་སངས་རྒྱས་ཏེ། སངས་རྒྱས་ནས་ལོ་ཞེ་ལྔའི་བར་དུ་བཞུགས་ཤིང་ཆོས་འཁོར་བསྐོར་བར་བཤད་པའི་ཕྱིར། ཤིང་རྟ་ཆེན་པོ་ལེགས་ལྡན་གྱི་རྟོག་གེ་འབར་བ་ལས། རྒྱུ་གྲངས་མེད་པ་གསུམ་དུ་བསགས་པ་ལས་ལོ་བཞི་བཅུ་རྩ་ལྔ་ལས་འབྲས་བུ་བྱུང་བར་མ་གྱུར་པ་ཡང་མི་རིགས་སོ། །ཞེས་གསུངས་པའི་ཕྱིར། སོ་ལྔ་དང་སོ་བདུན་ལ་སངས་རྒྱས་པར་བཤད་པ་མི་འཐད་པ་ཁོ་ནའོ། །མངོན་འབྱུང་གི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ལོ་ཉེར་དགུ་བཞེས་ཏེ་ཁབ་ནས་བྱུང་སྟེ་ལོ་དྲུག་དཀའ་བ་སྤྱོད་པར་འགྱུར་ཏེ། དེ་ནས་བདུད་རྩི་རྟོགས་པར་གྱུར་པར་མཐོང་ངོ༌། །ཞེས་སོ། །དེའི་ཚེ་ཟླ་བའང་དུས་མེས་བཟུང་བར་གྱུར་ཏེ། འདུལ་བ་གཞི་བམ་པོ་བརྒྱ་ལྔ་བཅུ་པ་ལས། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་ན། གྲགས་འཛིན་མ་ལ་ཡང་ཁྱེའུ་ཞིག་བཙས་སོ། །ཟླ་བ་ཡང་སྒྲ་གཅན་གྱིས་ཟིན་ཏོ། །ཞེས་སོ། །སངས་རྒྱས་པའི་ལོ་དེའི་ཞག་ཞེ་དགུའི་སྟེང་ཧོར་ཟླ་དྲུག་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ཝ་ར་ཎ་སིར་བདེན་བཞིའི་ཆོས་འཁོར་བསྐོར་ཏེ། དེའི་དུས་མཆོད་ཝ་ར་ཎ་སིར་དར་རོ། །དེ་ནས་ཆོས་འཁོར་རིམ་པ་གཉིས་དང་ཐེག་པ་གསུམ་བསྟན་ཏེ། དེ་ནས་ཟླ་བ་བཅུ་གཉིས་སོང་བའི་ལོ་རྗེས་མ་ཆུ་རྟའི་ནག་ཟླ་ལ་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་རྒྱལ་པོ་ཟླ་བཟང་སོགས་རྣལ་འབྱོར་པ་ཕོ་མོ་ལྷ་ཀླུ་སོགས་ལ་དུས་འཁོར་རྩ་རྒྱུད་བསྟན་པ་ཡིན་ཏེ། འགྲེལ་ཆེན་ལས། སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཐེག་པ་གསུམ་བསྟན་པར་མཛད་ནས་ཟླ་བ་བཅུ་གཉིས་ནག་པ་ཉ་ལ་ཤྲཱི་དྷ་ན་ཀ་ཊ་ཀར་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཆ་བཅུ་དྲུག་རྣམ་པར་དབྱེ་བའི་མཚན་ཉིད་སོགས་དང༌། རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་ཀྱང་གསུངས། །ཞེས་སོ། །སངས་རྒྱས་པའི་ཕྱི་དེ་ལོ་དུས་འཁོར་གསུངས་པར་ཀུན་མཁྱེན་བུ་དང་མཁས་གྲུབ་ཐམས་ཅད་མཁྱེན་པ། དེབ་སྔོན་པ་དང༌། མཁས་པ་སྤྱན་སྔ་དོན་གྲུབ་དཔལ་དང༌། མཁས་དབང་ཁྲི་རིན་པོ་ཆེ་འོད་ཟེར། པཎ་ཆེན་བསོད་གྲགས་དང༌། ཀུན་མཁྱེན་སྒོམ་སྡེ་སོགས་བཞེད་པས་འདིར་ཡང་དེ་ལྟར་བྱས་སོ། །དུས་འཁོར་རྩ་རྒྱུད་གསུངས་པའི་དུས་དེ་ནས་ལོ་ཞེ་བཞིའི་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། དགུང་ལོ་བརྒྱད་ཅུ་དང་ཟླ་བ་གསུམ་བཞུགས་ཏེ་མེ་ཕོ་སྟག་གི་ལོ་ས་ག་ཟླ་བའི་ཉའི་ནམ་ཕྱེད་ན་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། མྱང་འདས་ཆེན་མོ་ལས། དཔྱིད་ཟླ་ཐ་ཆུང་ཉའི་ནང་བར་ཡོངས་སུ་མྱ་ངན་ལས་འདས་པའི་དུས་དང་ཉེ་བར་གྱུར་པ་ན་ཞེས་དང༌། མཆོད་རྟེན་བརྒྱད་ཀྱི་བསྟོད་པ་ལས། བཙུན་པས་གསོལ་བ་བཏབ་ནས་ཟླ་གསུམ་བཞུགས། །ཞེས་གསུངས་པའི་ཕྱིར། ཁ་ཅིག་གིས་གྱ་བཞི་དང༌། འགའ་ཞིག་གིས་གྱ་གཉིས་ལ་འདས་པ་སོགས་མི་འཐད་དེ། གསེར་འོད་ལས། སྐུ་ཚེ་བརྒྱད་ཅུ་ཞིག་ཐུབ་སྟེ། ཞེས་དང༌། བྱེ་བཤད་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤཾ་བྷི། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲ་བཅས་དང༌། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཏེ། །དེ་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱོད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་དག་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་པ་དག་དང་འགལ་ལོ། །བཅོམ་ལྡན་འདས་ཀྱིས་དུས་འཁོར་རྩ་རྒྱུད་གསུངས་པའི་རྗེས་སུ་ལོ་གཉིས་པ་ཆུ་རྟ་ལ་ཟླ་བཟང་གིས་རྒྱུད་དང་འགྲེལ་བ་སྟོང་ཕྲག་དྲུག་ཅུ་པ་མཛད་པར་གསུངས་ཏེ། འགྲེལ་ཆེན་ལས། དེ་ལྟར་རྒྱུད་སྟོན་པའི་དུས་ལས་ལོ་གཉིས་པ་ལ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པའི་སྐུའི་རྫུ་འཕྲུལ་བསྟན་ནས་ལོངས་སྤྱོད་རྫོགས་པའི་སྐུ་གང་ལས་འོངས་པ་དེ་ཉིད་དུ་གཤེགས་ཏེ། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཀྱི་རྒྱུའོ། །ཞེས་སོ། །དེ་ནས་ཟླ་བཟང་གིས་ཆུ་རྟ་ལ་བློས་བསླངས་བཞེངས་པ་དང༌། ཆུ་ལུག་རིགས་ལྡན་ལྷ་དབང་ཁྲིར་ཕེབས་པ་ཡིན་ནོ། །སྟོན་པ་འདས་པའི་ལོ་གཉིས་པ་རབ་བྱུང་མེ་ཡོས་ལ་བཀའ་བསྡུ་བ་དང་པོ་མཛད་དེ། དེའི་ཚེ་ཤཱ་རིའི་བུ་འཁོར་བརྒྱད་ཁྲི་དང༌། མོའུ་འགལ་བུ་འཁོར་བདུན་ཁྲི། སྟོན་པ་འཁོར་ཁྲི་བརྒྱད་སྟོང་དང་བཅས་ཞི་བར་གཤེགས་པས་ལྷ་རྣམས་ཀྱིས་སྡེ་སྣོད་གསུམ་མི་སྒྲོགས་སོ། །ཞེས་འཕྱ་བ་བསལ་བའི་དོན་དུ་དགྲ་བཅོམ་པ་ལྔ་བརྒྱའི་སྣམ་སྦྱར་བཏིང་བར་ཀུན་དགའ་བོ་དང༌། ཉེ་བར་འཁོར་དང༌། འོད་སྲུངས་གསུམ་རིམ་གྱིས་བཞུགས་ནས་བཀའ་སྡེ་སྣོད་གསུམ་བསྡུས་པས་ལྷ་རྣམས་ཀྱིས་དགྲ་བཅོམ་པ་ལྔ་བརྒྱས་སྡེ་སྣོད་གསུམ་བསྡུས་པས་ལྷ་འཕེལ། ལྷ་མ་ཡིན་འགྲིབས་སོ། །ཞེས་བསྔགས་པ་བརྗོད་དོ། །བསྟན་པའི་གནས་ཚད་བཤད་ཚུལ་མང་ཡང་ལྔ་སྟོང་འཐད་ལྡན་དང༌། དེ་དུས་འཁོར་དང་མཐུན་ཚུལ་དང༌། རབ་བྱུང་དང་པོ་སོགས་རེ་མིག་ཏུ་འགོད་པ་གསུམ། དང་པོ་ནི། བསྟན་པ་ལོ་ལྔ་སྟོང་གནས་པ་འཐད་ལྡན་ཡིན་ཏེ། དེ་ལྟར་སྟོན་པའི་མདོ་དང༌། དེ་ལྟར་བཞེད་པའི་ཚད་ལྡན་གྱི་སྐྱེས་བུ་དུ་མ་ཡོད་ཅིང༌། དུ་མས་དེ་ལྟར་བཤད་པའི་ཕྱིར། མདོ་སྡེ་བསྐལ་བཟང་གི་གླེགས་བམ་ཁ་ཅིག་ཏུ། ལོ་ལྔ་སྟོང་གནས་ཞེས་བྱུང་བ་དང༌། ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་ལས། དེ་བཞིན་གཤེགས་པའི་བསྟན་པ་གནས་པ་ནི་ལོ་ལྔ་སྟོང་དུ་གསུངས་ཏེ། ཞེས་དང༌། ཐུབ་དགོངས་ལས་ཀྱང༌། གཞན་དག་ནི་དེ་བཞིན་གཤེགས་པའི་དམ་པའི་ཆོས་གནས་པའི་དུས་ནི་ལོ་སྟོང་ཕྲག་ལྔར་སྨྲའོ། །ཞེས་དང༌། འབུམ་ཊཱིཀ་ལས། ལྔ་བརྒྱ་ཐ་མ་ཞེས་བྱ་བ་ནི་བརྒྱ་ཕྲག་ལྔ་བསྡུས་པ་ལ་ལྔ་བརྒྱ་ཐ་མ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ཆོས་གནས་པའི་དུས་ནི་ལོ་ལྔ་སྟོང་ངོ༌། །ཞེས་གསུངས་པའི་ཕྱིར། འདིས་ནི་ལོ་ལྔ་སྟོང་དུ་བཤད་པའི་མདོ་དང་འཕགས་ཡུལ་གྱི་པཎ་ཆེན་དུ་མ་ཡོད་པར་ཤེས་ཏེ། ཡོད་པར་མ་ཟད་གྲགས་ཡང་ཆེ་བའི་འབུམ་ཊཱིཀ་དང༌། གནོད་འཇོམས་གཉིས་དང༌། ཐུབ་པ་དགོངས་རྒྱན་དང༌། འཇམ་དཔལ་གྲགས་པ་སོགས་ཀྱིས་བཤད་ཅིང༌། བོད་ཀྱི་མཁས་པ་མང་པོས་ཀྱང་དེ་ལྟར་བཞེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཊཱིཀ་ཆེན་ལས། དེ་ལྟར་ན་ཡང་སློབ་དཔོན་ཆེན་པོ་འཇམ་དཔལ་གྲགས་པས་ཀྱང་ལྔ་སྟོང་དུ་གནས་པར་གསུངས་པས་དེ་ལྟར་སྟོན་པའི་མདོ་དང༌། དེ་ལྟར་བཞེད་པའི་ཚད་ལྡན་གྱི་སྐྱེས་བུ་ཡོད་པར་ཤེས་སོ། །ཞེས་གསུངས་ཤིང༌། གནོད་འཇོམས་ཆེ་ཆུང་གཉིས་དང༌། ཞི་འཚོ་དང༌། ཤནྟིས་ཀྱང་ལྔ་སྟོང་གནས་པར་བཞེད་པའི་ཕྱིར། གསེར་ཕྲེང་ལས། དེ་ཡང་ཞི་འཚོའི་བཞེད་པ་སྟེ། གནོད་འཇོམས་ཆེ་བར་དེ་དེ་ལྟར་དེ་བཞིན་གཤེགས་པའི་བསྟན་པ་གནས་པའི་དུས། ཞེས་པ་ནས། འཆད་པའི་ལུགས་ལ་ལ་ཇི་སྐད། ལ་ལ་ཇི་སྐད་དུ་འཆད་དེ་སྤྱིར་ལོ་ལྔ་སྟོང་མཐུན་ནོ། །ཞེས་དང༌། ཡང་གསེར་ཕྲེང་ལས། འདིའི་རང་ལུགས་དང་མན་ངག་རྗེས་འབྲང་མཐུན་ལ། ཤནྟིས་ཀྱང་ལོ་ལྔ་སྟོང་གནས་པར་བཤད་དོ། ཞེས་དང༌། གནོད་འཇོམས་ཆུང་བར་དང་པོ་གསུམ་ལ་འབྲས་བུ་གཅིག་དང་གཉིས་ཐོབ་པ་མང་བས། ཞེས་དང༌། དེ་ནས་གསུམ་ལ་ནས། སྒྲུབ་པ་དང་ལྡན་པའི་དུས་ཚིགས་དང༌། དེ་ནས་གསུམ་ལ་སྡེ་སྣོད་དར་འགྱུར་ཏེ། ནས། ལུང་ལ་སྤྱོད་པ་མང་བས་ལུང་གི་དུས་ཚིགས་དང༌། ཐ་མ་སྡེ་སྣོད་དབང་བཙན་པར་མི་བྱེད། ནས། མཚན་མ་ཙམ་གྱི་ཚིག་གོ། ཞེས་གསུངས་པའི་ཕྱིར། སྔར་གྱི་རྟགས་ཟུར་གཉིས་པ་གྲུབ་སྟེ། བསྟན་པ་ལོ་སྟོང་དང༌། སྟོང་དང་ལྔ་བརྒྱ་དང༌། ཉིས་སྟོང་དང༌། ཉིས་སྟོང་ལྔ་བརྒྱར་གནས་པར་གསུངས་པ་རྣམས་དྲང་དོན་དང་དགོངས་པ་ཅན་དང༌། ལྔ་སྟོང་སྒྲ་ཇི་བཞིན་པར་བོད་ཀྱི་མཁས་པ་རྣམས་བཞེད་པའི་ཕྱིར་ཏེ། དུས་འཁོར་ཊཱིཀ་ཆེན་ལས། པདྨ་དཀར་པོའི་མདོར་ཕྱེད་དང་ཉིས་སྟོང༌། ཟླ་བའི་སྙིང་པོའི་མདོར་ཉིས་སྟོང་དང༌། བློ་གྲོས་མི་ཟད་པས་བསྟན་པའི་མདོའི་འགྲེལ་བར་ལོ་སྟོང་དང༌། རྡོ་རྗེ་གཅོད་པའི་འགྲེལ་པར་ལོ་ཕྱེད་དང་སུམ་སྟོང་དུ་བསྟན་པ་གནས་པར་གསུངས་ཤིང༌། དེ་ལ་བོད་ཀྱི་མཁས་པ་རྣམས་ཕལ་ཆེར་མཐུན་པར་ལྔ་སྟོང་དུ་གསུངས་པ་སྒྲ་ཇི་བཞིན་པ་དང༌། མདོ་ལས་ཚུལ་གཞན་དུ་གསུངས་པ་དགོངས་པ་ཅན་དུ་བཤད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་དེ་དུས་འཁོར་དང་མཐུན་ཚུལ་ནི། ཟླ་བཟང་གི་རྗེས་སུ་རྒྱལ་པོ་དྲུག་གིས་ལོ་བརྒྱ་བརྒྱ་ལ་ཆོས་བསྟན་ཏེ། རྒྱལ་པོ་ལྷ་དབང༌། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷ་དབང་ལྡན་ཏེ་རྒྱལ་པོ་དྲུག་གིས་ཆོས་བསྟན། རྩ་རྒྱུད་འགྲེལ་ཆེན་དུ་དྲངས་པ་ལས། ཟླ་བ་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན། །ཞེས་སོ། །རྩ་རྒྱུད་གསུངས་ནས་ལོ་དྲུག་བརྒྱ་དང་གཉིས་ན་རིགས་ལྡན་གྲགས་པ་བྱོན་ནས་བསྡུས་རྒྱུད་མཛད་ཅིང་ཐམས་ཅད་རྡོ་རྗེ་རིགས་གཅིག་ལ་མཛད་པས་འདི་ཕྱིན་ལ་རིགས་ལྡན་ཞེས་གྲགས་ཤིང་ལོ་བརྒྱར་ཆོས་བསྟན་ཏེ། བསྡུས་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡི་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང༌། ཞེས་དང༌། འགྲེལ་ཆེན་རྭ་འགྱུར་ལས། དེ་ཡང་བྲམ་ཟེའི་དྲང་སྲོང་ཉི་མའི་ཤིང་རྟས་གཙོ་བྱས་པའི་བྱེ་བ་ཕྱེད་དང་བཅས་པ་གསུམ་རྡོ་རྗེ་ཐེག་པ་ལ་མངོན་པར་དགའ་བ་རིགས་གཅིག་ཏུ་བྱེད་པར་འགྱུར་རོ། །ཞེས་སོ། །འོ་ན་ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ལོན་པ་ན་ཤམྦྷ་ལའི་ཡུལ་དུ་འཇམ་པའི་དབྱངས་གྲགས། ཞེས་སོགས་ཀྱི་དོན་ཇི་ལྟར་བཤད་སྙམ་ན། འདི་ལ་བསམ་ནས་ཁ་ཅིག །གཟུགས་སྐུ་བསྡུས་པའི་ལོ་སྔ་མར་གསུངས་ཟེར་ཞིང་ངེས་མདོག་དོན་མེད་བྱུང་རྒྱལ་མང་པོ་སྨྲ། ལ་ལས་ལུང་དེ་སྔར་གྱི་རྒྱ་དཔེ་ལ་མེད་ཟེར་བ་སོགས་ཐམས་ཅད་ཀྱིས་གཟུགས་སྐུའི་སྣང་བ་བསྡུས་པའི་ཐ་མའི་མཛད་པར་བྱེད་པ་མི་འཐད་དེ། འདིའི་མྱ་ངན་ལས་འདས་པ་དང་པོར་སངས་རྒྱས་པའི་ཚུལ་བསྟན་པ་ཁོ་ནར་བྱེད་དགོས་ཏེ། ཡེ་ལེ་འདིར་བྱེ་མདོ་སེམས་ཙམ་རྣམས་ཀྱིས་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་འདོད་ཚུལ་དང༌། དབུ་མ་པས་ཕུང་པོ་ལྷག་མ་དང་བཅས་པའི་མྱང་འདས་དོར་ནས་རབ་ཏུ་མི་གནས་པའི་མྱང་འདས་འདོད་པ་དང༌། འདིར་ཕུང་པོ་ལྷག་མ་མེད་པའི་སྒྲིབ་གཉིས་ཀྱིས་མྱ་ངན་ལས་འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བྱེད་པའི་ཕྱིར། ཡེ་ལེའི་འགྲེལ་ཆེན་ལས། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ཕུང་པོ་ལྷག་མ་དང་བཅས་པའོ། །དབུ་མ་པ་རྣམས་ཀྱིས་ཕུང་པོ་ལྷག་མ་དང་བཅས་པའི་མྱང་འདས་དོར་ནས་རབ་ཏུ་མི་གནས་པའི་མྱང་འདས། ཞེས་པ་ནས། དེ་ནས་ཕྱོགས་སུ་འཛིན་པ་སྤངས་པའི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་མྱ་ངན་ལས་འདས་པ་སངས་རྒྱས་དུས་ལ་སྦྱར་བ་དང༌། འགྲེལ་ཆེན་ལས། ས་གའི་ཉའི་སྐྱ་རེངས་ཤར་བ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཐེག་པ་གསུམ་སྟོན་པར་མཛད་དེ་ཟླ་བ་བཅུ་གཉིས་པ་ནག་པ་ཉ་ལ་ཤྲཱི་དྷ་ན་ཀ་ཊ་ཀར་ནས། དང་པོའི་སངས་རྒྱས་རྣམས་སྤྲོས་སོ། །ཞེས་སངས་རྒྱས་ནས་ཟླ་བ་བཅུ་གཉིས་པ་ནག་ཟླར་རྩ་རྒྱུད་གསུངས་པར་བཤད་ཅིང༌། སངས་རྒྱས་ནས་ལོ་མང་པོ་སོང་བ་ཡིན་ན་ལོ་འདི་ཙམ་ན་གསུངས་དགོས་པར་མ་གསུངས་པའི་ཕྱིར་དང༌། ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ཞེས་པའི་མྱ་ངན་ལས་འདས་པའི་དུས་ཡང་དང་པོ་སངས་རྒྱས་པའི་དུས་ཡིན་ལ། ཐ་མ་ཞི་བར་གཤེགས་པའི་དུས་མ་ཡིན་ཏེ། འགྲེལ་ཆེན་ལས། ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ལོན་པ་ན་ཤམྦྷ་ལའི་ཡུལ་དུ་འཇམ་པའི་དབྱངས་ཤཱཀྱའི་རིགས་ལས་ལྷའི་དབང་ཕྱུག་དང༌། ལྷ་མོ་རྣམ་པར་རྒྱལ་མའི་མངལ་དུ་གྲགས་པ་འདུས་པ་ཅན་དུ་འགྱུར་བ་ནི་འདི་ལྟ་སྟེ། ཞེས་དང༌། དེའི་ཤེས་བྱེད་དུ་རྩ་རྒྱུད་དྲངས་པ་ལས། དང་པོའི་ལོ་ནི་བརྒྱ་ཕྲག་དྲུག །གསལ་བར་གྲགས་པའི་རྒྱལ་པོ་ནི། །ཤམྦྷ་ལ་རུ་འབྱུང་བར་འགྱུར། །ཞེས་དང༌། འཇམ་དཔལ་གྲགས་པས་ཁྲི་མཛད་ནས་ཞེ་གཅིག་དུས་བོད་དུ་གཉའ་ཁྲི་བཙན་པོ་བྱུང་བ་མཉམ། འཇམ་དཔལ་གྲགས་པས་ལོ་བརྒྱར་ཆོས་བསྟན་ནས་འདས་པའི་རྗེས་སུ་རིགས་ལྡན་པད་དཀར་དང༌། བཟང་པོ་དང༌། རྣམ་རྒྱལ་དང༌། བཤེས་གཉེན་བཟང་པོ་དང༌། རིན་ཆེན་ཕྱག་དང༌། ཁྱབ་འཇུག་སྦས་པ་དང༌། ཉི་མ་གྲགས་དང༌། ཤིན་ཏུ་བཟང་དང༌། བརྒྱད་འདས་པའི་རྗེས་སུ་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་པ་དང༌། རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་པ་དུས་མཉམ་སྟེ། འགྲེལ་ཆེན་ལས། འདིར་བྱེད་པ་ལ་ངེས་པ་ནི་དེ་བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ནི་འཇམ་དཔལ་གྱི་དུས་སོ། །ཞེས་པ་ཡང་རིགས་ལྡན་གྲགས་པས་ཆོས་སྟོན་པའི་ཐོག་མའི་དུས་ཡིན་ཞིང༌། བརྒྱད་བརྒྱ་ནི་ཀླ་ཀློའི་དུས་སོ་ཞེས་པ་ཡང་འཇམ་དཔལ་གྲགས་པའི་རྗེས་སུ་རིགས་ལྡན་པད་དཀར་སོགས་བརྒྱད་ཀྱིས་ལོ་བརྒྱད་བརྒྱར་ཆོས་བསྟན་པའི་རྗེས་སུ་ཀླ་ཀློའི་ཐོག་མ་འཛིན་པར་བཤད་དོ། །དེ་ནས་སྲོང་བཙན་སྒམ་པོ་མེ་གླང་ལོ་འཁྲུངས་ནས་ལོ་བརྒྱད་པ་ཤིང་སྤྲེལ་ལོ་ལ་ཁར་ཀླ་ཀློའི་ཆོས་ཞུགས། རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ་དང་གྱ་གཉིས་སུ་ཆོས་བསྟན། རྒྱལ་དཀས་ཉིས་བརྒྱ་དང་ཉེར་གཅིག་བསྟན་པས། རིགས་ལྡན་དེ་གཉིས་ཀྱིས་ཆོས་བསྟན་པའི་ཡུན་ཚད་ལ་བཞི་བརྒྱ་དང་གསུམ་བྱུང་བ་ནི་མེ་མཁའ་རྒྱ་མཚོའི་ལོར་འཇོག་ཅིང༌། དགོས་པ་ཀླ་ཀློ་ཐོག་མར་ཞུགས་ནས་བརྒྱ་གྱ་གཉིས་འདས་པ་དང་རྒྱལ་དཀའ་ཁྲིར་ཕེབས་ཤིང༌། རྒྱལ་དཀས་ཉུང་ངུའི་བྱེད་རྩིས་མཛད་དུས་ཀྱི་འདས་ལོའི་ཐོག་མར་རབ་བྱུང་མེ་ཡོས་ནས་བྱེད་པ་ཤེས་པའི་ཆེད་ཡིན་པའི་ཕྱིར་ཏེ། འགྲེལ་ཆེན་ལས། དེ་ལ་བརྒྱད་ཅུ་རྩ་གཉིས་ཀྱིས་ལྷག་པའི་བརྒྱས་དམན་པ་ནི་རྒྱལ་དཀའ་གང་གིས་ཉུང་ངུའི་བྱེད་པ་རྣམ་པར་སྦྱོར་བའི་རིགས་ལྡན་རྒྱལ་དཀའི་དུས་སོ། །འདི་ཡན་ཆད་ཀྱི་ལོ་གྲངས་ལ་རྒྱ་བོད་ཀྱི་མཁས་པ་དུས་ཞབས་པ་ཆེ་ཆུང་དང༌། རྭ་ལོ་དང་རོང་པ་གཉིས་དང༌། ས་སྐྱ་དང་བུ་དོལ་གཉིས་སོགས་ཞལ་མཐུན་པར་ཡོད་དོ། །དེ་ནས་ཟླ་བཟང་ནས་དྲག་པོ་འཁོར་ལོ་ཅན་གྱི་བར་ཆོས་རྒྱལ་སོ་གཉིས་སུ་གྲངས་ངེས་ཏེ། བསྡུས་རྒྱུད་ལས། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་པོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོ་བསྒྱུར། །ཞེས་སོ། །རིགས་ལྡན་གྲགས་པ་སོགས་ཉེར་ལྔར་ངེས་ཏེ། འཇིག་རྟེན་ཁམས་ལེའི་གོ་སླ་ལས། གང་ན་ནི་ཉི་ཤུ་རྩ་ལྔ་པོ་ཡི་གྲངས་རྣམས་རིམ་གྱིས་ཡོངས་སུ་བགྲང་བའི་དུས་ཀྱི་མཐར། །རིགས་ལྡན་རིགས་ལ་ལྷ་ཡི་དབང་པོ་ལྷ་མཆོག་རྣམས་ཀྱིས་བཏུད་པའི་དྲག་པོ་རིགས་ལྡན་འབྱུང་བར་འགྱུར། །ཞེས་སོ། །འདིས་ནི་རིགས་ལྡན་སོ་གསུམ་དང་སོ་གཉིས་བཞེད་པ་རྣམས་ཀྱང་གསལ་ལོ། །རིགས་ལྡན་ཉེར་ལྔ་ནི། པད་དཀར་མན་ཆད་རིགས་ལྡན་བརྒྱད་ཀྱི་མིང་གོ་རིམ་ལྟར་བཤད་དེ། རྩ་རྒྱུད་ལས། གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་དཀར། །བཟང་པོ་རིགས་ལྡན་གསུམ་པའོ། །དེ་བཞིན་བཞི་པ་རྣམ་རྒྱལ་སྟེ། །བཤེས་གཉེན་བཟང་པོ་རིན་ཆེན་ཕྱག །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་གྲགས་དང་ཤིན་ཏུ་བཟང༌། །ཞེས་སོ། །མེ་མཁའ་རྒྱ་མཚོའི་ལོ་ནི་རིགས་ལྡན་གཉིས་ཀྱི་དུས་ཏེ། རྩ་རྒྱུད་ལས། རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང༌། །ཞེས་སོ། །ལྷག་མའི་རིགས་ལྡན་བཅུ་བཞི་ཡོད་དེ། རྩ་རྒྱུད་ལས། རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་དང༌། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང༌། །གྲགས་པ་རིན་ཆེན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་བར་འགྱུར། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་གསུངས་པ་ལྟར་རིགས་ལྡན་ཉི་མ་དང༌། སྣ་ཚོགས་གཟུགས་དང༌། ཟླ་འོད་དང༌། མཐའ་ཡས་དང༌། ས་སྐྱོང་དང༌། དཔལ་སྐྱོང་དང༌། སེང་གེ་དང༌། རྣམ་གནོན་དང༌། སྟོབས་ཅན་དང༌། མ་འགགས་པ་དང༌། མི་ཡི་སེང་གེ་དང༌། དབང་ཕྱུག་ཆེན་པོ་དང༌། མཐའ་ཡས་རྣམ་རྒྱལ་དང༌། རིགས་ལྡན་དྲག་པོ་དང་བཅུ་བཞི་བྱ་དགོས་པ་ཤེས་པར་གྱིས། དེ་ནས་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་བཞེས་པའི་མེ་ཁྱི་ལ་རྒྱལ་སར་བྱོན། བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས། ལྷ་མི་བསྐྱོད་རྡོ་རྗེ་དང༌། བྱམས་པ་ཆོས་འཁོར་གདན་དྲངས། ཙན་དན་སྒྲོལ་མ་རང་བྱོན་རྣམས་སྤྱན་དྲངས། ལོ་བཅོ་བརྒྱད་བཞེས་པའི་དུས་ཤིང་ཕོ་རྟ་ལ་དམར་པོ་རིར་ཕེབས། ཕྱི་ལོ་ཤིང་ལུག་ལ་དམར་པོ་རིར་ཕོ་བྲང་རྨངས་བཏིང་སྟེ། གྱང་རིམ་སུམ་ཅུ་བརྩེགས་པ་མཁར་དམར་པོ་དགུ་བརྒྱ་དང་གོ་དགུ་ཡོད་པ་བཞེངས། ས་མོ་ཕག་ལ་བལ་བཟས་སྦྱིན་བདག་མཛད་ནས་འོ་ཐང་གི་མཚོ་བསྲུབས་ནས་ར་ས་འཕྲུལ་སྣང་བཏབ། རྒྱལ་པོ་དགུང་ལོ་ཉི་ཤུ་བཞེས་དུས་རྒྱ་བཟའ་ཀོང་ཇོས་མདོ་སྡེ་པད་དཀར། དཀོན་མཆོག་སྤྲིན། འདུས་པ་རིན་པོ་ཆེའི་ཏོག་གཟུངས་བཞི་དང་འཕྲུལ་སྣང་གི་ཇོ་བོ་སྤྱན་དྲངས་ཏེ་དམར་པོ་རིར་དཔྱིད་ཟླ་འབྲིང་པོའི་ཡར་ངོའི་ཚེས་བརྒྱད་ལ་ཕེབས་ཏེ་ར་མོ་ཆེའི་གཙུག་ལག་ཁང་བཞེངས་པའི་དུས་ཐོན་མི་སཾ་བྷོ་ཊས་བོད་དུ་ཡི་གེ་བྱས། རྒྱལ་པོ་འདིས་རྒྱལ་སྲིད་ལོ་དྲུག་ཅུར་བསྐྱངས་ཏེ་དམ་པའི་ཆོས་ཀྱི་སྲོལ་བཟང་པོ་བཏོད་ནས་དགུང་ལོ་གྱ་གཉིས་པ་ས་ཕོ་ཁྱི་ལ་བཙུན་མོ་གཉིས་དང་ལྷན་ཅིག་ཏུ་ཐུགས་རྗེ་ཆེན་པོ་རང་བྱུང་གི་ཐུགས་ཀར་ཐིམ། རྒྱ་བཟའ། བལ་བཟའ། ཞང་ཞུང་བཟའ། རུ་ཡོང་བཟའ། མི་ཉག་བཟའ་དང་ལྔ་བཞེས་ཀྱང་སྲས་མ་བྱུང་བར་སྟོད་ལུང་ནས་མོང་གཟའ་ཁྲི་ལྕམ་བཞེས་པའི་སྲས་གཉིས་ལས། གཅུང་མང་སྲོང་མང་བཙན་གྱིས་རྒྱལ་སྲིད་བཟུང༌། སྲོང་བཙན་འཁྲུངས་པའི་མེ་གླང་ནས་ཁྲི་རིན་པོ་ཆེ་འོད་ཟེར་གྱིས་བརྩིས་པས་རབ་བྱུང་དགུ་པའི་མེ་བྱི་ཡན་ཆད་ལ་ལོ་དགུ་བརྒྱ་དང་གཅིག་སོང༌། དེ་ནས་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ་བར་དུ་ལོ་ཉིས་བརྒྱ་ཐམ་པ་སོང་བ་དང་བསྲེས་པས་ལོ་སྟོང་དང་ཆིག་བརྒྱ་དང་གཅིག་སོང༌། ལྷ་སའི་རྨངས་གཏིང་ནས་མེ་བྱི་ཡན་ལ་ལོ་བརྒྱད་བརྒྱ་དང་དོན་དགུ་སོང༌། མེ་སྤྲེལ་འདི་ཡན་ལ་ལོ་སྟོང་དང་དོན་དགུ། སྲོང་བཙན་གཤེགས་པའི་ས་ཁྱི་ཡན་ཆད་ལ་བསྟན་པ་ལོ་སྟོང་དང་ལྔ་བརྒྱ་སོ་གསུམ་སོང༌། ས་ཁྱི་དེ་ནས་བརྒྱད་ཅུ་སོང་བའི་ས་རྟ་ལ་ཁྲི་སྲོང་ལྡེ་བཙན་འཁྲུངས། དགུང་ལོ་བཅུ་གསུམ་པ་ལ་རྒྱལ་པོས་སྦ་ཡེ་ཤེས་དབང་པོ་ཕོ་ཉར་མངགས་ཏེ། མཁན་ཆེན་ཞི་བ་འཚོ་སྤྱན་དྲངས། དེའི་ལུང་བསྟན་ལྟར་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས། བོད་ཀྱི་ལྷ་སྲིན་དམ་ལ་བཏགས་ཤིང་ཧས་པོ་རིར་ཕེབས། རྒྱལ་པོ་དགུང་ལོ་ཉེར་གཅིག་པ་ས་སྟག་ལ་བསམ་ཡས་གཙུག་ལག་ཁང་བཞེངས། ལོ་བཞི་ལ་གྲུབ། ཁ་ཅིག་ཉེར་གཉིས་པ་ལྕགས་ཡོས་ལ་བཏབ་ཟེར། དེ་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས། སད་མི་མི་བདུན་རབ་ཏུ་བྱུང༌། པཎྜི་ཏ་བི་མ་ལ་མི་ཏྲ། སངས་རྒྱས་གསང་བ་སོགས་དང༌། ལོ་ཙཱ་བ་སད་མི་མི་བདུན་དང༌། བནྔྷེ་དཔལ་བརྩེགས་སོགས་ཀྱིས་ཆོས་མང་དུ་བསྒྱུར། མཐར་དགུང་ལོ་རེ་དགུ་པ་མེ་སྟག་ལ་འདས། ཁ་ཅིག་ལོ་བཅུ་ལ་གསང༌། དེའི་སྔོན་ལ་གཤེགས་སྐད། དེ་ནས་མེ་ཁྱི་ཡན་ཆད་ལ་ལོ་བདུན་བརྒྱ་དང་སོ་གཅིག་འདས། དེ་ནས་མེ་སྤྲེལ་འདིའི་བར་ལ་ལོ་དགུ་བརྒྱ་དང་སུམ་ཅུ་སོ་གཅིག་འདས། བསམ་ཡས་བཏབ་ནས་མེ་ཁྱིའི་བར་ལོ་བདུན་བརྒྱ་དང་དོན་དགུ་སོང༌། མེ་སྤྲེལ་འདིའི་བར་ལ་ལོ་དགུ་བརྒྱ་དང་དོན་དགུ་སོང༌། བུའི་ཆོས་འབྱུང་དུ་མེ་ཡོས་ལ་བཏབ་པར་བཀོད་པས་ཅུང་འདི་ལེགས་པ་འདྲ། འདིའི་རྗེས་སུ་སྲས་མུ་ནེ་བཙན་པོས་རྒྱལ་སྲིད་མཛད། མི་རྣམས་ལྟོགས་ཕྱུག་ལན་གསུམ་བསྙམ། ཉེར་དགུ་ལ་འདས། དེའི་རྗེས་གཅུང་ཁྲི་སྲོང་ལྡེ་བཙན་སད་ན་ལེགས་ཀྱིས་རྒྱལ་སྲིད་བཟུང༌། བསྟན་པའི་ཞབས་ཏོག་ཆེར་མཛད་ནས་ང་བཞི་པ་ས་མོ་བྱ་ལ་གྲགས་ཀྱི་ཕུར་འདས། དེའི་སྲས་བར་པ་མངའ་བདག་ཁྲི་རལ་ཅན་ནི་ཤམྦྷ་ལར་རིགས་ལྡན་རྒྱལ་དཀས་བྱེད་རྩིས་མགོ་བརྩམས་པའི་མེ་ཁྱི་ལ་འཁྲུངས། དགུང་ལོ་བཅུ་གཉིས་པ་མེ་བྱ་ལ་རྒྱལ་སྲིད་བཟུང༌། འདི་ནི་ཕྱག་རྡོར་སྤྲུལ་པར་གྲགས། འདིའི་རིང་ལ་ཀ་ཅོག་ཞང་གསུམ་སོགས་ཀྱིས་སྡེ་སྣོད་གསུམ་གྱི་ཆོས་མང་དུ་བསྒྱུར། ཕོ་བྲང་འོ་ཤིང་རྡོ་རྒྱ་ཕིབས་དགུ་ཐོག་ཅན་བཞེངས། འདི་ཡན་ཆད་དུ་བོད་ཆོས་རྒྱལ་རྣམས་ཀྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་གྲགས། རབ་བྱུང་མི་རེ་ལ་མི་ཁྱིམ་བདུན་བདུན་ཕུལ་ནས་ཞབས་སྤྱི་བོར་བླངས། ཆོས་འགྱུར་རོ་ཅོག་གི་གཞུང་ཚད་བམ་གྲངས་འགྱུར་བྱང་དང་བཅས་དཀར་ཆག་ཏུ་བཀོད། རྒྱ་བོད་འདུམ་བྱས་པའི་རྡོ་རིང་གི་ཡི་གེ་བྲིས་པ་སོགས་མཛད། དགུང་ལོ་སོ་དྲུག་པར་འདས། སྲོང་བཙན་སྒམ་པོ་རྒྱལ་སར་བྱོན་པའི་ས་མོ་གླང་ནས་རལ་བ་ཅན་འདས་པའི་ལྕགས་བྱ་ཡན་ཆད་ལ་ལོ་ཉིས་བརྒྱ་དང་བཅུ་གཅིག་སོང་འདུག་པའི་རིང་ལ་བོད་དུ་བསྟན་པ་སྔ་དར་གྱི་ཐ་སྙད་བྱས། ལྕགས་བྱ་དེ་ནས་མེ་ཁྱི་ཡན་ཆད་ལ་ལོ་དྲུག་བརྒྱ་དང་དོན་དྲུག་སོང༌། མེ་སྤྲེལ་འདི་ཡན་ཆད་ལ་ལོ་བརྒྱད་བརྒྱ་དང་དོན་དྲུག་སོང༌། གླང་དར་གྱིས་བསྟན་པ་བསྣུབས་པ་མ་བཟོད་ནས། ལྷ་ལུང་དཔལ་གྱི་རྡོ་རྗེས་བསད། དེ་ནས་ལོ་ལྔ་བཅུ་འདས་པ་ཆུ་བྱི་ལ་བླ་ཆེན་དགོངས་པ་རབ་གསལ་འཁྲུངས། དེ་ནས་ལོ་དྲུག་འདས་པ་ས་རྟ་ལ་ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས། དེ་ནས་ལོ་བཅོ་ལྔ་འདས་པ་ཆུ་བྱི་ལ་ཕྱི་དར་གྱི་མགོ་བཙུགས་པར་བུ་སྟོན་ཐམས་ཅད་མཁྱེན་པ་བཞེད། དེ་ནས་ལོ་གསུམ་འདས་པའི་མེ་བྱི་ལ་ཞིང་སྣ་ནམ་རྡོ་རྗེ་དབང་ཕྱུག་འཁྲུངས། དེ་ནས་ལོ་གཉིས་འདས་པའི་ས་སྟག་ལ་ཕྱི་དར་མགོ་ཚུགས་པར་འབྲོམ་སྟོན་པ་བཞེད། དེ་ནས་ཇོ་བོ་བོད་དུ་ཕེབས་པའི་ཆུ་རྟའི་བར་ལོ་དྲུག་ཅུ་རྩ་བཞིའི་ཁོངས་སུ་དབུས་ཀྱི་ལྔ། གཙང་གི་གསུམ། མངའ་རིས་འོད་བརྒྱད་པ་སྤུན་གཉིས་དང་མཁས་པ་མི་བཅུས་བསྟན་པ་མདོ་སྨད་ནས་དར་བར་ཕེབས་ནས་དབུས་གཙང་དུ་བསྟན་པ་སྤེལ། ས་སྟག་ནས་ལོ་བཞི་འདས་པའི་ཆུ་རྟ་ལ་ཇོ་བོ་ཨ་ཏི་ཤ་འཁྲུངས། དེ་ནས་ལོ་བཅུ་གཅིག་འདས་པའི་ཆུ་སྦྲུལ་ལ་འབྲོག་མི་ལོ་ཙྪ་བ་འཁྲུངས། དེ་ནས་ལོ་བཅུ་གཅིག་འདས་པའི་ཤིང་འབྲུག་ལ་འབྲོམ་སྟོན་པ་རྩྭ་སྒྱེ་མོར་འཁྲུངས། དེ་ནས་ལོ་བདུན་འདས་པའི་ལྕགས་ཕག་ལ་ནག་ཚོ་དང་ཁུ་སྟོན་གཉིས་འཁྲུངས། དེ་ནས་གཅིག་འདས་པའི་ཆུ་བྱི་ལ་དགེ་བཤེས་གྲྭ་བ་མངོན་ཤེས་ཅན་དང་ལོ་ཆེན་ལྷོ་ཕྲག་མར་པ་གཉིས་འཁྲུངས། སྣ་ནམ་པས་རྒྱལ་ལྷ་ཁང་བཏབ། དེ་ནས་གཉིས་འདས་པའི་ཤིང་སྟག་ལ་ཟུར་ཆུང་འཁྲུངས། དེ་ནས་གཅིག་འདས་པའི་ཤིང་ཡོས་ལ་བཀའ་གདམས་རྣལ་འབྱོར་པ་ཨ་མེས་ཆེན་པོ་འཁྲུངས། དེ་ནས་གཅིག་འདས་པའི་མེ་འབྲུག་ལ་འཛེང་དགོན་པ་བ་དབང་ཕྱུག་འཁྲུངས། དེ་ནས་གཅིག་འདས་པའི་མེ་སྦྲུལ་ལ་ཆག་ཁྲི་མཆོག་དང་རྒྱ་གར་ཕྱག་ན་གཉིས་འཁྲུངས། གྲུ་མེར་གྱིས་ཐང་པོ་ཆེ་བཏབ། དེ་ནས་གསུམ་འདས་པ་ལྕགས་སྤྲེལ་ལ་འབྲོམ་རིན་པོ་ཆེ་ཁམས་སུ་ཕེབས། བླ་མ་སེ་བཙུན་བསྟེན། དེ་ནས་ལོ་བདུན་འདས་པ་ན་མེ་མཁའ་རྒྱ་མཚོའི་ལོ་འདས་ཏེ་རབ་བྱུང་དང་པོ་མེ་ཡོས་ཀྱི་རེ་མིག་འདི་ཤར་བ་དང༌། ཤམྦྷ་ལར་རིགས་ལྡན་ཉི་མ་ཁྲིར་ཕེབས་པ་དུས་མཉམ། འོ་ན་དེང་སང་རིགས་ལྡན་གང་གི་དུས་སྙམ་ན་རིགས་ལྡན་བཅོ་བརྒྱད་པ་སེང་གེ་ཤམྦྷ་ལའི་སེང་གེའི་ཁྲིར་ཕེབས་ནས་ལོ་དགུ་བཅུ་བཞེས་པ་རབ་བྱུང་བཅུ་གཉིས་པ་མེ་སྤྲེལ་འདིའོ། །འདི་ནས་ལོ་བཅུ་སོང་བ་དང༌། རིགས་ལྡན་བཅུ་དགུ་པ་རྣམ་གནོན་གྱིས་ཁྲི་མཛད་ནས་ལོ་བརྒྱར་ཆོས་སྟོན་པར་འགྱུར་རོ། །

བསྟན་རྩིས་རེའུ་མིག

བསྟན་རྩིས་རེའུ་མིག་བཀོད་པ་བཞུགས་སོ། །
རབ་བྱུང་དང་པོ།
མེ་མོ་ཡོས།
ཤམྦྷ་ལར་རིགས་ལྡན་ཉི་མ་ཁྲིར་ཕེབས། དུས་འཁོར་གྱི་རྒྱུད་འགྲེལ་རྒྱ་གར་དུ་སྤྱན་དྲངས། པོ་ཏོ་བ་འཁྲུངས། ལྷག་མཐོང་གི་བཞི་བརྒྱ་དང་བདུན་པའོ། །ནཱ་རོ་བ་མཁའ་སྤྱོད་དུ་གཤེགས།
ས་འབྲུག
དུས་འཁོར་རྒྱུད་འགྲེལ་བོད་སྐད་དུ་བསྒྱུར།
ས་སྦྲུལ།
ལྕགས་རྟ།
མཻ་ཏྲི་བས་ཨོ་རྒྱན་དུ་སྔགས་ཀྱི་སྤྱོད་པ་མཛད།
ལྕགས་ལུག།
པོ་ཏོ་བ་འཁྲུངས་པར་དེབ་སྔོན་པ་གསུངས། ཕུ་ཆུང་བ་འཁྲུངས།
ཆུ་སྤྲེལ།
སྟོད་ལུང་བ་ཆེན་པོ་འཁྲུངས།
ཆུ་བྱ།
སྤྱན་སྔ་བ་འཁྲུངས་པར་ཕལ་ཆེར་འདོད།
ཤིང་ཁྱི།
ཇོ་བོས་རྟོག་གེ་འབར་བ་གསུངས་དུས་ད་ནི་ལོ་ཉི་ཤུ་ན་བོད་དུ་གདུང་འཇོག་གསུངས། འཁོན་དཀོན་མཆོག་རྒྱལ་པོ་འཁྲུངས།
ཤིང་ཕག།
བླ་ཆེན་དགོངས་པ་རབ་གསལ་གཤེགས།
མེ་བྱི།
རྔོག་ཆོས་སྐུ་རྡོ་རྗེ་འཁྲུངས།
མེ་གླང༌།
ནག་ཚོ་ལོ་ཙཱ་བ་ཇོ་བོ་སྤྱན་འདྲེན་པར་བྱོན། བསྟོད་པ་ལྟར་ན་ཇོ་བོ་ཕེབས་པར་བཤད།
ས་སྟག།
སྤྱན་སྔ་བ་འཁྲུངས་པར་དེབ་སྔོན་ནས་གསུངས། བསྟོད་པ་ལྟར་ན་བལ་བོར་བྱོན།
ས་ཡོས།
བསྟོད་པ་དང་ལམ་རིམ་སོགས་ལྟར་ན་ཇོ་བོ་ལྷ་ཅིག་མངའ་རིས་སུ་ཕེབས།
ལྕགས་འབྲུག།
ལམ་ཡིག་དཔར་མ་ལྟར་ན་ཇོ་བོ་བལ་བོ་ནས་བཏེགས། རྗེ་བཙུན་མིད་ལ་དང་བ་རི་ལོ་ཆེན་གཉིས་འཁྲུངས།
ལྕགས་སྦྲུལ།
ལམ་ཡིག་ཁ་ཅིག་ལྟར་ན་ཇོ་བོ་བལ་པོར་ཕེབས། ལམ་ཡིག་གཞན་ལྟར་ན་པུ་རངས་སུ་ཇོ་བོ་དང་འབྲོམ་རིན་པོ་ཆེ་མཇལ།
ཆུ་རྟ།
ཁ་ཅིག་ཇོ་བོ་མངའ་རིས་སུ་ཕེབས་ཟེར། ཞང་སྣ་ནམ་པ་དྲུག་ཅུ་རེ་བདུན་དང༌། སྣེའུ་ཟུར་བ་འཁྲུངས། དེབ་སྔོན་པ་རྒྱ་འདུལ་སློབ་གཉེར་མཛད་ཟེར་ཡང་མ་འཁྲུངས་སོ། །
ཆུ་ལུག
ཤིང་སྤྲེལ།
ཇོ་བོ་པུ་རངས་སུ་བཞུགས་པར་འབྲོམ་རིན་པོ་ཆེ་མཇལ་བ་ཁོ་ནའོ། །རྨ་ལོ་ཙཱ་བ་འཁྲུངས།
ཤིང་བྱ།
མེ་ཁྱི།
བསྟོད་པ་དང་ལམ་རིམ་ལྟར་ན་སྙེ་ཐང་དུ་ཕེབས། འབྲིང་སྟོན་དང་སྲས་ཟླ་གྲགས་འཁྲུངས།
མེ་ཕག
ཇོ་བོ་རྗེ་བསམ་ཡས་དང་ལོ་དེའི་དགུན་སྙེ་ཐང་དུའང་ཕེབས། བྱམས་འཇམ་དབྱངས་ཀྱིས་བགྲོ་བའི་བུམ་ཆུ་རྙེད། རྒྱ་འདུལ་འཛིན་འཁྲུངས།
ས་བྱི།
ས་གླང༌།
བོ་དོང་ཨེའི་དགོན་པ་བཏབ།
ལྕགས་སྟག།
འབྲོམ་རིན་པོ་ཆེས་ཇོ་བོ་ལ་འབུལ་ཆེན་ཕུལ། ཕྱག་དར་སྟོན་པས་ཇོ་བོ་ལ་མཇལ།
ལྕགས་ཡོས།
ཇོ་བོས་བསྟན་རྩིས་མཛད་པར་དུས་འཁོར་ཊཱིཀ་ཆེན་ལས་བཤད།
ཆུ་འབྲུག།
འཛེང་དྷརྨ་བོ་དྷི་འཁྲུངས།
ཆུ་སྦྲུལ།
ཤིང་རྟ།
ཇོ་བོ་ཆེན་པོ་དགའ་ལྡན་དུ་གཤེགས། གླང་རི་ཐང་པ་རྡོ་རྗེ་སེང་གེ་འཁྲུངས།
ཤིང་ལུག།
ལོ་ཆེན་རིན་ཆེན་བཟང་པོ་མཁའ་སྤྱོད་དུ་གཤེགས། རྨ་སྒོམ་ཆོས་ཀྱི་ཤེས་རབ། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས། ཞང་སྟོན་ཆོས་འབར་རྣམས་འཁྲུངས།
མེ་སྤྲེལ།
དྲེ་བོ་མཆོག་གི་བླ་མ་འཁྲུངས། རྭ་སྒྲེང་བཏབ་པར་དེབ་སྔོན་ལས་གསུངས།
མེ་བྱ།
ཀ་མ་པ་ཤེས་རབ་འོད་འཁྲུངས། ལོ་འདིར་རྭ་སྒྲེང་བཏབ་པར་གཞན་འདོད་པ་འདི་ལེགས།
ས་ཁྱི།
ཕྱག་ཁྲི་མཆོག་གཤེགས།
ས་ཕག།
རྔོག་བློ་ལྡན་ཤེས་རབ། རྔོག་ཤེས་རབ་རྒྱ་མཚོ། དོལ་བ་ཤེས་རབ་རྒྱལ་མཚན་རྣམས་འཁྲུངས། ཁ་ཅིག་གསང་ཕུ་བཏབ་ཟེར།
ལྕགས་བྱི།
ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གཤེགས་ནས་གདན་ས་གླན་ཚུལ་བྱང་གིས་བྱས། རྨ་བྱ་རྣ་ར་བ་ཡང་འཁྲུངས།
ལྕགས་གླང༌།
ཆུ་སྟག
སོ་དགེ་འདུན་འབར། སྐོར་ནི་རུ་པ། མ་ཅིག་ཞ་མ། སོ་ཆུང་ནམ་སྙིང་རྣམས་འཁྲུངས།
ཆུ་ཡོས།
འབྲོམ་སྟོན་གཤེགས་པར་དགའ་ལྡན་ཆོས་འབྱུང་ལས་བཤད།
ཤིང་འབྲུག
འབྲོམ་སྟོན་ལོ་འདིར་གཤེགས་པར་དེབ་སྔོན་ལས་གསུངས།
ཤིང་སྦྲུལ།
འབྲོམ་སྟོན་གཤེགས་ནས་གདན་ས་རྣལ་འབྱོར་པ་ཆེན་པོས་མཛད།
མེ་རྟ།
མེ་ལུག
རྒྱལ་ཚ་བྱང་ཡེ་དང༌། ཤ་བོ་སྒང་པ་པདྨ་ཚུལ་ཁྲིམས་གཉིས་འཁྲུངས།
ས་སྤྲེལ།
ས་བྱ།
ཞ་མའི་མིང་པོ་འཁོན་ཕུ་བ་ཆོས་ཀྱི་རྒྱལ་པོ་འཁྲུངས།
ལྕགས་ཁྱི།
ཤ་ར་བ་ཡོན་ཏན་གྲགས་འཁྲུངས།
ལྕགས་ཕག
ཆུ་བྱི།
ཆུ་གླང༌།
འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་བཏབ། རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་བཏབ།
ཤིང་སྟག
འབྲོག་མི་ལོ་ཙཱ་བ་དང་ཟུར་ཆུང་བ་གཉིས་གཤེགས། སྒྲོ་ཕུག་པ་འཁྲུངས།
ཤིང་ཡོས།
ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཤེགས། ཁུ་ཤེར་བརྩོན་དང་བྱ་ཡུལ་པ་གཞོན་ནུ་འོད་འཁྲུངས། བྱ་འདུལ་འཁྲུངས་པར་ཁ་ཅིག་བཞེད།
མེ་འབྲུག
མདའ་བདག་རྩེ་སྡེའི་ཆོས་འཁོར་བྱུང༌།
མེ་སྦྲུལ།
བྱ་ཡུལ་པའི་སློབ་མ་གཙང་པ་རིན་པོ་ཆེ་དང༌། རྔོག་ཆོས་སྐུ་རྡོ་རྗེ་འཁྲུངས། རྗེ་མིད་ལ་མར་པའི་དྲུང་དུ་བྱོན།
ས་རྟ།
རྣལ་འབྱོར་པ་ཆེན་པོ་གཤེགས་ནས་གདན་ས་འཛེང་དབང་ཕྱུག་རྒྱལ་མཚན་གྱིས་མཛད།
ས་ལུག།
དྭགས་པོ་ལྷ་རྗེ་འཁྲུངས།
ལྕགས་སྤྲེལ།
རྒྱ་འདུལ་འཛིན་གྱིས་དགའ་བ་གདོང་དུ་འདུལ་བར་སྦྱངས།
ལྕགས་བྱ།
གྲྭ་བ་མངོན་ཤེས་ཀྱིས་གྲྭ་ཐང་གི་རྨང་བཏིང༌།
ཆུ་ཁྱི།
འཛིང་དགོན་པ་གཤེགས་ནས་པོ་ཏོ་བ་རྭ་སྒྲེང་གི་གདན་སར་ལོ་གཅིག་བཞུགས།
ཆུ་ཕག།
རྭ་སྒྲེང་ལ་གདན་ས་པ་མེད་པས་ཆོས་ཀྱི་མུ་གེ་བྱུང་ཟེར། མིད་ལ་རི་ཁྲོད་དུ་བྱོན་པའི་ཐོག་མ་ཕ་ཡུལ་རྐང་ཚུག་ཕུག་ཏུ་བྱོན།
ཤིང་བྱི།
སྣེའུ་ཟུར་བའི་སློབ་མ་བྱང་ཆུབ་དགེ་མཛེས་དང༌། རས་ཆུང་བ་འཁྲུངས། མིད་ལས་བྲག་དཀར་རྟ་སོར་བཅུ་གཉིས་ཆ་བཞིའི་དམ་བཅའ་མཛད།
ཤིང་གླང༌།
ཁམས་པ་ལུང་པ་འཁྲུངས།
མེ་སྟག
མིད་ལས་གྲུབ་རྟགས་ཀྱི་ཐོག་མ་བསྟན། གཏུམ་སྟོན་བློ་གྲོས་གྲགས་པ་འཁྲུངས་ཟེར།
རབ་བྱུང་གཉིས་པ།
མེ་ཡོས།
རིགས་ལྡན་ཉི་མས་ཆོས་བསྟན་ནས་རེ་གཅིག་སོང༌།
ས་འབྲུག
རྒྱ་མ་སངས་རྒྱས་དཔོན་སྟོན་འཁྲུངས།
ས་སྦྲུལ།
རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་གཤེགས།
ལྕགས་རྟ།
དགེ་བཤེས་ཚུལ་འཕགས་ངན་ལམ་པ་འཁྲུངས། གྲྭ་བ་མངོན་ཤེས་གཤེགས། དགྱེར་སྒོམ་ཆེན་པོ་དང༌། རྔོག་མདོ་སྡེ་འཁྲུངས།
ལྕགས་ལུག།
བྱ་འདུལ་འཛིན་འཁྲུངས།
ཆུ་སྤྲེལ།
ས་ཆེན་ཀུན་དགའ་སྙིང་པོ་འཁྲུངས། ཕ་དམ་པ་ལན་གཉིས་པར་བོད་དུ་བྱོན།
ཆུ་བྱ།
སྤྱན་སྔ་ཚུལ་ཁྲིམས་འབར་གྱིས་ལོ་ཡི་ལྷ་ཁང་བཞེངས།
ཤིང་ཁྱི།
ཤིང་ཕག།
མེ་བྱི།
རིགས་ལྡན་ཉི་མས་ཁྲི་ལོ་བདུན་ཅུ་སོང༌། ཞྭ་དམར་བ་ཚུལ་ཁྲིམས་དཔལ་འཁྲུངས།
མེ་གླང༌།
ཞང་བཀྲ་ཤིས་རྡོ་རྗེ་འཁྲུངས། མར་པ་ལོ་ཙཱ་བ་གཤེགས།
ས་སྟག
ས་ཡོས།
ཚུལ་ཁྲིམས་རིན་ཆེན་འཁྲུངས། ཁ་ཅིག་ལབ་སྒྲོན་འཁྲུངས་ཟེར།
ལྕགས་འབྲུག།
ཁྲོམ་གཞེར་རིན་ཆེན་སེང་གེ་དང་དྭགས་པོ་ཆོས་གཡུང་འཁྲུངས།
ལྕགས་སྦྲུལ།
བྱ་འཆང་ཁ་བ་འཁྲུངས།
ཆུ་རྟ།
གླན་ཚུལ་བྱང་གཤེགས་ནས་རྒྱལ་ལྷ་ཁང་གི་གདན་ས་འབྲིང་སྟོན་གྱིས་བྱས། འཁོན་དཀོན་མཆོག་རྒྱལ་པོ་གཤེགས། བ་རི་ལོ་ཆེན་གྱིས་ས་སྐྱའི་ཁྲི་མཛད། རྔོག་ཆོས་ཀྱི་རྡོ་རྗེ་གཤེགས། མ་ཅིག་ལབ་སྒྲོན་འཁྲུངས་ཟེར། ལོའི་ལྷ་ཁང་གྲུབ།
ཆུ་ལུག།
རྒྱལ་བ་ཁྱུང་ཚང་ཐོད་དམར་བ། སྟབས་ཀ་བ། དྭགས་པོ་སློབ་མ་གྲོལ་སྒོམ་ཆོས་གཡུང་གསུམ་འཁྲུངས། རྣམ་ཐར་དྲི་མེད་ཤེལ་ཕྲེང་དུ། ཆུ་ལུག་ལོར་འཁྲུངས་པར་བཤད་པ་འདི་ལེགས། སྐྱེས་རབས་བརྒྱད་ཡང་ཡོད། སྤྱན་སྔ་བ་གཤེགས།
ཤིང་སྤྲེལ།
དྭགས་པོ་བསྙེན་རྫོགས་མཛད།
ཤིང་བྱ།
པོ་ཏོ་བ་གཤེགས།
མེ་ཁྱི།
ཕུ་ཆུང་བ་གཤེགས། གཏུམ་སྟོན་དང༌། ཚུལ་ཁྲིམས་དཔལ་འཁྲུངས།
མེ་ཕག
སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་འཁྲུངས།
ས་བྱི།
རིགས་ལྡན་ཉི་མ་ཁྲིར་ཕེབས་ནས་གྱ་གཉིས་སོང༌།
ས་གླང༌།
རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་གཤེགས། ཆ་པ་ཆོས་ཀྱི་སེང་གེ་འཁྲུངས། དྭགས་པོ་ལྷ་རྗེ་མིད་ལའི་དྲུང་དུ་བྱོན།
ལྕགས་སྟག
བདེ་གཤེགས་ཕག་མོ་གྲུ་པ་དང་ཀརྨ་དུས་གསུམ་མཁྱེན་པ་གཉིས་འཁྲུངས། དྭགས་པོ་མིད་ལའི་དྲུང་ནས་དབུས་སུ་བྱོན།
ལྕགས་ཡོས།
ཀུན་སྙིང་གིས་ས་སྐྱའི་གདན་ས་བསྐྱངས།
ཆུ་འབྲུག།
དྭགས་པོས་འོལ་ཁར་སྒྲུབ་པ་མཛད།
ཆུ་སྦྲུལ།
བྱ་ཡུལ་གྱི་དགོན་པ་བཏབ། ཕ་དམ་པ་བོད་དུ་བྱོན་པའི་རྗེས་མའོ། །
ཤིང་རྟ།
ལབ་སྒྲོན་གྱིས་དགེ་བཤེས་ཨ་སྟོན་ལས་གསན་སྦྱོང་མཛད།
ཤིང་ལུག།
རྔོག་ཇོ་ཚུལ་ཁྲིམས་ཤེས་རབ་དང་ཁྱུང་ཚང་བ་གཉིས་འཁྲུངས།
མེ་སྦྲེལ།
སྟོད་ལུང་བ་ཆེན་པོ་གཤེགས། རྒྱལ་བ་ཡེ་གྲགས་ས་དམར་བ། དྭགས་པོ་སྒོམ་ཚུལ། སེ་སྟོན་ཀུན་རིག་རྣམས་འཁྲུངས།
མེ་བྱ།
ས་ཁྱི།
སྣེའུ་ཟུར་པ་གཤེགས། ཁྲོ་ཕུ་རྒྱལ་ཚ་འཁྲུངས། དྭགས་པོ་འོ་དེ་གུང་རྒྱལ་དུ་བྱོན།
ས་ཕག།
འབྲིང་སྟོན་གཤེགས། རྒྱ་མ་རིན་ཆེན་སྒང་གི་ལྷ་ཁང་བཞེངས།
ལྕགས་བྱི།
རྒྱལ་གྱི་གདན་སར་རྨ་བྱ་རྣ་ར་བ་ཕེབས། རྔོག་མདོ་སྡེའི་སྲས་ཐོགས་མེད་གྲགས་པ་འཁྲུངས། ལྷག་མཐོང་ལེའུ་རྫོགས།
ལྕགས་གླང༌།
ཏིང་ངེ་འཛིན་ལེའུ་མགོ་ཚུགས། སེ་སྤྱིལ་བུ་བ་འཁྲུངས། དྭགས་པོ་རིན་པོ་ཆེས་སྒམ་པོ་ཞབས་ཀྱིས་བཅགས།
ཆུ་སྟག།
རྔོག་ཐོགས་མེད་གྲགས་ཀྱི་གཅུང་ཇོ་འོད་འཁྲུངས།
ཆུ་ཡོས།
མིང་པོའི་སྲས་ལྷ་རྗེ་ཟླ་བའི་འོད་ཟེར། གླང་ལུང་པ། བླ་མ་ཞང་རྣམས་འཁྲུངས། གླང་རི་ཐང་པ་དང༌། མིད་ལ་རས་པ་གཤེགས།
ཤིང་འབྲུག
མངའ་བདག་ཉང་རལ་བ་འཁྲུངས།
ཤིང་སྦྲུལ།
དྲེ་བོ་མཆོག་གི་བླ་མ་ལས་ཀརྨ་དུས་གསུམ་མཁྱེན་པ་རབ་ཏུ་བྱུང༌།
མེ་རྟ།
རིགས་ལྡན་ཉི་མ་ཁྲིར་འཁོད་ནས་བརྒྱ་སོང༌། ཀཾ་ཀཾ་སྐྱོ་སྟོན་དང་སྲས་རྒྱལ་བ་དོན་གྲུབ་འཁྲུངས།
མེ་ལུག
རིགས་ལྡན་སྣ་ཚོགས་གཟུགས་སེང་གེ་ཁྲིར་ཕེབས། རྒྱལ་བ་རྟེ་ནེ་དང་པཎ་ཆེན་ཤཱཀྱ་ཤྲཱི་འཁྲུངས།
ས་སྤྲེལ།
དགེ་བཤེས་གླན་དང༌། གླིང་རས་པ་འཁྲུངས།
ས་བྱ།
རྔོག་རྔོ་བསོད་དང་ཐོད་པ་བསམ་གྲུབ། ཀཾ་ཀཾ་བ་དགེ་བཤེས་སྐྱོ་སྟོན། སྦལ་ཏི་རྣམས་འཁྲུངས། རྨ་བྱ་རྣ་ར་བ་གཤེགས།
ལྕགས་ཁྱི།
རྒྱལ་ཚ་བྱང་ཡེ་རྒྱལ་ལྷ་ཁང་གི་གདན་སར་བྱོན། དྭགས་པོ་སྒོམ་པ་ཤེས་རབ་འཁྲུངས།
ལྕགས་ཕག
རོང་ཤེས་རབ་རྒྱ་མཚོ་དང་ཤ་བོ་སྒང་པ། ཀ་མ་པ། རྒྱ་འདུལ་འཛིན་རྣམས་གཤེགས། ཕག་མོ་གྲུ་པ་མདོ་སྨད་ནས་དབུས་སུ་བྱོན།
ཆུ་བྱི།
ཞྭ་དམར་བ་ཚུལ་ཁྲིམས་དཔལ་གཤེགས། བཙུན་པ་བསོད་ནམས་རྩེ་མོ་འཁྲུངས་པར་ཁ་ཅིག་འདོད།
ཆུ་གླང༌།
རྔོག་ཇོ་བསོད་ཀྱི་གཅུང་སྟོན་ཆུང་དབང་མོ་དང༌། ཞྭ་དམར་ནམ་མཁའ་འོད་འཁྲུངས། དུས་གསུམ་མཁྱེན་པ་བསྙེན་པར་རྫོགས།
ཤིང་སྟག
ཕག་མོ་གྲུ་པ་བྱ་འདུལ་འཛིན་ལས་བསྙེན་པར་རྫོགས། འགྲོ་མགོན་སངས་རྒྱས་ཡེ་ཤེས་འཁྲུངས། གསང་བདག་སྒྲོ་ཕུག་པ་དང་ཞང་སྟོན་ཆོས་འབར་གཤེགས། སྒམ་པོ་བ་མཁན་པོ་འདུལ་འཛིན་འཁྲུངས།
ཤིང་ཡོས།
རྔོག་ཇོ་བདེ་འཁྲུངས། སྒོམ་པ་ཚུལ་ཁྲིམས་སྙིང་པོ་བསྙེན་པར་རྫོགས།
མེ་འབྲུག
རིགས་ལྡན་སྣ་ཚོགས་གཟུགས་ཁྲིར་ཕེབས་ནས་ལོ་བཅུ་པ་འདིའོ།
མེ་སྦྲུལ།
ཁྲོམ་གཞེར་ཆེན་པོས་ཀམ་ཀཾ་གྱི་གཙུག་ལག་ཁང་བཏབ།
ས་རྟ།
བྱ་ཡུལ་བ་གཞོན་ནུ་འོད་གཤེགས། རྒྱ་མ་དབོན་སྟོན་དང་རྔོག་བཀྲ་ཤིས་གྲགས་འཁྲུངས།
ས་ལུག
རྒྱལ་ཚ་བྱང་ཡེ་གཤེགས། དུས་གསུམ་མཁྱེན་པ་དྭགས་པོ་དང་མཇལ།
ལྕགས་སྤྲེལ།
འབྲིང་སྟོན་རྒྱལ་གྱི་གདན་སར་ཕེབས། བུདྡྷ་ཤྲཱི་འཁྲུངས།
ལྕགས་བྱ།
ཤ་ར་བ་ཡོན་ཏན་གྲགས་གཤེགས།
ཆུ་ཁྱི།
བསོད་ནམས་རྩེ་མོ་འཁྲུངས་པར་དེབ་སྔོན་ལས་བཤད། སྟག་ལུང་ཐང་བ་འཁྲུངས།
ཆུ་ཕག
འབྲིང་སྟོན་གཤེགས་ནས་ཤིང་བྱི་ནས་ཆུ་སྤྲེལ་བར་ཨར་ཆེན་པོ་དབྱར་ཐོག་གཅིག་བཞུགས་པ་མ་གཏོགས་ལོ་དགུར་རྒྱལ་གྱི་གདན་ས་སྟོངས། ཁུ་ཤེར་བརྩོན་གཤེགས། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་དང༌། རྟོག་ལྡན་ནམ་མཁའ་འོད་གཉིས་འཁྲུངས།
ཤིང་བྱི།
མང་པོ་འཁོན་ཕུ་བ་གཤེགས།
ཤིང་གླང༌།
རྔོག་ཇོ་བསོད་རྔོག་སྟོན་ཆུང་དབང་མོ་རྔོག་ཇོ་བདེ་རྣམས་གཤེགས།
མེ་སྟག།
རྔོག་ཇོ་འོད་གཤེགས། རྔོག་ཐོགས་མེད་གྲགས་ཀྱི་སྲས་རྒྱལ་ཚར་མོ་འཁྲུངས།
རབ་བྱུང་གསུམ་པ།
མེ་ཡོས།
ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་དང༌། ཞང་གི་སློབ་མ་མཉམ་མེད་ཤཱཀྱ་ཡེ་ཤེས་འཁྲུངས།
ས་འབྲུག
ཀུན་ལྡན་རས་པ་འཁྲུངས།
ས་སྦྲུལ།
ཞིག་པོ་བདུད་རྩི་འཁྲུངས། མ་ཅིག་ཞ་མ་གཤེགས། ཁ་ཆེ་པཎ་ཆེན་རབ་ཏུ་བྱུང་བར་དེབ་སྔོན་ལས་བཤད།
ལྕགས་རྟ།
དཔལ་ཆེན་འོད་པོ་འཁྲུངས། དྭགས་པོ་སྒོམ་ཚུལ་གདན་སར་ཕེབས། རྔོག་ཤེས་རབ་བླ་མ་འཁྲུངས། ཞང་འོད་འཇོ་གཤེགས།
ལྕགས་ལུག།
ཕག་མོ་གྲུ་པ་དྭགས་པོ་རིན་པོ་ཆེ་དང་མཇལ།
ཆུ་སྤྲེལ།
རྔོག་རྡོ་རྗེ་སེང་གེ་འཁྲུངས།
ཆུ་བྱ།
དགེ་བཤེས་ཚུལ་འཕགས་ངན་ལམ་པ་རྒྱལ་གྱི་གདན་སར་བྱོན། གཏུམ་སྟོན་གྱིས་སྣར་ཐང་བཏབ། དྭགས་པོ་རིན་པོ་ཆེ་གཤེགས། ཆག་དགྲ་བཅོམ་དང་གྲོ་མོ་ཆེ་འཁྲུངས། དར་མ་དབང་ཕྱུག་གིས་འབབ་རི་བོ་བཏབ།
ཤིང་ཁྱི།
མཁན་ཆེན་རྡོ་རྗེ་ཚུལ་ཁྲིམས་འཁྲུངས། དྭགས་པོས་སྒམ་པོ་བཏབ།
ཤིང་ཕག
མཚུར་ལྷ་ལུང་གི་གཞི་བཏིང༌།
མེ་བྱི།
རྔོག་ཐོགས་མེད་གྲགས་པ་གཤེགས།
མེ་གླང༌།
རྔོག་ཀུན་དགའ་རྡོ་རྗེ་འཁྲུངས། ཕག་མོ་གྲུ་པ་ཕ་དམ་པ་དང་མཇལ།
ས་སྟག།
ས་ཆེན་ཀུན་སྙིང་དང་རྔོག་ཇོ་ཚུལ་གཤེགས། ཕག་མོ་གྲུ་པས་གདན་ས་མཐིལ་བཏབ། ཉི་འབུམ་དང༌། ལྷ་ལུང་གི་དབང་ཕྱུག་གཉིས་འཁྲུངས།
ས་ཡོས།
དགེ་བཤེས་ཚུལ་འཕགས་ངན་ལམ་པ་གཤེགས་ནས་ལོ་བཞིར་རྒྱལ་གྱི་གདན་ས་སྟོངས། དུས་མཁྱེན་གྱིས་མཚུར་ཕུ་ཞབས་ཀྱིས་བཅགས།
ལྕགས་འབྲུག།
དགེ་བཤེས་ལྕགས་རི་བ། ཡང་དབེན་པ། སངས་རྒྱས་སྒོམ་པ་རྣམས་འཁྲུངས། སྒོམ་ཚུལ་གྱིས་ལུང་བསྟན་ལྟར་ལྷ་སའི་ཞིག་གསོ་མཛད།
ལྕགས་སྦྲུལ།
བྱ་ཡུལ་བའི་སློབ་མ་གཙང་པ་རིན་པོ་ཆེ་རྡོ་རྗེ་མི་བསྐྱོད་དང༌། རས་ཆུང་བ་གཉིས་གཤེགས། གཙང་པ་རྒྱ་རས་འཁྲུངས།
ཆུ་རྟ།
པཎ་ཆེན་ཤཱཀྱ་ཤྲཱི་རབ་ཏུ་བྱུང་ཞེས་ཁ་ཅིག་ཟེར།
ཆུ་ལུག།
ཀཾ་ཀཾ་ཇོ་སྲས་དང༌། རྟ་སྟོན་ཇོ་བོ་ཡེ་ཤེས་འཁྲུངས།
ཤིང་སྤྲེལ།
གཉོས་རྒྱལ་བ་ལྷ་ནང་པ་འཁྲུངས། རྒྱལ་བྱ་ཁྱུང་ཚང་ཐོད་དམར་བ་རྒྱལ་གྱི་གདན་སར་ཕེབས། དུས་མཁྱེན་གྱིས་ཁམས་སུ་ཀཾ་པོ་གནས་ནང་བཏབ།
ཤིང་བྱ།
མལ་དྲོ་བྱ་འཆད་ཀའི་དགོན་པ་བཏབ། ཕག་མོ་གྲུ་པར་སྟག་ལུང་ཐང་བ་དང༌། གླིང་རས་གཉིས་ཀྱིས་མཇལ།
མེ་ཁྱི།
གཏུམ་སྟོན་དང༌། རྔོག་མདོ་སྡེ་གཉིས་གཤེགས།
མེ་ཕག
ཞང་བཀྲ་ཤིས་རྡོ་རྗེ་དང༌། བྱང་ཆུབ་དགེ་མཛེས་གཉིས་གཤེགས། འབྲི་གུང་སྐྱོབ་པས་ཕག་གྲུར་མཇལ།
ས་བྱི།
འཛིང་དྷརྨཱ་བོ་དྷི་གཤེགས།
ས་གླང༌།
ཆ་པ་ཆོས་སེང་དང༌། དྭགས་པོ་སྒོམ་ཚུལ་གཉིས་གཤེགས། གཡའ་བཟང་ཆོས་རྗེ་འཁྲུངས། པཎ་ཆེན་ཤཱཀྱ་ཤྲཱི་བསྙེན་པར་རྫོགས། དུས་མཁྱེན་གྱིས་འདོན་སྤང་ཕུག་བཏབ། སྐྱོར་མོ་ལུང་བཏབ།
ལྕགས་སྟག
བདེ་གཤེགས་ཕག་གྲུ་གཤེགས། བླ་མ་ཞང་གིས་བསྔོ་བ་ཙམ་བྱས་ཀྱང་ཕག་གྲུར་གདན་ས་པ་མེད། ཀཾ་ཀཾ་ཁྲོམ་གཞེར་གཤེགས། སྤོམ་བྲག་པ་དང༌། ཀོ་བྲག་པ་གཉིས་འཁྲུངས།
ལྕགས་ཡོས།
གྲགས་པ་རྒྱལ་མཚན་གྱིས་ས་སྐྱའི་གདན་ས་བསྐྱངས། ཕག་གྲུར་གདན་ས་པ་མེད། ཡོལ་ཕུང་བཏབ།
ཆུ་འབྲུག
ཁ་ཅིག་ཁྲོ་ཕུ་ལོ་ཙཱ་བ་འཁྲུངས་ཟེར།
ཆུ་སྦྲུལ།
ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་འཁྲུངས། དྭགས་པོ་སྒོམ་ཆུང་ཤེས་རབ་བྱང་ཆུབ་གཤེགས།
ཤིང་རྟ།
སྟབས་ཀ་པ་གཤེགས།
ཤིང་ལུག།
བྱ་འཆད་ཀ་པ་དང༌། ཁམས་ལུང་པ་གཉིས་གཤེགས། དུས་མཁྱེན་གྱི་སློབ་མ་ཆོས་རྗེ་སྒང་པ་འཁྲུངས། ཚལ་གྱི་དགོན་པ་བཏབ། རྒྱལ་བ་ཁྱུང་ཚང་ཐོད་དམར་གཤེགས་ནས་ལོ་གསུམ་རྒྱལ་གྱི་གདན་ས་པ་མེད།
མེ་སྤྲེལ།
ཁྱུང་ཚང་བ་གཤེགས།
མེ་བྱ།
དྭགས་པོའི་སློབ་མ་རྣལ་འབྱོར་པ་ཆོས་གཡུང་གཤེགས། འབྲི་གུང་སྐྱོབ་པ་ཕག་གྲུའི་གདན་སར་ཕེབས། འབྲུག་དཔོན་རས་དྷརྨ་སེང་གེ་འཁྲུངས།
ས་ཁྱི།
ས་ཕག།
རྒྱལ་ཡེ་གྲགས་ས་དམར་བ་རྒྱལ་ལྷ་ཁང་གི་གདན་སར་ཕེབས། སྐྱོབ་པ་འབྲི་གུང་དུ་བྱོན།
ལྕགས་བྱི།
འགར་དམ་པ་ཆོས་སྡིངས་པ་འཁྲུངས། ཕག་གྲུའི་སློབ་མ་བཀྲ་ཤིས་དཔལ་གྱིས་སྟག་ལུང་བཏབ།
ལྕགས་གླང༌།
ཁ་ཅིག་སྟག་ལུང་བཏབ་ཟེར།
ཆུ་སྟག།
བསོད་ནམས་རྩེ་མོ་དང་མིང་པོའི་སྲས་ཟླ་འོད། རྔོག་རྒྱལ་ཚར་མོ་རྣམས་གཤེགས། ས་སྐྱ་པཎ་ཆེན་དང༌། ཀོ་བྲག་པ་བསོད་ནམས་རྒྱལ་མཚན་གཉིས་འཁྲུངས།
ཆུ་ཡོས།
ཤིང་འབྲུག
ཟངས་ཚ་བསོད་རྒྱལ་འཁྲུངས། ལབ་སྒྲོན་གྱིས་ཧོར་ཟླ་གསུམ་པའི་ཚེས་བཅུར་གཡའ་རིའི་གཏེར་འདི་སྦས། ལབ་སྒྲོན་ཆུ་རྟར་འཁྲུངས་པའི་གྱ་གསུམ་དང༌། ཡོས་ལོར་འཁྲུངས་པའི་གྱ་དྲུག་གོ །
ཤིང་སྦྲུལ།
དུས་མཁྱེན་གྱིས་ཀརྨ་ལྷ་སྟེང་བཏབ། ལབ་སྒྲོན་ཆུ་ལུག་ལ་སྐྱེས་པའི་གྱ་གསུམ་པའོ། །
མེ་རྟ།
ལྷ་འགྲོ་བའི་མགོན་པོ། ཁ་རག་གྲགས་རྒྱལ། སྙེ་མདོ་སྨྲ་བའི་སེང་གེ་རྣམས་འཁྲུངས།
མེ་ལུག
རིགས་ལྡན་སྣ་ཚོགས་གཟུགས་ཀྱིས་ཆོས་བསྟན་ནས་ལོ་རེ་གཅིག་སོང༌། རྒྱལ་བ་ཡེ་གྲགས་ས་དམར་བ་གཤེགས། ལོ་གཅིག་རྒྱལ་གྱི་གདན་ས་སྟོངས། དཔོན་རིན་པོ་ཆེ་དང༌། ཀམ་ཀམ་ཞིག་པོ་འདུལ་གྲྭ་བ་རིན་ཆེན་འབྱུང་གནས། རྒྱལ་བ་ལོ་རས་པ་དབང་ཕྱུག་བརྩོན་འགྲུས་རྣམས་འཁྲུངས། ཞང་གིས་གུང་ཐང་བཏབ་ནས་ལྷ་ཆེན་བཞེངས།
ས་སྤྲེལ།
གླིང་རས་པ་པད་མ་རྡོ་རྗེ་གཤེགས། རྒྱ་རས་ཀྱིས་རོ་སྙོམ་སྐོར་དྲུག་གི་གཏེར་བཏོན། བྱང་རྟ་རྣ་བཏབ།
ས་བྱ།
དགེ་བཤེས་གླན་རྒྱལ་གྱི་གདན་སར་ཕེབས། སེ་སྤྱིལ་བུ་བ་གཤེགས། བསམ་གླིང་བ་དང༌། རྒོད་ཚང་བ་མགོན་པོ་རྡོ་རྗེ་གཉིས་འཁྲུངས། དུས་མཁྱེན་གྱིས་མཚུར་ཕུ་བཏབ།
ལྕགས་ཁྱི།
སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་གཤེགས། ཡ་ཚེ་རྒྱལ་པོས་ཇོ་བོར་གསེར་ཐོག་ཕུབ།
ལྕགས་ཕག
དགེ་བཤེས་གླན་གཤེགས་ནས་དགེ་བཤེས་དྲི་འདུལ་གྱིས་རྒྱལ་ལྷ་ཁང་གི་གདན་ས་ལོ་གཅིག་མཛད། བྱ་ཡུལ་ཟེམ་རིན་པོ་ཆེ་དང་སྐུ་ཡུལ་བ་རིན་ཆེན་མགོན་པོ་གཉིས་འཁྲུངས། ཁྲོ་ཕུ་ལོ་ཙཱ་བ་བསྙེན་རྫོགས་མཛད།
ཆུ་བྱི།
སྨྲ་བས་སྨྲ་དགོན་བཏབ།
ཆུ་གླང༌།
ཀཾ་ཀཾ་པ་དགེ་བཤེས་སྐྱོ་སྟོན་རྒྱལ་གྱི་གདན་སར་ཕེབས། རིན་པོ་ཆེ་གླང་ལུང་པ། བླ་མ་ཞང་ཀརྨ་དུས་གསུམ་མཁྱེན་པ་རྣམས་གཤེགས།
ཤིང་སྟག
བླ་མ་ཞང་གི་གདན་སར་མཉམ་མེད་ཤཱཀྱ་ཡེ་ཤེས་ཕེབས།
ཤིང་ཡོས།
ཁྲོ་ཕུ་རྒྱལ་ཚ་གཤེགས། ཁྲོ་ཕུ་ལོ་ཙཱ་བ་བལ་བོར་བྱོན།
མེ་འབྲུག
ཞང་ཉི་འབུམ་གྱི་སྲས་ཇོ་འབེར་འཁྲུངས། ཉང་སྟོད་འཇམ་དབྱངས་མགོན་པོ་དང༌། དོན་ཡོད་རྡོ་རྗེ་གཉིས་འཁྲུངས།
མེ་སྦྲུལ།
ཆག་ཆོས་རྗེ་དཔལ་འཁྲུངས། ཁྲོ་ལོ་མི་ཏྲ་གདན་འདྲེན་དུ་བྱོན།
ས་རྟ།
འབྲི་གུང་ཆོས་རྗེ་དང༌། སྟག་ལུང་ཆོས་རྗེ་གཉིས་ཀྱིས་ཕག་གྲུའི་གདན་སར་གཙུག་ལག་ཁང་ཆེན་མོ་བཞེངས། མི་ཏྲ་བོད་དུ་ཕེབས་ནས་ཁྲོ་ཕུར་ཟླ་བ་དྲུག་ཙམ་བཞུགས།
ས་ལུག
ཞིག་པོ་བདུད་རྩི། དྭགས་པོའི་བུ་ཆེན་གྲོལ་སྒོམ་ཞྭ་དམར་ནམ་མཁའ་འོད་རྣམས་གཤེགས། མི་ཏྲ་རྒྱ་གར་དུ་ཕེབས་པའི་ལམ་དུ་རྫུ་འཕྲུལ་དཔག་མེད་བསྟན།
ལྕགས་སྤྲེལ།
ཀཾ་ཀཾ་པ་དགེ་བཤེས་སྐྱོ་སྟོན་གཤེགས་ནས་རྒྱལ་གྱི་གདན་སར་དགེ་བཤེས་ལྕགས་རི་བ་ཕེབས། ཞྭ་དམར་བཀྲ་ཤིས་གྲགས་པ། འབྲུག་པ་གཞོན་ནུ་སེང་གེ །སྒམ་པོ་སྙི་སྒོམ་ཆེན་རྣམས་འཁྲུངས། བུདྡྷ་ཤྲཱི་ཁྲོ་ལོས་བོད་དུ་སྤྱན་དྲངས། ཁ་ཅིག་ལབ་སྒྲོན་གཤེགས་ཟེར།
ལྕགས་བྱ།
ལབ་སྒྲོན་ལུག་ལོར་འཁྲུངས་པའི་གོ་དགུ་པ་ལོ་འདིར་གཤེགས་པར་བཤད་པ་ལེགས།
ཆུ་ཁྱི།
རྔོག་གཟི་བརྗིད་གྲགས་པ་དང་སྤྱན་སྔ་རིན་ཆེན་ལྡན་གཉིས་འཁྲུངས།
ཆུ་ཕག
དཔལ་ཆེན་འོད་པོ་གཤེགས། རྒྱལ་བ་རིན་ཆེན་ཐོག་རྡུགས་པ། སངས་རྒྱས་ཡར་བྱོན། རོང་བ་རྒ་ལོ་རྣམས་འཁྲུངས།
ཤིང་བྱི།
ཀརྨ་པཀྴི་འཁྲུངས། ཁ་ཆེ་པཎ་ཆེན་བོད་དུ་བྱོན། ལབ་སྒྲོན་གཤེགས།
ཤིང་གླང༌།
རྔོག་རྒྱལ་པོ་དགའ་འཁྲུངས། གཉལ་ཞིག་གི་སློབ་མ་རྒྱ་མཆིང་རུ་བས་སྙེ་ཐང་བདེ་བ་ཅན་བཏབ།
མེ་སྟག།
གཡའ་བཟང་བཏབ། ཁ་ཅིག་ཀརྨ་པཀྴི་འཁྲུངས་ཟེར།
རབ་བྱུང་བཞི་པ།
མེ་ཡོས།
ཟངས་ར་བ་ཡེ་ཤེས་སེང་གེ་དང༌། ཞང་གི་གདན་ས་པ་མཉམ་མེད་ཤཱཀྱ་ཡེ་ཤེས་གཤེགས། ཁ་ཆེ་པཎ་ཆེན་གྱིས་ཐང་པོ་ཆེར་བསྟན་རྩིས་མཛད། སངས་རྒྱས་འདས་ནས་ལོ་སྟོང་དང་བདུན་བརྒྱ་དང་ལྔ་བཅུ་སོང༌།
ས་འབྲུག།
པཎ་ཆེན་ཤཱཀྱ་ཤྲི་རྭ་སྒྲེང་སོགས་སུ་བྱོན། རྗེ་སྤྱན་སྔ་གྲགས་འབྱུང་ཕག་གྲུའི་གདན་སར་ཕེབས། ལོ་རས་ཀྱི་སློབ་མ་འཇམ་དབྱངས་མགོན་པོ་འཁྲུངས། སློབ་དཔོན་བྱང་ཆུབ་ཡེ་ཤེས་ཞང་གི་གདན་སར་ཕེབས། ཁ་ཆེ་པཎ་ཆེན་གྱི་དྲུང་དུ་ས་པཎ་བསྙེན་རྫོགས་མཛད།
ས་སྦྲུལ།
ལྕགས་རྟ།
རྒྱ་མ་དབོན་སྟོན་གཤེགས། ཁ་ཆེ་པཎ་ཆེན་གྱིས་ས་སྐྱར་དབྱར་གནས་མཛད། སྟག་ལུང་ཐང་པ་དང་སངས་རྒྱས་སྒོམ་པ་གཉིས་གཤེགས། སྐུ་ཡལ་བ་རིན་ཆེན་མགོན་གྱིས་སྟག་ལུང་གི་གདན་ས་མཛད། ལྷ་ཕྱུག་མཁར་བ་ཞང་གི་གདན་སར་ཕེབས།
ལྕགས་ལུག
གཅུང་དེ་མོ་རྡོ་རྗེ་གྲགས་པ་འཁྲུངས། འགྲོ་མགོན་གཙང་པ་རྒྱ་རས་དང༌། མལ་ཀ་བ་ཅན་གཤེགས།
ཆུ་སྤྲེལ།
གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་འཁྲུངས། ཁྲོ་ལོས་བྱམས་ཆེན་རབ་གནས་མཛད།
ཆུ་བྱ།
རྙིང་མའི་སློབ་དཔོན་ཉི་འབུམ་གཤེགས། རྒྱལ་བ་ཡང་དགོན་པ་འཁྲུངས།
ཤིང་ཁྱི།
ཀཾ་ཀཾ་བསོད་ནམས་རིན་ཆེན་འཁྲུངས། སངས་རྒྱས་འབུམ་པ་ཞང་གི་གདན་སར་ཕེབས། ཁ་ཆེ་པཎ་ཆེན་ཁ་ཆེར་བྱོན།
ཤིང་ཕག
སེ་ཆེན་རྒྱལ་པོ་འཁྲུངས། སྦལ་ཏི་དགྲ་བཅོམ་གཤེགས།
མེ་བྱི།
རྗེ་བཙུན་གྲགས་པ་རྒྱལ་མཚན་གཤེགས་ཤིང་བསྟན་རྩིས་མཛད། ཆག་དགྲ་བཅོམ་པ་འདས།
མེ་གླང༌།
ཡང་དགོན་པ་འབྲི་གུང་འཇིག་རྟེན་མགོན་པོ། རྒྱལ་བ་རྟེན་ནེ། ཀུན་ལྡན་རས་པ་རྣམས་གཤེགས། སྙི་མདོ་ཐམས་ཅད་མཁྱེན་པ་འཁྲུངས། མཁན་པོ་རྡོ་རྗེ་ཚུལ་ཁྲིམས་འབྲི་གུང་གི་གདན་སར་ཕེབས།
ས་སྟག།
དགེ་བཤེས་ལྕགས་རི་བ་དང༌། དྭགས་པོ་མཁན་པོ་འདུལ་འཛིན་གཉིས་གཤེགས། གཅུང་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་འཁྲུངས།
ས་ཡོས།
གླང་སྟོན་ཤེར་སེང་གིས་རྒྱལ་གྱི་གདན་ས་ལོ་དྲུག་མཛད། རྔོག་རྡོ་རྗེ་སེང་གེ་གཤེགས།
ལྕགས་འབྲུག
ཀཾ་ཀཾ་ཁྲོམ་གཞེར་ཇོ་སྲས་གཤེགས། ཁམས་ལུང་པ་འཁྲུངས།
ལྕགས་སྦྲུལ།
འབྲི་གུང་མཁན་པོ་རྡོ་རྗེ་ཚུལ་ཁྲིམས་གཤེགས། ཚལ་བས་ཧོར་ཡུལ་དུ་དཀོན་མཆོག་གི་ཆེ་བ་བཏོན།
ཆུ་རྟ།
དབོན་རིན་པོ་ཆེ་འབྲི་གུང་གི་གདན་སར་ཕེབས།
ཆུ་ལུག
འཁྲུལ་ཞིག་དྷརྨཱ་སེང་གེ་དང༌། ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས་འཁྲུངས།
ཤིང་སྤྲེལ།
སྦས་པ་སྟོན་གཞོན་འཁྲུངས། གཉོས་རྒྱལ་བ་ལྷ་ནང་བ་གཤེགས། སྐུ་ཡལ་བ་རིན་ཆེན་མགོན་གྱིས་ལྷ་ཁང་ཆེན་མོ་བཞེངས།
ཤིང་བྱ།
ནེ་རིང་བ་བདེ་ལེགས་རྒྱལ་མཚན་འཁྲུངས། ཁ་ཆེ་པཎ་ཆེན་གཤེགས། ཞང་སྟོན་འཚེ་མ་པས་རྒྱལ་གྱི་གདན་ས་ལོ་བཅུ་གསུམ་མཛད།
མེ་ཁྱི།
མེ་ཕག
རིགས་ལྡན་སྣ་ཚོགས་གཟུགས་ཀྱིས་ལོ་བརྒྱར་ཆོས་བསྟན་ནས་གཤེགས། ཐོག་ཁ་བ་རིན་ཆེན་འཁྲུངས།
ས་བྱི།
རིགས་ལྡན་ཟླ་བའི་འོད་ཤམྦྷ་ལའི་ཁྲིར་ཕེབས།
ས་གླང༌།
བྱ་ཡུལ་པ་སངས་རྒྱས་སྒོམ་པ་གཤེགས། སྒོམ་པ་བ་སྙི་བ་ཇོ་སྲས་འཁྲུངས།
ལྕགས་སྟག།
རྟ་སྟོན་ཇོ་བོ་ཡེ་ཤེས་གཤེགས། གྲུབ་ཆེན་ཨུ་རྒྱན་པ་འཁྲུངས།
ལྕགས་ཡོས།
ཇོ་འབེར་གཤེགས། བཀྲ་ཤིས་བླ་མ་འཁྲུངས། སངས་རྒྱས་སྙིང་པོ་ཞང་གི་གདན་སར་ཕེབས།
ཆུ་འབྲུག
ལྷ་ལུང་གི་དབང་ཕྱུག་གཤེགས། བྱ་ཡུལ་ཁམ་ལུང་པ་དང༌། སངས་རྒྱས་ཇོ་བོ་སྣར་ཐང་བ་ཞང་སྟོན་ཆོས་བློ་གསུམ་འཁྲུངས།
ཆུ་སྦྲུལ།
གཡའ་བཟང་བ་གཤེགས་ནས་གདན་སར་ཉེ་གནས་ཇོ་སྲས་བཞུགས། རོག་ཤེས་རབ་བླ་མ་གཤེགས། གུ་རུ་ཆོས་དབང་གིས་གནམ་སྐས་བྲག་ནས་གཏེར་བཏོན།
ཤིང་རྟ།
རྔོག་ཀུན་དགའ་རྡོ་རྗེ་དང༌། དབོན་རིན་པོ་ཆེ་གཉིས་གཤེགས། སྤྱན་སྔ་གྲགས་པ་འབྱུང་གནས་འབྲི་གུང་གི་གདན་སར་ཕེབས། མཁས་གྲུབ་ཤངས་སྟོན་འཁྲུངས།
ཤིང་འབྲུག
འགྲོ་མགོན་འཕགས་པ་དང༌། རྔོག་སེང་གེ་སྒྲ་གཉིས་འཁྲུངས། རྒྱལ་བ་རིན་ཆེན་ཐོག་རྡུགས་པ་གྲགས་པ་བརྩོན་འགྲུས་ཕག་གྲུའི་གདན་སར་ཕེབས།
མེ་སྤྲེལ།
སྐུ་ཡལ་རིན་ཆེན་མགོན་གཤེགས་ནས་སངས་རྒྱས་ཡར་བྱོན་ཤེས་རབ་བླ་མ་སྟག་ལུང་གི་གདན་སར་ཕེབས། སྒོམ་བདེ་པས་སྐུ་འབུམ་རྩ་བཞེངས། སྒམ་པོ་བ་སྙི་སྒོམ་ཆེན་པོ་གཤེགས།
མེ་བྱ།
འབྲུག་པ་དབོན་རས་དྷརྨ་སེང་གེ་གཤེགས།
ས་ཁྱི།
རྒྱལ་གྱི་གདན་ས་སྟོངས། ས་སྐྱ་པ་རིན་ཆེན་རྒྱལ་མཚན་དང༌། ཡེ་ཤེས་འབྱུང་གནས་ལྷོ་བྲག་ཁ་པ་བློ་གྲོས་ཡེ་ཤེས་རྣམས་འཁྲུངས། སངས་རྒྱས་གཞོན་ནུ་ཞང་གི་གདན་སར་ཕེབས། ཁ་ཅིག་མཚམས་བཅད་པ་འཁྲུངས་ཟེར།
ས་ཕག
ཟངས་ཚ་བསོད་ནམས་རྒྱལ་མཚན་གཤེགས། འགྲོ་མགོན་ཕྱག་ན་འཁྲུངས།
ལྕགས་བྱི།
རིན་ཆེན་གྲགས་པ་ཡེ་ཤེས། མཚམས་བཅད་པ། ཞང་དཀོན་མཆོག་དཔལ་རྣམས་འཁྲུངས། ལོ་འདིར་ཧོར་དམག་གིས་རྒྱལ་ལྷ་ཁང་མེས་བསྲེགས་པར་རྗེས་སུ་ཧོར་འགྱོད་ནས་གསེར་བྲེ་དངུལ་བྲེ་མང་པོ་བྱིན་ནས་ལྷ་ཁང་ཞིག་གསོ་བྱས།
ལྕགས་གླང༌།
དབོན་ཤེར་འབྱུང་གཤེགས།
ཆུ་སྟག
ཉེ་གནས་ཇོ་སྲས་གཤེགས། སྙེ་ཐང་གྲགས་སེང་གིས་བསྟན་རྩིས་མཛད།
ཆུ་ཡོས།
རྙིང་མའི་གྲུབ་ཐོབ་མེ་ལོང་རྡོ་རྗེ། རྔོག་རིན་ཆེན་བཟང་པོ་གཉིས་འཁྲུངས། རྟོགས་ལྡན་རྒྱལ་པོ་དགེ་མཛེས་འོད་གཡའ་བཟང་གདན་སར་ཕེབས། ཨོ་གོ་ཏས་ཧོར་གྱི་རྒྱལ་སར་འཁོད། ཚལ་བ་གདན་དྲངས་ཤིང་འཇའ་ས་བྱིན།
ཤིང་འབྲུག།
ས་སྐྱ་པཎ་ཆེན་རྒྱ་ནག་ཏུ་བྱོན། འཕགས་པ་དང༌། ཕྱག་ན་གཉིས་ཀྱང་ཕེབས།
ཤིང་སྦྲུལ།
མེ་རྟ། རྔོག་སློབ་དཔོན་ཆོས་རྡོར་འཁྲུངས།
མེ་ལུག
ས་སྤྲེལ།
ཨོ་གོ་ཏའི་བུ་གོ་ཡུག་ཟླ་བ་དྲུག་རྒྱལ་སར་བསྡད། མོང་གོལ་ཧན་ཁྲིར་འཁོད། ས་པཎ་ལ་ཉམས་སད་བྱས། པདྨ་ལས་འཕྲེང་རྩལ་འཁྲུངས།
ས་བྱ།
དུས་མཁྱེན་གྱི་སློབ་མ་གངས་པ་དང༌། སྤོམ་བྲག་པ་གཉིས་གཤེགས།
ལྕགས་ཁྱི།
སྤྱན་སྔ་རིན་པོ་ཆེ་གཉིས་མཆོད་པ་གྲགས་པ་རིན་ཆེན་དང་ཞང་དཀོན་མཆོག་དཔལ་གཉིས་འཁྲུངས། ལོ་རས་པ་གཤེགས།
ལྕགས་ཕག
སངས་རྒྱས་དབོན་གྲགས་པ་དཔལ་དང་འབྲུག་པ་ཉི་མ་སེང་གེ་གཉིས་འཁྲུངས། གོ་དན་གྱི་སར་ས་པཎ་གཤེགས།
ཆུ་བྱི།
སྣར་ཐང་པ་མཆིམས་ནམ་མཁའ་གྲགས་འཁྲུངས།
ཆུ་གླང༌།
འཕགས་པས་ཧོར་གྱི་བླ་མཆོད་མཛད། ས་པཎ་གཤེགས་པའི་གདུང་ངོ་མཚར་ཅན་བྱོན་པ་ལ་ཧོ་བེ་ལ་སོགས་དད་ནས་འཕགས་པ་ལ་དབང་ཞུས་དགེ་བཤེས་གནས་བརྟན་གྱིས་རྒྱལ་གྱི་གདན་ས་ལོ་བཞི་མཛད།
ཤིང་སྟག
ཀམ་ཀམ་ཞིག་པོ་འདུལ་གྲྭ་བ་གཤེགས། རྣམ་སྲས་མདུང་དམར་ཅན་གྱིས་བསྐུལ་བ་ལྟར། ཀརྨ་པཀྴི་རྒྱ་ནག་ཏུ་བྱོན། འཕགས་པས་བྱང་དུ་སྐུ་འབུམ་མཛད།
ཤིང་ཡོས།
སྙེ་ཐང་མཁན་པོ་གྲགས་པ་སེང་གེ་ལས་འཕགས་པ་དགུང་ལོ་ཉེར་གཅིག་པ་བསྙེན་པར་རྫོགས། ཀཾ་ཀཾ་རིན་ཆེན་གཞོན་ནུ་འཁྲུངས། སྤྱན་སྔ་གྲགས་འབྱུང་གཤེགས། གཅུང་དེ་མོ་འབྲི་གུང་གི་གདན་སར་ཕེབས།
མེ་འབྲུག།
བྱ་ཡུལ་ཟེམ་རིན་པོ་ཆེ་གཤེགས། གུ་རུ་ཆོས་དབང་གིས་ཆོས་དྲུག་མཁར་ཁང་མ་གཏེར་ནས་སྤྱན་དྲངས།
མེ་སྦྲུལ།
གླང་སྟོན་སེང་གེ་འབུམ་གྱིས་རྒྱལ་གྱི་གདན་ས་ལོ་ཉི་ཤུ་རྩ་གསུམ་མཛད། ཆོས་རྗེ་དཔལ་བཟང་པོ་འཁྲུངས། ཀརྨ་པཀྴིས་རྫུ་འཕྲུལ་གྱིས་ཧོར་རྒྱལ་པོ་གོ་དན་ཆོས་ལ་བཙུད་ཅིང༌། གྲུབ་རྟགས་དང་པོ་བསྟན།
ས་རྟ།
འབྲུག་པ་སེང་གེ་རིན་ཆེན་འཁྲུངས། ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་དང་རྒྱལ་བ་ཡང་དགོན་པ་གཉིས་གཤེགས།
ས་ལུག
ལྷ་འགྲོ་བའི་མགོན་པོ་གཤེགས། ནེ་རིང་བཏབ།
ལྕགས་སྦྲེལ།
ཧོ་བི་ལི་སེ་ཆེན་ཧན་རྒྱལ་སར་འཁོད། འཕགས་པ་གོང་མའི་བླ་མར་གྱུར། བསམ་གླིང་བ་རིན་པོ་ཆེ་གཤེགས། ཀརྨ་པཀྴི་མེ་ཆུ་གཡང་གསུམ་དུ་བསྐྱུར་ཡང་མ་ཚུགས་པའི་གྲུབ་རྟགས་བར་མ་བསྟན།
ལྕགས་བྱ།
ཀོ་བྲག་པ་བསོད་ནམས་རྒྱལ་མཚན་གཤེགས། མཁས་བཙུན་རྒྱལ་མཚན་འབུམ་འཁྲུངས། ཀརྨ་པཀྴིས་རྒྱལ་ཁམས་ཐམས་ཅད་ནད་དང་མེ་ཆུའི་འཇིགས་པ་ལས་བསྐྱབ་སྟེ་གྲུབ་རྟགས་ཐ་མ་བསྟན།
ཆུ་ཁྱི།
བདག་ཆེན་བཟང་པོ་དཔལ་འཁྲུངས། ས་སྐྱའི་གསེར་ཐོག་ཐང་རྟེན་ཐུབ་སྐུ་གསེར་འབུམ་རྣམས་བཞེངས།
ཆུ་ཕག
ཀརྨ་པཀྴིས་ཉེ་གནས་སྔོན་ལ་བཏང་ནས་མཚུར་ཕུར་ལྷ་ཁང་བཞེངས།
ཤིང་བྱི།
ཆག་ཆོས་རྗེ་དཔལ་གཤེགས། གྲུབ་ཐོབ་སྨན་ལུང་བ་རྒྱ་གར་དུ་བྱོན།
ཤིང་གླང།
འཕགས་པ་བོད་དུ་བྱོན།
མེ་སྟག།
མེ་ལོང་རྡོ་རྗེའི་སློབ་མ་ཀུ་མཱ་ར་ཛཱ་དང༌། འབྲུག་པ་གཞོན་ནུ་སེང་གེ་གཉིས་འཁྲུངས།
རབ་བྱུང་ལྔ་པ།
མེ་ཡོས།
སེ་ཆེན་ཧན་གྱིས་རྒྱལ་བ་ཐོག་རྡུགས་པ་ལ་འབུལ་མོ་ཆེ་བྱས་ཏེ་འབྲི་གདན་གྱི་ཡོན་བདག་ཏུ་གྱུར། འགྲོ་མགོན་ཕྱག་ན་དང་ཐོག་རྡུགས་པ་གཉིས་ཀྱང་གཤེགས། གཅུང་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་ཕག་གྲུའི་གདན་སར་ཕེབས། མཆིམས་ནམ་མཁའ་གྲགས་གཤེགས།
ས་འབྲུག
སྙེ་མདོ་ཀུན་དགའ་དོན་གྲུབ་དང༌། ཕྱག་ནའི་སྲས་དྷརྨ་པཱ་ལ་རཀྵི་ཏ་སངས་རྒྱས་སྒོམ་པ་གསར་མ་གསུམ་འཁྲུངས།
ས་སྦྲུལ།
འཕགས་པ་སླར་ཡང་རྒྱ་ནག་ཏུ་བྱོན། ཧོར་གྱིས་བོད་ལ་མི་འཚེ་བའི་འཇམ་ལམ་བཏོད། ཁ་ཅིག་རྒྱལ་བ་ཐོག་རྡུགས་པ་གཤེགས་ཟེར།
ལྕགས་རྟ།
ཁ་ཅིག་རྒྱལ་བ་ཐོག་རྡུགས་པ་གཤེགས་ཟེར།
ལྕགས་ལུག
ཁ་རག་གྲགས་རྒྱལ་བ་གཤེགས།
ཆུ་སྤྲེལ།
སངས་རྒྱས་ཡར་བྱོན་གཤེགས་ནས་མངྒ་ལ་གུ་རུ་སྟག་ལུང་གི་གདན་སར་ཕེབས།
ཆུ་བྱ།
གུ་རུ་ཆོས་དབང་དཔོན་སློབ་གསུམ་པོ་ཏ་ལ་ནས་གཤེགས།
ཤིང་ཁྱི།
ས་སྐྱ་པ་ཡེ་འབྱུང་གཤེགས། བལ་བོད་མཚམས་སུ་ཐར་པ་གླིང་བཏབ།
ཤིང་ཕག
འཇམ་དབྱངས་བློ་གྲོས་སེང་གེས་མདོ་རྒྱུད་ལུང་གསལ་བརྩམས་བསྟན་རྩིས་མཛད།
མེ་བྱི།
འཕགས་པ་སླར་ཡང་བོད་དུ་ཕེབས་ནས་གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་ཕྲག་བདུན་ལ་བསྙེན་བཀུར་ཏེ་ཆུ་མིག་ཆོས་འཁོར་མཛད། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་འཁྲུངས། སངས་རྒྱས་དབོན་གྱིས་རི་བོ་ཆེ་བཏབ།
མེ་གླང༌།
ལྷ་ཟུར་ཁང་པ་དང༌། གྲུབ་ཆེན་གྲགས་པ་བསོད་ནམས་དཔལ་གཉིས་འཁྲུངས། ཁ་ཅིག་རི་བོ་ཆེ་བཏབ་ཟེར།
ས་སྟག
རིན་པོ་ཆེ་རྡོར་རིན་པ་འཁྲུངས།
ས་ཡོས།
ས་སྐྱ་པ་རིན་ཆེན་རྒྱལ་མཚན་པ་གཤེགས། གཅུང་དེ་མོ་གཤེགས་ནས་ཐོག་ཁ་པ་རིན་ཆེན་སེང་གེ་འབྲི་གུང་གི་གདན་སར་ཕེབས། སྒམ་པོ་བ་ཆོས་ཀྱི་རྒྱལ་མཚན་འཁྲུངས།
ལྕགས་འབྲུག
འཁོན་པོ་བར་པས་རྒྱལ་གྱི་གདན་ས་ལོ་དགུ་མཛད། འགྲོ་མགོན་འཕགས་པ། སངས་རྒྱས་རས་པ། གཅུང་བཅུ་གཉིས་པ་རིན་ཆེན་རྡོ་རྗེ། རྟོགས་ལྡན་རྒྱལ་བ་སེང་གེ་མཛེས་འོད་བཞི་གཤེགས།
ལྕགས་སྦྲུལ།
རྔོག་གཟི་བརྗིད་གྲགས་པ་དང༌། ནེ་རིང་བ་བདེ་ལེགས་རྒྱལ་མཚན་གཉིས་གཤེགས། རིན་པོ་ཆེ་གྲགས་པ་ཡེ་ཤེས་ཀྱིས་ཕག་གྲུའི་གདན་ས་མཛད། གཡའ་བཟང་གདན་སར་མཁར་ཆུ་བ་ཆོས་བསམ་འོད་ཕེབས། ཧོར་དམག་གིས་བྱ་རོག་རྫོང་བཅོམ་ནས་དཔོན་ཆེན་ཀུན་དགའ་བཟང་བོ་བསད།
ཆུ་རྟ།
བྱ་ཡུལ་ཁམས་ལུང་བ་དང་ཞྭ་དམར་བཀྲ་ཤིས་གྲགས་པ་གཉིས་གཤེགས། གྲུབ་ཆེན་ཨོ་རྒྱན་པས་བསམ་ཡས་སུ་བསྟན་རྩིས་མཛད།
ཆུ་ལུག
རྔོག་ཆོས་ཀྱི་རྒྱལ་མཚན་དང༌། ཞྭ་དམར་བ་རྟོགས་ལྡན་གྲགས་པ་སེང་གེ་གཉིས་འཁྲུངས། ཀརྨ་པཀྴི་གཤེགས།
ཤིང་སྤྲེལ།
བྱ་ཡུལ་སངས་རྒྱས་སྒོམ་པ་ཕྱི་མ། ཀརྨ་རང་བྱུང་རྡོ་རྗེ། འབྲི་གུང་ཉེར་བརྒྱད་པ། རྡོ་རྗེ་རྒྱལ་པོ་བཞི་འཁྲུངས། རྔོག་རྒྱལ་པོ་དགའ་གཤེགས།
ཤིང་བྱ།
འབྲི་གུང་བས་བྱ་ཡུལ་མེས་བསྲེགས། གཙང་སྟོན་པ་གྲོང༌། ཐོག་ཁ་བ་རིན་ཆེན་སེང་གེ་གཤེགས་ནས་མཚམས་བཅད་པ་འབྲི་གུང་གི་གདན་སར་ཕེབས།
མེ་ཁྱི།
ཀམ་ཀམ་བསོད་ནམས་རིན་ཆེན་གཤེགས།
མེ་ཕག།
ས་སྐྱ་དྷརྨ་པཱ་ལ་དང༌། འབྲུག་པ་ཉི་མ་སེང་གེ་གཉིས་གཤེགས། རྒྱལ་བ་གཡུང་སྟོན་འཁྲུངས། སྐྱོ་སྟོན་པས་སྣར་ཐང་བཟུང༌།
ས་བྱི།
རིགས་ལྡན་ཟླ་བའི་འོད་ཀྱིས་ཆོས་བསྟན་ནས་རེ་གཅིག་སོང༌། རིན་ཆེན་གྲགས་པ་ཡེ་ཤེས་འདས། མཚམས་བཅད་པ་གྲགས་པ་བསོད་ནམས་གཤེགས་ནས་ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས་འབྲི་གུང་གི་གདན་སར་ཕེབས། རཏྣ་གུ་རུ་འཁྲུངས།
ས་གླང༌།
བྱང་ཆུབ་སེམས་དཔས་རྒྱལ་གྱི་གདན་ས་ལོ་བཅོ་བརྒྱད་མཛད། རིན་པོ་ཆེ་གཉིས་མཆོད་པ་ཕག་གྲུའི་གདན་སར་ཕེབས། འབྲུག་པ་སེང་གེ་རྒྱལ་པོ་འཁྲུངས།
ལྕགས་སྟག
བུ་སྟོན་རིན་པོ་ཆེ་དང༌། ཤེའི་རྒྱལ་སྲས་ལེགས་ལྡན་པ། གཟི་བརྗིད་རྒྱལ་མཚན་པ་རྣམས་འཁྲུངས། འབྲི་གུང་གླིང་ལོག་བྱུང༌། ས་སྐྱ་པའི་དམག་གིས་འབྲི་གུང་བཅོམ།
ལྕགས་ཡོས།
སངས་རྒྱས་ཇོ་བོས་བྱ་ཡུལ་ཞིག་གསོ་མཛད།
ཆུ་འབྲུག
ཀུན་མཁྱེན་དོལ་བོ་ཤེས་རབ་རྒྱལ་མཚན་འཁྲུངས། སེ་ཆེན་གྱིས་གྲུབ་ཆེན་ཨུ་རྒྱན་པ་གདན་དྲངས།
ཆུ་སྦྲུལ།
ཚེས་བཞི་རྙིང་མ་འཁྲུངས། ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས་གཤེགས་ནས་རིན་པོ་ཆེ་རྡོར་རིན་པ་འབྲི་གུང་གི་གདན་སར་ཕེབས། ཨུ་རྒྱན་མགོན་འཁྲུངས།
ཤིང་རྟ།
མཁན་པོ་ཛྙཱ་ན་པྲཛྙཱ་འཁྲུངས། ཨོལ་ཇོས་ཐུ་རྒྱལ་སར་འཁོད།
ཤིང་ལུག
འཇམ་དབྱངས་བསམ་གྲུབ་རྡོ་རྗེ་དང༌། རྒྱལ་སྲས་ཐོགས་མེད་པ་དང༌། སྤང་མཁན་ཆེན་འོད་ཟེར་བླ་མ་གསུམ་འཁྲུངས།
མེ་སྤྲེལ།
ཆོས་རྗེ་ཀློང་ཆེན་པ་འཁྲུངས། སངས་རྒྱས་དབོན་གྲགས་པ་དཔལ་དང༌། སྒམ་པོ་པ་སྙི་ཇོ་སྲས་གཉིས་གཤེགས།
མེ་བྱ།
མངྒ་ལ་གུ་རུ་གཤེགས་ནས་ཆོས་རྗེ་དཔལ་བཟང་པོ་སྟག་ལུང་གི་གདན་སར་ཕེབས།
ས་ཁྱི།
མཁར་ཆུ་པ་ཆོས་བསམ་འོད་གཤེགས། རྒྱལ་བ་གཡུང་སྟོན་རྒྱ་ནག་ཏུ་སྤྱན་དྲངས།
ས་ཕག
ས་སྐྱ་པ་ཀུན་བློ་དང་གཡག་སྡེ་པཎ་ཆེན་གཉིས་འཁྲུངས། གཡའ་བཟང་གི་གདན་སར་ཟྭ་ར་བ་བདེ་ལེགས་འོད་ཕེབས།
ལྕགས་བྱི།
ཆོས་རྗེ་རཏྣ་ཀ་ར་འཁྲུངས།
ལྕགས་གླང༌།
ཆུ་སྟག
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དང༌། ལོ་ཆེན་བྱང་ཆུབ་རྩེ་མོ་གཉིས་འཁྲུངས།
ཆུ་ཡོས།
གྲུབ་ཐོབ་མེ་ལོང་རྡོ་རྗེ་གཤེགས། རང་བྱུང་རྡོ་རྗེས་ལྷ་སྟེང་བཏབ།
ཤིང་འབྲུག
ཤིང་སྦྲུལ།
བདག་ཆེན་ནམ་མཁའ་ལེགས་པ་དང༌། ཀམ་ཀམ་རིན་ཆེན་སེང་གེ་འཁྲུངས།
མེ་རྟ།
བདག་ཆེན་བཟང་པོ་དཔལ་ས་སྐྱའི་གདན་སར་ཕེབས།
མེ་ལུག།
ཀུན་སྤངས་ལྷ་རི་བས་རྒྱལ་གྱི་གདན་ས་ལོ་བཅོ་བརྒྱད་མཛད།
ས་སྤྲེལ།
རྔོག་སེང་གེ་སྒྲ་གཤེགས།
ས་བྱ།
ཆོས་རྗེ་དཔལ་བཟང་པོས་རཏྣ་གུ་རུ་སྟག་ལུང་གི་གདན་སར་བཀོད་ནས་རང་ཉིད་ཀུན་སྤང་མཛད། གྲུབ་ཆེན་ཨུ་རྒྱན་པ་དང་མཁས་གྲུབ་ཤངས་སྟོན་གཉིས་གཤེགས།
ལྕགས་ཁྱི།
ཏི་ཤྲི་ཀུན་དགའ་རྒྱལ་མཚན། བཅུ་གཉིས་གསར་མ། ཆོས་རྗེ་འབའ་ར་བ། འཇག་ཆེན་བྱམས་པ་དཔལ་རྣམས་འཁྲུངས། རིན་པོ་ཆེ་གཉིས་མཆོད་པ་དང༌། ཆོས་རྗེ་དཔལ་བཟང་པོ་གཉིས་གཤེགས།
ལྕགས་ཕག
རྔོག་སློབ་དཔོན་ཆོས་རྡོར་གཤེགས།
ཆུ་བྱི།
བྱ་ཡུལ་པ་སངས་རྒྱས་ཇོ་བོ་གཤེགས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་འཁྲུངས།
ཆུ་གླང༌།
ཀམ་ཀམ་བརྩོན་འགྲུས་བཟང་པོ་འཁྲུངས། འབྲུག་པ་སེང་གེ་རིན་ཆེན་གཤེགས། ཤིང་སྟག་མཁན་ཆེན་འཇམ་དཔལ་ཡེ་ཤེས་དང༌། འབྲུག་པ་ཀུན་དགའ་སེང་གེ་གཉིས་འཁྲུངས།
ཤིང་ཡོས།
རིན་པོ་ཆེ་རྡོར་རིན་པ་གཤེགས་ནས་རྡོ་རྗེ་རྒྱལ་པོ་འབྲི་གུང་གི་གདན་སར་ཕེབས། ལྷ་ཁང་ཆེན་མོ་བཞེངས།
མེ་འབྲུག
མེ་སྦྲུལ།
ཞང་དཀོན་མཆོག་དཔལ་པ་གཤེགས།
ས་རྟ།
རང་བྱུང་རྡོ་རྗེས་རྩིས་ཀུན་ལས་བསྡུས་པ་མཛད། ཆོས་རྡོར་པས་སྙིང་ཐིག །རྒྱལ་སྲས་ལེགས་ལྡན་པ་ལ་གཏད།
ས་ལུག
རྔོག་རིན་ཆེན་བཟང་པོ་གཤེགས། སྒམ་པོ་པ་སངས་རྒྱས་ཆོས་ཀྱི་སེང་གེ་འཁྲུངས།
ལྕགས་སྤྲེལ།
ཨུ་རྒྱན་མགོན་པོས་རི་བོ་ཆེའི་གཙུག་ལག་ཁང་བཞེངས།
ལྕགས་བྱ།
ཆུ་ཁྱི།
བུ་སྟོན་རིན་པོ་ཆེས་བསྟན་རྩིས་མཛད། པཎ་ཆེན་གྱིས་བརྩིས་ནས་བརྒྱ་དང་དོན་དྲུག་སོང༌། བདག་ཆེན་བཟང་པོ་དཔལ་དང༌། ཟྭ་ར་བ་བདེ་ལེགས་འོད་གཉིས་གཤེགས།
ཆུ་ཕག
བཀྲ་ཤིས་འོད་གཡའ་བཟང་གདན་སར་ཕེབས།
ཤིང་བྱི།
ཤིང་གླང༌།
མཁན་ཆེན་ཛྙཱ་ན་པྲཛྙཱ་རྒྱལ་གྱི་གདན་སར་ཕེབས། བདག་ཆེན་ནམ་མཁའ་ལེགས་པས་ས་སྐྱའི་གདན་ས་མཛད། འབྲུག་པ་སེང་གེ་རྒྱལ་པོ་གཤེགས།
མེ་སྟག།
ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་འཁྲུངས། དུས་འཁོར་རྩ་རྒྱུད་གསུངས་ནས་ལོ་ཉིས་སྟོང་ཉིས་བརྒྱ་དང་བཞི་འདས་པར་བུ་སྟོན་གསུངས།
རབ་བྱུང་དྲུག་པ།
མེ་ཡོས།
རིགས་ལྡན་ཟླ་འོད་ཀྱིས་ཆོས་བསྟན་ནས་ལོ་བརྒྱ་སོང༌། ས་སྐྱ་པ་ཀུན་བློ་དང༌། ཀམ་ཀམ་རིན་ཆེན་གཞོན་ནུ་གཉིས་གཤེགས།
ས་འབྲུག
རིགས་ལྡན་མཐའ་ཡས་ཤམྦྷ་ལའི་ཁྲིར་འཁོད།
ས་སྦྲུལ།
ལྕགས་རྟ།
མཁན་པོ་ཡེ་ཤེས་བསོད་ནམས་རྒྱལ་མཚན་འཁྲུངས།
ལྕགས་ལུག།
རྔོག་དོན་གྲུབ་དཔལ་པ་འཁྲུངས། ཤེའི་ལེགས་ལྡན་དང་རང་བྱུང་བས་སྙིང་ཐིག་ཤོག་སེར་ལས་བསྒྱུར། རང་བྱུང་བ་ཧོར་ཡུལ་དུ་བྱོན།
ཆུ་སྤྲེལ།
ཆུ་བྱ།
ཆོས་རྗེ་ནམ་མཁའ་དཔལ་བཟང་པོ། འབྲི་གུང་དོན་གྲུབ་རྒྱལ་པོ། དཔལ་ལྡན་ཚུལ་ཁྲིམས་གསུམ་འཁྲུངས། ཧོར་ཐོ་གན་ཐུ་མུར་ཐུ་རྒྱལ་སར་འཁོད།
ཤིང་ཁྱི།
མཁས་བཙུན་རྒྱལ་མཚན་འབུམ་གཤེགས། རྗེ་རང་བྱུང་བ་རི་བོ་རྩེ་ལྔར་ཕེབས་ཤིང་ཐུགས་རྗེ་ཆེན་པོ་ཞལ་གཟིགས་པས་བསྐུལ་ནས་བོད་དུ་ཕེབས།
ཤིང་ཕག
འབྲི་གུང་ཆོས་ཀྱི་རྒྱལ་པོ་དང་ལྷ་གྲགས་འོད་པ་གཉིས་འཁྲུངས། རང་བྱུང་བས་མི་ཉག་གི་ཡུལ་དུ་བསྟན་པ་ཞིག་གསོ་མཛད།
མེ་བྱི།
སྒམ་པོ་བ་ཆོས་ཀྱི་རྒྱལ་མཚན་གཤེགས།
མེ་གླང༌།
ལྷ་ཟུར་ཁང་པ་གཤེགས།
ས་སྟག
སངས་རྒྱས་སྒོམ་པ་ཕྱི་མ་གཤེགས།
ས་ཡོས།
ཀརྨ་པ་རང་བྱུང་རྡོ་རྗེ་རྒྱ་ནག་ཏུ་གཤེགས། རཏྣ་གུ་རུ་འདས། རཏྣ་ཀཱ་ར་སྟག་ལུང་གདན་སར་ཕེབས། གྲུབ་ཆེན་སངས་རྒྱས་དཔལ་འཁྲུངས།
ལྕགས་འབྲུག
ཀརྨ་རོལ་པའི་རྡོ་རྗེ་འཁྲུངས།
ལྕགས་སྦྲུལ།
ཆུ་རྟ།
ཀུན་སྤང་ཆེན་པོ་བསོད་ནམས་རྒྱལ་མཚན་འཁྲུངས། དཔང་ལོ་ཙཱ་བ་གཤེགས།
ཆུ་ལུག
རིག་འཛིན་ཀུ་མཱ་ར་རཱ་ཛཱ་དང་། བདག་ཆེན་ནམ་མཁའ་ལེགས་པ་གཉིས་གཤེགས།
ཤིང་སྤྲེལ།
རྒྱ་སྟོན་པས་བསྟན་རྩིས་མཛད་ཅིང་ལུང་གི་མངོན་པ་སོང་ནས་མདོ་སྡེའི་དུས་ཀྱི་མགོ་བརྩམས་པར་འདོད
ཤིང་བྱ།
འབྲུག་པ་བློ་གྲོས་སེང་གེ་འཁྲུངས།
མེ་ཁྱི།
ཀམ་ཀམ་སངས་རྒྱས་འོད་ཟེར་འཁྲུངས།
མེ་ཕག
ལྷོ་རིན་པོ་ཆེ་གྲགས་པ་ཡོན་ཏན་འཁྲུངས། འབྲུག་པ་ཀུན་དགའ་སེང་གེ་གཤེགས།
ས་བྱི།
ས་གླང་།
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་ལ་དབང་བསྒྱུར། ཞྭ་དམར་རྟོགས་ལྡན་གྲགས་པ་སེང་གེ་གཤེགས། རྗེ་བཙུན་རེད་མདའ་བ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་གཉིས་འཁྲུངས།
ལྕགས་སྟག
སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། གཡག་ཕྲུག་སངས་རྒྱས་དཔལ། མཁན་ཆེན་རིན་པོ་ཆེ་རྒྱལ་བཟང་བ། ཞྭ་དམར་མཁའ་སྤྱོད་དབང་པོ་རྣམས་འཁྲུངས། བཀྲ་ཤིས་འོད་ཀྱིས་ལྷ་བྲག་འོད་པ་ལ་གཡའ་བཟང་གདན་ས་གཏད་ནས་ཀུན་སྤང་མཛད།
ལྕགས་ཡོས།
འབྲི་གུང་ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པ་གཤེགས་ནས་ཆོས་ཀྱི་རྒྱལ་པོ་འབྲི་གུང་གི་གདན་སར་ཕེབས། འཇག་ཆེན་བྱམས་པའི་སློབ་མ་གྲུབ་ཐོབ་ཤེར་འབྱུང་བ་འཁྲུངས། ཏའི་སི་ཏུ་བྱང་ཆུང་རྒྱལ་མཚན་གྱིས་རྩེས་ཐང་བཏབ།
ཆུ་འབྲུག
མཁན་ཆེན་ཛྙཱ་ན་པྲཛྙཱ་གཤེགས།
ཆུ་སྦྲུལ།
མཁན་ཆེན་འཇམ་དཔལ་ཡེ་ཤེས་ཀྱིས་ལོ་གཅིག་རྒྱལ་གྱི་གདན་ས་མཛད།
ཤིང་རྟ།
མཁན་པོ་ཡེ་ཤེས་བསོད་ནམས་རྒྱ་མཚོ་རྒྱལ་གྱི་གདན་སར་ཕེབས། ཤར་རིན་པོ་ཆེ་འཁྲུངས།
ཤིང་ལུག།
རྒྱལ་ལྷ་ཁང་བློ་གྲོས་སེང་གེ་སོགས་ཀྱིས་མངོན་པའི་མགོ་བརྩམས་པར་འདོད།
མེ་སྤྲེལ།
ཚེས་བཞི་གསར་མ་སྤྱན་སྔ་གྲགས་པ་བྱང་ཆུབ་དང༌། བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་གཉིས་འཁྲུངས།
མེ་བྱ།
རྒྱལ་བ་བློ་བཟང་གྲགས་པ་སྐུ་འཁྲུངས། ཕུལ་བྱུང་ནས་ནི་སུམ་བརྒྱ་དང་བཅུ་འདས་སོ། །རྭ་སྒྲེང་པ་ཤཱཀྱ་བསོད་ནམས་དང༌། སྤྱན་སྔ་བསོད་ནམས་གྲགས་པ་གཉིས་འཁྲུངས།
ས་ཁྱི།
ས་ཕག
ཀརྨ་རོལ་པའི་རྡོ་རྗེའི་དྲུང་དུ་རྗེ་ཙོང་ཁ་པ་དགེ་བསྙེན་མཛད། རྔོག་ཆོས་ཀྱི་རྒྱལ་མཚན་གཤེགས། ཆོས་རྗེ་བསོད་ནམས་གྲགས་པ་དང༌། བཀྲ་ཤིས་དཔལ་བརྩེགས་གཉིས་འཁྲུངས། གཡག་སྡེ་པཎ་ཆེན་གྱིས་ཨེ་ཝཾ་བཏབ།
ལྕགས་བྱི།
རྔོག་བྱང་ཆུབ་དཔལ་པ་དང༌། འབའ་ར་བའི་སློབ་མ་གཙང་པ་བློ་གྲོས་བཟང་པོ་གཉིས་འཁྲུངས། ཀརྨ་རོལ་པའི་རྡོ་རྗེ་རྒྱ་ནག་ཏུ་བྱོན། ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན་གཤེགས། བཅུ་གཉིས་གསར་མ་པ་གྲགས་པ་ཤེས་རབ་ཕག་གྲུའི་གདན་སར་ཕེབས།
ལྕགས་གླང༌།
ཀུན་མཁྱེན་ཇོ་མོ་ནང་པ་གཤེགས། རཏྣ་ཀཱ་ར་གཤེགས་ནས་ཆོས་རྗེ་ནམ་མཁའ་དཔལ་བཟང་སྟག་ལུང་གི་གདན་སར་ཕེབས། ཆུ་སྟག།། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་ཙོང་ཁ་པ་ལ་དབང་བསྐུར་ཏེ་གསང་མཚན་དོན་ཡོད་རྡོ་རྗེར་གསོལ། ཆོས་རྗེ་རི་མི་འབབ་པ་འཁྲུངས།
ཆུ་ཡོས།
རྗེ་ཙོང་ཁ་པ་དགེ་ཚུལ་བསྒྲུབས་ཏེ་བློ་བཟང་གྲགས་པར་མཚན་གསོལ། རྫོགས་ཆེན་པ་ཚུལ་ཁྲིམས་བློ་གྲོས་གཤེགས། ཀརྨ་རོལ་པའི་རྡོ་རྗེ་བོད་དུ་ཕེབས། རྒོད་ཕྲུག་རས་པ་འཁྲུངས།
ཤིང་འབྲུག
བུ་སྟོན་རིན་པོ་ཆེ་གཤེགས། རྒྱལ་ཚབ་དར་མ་རིན་ཆེན་དང༌། འབྲུག་པ་ཡེ་ཤེས་རིན་ཆེན་གཉིས་འཁྲུངས།
ཤིང་སྦྲུལ།
ཀམ་ཀམ་པ་རིན་ཆེན་སེང་གེ་གཤེགས། ཀཾ་ཀཾ་དོན་གྲུབ་དཔལ་པ་འཁྲུངས།
མེ་རྟ།
རྟོགས་ལྡན་བསམ་གཏན་དཔལ་གཤེགས། ཡེ་ཤེས་དཀོན་མཆོག་གླིང་བཏབ། དྲུང་གཞོན་ནུ་བྱང་ཆུབ་དང་བྱང་སེམས་ཀུན་དགའ་བཟང་པོ་གཉིས་འཁྲུངས།
མེ་ལུག
རོང་སྟོན་ཤཱཀྱ་རྒྱལ་མཚན་འཁྲུངས།
ས་སྤྲེལ།
ཧོར་རྒྱལ་ཐ་མ་ཐོ་གན་ཐུ་མུར་གྱིས་རྒྱལ་ས་ཤོར་ནས་ཧོར་ཡུལ་དུ་བྲོས་ཏའི་མིང་ཐོག་མ་ཧཱུང་ཝུ་རྒྱལ་སར་འཁོད།
ས་བྱ།
ཀམ་ཀམ་སངས་རྒྱས་འོད་ཟེར་དང༌། རྒྱལ་སྲས་ཐོགས་མེད་པ་གཉིས་གཤེགས། ཧཱུང་ཝུ་རྒྱལ་པོས་གནས་བརྟན་བཅུ་དྲུག་རྒྱ་ནག་ཏུ་གདན་དྲངས།
ལྕགས་ཁྱི།
བཅུ་གཉིས་གསར་མ་གཤེགས། དྲུང་མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན་འཁྲུངས།
ལྕགས་ཕག
ཚེས་བཞི་གསར་མ་ཕག་གྲུའི་གདན་སར་ཕེབས། འབྲུག་པ་ཤེས་རབ་སེང་གེ་དང༌། སྒམ་པོ་བ་ཆོས་ཀྱི་དབང་ཕྱུག་གཉིས་འཁྲུངས།
ཆུ་བྱི།
རྗེ་རིན་པོ་ཆེ་དབུས་སུ་བྱོན་པར་བརྩམས།
ཆུ་གླང༌།
རྗེ་ཙོང་ཁ་པ་མདོ་སྨད་ནས་བཏེག །སྟོན་འབྲི་གུང་དུ་ཕེབས། དགུན་ཆོས་ལ་སྙེ་ཐང་བདེ་བ་ཅན་དུ་ཕར་ཕྱིན་གསན། ཧོར་སྟོན་ནམ་མཁའ་དཔལ་བ་འཁྲུངས།
ཤིང་སྟག
འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་འཁྲུངས།
ཤིང་ཡོས།
རྗེ་རིན་པོ་ཆེས་གྲྭ་སྐོར་མཛད། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གཤེགས། ཞྭ་ལུ་བ་ལེགས་པ་རྒྱལ་མཚན་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་གཉིས་འཁྲུངས།
མེ་འབྲུག
རྗེ་རིན་པོ་ཆེས་ཆོས་འཁོར་ཐོག་མ་གནང༌། འཇམ་དབྱངས་བསམ་གྲུབ་རྡོ་རྗེ་གཤེགས། བཀྲ་ཤིས་དཔལ་བརྩེགས་སྟག་ལུང་གི་གདན་སར་བཀོད་ནས། ཆོས་རྗེ་ནམ་མཁའ་དཔལ་བཟང་པོ་རང་ཉིད་སེ་ལེར་བྱོན།
མེ་སྦྲུལ།
ས་རྟ།
གཡག་སྡེ་པཎ་ཆེན་གཤེགས།
ས་ལུག།
མཁན་པོ་ཡེ་ཤེས་བསོད་ནམས་རྒྱ་མཚོས་ཀུན་སྤངས་མཛད་ནས་རྒྱལ་གྱི་གདན་སར་ཀུན་སྤངས་ཆེན་པོ་བསོད་ནམས་རྒྱལ་མཚན་ཕེབས། ཆོས་རྗེ་ནམ་མཁའ་དཔལ་བཟང་པོ་གཤེགས། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་འཁྲུངས།
ལྕགས་སྤྲེལ།
མཁན་པོ་ཡེ་ཤེས་བསོད་ནམས་རྒྱ་མཚོ་གཤེགས། སྤྱན་སྔ་བསོད་ནམས་བཟང་པོ་འཁྲུངས།
ལྕགས་བྱ།
ཆུ་ཁྱི།
ངོར་ཆེན་ཀུན་དགའ་བཟང་པོ་འཁྲུངས།
ཆུ་ཕག
ཀརྨ་རོལ་པའི་རྡོ་རྗེ་གཤེགས། སྤྱན་སྔ་དཔལ་ལྡན་བཟང་པོ་དང༌། གུང་རུ་རྒྱལ་མཚན་བཟང་པོ་གཉིས་འཁྲུངས།
ཤིང་བྱི།
ཀརྨ་པ་དེ་བཞིན་གཤེགས་པ་འཁྲུངས། སྟག་ལུང་གི་མཆོད་ཁང་དམར་པོ་བཞེངས།
ཤིང་གླང༌།
ཀམ་ཀམ་བརྩོན་འགྲུས་བཟང་པོ་གཤེགས། མཁས་གྲུབ་ཆོས་རྗེ་དགེ་ལེགས་དཔལ་བཟང་པོ་འཁྲུངས།
མེ་སྟག།
ཚེས་བཞི་གསར་མ་གཤེགས། ཆོས་རྗེ་བསོད་ནམས་གྲགས་པ་ཕག་གྲུའི་གདན་སར་ཕེབས། ཆོས་རྗེ་ཉེར་གཉིས་པ་འཁྲུངས། དགའ་མ་མོའི་དགོན་པ་བཟུང༌། རྨ་སེ་རྟོགས་ལྡན་དང༌། ཀུ་ཅོར་རྟོགས་ལྡན་གཉིས་འཁྲུངས།
རབ་བྱུང༌བདུན་པ།
མེ་ཡོས།
ས་འབྲུག
རིགས་ལྡན་མཐའ་ཡས་ཀྱིས་ཆོས་བསྟན་ནས་ལོ་རེ་གཅིག་སོང༌། མུས་ཆེན་དཀོན་མཆོག་རྒྱལ་མཚན་འཁྲུངས།
ས་སྦྲུལ།
རྗེ་བློ་གྲོས་ཆོས་སྐྱོང་འཁྲུངས། ཁ་ཅིག་ཡིད་བཟང་རྩེ་བ་འཁྲུངས་ཟེར། འདི་ལ་འདྲ་མིན་གསུམ་བྱུང༌།
ལྕགས་རྟ།
མཁན་ཆེན་འཇམ་དཔལ་ཡེ་ཤེས་དང༌། འབྲུག་པ་བློ་གྲོས་སེང་གེ་གཉིས་གཤེགས། ཀུན་སྤངས་ཆེན་པོ་བསོད་ནམས་རྒྱལ་མཚན་པས་རྒྱལ་གྱི་གདན་ས་དབོན་པོ་བསོད་ནམས་གྲགས་པ་ལ་གཏད་ནས་ཀུན་སྤངས་མཛད།
ལྕགས་ལུག
འབའ་ར་བ་དང་འཇག་ཆེན་བྱམས་པ་དཔལ་གཉིས་གཤེགས། རྒྱལ་བ་དགེ་འདུན་གྲུབ་འཁྲུངས།
ཆུ་སྤྲེལ།
རྗེ་ཙོང་ཁ་པས་འཇམ་དབྱངས་ཞལ་གཟིགས། འཁོར་དག་པ་རྣམ་བརྒྱད་ཁྲིད་དེ་འོལ་ཁར་ཕེབས། འབྲུག་པ་ཤེས་རབ་སེང་གེ་གཤེགས། ཡིད་བཟང་རྩེ་བ་གཞོན་ནུ་དཔལ་དང༌། སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན་གཉིས་འཁྲུངས།
ཆུ་བྱ།
རྗེ་ཙོང་ཁ་པས་འོལ་ཁར་རྫིང་ཕྱི་ཞིག་གསོ་མཛད། རྒྱ་སོག་ཕུར་འཇིགས་བྱེད་ཞལ་གཟིགས།
ཤིང་ཁྱི།
ཤིང་ཕག
རྗེ་རིན་པོ་ཆེ་དང༌། ལྷོ་བྲག་གྲུབ་ཆེན་གཉིས་མཇལ། བྱང་སེམས་ཆོས་རྗེ་ཤེས་རབ་བཟང་པོ་འཁྲུངས།
མེ་བྱི།
རྒྱལ་ཚབ་དར་མ་རིན་ཆེན་གྱིས་རྗེ་ཙོང་ཁ་པ་བསྟེན། གཉལ་གྱི་ལུང་ར་ཚུགས།
མེ་གླང༌།
ས་སྟག
རྔོག་དོན་འགྲུབ་དཔལ་གཤེགས། འབྲུག་པ་ནམ་མཁའ་དཔལ་བཟང་དང༌། དྭགས་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གཉིས་འཁྲུངས།
ས་ཡོས།
མཁན་ཆེན་བསོད་ནམས་མཆོག་གྲུབ་འཁྲུངས།
ལྕགས་འབྲུག
འདུལ་འཛིན་གྲགས་པ་དཔལ་ལྡན་དང༌། པཎ་ཆེན་བྱམས་པ་གླིང་པ་གཉིས་འཁྲུངས།
ལྕགས་སྦྲུལ།
ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གཤེགས། བྱང་སེམས་པའི་དགེ་བསྙེན་མཛད།
ཆུ་རྟ།
བ་སོ་ཆོས་ཀྱི་རྒྱལ་མཚན་དང༌། རྗེ་བློ་གྲོས་བརྟན་པ། འདུལ་ནག་པ་དཔལ་ལྡན་བཟང་པོ་གསུམ་འཁྲུངས། སྒམ་པོ་སངས་རྒྱས་ཆོས་ཀྱི་སེང་གེ་གཤེགས།
ཆུ་ལུག
ཆོས་རྗེ་བྱང་ཆུབ་རྒྱ་མཚོ་དང་གཏེར་སྟོན་རཏྣ་གླིང་པ་གཉིས་འཁྲུངས། ཏའི་མིང་ཡུང་ལོ་ཁྲིར་འཁོད།
ཤིང་སྤྲེལ།
ལྷ་གྲགས་འོད་པ་གཤེགས་ནས་ལྷ་བསོད་ནམས་འོད་ཟེར་གཡའ་བཟང་གི་གདན་སར་ཕེབས། ས་རྐང་རྣམ་རྒྱལ་གླིང་བཏབ།
ཤིང་བྱ།
མཁན་ཆེན་གྲུབ་པ་ཤེས་རབ་པའི་དྲུང་དུ་དགེ་འདུན་གྲུབ་རབ་ཏུ་བྱུང༌། མཁས་གྲུབ་རྗེ་བསྙེན་པར་རྫོགས། ཞྭ་དམར་རྟོགས་ལྡན་མཁའ་སྤྱོད་དབང་པོ་གཤེགས། ཆོས་རྗེ་བསོད་ནམས་གྲགས་པས་སྤྱན་སྔ་དཔལ་ལྡན་བཟང་པོ་ལ་ཕག་གྲུའི་གདན་ས་གཏད།
མེ་ཁྱི།
ཞྭ་དམར་པ་ཆོས་དཔལ་ཡེ་ཤེས་འཁྲུངས།
མེ་ཕག
ཆོས་རྗེ་མཁས་གྲུབ་པ་རྗེ་ཙོང་ཁ་པ་དང་མཇལ། སྤྱན་སྔ་དཔལ་ལྡན་བཟང་པོ་གཤེགས། ཀརྨ་པ་ཏའི་མིང་གིས་སྤྱན་དྲངས།
ས་བྱི།
ཆོས་རྗེ་བསོད་ནམས་གྲགས་པ་དང༌། གྲུབ་ཐོབ་ཤེར་འབྱུང་བ་གཉིས་གཤེགས། སྤྱན་སྔ་བསོད་ནམས་བཟང་པོ་ཕག་གྲུའི་གདན་སར་ཕེབས། ཆོས་རྗེ་བཀྲ་ཤིས་དཔལ་འོད་འཁྲུངས། བྱམས་ཆེན་ཆོས་རྗེ་ཏའི་མིང་རྒྱལ་པོས་སྤྱན་དྲངས།
ས་གླང༌།
རྗེ་ཙོང་ཁ་པས་ལྷ་ས་སྨོན་ལམ་ཆེན་མོ་དང༌། འབྲོག་རི་བོ་དགའ་ལྡན་བཏབ། ཀུན་སྤངས་ཆེན་པོ་བསོད་ནམས་རྒྱལ་མཚན་གཤེགས།
ལྕགས་སྟག།
པཎ་ཆེན་བཟང་པོ་བཀྲ་ཤིས་འཁྲུངས། གྲུབ་པ་ཤེས་རབ་པའི་དྲུང་དུ་དགེ་འདུན་གྲུབ་པ་བསྙེན་པར་རྫོགས།
ལྕགས་ཡོས།
བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་འཁྲུངས།
ཆུ་འབྲུག
རྗེ་རེད་མདའ་བ་གཤེགས།
ཆུ་སྦྲུལ།
འབྲུག་པ་ཡེ་ཤེས་རིན་ཆེན་གཤེགས། སེམས་དཔའ་བློ་གྲོས་རྒྱལ་མཚན་འཁྲུངས། ཁ་ཅིག་ཡིད་བཟང་རྩེར་འཁྲུངས་ཟེར། སྤྱན་སྔ་བ་བསོད་ནམས་གྲགས་པ་རྒྱལ་གྱི་གདན་སར་ལོ་ཉི་ཤུ་རྩ་གཉིས་སོང་ཞིང༌། དེ་ནས་ཤིང་ཁྱི་བར་ལོ་ཞེ་གཉིས་ལ། ཡེ་ཤེས་གྲགས་བཟང་པོ་ལོ་གསུམ། ཀུན་དགའ་རྒྱལ་མཚན་པ་ལོ་བཅུ་གསུམ། ཀུན་རྡོར་བ་ལོ་བཅུ་གསུམ། བློ་གྲོས་རྒྱལ་མཚན་པས་ལོ་གསུམ་མཛད།
ཤིང་རྟ།
ལྷ་རིན་པོ་ཆེ་གྲགས་པ་ཡོན་ཏན་གཤེགས། སྨོན་ལམ་དཔལ་ལེགས་པའི་བློ་གྲོས་དང་དྲུང་པ་སངས་རྒྱས་དཔལ་གཉིས་འཁྲུངས།
ཤིང་ལུག
ཀརྨ་པ་དེ་བཞིན་གཤེགས་པ་གཤེགས། བྱང་སེམས་ཤེས་རབ་བཟང་པོ་དབུས་སུ་བྱོན། ཆོས་རྗེ་ཡེ་ཤེས་བཟང་པོ་འཁྲུངས། རྗེ་དགེ་འདུན་གྲུབ་པ་དབུས་སུ་བྱོན།
མེ་སྤྲེལ།
ཀརྨ་པ་མཐོང་བ་དོན་ལྡན་དང༌། སྒམ་པོ་བ་བསོད་ནམས་རིན་ཆེན། རྟོགས་ལྡན་བྱང་ཆུབ་བཟང་པོ་གསུམ་འཁྲུངས། སྤྱན་སྔ་བསོད་ནམས་བཟང་པོ་གཤེགས། དཔལ་ལྡན་འབྲས་སྤུངས་བཏབ།
མེ་བྱ།
ཀམ་ཀམ་པ་སྤྱན་སྔ་དོན་གྲུབ་དཔལ་བས་ཆོས་འབྱུང་བསྟན་པ་རིན་པོ་ཆེའི་གསལ་བྱེད་བརྩམས། པཎ་ཆེན་ལྟར་ན་འདས་ལོ་སྟོང་དང ྋཉིས་བརྒྱ་དང་བཅུ་གཅིག །ྋཔཎ་ཆེན་བརྩིས་ན་ཉིས་བརྒྱ་དང་གཅིག །དགུ་བརྒྱ་དྲུག་ཅུ། ཆོས་རྗེ་ཉེར་གཉིས་པ་ཕག་གྲུའི་གདན་སར་ཕེབས། གཙང་གི་ཁྱུང་པོ་བྱ་བྲལ་དགེ་འདུན་བཟང་པོ་འཁྲུངས།
ས་ཁྱི།
སྟག་ལུང་བ་ངག་དབང་གྲགས་པ་དཔལ་བཟང་པོ་འཁྲུངས།
ས་ཕག
རྗེ་རིན་པོ་ཆེ་ཞི་བར་གཤེགས། རྒྱལ་ཚབ་དར་མ་རིན་ཆེན་ཁྲིར་ཕེབས། རྒྱུད་པ་ཀུན་དགའ་དོན་གྲུབ་འཁྲུངས། སེ་ར་ཐེག་ཆེན་གླིང་བཏབ།
ལྕགས་བྱི།
རིགས་ལྡན་ས་སྐྱོང་འཁྲུངས།
ལྕགས་གླང༌།
གསང་སྔགས་མཁར་བཏབ།
ཆུ་སྟག།
གྲགས་པ་རིན་ཆེན་གསེར་ཡིག་པས་པོ་ཏོའི་དགོན་བཏབ།
ཆུ་ཡོས།
འབའ་ར་བའི་སློབ་མ་གཙང་པ་བཀྲ་ཤིས་དཔལ་བརྩེགས། བློ་གྲོས་བཟང་པོ། སྒམ་པོ་ཆོས་ཀྱི་དབང་ཕྱུག་རྣམས་གཤེགས། རྨ་སེ་རྟོགས་ལྡན་གྱིས་ཟུར་མང་དགོན་བཟུང༌། མཁས་གྲུབ་ནོར་བཟང་རྒྱ་མཚོ་འཁྲུངས།
ཤིང་འབྲུག
ཆོས་རྗེ་བྱང་ཆུབ་རྒྱ་མཚོ་སྟག་ལུང་གི་གདན་སར་ཕེབས།
ཤིང་སྦྲུལ།
འབྲུག་པ་ནམ་མཁའ་དཔལ་གཤེགས། མཚུར་ཕུ་བས་བྱེད་རྩིས་ཀྱི་མགོ་བརྩམས།
མེ་རྟ།
ལྷ་བསོད་ནམས་འོད་ཟེར་གཤེགས། བྱང་སེམས་ཤེས་རབ་བཟང་པོ་ཆབ་མདོར་ཕེབས།
མེ་ལུག
རིགས་ལྡན་མཐའ་ཡས་ཀྱི་ཆོས་བསྟན་ནས་ལོ་བརྒྱ་སོང༌། ཤ་ར་བ་རིན་ཆེན་རྒྱལ་མཚན་གཤེགས། སྤྱན་སྔ་བསོད་ནམས་འོད་མཛེས་གཡའ་བཟང་གི་གདན་སར་ཕེབས། རྗེ་དྲུང་ཤེས་རབ་དཔལ་བརྩེགས་དང༌། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་གཉིས་འཁྲུངས། རིགས་ལྡན་ས་སྐྱོང་ཤམྦྷ་ལའི་ཁྲིར་ཕེབས་པར་ཊཱིཀ་ཆེན་ལས་བཤད།
ས་སྤྲེལ།
རིགས་ལྡན་ས་སྐྱོང་སེང་ཁྲིར་ཆོས་གསུངས། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་གཤེགས། འབྲུག་པ་རྒྱལ་དབང་ཆོས་རྗེ་པཎ་ཆེན་ཤཱཀྱ་མཆོག་ལྡན། སྐྱོ་མདའ་ཆོས་རྗེ་འགྲོ་མགོན་བློ་གྲོས་བཟང་པོ་གསུམ་འཁྲུངས།
ས་བྱ།
འདར་སྟོན་བློ་བཟང་གྲགས་པ། འཇམ་དབྱངས་དགའ་བའི་བློ་གྲོས། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ །རྩེ་བ་ཤེར་བཟང་བཞི་འཁྲུངས། ངོར་དགོན་པ་བཏབ། མཚུར་ཕུ་བས་གྲུབ་རྩིས་གཟའ་གནས་དྲུག་པའི་མགོ་བརྩམས།
ལྕགས་ཁྱི།
ཆོས་རྗེ་བྱང་ཆུབ་རྒྱ་མཚོ་ཀུན་སྤང་མཛད་ནས་བཀྲ་ཤིས་དཔལ་འོད་སྟག་ལུང་གདན་སར་ཕེབས། དགེ་འདུན་གྲུབ་ཀྱིས་འཇུག་ཊཱིཀ་བརྩམས།
ལྕགས་ཕག།
སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་གཤེགས། མཁས་གྲུབ་རྗེ་ཁྲིར་ཕེབས།
ཆུ་བྱི།
རྒྱལ་ཚབ་ཆོས་རྗེ་དར་མ་རིན་ཆེན་གཤེགས། དགེ་འདུན་གྲུབ་ཀྱིས་རྣམ་འགྲེལ་ཊཱིཀ་ཆུང་བརྩམས། རཏྣ་གླིང་བས་ཁྱུང་ཚང་བྲག་ནས་གཏེར་དང་པོ་རྣམས་བཏོན།
ཆུ་གླང༌།
རྗེ་ཤེས་རབ་སེང་གེས་སྨད་རྒྱུད་བཙུགས། པཎ་ཆེན་ཡེ་ཤེས་རྩེ་མོ་དང༌། འཇམ་དབྱངས་ཀུན་དགའ་ཆོས་བཟང་གཉིས་འཁྲུངས། མཁའ་སྤྱོད་པ་གཤེགས། དགེ་འདུན་གྲུབ་ཀྱིས་རྩ་ཤེའི་ཊཱིཀྐ་མཛད།
ཤིང་སྟག །
ཊཱིཀ་ཆེན་ལྟར་ན་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་བཅུ་གཉིས་སོང་ཞིང༌། གཉིས་ལྡན་གྱི་སྟེང་ནས་དྲུག་བརྒྱ་དང་ལྔ་ལྷག་འདས་བརྒྱ་དང་ཕྱེད་རྩ་དགུ་ལྷག་ལུས་ཤིང༌། ས་སྐྱོང་གིས་ཆོས་བསྟན་ནས་ལོ་བརྒྱ་འགྲོ་གསུངས་ཀྱང་རགས་བཤད་ཙམ་མོ། །ཉེར་གཉིས་པ་ཆོས་རྗེ་བསོད་ནམས་རྒྱལ་མཚན་གཤེགས་ནས་ཕག་གྲུའི་གདན་ས་ལོ་ཉི་ཤུར་སྟོངས། འདུལ་འཛིན་གྲགས་པ་རྒྱལ་མཚན་གཤེགས།
ཤིང་ཡོས།
མཁས་གྲུབ་ནོར་བཟང་རྒྱ་མཚོ་རབ་ཏུ་བྱུང༌།
མེ་འབྲུག
མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་སྟག་མོ་གླིང་ཁ་བཏབ།
མེ་སྦྲུལ།
དགེ་འདུན་གྲུབ་ཀྱིས་ཚད་མ་རིགས་རྒྱན་མཛད།
ས་རྟ།
མཁས་གྲུབ་ཆོས་རྗེ་དགེ་ལེགས་དཔལ་བཟང་པོ་གཤེགས། རྗེ་དགེ་འདུན་གྲུབ་པ་དབུས་སུ་ཕེབས། འཇམ་དབྱངས་གཞོན་ནུ་འཁྲུངས།
ས་ལུག
ཞྭ་ལུ་བ་དགའ་ལྡན་གྱི་ཁྲིར་ཕེབས། རྒྱལ་བ་འཕགས་པ་ལྷ་དང༌། རྗེའི་དབོན་པོ་བློ་བཟང་ཉི་མ་གཉིས་འཁྲུངས།
ལྕགས་སྤྲེལ།
དགེ་འདུན་གྲུབ་ཤེས་རབ་སེང་གེ་དང་ལྷན་དུ་སླར་གཙང་ལ་ཕེབས། འདུལ་བའི་གླེང་འབུམ་དང༌། སོ་ཐར་གྱི་ཊཱིཀྐ་བརྩམས།
ལྕགས་བྱ།
ཞྭ་ལུ་ལོ་ཙྭ་བ་ཆོས་སྐྱོང་བཟང་པོ་འཁྲུངས།
ཆུ་ཁྱི།
ཆུ་ཕག །
མཁས་བཙུན་ཡོན་ཏན་རྒྱ་མཚོ་འཁྲུངས། དགེ་འདུན་གྲུབ་ཀྱིས་བཅའ་ཡིག་ཆེན་མོ་བརྩམས། ཡིད་བཟང་རྩེ་བས་རྩིས་ཀྱི་བསྟན་བཅོས་འཁྲུལ་སེལ་མཛད།
ཤིང་བྱི།
ཆབ་མདོ་བྱམས་པ་གླིང་བཏབ། བདག་ཆེན་བློ་གྲོས་རྒྱལ་མཚན་འཁྲུངས། བྱང་སེམས་ཀུན་དགའ་བཟང་པོ་གཤེགས།
ཤིང་གླང༌།
སེ་ར་དོན་ཡོད་དཔལ་ལྡན་འཁྲུངས། རྗེ་ཤེས་རབ་སེང་གེ་གཤེགས། ཀུ་ཅོར་རྟོགས་ལྡན་གཤེགས།
མེ་སྟག།
རྔོག་སྟོན་བྱང་ཆུབ་དཔལ་དང་གནས་རྙིང་རིན་པོ་ཆེ་ཀུན་དགའ་བདེ་ལེགས་གཉིས་གཤེགས། རྒྱུད་པ་དཔོན་སློབ་ལྷ་རི་བ་དང༌། ལྷ་དབང་དཔལ་འབྱོར་གཉིས་འཁྲུངས། རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་འཁྲུངས།
རབ་བྱུང་བརྒྱད་པ།
མེ་ཡོས།
བཀྲ་ཤིས་ལྷུན་པོ་བཏབ། གྲ་ཕུག་པ་ལྷུན་གྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་མཛད། ཧོར་སྟོན་ནམ་མཁའ་དཔལ་གཤེགས། ཆག་ལོ་རིན་ཆེན་ཆོས་རྒྱལ་འཁྲུངས།
ས་འབྲུག
ཆོས་རྗེ་བྱང་ཆུབ་རྒྱ་མཚོ་གཤེགས།
ས་སྦྲུལ།
འཇམ་དབྱངས་ཆོས་རྗེ་གཤེགས། ཀུན་མཁྱེན་རོང་པོ་གཤེགས། རྡོ་རིང་བ་ཀུན་བཟང་ཆོས་ཀྱི་ཉི་མ་འཁྲུངས། འབྲས་ཡུལ་སྐྱེད་ཚལ་བཏབ།
ལྕགས་རྟ།
ཞྭ་ལུ་བ་ལེགས་པ་རྒྱལ་མཚན་དང༌། གུང་རུ་རྒྱལ་མཚན་བཟང་པོ་གཤེགས། བློ་གྲོས་ཆོས་སྐྱོང་དགའ་ལྡན་ཁྲིར་ཕེབས། ཤེས་རབ་དར་ལེགས་པའི་བློ་གྲོས་འཁྲུངས། རྗེ་དགེ་འདུན་གྲུབ་དགའ་ལྡན་ཁྲིར་གདན་དྲངས་ཀྱང་མ་ཕེབས།
ལྕགས་ལུག།
རྗེ་དྲུང་ཀུན་དགའ་དཔལ་པ་དང༌། སྒམ་པོ་གྲགས་པ་རྒྱལ་མཚན་སྒམ་སྨྱོན་དུ་འབོད་པ་གཉིས་འཁྲུངས། སྟེང་ཆེན་དགོན་བཏབ།
ཆུ་སྤྲེལ།
ཞྭ་དམར་པ་ཆོས་དཔལ་ཡེ་ཤེས། སྤྱན་སྔ་བསོད་ནམས་འོད་མཛེས། མཁན་ཆེན་བསོད་ནམས་མཆོག་གྲུབ་གཤེགས། རྒྱ་ནག་ཏུ་བན་འཇུག་གིས་གདན་ས་མཛད།
ཆུ་བྱ།
ཀརྨ་པ་མཐོང་བ་དོན་ལྡན་དང་ཆོས་རྗེ་རི་མི་འབབ་པ་གཉིས་གཤེགས། ཞྭ་དམར་ཆོས་ཀྱི་གྲགས་པ་དང་ཞལ་སྔ་ནས་དྷརྨཱ་མི་ཏྲ་དང༌། རིན་པོ་ཆེ་འོད་ཟེར་རྣམས་འཁྲུངས།
ཤིང་ཁྱི།
ཀརྨ་ཆོས་གྲགས་རྒྱ་མཚོ་དང་སྒམ་པོ་བ་བསོད་ནམས་རྒྱལ་མཚན་གཉིས་འཁྲུངས། ཕག་གྲུའི་གདན་སར་ཆོས་རྗེ་རིན་པོ་ཆེ་དཔལ་ངག་གི་དབང་པོ་ཕེབས། སྤྱན་སྔ་རྡོ་རྗེ་རྒྱལ་མཚན་གཡའ་བཟང་གདན་སར་ཕེབས།
ཤིང་ཕག
སྤྱན་སྔ་ཡོན་ཏན་རྒྱལ་མཚན་རྒྱལ་གྱི་གདན་སར་ཕེབས། དཔའ་བོ་ཆོས་དབང་ལྷུན་གྲུབ་འཁྲུངས།
མེ་བྱི།
ཀརྨ་འཕྲིན་ལས་པ་འཁྲུངས། ངོར་པ་རྡོ་རྗེ་འཆང་གཤེགས།
མེ་གླང༌།
བྱང་སེམས་ཆོས་རྗེ་ཤེས་རབ་བཟང་པོ་གཤེགས། རྗེ་དྲུང་ཀུན་དགའ་དཔལ་ལྡན་དང༌། མཉན་པ་གྲུབ་ཐོབ་གཉིས་སྐུ་འཁྲུངས།
ས་སྟག
ཞང་ཞུང་པ་ཆོས་དབང་གྲགས་པ་ཆབ་མདོའི་ཁྲིར་ཕེབས། རྒྱུད་སྟོད་དཔོན་སློབ་ཆོས་ལྡན་བློ་གྲོས་དང༌། གཉུག་ལ་པཎ་ཆེན་གཉིས་འཁྲུངས། དྭགས་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གཤེགས།
ས་ཡོས།
མཁས་གྲུབ་ནོར་བཟང་རྒྱ་མཚོ་འོལ་ཁར་ཕེབས།
ལྕགས་འབྲུག
ཆོས་རྗེ་བཀྲ་ཤིས་དཔལ་འོད་གཤེགས་ནས་ངག་དབང་གྲགས་པ་དཔལ་བཟང་པོ་སྟག་ལུང་གི་གདན་སར་ཕེབས། ཕྲ་མོ་བྲག་གི་གཏེར་བཏོན།
ལྕགས་སྦྲུལ།
ཆོས་རྗེ་བཀྲ་ཤིས་དཔལ་འཁྲུངས།
ཆུ་རྟ།
ཆུ་ལུག
བ་སོ་ཆོས་ཀྱི་རྒྱལ་མཚན་དགའ་ལྡན་གྱི་ཁྲིར་ཕེབས། བློ་གྲོས་ཆོས་སྐྱོང་གཤེགས། མཚུར་སྟོན་ནམ་མཁའ་དཔལ་པ་ཆབ་མདོའི་ཁྲིར་ཕེབས། བཀྲ་ཤིས་ལྷུན་པོར་བྱམས་ཆེན་གྲུབ།
ཤིང་སྤྲེལ།
རྗེ་དགེ་འདུན་གྲུབ་པས་བཀའ་འགྱུར་བཞེངས།
ཤིང་བྱ།
སྐྱོ་མང་བཏབ།
མེ་ཁྱི།
ཉི་སྟེང་བཏབ། སེ་རག་དགོན་བཏབ། སྒམ་པོ་བསོད་ནམས་རིན་ཆེན་གཤེགས།
མེ་ཕག
ས་བྱི།
རྗེ་དགེ་འདུན་གྲུབ་པས་སྟོན་པའི་གོས་སྐུ་བཞེངས།
ས་གླང༌།
ཆོས་དབང་གྲགས་པ་གཤེགས། སེ་ར་བ་ཆོས་ཀྱི་རྒྱལ་མཚན་འཁྲུངས། རྗེ་དགེ་འདུན་གྲུབ་པས་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་བརྩམས།
ལྕགས་སྟག
སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན་གཤེགས།
ལྕགས་ཡོས།
རྗེ་དྲུང་ཤེས་རབ་དཔལ་བརྩེགས་ཆབ་མདོའི་ཁྲིར་ཕེབས། སེམས་དཔའ་སྤྲུལ་སྐུ་སྨོན་ལམ་བློ་གྲོས་འཁྲུངས།
ཆུ་འབྲུག
ཆུ་སྦྲུལ།
རྗེ་བློ་གྲོས་བསྟན་པ་ཁྲིར་ཕེབས། ཆོས་སྐྱོང་རྒྱ་མཚོ་དང༌། ཆོས་རྗེ་རྒྱལ་མཚན་དཔལ་བཟང་པོ་གཉིས་འཁྲུངས། ངག་དབང་གྲགས་པ་དཔལ་བཟང་པོས་ཆོས་རྗེ་བཀྲ་ཤིས་དཔལ་པ་སྟག་ལུང་གདན་སར་བཀོད་ནས་ཀུན་སྤངས་མཛད། སྤྱན་སྔ་རྡོ་རྗེ་རྒྱལ་མཚན་དང་བ་སོ་ཆོས་རྗེ་གཉིས་གཤེགས། རྟ་ནག་ཐུབ་བསྟན་རྣམ་རྒྱལ་བཏབ།
ཤིང་རྟ།
ཀུན་དགའ་དོན་གྲུབ་ཀྱིས་རྒྱུད་སྟོད་གྲྭ་ཚང་བཙུགས། རྗེ་དགེ་འདུན་གྲུབ་པ་གཤེགས། དུལ་མོ་བཀྲ་ཤིས་འོད་ཟེར་འཁྲུངས། པཎ་ཆེན་བཟང་པོ་བཀྲ་ཤིས་ལྷུན་པོའི་གདན་སར་འཁོད།
ཤིང་ལུག
བློ་གྲོས་སྦས་པ་གཤེགས། ཟུར་མང་བདེ་ཆེན་རྩེའི་སྒྲུབ་སྡེ་བཏབ། སྒམ་པོ་བ་བསོད་ནམས་རྒྱ་མཚོ་འཁྲུངས།
མེ་སྤྲེལ།
རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང༌། སྟོང་འཁོར་ཟླ་བ་རྒྱལ་མཚན་གཉིས་འཁྲུངས། རྒྱལ་དབང་ཆོས་རྗེ་གཤེགས། དེབ་སྔོན་བརྩམས།
མེ་བྱ།
སྒོ་རུམ་པ་ཀུན་དགའ་ལེགས་པའི་བློ་གྲོས་འཁྲུངས།
ས་ཁྱི།
བློ་གྲོས་བསྟན་པ་དང་པཎ་ཆེན་བཟང་པོ་བཀྲ་ཤིས་གཉིས་གཤེགས། པཎ་ཆེན་ལུང་རིགས་རྒྱ་མཚོ་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས། ཀརྨ་ཐུབ་ཆེན་གདན་ས་བཏབ།
ས་ཕག
འབྲི་གུང་ཁྲ་བ་ཁའི་དགོན་པ་བཏབ། ཟུར་མང་བྱ་བཏང་འཁྲུངས།
ལྕགས་བྱི།
ཆོས་རྗེ་སྨོན་ལམ་དཔལ་པ་ཁྲིར་ཕེབས།
ལྕགས་གླང༌།
ཡིད་བཟང་རྩེ་པ་གཤེགས། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་སེ་རའི་ཁྲིར་ཕེབས།
ཆུ་སྟག
ཆུ་ཡོས།
རྗེ་དྲུང་ཀུན་དགའ་བློ་གྲོས་འཁྲུངས། བསྟན་པ་ལོ་ཉིས་སྟོང་དང་སུམ་བརྒྱ་བརྒྱད་ཅུ། ཊཱིཀ་ཆེན་ལྟར་ན་གཉིས་ལྡན་ནས་བདུན་བརྒྱ་དང་བཞི་སོང༌། མཁས་གྲུབ་ནོར་བཟང་རྒྱ་མཚོས་གཉིས་ལྡན་གྱི་སྟེང་ནས་ལོ་བདུན་བརྒྱ་དང་བཅུ་གཉིས་འདས་ཤིང༌། བརྒྱ་དང་བཅུ་གཉིས་ལུས་པ་རིགས་ལྡན་ས་སྐྱོང་གིས་ཆོས་བསྟན་ནས་ལོ་ང་བདུན་སོང་ཞེས་གསུངས།
ཤིང་འབྲུག
ཞོ་ཁ་རྐོང་འཕྲད། ཕག་གྲུམ། ཚལ་སོགས་སྒྲུབ་སྡེ་རྣམས་བཏབ།
ཤིང་སྦྲུལ།
ཤཱཀ་མཆོག་པས་ཤཱཀྱ་ཤྲཱི་བསྟན་རྩིས་མུ་ལ་ཉིས་སྟོང་བདུན་བརྒྱ་དང་དགུ་སོང་ཟེར། བྱམས་ཆེན་རབ་འབྱམས་པ་གཤེགས།
མེ་རྟ།
སྔགས་རམ་པ་དགེ་འདུན་བཀྲ་ཤིས་འཁྲུངས། རྒྱུད་པ་ཀུན་དགའ་དོན་གྲུབ་གཤེགས། པཎ་ཆེན་ཡེ་ཤེས་རྩེ་མོ་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས། རྗེ་དགེ་འདུན་རྒྱ་མཚོ་རབ་ཏུ་བྱུང༌།
མེ་ལུག
རྒྱལ་བ་འཕགས་པ་ལྷ་གཤེགས། རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་འཁྲུངས། ཊཱིཀ་ཆེན་ལྟར་ན་ས་སྐྱོང་གིས་ཆོས་བསྟན་ནས་རེ་གཅིག་ལོན།
ས་སྤྲེལ།
རིགས་ལྡན་ས་སྐྱོང་གིས་ཆོས་བསྟན་ནས་རེ་གཅིག་ལོན་དགའ་མ་མོའི་གཙུག་ལག་ཁང་བཞེངས། སྒམ་པོ་བསོད་ནམས་རྒྱལ་མཚན་གཤེགས། སྒམ་པོ་བ་བསོད་ནམས་ལྷུན་གྲུབ་འཁྲུངས།
ས་བྱ།
གོ་བོ་རབ་འབྱམས་པ་གཤེགས།
ལྕགས་ཁྱི།
རྗེ་དབོན་བློ་བཟང་ཉི་མ་ཁྲིར་ཕེབས།
ལྕགས་ཕག
སྨོན་ལམ་དཔལ་ལེགས་པའི་བློ་གྲོས་དང༌། སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན་གཉིས་གཤེགས། ཆོས་རྗེ་མི་ཉག་རྡོ་རྗེ་བཟང་པོ་འཁྲུངས།
ཆུ་བྱི།
རྗེ་དབོན་བློ་བཟང་ཉི་མ་གཤེགས།
ཆུ་གླང༌།
ཞྭ་དམར་བས་གདན་ས་མཐིལ་གྱི་ཁུར་བཞེས། གསེར་མདོག་ནོར་བཟང་པས་ཆོས་གླིང་བཏབ། ཆོས་རྗེ་ལྡན་མ་ཡེ་ཤེས་བཟང་པོ་ཁྲིར་ཕེབས། སྟག་ཕུ་པ་ཆོས་གྲགས་བཟང་པོ་དང་ཆོས་རྗེ་བསྟན་པ་དར་རྒྱས་གཉིས་འཁྲུངས།
ཤིང་སྟག
ཡེ་ཤེས་རྩེ་མོས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་རྣམ་ཐར་བརྩམས། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བཀའ་གདམས་ཆོས་འབྱུང་མཛད།
ཤིང་ཡོས།
རྒྱལ་བ་དགེ་འདུན་རྒྱ་མཚོ་གནས་རྙིང་ཀུན་དགའ་བདེ་ལེགས་ལས་བསྙེན་པར་རྫོགས། བདག་ཆེན་བློ་གྲོས་རྒྱལ་མཚན་དང་ཁྱུང་པོ་བྱ་བྲལ་གཉིས་གཤེགས།
མེ་འབྲུག
གནས་རྙིང་པ་ཀུན་དགའ་བདེ་ལེགས་གཤེགས། ཙ་རི་གསར་མ་བཀྲ་ཤིས་རྫོང་གི་གནས་སྒོ་མང་པོ་ཕྱེ།
མེ་སྦྲུལ།
རྗེ་དྲུང་མི་གཡོ་སྙིང་པོ་དང༌། ཁྲི་པ་རྒྱལ་མཚན་བཟང་པོ་གཉིས་འཁྲུངས།
ས་རྟ།
ཁྲི་པ་ཡེ་ཤེས་བཟང་པོ་གཤེགས།
ས་ལུག
མཉན་པ་གྲུབ་ཐོབ་པས་ཨོ་རྒྱན་རི་ཁྲོད་སོགས་བཏབ།
ལྕགས་སྤྲེལ།
རྒྱལ་བ་དགེ་འདུན་རྒྱ་མཚོས་དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་བརྩམས། འདར་སྟོན་པ་ཁྲིར་ཕེབས།
ལྕགས་བྱ།
ལྷོ་གྲོ་བོ་ལུང་དུ་དཔའ་བོ་བསྐོས། ཁྲི་པ་ངག་དབང་ཆོས་གྲགས་འཁྲུངས།
ཆུ་ཁྱི།
རྗེ་དྲུང་འཇམ་དབྱངས་བཤེས་གཉེན་དང༌། ཚར་ཆེན་བློ་གསལ་རྒྱ་མཚོ་གཉིས་འཁྲུངས། སྒམ་སྨྱོན་གྲགས་པ་རྒྱལ་མཚན་གཤེགས།
ཆུ་ཕག
འཇམ་དབྱངས་དགའ་བློ་དང་དཔའ་བོ་ཆོས་དབང་ལྷུན་གྲུབ། འཇམ་དབྱངས་ཀུན་དགའ་ཆོས་བཟང་རྣམས་གཤེགས། ཞྭ་དམར་པ་བཞི་པས་ཡངས་པ་ཅན་གྱི་དགོན་དང༌། ལྷ་སར་ཐུབ་བསྟན་ཆོས་འཁོར་བཏབ།
ཤིང་བྱི།
དཔའ་བོ་གཙུག་ལག་ཕྲེང་བ་འཁྲུངས།
ཤིང་གླང༌།
རྒྱལ་བ་བློ་བཟང་དོན་གྲུབ་དང༌། མཁན་ཆེན་བློ་གྲོས་ཕྱོགས་ལས་རྣམ་རྒྱལ་གཉིས་འཁྲུངས།
མེ་སྟག
རབ་བྱུང་དགུ་པ།
མེ་ཡོས།
རྗེ་དྲུང་ཤེས་རབ་དཔལ་བརྩེགས་དང་ཤཱཀ་མཆོག་པ་གཉིས་གཤེགས། རྗེ་དྲུང་ཀུན་དགའ་དཔལ་ཆབ་མདོའི་ཁྲིར་ཕེབས། ཀརྨ་པ་མི་བསྐྱོད་རྡོ་རྗེ་དང༌། འཕགས་པ་སངས་རྒྱས་གཉིས་འཁྲུངས།
ས་འབྲུག
ས་སྦྲུལ།
རྒྱལ་མེ་ཏོག་ཐང་བཏབ། རིན་ཆེན་ཕུན་ཚོགས་འཁྲུངས། འཇམ་དབྱངས་གཞོན་ནུ་གཤེགས།
ལྕགས་རྟ།
ལྕགས་ལུག
ཆོས་རྗེ་འདར་སྟོན་པ་དང་རྒྱུད་པ་ཆོས་ལྡན་བློ་གྲོས་སྒམ་པོ་བ་བསོད་ནམས་རྒྱ་མཚོ་གསུམ་གཤེགས། རྗེ་བཙུན་སེ་ར་བྱེས་ཆོས་ཁྲིར་འཁོད། ཤེས་རབ་དར་ཁྲིར་ཕེབས།
ཆུ་སྤྲེལ།
སི་དྷུ་བཀྲ་ཤིས་དཔལ་འབྱོར་གཤེགས། རྒྱལ་བ་དགེ་འདུན་རྒྱ་མཚོ་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས།
ཆུ་བྱ།
མཁས་གྲུབ་ནོར་བཟང་རྒྱ་མཚོ་གཤེགས། སི་དྷུ་ཆོས་ཀྱི་གོ་ཆ་དང་སྒམ་པོ་བཀྲ་ཤིས་རྣམ་རྒྱལ་གཉིས་འཁྲུངས།
ཤིང་ཁྱི།
རྗེ་དྲུང་ཀུན་དགའ་དཔལ་དང༌། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་གཉིས་གཤེགས།
ཤིང་ཕག
གཉུག་ལ་པཎ་ཆེན་གཤེགས། ཀརྨ་བློ་གྲོས་འཁྲུངས།
མེ་བྱི།
རྒྱུད་པ་དཔོན་སློབ་ལྷ་རི་བ་གཤེགས། སྤྲུལ་སྐུ་གྲགས་པ་དཔལ་འབྱོར། སྒམ་པོ་བ་བསོད་ནམས་དབང་རྒྱལ། ཆོས་རྗེ་བྱམས་པ་རྒྱ་མཚོ་གསུམ་འཁྲུངས། བློ་བཟང་བསྟན་པ་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས། ཆོས་ཀྱི་བཤེས་གཉེན་ཁྲིར་ཕེབས། རྒྱུད་གསུངས་ནས་ཉིས་སྟོང་སུམ་བརྒྱ་གོ་ལྔ་འདས། སངས་རྒྱས་ནས་ཉིས་སྟོང་སུམ་བརྒྱ་གོ་དྲུག་འདས་ཤིང་ཞི་བར་གཤེགས་ནས་ཉིས་སྟོང་སུམ་བརྒྱ་ང་གཅིག་འདས། ང་གཉིས་པའི་སྟེང་ནས་ཁྲི་རིན་པོ་ཆེ་འོད་ཟེར་གྱིས་བསྟན་རྩིས་བྱས། པཎ་ཆེན་གྱིས་ལོ་ཉིས་སྟོང་དྲུག་ཅུ། ཀམ་ཀམ་ནས་བརྒྱ་དང༌། དོན་ཡོད་དཔལ་ལྡན་སེ་རའི་ཁྲིར་ཕེབས།
མེ་གླང༌།
རྒྱལ་བ་དགེ་འདུན་རྒྱ་མཚོ་འབྲས་སྤུངས་ཀྱི་མཁན་པོ་མཛད།
ས་སྟག
སི་དྷུ་བསོད་ནམས་རྣམ་རྒྱལ་ཀརྨའི་གདན་སར་ཕེབས། རྒྱལ་བ་དགེ་འདུན་རྒྱ་མཚོས་སྨོན་ལམ་གྱི་ཚོགས་དབུ་མཛད།
ས་ཡོས།
རྗེ་དྲུང་ཀུན་དགའ་ཆབ་མདོའི་ཁྲིར་ཕེབས། སྒམ་པོ་བ་ཐུབ་དབང་བསྟན་འཛིན་འཁྲུངས།
ལྕགས་འབྲུག
གཉན་པ་སྤྲུལ་སྐུ་དང༌། ཁྲི་པ་ཚེ་བརྟན་རྒྱ་མཚོ་གཉིས་འཁྲུངས།
ལྕགས་སྦྲུལ།
ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་གཤེགས།
ཆུ་རྟ།
ཟུར་མང་བྱ་བཏང་བས་མ་ཎི་རིལ་བུ་བསྒྲུབས། རིན་ཆེན་འོད་ཟེར་ཁྲིར་ཕེབས།
ཆུ་ལུག
རྒྱལ་མེ་ཏོག་ཐང་གི་བྱམས་ཆེན་བཞེངས་པའི་དབུ་བཙུགས། དམ་ཆོས་དཔལ་འབར་དང༌། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་གཉིས་འཁྲུངས།
ཤིང་སྤྲེལ།
རྡོ་རིང་བ་དང་སེ་ར་དོན་དཔལ་ལྡན་གཉིས་གཤེགས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་འཁྲུངས། རྗེ་དྲུང་ཤེས་རབ་དབང་པོ་དགོན་པར་བླ་མ་མཛད།
ཤིང་བྱ།
མཁས་གྲུབ་སངས་རྒྱས་ཡེ་ཤེས་འཁྲུངས། རྒྱལ་བ་དགེ་འདུན་རྒྱ་མཚོ་སེ་རའི་མཁན་པོ་མཛད།
མེ་ཁྱི།
ཞྭ་དམར་པ་དཀོན་མཆོག་ཡན་ལག །བོད་མཁར་མཻ་ཏྲི་དོན་གྲུབ་རྒྱལ་མཚན། མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཆོས་རྗེ་དཔལ་འབྱོར་རྒྱ་མཚོ་བཞི་འཁྲུངས།
མེ་ཕག
ཞྭ་ལུ་ལོ་ཆེན་གཤེགས། འབྲུག་པ་པདྨ་དཀར་པོ། དགོན་གསར་པ་བསོད་ནམས་ཆོས་འཕེལ། སྤྱང་ལུང་པ་མཁན་ཆེན་གཞོན་ནུ་བློ་གྲོས་གསུམ་འཁྲུངས། རིགས་ལྡན་ས་སྐྱོང་ཁྲིར་ཕེབས་ནས་ལོ་བརྒྱར་ཆོས་བསྟན།
ས་བྱི།
རིགས་ལྡན་དཔལ་སྐྱོང་སེང་ཁྲིར་ཕེབས་ནས་ཆོས་བསྟན།
ས་གླང༌།
པཎ་ཆེན་བསོད་ནམས་གྲགས་པ་ཁྲིར་ཕེབས་ནས་དགའ་ལྡན་ཆོས་འབྱུང་མཛད།
ལྕགས་སྟག
ཆོས་རྗེ་ཤེས་རབ་དར་ལེགས་པའི་བློ་གྲོས་གཤེགས།
ལྕགས་ཡོས།
འཕགས་པ་སངས་རྒྱས་ཀྱིས་ཉང་པོར་བཀྲ་ཤིས་ཕན་བདེའི་དགོན་པ་བཏབ།
ཆུ་འབྲུག
སྒོམ་བདེ་ནམ་མཁའ་རྒྱལ་མཚན་དང༌། ཁྲི་པ་དགེ་འདུན་རྒྱལ་མཚན་གཉིས་འཁྲུངས།
ཆུ་སྦྲུལ།
བསོད་ནམས་ཆོས་འཕེལ་དང་སློབ་དཔོན་དགེ་ལེགས་རྒྱ་མཚོ་གཉིས་འཁྲུངས།
ཤིང་རྟ།
སྤང་དཀར་རིན་པོ་ཆེ་འཁྲུངས།
ཤིང་ལུག
ཆོས་རྗེ་ཆོས་སྐྱོང་རྒྱ་མཚོ་ཁྲིར་ཕེབས། གྲུབ་ཆེན་ན་ཁ་བ་ཐར་པའི་རྒྱལ་མཚན་འཁྲུངས།
མེ་སྤྲེལ།
རྗེ་དྲུང་ཤེས་རབ་དབང་པོ་སྤོ་ཏི་མའི་བླ་མར་བསྐོས།
མེ་བྱ།
རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་འཁྲུངས། རྗེ་བཙུན་པ་སེ་རིའི་ཁྲིར་ཕེབས།
ས་ཁྱི།
ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཕར་ཕྱིན་གྱི་འགྲེལ་བཤད་སེ་འབྲས་སུ་འབྱོར།
ས་ཕག།
ཀརྨ་འཕྲིན་ལས་པ་དང་ཆོས་རྗེ་ཆོས་སྐྱོང་རྒྱ་མཚོ་གཉིས་གཤེགས། མི་ཉག་རྡོ་རྗེ་བཟང་པོ་ཁྲིར་ཕེབས།
ལྕགས་བྱི།
རྗེ་དྲུང་ཀུན་དགའ་དཔལ་ལྡན། ཟུར་མང་བྱ་བཏང་བ། ཁྲི་པ་དྷརྨཱ་མི་ཏྲ། ཁྲི་པ་རིན་ཆེན་འོད་ཟེར་བཞི་གཤེགས། ཁྲི་པ་སངས་རྒྱས་རིན་ཆེན་འཁྲུངས།
ལྕགས་གླང༌།
སྤྲུལ་སྐུ་ལེགས་བཤད་པ། མཁན་པོ་ནམ་མཁའ་རྒྱ་མཚོ། རྒྱུད་པ་རྣམ་རྒྱལ་དཔལ་བཟང་གསུམ་འཁྲུངས། མངའ་རིས་གྲྭ་ཚང་བཙུགས།
ཆུ་སྟག
རྒྱལ་བ་དགེ་འདུན་རྒྱ་མཚོ་ཞི་བར་གཤེགས། ཡར་སྟོད་དགའ་ཚལ་བཏབ།
ཆུ་ཡོས།
ཆོས་རྗེ་རྒྱལ་མཚན་བཟང་པོ་ཁྲིར་ཕེབས། རྗེ་དྲུང་ཀུན་དགའ་བློ་གྲོས་ཆབ་མདོའི་ཁྲིར་ཕེབས། རྒྱལ་བ་བསོད་ནམས་རྒྱ་མཚོ། དབོན་དྲུང་སངས་རྒྱས་འབྱུང་གནས་གཉིས་འཁྲུངས། འཕགས་པ་སངས་རྒྱས་ཕན་བདེའི་དགོན་དུ་ཕེབས།
ཤིང་འབྲུག
སྒོ་རུམ་ཀུན་དགའ་ལེགས་བཤད་གཤེགས། རྣམ་འཇོམས་ཕུན་ཚོགས་འཁྲུངས། ཕན་བདེར་གྲྭ་ཚང་བཙུགས། ན་ཁ་གྲུབ་ཆེན་རབ་ཏུ་བྱུང༌།
ཤིང་སྦྲུལ།
རྗེ་དྲུང་ཀུན་དགའ་བློ་གྲོས་ཆབ་མདོ་ནས་ཡར་བྱོན།
མེ་རྟ།
སྔགས་རམ་པ་དགེ་འདུན་བཀྲ་ཤིས་ཆབ་མདོའི་གདན་སར་ཕེབས། རྒྱལ་མཚན་བཟང་པོ་ཁྲིར་ཕེབས། སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ། ཆོས་རྗེ་དམ་ཆོས་དཔལ་བཟང༌། ཆོས་རྗེ་སྙན་གྲགས་པ་འཁྲུངས། རྒྱལ་བ་བསོད་ནམས་རྒྱ་མཚོ་འབྲས་སྤུངས་སུ་གདན་དྲངས། ཚལ་གུང་ཐང་མེས་བཞེས། སེ་ར་རྗེ་བཙུན་པ་སྐུ་གཤེགས།
མེ་ལུག
ཆོས་རྒྱལ་ཕུན་ཚོགས་འཁྲུངས།
ས་སྤྲེལ།
རྗེ་དྲུང་ཤེས་རབ་དབང་པོས་དར་རྒྱས་དགོན་བཏབ། ཆོས་རྗེ་རྒྱལ་མཚན་བཟང་པོ་གཤེགས། ངག་དབང་ཆོས་ཀྱི་གྲགས་པ་ཁྲིར་ཕེབས།
ས་བྱ།
གསུང་རབ་རྒྱ་མཚོའི་གླིང་བཏབ། རྒྱལ་བ་བསོད་ནམས་རྒྱ་མཚོ་རབ་བྱུང་མཛད།
ལྕགས་ཁྱི།
བཤད་སྒྲུབ་གླིང་བཏབ། དྭགས་པོ་གཞོན་ནུ་རྡོ་རྗེ། ཤེས་རབ་དཔལ་བཟང་གཉིས་འཁྲུངས།
ལྕགས་ཕག།
ཁྲི་པ་ངག་དབང་ཆོས་གྲགས་གཤེགས།
ཆུ་བྱི།
སྒམ་པོ་བསོད་ནམས་ལྷུན་གྲུབ་གཤེགས། སྟག་ཕུ་པ་ཆོས་གྲགས་བཟང་པོ་ཁྲིར་ཕེབས།
ཆུ་གླང༌།
རྗེ་དྲུང་མི་གཡོ་བ་ཆབ་མདོའི་ཁྲིར་ཕེབས། སེམས་དཔའ་སྤྲུལ་སྐུ་སྨོན་ལམ་བློ་གྲོས་དང༌། སྒམ་པོ་བསོད་ནམས་དབང་རྒྱལ་གཉིས་གཤེགས། དཔལ་འབྱོར་བསོད་ནམས་ལྷུན་གྲུབ་འཁྲུངས། སྔགས་རམ་པས་ཐུབ་ཆེན་བཞེངས་པ་རབ་གནས་དང་བཅས་པ་གྲུབ།
ཤིང་སྟག
ཀརྨ་པ་མི་བསྐྱོད་རྡོ་རྗེ་དང༌། པཎ་ཆེན་བསོད་ནམས་གྲགས་པ། མི་ཉག་རྡོ་རྗེ་བཟང་པོ་གསུམ་གཤེགས། སེམས་དཔའ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འཁྲུངས།
ཤིང་ཡོས།
འཕགས་པ་སངས་རྒྱས་ཀྱི་ཡབ་སངས་རྒྱས་བཀྲ་ཤིས་གཤེགས།
མེ་འབྲུག
ཀརྨ་དབང་ཕྱུག་རྡོ་རྗེ་དང༌། སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོ་གཉིས་འཁྲུངས། སྟོང་འཁོར་ཟླ་བ་རྒྱལ་མཚན་གཤེགས།
མེ་སྦྲུལ།
རྗེ་དྲུང་ཀུན་དགའ་བཀྲ་ཤིས་གཤེགས། སྟོང་འཁོར་ཡོན་ཏན་རྒྱ་མཚོ་འཁྲུངས།
ས་རྟ
འཕྲིན་ལས་ལྷུན་གྲུབ་དང་དབང་ཕྱུག་རབ་བརྟན་གཉིས་འཁྲུངས། ཆོས་རྗེ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ཁྲིར་ཕེབས།
ས་ལུག
ཁྲི་པ་ཆོས་གྲགས་བཟང་པོ་གཤེགས། སྲད་རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ་འཁྲུངས།
ལྕགས་སྤྲེལ།
རྗེ་དྲུང་ཤེས་རབ་དབང་པོ་ཆབ་མདོའི་ཁྲིར་ཕེབས།
ལྕགས་བྱ།
འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་དང༌། ཁྲི་པ་ཚུལ་ཁྲིམས་ཆོས་འཕེལ་གཉིས་འཁྲུངས།
ཆུ་ཁྱི།
སྒམ་པོ་ཐུབ་དབང་བསྟན་འཛིན་གཤེགས།
ཆུ་ཕག
ལོ་ཆེན་རཏྣ་བྷ་ཏྲ་གཤེགས། ཕན་བདེ་སློབ་དཔོན་འཕགས་པ་དར་རྒྱས་འཁྲུངས།
ཤིང་བྱི།
རྗེ་དྲུང་མི་གཡོ་སྙིང་པོ་གཤེགས། སྤྲུལ་སྐུ་སངས་རྒྱས་ཆོས་འཛིན་འཁྲུངས།
ཤིང་གླང༌།
རྒྱལ་བ་བློ་བཟང་དོན་གྲུབ་གཤེགས། ཆོས་རྗེ་དགེ་འདུན་བསྟན་པ་དར་རྒྱས་ཁྲིར་ཕེབས།
མེ་སྟག
རྗེ་དྲུང་འཇམ་དབྱངས་བཤེས་གཉེན་ཆབ་མདོའི་ཁྲིར་ཕེབས། རྗེ་དྲུང་ཀུན་དགའ་བློ་གྲོས་དང༌། འཕགས་པ་སངས་རྒྱས་གཉིས་གཤེགས། སི་ཏུ་ནོར་བུ་བསམ་འཕེལ་དང༌། རྒྱ་ར་བ་ཤེས་རབ་ཕུན་ཚོགས་གཉིས་འཁྲུངས།
རབ་བྱུང་བཅུ་པ།
མེ་ཡོས།
ཁྲི་པ་དགེ་ལེགས་དཔལ་བཟང་དང་ཚར་ཆེན་བློ་གསལ་རྒྱ་མཚོ་གཉིས་གཤེགས། འཕགས་པ་མཐོང་བ་དོན་ལྡན་དང་རི་བོ་ཆེ་པདྨ་རྒྱལ་པོའི་སྐུ་སྐྱེ་གཉིས་འཁྲུངས། ན་ཁ་གྲུབ་ཆེན་རྒྱུད་དུ་ཕེབས།
ས་འབྲུག
ཆོས་རྗེ་ཚེ་བརྟན་རྒྱ་མཚོ་ཁྲིར་ཕེབས། དཔའ་བོ་གཙུག་ལག་རྒྱ་མཚོ་འཁྲུངས། ཁྲི་པ་དགེ་འདུན་བསྟན་པ་དར་རྒྱས་དང༌། འཇམ་དབྱངས་མཁན་ཆེན་གཉིས་གཤེགས།
ས་སྦྲུལ།
རྗེ་དྲུང་འཇམ་དབྱངས་བཤེས་གཉེན་གཤེགས།
ལྕགས་རྟ།
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་འཁྲུངས། དཔལ་འབྱོར་ལྷུན་གྲུབ་ཀྱིས་རྗེ་བསོད་ནམས་རྒྱ་མཚོ་མཇལ།
ལྕགས་ལུག
སྟག་ལུང་ངག་དབང་རྣམ་རྒྱལ་འཁྲུངས།
ཆུ་སྤྲེལ།
སྒམ་པོ་ཁྲི་ཆེན་བཀྲ་ཤིས་ཀུན་གྲགས་དང༌། མཁན་ཆེན་ངག་དབང་ཆོས་གྲགས་གཉིས་འཁྲུངས། སེམས་དཔའ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གཤེགས།
ཆུ་བྱ།
གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་དང༌། སེམས་དཔའ་སྤྲུལ་སྐུ་ངག་དབང་གྲགས་པ་རྒྱ་མཚོ་གཉིས་འཁྲུངས།
ཤིང་ཁྱི།
སི་ཏུ་ཀརྨ་ཆོས་ཀྱི་རྒྱལ་མཚན་འཁྲུངས། ཕན་བདེའི་མཁན་པོར་ནམ་མཁའ་རྒྱ་མཚོ་དང༌། སློབ་དཔོན་དགེ་ལེགས་རྒྱ་མཚོ་འཁོད།
ཤིང་ཕག།
དྭགས་པོ་གཞོན་ནུ་རྡོ་རྗེ་གཤེགས། ཆོས་རྗེ་བྱམས་པ་རྒྱ་མཚོ་ཁྲིར་ཕེབས། འཕགས་པ་མཐོང་བ་དོན་ལྡན་ཁམས་སུ་ཕེབས། རྗེ་བཙུན་ཏཱ་ར་ན་ཐ་དང༌། གསས་ཁང་སྐུ་སྐྱེ་གཉིས་འཁྲུངས།
མེ་བྱི།
ཞལ་སྔ་སྒར་བའི་གྲྭ་ཚང་འཆད་ཉན་པར་སློབ་དཔོན་ཆོས་དར་རྒྱ་མཚོ་བསྐོས། ཁྲི་པ་ཚེ་བརྟན་རྒྱ་མཚོ་གཤེགས།
མེ་གླང༌།
རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་བྱོན། དེའི་དྲུང་དུ་དཔལ་འབྱོར་ལྷུན་གྲུབ་རབ་ཏུ་བྱུང༌། འཕགས་པ་མཐོང་བ་དོན་ལྡན་ཆབ་མདོར་ཕེབས།
ས་སྟག
འགར་དམ་པ་བསྟན་འཛིན་ཕུན་ཚོགས་འཁྲུངས། རྗེ་བསོད་ནམས་རྒྱ་མཚོ་དང་ཨལ་ཐན་རྒྱལ་པོ་མཆོད་ཡོན་ཐེག་ཆེན་གླིང་དུ་ཞལ་འཛོམས།
ས་ཡོས།
རྗེ་བསོད་ནམས་རྒྱ་མཚོ་དང༌། ཨལ་ཐན་རྒྱལ་པོས་བྱང་ཆེན་ཆོས་འཁོར་གླིང་བཏབ།
ལྕགས་འབྲུག།
རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ཆབ་མདོའི་ཁྲིར་ཕེབས། ལི་ཐང་ཆོས་འཁོར་གླིང་བཏབ། འཁོན་སྟོན་དྭགས་པོ་གྲྭ་ཚང་དུ་བྱོན། བྱང་བདག་ངག་གི་དབང་པོ་འཁྲུངས།
ལྕགས་སྦྲུལ།
རྒྱལ་བ་བསོད་ནམས་རྒྱ་མཚོ་ཆབ་མདོའི་ཁྲིར་ཕེབས།
ཆུ་རྟ།
པཎ་ཆེན་རིན་པོ་ཆེ་དབོན་དགོན་དུ་ཕེབས་ནས་རབ་བྱུང་མཛད། བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སྐུ་འཁྲུངས། ཆོས་རྗེ་དཔལ་འབྱོར་རྒྱ་མཚོ་ཁྲིར་ཕེབས།
ཆུ་ལུག།
ངག་དབང་སྤྲུལ་སྐུ་འཁྲུངས།
ཤིང་སྤྲེལ།
ཞྭ་དམར་ངག་དབང་ཆོས་ཀྱི་དབང་ཕྱུག་འཁྲུངས། ན་ཁ་གྲུབ་ཆེན་གྱིས་རྒྱལ་ལྷ་ཐོག་ཏུ་ལོ་བཅུ་གཉིས་ཟླ་བ་བཅུ་གཉིས་ཞག་བཅུ་གཉིས་ཟ་མ་བཅུ་གཉིས་བཅུ་གཉིས་ཕྲག་བཞིར་སྒྲུབ་པ་མཛད།
ཤིང་བྱ།
མཁན་ཆེན་བློ་གྲོས་ཕྱོགས་ལས་རྣམ་རྒྱལ་གཤེགས། གྲུབ་ཆེན་གྱིས་དྭགས་པོ་གྲྭ་ཚང་བླ་མ་ནམ་མཁའ་རྒྱ་མཚོར་འཕྲིན་བཅོལ་མཛད། དབོན་དྲུང་དར་རྩེ་མདོར་ཕེབས།
མེ་ཁྱི།
རྗེ་དྲུང་ཤེས་རབ་དབང་པོ་གཤེགས། མཁས་གྲུབ་ཤཱཀྱ་ལྷ་དབང་འཁྲུངས། འཕགས་པ་མཐོང་བ་དོན་ལྡན་འཇང་ས་དམ་གྱི་ཡུལ་དུ་ཕེབས། པཎ་ཆེན་རིན་པོ་ཆེ་བཀྲ་ཤིས་ལྷུན་པོའི་ཆོས་གྲྭར་བྱོན། གྲུབ་ཆེན་གྱིས་རྗེ་ཐམས་ཅད་མཁྱེན་པའི་སྐུ་རིམ་རྒྱལ་དུ་ཆོས་ཁྲི་བརྩིགས།
མེ་ཕག
སྒམ་པོ་བ་བཀྲ་ཤིས་རྣམ་རྒྱལ། བོད་མཁར་པ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྟོང་འཁོར་ཡོན་ཏན་རྒྱ་མཚོ་གསུམ་གཤེགས། སྒོམ་སྡེས་བསྟན་རྩིས་མཛད། རིགས་ལྡན་དཔལ་སྐྱོང་ཁྲིར་འཁོད་ནས་རེ་གཅིག་ལོན།
ས་བྱི།
རྒྱལ་བ་བསོད་ནམས་རྒྱ་མཚོ་གཤེགས། སྟོང་འཁོར་འཇམ་དབྱངས་རྒྱ་མཚོ་དང་རྒྱལ་བ་རྒྱ་མཚོ་གཉིས་འཁྲུངས།
ས་གླང༌།
རྒྱལ་བ་ཡོན་ཏན་རྒྱ་མཚོ་མཁར་སྔོན་པོར་འཁྲུངས། སྒམ་པོ་ཞབས་དྲུང་ནོར་བུ་རྒྱལ་མཚན་པའང་སྐུ་བལྟམས། ཆོས་རྗེ་དམ་ཆོས་དཔལ་འབར་ཁྲིར་ཕེབས། ན་ཁ་གྲུབ་ཆེན་གཤེགས།
ལྕགས་སྟག
ཆོས་རྗེ་བྱམས་པ་རྒྱ་མཚོ་གཤེགས། དྭགས་པོ་ཆོས་རྗེས་ན་ཁ་གྲུབ་ཆེན་གྱི་རྣམ་ཐར་མཛད།
ལྕགས་ཡོས།
དབེན་ས་པ་མཁས་གྲུབ་སངས་རྒྱས་ཡེ་ཤེས་སྐུ་གཤེགས། མཁན་ཆེན་བློ་གྲོས་གཞོན་ནུ་མཆོད་ཡོན་གྱིས་བཀྲ་ཤིས་རྩེའི་ཆོས་སྡེ་བཏབ། དམ་ཆོས་ཡར་འཕེལ་ལས་པཎ་ཆེན་ཆོས་རྒྱན་བསྙེན་པར་རྫོགས། བྱམས་པ་སྤྲུལ་སྐུ་འཁྲུངས། པཎ་ཆེན་རིན་པོ་ཆེ་རི་བོ་དགའ་ལྡན་དུ་བྱོན།
ཆུ་འབྲུག
སྒོམ་སྡེ་ནམ་མཁའ་རྒྱལ་མཚན་དང༌། སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོ་གཉིས་གཤེགས། སྒམ་པོ་བསོད་ནམས་རབ་བརྟན་དང༌། དབེན་ས་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་གཉིས་འཁྲུངས།
ཆུ་སྦྲུལ།
སྒམ་པོ་བ་བསོད་ནམས་འཕྲིན་ལས་འཁྲུངས། དཀོན་མཆོག་ཆོས་འཕེལ་གྱིས་རྩེ་ཐང་དུ་གྲྭ་སྐོར་མཛད།
ཤིང་རྟ།
འཕགས་པ་མཐོང་བ་དོན་ལྡན་ཆབ་མདོའི་ཁྲིར་ཕེབས། བསྟན་འཛིན་ཆོས་ཀྱི་རྒྱལ་པོས་མགོ་དཀར་བཅོམ། དཀོན་མཆོག་ཆོས་འཕེལ་གྱིས་ར་བ་སྟོད་དུ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོར་གཏུག །སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་འཁྲུངས། དཔལ་འབྱོར་རྒྱ་མཚོ་ལས་འཁོན་སྟོན་བསྙེན་པར་རྫོགས།
ཤིང་ལུག
དཀོན་མཆོག་ཕུན་ཚོགས། སྨན་ལུང་པ་བློ་མཆོག་རྡོ་རྗེ། སྡེ་སྲིད་བསོད་ནམས་རབ་བརྟན་གསུམ་འཁྲུངས།
མེ་སྤྲེལ།
དཔལ་འབྱོར་རྒྱ་མཚོ་ལས་དཀོན་མཆོག་ཆོས་འཕེལ་བསྙེན་པར་རྫོགས། ཆོས་རྗེ་སངས་རྒྱས་རིན་ཆེན་ཁྲིར་ཕེབས།
མེ་བྱ།
ས་ཁྱི།
པཎ་ཆེན་ཆོས་རྒྱན་གངས་ཅན་ཆོས་འཕེལ་གྱི་ཁྲིར་ཕེབས།
ས་ཕག
ཁྲི་ཆེན་བཀྲ་ཤིས་ཀུན་གྲགས། ཆོས་རྗེ་དཔལ་འབྱོར་རྒྱ་མཚོ། ཁྲི་པ་དམ་ཆོས་དཔལ་འབར། མཁན་ཆེན་གཞོན་ནུ་བློ་གྲོས་བཞི་གཤེགས།
ལྕགས་བྱི།
མཁན་པོ་ནམ་མཁའ་རྒྱ་མཚོ་གཤེགས། ངག་དབང་བཀྲ་ཤིས་དཔལ་གྲུབ་འཁྲུངས། པཎ་ཆེན་བློ་བཟང་ཆོས་རྒྱན་བཀྲ་ཤིས་ལྷུན་པོའི་ཁྲིར་ཕེབས། དཀོན་མཆོག་ཆོས་འཕེལ་ཁམས་སུ་བྱོན།
ལྕགས་གླང༌།
དཔལ་འབྱོར་ལྷུན་གྲུབ་ཉི་མ་ཐང་གི་འཆད་ཉན་པར་ཕེབས། རྒྱལ་ཁང་རྩེ་སྤྲུལ་སྐུ་འཁྲུངས།
ཆུ་སྟག
དཀོན་མཆོག་ཆོས་འཕེལ་རྭ་བ་སྟོད་ཀྱི་འཆད་ཉན་པར་ཕེབས། ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ་དང༌། སྲད་རྒྱུད་རྡོ་རྗེ་འཆང་དཀོན་མཆོག་ཡར་འཕེལ་གཉིས་འཁྲུངས། རྒྱུད་ཆེན་རྣམ་རྒྱལ་དཔལ་བཟང་གཤེགས།
ཆུ་ཡོས།
རྒྱལ་བ་ཡོན་ཏན་རྒྱ་མཚོ་དབུས་སུ་ཕེབས། ཁྲི་པ་དགེ་འདུན་རྒྱལ་མཚན་ལས་རབ་ཏུ་བྱུང་། ཀརྨ་པ་དབང་ཕྱུག་རྡོ་རྗེ་གཤེགས། ཆོས་རྗེ་དགེ་འདུན་རྒྱལ་མཚན་ཁྲིར་ཕེབས། མགོན་པོ་བསོད་ནམས་མཆོག་ལྡན་འཁྲུངས།
ཤིང་འབྲུག
འཕགས་པ་མཐོང་བ་དོན་ལྡན། སེམས་དཔའ་སྤྲུལ་སྐུ་ངག་དབང་གྲགས་པ་རྒྱ་མཚོ། དབེན་ས་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ། རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་བཞི་གཤེགས། དབོན་དྲུང་སངས་རྒྱས་འབྱུང་གནས་ཆབ་མདོའི་ཁྲིར་ཕེབས། ཆོས་དབྱིངས་རྡོ་རྗེ་དང༌། ཟུར་ཆོས་དབྱིངས་རང་གྲོལ་གཉིས་འཁྲུངས། རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་དགོན་ལུང་བཏབ། རྒྱལ་བ་ཡོན་ཏན་རྒྱ་མཚོས་སྨོན་ལམ་གྱི་ཚོགས་དབུ་མཛད། མཁས་གྲུབ་ཤཱཀྱ་ལྷ་དབང་གིས་ཕན་བདེའི་གདན་ས་མཛད།
ཤིང་སྦྲུལ།
འཕགས་པ་ཆོས་ཀྱི་རྒྱལ་པོ། དབེན་ས་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོ། སེམས་དཔའ་སྤྲུལ་སྐུ་ངག་དབང་ཕུན་ཚོགས་རྣམ་རྒྱལ་དབང་པོའི་སྡེ་རྣམས་འཁྲུངས། དཔལ་འབྱོར་ལྷུན་གྲུབ་སེ་ར་བྱེས་ཀྱི་འཆད་ཉན་པར་ཕེབས།
མེ་རྟ།
བ་སོ་རྗེ་དྲུང་ངག་དབང་ཆོས་ཀྱི་དབང་ཕྱུག་འཁྲུངས། བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ཁལ་ཁ་དང་ཨོ་རོད་གཞུང་འདུམ་པར་མཛད་པས་ཀོ་ཤྲཱིའི་ཆོ་ལོ་ཐོབ།
མེ་ལུག
རྗེ་ངག་དབང་འཕྲིན་ལས་བཟང་པོ་འཁྲུངས། ཁྲི་པ་དགེ་འདུན་རྒྱལ་མཚན་གཤེགས། འཕགས་པ་དར་རྒྱས་ཕན་བདེ་སློབ་དཔོན་པར་འཁོད། གསེར་གདུང་གི་རྨང་བཏིང༌། ཆོས་རྗེ་ཆོས་སྙན་གྲགས་པ་ཁྲིར་ཕེབས། རྒྱལ་བ་ཡོན་ཏན་རྒྱ་མཚོ་གཙང་དུ་ཕེབས།
ས་སྤྲེལ།
སྤངས་དཀར་རིན་པོ་ཆེ་གཤེགས། བཀྲ་ཤིས་ལྷུན་པོར་དབྱེན་ཟླུམ་མཆོད་རྟེན་བཞེངས། པཎ་ཆེན་རིན་པོ་ཆེ་དགེ་འཕེལ་གྱི་ཁྲིར་ཕེབས། སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ་འཁྲུངས།
ས་བྱ།
སྲད་རྡོ་རྗེ་འཆང་དཀོན་མཆོག་རྒྱ་མཚོ་ལས་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་རབ་ཏུ་བྱུང༌།
ལྕགས་ཁྱི།
བསོད་ནམས་ཆོས་འཕེལ་དང་སློབ་དཔོན་དགེ་ལེགས་རྒྱ་མཚོ་གཉིས་གཤེགས། སྒམ་པོ་བ་བཀྲ་ཤིས་གྲགས་པ་རྒྱ་མཚོ་འཁྲུངས། ཞྭ་ལུ་མཁན་ཆེན་གྱིས་དབང་རབ་ལ་གཙུག་ཕུད་ཕུལ། སྤྲུལ་སྐུ་དོན་ཡོད་རྒྱ་མཚོ་དབུས་སུ་བྱོན།
ལྕགས་ཕག།
པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་འབྲས་སྤུངས་སུ་རྡོ་རྗེའི་འཕྲེང་བ་སོགས་ཆོས་ཀྱི་ཆར་ཕབ།
ཆུ་བྱི།
སྒམ་པོ་བ་རིན་ཆེན་འཁྲུངས། པཎ་ཆེན་རིན་པོ་ཆེས་བྱམས་པའི་གསེར་ཐོག་བཞེངས། ཆོས་རྗེ་སངས་རྒྱས་རིན་ཆེན་གཤེགས། དཀོན་མཆོག་ཆོས་འཕེལ་རྒྱུད་སྟོད་ཀྱི་ཁྲིར་ཕེབས། འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོས་སྐུ་འབུམ་དུ་མཚན་ཉིད་གྲྭ་ཚང་བཙུགས།
ཆུ་གླང༌།
ལོ་འདི་ནས་བཟུང་སྟེ་ལོ་དྲུག་གི་རིང་པཎ་ཆེན་ཆོས་རྒྱན་གྱིས་སྨོན་ལམ་ཆེན་མོའི་དབུ་མཛད།
ཤིང་སྟག
པཎ་ཆེན་ཆོས་རྒྱན་ལས་རྒྱལ་བ་ཡོན་ཏན་རྒྱ་མཚོ་བསྙེན་པར་རྫོགས། ཆོས་རྗེ་ཆོས་སྙན་གྲགས་པ་གཤེགས། ཕ་བོང་ཁ་པས་བསྟན་རྩིས་མཛད།
ཤིང་ཡོས།
སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་ཁྲིར་ཕེབས། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་པོ་གཤེགས། དཀོན་མཆོག་ཆོས་འཕེལ་རིན་ཆེན་གླིང་གི་ཁྲིར་ཕེབས།
མེ་འབྲུག
རྒྱལ་བ་ཡོན་ཏན་རྒྱ་མཚོ་གཤེགས།
མེ་སྦྲུལ།
རྗེ་ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོ་འཁྲུངས། ཡབ་སངས་རྒྱས་ཆོས་འཛིན་གཤེགས། ཀརྨ་པ་བསམ་འགྲུབ་རྩེར་ཕེབས། པཎ་ཆེན་རིན་པོ་ཆེ་སེར་འབྲས་གཉིས་ཀྱི་ཁྲིར་ཕེབས།
ས་རྟ།
ཧོར་ཟླ་བདུན་པར་སེར་འབྲས་གླིང་ལོག་བྱུང༌། ཆོས་རྗེ་བློ་གྲོས་རྒྱ་མཚོ་དང༌། སྒམ་པོ་བསོད་ནམས་རབ་བརྟན་གཉིས་གཤེགས། ཆོས་རྗེ་དམ་ཆོས་དཔལ་བཟང་ཁྲིར་ཕེབས། ཡབ་སངས་རྒྱས་ཡེ་ཤེས་འཁྲུངས། དཀོན་མཆོག་ཆོས་འཕེལ་སྐྱོར་མོ་ལུང་གི་ཁྲིར་ཕེབས། ལྷ་ས་དང་དབུ་རིར་འཁྲུག།།སྡེ་པ་ཞབས་དྲུང་མདོ་སྨད་དུ་ཕེབས། པཎ་ཆེན་རིན་པོ་ཆེ་མངའ་རིས་སུ་ཕེབས།
ས་ལུག
དཀོན་མཆོག་ཆོས་འཕེལ་གསང་ཕུའི་ཁྲིར་ཕེབས། དཔལ་འབྱོར་ལྷུན་གྲུབ་ཕ་བོང་ཁར་བཞུགས། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འཁྲུངས། ཆོས་རྗེ་དགེ་འདུན་རིན་ཆེན་གྱིས་ཐང་རིང་ཆོས་སྡེ་བཏབ། རྒྱལ་ཁང་རྩེ་སྤྲུལ་སྐུ་གཤེགས། ཆོས་རྗེ་ཤེས་རབ་མཆོག་ལྡན་གྱིས་གྲོ་ཚང་དགོན་བཏབ།
ལྕགས་སྤྲེལ།
དབོན་དྲུང་གཤེགས་ནས་འཕགས་པ་ཆོས་ཀྱི་རྒྱལ་པོ་ཆབ་མདོའི་ཁྲིར་ཕེབས། དཀོན་མཆོག་ཆོས་འཕེལ་རྫིང་ཕྱིའི་ཁྲིར་ཕེབས། ཆོས་རྗེ་དམ་ཆོས་དཔལ་གཤེགས། ཆོས་རྗེ་ཚུལ་ཁྲིམས་ཆོས་འཕེལ་ཁྲིར་ཕེབས་ཏིང་འཛིན་ལེའུ་ཚང༌།
ལྕགས་བྱ།
ཟུར་ཆེན་ཆོས་རྗེས་འཁོན་སྟོན་བསྟེན། ལྷ་ས་པཎ་ཆེན་རིན་པོ་ཆེར་ཕུལ། མཁར་པ་སྡེངས་བཏབ། ཚུལ་ཁྲིམས་ལེའུ་མགོ་ཚུགས།
ཆུ་ཁྱི།
རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོ་འབྲས་སྤུངས་སུ་གདན་དྲངས། རྗེ་འཕྲིན་ལས་ལྷུན་གྲུབ་པ་འཁྲུངས།
ཆུ་ཕག
ཆོས་རྗེ་ཚུལ་ཁྲིམས་ཆོས་འཕེལ་གཤེགས། ཆོས་རྗེ་གྲགས་པ་རྒྱ་མཚོ་ཁྲིར་ཕེབས་ནས་རིང་པོ་མ་ལོན་པར་གཤེགས་ཤིང་ཆོས་རྗེ་ངག་དབང་ཆོས་ཀྱི་རྒྱལ་མཚན་ཁྲིར་ཕེབས་ཏེ་ལོ་གཉིས་སོང་མཚམས་ཁྲི་ཐོག་པཎ་ཆེན་རིན་པོ་ཆེ་ལ་ཕུལ། དཀོན་མཆོག་ཆོས་འཕེལ་བློ་གསལ་གླིང་གི་འཆད་ཉན་པར་ཕེབས། པཎ་ཆེན་རིན་པོ་ཆེས་བཅུ་གཅིག་ཞལ་གྱི་གསེར་ཐོག་བཞེངས། ཆོས་རྗེ་བསྟན་པ་རིན་ཆེན་གྱིས་བྱ་ཁྱུང་དུ་མཚན་ཉིད་བཙུགས།
ཤིང་བྱི།
དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཀྱིས་རྩིས་དཀར་ནག་གི་དྲི་བ་མཛད། ལྔ་བ་ཆེན་པོ་དགེ་ཚུལ་བསྒྲུབས། ལྷོ་དཀོན་མཆོག་འཕྲིན་ལས་རྣམ་རྒྱལ་འཁྲུངས།
ཤིང་གླང༌།
འཕགས་པ་ཞི་བ་བཟང་པོ་འཁྲུངས། རྗེ་ཡོན་ཏན་རྒྱ་མཚོའི་དངུལ་གདུང་གྲུབ། དཀོན་མཆོག་ཆོས་འཕེལ་ཤར་རྩེར་ཕེབས།
མེ་སྟག།
པཎ་ཆེན་རིན་པོ་ཆེ་བྱང་རྩེར་ཕེབས། སྤྲུལ་སྐུ་ངག་དབང་འཕགས་པ་རྒྱ་མཚོ་རབ་ཏུ་བྱུང༌། དཀོན་མཆོག་ཆོས་འཕེལ་ཁྲིར་ཕེབས། རིགས་ལྡན་དཔལ་སྐྱོང་གིས་ཆོས་བསྟན་ནས་ལོ་བརྒྱ་སོང། ལི་ཐང་མཁན་པོ་ཉག་རི་ཆོས་གྲགས་འཁྲུངས། ཆོས་རྗེ་ཀུན་ལེགས་པས་རྡོ་སི་ཏུ་གྲྭ་ཚང༌།
རབ་བྱུང་བཅུ་གཅིག་པ།
མེ་ཡོས།
དཀོན་མཆོག་ཆོས་འཕེལ་གྱིས་རྒྱལ་དབང་མཆོག་གི་དབུ་བླ་དང་སྨོན་ལམ་གྱི་ཚོགས་དབུ་མཛད། རིགས་ལྡན་སེང་གེ་ཤམྦྷ་ལའི་ཁྲིར་ཕེབས།
ས་འབྲུག
ཉི་འོད་ཉམས་པའི་དུས་རྟགས་བྱུང་སྟེ་འཁོན་སྟོན་གྱིས་ལུང་བསྟན་མཛད། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ་གཤེགས།
ས་སྤྲུལ།
པཎ་ཆེན་རིན་པོ་ཆེས་དགེ་ལྡན་གསེར་ཐོག་བཞེངས།
ལྕགས་རྟ།
འཕགས་པ་དཔལ་འབྱོར་རྒྱ་མཚོ་བསྙེན་པར་རྫོགས། སློབ་དཔོན་གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་རོང་པོར་གྲྭ་ཚང་བཙུགས།
ལྕགས་ལུག།
ཞྭ་དམར་བདུན་པ་དང་དེ་མོ་ངག་དབང་དགེ་ལེགས་རྒྱལ་མཚན་གཉིས་འཁྲུངས།
ཆུ་སྤྲེལ།
རྒྱ་ར་བ་ཤེས་རབ་ཕུན་ཚོགས་གཤེགས། ཆོས་རྗེ་ཀོང་པོ་བསྟན་འཛིན་ལེགས་བཤད་ཁྲིར་ཕེབས།
ཆུ་བྱ།
ཞབས་དྲུང་ནོར་བུ་རྒྱལ་མཚན་པ་དང༌། སློབ་དཔོན་ཤེས་རབ་དཔལ་བཟང་གཉིས་གཤེགས། ཚེར་ལུང་པ་འཁྲུངས། ལྔ་པ་ཆེན་པོས་འཁོན་སྟོན་ལས་ཆོས་གསན།
ཤིང་ཁྱི།
ཤིང་ཕག
ཞྭ་ལུ་མཁན་ཆེན་བསྙེན་པར་རྫོགས། ཨ་བ་ལཱ་དབུས་སུ་ཕེབས།
མེ་བྱི།
སྒམ་པོ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དང༌། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གཉིས་གཤེགས། བཟང་པོ་རྡོ་རྗེ་འཁྲུངས། གཙང་དཔུང་གནམ་མཚོར་སླེབས།
མེ་གླང༌།
དགེ་ལེགས་སྐུ་སྐྱེ་ཆབ་མདོར་བསྙེན་པར་རྫོགས། ཕན་བདེ་སློབ་དཔོན་འཕགས་དར་དང་དཔལ་འབྱོར་ལྷུན་གྲུབ་གཉིས་གཤེགས། བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ཆོག་ཐུ་བཅོམ་ནས་དབུས་སུ་ཕེབས།
ས་སྟག
སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོས་ཕན་བདེའི་སློབ་དཔོན་མཛད། ཆོས་རྗེ་དགེ་འདུན་རིན་ཆེན་རྒྱལ་མཚན་ཁྲིར་ཕེབས། བློ་བཟང་ཆོས་རྒྱན་ལས་རྒྱལ་བ་བློ་བཟང་རྒྱ་མཚོ་ཉེར་གཉིས་པར་བསྙེན་པར་རྫོགས།
ས་ཡོས།
ཧོར་ཟླ་ལྔ་པར་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སྨྲར་ཁམས་སུ་ཕེབས། བྱང་བདག་ངག་གི་དབང་པོ་གཤེགས། སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་ཆོས་དབང་གྲགས་པའི་སྡེ་འཁྲུངས།
ལྕགས་འབྲུག
བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ཧོར་ཟླ་བཅུ་གཅིག་པར་བེ་རི་རྒྱལ་པོ་ཁྲིམས་དོང་དུ་བཙུད། ཤཱཀྱ་ལྷ་དབང་གི་ཞལ་སྔ་ནས་བཀའ་བརྒྱུད་ཆོས་འབྱུང་བརྩམས།
ལྕགས་སྦྲུལ།
མཁན་ཆེན་ངག་དབང་ཆོས་གྲགས་གཤེགས། ཕན་བདེར་དཔལ་འབྱོར་རྒྱ་མཚོ་སློབ་དཔོན་དུ་བསྐོས།
ཆུ་རྟ།
ཞི་བ་བཟང་པོ་ཆབ་མདོའི་ཁྲིར་འཁོད། ཆོས་རྗེ་རིན་ཆེན་རྒྱལ་མཚན་གཤེགས། བསྟན་འཛིན་ཆོས་རྒྱལ་གྱིས་བསམ་གྲུབ་རྩེ་སོགས་དབུས་གཙང་མཐའ་དག་མངའ་འོག་ཏུ་བཅུག ། ལྕང་སྐྱ་རྡོ་རྗེ་འཆང་ངག་དབང་ཆོས་ལྡན་འཁྲུངས།
ཆུ་ལུག
འཕགས་པ་ཆོས་ཀྱི་རྒྱལ་པོ་གཤེགས། རྒྱལ་དབང་ལྔ་པ་ཆེན་པོས་དེབ་ཐེར་བརྩམས། དྭགས་པོ་བ་སོ་ཆོས་རྒྱལ་ཁྲིར་ཕེབས།
ཤིང་སྤྲེལ།
འཕགས་པ་རྒྱལ་བ་རྒྱ་མཚོ་འཁྲུངས། རྒྱ་ནག་གི་རྒྱལ་ས་ལོའུ་རྩིས་བླངས། གླིང་སྨད་ཞབས་དྲུང་གི་རྣམ་ཐར་བརྩམས།
ཤིང་བྱ།
ཕ་བོང་ཁ་པའི་རྣམ་ཐར་བརྩམས། པོ་ཏ་ལར་ཕོ་བྲང་བཞེངས། རྒྱ་ནག་གི་རྒྱལ་ས་ཇུར་ཇིང་གིས་ཐོབ།
མེ་ཁྱི།
དཀོན་མཆོག་ཆོས་འཕེལ་གཤེགས། ལ་མོ་བློ་གྲོས་རྒྱ་མཚོས་རྨད་གུར་དུ་དགོན་དང་འཆད་ཉན་བཙུགས། ཆོས་རྒྱལ་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ། རྒྱ་ར་སྤྲུལ་སྐུ། དཀོན་མཆོག་བསྟན་འཛིན་གྲགས་པ་གསུམ་འཁྲུངས། མཛོད་ཊཱིཀ་ཏུ་ཚུལ་ཁྲིམས་ལེའུ་ཉེར་བདུན་ལ་སླེབས་གསུངས།
མེ་ཕག
ཉག་རི་སྤྲུལ་སྐུ་འཁྲུངས། རྒྱལ་དབང་ལྔ་པ་ཆེན་པོས་སྙན་ངག་མེ་ལོང་གི་དཀའ་འགྲེལ་མཛད། དེར་སྟོན་པ་འཁྲུངས་ནས་ཉིས་སྟོང་དྲུག་བརྒྱ་དང་དྲུག་གསུངས་ཀྱང་ཉིས་སྟོང་ལྔ་བརྒྱ་དང་རེ་གཅིག་སོང༌། ཆོས་རྗེ་དྭགས་པོ་ཆོས་རྒྱལ་གཤེགས
ས་བྱི།
ཆོས་རྗེ་དཀོན་མཆོག་ཆོས་བཟང་ཁྲིར་ཕེབས།
ས་གླང༌།
སྒམ་པོ་བ་རིན་ཆེན་རྡོ་རྗེ་གཤེགས། སེ་ཆེན་ཧུང་ཐའི་ཇིས་སྦྱིན་བདག་བགྱིས་ཏེ་བཙན་པོ་དོན་གྲུབ་རྒྱ་མཚོས་དགའ་ལྡན་དམ་ཆོས་གླིང་བཏབ།
ལྕགས་སྟག
ལྕགས་ཡོས།
པཎ་ཆེན་ཆོས་རྒྱན་གྱ་གཉིས་པར་ཞྭ་ལུ་མ་ཧེར་བཀའ་བསྒོ་མཛད། འཕགས་པ་རྒྱལ་བ་རྒྱ་མཚོས་རྒྱལ་བ་ཡོན་ཏན་རྒྱ་མཚོ་ལ་གཙུག་ཕུད་ཕུལ། ཆོས་རྗེ་ལེགས་པ་རྒྱ་མཚོས་སྐུ་འབུམ་དུ་རྒྱུད་གྲྭ་བཙུགས།
ཆུ་འབྲུག
ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་རྒྱལ་དབང་ལྔ་པ་ཆེན་པོ་རྒྱ་ནག་ཕོ་བྲང་དུ་ཆིབས་ཁ་བསྒྱུར།
ཆུ་སྦྲུལ།
ལྔ་མཆོད་སྐབས་རྒྱལ་དབང་ལྔ་པ་ཆེན་པོ་རྒྱ་ནག་ནས་དབུས་སུ་བྱོན།
ཤིང་རྟ།
བསྟན་འཛིན་ཆོས་ཀྱི་རྒྱལ་པོ་གཤེགས།
ཤིང་ལུག
མཁས་གྲུབ་ཤཱཀྱ་ལྷ་དབང་གཤེགས། ཆོས་རྗེ་མངའ་རིས་པ་བསྟན་པ་རྒྱལ་མཚན་ཁྲིར་ཕེབས།
མེ་སྤྲེལ།
དཀོན་མཆོག་འཕྲིན་ལས་བཟང་པོ་འཁྲུངས། དྲིས་ལན་ཉིན་བྱེད་དབང་པོ་བརྩམས། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གཤེགས།
མེ་བྱ།
སྡེ་སྲིད་བསོད་ནམས་རབ་བརྟན་དང༌། ཟུར་ཆོས་དབྱིངས་རང་གྲོལ་གཉིས་གཤེགས།
ས་ཁྱི།
ས་ཕག།
གནས་གསར་པ་མགོན་པོ་བསོད་ནམས་མཆོག་ལྡན་གཤེགས།
ལྕགས་བྱི།
ཇེས་སང་སྡེ་པ་ཁྲིམས་བདག་ཆེན་པོར་བསྐོས།
ལྕགས་གླང༌།
ཆུ་སྟག
པཎ་ཆེན་བློ་བཟང་ཆོས་རྒྱན་གོ་གསུམ་པ་ནག་ཟླའི་བཅུ་གསུམ་ལ་ཞི་བར་གཤེགས། ཞི་བ་བཟང་པོ་ཀེ་ར་ནས་ཡར་ཕེབས། བློ་བཟང་རྒྱལ་མཚན་ཁྲིར་ཕེབས།
ཆུ་ཡོས།
པཎ་ཆེན་བློ་བཟང་ཡེ་ཤེས་ཐོབ་རྒྱལ་དུ་སྐུ་འཁྲུངས། གཡའ་མ་ལུང་གི་གཏེར་བཏོན།
ཤིང་འབྲུག
འཕགས་པ་རྒྱལ་བ་རྒྱ་མཚོ་བསྙེན་པར་རྫོགས།
ཤིང་སྦྲུལ།
བཙན་པོ་དོན་གྲུབ་རྒྱ་མཚོ་གཤེགས།
མེ་རྟ།
མེ་ལུག
ཆོས་རྗེ་ངག་དབང་འཕྲིན་ལས་བཟང་པོ་སྐུ་གཤེགས། འཕགས་པ་རྒྱལ་བ་རྒྱ་མཚོ་སླར་དབུས་སུ་ཕེབས། ཤེལ་བྲག་གི་གཏེར་བཏོན།
ས་སྤྲེལ།
ཆོས་རྗེ་རྣམ་དག་རྡོ་རྗེ་ཁྲིར་ཕེབས། དེ་མོ་སྤྲུལ་སྐུ་ལྷ་དབང་དགེ་ལེགས་རྒྱལ་མཚན། ཇེས་སང་སྡེ་པ། བསྟན་འཛིན་ད་ཡན་རྒྱལ་པོ་གསུམ་གཤེགས།
ས་བྱ།
འཕགས་པ་རྒྱལ་བ་རྒྱ་མཚོ་ལྕགས་རིའི་དངུལ་གདུང་ཆེན་མོ་གྲུབ། དགེ་སློང་མཆོད་དཔོན་ལགས་འཛམ་གླིང་གི་དཔོན་པོར་བསྐོས།
ལྕགས་ཁྱི།
ལྔ་པ་ཆེན་པོས་གསན་ཡིག་གངྒའི་ཆུ་རྒྱུན་མཛད། བསམ་གྲུབ་གཞུང་དགོན་པའི་རབ་གནས་མཛད།
ལྕགས་ཕག
བསྟན་འཛིན་ད་ལའི་ཧན་ཁྲིར་ཕེབས། སྨན་ལུང་པ་བློ་མཆོག་རྡོ་རྗེ་དང༌། སྟག་ལུང་པ་ངག་དབང་བཀྲ་ཤིས་དཔལ་སྒྲུབ་གཉིས་གཤེགས། ངག་དབང་བསྟན་འཛིན་ལྷུན་གྲུབ་འཁྲུངས།
ཆུ་བྱི།
རྒྱལ་དབང་མཆོག་གིས་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག་བརྩམས། བཞེད་རྩ་སྡེ་པ་དང༌། ཁྲི་རིན་པོ་ཆེ་བློ་བཟང་རྒྱལ་མཚན་གཉིས་གཤེགས།
ཆུ་གླང༌།
ཞྭ་དམར་ནག་གཉིས་ཡར་གདན་དྲངས། ཁྲི་པ་དཀོན་མཆོག་ཆོས་བཟང་གཤེགས།
ཤིང་སྟག
ཀརྨ་ཆོས་དབྱིངས་རྡོ་རྗེ་གཤེགས།
ཤིང་ཡོས།
ཆོས་རྗེ་བྱམས་པ་བཀྲ་ཤིས་ཁྲིར་ཕེབས། ངག་དབང་བསྟན་འཛིན་ལྷུན་གྲུབ་གདན་དྲངས།
མེ་འབྲུག
གནམ་ལྕགས་བྲག་གི་གཏེར་བཏོན། ཨོ་རྒྱན་སྨིན་གྲོལ་གླིང་གི་གནྔྷོ་ལ་བཞེངས།
མེ་སྦྲུལ།
ས་རྟ།
རྡོ་རྗེ་འཆང་འཕྲིན་ལས་ལྷུན་གྲུབ་པ་དབུས་སུ་བྱོན།
ས་ལུག
སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁྲིར་ཕེབས། འཕགས་པ་རྒྱལ་བ་རྒྱ་མཚོ་དབུས་སུ་བྱོན།
ལྕགས་སྤྲེལ།
ལྕགས་བྱ།
རྗེ་བློ་གྲོས་རྒྱ་མཚོས་རྡོ་རྗེ་འཕྲེང་བའི་དབང་བསྐུར།
ཆུ་ཁྱི།
རྒྱལ་དབང་ལྔ་པ་ཆེན་པོ་དང་སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་གཉིས་གཤེགས། ཆོས་རྗེ་ཀླུ་འབུམ་བློ་གྲོས་རྒྱ་མཚོ་ཁྲིར་ཕེབས།
ཆུ་ཕག
རྒྱལ་བ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་འཁྲུངས། ཆབ་མདོར་བཀའ་འགྱུར་བཞེངས་པར་བརྩམས།
ཤིང་བྱི།
ཤིང་གླང༌།
ཆོས་རྗེ་ཀླུ་འབུམ་བློ་གྲོས་རྒྱ་མཚོ་རྒྱ་ནག་ཏུ་ཕེབས། ཆོས་རྗེ་ཚུལ་ཁྲིམས་དར་རྒྱས་ཁྲིར་ཕེབས།
མེ་སྟག།
པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་འཁྲུངས། ཁྲི་པ་བློ་གྲོས་རྒྱ་མཚོས་ཧལ་ཧ་དང་ཨོ་རོད་ཀྱི་ཆིངས་མཛད། རྗེ་འཕྲིན་ལས་ལྷུན་གྲུབ་པ་སླར་ཡང་དབུས་སུ་ཕེབས།
རབ་བྱུང་བཅུ་གཉིས་པ།
མེ་ཡོས།
ཁྲི་པ་བློ་གྲོས་རྒྱ་མཚོ་གོང་མ་དང་མཇལ་འཕྲད་མཛད། རིགས་ལྡན་སེང་གེ་ཤམྦྷ་ལའི་ཁྲིར་ཕེབས་ནས་རེ་གཅིག་ལོན།
ས་འབྲུག
ཁྲི་ཆེན་བློ་གྲོས་རྒྱ་མཚོ་ཞི་བར་གཤེགས། ལྕང་སྐྱ་རྡོ་རྗེ་འཆང་ངག་དབང་བློ་བཟང་ཆོས་ལྡན་དགོན་ལུང་གི་ཁྲིར་ཕེབས།
ས་སྦྲུལ།
ལྕགས་རྟ།
ལྕགས་ལུག
ཆུ་སྤྲེལ།
པཎ་ཆེན་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ་ཁྲིར་ཕེབས།
ཆུ་བྱ།
ཤིང་ཁྱི།
རྗེ་འཕྲིན་ལས་ལྷུན་གྲུབ་པ་དོན་གསུམ་སྐབས་དབུས་སུ་བྱོན།
ཤིང་ཕག
མེ་བྱི།
མེ་གླང༌།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རབ་བྱུང་མཛད།
ས་སྟག
ས་ཡོས།
རྗེ་འཕྲིན་ལས་ལྷུན་གྲུབ་པ་གཤེགས།
ལྕགས་འབྲུག
ལྕགས་སྦྲུལ།
དོན་ཡོན་རྒྱ་མཚོ་ཁྲིར་ཕེབས།
ཆུ་རྟ།
སྡེ་སྲིད་སངས་རྒྱ་མཚོ་ཟུར་བཞུགས་མཛད།
ཆུ་ལུག
ཤིང་སྤྲེལ།
ཤིང་བྱ།
མཆོད་ཡོན་གཉིས་འཁྲུགས། བོད་དམག་བཞི་བརྒྱ་བསད། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས། སེར་ཚོགས་བྱས།
མེ་ཁྱི།
རིན་ཆེན་འོད་ཟེར་གྱི་རྩིས་ལོ་ཉིས་བརྒྱ་དང་དོན་གཉིས་ཊཱིཀ་ཆེན་ལས་དྲུག་ཅུ་སྐོར་བཞི་དང་ཉག་པོ་གསུམ། མེ་བྱི་ནས་དྲུག་ཅུ་གསུམ་དང་བཅུ་སྟེ་བརྒྱ་དགུ་བཅུ། སྟོན་པ་ཞི་བར་གཤེགས་ནས་ཉིས་སྟོང་ལྔ་བརྒྱ་ཞེ་གཅིག་འདས། ཞེ་གཉིས་འདིའོ།
མེ་ཕག
ས་བྱི།
ས་གླང༌།
ལྕགས་སྟག
ལྕགས་ཡོས།
ཆུ་འབྲུག
འཕགས་པ་རྒྱལ་བ་རྒྱ་མཚོ་གཤེགས།
ཆུ་སྦྲུལ།
ཤིང་རྟ།
ཤིང་ལུག
རིག་ལྡན་སེང་གེ་ཤམྦྷ་ལའི་ཁྲིར་འཁོད་ནས་གྱ་དགུ་ལོན།
སྨྲས་པ།
ཕན་བདེ་འབྱུང་གནས་རྒྱལ་བའི་བསྟན་པ་མཆོག །
ས་གསུམ་རིན་ཆེན་གཅིག་པུ་འདི་ཡིན་ཅིང༌། །
དེ་འཛིན་ཆོས་རྒྱལ་རྣམས་དང་མཁས་རྣམས་ཀྱི། །
བྱུང་ཚུལ་རེ་མིག་མེ་ལོང་འདི་ན་གསལ། །
དམ་པའི་བསྟན་རྩིས་ལེགས་བཤད་ཆེས་མང་ཡང༌། །དང་པོ་བཅུད་ཀྱི་འགྲོ་བའི་བྱུང་ཚུལ་དང༌། །དམ་པའི་ལོ་ཚིགས་ཉུང་ངུ་རབ་གསལ་འདི། །རྐང་འཐུང་ཁྲོད་ཀྱི་ཡོངས་འདུ་ཇི་བཞིན་དུ། །ལུང་རིགས་རིན་ཆེན་འཕྲེང་བས་རབ་ཏུ་མཛེས། །ལེགས་བཤད་ཚིག་གི་སྒྲ་དོན་མེ་ཏོག་བཀྲ། །སྔོན་བྱུང་གཏམ་གྱི་ཚོན་རིས་བྱེ་བས་སྤྲས། །བལྟས་པས་ཀུན་གསལ་མེ་ལོང་འཕྲུལ་འདི་མཚར། །འདིར་འབད་དགེ་བས་ཐུབ་བསྟན་དར་ཞིང་རྒྱས། །མ་ལུས་འགྲོ་རྣམས་མངོན་མཐོ་ངེས་ལེགས་རྙེད། །སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན། །སྐྱིད་པའི་ཉི་མ་དགུང་ནས་གསལ་བར་ཤོག །ཅེས་པ་འདི་ཡང་རྫོགས་པའི་སངས་རྒྱས་བལྟམས་ནས་ལོ་ཉིས་སྟོང་དྲུག་བརྒྱ་དང་སུམ་ཅུ་སོ་གཅིག་དང༌། སངས་རྒྱས་ནས་ལོ་ཉིས་སྟོང་ལྔ་བརྒྱ་གོ་དྲུག་དང༌། རྩ་རྒྱུད་གསུངས་ནས་ལོ་ཉིས་སྟོང་ལྔ་བརྒྱ་གོ་ལྔ་དང༌། མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་དང་སུམ་ཅུ་རྩ་གཅིག་དང༌། གྲགས་པས་བསྡུས་རྒྱུད་མཛད་ནས་ལོ་སྟོང་དང་དགུ་བརྒྱ་དང་དགུ་ཅུ་རྩ་དགུ་དང༌། ཀླ་ཀློ་ཞུགས་ནས་སྟོང་དང་གོ་གསུམ་དང༌། རྒྱལ་དཀས་བྱེད་རྩིས་བརྩམས་ནས་དགུ་བརྒྱ་དང་ཉག་མ་བཅུ་སོང་བ་དང༌། རབ་བྱུང་སོགས་ཀྱི་ལོ་དྲུག་བརྒྱ་དང་གྱ་དགུ་དང༌། བསྟན་པ་ལྔ་བརྒྱ་པ་ཕྲག་བཅུའི་ཚུལ་ཁྲིམས་ལེའུའི་སྟེང་ནས་ང་གཅིག་འདས་པ་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ་གྱི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞི་ལ་མང་དུ་ཐོས་པའི་དགེ་སློང་ྋའཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པ་དགེ་ལེགས་འཕེལ།། །།མངྒ་ལཾ།

གསུང་ཐོར་བུ་ལས་བླ་མའི་གསོལ་འདེབས།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ཐོར་བུ་ཁྲིག་ཆགས་སུ་བསྡེབས་པ་ལས་བླ་མ་རྣམས་ལ་གསོལ་བ་འདེབས་ཚུལ་གྱི་སྐོར་བི་ཧར་ཏི་སྨ།
ན་མཿཤྲཱི་བཛྲ་བྷཻ་ར་ཝཱ་ཡ། རིགས་ཀུན་ཁྱབ་བདག་འཇམ་དཔལ་གཤིན་རྗེའི་གཤེད། །ལྷན་སྐྱེས་བདེ་ཆེན་གཏེར་མཛོད་རོ་ལངས་མ། །རྒྱུད་རྒྱལ་འདྲེན་མཛད་གྲུབ་ཆེན་ལཱ་ལི་ཏ། །ཟུང་འཇུག་གར་མཛད་གསུམ་ལ་གསོལ་བ་འདེབས། །གྲུབ་དབང་དོན་ཡོད་རྡོ་རྗེ་ཡེ་ཤེས་སྦས། །རིམ་གཉིས་རྣལ་འབྱོར་པདྨ་བཛྲ་དང༌། །གསུང་རབ་རྒྱ་མཚོའི་མངའ་བདག་མར་མེ་མཛད། །བསྟན་པའི་རྒྱལ་མཚན་བཞི་ལ྾། །བསྐྱེད་རིམ་མཐར་ཕྱིན་རྭ་ལོ་རྡོ་རྗེ་གྲགས། །དེ་སྲས་ཆོས་རབ་ཡེ་ཤེས་སེང་གེའི་ཞབས། །རྭ་ཆེན་འབུམ་སེང་རྗེ་བཙུན་རྒ་ལོ་སྟེ། །རིམ་གཉིས་དབང་ཕྱུག་རྣམས་ལ྾། །ཀུན་མཁྱེན་ཆེན་པོ་རོང་པ་ཤེར་སེང་དང༌། །མདོ་རྒྱུད་ཀུན་མཁྱེན་བླ་མ་ཡེ་ཤེས་དཔལ། །རིམ་གཉིས་དབང་ཕྱུག་མཁས་གྲུབ་དོན་རིན་པ། །བསྐྱེད་རྫོགས་མངོན་གྱུར་གསུམ་ལ྾། །འཇམ་དཔལ་ཞི་ཁྲོ་མི་ཡི་གར་མཛད་པ། །རྒྱལ་བའི་དབང་པོ་རྗེ་བཙུན་ཙོང་ཁ་པ། །རིགས་ལྡན་རྣམ་འཕྲུལ་མཁས་གྲུབ་ཐམས་ཅད་མཁྱེན། །སྲིད་ཞིའི་གཙུག་རྒྱན་གཉིས་ལ྾། །མཁས་ཤིང་གྲུབ་དབང་དཔལ་ལྡན་བཟང་པོ་དང༌། །དེ་དབོན་འཇམ་དབྱངས་དགེ་འདུན་བཀྲ་ཤིས་འཕགས། །པཎ་ཆེན་བསམ་འགྲུབ་རྒྱ་མཚོ་བརྩོན་འགྲུས་འཕགས། །མཐུ་སྟོབས་གྲགས་ལྡན་རྣམས་ལ྾། །རྡོ་རྗེ་བཟང་པོ་རིགས་ལྡན་སངས་རྒྱམ་ཞབས། །རིམ་གཉིས་འཕོ་བར་མངའ་བརྙེས་དཀོན་རྒྱམ་པ། །རྡོ་རྗེ་འཛིན་མཆོག་གསུམ་ལ྾། །གསང་སྔགས་མཐར་སོན་ཁྱབ་བདག་རཏྣའི་མཚན། །མདོ་སྔགས་དབང་ཕྱུག་ཀུ་ཤྲཱི་ཆེན་པོའི་ཞབས། །བསྟན་པའི་བདག་ཆེན་གཉིས་ལ྾། །ཡང་ན། རྒྱལ་བའི་དབང་པོ་རྗེ་བཙུན་ཙོང་ཁ་པ། །མཁས་གྲུབ་རྗེ་དང་ཆོས་ཀྱི་རྒྱལ་མཚན་དང༌། །ཆོས་ཀྱི་རྡོ་རྗེ་རྒྱལ་བ་དབེན་ས་པ། །གྲུབ་མཆོག་དམ་པ་ལྔ་ལ྾། །སངས་རྒྱས་ཡེ་ཤེས་པཎ་ཆེན་ཐམས་ཅད་མཁྱེན། །ནག་ཕྱོགས་ཀུན་འཇོམས་གྲུབ་དབང་བསོད་ནམས་གྲགས། །སངས་རྒྱས་བཀྲ་ཤིས་བསམ་གྲུབ་སྒང་བ་དང༌། །འཇམ་མགོན་ཡབ་སྲས་སྨིན་གྲོལ་ཆོས་རྒྱལ་གཉིས། །ཐུབ་བསྟན་རྒྱས་མཛད་རྣམས་ལ྾། །རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །མ་རུངས་གདུལ་དཀའ་མཐའ་དག་འདུལ་བའི་ཕྱིར། །རྡོ་རྗེ་འཇིགས་བྱེད་ཁྲོ་དབང་སྐུར་སྟོན་པར། །རྩེ་གཅིག་གསོལ་འདེབས་དངོས་གྲུབ་རྣམ་གཉིས་སྩོལ། །དེ་ལྟར་བསྟོད་པས་བྱང་ཆུབ་སྙིང་པོའི་བར། །འགལ་རྐྱེན་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཏེ། །ཞི་རྒྱས་དབང་དྲག་གྲུབ་ཆེན་བརྒྱད་ལ་སོགས། །དངོས་གྲུབ་ཀུན་གྱིས་རྟག་ཏུ་འབྱོར་གྱུར་ཅིག །ཅེས་པ་འདི་ཡང་མང་པོས་རབ་བསྐུལ་ནས། །རང་གི་དབང་གི་བླ་བརྒྱུད་ཕྱོགས་གཅིག་ཡིན། །
༈ རིགས་དང་དཀྱིལ་འཁོར་བདག་པོ་རྡོ་རྗེ་འཆང༌། །མཁྱེན་པའི་ཕུང་པོ་རྒྱལ་བ་ཀུན་གྱི་ཡབ། །དཀྱིལ་འཁོར་སྤྲོ་མཛད་རྡོ་རྗེ་འཇིགས་མཛད་ཆེ། །ཟླ་མེད་སྐྱབས་མཆོག་གསུམ་ལ་གསོལ་བ་འདེབས། །འཇམ་དབྱངས་དངོས་གྱུར་རྒྱལ་བ་གཉིས་པའི་ཞབས། །འཛམ་གླིང་མཁས་པའི་གཙུག་རྒྱན་མཁས་གྲུབ་རྗེ། །མདོ་རྒྱུད་སྲོག་འཛིན་མཁས་གྲུབ་ཤེས་རབ་སེང༌། །ཐུབ་བསྟན་བདག་པོ་གསུམ་ལ྾། །འཇིགས་མཛད་གྲུབ་བརྙེས་དཔལ་ལྡན་བཟང་པོ་དང༌། །དམ་ཅན་བྲན་བྱས་འཇམ་དབྱངས་དགེ་འདུན་འཕེལ། །སྙན་བརྒྱུད་རྒྱུད་སྡེའི་བང་མཛོད་བཀྲ་ཤིས་འཕགས། །མཁས་དང་གྲུབ་བརྙེས་གསུམ་ལ྾། །གྲུབ་དབང་སྤྲུལ་སྐུ་པཎ་ཆེན་བསམ་འགྲུབ་ཞབས། །མདོ་རྒྱུད་ལས་བཞིའི་བང་མཛོད་བརྩོན་འགྲུས་འཕགས། །ལྷ་དང་སྲུང་མར་མངའ་བརྙེས་རྡོ་རྗེ་བཟང༌། །གྲུབ་པའི་དབང་ཕྱུག་གསུམ་ལ྾། །དཀྱིལ་འཁོར་བདག་པོ་སངས་རྒྱས་རྒྱ་མཚོའི་ཞབས། །སྙན་བརྒྱུད་འཕོ་བར་མངའ་བརྙེས་དཀོན་རྒྱམ་པ། དཀོན་མཆོག་གསུམ་དངོས་དཀོན་མཆོག་ཡར་འཕེལ་ཞབས། །རྡོ་རྗེ་འཆང་དངོས་གསུམ་ལ྾། །འཇམ་དབྱངས་མི་ཡི་གར་མཛད་དགེ་བའི་བཤེས། །འཆད་རྩོད་རྩོམ་ལ་རྒྱལ་རྣམས་བཞད་པའི་རྩེ། །རྡོ་རྗེ་ཐེག་པའི་སྲོག་གྱུར་བཤེས་མཛད་ལ། །མི་ཕྱེད་གུས་པས་རྟག་ཏུ་གསོལ྾། །སེམས་ནི་རབ་དགའ་རྒྱས་པའི་རྦ་རླབས་ཅན། །ཤེས་དད་རིན་ཆེན་མ་ལུས་འབྱུང་བའི་གནས། །ལེགས་གསུང་འདབ་བརྒྱ་སྙན་བརྒྱུད་སྦྲང་རྩིའི་རྒྱུན། །སྐལ་ལྡན་ཉེར་འཚོ་བགྱིད་པར་བྱིན་གྱིས་རློབས། །ཡོན་ཏན་ཀུན་གྱི་གཞི་དང་འབྱུང་བའི་གནས། །དེ་ཉིད་བཅུ་ཟུང་བརྟན་མཁས་ཡོན་ཏན་དང༌། །མཚན་ཉིད་བཅུ་ལྡན་བཤེས་གཉེན་མཆོག་ཡིན་པར། །རྟོགས་ནས་ཚུལ་བཞིན་བསྟེན་པར་བྱིན྾། སྲིད་པའི་བདེ་འབྱོར་གན་བུབ་རེས་མོས་ཅན། །བསྟེན་ན་ཐར་པའི་སྲོག་དེ་འཕྲོག་མཐོང་ནས། །ཚངས་འབྱོར་མེ་འོབས་ལྟར་མཐོང་ངེས་འབྱུང་གིས། །ངེས་ལེགས་འགྲམ་རྩ་ཟིན་པར་བྱིན྾། །རྟག་ཏུ་འགྲོ་ལ་བརྩེ་བའི་བྱམས་སྙིང་རྗེས། །རབ་དྲངས་མི་ལྡོག་ཐེག་ཆེན་སེམས་བསྐྱེད་དང༌། །མིང་བཏགས་ཙམ་ལ་བྱ་བྱེད་ཤེས་པའི་བློས། །ཟབ་རྒྱས་ཕ་མཐར་ཕྱིན་པར་བྱིན྾། །འཇུག་སྒོ་དབང་ལ་ཞུགས་ནས་དམ་ཚིག་སྡོམ། །ལམ་གྱི་སྲོག་ཏུ་ལེགས་རྟོགས་གཞིར་བྱས་ཏེ། །ཐ་མལ་སྐྱེ་འཆི་བར་དོ་སྦྱོངས་བྱེད་ལམ། །རིམ་གཉིས་མཐའ་རུ་ཐོན་པར་བྱིན྾། །དེ་བྱས་དགེ་བས་མཁའ་ཁྱབ་ལུས་ཅན་གྱི། །རྣམ་དཀར་སྲོག་གྱུར་རྒྱུད་གྲྭ་རྣམ་གཉིས་ཀྱི། །བཤད་སྒྲུབ་བསྐལ་བར་ཕྱོགས་དང་དུས་ཀུན་ཏུ། །ཡང་ན། རྣམ་དཀར་སྲོག་གྱུར་སྲད་བརྒྱུད་བཤད་སྒྲུབ་རྒྱུན། །བསྐལ་བའི་མཐའི་བར་ཕྱོགས་དང་དུས་ཀུན་ཏུ། །ཆེས་ཆེར་རྒྱས་ཤིང་རྟག་ཏུ་དགེ་བར་ཤོག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་དང་རྣལ་འབྱོར་བཞིའི་ཁྲིད་ཀྱི་བླ་མ་ཉེ་བརྒྱུད་ཀྱི་གསོལ་འདེབས་བྱིན་རླབས་ཀྱི་རོལ་མཚོ་ཞེས་བྱ་བ་འདི་ཡང་མཛྙཱུ་གྷོ་ཥ་ཧ་ས་བཛྲ་གྱིས་བགྱིས་པའོ།། །།
༈ རྒྱུད་སྡེས་ས་ཀུན་ཁྱབ་མཛད་ཚུལ་བཟང་ཞབས། །མདོ་རྒྱུད་མཁས་པའི་རྩེར་སོན་ཤེར་བཟང་བ། །དང་པོའི་སངས་རྒྱས་ཆོས་སྐྱོང་རྒྱ་མཚོའི་ཞབས། །རྡོ་རྗེ་འཆང་སྤྲུལ་གསུམ་ལ་གསོལ་བ་འདེབས། །མདོ་རྒྱུད་གསང་བའི་མཛོད་འཛིན་བ་སོ་བ། །འཇའ་ལུས་གྲུབ་པ་ཆོས་ཀྱི་རྡོ་རྗེ་དང༌། །རིགས་ལྡན་རྣམ་འཕྲུལ་རྒྱལ་བ་དབེན་ས་པ། །གྲུབ་པ་མཆོག་བརྙེས་གསུམ་ལ་གསོལ་འདེབས། །
༈ ན་མཿསྭ་ར་སྭ་སྟྱཻ། རབ་འབྱམས་གསུང་གི་མཛོད་ལ་དབང་བསྒྱུར་པའི། །རབ་མཛེས་འཇོ་སྒེག་གཟུགས་ལྡན་དབྱངས་ཅན་ཞབས། །རབ་ཏུ་གུས་པས་སྤྱི་བོར་ཉེར་བཀོད་ནས། །རབ་སྙན་རྡོ་རྗེའི་གླུ་ནི་ལྷང་ལྷང་ལེན། །མི་ཟད་སྲིད་དང་ཞི་བའི་རབ་འབྱམས་ཆོས། །འཇའ་བྲིས་སྦུག་སྙིང་ལྟ་བུར་རོ་གཅིག་པར། །སོང་བའི་ཐུགས་ཀྱི་ངོ་ན་ཤེས་བྱའི་སྤྲིན། །གཟིགས་བྲལ་མི་ལ་ཁྱོད་གླུ་རྣ་བའི་བཅུད། །སྡུག་དང་མི་སྡུག་རྙེད་དང་མི་རྙེད་སོགས། །བཟང་ངན་དབྱེ་བྲལ་ཏིང་འཛིན་ཚོན་པིར་གྱིས། །ཟབ་གསལ་གཉིས་བྲལ་ལྷ་ཡི་སྐུར་བསྒྱུར་བ། །འཁོར་འདས་བདེ་སྡུག་དབྱེ་བ་མེད་དེ་མཚར། །རྒྱུ་འབྲས་འཇལ་བྱེད་བྱ་བྱེད་ཀུན་བྲལ་བའི། །མཁའ་དཀྱིལ་ལྟ་བུའི་གཤིས་ལ་རྟག་གནས་ཀྱང༌། །རྟོག་པའི་རི་མོ་ཙམ་ལ་བྱ་བྱེད་ཀྱི། །ཆད་པའི་མཐའ་ལ་ལྷུང་མིན་འདི་ཀོ་མཚར། །ཉི་ཟླའི་རྒྱུ་བ་བཅད་ཅིང་སྣང་བ་ཀུན། །ལྷན་སྐྱེས་བདེ་བ་ཆེན་པོའི་ཐུགས་ཀྱི་ངོར། །ལྡོག་ལས་བཞེངས་མིན་རྟེན་དང་བརྟེན་པ་ལྷའི། །ཟུང་འཇུག་སྒྱུ་མའི་རོལ་པ་སྟོན་པ་མཚར། །སྒྱུ་མའི་ལུས་དང་འབྲེལ་བ་མི་ལྡན་ཡང༌། །འཇིག་རྟེན་ཁམས་བརྒྱ་འོད་ཀྱིས་འགེངས་ནུས་པའི། །དཀྱིལ་འཁོར་བདག་པོའི་ཟ་མ་ཏོག་རྙིང་པ། །དོར་དང་མ་དོར་སྒྱུ་འདི་སུ་ཡིས་བྱས། །སྲིད་པའི་ལྷ་འདྲེ་ཟག་བཅས་མཐུ་ལྡན་འགས། །ཁྱོད་ལ་རྒོལ་ནུས་མིན་དེ་ཅི་ཞིག་མཚར། །ཀུན་འཇོམས་ཉོན་མོངས་དགྲ་འདི་སྐད་ཅིག་མར། །བཅོམ་པའི་ཚུལ་ལ་རྒྱལ་བ་རྣམས་ཀྱང་སྐྱེངས། །ཟུང་འཇུག་དབང་གི་བདག་པོར་འཕགས་ཀླུ་དང༌། །རབ་ཏུ་མཚུངས་ཀྱང་ཧ་ཅང་སྙིགས་མའི་དུས། །ཟླ་བའི་ཕྲེང་ལྡན་མདའ་མིག་དུས་ཚོད་ཀྱི། །དཀྱིལ་འཁོར་བདག་པོར་ཕྱིན་པ་ཁྱོད་ཁོ་ན། །སྲིད་པའི་དཔལ་འབྱོར་ཝུ་བ་ལྟར་སྨྲ་བ། །མང་མང་ས་ཡི་རྡུལ་གྱིས་ལངས་མིན་ཡང༌། །སྨྲས་ལྟར་ལག་འདེབས་དཀའ་ཐུབ་ལྷུར་ལེན་པའི། །རྨད་བྱུང་གྲགས་ལྡན་དྲང་སྲོང་ཁྱོད་ཉིད་ཙམ། །སྙིགས་དུས་ཚེ་ཐུང་གཅིག་ལ་སངས་རྒྱས་སར། །བགྲོད་པའི་ལམ་ཡོད་གྲགས་པ་དོན་ལྡན་དུ། །ཆེས་ཆེར་གསལ་བར་སྟོན་པའི་སྤོང་བ་པ། །རིན་ཆེན་ལྟ་བུའི་གདུལ་བྱ་ཁྱོད་ལས་རྟོགས། །དེ་ལྟར་ཕུལ་བྱུང་མཛད་པའི་ག་པུར་ཐིགས། །རྙོག་བྲལ་ཡིད་མཚོར་ལྷུང་དང་ལྷན་ཅིག་ཏུ། །ཡིད་ཆེས་དད་པའི་ཀུ་མུད་ཁ་ཕྱེ་བའི། །སྒྲུབ་པའི་མཛེས་སྡུག་ཉམས་པ་མེད་གྱུར་ཅིག །སྲིད་པའི་དགྲ་གཉེན་སྨྱོན་པའི་ཟློས་གར་མཁན། །འཇིག་རྟེན་བྱ་དགོས་འབབ་ཆུ་དྲག་པོའི་རླབས། །སྲིད་པའི་བདེ་སྡུག་ཁྱད་མེད་མི་གཙང་འདམ། །ཉམ་ངའི་ཚུལ་རྟོགས་ཞེན་ལོག་སྐྱེ་གྱུར་ཅིག །སྲིད་ཞིའི་སྐྱོན་ཡོན་རྟོགས་པའི་ཤེས་རབ་ཀྱིས། །རྣམ་དག་ངེས་འབྱུང་དྲངས་པས་བས་མཐའ་རུ། །ཚེ་གཅིག་སངས་རྒྱས་འགྲུབ་ངེས་ལམ་གྱི་གནད། །ཉམས་སུ་ལེན་དང་མཐའ་རུ་ཕྱིན་གྱུར་ཅིག །དེ་ལྟར་བཞད་པའི་རྡོ་རྗེར་བསྟོད་པའི་གླུ། །མགྲིན་པའི་ལམ་ནས་ལྷོད་ལྷོད་ལེན་པ་པོ། །མདོ་སྔགས་སྨྲ་བ་སྣང་ཤས་ཁོལ་བུ་པ། །དཔའ་བོ་བཞད་པའི་རྡོ་རྗེས་དང་བས་སྨྲས།། །།
༈ ན་མོ་གུ་རུ་ཙ་སྭ་ར་སྭ་སྟྱཻ། ལྷ་དང་མིར་བཅས་སྐྱེ་དགུ་ཐམས་ཅད་དབུས། །མདོ་དང་སྔགས་ཀྱི་སེང་གེའི་ང་རོ་ཡིས། །མཁས་རློམ་རི་དྭགས་ཚོགས་རྣམས་གཞོན་ནུ་ནས། །འཇིགས་མཛད་སྨྲ་བའི་སེང་གེ་ཁྱོད་མིན་སུ། །བློ་གྲོས་སྐད་ཅིག་རེ་རེའི་མེ་ལོང་ལ། །རང་སྤྱི་བདེན་གཉིས་ཤེས་བྱ་ཐམས་ཅད་ཀུན། །མ་འཁྲུལ་མ་འདྲེས་གསལ་བའི་མཁྱེན་རབ་ཀྱིས། །ས་གསུམ་རབ་གསལ་འོད་སྟོང་འཕྲོ་འདི་བསྔགས། །ཁྱོད་ཀྱི་ལེགས་བཤད་བརྒྱད་ལྡན་ལམ་གངྒཱ་.....གསུམ་འབབ། །བློ་གྲོས་རལ་པར་འཛིན་པའི་མགྲིན་.....དབང་ཕྱུག་སྔོན་ཡང༌། །ས་གསུམ་དག་བྱེད་སླད་དུ་ཆེར་བསྟེན་པའི། །དབྱིག་གི་བློ་གྲོས་མ་འདི་སྐལ་བ་བཟང༌། །ཚེ་གཅིག་སངས་རྒྱས་ཚུལ་ལ་ངོ་མཚར་ཅི། །བྱེ་བ་དགུ་བཅུ་རྩ་དྲུག་གྲོང་ཁྱེར་ཅན། །ཤམྦྷ་ལ་རུ་རིགས་ལྡན་འཇམ་གྲགས་ཀྱང༌། །འཛམ་གླིང་མཁས་པའི་གཙུག་རྒྱན་དགེ་ལེགས་དཔལ། །ཟུང་འཇུག་སྒྱུ་མའི་སྐུ་ལ་དབང་འབྱོར་བས། །བརྟན་གཡོ་རབ་འབྱམས་རྡུལ་གྱི་གྲངས་འཛིན་ན། །མཁས་གྲུབ་འགའ་ཙམ་བྱིས་པའི་ངོ་ཙམ་མོད། །དེ་དག་མཛད་པའང་རྨད་བྱུང་དཔག་མི་ནུས། །ཁྱོད་ཀྱིས་མགོན་བྱས་ཐུབ་བསྟན་ནོར་འཛིན་མ། །ལེགས་བཤད་ལྷ་རྫས་གོས་དང་རྒྱན་མང་གིས། །བློ་ལྡན་རྣམ་སད་.....ལྷ། ཀུན་དགའི་དཔལ་རྒྱས་ཤིང༌། །ཕྲག་དོག་སྦྱིན་སྐྱེས་.....ལྷ་མ་ཡིན། སྐྲག་པས་མངལ་ཀུན་ལྷུང༌། །རྒྱུད་སྡེའི་པད་མཚོར་ལོག་རྟོག་རྙོག་སློང་བའི། །རློམ་པའི་ལག་ལྡན་འཁྲུལ་བའི་མྱོས་བུམ་ཀུན། །རིགས་པའི་སྦར་མོས་བཀས་པ་ཀུ་མུད་ཏའི། །ཕོན་པོར་འཁྲུལ་བ་ངེས་སྟེར་ཨ་ཧོ་རྨད། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་མ་ལུས་ཀུན། །གྲུབ་མཐའ་རྣམ་བཞིའི་བང་རིམ་ཆེས་མཛེས་པར། །དྲང་ངེས་ཤིང་རྟས་ཀུན་གསལ་.....ནམ་མཁའ། མར་དྲངས་ཚེ། །སྨྲ་ངན་དྲང་སྲོང་དྲེགས་པའི་རལ་ཀུན་བཅད། །རྨོངས་པས་ཕྲག་དོག་སྔོན་གྱི་ལྷ་.....ལྷ་མ་ཡིན། ཡི་ཚོགས། །མདོ་སྔགས་སུམ་.....ལྷ། རྩེན་ཕུན་ཚོགས་མི་བཟོད་པར། །རྒོལ་བར་ཆས་རྣམས་སྟོང་ཐུན་གནམ་རུའི་.....གཞུ། སྒྲས། །མགོ་བོ་མྱོས་ནས་ཆད་ལྟའི་ས་འོག་ཡིབས། །དངོས་གྲུབ་ནོར་བུས་ཡོངས་གང་རྒྱུད་སྡེ་བཞིའི། །རྒྱ་མཚོ་བཞིར་གནས་རིམ་གཉིས་གདེངས་ཀའི་རྩེར། །རིག་སྔགས་ཕུད་སྒྲས་སྒྲིབ་གཉིས་སྲོག་འཕྲོག་པའི། །མཁས་གྲུབ་ཀླུ་དབང་བྱེ་བའི་གཙུག་ན་མཛེས། །མདོ་སྔགས་ཐེག་གསུམ་རྣམ་བཞག་ཕྲ་ཞིབ་ཀུན། །རང་རང་སྐལ་བ་ཇི་བཞིན་འདོམས་པ་ལ། །ཟླ་མེད་སྐྱབས་མཆོག་ཤཱཀྱའི་རྒྱལ་པོ་དང༌། །མགོན་ཁྱོད་གཙུག་ཏོར་ཙམ་ལས་ཐ་མི་དད། །མཐའ་དྲུག་རྒྱ་ལྡན་རྒྱུད་སྡེའི་ཟ་མ་ཏོག །ལེགས་པར་ཁ་ཕྱེ་སྨིན་བྱེད་ཟབ་མོའི་དབང༌། །གྲོལ་བྱེད་མཚན་བཅས་མཚན་མེད་རིམ་གཉིས་ཀྱི། །རིན་ཆེན་ཆར་གྱིས་མཁའ་ཁྱབ་འཇིག་རྟེན་བཀང༌། །ཕྱི་རུ་འདུལ་འཛིན་ནང་དུ་གསང་སྔགས་ཀྱི། །རབ་འབྱམས་རྟེན་དང་བརྟེན་པའི་འཁོར་ལོ་ཡིས། །ཡིད་ཅན་ཀུན་འདྲེན་གསུམ་ལྡན་རྡོ་རྗེ་འཛིན། །རྡོ་རྗེ་འཆང་གིས་ཡང་ཡང་བསྔགས་པའང་ཁྱོད། །རྒྱལ་བའི་ཡབ་གཅིག་ཕྱོགས་བཅུའི་སངས་རྒྱས་དང༌། །གྲུབ་ཆེན་བརྒྱད་ཅུ་དཔའ་བོ་མཁའ་འགྲོའི་ཚོགས། །ཡི་དམ་ལྷ་རྣམས་ཀུན་གྱིས་བྱིན་བརླབས་པའི། །མདོ་སྔགས་ཡབ་རྗེའི་ལུགས་དེའང་ཁྱོད་ཀྱིས་བསྐྱངས། །འཁོར་ལོ་བདེ་མཆོག་རྡོ་རྗེ་འཇིགས་བྱེད་དང༌། །ཀྱཻ་རྡོར་ཡབ་ཡུམ་ཡེ་ཤེས་མགོན་པོ་དང༌། །ཆོས་རྒྱལ་གསུམ་སོགས་ཡི་དམ་བསྟན་སྲུང་གིས། །མགོན་ཁྱོད་བསྔགས་ཤིང་བསྟོད་པས་གྲགས་སྙན་སྤེལ། །དེ་ལྟར་ལུང་རྟོགས་ཡོན་ཏན་ཁམས་གསུམ་ན། །ཆེ་ལ་མཆོག་གྱུར་སྐྱེ་དགུའི་གཙུག་གི་རྒྱན། །ཟླ་མེད་མཁས་གྲུབ་བསྟོད་པའི་དགེ་བ་ཡིས། །ལུས་ཅན་མ་ལུས་དམ་པས་རྗེས་འཛིན་ཤོག།། །།
༈ བསྟོད་ཚིག་མགྲིན་སྔོན་རལ་པའི་རྒྱན་མཆོག་ཡང༌། །སྒྲ་སྙན་ལུང་རིགས་གོམ་པ་མཁས་རྣམས་ཀྱི། །རལ་པའི་རྩེ་མོར་ངེས་པར་འགོད་མཁས་པ། །མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེ་ཡིས། །འདི་ཡི་མདོ་སྔགས་ཀུན་དང་ཚང་མ་ལ། །རྒྱལ་རྔ་བདུན་སོགས་དགག་སྒྲུབ་རླབས་གཡོ་བའི། །དག་བྱེད་གངྒཱའི་མཆོད་ཡོན་བློའི་རལ་པར། །བྲན་ཚེ་བདུད་རྩིའི་ཐིགས་པ་མཚོ་རུ་བྱས།།
༈ ན་མ་སྭ་ར་སྭ་སྟྱཻ། གཅིག་མིན་ཇི་ལྟ་ཇི་སྙེད་མ་ལུས་ལྷང་ངེར་མཁྱེན་ཡང་ཆོས་ཀྱི་དབྱིངས་སུ་མནལ། །སྒྲ་དང་རྟོག་པའི་སྤྲོས་པ་བྲལ་ཡང་རང་རང་བློ་དང་འཚམ་པའི་གསུང་དབྱངས་ཅན། །ཐམས་ཅད་མཁྱེན་པ་མ་ལུས་འདུས་ཀྱང་བཤེས་གཉེན་དམ་པ་གཅིག་གི་སྐུར་སྟོན་པའི། །རིགས་བརྒྱའི་ཁྱབ་བདག་དཀོན་མཆོག་གསུམ་འདུས་ཆོས་ཚུལ་འཕེལ་མཛད་ཞབས་སེན་གཙུག་ན་མཛེས། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཆེ། །ཐབས་སུ་མཁས་པའི་སྒྱུ་འཕྲུལ་དྲ་བའི་མཛོད། །དག་པ་དོན་དམ་གཟུགས་སྐུའི་འཇོ་སྒེག་གིས། །རྣམ་འདྲེན་དཀྱིལ་འཁོར་ཁྱབ་བདག་ལ་ཕྱག་འཚལ། །མཁས་གྲུབ་གཞན་གྱི་བློ་གྲོས་རྭ་བ་རུ། །ཆུད་མིན་དཀོན་པ་སྙན་བརྒྱུད་མཆོག་གི་ཆོས། །རབ་བསིལ་དྲི་བྲལ་ག་བུར་ཆུ་རྒྱུན་ཅན། །དགོངས་དབྱིངས་མཁའ་དེར་ཡར་འཕེལ་ཟླ་བཞིན་འཛེག །ཤིན་ཕྲ་གཟུགས་ཀྱི་སྐུ་དང་ཟག་མེད་ཐུགས། །དངོས་གཅིག་ཟུང་དུ་འཇུག་པའི་མངལ་ལྡན་མ། །ཉི་གཞོན་སྙིང་པོར་འཆང་བའི་མཚམས་སྤྲིན་དང༌། །རིན་ཆེན་མངལ་དུ་སྦྲུམ་པའི་ཆུ་གཏེར་བཞིན། །གང་ཞིག་བལྟམས་ཚེ་སྐུ་ནི་རབ་གཞོན་ཀྱང༌། །ཐུགས་ནི་རྒྱལ་བའི་མེས་པོར་འོས་པ་ཡིས། །རྒྱལ་བ་ཉིན་བྱེད་གཞོན་ནུའི་འོད་སྟོང་གིས། །བགྲང་ཡས་རྣམ་ཐར་འདབ་བརྒྱ་རྒོད་ལ་བྲེལ། །རིང་ནས་སྲིད་པའི་འབྱོར་བ་ལ་ཁྲོས་པས། །ན་ཚོད་ཕྲ་ཡང་སྲིད་འབྱོར་ལ་མི་ཆགས། །རི་དྭགས་རྒྱལ་པོ་དག་ནི་གཞོན་ན་ཡང༌། །ངན་རྩོག་ཟས་ཀྱིས་འཚོ་བ་མིན་ཞེས་ཐོས། །སྡོམ་གསུམ་རིམ་བཞེས་ངུར་སྨིག་འཛིན་པའི་རྩེར། །རབ་ཕྱིན་སྒོ་གསུམ་ཉེས་པའི་དྲི་མ་དང༌། །འགྲོགས་པ་མིན་གང་ཉེ་བར་འཁོར་འདྲ་ཡང༌། །འཛིན་མས་ཐེག་མིན་གཞན་ཕན་ཁུར་འདིར་ཡོད། །ནམ་ཡང་རྒྱུན་མི་འཆད་པའི་ཐོས་བསམ་རྒྱུན། །ཆེས་ཆེར་བབས་ཀྱང་ཚིམ་མིན་ཆུ་གཏེར་ཆེ། །རིན་ཆེན་འབྱུང་ཡང་གདུག་པར་འགྲོགས་མིན་པ། །རྟག་བརྩོན་གྱེན་འཐོར་མཁའ་ཡི་མཐའ་རུ་གཡོ། །བློ་བཟང་མེས་པོས་ཕབས་པའི་ཆོས་ཚུལ་གྱི། །གངྒཱ་མ་ལུས་འཐུང་བའི་དྲང་སྲོང་ཆེ། །དཀོན་མཆོག་མཚན་ཅན་སླར་སྐྱུགས་མཁྱེན་ཡངས་ཀྱི། །རལ་པར་བཟུང་འདིས་སྙིགས་དུས་དྲི་ཀུན་བཀྲུས། །སངས་རྒྱས་ཀུན་གྱི་གསང་གསུམ་རྒྱ་མཚོ་ཆེ། །ཟུང་འཇུག་སྒྱུ་མའི་གར་དུ་འཁྱིལ་བ་དེའི། །ཞལ་ལུང་སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་ཅན། །ལེགས་བཟུང་རྡོ་རྗེ་ཐེག་པའི་སྲོག་ཏུ་སོན། །སྙན་བརྒྱུད་སྙིང་པོ་ཅན་གྱི་ཉམས་མྱོང་ཁྲིད། །མ་ཐོབ་ཚིག་སྤྱི་ཙམ་ལ་འབྱམས་པ་ཡི། །བཤེས་གཉེན་འགའ་ཡང་སྙན་བརྒྱུད་རྒྱ་མཚོ་འདི། །ཐོས་ཚེ་ཁྲོན་པར་ཉལ་བའི་ཀ་མི་ཐ། །ཤེས་བྱའི་ཕ་མཐའ་ཟོས་པ་ཁྱོད་བློའི་ལྟོར། །འགྲན་པའི་སྤོབས་ལྡན་ཀུན་མཁྱེནའང་མ་མཐོང་བར། །སྐྲག་ལྡན་རྒྱུ་སྐར་གཞོན་ནུ་དེ་དག་གིས། །བཅུ་གཉིས་བདག་པོར་སྐྱབས་བཅས་མཁའ་ལ་སིམ། །ཆགས་དང་བྲལ་ཡང་སྡུག་བསྔལ་བརྒྱས་ནོན་འགྲོར། །ནམ་ཡང་གཏོང་མིན་ཐུགས་རྗེས་དམ་འཁྱུད་པ། །རང་གི་བུ་ལ་བརྩེ་བའི་ཕུག་རོན་བཞིན། །འདི་མཐོང་དད་པའི་བ་སྤུ་མི་གཡོ་སུ། །མཁས་དང་བཙུན་དང་བཟང་པོའི་ཕ་མཐར་ཕྱིན། །ཞི་དང་དེས་དང་དུལ་དང་ཤིན་ཏུ་དུལ། །དམ་པ་རྣམས་ཀྱི་དངོས་པོ་མ་ལུས་པ། །རྒྱལ་བས་ཁྱོད་ཉིད་ཁོ་ནར་བྱིན་པར་ངེས། །སྲིད་སྒྲུབ་སྒྲོ་ལྡན་རྗེས་འགྲོ་རིགས་ཤེས་ཀྱིས། །ཀུན་རྫོབ་བདེན་དངོས་མ་ལུས་འགེམས་པའི་ཆ། །རེག་མིན་འཕྱར་བ་ཙམ་གྱིས་གཅོད་ནུས་པའི། །གྲིབ་མའི་གྲི་གུག་མཆུ་འདིས་ལེགས་པར་ཁུམས། །འཁོར་འདས་རོ་གཅིག་བདེ་ཆེན་ཆོས་སྐུ་ལས། །ཤིན་ཕྲ་ཟླ་འདྲའི་ལོངས་སྐུ་རྒྱལ་བའི་ཁམས། །མཁའ་ཁྱབ་མི་བསྐྱོད་ལ་ཞུགས་རྡོར་སེམས་སུ། །བཞེངས་ཚེ་སྐྱེ་འཆི་བར་དོའི་མུན་ཚོགས་བཅོམ། །ཆོས་ལོངས་སྤྲུལ་སྐུའི་ཉེར་རྒྱུ་རླུང་སེམས་རྒྱུན། །ཆོས་འཁོར་ཡེ་ཤེས་རྡོ་རྗེས་ཀུན་ཟོས་ཚེ། །ཡན་ལག་བདུན་ལྡན་ལོངས་སྐུའི་རྟེན་བརྟེན་པ། །རགས་པའི་ཟ་མ་ཏོག་ཏུ་ལྷམ་མེར་བཞེངས། །མདོ་དང་རྒྱུད་སྡེ་ཀུན་གྱི་སྣོད་དང་རྩེ། །འདུས་པའི་ལམ་གྱིས་རང་ཉིད་གྲུབ་དབང་རྩེར། །གཤེགས་ཏེ་དེ་བཞིན་འདོམས་པའི་རྡོ་རྗེ་འཆང༌། །ཞིང་འདིར་ཕེབས་མིན་རྣམ་འདྲེན་གཞན་གང་ཞིག །སྙིགས་དུས་ཚིག་སྤྱི་ཙམ་གྱི་ཟློས་གར་མཁན། །རྡོ་རྗེ་འཛིན་པ་མང་པོས་འཛིན་མའི་ཁྱོན། །ཁྱབ་ཚེ་རིགས་ཀུན་བདག་པོ་ངུར་སྨྲིག་གི །རྣམ་རོལ་ཁྱོད་མཚན་ཙམ་ཡང་སྲིད་ཞིའི་གསོས། །ཟག་མེད་ཡེ་ཤེས་གང་འདུལ་སྤྲུལ་པ་ཡིས། །མ་ལུས་འགྲོ་རྣམས་དྲངས་འདིས་རྒྱལ་བ་ཀུན། །སྐྱེངས་ནས་མི་མངོན་མཁའ་སྤྱོད་ལ་ཞུགས་ཏེ། །སྲིད་མཐའི་འགྲོ་ལ་བཏང་སྙོམས་མཛད་དམ་སྙམ། །འཕྲིན་ལས་རྣམ་བཞིའི་རྒྱལ་མཚན་ཆེར་ཕྱར་ནས། །ནག་ཕྱོགས་སྡེ་བཅས་ཡེ་ཤེས་མེར་སྦྱངས་ཤིང༌། །མ་བསྒོམས་སངས་རྒྱས་ས་རུ་བསྐྱལ་བ་དང༌། །ཆབས་གཅིག་ལེགས་བྱས་རྣམ་སད་སྒོ་བརྒྱ་ཕྱེ། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །བཤད་དང་སྒྲུབ་པའི་ཆོས་ཀྱི་རྔ་བོ་ཆེ། །རྣམ་དཔྱོད་དབྱུ་གུས་དྲག་ཏུ་བརྡུང་བའི་སྒྲས། །རབ་མཁྲེགས་འཁོར་བ་རྡོ་རྗེའི་མཐའ་ཡང་རལ། །གྲགས་མེད་སྔོན་བྱོན་རྒྱལ་རྣམས་ཐམས་ཅད་མཁྱེན། །ངེས་པར་སྒྲོགས་རྫུན་གཞན་དུ་ཐབས་བཟང་པོས། །ཁྱོད་ལྟར་མི་འདྲེན་བསྐལ་བར་བརྟག་དེ་ཅི། །རྒྱལ་བས་རྣམ་འདྲེན་ཁྱོད་ལ་དགོངས་པར་ངེས། །གྲངས་མེད་མཛད་བཟང་རྒྱུ་སྐར་འཕྲེང་བ་འཕྱང༌། །རྟག་ཏུ་ཕན་པའི་རྣམ་དཀར་ཁོ་ན་འཛག། །ཟུང་འཇུག་དབང་སྔོན་མཛེས་པའི་རི་བོང་ཅན། །ཐུབ་བསྟན་ཀུན་དའི་གཉེན་དེ་ཁྱོད་ལས་སུ། །ཁྱོད་ཀྱི་གསང་གསུམ་འཆི་མེད་ལམ་གྱི་མཐའ། །སྙེགས་འདོད་མཁའ་ལྡིང་རང་སྟོབས་བྲི་བར་ཟད༌། །འོན་ཀྱང་གང་ལ་སྐྱབས་བཅས་དོན་སླད་དུ། །རབ་གུས་བསྟོད་ཚིག་དད་པའི་འཇུག་ངོགས་བསྐྲུན། །སེམས་ནི་རབ་དགའ་རྒྱས་པའི་རྦ་རླབས་ཅན། །ཤེས་དང་རིན་ཆེན་མ་ལུས་འབྱུང་བའི་གནས། །ལེགས་གསུང་འདབ་བརྒྱ་སྙན་ཚིག་བདུད་རྩིའི་རྒྱུན། །སྐལ་ལྡན་ཉེར་འཚོ་བགྱིད་པར་བྱིན་གྱིས་རློབས། །ཡོན་ཏན་ཀུན་གྱི་གཞི་དང་འབྱུང་བའི་གནས། །དེ་ཉིད་བཅུ་ཟུང་བརྟན་མཁས་ཡོན་ཏན་དང༌། །མཚན་ཉིད་བཅུ་ལྡན་བཤེས་གཉེན་མཆོག་ཡིན་པར། །རྟོགས་ནས་ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས། །སྲིད་པའི་བདེ་འབྱོར་གན་བུབ་རེས་མོས་ཅན། །བསྟེན་ན་ཐར་པའི་སྲོག་དེ་འཕྲོག་མཐོང་ནས། །ཚངས་འབྱོར་མེ་འོབས་ལྟར་མཐོང་ངེས་འབྱུང་གིས། །ངེས་ལེགས་འགྲམ་རྩ་ཟིན་པར་བྱིན་གྱིས་རློབས། །རྟག་ཏུ་འགྲོ་ལ་བརྩེ་བའི་བྱམས་སྙིང་རྗེས། །རབ་དྲངས་མི་ལྡོག་ཐེག་ཆེན་སེམས་བསྐྱེད་དང༌། །མིང་བཏགས་ཙམ་ལ་བྱ་བྱེད་ཤེས་པའི་བློས། །ཟབ་རྒྱས་ཕ་མཐར་ཕྱིན་པར་བྱིན་གྱིས་རློབས། །འཇུག་སྒོ་དབང་ལ་ཞུགས་ནས་དམ་ཚིག་སྡོམ། །ལམ་གྱི་སྲོག་ཏུ་ལེགས་རྟོགས་གཞིར་བྱས་ཏེ། །ཐ་མལ་སྐྱེ་འཆི་བར་དོ་སྦྱོང་བྱེད་ལམ། །རིམ་གཉིས་མཐའ་རུ་ཐོན་པར་བྱིན་གྱིས་རློབས། །དེ་བྱས་དགེ་བས་མཁའ་ཁྱབ་ལུས་ཅན་གྱི། །རྣམ་དཀར་སྲོག་གྱུར་སྲད་རྒྱུད་བཤད་སྒྲུབ་རྒྱུན། །བསྐལ་བའི་མཐའི་བར་ཕྱོགས་དང་དུས་ཀུན་ཏུ། །ཆེས་ཆེར་རྒྱས་ཤིང་རྟག་ཏུ་དགེ་བར་ཤོག །ཅེས་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་ཁྱབ་བདག་བླ་མ་དཀོན་མཆོག་མཚན་ཅན་གྱི་ཞལ་སྔ་ནས་ལ་བསྟོད་པ་རིག་འཛིན་གྲུབ་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ཡང༌། དམ་པ་དུ་མའི་ཞབས་རྡུལ་ལ་སྤྱི་བོས་གཏུགས་ཤིང༌། ཁྱད་པར་དམ་པ་དེའི་དྲིན་ལས་གསང་སྔགས་རྡོ་རྗེ་ཐེག་པའི་གནད་ལ་ཕྱོགས་མཐོང་རྙེད་པའི་སྙོམས་ལས་པ། འཇམ་དབྱངས་བཞད་པའི་རྡོ་རྗེས་དང་བའི་སེམས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥ་སྭ་ར་སྭ་སྟྱཻ། ཚོགས་གཉིས་སྨོན་པས་ལེགས་པར་གྲུབ་པའི་མཐུས། །སེམས་བསྐྱེད་དུས་ནས་རྒྱལ་བའི་སྲས་སྟོང་གི །ཐོག་མར་གྱུར་ཅིང་མེ་ཏོག་ཆར་འབེབས་སོགས། །རྒྱལ་དབང་འཁོར་བ་འཇིག་ལ་གསོལ་བ་འདེབས། །རྫོགས་པའི་སངས་རྒྱས་འཁོར་འཇིག་རྣམ་འཕྲུལ་བརྒྱས། །གང་ལ་གང་འདུལ་སྤྲུལ་སྐུའི་ཟློས་གར་ལས། །ལྷ་ཡུལ་དམ་པའི་ཆོས་ཀྱིས་སྣང་མཛད་པའི། །རབ་སྣང་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །ཐུབ་དབང་དུས་ན་ཉན་ཐོས་ཚུལ་བཟུང་ནས། །ཐུབ་བསྟན་རྫོགས་ལྡན་བཞིན་དུ་སྤེལ་མཛད་པའི། །སུམ་རྩེན་འདུལ་མཛད་གནས་བརྟན་བཅུ་དྲུག་གི །མཆོག་གྱུར་སྒྲ་གཅན་འཛིན་ལ་གསོལ་བ་འདེབས། །རྒྱལ་བས་ལུང་བསྟན་ལེགས་བཤད་སེང་གེའི་སྒྲས། །ཐུབ་བསྟན་ལ་སྡང་མ་ཁོལ་བཏུལ་ན་ཡང༌། །བཤད་སྒྲུབ་གཉིས་ཀྱིས་དངོས་གྲུབ་མཆོག་ཐོབ་པ། །ཨཱརྱ་དེ་བའི་ཞབས་ལ་གསོལ་བ་འདེབས། །ཟབ་དོན་ཕྱག་རྒྱ་ཆེན་པོའི་རྟོགས་པ་སོགས། །རིམ་གཉིས་ལམ་གྱི་ཤིང་རྟའི་སྲོལ་ཕྱེ་ཞིང༌། །ཕྲ་མེན་མ་སོགས་སྣ་ཚོགས་གདུལ་བྱ་བཏུལ། །མཁས་གྲུབ་ཨིནྡྲ་བོ་དྷིར་.....ཨིནྡྲ་བྷུ་ཏི་དང་བོ་དྷི་མི་འདྲ། ཨིནྡྲ་བོ་དྷི་ནི་དགེ་སློང་མ་དཔལ་མོའི་མིང་པོ་ཡིན། གསོལ་བ་འདེབས། །བསླབ་གསུམ་ནོར་བུའི་ཚོགས་ཀྱིས་བང་མཛོད་ཁེངས། །འཆད་རྩོད་རྩོམ་པའི་མཁྱེན་རབ་རྦ་རླབས་གཡོ། །མཁས་གྲུབ་ཀླུ་དབང་མང་པོས་རབ་བསྟེན་པ། །མཁྱེན་རབ་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །སྐྱེས་ཐོབ་ཤེས་རབ་མཆོག་ལྡན་སྦྱངས་པས་ཀྱང༌། །མདོ་རྒྱུད་མན་ངག་མང་པོ་ཐུགས་ལ་འཁྲུངས། །སྐད་གཉིས་སྨྲ་དབང་ཀ་བ་དཔལ་བརྩེགས་ཞེས། །མདོ་དང་བསྟན་བཅོས་མང་བསྒྱུར་གསོལ་བ་འདེབས། །མཐོན་པོའི་རིགས་འཁྲུངས་གྲུབ་པའི་བཤེས་གཉེན་བསྟེན། །དངོས་གྲུབ་མཆོག་བརྙེས་རྒྱུད་སྡེའི་དབང་ལུང་ཁྲིད། །སྤེལ་བྱས་ངོ་མཚར་བརྒྱད་སོགས་རྨད་བྱུང་གི །གྲུབ་བརྙེས་མི་ཏྲ་ཛོ་ཀིར་གསོལ་བ་འདེབས། །སྔོན་སྦྱངས་མ་ལ་ཡ་ཡི་ནགས་ཚལ་ལས། །དམ་པའི་དྲི་གསུང་ཆད་མེད་མང་འཕྲོ་ཞིང༌། །འཕགས་ཡུལ་ཤར་ཕྱོགས་མཛེས་པའི་རྒྱན་གཅིག་པུ། །རྒྱལ་སྲས་ཆོས་ཀྱི་དཔལ་འབར་གསོལ་བ་འདེབས། །ཀླུ་སྒྲུབ་རྣམ་འཕྲུལ་གྲགས་ཤིང་རྟོགས་པའི་མཛོད། །གངས་ཅན་མཁས་གྲུབ་མང་པོས་འགེངས་མཛད་པ། །དཔག་དཀའི་རྣམ་པར་ཐར་པའི་མཛོད་བརྙེས་པ། །མཁས་གྲུབ་རྡོ་རྗེ་རྒྱལ་མཚན་གསོལ་བ་འདེབས། །མཐོན་པོའི་རྟོགས་པ་བརྙེས་ཀྱང་འགྲོ་ཕན་ཆེད། །གདུལ་བྱ་རང་རང་བློ་མཐུན་སྣང་བརྙན་ཅན། །སྤྲེའུ་བྱང་ཆུབ་སེམས་དཔའི་ཆ་བྱད་ཀྱིས། །སྣ་ཚོགས་གདུལ་བྱ་བཏུལ་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་ཁོ་བོ་འཕགས་པ་ལྷ། །ཡིན་ཞེས་མཚན་གསོལ་རྟོགས་པ་མཆོག་བརྙེས་ཤིང༌། །རིས་མེད་སྡེ་དགོན་མང་སྤེལ་ཞྭ་སེར་གྱི། །མཛེས་རྒྱན་འཕགས་པ་ལྷ་ལ་གསོལ་བ་འདེབས། །གྲུབ་དབང་ཀུ་ཅོར་རྟོགས་ལྡན་སྲས་སུ་འཁྲུངས། །མཐའ་འཁོབ་འཇང་སོགས་སྣ་ཚོགས་རྫུ་འཕྲུལ་བརྒྱས། །ལེགས་བཏུལ་ཞྭ་སེར་བསྟན་པ་སྤེལ་མཛད་པ། །འཕགས་པ་སངས་རྒྱས་ཞབས་ལ་གསོལ་བ་འདེབས། །བལྟམས་པ་ཙམ་ནས་གསང་སྔགས་སྒྲོགས་པ་དང༌། །རྫུ་འཕྲུལ་ཞབས་རྗེས་སྣ་ཚོགས་ལེགས་བསྟན་ཏེ། །མཐོང་བ་ཙམ་གྱིས་དོན་གཉིས་ལྡན་མཛད་པ། །འཕགས་པའི་མཚན་ཅན་ཞབས་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་རྫུ་འཕྲུལ་གྲགས་སྙན་གྱི། །འབྲུག་སྒྲས་ས་གསུམ་ཁྱབ་པས་བྱང་ཕྱོགས་ཀྱི། །ས་ཡི་ཚངས་པས་ཞབས་ལ་བཏུད་མཛད་པ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །གསང་གསུམ་སྐུ་གསུམ་དབྱིངས་ལ་ལེགས་གནས་ཀྱང༌། །ཡོན་ཏན་བུམ་ནང་མར་མེ་བཞིན་དུ་སྦས། །མཐའ་ཡས་གདུལ་བྱའི་ཚོགས་རྣམས་འདྲེན་མཛད་པ། །རྒྱལ་བ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ཀྱང༌། །བརྒྱད་ཁྲིའི་དུས་ན་བྱམས་མགོན་མདུན་སའི་རྒྱན། །གསེར་བཟང་དྲི་མ་མེད་པར་རབ་གྲགས་པ། །རྒྱལ་སྲས་ཚུལ་བཟུང་ཞབས་ལ་གསོལ་བ་འདེབས། །མ་འོངས་ཤར་ཕྱོགས་མངོན་པར་མཛེས་པའི་རྒྱན། །དེ་བཞིན་གཤེགས་པ་མི་བསྐྱོད་རྒྱལ་པོ་རུ། །མངོན་པར་འཚང་རྒྱ་ལུང་བསྟན་མཆོག་བརྙེས་པ། །ཡང་དག་རྫོགས་སངས་རྒྱས་ལ་གསོལ་བ་འདེབས། །མགོན་ཁྱོད་སྤྲུལ་པའི་ཟློས་གར་ཉིན་བྱེད་ཕྲེང༌། །བགྲང་མི་ནུས་ཀྱང་དམ་པ་སྔ་མ་ཡིས། །དགོས་ངོར་འགའ་བསྒྲགས་བཞིན་དུ་ལེགས་བསྟོད་པས། །མགོན་ཁྱོད་སྲིད་མཐའི་བར་དུ་ཞབས་བརྟན་ཤོག །བླ་མ་མཆོག་གསུམ་ལྷ་སྲུང་ཐུགས་རྗེ་དང༌། །བདག་ཅག་དད་འདུན་རྟེན་འབྲེལ་ནུས་མཐུ་ཡིས། །རྗེ་བཙུན་རྒྱལ་བ་རྒྱ་མཚོའི་སྐུ་ཚེ་དང༌། །རྣམ་དཀར་འཕྲིན་ལས་བརྟན་ཅིང་རྒྱས་གྱུར་ཅིག །ཅེས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཨཱརྱ་དེ་བ་བསམས་བཞིན་མིའི་ཟློས་གར་མཛད་པ་འཕགས་མཆོག་རྒྱལ་བ་རྒྱ་མཚོའི་འཁྲུངས་རབས་ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་སྐྱེས་རབས་བཅུ་དགུ་པ་ལྟར་གྱི་གསོལ་འདེབས་དགོས་ཞེས། རབ་འབྱམས་སྨྲ་བ་བློ་བཟང་དོན་གྲུབ་སོགས་ཀྱིས། ཉིན་མོ་བདེ་ལེགས། མཚལ་སྲང་སུམ་ཅུ་དང་བཅས་ཡང་ཡང་བསྐུལ་བའི་ངོར། རྗེ་དེ་ཉིད་ཀྱི་འཁྲུངས་རབས་གསོལ་འདེབས་ནོར་བུའི་ཕྲེང་མཛེས་སྐལ་བཟང་མགྲིན་རྒྱན་ཅེས་བྱ་བ་འདི་ཡང༌། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་བླ་བྲང་ཡིད་དགའ་ཆོས་འཛིན་དུ་བྲིས་པའོ།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ་སྭ་ར་སྭ་སྟྱཻ། བརྟན་མཁས་སོགས་དང་ཞི་དུལ་ཡོན་ཏན་བཅུ། །དེ་ཉིད་བཅུ་ཟུང་ལྡན་པའི་སོ་ཐར་དང༌། །ཐེག་ཆེན་བཤེས་གཉེན་མདོ་སྔགས་རྒྱ་མཚོ་ཡི། །ཁྱབ་བདག་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཚེ་སྔོན་སྦྱངས་པའི་སྤྲུལ་སྐུའི་ཉིན་བྱེད་ཀྱིས། །བལྟམས་དང་གཞོན་ནུའི་དུས་ནས་མཁྱེན་རབ་ཀྱི། །འོད་སྟོང་འབར་བས་སྐལ་ལྡན་པད་ཚལ་འབུམ། །ངོ་མཚར་བཞད་པར་མཛད་ལ་གསོལ་བ་འདེབས། །ལེགས་པར་སྨིན་བཞིན་མདོ་སྔགས་མ་ལུས་པ། །དམ་པ་མང་བསྟེན་ལུང་དང་རིགས་པ་ཡིས། །ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པས་ཀྱང༌། །འགྲན་བྲལ་མཁས་པའི་ཡང་རྩེར་གསོལ་བ་འདེབས། །རྒྱ་བོད་མཁས་པའི་ལུགས་མང་ལེགས་དཔྱད་ནས། །མ་ཚང་ཁ་འགེངས་རྒྱ་ཆེན་སྙིང་པོ་བསྡུ། །འཁྲུལ་བ་སྤངས་ཏེ་མདོ་རྒྱུད་གནད་ཀྱི་དོན། །ལེགས་རྩོམ་དཔལ་ལྡན་བླ་མར་གསོལ་བ་འདེབས། །སྔོན་སྦྱངས་ཤུགས་ཀྱིས་འདུལ་ཁྲིམས་ཀུན་བསྡམས་པས། །ཚུལ་ཁྲིམས་དྲི་ངད་རྒྱང་གྲགས་བར་ལྡང་ཞིང༌། །ཉེ་བར་འཁོར་དེ་ལྗོངས་འདིར་བྱོན་པ་བཞིན། །བཙུན་པའི་མཐར་ཐུག་བླ་མར་གསོལ་བ་འདེབས། །བདག་པས་གཞན་གཅེས་ཐུགས་སྦྱངས་སེམས་བསྐྱེད་ཀྱིས། །མཁའ་ཁྱབ་འགྲོ་ལ་བརྩེ་བའི་དབང་སོང་བས། །ཕར་ཕྱིན་དྲུག་དང་བསྡུ་བ་རྣམ་པ་བཞི། །མཐོང་ཐོས་དྲན་རེག་དོན་མཛད་གསོལ་བ་འདེབས། །མཉམ་གཞག་ངོ་མཚར་ཆོས་ཀུན་མཁའ་ལྟར་གཟིགས། །རྗེས་ཐོབ་སྒྱུ་མར་རྟོགས་པའི་ཤེས་རབ་གཉིས། །རྒྱུན་ཆད་མེད་པར་དུས་ཀུན་རབ་སྦྱངས་པའི། །ཤེར་ཕྱིན་ཉམས་ལེན་རྨད་བྱུང་གསོལ་བ་འདེབས། །དབང་བཞིའི་སྒོར་ཞུགས་དམ་ཚིག་ལེགས་སྐྱོང་ཞིང༌། །བསྐྱེད་རིམ་སྐུ་གསུམ་ང་རྒྱལ་གསལ་སྣང་གིས། །རང་ཉིད་ལྷར་གཟིགས་ང་རྒྱལ་བརྟན་པོ་བརྙེས། །སྔགས་ཀྱི་རྡོ་རྗེ་འཛིན་མཆོག་གསོལ་བ་འདེབས། །རྩ་འཁོར་དྲུག་དང་དྷཱུ་ཏིར་གནད་བསྣུན་པའི། །དགའ་བཞི་སྟོང་བཞིར་སྦྱོར་བའི་མཉམ་བཞག་དང༌། །རྗེས་ཐོབ་ཆོས་ཀུན་བདེ་སྟོང་ལྷ་ཡི་སྐུར། །འཆར་བའི་རྡོ་རྗེའི་ཐུགས་ལྡན་གསོལ་བ་འདེབས། །དེ་ལྟར་མཛད་པས་དོན་གཉིས་མཐར་ཕྱིན་སླད། །ཡང་ཡང་གསུང་གི་བདུད་རྩིས་རབ་ངོམས་པའི། །མཁས་གྲུབ་དམ་པ་མང་པོས་འཛིན་མའི་ཁྱོན། །འགེངས་མཛད་བསྟན་འགྲོའི་བླ་མར་གསོལ་བ་འདེབས། །མགོན་པོ་ཁྱོད་ཀྱི་ཡོན་ཏན་མ་ལུས་པ། །སྒྲོ་སྐུར་བྲལ་བར་བརྗོད་པར་མི་ནུས་ཀྱང༌། །དད་པས་ཅུང་ཟད་བརྗོད་པས་བདག་ཅག་ཀུན། །ཚེ་རབས་ཀུན་ཏུ་མགོན་ཁྱོད་ལེགས་བསྟེན་ནས། །ཐོས་བསམ་བསྒོམ་པ་མ་ལུས་མཐར་ཕྱིན་ཤོག །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །ཆོས་སྐྱོང་མཐུ་སྟོབས་བདག་ཅག་དད་མོས་ཀྱིས། །ཁྱབ་བདག་མགོན་པོ་བློ་བཟང་ཆོས་ལྡན་ཞབས། །བསྐལ་བརྒྱར་ཞབས་བརྟན་འཕྲིན་ལས་རྒྱས་གྱུར་ཅིག །རྒྱལ་བསྟན་སྤྱི་དང་བློ་བཟང་རྒྱལ་བའི་ཆོས། །ས་གསུམ་ཁྱབ་མཛད་དཔལ་ལྡན་རྡོ་རྗེ་འཆང༌། །ལྷ་མིའི་མཁས་པ་ཡོངས་ཀྱི་གཙུག་རྒྱན་དུ། །འོག་མིན་ཞིང་གཙོ་ལྟ་བུར་ཞབས་བརྟན་ཤོག །ཐུབ་པས་ལུང་བསྟན་བློ་བཟང་གྲགས་པའི་ཆོས། །མདོ་སྔགས་བདག་པོ་གསུམ་ལྡན་རྡོ་རྗེ་འཆང༌། །བསྟན་འགྲོའི་བདེ་སྐྱིད་སྣང་བ་འབར་བཞིན་དུ། །སྣང་མཐའ་མགོན་བཞིན་དུས་ཀུན་ཞབས་བརྟན་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། །ལྷ་དང་སྲུང་མའི་མཐུ་སྟོབས་དམ་ཚིག་དང༌། །བདག་ཅག་བསམ་པ་རྣམ་པར་དག་པའི་མཐུས། །ཇི་ལྟར་སྨོན་པ་བསླུ་མེད་འགྲུབ་གྱུར་ཅིག །ཅེས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྩ་བའི་བླ་མ་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་ཙིནྟ་མ་ཎའི་ཕྲེང་བ་ཞེས་བྱ་བ་འདི་ཡང་སྔོན་རབས་དམ་པའི་བག་ཆགས་ཅན་ལྷག་བསམ་དང་མཁྱེན་རབ་ཕུན་སུམ་ཚོགས་པ་ཆོས་འཁོར་རྒྱལ་མེ་ཏོག་ཐང་གི་མཁན་པོས་གསེར་ཞོ་བདུན་གྱི་སྣ་ཚོགས་རྡོ་རྗེ་དང༌། བཀྲ་ཤིས་ཁ་བཏགས་བཅས་དང༌། འཁོར་ལོ་བཞི་དང་ལྡན་པ་ལུང་དང་རིགས་པའི་དབང་ཕྱུག་ཤེས་རབ་དར་རྒྱས་དང༌། བློ་བཟང་ཉི་མ་གཉིས་ཀྱིས་ཀྱང་ཉིན་བདེ་ཆེ་ལེགས་དང་བཅས་བསྐུལ་ཞིང༌། རང་ལ་དེ་ལྟ་བུའི་འདོད་པ་ཆེན་པོ་ཡོད་པས་རྐྱེན་བྱས། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར་བ་དགེ་བར་གྱུར་ཅིག།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྙིགས་དུས་འཇམ་དབྱངས་བློ་ལྡན་མཁས་བཙུན་བཟང༌། །ཟབ་རྒྱས་མདོ་སྔགས་སྒོ་འབྱེད་ཚེ་གཅིག་ལ། །སངས་རྒྱས་སྟེར་མཛད་རྒྱལ་བ་གཉིས་པ་ཞེས། །གྲགས་པའི་མཚན་གྱིས་འགྲོ་འདྲེན་གསོལ་བ་འདེབས། །བློ་བཟང་རྒྱལ་བའི་མདོ་སྔགས་ཆོས་ལུགས་ཀྱིས། །འཇམ་དཔལ་མངོན་བཞུགས་རི་བོ་དང་ཉེ་བའི། །ཤར་ཕྱོགས་གོང་མའི་རྒྱལ་ཁབ་སྐལ་ལྡན་ཀུན། །དལ་འབྱོར་དོན་ལྡན་མཛད་ལ་གསོལ་བ་འདེབས། །སྐྱེས་དུས་འབྲུག་གྲག་གཞོན་དུས་བསླབ་སྦྱངས་མཁས། །ཕར་ཚད་དབུ་མ་མངོན་འདུལ་ལ་སྦྱངས་པས། །རྒྱན་དྲུག་བཞེད་གཞུང་དོན་ཀུན་ལམ་རིམ་གྱིས། །ལེགས་རྙེད་མཁས་པའི་རྒྱན་གྱུར་གསོལ་བ་འདེབས། །བདེ་གསང་འཇིགས་སོགས་རྒྱུད་སྡེ་རྣམ་པ་བཞིའི། །འཇུག་སྒོ་དབང་དང་མཚན་བཅས་མཚན་མེད་དང༌། །བསྐྱེད་རྫོགས་ཉམས་ཁྲིད་རིགས་བརྒྱའི་ཁྱབ་བདག་ལས། །ངེས་རྙེད་རྡོ་རྗེའི་སློབ་དཔོན་གསོལ་བ་འདེབས། །མདོ་སྔགས་གངས་ཅན་འགྱུར་རོའི་གདམས་པ་ཀུན། །རྙེད་ཚེ་དོན་མེད་བྱ་བ་ཀུན་སྤངས་ཏེ། །ལམ་རིམ་ཁྲིད་ཆེན་བརྒྱད་སོགས་ལ་སྦྱངས་པའི། །མ་ནོར་གདམས་པས་ཚིམ་མཛད་གསོལ་བ་འདེབས། །དེ་ལྟར་བསྟོད་པས་འགྲོ་བ་མ་ལུས་ཀུན། །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྔགས་ཀྱི་ལམ། །ཐོས་བསམ་སྒོམ་དང་ལེགས་པར་སྨོན་པའི་མཐུས། །སེང་གེའི་ང་རོའི་འཁོར་དུ་སྐྱེ་བར་ཤོག །རྨད་བྱུང་སྲས་བཅས་སོགས་བྱ། ཞེས་འདི་རྒྱུད་ཀྱི་བླ་མ་ཁྱུང་ཚ་བས། །ནན་གྱིས་བསྐུལ་ངོ་མ་ཆོག་མང་ཐོས་པ། །འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པ་དགེ །
༈ ན་མ་སྭ་ར་སྭ་སྟྱཻ། ངག་གི་དབང་ཕྱུག་བློ་བཟང་རྒྱལ་བའི་ལུགས། །ལེགས་བཤད་ཆོས་ཀྱིས་ས་སྟེང་སྐལ་ལྡན་རྣམས། །ཚིམ་མཛད་ཁྱབ་བདག་དཀྱིལ་འཁོར་རྒྱ་མཚོའི་མགོན། །རྡོ་རྗེ་འཆང་སྤྲུལ་བླ་མར་གསོལ་བ་འདེབས། །མགོན་ཁྱོད་བསྟན་འགྲོའི་བདེ་སྐྱིད་སྤེལ་སླད་དུ། །སྤྲུལ་སྐུའི་ཉིན་བྱེད་ཐུབ་བསྟན་གླིང་བཞིའི་མགོན། །འཕྲིན་ལས་འོད་སྣང་རྒྱ་མཚོའི་སྟེང་ཁྱབ་པས། །ཐོས་བསམ་སྒོམ་པའི་པད་ཚལ་རྒྱས་པར་ཤོག །ཚེ་རབས་ཀུན་ཏུ་མགོན་དེས་རྗེས་འཛིན་ཅིང༌། །ལེགས་བཤད་བདུད་རྩི་ཡོངས་ལ་སྤེལ་ནུས་པར། །བླ་མ་མཆོག་གསུམ་ཡི་དམ་སྲུང་མ་ཡིས། །བསམ་བཞིན་འགྲུབ་པའི་འཕྲིན་ལས་གཡུར་ཟ་ཤོག །ཅེས་པའང་བློ་བཟང་ཉི་མས་བསྐུལ་ཞིང་རང་གི་དད་པས་ཀྱང་དྲངས་ཏེ། མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས། །
༈ རྣམ་འདྲེན་དབང་པོ་འཕྲིན་ལས་ལྷུན་གྲུབ་ཞབས། །མདོ་རྒྱུད་གཏེར་ཆེན་པཎ་ཆེན་བཀའ་འགྱུར་པ། །འཇམ་དཔལ་དབྱངས་དངོས་བློ་བཟང་ཆོས་ལྡན་ཞབས། །ཐུབ་བསྟན་རྒྱས་མཛད་གསུམ་ལ་གསོལ་བ་འདེབས། །ངག་དབང་བློ་བཟང་རྒྱ་མཚོ་ནས་བརྒྱུད་པའི། །ཟབ་རྒྱས་ཆོས་ཀྱི་བཀའ་མདུད་ལེགས་བཀྲོལ་ནས། །བརྩོན་འགྲུས་དྲག་པོས་གཞན་ལ་འདོམས་མཛད་པའི། །མཚན་ཉིད་ལྡན་པའི་བཤེས་ལ་གསོལ་བ་འདེབས། །ཞེས་པའང་རྗེ་ཉིད་ཀྱིས་གསུངས་སོ།། །།
ཨོཾ་སྭ་སྟི་སིདྡྷིརསྟུ། ཐུབ་དབང་བཤད་པས་དོན་གཉིས་ལེགས་གྲུབ་ཅིང༌། །སྐལ་ལྡན་གདུལ་བྱའི་རྒྱ་མཚོ་སྤེལ་མཛད་པའི། །མང་ཐོས་རི་བོང་འཛིན་པའི་ཆ་གང་བ། །བཤེས་གཉེན་གཉིས་སྐྱེས་མགོན་པོར་གསོལ་བ་འདེབས། །མི་འཁྲུགས་རྒྱལ་པོའི་གཟུངས་དང་འཇམ་དཔལ་མཚན། །བརྗོད་སོགས་འདི་ལྟར་བསྒྲུབ་པའི་དགེ་ཚོགས་ཀྱིས། །རྒྱལ་སྲས་ཆེན་པོ་དོན་གྲུབ་རྒྱ་མཚོ་ཡི། །སྐུ་ཡི་སྐྱེ་བ་ཉི་མ་ལྟར་གསལ་ཤོག །བླ་མ་ཡི་དམ་ཆོས་སྐྱོང་ཐུགས་རྗེ་དང༌། །བདག་ཅག་དད་མོས་རྣམ་དཀར་དགེ་ཚོགས་ཀྱིས། །ལམ་གྱི་སྒྲིབ་སྦྱངས་གཟུངས་བཞིའི་ཐུགས་གསལ་ཞིང༌། །དོན་གཉིས་གྲུབ་པའི་སྐྱེས་རབས་ཆེས་གསལ་ཤོག །ཅེས་འདི་རྒྱལ་བའི་གསུང་རབ་བཅུ་གཉིས་བདག །འཇམ་དབྱངས་བླ་མ་དོན་གྲུབ་རྒྱ་མཚོ་ཡི། །སྤྲུལ་སྐུ་མྱུར་འབྱོན་བདེན་ཚིག་གླུ་ཞེས་པ། །འཇམ་དབྱངས་བཞད་པས་དད་པ་ཁོ་ནས་སྦྱར། །
༈ ན་མཿསྭ་ར་སྭ་སྟྱཻ། མདོ་སྔགས་གནས་ཀུན་བློ་གྲོས་གོམ་གྱིས་གཞལ། །མཁས་བཙུན་བཟང་འཛོམ་ཐུབ་བསྟན་ཟབ་བཅུད་ཆོས། །ཇི་བཞིན་སྐལ་ལྡན་སྨིན་གྲོལ་གྲགས་སྙན་གྱིས། །ས་གསུམ་ཁྱབ་མཛད་བླ་མར་གསོལ་བ་འདེབས། །ངེས་འབྱུང་བློས་དྲངས་རབ་བྱུང་བསྙེན་རྫོགས་ཏེ། །ཞི་དུལ་བརྟན་མཁས་བདུད་རྩིའི་བུམ་བཟང་དང༌། །མཁན་སློབ་ལ་འོས་ཆོས་ཀྱིས་ཆེས་མཐོ་བས། །ཉེ་བར་འཁོར་ལྟར་གྲགས་ལ་གསོལ་བ་འདེབས། །རྒྱལ་སྲས་ཉི་ཐང་བ་དང་གཞུང་ལུགས་བརྒྱ། །སྨྲ་མཁས་བྲག་སྒོ་སོགས་བསྟེན་མདོ་སྔགས་ཆོས། །ལམ་གྱི་རིམ་པར་འཕགས་ཡུལ་མ་ཁོལ་དང༌། །སྐུ་ལུས་ཙམ་ལས་དབྱེར་མེད་གསོལ་བ་འདེབས། །རང་དོན་བློ་ཡི་འཁྲི་བ་ཀུན་བཅད་ཅིང༌། །ལྷག་བསམ་བཟང་པོས་བདག་གཞན་བརྗེ་ནུས་པའི། །རྒྱ་ཆེན་ཆོས་དང་ཟབ་མོར་གྲགས་ལྡན་གྱིས། །རིས་མེད་གདུལ་བྱ་བསྐྱངས་ལ་གསོལ་བ་འདེབས། །བཀའ་ཆེན་བཅུ་དང་དབུ་མ་རིགས་ཚོགས་སོགས། །ཐུགས་བཤད་མཛད་ཅིང་ཁྱད་པར་ལམ་རིམ་ཚར། །བཅོ་བརྒྱད་དབུས་དང་ཁམས་དང་ལྷོ་བྲག་ཏུ། །ཐུགས་ནས་འཆད་ལ་ཟླ་མེད་གསོལ་བ་འདེབས། །རྒྱ་ཆེན་གཞུང་བརྒྱ་མཁྱེན་པའི་རལ་བ་གསིག །སྒྲུབ་པའི་མཆེ་བ་སུན་འབྱིན་སྡེར་ཕྲེང་གཡོ། །རྩོད་ངག་སེང་གེའི་ང་རོས་ཕས་རྒོལ་གྱི། །རི་དྭགས་མ་ལུས་འཇིགས་ལ་གསོལ་བ་འདེབས། །མཁས་འདོད་རྒྱུ་སྐར་ནུབ་ཀྱང་མཁྱེན་རབ་ཀྱི། །འོད་སྟོང་འབར་བས་ཆོས་འབྱུང་ཊཱིཀྐ་སོགས། །རྩོམ་པའི་འདབ་བརྒྱ་ཕྱེ་བས་བློ་ལྡན་གྱི། །རྐང་དྲུག་དགའ་བའི་གཏེར་ལ་གསོལ་བ་འདེབས། །བཅུ་ཕྲག་བདུན་དུ་བཤད་སྒྲུབ་རྔ་ཆེན་བསྒྲགས། །ཐུབ་བསྟན་ལེགས་བསྐྱངས་སློབ་མས་འཛིན་མ་ཁྱབ། །གཞན་ཕན་གྲུབ་ནས་བསམ་བཞིན་ཐུབ་པ་ལྟར། །མྱ་ངན་འདའ་བར་མཛད་ལ་གསོལ་བ་འདེབས། །མགོན་ཁྱོད་བསྟོད་པའི་ཚོགས་གཉིས་ཆུ་གཏེར་མཐུས། །ཐེག་ཆེན་འཁོར་ལོ་བཞི་ལྡན་རྟེན་བརྒྱུད་དེ། །རྒྱལ་སྲས་ཀུན་བཟང་སྤྱོད་པའི་གྲུ་ཆེན་གྱིས། །ལུས་ཅན་སྐུ་གསུམ་རིན་ཆེན་གླིང་བགྲོད་ཤོག །ཚུལ་འདིར་འབད་སོགས་མཐོང་ཐོས་བསམ་པ་རྣམས། །རྒྱལ་བ་སྲས་བཅས་མཛད་པ་མ་ལུས་པ། །སྤྱོད་དེ་ངེས་གསང་ཐེག་པས་མཐའ་ཡས་འགྲོ། །སྐུ་བཞིའི་ཕོ་བྲང་མཆོག་ལ་འགོད་གྱུར་ཅིག །བསླུ་མེད་བླ་མ་མཆོག་གསུམ་ཐུགས་རྗེ་དང༌། །རྟེན་འབྱུང་བསླུ་བ་བྲལ་བའི་ནུས་པ་དང༌། །བདག་ཅག་དད་མོས་ལྷག་བསམ་མི་དམན་མཐུས། །ཇི་སྐད་སྨོན་བཞིན་འབྲས་བུ་ཐོབ་པར་ཤོག །ཅེས་ལུང་རིགས་སྨྲ་བའི་དབང་པོ། འདུལ་བ་དང༌། མ་མོ་དང༌། མདོ་སྡེ་འཛིན་པ་ཆེན་པོ་སློབ་དཔོན་རིན་པོ་ཆེ་ལི་ཐང་མཁན་ཆེན་བློ་བཟང་ཆོས་གྲགས་ཀྱི་ཞལ་སྔ་ནས་ལ་བསྟོད་པ་ཚོགས་གཉིས་ཆུ་གཏེར་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་དུ་མས་བསྐུལ་བ་དང༌། རང་ཉིད་ཀྱང་བཀའ་དྲིན་དྲན་པའི་ཆེད་དུ་བྱི་བ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་གི་ཉིན་ྋཤཱཀྱའི་དགེ་སློང་མང་ཐོས་མཉྫུ་གྷོ་ཥ་ཧ་ས་བཛྲ་གྱིས་སུག་བྲིས་སུ་བགྱིས་པ་འདིས་ཀྱང་དུས་ཀུན་ཏུ་བླ་མ་དམ་པ་རྣམས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཙ་སྭ་ར་སྭ་སྟྱཻ། ཟླ་མེད་སྟོན་པ་རྣམ་སད་མཆོད་ཡོན་རྒྱུན། །ཟབ་རྒྱས་རླབས་ཀྱི་ཕྲེང་ལྡན་ས་གསུམ་དུ། །དྲངས་པའི་མཁྱེན་ཀླུང་རལ་པ་གངྒཱའི་བཅུད། །འདྲེན་མཁས་བླ་མ་སྐལ་ལྡན་ཤིང་རྟར་འདུད། །འཇམ་དབྱངས་ཞལ་བཅུད་མདོ་སྔགས་བདུད་རྩིའི་མཚོར། །མཐའ་དྲུག་དྲང་ངེས་ལྷ་ཡི་འདབ་བརྒྱའི་ཚོགས། །རྣམ་དཔྱོད་རྐེད་ཕྲའི་ཆང་གིས་རབ་བཞད་པའི། །རྡོ་རྗེ་འཛིན་པའི་དེད་དཔོན་གསོལ་བ་འདེབས། །བཤེས་གཉེན་འཇམ་དབྱངས་ལྟ་བུ་རབ་བསྟེན་ནས། །ཐུབ་པའི་སྡེ་སྣོད་གསུམ་དང་དེའི་དགོངས་འགྲེལ། །དབུ་ཚད་འདུལ་མངོན་ཕར་ཕྱིན་ཀུན་གྱི་དོན། །བཞད་པའི་མང་ཐོས་མགོན་ལ་གསོལ་བ་འདེབས། །དམ་པའི་ཞབས་བསྟེན་བཀའ་དང་བསྟན་བཅོས་སོགས། །རྒྱ་བོད་གཞུང་ལ་རིགས་པ་བརྒྱ་ཕྲག་གིས། །སོ་སོར་དཔྱད་པའི་འཁྲུལ་མེད་བདུད་རྩིའི་རོས། །ཚིམ་མཛད་བཤེས་གཉེན་མཁས་པར་གསོལ་བ་འདེབས། །ཚིག་སྤྱིའི་རི་དྭགས་སྙེགས་མིན་རྣམ་དཔྱོད་ཀྱི། །ཧ་ནུ་མན་ཐའི་སྤྲེའུ་འཕྲུལ་བསྟེན་ལེགས་བསྒོམ་པས། །དངོས་འཛིན་འབོད་གྲོགས་ཕྲ་རགས་མང་འཆར་མགོ །མཐའ་བྲལ་རལ་གྲིས་བཅད་ལ་གསོལ་བ་འདེབས། །ཤིང་རྟ་ཆེན་པོའི་གཞུང་བཞིན་སེམས་བསྐྱེད་ཅིང༌། །བྱམས་མགོན་ས་སྡེའི་གཞུང་བཞིན་ཕྱིན་དྲུག་སྦྱངས། །བསྡུ་བཞིས་རང་དང་གཞན་དོན་ལྷུར་བླངས་པའི། །གཞན་ཕན་རྒྱ་མཚོའི་བཤེས་ལ་གསོལ་བ་འདེབས། །རྣམ་དག་དབང་གིས་ལེགས་སྨིན་སྐུ་བཞིའི་སྒོར། །དམ་ཚིག་སྡོམ་པའི་རྒྱན་ལྡན་དཔྱད་འཇོག་ངོར། །ང་རྒྱལ་གསལ་སྣང་སྐུ་གསུམ་ལྷ་བརྒྱའི་ཚོགས། །སྤྲོ་བསྡུས་སྣོད་བཅུད་སྦྱངས་ལ་གསོལ་བ་འདེབས། །གཞི་ཡི་སྐུ་གསུམ་རིམ་ལྔའི་རས་རིས་ལ། །ལམ་གྱི་སྐུ་གསུམ་རིམ་ལྔའི་ཚོན་སྤྲས་པས། །འབྲས་བུ་སྐུ་གཉིས་སྐུ་གསུམ་བཞི་དང་ལྔའི། །ཞི་ཁྲོའི་གར་བརྒྱ་མངོན་གྱུར་གསོལ་བ་འདེབས། །བཟླས་བསྒོམ་རིན་ཆེན་ཀ་བ་འབུམ་ལྡན་པའི། །རབ་གནས་སྦྱིན་སྲེག་གཏོར་མ་འཁོར་ལོ་སོགས། །ལས་ཀྱི་རྒྱལ་མཆོག་ནམ་མཁའ་མཛོད་ཀྱི་སྒོ། །འབུམ་ཕྱེ་རྫོགས་ལྡན་དགའ་སྟོན་གསོལ་བ་འདེབས། །གསང་བདེའི་རིམ་ལྔ་སྦྱོར་དྲུག་རྣལ་འབྱོར་བཞི། །ནཱ་རོ་ནི་གུའི་ཆོས་དྲུག་འཕོ་ཁྲིད་དང༌། །བྱིན་རླབས་བཞི་ལྡན་སྙན་བརྒྱུད་རྫོགས་རིམ་ལ། །ལེགས་སྦྱངས་རྒྱུན་དུ་གོམས་ལ་གསོལ་བ་འདེབས། །སྨིན་བྱེད་དབང་དང་ཁྲིད་དང་བཤད་པའི་བཀས། །རང་རང་སྐལ་བ་བཞིན་དུ་སྐལ་ལྡན་རྣམས། །བཤད་སྒྲུབ་སྨིན་གྲོལ་ལམ་ལ་ལེགས་བཀོད་དེ། །དལ་འབྱོར་དོན་ལྡན་མཛད་ལ་གསོལ་བ་འདེབས། །བླ་མ་ལྷར་བཅས་རྣམས་ཀྱི་བྱིན་རླབས་དང༌། །བསྟན་སྲུང་མཐུ་སྟོབས་བདག་ཅག་དད་མོས་མཐུས། །འགྲོ་བའི་ལམ་སྟོན་དགེ་བའི་བཤེས་གཉེན་ཆེ། །ཚེ་དཔག་མེད་བཞིན་བསྐལ་བརྒྱར་ཞབས་བརྟན་ཤོག །ཐུབ་པའི་དབང་པོའི་སྨོན་ལམ་ཐུགས་རྗེ་དང༌། །རྒྱལ་བ་སྲས་བཅས་སྤྱི་དང་དམ་པའི་ཚོགས། །གོང་མ་རྣམས་ཀྱིས་བཞེད་བཞིན་མདོ་སྔགས་ཀྱི། །བཤད་སྒྲུབ་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །ཚུལ་འདི་སྒྲུབ་སོགས་བསྟན་པའི་སྦྱིན་བདག་རྣམས། །སྟོབས་འབྱོར་རིགས་བརྒྱུད་ཐང་གི་རྒྱལ་རབས་བཞིན། །འཕེལ་རྒྱས་ཐུབ་བསྟན་བླ་ནས་བླར་མཆོད་ཅིང༌། །ཕན་བདེའི་རྒྱ་མཚོར་རྟག་ཏུ་སྤྱོད་གྱུར་ཅིག །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནུས་པའི་མཐུས། །ཇི་ལྟར་སྨོན་བཞིན་ལྷུན་གྱིས་གྲུབ་པ་དང༌། །བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ཅེས་གསོལ་འདེབས་ཀེ་ཏ་ཀའི་ཕྲེང་མཛེས་ཞེས་བྱ་བ་འདི་ནི་རིགས་རུས་སྤྱོད་པ་སོགས་ཕུན་སུམ་ཚོགས་པ་དུ་མའི་རིགས་སུ་གྱུར་པ་གྲོ་ཚང་ནང་སོ་ཚེ་དཔལ་ནོར་བུ་དབང་རྒྱལ་གྱིས་ཉིན་བདེ་དངུལ་གྱི་མཎྜལ་གསེར་ཞོ་དང་བཅས་ཡང་ཡང་བསྐུལ་བའི་ངོ་མ་ལྕོགས་ནས་ཤིང་བྱ་ཟླ་ཚེས་ལ་བྲིས་པ་ཀུན་ལ་དགེ་བར་གྱུར་ཅིག།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་སྲས་བཅས་ཇོ་བོ་ཡབ་སྲས་དང༌། །རྒྱལ་བ་གཉིས་པ་ཡབ་སྲས་ལ་སོགས་པའི། །རྩ་བརྒྱུད་བླ་མ་ཡི་དམ་སྲུང་མའི་མཐུས། །ལེགས་སྨོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ། །རྒྱལ་བ་གཉིས་པའི་བསྟན་པ་ཕྱོགས་ཀུན་ཏུ། །དར་རྒྱས་ལེགས་བཤད་འོད་སྣང་འབྱིན་མཛད་པའི། །དམ་པ་ཀུན་དང་ཁྱབ་བདག་དགེ་བའི་བཤེས། །འཇམ་དབྱངས་བཞད་པའི་རྡོར་རྗེར་གསོལ་བ་འདེབས། །ངག་གི་དབང་ཕྱུག་འཇམ་དབྱངས་མི་ཡི་གར། །བློ་བཟང་ལུང་རྟོགས་རྒྱལ་མཚན་ཆེས་མཐོ་ཞིང༌། །བརྩོན་འགྲུས་རིམ་གཉིས་དེ་ཉིད་བཅུ་སོགས་ཀྱི། །བློ་གྲོས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །མགོན་ཁྱོད་ཐུབ་བསྟན་སྤྱི་དང་ཙོང་ཁ་པའི། །རིང་ལུགས་བསྟན་པ་ཕྱོགས་བཅུར་འཕེལ་རྒྱས་ཕྱིར། །འོག་མིན་ལོངས་སྤྱོད་རྫོགས་པའི་སྐུ་བཞིན་དུ། །གཡོ་མེད་རྡོ་རྗེའི་རང་བཞིན་ཞབས་བརྟན་ཤོག །ལྷ་དང་བླ་མ་སྲུང་མའི་མཐུ་སྟོབས་དང༌། །རྟེན་འབྲེལ་ནུས་མཐུ་བདག་ཅག་དད་མོས་ཀྱིས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང༌། །བདག་ཅག་བསམ་དོན་ཆོས་བཞིན་འགྲུབ་གྱུར་ཅིག །གནས་སྐབས་སྦྱིན་བདག་སྐྱེས་དགུ་ཀུན་བདེ་ཞིང༌། །ཐོས་བསམ་སྒོམ་དང་ཆོས་སྤྱོད་བཅུར་སྤྱད་དེ། །ཕྱིན་དྲུག་ལམ་གྱིས་རང་གཞན་དོན་གྲུབ་སྟེ། །འགྲོ་ཀུན་བླ་མེད་བྱང་ཆུབ་ལ་འགོད་ཤོག །མཐུ་སྟོབས་རྨད་བྱུང་དཀོན་མཆོག་བྱིན་རླབས་དང༌། །ཡི་དམ་ལྷ་ཚོགས་ཐུགས་རྗེ་ཆོས་སྲུང་མཐུས། །ཇི་ལྟར་སྨོན་བཞིན་སྐྱེ་དགུ་མཐའ་དག་གི །དོན་གཉིས་ལེགས་པར་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་གསོལ་འདེབས་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་འདི་ཡང༌། བྱང་ཕྱོགས་ཆོས་བཞིན་སྐྱོང་བའི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་བརྒྱུད་སའི་ཚངས་པ་བཀྲ་ཤིས་དོན་གྲུབ་ཀྱི་ཏི་ཤྲཱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཛམྦྷ་ལས་འདི་ལྟ་བུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་ངོར། སྲོང་བཙན་སྒྲུབ་གནས་ཕ་བོང་ཁར། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག།། །།
༈ བླ་མ་མཆོག་གསུམ་རྒྱལ་བ་སྲས་བཅས་ལ། །རྩེ་གཅིག་མོས་པས་དུས་ཀུན་བདག་ཕྱག་འཚལ། །ཚེ་རབས་མོས་བསྟེན་འཇམ་མགོན་ལྷ་ཚོགས་ལ། །གུས་པས་གསོལ་འདེབས་དངོས་གྲུབ་མ་ལུས་སྩོལ། །གསེར་སྦྱངས་ལྷུན་པོ་བཞིན་དུ་བརྗིད་པའི་སྐུ། །འགྲོ་བློར་གང་འཚམ་མཁའ་ཁྱབ་གསུང་དབྱངས་ཅན། །ཆོས་ཀུན་མཁྱེན་ཀྱང་གཉིས་སྣང་ཞི་བའི་ཐུགས། །རྣམ་འདྲེན་ཤཱཀྱ་སེང་གེར་གསོལ་བ་འདེབས། །རྒྱལ་སྲས་ཆེན་པོ་དྲི་མེད་གྲགས་པའི་ཞབས། །འཇམ་དབྱངས་བཀའ་སྒྲུབ་པཎ་ཆེན་སངས་རྒྱས་བསྐྱངས། །རིགས་པའི་ཉི་མ་ཕྱོགས་གླང་སྙིང་རྗེའི་གཏེར། །སྨྲ་བའི་དབང་ཕྱུག་གསུམ་ལ༌྾། །རྟེན་འབྱུང་མཆོག་རྟོགས་ཟླ་བ་གྲགས་པ་དང༌། །འཇམ་དབྱངས་མངོན་གྱུར་པཎ་ཆེན་ཛེ་ཏཱ་རི། །རྒྱལ་སྲས་ཆེན་པོ་རིན་ཆེན་གསལ་བའི་ཞབས། །མཁས་གྲུབ་ཆེན་པོ་གསུམ་ལ༌྾། །འཇམ་དབྱངས་ཚེ་རབས་འབྲེལ་བའི་དབུ་མ་པ། །ཡབ་སྲས་གསང་བའི་མཛོད་འཛིན་ཞྭ་ལུ་པ། །རྒྱུད་ཟུང་འབྲེལ་བའི་ཆོས་མཛོད་བརྩོན་འགྲུས་འཕགས། །གདམས་པའི་འབྱུང་གནས་གསུམ་ལ྾། །དང་པོའི་སངས་རྒྱས་རྡོ་རྗེ་འཆང་བསྟེན་ནས། །ཟབ་དོན་སྙན་བརྒྱུད་ནོར་བུ་བཞིན་དཀོན་ཆོས། །མཆོག་ཏུ་སྤེལ་མཛད་དཀྱིལ་འཁོར་རྒྱ་མཚོའི་བདག །ཐུབ་བསྟན་སྲོག་ཤིང་འཛིན་ལ྾། །ཡབ་གཅིག་འཇམ་དབྱངས་གྲུབ་བརྙེས་དེ་དག་གི །ལེགས་བཤད་ཉི་མས་ཐུབ་བསྟན་བཅུ་གཉིས་གླིང༌། །གསལ་བར་རྒྱལ་བ་སྲས་བཅས་དགྱེས་བཞད་ཅན། །རྡོ་རྗེ་འཛིན་པའི་ཞབས་ལ྾། མཆོག་གསུམ་མཁས་གྲུབ་དེ་དག་ཐམས་ཅད་ལ། །རྩེ་གཅིག་མོས་པས་མཐོང་ཐོས་དྲན་རེག་གིས། །སྐྱེ་དགུ་འདྲེན་ལ་ཉེ་བའི་སྲས་བརྒྱད་དང༌། །རྒྱལ་རྣམས་འདུས་བཞིན་མྱུར་དུ་འགྲུབ་གྱུར་ཅིག །མཐོ་དམན་འགྲོ་བ་གང་དུ་སྐྱེས་གྱུར་ཀྱང༌། །རྒྱལ་བ་སྲས་བཅས་བྱིན་རླབས་མཐུ་སྟོབས་དང༌། །ལྷག་བསམ་མཁའ་བཞིན་ཁྱབ་པའི་བདེན་སྟོབས་ཀྱིས། །རེ་བཅས་འགྲོ་རྣམས་སྒྲོལ་བའི་མཆོག་གྱུར་ཅིག། །དུས་གསུམ་བསགས་པའི་རང་གཞན་དགེ་ཚོགས་མཐུས། །གར་གནས་ཕྱོགས་དེར་བཤད་སྒྲུབ་བཀྲ་ཤིས་རྒྱས། །དགེ་མཚན་དཀར་བར་གདུལ་བྱས་རྟག་སྤྱོད་དེ། །མྱུར་དུ་སྟོབས་བཅུ་མངའ་བ་ཐོབ་གྱུར་ཅིག །སྐྱེ་བ་ཀུན་ཏུ་རང་གི་འདུན་མོས་བཞིན། །བླ་མ་ཡི་དམ་རྒྱུན་དུ་གཙུག་བསྟེན་ཏེ། །བསྟན་འགྲོའི་དོན་དང་བཤད་སྒྲུབ་ལེགས་བསྒྲུབ་ཅིང༌། །རྒྱལ་བ་གཉིས་པ་ཡབ་སྲས་ལྟར་གྱུར་ཅིག །གསོལ་འདེབས་དབང་གི་རྒྱལ་པོའི་ཕྲེང་མཛེས་འདི། །དགོས་ཞེས་བདེ་ཐང་སྤྲུལ་སྐུའི་བཀའ་ནན་གྱིས། །ཁྱད་འཕགས་རིན་ཆེན་ཚོགས་བཅས་ནན་བསྐུལ་ངོར། །རྔ་ལ་དབྱུ་གུས་བསྐུལ་བཞིན་དབང་མེད་སྨྲས། །འགལ་འཁྲུལ་བླ་མ་ཡི་དམ་མཆོག་གསུམ་ལ། །སྙིང་ནས་བཤགས་སོ་དགེ་བའི་ཀུན་བདེ་ཤོག།། །།
༈ བླ་མ་མཆོག་གསུམ་རྒྱལ་བ་སྲས་བཅས་དང༌། །ཁྱད་པར་སྟོན་པ་མཉམ་མེད་བྱམས་འཇམ་དབྱངས། །འཕགས་པ་ཡབ་སྲས་ཇོ་བོ་ཡབ་སྲས་དང༌། །རྒྱལ་བ་གཉིས་པ་སྲས་བཅས་ལ་ཕྱག་འཚལ། །སྔོན་སྦྱངས་འཇམ་དབྱངས་བསྙེན་པའི་ཤར་རིའི་རྩེར། །ལེགས་སྨོན་ཐུགས་རྗེའི་འོད་སྲུང་བུས་དྲངས་པའི། །རིག་གནས་རིན་ཆེན་ཀུན་སྦྱར་འོད་འབུམ་བཞད། །ཐུབ་བསྟན་བཅུ་གཉིས་བདག་པོར་གསོལ་བ་འདེབས། །འཇམ་དབྱངས་བཞིན་དུ་འཆད་རྩོད་རྩོམ་ལ་མཁས། །ཞི་དུལ་བཙུན་པས་ཉེ་བར་འཁོར་བཞིན་དུ། །བསླབ་གསུམ་པད་ཚལ་བཞད་པའི་འོད་སྟོང་ཅན། །བཤེས་གཉེན་ཉིན་བྱེད་དབང་པོར྾། །གཞོན་ནུའི་སྒོ་ངའི་སྦུབ་རྒྱ་མ་གྲོལ་ཡང༌། །སྒོམ་འདུན་དགོན་འཛིན་འཆང་སོགས་བག་ཆགས་ཤུགས། །མི་དམན་ཀ་ལ་པིང་ཀའི་སྐད་སྙན་པོས། །འགྲོ་མང་ངོ་མཚར་བཀོད་ལ྾། །མདོ་སྔགས་གཞུང་བརྒྱའི་བཅུད་དང་ཁྱད་པར་དུ། །བཱ་ཎ་ཀྲ་མ་ར་ས་ཡུ་ཛིར་གྱི། །སྦྲང་རྩིས་ཚིམ་རྟགས་བཅུ་སོགས་འཇའ་ཚོན་བཞིན། །སྐྱེས་ཐོབ་ཉམས་སྣང་མང་ལ྾། །དམ་པ་མང་པོའི་ཞབས་སེན་དབང་གི་རྒྱལ། །ཅོད་པན་བཅིངས་ཏེ་དབང་ཁྲིད་སྙན་བརྒྱུད་ཀྱི། །རིན་ཆེན་བདུན་ལྡན་ཐུབ་བསྟན་གླིང་བཞི་ཀུན། །ང་ལས་ནུ་བཞིན་སྤྱོད་པར་ཞབས་བརྟན་ཤོག །ཚིག་སྤྱོད་ནེ་ཙོ་རྨོངས་ཡུས་རྡོ་རྗེ་རྣའི། །བརྟུལ་ཞུགས་བཟུང་མིན་ལེགས་བསྒོམ་མཁའ་ལྡིང་ཞོན། །མདོ་སྔགས་ཟབ་རྒྱས་འཇུག་པ་བཅུས་སྙེམས་པ། །ཀུན་ལས་རྣམ་རྒྱལ་བསྐལ་བརྒྱར་ཞབས་བརྟན་ཤོག །སྙིགས་མའི་དུག་གི་ལོ་མས་ཀུན་མྱོས་པར། །རྒྱལ་བ་གཉིས་པ་ཇོ་བོ་ཡབ་སྲས་ཀྱི། །བསྟན་པའི་བདུད་རྩིའི་ཆར་གྱིས་སྐྱེ་དགུའི་རིམས། །ཞི་མཛད་བུམ་བཟང་བསྣམས་པར་རྟག་བཞུགས་གསོལ། །ཁྱོད་ཀྱིས་རྟག་ཏུ་འགྲོ་ཀུན་མར་བསམ་ཏེ། །བསོད་ནམས་བདེན་པ་བདར་བཞིན་ལུས་ཅན་ཀུན། །ཕན་ཚུན་མཐུན་པ་བྱམས་མགོན་ཕེབས་དུས་བཞིན། །དེང་ནས་བཟུང་སྟེ་དུས་ཀུན་སྤྱོད་པར་ཤོག །འགྲོ་རྒྱུད་སྒྲིབ་གཉིས་སྦྱོང་ཕྱིར་རྒྱལ་ཀུན་དང༌། །ཀུན་བཟང་སོགས་ཀྱི་སྨོན་ལམ་ཐུགས་རྗེའི་མཐུས། །ནད་མུག་རིགས་འཁྲུགས་སྙིགས་མུན་ཀུན་ཞི་ནས། །བློ་བཟང་ཆོས་སྲིད་སྣང་བས་ཀུན་ཁྱབ་ཤོག །ཞྭ་སེར་བསྟན་པ་རྨད་བྱུང་རིའི་དབང་པོ། །བསླབ་གསུམ་ཆུ་གཏེར་ལེགས་བྱས་རྦ་རླབས་ཅན། །ཐུབ་བསྟན་གླིང་བཞིའི་དབུས་ན་མངོན་འཕགས་པའི། །ཕན་བདེའི་ཉི་ཟླའི་རྣ་རྒྱན་རྟག་འབར་ཤོག །དུས་གསུམ་སྐྱེ་འཕགས་ཀུན་གྱི་དགེ་ཚོགས་དང༌། །མཆོག་གསུམ་སྲས་བཅས་ནུས་མཐུ་སྨོན་ལམ་གྱིས། །འགྲོ་རྒྱུད་དད་པས་བསྐུལ་ཏེ་ཐོས་བསམ་སྒོམ། །བཤད་སྒྲུབ་གཡེལ་མེད་ཆུ་བོའི་རྒྱུན་བཞིན་ཤོག །འདི་བསྐུལ་འདོན་བྱེད་ཤེར་རིན་གཉིས་སོགས་ཀྱི། །སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་སོགས། །དགོན་གནས་འདེབས་དང་དགེ་འདུན་ཐོས་སྒོམ་འཕེལ། །བསམ་བཞིན་མཆོག་གསུམ་ཆོས་སྲུང་མཐུས་འགྲུབ་ཤོག །བསྟན་འཛིན་རྒྱན་དྲུག་ལྟ་བུའི་མཁས་མང་འདུ། །སྦྱིན་བདག་རིགས་བརྒྱུད་མང་བཀུར་བུ་བཞིན་དར། །སྐྱེ་དགུའི་དད་འདུན་བསོད་ནམས་དབྱར་མཚོ་ལྟར། །དུས་ཀུན་ཕན་ཚུན་འགྲན་བཞིན་འཕེལ་བར་ཤོག །བླ་མ་རྒྱལ་བ་སྲས་བཅས་བྱིན་རླབས་ཀྱིས། །འགྲོ་མགོན་བླ་མ་མཆོག་གི་ཞབས་བརྟན་ཅིང༌། །ལུས་ཅན་ཉིན་དང་མཚན་དུ་བདེ་དགེར་སྤྱོད། །བཤད་སྒྲུབ་ལེགས་ཚོགས་ཀུན་འཕེལ་བཀྲ་ཤིས་ཤོག །ཅེས་གསོལ་འདེབས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་འདི་ལྟ་བུ་ཞིག་དགོས་ཞེས་བསྟན་འགྲོའི་དོན་དུ་ལྷག་བསམ་ཤིན་ཏུ་ཆེ་ཞིང། དམ་པའི་སྐྱེ་རབས་ཕྲེང་བར་བྱེད་པའི་བདེ་ཐང་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་གྱིས་དངུལ་བུམ། བཀྲ་ཤིས་ཁ་བཏགས། རྟེན་ཁེབས་ལེགས་པ་དང་བཅས་ཡང་ཡང་བསྐུལ་བ་དང༌། ཆོས་ལ་བག་ཆགས་སད་ཅིང་བསྙེན་སྒྲུབ་ལ་དགའ་བའི་སྔགས་རམ་པ་བློ་བཟང་ཆོས་དབང་གིས་མ་རིག་གཉིད་སངས་གོས་ཁ་ཚན་གྲངས་དང་བཅས་ཏེ། རྣམ་ཐར་གསོལ་འདེབས་གསལ་རྒྱས་དགོས་ཞེས་བསྐུལ་ཞིང༌། སླར་ཡང་ལན་དུ་མར་རྟེན་དང་བཅས་ཏེ་རྒྱུན་དུ་རྣ་བ་ཚ་བར་བསྐུལ་བའི་ངོ་མ་ཆོག་ནས། རང་གི་སྣང་ཚུལ་ཐུན་མོང་ཙམ་སྙན་ངག་ཀྱི་འུད་དང་བཅས་ཏེ། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སྒོ་མང་བླ་བྲང་དུ་སུག་བྲིས་བྱས་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག།། །།
༈ བདེ་གསང་འཇིགས་གསུམ་མི་ཏྲ་བརྒྱ་རྩ་སོགས། །མདོ་དང་སྔགས་ཀྱི་དཀྱིལ་འཁོར་རྒྱ་མཚོའི་བཅུད། །མ་ལུས་འཛིན་མཛད་ཁྱབ་བདག་འཁོར་ལོའི་མགོན། །འཇམ་དབྱངས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་གཞུང་ཀུན། །མ་འདྲེས་བདུད་རྩིའི་དགའ་སྟོན་འཆད་རྩོད་རྩོམ། །ཇི་བཞིན་སྩོལ་མཛད་ས་གསུམ་བསྟན་པའི་རྒྱན། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །བླ་མ་མཆོག་གསུམ་ཡི་དམ་བསྟན་པ་ལ། །ལེགས་མོས་དད་དང་ཐོས་བསམ་སྒོམ་པའི་མཐུས། །བདག་ཅག་འདྲེན་པ་འཇམ་དབྱངས་བཞད་པའི་རྗེ། །མདོ་སྔགས་མང་སྨྲ་རྡོ་རྗེ་ལྟར་བརྟན་ཤོག །དེ་ཡི་མཐུ་ལས་མདོ་སྔགས་ཟབ་རྒྱས་བསྟན། །རྒྱལ་བ་གཉིས་པའི་རིང་ལུགས་གདུགས་དཀར་པོའི། །ཕན་བདེའི་གྲིབ་བསིལ་ལུས་ཅན་ཀུན་ཁྱབ་པའི། །དགའ་སྟོན་གླུ་དབྱངས་འོག་མིན་བར་འགེངས་ཤོག །དགོན་སྡེ་འདི་ཡང་བསླབ་པ་གསུམ་ལྡན་ཞིང༌། །བྱམས་དང་སྙིང་རྗེས་རྒྱུད་གང་མཁས་ཤིང་བཙུན། །གསུང་རབ་དྲང་ངེས་རིགས་པས་ལེགས་རྟོགས་པའི། །ལམ་རིམ་གཉིས་སོགས་ཐུབ་བསྟན་དར་བར་ཤོག །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྡོམ་གསུམ་ལྡན། །རིམ་གཉིས་རི་དབང་ལྟར་བརྟན་རྣལ་འབྱོར་དང༌། །སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་ཀྱི། །ཉམས་ལྡན་མཁས་གྲུབ་མང་པོས་ས་ཁྱབ་ཤོག །ཁྱད་པར་བཤད་སྒྲུབ་བསྟན་པའི་དཔུང་པ་ཡིས། །ཕྱོགས་རེ་ཙམ་མིན་ཡབ་རྗེའི་དགོངས་པ་བཞིན། །གདན་གཅིག་སྟེང་དུ་མདོ་སྔགས་ཀུན་སྤྱོད་དེ། །ཐུབ་བསྟན་ཆེས་ཆེར་ཕྱོགས་དུས་ཀུན་རྒྱས་ཤོག །བྱང་ཕྱོགས་ཆོས་བཞིན་སྐྱོང་བ་མི་ཡི་རྗེ། །དགའ་ལྡན་ཇུ་ནང་ཡབ་སྲས་དབོན་ས་བཅས། །མང་བཀུར་གོང་མ་ལྔ་བཞིན་སྟོབས་འབྱོར་དང༌། །ཆེས་ཆེར་གོང་འཕེལ་རྡོ་རྗེ་ལྟར་བརྟན་ཤོག །བླ་མ་ལྷར་བཅས་རྣམས་ཀྱི་ཐུགས་རྗེ་དང༌། །ཡི་དམ་བསྟན་སྲུང་རྒྱ་མཚོའི་མཐུ་སྟོབས་དང༌། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་ཡིས། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །མཉྫུ་གྷོཥཱ་ཧ་ས་བཛྲ་གྱིས་བྲིས།།
༈ ན་མ་ཨཥྚ་དེ་བ་གུ་རུ་བུད་དྷ་བོ་དྷི་ས་ཏྭ་བྷྱཿ སྐུ་བཞིའི་བདག་ཉིད་སངས་རྒྱས་ཆོས་ཚོགས་དང༌། །བྱིན་རླབས་གཏེར་ཆེན་རྩ་བརྒྱུད་བླ་མའི་ཚོགས། །བདེ་གསང་འཇིགས་གསུམ་ཡི་དམ་མཁའ་འགྲོ་སོགས། །བཀའ་སྲུང་རྒྱ་མཚོས་འདོད་པའི་དོན་ཀུན་སྒྲུབས། །འཇམ་དབྱངས་བླ་མ་རྣམས་ལས་རྒྱ་ཆེན་ཐོས། །མཁས་མང་འདུས་ཁྲོད་ལུང་དང་རིགས་པ་སྦྱངས། །དབེན་པར་མདོ་སྔགས་དོན་རྣམས་ཉམས་སུ་བླངས། །ཐུབ་བསྟན་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །མདོ་སྔགས་ཀུན་ཐོས་བྱང་ཆུབ་ལམ་རིམ་སྦྱངས། །དབུ་ཚད་ཕར་ཕྱིན་ཚིག་དོན་ལེགས་པར་ཆུབ། །ཁྲིད་ཆེན་བརྒྱད་དང་བརྒྱ་བཅས་མན་ངག་གསུམ། །ཞིབ་ཐོས་ལེགས་སྨོན་གྲུབ་ལ་གསོལ་བ་འདེབས། །སྔོན་བསགས་བག་ཆགས་འཇམ་དབྱངས་ཐུགས་རྗེ་ཡིས། །བློ་གྲོས་འབུམ་དུ་བཤད་པས་མདོ་སྔགས་བརྒྱའི། །ཉམས་སྣང་མེ་ལོང་ལྟར་འཆར་བསོད་ནམས་ཚོགས། །སྔོན་བསགས་རྡོ་རྗེ་འཛིན་པར་གསོལ་བ་འདེབས། །བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །བདག་སོགས་དགེ་འདུན་འདུས་སྡེའི་དད་མོས་དང༌། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པའི་མཐུས། །འཇམ་དབྱངས་བཞད་པའི་རྡོ་རྗེ་ཞབས་བརྟན་ཤོག །མགོན་པོ་ཁྱོད་ལ་བསྟོད་ཅིང་གསོལ་བཏབ་པས། །ཚེ་རབས་ཀུན་ཏུ་དལ་འབྱོར་རྟེན་ཐོབ་ཅིང༌། །ཁྱོད་ཀྱིས་རྗེས་བཟུང་རྒྱལ་བའི་བསྟན་ལ་ཞུགས། །ཐོས་བསམ་སྒོམ་པ་མཐར་ཕྱིན་མྱུར་འགྲུབ་ཤོག །རྩ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང༌། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་འཕྲིན་ལས་སྟོབས། །མཐུ་ལྡན་ཆོས་སྲུང་རྣམས་ཀྱི་ནུས་མཐུ་ཡིས། །བཀྲ་ཤིས་ཆོས་འཕེལ་གླིང་འདི་རྒྱས་པར་ཤོག །རྨད་བྱུང་སྲས་བཅས་སོགས། ཞེས་པ་འདི་ཡང་མཛོད་དགེའི་དགོན་པ་བཀྲ་ཤིས་ཆོས་འཕེལ་གླིང་གི་ཏ་འོན་བླ་མ། དགེ་སྐོས་གཉེར་པ་བཅས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར། ྋདགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པ་ཀུན་ལ་དགེ་བར་གྱུར་ཅིག།། །།
༈ གཞོན་ནུའི་དུས་ནས་སྔོན་སྦྱངས་བག་ཆགས་སད། །དབུས་གཙང་གཉིས་སུ་མདོ་སྔགས་གཞུང་མང་སྦྱངས། །བསྒོམ་པའི་ཉམས་མྱོང་ཟ་ཟའི་སྣང་བ་ཅན། །འཇམ་དབྱངས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །རྡོ་རྗེ་འཆང་འདྲའི་བླ་མ་མང་བསྟེན་ནས། །མདོ་རྒྱུད་གཞུང་ལུགས་ཀུན་ལ་སྒྲོ་འདོགས་བཅད། །ཟབ་རྒྱས་གདམས་པས་རང་གཞན་ཚིམ་མཛད་པ། །རྡོ་རྗེའི་མཚན་ཅན་ཞབས་ལ་གསོལ་བ་འདེབས། །འདི་ཡང་རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་གསུངས་སོ། །
༈ རྒྱལ་བའི་ཡབ་གཅིག་འཇམ་དབྱངས་ཙོང་ཁ་པའི། །སྡེ་སྣོད་མ་ལུས་བཞད་པའི་འཆད་རྩོད་རྩོམ། །མཐུ་སྟོབས་ནག་ཕྱོགས་འཇོམས་པའི་རྡོ་རྗེ་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་རྗེ་བཙུན་ཙོང་ཁ་པའི། །མདོ་སྔགས་བཤད་སྒྲུབ་པད་ཚལ་བཞད་པའི་གཉེན། །ཟབ་རྒྱས་རྒྱ་མཚོའི་བཅུད་འཛིན་བཤེས་གཉེན་མཆོག །རྡོ་རྗེ་འཛིན་པ་བསྐལ་བརྒྱར་ཞབས་བརྟན་ཤོག །ཅེས་པ་འདི་རྗེ་འཇམ་དབྱངས་བཞད་པས་མཛད་པའོ། །
༈ འཇམ་མགོན་ངག་གི་དབང་ཕྱུག་གསུང་ངག་རྒྱུན། །བློ་བཟང་གྲགས་པའི་མདོ་སྔགས་བདུད་རྩིའི་བཅུད། །སྐལ་ལྡན་གདུལ་བྱ་མང་པོར་འདོམས་མཛད་པའི། །བཤེས་གཉེན་དམ་པ་བསྐལ་བརྒྱར་ཞབས་བརྟན་ཤོག །འདི་ཡང་རྗེ་བླ་མ་ཉིད་ཀྱིས་མཛད་པའོ། །
༈ ཁྱབ་བདག་འཇམ་པའི་དབྱངས་སོགས་ལྷག་པའི་ལྷར། །རབ་གྲགས་ཡི་དམ་དུ་མ་ལེགས་བསྙེན་པའི། །འཕྲིན་ལས་རྣམ་བཞིས་བསྟན་འགྲོའི་དོན་མཛད་པའི། །རྡོ་རྗེ་འཛིན་པའི་མཆོག་ལ་གསོལ་བ་འདེབས། །སླར་ཡང་ཕྱི་མར་མགོན་ཁྱོད་ཞལ་མཐོང་ཞིང༌། །དགྱེས་བཞིན་རྗེས་བཟུང་གསུང་གི་བདུད་རྩི་མྱང༌། །དལ་བའི་རྟེན་ལ་སྙིང་པོ་ལེགས་བླངས་ནས། །སངས་རྒྱས་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པ་ཡང་ངོ༌། །
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་སྭ་ར་སྭ་སྟི་སིངྔྷི་བྷྱཿ ཞི་དུལ་ཚུལ་ཁྲིམས་བརྟན་མཁས་གར་མཛད་ཀྱང༌། །མཐུ་སྟོབས་ཉི་མ་འབུམ་དུ་འབར་བའི་གཟིས། །བྱང་ཕྱོགས་རྒྱུད་ཀྱི་གདོན་བགེགས་མུན་འཇོམས་པའི། །ཁྱབ་བདག་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །འཁོར་ལོ་སྡོམ་པ་ཧེ་རུ་ཀ་དཔལ་གྱི། །རིམ་གཉིས་མཐོན་པོའི་སྒྱུ་འཕྲུལ་ལ་བརྟེན་ནས། །གནས་གསུམ་ཌཱ་ཀི་ཆོས་སྐྱོང་སྤྲིན་བཞིན་དུ། །སྡུད་མཛད་བསོད་ནམས་རྒྱལ་མཚན྾། །ཁ་ཆེར་ཚེ་སྔོན་དགེ་བའི་བཤེས་རྙེད་པས། །གསང་སྔགས་སྒོར་ཞུགས་དབང་བཞིའི་ས་བོན་གྱིས། །རིམ་གཉིས་མཆོག་གྲུབ་རིན་ཆེན་སྙེ་མས་དུད། །མཁས་གྲུབ་བློ་གྲོས་སྦས་པར྾། །ཚོགས་གཉིས་རིན་ཆེན་སྣོད་དུ་ལེགས་སྨོན་གྱི། །ངེས་གསང་རྒྱ་མཚོའི་རྦ་རླབས་ཆལ་ཆིལ་གཡོ། །རྣམ་མང་སྐྱེ་བོའི་གདུང་བ་འཕྲོག་མཛད་པ། །མཁས་མཆོག་ཚོགས་གཉིས་རྒྱ་མཚོར྾། །བློ་གྲོས་གཏེར་མཛོད་རྒྱལ་བ་གཉིས་པའི་བསྟན། །ལུང་རྟོགས་གསེར་སྦྱངས་འཁོར་ལོས་བྱང་ཕྱོགས་ཀྱི། །རིགས་འབྱོར་གནམ་བསྐོས་དྲེགས་ལྡན་མཐའ་དག་གི །གཙུག་རྒྱན་བློ་གྲོས་རྒྱ་མཚོར྾། །རྒྱལ་ཀུན་སྤྱི་གཟུགས་བློ་བཟང་གྲགས་བསྟན་གྱི། །མདོ་སྔགས་ཚོན་བརྒྱ་བཀྲ་བའི་ལྷབ་ལྷུབ་ཅན། །བཤད་སྒྲུབ་རྒྱལ་མཚན་ས་གསུམ་སྒྲེངས་མཛད་པའི། །ཡབ་གཅིག་ཆོས་ཀྱི་རྒྱལ་པོར༌྾། །མགོན་ཁྱོད་ངེས་པ་ལྔ་ལྡན་གཟུགས་སྐུ་བཞིན། །ངག་གི་དབང་ཕྱུག་བློ་བཟང་རིང་ལུགས་ཀྱི། །མདོ་སྔགས་བསྟན་པའི་རྒྱལ་མཚན་ལེགས་བཟུང་སླད། །རྡོ་རྗེའི་ཁྲི་ལ་བསྐལ་བརྒྱར་ཞབས་བརྟན་ཤོག །མཁའ་ཁྱབ་མ་རྣམས་འགྲོ་ལ་རྗེས་བརྩེ་དང༌། །སྔོན་གྱི་ལེགས་སྨོན་མཐུ་དང་དད་ལྡན་གྱི། །ཁྲིམས་ལྡན་འདུས་སྡེས་བདེན་ཚིག་གླུར་བླངས་པས། །ཕན་བདེའི་གསོས་སུ་བསྐལ་བརྒྱར་ཞབས་བརྟན་ཤོག །བསླུ་མེད་མཆོག་གསུམ་འཇིགས་མཛད་བདེ་མཆོག་དང༌། །མྱུར་མཛད་མགོན་པོ་དམ་ཅན་ཆོས་ཀྱི་རྒྱལ། །བསྟན་སྲུང་རྣམས་ཀྱིས་མགོན་ཁྱོད་བསྐལ་བརྒྱའི་བར། །ཞབས་བརྟན་འཕྲིན་ལས་ཡོངས་ཁྱབ་སྒྲུབ་གྱུར་ཅིག །ཅེས་དཔལ་གསང་བའི་བདག་པོའི་རྣམ་འཕྲུལ་དགེ་བཤེས་སྤྱན་སྔ་བ་ཚུལ་ཁྲིམས་འབར། མཆོག་གི་དངོས་གྲུབ་བརྙེས་པ་འདུལ་འཛིན་བློ་གྲོས་སྦས་པ་སོགས་དམ་པའི་སྐྱེ་རབས་ཀྱི་ཕྲེང་བ་རིམ་པ་ལྟར་ཕེབས་པ་བྱང་ཕྱོགས་བསྟན་པའི་མངའ་བདག་ལ་མོ་ཞབས་དྲུང་གི་སྤྲུལ་སྐུ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་འཁྲུངས་རབས་གསོལ་འདེབས་ནོར་བུའི་ཕྲེང་མཛེས་འདོད་པ་ཀུན་སྟེར་ཞེས་པ་འདི་ནི་ཉིད་ཀྱི་ཕྱག་གཡོག་གསོ་རིག་སྨྲ་བའི་དབང་པོ་ངག་དབང་ཚུལ་ཁྲིམས་ཀྱིས་བསྐུལ་ཞིང་རང་གིས་ཀྱང་དད་པས་ཉེ་བར་བསྐུལ་ཏེ། རྗེ་དེ་ཉིད་ལ་དད་པའི་མང་ཐོས་སྤོང་བ་པ། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་བླ་བྲང་དུ་བྲིས་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་བཀྲ་ཤིས་ཤིང་དགེ་མཚན་སྒོ་ཐམས་ཅད་དུ་རྒྱས་པར་གྱུར་ཅིག།། །།
༈ རྗེ་རིན་ཆེན་ཆོས་བཟང་.....རྭ་ཆེན་རྡོ་རྗེའི་མཚན་ཅན་དུས་ཀྱི་མཐར། །རང་གིས་ལྷག་པའི་ལྷ་དེ་སྒྲུབ་པའི་སླད། །སླར་ཡང་བོད་འདིར་དགེ་སློང་ཚུལ་འཛིན་པ། །དཔལ་ལྡན་བླ་མ་དེ་ལ་སྙིང་ནས་འདུད། །རྗེ་ཉིད་ཀྱིས་གསུངས་སོ། །
༈ འཇམ་དབྱངས་ངག་གི་དབང་ཕྱུག་ཙོང་ཁ་པའི། །བསྟན་པ་འཛིན་པའི་རྩེར་སོན་ཕན་བདེའི་གཉེན། །འཕྲིན་ལས་ལྷུན་གྲུབ་མདོ་སྔགས་ཆུ་སྐྱེས་ཚལ། །སྐྱེད་མཛད་སྤྲུལ་པའི་ཉིན་བྱེད་དེ་ལ་འདུད། །ཅེས་པའང་ངོ༌། །
༈ རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་དང༌། །ཡི་དམ་ཆོས་སྐྱོང་སྤྱི་དང་ཁྱད་པར་དུ། །འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་དབང་མཐུས། །ཡོངས་འཛིན་བཤེས་གཉེན་ཤེས་རབ་བཀྲ་ཤིས་ཀྱི། །སྤྲུལ་པའི་སྐུ་མཆོག་ཐུབ་བསྟན་མ་ལུས་པ། །གསལ་བྱེད་ཉི་མ་གཉིས་པ་ལྟ་བུ་ཡི། །སྤྲུལ་སྐུ་འཁྲུལ་མེད་རྩོད་བྲལ་མྱུར་འབྱོན་ཤོག །བདག་ཅག་དད་དང་འདུན་མོས་དམ་ཚིག་དང༌། །བསླབ་གསུམ་རིམ་གཉིས་ལ་བརྩོན་དགེ་སྟོབས་ཀྱིས། །སྤྲུལ་པའི་སྐུ་མཆོག་རབ་གསལ་མྱུར་འབྱོན་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། །ཞེས་སོགས་བྱ། ཞེས་པ་འདི་ཡང་ཡོངས་ཀྱི་བཤེས་གཉེན་ཆེན་པོ་སྟིས་ཚང་མ་ཎི་པའི་སྤྲུལ་སྐུ་མྱུར་འབྱོན་ཆེད་དུ་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས།།

གསུང་ཐོར་བུ་ལས་བསྟོད་ཚོགས་བི་ཧ་ར་ཏིསྨ།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ཐོར་བུ་ཁྲིགས་ཆགས་སུ་བསྡེབས་པ་ལས་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྲུང་གི་བསྟོད་ཚོགས་བི་ཧ་ར་ཏིསྨ། །
ན་མ་ཤྴཱཀྱ་མུ་ན་ཡེ། རྒྱལ་སྲས་དུས་ནས་དཔག་དཀའི་སྙིང་སྟོབས་ལ། །རྒྱལ་བ་རྣམས་ཀྱིས་པད་དཀར་ལྟར་བསྔགས་པའི། །སྙིགས་མའི་མགོན་པོ་དོན་ཀུན་གྲུབ་ཞབས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ། །མགོན་ཁྱོད་གདུལ་བྱ་གང་འདུལ་ལེགས་སྨོན་འབྲས། །གསང་གསུམ་སྤྲུལ་པའི་འོད་སྟོང་རབ་འབར་བས། །སྙིགས་མའི་མུན་ཚོགས་འཐིབས་པ་འདི་བསལ་ནས། །བསྟན་འགྲོའི་བདེ་སྐྱིད་སྣང་བ་སྩོལ་ལ་འདུད། །ཡང་ཡང་བསམས་ཀྱང་དཔག་མེད་བསྐལ་སྔོན་ནས། །མང་མང་ཞིང་ཁམས་དུ་མར་སངས་རྒྱས་ཀྱིས། །སྙན་སྙན་བདུད་རྩིའི་ཆོས་འཁོར་ལེགས་བསྐོར་ནས། །བརྩེ་བརྩེས་མ་རྣམས་དྲངས་ཚུལ་འདི་ཉིད་རྨད། །རྐང་འཐུང་མང་པོའི་དབུས་ན་ཡོངས་འདུ་དང༌། །རི་དྭགས་མང་པོའི་ཁྲོད་ཀྱི་གདོང་ལྔ་དང༌། །སུམ་རྩེན་ལྷ་དབང་དབུས་ན་སྤྱན་སྟོང་བཞིན། །རྒྱལ་བའི་དཀྱིལ་འཁོར་དབུས་ན་ཉི་མའི་གཉེན། །གྲངས་དང་ཚད་ཀྱིས་མ་བཟུང་སྨོན་ལམ་དང༌། །ཐུགས་རྗེའི་འབྲས་བུ་གསང་གསུམ་དཔལ་གང་ལ། །ཡོན་ཏན་ནམ་མཁའི་རྗེས་འགྲོ་མེད་མིན་ན། །ཁྱོད་ཀྱི་ཡོན་ཏན་ཀུན་བརྗོད་སྲིད་ཞིར་སུ། །རྨད་བྱུང་ཕུན་ཚོགས་ནོར་བུའི་ཕོ་བྲང་ལ། །ལན་གཅིག་དྲན་ནམ་དད་དམ་མ་དད་ཀྱང༌། །མཐོང་ཐོས་དྲན་རེག་འདྲེན་པའི་ལྕགས་ཀྱུ་ཡི། །དབང་སོགས་བདག་གི་འདུན་པ་འདི་རྨད་བྱུང། །སྐུ་གསུང་ཐུགས་ཀྱི་མཛད་བཟང་རེ་རེས་ཀྱང༌། །བདུད་སྡེའི་དཔུང་བཅོམ་མི་མཐུན་ནག་པོའི་ཕྱོགས། །ཞི་ཞིང་ཉི་མས་མུན་དང་ཆར་གྱིས་རྡུལ། །ཇི་བཞིན་མཛད་པའི་ཐུགས་རྗེའི་དུས་ལ་བབས། །བསྟན་འགྲོའི་པད་ཚལ་ཕན་བདེར་བཞད་པའི་གེགས། །ནག་པོའི་མཐུ་ལྡན་ལོག་པའི་ལམ་ཞུགས་རྣམས། །མཐུ་དང་ངན་གཡོའི་སྤྲིན་ཕུང་ཀུན་ཞི་བའི། །ཐུགས་རྗེའི་འཐོར་རླུང་དུས་ཀྱི་རླུང་བཞིན་མཛོད། །དེ་ལྟར་མགོན་ཁྱོད་བསྟོད་པའི་ཚེ་རབས་སུ། །རྫོགས་པའི་སངས་རྒྱས་རྣམས་ཀྱི་ཞལ་མཐོང་ཞིང༌། །ལོག་པའི་ལམ་ངན་མུན་ཚོགས་རབ་བསལ་ནས། །འགྲོ་རྣམས་རྒྱལ་བའི་ལམ་དུ་འགོད་པར་ཤོག །ཅེས་འདི་བྱ་ལོའི་ཆོ་འཕྲུལ་དཀར་ཕྱོགས་ཀྱི། །རྫོགས་པ་གསུམ་པར་ལྷ་མིའི་སྟོན་མཆོག་ལ། །དང་བའི་སེམས་ཀྱིས་མང་ཐོས་རྒན་པོས་བྲིས། །སྐྱེ་འགྲོ་ཡོངས་ལ་བཀྲ་ཤིས་པར་གྱུར་ཅིག །ཅེས་ལྷ་མིའི་རྣམ་འདྲེན་ཟླ་མེད་ཐུབ་དབང་དོན་ཀུན་གྲུབ་པའི་བསྟོད་པ་བྱིན་རླབས་མྱུར་འཇུག་བདུད་ལས་རྣམ་པར་རྒྱལ་བའི་བཞད་སྒྲ་ཞེས་བྱ་བ་འདི་ཡང༌། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་ལྷ་སའི་ལྷོ་ཕྱོགས་ན་འདུག་ཚེ་ཆོ་འཕྲུལ་གྱི་ཟླ་བའི་དཀར་ཕྱོགས་རྫོགས་པའི་དུས་བྲིས་པ་ཀུན་ལ་དགེ་བར་གྱུར་ཅིག།། །།
༈ ཟླ་བའི་མཛེས་པས་འགྲན་པར་ནུས་མིན་པའི། །ཡེ་ཤེས་ལང་ཚོ་སྒྱུ་མ་མིག་གི་འཕྲུལ། །ཕྱག་སྟོང་བཅུ་གཅིག་ཞལ་གྱི་མཛེས་སྡུག་སྐུ། །བཞེངས་སྟབས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ། །སྐྱོན་གྱིས་རབ་ཏུ་མཚན་པའི་སྲིད་པ་ཡི། །སྡིག་པའི་དྲི་མ་སྙིང་རྗེས་བཀྲུ་བར་མཛོད། །གཅིག་ཏུ་བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ། །རྣམ་པ་དུ་མས་བསྒྲུབ་འདི་མྱུར་དུ་སྐྱོབ། །ཕན་བདེ་བླ་ན་མེད་པའི་གཏེར་གྱི་སྒོ། །གཞན་ཕན་བྱང་སེམས་མྱུར་དུ་བདག་ལ་སྩོལ། །སྲིད་ཞིའི་འཆིང་བ་མ་ལུས་གཅོད་པའི་མཚོན། །གནས་ལུགས་རྟོགས་པའི་ཤེས་རབ་མྱུར་དུ་སྩོལ། །ངེས་པར་འབྱུང་བའི་ས་གཞི་བརླན་པར་ཤོག །དེར་ནི་བྱང་སེམས་ས་བོན་འདེབས་པར་ཤོག །སྙིང་རྗེའི་ཆུ་ཡིས་རྟག་ཏུ་སྨིན་པར་ཤོག། །
༈ ཡེ་ཤེས་མ་ལུས་འདུས་པའི་སྐུ་ཅན་རྒྱལ་ཀུན་ཡབ། །ཐུགས་རྗེའི་དབང་གྱུར་རྒྱལ་སྲས་ཚུལ་འཛིན་ཁྱོད་མཚན་ཙམ། །རྣ་བར་ཟེགས་ཀྱང་རྨོངས་མུན་འཐོར་བྱེད་རྣམ་དཔྱོད་མ་ལུས་སྐྱེད། །སྐྱེད་མཛད་མཁྱེན་གཏེར་ལ་འདུད་སྙིང་དབུས་ལྷམ་མེར་མཛོད། །གང་ཞིག་ཡིད་ལ་དྲན་པའི་མགྲིན་པའི་སྒྲོག་གྲོལ་གསུང་དབང་མ་ལུས་སྩོལ། །རྟག་པར་ཐུགས་མཚོ་ལས་འོངས་ལེགས་བཤད་གྱེན་མཐོར་རི་མོ་ཡོལ་མེད་འཛིན། །ཞི་དང་དྲག་སོགས་གང་འཚམ་སྐུར་སྟོན་ཡེ་ཤེས་སྒྱུ་འཕྲུལ་དབང་མོ་དེས། །མགྲིན་མཚོ་སྐལ་བཟང་བྱས་སོ་ནམ་ཡང་ལྷན་སྐྱེས་བཞིན་མཛོད་ཚངས་སྲས་ཀྱེ། །རྨད་བྱུང་རྒྱལ་ཀུན་འཕྲིན་ལས་གཟུགས་ཅན་བཞིན་དང་མཐའ་བྲལ་བློ་གྲོས་ཀུན། །ངེས་པར་མཁས་བཙུན་བཟང་པོའི་གཟུགས་སུ་རོལ་པའི་གསང་བ་གསུམ། །ཀུན་གསལ་ཞགས་པས་འཁྱུད་མིན་གྲགས་སྙན་དཀར་པོ་ཕྱོགས་ཀུན་གྱི། །མཁའ་ཁྱབ་རྒྱལ་བ་གཉིས་པའི་ཞབས་སེན་དབང་རྒྱལ་སྤྱི་བོར་ལེན་ལ་སྤྲོ། །མི་དམན་མཁྱེན་པའི་ཚུལ་འདི་ཤིང་རྟའི་སྲོལ། །འབྱེད་མཛད་དཔའ་བོ་དགེ་དབང་དཎྜིའི་ཞབས། །གངས་ཅན་མཁས་པ་ཤོང་དཔང་ནམ་བཟང་ཞབས། །ཞྭ་ལུ་ལོ་ཆེན་ལ་སོགས་བསྔགས་པའི་ཡུལ། །རྒྱལ་བསྟན་ཡོངས་རྫོགས་ཤིང་རྟའི་སྲོལ་ཆེན་པོ། །མི་ནུབ་རྣམ་དཔྱོད་དཔུང་པས་འཛིན་དང་འདིའི། །ཕུལ་བྱུང་དཔལ་ལྡན་མཁས་གྲུབ་ཡབ་སྲས་དང༌། །ཀུན་མཁྱེན་དབྱངས་ཅན་བཞད་སོགས་བསྟན་པའི་སྲོག །དུས་གསུམ་གཟིགས་པ་ཀུན་ཀྱི་ཐུགས་རྗེ་གཅིག་གྱུར་ངག་གི་དབང་ཕྱུག་པད་དཀར་འཛིན། །ངུར་སྨྲིག་རོལ་བའི་བློ་བཟང་རྒྱལ་བ་གཉིས་པའི་བསྟན་པའི་གདུགས་ཀྱིས་འཛིན་མའི་ཁྱོན། །གང་བར་བྱས་དང་ཆབ་གཅིག་གནས་ལྔའི་བསྟན་པའི་རུ་མཚོན་ཆེ་དེ་མཐོར་འདེགས་པའི། །ཞིང་ཁམས་རབ་འབྱམས་རྒྱ་མཚོའི་རྒྱལ་ཀུན་འཕྲིན་ལས་འགྲོ་ལ་བསྒྲུབ་ལ་སྙིང་ནས་གུས། །
༈ ན་མོ་གུ་རུ་སི་ཏ་མཉྫུ་གྷོ་ཥཱ་ཡ། །འོ་མཚོར་པད་དཀར་བདུད་རྩི་སྦྱིན་རྒྱས་ལས། །མཛེས་སྡུག་ཤེལ་དཀར་ཕྱག་གཡས་སྒྲུབ་པ་པོར། །རྣམ་ཀུན་མཁྱེན་མཆོག་སྦྱིན་མཛད་ཨུཏྤལ་རྩེར། །གླེགས་བམ་གཡོན་བསྣམས་ཡབ་ཀྱི་བདག་རྨོངས་ཆོམས། །གནམ་སྔོན་བཞུས་བྱུགས་རལ་པའི་ཟུར་ཕུད་ལ། །ཆགས་ལྡན་ཟོལ་གྱིས་རྨོངས་པའི་དགྲ་འཇོམས་སླད། །རིན་ཆེན་རྩེ་ཕྲན་བཅིངས་ནས་ལྷ་རྫས་གོས། །སྤྲིན་དཀར་དབང་གཞུས་ཀླུབས་ལྟར་གྱོན་ནས་འགྱིངས། །རྒྱལ་བ་མ་ལུས་སྐྱེད་པའི་ཡབ་གཅིག་པོར། །གྱུར་ཀྱང་བགྲེས་པའི་ཉམས་ཀྱིས་དབྱངས་ཅན་མ། །དགྱེས་རོལ་གྲོགས་སུ་ཁུག་པ་མིན་ནོ་ཞེས། །བཅུ་དྲུག་གཞོན་ཆས་མཛེས་འཛུམ་བཞད་དམ་སྙམ། །དཔལ་སྟུག་སྟོབས་སོགས་ཡོན་ཏན་རིན་ཆེན་ཕྲེང༌། །ཆགས་པ་མེད་ཀྱང་མགུལ་བར་རྟག་འཕྱང་བ། །བྱིས་སེམས་སྦྲང་འཐུང་ཀུན་མཁྱེན་ཡེ་ཤེས་སུ། །མགྲོན་སླད་རིན་ཆེན་རྒྱན་བརྒྱ་གཡོ་བར་ངེས། །ཨཏྤལ་སྔོན་པོ་ལྟར་ཡངས་སྤྱན་ཟུང་གིས། །ཤེས་བྱའི་ཕ་མཐའ་མཐོང་སྙམ་ཀུན་གསལ་མ། །མཐའ་བྲལ་གྲགས་པ་ཞིག་དོགས་རང་གི་མཐའ། །སྔོ་བསང་ལང་ཚོ་དང་བཅས་མི་སྣང་བཞིན། །བྱི་རུའི་མཆུ་སྒྲོས་འཛུམ་དབུས་མུ་ཏིག་ཚེམས། །བཞི་བཅུའི་ཕྲག་ནས་ཆོས་ཀུན་གསལ་བའི་དབྱངས། །ཉམས་དང་རོ་བརྒྱས་མྱང་ཡང་ངོམས་མིན་བཅུད། །ཡམས་ནད་གཤེད་དུ་བདུད་རྩི་བཞིན་རྟག་སྤྲོས། །ཁྱོད་སྐུ་ཟླ་མཐོང་སྙིང་མུན་ཀུན་སེལ་ཞེས། །རྨོངས་པས་བཅོམ་ཡང་དད་པའི་ཀུ་མུད་མིག །ཁྱོད་ལ་གཏད་དེས་ཐུགས་རྗེའི་དངོས་པོའི་ཆ། །མཐོང་བ་ཙམ་གྱིས་རྣམ་དཔྱོད་འདབ་མ་བཀྲ། །སྔགས་བཟླས་སྐུ་དྲན་བདུད་རྩིས་རྨོངས་མུན་ཚོགས། །ཟླ་བས་རབ་རིབ་བཞིན་བཅོམ་མཚུངས་མེད་བློའི། །རྒྱུ་སྐར་བྱེ་བའི་རྩེ་དགའ་ལེགས་བཤད་ཀྱི། །ཁྱད་ཆོས་གསར་བའི་མཛེས་སྡུག་འགོག་མེད་འཆར། །དགག་བཞག་ཆབ་དང་རྙོག་པ་འདྲེས་པའི་རྡུལ། །ཐུགས་རྗེ་དྭངས་བྱེད་མ་ཎི་ཀས་ཕྱེ་ལ། །ཡང་དག་ལྟར་སྣང་ཕྲ་འདྲེས་འོ་མ་ཆུ། །འབྱེད་ནུས་རྣམ་དཔྱོད་འཁོར་ལོའི་ལག་ཅན་མཛོད། །དཔུང་པས་ལོན་མིན་ཆུ་བུར་མིག་གིས་མིན། །ཀུན་ལ་ཁྱབ་ཀྱང་ལོང་བས་ནམ་མཁའ་བཞིན། །རྙེད་མིན་མཐའ་བྲལ་ལྟ་དང་བསོད་ནམས་ཚོགས། །ལམ་བཟང་ལ་ཞུགས་ཀུན་མཁྱེན་ཐོབ་པར་མཛོད། །སྒྲ་ཚད་བཟོ་གསོ་ནང་རིག་འོད་སྟོང་གིས། །མི་ཤེས་ཐུན་གསུམ་བཅོམ་དང་ལྷན་ཅིག་ཏུ། །ཐུབ་བསྟན་པད་ཚལ་མ་ལུས་བཞད་པའི་གཉེན། །མཚུངས་མེད་གཟི་འབར་སྲིད་ལས་རྒྱལ་བར་མཛོད། །མདོ་སྔགས་གྲུབ་མཐའི་སྒོ་དང་རིན་ཆེན་ཚོགས། །དཔྱོད་ལྡན་འདུན་ས་ཚོང་འདུས་ལ་འགྲིམ་ཚེ། །ཡིན་མིན་རིན་ཆེན་འཆིང་བུ་སོ་སོ་རུ། །གསལ་བར་སྟོན་པའི་རྣམ་དཔྱོད་འཕྲུལ་ད་སྩོལ། །ཇི་ལྟ་ཇི་སྙེད་ཆོས་ཀྱི་རྣམ་དབྱེ་དང༌། །ངེས་ཚིག་བརྡ་སྤྲོད་མདོ་རྒྱུད་བསྟན་བཅོས་ཀུན། །དུས་ཀུན་ཡིད་ལ་ཉི་མ་ལྟར་གསལ་བློས། །འཆད་རྩོད་རྩོམ་པའི་དབང་པོར་བདག་གྱུར་ཅིག །བདག་གི་ཚིག་སྦྱོར་རེས་ཀྱང་འོད་སྟོང་གིས། །སྨིན་པའི་པདྨ་བྱེ་བ་གཅིག་ཆར་དུ། །བཞད་བཞིན་མཁས་བླུན་བར་མ་མཐའ་དག་གི །ཐེ་ཚོམ་སྦུབས་གྲོལ་རྣམ་དཔྱོད་རྒྱས་བཀྲར་ཤོག །ཚེ་རབས་ཀུན་ཏུ་མགོན་ཁྱོད་མངོན་སུམ་ཞིང༌། །དེ་ཡི་མོད་ལ་ཡིད་མཁར་བཤད་སྒྲུབ་ཀྱི། །ཆོས་ཀྱི་སྒོ་མཐའ་ཡས་རྙེད་མ་ལུས་འགྲོར། །ཟབ་རྒྱས་ཆར་ཕབས་སྨིན་གྲོལ་གཡུར་ཟ་ཤོག །ཏིང་འཛིན་སྔགས་དང་སྦྱིན་སྲེག་རྫས་སྦྱོར་གྱིས། །དག་སྒྲུབ་རལ་གྲི་རིལ་བུ་ལས་བཞི་སོགས། །རྒྱུད་ནས་གསུངས་པའི་མཆོག་ཐུན་དངོས་གྲུབ་ཀུན། །ཐོགས་མེད་སྦྱར་བ་ཙམ་གྱིས་འགྲུབ་པར་ཤོག །ཆོས་རྣམས་མིང་གི་ཚོན་རིས་ཀྱིས་ཕྱེ་བའི། །རྟེན་འབྱུང་མི་བསླུ་གང་ཡང་འཆར་བའི་གཤིས། །ལེགས་སྨོན་སྣ་ཚོགས་འཆར་བའི་མེ་ལོང་དུ། །མཆོག་གསུམ་ཐུགས་རྗེས་འགྲོ་ལ་མངོན་གྱུར་ཤོག །ཅེས་ཡབ་གཅིག་འཇམ་དབྱངས་དཀར་པོའི་བསྟོད་པ་ལེགས་བྱས་རྟེན་འབྱུང་བཀྲ་བའི་མེ་ལོང་དཔྱོད་ལྡན་ཡིད་ཀྱི་འདབ་བརྒྱའི་གཉེན་མཆོག་ཅེས་བྱ་བ་འདི་ཡང༌། གངས་ཅན་གྱི་བྱ་རྒོད་ཕུང་པོའི་རི་བོ་གཉིས་པ་གྲུབ་པའི་དབང་ཕྱུག་དམ་པ་རྣམས་ཀྱི་བསྟི་གནས་དཔལ་རི་བོ་དགེ་འཕེལ་དུ་མང་དུ་ཐོས་པའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སུག་བྲིས་སུ་བགྱིས་པའི་དགེ་བས་སྐྱེ་འགྲོ་ཀུན་གྱིས་ཐམས་ཅད་མཁྱེན་པ་མྱུར་དུ་ཐོབ་པར་གྱུར་ཅིག།། །།
༈ ན་མཿཨཱརྻ་ཏཱ་ར་ཡེ། མྱུར་མྱུར་འགྲོ་ཀུན་འཇིགས་རྣམས་སྐྱོབ་སླད་དུ། །ཡང་ཡང་གཟིགས་ནས་རྒྱལ་རྣམས་འཕྲིན་ལས་ཀུན། །མཛེས་མཛེས་ལྷ་མོའི་སྐུར་བསྟན་རྗེ་བཙུན་མར། །དུང་དུང་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །མར་གད་ཞུན་མཚོའི་དབུས་ནས་ཕྱུང་བའི་སྐུ། །ཞི་བའི་གཏེར་ལས་འཁྲུངས་པའི་མཛེས་སྡུག་ཞལ། །སྤྱན་རས་ཨུཏྤལ་སྔོན་པོ་ཁ་ཕྱེ་བ། །བུང་བའི་ཐེ་ཚོམ་སླད་དུ་འཛུམ་པ་བཞིན། །དམར་བའི་བིམ་པ་ཁོ་ནར་མཚུངས་མིན་མཆུ། །འགྲོ་ལ་རྗེས་ཆགས་འཛུམ་དབུས་མུཀྟི་ཀའི། །འབྲས་བུར་དོག་ལྡན་ཚེམས་ཀྱི་གེ་སར་ཅན། །མཛེས་ལྡན་པདྨ་འགའ་ཡང་ཁྱོད་ཀྱི་དཔེ། །དགེས་པ་བཞིན་དཀར་འོ་འཛིན་ནུ་འབུར་ཟུང༌། །དཔལ་ལྡན་སྒེག་པའི་ཕུན་ཚོགས་ངོམས་བཞིན་དུ། །མཛེས་པ་གཅིག་བསྡུས་རིན་ཆེན་རྒྱན་སོགས་ཀྱིས། །མར་གད་རི་ལ་རྒྱུ་སྐར་བཀྲམ་བཞིན་མཛེས། །ཐུགས་རྗེ་བཞིན་མཉེན་སྙན་ཤལ་རིང་པོ་ཟུང༌། །བུམ་པ་བརྒྱར་སྐྱེས་ཀརྞ་ཀས་སྤྲས་པ། །ཕྱོགས་ཀྱི་སྒེག་མོ་དག་གི་རྣ་བ་ལ། །དྲི་བྲལ་གྲགས་དཀར་གཡོ་ཞིང་འཁོར་བའི་ཆ། །མར་གད་ཞུན་མའི་མཛེས་སྡུག་རྫོགས་པའི་སྐུ། །སྲེད་པ་འགོག་ཕྱིར་བྱེད་པོས་ལྷ་རྫས་གོས། །འཇའ་ཚོན་ལྟར་བཀྲའི་ལྷབ་ལྷུབ་གཡོ་བར་བྱས། །ཚར་ཚར་འོག་པགས་འཕྱང་བའི་རྐེད་སྐབས་འདི། །དབང་གཞུ་ལྟ་བུར་གཡས་ཕྱོགས་ལ་འཁྱོག་པ། །སྙིང་རྗེ་ཁོ་ནས་གཞན་ཕན་ལ་བསྐུལ་ཆ། །དཀྱུས་རིང་པདྨའི་སྤྱན་གྱིས་རབ་ཏུ་སྟོན། །སྲིད་ཞིའི་དཔལ་འབྱོར་ཡོད་དོ་ཅོག་བཟླུམས་པར། །མར་གད་ལྷ་མོ་འཕྲིན་ལས་གཏེར་ཆེན་མས། །འགྲོ་རྣམས་འཇིགས་ཆེན་ཀུན་ལས་སྐྱོབ་མཛད་ན། །ཁྱོད་ཀྱི་གསང་གསུམ་རོལ་པའི་ཆ་གཅིག་དཔེ། །མཐའ་ཡས་སྐུ་ནི་འགྲོ་ལ་ཀུན་ཏུ་སྟོན། །རང་རང་སྐད་ཀྱིས་འགྲོ་ལ་ལེགས་བཤད་སྒྲོགས། །མ་ལུས་ཆོས་རྣམས་མཁྱེན་ངོར་མ་འདྲེས་བཀྲ། །གསང་གསུམ་བརྗོད་འདས་ཁྱོད་ལ་ཕྱག་འཚལ་ལོ། །འདུད་དོ་རྒྱལ་ཀུན་མཁྱེན་པའི་ཡུམ་གཅིག་མ། །དྲན་པས་འདོད་དགུ་སྦྱིན་པའི་དབང་རྒྱལ་མ། །ལྷ་མིའི་གཙུག་གིས་རྟག་མཆོད་རྗེ་བཙུན་མ། །ཀ་ཡེ་ཕོངས་པ་ཀུན་སྐྱོབ་ཏཱ་རེ་མ། །བདེ་བ་ཁོ་ན་ཡིད་ལ་རབ་བརྣག་ཅིང༌། །སྡུག་བསྔལ་བརྒྱས་བཙེས་སྙིགས་མའི་འགྲོ་འདི་ལ། །འཕྲིན་ལས་བཅུ་གཉིས་བདག་པོའི་གཟི་བྱིན་གྱིས། །ཕན་བདེའི་འདབ་བརྒྱ་རྟག་ཏུ་རྒྱས་པར་མཛོད། །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ། །སྦྲུལ་དང་རྐུན་པོ་ལྕགས་སྒྲོགས་མཚོ་འཁྲུགས་དང༌། །རོ་ལངས་ནད་དང་དབང་པོས་འཚེ་དང་དབུལ། །བུད་མེད་བྲལ་དང་མི་བདག་ཁྲོས་ཅན་འཁྲུག །རྡོ་རྗེ་ལྟུང་དང་ནོར་རྣམས་བཅུ་དྲུག་གི །འཇིགས་པའི་རབ་རྨོངས་སྐྱབས་མེད་འགྲོ་འདི་དག །འཇིགས་མེད་བདེ་བའི་ལམ་དུ་ཁྱོད་ཀྱིས་མཛོད། །མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང༌། །མཁས་བཙུན་བཟང་གསུམ་ཐོས་བསམ་སྒོམ་སོགས་ཀྱིས། །འགྲོ་རྣམས་མངོན་མཐོ་ངེས་ལེགས་ལ་འགོད་ཅིང༌། །དེང་ནས་རྟག་ཏུ་ཁྱོད་ཀྱི་ཞལ་མཐོང་ཤོག །གནས་སྐབས་འགྲོ་ལ་ཕན་བཞེད་རེ་བའི་དོན། །མ་ལུས་འབད་མེད་མྱུར་བ་ཉིད་དུ་འདིར། །ལྷུན་གྲུབ་སྩོལ་ཅིང་གང་བྱས་འགྲོ་རྣམས་ལ། །རྟག་ཏུ་ཕན་དང་བདེ་བའི་རྒྱུར་གྱུར་ཅིག །རྟེན་འབྱུང་བསླུ་མེད་མཁའ་ལ་གང་ཡང་འཆར། །རྒྱལ་བ་སྲས་བཅས་བྱིན་རླབས་ཡོལ་བ་མེད། །ལྷག་བསམ་ཉི་མ་བྱེ་བའི་འོད་ཟེར་གྱིས། །སྨོན་འབྲས་སྣ་ཚོགས་ཇི་བཞིན་མངོན་སུམ་ཤོག །ཅེས་སེང་ལྡེང་ནགས་ཀྱི་སྒྲོལ་མ་འཕྲིན་ལས་ཀྱི་གཏེར་ཆེན་མ་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཡིད་བཞིན་དབང་གི་རྒྱལ་པོའི་ཆར་ཆེན་རྫོགས་ལྡན་དགའ་སྟོན་འདི་ཡང༌། འཇམ་དབྱངས་བཞད་པའི་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་བྲིས་པ་སྐྱེ་འགྲོ་ལ་དགེ་བར་གྱུར་ཅིག།། །།
༈ ན་མཿསྭ་ར་སྭ་སྟྱཻ། སྣ་ཚོགས་ཡེ་ཤེས་སྒྱུ་འཕྲུལ་བརྟན་གཡོའི་གར། །རྨོངས་གཉེན་ཡེ་ཤེས་ཉི་མའི་དངོས་བརྒྱའི་ཆ། །བྱི་རུའི་སྨྲ་སྟོན་ལྷ་མོར་ཤར་བ་ཀྱེ། །མགྲིན་མཚོར་སྙན་ཚིག་གཏམ་གྱིས་སྐལ་བཟང་སྒྲུབས། །རྒྱལ་བ་ཀུན་གྱི་ཡེ་ཤེས་གསང་བ་བཞིན། །སྟོན་མཛད་ཁྱོད་ཀྱི་གསང་གསུམ་བཀོད་པའི་ཆ། །དུས་ཀུན་བརྗོད་ཀྱང་ཆ་གཅིག་མི་རྫོགས་ཀྱང༌། །རྨད་བྱུང་འགའ་བརྗོད་འདིར་གཟིགས་དབྱངས་ཅན་མ། །པད་རག་མཛེས་སྡུག་ཀུན་རྫོགས་རིན་ཆེན་ལྗོན། །འཇའ་ཚོན་གོས་གྱོན་ཨུཏྤལ་ཟུར་མིག་གཡོ། །དབང་སྔོན་ལན་བུ་རྒྱུ་སྐར་ཕྲེང་བས་སྤུད། །རྒྱལ་རྣམས་ཐུགས་འཕྲོག་འགྱུར་ན་ཁྱོད་སྐུའི་དཔེ། །མཚན་དཔེ་ཕན་ཚུན་ང་ལྷག་ང་མཛེས་ཅེས། །འགྲན་བཞིན་དབུ་རྒྱན་ཕྱག་ཞབས་སྐུ་སྐེད་ཀྱི། །རིན་ཆེན་རྒྱན་དྲུག་གཡེར་ཁས་ང་ལྷག་ཅེས། །སིལ་སིལ་སྒྲ་འཁྲོལ་སོར་མོའི་གདུ་བུའང་འགྲན། །མཁས་རྣམས་རེ་སྐོང་རིན་ཆེན་གཡས་པས་འཕྱར། །དྲི་བྲལ་ཀུན་གསལ་ཉིད་ཀྱི་ཐུགས་ཇི་བཞིན། །སྣང་སྲིད་ཀུན་འཆར་མེ་ལོང་གཡོན་བསྣམས་པས། །གདུལ་བྱའི་ཡིད་ལ་ཆོས་ཀུན་བྲིས་བཞིན་གསལ། །ནུ་འབུར་ཟུང་སྒྲིབ་འཇའ་ཚོན་སྟོད་གཡོག་དང༌། །འོག་པགས་འཕྱང་འཕྲུལ་གཡོ་བའི་ཤམ་ཐམས་ཅན། །ལྷབ་ལྷུབ་གཡོ་བའི་ཞབས་ཟུང་རོལ་སྟབས་ཀྱིས། །བུ་ཞེས་ཕེབས་ལ་མངོན་དགྱེས་བྲེལ་བ་བཞིན། །དཔལ་སྟུག་རྫོགས་པའི་སྐུ་དྲན་དགའ་བ་རྒྱས། །ཆགས་པ་མི་སྐྱེད་ཞེ་སྡང་རྨོངས་པའི་གཉེན། །མཁྱེན་རབ་ཀུན་བསྡུས་ཡེ་ཤེས་ཉི་མ་ཡིས། །ཀུན་མཁྱེན་སྣང་བའི་གཏེར་སྦྱིན་ཡུམ་ལ་འདུད། །ཡན་ལག་རེ་རེར་དབྱངས་ཀུན་ཡོངས་རྫོགས་པའི། །ཇི་ལྟ་ཇི་སྙེད་ཀུན་གསལ་སྐྱེ་དགུའི་འགྲོར། །རང་རང་སྐད་ཀྱིས་ཚིམ་པར་མཛད་པ་འདིས། །རྒྱལ་བ་སྲས་བཅས་གསུང་དབྱངས་བསྡུས་སམ་སྙམ། །མཁའ་འདྲའི་ཆོས་དབྱིངས་གཟིགས་པར་སྤྲོས་པའི་ཚོགས། །མ་ལུས་བྲལ་ཡང་ཇི་སྙེད་ཤེས་བྱའི་ཁམས། །རྨ་བྱའི་སྤུ་སྡུག་ལྟར་བཀྲ་མ་འདྲེས་པར། །ལེགས་གཟིགས་ཀུན་མཁྱེན་གྲགས་པ་འོག་མིན་སོང༌། །རིས་མེད་ཀུན་ལ་བུ་གཅིག་ལྟར་བརྩེ་ཡང༌། །ཞིང་བཅུ་བསྒྲལ་བའི་ཁྲག་གིས་ཞལ་ངོམས་པའི། །མ་གཤིན་འཕྲུལ་སོགས་མིང་བརྒྱ་སྐུའི་རྣམ་འགྱུར། །གྲངས་ལ་རྒྱལ་བ་ཀུན་ཀྱང་འཕྱང་མོ་ཉུག །དབང་ཕྱུག་བརྒྱད་ལྡན་སངས་རྒྱས་བདེན་གཉིས་ཆོས། །ཟུང་བཞིའི་དགེ་འདུན་ལ་སོགས་མཆོག་གསུམ་གྱི། །སྒྱུ་འཕྲུལ་དྲ་བས་སྒེག་ཀྱང་སྒྲ་མཁན་གྱི། །ཆུང་མའི་རྣམ་རོལ་དབྱངས་ཅན་མར་སྟོན་རྨད། །མཚོ་དང་རི་བྲག་ཆུ་འགྲམ་ལྗོན་པ་སོགས། །སྣ་ཚོགས་གནས་སུ་སྐལ་ལྡན་རང་རང་ངོར། །དྭངས་པའི་མཚོ་བརྒྱའི་ནང་དུ་ཟླ་བ་བཞིན། །གསང་གསུམ་སྣང་བརྙན་འཆར་བ་ཕན་བདེའི་དཔྱིད། །ཞབས་སེན་རིན་ཆེན་འོད་ཆགས་ཀུ་མུད་ཏ། །རྒྱལ་དང་རྒྱལ་སྲས་ལྷ་མི་ཀླུ་སོགས་ཀྱི། །གཙུག་སྐྱེའི་རྒྱན་དུ་ཉེར་འགོད་ཚིག་གཏེར་མའི། །གསང་གསུམ་རོལ་པར་ལན་བརྒྱར་མགོས་ཕྱག་འཚལ། །ཟླ་ཤར་མཁའ་ལ་རྒྱུ་སྐར་ཚོགས་བཞིན་དུ། །བཀའ་དང་བསྟན་བཅོས་ཀུན་གྱི་ཚིག་དང་དོན། །མ་ལུས་བདག་གི་ཡིད་ལ་རབ་བཀྲ་བའི། །གཟུངས་ཀྱི་དངོས་གྲུབ་སྩོལ་ཞིག་དབྱངས་ཅན་མ། །དབྱངས་ཅན་སྔོན་གྱི་ཐུགས་དམ་ལྟར་བྱོན་ཏེ། །བདག་གི་ལུས་ངག་ཡིད་ལ་མྱུར་ཞུགས་ལ། །ལྕེ་ལ་རྒྱལ་བའི་སྤོབས་པ་ཡིད་ལ་ནི། །ཆོས་ཀུན་སོ་སོར་རྟོག་པའི་ཀུན་མཁྱེན་སྩོལ། །སྔ་ཕྱི་འབྲེལ་ཆགས་མི་ཟློས་དངོས་ཤུགས་གསལ། །མི་འགལ་ངོ་བོ་དབྱེ་སོགས་གནད་དོན་ཚང༌། །མ་ཚང་སྐོང་སོགས་ཚིག་དོན་ཀུན་འབྱེད་པའི། །འཆད་ལ་ཀུན་གཟིགས་ལྟར་མཛོད་དབྱངས་ཅན་མ། །ཚིག་ལ་སྒྲ་དང་དོན་ལ་གཏན་ཚིགས་ཀྱིས། །ཕས་རྒོལ་འཁྲུལ་བ་བཟློག་ཕྱིར་ཕྲ་ཞིབ་ཀྱི། །རྣམ་དཔྱོད་འགྱེད་ལ་སྲིད་ཞིར་ཟླ་མེད་པ། །རྩོལ་ལ་འཇམ་དབྱངས་དངོས་མཛོད་དབྱངས་ཅན་མ། །སྙན་འཇེབས་ཚིག་དོན་ཉམས་རྫོགས་སྡེབ་སྦྱོར་མཁས། །བཅད་ལྷུག་སྤེལ་དང་ཟབ་གསལ་ཟུར་ཕྱིན་ཅིང༌། །རོ་འཛིན་དབྱངས་ཅན་བྱེ་བས་མངོན་རོལ་པའི། །རྩོམ་པའི་ངོ་མཚར་སྒོ་ཕྱེ་དབྱངས་ཅན་མ། །དེ་ལྟར་དད་གདུང་དྲག་པོས་མངོན་བསྟོད་པས། །ཚེ་རབས་ཀུན་ཏུ་སྙིང་གི་པདྨོ་རུ། །ལྷན་སྐྱེས་བཞིན་དུ་དབྱངས་ཅན་ཉེར་ཞུགས་ཏེ། །རྨོངས་བྲལ་མཁས་པའི་ཡང་རྩེ་ཐོབ་པར་ཤོག །རྒྱལ་བ་སྲས་བཅས་ཐུགས་རྗེ་སྨོན་ལམ་དང༌། །དབྱངས་ཅན་ལྷ་མོའི་སྒྱུ་འཕྲུལ་བདེན་ཚིག་མཐུ། །བདག་གིས་བསྒོམ་བཟླས་དད་པས་དུས་ཀུན་ཏུ། །དབྱངས་ཅན་ལྷ་མོས་མངོན་སུམ་རྗེས་འཛིན་ཤོག །
ཅེས་རྒྱལ་བ་ཐམས་ཅད་ཀྱི་ཡུམ་གཅིག་འདི་གསེར་འོད་ལྟར་གསང་གསུམ་གྱི་རོལ་པ་མཐའ་ཡས་ཀྱི་འཕྲིན་ལས་རྣམ་བཞིས་འགྲོ་བ་རྗེས་སུ་འཛིན་པ་མང་དུ་ཡོད་པའི་ནང་ནས་སྒྲ་མཁན་གྱི་ཆུང་མའི་རྣམ་པར་བསྟན་པའི་ལྷ་མོ་དབྱངས་ཅན་མར་གྲགས་པ་དེ་ལའང་རིགས་མང་དུ་ཡོད་པ་ལས་གསང་སྒྲུབ་དབྱངས་ཅན་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མའི་བསྟོད་པ་ངོ་མཚར་རིན་ཆེན་ཕྲེང་མཛེས་མཁས་པའི་མགུལ་རྒྱན་དངོས་གྲུབ་མྱུར་འཇུག་ཅེས་བྱ་བ་འདི་ཡང༌། རང་གི་སློབ་མ་ཚེ་བློས་བཏང་གི་རྣལ་འབྱོར་པ་རི་ཁྲོད་དགའ་ལྡན་ཆོས་འཕེལ་གྱི་བླ་མ་ཡེ་ཤེས་བཟང་པོས་བྱི་རུའི་མེ་ཏོག་དང་བཅས་བསྐུལ་ངོ་དང༌། རང་གི་དད་པས་ཀྱང་ཀུན་ནས་བསླངས་ཏེ། མང་དུ་ཐོས་པའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སུག་བྲིས་སུ་བགྱིས་པ་འདིས་ཀྱང༌། རྒྱལ་བསྟན་སྤྱི་དང་ཁྱད་པར་རྒྱལ་བ་གཉིས་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག།། །།
༈ འགྲོ་ལ་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྐྱངས་བསྐུམས་སྐུ། །ཨུཏྤལ་མདའ་གཞུ་ལྕགས་ཀྱུ་ཨུཏྤལ་.....རྡོ་རྗེའི། ཞགས། །ཁམས་གསུམ་དབང་བྱེད་རིག་བྱེད་ལྷ་མོར་འདུད། །གང་གིས་གཟུགས་.....ཁྱོད་སྐུའི་དཀྱིལ་.....གང་གིས། འཁོར་བློ་གྲོས་ཀྱི། །ཨ་དར་ཤར་མཐོང་མོད་ལ་སྐྱེས་སོ་ཅོག །དྲི་ལྡན་པདྨར་བུང་བས་འདུ་འགོད་བཞིན། །འདུ་བར་མཛད་ངེས་ལྷ་མོར་ཕྱག་འཚལ་ལོ། །ལེགས་པར་བསྟེན་ན་སྲིད་ཞིའི་དབང་ཕྱུག་ཀུན། །དངོས་དང་ཉམས་སྣང་རྨི་ལམ་ཅི་རིགས་པར། །སྒྲུབ་པའི་ཐབས་སྟོན་དེ་བཞིན་མྱུར་སྟེར་མ། །ལྷ་མོ་བཅོམ་ལྡན་.....རིག་བྱེད་མ་ལ་གུས་ཕྱག་འཚལ། །ཀུན་གྱི་དབང་ཕྱུག་རྒྱལ་ཡུམ་ལྷ་མོ་ལ། །རྩེ་གཅིག་གསོལ་བཏབ་བསྟོད་པའི་དགེ་ཚོགས་ཀྱིས། །ཁམས་གསུམ་ཀུན་གྱིས་རབ་ཏུ་བསྔགས་པའི་ཡུལ། །རྟག་ཏུ་དམ་པའི་ཚེ་རབས་.....སྐྱེ་བ་རྟག་ཏུ་ཐོབ་པར་ཤོག །མ་ལུས་སྐྱེ་དགུའི་མགོན་དུ་གྱུར་ནས་ཀྱང༌། །མ་རིག་འཁྲུལ་བར་འཕྱན་པའི་ལུས་ཅན་གྱི། །མ་དད་ཉེས་སྐྱོན་དྲི་མ་ཀུན་སྦྱངས་ཏེ། །མ་ལུས་འགྲོ་འདི་རྒྱལ་བའི་སྐུ་ཐོབ་ཤོག །མ་ལུས་དབང་བྱེད་ལྷ་མོ་གསང་སྒྲུབ་མར། །མཉྫུ་གྷོ་ཥ་ཧ་ས་བཛྲ་གྱིས། །མ་བསྐུལ་བར་ཡང་དད་པ་སྐྱེས་པའི་ཚེ། །མ་མང་ཉུང་ངུའི་བསྟོད་པ་ལེགས་པར་བྲིས། །
༈ མཐའ་བྲལ་ཆོས་ཀྱི་དབྱིངས་ལས་བཞེངས་མིན་ཡང༌། །སྣ་ཚོགས་སྤྲུལ་པའི་ཆུ་འཛིན་སྤྲོ་བསྡུའི་གར། །བསྒྱུར་མཛད་བླ་མ་འཇམ་དཔལ་ཡབ་ཡུམ་གྱིས། །འབྱམས་ཀླས་རྣམ་དཔྱོད་ལྷུག་ལྷུག་དུས་ཀུན་སྩོལ། །འཇིགས་འཇིགས་དྲེགས་ལྡན་སྐྱེ་འཕགས་གང་གིས་ཀྱང༌། །འཇིགས་འཇིགས་ཁྲོ་བོའི་ཞལ་ཙམ་མཐོང་མ་ཐག །འཇིགས་འཇིགས་དྲན་ཉམས་ལག་ཆ་ལྟུང་མཛད་པའི། །འཇིགས་འཇིགས་ཁྲོ་བོས་བདུད་ལས་དེང་རྒྱལ་མཛོད། །ལྷབ་ལྷབ་མེ་འབར་ཁྲོ་བོའི་སྤྱན་རྫི་ཙམ། །ཡང་ཡང་མ་ཡིན་ལན་གཅིག་བསྐྱོད་པས་ཀྱང༌། །རྔམས་རྔམས་དྲེགས་ལྡན་གདུག་ཅན་ཐལ་བྱས་རྡུལ། །ཆུང་ཆུང་ཙམ་ཡང་ལྷག་མིན་ཁྱོད་ཕྱག་འཚལ། །མ་གདེངས་གདེངས་པ་མཁའ་ངོས་འགོག་པའི་སོ། །མ་བཏབ་བཏབ་བཞིན་འབྱུང་པོ་ཀུན་གྱི་སྙིང༌། །མ་བྲོས་བྲོས་བཞིན་ལུས་མེད་གྲོང་བཅས་གཞོམ། །ཆོས་.....ཁྱོད་རྒྱལ་རྒྱལ་ཀུན་ཡབ་ཀྱེ་རིགས་ཀུན་བདག །འཇིགས་ཞལ་ཕེཾ་སྒྲས་ས་གསུམ་མཁའ་འགྲོའི་ཚོགས། །ཚོགས་བཞིན་འདུས་བཞིན་སྒྲུབ་པ་པོ་རྣམས་ལ། །ལ་ལས་གང་འདོད་མཆོག་མཐུན་དང་བཅས་ཀུན། །ཀུན་ཏུ་སྐད་ཅིག་མི་གཡེལ་སྟེར་འདི་རྨད། །རྨད་བྱུང་གསང་གསུམ་མཆོག་གསུམ་ཀུན་འདུས་ལྷ། །ལྷ་མིའི་འདྲེན་མཆོག་ལྷ་མཆོག་ཁྱོད་ཀྱིས་དེང༌། །དེང་ནས་བྱང་ཆུབ་ཀུན་ཆུབ་ཤིང་དྲུང་བར། །བར་ཆད་དང་བྲལ་སྒྲིབ་བྲལ་བཤེས་ཀྱང་བྱེད། །གཏི་མུག་འཆི་བདུད་མུན་པས་བརྫི་མིན་ཉི། །ཉི་མ་སྟོང་ལས་ཆེས་གསལ་ཐུགས་དྲན་གང༌། །གང་ལས་འཆད་རྩོད་རྩོམ་ལ་ཐོགས་མེད་དཔལ། །དཔལ་ལྡན་ཚངས་དབྱངས་ངོ་མཚར་སྐྱེད་པའང་སྟེར། །གནམ་སའི་ངོས་ཀུན་ཀུན་ནས་དྲལ་བ་བཞིན། །བཞིན་རས་ཆེས་འཇིགས་འཇིགས་བཞད་ཧཱུཾ་སོགས་སྒྲ། །སྒྲ་རྣམས་ཀུན་བསྡུས་བསྡུས་ན་མཚུངས་པའི་གསུང༌། །གསུང་དྲན་འཆི་བདག་བདག་གིས་འཛིན་ལས་བརྒལ། །གནག་སྣུམ་ཆར་སྤྲིན་སྐུ་ལ་བསྐལ་པའི་མེ། །མེ་བཞིན་སྤྱན་རྫི་བ་སྤུ་སྨ་ར་གཡོ། །གཡོ་བྲལ་ཚངས་དབང་དྲག་སོགས་ཞབས་བརྫིས་ཕྱག །ཕྱག་མཚན་གར་མཐོང་གར་དེ་དེར་དངོས་གྲུབ། །མ་འདྲིས་འགྲོ་བ་ཀུན་གྱི་མཛའ་བཤེས་ཁྱོད། །མ་བསྐུལ་བར་ཡང་རྗེས་བརྩེས་ཀུན་སྐྱོང་ན། །མ་ཡེངས་སྒྲུབ་ལ་བརྩོན་གང་དེ་མ་ཐག །མ་ལུས་བདུད་ལས་རྒྱལ་ལ་ཡ་མཚན་ཅི། །མ་བཞིན་བརྩེ་ལྡན་ཁྱོད་ལ་བདག་ཅག་ཚུལ། །མ་བརྟགས་ནོངས་ཡུས་མོལ་བ་འགའ་བརྗོད་ཀྱི། །མ་ལུས་ཆོས་ཀུན་གསན་པའི་སྙན་དབང་དེ། །མ་གཡེལ་འདིར་གསོན་བདག་གི་ཡབ་གཅིག་ཀྱེ། །ཁྱོད་སྐུའི་བ་སྤུ་རེ་རེ་གང་གི་དཔལ། །མ་ལུས་ཉལ་བའི་ཚངས་དབང་དྲག་པོས་ཀྱང༌། །དངོས་གྲུབ་སྨྲས་བཞིན་སྟེར་ན་ཡུན་རིང་བར། །བསྙེན་ཀྱང་བདག་ལ་སྤྱན་རས་མི་སྐྱོངས་ཅི། །ཁྲེལ་ལྡན་ཕལ་གྱིའང་ཁས་བླངས་མི་བསླུ་ན། །བརྩེ་བས་འདི་ལྟར་གྱིས་དང་འདི་འོངས་ཞེས། །གསུང་བཞིན་འབད་ཀྱང་མ་བྱུང་བདག་ནོངས་པ། །གཞོམ་ཐབས་ཟད་དམ་ཁྱོད་ཀྱི་ལྡེམ་པོའམ་ཅི། །ཤིན་ཏུ་ཉམས་དམན་འགས་ཀྱང་རང་བུ་ལ། །ཤ་ཁྲག་གདུང་བཞིན་སྟེར་ན་ལྷུན་གྲུབ་ལ། །མངའ་བརྙེས་ཁྱོད་ཀྱིས་བདག་ཅག་བཏང་སྙོམས་སུ། །མཛད་པར་རིགས་སམ་ཞལ་རས་གཟིགས་པ་སྐྱོངས། །དུས་རླུང་གིས་མིན་སྒྲིབ་པའི་མཁའ་གླང་ཀུན། །མཐུ་སྟོབས་རྟག་འགྲོས་མིང་ཙམ་ལྷག་མེད་མཛོད། །ལྷ་དང་བླ་མའི་གསང་གསུམ་སྣང་བ་ཆེ། །འབར་བའི་ཏིང་འཛིན་སྒོ་བརྒྱ་ཕྱེ་བར་མཛོད། །ཞི་བ་བསྒྲུབས་པའི་ཁྲོ་དབང་ཤུགས་ཀྱིས་འགྲུབ། །ཞི་རྒྱས་དབང་དྲག་བསྙེན་པའི་དུས་ཉིད་ནས། །འགྲུབ་མཛད་ཡི་དམ་ལྷ་ཡིས་མཆོག་ཐུན་སྩོལ། །བསམ་གཏན་འཁྲུལ་འཁོར་སྦྱིན་སྲེག་གཏོར་མའི་ལས། །རབ་འབྱམས་རྒྱུད་ལས་གསུངས་བཞིན་ཉམས་མྱོང་བའི། །རྣལ་འབྱོར་དབང་ཕྱུག་བྱེ་བས་བསྟན་འགྲོའི་དོན། །སྒྲུབ་པའི་མཆོག་ཐུན་འབྲས་བུ་གཡུར་ཟ་ཤོག །ཅེས་རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་དབྱངས་ཁྲོས་པའི་གར་མཛད་འཇིགས་མཛད་རྡོ་རྗེ་ལ་བསྟོད་པ་བདུད་ལས་རྣམ་པར་རྒྱལ་བའི་བཞད་སྒྲ་དངོས་གྲུབ་ཀྱི་བང་མཛོད་འདི་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པ་འཇིགས་མཛད་སྙེམས་པའི་དབང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་སྦྱར་བ་འགྲོ་བ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་བར་གྱུར་ཅིག།། །།
༈ ན་མཿསྟྭ་ར་སྭ་སྟྱཻ་སཱ་ར་བ་དཱི་སིདྷི་རསྟུ། རིགས་ཀུན་ཁྱབ་བདག་འཇམ་དབྱངས་ཞི་ཁྲོ་དང༌། །དབྱེར་མེད་རྒྱལ་བ་གཉིས་པ་ཡབ་སྲས་སོགས། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ལ། །གུས་པས་འདུད་དོ་དངོས་གྲུབ་ཆར་དུ་བསྙིལ། །བླ་མ་ལྷ་ལ་རླབས་ཆེན་ཚོགས་བསགས་མཐུས། །གཟུང་འཛིན་འཁོར་འདས་སྣོད་བཅུད་ཀུན་རྟོག་སྤྲིན། །གཡོ་བྱེད་ཆོས་འཁོར་མཁར་ཐིམ་འོད་གསལ་ཆེ། །བརྗོད་བྲལ་ལྷན་སྐྱེས་བདེ་ཆེན་ཆོས་སྐུར་འདུད། །སྨོན་ལམ་དབང་གིས་སྣ་ཚོགས་ནོར་བུ་བཞིན། །བདེ་ཆེན་སེམས་དེ་གཞལ་ཡས་ཁང་དབུས་ན། །རྡུལ་མིན་ཡེ་ཤེས་རང་བཞིན་གསེར་སྦྱངས་སྐུ། །འཇམ་དབྱངས་དང་པོའི་མགོན་པོ་ལོངས་སྐུར་འདུད། །ཆུང་འབྲིང་ཆེ་བའི་ཕྱི་ནང་བདུད་བཅོམ་ནས། །ལྷ་བརྒྱད་ནད་བརྒྱད་གདོན་བརྒྱད་བསྒྱེལ་སྟེང་དུ། །དུས་གསུམ་ཞི་ཁྲོ་སྙེམས་མཛད་དབང་སྔོན་ལྷུན། །མ་ཧེ་ཁྲོས་ཞལ་སྤྲུལ་སྐུ་མཆོག་ཕྱག་འཚལ། །ཞི་རྒྱས་དབང་དྲག་འགུག་སོགས་མཆོག་ཐུན་ཀུན། །ཞལ་ཕྱག་ཕྱག་མཚན་ཞབས་གདན་ང་རོ་ལས། །ལེགས་ཚང་འཇིག་རྟེན་འཇིག་རྟེན་འདས་ཀུན་གྱིས། །མི་གཡེལ་བྲན་བྱེད་མྱུར་དུ་འགྲུབ་ཕྱག་འཚལ། །ཁྲོས་པའི་ཉམས་མཐར་རྫོགས་ཕྱིར་བགེགས་ཀུན་འཇིགས། །ཕེཾ་སྒྲས་ཌཱ་ཀི་ཀུན་འདུད་གདུག་ཅན་.....བསྡིགས་མཛུབ། མྱུར། །སྲོག་བསྡུས་དམ་བཞག་སྔོན་བཀའ་ལྷ་གཞན་ལོར། །བསྒྲུབ་ལས་ཆེས་བརྒྱས་མྱུར་བ་ཁྱོད་ཕྱག་འཚལ། །མཁའ་ཁྱབ་ཧ་ཧེ་ཧི་ཧོ་ཧཱུཾ་ཕེཾ་སྒྲོགས། །བཅུ་དྲུག་ཞབས་བསྐྱོད་ས་ཆེན་མ་ལུས་གཡོ། །མཐོང་བ་ཙམ་གྱིས་སྐྱེ་འཕགས་མ་ལུས་པ། །བརྒྱལ་འགྱེལ་ལག་ཆ་ལྟུང་མཛད་ཁྱོད་ལ་བསྟོད། །རྒྱལ་བ་ཀུན་གྱི་ཟག་མེད་ཆུ་ཀླུང་འབུམ། །སྤྲོ་མཛད་ཌཱ་ཀི་ཀུན་གྱི་དབང་ཕྱུག་མ། །ཆུ་ལ་རླབས་བཞིན་མ་ཧེའི་ཞལ་ཅན་ལ། །བདེ་བ་མཆོག་སྟེར་བྷཻ་ཏ་ལ་ཕྱག་འཚལ། །སྒྲིབ་པ་བཞི་བྲལ་ཡེ་ཤེས་བཞི་རྫོགས་པས། །དྲང་ངེས་ཡ་མ་ཀུན་གྱི་དགྲ་ཆེ་བ། །དཀར་སེར་དམར་ལྗང་ལྷུན་པོ་མེ་ཀློང་ཅན། །གཏི་མུག་གཤིན་རྗེའི་དགྲ་སོགས་བཞིར་ཕྱག་འཚལ། །ཕུང་ཉོན་འཆི་བདག་ལྷའི་བུའི་བདུད་བཅོམ་ཞིང༌། །དད་བརྩོན་དྲན་ཏིང་སྟོབས་རྫོགས་ཆུ་བཞིས་བསྐོར། །སྔོ་སེར་དམར་ལྗང་ཁྲོས་འགྱིང་མེ་དཔུང་འབར། །སྒོ་སྐྱོང་ཐོ་བ་གཤིན་དགྲ་སོགས་ལ་བསྟོད། །ས་ཆུ་མེ་རླུང་ཁམས་དག་བྱམས་སྙིང་རྗེ། །དགའ་དང་བཏང་སྙོམས་ཚད་མེད་རང་བཞིན་ཡུམ། །དཀར་སྔོན་དམར་ལྗང་ཞི་ཁྲོའི་ཉམས་ལྡན་དཔལ། །བཅུ་གཉིས་རིགས་ཀྱི་ཡུམ་རྣམས་ལ་ཕྱག་འཚལ། །ཀུན་རྟོག་གཡོ་བྲལ་རྒྱལ་བའི་ལྷན་སྐྱེས་ཐུགས། །ཐུགས་རྗེའི་རྟག་འགྲོས་སྒྱུ་འཕྲུལ་སྤྲུལ་པའི་རླབས། །གང་འདུལ་ཞི་ཁྲོའི་ལྦུ་འཕྲེང་སྤྲོ་ཞིང་སྡུད། །རྟེན་དང་བརྟེན་པ་མཆོག་ཏུ་ཤར་ལ་འདུད། །ཐམས་ཅད་མིང་གི་རི་མོ་ཙམ་ཡིན་ཀྱང༌། །དད་དང་དམ་ཚིག་བཟླས་བསྒོམ་ཨ་དར་ཤར། །གང་འདོད་སིདྡྷི་རྣམ་གཉིས་མ་ལུས་པ། །མི་བསླུ་གཟུགས་བཞིན་མངོན་སུམ་འཆར་ཕྱག་འཚལ། །དེ་ལྟར་བསྟོད་པས་སྒྱུ་མའི་རྨོངས་འགྲོ་རྣམས། །ཡེ་ཤེས་སྔགས་ཀྱིས་སྲིད་པའི་རྒྱུ་བཅོམ་ནས། །སོ་སོ་རང་གི་རིག་བྱ་མཐར་ཐུག་སྐུ། །འཇམ་དཔལ་ཟུང་འཇུག་མཆོག་ལ་རོལ་གྱུར་ཅིག །ཚེ་རབས་ཀུན་ཏུ་འཇམ་དཔལ་ཞི་ཁྲོའི་ཞལ། །མངོན་མཐོ་ཞི་རྒྱས་དབང་དྲག་གྲུབ་ཆེན་བརྒྱད། །གྲུབ་སྟེ་དབང་ཕྱུག་བརྒྱད་མྱུར་ཐོབ་གྱུར་ཅིག །དེ་ལྟར་ལྷག་བསམ་ཉི་མ་འབར་བའི་གཟིས། །ཡིད་མཁའ་མཆོག་ཏུ་དཀར་བའི་དགེ་ལེགས་ཀྱིས། །འཇིགས་མཛད་རྡོ་རྗེའི་བསྟན་པ་ས་གསུམ་པོ། །གསལ་བྱས་བསྟན་པའི་པད་ཚལ་རྒྱས་གྱུར་ཅིག །ལྷ་འདིར་ཁ་ཙམ་མ་ཡིན་སྙིང་ནས་དད། །དད་པ་ཙམ་མིན་ཉམས་མྱོང་སྙིང་ནས་བསྒྲུབ། །བསྒྲུབས་པས་མངོན་རྟགས་སྣ་ཚོགས་ཨེ་མ་རྒྱས། །རྒྱས་བཞིན་བསྟན་འདི་དུས་ཀུན་རྒྱས་པར་ཤོག །དེ་ལྟར་དེ་ལ་དེ་བཞིན་རབ་གུས་པའི། །ཕྱི་རུ་མངོན་ཆུང་ནང་གི་སེམས་ཉི་མས། །འཇམ་དབྱངས་བསྟན་པའི་པད་ཚལ་བཞད་བྱེད་པ། །རྡོ་རྗེ་འཛིན་པ་གཅིག་གིས་དེ་སྐད་ལོ། །ཞེས་དཔལ་རྡོ་རྗེ་འཇིགས་མཛད་བཅུ་གསུམ་ལྷའི་འཁོར་ལོ་ལ་བསྟོད་པ་འཕྲིན་ལས་རྣམ་བཞི་རྒྱས་པའི་ཉི་མ་གསར་བའི་ཕྲེང་མཛེས་གྲུབ་པའི་བཞད་སྒྲ་འདི་ཡང་མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་མཚམས་ནང་ཞིག་ནས་སྦྱར་བས་འགྲོ་བ་ཀུན་གྱིས་ཀྱང་ཚེ་འདི་ལ་ཟུང་འཇིག་རྡོ་རྗེ་འཆང་ཐོབ་པའི་ཟབ་ཆོས་འདི་ཕྱོགས་དུས་ཐམས་ཅད་དུ་རྒྱས་པར་གྱུར་ཅིག།། །།
༈ ན་མཿཤྲཱི་གུ་རུ་བཛྲ་བྷཻ་ར་ཝཱ་ཡ། རྒྱལ་བ་ཀུན་གྱི་འཕྲིན་ལས་གང་འདུལ་སྐུར། །སྟོན་པའི་སྣ་ཚོགས་སྒྱུ་འཕྲུལ་ཟློས་གར་ལ། །བཀའ་སྡོད་ཆོས་ཀྱི་རྒྱལ་པོར་མཚན་གསོལ་བའི། །བསྟན་སྲུང་གཙོ་བོ་ཉི་མའི་སྲས་ཁྱོད་བསྟོད། །པད་ཉིར་དགྲ་བགེགས་བསྒྱེལ་བའི་སྙིང་ཁ་ནས། །རབ་བརྗིད་དྲག་ཁྲོས་མ་ཧེའི་གདན་སྟེང་དུ། །བཻཌཱུར་ལྷུན་པོ་ལྟར་བརྗིད་བརྐྱངས་བསྐུམས་ཀྱིས། །དྲེགས་ལྡན་ཚོགས་ཀུན་བསྙེངས་མཛད་ཁྱོད་ལ་བསྟོད། །འཕྱར་བ་ཙམ་གྱིས་བདུད་སྡེ་བྱེ་བའི་མགོ། །འགེམས་བྱེད་ཞིང་དབྱུག་གཡས་པའི་ཕྱག་ན་གདེངས། །བཏབ་པས་ལས་ཉོན་གྱིས་བཞིན་དགྲ་བགེགས་རྣམས། །འཆིང་བྱེད་དུས་ཞགས་གཡོན་བསྣམས་དགྲ་ལ་བྲེལ། །དུས་མཐའི་མེ་བཞིན་གཡོ་བའི་དམར་ཟླུམ་སྤྱན། །དུས་གསུམ་ཆོས་བཞིན་གཟིགས་ཕྱིར་ཕྱོགས་བཅུར་གཡོ། །དགྲ་བགེགས་ཁྲག་བཏུང་ངོམས་མིན་མ་ཧེའི་ཞལ། །དྲག་ཁྲོས་དམར་བ་གནམ་སའི་ངོས་གཉིས་ལྟར། །གདངས་པར་གདུག་པའི་བླ་སྲོག་ཟ་བའི་ཚེམས། །ཁྲག་སྦགས་གངས་རི་ལྟར་གཙིགས་ཧ་ཧར་བཞད། །ཤངས་ནས་དམར་ནག་དབུགས་ཀྱི་ཚོགས་འཕྲོ་བ། །ཕོ་ཉ་མཆོག་བཞིན་གློག་གི་འགྱུ་བ་བཞིན། །ལེགས་ཉེས་ཆོས་བཞིན་འབྱེད་པ་འབྲེལ་བའི་ལྗགས། །སྣང་སྲིད་ཆོས་ཀུན་གསལ་སྟོན་མེ་ལོང་ཆ། །ཉམས་པའི་སྙིང་གི་ཁྲག་འགུག་ལྕགས་ཀྱུ་དངོས། །དབུ་སྐྲ་སྨིན་རྫི་སྨ་ར་བ་སྤུ་ལས། །ཚ་ཚ་དམར་འཕྲོའི་མེ་བཅས་སྤྲིན་གྱི་སྒྲ། །འབུམ་ཕྲག་དུས་གཅིག་ལྟར་སྒྲོགས་སྤྲུལ་པའི་ཚོགས། །དཔག་ཏུ་མེད་སྤྲོས་རབ་འབྱམས་ལས་ཀུན་བསྒྲུབ། །བདུད་སྲིན་བསྒྲལ་བའི་ཐོད་སྐམ་དབུ་རྒྱན་དང༌། །རུས་པའི་རྣ་གོར་ཟླ་བ་རྒྱས་པའི་ཆ། །རུས་རྒྱན་རྒྱུ་སྐར་ཕྲེང་བས་མགུལ་སོགས་སྤྲས། །ཁྲག་གི་ཞམ་ཆུ་རྒྱུན་འབབ་མགོ་ཕྲེང་འཕྱང༌། །མཐོང་བ་ལྟ་ཅི་ཐོས་པས་དགྲ་དང་བགེགས། །དུས་ཀྱི་ཞུགས་ཕྲད་ཤིང་བཞིན་ཐལ་བར་བརླགས །སྒྲུབ་པ་པོ་ལ་འོད་དང་ཉི་བཞིན་དུ། །འབྲལ་མེད་གང་བཅོལ་བྲན་ལྟར་སྐྱོང་ལ་འདུད། །སྐབས་འགར་ཐོད་དབྱུག་བསྣམས་ནས་དགྲ་བགེགས་འཇོམས། །ལ་ལར་གྲི་ཐོད་འཆང་ནས་ལས་བཞི་བྱེད། །ཟླ་ཚེས་ལྟར་དཀར་མི་མཐུན་ཀུན་ཞི་མཛད། །གསེར་རི་ལྟར་བརྗིད་ཚེ་བསོད་བརྟན་རྒྱས་བྱེད། །པད་རག་ལྟར་བཞད་བརྟན་གཡོ་ཀུན་དབང་སྡུད། །ས་འོག་ས་སྟེང་ས་བླའི་འཇིག་རྟེན་དུ། །རྒྱབ་དང་འཇིགས་མཛད་རྡོ་རྗེས་ཆོས་རྒྱལ་ཞེས། །མངའ་གསོལ་དབང་བསྐུར་བསྟན་སྲུང་མཆོག་ཁྱོད་བསྟོད། །ཁྱོད་ཀྱི་ཡུམ་ནི་མིང་བརྒྱ་མཚན་སྟོང་མ། །མ་མོ་འབུམ་གྱི་འཁོར་ལྡན་ཙ་མུཎྜི། །པགས་རློན་གོས་གྱོན་རྩེ་གསུམ་ཐོད་ཁྲག་བསྣམས། །དབྱངས་ཅན་སྒྱུ་འཕྲུལ་དྲག་མོ་དེ་ལ་བསྟོད། །རྒྱལ་པོའི་ཚུལ་བཞུགས་ཡ་བ་ཏིས་བེ་ཅོན། །ཕྱ་སངས་བློན་པོའི་ཚུལ་གྱིས་འཁོར་ལོ་འཛིན། །རྨིག་པ་གསལ་ཤིང་འཛིན་པ་སྡེ་དཔོན་ཚུལ། །མདུང་བསྣམས་རལ་བ་ཚར་དགུ་ཕོ་ཉ་བཞིན། །ཁྲག་སྐྱུགས་ལས་བྱེད་ཏེལ་བ་ཆོས་ཀྱི་རྒྱལ། །སྨྱོ་འབོག་ལས་མཛད་བཀའ་སྡོད་གླང་མགོ་ཅན། །གསོད་ལ་མཆོག་དགའ་གཤིན་རྗེ་མིག་དམར་སྟེ། །མཐུ་སྟོབས་མཆོག་ལྡན་དྲེགས་པ་ཕོ་བརྒྱད་ལ། །ཕོ་ཉ་མིག་གི་མེ་འབར་གཤིན་རྗེའི་ཚོགས། །སྣ་ཚོགས་མཚོན་ཐོགས་འབུམ་འབུམ་འཁོར་ལྡན་པའི། །ནང་གི་བཀའ་སྡོད་བྲན་གཡོག་བཅས་རྣམས་བསྟོད། །དྲེའུ་གཞོན་ཕོ་ཉ་ནག་མོས་ལྕགས་ཀྱུས་འགུག །བོང་ཞོན་དུས་ཞགས་ནག་མོས་ཞགས་པས་འཆང༌། །རླུང་ཞོན་དམ་སྲིས་བེ་ཅོན་གདེངས་ན་གསོད། །ཆུ་བྱ་ལ་ཞོན་དཾ་ཥྚིས་མཆེ་གཙིགས་ཟ། །དུས་མཚན་མེ་ལོང་ཐོགས་ནས་མཚན་མོར་རྒྱུ། །ཆུ་རྒྱུ་གསོད་མས་ནད་རྐྱལ་དགྲ་ལ་འཕྱོ། །ཉི་ཟེར་ལ་རྒྱུ་ནག་མོས་མཚོན་དྲུ་ཐོགས། །ནམ་གྲུས་ཁྲམ་བམ་ཐོགས་ནས་ཁྲམ་ལས་བྱེད། །ཤ་ཀ་ལི་ཡིས་དགྲ་སྲོག་སྤར་བས་ཟ། །གཤིན་རྗེ་ལུ་གུ་རྒྱུད་མ་འབེབས་མ་གཉིས། །མདོག་ནག་དགྲ་བོ་མགོ་འཁོར་ལས་ལ་བརྩོན། །གསོད་པའི་ལས་བྱེད་མཚན་མོ་ནག་མོ་སྟེ། །བར་གྱི་བཅུ་གཉིས་ལྕགས་ཁང་ལ་གནས་པའི། །བཅུ་གཉིས་གཤིན་རྗེ་མ་ཚོགས་འཁོར་བཅས་བསྟོད། །ཕྱི་ཡི་ལྕགས་མཁར་སྒོ་མེད་བཅུ་དྲུག་ནང༌། །ཅི་བགྱིའི་གཤིན་རྗེ་ཕྱོགས་སྐྱོང་འཁོར་དང་བཅས། །ཀུན་ཀྱང་བཟློག་དཀའ་དུས་ཀྱི་ཕོ་ཉས་བསྐོར། །གནམ་སའི་ཁྱོན་འགེངས་བཀའ་སྡོད་འཁོར་བཅས་ཀྱིས། །འཇིགས་མཛད་རྡོ་རྗེའི་བཀའ་དང་དམ་ཚིག་བཞིན། །སྒྲུབ་པ་པོ་ཡི་ཅི་བགྱིའི་ལས་མཛོད་ཅིག །མ་གཡེལ་མ་གཡེལ་ཆོས་ཀྱི་རྒྱལ་པོའི་ཚོགས། །དགོངས་ཤིག་དགོངས་ཤིག་ཐ་ཚིག་གཉན་པོ་བཞིན། །སྒྲུབས་ཤིག་སྒྲུབས་ཤིག་རྣལ་འབྱོར་གང་བཅོལ་བ། །མཛོད་ཅིག་མཛོད་ཅིག་ཐོགས་མེད་འཕྲིན་ལས་མཛོད། །གཞན་ཡང་ནད་ཡམས་འཐབ་རྩོད་མུ་གེ་དང༌། །བྱད་ཁ་ཆོ་འཕྲུལ་རྨི་ལྟས་ངན་པ་སོགས། །མནན་གཏད་རྫས་སྦྱོར་ལ་སོགས་མི་མཐུན་རྐྱེན། །མ་ལུས་མྱུར་དུ་ཞི་བའི་འཕྲིན་ལས་མཛོད། །རྒྱལ་བའི་བསྟན་འཛིན་དགོན་གནས་དགེ་འདུན་སྡེ། །བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་བཅས་ཀྱི། །ཚེ་དང་བསོད་ནམས་འཕེལ་རྒྱས་གང་བསམ་ཀུན། །ཡར་ངོའི་ཟླ་ལྟར་རྒྱས་ཤིང་མྱུར་འགྲུབ་མཛོད། །སྲིད་ཞིའི་དཔལ་འབྱོར་ཆོས་དང་སྲིད་འཛིན་པར། །ཉེ་བར་མཁོ་བའི་ཆེ་དགུ་བརྟན་གཡོར་བཅས། །རྒྱ་མཚོར་ཉལ་འགྲོ་རྣམས་ཀྱི་ཚོགས་བཞིན་དུ། །འབད་མེད་ལྷུན་གྲུབ་འདུ་བའི་ལས་མཛོད་ཅིག །རྒྱལ་བ་གཉིས་པའི་བསྟན་དང་བསྟན་འཛིན་བཅས། །རྣལ་འབྱོར་དཔོན་སློབ་མི་ནོར་འཁོར་བཅས་ལ། །སྡང་བའི་དགྲ་བགེགས་ཚོགས་ལ་ཆོ་འཕྲུལ་དང༌། །ལྟས་ཀྱིས་སྤ་སྐོང་བསད་བསྐྲད་དབྱེ་བར་མཛོད། །དཔལ་ལྡན་གངས་ཅན་སྟོད་སྨད་མཁས་གྲུབ་ཀྱི། །ཆུ་ཀླུང་བྱེ་བའི་ཐུགས་ཟབ་འཁྱིལ་བའི་གནས། །མདོ་སྔགས་སྤྱི་དང་རྒྱུད་རྒྱལ་གསང་འདུས་ཀྱི། །ཐོས་བསམ་སྒོམ་པའི་གྲྭ་རྒྱས་བཤད་སྒྲུབ་རླབས། །མང་གཉེར་རྒྱ་མཚོར་ལྷག་བསམ་དག་པའི་དང༌། །འཆད་རྩོད་རྩོམ་པའི་རི་མོ་མང་བཀྲ་བ། །ལེགས་བཙུགས་ཐར་འདོད་དོན་མཐུན་མ་ལུས་པའི། །དེད་དཔོན་བདག་གྱུར་འགྲོ་རྣམས་སྐུ་གསུམ་གྱི། །རིན་ཆེན་གླིང་དུ་གེགས་མེད་མྱུར་ཕྱིན་མཛོད། །བླ་མའི་བཀའ་བཞིན་སྒོ་གསུམ་ཁྱོད་བསྒྲུབ་པར། །བརྩོན་པར་བྱས་སོ་རྩ་བརྒྱུད་བླ་མའི་བཀའ། །ཇི་བཞིན་བདག་ཅག་སྒོ་གསུམ་བར་ཆད་སོལ། །མཐུན་རྐྱེན་ཐམས་ཅད་འབད་མེད་མྱུར་འགྲུབ་མཛོད། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན། །དུས་འདིར་བདག་ལ་ཐོགས་མེད་མྱུར་དུ་སྩོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམ་དཀར་ལས། །ཐམས་ཅད་ཡར་ངོའི་ཟླ་བ་ལྟར་རྒྱས་མཛོད། །ཕྱི་སྒྲུབ་མ་ཧེའི་ཞལ་ཅན་འཁོར་བཅས་ལ། །བསྟོད་ཚིག་མི་མཐུན་མཐར་བྱེད་དབང་རྒྱལ་ཕྲེང༌། །གྲུབ་པའི་བཞད་སྒྲ་བླ་ན་མེད་ཅེས་པ། །ལྷ་དང་བླ་མར་གུས་པས་གསོལ་འདེབས་ཀྱིས། །མཚན་མ་རྨད་བྱུང་རྙེད་ཚེ་མངའ་གསོལ་དུ། །ས་མཐར་སྐྱེས་པའི་ཐོས་ལྡན་བྷུ་སུ་ཀུ། །འཇིགས་མཛད་རྡོ་རྗེའི་རྣལ་འབྱོར་ལ་དགའ་བ། །འཇམ་དབྱངས་བཞད་པའི་རྡོ་རྗེ་བྱ་བས་བྲིས། །ཞེས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟན་སྲུང་ཐམས་ཅད་ཀྱི་མངའ་བདག་ཆེན་པོ་ཕྱི་སྒྲུབ་མ་ཧེའི་ཞལ་ཅན་འཁོར་བཅས་ཀྱི་བསྟོད་པ་མི་མཐུན་མཐར་བྱེད་ཡིད་བཞིན་དབང་གི་རྒྱལ་པོའི་འཕྲེང་མཛེས་གྲུབ་པའི་བཞད་སྒྲ་བླ་ན་མེད་པ་འདི་ཡང༌། བླ་མ་དམ་པ་ཐམས་ཅད་ཀྱི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་འཛིན་པ་མང་དུ་ཐོས་པའི་དགེ་སློང་རྡོ་རྗེ་འཇིགས་མཛད་ཀྱི་རྣལ་འབྱོར་པ་ྋའཇམ་དབྱངས་བཞད་པའི་རྡོ་རྗེས་མཚན་ལྟས་ལེགས་པ་ཞིག་གི་དུས་མངའ་གསོལ་དུ་གཞན་ཕན་བསམ་པས་བྲིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག ། །།
༈ ན་མོཿཤྲཱི་བཛྲ་བྷཻ་ར་ཝ་ཡ། བརྐྱངས་བསྐུམས་ཞབས་ནི་ཚམ་རྔམ་ཅུང་ཟད་ཙམ་གྱིས་ས་གསུམ་གཡོ་ཞིང་ཞབས་ཀྱི་མཐེ་བོས་ཚངས་པའི་རྩེ་ཡང་གནོན། །མ་ཧེའི་ཞལ་གདངས་ཁམས་གསུམ་ཟ་ཞིང་ནམ་མཁའི་ཁམས་ཁྱབ་ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཆེར་བཞད་པས། །འདས་དང་མ་འདས་སྐྱེ་འཕགས་དགྲ་བཅོམ་སངས་རྒྱས་མཐའ་དག་འཇིགས་པའི་ཚུལ་མཛད་བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དང༌། །གང་དེའི་རྣམ་འཕྲུལ་མི་ཡི་གར་མཛད་རྒྱལ་བ་གཉིས་པ་ཟུང་བཅས་ལ་འདུད་བདུད་ཀུན་གཞོམ་པའི་བཀའ་དྲིན་སྩོལ། །མེ་རླུང་དྲག་པོ་རབ་འདྲེས་འུར་འུར་རབ་འཁྱིལ་ཀློང་དུ་ཆོས་འབྱུང་ཁྲག་ཞག་འཁྲུག་པར་པདྨ་ཉི་མ་ལ། །གནོད་བྱེད་དགྲ་བགེགས་ཐལ་མདོག་གན་རྐྱལ་སྟེང་ན་དབང་སྔོན་ལྷུན་པོ་འགྱིང་ལྟར་གཡས་བརྐྱངས་གཡོན་བསྐུམས་ས་གསུམ་གཡོ། །མིག་སྨན་ལྟར་ནག་སྐུ་ནི་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ་སྟག་ལྤགས་སྡེར་ཕྲེང་གཡོ་བའི་ཤམ་ཐབས་ཅན། །རལ་པ་སེར་སྐྱ་མེ་སྟག་མང་འཕྲོ་འཛིངས་པ་གྱེན་འགྲེང་ཐོད་སྐམ་ལྔས་བརྒྱན་དྲག་པོའི་རྡོ་རྗེས་སྤྱི་བོར་མཚན། །ཁྲག་འཛག་མགོ་རློན་ཕྲེང་བ་མགྲིན་འཕྱང་ཉི་མ་ལྟར་འབར་སྤྱན་གསུམ་དམར་ལ་ཟླུམ་པའི་སྡང་མིག་དགྲ་ལ་གཡོ། །ཁྲག་སྦགས་གངས་རིའི་མཆེ་བ་རྣོན་པོ་གཙིགས་པས་གདུག་པ་ཀུན་ཟ་ལྗགས་ཀྱི་གློག་འཁྱུག་དུག་གི་ཞལ་སྤྲིན་འཐིབས། །ནམ་མཁའི་ངོས་ལ་ལན་གཅིག་གདེངས་པ་ཙམ་གྱིས་དགྲ་བགེགས་ཀུན་འཇོམས་ཕྱག་གཡས་གྲི་གུག་ནག་ཕྱོགས་རྣམས་ལ་འཕྱར། །རབ་ཡངས་ཁ་ནི་གདེངས་པ་ཙམ་གྱིས་གདུག་པའི་སྙིང་ཁྲག་ལྷུང་ལྷུང་སྒྲ་འབྱུང་ཐོད་ཁྲག་གཡོན་པས་ཐུགས་ཀར་རོལ། །སྐྱེ་འགྲོའི་སྲོག་བདག་དགེ་བའི་སྟངས་འཛིན་ཆོས་ཀྱི་རྒྱལ་པོར་གཤིན་རྗེའི་གཤེད་ཀྱིས་དབང་བསྐུར་ཁྱོད་ཀྱིས་ཐུབ་པའི་བཀའ། །གཤིན་རྗེའི་གཤེད་ལ་ཇི་ལྟར་ཞལ་བཞེས་བཞིན་དུ་མ་གཡེལ་མ་གཡེལ་མྱུར་བ་མྱུར་བར་དམ་བཅས་དྲན་མཛོད་ལ། །རྒྱལ་བ་གཉིས་པ་ཡབ་སྲས་ཇི་ལྟར་བཀའ་བསྒོས་དེ་བཞིན་སོགས་དང་ད་ལྟ་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །གང་ཞིག་བསྒོས་པའི་ལས་རྣམས་འདི་དག་ཀུན་ཀྱང་སོ་སོར་མྱུར་སྒྲུབས་ཁྱོད་ཀྱི་འཕྲིན་ལས་དམ་ཚིག་དུས་ལ་བབས། །རྒྱལ་བའི་བསྟན་པ་བསྟན་འཛིན་བསླབ་གསུམ་སྡེ་སྣོད་གསུམ་དང་རྒྱུད་སྡེ་འཆད་ཉན་དབང་བསྐུར་རིམ་གཉིས་རྣལ་འབྱོར་སོགས། །བཤད་སྒྲུབ་འཁོར་ལོ་གསུམ་དང་ཉམས་མྱོང་ཏིང་འཛིན་བར་ཆད་ནད་གདོན་དགྲ་བགེགས་སྡིག་སྒྲིབ་ཚོགས་རྣམས་ཞི་བར་མཛོད། །སྐལ་ལྡན་བློ་གྲོས་ཡངས་པའི་འཁོར་དང་ལོངས་སྤྱོད་བཤད་སྒྲུབ་དགེ་འདུན་ཆོས་སྤྱོད་ཐོས་བསམ་སྒོམ་གསུམ་འཕེལ་རྒྱས་སོགས། །དཀར་ཕྱོགས་ཆོས་དང་སྲིད་ཀྱི་ཕུན་ཚོགས་དགེ་ལེགས་ཐམས་ཅད་ཡར་ངོའི་ཟླ་ལྟར་ཕྱོགས་དུས་ཀུན་ཏུ་རྒྱས་པར་མཛོད། །འཁོར་འདས་ཕུན་ཚོགས་སྡེ་བཞིས་བསྡུས་པའི་བརྟན་གཡོ་གང་དང་གང་དག་བསྟན་དང་འགྲོ་ལ་ཉེ་བར་ཕན་པ་ཀུན། །བསམ་པ་ཙམ་གྱིས་བསྐུལ་བ་མེད་པར་རྒྱ་མཚོར་ཆུ་བོ་མཐའ་དག་རྒྱུག་བཞིན་འབད་མེད་ལྷུན་གྲུབ་དབང་དུ་བསྡུས། །ཞིང་བཅུ་ཚང་བའི་བསྟན་དགྲ་སྤྱི་དང་ཐུབ་བསྟན་རིང་ལུགས་མཆོག་གྱུར་མདོ་སྔགས་ཞྭ་སེར་བསྟན་པ་ཟླ་བྲལ་འདིར། །གནོད་པར་བྱེད་པ་རྣམས་དང་སྡང་བའི་སེམས་འཆང་མི་དང་མི་མིན་ནག་ཕྱོགས་སྡེ་བཅས་རྩད་ནས་འཇོམས་པར་གྱིས། །
ཧཱུཾ་ཛཿཆོས་ཀྱི་རྒྱལ་པོའི་ཤར་གྱི་བཀའ་ཉན་གཙོ་བོ་མ་ཧེ་དཀར་པོའི་ཞལ་གདངས་སྤྱན་གསུམ་བགྲད་ཅིང་སྨིན་མ་འབར། །མཆེ་གཙིགས་ལྗགས་འདྲིལ་རུས་བརྒྱན་མགོ་ཕྲེང་འཕྱང་ལ་ལིངྒ་གྱེན་འགྲེང་ཕྱག་གཡས་ཅང་ཏེའུ་མདའ་དར་མེ་ལོང་གཡོན། །རྭ་དང་རྨིག་པས་ས་རྐོ་ང་རོ་འབྲུག་ལྟར་སྒྲོག་པའི་མ་ཧེའི་སྟེང་འགྱིང་འཆི་བདག་འབུམ་གྱི་འཁོར་བཅས་པའི། །བགེགས་དཔུང་འཇོམས་ལ་མཐུ་སྟོབས་རྡོ་རྗེའི་ཐོག་གི་རྗེས་འགྲོ་འཕྲིན་ལས་གང་བཅོལ་མྱུར་བར་སྒྲུབ་མཛད་ཁྱོད་ལ་བསྟོད། །འཇམ་དཔལ་གཤིན་རྗེའི་གཤེད་སོགས་རྩ་བརྒྱུད་བླ་མའི་ཚོགས་ཀྱི་བཀའ་བཞིན་དམ་ཆོས་སྒྲུབ་པའི་ཕྱི་ནང་བར་ཆད་གེགས། །དགྲ་བགེགས་ཉེར་འཚེ་ནད་གདོན་འཇིགས་པ་བརྒྱད་སོགས་ཞི་བར་མཛོད་ལ་ཆོས་མཐུན་དོན་ཀུན་སྒྲུབས་ཤིག་ས་མ་ཡ། །
ཧཱུཾ་ཛཿཆོས་ཀྱི་རྒྱལ་པོའི་ལྷོ་ཡི་བཀའ་སྡོད་གཙོ་བོ་མ་ཧེ་སེར་པོའི་ཞལ་གདངས་སྤྱན་གསུམ་བགྲད་ཅིང་སྨིན་མ་འབར། །མཆེ་གཙིགས་ལྗགས་འདྲིལ་རུས་བརྒྱན་མགོ་འཕྲེང་འཕྱང་ལ་ལིངྒ་གྱེན་འགྲེང་ཕྱག་གཡས་རལ་གྲི་གཡོན་ན་རྒྱལ་མཚན་བསྣམས། །རྭ་དང་རྨིག་པས་ས་རྐོ་ང་རོ་འབྲུག་ལྟར་སྒྲོག་པའི་མ་ཧེའི་སྟེང་འགྱིང་འཆི་བདག་འབུམ་གྱི་འཁོར་བཅས་པའི། །བགེགས་དཔུང་འཇོམས་ལ་མཐུ་སྟོབས་རྡོ་རྗེའི་ཐོག་གི་རྗེས་འགྲོ་འཕྲིན་ལས་གང་བཅོལ་མྱུར་བར་སྒྲུབ་མཛད་ཁྱོད་ལ་བསྟོད། །འཇམ་དཔལ་གཤིན་རྗེའི་གཤེད་སོགས་རྩ་བརྒྱུད་བླ་མའི་ཚོགས་ཀྱི་བཀའ་བཞིན་རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཆོས་དང་མཐུན་པའི་ཚེ་དང་བསོད་ནམས་བཤད་སྒྲུབ་ལོངས་སྤྱོད་འཁོར་སོགས་རྒྱས་པའི་མཐུན་རྐྱེན་ཀུན་སྒྲུབས་ས་མ་ཡ། །
ཧཱུཾ་ཛཿཆོས་ཀྱི་རྒྱལ་པོའི་ནུབ་ཀྱི་བཀའ་སྡོད་གཙོ་བོ་མ་ཧེ་དམར་པོའི་ཞལ་གདངས་སྤྱན་གསུམ་བགྲད་ཅིང་སྨིན་མ་འབར། །མཆེ་གཙིགས་ལྗགས་འདྲིལ་རུས་བརྒྱན་མགོ་འཕྲེང་འཕྱང་ལ་ལིངྒ་གྱེན་འགྲེང་ཕྱག་གཡས་ནོར་བུ་གཡོན་ན་ཐོད་པ་བསྣམས། །རྭ་དང་རྨིག་པས་ས་རྐོ་ང་རོ་འབྲུག་ལྟར་སྒྲོགས་པའི་མ་ཧེའི་སྟེང་འགྱིང་འཆི་བདག་འབུམ་གྱི་འཁོར་བཅས་པའི། །བགེགས་དཔུང་འཇོམས་ལ་མཐུ་སྟོབས་རྡོ་རྗེའི་ཐོག་གི་རྗེས་འགྲོ་འཕྲིན་ལས་གང་བཅོལ་མྱུར་བར་སྒྲུབ་མཛད་ཁྱོད་ལ་བསྟོད། །འཇམ་དཔལ་གཤིན་རྗེའི་གཤེད་སོགས་རྩ་བརྒྱུད་བླ་མའི་ཚོགས་ཀྱི་བཀའ་བཞིན་བཤད་སྒྲུབ་མཐུན་པའི་རྐྱེན་རྣམས་མ་ལུས་པ། །ལྷ་མིའི་ཕུན་ཚོགས་ཆེ་དགུ་འབངས་དང་ལོངས་སྤྱོད་བཅས་པ་མཐའ་དག་འབད་མེད་དབང་དུ་བསྡུས་ཤིག་ས་མ་ཡ། །
ཧཱུཾ་ཛཿཆོས་ཀྱི་རྒྱལ་པོའི་བྱང་གི་བཀའ་སྡོད་གཙོ་བོ་མཐིང་ནག་མ་ཧེའི་ཞལ་གདངས་སྤྱན་གསུམ་བགྲད་ཅིང་སྨིན་མ་འབར། །མཆེ་གཙིགས་ལྗགས་འདྲིལ་རུས་བརྒྱན་མགོ་འཕྲེང་འཕྱང་ལ་ལིངྒ་གྱེན་བགྲེང་ཕྱག་གཡས་ཐོད་དབྱུག་དུས་ཀྱི་ཞགས་པ་གཡོན། །རྭ་དང་རྨིག་པས་ས་རྐོ་ང་རོ་འབྲུག་ལྟར་སྒྲོགས་པའི་མ་ཧེའི་སྟེང་འགྱིང་འཆི་བདག་འབུམ་གྱི་འཁོར་བཅས་པའི། །བགེགས་དཔུང་འཇོམས་ལ་མཐུ་སྟོབས་རྡོ་རྗེའི་ཐོག་གི་རྗེས་འགྲོ་འཕྲིན་ལས་གང་བཅོལ་མྱུར་བར་སྒྲུབ་མཛད་ཁྱོད་ལ་བསྟོད། །འཇམ་དཔལ་གཤིན་རྗེའི་གཤེད་སོགས་རྩ་བརྒྱུད་བླ་མའི་ཚོགས་ཀྱི་བཀའ་བཞིན་མདོ་སྔགས་བཤད་སྒྲུབ་དམ་ཆོས་འཕེལ་བ་ལ། །བར་ཆད་དགྲ་དགེགས་ནག་ཕྱོགས་སྡེ་བཅས་གང་ཡིན་དེ་ཀུན་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག་ས་མ་ཡ། །
ཡ་བ་ཏི་སོགས་གེང་ཆེན་གཤིན་རྗེ་བརྒྱད་དང་ཕོ་ཉ་མོ་སོགས་མྱུར་མགྱོགས་བཅུ་གཉིས་གཤིན་རྗེ་མོ་ཚོགས་བཅས། །དཔལ་མགོན་བདུན་ཅུ་ས་གསུམ་འབྱུང་པོ་སྡེ་བརྒྱད་འཁོར་དང་བཅས་པས་རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །རྒྱལ་བ་གཉིས་པའི་བཀའ་བཞིན་མདོར་ན་དེང་གི་དུས་འདི་ནས་ནི་སེམས་ཅན་ཀུན་གྱི་དོན་དུ་རྒྱལ་བའི་ཡབ་གཅིག་པུ། །འཇམ་དབྱངས་གོ་འཕང་མཆོག་དེ་ཇི་སྲིད་བདག་གིས་མ་མནན་དེ་སྲིད་འཇམ་དཔལ་གཤིན་རྗེ་གཤེད་དང་རྒྱལ་བ་ཙོང་ཁ་པའི། །བཀའ་ནི་གུས་པས་ལྷུར་ལེན་ཆོས་རྒྱལ་གཤིན་རྗེ་འཁོར་དང་བཅས་པས་ཡང་དག་ལམ་གྱི་ནོར་མཆོག་འཕྲོག་ལ་བརྩོན་པ་ཡི། །ནག་པོའི་རྩ་ལག་སྡེ་དང་དཔུང་བཅས་ཕྱོགས་དུས་གང་ན་གནས་ཀྱང་མ་ལུས་སྐད་ཅིག་ཐོགས་མེད་མྱུར་དུ་གཞོམ་པར་མཛོད། །ཅེས་བཀའ་སྡོད་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནང་སྒྲུབ་འཁོར་བཅས་ལ་བསྟོད་པ་བདུད་དཔུང་རི་བོ་འཇོམས་པའི་རྩེ་བརྒྱ་སྐལ་ལྡན་རེ་སྐོང་ནོར་བུའི་དོ་ཤལ་ཞེས་བྱ་བ་འདི་ནི། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་བཅས་པ་ལ་མི་ཕྱེད་པའི་དད་པ་ཅན། དགེ་སློང་ཨ་ཝ་དྷུ་ཏི་བ་འཇམ་དབྱངས་བཞད་པའི་རྡོ་རྗེས་ལྔ་མཆོད་ཆེན་མོའི་དུས་བསྟན་པའི་ཞབས་འདེགས་སུ་སྦྱར་བ་ཀུན་ལ་བཀྲ་ཤིས་པར་གྱུར་ཅིག།། །།
༈ ཧཱུཾ་གདུག་པ་འདུལ་ཕྱིར་ཡབ་གཅིག་འཇམ་དཔལ་དབྱངས། །མཆོག་ཏུ་ཁྲོས་པ་རྡོ་རྗེ་འཇིགས་མཛད་ཀྱིས། །ངུར་སྨྲིག་གར་མཛད་རྒྱལ་བ་གཉིས་པའི་ཞབས། །ཟླ་མེད་བླ་མ་ལྷ་ཡིས་དགེ་ལེགས་མཛོད། །མཚལ་ལྷུན་མ་ཧེའི་ཞལ་ཅན་བཻཌཱུར་རྭ། །ཉི་མའི་སྤྱན་དང་ལྡན་ན་ཁྱོད་སྐུའི་དཔེ། །སྐྱེ་དགུར་མཆོག་ཐུན་ཅི་འདོད་སྩོལ་བའི་ལྷ། །བཀའ་སྡོད་དབང་རྒྱལ་ཡ་མ་རཱ་ཛར་བསྟོད། །པདྨོའི་གཉེན་དང་སར་ཉལ་དམར་པོའི་སྟེང༌། །ནམ་མཁའི་གོས་གྱོན་རུས་རྒྱན་སྐར་ཕྲེང་འཁྲོལ། །ལྷུན་པོའི་གཏོས་ལྟར་གསུམ་འཕྱང་ཞབས་གཡས་བསྐུམས། །གཡོན་བརྐྱངས་མེ་དཔུང་ཀློང་ནས་འགྱིང་ལ་འདུད། །ལྷུང་ལྷུང་ཁྲག་གི་ཆུ་འབབས་མགོ་འཕྲེང་འཕྱང༌། །འཇིགས་རུང་བདུད་སྲིན་ཐོད་སྐམ་དབུ་ལ་བརྒྱན། །སྐྱེ་འགྲོའི་རེ་སྐོང་དབང་རྒྱལ་ཕྱག་གཡས་བསྣམས། །གཡོན་ན་ཁྲག་འཁྱིལ་ཐོད་པ་རོལ་ཁྱོད་བསྟོད། །ཁྲག་གིས་བགོས་པའི་གནམ་སའི་ཞལ་གདངས་པར། །མི་བཟད་གངས་རིའི་མཆེ་བ་དགྲ་ལ་གཙིགས། །དུད་པའི་རལ་ཅན་མེ་བཞིན་གཡོ་བའི་ལྗགས། །ལེགས་ཉེས་འབྱེད་ལ་ཆེས་བྲལ་ཁྱོད་ལ་བསྟོད། །མཚམས་སྤྲིན་བྱེ་བའི་མདངས་གྱོན་སེར་སྐྱ་ཡི། །གཙུག་སྐྱེས་གཏི་མུག་ཐུན་གསུམ་སྲོག་ལ་ཟ། །ཧཱུཾ་ཧཱུཾ་ཧ་ཧའི་བཞད་པ་སྤྲིན་གྱི་སྒྲས། །ས་གསུམ་མཆོག་ཏུ་འགུལ་མཛད་ཁྱོད་ལ་བསྟོད། །ཆོས་སྲིད་དཔལ་འབྱོར་རྡོར་དྲིལ་ཀ་པཱ་ལ། །བུམ་བཟང་དཔག་བསམ་ཤིང་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྟགས་དང་རྫས་བརྒྱད་སྣ་ཚོགས་ཀྱི། །རྣམ་པའི་ཆར་བ་འབེབས་མཛད་ཁྱོད་ལ་བསྟོད། །རྡོ་རྗེའི་བཀའ་དམ་གཡེལ་མེད་ལྷུར་ལེན་པའི། །བཀའ་སྡོད་མཆོག་ཁྱོད་གསར་བསྐུལ་མི་དགོས་མོད། །སྙོམས་ལས་འདོད་རིངས་རྣལ་འབྱོར་རེ་བསྐོང་སླད། །ཞལ་བཞེས་བསྒྲུབ་ཕྱིར་བསྐུལ་ལོ་མ་གཡེལ་ཞིག །འཇམ་པའི་དབྱངས་དང་བླ་མ་གཤིན་རྗེ་གཤེད། །དཔའ་བོ་རྡོ་རྗེ་རྒྱལ་བ་གཉིས་པའི་ཞབས། །ཡབ་སྲས་བརྒྱུད་པའི་བཀའ་བསྒོས་དམ་བཅས་བཞིན། །རྣལ་འབྱོར་ལས་བཅོལ་མྱུར་སྒྲུབ་དུས་ལ་བབས། །འཇམ་དབྱངས་ཞལ་རླངས་ངད་ལྡན་མདོ་སྔགས་ཀྱི། །བཤད་སྒྲུབ་བདུད་རྩི་འགྱེད་སླད་ལྷ་བསྒོམ་སྔགས། །བཟླས་པའི་མོད་ལ་མཁས་དང་འཇིག་རྟེན་གྱི། །དྲེགས་ལྡན་སྐྱེ་དགུ་བུ་བཞིན་དབང་དུ་བསྡུས། །མཁས་བཙུན་བཟང་པོར་འཆད་རྩོད་རྩོམ་པའི་དར། །ལྷབ་ལྷུབ་གཡོ་བ་རྣལ་འབྱོར་གྲགས་སྙན་གྱིས། །སྐལ་ལྡན་ཀུན་གྱི་ཡིད་དབང་ཚིམ་བྱས་ཏེ། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བར་མཛོད། །རྣལ་འབྱོར་དཔོན་སློབ་རིགས་རྒྱུད་འཁོར་བཅས་ལ། །ཟས་ནོར་འབྲུ་དང་རྐང་འགྲོ་བང་མཛོད་སོགས། །ཇི་ལྟར་འཁོ་དགུ་ཡིད་ལ་བསམ་པ་ལྟར། །རྨུགས་འཛིན་དབང་པོའི་དཔལ་ཡང་འབྱོར་པར་གྱིས། །ཕྱོགས་ཀུན་རྒྱལ་བའི་ཚོགས་ཀྱིས་གང་དེ་སྲིད། །ཁོ་བོས་བསྟན་འགྲོའི་དོན་བྱེད་མཐའ་དག་ལ། །འོད་དང་ཉི་བཞིན་འགྲོགས་ནས་གང་བཅོལ་ལས། །མཆོག་མཐུན་དངོས་གྲུབ་ཐམས་ཅད་ལྷུན་གྲུབ་མཛོད། །གསར་བཤད་རྒྱུད་སྟོང་སྤྲས་པའི་འཇམ་དབྱངས་མིའི། །རྣམ་རོལ་སེང་གེའི་ང་རོའི་མདོ་སྔགས་ཀྱི། །བཤད་སྒྲུབ་རྒྱུད་ལ་རྣམ་དཔྱོད་སོར་བསྣུན་དབྱངས། །དུས་ཀུན་སྐྱེ་དགུའི་སྙིང་ལ་འཇུག་པར་མཛོད། །ཆོས་ཀུན་མངོན་མཁྱེན་རྒྱལ་རྣམས་བྱིན་རླབས་དང༌། །སྙིང་རྗེས་རབ་གང་རྒྱལ་སྲས་མཐུ་དང་སྟོབས། །རྟེན་འབྲེལ་དམ་ཚིག་མི་བསླུའི་ཆོས་ཉིད་གཤིས། །གང་བསམ་མྱུར་འགྲུབ་འབྲས་བུ་གཡུར་ཟ་ཤོག །ཅེས་འཇམ་དབྱངས་ཞི་ཁྲོའི་བཀའ་སྡོད་གསང་སྒྲུབ་དབང་རྒྱལ་གྱི་བསྟོད་པ་ཁམས་གསུམ་དབང་དུ་སྡུད་པའི་ཕོ་ཉ་མྱུར་མགྱོགས་ཞེས་བྱ་བ་འདི། འཇམ་དབྱངས་ཞི་ཁྲོའི་རྣལ་འབྱོར་བ་གང་ཤར་བདེ་སྡོམ་འཇམ་དབྱངས་བཞད་པའི་རྡོ་རྗེས་ལྷག་བསམ་དག་པས་རྗེས་ཀྱི་རྣལ་འབྱོར་པ་གཞན་ལ་ཕན་སྲིད་སྙམ་ནས་བྲིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་རྒྱས་པའི་རྒྱུར་གྱུར་ཅིག།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། པདྨོའི་གཉེན་དང་སར་ཉལ་དམར་པོའི་སྟེང༌། །མཚལ་གྱི་ལྷུན་པོ་མ་ཧེ་ཁྲོས་པའི་ཞལ། །ཉི་མའི་སྤྱན་འབར་དབང་སྔོན་འབར་བའི་རྭ། །ཐོད་སྐམ་དབུ་རྒྱན་མགོ་འཕྲེང་འཕྱང་ཁྱོད་བསྟོད། །གསུས་ཁྱིམ་ཆེར་འཕྱང་རུས་རྒྱན་སྐར་འཕྲེང་འཁྲོལ། །ཕྱག་གཡས་འདོད་དགུ་ཀུན་སྟེར་ནོར་བུ་འབར། །གཡོན་པར་ཁྲག་འཁྱིལ་ཐོད་པར་རོལ་མཛད་ཉིད། །བརྟན་གཡོའི་དཔལ་འབྱོར་ཀུན་སྩོལ་ཁྱོད་ལ་བསྟོད། །འཇིགས་པའི་སྐུ་དང་བཞད་པའི་གད་རྒྱང་གིས། །གནམ་སའི་ངོས་ཀུན་གཡོ་ཞིང་འབྲུག་སྟོང་གིས། །གཅིག་ཆར་ང་རོ་བསྒྲགས་ལྟར་ཧ་ཧ་དང༌། །ཧཱུཾ་ཧཱུཾ་ཕེཾ་སྒྲས་ས་གསུམ་འདུལ་ཁྱོད་བསྟོད། །དྲན་པ་ཙམ་གྱིས་མཆོག་ཐུན་ཀུན་སྩོལ་པའི། །དམ་ཅན་དབང་གི་རྒྱལ་པོའི་འོད་ཟེར་གྱིས། །ཆོས་དང་སྲིད་ཀྱི་དཔལ་འབྱོར་མ་ལུས་ཀུན། །ལྷུན་གྲུབ་འབད་མེད་གནས་འདིར་འདུ་བར་མཛོད། །རྡོ་རྗེ་འཇིགས་བྱེད་ཉིད་ཀྱི་བཀའ་བཞིན་དུ། །རྒྱལ་བ་གཉིས་པའི་བསྟན་དང་བསྟན་འཛིན་གྱི། །སྟོབས་འབྱོར་མངའ་འབངས་དབང་ཐང་ཐོས་བསམ་སྒོམ། །སྲིད་མཐའི་བར་དུ་ཆེས་ཆེར་རྒྱས་པར་མཛོད། །བདག་ཅག་དཔོན་སློབ་སྦྱིན་བདག་བཅས་པ་ཀུན། །བསྲུང་སྐྱོབས་འཕེལ་རྒྱས་རྣམ་ཐོས་བུར་འགྲན་ཞིང༌། །ཞྭ་སེར་རིང་ལུགས་འཛམ་གླིང་ཡོངས་སུ་འགེངས། །མི་ནུབ་བསྟན་པའི་རྒྱལ་མཚན་ཚུགས་པར་ཤོག །ཅེས་ཆོས་ཀྱི་རྒྱལ་པོ་གསང་སྒྲུབ་ཡིད་བཞིན་ནོར་བུའི་བསྟོད་པ་རིན་ཆེན་དབང་གི་རྒྱལ་པོའི་འཕྲེང་བ་འདི་ནི་མང་བཀུར་རྒྱལ་པོར་འགྲན་པའི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་བརྒྱུད་སྟོབས་འབྱོར་གྱིས་དྲེགས་པའི་བྱང་ཕྱོགས་འཛིན་མའི་བདག་པོ་ཨེར་ཏི་ནི་ཐའི་ཇིས་བསྐུལ་བ་ལྟར། བླ་མ་དམ་པ་རྣམས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པས་ཀུན་ལ་དགེ་བར་གྱུར་ཅིག།། །།
༈ ངག་གི་དབང་ཕྱུག་བློ་གྲོས་ཐུགས་རྗེའི་མཚོ་ཆེན་ལས་རབ་སྐྱེས། །རིགས་ཀུན་འདུས་སྐུ་རྡོ་རྗེ་འཛིན་པའི་ལམ་བཟང་གསང་སྔགས་གཏེར། །མཁས་དང་གྲུབ་བརྙེས་གྲགས་པའི་དཔལ་བཟང་རབ་ཏུ་ལྡང་བའི་མགོན། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྣམ་གསུམ་དབྱེར་མེད་དེ་ལ་འདུད། །བྱང་ཆུབ་ཕྱོགས་ཆོས་འཕྲིན་ལས་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཆེ། །ཀུན་མཁྱེན་མཁས་མང་རོལ་མཚོ་དཔལ་ལྡན་དྷཱ་ན་ཀ་ཌ་ཀའི། །ཆོས་སྲིད་བསྟན་པ་སྐྱོང་མཛད་མཐུ་སྟོབས་རྡོ་རྗེའི་འོད་ཆེན་པོ། །ས་གསུམ་ལས་རྒྱལ་དཔལ་ལྡན་དཀར་ཕྱོགས་རྒྱལ་མཚན་རྒྱལ་གྱུར་ཅིག །གང་འདུལ་ཞི་ཁྲོ་སྒྱུ་མའི་གར་ཆེན་པོས། །ཉམས་པའི་ཁྲག་རྒྱུན་བཏུང་ཡང་ངོམས་མིན་ཞལ། །ཁྲོ་གཉེར་བསྡུས་ཀྱང་ཐུགས་རྗེའི་གཏིང་མི་འཁྲུགས། །ཆུ་གཏེར་སྲུང་མར་འཁྱིལ་བ་ཨེ་མ་མཚར། །ཉོན་མོངས་དྲི་མས་དབེན་ཀྱང་ཡེ་ཤེས་རྒྱས། །རྟག་ཏུ་བསིལ་ཡང་ཞིང་བཅུ་མ་ལུས་བསྲེགས། །གཡོ་བ་བྲལ་ཀྱང་ལས་བཞིའི་རྦ་རླབས་ཅན། །ཅི་ཁྱོད་སྒྱུ་མའི་ཟླ་བའི་མ་མ་ཅི། །འཇིགས་འཇིགས་མང་པོའི་དཔུང་གི་འཁོར་ཚོགས་རྒྱས། །རྔམ་རྔམ་དམ་ལྡན་ཁྲོ་བོའི་དཀྱིལ་འཁོར་རྫོགས། །མྱུར་མྱུར་དགྲ་སྲོག་ལེན་པའི་ཕོ་ཉ་འཁྱུག །ཆེ་ཆེ་ཐམས་ཅད་ཁྱོད་ལ་འཁོར་རམ་སྙམ། །ལྷ་མིའི་གཅེས་གཅེས་ཡོ་བྱད་སྤྲིན་དུ་ཆགས། །དཔལ་གྱིས་མཛེས་མཛེས་ལྷུན་གཡང་འབུམ་དུ་འཁོར། །བརྗིད་ལྡན་སྙན་སྙན་སྒྲ་དབྱངས་ཀུན་ཏུ་སྒྲོགས། །མ་ལུས་ལེགས་ལེགས་དཔལ་འབྱོར་འདུ་བ་བཞིན། །འཇིགས་འཇིགས་དྲེགས་པ་ཕོ་མོའི་དཀྱིལ་འཁོར་ཆེ། །རྔམ་རྔམ་སྐུ་དང་གསུང་གིས་བསྐུལ་ཙམ་གྱིས། །རིངས་རིངས་དགྲ་སྲོག་འཕྲོག་པའི་དམ་ཅན་ཚོགས། །ལིང་ལིང་གར་དང་བཅས་ཏེ་ལས་ཀུན་བསྒྲུབ། །བཏབ་པ་ཙམ་གྱིས་རྡོ་རྗེའི་ལྷུན་པོ་ཡང༌། །བྱེ་མའི་དཔེར་འགོད་ཤཀྟི་རལ་གྲི་དང༌། །མདའ་དང་དགྲ་སྟ་ཐོ་བ་ལ་སོགས་འདི། །ཉམས་པ་རྣམས་ལ་གནམ་ལྕགས་བུ་ཡུག་བཞིན། །ཆོས་བཞིན་སྒྲུབ་པའི་རེ་སྐོང་དབང་གི་རྒྱལ། །ཞྭ་སེར་ཆོས་སྲིད་སྐྱོང་བའི་དགྲ་ལྷ་ཆེ། །བསྟན་འདིར་སྡང་ལྡན་སྲོག་འཕྲོག་བཤན་ནག་བདུད། །རྒྱལ་བའི་བཀའ་ཉན་བསྟན་སྲུང་མཆོག་གཅིག་པུ། །སྐྱེ་འགྲོ་སྐྱོངས་དང་འཆི་དང་གསོད་དང་སྐྱེད། །རྗེས་འཛིན་ལྷ་མིའི་མགོན་བྱེད་སྦྱིན་སྐྱེས་དགྲ། །ཆེ་མཆོག་ལྷ་ཆེན་པདྨ་ལས་འཁྲུངས་པ། །འཇུག་པ་བཅུ་ལྡན་འདི་ལས་གཞན་པ་སུ། །འགྲོ་བའི་སེམས་ཀྱི་རྒྱུ་བ་ཇི་སྙེད་པར། །གསང་གསུམ་རོལ་པ་འཇུག་པའི་མཐའ་རྫོགས་པར། །རྒྱལ་རྣམས་མཁྱེན་པའི་ཚད་དུ་མི་གཞལ་ན། །གང་དེར་ངལ་བ་ཀུན་གསལ་ཕ་མཐའ་ཚོལ། །འཇིག་རྟེན་ནད་ཡམ་འཐབ་རྩོད་སོགས་ཀུན་ཞི། །ཆོས་མཐུན་དཔལ་འབྱོར་ལེགས་ཚོགས་དབྱར་སྤྲིན་ལྟར། །ཡོངས་སུ་འདུས་ཏེ་ཐུབ་བསྟན་སྲོག་གཅིག་པུ། །མདོ་སྔགས་བཤད་སྒྲུབ་ཕྱོགས་བཅུར་རྒྱས་པར་མཛོད། །ཀུན་གཟིགས་མཁས་མང་འཆད་རྩོད་རྩོམ་པའི་དབྱངས། །སྐྱེ་དགུའི་སྙིང་དུ་འཕོས་པའི་དད་པ་ཡིས། །མཐའ་དག་བློ་བཟང་བསྟན་པའི་སྡེ་ཆེན་འདིར། །རྒྱ་མཚོར་ཆུ་བོ་རྣམས་བཞིན་འདུ་བར་མཛོད། །བློ་བཟང་བསྟན་དང་རྣལ་འབྱོར་བདག་ཅག་ལ། །སྡང་ལྡན་མཐུ་དང་དཔུང་པས་གདུག་རྩུབ་ཆེར། །འབད་པའི་དམ་ཉམས་མ་ལུས་མྱུར་ཁུག་ལ། །བདུན་བརྒྱུད་ཚུན་ཆད་ཐལ་བའི་རྡུལ་དུ་མཛོད། །བསྟན་འདི་ཕྱོགས་བཅུར་རྒྱས་མཛད་མཆོག་གཅིག་པུ། །རྒྱལ་བའི་དབང་པོའི་ཞབས་པད་བསྐལ་བརྒྱར་བརྟན། །དེ་མཐུས་སྐྱེ་དགུའི་མངོན་མཐོ་ངེས་ལེགས་ཀུན། །རྫོགས་ལྡན་གསར་བའི་དགའ་སྟོན་ལ་སྤྱོད་ཤོག །ཅེས་པ་འདི་ནི་བློ་བཟང་བསྟན་ལ་ཞུགས། །མཐའ་ཡས་ཆོས་ཀྱི་སྙིང་པོ་ཅི་ཡང་བཏུང༌། །བླ་མ་ལྷ་སྲུང་དག་ལ་གུས་ལྡན་པ། །འཇམ་དབྱངས་བཞད་པ་མཆོག་གི་རྡོ་རྗེས་སྨྲས། །ཞེས་བསྟན་སྲུང་ཆེན་པོ་རྡོ་རྗེའི་འོད་ལྡན་དཀར་པོ་ལ་བསྟོད་པ་ཞི་ཁྲོའི་རང་བཞིན་རབ་གསལ་རྫོགས་ལྡན་དཔྱིད་དུ་དར་བའི་ལང་ཚོ་ཞེས་པ་འདི་ཡང། ཐོས་ལྡན་རིགས་སྔགས་འཆང་བའི་རྣལ་འབྱོར་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་དྭངས་པའི་མཚོ་ཆེན་པོས་རྣམ་དཔྱོད་ཀྱི་མཆོད་སྤྲིན་སྤུངས་པ་ལས་བྱུང་བའོ། །འདི་ཡང་ཐམས་ཅད་ལ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།། །།
༈ རབ་འབྱམས་ལོངས་སྤྲུལ་རྒྱལ་བ་སྲས་བཅས་ཀྱི། །འཕྲིན་ལས་གཟུགས་སུ་གྲུབ་པ་དྲེགས་བྱེད་དཔོན། །སྤྲུལ་པའི་ཆོས་རྒྱལ་ཆེན་པོར་མཚན་གསོལ་བ། །ཡིད་བཞིན་དབང་གི་རྒྱལ་པོ་ཁྱོད་ལ་བསྟོད། །ནང་དུ་རྒྱལ་ཀུན་མཁྱེན་བརྩེ་ལས་གྲུབ་ཀྱང༌། །ཕྱི་རོལ་ཁོ་ནར་དགྲ་དགེགས་ཀུན་གྱི་གཤེད། །གསང་བར་ཡི་དམ་ཆེ་མཆོག་ཧེ་རུ་ཀ། །སྒྱུ་འཕྲུལ་ཁོ་བོའི་དབང་པོ་ཁྱོད་ལ་བསྟོད། །ཁྱོད་ནི་ནམ་མཁའ་མཛོད་ལ་མངའ་བརྙེས་ཀྱང༌། །སྔོན་གྱི་ཐུགས་དམ་བཀའ་བསྒོས་ཞལ་བཞེས་རྣམས། །དྲན་པར་གྱིས་ལ་རྣལ་འབྱོར་བཅོལ་བའི་ལས། །ཆོས་བཞིན་མཐུན་རྐྱེན་འཕྲིན་ལས་ཀུན་འགྲུབ་མཛོད། །ཅེས་པའང་ལྷ་དང་བླ་མ་ཆོས་སྐྱོང་རྣམས་ལ་དང་བ་མཉྫུ་གྷོ་ཥཱ་ཧ་ས་སྱ་བཛྲ་གྱིས་བྲིས།།
༈ མཚོ་སྐྱེས་ཞབས་དང་རྒྱལ་བ་གཉིས་པའི་ཞབས། །ཐམས་ཅད་མཁྱེན་པ་གོང་མ་རིམ་བཞིན་གྱིས། །བཀའ་བསྒོས་དམ་བཞག་སྲུང་མ་མཐུ་རྩལ་ཅན། །བོད་སྐྱོང་རྡོ་རྗེ་གྲགས་ལྡན་འཁོར་བཅས་བསྟོད། །ཁྱེད་རྣམས་འཁོར་བཅས་སྔོན་གྱི་བཀའ་དམ་བཞིན། །རྗེས་དགོངས་སྐྱེས་ཆེན་གོང་མ་དེ་དག་གི །རྗེས་འཇུག་རྣལ་འབྱོར་བདག་ཅག་གསོལ་མཆོད་བགྱི། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །ཆོས་མཐུན་ཐམས་ཅད་ཁྱེད་ཅག་ལ་རེ་བས། །ནད་གདོན་བགེགས་ཞི་ཚེ་དཔལ་སྟོབས་འབྱོར་རྒྱས། །ཁམས་གསུམ་དབང་བསྡུས་བསྟན་དགྲ་ཚར་ཆོད་ལ། །བསམ་དོན་ཆོས་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །མཉྫུ་གྷོ་ཥཱ་ཧ་ས་སྱ་བཛྲ་གྱིས་བྲིས་པ་དགེ་ལེགས་འཕེལ། ། མངྒ་ལཾ།

གྲུབ་མཐའ་རྩ་བའི་མཆན་འགྲེལ།

སིདྷྱཱནྟབིསྠནབྷྲམབརྫམུཁཔཉྩསྱནཱདགྷོཥསརྦཛྙཱནསྱསུཔནྠིཀཱཤསྱརཏྣཔྲདིབནཱམབིཧརཏིསྨ། །
གྲུབ་མཐའི་རྣམ་པར་བཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
ན་མ་སྭཱ་ར་སྭ་སྟྱཻ། གདུལ་བྱའི་ཁམས་.....རིན་ཆེན་ཕྲེང་བར་བརྡ་སྤྲོད་པ་དང༌། བཞི་བརྒྱ་པར་ཀླ་ཀློའི་དཔེ། ལང་གཤེགས་ལས་ནད་པའི་དཔེ་བཞིན་.....སྐུ་གསུང་ཐུགས་ཀྱི་གསང་གསུམ་.....དཀོན་བརྩེགས་སོགས་བཞིན་བརྟན་གཡོའི་གར། །རབ་བསྒྱུར་.....ཆོས་ཚུལ་ལང་གཤེགས་ལྟར་མཐའ་ཡས་ཟབ་རྒྱས་.....མཛོད་ལྷ་མོ་བཞི་ཞུས་སོགས་ལྟར་ན་ཆོས་ཕུང་དང་དཀོན་མཆོག་སྒྲོན་མེ་ལྟར་ན་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་ཡུལ་འཁོར་སྐྱོང་ཞུས་དང་སྤྱོད་འཇུག་ལྟར་.....མང་.....དུ་ཕྱེ་.....སྟེ་ཕྱི་བ་གཞན་ལ་མེད་པའི་ཟབ་རྒྱས་ཀུན་ཚང་བའི་རྟེན་འབྱུང་གཏམ་གྱིས་.....མདོ་དང་འཇུག་པ་བདེན་གཉིས་བསྟོད་ཚོགས་ལྟར་ཆོས་མ་ལུས་པ་ཀུན་.....སྐད་ཅིག་གཅིག་ལ་མཁྱེན་ལམ། །སྟོན་མཛད་ཤཱཀ་སེང་.....ཐུན་མོང་བ་ལྟར་མཆོག་ཟུང་དང་གཏད་རབས་བདུན་དང་དེ་མིན་བྱམས་འཇམ་དབྱངས་སོགས་བརྒྱུད་པར་བཅས་ཕྱག་འཚལ། །ཟླ་བྲལ་མཁྱེན་རབ་རལ་གྲིའི་རྣོ་དང་ལྷན་ཅིག་སྟོང་པའི་མཁར་གདེངས་མི་ཤེས་དགྲ། །ཐུགས་རྗེའི་སྤྱན་དང་འཛུམ་ལྡན་མཆུ་སྒྲོས་ལེགས་བཤད་འཆད་ལ་ལྷན་ཅིག་འགྲོ་ལ་བཞད། །ཆོས་མཛོད་གང་བསྣམས་དེ་དང་ལྷན་ཅིག་རྣལ་འབྱོར་དྲན་པར་གང་དེ་བརྗེད་མིན་འདྲི། །རྒྱལ་ཀུན་ཡབ་གཅིག་གཉིས་ཀྱེ་ཁྱོད་ཀྱིས་བདག་བློ་ངག་མཆོག་ལྷན་ཅིག་རྣམ་བཀྲ་མཛོད། །འོ་མཚོ་ལས་འོངས་ཤེར་དཀར་ལྷུན་པོས་དབང་སྔོན་ཟུར་ཕུད་ངོམ། །ཟླ་རྒྱས་ཞལ་ལས་དཀྱུས་རིང་འདྲེན་བྱེད་ཨུཏྤལ་སྔོན་པོའི་མདའ། །འཕངས་པས་སེམས་རྨོངས་སྦུབ་གྲོལ་རྣམ་དཔྱོད་ཆེས་བཀྲའི་པདྨ་འབུམ། །ཁྱོད་ཀྱི་རྗེས་ཆགས་མཆུ་དང་ལྷན་ཅིག་བཞད་པར་མཛོད་ཅིག་ཚངས་སྲས་མ། །འདི་ན་མདོ་སྔགས་ཟབ་རྒྱས་ཉིན་མཚན་.....བཞིན་དུ་རེས་.....མོས་ལྟར་གཅིག་གིས་གཅིག་སུན་འབྱིན་པ་ཙམ་གྱིས། །སྤྱོད་ཚེ་.....མདོ་སྔགས་ཀྱི་ཐུབ་བསྟན་མ་ལུས་ཉམས་ལེན་.....པའི་རྣམ་སད་.....དེ་ལྷའི་འོད། །འབྱིན་མཛད་བློ་བཟང་རྒྱལ་བ་སྔ་ཕྱི་.....ཡབ་སྲས་.....བརྒྱུད་པར་བཅས་སོགས། །གཞན་ཡང་འཕགས་བོད་ཀྱི་.....ཐུབ་དབང་ཞལ་སྐྱིན་རྣམས་ལ་མི་གུས་དཔྱོད་ལྡན་སུ། །དམ་བཅའ་བ་.....རིགས་གྲུར་དེད་དཔོན་མཁས་བསྟེན་ངལ་བ་བརྒྱས། །གྲུབ་མཐའ་རྒྱ་མཚོའི་མཐར་སོན་སྔོན་མེད་པའི། །ལེགས་བཤད་རིན་ཆེན་རྙེད་འདི་དཔྱོད་ལྡན་རྣམས། །དགའ་བཞིན་ཀུན་མཁྱེན་ལམ་གསལ་སྒྲོན་མེ་ཟུངས། །ཕྱི་ནང་གི་འབྱེད་ཆོས།.....བསྟན་དང་སྟོན་པ་.....དང་གཙོ་བོར་ལྟ་བ.....འི་སྒོ་ནས་ཕྱི་ནང་གཉིས.....འབྱེད་དགོས་ཏེ། སེར་སྐྱ་པ་དང་གཟེགས་ཟན་པ་སོགས་དང་སངས་རྒྱས་པ་ཞེས་གྲགས་པ་དེའི་ཕྱིར། །བསྟན་པའི་ཁྱད་པར་བཞི་ལས་ཕྱག་རྒྱ་བཞིའམ་གསུམ་.....བཀར་བཏགས་ལྟ་དང་སྒོམ་པ་སྲིད་པའི་མཐའ་དག་པའི་གཉེན་.....པོ་དང༌། །འདོད་པ་བསོད་ཉམས་དང་འཚོ་བ་ངལ་དུབ་ཀྱི་.....མཐའ་གཉིས་སྤངས་.....པ་དང་འབྲས་བུ། སྤྱོད་བྲལ་འབྲས་.....སོ་སོར། བརྟག་འགོག་.....སྟེ་དེ་བསྟན.....པ་དང༌། །ཁྱད་པར་འཕགས་བསྟོད་ལྟར་.....སྟོན་པ་སྐྱོན་ཀུན་ཟད་.....ཡིན་ལ་དེ་གཉིས་བཟློག་.....པ་གཞན་.....མུ་སྟེགས་གྱི་.....ལུགས་ཡིན་པའི་ཕྱིར། །ཕྱི་ནང་གི་ཁྱད་པར་.....སྐྱབས་འགྲོས་མིན་དང་སྟོན་པ་གཅིག་.....ཏུ་འདོད་.....པའི་སྟག་ལོ་དང་སྐྱོགས་སྟོན་སོགས་འཁྲུལ། །རང་གཞན་གྱི་གྲུབ་མཐའ་བསྟན་བཤད་གཉིས་ལས། དང་པོ་ནི་.....བདག་ལྟའི་ཞེན་ཡུལ་.....རིམ་བཞིན་སྒྲུབ་.....པ་དང༌འགོག་.....པའི་སྒོ་ནས་ཕྱི་ནང་གཉིས། །དང་པོར་.....ཕྱི་པ་མངོན་ལྐོག་.....ལ་འདོད་ཚུལ་དབང་གིས་ཆད་.....སྨྲ་དང༌རྟག་སྨྲ་.....གཉིས་གྱིས་སོ། །ནང་པར་.....བདེན་དངོས་.....རིམ་བཞིན་འདོད་འགོག་.....སྒོ་ནས་དངོས་སྨྲ་.....དང༌དངོས་.....པོ་ཉིད་མེད་.....སྨྲ་གཉིས། །དང་པོ་ལ་རིམ་བཞིན་.....ཕྱི་ནང་ལ་ཞེན་.....པའི་སྒོ་ནས་དོན་སྨྲ་.....དང༌སེམས་ཙམ་པ་.....གཉིས་སོ། །སྟོན་སོགས་ཕལ་ཆེར་རང་སྡེར་འདྲེན་གུས་མང༌། །རང་རང་མཐའ་བྲལ་རྟོག་བཏགས་གོང་མས་འགོག། །འོག་མ་འོག་མའི་ལྟ་བའང་གོང་མའི་སྟེགས། །གཞན་རྣམས་མཐར་ལྷུང་མཐའ་བྲལ་ཀླུའི་ཞབས་ལུགས། །ཞེས་གྲུབ་མཐའ་སྤྱིའི་རྣམ་བཞག་སྐབས་དེ་དང་པོའོ། །
༈ ཁྱད་པར་འཕགས་བསྟོད་འགྲེལ་བ་ལྟར། .....ཚེ་ལོ་དཔག་མེད་དུས་སུ་སེར་སྐྱ་ཡིས། །གྲངས་ཅན་གཞུང་བརྩམས་.....འཇུག་པ་ལྟར་སེར་སྐྱ་པ་དེའི་བདག་རྣམ་དབྱེ་ལ། །སྒྲོ་བཏགས་མི་འདྲས་མུ་སྟེགས་ལུགས་མང་གྱེས། །རྒྱ་བོད་.....འགའ་ཞིག་གདོད་ནས་སྟོན་སོགས་ཐ་དད་འཆད། །རྟོག་གེ་འབར་བར་བཤད་པ་.....ལ་ལར་ཀུན་སྟོན་དྲང་སྲོང་མཆོད་འོས་འདོད། །དག་པ་དང་མ་དག་པའི་.....མཆོད་སྦྱིན་གཉིས་རིམ་.....བསྐལ་བ་འདིར་བྱུང་ཕལ་ཆེན་ལྟར་.....གྲངས་ཅན་སྔ། །རྣམ་གྲངས་.....གཞན་སྡེ་ཕྱི་བ་མུ་སྟེགས་བྱེད་སོགས་མིང༌། །སྤྱན་རས་གཟིགས་བརྟུལ་ཞུགས་དང༌། རྗེ་ཡབ་སྲས།..... ཉེར་ལྔ་བཤད་ཀྱང་.....ཡོངས་གྲགས་འདིར་གསལ་མི་འདྲ་ཁྱིམ་.....སྟེ་བཅུ་གཉིས་སོ། །ལྔ་.....ཁོ་ནར་བོད་སྔ་མ་ཁ་ཅིག་དང༌། སྟག་ཚང་པ་འདོད་པ། འཁྲུལ་རང་སྡེར་མི་མཚུངས་གྲངས་མ་བཀག །ཆད་སྨྲ་གཅིག་དང་རྟག་སྨྲ་བཅུ་གཅིག་གྲགས། །རྒྱང་ཕན་ལ། སྟོན་པ། རྣམ་གྲངས། དབྱེ་བ། འདོད་ཚུལ། དགག་པ་.....ཕུར་བུ་འཇིག་རྟེན་མིག་དང་འཇིག་སྟོབས་.....སྟོན་པ་བཅོ་བརྒྱད་སོགས་སྟོན། །རྣམ་གྲངས་.....ཚུར་མཛེས་ཆད་སྨྲ་མེད་སྨྲ་ཕུར་བུ་པ། །རྒྱང་ཕན་སོགས་སོ་རང་བཞིན་རྒྱུར་སྨྲ་འཁྲུལ། །སྣང་བྲལ་དང༌། ཞི་འཚོ་ཡབ་སྲས། ལུང་ལང་གཤེགས་སོགས་ལས་.....རྒྱུ་འབྲས་ལྷ་.....དམྱལ་སོགས་ལམ། སོགས་མི་འདོད་.....པ་དང་འདོད་.....པ་གཉིས་བཤད་ཕྱིར། །ཆད་སྨྲའམ་རྒྱང་པན་ལ་སྐྱེ་བ.....སྔ་ཕྱི་གཏན་མེད་.....དང༌འགྲོ་.....པ་གསུམ་ཙམ་.....དེའི་སྒྲུབ་ཚུལ་སོགས་འཁྲུལ། །དེ་ལྟར་རྩོམ་པའི་རྒྱུ་.....རྟོག་གེའི་སྙོམས་འཇུག་འདོད་གདུང་ཕན་རློམ་.....བཞི་པོ་ཅི་རིགས་གྱིས་.....བྱས་སོ། །འདིའི་གྲུབ་མཐའི་ཕལ་ཆེར་གྱི་རྩ་བ་ནི་འཆོལ་བ་དང༌། མངོན་སུམ་གྱིས་.....མཐོང་.....བ་མིན་.....པ་དང་སྦྱིན་སོགས་རྗེས་འགྲོ་མེད་པས་རྒྱུ་འབྲས་མེད། །བདག་ནི་ཕལ་ཆེར་གྱིས་.....ལུས་སེམས་ཙམ་བདག་.....ཡིན་ལ་དེ་ཞིག་ཕྱིར་.....སྐྱེ་བ་སྔ་ཕྱི་མེད། །སེམས་ལུས་ཐ་དད་ལ་བརྟེན་རྒྱུད་གཅིག་མིན། །སྐྱེ་བ་སྔ་མ་འགོག་འདོད་ནས་རྣམ་ཤེས་ཀྱི་ཉེར་ལེན་.....འབྱུང་.....བ་བཞིའི་ཁྱད་པར་ལས་སེམས་སྐྱེ་.....ཞིང་ཐར་པའམ་མྱང་འདས་.....ཕུང་པོ་དེ་ཞིག་ཙམ་གྱི་དངོས་པོ་མེད། །མངོན་སུམ་ཚད་མ་.....ཡིན་ལ་རྗེས་དཔག་ཚད་མིན་.....དེ་འཁྲུལ། །སེམས་.....ལེགས་ལྡན་དང༌། ཞི་འཚོ་ཡབ་སྲས་རྣམ་འགྲེལ་རྣམས་ལྟར་ཕྱིར་.....སེམས་གཅིག་དེ་སྔོན་སོང་གྲུབ་.....ལ་ཟས་ཀྱི་ཕྱིར་གཡོ་.....བ་དང་སྐྱེ་བ་དྲནའང་ཕྱིར། །གོམས་.....པ་གོང་འཕེལ་བཞིན་.....གསལ་.....དུ་འགྲོ་བའི་ཕྱིར་དང༌། དངོས་པ་འགའ་ཞིག་དངོས་པོ་གཞན་དང༌རྗེས་.....སུ་འགྲོ་.....ལྡོག་གྲུབ་པས་ཀུན་མཁྱེན་.....དང༌རྒྱུ་འབྲས་གྲུབ། །སྐྱེ་བ་སྔ་ཕྱི་དང་འགྲོ་བ་གཞན་སོགས་འགྲེལ་བཤད་ལས་བཤད་པ་ལྟར་.....དེ་མེད་.....པ་མངོན་.....སུམ་གྱིས་མིན་.....ལ་རྗེས་དཔག་.....ཚད་མ། །བཀག་ཕྱིར་.....མི་འགྲུབ་ལ་ཡང་.....སྒྲས་མི་འགྲུབ་པར་མ་ཟད་དེ་ཡོད་པར་སྒྲུབ་པའི་རིགས་པ་ཡང་དག་ཡོད་པར་སྟོན། །ཞེས་ཆད་མཐའ་རྣམ་པར་བཀག་པའི་སྐབས་ཏེ་གཉིས་པའོ། །
༈ སྟོན་པ། མིང༌། དབྱེ་བ། འདོད་ཚུལ། དེ་འགོག་པ་དང་ལྔ་ལས། དང་པོ་ནི་.....སེར་སྐྱ་མཆོད་འོས་དབང་ཕྱུག་ཆུ་ཀླུང་སྟོན། །གཉིས་པ་ནི་.....གྲངས་ཅན་.....པ་དང༌རང་བཞིན་རྒྱུར་སྨྲ་.....བ་དང༌སེར་སྐྱ་.....པ་སོགས། །གསུམ་པ་ནི་.....དབྱེ་ངོ་.....ནི་ཕལ་ཆེར་མཐུན་ཀྱང་དྲང་སྲོང༌སེར་སྐྱ.....འི་རྗེས་འབྲང༌མངོན་གསལ་.....སྨྲ་བ་དང༌ལྷ་མེད་པ་.....སྟེ་འདི་གཉིས་ལུགས་གཅིག །འདི་ཕྱིན་ཆད་གྲངས་གཙོ་བོར་བཤད་པས་.....གྲངས་ཅན་ལྷར་བཅས་རྣམ་འགྱུར་.....པ་སྟེ་སྟོན་པ་ཆུ་ཀླུང་.....ཕྱིན་ཆད་ནས་བྱུང་བས་དེའི་ལུགས་.....བཞི་པ་ལ། །གཞི་ལམ་འབྲས་གསུམ་ལས། དང་པོ་ནི་.....མངོན་སུམ་ཚད་མ་.....ནི་དབང་པོའི་འཇུག་པ་.....ལ་འདོད་ཀྱང་འདོད་ཚུལ་གཉིས། །རྗེས་དཔག་ལ་.....རང་དོན་.....རྗེས་དཔག་ནི་འབྲེལ་བདུན་.....དང་གཞན་དོན་རྣམ་.....ལྡན་དང༌གསལ་གཉིས་.....འོང༌། །ལུང་ཚད་མ་ནི་.....དབང་ཕྱུག་རྒྱུད་དང་སུམ་ཅུ་པ་སོགས་ལུང་.....ཚད་མར་འདོད། །བདག་ནི་རྡུལ་མུན་སྙིང་སྟོབས་གསུམ་གྱི་.....ཡོན་ཏན་.....མིན་ལ་བྱ་.....བའང་མིན་ལ་བྱེད་.....པའང༌མིན་དང་རྟག་.....པ་དང་དོན་བྱེད་པའི་དངོས་པོ་དང་.....ཤེས་.....པ་དང༌། །བདེ་སོགས་ལོངས་སྤྱོད་པའི་.....ཟ་བོའི་བདག་ཡོད་.....ཅིང་མ་གྲོལ་བར་དུ་སྤྱི.....འི་གློར་གནས་.....པ་དང་གྲོལ་ཆེ་སྤྱི་གློར་མི་གནས་.....ཕྱིར་དེར་གནས་པ་ཁོ་ན་འཁྲུལ། །བདག་གི་རྣམ་གྲངས་མྱོང་བ་དང་སེམས་པ་ཅན་དང༌.....ཤེས་རིག་སྐྱེས་བུ་.....དང༌བདག་སོགས་.....འདོད་པས་བདག་ཤེས་པ་ལྷག་མ་ཉེར་བཞི་བེམ་.....པོའོ། །རྩ་བ་.....འདིར་ནི་ལས་སོགས་བྱེད་.....པ་པོ་.....དང་རྟག་.....པ་དང་ཆ་མེད་པས་གཅིག་.....པུ་ཡུལ་ཡུལ་ཅན་གཉིས་ལས་ཡུལ་དང་.....རྒྱུ་འབྲས་ཀུན་ལ་ཁྱབ། །སུ་ལའང་མངོན་དུ་མི་འགྱུར་བས་.....མི་གསལ་.....ལ་བདེན་གྲུབ་ཡོན་ཏན་.....གསུམ་མཉམ་.....པའི་ཤེས་བྱར་འདོད་.....ལ་རྣམ་གྲངས་གནས་ལུགས་.....དོན་དམ་གཙོ་བོ་སོགས་.....ཡིན་པར་དར་ཊཱིཀ་ལས་བཤད། །སྐྱེ་ཚུལ་སྤྱི་.....དེ་ལས་.....བློ་ནི་ཆེན་པོ་ཤེལ་འདྲ་.....བེམ་པོ་དང་དབང་པོའི་རང་བཞིན་ཕྱི་ནང༌གཉིས་འདྲེས་.....པའམ་ཕྲད་པ་ནི་འཇལ་.....བར་འདོད། །ཡོན་ཏན་.....གསུམ་སྟེ་སྙིང་སྟོབས་.....དང་རྡུལ་.....དང་མུན་.....པ་རྣམས་རིམ་བཞིན་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་བདེ་སྡུག་.....བཏང་སྙོམས་གསུམ་དང་རང་བཞིན་གསུམ་སོགས། །ཅུང་ཟད་འགྱུར་བ་ཙམ་གྱིས་ངོ་བོ་ཆེན་པོའམ་.....བློ་ལས་.....རབ་དུ་གསལ་བའི་ང་རྒྱལ་.....རྣམ་འགྱུར་ལས་གྱུར་བ་དང་། རྡུལ་ལས་གྱུར་པ་དང༌། འབྱུང་བ་ལས་གྱུར་པ་གསུམ་སྐྱེ་དང་པོ་ལས། །གཟུགས་སོགས་.....དེ་ཙམ་ལྔ་སྐྱེད་དེ་ལྔས་འབྱུང་བ་ལྔ། །གཉིས་པས་ལས་བློའི་དབང་པོ་ལྔ་ལྔ་ཡིད། །གསུམ་པ་དེ་གཉིས་འཇུག་.....པ་བྱེད་.....ལ་ཤེས་བྱ་ཉེར་ལྔ་པོ་རང་བཞིན་དང་རྣམ་འགྱུར་དང་པོ་ཡིན་ལ་གཉིས་པ་མིན་སོགས་མུ་བཞིའི་ཕྱིར། །ཤེས་བྱ་.....ཉེར་ལྔ་.....སྟག་ལོས་.....གཙོ་བདག་ལ་སྡུད་ཤིན་ཏུ་འཁྲུལ་.....བ་ཏེ་གྲངས་ཅན་གྱི་གཞུང་དང༌། དབུ་ཚད་ཀྱི་ལུགས་རྣམས་དང༌། དུས་འཁོར་སོགས་དང་འགལ། རང་ཚིག་དང་འགལ་ལོ། །ཉེར་ལྔ་བདེན་པ་གཉིས་ཀྱི་ཚེ།.....སྤྱི་བདག་བདེན་དངོས་གཞན་རྫུན་སྐྱེ་བའི་ཚུལ། །སྔར་ཡོད་གསལ་འགྱུར་འཇིག་པ་ཐིམ་མམ་ཞི་.....བའོ། །ལྷར་བཅས་ཀྱི་ཁྱད་པར་སྣོད་བཅུད་.....སྣ་ཚོགས་གཙོ་ཙམ་ལས་མིན་སེམས་མེད་ཕྱིར། །སེམས་ཀྱིས་.....བྱིན་མེད་མི་རྩོམ་སྐྱེས་བུས་མིན་མི་ཤེས་.....པས་སོ། །དབང་ཕྱུག་.....རང་བཞིན་ངོར་གནས་.....པ་དེ་ཡོན་ཏན་དེ་གསུམ་གྱིས། །སྡུག་བསྔལ་དང་ལྡན་ཚེ་.....སྐྱེ་.....སྙིང་སྟོབས་ཆེ་ཚེ་གནས་འཇིག་.....ཚེ་མུན་པ་དང་ལྡན་པས་ཡིན་ཅིང་རྒྱུ་.....དེ་གསུམ་ཡོདའང་.....གཅིག་ཆར་མི་འོང་ཡོན་ཏན་གསུམ་རིམ་བཞིན་འབྲས.....བུ་སྐྱེ་སོགས་རིམ་གྱིས་སོ། །བསམ་གཟུགས་མངོན་ཤེས་.....ཀྱིས་གནས་ལུགས་གཙོར་ལྟའི་ལམ་སོགས་ཀྱིས། །འབའ་ཞིག་.....དང་རང་བཞིན་.....དང་བདག་.....འབའ་ཞིག་གནས་ཐར་པ་.....ལ་འདོད་ཚུལ་གཉིས། །ལེགས་ལྡན་གྱིས་མགུ་བ་ནི་དགུའོ། །གྲུབ་པ་ནི་བཅོ་བརྒྱད་དོ། །ནུས་པ་ནི་ཉི་ཤུ་རྩ་བརྒྱད་དོ། །ཞེས་གསུངས་པ་ལྟར་རང་བཞིན་འགྱུར་བ་ལ་སོགས་པའི་.....མཚན་ཉིད་ལྔ་བཅུ་རང་བཞིན་འགྱུར་བ་ནོར་གྱི་.....འཆིང་.....བ་གསུམ་དང། དེ་གསུམ་ལས་ཐར་པའི་འཆིང་ཐར་གསུམ་གསུམ་སོགས། །སངས་རྒྱས་བསྐྱངས་དང་ཞི་འཚོ་སོགས་.....ཡོད་ཀྱང་སྐྱེ་ན་དོན་མེད་ཐུག་མེད་འགྱུར། །སྐྱེ་བྱེད་རྟག་.....པ་དང་.....དེ་མ་ཉམས་.....པར་འབྲས་.....བུ་ལྡོག་འགལ.....རྒྱུ་ཚང་བ་ཡོད་པས་སོ། །བློ་ནི་.....བེམ་ཕྱིར་.....བདེ་སོགས་མི་མྱོང་.....རང་བཞིན་དང་བདག་ནི་ཁྱབ་ཕྱིར་ཆ་མེད་འགལ། །སྐྱེས་བུ་ནི་.....རྟག་ཕྱིར་ཤེས་.....པ་མིན་རྟག་པར་འཆིང་གྲོལ་ཅི་.....ཡོད་དེ། །ཡང་ན་རྟག་པར་འཆིང་ངམ། ཡང་ན་རྟག་པར་གྲོལ། ཡོད་དགོས་པའི་ཕྱིར་རོ། །ཞེས་སེར་སྐྱ་པ་དང༌། གྲངས་ཅན་པ་དག་གིས་སྒྲོ་བཏགས་པའི་རྟག་མཐའ་བསལ་བའི་སྐབས་ཏེ་གསུམ་པའོ། །
༈ ཚངས་པ་པ་སོགས་ལ་སྟོན་པ། རྣམ་གྲངས། དབྱེ་བ། འདོད་ཚུལ། དེ་བཀག་པ་ལྔ་ལས། དང་པོ་ནི་.....ཚངས་སོགས་སྟོན་དང་རྣམ་གྲངས་.....བྲམ་ཟེ་.....ཚངས་པའི་སྐད་དོད་པྲ་ཧྨ་ཎ་ཟུར་ཆགས་པའི་བྲམ་ཟེ་ཡིན་གྱི་དེ་མ་ཡིན་པའི་པྲཱ་ཧྨ་ཎཱ་ཟུར་ཆག་པའི་བྲམ་ཟེ་ནི་མིན་ཏེ། ཧ་ཅང་ཐལ་ལོ། རིག་བྱེད་སོགས། །མངོན་བརྗོད་ལྟར་.....ཚངས་པ་པད་.....མ་དང༌སྒོང་.....ང༌ལས་སྐྱེས་.....མིང་ནི་དུས་སོ་སོ་ལ་མིང་རེ་རེ་སྟེ་མིང་.....བདུན། །དབྱེ་ན་རིག་བྱེད་བཞིའོ་.....ཞལ་བཞི་.....དང༌ལུས་.....ཀྱི་ཆ་.....ཁ་ཐུགས་དཔུང་པ་བརླ་བཞི་ལས་.....རིམ་བཞིན། རིག་བྱེད་བཞི། །མི་རིགས་བཞི་སྐྱེས་.....པས་འཇིག་རྟེན་བྱེད་པ་པོ། །རིག་བྱེད་.....ནི་གདོད་ནས་སུས་ཀྱང་མ་བྱས་པའི་རང་བྱུང་.....ཡིན་ལ་ཨ་ཤྭ་མེ་དྷྭ་.....སྟེ་རྟ་མཆོད་སྦྱིན་མཆོག །དུས་འཁོར་བཤད་དོ། །བརྡ་སྤྲོད་པ་ལ། སྟོན་པ། རྣམ་གྲངས། གྲུབ་མཐའ། དང་པོ་ནི་.....རྟག་ཞི་སྟོན་པ་.....རྣམ་གྲངས་བརྡ་སྤྲོད་སྒྲ་བྱེད་མིང༌། །གསུམ་པ་ནི། སྣོད་བཅུད་.....སྣ་ཚོགས་.....ཀྱི་གཞིར་.....གྱུར་པའི་བྱེད་.....པ་པོ་སྒྲ་ཡི་ཚངས་པ་.....རྟག་པར་གྲུབ་པ་ཡོད་པར་སྨྲ། །ཨོཾ་.....ནི་ཚངས་པའི་མཁུར་བ་ལས་སྐྱེས་པའི་ཡི་གེ་ཕྱེད་དང་བཞི་ཡི་རང་བཞིན་ཡིན་པས་རིང་དངོས་ཀུན་རང་བཞིན་ཆ་མེད་རྟག་.....པ་དང༌། །ཡུལ་ལ་སྒྲ་འཇུག་པའང་དེ་དངོས་དབང་གིས་.....བདེན་.....པར་འཇུག་.....ལ་ཕྱི་ནང་ཐམས་ཅད་དེ་གཅིག་པུའི་རང་བཞིན་དུ་གནས་ཀྱང༌རབ་རིབ་ཀྱིས་བསླད་སྣ་ཚོགས་.....སུ་སྣང༌། །ཕྱི་.....ཕྱུགས་ཀྱི་མཆོད་སྦྱིན་སོགས། བུད་མེད་ཀྱི་བྷ་གའི་ཐབས་སུ་.....ནང་སྦྱིན་སྲེག་.....བྱེད་པ་དང༌ལམ་དང་.....ཁམས་འཛག་.....པའི་བདེ་.....བ་ཐར.....པར་འདོད་ལ་རིག་བྱེད་ཕལ་ཆེར། །ཚད་མ་རིག་བྱེད་ཁོ་ན་ལ་ལས་གཉིས་.....འདི་དག་ཞི་འཚོ་དང་འཕགས་བསྟོད་འགྲེལ་སོགས་བཤད། །རིག་བྱེད་མཐའ་པ་ལ། སྟོན་པ། རྣམ་གྲངས། གྲུབ་མཐའ་གསུམ་ལས། དང་པོ་ནི་.....ཚངས་སོགས་སྟོན་དང༌.....རྣམ་གྲངས་ནི་རིག་བྱེད་མཐར་སྨྲ་སོགས་.....གསུམ་པ་ནམ་མཁའ་བཞིན་སྐྱེ་འགྲོ་ཐམས་ཅད་ལ། །ཁྱབ་.....པ་དང༌རྟོགས་དཀའ་བས་ཕྲ་.....བ་དང༌ཤེས་.....རིག་དང་རྟག་.....པའི་སྐྱེས་བུ་.....དྲང་སྲོང་ཆེན་པོ་ཉི་མའི་མདོག་.....ཅན་ཅིག་ཡོད་ལ་ཉི་མའི་མདོག་སྣ་ཚོགས་པ་ཡིན་པ་ལྟར་བརྟན་གཡོ་ཐམས་ཅད་འདིའི་ཆ་ཤས་དང་སྐྱེས་བུ་གཅིག་པུའི་ཁོངས་སུ་གཏོགས་སོ། །འཁོར་བའམ་འཇིག་རྟེན་གསུམ་གྱི་.....མུན་.....པ་ལས་འདས་.....རབ་སྟེ། སྟེང་ན་གནས་པ་དང་དབང་ཕྱུག་པས་དབང་ཕྱུག་དང་བདག་སོགས་ཡང་རྒྱུར་ཁས་ལེན་ལ་འདིར་ནི་སྐྱེས་བུ་དེ་ཁོ་ནས་སྣོད་བཅུད་འཆིང་སོགས་བྱེད་པར་ལེགས་ལྡན་དང་ཀ་ཤཱིས་བཤད། །སྤྱིར་སྐྱེས་བུ་ཁ་དོག་མིན་ཀྱང་གྲོལ་ཚེ་དེ་.....གསེར་མདོག་མཐོང་ཚེ་དེ་ཆར་ཐིམ་པ་གྲོལ་.....བར་འདོད། །སྟོན་པ་དང༌། རྣམ་གྲངས་ནི།.....ཚངས་སོགས་སྟོན་དང་རིག་བྱེད་གསང་བ་པ། །ལུང་ནི་.....བདུད་རྩི་ཐིགས་ལུང་.....བདག་ནི་ཤེས་རིག་.....དང༌རྟག་པའི་བདག །ཆ་མེད་.....པ་དེའི་ངོ་བོར་.....སྣོད་བཅུད་ཐམས་ཅད་གནས་པ་གཟུང་འཛིན་གཉིས་མེད་བདེན་གྲུབ་འདོད། །ལྔ་པ་དེ་དགག་པ་.....རིགས་བཞི་མེད་འགྱུར་མིང་སྲིང་ཀུན་སྤྱད་འགྱུར། །འཚེ་བ་ཆོས་ཡིན་དམྱལ་བའི་རྒྱུ་གང་སོགས། །ཞེས་ཚངས་པ་པ་དང༌། བརྡ་སྤྲོད་པ། རིག་བྱེད་མཐའ་བ། གསང་བ་པ་བཞིས་སྒྲོ་བཏགས་པའི་རྟག་མཐའ་ཚད་བསལ་གྱི་སྐབས་ཏེ་བཞི་པའོ། །
༈ ཁྱབ་འཇུག་པ་ལ། སྟོན་པ། རྣམ་གྲངས། ལུང༌། གྲུབ་མཐའ། དགག་པ་ལྔ་ལས། དང་པོ་ནི་.....ནོར་ལྷ་ཟླ་བ་གཞོན་ནུ་མ་ལེན་སྟོན། །གཉིས་པ་ནི་.....ཁྱབ་འཇུག་པ་དང་ཟླ་བ་.....དང༌གླུའི་ཆོས་སྨྲ། །གསུམ་པ་ནི་.....རྟོག་ཕན་ཡལ་ཀ་.....དང༌མཚན་མོ་ལྔ་.....པ་སོགས་ལུང༌། །བཞི་པ་ནི། ལྷ་.....ཁྱབ་འཇུག་.....ནི་བུད་མེད་མང་.....པོོས་བསྐོར་.....ནས་གྲོང་ཁྱེར་སྒོ་ལྡན་.....ན་གནས། །ང་རྒྱལ་ཆེ་བས་.....ཉི་.....མ་སོགས་.....བརྟན་གཡོའི་མཆོག་.....དེ་དང་དེ་ང་.....ཡིན་ཟེར་ཞིང་ང་བྲམ་ཟེའི་ལུས་ཀྱིས་.....ཟ་བ་དང་མཆོད་སྦྱིན་སོགས་བྱེད། །དེའི་.....ངོ་བོ་གཉིས་ལས་.....ཆོས་སྐུ་ཞི་.....བ་བསྒོམ་.....ན་ཐར་པ་འཐོབ། །གཟུགས་ཀྱི་སྐུ་.....མ་ཞིའི་ཉ་དང་རུས་སྦལ་.....དང༌ཕག་རྒོད་དང༌། །མི་ཡི་སེང་གེ་.....དང༌མིའུ་ཐུང་.....དང༌དགའ་བྱེད་གཉིས། །ནག་པ་སངས་རྒྱས་རིགས་ལྡན་འཇུག་པ་བཅུས། །རིམ་བཞིན་རིག་བྱེད་བཞི་རྒྱ་མཚོ་ནས་.....བཏོན་དང་.....འཇིག་རྟེན་འདི་བཏེགས་.....པ་དང༌ཚངས་གནས་མན་ཆད་.....མནན་གསེར་ཅན་.....བསད་.....སྟོབས་ལྡན་བསླུས་.....ལངྐ་མགྲིན་བཅུ་བསད། །རྒྱལ་.....རིགས་.....ཀྱི་རྒྱུད་བཅད་.....སེམས་ཅན་གྱི་དོན་བྱས་.....པ་དང༌སྡིག་.....པ་སྦྱངས་.....བ་དང༌སེམས་ཅན་བཏུལ། །བ་སྟེ་བཅུ་ལས་ཕྱི་མ་གཉིས་དུས་ཕྱིས་བཤད་གསུངས། ཁྱབ་འཇུག་གམ་རྟག་པའི་རྡུལ་ཕྲན་.....བྱེད་པོ་.....དང་རྟག་པའི་བདག་དང་དགེ་མི་དགེའི་ལས་.....རྫས་གཞན་དག་གི་དུས་.....དང་ས་སོགས་ཀྱི་རང་བཞིན་དང༌། །ཡོན་ཏན་.....གསུམ་དང་དངོས་པོ་ཉམས་པའི་སྟོང་པ་.....དང༌རྒྱུ་འབྲས་དང༌། །ཡེ་ཤེས་ཀུན་བཏུས་རྩ་འགྲེལ་ལྟར་.....རླུང་ཡིག་སོགས་བསྒོམ་ཐར་འདོད་འཁོར་མཐའ་འདོད། །སྤྱོད་པ་པ་ལ། སྟོན་པ། རྣམ་གྲངས། གྲུབ་མཐའ་གསུམ་ལས་.....དང་པོ་ནི་རྒྱལ་དཔོག་པ་སྟོན་གཉིས་པ་ནི་.....སྤྱོད་པ་རྒྱལ་དཔོག་པ། །གསུམ་པ་.....བདག་ནི་བློ་དང་ཤེས་རིག་རྟག་རྫས་སོགས.....་ཀྱི་རང་བཞིན་ངོ་བོ་རྟག་ལ་རྣམ་གྲངས་དང་གནས་སྐབས་མི་རྟག་པར་འདོད། །དྲི་མ་.....ནི་སྐྱེས་བུའི་རང་བཞིན་.....ལ་ཞུགས་པས་དེ་ཟད་པའི་ཀུན་མཁྱེན་མེད། །མཐོ་རིས་.....ཀྱི་ཁྱད་པར་ཐར་.....པར་འདོདའང་.....བྲམ་ཟེའི་དབང་དུ་བྱ་ཡི་བྱས་ཤུགས་ཞེ་བརྒྱད་.....འདོད་ཅིང་དེ་བྲམ་ཟེའི་རྒྱུ་.....ཡིན་པར་འདོད། །རིགས་བྱེད་བཞི་ནི་.....རྭ་བཞི་.....མེ་གསུམ་མམ་དུས་གསུམ་ནི་རྐང་གསུམ་.....མཆོད་སྦྱིན་དང་ཆུང་མ་གཉིས་སམ་ཨོཾ་དང་དབྱངས་ཀྱི་སྡེབ་སྦྱོར་གཉིས་ནི་མགོ་གཉིས་སྡེབ་སྦྱོར་ཀུན་བདུན་ནམ་.....ལག་པ་བདུན། །སྙིང་མགྲིན་མགོ་.....གསུམ་.....ནས་བཅིང་.....ན་ཁྱུ་མཆོག་.....ཨོཾ་གྱི་ང་རོ་.....སྟེ་སྒྲའམ་དབྱངས་བྱེད་ལ་དེ་ལྟ་བུ་ཞིག་རིག་བྱེད་ཁྱད་.....པར་དུ་འཆད། །ཤིས་བརྗོད་སོགས་.....གསུམ་མམ་བདུན་བདུན་.....སྟེ་ཟས་བདུན་ལྕེ་བདུན་དྲང་སྲོང་བདུན་ཁྱིམ་བདུན་ཉིན་ཞག་བདུན་དུ་ལན་བདུན་ཁྱོད་མཆོད་སྐྱེ་གནས་བདུན་ཁྱོད། མར་གྱིས་.....ཚིམ་པར་བྱའོ་སྭཱཧཱ་ཞེས་པ་ལྟ་བུའི་མཆོད་སྦྱིན་འདོད། །ཞི་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལྟར་.....མངོན་སུམ་.....དང༌། རྗེས་དཔག་ཉེར་འཇལ་སྒྲ་བྱུང་དང༌། །དོན་གོ་དངོས་མེད་ཅེས་བྱའི་ཚད་མ་དྲུག །ཁ་ཅིག་རིག་སྲིད་མ་དམིགས་གྲགས་སྙམ་སོགས། །དེ་དགག་པ་.....ཀུན་ལ་ཁྱབ་ཕྱིར་བྲོས་འགལ་འཇུག་བཅུ་རྫུན། །སྤངས་རྟོགས་མཐར་འགྲོས་ཉེས་ཟད་ཀུན་མཁྱེན་འགྲུབ། །ཅེས་ཁྱབ་འཇུག་པ་དང༌། དཔྱོད་པ་བ་དག་གིས་སྒྲོ་བཏགས་པའི་རྟག་མཐའ་ཚད་གསལ་གྱི་སྐབས་ཏེ་ལྔ་པའོ། །
༈ དབང་ཕྱུག་པ་ལ། སྟོན་པ། མིང༌། དབྱེ་བ། གྲུབ་མཐའ་བཞི་ལས་དང་པོ་.....ཞི་བ་དྲང་སྲོང་རྐང་མིག་ལ་སོགས་སྟོན། །མིང་ནི་.....དབང་ཕྱུག་.....པ་དང༌། ཡེ་སྲིད་པ་སོགས་གསུམ་པ། དབྱེ་ན་.....དབང་ཕྱུག་པ་བྱེ་རིག་གསུམ། །བཞི་པ་ལུང་ནི། དབང་ཕྱུག་.....སྒྲ་བསྒྲགས་.....རྒྱུད་དང༌སྨེ་བརྩེགས་རྒྱུད་ལུང་.....ཞེས་སློབ་དཔོན་བྱང་ཆུབ་བཟང་པོ་ཚད་མ་.....སྔར་དང༌འདྲ། །ལྔ་པ་ནི་.....དབང་ཕྱུག་.....ནི་ཡོན་ཏན་བརྒྱད་ལྡན་.....གནས་ཏི་སིར་གནས། །དེ་སྣོད་བཅུད་ཀྱི་བྱེད་པོར་སྒྲུབ་པ་ནི། སྡོད་སོགས་.....དང༌འཆོལ་.....བའི་ཕྱིར་.....སྣོད་བཅུད་ཀྱི་སྐྱེ་འཇིག་བྱེད་པོར་གྲུབ། །འཁོར་འདས། བྱེད་.....པ་པོ་.....དང༌བདག་.....རྟག་པ་སོགས་.....ཁྱབ་འཇུག་པ་ལྟར་དང་མིག་སོགས་ལམ་དྲུག་.....དང་ཁམས་.....ཀྱི་དང་སྔགས..... ཀྱི་དང༌། །འདོད་པ.....འི་དང༌། བདག་.....གི། དང་ཞི་བའི་དེ་ཉིད་ལྔ། །ཞི་བའི་དེ་ཉིད་.....དེ་ནི་.....སྒོ་གསུམ་.....ན་གནས་.....པའི་སྐྱེ་འཆིའི་སྦྱོར་གཏོང་.....གཉིས་བྱེད་ཅིང་ལུས་ལ་ཁྱིམ་བཅུ་གཉིས་མདུད་.....པར་བཤད་དོ། །བཞི་པའི་ཡེ་ཤེས་ཐར་པའི་གོ་འཕང་སྨྲ། །ཀུན་བཏུས་རྟོག་གེ་འབར་བ་སོགས་ལས་བཤད་པ་ལྟར་.....རླུང་སྦྱོར་དྲག་པོའི་དབང་དང་འཛག་བདེ་ལམ། །སྤྱིར་དབང་ཕྱུག་པ་ལ་མིང་ཡང་དུས་འཁོར་ལས་བཤད་པའི་ཞི་བ་པ་ནི་.....ཐ་སྙད་འགལ་བས་བྲེ་བྲག་པ་སོགས་མིན། །བྱེ་བྲག་པ་ལ། སྟོན་པ། མིང༌། དབྱེ་བ། གྲུབ་མཐའ་བཞི་ལས། དང་པོ་ནི་.....སྟོན་པ་འུག་པ་གཟེགས་ཟན་རྐང་མིག་པ། །རྣམ་གྲངས་ནི་.....གཟེགས་ཟན་རྐང་མིག་འུག་ཕྲུག་ལུང་ཙམ་པའང༌། །གསུམ་པ་ནི་.....དབྱེ་ངོ་.....གཟེགས་ཟན་སློབ་མ་བྱེ་བྲག་པ་དང་.....རྐང་མིག་གི་སློབ་མ་རིག་པ་ཅན། །བཞི་པ་ནི་.....དོན་དྲུག་ཚད་མ་བཞིས་འཇལ་མངོན་སུམ་ནི། །དབང་དོན་ཕྲད་.....པའི་འབྲེལ་.....བ་ཡིན་ལ་བསྡུས་ན་སྦྱོར་འདུའི་འབྲེལ་བ་གཉིས་དང༌། དབྱེ་ན། སྦྱོར་བའི་དང༌། སྦྱོར་བ་འདུ་བའི་དང༌། སྦྱོར་བ་ལ་འདུས་པ་འདུ་བའི་དང༌། སྦྱོར་བ་ལ་ཁྱད་པར་དང་ཁྱད་པར་ཅན་གྱི་སྟེ་སྦྱོར་འབྲེལ་བཞི་དང༌། འདུ་བའི་དང་འདུས་པ་ལ་འདུ་བའི་འབྲེལ་བ་གཉིས་ཏེ། དྲུག་དང་ངོ་བོ་.....བེམ་.....པོར་བྱེ་བྲག་པ་.....འདོད། །དབང་དོན་.....དེ་.....གཉིས་ཕྲད་.....ཅིང་རྣམ་མེད་ཁྱད་པར་འཛིན་.....པའི་རྟོག་རིག་པ་ཅན། །རྗེས་དཔག་.....ཚད་མ་ནི གསུམ་གསུམ་ལྷག་ལྡན་ཡང་དག་སོགས། །ལྔ་ལྡན་གཞན་དོན་ཉེར་འཇལ་འདྲ་བས་སྒྲུབ། །ལུང་ཚད་མ་ནི་.....སྒྲ་བྱུང༌ཚད་མ་.....ཞི་རྒྱུད་.....དང༌འཇིག་རྟེན་མིག་མདོ་.....སོགས་ལུང༌། །འདིའི་ཤེས་བྱ་ཀུན་དྲུག་ཏུ་འདུ་བ་ནི་.....རྫས་དང་ཡོན་ཏན་.....དང༌ལས་དང་སྤྱི་.....དང༌བྱེ་བྲག་.....དང༌། །འདུ་བ་.....སྟེ་ཚིག་གི་དོན་དྲུག་.....འདོད་ཅིང་དེ་ཀུན་བདེན་.....གྲུབ་ཀྱི་དངོས་.....པོ་དང༌གཞི། །ས་ཆུ་མེ་རླུང་གི་.....འབྱུང་བཞི་.....གྲངས་རེ་རེ་དང༌ཡིད་.....དང་ནམ་མཁའ་.....དང༌ཕྱོགས་.....དང༌བདག་.....དང༌དུས་.....དང༌དགུ་.....སྟེ་ཕྱེ་བ་དང་ལྡན་པ་ཡོན་ཏན་དང་ལྡན་པ་འདུ་བའི་རྒྱུར་གྱུར་པ་སྟེ་གསུམ་ལྡན་ཞིག་རྫས་.....ཡིན་ནོ། །དེ་དགུའི་.....ལྔ་.....དང་ལྷག་མ་བཞི་མ་ཁྱབ་.....པའི་རྫས་དང༌ཁྱབ་རྫས་བཞི་སོགས་.....ཡོན་ཏན་བཞི་ལྡན་དང༌། གསུམ་ལྡན་དང༌། གཉིས་ལྡན་དང༌། གཅིག་ལྡན་ནི་ས་ཆུ་མེ་རླུང༌། བཞི་.....སོགས་ལས་སོ། །དོན་གྲུབ་ཕལ་ཆེ་བ་.....གཞན་རྟག་.....པ་དང༌ཡོན་ཏན་.....ལ་རྟག་མི་རྟག་ཆ་གཉིས་.....དང༌ལས་མི་རྟག་.....ཁོ་ནའོ། །དེ་ལུགས་ཀྱི་བདག་ནི་.....ཟ་པོ་བྱེད་པོ་མ་བྱས་རྟག་.....པ་དང༌ཤེས་.....རིག་མིན། །ཁྱབ་.....པ་དང་བྱ་.....བ་མེད་.....པའི་བདག་འདོད་.....བྱེ་བྲག་པ་བདག་ཀུན་ཏུ་ཁྱབ་པ་དང༌། རིག་པ་ཅན་བདག་རྡུལ་ཕྲ་རབ་ཙམ་དུ་འདོད་པས་འདི་གཉིས་ཀྱིས་ཁྱབ་.....པ་དང༌ཕྲ་.....བར་རིམ་.....པར་འདོད་དེ། བཞི་བརྒྱ་པའི་ལུགས་སོ། །ཡིད་ནི་རྟག་དངོས་.....བྱ་བ་དང་བཅས་པའི་རྟོག་བཅས་ཡུལ་ཅན་བློ་.....ལེགས་ལྡན་གྱིས་རྫས་ལ་བརྟེན་པ་དང། ཡོན་ཏན་གཞན་དང་མི་ལྡན་པ་དང་། འདུ་བ་དང་བྲལ་བ་ན་ཡང་རྒྱུ་མེད་པ་དང་། ལྟོས་པ་མེད་པ་ནི་ཡོན་ཏན་གྱི་མཚན་ཉིད་ཅེས་གསུངས་པ། །བཞི་ལྡན་ཡོན་ཏན་.....དང་གྲངས་ལེགས་ལྡན་ཞི་འཚོ་ཡབ་སྲས་མདོ་སྤྱན་རས་གཟིགས་བརྟུལ་ཞུགས་རྣམས་ཀྱིས་ཉེར་བཞི་.....བཤད་དར་ཊཱིཀ་ལས་ཉེར་ལྔ་ཡང༌། །ལས་ལྔའོ་ཆ་དང་ཆ་ཅན་སོགས་.....ཡོན་ཏན་དང་ཡོན་ཏན་ཅན་བྱ་བ་བྱེད་པ་མཚན་ཉིད་མཚན་ཉིད་ཅན་གཞན་.....དང་གཞན་དུ་རྫས་.....སུ་འདོད་ཚུལ་མང༌། །ལེགས་ལྡན་གྱིས་རྫས་དང༌། ཡོན་ཏན་དང༌། ལས་རྣམས་ཀྱི་དོན་ལས་གཞན་ཞིག་ཡོད་པ་དེ་ནི་སྤྱི་ཤེས་བྱར་བརྗོད་གསུངས་པ་ཡོན་ཏན་ལས་.....གསུམ་ལས་དོན་གཞན་སྤྱི་ཡིན་.....མ་སྐྱེས་པ། ཁྱབ་པ། རྟག་པ། ཆ་མེད། བྱ་བ་མེད་པ། རྫས་དང༌། ཡོན་ཏན་དང༌། ལས་ལ་བརྟན་པའི་ཁྱད་པར་བརྒྱད.....འདོད་འང༌.....སྒྲས་བྱེ་བྲག་ཁྱད་པར་བརྒྱད་དོ། །ཁྱད་ཞུགས་བྱེ་བྲག་.....དང༌འདུ་བ་.....ནི་འབྲེལ་བ་.....སྟེ་གཉིས། །སྣོད་བཅུད་.....ཀྱི་བྱེད་པོ་ཕྲ་རབ་རྡུལ་དང་དབང་ཕྱུག་གིས་.....བསྐྱེད། །ཁྲུས་.....དབང་བསྐུར་བསྙེན་གནས། ཚངས་གནས། ནགས་གནས་སོགས་ཆོས་ཡིན་འཁོར་བ་.....བདག་དང༌ཡོན་ཏན་འདུ་.....བའི་བར་དུའོ། །ཐར་པ་.....ནི་བརྗོད་མེད་ཡོན་ཏན་འདུ་འབྲལ་བདག །དེ་ཉིད་རྟོགས་པ་ཐར་.....པའི་རྒྱུ་.....ཡིན་པར་བཤད་པས་སྟག་ལོས་ཐར་པར་.....འདོད་པ་འཁྲུལ.....འདི་དག་ལེགས་ལྡན་ཞི་འཚོ་སོགས་ཀྱིས་བཤད། །དབང་ཕྱུག་དགའ་སྡུག་རྒྱུ་དང་སྡིག་སྤྱོད་འགྱུར། །འདོད་ལྟོས་ནུས་མེད་ཀུན་ཁྱབ་ཆ་མེད་འགལ། །རྟག་ཕྱིར་རྟག་ཏུ་སྐྱེའམ་གཏན་མི་སྐྱེ། །ཞེས་དབང་ཕྱུག་པ་དང༌། བྱེ་རིག་གཉིས་དང་གསུམ་གྱིས་འདོད་པའི་རྟག་མཐའ་བསལ་བའི་སྐབས་ཏེ་དྲུག་པའོ། །
༈ སྟོན་པ། རྣམ་གྲངས། ལུགས། དེ་དགག་པ་བཞི་ལས། དང་པོ་ནི་.....རྒྱལ་བ་དམ་པ་ཁྱུ་མཆོག་ལྡོང་རིས་སྟོན། །རྣམ་གྲངས་.....ཟ་བྱེད་མཆོད་འོས་གཅེར་བུ་ཀུན་ཏུ་རྒྱུ། །གསུམ་པ་ལུགས་ལ་བདག་ནི་.....སྲོག་ནི་ལུས་ཚད་.....ཡིན་ལ་ངོ་བོ་རྟག་.....པ་དང་དེའི་རྣམ་གྲངས་བདག་.....དང༌སྐྱེས་བུ་.....དང༌འགྲོ་.....བ་དང༌། སྲོག་དང༌། འཚོ་བ་དང༌། གསོ་བ་དང༌། སྐྱེ་བ་དང༌། གང་ཟག་རྣམས་ཡིན་པར་འཕགས་བསྟོད་འགྲེལ་བར་བཤད། །མངོན་སུམ་རྟོག་བཅས་རྟོག་མེད་སྤྱི་གསལ་འཇལ། །ཚུལ་གསུམ་མི་འཐད་རྗེས་དཔག་ཚུལ་གཅིག་པ། །རྒྱས་བྱེད་སྐར་མའི་བསྟན་བཅོས་ལ་སོགས་ལུང༌། །དུས་འཁོར་ལྟར་ན་.....སྲོག་དང་སྲོག་མིན་.....དང༌ཟག་པ་.....དང༌སྤངས་པ་.....དང༌སྡོམ་.....པ་དང༌། །བཅིང་.....པ་དང༌ཐར་.....པ་དང༌འགྲོ་.....བ་དང༌འོང་.....བ་སྟེ་ཚིག་གི་དོན་དགུའམ་སྲོག་.....དང༌ཟག་.....པ་དང༌སྡོམ་.....པ་དང༌། །ངེས་.....པར་རྒ་.....བ་དང༌འཆིང་.....བ་དང༌ལས་.....དང༌སྡིག་.....པ་དང༌བསོད་.....ནམས་དང༌ཐར་པ་.....དང༌དགུ་.....ལེགས་ལྡན་དང་ཀ་ཤཱིས་བཤད། །ཀུན་ཀྱང་རྫས་དང་རྣམ་གྲངས་.....གཉིས་རིམ་བཞིན་རྟག་.....པ་དང་མི་རྟག་.....པར་འདོད། །དུས་གསུམ་.....སྲོག་གང་ཟག་དུས་མཁའ་བསོད་ནམས་སྡིག་པ་སྟེ་རྫས་དྲུག་.....དུས་འཁོར་ལས་བཤད། འབྱུང་བཞི་ལྗོན་པ་འབྲས་བུའིི་སྲོག་ཅན་དྲུག་གམ་.....ལེགས་ལྡན་གྱིས་ས་ཆུ་ཤིང་མེ་རླུང་སྲིན་བུ་གྲོག་མ་བུང་བ་མི་སྟེ་སྲོག་ཅན་སྟེ་དགུ་.....སྐད་ཀྱི་སྡོམ་པ་སོགས། །སྡོམ་ལྔ་.....འཚེ་མིན་སོགས་བརྟུལ་ཞུགས་ལྔ་དང་.....བློ་ལྡན་གྱི་དང་ཐོས་པའི་ཡེ་ཤེས་སོགས་ཡེ་ཤེས་ལྔ། །བརྟུལ་ཞུགས་ལྔ་དང༌། སྡོམ་པ་ལྔ་གསང་བ་གསུམ་སྟེ། སྤྱོད་པ་བཅུ་གསུམ་ལམ་འདོད་ཐར་པ་གཟུགས། །དམྱལ་བ་དུད་འགྲོ་ལྷ་མི་ཐར་པའི་འགྲོ་བ་སྟེ་.....འགྲོ་ལྔ་.....ཟས་ཀྱི་འོད་ཀྱི་སྲོག་གི་རྫུས་སྐྱེས་ཀྱི་མཐའི་ལུས་ཏེ་ལུས་ལྔ༌འགྲོ་བ་ལ་.....དབང་པོ་གཅིག་ལྡན་སོགས་.....ནི་འབྱུང་བཞི་དབང་པོ་་གཅིག་ལྡན། དུང་སོགས་གཉིས་ལྡན། གྲོག་མ་སོགས་གསུམ་ལྡན། བུང་བ་སོགས་བཞི་ལྡན། མི་སོགས་ལྔ་ལྡན་དུ་བཤད་དོ། །འཆིང་བ་.....ནི་ཉེས་སྨྲའི་ལྟ་ངན་སུམ་བརྒྱ་དྲུག་ཅུ་.....དང༌ལས་.....ནི་བཞི་སྟེ་ཚེ་སོགས། །མ་བརྩམས་ལུང་མ་བསྟན་དང་ཉལ་སོགས་ཕྱིར། །ཀུན་མཁྱེན་མེད་དང་ཤིང་སོགས་སེམས་ལྡན་སྒྲུབ། །ད་དུང་འདིར་མ་བཤད་པའི་ཀླ་ཀློ་སོགས་..... ལྟར་སྣང་མང་ཡང་གནད་ཆུང་འདིར་མི་སྤྲོ། །བོན་སོགས་ཕྱི་ནང་གཉིས་གང་ཡང་མིན་ཟེར་བ་དཔྱད་དགོས་.....རྫས་དང་རྣམ་གྲངས་ཕན་ཚུན་གཅིག་མེད་འཇིག །ཐར་པ་གཟུགས་ཕྱིར་ལས་ཟད་དོན་མེད་འགྱུར། །ཆེ་ཆུང་འགྱུར་ན་མི་རྟག་ཚུལ་གཅིགའང་འགལ། །ཞེས་ཀུན་ཏུ་རྒྱུ་དག་གིས་སྒྲོ་བཏགས་པའི་རྟག་མཐའ་ཚད་གསལ་གྱི་སྐབས་ཏེ་བདུན་པའོ། །
༈ རང་སྡེ་འདོད་པ་སྤྱིར་བསྟན། སོ་སོར་བཤད། དང་པོ་ནི་.....རང་སྡེ་བྱེ་སྨྲ་མདོ་སེམས་དབུ་མ་པ། །བཞིར་ངེས་འདིར་ནི་.....རྡོ་རྗེ་སྙིང་པོས། སངས་རྒྱས་པ་ལ་བཞི་བ་དང༌། ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་.....གྲུབ་མཐའ་ལྔར་མིན་གསུངས་.....པ་དང་། །གྲུབ་མཐའ་.....འདི་བཞི་ཐེག་དམན་.....གྱི་དང༌ཐེག་ཆེན་སྡེ་ཚུལ་གཉིསའང་.....འདོད་དགོས་པའི་ཕྱིར། །བོད་ཁ་ཅིག་གནས་མ་བུ་བྱེ་སྨྲ་ལས་གཞན་བྱས་ཏེ། ༼ཅ༽ལྔར་༼ཆ༽དབྱེ་.....སྟག་ལོས་བྱེ་མདོ་གཅིག་བྱས་ཏེ་༼ཁ༽ གསུམ་དུ་.....༼ག༽འདོད་བྱེ་མདོ་ཉན་ཐོས་དང༌། སེམས་ཙམ་རང་རྒྱལ། དབུ་མ་བྱང་སེམས་ཀྱི་.....༼ཀ༽ཐེག་གསུམ་ལ་སྡུད་འཁྲུལ་.....པ་ཁོ་ན་མདོ་རྒྱུད་རྒྱ་གཞུང་དུ་མ་དང་རིགས་པར་འགལ་བས་སོ། །ཉན་ཐོས་སྡེ་གཉིས་.....ཀྱིས་ཐེག་ཆེན་བཀར་མི་འདོད་ཚུལ་ནི་སྔོན་ཤིང་རྟ་ཆེན་པོ་མ་ཕེབས་གོང་དུ་ཀུན་གཞི་ཉོན་ཡིད་དང༌། །ཆོས་ཀྱི་བདག་མེད་ས་བཅུ་སྐུ་གསུམ་སོགས། །ཐེག་ཆེན་སྔོན་བཀར་མི་འདོད་ཕྱིས་.....ཐོགས་མེད་སྐུ་མཆེད་དང༌། ཆོས་གྲགས་ཕེབས་པ་ནས་འདོད་གྲགས་.....ཏེ། །སློབ་དཔོན་བྱང་ཆུབ་བཟང་པོ་དང༌། ཨ་ཝ་དྷཱུ་ཏི་བ་སོགས་དང་མཐུན་ཞིང་རྣམ་འགྲེལ་དང་ཡང་མཐུན་ནོ། །གཉིས་པ། རྣམ་གྲངས། དབྱེ་བ། འདོད་ཚུལ་སྟེ་.....བྱེ་བྲག་བཤད་མཚོ་གཙོ་བོར་སྨྲ་ཕྱིར་དང༌། །རྫས་ཀྱི་བྱེ་བྲག་སྨྲ་བས་བྱེ་སྨྲ་པ། །གྱེས་ཚུལ་.....ཁུངས་མི་འདྲ་བ་གཉིས་.....དང་ངོས་འཛིན་སྒྲ་བཤད་མི་མཐུན་པ་སོགས་.....མང་ལ་རྩ་བའི་ཡོད་སྨྲ་.....དང༌ཕལ་ཆེན་དང༌། །གནས་བརྟན་.....པ་དང༌མང་བཀུར་སྡེ་.....བཞིར་རིམ་པ་བཞིན་དུ་གྱེས་པ་བདུན་.....དང༌ལྔ་.....དང༌གསུམ་.....དང༌གསུམ་.....མམ། །ཡང་ན་.....ལེགས་ལྡན་ལྟར་རྩ་བའི་སྡེ་གཉིས་ལས་ཕལ་ཆེན་སྡེ་བརྒྱད་.....དང་གནས་བརྟན་.....པ་སྟེ་བཅུ་འདོད་པར་བྱའོ། །སྟག་ལོ་སོགས་ཀྱིས་.....དེ་ཀུན་བྱེ་སྨྲའི་སྡེ་དང་.....ཡང་ཉན་ཐོས་སྡེ་གཉིས་.....འདོད་པ་འགལ། །ཡང་གལ་ཏེ་སྡེ་བ་བཅོ་བརྒྱད་དུ་དེ་གཉིས་.....འདུས་ཙམ་ལ་.....བསམ་ན་རྒྱ་ཆུང་.....སྟེ་དབུ་སེམས་གཉིས་ཀྱང་དགེ་འདུན་ཕལ་ཆེན་པའི་སྡེ་བར་འདུ་ཞེས་ཐེག་ཆེན་བཤད་ཕྱིར་ཡང་.....སྒྲས་གནོད་བྱེད་གཞན་ཡང་བཤད་དོ། །མང་བཀུར་སྡེ་ལྔས་བརྗོད་མེད་བདག་སྨྲ་ཡང༌། །ཁྱད་ཆོས་.....གསུམ་ལྡན་བདག་མེད་.....སྨྲ་བར་སྡེ་བ་བཅོ་བརྒྱད་པོ་ཀུན་མཚུངས་.....པས་དེ་.....ལྔ་བྱེ་སྨྲ་ལས་གཞན་མིན་.....པས་བོད་ཁ་ཅིག་སངས་རྒྱས་པ་ལྔར་འདོད་པ་འཁྲུལ། །གསུམ་པ་ནི། གཞི་ལ་.....བདེན་གཉིས་ཕུང་.....པོ་ལྔ༌ཁམས་.....བཅོ་བརྒྱད་སྐྱེ་མཆེད་.....བཅུ་གཉིས་མི་སོགས་འགྲོ་ལྔ་ཟས་.....བཞི། །དམིགས་མཚུངས་གང་རུང་གི་སྒོ་ནས་.....ཟག་བཅས་ཟག་མེད་.....གཉིས་དང༌འདུས་བྱས་.....དང༌མ་བྱས་གསུམ། །ནམ་མཁའ་.....ནི་ངོ་བོ་གཉིས་ཏེ་སྣང་མུན་.....གྱི་བདག་ཉིད་ཅན་དང༌ཕྲ་.....རབ་རྡུལ་.....ནི་ཆ་.....བཅས་མིན་ལ་ཕན་ཚུན་རེག་.....པ་མིན་.....ཞིང་བར་བཅས་སུ་འདོད། །གཞན་མི་གསལ་ཡང་རྩོད་སྒྲུབ་འདི་པའི་ཡིན་པས་དཔེ་བཤད་པ་ལྟར་ཚད་མ་ལ་གཟུགས་ཅན་དང༌.....མངོན་རྗེས་.....ཀྱི་ཚད་མ་.....གཉིས་དང༌ལམ་ལྔ་བྱང་ཆུབ་ཕྱོགས་.....ཀྱི་ཆོས་སོ་བདུན། །ཕྱིན་དྲུག་དགེ་འདུན་ཉི་ཤུ་ཞུགས་འབྲས་བརྒྱད། །མཛད་པ་.....བཅུ་གཉིས་.....ལ་སེམས་ཅན་དང་སངས་རྒྱས་ཀྱི་མཛད་པ་ཆ་གཉིས་.....ཡོད་རྫོགས་.....པའི་སངས་རྒྱས་.....ཡང་འདོད། །ལྷག་མེད་གསུམ་གར་བེམ་རིག་རྒྱུན་ཆད་འབྲས། །བདེན་གཉིས་ཀྱི་མཚན་ཉིད་ནི་བློས་.....བཅོམ་དང་གཞིག་པས་.....གང་རུང་གིས་རང་འཛིན་གྱི་.....བློ་འདོར་མི་འདོར་.....གྱི་ཆོས.....གཉིས་ནི། །རིམ་བཞིན་ཀུན་རྫོབ་བདེན་དང་དོན་དམ་བདེན་.....པར་འདོད་པ་བྱེ་སྨྲ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་པས་ཀྱང་ངོ་། །སྡེ་སྣོད་.....གསུམ་ཕྱིར་.....མངོན་པ་སྡེ་བདུན་བཀའ་དང་ལུང་.....ནི་མིང་སྤྱི་ལྡན་མིན་འདུ་བྱེད་.....དང་བེམ་པོར་འདོད། །མངོན་སུམ་.....ལ་དབང་.....མངོན་ཡིད་.....མངོན་རྣལ་འབྱོར་.....མངོན་སུམ་འང་.....འདོད་ཀྱང༌རང་རིག་.....མངོན་སུམ་མེད་.....ལ་དབང་ཤེས་རྣམས་རྟོག་བཅས་སུ་འདོད། །རྒྱུ་འབྲས་.....ལ་དུས་མཉམ་.....ཡང་ཡོད་ལ་རྣམ་པར་རིག་.....བྱེད་མིན་.....པའི་གཟུགས་.....དང༌། །དབང་ཤེས་.....རྣམ་ལྡན་མི་རུང་བས་རྣམ་མེད་.....རྗེན་ཆར་དུ་འཇལ་ཞིང་འདུས་མ་བྱས། སེམས། སེམས་བྱུང༌། གཟུགས། ལྡན་མིན་འདུ་བྱེད་དེ་གཞི་ལྔ་.....དོན་བྱེད་ནུས་པའི་དངོས་པོ་.....དང༌རྫས་.....ཡོད་དུ་དང༌། །སངས་རྒྱས་ཀྱི།.....གཟུགས་ཕུང་.....ནི་སངས་རྒྱས་དེ་མིན་.....ལ་སངས་རྒྱས་.....ནི་མི་སློབ་ཆོས། །ཕལ་ཆེན་སྡེ་གཉིས་ཀྱི་ཐ་སྙད་པའི་གྲུབ་པའི་ཁྱད་པར་བཅུ་དགུ་དང༌། བ་ལང་གནས་པའི་གང་ཟག་བཏགས་པར་སྨྲ་བ་དང༌། མང་ཐོས་པའི་གྲུབ་མཐའ་བརྒྱད་དང༌། རྩ་བའི་སྡེ་གཉིས་པ་གནས་བརྟན་པའི་རྩ་བའི་གྲུབ་མཐའ་བདུན་ནོ། །གངས་རི་པའི་ལྔ་སོགས་དང༌། དེ་བཞིན་དུ་གྱེས་ཚུལ་མིང་སོགས་.....ཐུན་མོང་མིན་མང་ལེགས་ལྡན་གཞུང་.....དང་སྡེ་བ་ཐ་དད་བཀླག་པ་སོགས་ལྟོས། །ཞེས་རྟག་མཐའ་བཀག་ནས་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བའི་སྐབས་ཏེ་བརྒྱད་པའོ། །
༈ མདོ་སྡེ་པ་ལ། མིང༌། དབྱེ་བ། འདོད་ཚུལ་གསུམ། དང་པོ་ནི། མདོ་སྡེ་ཚད་མར་སྨྲ་བས་མདོ་སྡེ་པ། །གཉིས་པ་ནི་.....དབྱེ་ངོ་ལུང་རིགས་རྗེས་འབྲང་.....གཉིས་དང་ཆོས་རྗེ་རྒྱན་བཟང་པ་ལྟར་.....རྣམ་པའི་.....སྒོ་ནས་གཟུང་འཛིན་གྲངས་མཉམ། སྒོ་ང་ཕྱེད་ཚལ། སྣ་ཚོགས་གཉིས་མེད་པ་གསུམ་ཆོས་རྗེ་རྒྱན་བཟང་གིས་བཤད་ལ། རང་ལུགས་ལ་སྒོ་ང་ཕྱེད་པའི་དོད་ལ་སྣ་ཚོགས་རིམ་འབྱུང་བ་བྱས་སོ། །གསུམ། །གསུམ་པ་ནི་.....བདེན་.....པ་གཉིས་.....ནི་བདེན་པར་དོན་བྱེད་ནུས་.....པ་དང་མི་ནུས་.....པའི་ཆོས། །ཕུང་ཁམས་སྐྱེ་མཆེད་འདུ་བྱས་མ་བྱས་གཞི། །བྱང་ཕྱོགས་.....སོ་བདུན་དང༌རྣམ་ཐར་.....བརྒྱད་མཐར་གནས་.....སྙོམས་འཇུག་དགུ་དང༌། ཐེག་ཆེན་ལས་བཤད་པའི། བརྩེ་.....བ་སྙིང་རྗེ་ཆེན་པོ་དང༌། ཕྱིན་དྲུག་སོགས་ལམ། །ཞུགས་གནས་.....བརྒྱད་དང༌། བསེ་རུ་དང་ཚོགས་སྤྱོད་པའི། རང་རྒྱལ་གཉིས་དང་རྫོགས་སངས་རྒྱས། །བྱེ་སྨྲ་ཁ་ཅིག་དངོས་པོ་རྣམས་མི་རྟག་པ་ཡིན་ཡང་སྐད་ཅིག་མ་མིན་ཟེར་བ་ལྟར་མ་ཡིན་པར་.....དངོས་.....པོ་རྣམས་.....དུས་གཉིས་པར་མི་སྡོད་པས་སྐད་ཅིག་.....མ་དང་མངོན་པ་སྡེ་བདུན་.....ནི་བཀའ་མིན་.....ཤཱ་རིའི་བུ་ལ་སོགས་པའི་དགྲ་བཅོམ་པ་བདུན་ནམ་གང་ཟག་མིང་དེ་འདྲ་བདུན་གྱིས་བྱས། །འོ་ན་སྡེ་སྣོད་གསུམ་གང་ཞེ་ན་.....མངོན་པ་.....ནི་མདོ་.....སྡེ་དང༌འདུལ་.....བའི་ནང་.....ན་གནས་.....ལ་དེ་ཡང་ཆོས་རྣམས་ཀྱི་རང་སྤྱི་འཆད་.....བྱེད་ཐོར་བུ་ཐོར་བུ་དག་གོ་ཟེར། །ལུང་ནི་ཚིག་.....དང༌གཟུགས་.....ཡིན་ཀྱང་གཟུགས་ཀྱི་སྐྱེ་མཆེད་མིན་ལ་ཕྲ་རྡུལ་.....ལམ་རྡུལ་ཕྲ་རབ་ནི་ཆ་ཡོད་.....དང་ཆ་མེད.....ཅིང་བར་མེད་ལ་མ་རེག་པ་གཉིས་ནི་རིམ་བཞིན་རིགས་པ་དང་ལུང་གི་རྗེས་འབྲང་གཉིས་ཀྱི་ལུགས་སོ། །རིག་.....བྱེད་མིན་.....པའི་གཟུགས་མེད་.....ལ་དབང་པོ་གཟུགས་ཅན་ཚད་མར་.....རུང་བ་མིན། །འདུས་.....མ་བྱས་.....རྣམས་དངོས་མེད་.....དང་ལྡན་མིན་.....འདུ་བྱེད་.....ལ་བེམ་.....པོ་མེད་.....ཅིང་རྫས་ཡོད་མེད་པར་བཏགས་.....ཡོད་ཁོ་ན་དང༌། །དབང་ཤེས་རྣམ་ལྡན་ལུགས་གསུམ་གཟུང་རྣམ་མཉམ། །གྲངས་མཉམ་རིམ་འཛིན་སྣ་ཚོགས་གཅིག་རྣམ་འདོད། །ལུང་རིགས་སྡེའི་ལུགས་.....དང་རྒྱུ་འབྲས་.....ལ་དུས་མི་མཉམ་.....པ་ཁོ་ན་དགོས། །འཕགས་པའི་.....སྤངས་རྟོགས་མི་མཉམ་.....ཤིང་བསམ་གཏན་གྱི་ཡན་ལག་ལ་ལུས་ཤེས་.....ཤིག་ཡོད་པ་དེ་ཡན་ལག་རུང༌། །བར་མཛོད་འགྲེལ་ལས་བཤད། །མངོན་སུམ་.....ལ་དབང་.....མངོན་ཡིད་.....མངོན་རྣལ་འབྱོར་.....མངོན་སུམ་རང་རིག་.....མངོན་སུམ་བཞི། །ཐེག་པ་གསུམ་གྱི་བར་ཆད་མེད་ལམ་ཚེ་.....མངོན་སུམ་སྣང་ཡུལ་.....ལ་མི་རྟག་.....པས་ཁྱབ་ཀྱང༌བདག་མེད་.....ནི་ཤུགས་.....ལ་རྟོགས་པར་འདོད། །བྱང་འཕགས་.....ལ་མཉམ་གཞག་.....པས་ཁྱབ་ལ་སངས་རྒྱས་ཀྱི་ཆོས་གཟུགས་གཉིས་.....ཀ་སངས་རྒྱས་.....ཡིན་པར་བཤད་དོ། །ཞེས་རྟག་པའི་.....སྟེ། དེ་རྣམས་ཀྱང་རྟོག་བྲལ་མ་འཁྲུལ་བར་བཤད་དོ། བདག་དང་རྫས་བཀག་ནས་མདོ་སྡེ་ཚད་མར་སྨྲ་བའི་སྐབས་ཏེ་དགུ་པའོ། །
༈ སྤྱིར་བསྟན། སོ་སོར་བཤད་པ་གཉིས་ལས། དང་པོ་ནི་.....འཁོར་ལོ་དང་པོའི་དོན་བཞིན་དོན་སྨྲ་.....སྡེ་གཉིས་བཞག་པ་དང༌། །འཁོར་ལོ་.....བར་མཐའི་ལུགས་བཞིན་.....རིམ་པ་ལྟར་དབུ་སེམས་གཉིས་བཞག་.....པའི་ཕྱིར། །བྱེ་མདོ་དབུ་སེམས་ཀྱི་.....གྲུབ་མཐའ་བཞི་.....ཀ་ཡང་ཐུབ་.....དབང་གི་དགོངས་.....པ་ཡིན་ལ་འོན་ཀྱང་གྲུབ་མཐའ་ལ་མཆོག་དམནའང་.....ཆེན་པོར་བཞེད། །ཁྱད་པར་ཐེག་ཆེན་མདོ་དང་སྔགས་ཀྱིས་བསྡུས། །རེ་རེའང་.....རྒྱ་བོད་ཀྱི་མཁས་.....ཤིང་གྲུབ་པའི་དབང་ཕྱུག་རྣམས་.....ཀྱིས་དབུ་སེམས་.....ཀྱི་ལུགས་སུ་བཀྲལ་.....གྱི་ཉན་ཐོས་སྡེ་པའི་ལུགས་སུ་མ་བཀྲལ་ལོ། །རྒྱལ་བས་ལུང་བསྟན་.....ཀླུ་སྒྲུབ་དང་ཐོགས་མེད་དེ་ཤིང་རྟ་ཆེན་.....པོ་གཉིས་ཀྱིས། །འཛམ་གླིང་འདིར་མིའི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་གཞན་ལ་མ་བརྟེན་པར་.....བྱམས་མགོན་.....དང༌འཇམ་དབྱངས་དྲིན་གྱིས་དགོངས་འགྲེལ་དང༌། །བློ་གྲོས་མི་ཟད་མདོ་བཞིན་དབུ་སེམས་སྲོལ། །གསར་ཕྱེ་.....དཔའ་བོ། དབྱིག་གཉེན། ཕྱོགས་གླང༌། རྒྱན་རྩོམ་པ་པོ་ལ་ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་.....ཀྱང་གཞན་གསུམ་མི་འཐད་.....པར་གསེར་ཕྲེང་ལས་བཤད་ལ། རྗེ་བཙུན་དེ་ཡིན་པ་མ་བཀག་པས་གསུམ་རུང་.....བར་བཞེད། །དབུ་སེམས་གཉིས་ས་བཅུ་སོགས་ཀྱི་མིང་མཐུན་ཀྱང་སྒྲ་བཤད་སོགས་མི་འདྲ་བས་.....ཕལ་ཆེར་རྒྱ་ཆེའི་ལམ་.....རགས་རིམ་མཐུན་.....ཀྱང་སྟོང་ཉིད་ཟབ་.....སྐོར་ལ་མིན། །གཉིས་པ་ལ། སེམས་ཙམ་དང་དབུ་མ་པ་གཉིས་ལས། དང་པོ་ལ། རྣམ་གྲངས། དབྱེ་བ། འདོད་ཚུལ་གསུམ་ལས། དང་པོ་ནི།.....ཁམས་གསུམ་རྣམ་རིག་ཉིད་དང་སེམས་ཙམ་དུ། །སྨྲ་བས་.....རིམ་བཞིན་རྣམ་རིག་པ་དང་སེམས་ཙམ་པ། །གཉིས་པ་ནི་.....དབྱེ་བ་ལུང་རིགས་རྗེས་འབྲང་.....གཉིས་དང་རྣམ་བདེན་རྫུན་གཉིས་སོ། །གསུམ་པ་ནི། བཀའ་ཐ་མ་.....ལེགས་ཕྱེ་ངེས་དོན་.....དང༌གཞན་.....འཁོར་ལོ་དང་པོ་དང་བར་པ་གཉིས་དྲང་བའི་དོན་.....ཡིན། །ཇི་ལྟར་.....དྲང་ངེས་འབྱེད་ན་རྟོན་.....པ་བཞི་དང༌རིགས་.....པ་བཞིས་ཚིག་དོན་ཀུན་འཆད་པས་དྲང་ངེས་འབྱེད དགོངས་ལྡེམ་བཞི་བཞིས་.....མདོའི་དྲང་ངེས་འབྱེད། །འགྲེལ་ཚུལ་འཁོར་ལོ་.....དང་པོ་དྲང་དོན་.....དུ་ལུང་དང་.....རིགས་པ་ཕྱི་རོལ་དོན། །མེད་ཕྱིར་.....དགོངས་གཞི་དོན་སྣང་ལ་དགོངས་.....དགོས་པ་གདུལ་བྱ་མ་ངེས་པ་མང་པོ་དེ་.....རྣམས་གཞུག་ཆེད་.....དུ་གསུངས་སོ། །འཁོར་ལོ་.....བར་པ་ཐེག་ཆེན་ཟབ་.....ལམ་རྒྱས་པར་སྟོན་པའི་མདོ་.....སྡེའི་མཆོག་ཡིན་ཀྱང༌སྒྲ་བཞིན་མིན། །དགོངས་གཞི་.....མཚན་ཉིད་གསུམ་གྱི་ངོ་བོ་ཉིད་མེད་པར། །དགོངས་ཕྱིར་.....དངོས་ལ་གནོད་བྱེད་ནི། སྒྲ་བཞིན་མི་རུང་.....མཚན་ཉིད་གསུམ་ལ། སྐུར་འདེབས་འགྱུར། །མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་.....དེ་ལྟར་མ་སྐྱེས་སོགས་ཕྱིར་མ་སྐྱེས་སོགས་.....སུ་གསུངས་སོ། །སྐྱེ་མེད་ལ་བཟོད་པར་བཤད་པའི་དགོངས་གཞི་.....སྐྱེ་མེད་.....ཀྱི་ཆོས་.....ལ་བཟོད་.....པར་གསུངས་པ་ནི་.....རང་.....ལས་སྐྱེ་བ་དང༌གཞན་.....ལས་སྐྱེ་བ་མེད་པ་སོགས་བརྒྱད་ཀྱི་.....དབང་དུ་བྱས་པར་གསུངས་སོ། །རིགས་པའི་རྗེས་འབྲང་དང་མདོ་སྡེ་བ་ཐུན་མོང་བཤད་ཚུལ་.....གཟུང་འཛིན་རང་མཚན་རྒྱུ་འབྲས་མཚན་མཚོན་སོགས། །བྱ་བྱེད་.....ཀྱི་ཆ་ལ་དགོངས་དེར་བཤད་ཆོས་གྲགས་ཀྱང༌། །བར་པ་སྒྲ་ཇི་བཞིན་མིན་པར་བཤད། སྔ་མས་.....ལུང་གི་རྗེས་འབྲང་གིས་ཁམས་ནི་ནུས་ངེས་བདེན་གྲུབ་ཕྱིར། །ཐེག་གསུམ་རིགས་ངེས་རིགས་.....གཏན་ཆད་ཐོས་སོགས་ཀྱིས། །ཞུགས་ཀྱང་སྐྱོ་སོགས་ངེས་འབྱུང་གཏན་མི་སྐྱེ། །ཕྱི་མས་.....རིགས་པའི་རྗེས་འབྲང་གི་མི་རྟག་ཐབས་ཡོད་དེ་ཤེས་སོགས། །སྟོན་དང་དོན་གཉེར་སྲིད་ཕྱིར་.....ཞེས་རྣལ་འབྱོར་མངོན་སུམ་དང་མཐར་ཐུག་ཐེག་གཅིགའང་.....རིགས་པ་འདིས་འགྲུབ། །མཐའ་གཉིས་དང་དབུ་མའི་ལམ་ནི་.....ཀུན་བཏགས་བདེན་གྲུབ་སྒྲོ་འདོགས་.....ཀྱི་མཐའ་དང༌གཞན་.....དབང་ཡོངས་གྲུབ། གཉིས་པོ། །བདེན་.....པར་མེད་.....པ་སྐུར་འདེབས་.....ཀྱི་མཐའ་དང༌བཟློག་པ་.....ཀུན་བཏགས་བདེན་མེད་དང་གཞན་བདེན་གྲུབ་དབུ་མའི་ལམ། །དེ་ལ་སྟག་ལོ་ན་རེ།..... དངོས་ཀུན་བདེན་.....པར་གྲུབ་ན་བྱེད་པོའང་ཀུན་རྫོབ་ཏུ། །ཡོད་ཅེས་བཤད་.....པ་ཅི་.....ཞེ་ན་བདེན་.....པ་གཉིས་.....སུ་ཡོད་ཚུལ་གཉིས་.....བཤད་དེ། །ཡོད་ཚུལ་.....དང་པོ་དབུ་སེམས་.....གཉིས་ཀུན་རྫོབ་དང་དོན་དམ་པར་ཡོད་མེད་རྩོད་ས་དང༌། །ཡོད་ཚུལ་.....གཉིས་པ་ཀུན་ཉོན་སློང་རུང་ཐ་སྙད་གཞི། །ཡིན་མིན་.....ནི་རིམ་པ་བཞིན་དུ་ཀུན་རྫོབ་དོན་དམ་ཡོད་.....ཅེས་གསུངས་ཙམ་.....ཡིན་ཞིང༌། །རྫས་བཏགས་.....ལ་འང་.....ཚུལ་གཉིས་.....ཡོད་པའི་ཕྱིར་.....དེས་ན་སྟག་ལོས་དངོས་པོ་རྫུན་གྲུབ་.....འདོད་པ་འགལ་འཁྲུལ་.....ཆེ་ཤོས་སོ། །དེ་མིན་ལ་དེར་སྒྲོ་.....བཏགས་ཆ་.....ནི་ཀུན་བཏགས་.....ཀྱི་མཚན་ཉིད། དབྱེ་ན། མཚན་ཉིད་ཡོངས་ཆད་.....དང༌རྣམ་གྲངས་.....པའི་ཀུན་བཏགས་གཉིས། །དེ་གཉིས་ཀྱི་ངོས་འཛིན་ནི་རིམ་པ་བཞིན་དུ་.....མེད་.....པ་དང་མ་སྐྱེས་ཀུན་རྫོབ་རིམ་བཞིན་འཇོག། །གཞན་དབང་ནི་.....འཁྲུལ་གཞི་འཁྲུལ་བ་.....སོགས་གང་རུང་གི་དངོས་པོ། གཞན་དབང་.....གི་མཚན་ཉིད། དབྱེ་ན། དག་མ་དག་.....གི་དེ་གཉིས། །མཚན་གཞི་.....རིམ་བཞིན་མི་རྟོག་ཡེ་ཤེས་.....དང་ཉོན་མོངས་རྣམས། །བདག་གཉིས་.....སུ་སྒྲོ་བཏགས་པས་སྟོང་པ་ཡོངས་གྲུབ་.....མཚན་ཉིད་སྟེ། །དབྱེ་བ་ནི།.....བདག་མེད་གཉིས་དང་.....བདག་མེེད། རེ་རེའང་.....སྟོང་ཉིད་ཉི་ཤུ་.....དང་བཅོ་བརྒྱད་བཅུ་དྲུག་སོགས། །དེ་ལ་.....སྒྲས་བརྗོད་.....ཀྱིས་དབྱེ་ན། དོན་.....དོན་དམ་དང༌། ཐོབ་.....པ་དོན་དམ་དང༌། སྒྲུབ་པ་དོན་དམ་གསུམ། །སྣོད་བཅུད་ཆགས་འཇིག་གནས་སོགས་.....ཕལ་ཆེར་ཆ་འདྲ་ཡང༌། །ཁམས་གསུམ་གྱི་འདོད་ཁམས་ལ་.....འདོད་པ་སོ་དྲུག་.....དང་གཟུགས་ཁམས་ལ་གནས་རིགས་བཅོ་བརྒྱད་གཟུགས་.....ཁམས་སུ་བཤད་ལ། །དེ་བཞིན་དུ་.....རི་དབྱིབས་.....ཚེ་ཚད་གནས་སོགས་.....འདྲ་བ་མིན་.....ཞིང་སྟོབས་བཞིས་མྱོང་ངེས་ཀྱི་ངེས་པའི་ལས་འདག་སོགས། །ཕུང་.....ཁམས་སྐྱེ་མཆེད་ཀྱི་ངོ་བོ་སོགས་དབྱེ་ཚུལ་དགེ་.....མི་དགེ་སོགས་.....རེ་རེའང་དབྱེ་བ་གཅིག་ཚན་ནས་བཅུ་ཚན་དབྱེ་བའི་བར་མི་འདྲ་ཡང༌། །དབྱེ་གཞི་.....ཤེས་བྱར་བདེན་.....པ་གཉིས་.....ཡོད་ཅིང་དེ་གཉིས་ངོ་བོ་གཅིག་.....ཀྱང༌ལྡོག་.....པས་དབྱེ། །དགོས་པར་དགོངས་འགྲེལ་ལས་བཤད། །ཀུན་རྫོབ་བདེན་པའི་མཚན་ཉིད་ནི་.....ཀུན་ཉོན་སྐྱེ་རུང་དམིགས་པ་.....དེ་ཀུན་རྫོབ་བདེན་.....པའི་མཚན་ཉིད། །མིང་གི་.....རྣམ་གྲངས་ཐ་སྙད་བདེན་.....པ་ཀུན་རྫོབ་བདེན་པ་སོགས་.....དང་སྒྲས་བརྗོད་ཀྱིས་དབྱེ་ན་གསུམ། །རྣམ་དག་ལམ་.....གྱི་དམིགས་.....པ་མཐུར་ཐུག་.....དེ་དོན་དམ་བདེན་.....པའི་མཚན་ཉིད། །རྣམ་གྲངས་ཆོས་ཉིད་.....དང་དེ་ཉིད་སོགས་.....དང༌དབྱེ་.....བ་བཤད་ཟིན། །ཚད་མ་ལ་ཡུལ་.....མངོན་ལྐོག་དབང་གིས་ཚད་མར་མངོན་.....སུམ་དང༌རྗེས་.....དཔག་གཉིས། །མངོན་སུམ་བཞི་དང་.....སྐབས་འདིར་དབང་མངོན་འོག་མ་.....སློབ་པའི་དེ་འཁྲུལ། །དེ་ཉིད་གཏན་འབེབས་ཀྱི་རིགས་པ་ཐེག་བསྡུས་ལས་བཤད་པ་.....སྔ་རོལ་དེ་བློ་མེད་ཕྱིར་དེའི་བདག་འགལ། །དེ་མིང་མང་ཕྱིར་དོན་གཅིག་བདག་མང་འགལ། །མིང་དོན་གཅིག་འཇུག་མ་ངེས་བདག་འདྲེས་འགལ། །ཐེག་བསྡུས་དགོངས་འགྲེལ་ལང་གཤེགས་རྒྱན་སོགས་ལས་བཤད་པ་ལྟར་མིང་དོན་ངོ་བོ་ཁྱད་པར་.....ཚོལ་.....བ་བཞིས་བཙལ་བཞིན་མེད་ཕྱིར་དེར་དེ་མེད། །རྣམ་ངེས་སོགས་ལས་བཤད་པ་.....ལྷན་ཅིག་དམིགས་པ་ངེས་ཕྱིར་.....ཡུལ་སྣང་དེ་དང༌། དེ་སེམས་ལས་དོན། གཞན་མིན། །ཕྲ་རྡུལ་བསྐོར་ཚེ་ཤར་ངོས་ནུབ་ཕྱོགས་ལ། །མི་བལྟ་ཆ་བཅས་བལྟས་ན་རགས་མི་འགྱུར། །སྤྱིར་རྡུལ་.....ཕྲ་རབ་ཡིན་ཀྱང༌.....བྱང་ཆུབ་སེམས་འགྲེལ་ལས། གང་ལ་ཕྱོགས་ཀྱི་ཆ་ཡོད་པ། །དེ་ནི་ཕྲ་རབ་ཇི་ལྟར་ཡིན། །ཞེས་གསུངས་པས་བྱེ་སྨྲའི་ལུགས་འགོག་པས། བྱེ་སྨྲའི་.....ལུགས་ཀྱི་ཆ་མེད་ཀྱི་རྡུལ་ཕྲ་རབ་མིན་ཅི་འགལ། །དབུ་སེམས་ཀྱི་མཁས་པ་.....མང་པོས་བཀག་ཕྱིར་.....སྟག་ལོས་དབུ་སེམས་དེ་འདོད་.....ཟེར་བ་འཁྲུལ། །ཐེག་བསྡུས་སོགས་ལས་བཤད་པ་སྒྲོ་བཏགས་དེ་འཕགས་པའི་.....མཉམ་གཞག་ངོར་མེད་.....པའི་ཕྱིར་དང༌དངོས་.....པོ་གཅིག་.....ལྷ་མི་སོགས་སྣང་ཚུལ་ཐ་དད་པའི་ཡིད་མང་.....བའི་ཕྱིར། །སྐྱེས་བུ་.....དེ་.....གཅིག་ལའང༌ཡིད་འོང་དང་མི་འོང་.....གཉིས་འཆར་བའི་ཕྱིར་དང༌སྦྱོར་.....བ་སྟེ་རྣལ་འབྱོར་གྱི་སྣང་སོགས་.....དང༌། །སྒྱུ་མ་དང༌.....རྨི་.....ལམ་སོགས་.....དང་མཚུངས་ཕྱིར་.....ཕྱི་དོན་མེད་.....ལ་སེམས་ཙམ་བདེན་.....པར་གྲུབ་བོ། །རིགས་པ་དེས་.....དོན་.....འཛིན་རྟོག་.....པའི་ཞེན་གཞི་མེད་.....པར་གྲུབ་པས་རྟོག་མེད་ལ། །དེར་སྣང་ཡང༌.....འཁྲུལ་བས་དེ་དང་རྫས་གཞན་ཁེགས་.....ཕྱི་མ་འདི་དགོངས་འགྲེལ་སོགས་ལས་བཤད། །རྣམ་རྟོག་ལྔ་དང་རྣམ་གཡེང་གི་རྟོག་པ་བཅུ་བཅུ་དང༌། གཟུང་འཛིན་གྱི་རྟོག་པ་བརྒྱ་སོགས་རྩ་བ་དོན་འཛིན་གྱི་རྟོག་པ་འདི་ལ་.....རྟེན་.....པའི་ཕྱིར་.....དོན་འཛིན་འདི་བསལ་.....བས་ཀུན་རྟོག་བརྒྱ་སོགས་ལྡོག་.....སྟེ་དོན་འདི་ནི་སྟོང་ཐུན་ལས། དོན་རྟོག་ལོག་པས་རྣམ་རྟོག་གཞན་ཇི་ལྟར་ལྡོག་ཤེས་དགོས་གསུངས་པའི་དོན་ཡིན་ནོ། །རྣམ་བདེན་འཛིན་གྱིས་.....འཇུག་པའི་ཤེས་པར་རགས་སྣང་རྩོད་པའི་གཞི། །རྩོད་ཚུལ་བདེན་མི་བདེན་ནམ་ཡོད་མེད་དམ། །རྨོངས་པས་མ་བསླད་བསླད་པས་བདེན་རྫུན་རྩོད། །དབུ་སེམས་.....རྩོད་སའི་བདེན་.....པར་ཡོད་པ་དང༌རྫུན་.....པར་ཡོད་.....པ་དང་དངོས་.....པོ་དང་སོགས་.....དངོས་མེད་སོགས་གང་ཡིན་ལ་རྩོད་པ་མིན། །རྣམ་བདེན་ལ་.....དབྱེ་ན་གསུམ་.....སྟེ་སྒོ་ང་ཕྱེད་ཚལ་དང༌། །གཟུང་འཛིན་གྲངས་མཉམ་སྣ་ཚོགས་གཉིས་མེད་.....རྣམས་ཀྱི་ལུགས་ནི་རིམ་.....པ་བཞིན་དུ། །ཤེས་པའི་.....ངོ་བོར་གྱུར་ཀྱང་གཟུང་འཛིན་.....གཉིས ཐ་དད་.....དུ་བྲམ་ཟེ་.....བདེ་བྱེད་དགའ་བ་འདོད། །ཡུལ་ཁྲ་བོ་.....གཟུང་བའི་.....སྔོ་སེར་སོགས་ཀྱི་གྲངས་སྙེད་.....ཀྱི་ཤེས་རྣམ་འདོད་.....པ་ཤཱཀྱ་བློ། །ཡུལ་ཁྲ་བོའི་སྔོ་སོགས་.....སྣ་ཚོགས་.....པ་ཡིན་ཀྱང༌ཤེས་རྣམ་གཅིག་.....ཏུ་འདོད་.....པ་ནི་ཆོས་གྲགས་ཞབས། །རྣམ་རྫུན་ལ་.....དབྱེ་ན་གཉིས་རྒྱལ་.....བ་ལ་གཉིས་སྣང་དྲི། །ཡོད་དང་མེད་པས་དྲི་བཅས་.....སུ་འདོད་པ་པཎ་ཆེན་ཆོས་མཆོག་དང༌.....དྲི་མེད་.....དུ་འདོད་པ་སློབ་དཔོན་རྒྱན་མཁན་པོ་ཡིན་པར་གྲགས་.....ཤིང༌། །དབུ་མ་རྒྱན་སོགས་ལས་ཀྱང་བཤད། རྣམ་བདེན་རྫུན་གྱི་དབྱེ་བ་འདི་ཇོ་བོའི་གསུང་རྒྱུན་བཀའ་གདམས་གོང་མས་བཀོད་པ་རྣམས་དང༌། རྒྱལ་ཚབ་ཀྱི་ཟིན་བྲིས་དབུ་མ་རྒྱན་གཞུང་འགྲེལ་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པའི་སྡེ་བདུན་རྒྱན་སོགས་ལས་བཤད་དོ། །སྟག་ལོ་ན་རེ་.....རྣམ་རྫུན་ཕྱི་དོན་ཡུལ་བྱས་ཚད་འབྲས་ལོ། །མི་འཐད་ཕྱི་དོན་གྲུབ་ན་སེམས་ཙམ་.....པའི་དོན་ཅི། །ཁོ་ན་རེ་.....རྟོག་ངོར་ཟེར་ན་.....འོ་ན་རྣམ་བདེན་ལ.....འང༌མཚུངས་.....པའི་ཕྱིར་འཁྲུལ.....ལོར།།སྟག་ལོས་.....ཆོས་ཀུན་སེམས་ཡིན་ཟེར་བའང་མི་འཐད་.....དེ་རིགས་པ་རྩིང༌། །སྐྱོན་.....དང་དགེ་སོགས་ཡོན་.....ཏན་དང༌འཁོར་འདས་.....ཀུན་གཅིག་.....ཏུ་འགྱུར་.....པའི་སྐྱོན་སོགས་.....ཤིན་ཏུ་མང༌། །ཁོ་ན་རེ་.....སེམས་ཙམ་དོན་ཅི་.....ཟེར་ན་སྨྲས་པ་རྨི་ལམ་མིར་སྣང་བ། །སེམས་ཡིན་མི་སྨྲ་.....སྟེ་སེམས་དེ.....འང༌མིན་.....སེམས་དེ་ལས་དོན་གཞན་མིན་.....པ་བཞིན། །སྣང་གྲགས་.....ཀྱི་ཆོས་རྣམས་སེམས་མིན་སེམས་ལས་རྫས་གཞན་མིན། །སེམས་བྱུང་ང་གཅིག་དང་རྣམ་ཤེས་ཚོགས་དྲུག་ཕལ་ཆེར་འདྲ་ཡང་ལུང་གི་རྗེས་འབྲང་དག་.....ཀུན་གཞི་མ་བསྒྲིབས་.....དགེ་རྩ་ཆད་པའི་རྒྱུད་ལའང་ཡོད་པས་ལུང་མ་བསྟན་པའི་སེམས། །ཤིན་ཏུ་རྟོགས་དཀའ་བས་.....ཕྲ་བ་.....འཇུག་ཤེས་ལྟར་མངོན་དུ་གྱུར་ན་ཐམས་ཅད་ཀྱང་གཞལ་བར་ཐལ་བ་དང་ཆོས་ཐམས་ཅད་ལ་དམིགས་པའི་བག་ཆགས་བསགས་པའི་.....ལྐོག་གྱུར་ས་བོན་ཐམས་ཅད་པ། །ཉོན་ཡིད་.....ནི་དེར་དམིགས་.....པའི་ངར་.....འཛིན་པའི་སེམས་ཁྱད་པར་ཅན། །རྣམ་ཤེས་ཚོགས་བརྒྱད་སྐུ་མཆེད་རྗེས་འབྲང་འདོད། །སྟག་ལོ་སོགས་ཁ་ཅིག་གིས། མདོ་དང་སྡེ་བདུན་ལུགས་ལའང་ཀུན་གཞི་འདོད་ཟེར་བ་མི་འཐད་དེ། དེ་དག་ལས་དེ་.....མ་བཤད་.....པའི་ཕྱིར་དང༌རྟོག་གཉིས་གཅིག་ཅར་.....མཐོང་བ་མིན་སོགས་ཕྱིར། །དེས་ན་རྣམ་ཤེས་ཚོགས་.....བརྒྱད་མིན་ཚོགས་དྲུག་སྡེ་བདུན་རྗེས་འབྲང་ལུགས། །སྒོམ་ཐབས་ཡིད་བྱེད་དམིགས་པར་མཁས་དགོས་ཕྱིར། །ས་སྡེ་དང་རྒྱན་ལྟར་.....ཡིད་བྱེད་དངོས་བཞི་བདུན་དང་གཞན་བཞི་བཅུ། །ས་སྡེ་ལྟར་.....དམིགས་པ་མཚན་མའོ་བཞི་དང་སུམ་ཅུ་གཉིས། །བསྡུས་ན་གཉིས་སམ་སེམས་དགུའང་ལྔ་སྤོང་སོགས། །ཐེག་བསྡུས་དང་རྒྱན་ལྟར་.....བཅུ་གཉིས་བཞི་སོགས་ས་དང་ཕར་ཕྱིན་ཁྱད། །མདོ་སྡེ་པད་དཀར་དང་རྒྱན་ལྟར་.....བརྒྱ་ཕྲག་བཅུ་གཉིས་མིག་སོགས་གནས་གྱུར་དང༌། །སྐུ་བཞི་ལྔ་སོགས་བཅུ་གཉིས་འཕྲིན་ལས་སོགས། །འབྱེད་གཉིས་རྒྱན་དང་དགོངས་འགྲེལ་སོགས་ལས་བཤད། །ཕྱི་དོན་སོགས་ཆོས་བདག་རགས་པ་བཀག་ནས་ཆོས་ཀྱི་བདག་མེད་སྒྲུབ་པའི་རྣམ་རིག་པའི་སྐབས་ཏེ་བཅུ་པའོ། །
དབུ་མ་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ། བྱུང་རིམ། སོ་སོའི་ལུགས་དང་ལྔ་ལས། དང་པོ་དང༌། གཉིས་པ་ནི། རྟག་ཆད་ཀྱི་མཐའ་དང༌བྲལ་བའི་དབུས་རྟེན་འབྱུང༌སྨྲ་བས་དང་ཆོས་རྣམས། ངོ་བོ་ཉིད་མེད་པས། །རིམ་བཞིན་.....དབུ་མ་པ་དང་ངོ་བོ་ཉིད་མེད་པ་.....ཞེས་བརྗོད། །གསུམ་པ་ནི་.....དབྱེ་བ་ཐལ་རང་གཉིས་.....ཡོད་པ་དང་.....རྒྱ་བོད་ཀྱི་དེ་ལས་གཞན་མིང་ཙམ། །ཐལ་རང་གཉིས་ཀ་དབུ་མ་པར་རུང་བ་ནི་.....ཐ་སྙད་དུ་ཡང་ཡོད་མིན་མེད་མཐའ་དང༌། །བདེན་དངོས་རྟག་མཐའ་བཀག་ནས་རྟེན་འབྱུང་ཆོས། །དབུ་མར་འདོད་.....པ་ལ་ཐལ་རང་གཉིས་མཚུངས་.....པས་གཉིས་ཀ་དབུ་མ་པ་.....ཡིན་ཀྱང༌། །རྟག་ཆད་ཀྱི་ཆ་.....ཕྲ་མོའི་མཐའ་ཀུན་.....དང༌བྲལ་.....བ་དེ་ཐལ་འགྱུར་ལུགས། །བཞི་པ་འདི་དག་.....བྱུང་རིམ་.....ནི་ཐུབ་.....དབང་གི་རྗེས་.....ལོ་བཞི་བརྒྱའི་དུས་ན་.....ལུང་བསྟན་བཞིན་བདག་ཉིད་ཆེན་པོ་ཀླུས། །ཐེག་ཆེན་.....མི་ཡུལ་དུ་སྤྱན་དྲངས་.....ནས་ཐུབ་པའི་དགོངས་པ་དབུ་མར་བཀྲལ་.....ཏེ་ཤིང་རྟའི་སྲོལ་ཕྱེ། །དེ་རྗེས་ལུང་བསྟན་བཞིན་.....དགུ་བརྒྱར་.....སོང་ཚེ་སེམས་ཙམ་.....གྱི་ཤིང་རྟའི་སྲོལ་ཕྱེ་.....སྟེ་གང་གིས་ན་ཐོགས་མེད་ཀྱིས་.....སོ། །ཐལ་རང་གི་སྔ་ཕྱི་ནི་.....རྩ་བ་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་.....ཏུ། བཀྲལ་.....ཏེ་ཐལ་འགྱུར་གྱི་སྲོལ་ཕྱེ། །བྷ་བྱས་.....ཀ་ར་སྟེ་ལེགས་ལྡན་གྱི་སྐྱོན་བཟུང་དབུ་མ་རང་རྒྱུད་.....ཀྱི་སྲོལ་ཕྱེ། །དེ་རྗེས་རང་རྒྱུད་དེ་.....ཟླ་བས་ལེགས་.....པར་བཀག་.....ནས་ཐལ་འགྱུར་གྱི་ལུགས་གྲུབ་མཐའ་འོག་མ་དང༌ཐུན་མོང་མིན་པར་བསྒྲུབ། །ཟླ་གྲགས་.....དེ་རྗེས་ཞི་འཚོས་.....སེམས་ཙམ་དང་མཐུན་པའི་རང་རྒྱུད་གཉིས་པ་བྱས་.....འདི་དག་ནི་དབུ་མའོ། །ལྔ་པ་ལ་ལྟར་སྣང་དགག ཡང་དག་བཤད་པ་གཉིས། དང་པོ་ནི། གྲུབ་མཐའ་ལྔ་པ་དབུ་མ་ལྟར་སྣང་ནི་.....ཅི་ཡང་མེད་.....ཅེས་སྨྲ་བ་ཕྱག་རྫོགས་ལྟར་སྣང་སོགས་དང་ཁ་རག་བྱང་གཞོན་དང་གཞན་སྟོང་རྟག་བདག་སྨྲ་.....བ་ཇོ་ནང་གོ་ཤཱཀ་སོགས་དང༌། །བདེན་གཉིས་.....གང་ཡང་གཞི་གྲུབ་མི་འདོད་.....པ་ཐང་སག་པ་སོགས་དང༌རང༌.....ལུགས་མེད་.....ཅེས་སྨྱོན་གདིངས་པ་བར་སྐབས་ཀྱི་ཁ་ཅིག་དང༌། ཚད་གྲུབ་མེད་.....པ་སྟག་ལོ། །ལ་སོགས་.....ཀུན་རྫོབ་ནི་རྟག་ཆད་གང་རུང་རེའི་མཐར་ལྷུང་.....པའི་ཕྱིར་དབུ་མར་རློམ་ཀྱང་མིན་.....པར་ལུང་རིགས་དུ་མ་དང༌། །ཚིག་གིས་ཀྱང་གྲུབ་བོ། །དེ་དག་ལས་ཀྱང༌.....ཁྱད་པར་ཟླ་བའི་ལུགས་རློམ་ཀྱང་གྲུབ་མཐའ་གོང་འོག་གང་གི་སྐབས་སུ་བློར་མི་ཤོང་ཞེས་ཀུན་མཁྱེན་ལ། །ཀུན་ཏུ་དགྲར་འཛིན་.....པའི་སྟག་ལོ་ཁྱོད་ལ་.....ནང༌འགལ་.....དང་ཧ་ཅང༌འཁྲུལ་.....བ་ཆེ་ཤོས་མང་.....ཡང༌། །བསྡུས་ན་འདི་ལྟར། རང་ཉིད་སྐབས་འགར་ཆོས་ཐམས་ཅད་མཁྱེན་པའི་རྒྱུ་ཁས་བླངས་ཡང༌.....ཐམས་ཅད་མཁྱེན་ཡང་ཇི་སྙེད་.....གཅིག་ཀྱང་གཏན་ནས་མི་མཁྱེན་.....ཟེར་བ་ནང་འག༡ལ། །ཀུན་མཁྱེན་.....དེ་མེད་.....པའི་ཟད་.....བྱེད་པ་དང༌སྤྱོད་.....པ་བའི་ལུགས་ངན་དབུ་མར་འཁྲུ༢ལ་.....ཏེ། དེ་གཉིས་མཐར་ལྷུང་བར་ཁྱོད་རང་གིས་ཀྱང་སྨྲས་པའི་ཕྱིར། །ཚད་གྲུབ་ཀྱི་དོན་ཚུགས་ཐུབ་དང༌། དོན་དམ་ཚད་གྲུབ་ཟེར་བ་ནི་.....དོན་དམ་རྟེན་འབྱུང་.....ཡིན་པ་དང༌ཚུགས་ཐུབ་གྲུབ་.....པ་ནི་ཧ་ཅང༌ཆེས་འག༣ལ། །ཡང་རིན་ཆེན་ཕྲེང་བ་ལྟར་.....ལས་.....རྒྱུ་འབྲས་འདོད་དང་.....ཡི་དྭགས་དང་དམྱལ་བ་སོགས་ཀྱི་རྣམ་སྨིན་.....ཆུ་རྣག་ཏུ་འགྱུར་བ་སོགས་གཏན་མེད་འག༤ལ.....ཏེ། མི་དགེ་བ་བཅུའི་བདག་འབྲས་སོགས་ཡོད་པའི་ཕྱིར། །ཡང་རྗེ་བཀག་ནས་དཔྱད་ངོར་.....མ་ཞིག་.....པའི་ལས་ཀྱིས་འབྲས་.....བུ་བསྐྱེད་.....ཟེར་བ་རྒྱུ་འབྲས་དུས་མཉམ་འཁྲུ༥ལ། །བསྐལ་བར་མི་འཇིག་.....པའི་ལས་.....ཡོད་པར་འདོད་པ་མཐར་ལྷུང་བ་དང་དབུ་མ་འག༦ལ། །གྲུབ་མཐའ་སུ་ལའང༌.....རང་ལུགས་ཟབ་རྒྱས་མི་འདོད་.....མཐར་ལྷུང་བས་དབུ་མ་.....དང༌འག༧ལ། །བདེན་གཉིས་སྐབས་མ་བརྟགས། མ་དཔྱད་.....པའི་ཤེས་བྱ་དབྱེ་གཞིར་.....བྱས་ནས་དེའི་ཡ་གྱལ་ཅུང་ཟད་དཔྱད་.....པའི་དོན་.....དམ་གཅིག་དབྱེ་བ.....འང་ནང་འག༨ལ་བླ་ན་མེད་པའོ། །སྟོང་.....ཉིད་མིན་.....པའི་སྤྲོས་བྲལ་ཅང་མེད་ཐར་ལམ་.....ཟེར་བ་སྟོང་ཉིད་མིན་པའི་ཞི་སྒོ་གཉིས་.....པ་མེད་.....པར་འཕགས་པས་བཤད་དང༌འག༩ལ། །སྟོང་ཉིད་བསྒོམ་པའི་ཚེ། ཅི་ཡང་མ་.....བསམ་པར་བསྒོམ་.....པ་དང་ཡང་དེ་སྟོང་ཉིད་བསྒོམ་པ་.....ཡིན་པ་འག༡༠ལ། །དངོས་པོ་རྣམས་རྒྱུ་འབྲས་གང་ལའང་.....དེ་.....གཉིས་བསྐྱེད་བྱ་སྐྱེད་བྱེད་དང་.....གཞན་ཡིན་པ་.....ཙམ་གྱིས་གཞན་སྐྱེ་ཁས་ལེན་.....དགོས་ཞེས་རྗེ་བདག་ཉིད་ཆེན་པོར་བསྟིང་བ་དང༌། །རང་གིས་.....བདག་འདོད་.....ཅིང་དེའི་འབྲས་བུ་ཁས་ལེན་ཙམ་གྱིས་བདག་སྐྱེ་མི་འདོད་.....པའང༌འག༡༡ལ། །མདོ་རྒྱན་སྤྱོད་འཇུག་སོགས་ལྟར་ཐམས་ཅད་མཁྱེན་པའི་རྒྱུ་.....བསྐལ་ཆེན་གྲངས་མེད་མང་.....པོར་རིག་གནས་ཀུན་.....ཡང་དང་ཡང་དུ་བསླབ་ཀྱང་འབྲས་.....བུ་རྫོགས་སངས་རྒྱས་དུས་ན། །ཇི་སྙེད་.....པ་གཅིག་.....གི་སྣང་བ་ཙམ་ཀྱང་མི་ཤེས་.....ན་ཀུན་མཁྱེན་ཡོད་པར་གང་གིས་སྒྲུབ། དེ་འདྲའི་.....ལམ་རིམ་.....ཧ་ཅང༌། འཁྲུ༡༢ལ། །ལྷག་མེད་.....ཀྱི་ཚེ་གཟུགས་རིག་གཏན་མེད་.....པ་སེམས་འགག་ཞེས་སོགས་ཀྱི་དོན་དུ་བྱས་ནས་ཡང་འབྲས་བུའི་སྐབས་གདོང་ཀོ་བ་རློན་པས་བཏུམ་ནས། སྐུ་བཞི་.....ཐོབ་ཟེར་བ་ཧ་ཅང༌འག༡༣ལ། །ཚིག་གསལ་ལྟར་.....མངོན་.....སུམ་དང༌རྗེས་.....དཔག་གཉིས་འདོད་.....ཅིང༌ཚད་མ་མི་འདོད་པ་འག༡༤ལ། །སྒྲུབ་བྱེད་.....རྟགས་ཡང་དག་ཡོད་.....པར་འདོད་དང་ཚད་.....མས་གྲུབ་.....པའི་དངོས་.....པོ་མེད་.....ཟེར་བ་འག༡༥ལ་.....ཏེ་སྒྲུབ་བྱེད་ཡང་དག་གམ་མི་བསླུ་བ་ཡོད་པས་སོ། །སངས་རྒྱས་ཀྱི་ཆོས་.....མ་འདྲེས་.....པ་བཅོ་བརྒྱད་སྟོབས་.....བཅུ་མཐར་ཐུག་ཐོབ་.....པའི་འཁོར་བའི་.....འགྲོ་བ་རྫོགས་སངས་.....རྒྱས་ཡིན་པ། འག༡༦ལ། །གྲུབ་མཐའ་འོག་མ་ཀུན་གྱིས་.....འཇིག་ལྟའི་ཞེན་ཡུལ་.....འབད་པས་སྒྲུབ་.....པ་དང་.....ཡང་དེ་དག་འགོག་པ་.....ནང༌འག༡༧ལ། །བདག་མེད་ཕྲ་རགས་.....འབྱེད་པ་དང༌། འཇིག་ལྟ་ཕྲ་རགས་ཀྱི་.....ལྟ་གཉིས་.....ཀྱི་ཞེན་ཡུལ་གཅིག་.....པའང༌འག༡༨ལ། །སྐབས་འདིར་.....ཀུན་གཞི་ཡོད་དང་ཕྱི་དོན་འདོད་པ་འག༡༩ལ་.....བ་སུས་ཀྱང་ཤེས་པར་སླའོ། །དོན་དམ་.....བདེན་པ་འཕགས་པའི་རིགས་.....ཤེས་ཀྱིས་གྲུབ་.....པ་དང༌མཉམ་གཞག་ཡུལ་མེད་.....ཟེར་བ་སྨྱོས་འག༢༠ལ། །བདེན་རྣམ་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་བློ་གང་ཡང༌.....རྣལ་འབྱོར་མངོན་མིན་.....ཟེར་ན་བདག་མེད་མངོན་གྱུར་.....འཇལ་བ་འག༢༡ལ། །འཁོར་ལོ་དང་པོ་དང་ཤེར་ཕྱོགས་དང་སྔགས་བླ་མེད་ནས་བཤད་པའི་.....འཁོར་རྩ་.....མི་འདྲ་བ་གསུམ་དང་ཞི་སྒོ་གཅིག་པ.....འང༌འག༢༢ལ། །ཚད་མ་སྡེ་བདུན་ཕྱི་རོལ་བའི་ལུགས་དང༌.....དེ་འགོག་.....བྱེད་ཀྱི་བསྟན་བཅོས་.....ཡིན་པས་ད་དུང་སྡེ་བདུན་གཞན་སྡེ་གང་དེའི་ལུགས་ཡིན་འག༢༣ལ། །ཀུན་རྫོབ་ལ་.....འཐད་པ་བྲལ་ཡང་.....དེ་ལ་རུང་དང་རིགས་པ་.....འདོད་པ་འག༢༤ལ་.....ཏེ། །འཐད་པ་དང་རུང་བ་དང་རིགས་པ་དོན་འདྲ་བར་དབྱིག་གཉེན་གྱིས་བཤད་པའི་ཕྱིར། གཞི་.....མེད་རྩ་བྲལ་ཞེས་གཞི་ཀུན་མེད་དང་ཁྱད་གཞི་གདགས་གཞི་.....འཇོག་པའང་འག༢༥ལ་.....ཏེ། །དེ་ལས་གཞན་པའི་གཞི་རྭ་ཅན་ཞིག་མི་དགོས་པའི་ཕྱིར།། རྫོགས་སངས་རྒྱས་དང་ཚོགས་ལམ་སླར་འཇུག་འག༢༦ལ་.....ལུང་རིགས་དུ་མ་དང་མིང་དོན་མང་ངོ་། །ཕར་ཕྱིན་ནས་བཤད་པའི་ཤེས་བྱ་ཀུན་མངོན་དུ་གྱུར་ནས་.....ཤེས་སྒྲིབ་ཀུན་ཟད་.....ཀྱང་ད་དུང་ཁུ་བ་འཕོ་འགྱུར་.....གྱི་འཛག་བདེའི་ཆགས་པའི་བག་ཆགས་.....མ་ཟད་པའག༢༧ལ། །དུག་གསུམ་གྱི་བག་ཆགས་མདོ་དང་འཇུག་པ་ལས་ཀྱང་ཤེས་སྒྲིབ་ཏུ་བཤད་པའི་ཕྱིར། །འཁྲུལ་རྒྱུ་བསྟན་པ་.....བརྗོད་བྲལ་ཁ་བྱང་སྒོམ་ངན་ཁྱོད་འཁྲུལ་རྒྱུ། །གཉིས་པ་ལ། རང་རྒྱུད་པ་དང༌། ཐལ་འགྱུར་པ་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ། ལུགས་སོ་སོར་བཤད་པ་དང་གསུམ་ལས་.....རང་རྒྱུད་རྟགས་སམ་རང་དབང་.....གི་རྟགས་.....དོན་གཅིག་ཕྱིར། །ཕྱོགས་ཆོས་རྗེས་ལྡོག་གི་ཁྱབ་པ་སྟེ་.....ཚུལ་གསུམ་.....དང༌ཆོས་ཅན་མཐུན་སྣང་.....བའི་སྒོས་རང་དབང་གིས། །བསྒྲུབ་བྱ་སྒྲུབ་བྱེད་རྟགས་འགོད་.....པའི་དབུ་མ་པ་དེ་དབུ་མ་རང་རྒྱུད་པའི་.....མཚན་ཉིད། །གཉིས་པ་ནི་.....མདོ་སྡེ་.....སྤྱོད་པའི་དེ་དང༌.....རྣལ་འབྱོར་.....སྤྱོད་པའི་དབུ་མ་རང་རྒྱུད་.....པ་གཉིས་དབྱེའོ། །གསུམ་པ་རང་རྒྱུད་པ་.....སྔ་མས་ཕྱི་རོལ་དོན་གྲུབ་.....རང་རྒྱུད་པ་ཕྱི་མས་འགོག །རང་རྒྱུད་པ་སྔ་མས། .....རང་མཚན་གྱིས་གྲུབ་པའི། མཚན་ཉིད་གསུམ་བཞེད་ཀྱང༌.....མདོ་དང་མི་འགལ་སྟེ། །ཆོས་རྣམས། .....བདེན་མེད་ལ་དགོངས་དེ་དང་དེ་མེད་གསུངས། །སྟོང་གཞི་.....དང༌བདེན་.....པར་བཏགས་.....པའི་ཆ་དང་.....སྒྲོ་བཏགས་པ་ལྟར་དེས་སྟོང་པ། །གསུམ་ནི།..... རིམ་བཞིན་.....དུ་འདིར་གཞན་དབང་.....དང༌ཀུན་བཏགས་.....དང༌ཡོངས་གྲུབ་.....ཏུ་བཞག་སྟེ། །དངོས་པོ་.....རང་དབང་.....དུ་སྐྱེ་བ་མིན་ཕྱིར་.....ཀུན་ཏུ་སྒྲོ་བཏགས་.....པའི་ཕྱིར་གནས་ལུགས་.....ཡིན་པའི། ཕྱིར། །འདི་པའི་ལུགས་ལ་ཐེག་པ་ཆེ་ཆུང་གི་བཀའ་.....སྡུད་པོ་མི་གཅིག་.....པ་དང་ཆོས་ཀྱི་བདག་མེད་མི་རྟོགས་ཐེག་ཆེན་.....གྱི་བརྗོད་དོན་.....ཐུན་མོང་མིན་པས་དང༌། །ཐེག་ཆེན་དོན་.....ཡོད་ཕྱིར་དམན་མདོར་ཆོས་ཀྱི་བདག་མེད་བསྟན་པ་.....མིན། །འོ་ན་གང་ཟག་གི་བདག་མེད་གནས་ལུགས་མིན་ན་དེས་ཉན་རང་ཇི་ལྟར་གྲོལ་སྙམ་ན། ཐག་.....ཁྲ་འཁྱིལ་བ་མཐོང་ནས་སྦྲུལ་.....ལོ་སྙམ་དུ་འཇིགས་.....པ་དེ་ལ་འདི་སྦྲུལ་མིན་གྱི་ཤིང་གི་ལྕུགས་མའོ་ཞེས་བཤད་པས་ལྕུགས་.....མར་འཛིན་.....པའི་བློས་.....སྦྲུལ་འཇིགས་དེ་བསལ་.....བ་བཞིན་.....དུ། །གང་ཟག་གི་.....བདག་མེད་རྟོགས་པས་.....ཉོན་མོངས་པའི་རྨོངས་.....པ་འཇོམས་.....ཡང་དེ་གནས་ལུགས་.....མཐར་ཐུག མིན། །ལང་གཤེགས་སོགས་ཀྱི་མདོའི་དོན། དོན་དམ་.....པར་ཕྱི་རོལ་མེད་.....པ་ལ་གསུངས་.....ལ་མདོ་ལས་སེམས་གཅིག་པུ། །གནས་.....དང་ལུས་སོགས་.....སུ་གསུངས་.....པ་ནི་སེམས་དེ་དང་དེའི་རྣམ་པ.....ཅན་དུ་སྐྱེ་བ་འོ་.....ཆོས་ཀུན་སེམས་ཙམ་ཞེས་གསུངས་པའི་ཙམ་.....སྒྲས། །བྱེད་པོ་.....གཞན་འགོག་.....པའི་ཕྱིར་.....ཡུལ་གཟུང་.....བ་མེད་.....པ་མདོ་.....གང་གིའང༌དོན་མིན། །དབང་ཤེས་རྣམ་ལྡན་གཟུང་འཛིན་རྒྱུ་འབྲས་རིམ། །རྫས་བཏགས་ཀྱི་ཁྱད་པར་ཡང༌།.....དམག་སོགས་གཞན་འདུས་.....པ་བཏགས་ཡོད་.....དང༌རིགས་མཐུན་.....པ་སྔོན་པོའི་རྡུལ་.....ལྟ་བུ་རེ་རེ་རྫས་ཡོད་དུ་མ་ཟད། །བསགས་པའང་རྫས་ཡོད་.....ཡིན་ལ་དེ་འདྲའི་རིགས་མཐུན་གྱི་རྡུལ་རེ་རེའང་དམིགས་རྐྱེན་རུང༌། །ཟླ་བ་གཅིག་བརྟེན་.....ནས་ཟླ་བ་གཉིས་སྣང་བའི་ཕྱིར་ཟླ་གཉིས་སྣང་བ་སོགས། །ཕྱི་རོལ་མེད་ན་མི་སྐྱེ་.....ཕྱི་དོན་མེད་པ་སྐུར་འདེབས་འགྱུར། །རང་ལ་.....ཡུལ་སྣང་མེད་ཕྱིར་.....ཀུན་རྫོབ་ཡུལ་ཅན་རང་རིག་.....རུང་བ་མིན། །བདེན་.....པར་གྲུབ་ན་རིགས་.....ཤེས་ཀྱི་ངོར་ཡོད་དགོས་.....ཏེ་བདེན་གྲུབ་.....ཡིན་པའི་ཕྱིར། །རིགས་ཤེས་ཀྱི་ངོ་.....དེར་ཡོད་.....ན་བདེན་གྲུབ་.....ཡིན་མི་དགོས་.....ཏེ་ཆོས་ཉིད་བཞིན་.....ཡིན་པའི་ཕྱིར། །དེས་ན་དེས་རྙེད་དོན་དང་དཔྱད་བཟོད་མི་གཅིག་སྟེ་.....རིགས་ཤེས་རྙེད་དོན་ཡོད་ཀྱང་དེས་དཔྱད་བཟོད་.....མེད་པའི་ཕྱིར། །དེས་དཔྱད་བཟོད་ན་.....བདེན་པར་.....དཔྱད་བཟོད་དགོས་.....ཏེ་བདེན་གྲུབ་ལ་དཔྱད་.....པ་ཡིན་པའི་ཕྱིར་.....འདིས་ནི་བོད་མང་པོས་སྣ་ཚོགས་སྨྲ་བ་ཁེགས་སོ། །རིགས་ཤེས་.....ཀྱིས་དཔྱད་བཟོད་བདེན་གྲུབ་འདིར་དགག་བྱ་.....འགོག་བྱེད་ནི། །རྟགས་དང་བསྒྲུབ་བྱའི་ཆོས་མཐུན་དཔེ་སླ་ཕྱིར། །ཕལ་ཆེར་དགག་རྟགས་འགལ་ཟླ་དམིགས་འགོད་དཔེར། །དབང་པོ་ཡིན་ཕྱིར་མིག་ནི་དོན་དམ་པར། །གཟུགས་ལ་མི་བལྟ་རྣ་དབང་བཞིན་སོགས་འགོད། །ཤེས་བྱར་བདེན་.....པ་གཉིས་.....སུ་གྲངས་ངེས་ལ་དོན་དམ་བདེན་པའི་སྐད་དོད་པཱ་ར་མཱརྠ་སཏྱའི་པཱ་ར་མ་དམ་པ་དང་ཨརྠ་དོན་དང་སདྱ་བདེན་པ་སྟེ་དེའི་དམ་པ་.....ནི་ཟག་མེད་ཀྱི་བློ་.....དང་། །དོན་ནི་.....ཟག་མེད་ཀྱི་བློ་དེས་རྙེད་.....དོན་དང༌། མི་བསླུའི་ཕྱིར་.....ན་བདེན་.....པས་དོན་དམ་བདེན་པ། དེ་.....འོ། །ཀུན་རྫོབ་བདེན་པ་ཞེས་པའི་སྐད་དོད་སཾ་བྲྀ་ཏ་སཏྱའི་སཾ་ཀུན་དང་ཡང་དག་པ་སོགས་དང༌། བྲྀ་ཏ་རྫོབ་དང་སྒྲིབ་པ་བསྡམ་པ་གདངས་པ་སོགས་ལ་འཇུག་པས་ཡང་དག་.....སྒྲིབ་ཕྱིར་.....རྨོངས་པ་ཀུན་རྫོབ་.....དང་རྨོངས་པ་དེ་ངོར་བདེན་པས་.....ན་གཞན་.....ཀུན་རྫོབ་བདེན་པའོ། །རང་འཛིན་གྱི་བློ་ལ་.....སྣང་ལྟར་དོན་བྱེད་ནུས་དང་མི་ནུས་.....པའི་ཐ་སྙད་པའི་ཆོས་.....སམ། །ཐ་སྙད་བདེན་.....པ་ཡིན་པའི་ཕྱིར་ཀུན་རྫོབ་.....བདེན་པར་ཡང་.....དག་ཀུན་རྫོབ་ལོག་.....པའི་ཀུན་རྫོབ་གཉིས་སུ་དབྱེ། །དང་པོ་.....ནི་དངོས་.....པོ་རྣམས་.....དང༌གཉིས་པ་.....ནི་གཟུགས་བརྙན་སོགས། །གཉིས་ཀའི་ཚད་མར་མངོན་རྗེས་གཉིས་དང་.....པོའི་མངོན་སུམ་གསུམ་.....དང་གཉིས་པའི་མངོན་སུམ་བཞི་རིམ། །ཐེག་ཆེན་.....རིགས་ངེས་སྒྲིབ་གཉིས་ཟད་དང་རྫོགས་བྱང་.....ཐོབ་པ་དུས་མཉམ། །རྟོག་གེ་འབར་བ་ལྟར་.....སྐུ་གསུམ་གསང་གསུམ་མ་འདྲེས་སུམ་བརྒྱ་སོགས། །དུག་གསུམ་ཉོན་སྒྲིབ་ཤེས་སྒྲིབ་བདེན་འཛིན་སྐོར་.....སོགས་མཐུན། །ལེགས་ལྡན་གྱིས་.....ཉན་རང་ལམ་མཐུན་.....ཡང་དེ་གཉིས་ཀྱི་ཁྱད་པར་.....ལམ་གྱི་དུས་.....དང༌འབྲས་.....དུས་གཉིས་ཀྱིས་.....འབྱོད་དོ། །རང་རྒྱུད་གཉིས་པར་.....དབྱེ་ན་སེམས་ཙམ་རྣམ་བདེན་.....དང་རྣམ་རྫུན་.....དུ་མཐུན་.....པ་གཉིས། །དང་པོ་.....རྣམ་བདེན་པ་དང་མཐུན་པའི་རང་རྒྱུད་པ་ནི་ཞི་འཚོ་.....དང་ཀ་མ་ལ་ཤཱི་ལ་ཡབ་སྲས་.....སྔོ་སེར་གྱི་རྣམ་པ་དངོས། །གཉིས་པ་.....རྣམ་རྫུན་དང་མཐུན་པ་ནི་རྣམ་པ་.....སྣང་བ་ལྟར་དངོས་.....པོར་མེད་.....པ་སེང་གེ་བཟང༌.....ལྟ་བུའོ། །རྗེ་བདག་ཉིད་ཆེན་པོས་ལྭ་བ་བས་བཀྲལ་བ་དེར་བཤད་པ་འདིར་ཡང་བཟུང་ངོ༌། །རྣམ་རྫུན་དྲི་བཅས་དང་མཐུན་ཛེ་ཏཱ་རི། །རྣམ་རྫུན་དྲི་མེད་དང་མཐུན་ཀམྤ་ལ། །རང་རྒྱུད་གཉིས་པ་འདི་པས་.....འབུམ་སོགས་ངེས་དོན་.....དུ་དགོངས་འགྲེལ་གྱིས་བཀྲལ་ལ་དོན་དམ་.....གྱི་ཁྱད་པར་མ་སྦྱར་.....བའི་མདོ་.....ཤེར་སྙིང་ལྟ་བུ། །འཁོར་ལོ་.....གཉིས་པར་མཚུངས་ཀྱང་དྲང་དོན་.....ཡིན་པ་དགོངས་འགྲེལ་ལུགས་.....སུ་འདོད། །མཚན་ཉིད་གསུམ་གྱི་ཚུལ་.....སྔར་ལེགས་ལྡན་དང༌འདྲ་.....ཁྱད་པར་ཕྱི་དོན་.....ནི་མེད། །རྒྱན་སྟུག་དགོངས་འགྲེལ་ལང་གཤེགས་མདོ་སོགས་.....ཀྱི་དོན་.....དུ་མཚན་ཉིད་གསུམ་འཇོག་ཚུལ་གཉིས་བྱས་ཏེ། །གཙོ་ཕལ་ཆ་གཉིས་རིམ་བཞིན་དབུ་སེམས་ལུགས་.....འདིས་དགག་བྱ་ངོས་འཛིན་ཚུལ་ནི། །ཚད་མ་དང་རིགས་པས་.....གནོད་.....པ་མེད་.....པའི་བློའི་སྣང་.....བའི་དབང་གིས་བཞག་.....ཙམ་མིན་.....པ་དགག་བྱར་.....བཞེད་པས་རང་རྒྱུད་པ་གཉིས་མཐུན། །འགོག་བྱེད་རྟགས་ནི་.....ལང་གཤེགས་ཡབ་སྲས་མཇལ་བ་ལས་གསུངས་ཕྱིར། །ཕལ་ཆེར་འབྲེལ་ཟླ་མ་དམིགས་རྟགས་འགོད་དཔེར། །བདེན་པའི་གཅིག་དང་དུ་མ་དང་བྲལ་ཕྱིར། །གཟུགས་སོགས་བདེན་མེད་གཟུགས་བརྙན་བཞིན་བདེན་ན། །གཉིས་པོ་དེར་ངེས་ཁྱབ་གྲུབ་ཕྱོགས་ཆོས་དེའི། །གཅིག་མིན་ཆ་བཅས་དུ་མིན་གཅིག་མེད་ཕྱིར། །རྡོ་རྗེ་གཟེགས་མ་ཡོད་མེད་སྐྱེ་འགོག་དང༌། །མུ་བཞི་སྐྱེ་འགོག་རྟེན་འབྲེལ་རྟགས་རྣམས་གཙོ། །གང་ཟག་བདག་མེད་བདེན་གཉིས་རྣམ་བཞག་མཐུན། །ཤེས་སྒྲིབ་ཕྲ་རགས་བདེན་འཛིན་གཟུང་འཛིན་སོགས། །བདེ་རྣམ་བཅུ་དྲུག་གཉིས་སྟོང་བདེན་མེད་རྣམས། །ཉན་རང་ཐེག་ཆེན་ལམ་གྱི་རྟོགས་རིགས་ཁྱད། །འདི་མན་གཉིས་ཀའི་ལུགས། མཐོང་སྒོམ་མཉམ་རྗེས་ཁྱད་པར་གཉིས་ཀ་མཐུན། །ཞེས་དངོས་པོ་བདེན་གྲུབ་ཀྱི་མཐའ་རྣམས་བསལ་ནས་དབུ་མར་བསྒྲུབ་པ་རང་རྒྱུད་པའི་སྐབས་ཏེ་བཅུ་གཅིག་པའོ། །
༈ གཉིས་པ་ཐལ་འགྱུར་པ་ལ། མཚན་ཉིད་དང༌། སྒྲ་བཤད། མིང་གི་རྣམ་གྲངས། དབྱེ་བ། གཞུང༌། གྲུབ་མཐའ་དྲུག་ལས། དང་པོ་གཉིས་ནི་.....རང་རྒྱུད་མི་བཞེད་.....ལ་རྟགས་ཙམ་བཞེད་ཀྱང༌ཕྱི་རྒོལ་ཁས་བླངས་ལ། །འགལ་བརྗོད་ཐལ་འགྱུར་གཙོ་ཕྱིར་ཐལ་འགྱུར་པ། །གསུམ་པ་ནི་ཐལ་འགྱུར་.....པ་དང༌སྣང་ཙམ་.....དབུ་མ་པ་དང་རབ་ཏུ་མི་གནས་དབུ་མའང་གྲགས། །བཞི་པ་ནི་.....དབྱེ་བ་གཞུང༌ཕྱི་མོ་.....བ་འཕགས་པ་ཡབ་སྲས་གཉིས་དང༌ཕྱོགས་འཛིན་.....ནི་སངས་རྒྱས་བསྐྱངས་ཟླ་བ་ཞི་བ་ལྷ་མི་འཛིན་.....པ་ནི་ཀླུ་བྱང་ཤཱཀྱ་བཤེས་གཉེན་དག་སྟེ་དབྱེ་ན་གསུམ། །ལྔ་པ་ནི་.....གཞུང་ནི་ཟབ་མདོ་རིགས་ཚོགས་བཞི་བརྒྱ་པ། །སྤྱོད་འཇུག་མདོ་བཏུས་གཉིས་དང་ལམ་སྒྲོན་སོགས། །དྲུག་པ་ནི་.....བདེན་པ་གཉིས་སྟོན་.....པའི་མདོ་.....གཉིས་རིམ་.....པ་བཞིན་དྲང་ངེས་ཏེ། །རྒྱུ་མཚན་རིམ་པ་བཞིན་དུ་.....གཞན་དུ་དྲང་དགོས་.....པའི་ཕྱིར་དང་བཤད་པ་ལྟར་གནས་ཚུལ་དེར་ངེས་ཕྱིར། །དྲངས་ཚུལ་ལ་.....སྒྲས་ཟིནའང་མི་རུང༌དྲང་དང་སྒྲས་ཟིན་དོན། །གྲུབ་ཀྱང་གནས་ལུགས་མིན་པས་དྲང་ཚུལ་གཉིས། །འཁོར་ལོ་གསུམ་གྱི། ཐོག་.....མ་འཁོར་ལོ་དང་པོ་དང༌། མཐའ་.....མ། དྲང་དོན་.....འཁོར་ལོ། བར་པ་ངེས་དོན་མདོ། །ལང་གཤེགས་དགོངས་འགྲེལ་རྒྱན་སྟུག་མདོ་ཚན་ལྔས། །བྱེད་པོ་གཞན་མེད་སྟོང་ཉིད་ལ་དགོངས་ནས། །སེམས་ཙམ་ཕྱི་དོན་མེད་དང་སྙིང་པོ་རྟག །ཀུན་གཞི་ཡོད་དང་གཞན་དབང་ཡོངས་གྲུབ་བདེན། །མཐུར་ཐུག་ཐེག་གསུམ་སྟོན་ལྔ་དྲང་དོན་བསྒྲུབ། །དགག་བྱ་ངོས་འཛིན་ནི་.....འཁོར་འདས་སྣང་གྲགས་ཇི་ལྟ་ཇི་སྙེད་ཀུན། །མ་བརྟགས་ལྷན་སྐྱེས་འཇིག་རྟེན་ཐ་སྙད་དུ། །འཇོག་ཕྱིར་རྟོག་པས་ཕར་མིན་ཡུལ་སྟེང་ནས། །གྲུབ་.....པ་དང་རྫས་ཡོད་.....དང༌རང་མཚན་.....དང༌རང་ངོས་གྲུབ་.....དང༌། །བདེན་གྲུབ་.....དང༌ངོ་བོས་གྲུབ་སོགས་དགག་བྱར་གཅིག། །དགག་བྱ་ངོས་འཛིན་གྱི་འཐད་པ་ནི་.....རང་ངོས་མེད་ཀྱང་མིང་རྟོག་ཕར་བཏགས་འདིར། །བྱ་བྱེད་ཀུན་འཇོག་མཐའ་བྲལ་དབུ་མ་སྟེ། །འདི་ལས་རགས་ཕྲ་གང་བྱས་རྟག་ཆད་མཐའ། །གང་ཟག་ཆོས་སྟེང་.....གི་བདག་གཉིས་.....ནི་བརྟག་པ་མཐའ་བཟུང་དུ་དེར་མེད་གཉིས། །བདག་མེད་གཉིས་བཞེད་ཆོས་བདག་.....འགོག་བྱེད་ནི་རྡོ་རྗེ་ཡི། །གཟེགས་མ་ལ་སོགས་བཞིས་འགོག་གང་ཟག་.....གི་བདག་.....ནི། །རྣམ་པ་.....ལྔ་.....དང་རྣམ་པ་བདུན་གྱིས་འགོག་.....ལ་བདག་གཉིས་ཀའང་རྟེན་འབྲེལ་གྱིས་.....འགོག་གོ །རྡོ་རྗེ་གཟེགས་མ་ནི་.....བདག་དང་གཞན་དང་གཉིས་དང་རྒྱུ་མེད་ལས། །སྐྱེ་བ་མིན་ཕྱིར་རང་བཞིན་སྐྱེ་བ་མེད། །བདག་ལས་སྐྱེ་ན་དོན་མེད་ཐུག་མེད་འགྱུར། །གང་དེ་དེ་མིན་རྒྱུ་འབྲས་རྟག་མཐོང་འགྱུར། །འཇིག་རྟེན་མཐོང་འགལ་བྱ་བྱེད་ཀུན་གཅིག་འགྱུར། །གཞན་ལས་སྐྱེ་ན་མེ་ལས་མུན་འབྱུང་ཞིང༌། །རྒྱུ་དང་རྒྱུ་མིན་ཀུན་ལས་ཀུན་འབྱུང་འགྱུར། །གཞན་ཕྱིར་རྒྱུད་གཅིག་མི་རུང་གྲོ་ནས་བཞིན། །དུས་མཉམ་དེ་མེད་གཞན་ལ་གཞན་སྐྱེ་ཅི། །སྔ་ཕྱི་གཞན་འགོག་.....པ་དང་ཡང་ཁ་ཅིག་ལྡོག་ཕུང་གཅིག་.....འཕུལ་སོགས་འཁྲུལ། །འཇུག་འགྲེལ་ལས་.....མཐའ་བཞི་མི་འདོད་.....པ་དང་གཞན་སྐྱེ་འཇིག་རྟེན་དུའང༌། །མེད་པར་བཤད་ཕྱིར་.....ན་སྟག་ལོ་གཞན་སྐྱེ་འདིར་འདོད་སྨྱོན་པའི་གར། །བདག་གཞན་རེ་རེའི་མིན་ཕྱིར་གཉིས་སྐྱེའང་ཁེགས། །རྒྱུ་མེད་སྐྱེ་ན་འབད་པ་དོན་མེད་ཅིང༌། །མཐོང་དང་འགལ་ལ་ཀུན་ལས་ཀུན་སྐྱེའང་འགྱུར། །མཐའ་བཞི་སྐྱེ་འགོག་.....གཞན་ལས་སྐྱེ་ན་ཡོད་.....པ་ལས་སམ་མེད་.....པ་ལས་སམ་གཉིས་ཀ་ལས་སམ། གཉིས་མིན་གྲང༌། །ཡོད་ལ་ཅི་དགོས་མེད་ལ་བྱ་བྱེད་བྲལ། །གཉིས་ཡིན་དེས་བསལ་གཉིས་བྲལ་ལ་དེས་ཅི། །མུ་བཞི་.....དངོས་པོ་བདེན་པར་རྒྱུ་ཡིས་སྐྱེད་མིན་ཏེ། །དོན་དམ་དུ་རྒྱུ་.....གཅིག་གིས་.....འབྲས་བུ་གཅིག་མིན་.....དོན་དམ་པར་རྒྱུ་དུ་མས་.....འབྲས་བུ་གཅིག་མི་བསྐྱེད། །དོམ་དམ་པར་རྒྱུ། གཅིག་གིས་.....འབྲས་བུ། དུ་མིན་.....དོན་དམ་རྒྱུ། དུ་མས་.....འབྲས་བུ། དུ་མའང་མིན། །དཔལ་ལྡན་ཟླ་བས། རྒྱུ་གཅིག་གིས་འབྲས་བུ་གཅིག་སྐྱེད་པ་དེའི་ཚེ་ཞེས་.....གཅིག་གིས་གཅིག་སྐྱེད་བསྒྲུབ་.....པའི་ཕྱིར་.....དང༌། དེ་བཞིན་དུ་ས་བོན་གཅིག་གིས་ནས་ལྡོག་དུ་མ་དང༌། ལས་དུ་མས་སྐྱེ་བ་གཅིག་སོགས་དང༌། ལས་དུ་མས་སྐྱེ་བ་དུ་མ་སྐྱེད་པ་འདིར་ཡང་ཤིན་ཏུ་རུང་བ་བསླབ་སྤྱོད་སོགས་ལས་བཤད་པས་.....གཞན་རུང་ཕྱིར། །མུ་བཞི་སྐྱེ་འགོག་.....འདིར་ནི་དགག་བྱའི་ཁྱད་པར་མི་སྦྱོར་.....ཞེས་སྟག་ལོ་འཁྲུལ། །རྟེན་འབྱུང་མིན་པའི་ཆོས་ནི་འདིར་མེད་ལ། །རྟེན་འབྱུང་ཕྲད་ལྟོས་བརྟེན་ནས་གྲུབ་ཙམ་ཕྱིར། །ཆོས་ཀུན་ཚུགས་ཐུབ་རང་ངོས་གྲུབ་རྣམས་མིན། །ཟབ་རྒྱས་མཐའ་གཉིས་སེལ་འདི་རིགས་པའི་རྒྱལ། །དེ་ཕྱིར་.....སྟག་ལོས་དོན་དམ་ཚུགས་ཐུབ་ནམ་མཁའ་ཟ། །སུས་ཀྱང་ཚད་གྲུབ་ཚུགས་ཐུབ་དོན་མ་བྱས། །རང་དབང་བདག་མེད་ཕུང་མིན་དེ་གཞན་མིན། །ཕུང་པོའི་རྟེན་མིན་ཕུང་པོར་བརྟེན་པའང་མིན། །ཕུང་དང་མི་ལྡན་དབྱིབས་མིན་ཚོགས་མིན་ཕྱིར། །ཤིང་རྟ་བཞིན་ཏེ་.....རྣམ་བདུན་ནི་གཟུགས་ཅན་གྱི་ཆོས་རྣམས་.....དང་རྣམ་ལྔ༌ཀུན་ལ་སྦྱར་.....ཀྱང་རུང༌། །སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ཐལ་འགྱུར་བ་ཡིན་པའི།.....སྐབས་འགར་ཚུལ་གསུམ་མཐུན་སྣང་ཚད་གྲུབ་དང༌། །རྟགས་ཙམ་བཞེད་ཀྱང་རང་དབང་.....བའི་རྟགས་ཚད་.....གྲུབ་མིན་ཕྱིར། །རང་རྒྱུད་མི་འདོད་.....པས་ལུགས་འདིར་རང་རྒྱུད་.....འདོད་པ་ནི་རྟགས་དང་རང་རྒྱུད་གཅིག་ཏུ་འཁྲུལ། །དབྱེ་གཞི་ཤེས་བྱ་དབྱེ་ངོ་བདེན་པ་གཉིས། །དེ་གཉིས་ལས་.....མང་དགོས་པ་མིན་.....ལ་དེ་གཉིས་ལས་ཉུང་ན་མི་འདུ་.....བས་དེར་གྲངས་ངེས་པའི་དོན་ནོ། །དེ་གཉིས་ངོ་བོ་མི་གཅིག་ན་དེ་དེའི་གནས་ལུགས་མི་རུང་.....བ་དང༌། དེ་གཉིས་ལྡོག་པའང་གཅིག་ན་བུམ་པ་བཞིན་དེའི་ཆོས་ཉིད་ཀྱང༌། ཀུན་གྱིས་མངོན་སོགས་ཕྱིར། །བདེན་གཉིས་ངོ་བོ་དབྱེར་མེད་ལྡོག་པས་འབྱེད། །མཚན་ཉིད་རིགས་ཤེས་ཐ་སྙད་བློ་གང་ལ། །དོན་དམ་ཐ་སྙད་དཔྱོད་སོང་ངེས་རྙེད་རིམ་.....རིགས་ཤེས་ཀྱི་རྙེད་དོན་ཡིན་པས། །དོན་དང་.....ཡུལ་གྱི་མཆོག་ཡིན་པས་དམ་པའང་.....སྣང་ལྟར་མི་བསླུ་བའི་ཕྱིར་བདེན་.....པ་ཡིན་པ་དེའི་ཕྱིར་དོན་དམ་བདེན་པ་ཞེས་བྱའོ། །ཡང་དག་པའམ་ཀུན། .....སྒྲིབ་ཕྱིར་ཀུན་རྫོབ་.....དང་དེའི་ངོར་བདེན་.....པས་ཀུན་རྫོབ་བདེན་.....པ་ཞེས་བྱའོ། །དོན་དམ་.....བདེན་པའི་དབྱེ་བ་.....བདག་མེད་གཉིས་.....སྟོང་ཉིད་བཞི་.....སྟོང་ཉིད་བཅུ་དྲུག་.....སྟོང་ཉིད་བཅོ་བརྒྱད་དང་ཉི་ཤུ་སོགས། །སྐྱེ་འཕགས་བློ་གཉིས་ཡུལ་བཅས་.....རིམ་པ་བཞིན་རྣམ་གྲངས་.....ཀྱི་དོན་དམ་དང༌གཞན། །རྣམ་གྲངས་མིན་པའི་དོན་དམ་དུ་འདོད། དབུ་མ་རང་ལུགས་ཀུན་རྫོབ་ཡང་ལོག་མིན། །འཇིག་རྟེན་ཤེས་ངོར་མི་དང་གཟུགས་བརྙན་སོགས། །བདེན་དང་མི་བདེན་ཡང་དག་ལོག་པ་ཙམ། །ཐ་སྙད་.....ཚད་མ་རིགས་ཤེས་.....ཀྱི་སྔོན་.....དུ་འགྲོ་བ་དང༌གྲོགས་.....སུ་འགྲོ་བས་བདེན་གཉིས་ཀྱིས་ཀུན་རྫོབ་བདེན་པ་ཐབས་.....དང་དོན་དམ་བདེན་པ་ཐབས་བྱུང༌.....དུ་བཤད་དོ། །དགོས་པ་.....ནི་རིམ་པ་ལྟར་ལྟ་.....ངན་ཀུན་ཟློག་.....པ་དང་.....ཀུན་བྱང་གཉིས་ལ་སྤངས་བླངས་.....ཡིན་པའི་ཕྱིར། །སྟག་ལོས་.....གནས་སྐབས་གསུམ་པར་.....སྒོམ་བྱུང་ཐོབ་ནས་སྟོང་.....ཉིད་མིན་སྤྲོས་བྲལ་སྒོམ་ཟེར་བ་འཁྲུལ་.....ཏེ་སྟོང་ཉིད་ལ་སྤྲོས་བྲལ་དུ་བཤད་པ་མ་ཤེས་པའི་གཏམ་ཡིན་ཏེ། རིགས་ཚོགས་རྩ་འགྲེལ་བལྟས་ན་ཤེས་སོ། །དང་པོར་ལས་འབྲས་སོགས་ཀྱིས་བསོད་མིན་བཟློག །བར་དུ་མི་རྟག་སོགས་ཀྱིས་.....དང་རྣམ་ལྔ་རྣམ་བདུན་གྱིས་འཇིག་ལྟ་ཉི་ཤུའི་ཞེན་ཡུལ་གྱི་བདག་.....རགས་པ་གཉིས་འགོག །ཐ་མར་.....དེ་རྗེས་རྟེན་འབྲེལ་གྱིས་ཆོས་ཐམས་ཅད་བདེན་པར་མེད་པའི་དེ་ཉིད་.....བསྟན་ནས་དེ་བསྒོམ་པས་མངོན་དུ་གྱུར་རིམ་གྱིས། །ལྟ་ཀུན་དྲི་བཅས་འཇོམས་པར་མདོ་སྔགས་བཞེད། །ཟབ་མོ་ལྟ་བ་འདི་རྗེ་བཙུན་གྱིས་རྗེ་རྒྱལ་བ་གཉིས་པར་.....སྒོམ་རིམ་ལྔ་.....ཡོད་གསུངས་པའི་སྙན་བརྒྱུད་ཁྲིད་དང་བཅས་ཡོད་མཁས་པའི་གསུང་.....ཡིག་ཆུང་དང་ལྟ་བའི་ཟིན་བྲིས་སོགས་ལ་ལྟོས། །བདེན་གཉིས་རྟོགས་དཀའ་སླ་དང་ཉེ་རིང་མི་རུང་བའི་རྒྱུ་མཚན་.....སྟོང་ཉིད་ཇི་བཞིན་ཐ་སྙད་འཇོག་མཚམས་.....ཡང༌དཀའ་.....བས་སེམས་ཙམ་པས་ཀྱང་འདིའི་སྟོང་ཉིད་དོན་སྤྱི་གོ་ཡང་དེ་ལྟར་ན་ཐ་སྙད་མི་རུང་བསམ་ནས་རྩོད་ལ་རང་རྒྱུད་པས་ཀྱང་དེ་ལྟར་རྩོད་པའོ། །དེ་གཉིས་ལ་ཉེ་རིང་བྱས་ན་.....བདེན་གཉིས་གང་ལས་ཉམས་.....ཡང༌ཕུང་.....བ་དང་རྟག་ཆད་གང་རུང་གི་མཐར་ལྷུང་.....བར་མཚུངས་པའི་ཕྱིར། །འདི་གཉིས་.....གཅིག་བསྟེན་ལ་གཅིག་འདོར་བའི་ཉེ་རིང་མི་རིགས་.....པས་ཟུང་འབྲེལ་གཅེས། །མཚན་ཉིད་གསུམ་མཚུངས་རང་བཞིན་རང་དབང་ལ། །བྱིས་པར་ཀུན་བཏགས་རྒྱལ་ལ་ཡོངས་གྲུབ་བཞེད། །འདི་པས་.....རང་མཚན་ཐ་སྙད་དུ་ཡང་མི་བཞེད་ཕྱིར། །ལུགས་འདི་ལ་ཁྱད་པར་ཐུན་མོང་མིན་པ་.....ལུང༌བརྒྱད་སོགས་མང་.....སྟེ་འདི་ལྟར། །ཐ་སྙད་དཔྱོད་བློས་.....ཕྱི་དོན་མི་ཁེགས་.....ཐ་སྙད་པའི་བློས་ཀུན་གཞི་མི་འགྲུབ་ཕྱིར། །ཕྱི་དོན་ཡོད་དང་ཀུན་གཞི་མེད་པར་བཞེད། །ཡུམ་མདོ་ལས་.....དངོས་འཛིན་.....ཅན་ལ་ཐར་.....པ་མིན་.....པར་གསུངས་པའི་བདེན་འཛིན་དེ་ཉོན་.....མོངས་ཡིན་པ་བདག་མེད་.....གཉིས་ཀྱང་མཚུངས་.....དགོས། །ཚུར་མཐོང་གི་ཤེས་པར་རྨོངས་པས་.....མ་བསླད་.....པ་མེད་.....པ་དང་གསར་རྟོགས་མི་རུང་.....བ་སྟེ། གཞལ་བྱའི་བཏགས་དོན་ཚོལ་དགོས་པས་དེར་མཚུངས་པའི། ཕྱིར། །བྱིས་ཤེས་ཀུན་འཁྲུལ་.....པ་དང༌བཅད་ཤེས་.....ཀྱང་མི་བསླུ་བའི་ཤེས་པ་ཡིན་པས་ཚད་མར་གྲུབ། །བརྒྱ་པར་ཀུན་རྫོབ་རྣམ་ཅན་གྱི་.....ཚོར་བ་ཡིད་མངོན་.....དུ་བཤད་ལ་མི་རྟག་སོགས་བཅུ་དྲུག་མངོན་གྱུར་ཀྱང༌། །ད་དུང་བདག་མེད་མ་རྟོགས་པས་.....འཕགས་པ་མིན་ཕྱིར་.....ལུགས་འདི་ལ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པའི་ཡིད་མངོན་དང༌། །བདེན་.....བཞིའི་རྣམ་.....པ་བཅུ་དྲུག་མངོན་གྱུར་སོ་སྐྱེ་བཞེད། །དེར་མ་ཟད་ད་དུང༌.....སྟོང་ལ་ལྷག་མཐོང་.....ཐོབ་པ་དང༌སྦྱོར་ལམ་དུས་མཉམ་དང༌། །ཞིག་པ་དངོས་.....པོ་ཡིན་པའི་ཕྱིར་.....བདེན་པའི་རྣམ་པ་བཅུ་དྲུག་མངོན་སུམ་.....དུ་རྟོགས་པ་ཙམ་གྱིས། །སྦྱོར་ལམ.....དུ་འང་མི་སླེབ་.....པ་དང༌དུས་གསུམ་དངོས་པོར་བཞེད། །བརྒྱ་པའི་འགྲེལ་བར་ཞིག་པ་རྒྱུས་.....སྐྱེད་.....པར་བཤད་པའི་ཕྱིར་ཞིག་.....པ་དངོས་.....པོ་ཡིན་པས་ལས་འགག་.....ནས་བསྐལ་པ་མང་སོང་ཡང༌། །ལས་ཀྱི་.....ཐོབ་.....པ་དང༌རྒྱུན་.....དང་ཆུད་མི་ཟ་མེད.....ཀྱང་དེའི་འང་འབྲས་བུ་འབྱིན་.....པ་ཤིན་ཏུ་རུང༌། །སྟག་ལོས་སྐད་ཅིག་དཔྱད་ཚེ་མི་རྙེད་ན་ཞིག་པ་དངོས་པོར་བསྒྲུབ་པ་འགལ་ཟེར་ན། དེ་གཉིས་མི་འདྲ་སྟེ། ཞིག་.....པ་དངོས་.....པོར་སྨྲས་ཙམ་དེའི་བརྟགས་དོན་ལ་.....དཔྱད་མིན་.....དཔེར་ན་བུམ་.....པ་དངོས་.....སོགས་སྨྲས་པ་བཞིན་.....ནོ། །དུས་.....བསྐལ་པར་སོང་.....བའི་ངག་རྩུབ་མ་ཞིག་བློ་.....ལྷན་སྐྱེས་ལ། །སྣང་ན་.....རང་གིས་སྔོན་.....ལུས་ངག་གི་ལས་བྱས་.....པ་མཐའ་དག་.....ད་ལྟའི་བློ་ལྷན་སྐྱེས་ཀྱིས་མིན་དྲན་ཅི། །བཏགས་དོན་.....མ་དཔྱད་.....པར་འདི་གཉིས་རུང་བ་.....མིན་ཕྱིར་རང་རྒྱུད་.....ཀྱི་རྟགས་དང༌རང་རིག་.....བཞེད་པ་མིན། །ཡུལ་ཡུལ་ཅན་ཕན་ཚུན་.....ལྟོས་ཚེ་མངོན་སུམ་ཡུལ་ཡིན་ཡུལ་ཅན་མིན། །འགོག་བདེན་ཆོས་དབྱིངས་འཕགས་.....པ་རྣམས་.....ལ་བདེན་མེད་གཟིགས་.....པས་ཁྱབ་པར་བཞེད། །བེམ་རིག་རྒྱུན་ཆད་མི་རུང་བས་.....ཕུང་.....པོ་ཟད་མི་རུང་མདོ་ལས་.....ཚོར་འདུ་.....ཤེས་ཀྱང༌འཇིག་.....པར་བཤད་ཕྱིར། །ལྷག་བཅས་ལྷག་མེད་.....ནི་མཉམ་གཞག་ལ་འཁྲུལ་སྣང་.....མཐའ་དག་ཟད་མ་ཟད་.....པར་འཇོག་དགོས། །བག་ཆགས་ཤེས་སྒྲིབ་.....དང༌ཉོན་.....མོངས་ཅན་མིན་.....པའི་ཤེས་པར་གྱུར་པའི། མ་རིགའང་བཞེད། །ཉོན་མོངས་མ་ཟད་བར་དུ་ཤེས་སྒྲིབ་སྤོང་མི་རྩོམ། །སྣང་བས་ཡོད་མཐའ་.....སེལ་བ་དང༌སྟོང་པས་མེད་མཐའ་སེལ། །དེ་སོགས་ཐུན་མོང་མིན་མང་དབུ་མ་ལྟོས། །ཚིག་གསལ་སོགས་ལས་ཚད་མ་ལ་.....མངོན་.....སུམ་དང༌རྗེས་.....དཔག་དང་དཔེ་ཉེར་འཇལ་.....དང༌། ལུང་གི་ཚད་མ་བཞིར། །བཤད་ཀྱང་གཞལ་བྱའི་དབང་གིས་མངོན་.....སུམ་དང་རྗེས་.....དཔག་གཉིས། །རྟགས་.....ལ་བརྟེན་ནས་མིན་.....པར་རང༌འཛིན་སྟངས་.....ཀྱི་ཡུལ་གྱུར་.....གཞལ་བྱ་མངོན་སུམ་པར། །བསླུ་.....བ་མེད་.....པའི་ཤེས་པ་.....དེ་མངོན་སུམ་ཚད་མར་བཞེད། །དབྱེ་ངོ་དབང་མངོན་ཡིད་མངོན་རྣལ་འབྱོར་མངོན། ། རྟགས་.....ལ་བརྟེན་.....ནས་རང་གི་གཞལ་བྱ་ལྐོག་.....གྱུར་པའི་ཡུལ་.....ལ་བསླུ་བ་.....མེད་.....པའི་རྗེས་དཔག་སྟེ། །དེ་ལ་དབྱེ་ན་ཡུལ་.....ལྐོག་གྱུར་.....དང༌དཔེ་དང༌ཤིན་ཏུ་ལྐོག་.....གྱུར་གྱི་ཡུལ་གསུམ་འཇལ་བའི་.....སྒོ་ནས་འདི། །རྗེས་དཔག་.....དང༌ཉེར་འཇལ་.....དང༌ལུང་གི་ཚད་མར་གསུམ་དབྱེ་ཞེས་བཤད་པ། བཞེད། །སྟག་ལོས་ཡུལ་ཀུན་རྫོབ་རྫུན་པ་དང་དེ་ལ་ཚད་མར་འགལ་ཟེར་ན་མི་འགལ་ཏེ། ཡུལ་གང་ཡིན་ཀྱང་བློ་དེས་དེ་ལྟར་བཟུང་ལ་དེ་ལྟར་གྲུབ་པ་དང་རང་གི་.....འཛིན་སྟངས་.....ཀྱི་ཡུལ་ལ་ངེས་པ་འདྲེན་.....པ་གང་རུང་ཚང་ན་དེར་ཚད་མ་.....ཡིན་པར་བཤད་པའི་ཕྱིར། །ཚད་མ་.....གཞན་གྱིས་གནོད་.....པ་བྲལ་བ་དེ་ལ་མི་བསླུའི་.....དོན་ཡིན་པའི་ཕྱིར། །ཡུལ་དེ་ལ་.....འཁྲུལ་ཡང་.....དེ་ལ་ཚད་མར་མི་འགལ་.....པའི་ཕྱིར་དང༌མི་བསླུའི་དོན་ལ།.....བདེན་པ་ཁོ་ནས་མ་ཁྱབ་སྟེ། །སྐབས་སྟོབས་.....ཀྱིས་ཟླ་བའི་ཞབས་དང་འཕགས་པ་ཡབ་སྲས་རེ་རེས་ཀྱང་དེ་མིན་པ་ལ། མང་.....དུ་བཤད་པ་.....ལས་འབྲས་དང་ཡིད་ཆེས་སོགས། ཀུན་རྫོབ་ལ་ཡང་བཤད་པ་སྣ་ཚོགས་པ་ཡོད་པ་དང༌། །དེའི་ཕྱིར་རྫས་ཀྱི་སྒྲ་བཞིན་.....དུ་དོན་གཅིག་.....སྦྱོར་བ་གྲུབ་མཐའ་གང་གིའང་ལུགས་ལ་མིན་.....པས་ཁྱོད་ཀྱིས་གསར་བཤད་ཐམས་ཅད་ཁྱེད་རང་ཁོ་ནས་བཅོས་པའི་ལུགས་ཡིན་པར་དཔྱོད་ལྡན་ཀུན་གྱིས་ཤེས་པར་གྱུར་ཏོ། །མངོན་མཐོ་ངེས་ལེགས་སྒྲུབ་བྱེད་དད་ཤེས་གཉིས། །ཤེས་རབ་སྔོན་འགྲོ་དད་པས་སྣོད་རུང་བྱེད། །ཤེས་རབ་གྲོལ་རྒྱུ་མི་རྟོག་དོན་སྒྲུབ་མཁས། །དམན་འབྲིང་མཆོག་གི་སྐྱེས་བུའི་ལམ་རིམ་དུ། །ཆོས་ཚུལ་ཀུན་འདུས་.....ལ་དེ་ལྟར་བཤད་པ་དེ་ཡང་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་ལས་བརྩམས་ཕྱིར། །སྐྱེས་བུ་.....འབྲིང་ལས་ཉན་རང་གཉིས་དང་དེ་དག་ལམ། །ཆེན་པོར་ཐེག་ཆེན་ཐེག་པ་བཞི་མིན་ལུགས་.....འདིར། །ཉན་རང་.....གཉིས་རྟོགས་.....པ་མཐུན་.....ལ་ཐེག་དམན་ལ་ས་བརྒྱད་.....དང་དེ་གཉིས་ཀྱི་ཁྱད་པར་དུས་.....དང༌འབྲས་.....བུའི་སྒོ་ནས་དབྱེ། །ཐེག་ཆེན་གྱིས་ལམ་ལ་སྙིང་རྗེའི་.....རྩ་.....བ་བརྟན་.....པའི་སེམས་བསྐྱེད་ཕར་ཕྱིན་.....དྲུག་གམ་བཅུས་ཡལ་ག་རྒྱས་.....པ་གཅིག་དགོས། །དེ་ཡང༌.....ཚོགས་སྦྱོར་.....ལམ་རེ་རེའང༌ཡོན་ཏན་.....གྱི་ཁྱད་པར་དང༌རྟགས་དང༌སྒོམ་.....ཚད་དང༌ངོ་བོས་འབྱེད་.....ལ། །འཕགས་པའི་.....ས་བཅུ་མཉམ་བཞག་.....ལ་དབྱེར་མེད་.....ཀྱང་སོ་སོའི་སྦྱོར་.....བ་དང༌རྗེས་ཀྱི། །ཡོན་ཏན་.....དང༌མཛད་.....པ་སོགས་ཕྲག་.....བཅུ་གཉིས་གོང་ནས་གོང་.....དུ་འགྲོ་བ་དང༌། །ས་.....རེ་རེ.....ལ་འང་ངེས་ཚིགས་.....དང༌དབྱེ་བ་.....དང༌ཡོན་ཏན་རྟེན་.....དང་། །རྣམ་སྨིན་.....གྱི་སྐྱེ་བ་དང༌ལྟས་གཉིས་.....དང༌སྤངས་.....བྱ་དང༌གཉེན་.....པོ་ཡོངས་སྦྱོངས་དང༌བརྒྱད་ཀྱིས་.....ས་བཅུ་པ་འབུམ་སོགས་མདོ་དང་རིན་ཆེན་ཕྲེང་བ་འཇུག་པ་སོགས་ལས་བཤད། །འབྲས་བུ་.....རྫོགས་སངས་རྒྱས་ཀྱི་སར་མཉམ་རྗེས་རེས་མིན་.....པར་མཉམ་རྗེས་གཉིས་ཀ་ཤེས་པ་གཅིག་གི་ངོ་བོ་.....ར་གཅིག་.....པའོ། །སེམས་ཀྱི་རྒྱུ་བ་རྣམ་རྟོག་ཀུན་ཞི་བས། །གནས་.....པ་བརྟན་.....པས་མཉམ་བཞག་དུས་ནམ་ཡང༌བཞེངས་.....པ་མིན་.....ཏེ། དེ་བཞེངས་བྱེད་ཀྱི་རྟོག་པ་ཟད་པའི་ཕྱིར་དང༌། མཉམ་བཞག་མཐར་ཕྱིན་པའི་ཕྱིར། དེས་མཉམ་བཞག་དེའི་ངང་ནས་.....རྗེས་ཐོབ་བྱ་བའང་མཛད། །ཆོས་དབྱིངས་གཟིགས་ངོར་སྤྲོས་པ་ཀུན་ལོག་ཀྱང༌། །ཇི་སྙེད་པ་ཀུན་མཁྱེན་ཚུལ་སྒྲོ་.....མ་བཏགས་.....པར་ཇི་སྙེད་.....པ་ཐམས་ཅད་སྐྱུ་རུ་ར་བཞིན་མཁྱེན། །དུས་འཁོར་སོགས་ནས་སངས་རྒྱས་སར་.....སྐུ་གཅིག་སྐུ་གཉིས་གསུམ་བཞི་ལྔར་.....བཤད་པ་བཞིན་བཞེད་ཕྱིར། །བོད་མང་པོ་དང་སྟག་ལོས་.....ཐུབ་.....དབང༌ལ་རྒྱ་ཆེ་.....བའི་གཟུགས་སྐུ་གཉིས་སོགས་རྒྱུད་ལ་མི་མངའ་.....ཡང༌གཞན་ངོར་.....གདུལ་བྱའི་མོས་དབང་གིས་ཟེར་བ་ཤིན་ཏུ་འཁྲུལ། །གློ་བུར་.....རྣམ་དག་དང༌རང་བཞིན་རྣམ་དག་.....ནི་ངོ་བོ་ཉིད་.....སྐུ་དང༌། །ཡེ་ཤེས་ཆོས་སྐུ་སྡེ་ཚན་ཉེར་གཅིག་སོགས། །ལྔ་ལྡན་སྣང་བ་.....འཁོར་བ་མ་སྟོངས་བར་དུ་མི་བསྡུད་ལོངས་སྤྱོད་རྫོགས་.....སྐུ་དང༌། །བཟོ་དང་སྐྱེ་བ་བྱང་ཆུབ་སྤྲུལ་སྐུ་གསུམ། །སྙན་འཇེབས་དྲུག་ཅུའི་དབྱངས་ཀྱིས་མཁའ་ཀུན་འགེངས། །སྐུ་གསུང་ཐུགས་ཀྱི་.....གསང་གསུམ་རོལ་པ་.....འཇིག་རྟེན་གྱི་ཁམས་ཀུན་.....ལ་ཁྱབ་.....ཀྱང་ལས་དང༌སྐལ་བས་.....གང་འདུལ་དུ་མཐོང༌.....གི་སྐུ་གསུང་ཐུགས་དངོས་མཐོང་བའི་ངེས་པ་མེད། །ཐུབ་དབང་བཞེད་ན་.....སྐད་ཅིག་བསྐལ་པར་.....བྱིན་གྱིས་རློབས་པ་དང་བཟློག་.....པ་བསྐལ་པ་སྐད་ཅིག་ཏུ་རློབས་པ་དང་བ་སྤུ་རེར། །འཁོར་བ་ཐོག་མེད་ནས་མཐའི་བར་གྱི་.....བརྟན་གཡོ་ཀུན་.....བཀོད་ཀྱང་བུ་ག་དེར་.....མཁའ་བཞིན་.....མ་ཆུད་དོགས་པའང་མེད་ལ་བ་སྤུའི་བུ་ག་ཆེ་.....དང་སྣོད་བཅུད་དེ་དག་ཆུང་.....དགོས་པ་མིན། །གཞན་ཡང་.....སྟོབས་བཅུ་.....དང་ཉན་རང་བྱང་སེམས་གཞན་དང་མ་འདྲེས་.....པའི་སངས་རྒྱས་ཀྱི་ཆོས་བཅོ་བརྒྱད་སོགས། །གཅིག་ལའང་ཡོན་ཏན་ཆུང་ངུ་ཙམ་མ་ཡིན་པ་ཧ་ཅང༌.....རྨད་.....དུ་བྱུང་.....བའི་ཡོན་ཏན་.....གྱི་ཁྱད་པར་གྲངས་འདི་ཙམ་ལས་མི་མངའ་ཞེས་མ་ལུས་རྒྱལ་རྣམས་ཀྱིས། །གྲངས་དེ་.....བརྗོད་ལ་ཞུགས་ཀྱང་མི་རྫོགས་.....ཏེ། .....དཔེར་ན་རྒྱལ་བ་ཀུན་གྱི་ཕྱོགས་རེ་རེའི་མཁའི་མཐའ་.....ཚོལ་བར་ཞུགས་ཀྱང་མཐའ་ཐུག་པ་མི་སྲིད་པ་བཞིན་.....ཡིན་པའི་ཕྱིར། །གང་འདུལ་ལྷུན་གྲུབ་འཕྲིན་ལས་རྟག་ཏུ་སྟོན། །ཞེས་མཐའ་ཀུན་བསལ་ཏེ་དབུ་མ་ཆེན་པོར་སྒྲུབ་པ་ཐལ་འགྱུར་བའི་སྐབས་ཏེ་བཅུ་གཉིས་པའོ། །
༈ མདོ་སྔགས་གཉིས་ཀས་ཉོན་སྒྲིབ་ཀུན་ཟད་ནུས། །ཡུལ་མཆོག་བསྟན་ཀྱང་ཡུལ་ཅན་མཆོག་སྦས་བཞིན། །དྲི་གཙོ་བསྟན་ཀྱང་གཉེན་པོ་མཆོག་སྦས་ཕྱིར། །ཤེས་སྒྲིབ་ཆུང་ཕྲ་སྔགས་ལས་མདོས་མི་ནུས། །དེ་ཕྱིར་.....སྟག་ལོས་སྤང་གཉེན་སྦས་པ་མགོ་མཚུངས་.....བྱེད་པ་ཧ་ཅང༌འཁྲུལ་.....བར་མ་ཟད་བཞད་གད་དང་དངོས་འགལ་གསུམ་ཀར་སྣང་ངོ་། །ཐབས་ཟབ་མང་ཕྱིར་ལམ་ལའང་མྱུར་བུལ་ཆེ། །ལུས་ངག་ཡིད་གསུམ་རགས་ཕྲ་ཤིན་ཏུ་ཕྲ། །སྦྱངས་ཕྱིར་ཐེག་དང་མདོ་རྒྱུད་གོང་ནས་གོང༌། །འོག་མར་གཞན་གཉིས་བཤད་ཀྱང་གསུམ་པ་ནི། །དགོངས་གཞིར་རུང་ཡང་མདོ་རྒྱུད་འོག་མར་མིན། །བླ་མེད་སྤྱི་དང་རྒྱུད་རྒྱལ་དག་ན་གསལ། །སྐལ་ལྡན་གྲུབ་དབང་བྱེ་བས་རྩེར་གཤེགས་ཤུལ། །དུས་གསུམ་རྒྱལ་བའི་གསང་ལམ་མཆོག་ཏུ་གྲུབ། །ཅེས་མདོ་སྔགས་ཀྱི་ཁྱད་པར་ཕྱེ་ནས་གསང་ཆེན་མཆོག་ཏུ་སྒྲུབ་པའི་སྐབས་ཏེ་བཅུ་གསུམ་པའོ། །
འདིར་སྨྲས་པ།
འཇམ་མགོན་མཁྱེན་གཟི་ལས་འོངས་འཁྲུལ་མུན་བྲལ། །
དབྱངས་ཅན་ལྷ་མོས་སྨྲས་བཞིན་སྙན་འཇེབས་འགྲིགས། །
ཐུབ་དབང་གསུང་བཞིན་ཐོག་མཐའ་བར་དུའང་དགེ །
འཛམ་གླིང་རྒྱན་མཆོག་ལུགས་ཀུན་འདུས་བཞིན་བརླིང༌། །
འགའ་ཞིག་.....སྒོམ་ཆེན་པར་རློམ་པ་མང་པོས་མ་བསླབ་ལོང་བས་མཐར་འགྲོ་འདོད། །ལ་ལ་བློ་དམན་བྱི་བས་གླང་ཁུར་ལེན། །ཕལ་ཆེར་སྦྱངས་ཙམ་རི་ཕྲན་བཏེགས་པས་སྙེམས། །ཐུབ་བསྟན་ནོར་འཛིན་ཀུན་འདེགས་ཀུརྨ་སུ། །མཁས་ལས་ཆེས་མཁས་སྔར་བཤད་པའི་གྲུབ་མཐའ་.....འཕགས་བོད་མང་པོས་ཀྱང༌། །ཐུགས་ངོར་ཟབ་རྒྱས་ཐག་མཁན་རྐང་པ་བཞིན། །རེས་ཀྱིས་མ་བདེ་སྣང་སྟོང་ཟུང་འབྲེལ་ལམ། །མ་རྙེད་ལུང་རིགས་འཁར་བས་ཅི་ཡང་བཙལ། །རང་གཞན་ཕྱི་ནང་གི་མཁས་པ་.....མཁས་མང་ཀླུ་དབང་སྟོང་གིས་རོལ། །ཕན་དང་བདེ་བའི་རིན་ཆེན་འཕྱུར་བུས་གང༌། ཕན་ཚུན་.....དགག་སྒྲུབ་རླབས་འཁྲུག་གྲུབ་མཐའི་མཚོར་བགྲོད་སླད། །དེད་དཔོན་མཁས་རྣམས་གྲུ་རྫིངས་ཅི་ཡང་འཛུག །རིགས་པའི་གྲུ་རྫིངས་དམན་འཁྲུལ་དང་པོའི་རྒྱུད། །བརྡུངས་པས་ཚུལ་ཞིག་.....སྟག་ལོ་འགས་ཀྱང་གྲུབ་མཐའི་མཐར། །ཕྱིན་སྙེམས་དྲེགས་སྐྱུངས་ལུགས་གཉིས་ཀུན་མཐོང་ཕྱིར། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཁོ་བོས་ཕྱིན། །བློ་བཟང་མེས་བྱིན་རིང་ལུགས་ལམ་གསུམ་འབབས། །རྣམ་དཔྱོད་ལྷ་ཆེན་རལ་འོངས་རྟོག་གེ་ཡིས། །བཤུང་སླད་ནོར་ལྷའི་རྐང་དྲི་བཀྲུས་ཆབ་ཀྱིས། །རྨོངས་འཁྲུལ་དུག་ཅན་རྒྱུ་ཚོགས་དག་གྱུར་ཅིག །རིན་ཆེན་ཁུར་ལྕི་མཚོ་ཆེན་སྐ་རགས་གཡོ། །ཉི་ཟླའི་སྒྲོན་འདེགས་ལྷུན་པོ་གནས་དེ་སྲིད། །འདིས་ཀྱང་གསར་བཤད་ཁུར་ལྕི་གྲགས་སྙན་གཡོ། །ལེགས་བཤད་སྒྲོན་མེས་ས་གསུམ་སྣང་བྱེད་ཤོག །ཆོས་དབྱིངས་གཤིས་དང་དཀོན་མཆོག་གསུམ་གྱི་མཐུས། །འགྲོ་རྣམས་རྫུ་འཕྲུལ་བཞིན་དུ་ས་རིམ་བགྲོད། །ཉ་རྒྱས་ཟླ་ལྟར་ཡོན་ཏན་ཀུན་རྫོགས་ནས། །ཉི་མ་བརྒྱས་གསལ་ཀུན་མཁྱེན་མྱུར་ཐོབ་ཤོག །ཅེས་གྲུབ་པའི་མཐའ་རྣམ་པར་བཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ཐམས་ཅད་མཁྱེན་པའི་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ་ཞེས་བྱ་བ་འདི་ནི། སྔ་མོ་ནས་མང་ཐོས་གསེར་ཁང་ཆོས་རྗེ་གུ་ན་མ་ཏིས་སྙན་ཚིག་མེ་ཏོག་གསར་བས་བསྐུལ་ཞིང༌། དུས་ཕྱིས་ཡོངས་ཀྱི་བཤེས་གཉེན་ཆེན་པོ་མཁས་མཆོག་ལྕང་རྭ་སློབ་དཔོན་པ་འཕགས་པ་རིན་ཆེན་གྱིས་ཁམས་ཆབ་མདོ་ནས་ཇ་གཡུ་ཁ་བཏགས་ཀྱི་རྟེན་བཅས་ཆབ་ཤོག་ཚིགས་སུ་བཅད་པའི་སྒོ་ནས་སྟག་ལོའི་དགག་ལན་འབྱམས་རྒྱས་དགོས་ཞེས་བསྐུལ་བའི་བཀའ་ངོ་དང༌། ཁྱད་པར་རང་བློ་གོམས་པའི་སླད་དུ་ྋམཁན་ཆེན་རྒྱལ་བ་ཐམས་ཅད་ཀྱི་བདག་པོ་རིན་པོ་ཆེ་ལས་སྡོམ་པ་གསུམ་སོགས་ཆོས་ཀྱི་བཀའ་དྲིན་ཐོབ་ཅིང༌། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ཡབ་སྲས་བཞི་དང༌། པཎ་ཆེན་བཀའ་འགྱུར་བ། རྡོ་རྗེ་འཆང་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། སྲད་རྡོ་རྗེ་འཆང༌། སེམས་དཔའ་ཆེན་པོ་ངག་དབང་བློ་གྲོས་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་ཞིང་རྗེ་བླ་མའི་མདོ་སྔགས་རྣམས་ལ་ངེས་པ་རྙེད་ཅིང༌། འཕགས་བོད་ཀྱི་གྲུབ་མཐའི་གཞུང་དང༌། ཁྱད་པར་ཤེར་སྒྲོན། ཚད་ཆེན་རྩ་འགྲེལ། དུས་འཁོར་སོགས་གཞུང་ལུགས་ཆེན་པོ་རྣམས་ལ་བརྟེན་གསུང་རབ་དང་གྲུབ་མཐའ་རབ་འབྱམས་སྨྲ་བ་༸འཇམ་དབྱངས་བཞད་པའི་རྡོ་རྗེའི་ཚིག་ཉུང་དོན་གསལ་རྒྱས་འགྲེལ་དུ་དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་གངས་ཅན་གྱི་བྱ་རྒོད་ཕུང་པོ་གཉིས་པ་དཔའ་བོ་མཁའ་འགྲོའི་འདུ་གནས་རི་བོ་དགེ་འཕེལ་གྱི་གར་འདུག་ཐེག་ཆེན་རོལ་མཚོ་གསང་སྔགས་བདེ་བ་ཆེན་པོའི་ཕོ་བྲང་ནས་སྦྱར་བ་ལ་སླར་ཡང་འབྲི་སྣོན་ཅུང་ཟད་བྱས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །།ཤུབྷམསྟུསརྦཛགཏཾ།

ཆབ་ཤོག་སྙན་དངགས་སྐོར།

རྗེ་བཙུན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་འབུམ་ཁྲིགས་ཆགས་སུ་བསྡེབས་པ་ལས་ཆབ་ཤོག་སྙན་དངགས་ཀྱི་སྐོར་བཞུགས་སོ། །
སྲིད་ཞིའི་དབྱིངས་ན་མཛེས་སྡུག་རྩེར་སོན་སྐུ། །སྙན་འཇེབས་དྲུག་ཅུའི་དབྱངས་ཀྱིས་ཁྱབ་པའི་གསུང༌། །ཇི་ལྟ་ཇི་སྙེད་འཆར་ཡང་སྤྲོས་བྲལ་ཐུགས། །ཡབ་གཅིག་འཇམ་དབྱངས་ཡབ་ཡུམ་མགྲིན་ཚོར་སྤྱོན། །སྤྱན་རས་གཟིགས་དབང་པད་དཀར་འཛིན་པའི་མགོན། །ངག་གི་དབང་ཕྱུག་བློ་བཟང་རྒྱལ་བའི་བསྟན། །སྤེལ་ཕྱིར་ངུར་སྨྲིག་གར་མཛད་ཞབས་དྲུང་དུ། །ཚོགས་གཉིས་ཆུ་གཏེར་ལེགས་སྨོན་རི་མོ་ཅན། །མཛད་བཟང་རྦ་རླབས་མཐོན་པོ་དགུང་སྔོན་ལ། །རེག་པའི་མཁྱེན་རབ་ནོར་བུས་རབ་གང་བར། །འཆད་པའི་པད་དཀར་འབུམ་ཕྲག་བཞད་པའི་དཔལ། །བཏུང་བས་རབ་ངོམས་བློ་ལྡན་རྐང་དྲུག་པའི། །གླུ་དབྱངས་དར་དིར་སྒྲོགས་པས་བྲེལ་ལམ་ཅི། །འདིར་ཡང་རྒས་པའི་དབང་གྱུར་མང་ཐོས་པའི། །དགེ་སློང་རྒན་པོས་ཐོས་བསམ་ཐེམ་སྐས་ལ། །ངལ་ཡང་མདོ་སྔགས་གཞུང་ལུགས་བདུད་རྩིའི་ཚོགས། །ལོངས་སྤྱོད་རྣམ་སད་བཞིན་དུ་ངལ་གསོ་བྱས། །གནས་ལྔའི་ཡང་རྩེ་མདོ་སྔགས་རྒྱ་མཚོ་ལས། །ཐོས་བསམ་སྒོམ་པའི་གྲུ་ཆེན་རབ་བསྐྱོད་དེ། །ཐམས་ཅད་མཁྱེན་དབང་དགེ་འདུན་གྲུབ་བཞིན་དུ། །མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བར་ཞུ། །འཆད་རྩོད་རྩོམ་པའི་ལེགས་བཤད་འོད་སྟོང་གིས། །གླིང་བཞིའི་མུན་བཅོམ་ཟབ་རྒྱས་ཀུན་གསལ་བའི། །ནམ་མཁའི་ནོར་བུ་མཐོང་བ་དོན་ལྡན་གྱི། །གྲགས་སྙན་རྒྱལ་མཚན་ལྷམ་མེར་མཛད་པར་ཞུ། །ཆོས་སྐུ་འོད་གསལ་དབྱིངས་ལས་མ་གཡོས་པར། །གང་སྣང་ལྷ་སྐུར་འཆར་བའི་རྣལ་འབྱོར་གྱིས། །ཐ་མལ་སྣང་ཞེན་སྒྲིབ་ཚོགས་ཀུན་བསལ་ཏེ། །འོག་མིན་ལྔ་ལྡན་མགོན་པོ་གཉིས་པ་མཛོད། །ཞི་བའི་བདུད་རྩིའི་ཆར་གྱིས་འགྲོ་རྣམས་ངོམས། །རྒྱས་པའི་ལྷུན་པོ་མཁས་གྲུབ་དབུས་ན་མཐོ། །དབང་གི་སྐལ་ལྡན་ཀུན་བསྡུས་སྨིན་བྱེད་ཅིང༌། །འཕྲིན་ལས་འགྲོ་བའི་བདེ་སྐྱིད་སྒོ་བརྒྱ་ཕྱེ། །གདུག་ཅིང་ཆོས་དང་མི་ལྡན་སྡིག་ཆེན་སྤྱོད། །སེམས་ཅན་ཡོངས་ལ་འཚེ་བའི་ཞིང་བཅུའི་དགྲ། །ནག་ཕྱོགས་བགེགས་རྣམས་མཐུ་སྟོབས་བསྐལ་བའི་མེས། །རབ་སྦྱངས་འོག་མིན་གནས་སུ་གཙྪ་ཏི། །འཇིག་རྟེན་ཕུང་བྱེད་དམུ་རྒོད་སྡེ་བརྒྱད་ཀྱིས། །བཏང་བའི་ནད་དང་བྱང་སོགས་མནན་བསྐྲད་དང༌། །བསྲུང་བཟློག་སྐལ་ལྡན་རྗེས་འཛིན་རྭ་ལོ་དང༌། །ཡབ་རྗེ་རྒྱལ་བ་གཉིས་པའི་ངང་ཚུལ་མཛོད། །ས་སྟེང་ཐུབ་བསྟན་སྐྱོང་བར་ཁྱོད་རེ་བས། །རྗེ་ཉིད་ཡབ་སྲས་རྒྱལ་བ་གོང་མ་ལྔ། །ཇི་བཞིན་ཞྭ་སེར་བསྟན་པའི་གདུགས་གཅིག་གི །སྐྱིད་པའི་གྲིབ་མར་འགྲོ་རྣམས་ངལ་གསོ་མཛོད། །ཅེས་པའི་ཞུ་ཡིག་ར་ཛ་ཧང་ས་ཡིས། །ལྷ་རྫས་དར་གྱི་འདབ་མ་བསྐྱོད་དེ་སོང༌། །
༈ ན་མཿསྭ་ར་སྭ་སྟྱཻ། སྲིད་ཞིའི་མཛེས་སྡུག་བསྡུས་པའི་སྐུ་ཡི་དཔེར། །གཞན་བྲལ་རང་ཉིད་དཔེར་སྟོན་གསུང་དབང་མ། །བདག་གི་མགྲིན་པའི་འོ་མཚོར་རོལ་སྒེག་གིས། །གསང་གསུམ་ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་ཞིག །མཚན་ཙམ་ཐོས་པ་ཡིས་ཀྱང་རྨོངས་པའི་མུན། །མ་ལུས་འཇོམས་པའི་གསུང་གི་དབང་ཕྱུག་མ། །སྔོན་མེད་རྨད་བྱུང་སྤོབས་པ་འབུམ་གྱི་རྒྱུད། །ལྡན་པའི་མགྲིན་པ་འཕང་འགྲོའི་གླུར་ལོངས་ཀྱེ། །རབ་ཡངས་བློ་གྲོས་མཁའ་ཡི་མཐའ་ལ་ཟ། །གྲགས་སྙན་ཉི་མ་འབུམ་གྱི་འོད་ལས་ལྡང༌། །གསར་བཤད་ཟབ་བརླིང་ཟླ་བའི་མ་མ་དང༌། །རྗེས་མཐུན་དོན་ལྡན་གནས་ལྔ་གཟིགས་པའི་དྲུང༌། །ཞུ་བ། མ་བགོས་མཁྱེན་པས་དམར་བའི་བྱི་རུའི་མཆུ། །མ་ཕྱིས་ལེགས་འགྲིལ་སྙན་ཚིགས་ཤེལ་དཀར་ཚེམས། །མི་དམན་.....མ་བྲིས་བློ་ཡི་རི་མོའི་འཇུག་པ་བརྒྱ། །ཁོངས་ནས་འཛུམ་འདི་དཔྱིད་ཀྱི་ལང་ཚོའི་ཆ། །དམན་པའི་འདྲེན་བྱེད་ཡུལ་མིན་འཇའ་འོད་ལུས། །རེག་པའི་སྐུ་སྤྲུལ་བྱིན་རྟེན་བསིལ་བའི་ཆབ། །གངྒཱ་མིན་ཡང་སྲིད་ཞིའི་དྲི་མའི་ཚོགས། །དག་བྱེད་ལེགས་བྱས་རྒྱ་མཚོའི་རྗེས་སུ་ཞུགས། །རྣམ་དཀར་ཕུན་ཚོགས་ཁོ་ན་གཡས་སུ་འཁྱིལ། །སྐྱེ་བ་བདུན་གྱི་དབྱངས་སྙན་ང་རོ་ཡིས། །ལོག་ལྟུང་དུཿཁའི་ཡམས་ནད་དྲུང་འབྱིན་པ། །ཉུང་མིན་ལས་ཀྱི་བགོ་སྐལ་ཇི་བཞིན་ཐོབ། །བགྲངས་བྲལ་འཁོར་བ་མཐའ་ཅན་འགྱུར་གྱི་བར། །ཕན་པའི་དར་དཀར་གཡོ་བའི་ལེགས་སྦྱར་གདུགས། །སྙན་པའི་རྒྱལ་མཚན་.....བ་དན་དེ་དང་ཆབ་གཅིག་ཏུ། །མཁས་པའི་རུ་མཚོན་ཆེ་དེ་ད་ཕྱོར་ཞིག །འཛིན་མ་ཕ་མཐར་སོན་པའི་གྲགས་.....ཟབ་རྒྱས་སྙན་སྒྲ། །རྒྱུན་མི་འཆད་པར་.....སྒྲོགས་པའི་ཆོས་ཀྱི་རྔ་བོ་ཆེ། །བརྡུངས་ཀྱང་ཐོས་མིན་རྡུལ་ལ་ཅོ་འདྲིའི་འགྲོ། །རྣ་བ་ལྡན་ཡང་འོན་ནམ་སེམས་མེད་ཅི། །དམན་མིན་ཡུལ་མིན་དངོས་ལྔ་འདུས་འོང་ལུས། །རྣམ་དཀར་ཚོགས་གཉིས་རྒྱུན་བསགས་གཡས་སུ་འཁྱིལ། །སྐྱེ་བ་བདུན་གྱི་སྒྲ་སྙན་འཚེར་བ་ཡིས། །ལོག་ལྟུང་དུཿ་ཁའི་ཡམས་ནད་དྲུངས་འབྱིན་པ། །ཉུང་མིན་ལས་ཀྱིས་བགོ་སྐལ་ཇི་བཞིན་ཐོབ། །མཆན་ཡིག་ལྷ་རྫས་ལྷབ་ལྷུབ་གཡོ་འཁྲི་ཤིང༌། །ཞགས་འགྲོས་གསལ་ལྡན་དབྱངས་འཆར་ཀུན་གྱི་བཞུང༌། །འཛིན་མའི་ཐིག་ལེ་དབུས་དེར་སྤྱན་དྲོངས་དང༌། །མཐུན་རྐྱེན་དར་དཀར་གཡབ་མོ་བདག་ཀྱང་ཞུ། །བཀྲ་ཤིས་ལྷ་རྫས་དཀར་པོའི་གཤོག་ཟུང་རྒྱས། །དགེ་མཚན་ངང་པའི་སྐྱེ་བོས་མདུན་ས་བདར། །ཐུབ་གསུང་ནུས་ལྡན་མགྲིན་རྔ་སྒྲོགས་བཞིན་དུ། །བློ་གྲོས་རིན་ཆེན་འབྱུང་གནས་དེར་ཡུད་སོང༌། །
༈ ན་མཿསྭ་ར་སྭ་སྟྱཻ། སྨྲ་བའི་དབང་ཕྱུག་བརྟན་པའི་གཙུག་ནོར་གྱི། །ཐུགས་རྗེའི་འོད་ཀྱིས་བློ་གྲོས་ལྷ་དབང་ཞལ། །མཛེས་བསྒྲུབས་དབྱངས་ཅན་ཞབས་སེན་མ་ཎི་ཀ། །དད་པའི་ཅོད་པན་རྣམ་སད་བཞད་པ་སྩོལ། །སྔོན་སྦྱངས་བག་ཆགས་ཁྱུང་སྔོན་སྐྱེས་ཀྱིས་དྲངས། །ལེགས་སྨོན་རྟ་བདུན་སྐྱེས་ཐོབ་བློའི་འོད་སྟོང༌། །འབར་བས་སྐལ་ལྡན་འདབ་བརྒྱ་ཀུན་བཞད་པའི། །ཐུབ་བསྟན་བཅུ་གཉིས་བདག་པོ་སྤྲུལ་སྐུ་བསྔགས། །རྒན་པོའི་ན་ཚོད་སྨིན་པའི་དབང་ཕྱོགས་རིའི། །ཕྲག་པར་ཕྱིན་ཀྱང་སེམས་ཀྱིས་ཐོས་བསམ་བསྒོམ། །གསར་བའི་ལང་ཚོར་ཆགས་པ་དེའི་ངང་ཚུལ། །ལམ་རིང་བགྲོད་ཅིང་ཕན་སེམས་མི་དམན་ཙམ། །རྣམ་གཡེང་ཉི་ཟེར་རྡུལ་དང་ཆབ་གཅིག་ཏུ། །འགྲོ་བཞིན་གཡེང་བཞིན་རྒན་ལུས་མ་དོར་བར། །དངུལ་སྲང་རྩེ་མོ་ལྷ་རྫས་འདབ་བསྐྱོད་པའི། །ཆབ་ཤོག་སྙན་ཚིག་ཀ་ལ་པིང་ཀ་ཕེབས། །མཁས་གྲུབ་གསུང་ངག་རྡོ་རྗེའི་ཚིག་ཡིན་ཏེ། །མཁས་པ་གར་བསྡད་བསྟན་པའི་འོད་སྟོང་དང༌། །བསྟན་འགྲོའི་ཕན་བདེའི་པད་ཚལ་ཅིག་ཆར་དུ། །བཞད་པ་ཉིན་བྱེད་དབྱར་གྱི་གླིང་བཞི་བཞིན། །སྔོན་དུས་དམ་པ་ཀུན་དང་སངས་རྒྱས་ཀྱིས། །ཆོས་འཁོར་.....ད་ལྟ་ཝ་ར་ན་སི་དང་རྡོ་རྗེ་གདན་བཞིན་བསྐོར་ཀྱང་དམ་པའི་བཤེས་བྲལ་བའི། །ཡུལ་དེ་བཟང་ཡང་མུན་པའི་རང་བཞིན་ཏེ། །ཉིན་མིན་སྟོན་གྱིས་བཏང་བའི་ཡུལ་དུས་བཞིན། །ཡུལ་དུས་གང་ན་ཆོས་སྒྲོན་འདུལ་བའི་ལས། །བཤད་སྒྲུབ་འོད་སྟོང་འབར་བའི་ཡུལ་ཕྱོགས་དེ། །མཆོད་རྟེན་མཆོག་དང་ཡུལ་གྱི་ལྟེ་བ་དང༌། །དབུས་དང་ཐིག་ལེ་སོགས་སུ་སངས་རྒྱས་གསུངས། དེ་སོགས་ལུང་རིགས་ལྷ་ལམ་རྗེས་སྙེགས་ཀྱང༌། །རྒས་དང་རྣམ་གཡེང་ཕྲེང་བས་ཡང་ཡང་བཤོལ། །སླར་ཡང་འོས་གླེང་དག་བྱེད་རྒྱུན་ལ་བལྟ། །ཡིག་རྟེན་ཉིན་བདེ་ཆེ་ལེགས་རང་ཉིད་ཀྱི། །ཕྲེང་བ་ཆེར་འོས་བྱི་རུའི་བཅུ་བཤད་རྩེ། །ལ་སོགས་བསྔགས་པའི་བསྟོད་དབྱངས་བྱ་མ་རྟ། །དབང་ཕྱོགས་ཕྲག་འོག་ལྷ་དབང་གནས་སུ་སོང༌། །
༈ ན་མཿསྭ་ར་སྭ་སྟྱཻ། སྟོབས་སོགས་ཡོན་ཏན་འབའ་ཞིག་ལས་གྲུབ་རྫོགས་སངས་རྒྱས། །བསམ་དང་གཉིས་སོགས་རྣམ་བྲལ་སྐྱོབ་པ་དམ་པའི་ཆོས། །མཁའ་རི་ཟླ་བའི་གྲངས་ལྡན་མཁྱེན་གཏེར་ཚོགས་ཀྱི་མཆོག །སྐྱབས་མཆོག་རིན་ཆེན་གསུམ་གྱིས་ཁྱོད་ལ་དུས་ཀུན་སྲུངས། །ཕན་བདེའི་དགེ་ལེགས་མ་ལུས་འབྱུང་བའི་གནས། །ཐུབ་བསྟན་རིན་ཆེན་ཕྱོགས་དུས་ཐམས་ཅད་དུ། །སྤེལ་ཞིང་དར་མཛད་དཀའ་ཆེན་བཅུ་སྨྲའི་བཤེས། །སྙིང་གི་དུམ་བུ་གང་དེའི་ཞབས་པད་ལ། །གང་དང་རིགས་རུས་སྙིང་རྣམས་མཉེས་གཤིན་པ། །སྙོམ་ལས་འཇམ་དབྱངས་བཞད་པས་མཆིད་ཞུ་བ། །གང་གི་ཐུབ་བསྟན་ནོར་འཛིན་ཟབ་རྒྱས་ཀྱི། །རིན་ཆེན་འབྱུང་གནས་སྐ་རགས་གཡོ་ལྡན་མ། །ཐུགས་སྟོབས་རུས་སྦལ་ཁུར་གྱིས་མི་ངལ་བར། །འདེགས་བཞིན་དབྱིངས་ནས་གསུང་ཤོག་གངྒཱའི་ཆབ། །སྙིང་རིང་ལྷ་ཆེན་རལ་བས་མ་བཟུང་བར། །བྱ་མ་རྟ་བ་བྷ་གཱི་ར་ཐས་འདིར། །ལེགས་པར་ཕེབས་པས་ཕྲན་བུའི་དགའ་བདེའི་རླབས། །ཉིན་མཚན་ཀུན་ཏུ་མཁའ་ལ་འཕྱོ་ཞིང་གཡོ། །དགེ་བར་སྒྲུབ་རློམ་བྱ་བཏང་རྒད་པོ་ཡང༌། །ལུས་ཀྱི་ལང་ཚོ་སྟོབས་རྣམས་མི་འཛིན་ཡང༌། །ཆོས་ཀྱི་འཁར་བར་བཏེགས་པའི་སེམས་ཀྱི་དར། །ཐུབ་བསྟན་པདྨོའི་གཉེན་དེར་བལྟ་ལ་བྲེལ། །མཁས་པའི་ལུགས་ཀྱི་དྲག་འགྲོས་བསྐྱོད་པ་འཛིན། །ཨེ་མ་ཐུབ་གསུང་མ་ལུས་ལྟ་ཅི་ཞིག །ཆ་ཙམ་རེས་ཀྱང་འཕྲལ་ཕུགས་འདོད་དགུ་སྩོལ། །མ་ལུས་རིན་ཆེན་བཞེངས་པའི་བསོད་ནམས་འདི། །ཀུན་མཁྱེན་རྒྱལ་བས་ཀྱང་ནི་ངོ་མཚར་བྱ། །དཔལ་ལྡན་རྒྱུད་རྒྱལ་དུས་འཁོར་རྩ་འགྲེལ་ལས། །བོད་སོག་ཡུལ་དང་ཡུལ་གཞན་དེ་དག་ན། །བཀའ་བསྡུ་བྱེད་པ་གཞན་དང་གཞན་དག་གིས། །བསྡུས་ཏེ་བྲིས་ཤིང་ཀླག་པར་འགྱུར་གསུངས་པའི། །ལུང་བསྟན་སྐལ་བ་བཟང་སྙམ་ཤིན་དགའ་རིགས། །ཁྱེད་ཅག་བཞེངས་མཁན་ལྟ་ཅི་བདག་ཅག་སོགས། །དགའ་བས་ཐལ་མོ་སྦྱར་བ་ཙམ་དག་ཀྱང༌། །འཛད་མེད་བསོད་ནམས་ཕུང་པོ་ལ་སྤྱོད་ཅེས། །བློ་གྲོས་དགའ་བདེ་ཡར་ངོའི་ཟླ་བཞིན་གྱུར། །དགའ་བ་ཀུན་གྱི་འབྱུང་གནས་དམ་ཆོས་ལ། །ཡང་ཡང་བསམ་པས་བསོད་ནམས་འཕེལ་བ་ཙམ། །འཇིག་རྟེན་མཁོ་དགུ་སྤེལ་མཁས་མེས་པོ་ཡིས། །བསྐལ་བའི་བར་དུ་ཆ་ཙམ་ག་ལ་ནུས། །
༈ ཚོགས་གཉིས་མཐའ་ཀླས་རིན་ཆེན་ཀུན་བསྡུས་ཆ། །ལེགས་སྨོན་སྣ་ཚོགས་བཟོ་བོས་ཕྱི་བདར་གྱིས། །ཐུབ་བསྟན་འོད་སྟོང་སྤྲོ་མཛད་སྤྲུལ་པའི་གར། །སྲིད་ཞིའི་ནམ་མཁའི་རྒྱན་དེའི་པཱ་ད་ལ། །ས་འཛིན་མཐོན་པོར་བསྡད་ཀྱང་ལྷག་བསམ་དམན། །ལང་ཚོས་རྒན་པོར་གྱུར་ཀྱང་བྱིས་པའི་སེམས། །མི་རྟག་རྒྱུན་དུ་བསྒོམས་ཀྱང་རྟག་འཛིན་ཅན། །བྱ་བཏང་ཟེར་ཡང་འདུ་འཛི་ཅན་འདི་སྐད། །རྗོད་བྱེད་ཟབ་པས་རྒྱལ་བའི་བཀའ་ཡི་ཟླ། །སྙན་འགྱུར་ཉམས་བརྒྱས་སྒེག་པ་འཕྱོར་བའི་ངག །ཐོས་ཚེ་སྔོན་གོམས་རྣམ་རྟོག་བརྒྱ་མངོན་གྱུར། །ཅི་འདིར་དབྱངས་ཅན་གསུངས་སྙན་སོམ་ཉིས་བྲེལ། །གསུང་རབ་ཀུན་འགྲེལ་དཀའ་ཆེན་རབ་འབྱམས་ཀྱི། །གཞུང་སྨྲ་དབང་ཡང་ཆོས་ཀྱི་མུ་ཏོ་ཞེས། །བྱིས་པར་བསྟིང་ཚིག་འཇུག་པ་བཅུ་པའི་ངག །ཟོལ་གྱིས་མཛད་དམ་ལྡེམ་པོ་འདི་ཅིའི་སླད། །ཕུན་ཚོགས་ཚོན་བརྒྱ་བཀྲ་བའི་ལྷའི་ཁང་བཟང༌། །མི་མཐུན་ལས་རྒྱལ་རིན་ཆེན་སྤྲས་པའི་ཁྲིར། །ཐབས་ཤེས་ཞབས་བཀོད་མཐུ་སྟོབས་རྩེ་བརྒྱ་གདེངས། །མཁྱེན་པའི་སྤྱན་སྟོང་གཡོ་བ་ཁྱོད་ལས་གང༌། །མཛེས་སྡུག་རྒྱ་མཚོའི་མངའ་བདག་ཉི་གཉེན་ཞལ། །མཁའ་ཡི་འཇའ་བཞིན་དོན་ལ་མི་སྣང་ཚེ། །མགོན་མེད་དམུས་ལོང་མཐའ་ཡས་སྐྱེ་དགུ་ཡི། །དམིགས་བུ་ཁྱོད་མིན་འོས་པ་ད་ག་རེ། །བདེ་འདོད་སྙིགས་འགྲོ་སྨིག་རྒྱུ་འཐུང་བྲལ་ཚོགས། །དམ་མིན་མྱ་ངན་ཐང་དུ་ངལ་རྣམས་ལ། །སྙིང་རྗེའི་ཆུ་འཛིན་སྡུག་པོར་གཡོ་ཆོས་ཆར། །མི་འབེབས་ཐུགས་རྗེའི་སེམས་བསྐྱེད་སྤྲིན་གྱིས་ཅི། །སྔོན་སྨོན་རྭ་བས་ཡོངས་བསྐོར་གདུལ་བྱའི་ཚལ། །དགའ་བའི་འབྱུང་གནས་དད་དང་ཤེས་རབ་ཀྱི། །ལྷ་རྫས་རྒྱན་མང་འཕྱང་བའི་རྐང་འཐུང་ཚོགས། །ཐུགས་རྗེའི་སྤྱན་རས་མི་སྐྱོང་འདིའི་བདག་གར། །སྤྲུལ་པའི་ལྷ་དབང་ཁྱོད་སྙན་འཚེར་མོད་ཀྱང༌། །བྱིས་པའི་རང་བཞིན་ནི་ཏ་ན་ཡི་ངག །བདེན་ཞེས་བདུད་རྩིའི་ཟས་ཅན་མ་ལུས་ཀྱང༌། །བཞིན་རས་འཛུམ་པ་ངོ་མཚར་སྟོན་པ་ཅི། །སྨྲ་བའི་རྣམ་རྟོག་ཆུ་གཉེར་ལྟར་འཁྲིགས་ཀྱང༌། །བྷ་ཡུ་རོ་ག་ལངས་དགོས་འཛབ་བསྙེན་གྱིས། །ལྷ་ཆེན་རལ་པར་ལེགས་བཤད་གངྒཱའི་ཀླུང༌། །བཟུང་བའི་ཐིགས་པ་དེ་ལས་ཐོབ་མ་གྱུར། །རྣམ་གཡོ་རླབས་གཡོ་ཐོས་པའི་རྒྱ་མཚོ་ལས། །ཆབ་ཤོག་རྣམ་སད་རི་བོ་བསྒྲིལ་བའི་མཐུས། །སྙན་ཚིག་བདུད་རྩི་འཐོར་བའི་ཞུ་ཡིག་ཟླ། །དད་པའི་ཀུ་མུད་བཞད་བཞིན་ཟླ་ཚེས་ལའོ། །
༈ པཎ་ཆེན་བློ་གྲོས་ཉི་མ་ལ་ཕུལ་བའི་ཞུ་ཡིག་ལེགས་བྱས་ཀྱི་རྔ་བོ་ཆེ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི། གསལ་བར་བྱས་སོ་ཐུབ་བསྟན་མཁའ་མ་ལུས། །རྣམ་དཔྱོད་བློ་དང་རྩོལ་བས་ཕན་དང་བདེའི། །སྲོག་གི་འཚོ་བའི་གྲོས་སྟོན་དགེ་བའི་བཤེས། །ནང་གི་ཉི་མ་དམ་པའི་ཞབས་པད་ལ། །ཟག་བཅས་རྣམ་ཤེས་ལྕགས་ཀྱི་གོང་བུ་ཆེ། །ལས་ཉོན་དྲང་སྲོང་དམོད་པས་བརྒྱར་བྱས་པ། །ཟིན་མེད་བྱ་བས་སྐྱོངས་ལ་སུན་པའི་ཡིད། །ཅུང་ཟད་ཙམ་ཉིད་ཐུགས་རྗེར་བལྟས་ཞུ་བ། །དམ་པའི་དངོས་པོ་གཅིག་བྱས་མགོན་ཁྱོད་ཀྱིས། །མ་བསླབས་མ་གཞལ་མང་ཐོས་ཤེས་བྱའི་གཞི། །བྲལ་ཕྱིར་མི་སྒྲོགས་ཆུབ་ཀྱང་འགའ་ཞུ་བ། ལུགས་གཉིས་མ་མཐོང་ཉེ་བའི་སེམས་ཀྱི་གཤིས། །རྟགས་དང་སྟོབས་ཆེའི་ཉོན་མོངས་རྒྱུན་འདི་ཀོ །ཡུལ་དང་རྐྱེན་དུ་བབས་ཚེ་རང་གི་སེམས། །ཡང་ཡང་བཅུན་ལ་ཐུབ་པའི་བཀར་བལྟ་བ། །དུས་གསུམ་རྒྱལ་བ་སྲས་བཅས་བཞུད་པའི་ལམ། །དུས་འདིར་ཆོས་ཀྱི་བཤེས་དང་གྲོགས་དཀོན་ཕྱིར། །སྡེ་སྣོད་གསུམ་ལ་བླ་མ་དམ་པ་ཞེས། །སྟོན་པས་གསུངས་ཤིང་གོང་མ་རྣམས་བཞེད་པས། །སྲིད་ཞིའི་སྐྱོན་ཡོན་གཟིགས་པའི་ཀུན་གསལ་མཛོད། །ཀུན་གྱི་རྩ་བ་དད་དང་ཤེས་རབ་ཅེས། །རིས་མེད་གྲུབ་མཐའ་སྨྲ་བ་ཀུན་མཐུན་ཕྱིར། །ཐོག་མའི་ལམ་མཁན་བར་དུ་གྲོགས་ཀྱི་མཆོག །འབྲལ་མེད་གན་མཛོད་ཅེས་ཀྱང་འདི་གཉིས་མཛོད། །གཟི་བྱིན་མཁའ་མཐར་འགྲོ་བའི་རྗེའི་ཕྱག་ཚྭ། །རྡོ་རྗེའི་ནུས་ལྡན་བསྲུང་བའི་སྔགས་མདུད་དང༌། །སྙིང་གཏམ་འདབ་མ་བརྒྱ་ལྡན་ཀུ་མུ་ཏ། །མཐུན་པའི་རླུང་གིས་ཁྱོད་ཞབས་དྲུང་དུ་སོང༌། །
༈ བསོད་ནམས་ཀྱི་དཔུང་པས་འཛམ་གླིང་ཡངས་པོ་ཆོས་བཞིན་སྐྱོངས་པའི་མིའི་དབང་པོ་སའི་ཚངས་པ་ཆེན་པོའི་ཞབས་དྲུང་དུ། ཞུ་བ། ཚོགས་གཉིས་ཀྱི་རྒྱ་མཚོ་ལས་བྱུང་བའི་ལེགས་བྱས་ཀྱི་སྐུའི་ལྷུན་པོ་ཉེར་འཚེས་གཡོ་བ་མེད་པར་བརྟན་ཅིང་ཆོས་ཁྲིམས་སྲོང་བཙན་སྒམ་པོ་བཞིན་དུ་སྐྱོངས། བསྟན་འགྲོའི་ཕུན་ཚོགས་བླ་ནས་བླར་འདེགས་བཞིན་པའི་དབྱིངས་ནས་འདིར་ཡང་དགོན་གསར་བསྐྲུན་གྱི་ཞལ་འདེབས་ཀྱི་སྐྱེས་དང་བཅས་ཕེབས་པས་ངོས་མཇལ་ལྟ་བུའི་དགའ་བ་ཟང་ཟིང་མིན་པ་རབ་དགའི་ས་ལ་འགྲན་པ་ཐོབ། འདིར་མང་ཐོས་དགེ་སྦྱོང་རྒན་པོའང་དགོན་གསར་འདེབས་ཀྱི་བྲེལ་བ་སོགས་ཀྱིས་རྣམ་གཡེང་དང་དགེ་སྦྱོར་ཕྲན་བུ་སྤེལ་མར་མཆིས། ཆེད་འབུལ། ལོ་སྔོན་མའི་བཀའ་ཤོག་དང་ད་ལོའི་ཡི་གེ་དང་ངག་བཀོད་རྣམས་རྣ་བར་བྱུང་ཞིང་སྟོབས་དང་མཁྱེན་རབ་ཕུན་སུམ་ཚོགས་པའི་ྋརྒྱལ་བ་ཡབ་སྲས་ཀྱི་འཕྲིན་ལས་དང་བསྟན་གཞུང་ལ་རྒྱ། ཐམས་ཅད་མཐུན་པའི་སྤྱི་སེམས་རྣམ་དག་རྣམས་བཟང་འདུག་ཅིང་འགྲོ་མང་བདེ་བ་དང༌། ཆེན་པོ་རྣམས་མཐུན་པ་ཤིན་ཏུ་ལེགས་ཤིང༌། ད་དུང་བསྟན་འགྲོའི་དོན་ལ་གང་ཕན་དང༌། གཙོ་བོར་སྐུ་རིམ་ཁྲོ་བཅུ་དང་ཤཱ་ས་ན་དང་ཡ་མཱ་ར་ཛའི་སྔགས་རྒྱུན་དང༌། སྔར་བཞིན་འཇིགས་བྱེད་ཞི་རྒྱས་ཀྱི་འཁྲུལ་འཁོར་རྩལ་འདོན། དགའ་ལྡན་དུ་ཞྭ་ལུ་པས་བཙུགས་པ་ལྟར་མང་ཇར་ཚོགས་ཐེབ་རེ་ལ་དྲུག་ཅུ་བ་རེ་བསྔོ་བ་དང༌། ཆོས་རྒྱལ་གྱི་བསྐང་གསོལ་གང་མང་ཚུགས་དང་བར་ཆད་བསྲུང་བར་ཁྱད་ཆེ། འདིར་ཡང་སྤྱིའི་དགོན་སྡེ་ཞིག་བྱེད་རྩིས་ཡིན་པས་གྲྭ་རྒྱུན་ཡང་གང་ལྕོགས་རེ་སོགས་དང་སྦྱིན་བདག་གི་གཙོ་བོ་དེ་ནས་གནང་དགོས་ཤིང༌། ཐུགས་ཀྱིས་དཔྱད་པའི་འདིར་དགོན་ལ་གང་ཕན་དང་དགོན་གནས་འདི་རྒྱས་ཐབས་སོགས་ཐུགས་ལ་འདོགས་པར་ཞུ་ཞུ། ལམ་རིམ་འགྲེལ་བ་བྲེལ་དྲག་པ་དང་ཡ་གི་ནས་རྣམ་འགྲེལ་དང་ཕར་ཕྱིན་བསྐུལ་བ་སོགས་ཀྱིས། ཆེ་བ་བཞིའི་ཐད་ཙམ་མོ། ཞིབ་པར་བང་ཆེན་གཉིས་ཀྱི་ངག་ནས་ཞུ། སླད་ནས་ཕེབས་འོས་འཚལ། ཞུ་ཡིག་གཟིགས་རྟེན་བཀྲ་ཤིས་པའི་ལྷ་རྫས་ཉིན་བདེ་ཆེ་ལེགས། རྗེ་རིན་པོ་ཆེའི་བྲི་ཐང་ལེགས་པ་གཅིག །མཛོད་གོས་སྐྱེར་ཁ་འབྲུག་རིས་ཅན་ལེགས་པ། དར་ཡུག་བཅས། ཟླ་༡༠ ཚེས་༡༩ ལ་དགའ་ལྡན་དམ་ཆོས་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་འཁྱིལ་ནས་ཕུལ། །
༈ སྒོ་མང་དཔོན་སློབ་རིན་པོ་ཆེའི་ཞབས་དྲུང་དུ་ཕར་ཕྱིན་རྩོམ་པར་བསྐུལ་བའི་ཞུ་ཐོ་ལགས། ྋརྗེ་བདག་ཉིད་ཆེན་པོའི་འདུན་ལེགས་མ་ལས། འཇིག་རྟེན་མཐོ་རིས་བྱང་གྲོལ་ལྟ་བའི་མིག །ཅེས་སོགས་དང༌། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །ཞེས་སོགས་དང༌། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཞེས་སོགས་དང༌། འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། །དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པའི་ཞབས་ཀྱི་པདྨོའི་དྲུང་དུ། གང་གི་བཀའ་འབངས་སུ་གཏོགས་པ་ཁོ་བོ་ཅག་གིས་ཆོས་ལྡན་གྱི་བྱ་བ་ཁྱད་པར་ཅན་གྱི་ཞུ་དོན་འདི་བཞིན་ཞུ་བ་སྙན་གྱི་དབང་པོ་དར་ཅིག་གསན་པར་ཞུ་འཚལ། དེ་ཡང་ཇི་སྐད་དུ། མགོན་པོ་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །ཞེས་སོགས་གསུངས་པ་ལྟར། དེ་ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་བཤད་སྒྲུབ་ཀྱི་བསྟན་པའི་འབྱུང་ཁུངས་ལྟ་བུ་ནི་དབུས་གཙང་གི་ལྗོངས་འདི་ཉིད་ཡིན་ལ། དེའི་ནང་ནས་དཔལ་ལྡན་ཉམས་མེད་རི་བོ་དགའ་ལྡན་པའི་མདོ་ཕྱོགས་ཀྱི་གྲྭ་ས་ཆེ་བ་བཞི་ནི་སེར་འབྲས་དགེ་གསུམ་བཀྲ་ཤིས་ལྷུན་པོ་དང་བཞིར་ངེས་ཤིང༌། དེ་དག་གི་ནང་ནས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ནི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཞེས་སྙན་པའི་བ་དན་དཀར་པོ་ས་གསུམ་ན་ཆེས་ཆེར་གཡོ་བ་འདི་ཉིད་ཡིན་ལ། དེའི་ནང་ནས། ཇི་སྐད་དུ། རྣམ་བཀྲ་རིགས་པའི་ལུང་དོན་འབྱེད་པ་ལ། །སྲས་བཅས་རྒྱལ་བས་ཤིས་པ་བརྗོད་པའི་སྒོ། །གཞུང་ལུགས་མང་པོར་དཔྱད་བཟོད་འདུས་པའི་སྡེ། །ཞེས་གསུངས་པ་ལྟར། གྲྭ་ཚང་ཀུན་གྱི་ནང་ནས་ཀྱང་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་ནི་མཁས་མང་གི་འདུན་ས་ཆེན་པོ་དཔལ་ལྡན་བཀྲ་ཤིས་སྒོ་མང་ཞེས་ཡོངས་སུ་གྲགས་པ་འདི་ཡིན་ལ། འདི་ཉིད་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་སུ་འགྱུར་བ་དང༌། འཛིན་སྐྱོང་སྤེལ་གསུམ་མཛད་པ་ནི། གྲྭ་ཚང་འདིའི་ཆོས་ཀྱི་ཁྲི་ལ་འཛེག་པའི་བླ་མ་དགེ་བའི་བཤེས་གཉེན་ཞིག་ལ་རགས་ལས་ཤིང༌། དེ་ཡང་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་ངེས་པར་དགོས་ལ། དེ་ལྟ་བུའི་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་དང་ཐོས་བསམ་སྒོམ་གསུམ་ལ་བླ་མ་ཉིད་མཁས་པ་ནི། ད་ལྟ་རྒྱ་བོད་ཧོར་གསུམ་དང་དབུས་རྩང་ཁམས་གསུམ་དུ་གྲགས་ཆེ་བ་ནི་ལྷ་འདྲེ་མི་གསུམ་གྱི་མཐུན་སྣང་དུ་གྲུབ་པ་ཡིན་ལ། དེ་ལྟ་བུའི་མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཁྱེད་ལྟ་བུས་འཆད་རྩོད་རྩོམ་གསུམ་མཛད་དགོས་ཏེ། ཇི་སྐད་དུ། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཡིན། །ཞེས་གསུངས་པ་ལྟར་ཡིན་ཞིང༌། དེ་ཡང་གྲྭ་ཚང་སོ་སོའི་ཡིག་ཆའི་དབང་དུ་བྱས་ན། དཔེར་ན་བློ་གསལ་གླིང་ལྟ་བུ་ལ་མཚོན་ན། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དབུ་ཕར་གཉིས་ཡོད་ཅིང༌། ཡང་དེས་མཛད་པའི་ཕར་ཕྱིན་གྱི་སྤྱི་དོན་དང་འདུལ་མཛོད་གཉིས་ཀ་ཡང་ཡོད་ལ། གཞན་ཡང་འཇམ་དབྱངས་དགའ་བློས་མཛད་པའི་ཕར་ཕྱིན་གྱི་དུམ་བུ་དང་དགེ་འདུན་ཉི་ཤུ་ཆེ་ཆུང་དང༌། གཞན་ཡང་ཆོས་གྲགས་འོད་ཟེར་གྱིས་མཛད་པའི་དབུ་མ་དང༌། མོ་མའི་བསམ་གཟུགས་དང༌། དཔོན་སློབ་འབྲུག་ལྟག་པས་མཛད་པའི་ཡིག་ཆ་ཐོར་བུ་སོགས་ཡོད་ལ། རང་རེའི་གྲྭ་ཚང་འདིའི་དབང་དུ་བྱས་ན་གུང་རུ་ཆོས་ཀྱི་འབྱུང་གནས་དང༌། རིན་ཆེན་བྱང་ཆུབ་དང༌། བྱམས་པ་ལྷུན་གྲུབ་དང༌། དཔོན་སློབ་བསམ་གྲུབ་སྒངས་པས་མཛད་པ་སོགས་ཡིག་ཆ་ཐོར་བུ་འགའ་ཞིག་མ་གཏོགས་དབུ་ཕར་ཚང་མ་བླ་མ་གཅིག་གིས་མཛད་པ་མི་འདུག་པ་དང༌། དེ་དག་ཀྱང་ཚིག་དོན་གང་གི་ཆ་ལ་བརྗོད་བྱ་བཟང་ངན་དང༌། དགག་བཞག་སྤང་གསུམ་གནད་དུ་ཕྱིན་མ་ཕྱིན་དང༌། ཁས་ལེན་སྐོར་ལ་ཆུ་ཐུབ་མི་ཐུབ་སོགས་ཇི་ལྟར་ཡིན་པ་ནི་ཁོ་བོ་ཅག་གིས་ག་ལ་ཤེས་ཤིང༌། འོན་ཀྱང་ཇི་སྐད་དུ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །ཞེས་སོགས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱི་བཀའ་ལའང་དྲང་ངེས་དང་སྒྲ་ཇི་བཞིན་པ་ཡིན་མིན་སོགས་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱིས་ཇི་ལྟར་བཀྲལ་བཞིན། མདོ་སྔགས་ཀྱི་གསུང་རབ་གང་ལའང་བསྲེགས་བཅད་བདར་བའི་གསེར་བཞིན་དུ་དཔྱད་པ་གསུམ་གྱིས་དག་པ་དགོས་པས་ན། ཡིག་ཆ་རྙིང་པ་ཡོད་བཞིན་དུ་གསར་བ་བརྩམ་པ་ལ་འགལ་བ་མེད་མོད། དེ་ཡང་བླ་མ་བཙན་པོ་ནོ་མོན་ཧན་དང་ཁྲི་རིན་པོ་ཆེ་རྒྱ་ནག་པ་གཉིས་ཀའང་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བའི་བཤེས་གཉེན་ཡིན་ཀྱང༌། དེ་དག་ལ་བསྟན་བཅོས་རྩོམ་པར་བསྐུལ་བ་པོ་མེད་པར་བརྟེན། དེ་དག་གིས་ཡིག་ཆ་བརྩམས་པ་ཆེར་མེད་ལ། མདོར་བསྡུ་ན་མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཁྱེད་ལྟ་བུས་མདོ་སྔགས་ཀྱི་ཡིག་ཆ་རྩོམ་པར་སྐབས་སུ་བབས་ཤིང༌། བདག་ཅག་སློབ་མ་རྣམས་ཀྱིས་ཀྱང་རྩོམ་པར་བསྐུལ་མ་བྱེད་པ་འབྲེལ་ཆགས་ལ། དེ་ཡང་མདོ་ཕྱོགས་ལ་པོ་ཏི་ལྔར་གྲགས་པ་ལས། དབུ་མའི་ཡིག་ཆ་ནི་བླ་མ་ཉིད་ཀྱིས་མཛད་ཟིན་པ་ཡོད་ལ། ཚད་མ་རྣམ་འགྲེལ་ནི་ད་ལྟ་རྩོམ་འཕྲོར་ཡོད་པ་དེ་བཞིན་དང༌། དབུ་ཕར་གཉིས་ཐུན་མོང་གི་སྤྱི་དོན་ལྟ་བུ་ནི་བླ་མ་ཉིད་ཀྱིས་མཛད་པའི་ཕྱི་ནང་གི་གྲུབ་མཐའི་རྣམ་བཞག་ཆེན་མོ་ཡོད་ལ། ད་ཆ་གྲྭ་ཚང་འདི་ལ་ཤིན་ཏུ་གལ་ཆེ་བ་ནི་ཕར་ཕྱིན་ཡིན་ལ། ཕར་ཕྱིན་གྱི་ཐལ་འཕྲེང་ཚང་མ་ཞིག་བླ་མ་ཉིད་ཀྱིས་མཛད་ན་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཕན་པ་རྒྱ་ཆེ་ཞིང་འཕྲལ་ཕུགས་ཐམས་ཅད་དུ་ལེགས་ཚོགས་ཤིན་ཏུ་ཆེ་བ་ཡིན་ཏེ། བླ་མ་ཉིད་སྤྱིར་མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཡིན་པར་མ་ཟད། སྒྲ་དང་སྙན་ངག་སོགས་ཤེས་བྱ་རིགས་པའི་གནས་ཐམས་ཅད་ལ་ཤིན་ཏུ་མཁས་ཤིང༌། རྒྱ་བོད་ཀྱི་མཁས་པ་ཐམས་ཅད་ཀྱི་དགོངས་པ་ཚུལ་བཞིན་དུ་འགྲེལ་མཁྱེན་པས་ན། མདོ་སྔགས་ཀྱི་ཡིག་ཆ་མང་པོ་ད་དུང་མཛད་དགོས་ཤིང༌། ཁྱད་པར་དུ་ད་ལམ་བདག་ཅག་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། ཕར་ཕྱིན་གྱི་ཡིག་ཆ་ཞིག་མ་འགྱངས་པར་མྱུར་དུ་མཛད་དགོས་ཞེས། ཁོ་བོ་ཅག་སློབ་མ་རྣམས་ཀྱིས་རྟེན་འབྲེལ་མཚོན་བྱེད་ཙམ་དུ་ཟང་ཟིང་གི་འབུལ་བ་ཕྲན་བུ་དང༌། དགེ་འདུན་ཚོགས་པས་ཀྱང་མཎྜལ་ཕུལ་ཏེ་གསོལ་བ་འདེབས་པའི་གྲོགས་མཛད་དགོས་རྒྱུ་ཡིན་པས་དེ་རྣམས་བླ་མ་དགེ་འདུན་ཐམས་ཅད་ཀྱིས་ཐུགས་ལ་བཞག་ནས་གསོལ་བ་འདེབས་པར་ཞུ་ཞུ་ལགས།
༈ སླར་ཡང་ཐོ་ཆུང་ཟུར་དུ་ཕུལ་དོན། བདག་ཅག་རྣམས་ཞུ་ཕོད་ཆེ་ཙམ་བྱུང་ཡང་གལ་པོ་ཆེ་ལ་ནན་ཏན་དང༌། འབུམ་ལ་བརྒྱ་ཚར་གྱི་དཔེ་ལྟར་ཞུ་བ་ལ། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ་མཁྱེན་རབ་ཀྱི་དབང་ཕྱུག་འདི་ཉིད་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པ་མདོར་ན་སངས་རྒྱས་ཀྱིས་གསུངས་པའི་བཀའ་དང༌། རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་མཛད་པའི་བསྟན་བཅོས་སོགས་རྒྱུད་དང་རྒྱ་གཞུང་སོགས་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་གསུང་ལ་འདྲིས་ཞིང༌། ཤེས་བྱ་རིག་པའི་གནས་ལྔ་ལ་མཆོག་ཏུ་མཁས་པ་དང༌། གསུང་རབ་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཅིང༌། བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཡང་ཚང་བས་ན། བསྟན་བཅོས་རྩོམ་པའི་དུས་ལ་བབས་ཤིང༌། དེ་ལྟ་བུའི་བླ་མ་དམ་པ་འདི་ཉིད་དབེན་པའི་རི་རྩེ་ལ་རྩེ་གཅིག་ཏུ་བསྒྲུབ་པ་མཛད་འཕྲོ་ལ་སྒོ་མང་གྲྭ་ཚང་གི་བླ་མར་ཕེབས་དགོས་ཞེས་གྲྭ་ཚང་གི་གྲྭ་བ་རྒན་གཞོན་ཐམས་ཅད་ཐུགས་འདོད་རྩེ་གཅིག་ཡིན་འདུག་པ་ལྟར་བླ་མར་འཁོད་པ་ཡིན་ལགས་ནའང༌། མཁས་པ་དང་བླ་མའི་བྱ་བ་ནི་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་ལ་ཕན་ཐོགས་པ་ཞིག་དགོས་ཤིང༌། དེ་གསུམ་གྱི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་ཞིག་མ་བྱུང་ན། ཤིང་བཟང་པགས་པའི་འོག་ཏུ་རྒས་པ་ལྟར། གྲྭ་ཚང་གི་ཆོས་ཀྱི་ཁྲི་ལ་ཕེབས་པ་ཙམ་ལས་དོན་ཆེར་མེད་པས་ན། ཡིག་ཆ་དང་རྩིབ་བཞག་གི་སྐོར་ལ། ཕར་ཕྱིན་གསར་དུ་རྩོམ་དགོས་པར་གོང་གི་ཞུ་ཡིག་ཏུ་གསལ་བ་ལྟར་དང་དེ་ཡང་ངག་རྒྱུན་ལ་འབྲས་སྤུངས་བློ་གསལ་གླིང་དང༌། སེ་ར་བྱེས་པ་གཉིས་ལ་རང་གི་བླ་མས་མཛད་པའི་ཡིག་ཆ་ཚང་མ་ཡོད་ལ། གྲྭ་ཚང་གཞན་ལ་མེད་ཅེས་ཟེར་བ་ལྟར། སྒོ་མང་བླ་མས་མཛད་པའི་འདུལ་མཛོད་ཀྱི་ཡིག་ཆ་གཏན་ནས་མེད་པས་ན། དཔོན་སློབ་ཉིད་ཀྱིས་དབུ་མ་དང་རྣམ་འགྲེལ་ནི་མཛད་ཟིན་པ་དང་འདྲ་ལ། ད་ཆ་ཕར་ཕྱིན་དང་འདུལ་མཛོད་གཉིས་མཛད་ན་པོ་ཏི་ལྔ་ལ་ཆ་ཚང་བ་ཞིག་ཡོད་པ་འདུག་པས། ཕར་ཕྱིན་ནི་མ་འགྱངས་པར་འཕྲལ་དུ་མཛད་དགོས་ཤིང༌། འདུལ་མཛོད་གཉིས་ཀྱང་རིམ་ཀྱིས་མཛད་ཆོག་པའི་བཀའ་བཞེས་ད་ལམ་ཡོད་པ་དང༌། དེ་ཡང་བསྟན་བཅོས་བརྩམས་ཀྱང་འཕྲིན་ལས་དང་འགྲོ་དོན་མ་བྱུང་ན། ཡིག་ཆ་བརྩམ་པ་དོན་མེད་པར་འགྱུར་བས་ན། དཔོན་སློབ་རིན་པོ་ཆེ་ཉིད་ཀྱིས་ཁྲི་མཛད་པའི་རིང་ལ་དབུ་ཕར་གཉིས་ཀ་ཁྱེད་རང་གིས་མཛད་པ་དེ་ཁ་རྩིབ་བཞག་ལའང་བཀའ་དྲིན་སྐྱོང་བ་ཅིས་ཀྱང་ནས་མཁྱེན་མཁྱེན། དེ་ལྟར་ཞུ་བ་ལེ་ཚན་མང་དུ་གསོལ་བ་ལ་ཐུགས་ཀྱི་དགོངས་པ་མི་ཁྲེལ་ཞིང༌། བདག་ཅག་འདིར་ཚོགས་དང་བཅས་པ་རྣམས་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་ཐུག་གི་བར་དུ་རྗེས་སུ་བཟུང་དུ་གསོལ།
༈ དཔོན་སློབ་རིན་པོ་ཆེ་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཞབས་དྲུང་དུ། ཕྲན་བུ་ཆབ་མདོ་བའི་གྲྭ་རྒྱུན་ཟུང་གིས་གསོལ་བ་འདེབས་པའི་སྙིང་པོར། རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་བློ་བཟང་འཕགས་པ་བསོད་ནམས་ལྷུན་གྲུབ་དགེ་ལེགས་དཔལ་བཟང་པོའམ། ཡོངས་སུ་གྲགས་པ་འཕགས་པ་རྒྱལ་བ་རྒྱ་མཚོ་འདི་ཉིད་ཀྱི་འཁྲུངས་རབས་གསོལ་འདེབས་སྐྱེས་རབས་བཅུ་དགུ་པར་གྲགས་པ་ཞིག་ལྷ་དབང་ཆོས་རྒྱལ་མཚན་པས་མཛད་འདུག་རུང༌། གོ་རིམས་ཁུངས་ཐུབ་ངེས་ཅན་འགལ་མེད་ཡིན་མིན་སོམ་ཉི་ཡོད་འདྲ་བས་འཚོགས་འདོན་སོགས་མ་དར་བས། རང་རེའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་འདི་ལྟ་བུ་ལ་ངེས་ཅན་གྱི་འཁྲུངས་རབས་གསོལ་འདེབས་སོགས་བསྟན་འགྲོ་ལ་གང་ཅིར་དགོས་འདུག་ནའང་སྙིགས་དུས་སུ་བཀའ་བསྟན་ལ་མ་རྨོངས་པའི་མཁས་པ་ཉིན་སྐར་ལྟར་དཀོན་ཞིང༌། ལྷག་ཏུ་ཁམས་ཕྱོགས་སུ་ལུང་རིགས་སྨྲ་ཞིང་དམ་པ་རྣམས་ཀྱི་རྣམ་ཐར་ལ་རྟོགས་དཔྱོད་ཙམ་མེད་པར་འཁྲུངས་རབས་གསོལ་འདེབས་རྩོམ་པའི་སྤོབས་པ་དང་བྲལ་བས། བོད་ནའང་མཆོག་སྤྲུལ་ཟུང་གི་སྐུ་ཞབས་ལ་རྨོངས་པ་བདག་འདྲ་རྣམས་ཀྱིས་ཞུ་མ་ནུས་ཕྱིན། མདོ་དང་བསྟན་བཅོས་དམ་པ་རྣམས་ཀྱི་རྣམ་ཐར་གཟིགས་རྟོགས་བཅས་ཤེས་བྱ་ཐམས་ཅད་ལ་མཁས་པ་ཆེན་པོ་ནི་རང་ཕྱོགས་ལ་ཉིད་མ་གཏོགས་མི་འདུག་པས། སྤྲེལ་ལོ་འདི་ཀར་རྗེ་འདི་ཉིད་ཀྱི་དགོངས་སྙིང་སྐུ་འཕྲེང་ཡིན་འདུག་པར། འཕྲལ་ཁམས་ཕྱོགས་ཀྱིས་འགྲུལ་པར་ཡི་གེ་སོགས་བྱེད་ཅིང༌། ཆབ་ཁུལ་གྱི་གྲྭ་ཚང་ཆེ་ཕྲར་ཚོགས་འདོན་དུ་ཚུགས་ཨེ་ཐུབ་རྩིས་ལགས་པས། བསྟན་པ་དང་འགྲོ་བར་དགོངས་པ་གཏད་ནས། དམ་པ་འདི་ཉིད་ཀྱི་འཁྲུངས་རབས་གསོལ་འདེབས་རབ་ན་རྒྱས་པ་རྨད་བྱུང་སྐལ་བ་མ་དང༌། བསྡུས་པ་ན་མེ་ཏོག་ཕྲེང་མཛེས་ལྟ་བུ་དང་བརྟན་བཞུགས་ཤིས་བརྗོད་དང་བཅས་པ་ཞིག་གནང་བ་ཅི་ནས་ཀྱང་མཁྱེན་མཁྱེན་ལགས། གཟིགས་རྟེན་ཙམ་ཁ་བཏག།། མཚལ་སྲང་སུམ་ཅུ་དང་བཅས་ཆབ་ཁུལ་གྲྭ་རྒྱུན་དོན་གྲུབ་རྒྱ་མཚོ། ངག་དབང་དོན་ཡོན། འཕགས་པ་དབང་པོ་རྣམས་ཀྱི་ཟླ་ཚེས་དགེ་བར་གཤགས་ཆུང་ནས་གུས་པ་ཆེན་པོས་ཐལ་མོ་སྦྱར་ནས་ཕུལ་བའི་ཞུ་ཡིག།།
༈ ཧྲཱིཿརབ་འབྱམས་རྒྱལ་བའི་ངོ་བོ་བློ་བཟང་གྲགས། །དབྱེར་མེད་འཇམ་དཔལ་གཉིས་པ་སློབ་དཔོན་ཆེར། །གུས་པས་གསོལ་འདེབས་བྱང་ཆུབ་བར་དུ་ནི། །འབྲལ་མེད་རྗེས་བཟུང་ཐུགས་རྗེའི་སྤྱན་གྱིས་སྐྱོངས། །ཆེད་མངགས་དྲི་བ་རྒྱ་དར་ཟུང་འབྲེལ་དང༌། །ཟ་འོག་རི་བཀྲ་ཡུལ་བཅས་ཉམས་མེད་འབྱོར། །ཉེ་ལམ་སྔོན་དུས་ངོས་ཀྱིས་ཕྲད་པའི་སྐབས། །ལེགས་ཉེས་འབྱུང་འགྱུར་ཇི་བཞིན་སྨྲས་པ་ལ། །ཉམས་ལེན་མཛད་པས་ལེགས་པའི་ལམ་དུ་གྱུར། །ཕྱིས་ཀྱང་བསྟན་དང་འགྲོ་བའི་དོན་གྱི་ཕྱིར། །དགོན་གནས་གསར་བསྐྲུན་གྱིས་མཚོན་རྣམ་དཀར་གྱི། །བཞེད་དོན་ཇི་ལྟར་འདོད་རྣམས་ཚུལ་བཞིན་དུ། །འབད་པ་ལྷུར་ལེན་བགྱིས་ན་འགྲུབ་པ་ཡི། །འཕྲིན་ལས་གྲོགས་སུ་ཆོས་སྲུང་ཚོགས་སྤྱི་དང༌། །བྱེ་བྲག་གཟུགས་མེད་དྲེགས་པ་རྡོག་ཆུང་ངས། །སྔོན་ཚེ་ཇི་ལྟར་ཁས་བླངས་མ་ཡེངས་པས། །སློབ་དཔོན་དམིགས་ཡུལ་སྦྱིན་བདག་འཁོར་བཅས་ཀྱི། །འདི་ཕྱིའི་དོན་རྣམས་འབད་མེད་འགྲུབ་པ་ཡི། །ལས་བཞིའི་འཕྲིན་ལས་ཡེངས་མེད་བྱ་ར་བྱེད། །ཁྱད་པར་གེགས་སེལ་རྒྱལ་བའི་བཀའ་འགྱུར་ཐོན། །སྲུང་མའི་ཚོགས་ལ་བསྐང་བ་འཕྲིན་བཅོལ་དང༌། །སྡེ་བརྒྱད་ཀླུ་གཉན་མི་མིན་འབྱུང་པོ་དང༌། དམ་ལ་གནས་དང་མི་གནས་ལྷ་འདྲེ་ལ། །སོ་སོར་དགྱེས་པ་བསྐྱེད་པའི་མཆོད་གཏོར་བཤམས། །ཁྱད་པར་འཇམ་མགོན་ཆེན་པོ་ཙོང་ཁ་པའི། །སྙིང་པོ་དམིགས་བརྩེ་མ་དང་ཡིག་དྲུག་ལ། །འབད་པ་ཆེད་བསྒྲིལ་བགྱིས་ན་བཞེད་དོན་རྣམས། །མྱུར་འགྲུབ་བསྟན་འགྲོའི་ཕན་བདེའི་གསོས་སུའང་ཕན། །ཞེས་པ་རྒྱ་དར་རལ་གྲི་ཤུགས་ལྡན་བཅས། །དམར་ཆའི་ཚེས་སུ་དགའ་གདོངས་ལྕོག་ནས་བྲིས། ། བཀྲ་ཤིས།

སྙན་དངགས་ཚིགས་བཅད་འགའ་ཞིག

སྙན་དངགས་ཀྱི་ཚིགས་བཅད་འགའ་ཞིག་བཞུགས་སོ། །
བསྙོན་དོར་གྱི་དཔེ་ནི། མི་མཇེད་ཞིང་གི་འགྲོ་བ་མ་ལུས་པ། །ཤཱཀྱའི་རྒྱལ་པོའི་གདུལ་བྱར་གྱུར་ཅེས་རྫུན། །བདེན་ན་ཁ་བ་ཅན་གྱི་ཞིང་ཁམས་འདིར། །སྤྱན་རས་གཟིགས་དབང་ངལ་བ་ཅི་སླད་འཛིན། །
༈ ཟོལ་བསྟོད་ཀྱི་དཔེ་ནི། བསྐལ་མང་ཐུགས་རྗེ་གོམས་པའི་རྒྱལ་རྣམས་ཀྱིས། །ཐུགས་རྗེས་འགྲོ་བ་སྐྱོབས་ལ་མཚར་ཅི་ཡོད། །སེམས་མེད་གྱུར་ཀྱང་འབྱུང་བ་འདི་དག་གིས། །ཆར་ཕབ་འགྲོ་བའི་གདུང་བ་སེལ་འདི་མཚར། །སྐབས་མིན་གྱི་བསྟོད་པའི་རྒྱན་ནི། དེང་དུས་སྐྱེ་བོའི་ངང་ཚུལ་འདི་མཐོང་ཚེ། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་མཐར་སོན་ཏེ། །ཆོས་བརྒྱད་སྤངས་ནས་སྒྲུབ་པ་ལྷུར་ལེན་པའི། །བཀའ་གདམས་གོང་མའི་རྣམ་ཐར་སྙིང་ལ་དྲན། །
༈ ཡོངས་བརྗེས་ཀྱི་རྒྱན་ནི། སྙན་དངགས་རྒན་པོས་བཤད་པའི་འོད་སྟོང་རྣམས། །ཁྱེད་ལ་སྤྲོས་ཤིང་མི་དབང་གཞོན་ནུ་ཡི། །མཁྱེན་པའི་སྐྱེད་ཚལ་ལས་ཀྱང་སྙན་དངགས་ཀྱི། །མེ་ཏོག་ཕྲེང་བ་བདག་གིས་ལེགས་པར་བླངས། །
༈ ཤིས་བརྗོད་ཀྱི་རྒྱན་ནི། སྟོན་དུས་དག་པའི་མཁའ་ལ་ཟླ་ཤེལ་བཞིན། །ཡིད་མཚོར་དབྱངས་ཅན་ངང་མོས་རྣམ་རྩེན་པས། །ཁྱེད་ཅག་མཁས་པའི་ཡིད་འཕྲོག་སྙན་དངགས་ཀྱིས། །འདོད་དགུའི་རྫ་རྔ་ཅི་ཡང་སྒྲོགས་གྱུར་ཅིག །
༈ ཨ་ཏི་ཤ་དང་རྗེ་བཙུན་ཙོང་ཁ་པའི། །རྣམ་དཀར་འཕྲིན་ལས་སྙན་གྲགས་ཕུང་པོ་དག །དཔག་ནུས་མིན་ཡང་འཇིག་རྟེན་འདིར་ཤོང་བ། །ཨེ་མ་ཤེས་བྱའི་ཁྱོན་འདི་ཤིན་ཏུ་ཡངས། །ཞེས་པ་དང༌། པདྨ་འབྱུང་གནས་མཐའ་དག་གཅིག་བསྡུས་ཤིང་། །ཟླ་ཤེལ་སྟོང་ཕྲག་སྙིང་པོར་བྱས་གྱུར་ཀྱང༌། །དབྱངས་ཅན་ཞལ་གྱི་དཀྱིལ་འཁོར་མཛེས་པ་ཡི། །ཆ་ཡི་རྡུལ་ལའང་བསྐྲུན་དུ་ཅི་ཞིག་ཡོད། །ཅེས་པ་ཚད་ལ་འགལ་བརྗོད་ཀྱི་སྒོ་ནས་བསྔགས་པར་བྱེད་པའི་དཔེར་བརྗོད་དོ། །
༈ དུས་མཐའ་འདིར་ཡང་བློ་བཟང་འཕྲིན་ལས་ཀྱིས། །རྒྱལ་བའི་བསྟན་པ་དེ་ལས་བསྟན་འཛིན་ཚོགས། །དེ་ལས་མ་ནོར་ལམ་བཟང་དགའ་སྟོན་དག །དེ་ལས་འགྲོ་འདིའི་ཕན་བདེ་ལྷག་པར་རྒྱས། །ཞེས་པ་ནི། ཕྲེང་པའི་གསལ་བྱེད་དོ། །
༈ ཆུ་གཏེར་ལས་ནི་ཆུ་འཛིན་ཕྲེང༌། །དེ་ལས་གཡོ་བའི་གློག་ཕྲེང་ཅན། །དེ་ལས་ཆར་རྒྱུན་དེ་ཡིས་ནི། །ཆུ་གཏེར་རབ་ཏུ་རྒྱས་པར་གྱུར། །ཅེས་པ་ནི་དོན་བསྐོར་རོ། །
༈ ཡང་ན། མཁས་པ་རྣམས་ལས་ལེགས་བཤད་ཚོགས། །ལེགས་བཤད་ལས་ཀྱང་ལུང་རིགས་ཀྱི། །སྤོབས་པ་དེ་ལས་བློ་གསལ་དང༌། །བློ་གསལ་རྣམས་ལས་མཁས་པའི་ཚོགས། །ཞེས་པ་ལྟ་བུའང་ཡིན་ནོ། །
༈ ཉི་མའི་འོད་ཟེར་དག་གིས་ནི། །པདྨོའི་ཚོགས་རབ་རྒྱས་པར་བྱེད། །ཁྱོད་ཀྱི་ལེགས་བཤད་བཀའ་དྲིན་གྱིས། །བདག་གི་བློ་གྲོས་རྒྱས་པར་བྱེད། །ཅེས་པ་ནི་ཚིག་བསྐོར་རོ། །
༈ མཁས་པ་ཁྱོད་ནི་འཛམ་གླིང་འདིར། །བློ་གསལ་ཚོགས་ལ་ལེགས་བཤད་འདོམས། །མི་ཕམ་མགོན་དེ་དགའ་ལྡན་དུ། །ལྷ་ཡི་ཚོགས་ལ་ལེགས་བཤད་འདོམས། །ཞེས་པ་ནི་ཚིག་དོན་གཉིས་ཆར་བསྐོར་བའོ། །
༈ ཙུ་ཏ་རབ་ཏུ་རྒྱས་པའི་འཁྲི་ཤིང་ལས། །མ་ལི་གསར་བའི་དྲི་བཟང་གིས་བགོས་པའི། །བུང་བ་གཡོ་བས་ཁྱབ་པ་འདི་རིགས་མོད། །བགྲང་ཡས་གླང་མོའི་ཆང་འཐུང་འདི་ཅི་ཞིག །ཅེས་པའོ།
༈ ཡང༌། འོད་ཟེར་ཕྲེང་པས་ནོར་འཛིན་ཀུན་ཁྱབ་ཅིང༌། །འཆར་ནུབ་དང་བྲལ་སྤྲིན་གྱིས་མི་སྒྲིབ་ལ། །པདྨ་ཀུན་མུད་མཉམ་དུ་རྒྱས་བྱེད་པའི། །སྣང་བྱེད་འདི་ནི་བདག་གི་སྐལ་བས་རྙེད། །ཅེས་པ་ནི་སྙན་དངགས་མཁན་རང་ཉིད་བརྗོད་འདོད་འགའ་ཞིག་ཡིད་ལ་བཞག་ནས་དེ་འདྲ་བའི་ཆོས་འགའ་ཞིག་བརྗོད་པའི་སྙན་དངགས་སོ། །
སྨྲས་པ།
ཐུབ་པས་གྲངས་མེད་གསུམ་དུ་ཐུགས་སྐྱེད་ཆོས། །
འགྲོ་ལ་མི་འཚེ་བདག་མེད་ཞི་བ་དང༌། །
མཆོག་ཏུ་དུལ་བའི་བརྟུལ་ཞུགས་བདུད་རྩི་འདི། །
ཚེ་རབས་ཀུན་ཏུ་ལྷན་སྐྱེས་ལྟར་སྤྱོད་སྨོན། །
དུག་གསུམ་ཆང་གིས་མྱོས་པའི་བག་མེད་སེམས། །ངན་པའི་གཉིས་འཐུང་དབང་པོའི་གྲོང་རྒྱུ་བ། །དྲན་དང་ཤེས་བཞིན་ལྕགས་ཀྱུས་མ་ཐུལ་ན། །བསྟན་འགྲོའི་ཚལ་དུ་མི་སྨིན་ཀྱེ་མ་ཐུལ། །བཟང་དང་ངན་གོམས་སེམས་ལ་རྗེས་འཇུག་པ། །མ་ལི་ཀ་དང་ལྡོང་རོས་དང་འགྲོགས་པའི། །རས་ཡུག་བཞིན་ཡིན་སྤྱོད་ངན་འབོར་བ་ལ། །མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་རིགས་ཀྱི། །འདི་ནི་མི་ནུས་སྙམ་ནས་བཟློག་མི་བྱ། །མཁས་དང་བླུན་པོའི་དགེ་སྡིག་ཁྱད་ཆེ་བས། །ཐར་བ་འདོད་རྣམས་ཐོས་དང་བསམ་སོགས་ལ། །བརྩོན་པས་སངས་རྒྱས་འཁོར་བཞིའི་རྗེས་འགྲོར་འཚལ། །
ཞེས་པ་ྋརྗེ་འཇམ་དབྱངས་བཞད་རྡོར་གྱིས་བར་སྐབས་ཞིག་ཏུ་སྨྲས་སོ།། །།

སྙན་ངག་གི་བསྟན་བཅོས་དབྱངས་ཅན་ཞལ་ལུང་།

ཀབིརྐཤཀརསྱཤསྟྲསྶྦརསྭསྟིམུཁསྱཱགམལཀྵསྱསུརྱཔྲབྷཱིནཱམབིཧརཏིསྨ།
སྙན་ངག་གསལ་བར་བྱེད་པའི་བསྟན་བཅོས་དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན་ཞེས་བྱ་བ་བཞུགས་སོ། །
མཁྱེན་རབ་མ་ལུས་འདུས་པའི་གཟུགས་སྐུའི་མཛེས་སྡུག་རྒྱ་མཚོ་རྫོགས། །ཟབ་བརླིང་ཡངས་ལྡན་གསུང་དབྱངས་རེས་ཀྱང་ཞིང་ཁམས་རབ་འབྱམས་འགེངས། །རྣམ་མེད་བདེ་ཆེན་ཐུགས་ཀྱི་གཏིང་ནི་ཆོས་རྣམས་ཀྱིས་མི་རྫོགས། །རྒྱལ་ཀུན་ཡབ་གཅིག་ལྷ་ཀྱཻ་དཔྱོད་ལྡན་སྨྲ་བ་མཆོག་གྲུབ་མཛོད། །གང་ཞིག་དྲན་པ་ཡིས་ཀྱང་མགྲིན་པའི་སྒྲོག་གྲོལ་གསུང་དབང་མྱུར་དུ་སྩོལ། །སྐལ་ལྡན་མགྲིན་པར་སྙན་ཚིག་ཕྲེང་མཛེས་ཟླ་མེད་སྤེལ་ལ་ཀུན་ཏུ་དགྱེས། །གང་འཚམ་ཞི་དང་དྲག་པོའི་རྣམ་པར་རོལ་སྟོན་ཡེ་ཤེས་སྒྱུ་འཕྲུལ་མས། །མགྲིན་པའི་འོ་མཚོར་འཇོ་སྒེག་གར་སྟབས་སྒྱུར་ཅིག་ཆུ་གཏེར་གྱེན་འཐོར་བཞིན། །ཕུལ་བྱུང་ཚུལ་འདིའི་ཚིག་སྦྱོར་རྨད་བྱུང་གིས། །ཀུན་དགའི་རྒྱ་མཚོ་འཛིན་མཁས་དཔའ་བོ་དང༌། །འཛིན་མའི་ཚངས་པ་དགེ་བའི་དབང་པོའི་ཞབས། །དབྱངས་ཅན་སྲས་པོ་དཎྜི་ཨེ་མ་བསྔགས། །ཆོས་འདི་བསྒྱུར་བཤད་རྣམ་དཀར་གཟི་འོད་ཀྱིས། །གངས་ལྡན་ཁྱོན་ཡངས་འགེང་མཛད་སའི་ཉི་ཟླ། །ཤོང་དབང་ཡབ་སྲས་ལོ་ཆེན་ནམ་བཟང་ཞབས། །བརྒྱུད་བཅས་རིས་མེད་ཐུབ་བསྟན་བདུད་རྩིའི་གཏེར། །རྨད་བྱུང་རྒྱལ་ཀུན་འཕྲིན་ལས་གཟུགས་ཅན་བཞིན་དང་མཐའ་བྲལ་བློ༵་གྲོས་ཀུན། །ངེས་པར་མཁས་བཙུན་བཟ༵ང་པོའི་གཟུགས་སུ་རྣམ་པར་རོལ་བའི་གསང་བ་གསུམ། །ཀུན་གསལ་ཞགས་པས་འཁྱུད་མིན་གྲ༵གས་སྙན་དཀར་པོས་ཕྱོགས་ཀུན་ནམ་མཁའི་དབྱིངས། །ཁྱབ་མཛད་རྒྱལ་བ་གཉིས་པ༵འི་ཞབས་སེན་དབང་རྒྱལ་སྤྱི་བོར་མཆོད་ལ་སྤྲོ། །ཡོངས་རྫོགས་རྒྱལ་བསྟན་གསེར་གྱི་ཤིང་རྟ་ཆེ། །རྣམ་དཔྱོད་དཔུང་བས་རབ་དྲངས་ལམ་སྲོལ་ཆེ། །སྐྱོང་མཛད་ཀུན་མཁྱེན་མཁས་གྲུབ་ཡབ་སྲས་སོགས། །ཐུབ་བསྟན་སྲོག་ཤིང་དེ་དག་ལ་ཕྱག་འཚལ། །གངས་ཅན་ལྗོངས་ལ་རྒྱལ་བའི་ཉིན་བྱེད་བདུན། །འབྱུང་བར་ལུང་བསྟན་ཇི་བཞིན་རིམ་བྱོན་རྗེ། །དབྱངས་ཅན་བཞད་དང་བསོད་ནམས་ཆུ་གཏེར་ཆེ། །མཐུ་སྟོབས་ཡོན་ཏན་གཏེར་ཆེན་རྣམས་ལ་འདུད། །དུས་གསུམ་རྣམ་འདྲེན་ཀུན་གྱི་ཐུགས་རྗེ་གཅིག་གྱུར་ངག༵་གི་དབ༵ང་ཕྱུག་གང་དེ་ཉིད། །ངུར་སྨྲིག་རོལ་བས་བློ༵་བཟ༵ང་རྒྱལ་བ་གཉིས་པའི་ཆོས་སྲིད་གདུགས་དཀར་གྲིབ་བསིལ་ཆེར། །གནས་ལྔ་འོད་གཟི་བཀྲ་བས་འཛིན་མར་ཁྱབ་བྱས་རྫོགས་ལྡན་དགའ་སྟོན་གསར་བ་ལ། །ཞིང་ཁམས་རྒྱ༵་མཚོ༵འི་རྒྱལ་ཀུན་དགྱེས་ལྡན་བསྔགས་པའི་རྗེ་བཙུན་ཁྱོད་ལ་སྙིང་ནས་གུས། །ཐུགས་རྗེའི་ཆ་ནི་ཕྱག་ན་པདྨ་འཛིན། །མཁྱེན་པའི་ཐིག་པ་འཇམ་དབྱངས་གཞོན་ནུར་གྱུར། །མཐུ་ནུས་གསང་བདག་ལ་འགྲན་རིགས་བརྒྱའི་བདག །ཟླ་མེད་ཡོངས་རྫོགས་བཤེས་གཉེན་རྣམས་ལ་འདུད། །རྒྱུ་སྐར་དབུས་ན་བདུད་རྩི་སྦྱིན་རྒྱས་བཞིན། །ཀུན་ལ་མ་རྨོངས་འཆད་རྩོད་རྩོམ་པ་ཡིས། །རབ་འབྱམས་མཁས་མང་དབུས་ན་ལྷམ་མེ་བ། །པཎ་ཆེན་མ་ཏི་རྣམ་བཞི་རྒྱལ་གྱུར་ཅིག །གང་ཞིག་བློ་ལྡན་མང་དུ་འདུས་པའི་ཚེ། །མཁས་དང་རྨོངས་པའི་ཁྱད་འབྱེད་གཏན་ཚིགས་དང༌། །སྒྲ་རིག་འཁོར་བཅས་ཡིན་ནོ་ཁྱད་པར་དུ། །མཁས་པའི་ཞལ་མཛེས་སྙན་ངག་ཁོ་ན་ཡིན། །བསྟན་བཅོས་འདི་ལ་མཁས་རྨོངས་མང་དག་གིས། །འགྲེལ་པ་དཔེར་བརྗོད་དྲི་ཅན་མང་མོད་ཀྱང༌། །ཚིག་ཉུང་དོན་རྫོགས་དཀའ་འགྲེལ་དབྱངས་ཅན་གླུ། །དེ་རྗེས་འབྲང་རྣམས་གསལ་བྱེད་བདག་སྤྲོ་འདོད། །གང་དག་གཞན་གྱི་བསྟན་པ་སྟོན་པ་དང༌། །སྒྲུབ་བྱེད་གཏན་ཚིགས་མ་ལུས་གཙོར་བཀག་པའི། །མདོ་འགྲེལ་ཐུན་མོང་ཡིན་ན་ལུགས་དེ་སུན། །འབྱིན་བྱེད་དེའི་ཡིན་མ་སྨྱོས་སུ་ཞིག་སྨྲ། །དེ་ཕྱིར་དེ་རྗེས་འབྲང་རྣམས་རྩ་བ་ཡིས། །བཏང་བའི་ཡལ་ག་དག་ལ་སྡོད་པར་རློམ། །
༈ ལུས་ནི་འདོད་པའི་དོན་ཅན་ཚིག་གིས་ཕྲེང༌། །དབྱེ་ན་བཅད་ལྷུག་སྤེལ་མ་རྣམ་གསུམ་འདོད། །ཚིགས་བཅད་ལས་གཞན་རྒྱུན་ཆགས་མེད་པའི་ཕྱིར། །རྒྱུན་ཆགས་ཟུར་དུ་འབྱེད་པ་ཤིན་ཏུ་འཁྲུལ། །རྒྱུན་ཆགས་མ་བཅད་སྡེབ་སྦྱོར་བཞིན་ཡིན་ན། །རྐང་པས་གཅོད་དགོས་རང་གི་ཚིག་དང་འགལ། །གང་ཡང་རྐང་པས་མ་བཅད་ལྷུག་པ་ལ། །སྡེབ་སྦྱོར་པྲཱསྟཱ་མི་འབྱུང་ཚིགས་བཅད་ལ། །རྐང་བཞི་མི་དགོས་མངོན་པས་རྒྱས་འགེབ་པ། །ཞྭ་དཔེ་ལྷམ་ལ་འགེབ་པ་ཁོ་ནར་ཟད། །སྙན་ངག་ཚིག་བཅད་རྐང་པ་བཞི་ལྡན་དེ། །དབྱེ་ན་སྡེབ་སྦྱོར་སྒོ་ནས་བྲི་ཛ་གཉིས། །རིགས་ཀྱི་སྒོ་ནས་གྲོལ་རིགས་མཛོད་འདུས་བཞི། །དང་པོ་རབ་གཅེས་སྤྲོས་པ་གཞན་དུ་ཚོལ། །གྲོལ་པ་ཤོལ་ཀ་གཅིག་གིས་དོན་རྫོགས་སྟོན། །ཡུལ་གཅིག་ཤོལ་ཀ་དུ་མས་རབ་བླངས་ནས། །བྱ་ཚོགས་གཅིག་གིས་ཐམས་ཅད་སྟོན་ནུས་རིགས། །གཅོད་མཚམས་སྣ་ཚོགས་ངོས་ནས་ཤོལ་ཀ་དང༌། །བྱ་ཚིག་ངེས་མེད་བརྗོད་བྱས་ཕྱུག་པ་མཛོད། །དོན་གཅིག་ཤོལ་ཀ་བྱ་ཚིག་དུ་མ་ཅན། །འདུས་པའོ་སརྒས་བཅིངས་པ་ཆ་ཤས་འདོད། །ཤིས་སོགས་སྒོ་དང་སྡེ་བཞི་སོགས་ཀྱི་སྲོག །ཉམས་དང་འགྱུར་བ་རྒྱན་རྣམས་དག་གིས་སྤྲས། །སརྒ་ལྡན་དང་དེ་མཐའ་ཐ་དད་ལྡན། །སྙན་ངག་ཆེ་བའི་མཚན་ཉིད་དེར་འཇུག་སྒོ། །ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་བསྟན་གསུམ། །ཤིས་བརྗོད་ཡུལ་ལ་སྲུངས་སོགས་ཤིས་པར་སྨོན། །ཕྱག་བྱ་འདུད་གུས་བསྔགས་སོགས་ལྡན་པའི་ངག །གཞུང་དེའི་བརྗོད་བྱའི་ལུས་ཀྱི་ཆ་བསྡུས་ནས། །སྟོན་པ་གང་དེ་དངོས་པོ་ངེས་པར་བསྟན། །སྔོན་བྱུང་གཏམ་དང་སྡེ་བཞི་ལ་སོགས་པ། །བརྗོད་བྱའི་དོན་ནི་སྲོག་ཡིན་དེ་ཡི་ཕྱིར། །ལུས་ལ་ཚིག་དོན་གཉིས་སུ་འབྱེད་རྣམས་འཁྲུལ། །བརྗོད་བྱ་སྲོག་དང་བཅད་ལྷུག་སྤེལ་མ་ལུས། །སྒྲ་དོན་གབ་ཚིག་མཛེས་པར་བྱེད་པའི་རྒྱན། །སྨྲ་འདི་ཁྱད་འཕགས་ལེགས་བཤད་ཡིན་པར་སེམས། །
༈ ཡུལ་བསྔགས་གཞན་ལས་རྒྱལ་ཞེས་བྷཱ་མ་ཧ། །གཞན་བསྔགས་དེ་ལས་ལྷག་བསྔགས་དབྱུག་པ་ཅན། །
༈ རྐང་མེད་ཚིག་རྒྱུན་ལྷུག་པའི་མཚན་ཉིད་དེ། །མིང་གིས་དབྱེ་ན་བརྗོད་པ་གཏམ་གཉིས་འདོད། །དོན་གྱི་དབྱེ་བ་བྷཱ་མ་ཧས་བཞེད་ཀྱང༌། །དབྱངས་ཅན་མགྲིན་པར་རོལ་བས་དཎྜིས་བཀག
༈ ཚིགས་བཅད་ལྷུག་པ་སྤེལ་ལེགས་སྤེལ་མར་འདོད། །དབྱེ་ན་བཅད་ལྷུག་སྤེལ་ཅིང་ཀུན་དགའ་སོགས། །སྐད་རིགས་བཞི་འདུས་ཟློས་གར་དེ་དང་ནི། །གཅིག་བརྟེན་བཅད་ལྷུག་སྤེལ་བའི་ཙམྦུ་གཉིས། །
༈ སྙན་ངག་ཚིགས་བཅད་ལྷུག་པ་སྤེལ་མའི་ལུས། །དེ་དག་ལེགས་སྦྱར་རང་བཞིན་ཟུར་ཆགས་དང༌། །འདྲེས་པ་བཞི་རུ་སྔོན་གྱི་མཁས་པས་སྦྱར། །བྱིངས་ཙམ་མིང་ཙམ་རྟགས་ལ་ཀྲིཏ་རྐྱེན་དང༌། །ཀུན་བཤད་ཏིང་དང་སུབ་ཀྱིས་བསྒྲུབ་པ་ཡི། །མིང་དང་ཚིག་ངག་སྐད་མཆོག་ལེགས་སྦྱར་འདོད། །རང་བཞིན་ལེགས་སྦྱར་དེ་ལས་སྐྱེས་པའི་སྐད། །ཡུལ་འཁོར་ཆེ་བརྟེན་སྐད་ཀྱང་དེ་ཡི་མཆོག །ཕྱུགས་རྫི་སོགས་ཚིག་སྙན་ངག་ལ་ཟུར་ཆག །ཀ་ཙན་སོགས་ལས་ལེགས་སྦྱར་ལས་གཞན་འདོད། །ལེགས་སྦྱར་རང་བཞིན་ཟུར་ཆག་གསུམ་འདྲེས་པའི། །ངག་གི་རང་བཞིན་དེ་འདྲ་འདྲེས་མར་བཤད། །སྔོན་བྱུང་གཏམ་སོགས་དེ་བཞི་གང་རུང་ངམ། །གཉིས་སམ་གསུམ་མམ་ཐམས་ཅད་འདྲེས་པ་དང༌། །ལེགས་སྦྱར་འབའ་ཞིག་གིས་ཀྱང་བཅིངས་པ་ཡོད། །སྙན་ངག་དག་ལ་ཉེར་མཁོ་བའི། །ལུས་སྲོག་སྒོ་དང་རྩོམ་ཚུལ་གྱི། །གཅེས་བསྡུས་འཁྲུལ་སྤང་བླ་མའི་གསུང༌། །ཉི་མ་གསར་བ་སླར་ཡང་བཞིན། །སྙན་ངག་གི་ལུས་སོགས་ཀྱི་རབ་ཏུ་བྱེད་པ་སྟེ་དང་པོའོ། །
༈ ཟླ་རྒྱས་ཞལ་ལ་ཨུཏྤལ་སྔོན་པོའི་སྤྱན། །བིམ་པའི་མཆུ་སྒྲོས་འཛུམ་པའི་སྐུའི་དཀྱིལ་འཁོར། །མཛེས་ཟླ་སྲིད་ཞིར་མ་རྙེད་རང་ཉིད་དཔེར། །སྟོན་མཛད་དབང་མོས་ངག་གི་མཆོག་སྦྱིན་མཛོད། །སྒེག་རོལ་སྟབས་སོགས་ལྟ་བྱའི་དོན་ཡིན་ལ། །རྒྱུད་མང་གླུ་སོགས་མཉན་བྱའི་དོན་ལྡན་གྱི། །ཉམས་ལས་གཉིས་སྦྱོར་དོན་ཉམས་ཀུན་ལ་གཅེས། །ལྷོ་ཤར་ཐུན་མོང་མིན་པའི་ལམ་དབྱེ་ན། །སྦྱར་བ་རབ་དྭངས་མཉམ་ཉིད་སྙན་དང་གཞོན། །དོན་གསལ་རྒྱ་ཆེ་བརྗིད་མཛེས་ཏིང་འཛིན་བཅུ། །ལྷོ་བའི་ལམ་སྲོག་ཕལ་ཆེར་བཟློག་པ་ནི། །ཤར་བའི་ལུགས་ཡིན་འདི་དག་གསལ་བར་དབྱེ། །སྡེ་ལྔའི་ཟླ་རྩེ་མདའ་དང་མཐར་གནས་ཀྱི། །སྲོག་ཆུང་བྲལ་དེ་སྡེ་ལྔའི་མིག་ཆུ་བོ། །དྲོ་བ་ཀྵ་རྣམས་མང་འདུས་ལས་གྲུབ་ལྕི། །སྦྱར་བའི་མཚན་ཉིད་བེ་དརྦྷ་ཡི་ལུགས། །འདིར་སྲོག་ཆེ་སྦྱར་གཉིས་པར་སྒྲ་དོན་སྦྱར། །འདིར་ནི་སྦྱོར་ལྕི་སྡེབ་སྦྱོར་ཡི་གེ་ལྕི། །སྲོག་ཆུང་མང་འདུས་སྦྱོར་བ་ལྷོད་པར་བཅས། །ཡིག་བསྐོར་རྗེས་སུ་འཁྲིག་བཅས་ཤར་བ་འདོད། །
༈ གྲོང་པའི་ནུས་བྲལ་འཇིག་རྟེན་གྲགས་དོན་ལྡན། །རབ་དྭངས་རྒྱན་ཏེ་ལྷོ་བའི་མཁས་རྣམས་གསོས། །ཤར་བའི་ངེས་ཚིག་ཡོང་ཕྱིར་གྲགས་མིནའང་སྦྱོར། །
༈ ཕྱེད་ལ་སྲོག་ཆུང་འཇམ་དང་ཕྱེད་ལ་སྲོག །ཆེ་དང་རྩུབ་ལྡན་འཇམ་རྩུབ་མཉམ་པའི་ཕྱིར། །མཉམ་པའི་རྒྱན་ཏེ་བྷེ་དརྦྷ་ཡི་ལུགས། །གཅིག་ལ་སྲོག་ཆེ་རྐང་པ་གཞན་གསུམ་ལ། །འཇམ་ལྡན་མི་མཉམ་འདི་འདྲ་ཤར་པས་སྦྱོར། །
༈ ཚིག་གི་ཉམས་ཆེ་དོན་ཡང་ཉམས་ཁྱད་ཅན། །མཁས་པ་དགའ་བྱེད་སྙན་པའི་མཚན་ཉིད་འདོད། ཡིག་ཚིག་གང་ལ་སྔ་ཕྱིའི་གཟུགས་དང་གནས། །ཕྱི་མོ་བརྩེགས་མཚུངས་ཉེར་གནས་རྗེས་ཁྲིད་ལྡན། །སྒྲ་ཡི་ཉམས་ལྡན་སྙན་པར་ལྷོ་བ་བཞེད། །ཚིགས་བཅད་རྐང་དང་བཅད་ལྷུག་གཉིས་ལ་ཡང༌། །ཚིག་ལ་དབྱངས་ངེས་མེད་ཀྱང་གསལ་བྱེད་གཅིག །ཡང་ཡང་བསྐོར་དང་སྔ་ཕྱི་ཆེར་མི་རིང༌། །རྗེས་ཁྲིད་སྒྲ་ཉམས་སྙན་པ་གཽ་ཌའི་ལུགས། །དབྱེ་ན་རྐང་པར་བསྐོར་དང་ཚིག་ལ་བསྐོར། །རིང་ཐོས་ཤར་པ་ཁོ་ནའི་རྗེས་ཁྲིད་བཞི། །ཡི་གེ་གཅིག་སོགས་རྐང་པའི་ཐོག་ལྟ་བུར། །ཡང་ཡང་བསྐོར་པར་རྐང་པར་བསྐོར་བ་སྟེ། །གསུམ་པར་ཡི་གེ་ཚོགས་དགོས་མཐའ་བརྟེན་སོགས། །གཟུགས་གཅིག་རྐང་པ་སྔ་མ་ཇི་བཞིན་དགོས། །རྗེས་ཁྲིད་ཡིག་རྐྱང་བ་དང་དབྱངས་ངེས་མེད། །མཐའ་རྟེན་སོགས་ངེས་མེད་པའི་ཁྱད་པར་གཅེས། །རྐང་པ་རྐང་པར་ཡི་གེ་གཞན་དང་གཞན། །རིང་མིན་ཡང་ཡང་བསྐོར་བ་ཚིག་ལ་བསྐོར། །ཡི་གེ་བསྐོར་བ་བར་དུ་ཡི་གེ་དག །དགུ་སོགས་མང་པོས་ཆོད་གང་རིང་པར་བསྐོར། །སྦྱོར་བ་རྩུབ་མང་བརྗོད་དཀའི་རྗེས་སུ་ཁྲིད། །ཤར་པ་ཁོ་ནའི་འདོད་དེ་ལྷོད་ཀྱང་སྦྱོར། །རྗེས་ཁྲིད་དེ་འདྲ་བེ་དརྦྷ་མི་འདོད། །ཐུན་མོང་དེ་མིན་ཀུན་ལ་དོན་ཉམས་གཅེས། །གླང་རྫི་སོགས་ལ་གྲགས་དོན་དེའི་ངག་སྨྲས། །གྲོང་པའི་དོན་ལྡན་སྐྱོན་ཆེ་དེ་སྤོང་ན། །ཀུན་དང་ཐུན་མོང་མིན་པའི་ཚིག་སྦྱོར་གྱིས། །སྙན་ངག་ལམ་དུ་ལེན་པ་དེ་ཡི་སྨན། །གཅོད་མཚམས་ལེགས་གམ་མིང་དེ་ཐུན་མོང་པའི། །གྲོང་པའི་དོན་སྟོན་སྒྲ་ཡི་གྲོང་པའང་སྐྱོན། །མིང་དེ་གཞན་ལ་འཇུག་རུང་ཡིན་ཀྱང་དེར། །སྐབས་ཀྱི་དེ་ལས་འོས་མེད་གྲོང་མིན་པ། །དམིགས་གསལ་ཅན་ཡང་འདིར་ཁས་མི་ལེན་མིན། །
༈ རྩུབ་མིན་ཡི་གེ་མང་བ་ཤིན་ཏུ་གཞོན། །ཐམས་ཅད་གཞོན་པ་ལྷོད་པའི་སྐྱོན་ཡིན་སྤངས། །ལྷོ་བའི་ལུགས་ཡིན་ཤར་པའང་འདོད་མོད་ཀྱང༌། །གཙོ་བོར་བརྗོད་པར་དཀའ་བས་རྩུབ་པ་འདོད། །
༈ དོན་བརྟག་མི་དགོས་རྟོགས་ནུས་དོན་གསལ་མཚན། །ཤར་བ་ཁ་ཅིག་སྒྲ་རིགས་ལས་འགོངས་པ། །སྦྱོར་ཡང་ལྷོ་ཤར་ཕལ་ཆེར་འདིར་མཐུན་འཇིག །
༈ ཚིག་སྦྱོར་གང་དུ་དོན་འགག་ཞིག་བརྗོད་པས། །དེ་ལྡན་ཁྱད་འཕགས་ཡོན་ཏན་རྟོགས་ནུས་དག །རྒྱ་ཆེའི་རྒྱན་འདོད་པ་དང་སྙན་ངག་མགོན། །གཉིས་པའི་རྒྱ་ཆེ་བསམ་སྦྱོར་གང་རུང་ལས། །བརྩམ་དགོས་འདིར་ནི་གང་ལ་སྦྱར་ཀྱང་ཆོག །ཁྱད་པར་འཕགས་པའི་དཔལ་བརྗོད་དེའི་ཤུགས་ཀྱིས། །དེ་ལྡན་ཡོན་ཏན་ཆེ་རྟོགས་ནུས་པའི་ངག །རྒྱ་ཆེའི་རྒྱན་དུ་གོ་ཌའི་མཁས་དག་འདོད། །
༈ འབྲུ་མང་ལ་སོགས་ཚིག་སྡུད་མང་སྤྲས་ངག །བརྗིད་པར་ལུགས་གཉིས་བཞེད་དེ་བཅད་ལྷུག་གཉིས། །པྲཱསྟཱ་ར་ལྕི་མང་དང་ཡང་བ་ཉུང༌། །ཕྱེད་ལ་དེ་ལྡོག་མཐོ་དམའི་རྣམ་པ་ཅན། །བརྗོད་པར་ཤར་འདོད་བརྗོད་དང་གཏམ་གྱིས་སྤྲས། །པྲསྟ་ར་ཡི་ལྕི་ཡང་འཁྲུགས་མིན་པས། །མཉམ་པར་མཛེས་ལྡན་ཚིག་སྡུད་བཅས་པའི་ངག །བརྗིད་པའི་ངོ་བོར་བེ་དརྦྷ་ཡིས་བཞེད། །སྔ་མ་ཚིགས་བཅད་ཕྱི་མ་ལྷུག་པ་ལ། །གཙོར་དགྱེས་གཉིས་ཀའི་བཅད་ལྷུག་དག་ཀྱང་འདོད། །
༈ འཇིག་རྟེན་གྲགས་པ་མ་བརྒལ་འུད་མི་ཆེ། །མཛེས་པའི་ངོ་བོར་ལྷོ་ཕྱོགས་མཁས་མང་བཞེད། །སྔོན་བྱུང་གཏམ་དང་བསྔགས་སོགས་དེ་བརྗོད་གཞི། །འཇིག་རྟེན་གྲགས་པ་ལས་བརྒལ་འུད་ཆེན་པོས། །བརྗོད་འདོད་བློ་ཡིས་དོན་གང་ཕུལ་བྱུང་བཀོད། །མཛེས་པའོ་གཽ་ཌ་བ་ཚིམ་ལྷོ་མི་བཞེད། །འདི་ཡང་གཏམ་དང་བསྔགས་སོགས་དག་ལས་སྦྱོར། །
༈ སེམས་ལྡན་གཞན་གྱི་ཆོས་དེ་སེམས་མེད་ཀྱི། །གཞན་ལ་འཇིག་རྟེན་ལུགས་ཀྱི་རྗེས་འབྲང་བཀོད། །གང་དུ་སྒྲ་དེ་ཡང་དག་འཛིན་ལྡན་ངག །ཏིང་ངེ་འཛིན་དུ་ལྷོ་ཕྱོགས་མཁས་མང་བཞེད། །གཞན་ཡང་གཅིག་དང་དུ་མ་བཀོད་པ་གཉིས། །དངོས་བསྟན་སེམས་ལྡན་སྐྱུག་སོགས་སྒྲིབ་བྱ་གཅིག །སྒྲིབ་བྱེད་སེམས་མེད་ལ་བཀོད་བཏགས་པ་པའི། །སྐྱུག་སོགས་སྒྲ་དེ་འཛིན་ལྡན་སྙན་ངག་ཚིག །ཆོས་གཅིག་བཀོད་པའི་ཏིང་ངེ་འཛིན་དུ་བཤད། །དངོས་བསྟན་སེམས་ལྡན་ཉལ་སོགས་དུ་མའི་ཆོས། །སེམས་མེད་གཞན་ལ་བཀབ་ནས་ཉལ་བ་སོགས། །དུ་མའི་ཆོས་བཏགས་སྒྲ་དེ་འཛིན་པའི་ངག །དུ་མའི་ཆོས་བཀོད་ཏིང་ངེ་འཛིན་གྱི་རྒྱན། །འདི་ལ་དངོས་བསྟན་ལུགས་གཉིས་སོ་སོ་རུ། །མི་གསལ་འོན་ཀྱང་ཁྱད་པར་མེད་འདོད་ན། །ཐུན་མོང་རྒྱན་འགྱུར་དེས་ན་ལམ་བཅུ་པོ། །གཙོ་བོར་ལྷོར་བཞེད་འགའ་ཞིག་ཐུན་མོང་ཆོས། །ཕལ་ཆེར་བཟློག་དགོས་ཀུན་ལ་མིན་པའམ། །ཏིང་འཛིན་དང་པོ་ལྷོར་ལུགས་ཕྱི་མ་གཉིས། །ཤར་གྱི་བྱའམ་བཏགས་པར་བྱ་དགོས་ཉིད། །ཁྱད་འཕགས་སྙན་ངག་འབྱུང་ཁུངས་མང་ཐོས་དང༌། །སྐྱེས་ཐོབ་སྤོབས་མཆོག་ཡིན་ནོ་ཚེ་སྔོན་གྱི། །བག་ཆགས་དམན་ཀྱང་ངག་དང་ངག་གི་ལྷ། །ཐོས་དང་སྒྲུབ་པས་འབད་ན་རྗེས་བཟུང་ནས། །མཁས་མང་གོ་ས་མཐོན་པོ་ངག་ལ་ཡང༌། །བདེ་བླག་ངེས་འགོད་ནག་མོ་ཁོལ་བོ་བཞིན། །ལྷོ་ཤར་མཁས་མང་སོ་སོ་རུ། །གཤེགས་པའི་ལམ་བཅུ་མཁས་པའི་གསུང༌། །ཉུང་ངུའི་ངག་གིས་རབ་དབྱེ་མཁན། །མེ་ལོང་མཁན་པོ་མ་ཡིན་ནམ། །ཞེས་ལྷོ་ཤར་ཐུན་མོང་མིན་པའི་ལམ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་སྟེ་གཉིས་པའོ། །
༈ ན་མཿསྭ་ར་སྭ་སྟྱཻ། མཛེས་སྡུག་དཀྱིལ་འཁོར་རྫོགས་ཀྱང་ཆགས་པའི་ར་རི་བཏང༌། །ཐུགས་རྗེས་ཀུན་ལ་བསིལ་ཡང་རྨོངས་པའི་ཚང་ཚིང་བསྲེག །རྟག་ཏུ་གཡོ་བ་མེད་ཀྱང་སྐལ་ལྡན་གླིང་བཞིར་འགྲོ། །མཚོ་བྱུང་ཟླ་བས་ངག་གི་ཀུན་མུད་འབྱེད་པར་མཛོད། །རེ་རེའང་མཐའ་བྲལ་གྲངས་ལྡན་ཤེས་བྱའི་ཚོགས། །གང་གི་བློ་ངོར་ཤིན་ཉུང་རྨོངས་སྟུག་མུན། །སྒྲིབ་བསལ་རིག་པའི་སྒོ་ཡངས་འབུམ་འབྱེད་བཤེས། །འཇམ་དབྱངས་མི་ཡི་གར་མཛད་རྒྱལ་གྱུར་ཅིག །འཁྲུལ་བའི་མུན་སྟུག་འཇིག་པའི་ཆོས་ཉིད་ཅན། །ལེགས་བཤད་དཀྱིལ་འཁོར་རྫོགས་པའི་བཅུ་གཉིས་བདག །སྒྲུབ་དང་སུན་འབྱིན་འབྱམས་ཀླས་འོད་སྤྲོ་པར། །མགྲིན་པའི་དབང་ཕྱོགས་སྐྱ་རེངས་ཁོང་ནས་བཞེད། །ཕྱོགས་གཉིས་མཁས་པའི་ལེགས་བཤད་ཆུ་ཀླུང་ཀུན། །གཅིག་འདུས་ཐུན་མོང་རྒྱན་གྱི་རྒྱ་མཚོ་ཆེ། །མ་བརྒལ་ལེགས་བཤད་དབང་རྒྱལ་མི་རྙེད་པས། །མཁས་པའི་དེད་དཔོན་བསྟེན་ལ་འདིར་ཞུགས་ཀྱཻ། །
༈ བཅད་ལྷུག་སྤེལ་མའི་སྙན་ངག་ལུས་ཅི་རིགས། །སྣ་ཚོགས་སྦྱོར་བས་མཛེས་པར་བྱེད་པ་རྒྱན། །དབྱེ་ན་དོན་རྒྱན་སྒྲ་དང་གབ་ཚིག་གསུམ། །དང་པོར་དབྱེ་ན་རང་བཞི༡ན་བརྗོད་དང་ད༢པེ། །གཟུག༣ས་ཅན་གསལ༤་བྱེད་བསྐོར༥་དང་འགོག༦་པ་དང༌། །དོན་༧གཞན་བཀོད་དང་ལྡོག་༨ཅན་སྲིད་པ༩་ཅན། །བསྡུས་༡༠བརྗོད་ཕུལ་བྱུང༡༡་རབ་བཏ༡༢གས་དང་ནི་རྒྱུ༡༣། །ཕྲ༡༤་མོ་ཆ༡༥་དང་རི༡༦མ་དང་དག༡༧འ་བ་དང༌། །ཉམས༡༨་ལྡན་གཟི་༡༩བརྗིད་ཅན་དང་རྣམ་གྲ༢༠ངས་བརྗོད། །ཀུན་༢༡ཕན་རྒྱ་༢༢ཆེ་བསྙོན་༢༣དོར་སྦྱ༢༤ར་བ་དང༌། །ཁྱད་༢༥བརྗོད་མཚུངས་༢༦སྦྱོར་འག༢༧ལ་དང་སྐབས་མིན་༢༨བསྟོད། །ཟོལ་༢༩བསྟོད་ངེས་༣༠བསྟན་ལྷན་ཅིག་༣༡བརྗོད་པ་དང༌། །ཡོངས་༣༢བརྗེས་ཤིས་༣༣བརྗོད་རབ་༣༤སྤེལ་དགོངས་༣༥ ཅན་ཏེ། །སོ་ལྔའི་རྒྱན་འདོད་མཚན་ཉིད་རབ་བཤད་བྱ། །
༈ དངོས་པོ་རྣམས་ཀྱི་རང་བཞིན་གནས་སྐབས་ཆོས། །སྣ་ཚོགས་སྒྲོ་བཏགས་མིན་པར་དངོས་གནས་ལ། །ཇི་བཞིན་གསལ་བྱེད་རང་བཞིན་བརྗོད་པའི་རྒྱན། །དབྱེ་ན་རིགས་དང་བྱ་བ་ཡོན་ཏན་རྫས། །སྒྲོ་བཏགས་མེད་པར་ནང་གསལ་ཀུན་ཁྱབ་སྤྱིའི། །རིགས་བརྗོད་ངག་གང་རང་བཞིན་བརྗོད་པའི་རིགས། །བྱ་བ་གཙོ་བོར་སྟོན་པའི་དྲང་པོའི་ངག །རང་བཞིན་བརྗོད་པའི་བྱ་བ་བརྗོད་པར་འདོད། །བཏགས་མིན་གཟུགས་སོགས་འདོད་པའི་ཡོན་ཏན་ཆ། །གཙོ་བོར་བརྗོད་དེ་ཡོན་ཏན་བརྗོད་པར་བཤད། །གང་ཞིག་གཞན་དང་ཐུན་མོང་མིན་པའི་རྫས། །དྲང་པོར་བརྗོད་དེ་རང་བཞིན་བརྗོད་པའི་རྫས། །འདི་སྐབས་མ་ངེས་སྒྲོ་སྐུར་སྣ་ཚོགས་པ། །ཚོང་འདུས་འོ་མ་ལྟ་བུ་མཐོང་མེད་ཀྱང༌། །དཔྱད་བཟོད་ནམ་མཁའི་པདྨོའི་རེག་བྱ་བཞིན། །བསྟན་བཅོས་ཀུན་ལ་རྒྱལ་སྲིད་ཇི་བཞིན་དཔལ་གྱིས་མཐོ། །མཁས་མང་སྙིང་དུ་བཅིངས་པའི་རང་བཞིན་བརྗོད་པ་གང༌། །ཟླ་བ་དག་པའི་སྙིང་པོ་ཇི་བཞིན་གསལ་བྱས་པས། །ས་ལོས་ཁེངས་པ་སྐྱུངས་ནས་མཁའ་སྤྱོད་བྲོས་མིན་ནམ། །ཞེས་རང་བཞིན་བརྗོད་པའི་རབ་ཏུ་བྱེད་པ་སྟེ་གསུམ་པའོ། །
༈ ཚིག་གི་གཏེར་གྱུར་ལྷ་ཡི་ལྷ། །ཟག་མེད་ཡེ་ཤེས་སྒྱུ་མའི་འཕྲུལ། །དབྱངས་ཀྱི་རྒྱལ་མོ་ལ་བཏུད་ནས། །དཔེ་རྒྱན་དག་གི་མཚན་ཉིད་དབྱེ། །དཔེ་དོན་ཇི་ལྟར་མཚུངས་པ་ལྷུར་ལེན་དཔེ། །དབྱེ་ན་བརྗོད་བྱའི་སྒོ་ནས་འཁྲིག་པ་མེ། །མཚུངས་པ་གསལ་བྱེད་སྒོ་ནས་ཐུབ་པ་རི། །མཚུངས་ཆོས་དངོས་སྟོན་ཆོས་དཔེའི་རྒྱན་དུ་འདོད། །དཔེ་དང་དཔེ་ཅན་ཙམ་སྟོན་དངོས་པོའི་དཔེ། །དོན་གྱིས་དཔེ་ཉིད་འཇལ་བ་ཟློག་པའི་དཔེ། །དཔེ་དོན་འཇལ་རེས་བྱེད་པ་ཕན་ཚུན་དཔེ། །དེ་ལས་གཞན་མཚུངས་འགོག་པ་ངེས་པའི་དཔེ། །དེ་མཚུངས་གཞན་པའང་མི་འགོག་ངེས་མེད་དཔེ། །ཕྱོགས་རེས་མཚུངས་མིན་གཞན་པའང་བསྡུས་པའི་དཔེ། །འུད་བྱས་འདི་གཉིས་མིན་ལས་ཁྱད་མེད་ཕུལ། །མ་སྙེམ་གཞན་ལའང་ཡོད་ཅེས་རབ་བཏགས་དཔེ། །མིག་ལྡན་པད་བཞིན་དཀོན་དཔེས་མཚར་སྟོན་རྨད། །འདྲ་དྲག་དཔེ་རྗེས་སྙེགས་པ་རྨོངས་པའི་དཔེ། །དཔེའམ་དོན་ནམ་གཉིས་འཛིན་ཐེ་ཚོམ་དཔེ། །དོན་ཆོས་རྟགས་བཀོད་དཔེ་དང་འབྱེད་གཏན་འབེབས། །གཉིས་ལས་མི་ཉུང་དོན་སྦྱར་མཚུངས་སྒྲ་སྦྱར། །སྒྲ་གཅིག་མཚམས་ཐ་དད་དམ་མིང་གཅིག་ལ། །དོན་གཉིས་བྱས་ནས་མཚུངས་བརྗོད་མཉམ་ཉིད་དཔེ། །ལ་ལས་རྟོག་བཏགས་གཞན་རྣམས་གུ་དོག་དྲག །ཁ་ཅིག་ཉ་ཉུང་བསྲེས་ཀྱང་འདི་གཉིས་ཁྱད། །མི་ཉུང་དོན་ལ་སྦྱར་དགོས་སྦྱར་བའི་དཔེ། །མཚུངས་ཆོས་གཅིག་གིས་ཆོག་ཅིང་སྒྲ་དང་དོན། །གང་ལ་སྦྱར་ཀྱང་ཆོག་པ་མཉམ་ཉིད་དཔེ། །ལེགས་བཤད་གསར་པའི་སོར་མོས་འགྲེལ་བྱེད་རྣམས། །སྦུག་འཐུམ་སྒྲོག་ལས་བཀྲོལ་བར་ཡི་རང་མཛོད། །མཚུངས་ལས་འགའ་སྨད་དོན་བསྔགས་སྨད་པའི་དཔེ། །དཔེ་འགའ་བསྔགས་ནས་དོན་འཇལ་བསྔགས་པའི་དཔེ། །ཇི་ལྟར་གྱུར་ཀྱང་མཚུངས་བརྗོད་བརྗོད་འདོད་དཔེ། །དཔེ་དོན་རྟེན་ནམ་ཕན་ཚུན་འགའ་ཞེས་འགལ། །དཔེ་སྨད་ལྟར་བྱས་མི་མཚུངས་ཞེས་དགག་དཔེ། །འདི་ལྷག་དགོས་ཀྱང་ཁྱད་ཅི་ཞེས་ངོ་བསྟོད། །དཔེ་མིན་དོན་འདིའོ་སོར་སྟོན་དེ་ཉིད་དཔེ། །མཚུངས་མིན་རང་ཉིད་དཔེར་བསྟན་ཐུན་མོང་མིན། །མང་པོ་གཅིག་གྱུར་དཔེ་སྟོན་འབྱུང་མིན་དཔེ། །དཔེ་ལ་དེ་མེད་ལྟར་སྟོན་སྲིད་མིན་དཔེ། །དཔེ་འགའི་ཁྱད་ལྡན་དོན་སྟོན་མང་བའི་དཔེ། །གང་ནས་ཚུར་བཏོན་ལྟར་སྟོན་རྣམ་འགྱུར་དཔེ། །སྔ་མ་སྔ་མ་དཔེར་བྱས་དོན་སྟོན་ཕྲེང༌། །ངག་དོན་བྱེད་ཅན་དྲུག་ལས་གསུམ་པ་དང༌། །གཉིས་པ་གཙོར་བྱས་ཉིད་ཀྱིས་ངག་དོན་གྱི། །དཔེ་དོན་ཁྱད་གཞི་ཁྱད་ཆོས་རིམ་འཇལ་བ། །ངག་དོན་དཔེ་སྟེ་བཞིན་སྒྲའི་སྒོ་ནས་གཉིས། །སྔ་མར་དོན་དང་ཕྱི་མར་དཔེ་བཀོད་ནས། །དཔེ་དོན་མཉམ་རྟོགས་ཟླ་བོའི་དངོས་པོའི་དཔེ། །དཔེ་ལྷག་དོན་དམན་བྱ་བ་གཅིག་བསྡུས་ནས། །དཔེ་དོན་མཚུངས་པར་སྟོན་པ་མཚུངས་སྦྱོར་དཔེ། །དོན་གང་རྒྱུ་དེས་དཔེ་དང་མཚུངས་སྟོན་རྒྱུ། །དཔེ་དོན་རྟགས་འདྲེས་མང་ཉུང་མཐོ་དམན་སྦྱར། །སྐྱོན་ཡིན་མཁས་པས་སྦྱར་བའི་སྐྱོན་མེདའང་ཡོད། །བཞིན་ལྟར་ལྟ་བུ་ཇི་ལྟའི་སྒྲ་དང་མཐུན། །མཚུངས་དང་ཡང་དག་མཚུངས་དང་མཉམ་པ་དང༌། །ཡང་དག་གསལ་དང་ངེས་གསལ་རབ་གསལ་དང༌། །གཟུགས་ཀྱི་ཟླ་བོ་གཉེན་པོ་དགྲ་ཟླ་དང༌། །སོ་སོར་རྟོགས་དང་འགྲན་དང་འདྲ་དང་ལྟ། །བཅས་དང་བསླུ་དང་རིགས་མཐུན་རྗེས་སུ་སྨྲ། །
༈ གཟུགས་བརྙན་དང་ནི་སོ་སོར་སྡེབ་པ་དང༌། །གཟུགས་མཚུངས་གཟུགས་མཉམ་གཟུགས་ཡང་དག་པར་གཞལ། །མཚན་ཉིད་མཐུན་དང་མཚན་ཉིད་འདྲ་དང་མཚུངས། །མཐུན་ཕྱོགས་དང་ནི་དཔེར་བྱས་དཔེ་དང་རྟོགས། །དམན་དང་ཅུང་ཟད་དམན་དང་རབ་ཏུ་སྨྲ། །སོ་སོར་ཟློག་དང་རིགས་སུ་མཐུན་པ་དང༌། །ཆོས་མཐུན་ཆོས་ཐུན་མོང་དང་གྲིབ་མ་འདྲ། །
༈ གཞི་མཐུན་བསྡུས་བཅས་འབྲུ་མང་ཚིག་སྡུད་ཅན། །འགྲན་དང་རྒྱལ་དང་སྡང་དང་འཁུ་བ་དང༌། །མི་མཐུན་སྒྲོག་དང་འཐབ་དང་འཕྱ་བ་དང༌། །དམའ་འབེབ་བྱེད་དང་སྨོད་དང་ཅོ་འདྲི་དང༌། །འགོག་དང་འགོག་དང་ཕྲག་དོག་མི་བཟོད་དང༌། །
༈ དེ་ཡི་སྐལ་བཟང་འཕྲོག་པར་བྱེད་པ་དང༌། །དེ་ཡི་མཛེས་པ་ཟུམ་པར་བྱེད་པ་དང༌། །དེ་དང་མཚུངས་ལས་ཕམ་དང་ལྷག་པར་མཛེས། །དེ་ཡི་རྗེས་སུ་རྐང་པ་འཇོག་པ་དང༌། །དེ་ཡི་ནུས་པ་ལ་འཇུག་བྱེད་པ་དང༌། །དེ་ཡི་རྗེས་འགྲོ་རྗེས་སུ་འཆིང་བ་དང༌། །དེ་ཡི་ངང་ཚུལ་དེ་འགོག་བྱེད་པ་དང༌། །དེ་ཡི་རྗེས་སུ་བྱེད་རྣམས་མཚུངས་པའི་ཆོས། །གསལ་བྱེད་སྒྲ་ནི་རེ་དྲུག་གཞུང་གིས་བསྟན། །ཆ་དང་གྲོགས་དང་སྤུན་ཟླ་དང་ནི་མཐོང༌། །ཐོས་དང་དྲན་དང་རེག་དང་ཕམ་དང་སྙེག །མཛེག་དང་སེམས་དཔའོ་བཅུ་གཅིག་གཞན་གྱིས་བཤད། །འདིར་བསྡུས་བཅུ་ཕྲག་བདུན་དང་བདུན་དག་འདོད། །འདིར་ནི་དཔེ་རྒྱན་མཚན་ཉིད་རབ་གསལ་བ། །བླ་མའི་གསུང་བཞིན་འཁྲུལ་བྲལ་ལེགས་པར་བཤད། །དཔེ་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཞི་པའོ། །
༈ གསང་གསུམ་རྒྱ་མཚོ་ཆེ་ལ་རོལ་བ་ཡི། །ཚངས་པའི་སྲས་མོ་ངང་པའི་བུ་མོའི་ཞབས། །སྙིང་དབུས་འདབ་བརྒྱར་བཀོད་ནས་གཟུགས་ཅན་རྒྱན། །དྭངས་པའི་མཚོ་ལ་བྱད་ལྟར་གསལ་བར་བྱ། །དོན་དེ་དཔེ་ཡི་ངོར་བཀོད་དཔེ་དོན་གཉིས། །ཐ་དད་སྣང་མིན་གཅིག་ཏུ་སྒྲོ་བཏགས་དཔེ། །གཟུགས་ཅན་རྒྱན་ཏེ་ཉི་ཤུའི་དབྱེ་བ་འདོད། །དྲུག་སྒྲ་བོར་ནས་དོན་དཔེར་བཀོད་བསྡུས་གཟུགས། །དྲུག་སྒྲ་ལྡན་དོན་དཔེར་བཀོད་མ་བསྡུས་གཟུགས། །ཕྱེད་བསྡུས་མ་བསྡུས་བསྡུས་དང་མ་བསྡུས་གཟུགས། །དོན་ཚང་ཚང་བའི་དཔེར་བཀོད་མཐའ་དག་གཟུགས། །ཆ་དང་ཆ་ཅན་གཉིས་ཡོད་ཆ་ཤས་རྣམས། །གཟུགས་བྱས་ཆ་ཅན་མ་བཀོད་ཆ་ཤས་གཟུགས། །ཆ་ཅན་གཟུགས་བྱས་ཆ་མིན་ཆ་ཅན་གཟུགས། །ཚིག་དེར་གསལ་ཀྱང་ཡན་ལག་ཡན་ལག་ཅན། །གཞན་གཟུགས་མ་བྱས་ཡན་ལག་གཅིག་ཙམ་བྱས། །བདག་སྒྲ་ཅན་སྨོས་ཡན་ལག་གཅིག་གཟུགས་ཅན། །དེ་བཞིན་ཡན་ལག་གཉིས་བྱས་གཞན་མ་བྱས། །ཡན་ལག་གཉིས་གཟུགས་ཅན་སོགས་རིགས་པ་བསྒྲེ། །ཆ་ཤས་གཟུགས་དང་འདི་གཉིས་ཁྱད་པར་ནི། །ཚིག་དེར་ཡན་ལག་གང་གསལ་གཟུགས་བྱས་པ། །ཆ་ཤས་གཟུགས་སོ་འདིར་ནི་ལྷག་མི་དགོས། །ལྡན་པའི་དོན་ཅན་དཔེར་བཀོད་ལྡན་པའི་གཟུགས། །མི་ལྡན་ཐ་དད་གཟུགས་བཀོད་མི་ལྡན་གཟུགས། །ཡན་ལག་ཅན་གཟུགས་བྱས་དང་ཡན་ལག་མས། །གཟུགས་བྱས་མ་བྱས་འདྲེས་པ་མ་མཉམ་གཟུགས། །དོན་གང་གཟུགས་བྱས་དེ་ཡི་ཡོན་ཏན་གྱིས། །གཞན་ལའང་མི་གནོད་འདི་ཀུན་དགའ་བསྐྱེད་ཅེས། །ཁྱད་ཆོས་ལྡན་ཏེ་ཁྱད་པར་དང་བཅས་གཟུགས། །གཟུགས་བྱས་གང་གི་བྱ་བ་འགའ་མི་བྱེད། །དེ་ཡི་མི་བྱེད་བྱས་འདི་འགལ་བའི་གཟུགས། །རྒྱུ་འགས་དཔེ་འགའི་གཟུགས་བྱས་རྒྱུ་ཡི་གཟུགས། །གཞི་གང་དཔེ་ཡི་ཁྱད་གཞིའི་གཟུགས་བྱས་ནས། །ཁྱད་ཆོས་འགའ་ཞིག་སྒྲ་དང་ལ་ལར་དོན། །སྦྱར་ནས་དཔེ་དོན་སོར་འགོད་སྦྱར་བའི་གཟུགས། །དཔེ་ཅན་དཔེའི་གཟུགས་བྱས་ནས་དཔེ་དོན་གྱི། །མཚུངས་སྒྲ་དཔེ་ལ་ལྡན་པ་དཔེ་ཡི་གཟུགས། །དོན་དཔེའི་གཟུགས་བྱས་གཉིས་པོ་མི་མཚུངས་པའི། །སོ་སོར་འབྱེད་པའི་སྒྲ་ལྡན་ལྡོག་པའི་གཟུགས། །དོན་དཔེའི་གཟུགས་བྱས་དཔེ་ཡི་མི་བྱེད་ཁྱད། །བསྟན་ནས་གཟུགས་ཅན་འགོག་དེ་འགོག་པའི་གཟུགས། །གཟུགས་བྱས་གང་གིས་གཞན་ལ་བྱ་མིན་བྱས། །གཞན་གྱིའང་སྐྱོན་བསྟན་གཉིས་ཀའི་མཉམ་འཇོག་གཟུགས། །དཔེ་ཅན་དཔེ་དང་དཔེ་དེའང་དཔེ་གཞན་གྱི། །གཟུགས་བྱས་འཕར་མར་བཀོད་པ་གཟུགས་ཅན་གཟུགས། །དཔེ་ཅན་དག་ལ་དེ་མིན་ཅེས་བསྙོན་ནས། །དཔེ་རྣམས་གཟུགས་སུ་བྱས་པས་ཁྱད་འཕགས་ཀྱི། །ཡོན་ཏན་གསལ་བར་བྱེད་པ་བསྙོན་དོར་གཟུགས། །དེ་བཞིན་གཟུགས་ཅན་ཉམས་ལྡན་ཚོགས། །མཁས་པས་བརྟགས་ནས་རང་སྦྱར་ན། །དབང་ཕྱོགས་ས་འཛིན་ཕྲག་གོང་གི། །ཉིན་བྱེད་རྗེས་འགྲོ་འབྱུང་བར་བཤད། །གཟུགས་ཅན་མཚན་ཉིད་བླ་མའི་གསུང༌། །ཇི་བཞིན་ཕུན་ཚོགས་ལེགས་པར་སྨྲས། །ཞེས་གཟུགས་ཅན་གྱི་རབ་ཏུ་བྱེད་པ་སྟེ་ལྔ་པའོ། །
༈ དབྱངས་ཀྱི་དཀྱིལ་འཁོར་མ་ལུས་རྫོགས། །ཐུགས་རྗེས་བསིལ་བའི་གཟི་ཅན་མའི། །ངག་གི་སྤོབས་པ་གྲུབ་མཛོད་དང༌། །གསལ་བྱེད་བསྐོར་བ་བཤད་པར་བྱ། །རིགས་དང་བྱ་བ་ཡོན་ཏན་རྫས་དང་བཅས། །ཚིག་གཅིག་ཐོག་མཐའ་བར་གསུམ་གང་ཞིག་ན། །གནས་དེས་གལ་ཏེ་ངག་སྦྱོར་གཞན་པ་ཀུན། །གསལ་བར་བྱེད་ལ་ཕན་ན་གསལ་བྱེད་འདོད། །རང་བཞིན་བརྗོད་སྐབས་འདབ་ལྡན་ཤིང་གི་རིགས། །བརྗོད་པས་མཚན་ཉིད་དེ་ལྡན་གོ་ནུས་ཤིང༌། །འདིར་ནི་རིགས་སོགས་གང་བརྗོད་གསལ་བྱེད་ཚིག །གང་ན་ཡོད་དེས་ཚིག་གཞན་གསལ་ནུས་དགོས། །རིགས་ཅན་ཐོག་མར་བཀོད་ནས་འོག་མའི་ཚིག །མཐའ་དག་གསལ་དེ་ཐོག་མའི་རིགས་བརྗོད་གསལ། །བྱ་བ་ཐོག་མར་བཀོད་ནས་འོག་མའི་ཚིག །མཐའ་དག་གསལ་ནུས་བྱ་བརྗོད་ཐོག་མའི་གསལ། །ཐོག་མར་ཡོན་ཏན་བརྗོད་དེ་འོག་མའི་ངག །ཀུན་གསལ་དེ་འདྲ་ཐོག་མའི་ཡོན་ཏན་གསལ། །ཁྱད་རྫས་ཐོག་མར་བཀོད་ནས་འོག་མ་ཀུན། །གསལ་ནུས་རྫས་བརྗོད་ཐོག་མའི་གསལ་བྱེད་དོ། །རིགས་ཚིག་བར་གནས་དེ་ཡིས་གོང་འོག་ཀུན། །གསལ་ནུས་བར་གྱི་རིགས་བརྗོད་གསལ་བྱེད་འདོད། །བྱ་ཚིག་བར་ན་གནས་དེས་གོང་དང་འོག །ཀུན་གསལ་ནུས་ན་བར་གྱི་བྱ་བརྗོད་གསལ། །ཡོན་ཏན་ཚིག་གང་བར་ན་གནས་པ་ཡིས། །གོང་འོག་གསལ་ན་བར་གྱི་ཡོན་ཏན་གསལ། །རྫས་ཚིག་བར་ན་གནས་དེས་གོང་འོག་དག། །གསལ་ན་རྫས་བརྗོད་བར་གྱི་གསལ་བྱེད་དོ། །རིགས་ཚིག་མཐར་གནས་གང་གིས་གོང་མ་ཀུན། །གསལ་བར་བྱེད་ན་རིགས་བརྗོད་ཐ་མའི་གསལ། །བྱ་ཚིག་མཐའ་ན་གནས་དེས་གོང་མ་རྣམས། །གསལ་ན་བྱ་བརྗོད་ཐ་མའི་གསལ་བྱེད་དོ། །འདིར་ནི་གཉིས་བསྐང་ལྷག་མའང་རིགས་པ་བསྒྲེ། །སྔ་མ་སྔ་མ་ལ་ལྟོས་དོན་རིམ་བྱས། །ངག་གི་ཕྲེང་བ་སྤེལ་ནས་གསལ་བྱེད་ཚིག །གང་གིས་གསལ་དེ་ཕྲེང་བའི་གསལ་བྱེད་དོ། །གསལ་བྱེད་གནས་གསུམ་གཅིག་ཏུ་ངེས་མི་དགོས། །གསལ་བྱེད་བྱེད་པོ་གཅིག་གིས་འགལ་བྱ་གཉིས། །ཅིག་ཅར་བསྟན་དེ་འགལ་བའི་གསལ་བྱེད་བརྗོད། །དོན་བྱ་གཅིག་ཉིད་དུ་མའི་རྣམ་གྲངས་ཀྱིས། །བཀོད་ནས་དོན་གཅིག་གསལ་བ་དོན་གཅིག་གསལ། །སྦྱོར་ཆོས་ཐ་མི་དད་ལྡན་གཞི་གཉིས་པོ། །འབྲེལ་བྱས་གསལ་བྱེད་སྦྱར་བའི་གསལ་བྱེད་དོ། །དེ་ལྟས་གསལ་བྱེད་ལ་བརྟེན་ནས། །འདི་རུ་མ་སྤྲོས་ལྷག་མའི་ཚོགས། །ངག་རིག་མཁས་པས་དཔྱད་དེ་སྦྱར། །གསལ་བྱེད་བླ་མའི་གསུང་བཞིན་བཤད། །
༈ གསལ་བྱེད་གནས་གསུམ་དག་ཏུ་ཚིག་དང་དོན། །ཚིག་དོན་གཉིས་བསྐོར་བསྐོར་རྒྱན་གསུམ་འདོད་དེ། །དོན་གཅིག་མི་འདྲའི་ཚིག་བསྐོར་དོན་བསྐོར་དང༌། །དོན་དག་ཚིག་གཅིག་ལ་བསྐོར་ཚིག་ལ་བསྐོར། །ཚིག་དོན་གཉིས་ལ་སོར་བསྐོར་ཚིག་དོན་བསྐོར། །བསྐོར་བའི་རྒྱན་ཡང་བདག་གིས་འདིར། །བླ་མའི་གསུང་ལ་བརྟེན་ནས་ནི། །ཚིག་ཉུང་དོན་ནི་རབ་གསལ་བྱས། །གསལ་བྱེད་ཀྱི་རྒྱན་དང་བསྐོར་བའི་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་དྲུག་པའོ། །
༈ ཇི་ལྟ་ཇི་སྙེད་ཤེས་བྱའི་སྣང་བརྙན་ཀུན། །མ་འདྲེས་འཛིན་པའི་ངག་གི་ཨཱ་དརྴ། །ཉམས་བརྒྱས་དབྱངས་སུ་ལེན་མཁས་མཚོ་བྱུང་ཀྱཻ། །སྨྲ་བའི་དབང་པོ་མཆོག་ཏུ་བདག་གྲུབ་མཛོད། །དོན་གང་སྒྲུབ་སོགས་དགག་བྱར་བྱས་པ་དེ། །སྒྲུབ་ཏུ་མི་སྟེར་འགོག་བྱེད་འགོག་པའི་རྒྱན། །དུས་གསུམ་ལ་ལྟོས་གསུམ་སོགས་ཕ་མཐའ་ཀླས། །འདིར་ནི་དངོས་བསྟན་བཅུ་ཕྲག་གཉིས་དང་གསུམ། །སྔར་བྱུང་དོན་ལ་མིན་བློ་སྔར་སྐྱེས་གང༌། །དགག་བྱར་བྱས་ནས་འགོག་དེ་འདས་པ་འགོག །ད་ལྟའི་དོན་ཅན་དགག་བྱར་བྱས་ནས་དེ། །བསྟོད་ལྡན་འགོག་བྱེད་ཀྱིས་འགོག་ད་ལྟར་འགོག །སྔར་བྱས་དོན་ཆོས་འགོག་བྱེད་གང་ཞིག་གིས། །ཕྱིས་འབྱུང་དགག་བྱ་འགོག་པ་མ་འོངས་འགོག །གང་ཞིག་དགག་བྱའི་ཆོས་དེ་དང་འགལ་བའི། །འགོག་བྱེད་བརྗོད་ནས་འགོག་དེ་ཆོས་འགོག་པ། །ཆོས་ཅན་གང་གི་མཚར་ཆོས་ཁས་བླངས་ནས། །དེ་ལས་ཆོས་ཅན་མཐོང་འགོག་ཆོས་ཅན་འགོག །དེ་འདྲ་འབྱུང་བའི་སྔར་བྱས་རྒྱུ་གང་ཞིག །བྱས་པ་མེད་ཅེས་འགོག་པ་རྒྱུ་འགོག་པ། །རྒྱུ་འགའ་ཚོགས་ཀྱང་དེ་དག་ལ་བརྟེན་འབྲས། །མ་བྱུང་མཚར་བར་སྟོན་དེ་འབྲས་བུ་འགོག །རྗེས་སུ་གནང་ལྟར་བྱས་ནས་ཐབས་གཞན་གྱིས། །དེ་སྒྲུབ་མི་སྟེར་རྗེས་སུ་གནང་བས་འགོག །དེ་འདྲའི་ལེགས་ཚུལ་བཤད་ནས་འོན་ཀྱང་དེ། །དབང་ཚེ་ལྟ་བུའི་འགོག་པ་དབང་གིས་འགོག །དེ་ལ་མ་གུས་གཞན་དུ་གུས་བསྟན་ནས། །མ་གུས་ཚིག་གིས་འགོག་པ་མ་གུས་འགོག །ཚུལ་དེ་ཤིས་བརྗོད་སྒོ་ནས་གསལ་བྱས་ནས། །དེ་ཉིད་ཐབས་ཀྱིས་འགོག་པ་ཤིས་པའི་འགོག །ཤིན་ཏུ་རྩུབ་པའི་ངག་ནི་སྔོན་འགྲོ་བས། །དོན་དེ་འགོག་པ་རྩུབ་མོས་འགོག་པར་བརྗོད། །དེ་ཉིད་སྒྲུབ་ལ་བསྐུལ་བའི་གྲོགས་བྱེད་ལྟར། །བྱས་ནས་དེ་ཉིད་འགོག་པ་གྲོགས་ཀྱིས་འགོག །དེ་ལ་འབད་ལྟར་བྱས་ཀྱང་འདོད་པའི་དོན། ། ཁ་ནས་ཐལ་ཞེས་དེ་འགོག་འབད་པས་འགོག །གང་ཞིག་གཞན་དབང་སོང་བ་དེ་བསྟན་དེའི། །དབང་ལྟར་འདོད་ཅེས་འགོག་གཞན་དབང་གིས་འགོག །ཐབས་མང་རྙེད་དཀའ་བཀོད་ནས་དེ་བསྩལ་ནས། །དོན་དེ་གྱིས་ཞེས་དེ་འགོག་ཐབས་ཀྱིས་འགོག །ད་ནི་དེ་བྱས་མ་བྱས་ཁྱད་ཅི་ཞེས། །ཁྲོས་པའི་ཚིག་གིས་དེ་འགོག་ཁྲོས་པའི་འགོག །སྙིང་རྗེར་བཅས་ནས་བྱ་འོས་མ་བྱས་པར། །མྱ་ངན་སྐབས་དོན་དེ་འདྲ་སྙིང་རྗེས་འགོག །འགྱོད་པ་གཙོ་བོར་བཏོན་ནས་དོན་འགའ་ཞིག །གྲུབ་པ་འགོག་པ་འགྱོད་པས་འགོག་པར་བརྗོད། དེ་འམ་གང་ངམ་ཅི་ཡིན་ཁྱད་པར་འདིས། །དེ་མིན་དེས་ཞེས་སྟོན་པ་ཐེ་ཚོམ་འགོག །དཔེ་དོན་ཁྱད་ཆོས་ཐུན་མོང་ཡོད་སྦྱར་ནས། །གཙོ་བོ་དཔེ་འགོག་དེ་འདྲ་སྦྱར་བས་འགོག །དགག་བྱ་དོན་ལ་ལྡན་མིན་བསྟན་པ་གང༌། །མཚུངས་པ་གཞན་ལྡན་དེས་འགོག་དོན་གཞན་འགོག །དེ་ཡི་ཕུལ་བྱུང་སྟོན་སླད་ཁྱད་འཕགས་རྒྱུས། །དེ་ལ་བསྟོད་པ་མིན་ཞེས་རྒྱུ་ཡིས་འགོག །ཕྲ་ཞིབ་རིགས་པས་མ་བཤད་པ། །གཞན་ཡང་བརྟགས་ནས་མཁས་པས་སྦྱོར། །དཔག་དཀའ་འགོག་པའི་རྒྱན་དག་ཀྱང༌། །འཁྲུལ་བ་སྤངས་ནས་གསུང་བཞིན་བཤད། །འགོག་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བདུན་པའོ། །
༈ ངག་གི་མཆོག་སྦྱིན་ཀུན་གྱི་དབང་མོ་ལ། །བཏུད་ནས་རྒྱན་མཆོག་དོན་གཞན་བཀོད་པ་དབྱེ། །གང་ཞིག་དོན་དེ་བསྒྲུབ་བྱར་སྔོན་བཀོད་ནས། །སྒྲུབ་བྱེད་གཞན་རྗེས་བཀོད་དེ་དོན་གཞན་བཀོད། །སྔོན་དུ་དོན་ཆོས་བསྒྲུབ་བྱར་བཀོད་རྗེས་དེར། །ཀུན་ཁྱབ་སྒྲུབ་བྱེད་བཀོད་པ་ཀུན་ཁྱབ་དོན། །འདི་ལ་གཞན་བཤད་མཐོང་མོད་ཚུལ་འདི་ལེགས། །ཡོངས་གྲགས་འགྱུར་འདིའི་སྔ་ཕྱི་བརྗེ་སྲོལ་བཞེད། །ཁྱད་ཅན་བསྒྲུབ་བྱར་སྔོན་དུ་བཀོད་རྗེས་གཞན། །སྒྲུབ་བྱེད་ནུས་ཅན་བཀོད་ཁྱད་ལ་གནས་དོན། །བསྒྲུབ་བྱ་བཀོད་ནས་སྒྲུབ་བྱེད་སྒྲ་གཅིག་དོན། །གཉིས་སོགས་འཇིག་བཀོད་སྦྱར་བའི་དོན་གཞན་བཀོད། །སྐྱོན་ལྡན་དཔལ་བསྐྱེད་བསྒྲུབ་བྱ་སྒྲུབ་བྱེད་ཀྱང༌། །སྐྱོན་ལྡན་དཔལ་བསྐྱེད་བཀོད་དེ་འགལ་དོན་གཞན། །དོན་དེས་མི་འོས་བསྒྲུབ་བྱ་སྒྲུབ་བྱེད་གཞན། །མི་འོས་རྗེས་བཀོད་མི་འོས་དོན་གཞན་བཀོད། །འོས་པའི་བསྒྲུབ་བྱ་བཀོད་རྗེས་གཞན་འོས་པའི། །སྒྲུབ་བྱེད་མཚུངས་པ་བཀོད་དེ་འོས་དོན་གཞན། །གཉིས་ཀྱིས་འོས་དང་མི་འོས་གཉིས་བསྒྲུབ་བྱར། །བཀོད་རྗེས་རིམ་བཞིན་སྒྲུབ་བྱེད་དཔལ་དང་སྐྱོན། །ལྡན་བཀོད་འོས་དང་མི་འོས་དོན་གཞན་བཀོད། །གཉིས་ཀྱིས་མི་འོས་འོས་པ་གཉིས་བསྒྲུབ་བྱ། །སྒྲུབ་བྱེད་རིམ་བཀོད་མི་འོས་འོས་དོན་གཞན། །དོན་གཞན་བཀོད་པ་གསལ་བྱེད་དག །ཉུང་ངུས་མཚུངས་བྲལ་རྣམ་དབྱེ་བྱས། །དོན་གཞན་བཀོད་པའི་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བརྒྱད་པའོ། །
༈ ཨེ་མ་དབྱངས་ཀྱི་དཀྱིལ་འཁོར་དུ། །ཤེས་བྱའི་རི་བོང་མཚན་མ་ཅན། །ངག་གི་ལྷ་མོ་ལ་བཏུད་ནས། །ལྡོག་ཅན་རྒྱན་ཡང་དབྱེ་བར་བྱ། །སྒྲའམ་ཤུགས་དང་སྐབས་ཐོབ་ཅི་རིགས་ཀྱིས། །དཔེ་དོན་མཚུངས་པར་འཇལ་ཀྱང་ཁྱད་ཅིག་གིས། །མི་མཚུངས་འབྱེད་བྱེད་སྒྲ་ལྡན་ལྡོག་ཅན་རྒྱན། །དུ་མའི་ཆོས་མཚུངས་བསྟན་ཀྱང་ཁྱད་ཅིག་གིས། །དཔེ་ལས་དོན་འབྱེད་གཅིག་གི་ལྡོག་པ་ཅན། །མཚུངས་པ་བསྟན་ཀྱང་དཔེ་དོན་གཉིས་ཀ་ཡི། །འབྱེད་བྱེད་ཐ་དད་གཉིས་བསྟན་གཉིས་ཀའི་ལྡོག །དཔེ་དང་དཔེ་ཅན་གཉིས་ཀར་སྒྲ་སྦྱར་བའི། །མཚུངས་པའི་སྒྲ་ལྡན་འབྱེད་བྱེད་སྦྱར་ཅན་ལྡོག །འདི་ལ་གཉིས་ལས་མི་ཉུང་སྒྲ་སྦྱར་དགོས། །དུ་མས་མཚུངས་ཀྱང་འགོག་བྱེད་ཁྱད་ཅིག་གིས། །མཚུངས་པ་འགོག་དེ་འགོག་ཅན་ལྡོག་པ་ཅན། །ཆོས་འགའ་མཚུངས་ཀྱང་རྟགས་སུ་དོན་ཁྱད་ཆོས། །བཀོད་པས་འབྱེད་གང་གཏན་ཚིགས་ཅན་ལྡོག་པ། །དཔེ་དང་དོན་ལ་སྒྲ་དག་ཐུན་མོང་དུ། །འཇུག་པར་མཚུངས་ཀྱང་ཁྱད་པར་ཆོས་གཞན་གྱིས། །འབྱེད་ཕྱིར་འདི་ལྔ་མཚུངས་པའི་ལྡོག་ཅན་འདོད། །སྒྲ་ཡིས་མ་ཡིན་ཤུགས་ལ་མཚུངས་རྟོགས་གང༌། །རྟོགས་མཚུངས་ལྡོག་ཅན་འདོད་དེ་དབྱེ་ན་གཉིས། །དཔེ་དོན་ཁྱད་པར་རྟེན་གྱི་སྒོས་འབྱེད་པའི། །སྒྲ་ལྡན་ཤུགས་མཚུངས་རྟོགས་ཏེ་རྟེན་ཅན་ལྡོག །དོན་གྱི་ལྷག་ཁྱད་བསྟན་པའི་འབྱེད་བྱེད་སྒྲས། །མཚུངས་པར་ཤུགས་རྟོགས་དཔེ་ལས་དོན་ལྷག་ལྡོག །མཚུངས་པའི་ཆོས་ཀྱིས་འབྱེད་བྱེད་སྒྲ་ལྡན་གང༌། །འབྱེད་བྱེད་མཚུངས་པའི་ལྡོག་ཅན་འདོད་དེ་གཉིས། །མཚུངས་ཆོས་དངོས་བསྟན་འབྱེད་བྱེད་མཚུངས་པ་ཡང༌། །ཟིན་གང་ཆོས་དང་འབྱེད་བྱེད་སྒྲས་ཟིན་ལྡོག །མཚུངས་ཆོས་མ་ཟིན་དཔེ་དོན་འབྱེད་བྱེད་ཟིན། །ཆོས་མ་ཟིན་དང་འབྱེད་བྱེད་སྒྲས་ཟིན་ལྡོག །ཆོས་དེར་རིགས་སུ་མཐུན་ཀྱང་དོན་གྱི་ཁྱད། །འབྱེད་བྱེད་དཔེ་ཡིས་མིན་གང་རིགས་མཐུན་ལྡོག །འདིར་ནི་མཚུངས་ཀྱང་འབྱེད་བྱེད་སྒྲ་ཡོད་པས། །དཔེ་རྒྱན་སྐྱོན་གྱིས་རེག་མིན་དེ་བས་ན། །ཀ་ཡི་སྦུག་འཐུམ་མ་མཛད་བྱ་གཤོང་པ། །ལྡོག་ཅན་རྒྱན་གྱི་རྣམ་དབྱེ་མཚར་སྡུག་བཞིན། །བླ་མའི་གསུང་གི་མེ་ལོང་ལ་གབས་གང༌། །རྣམ་དཔྱོད་དར་གྱིས་ཕྱི་བདར་ལེགས་བྱས་ནས། །བསྟན་ཚེ་སྲིད་གསུམ་ཁེངས་པ་འཕྲོག་སྙམ་བྱེད། །ཁྱོད་གསུང་རིན་ཅེན་ལྡ་ལྡིའི་ཕུན་ཚོགས་གཟི། །བསྔགས་བརྗོད་དར་གྱི་ལྷབ་ལྷུབ་གཡོ་བ་གང༌། །མང་ཐོས་གནག་སྣུམ་རལ་པའི་རྒྱན་བྱས་ཚེ། །གཞན་སེམས་དུག་ཞི་ལུགས་འདིའི་གྲགས་སྙན་འབར། །ལྡོག་ཅན་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་དགུ་པའོ། །
༈ མཚུངས་བྲལ་མགུར་གྱི་དུང་ལས་ཚངས་པའི་དབྱངས། །བདུན་ལྡན་འགུག་མཁས་ཡེ་ཤེས་དབང་མོ་ཀྱཻ། །མགྲིན་པའི་འོ་མཚོར་རོལ་པར་རྟག་མཛོད་དང༌། །སྲིད་ཅན་བསྡུས་བརྗོད་ཕུལ་བྱུང་གསལ་བར་བྱ། །གྲགས་པའི་རྒྱུ་བཟློག་རྒྱུ་གཞན་ཅུང་ཟད་དམ། །གྲགས་དང་གྲགས་མིན་ལ་ལྟོས་མིན་གང་དུ། །རང་གི་ངོ་བོ་སྟོན་གང་སྲིད་པ་ཅན། །གྲགས་རྒྱུ་འགའ་བཟློག་ཕྱི་རྒྱུ་ཅུང་ཟད་སྒོས། །རང་གི་སྐབས་སྟོན་གྲགས་བཟློག་ཕྱི་སྲིད་ཅན། །ཡོངས་གྲགས་འགའ་བཟློག་ནང་རྒྱུ་ཅུང་ཟད་སྒོས། །གང་སྟོན་ཡོངས་གྲགས་རྒྱུ་བཟློག་ནང་སྲིད་ཅན། །གྲགས་ཆེན་གྲགས་ཆུང་རྒྱུ་གཉིས་བཟློག་པའི་སྒོས། །དེ་སྟོན་གྲགས་དང་མ་གྲགས་བཟློག་སྲིད་ཅན། །རྟོག་བཏགས་ཆུ་ཤིང་ཇི་བཞིན་སྤང་བྱས་ནས། །མཁས་པའི་གཞུང་བཞིན་སྲིད་རྒྱན་ལེགས་པར་བཤད།
༈ བརྗོད་འདོད་དཔེ་ཅན་གང་ལ་བསམ་བྱས་ནས། །མཚུངས་པའི་དཔེ་དག་ངག་ཏུ་བརྗོད་པའི་སྒོས། །དཔེ་ཅན་བསྡུས་བརྗོད་ཚུལ་གྱིས་བརྗོད་པ་གང༌། །དེ་འདྲ་བསྡུས་བརྗོད་ཞེས་བྱའི་རྒྱན་དུ་བརྗོད། །དཔེ་ཅན་ལ་བསམ་དཔེ་ལ་སྨྲས་པ་ཡིས། །དོན་བསྡུས་འདི་འདྲའི་བསྡུས་བརྗོད་སྤྱིར་བསྟན་མཛད། །དོན་དང་དཔེ་གཞི་ཐ་དད་ཁྱད་པར་ཆོས། །ཐུན་མོང་ཅན་བསམ་དཔེ་ལ་སྨྲས་པ་གང༌། །ཁྱད་གཞི་ཐ་དད་ཁྱད་ཆོས་མཚུངས་བསྡུས་བརྗོད། །ཁྱད་གཞི་ཐ་དད་ཁྱད་ཆོས་འགའ་ཐུན་མོང༌། །ཐུན་མོང་མིན་པ་དཔེ་ལ་བརྗོད་པའི་སྒོས། །དོན་བསྡུས་གཞི་ཐད་ཆོས་མཚུངས་མི་མཚུངས་བསྡུས། །དོན་གྱི་མི་ལྡན་ཆོས་འགའ་ལ་བསམ་ནས། །ཁྱད་ཆོས་དེ་བྲལ་དཔེ་སྔོན་མི་སྲིད་པ། །བརྗོད་ནས་དོན་བསྡུས་སྔོན་མེད་བསྡུས་བརྗོད་རྒྱན། །བསྡུས་བརྗོད་ཚུལ་ལ་གཞན་གྱིས་དོན་བྲལ་དག །སྨྲས་རྣམས་བཏང་སྙོམས་བྱས་ནས་གཞུང་བཞིན་བཤད། །
༈ འཇིག་རྟེན་མཚམས་ལས་བརྒལ་བའི་འུར་ཆེན་གྱིས། །དོན་གྱི་ཁྱད་པར་སྟོན་ཏེ་ཕུལ་བྱུང་རྒྱན། །འུད་བྱས་འུད་བྲལ་འདིར་གཅིག་མ་དམིགས་ཕྱིར། །རང་བཞིན་བརྗོད་དང་ཕུལ་བྱུང་གཞི་མཐུན་འཁྲུལ། །དོན་གྱི་ཁྱད་པར་འགའ་བསྔགས་དེ་ཡི་ཁྱད། །ལྷག་པའི་དཔེ་ལ་མེད་ཅེས་འུད་བརྗོད་པ། །གང་ཞིག་ཁྱད་འཕགས་ཕུལ་བྱུང་རྒྱན་དུ་བརྗོད། །དེའི་ཁྱད་སྟོན་སླད་དེ་ལ་ཐེ་ཚོམ་ཞེས། །འུད་ཀྱིས་བརྗོད་གང་ཐེ་ཚོམ་ཕུལ་བྱུང་འདོད། །འུད་ཀྱིས་ངེས་པ་རྙེད་དཀའ་ལྟར་སྨྲས་ནས། །རེག་པས་ངེས་ཞེས་འུད་བྱས་ངེས་པ་ཕུལ། །གང་ཞིག་གིས་ཀྱང་མི་དཔོགས་མི་གཞལ་ཏེ། །འདིར་ཤོང་མཚར་ཞེས་འུད་བྱས་ངོ་མཚར་འཕྲུལ། །མཛེས་རྒྱན་སྐབས་སུ་ལག་པ་ལྟ་བུ་ཞིག །གང་དུ་འཇུག་བཞིན་དེར་མི་ཤོང་ཞེས་འུད། །སྐབས་འདིར་ལག་པ་ལྟ་བུ་ཆེ་གྲགས་པ། །གང་དུ་མི་ཤོང་བ་དེ་འདིར་ཆུད་པ། །མཚར་ཞེས་འུད་བྱས་ཁྱད་ཡོད་འཁྲུལ་མི་དགོས། །རྒྱན་འདྲེས་སྤྲོ་ན་དཔེ་རྒྱན་སོ་གཉིས་དང༌། །སྦྱར་བའི་ཕུལ་བྱུང་ཇི་བཞིན་རྒྱན་འདྲེས་པ། །བགྲང་ལས་འདས་པ་འབྱུང་ཕྱིར་བློ་གྲོས་ཀྱིས། །དཔགས་ནས་ལེགས་པར་སྦྱར་ཚུལ་མཐའ་ཇི་ཞིག །བཤད་དང་འཆད་འགྱུར་མི་དམན་ངག་ལས་ཀྱང༌། །འདི་འདྲ་ཕུལ་བྱུང་གྲགས་པའི་རོ་ལྡན་པས། །མཚུངས་བྲལ་གཅིག་པུའི་ལམ་དུ་བསྔགས་པར་བྱེད། །དེ་ཕྱིར་དེ་ཡང་གསུང་ངག་བཞིན་དུ་བྱས། །སྲིད་པ་ཅན་གྱི་དང་བསྡུས་བརྗོད་ཕུལ་བྱུང་གི་རབ་ཏུ་བྱེད་པ་སྟེ་བཅུ་པའོ། །
༈ ལྷ་དང་མི་རྣམས་ཀུན་གྱི་མེས་པོ་ཡིས། །ཆོས་དང་སྲིད་པའི་ངོ་མཚར་ཀུན་བསྡུས་ནས། །གསུང་གི་དབང་མོར་སྤྲུལ་དེའི་ཞབས་སྐྱེས་དཔལ། །མགྲིན་མཚོར་བྱིན་ལས་སྐལ་བ་མཆོག་གྲུབ་མཛོད། །སྙན་ངག་མཁན་གྱི་བདོག་པའི་མཆོག་གཅིག་པུ། །རབ་རྟོག་རྒྱན་གྱི་མཚན་ཉིད་གསལ་བར་བྱ། །སེམས་དང་ལྡན་ནམ་གཅིག་ཤོས་ཅི་རིགས་ཀྱི། །རྣམ་པ་གཞན་དུ་གནས་ལ་སྒྲོ་བཏགས་ནས། །རྣམ་པ་གཞན་བརྗོད་རབ་རྟོགས་སྒྲ་ལྡན་དག །རབ་རྟོག་རྒྱན་ཏེ་དབྱེ་ན་རྣམ་པ་གསུམ། །སེམས་ལྡན་དེ་ཡི་ཆོས་གང་གཞན་གནས་པར། །རྣམ་པ་གཞན་དུ་སྒྲོ་བཏགས་རབ་རྟོག་གི །སྒྲ་ལྡན་དེ་ནི་སེམས་ལྡན་རབ་རྟོག་འདོད། །སེམས་མེད་གང་གི་གནས་ཚུལ་ལ་བརྟགས་ནས། །རྣམ་པ་གཞན་བརྗོད་རབ་རྟོག་སྒྲ་ལྡན་དག །སེམས་མེད་རབ་རྟོག་རྒྱན་དུ་ཁོ་བོ་འདོད། །སེམས་མེད་པ་ལ་སེམས་ལྡན་ཆོས་བཀོད་སྒྲ། །འཛིན་ལྡན་རྣམ་པ་གཞན་དུ་སྒྲོ་བཏགས་དག །རབ་རྟོག་བཞིན་སྒྲ་ལྡན་དག་ཏིང་འཛིན་གྱི། །རབ་རྟོག་འདོད་དེ་བཞིན་སྒྲས་ཁ་ཅིག་འདིར། །དཔེ་རུ་འཁྲུལ་ན་ལགས་འམ་ཀུན་བཤད་ཀྱི། །ཏིང་གི་མཐའ་ཡིན་དཔེ་ལ་དེ་ཕན་ཕྱིར། །དོན་དང་དཔེ་གཉིས་སོ་སོར་མེད་པའི་ཕྱིར། །ཚིག་དོན་གང་ལའང་འདིར་ནི་འཁྲུལ་མི་དགོས། །སྙམ་དང་དོགས་དང་ངེས་དང་འདྲ་མིན་ནམ། །བཞིན་དང་ཡང་སོགས་རབ་རྟོག་སྒྲ་རུ་འདོད། །ཁ་ཅིག་དཔེ་སྒྲ་ཕལ་ཆེར་འདོད་ན་ཡང༌། །དཔྱད་ན་ཀུན་རྫོབ་ཆོས་ཀྱི་མཚན་ཉིད་གྱུར། །ལེའུ་དང་ཏིང་འཛིན་རབ་རྟོག་སྒྲ་མེད་ཅིང༌། །འདིར་ནི་རབ་རྟོག་སྒྲ་དགོས་གཅེས་པར་ཟུངས། །རབ་རྟོག་རྒྱན་གྱི་རྒྱུ་སྐར་ཕྲེང༌། །ལེགས་བཤད་བདུད་རྩིའི་འོད་ཅན་དང༌། །འགྲོག་པའི་ཡིད་ཀྱི་ཀུ་མུད་ཁ། །ཐུབ་བསྟན་རྒྱན་དུ་མཛེས་པར་ཕྱེ། །ཞེས་རབ་རྟོག་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་གཅིག་པའོ། །
༈ ཚོགས་གཉིས་ཆུ་གཏེར་ལས་འོངས་པའི། །རྒྱལ་ཡུམ་འཆི་མེད་བདུད་རྩི་དེས། །སྙིང་བུམ་སྐལ་བཟང་བྱས་པ་ལས། །གྲུབ་པའི་རྒྱུད་མང་དབྱངས་སུ་ལེན། །བྱེད་པོ་ཤེས་བྱེད་དངོས་བཏགས་རྒྱུ་ཅི་རིགས། །གཙོ་བོར་སྟོན་གང་རྒྱུ་ཡི་རྒྱན་དུ་འདོད། །རྒྱུ་འབྲས་གཉིས་ཀ་རྩལ་སྟོན་མི་དགོས་ཀྱང༌། །བསྟན་ན་འཁྲུལ་བྲལ་ལེགས་བཤད་དབྱངས་སུ་ལེན། །དབྱེ་ན་དངོས་པོ་དངོས་མེད་མཚར་རྒྱུ་གསུམ། །དང་པོ་ལ་ནི་བྱེད་པོ་ཤེས་བྱེད་གཉིས། །བྱེད་ལ་འགྲུབ་བྱེད་གཉིས་དང་ལས་རྒྱུ་གཉིས། །དངོས་པོ་གང་གིས་སྔར་མེད་དགའ་སྐྱེད་དག །སྐྱེད་བྱེད་འགྲུབ་པའི་རྒྱུ་རུ་འདོད་པར་བྱ། །དངོས་པོ་གང་གིས་ཆོས་གཞན་ཉམས་བྱས་དག །སྟོན་གང་ཉམས་བྱས་འགྲུབ་པའི་རྒྱན་དུ་འདོད། །དཔྱིས་ཀྱི་ས་བོན་རྒྱུར་བྱས་སྟོན་དུས་ཀྱི། །ནས་སྐྱེས་ལྟ་བུ་འགྲུབ་བྱེད་རྒྱུ་ཡི་རྒྱན། །འགྱུར་བྱ་སྣམ་དཀར་འགྱུར་བྱེད་རྒྱུ་ཚོན་གྱིས། །འབྲས་བུ་ཁ་དོག་རྣམ་འགྱུར་རྒྱུ་དང་འབྲས། །ཐོས་བསམ་ལྟ་བུའི་ལས་དེ་བྱ་བའི་རྒྱུ། །མཁས་གྱུར་གཞན་གྱིས་གུས་སོགས་བྱ་བའི་འབྲས། །རྡོ་རྗེ་ལྟ་བུའི་དཀའ་གནས་འདི་སྐོར་ལ། །འགྲེལ་བ་མཁན་རྣམས་མི་སྨྲའི་བརྟུལ་ཞུགས་དང༌། །འགའ་ཞིག་སྨྲ་ཡང་བྱེ་མའི་ཁང་བུ་རྩིག །འགྱུར་བྱ་གང་ལ་འགྱུར་བྱེད་རྒྱུ་དག་གིས། །བསྒྱུར་བར་སྟོན་པ་རྣམ་འགྱུར་རྒྱུ་ཡི་རྒྱན། །ཐོབ་བྱ་གང་ཞིག་ཐོབ་བྱེད་བྱ་བ་དེས། །ཐོབ་པར་སྟོན་པ་ཐོབ་བྱའི་རྒྱུ་ཡི་རྒྱན། །ཤེས་བྱེད་རྒྱུ་ལ་ཕྱིན་ནང་ཤེས་བྱེད་གཉིས། །གང་ཞིག་བརྗོད་པས་ཕྱི་ཡི་དུས་ལ་སོགས། །གང་ཡིན་ཤེས་འགྱུར་ཕྱི་ཡི་ཤེས་བྱེད་རྒྱུ། །ཁྱད་པར་གང་ཞིག་བརྗོད་པས་སྐྱེས་བུ་དེའི། །ནང་གི་ཁྱད་རྟོགས་ནང་གི་ཤེས་བྱེད་རྒྱུ། །དགག་པའི་ཚིག་དག་བརྗོད་པའི་ཁྱད་པར་དེས། །གང་ཞིག་གཞན་ཐོབ་སྟོན་པ་དངོས་མེད་རྒྱུ། །མེད་རྒྱུས་འབྲས་བུ་ཡོད་མེད་སྐྱེད་པ་ལྔ། །སྔ་ནས་མེད་པའི་ཁྱད་པར་དག་བརྗོད་ནས། །གདུང་སོགས་སྐབས་སྟོན་སྔ་ནས་མེད་བྱེད་རྒྱུ། །དངོས་པོ་འགའ་ཞིག་ཞིག་པས་ཁྱད་པར་གཞན། །འཐོབ་སྟོན་ཞིག་ནས་མེད་པའི་བྱེད་རྒྱུའི་རྒྱན། །གང་གི་ཁྱད་པར་གང་ལ་མེད་པ་ཡིས། །གཞན་འཐོབ་བརྗོད་པ་ཕན་ཚུན་མེད་པའི་རྒྱུ། །དངོས་པོ་གང་དག་སྤངས་པས་གཞན་འཐོབ་པ། །བརྗོད་གང་སྤངས་ནས་མེད་པའི་བྱེད་རྒྱུའི་རྒྱན། །རྒྱུ་ལ་དགག་ཚིག་བརྩེགས་ལྡན་མཐའ་བཟུང་དེས། །འབྲས་བུ་མ་འོངས་མེད་པ་ཞིག་སྐྱེད་པ། བརྗོད་གང་རྒྱུ་མེད་པས་ནི་འབྲས་མེད་བསྐྱེད། །རིགས་སོགས་དངོས་པོ་མ་གོམས་སོགས་དངོས་མེད། །དོན་ཡིན་གང་གིས་སྔར་མེད་ལ་སོགས་པའི། །རང་བཞིན་གྱུར་པའི་དངོས་པོ་ཡི་ནི་རྒྱུ། རྒྱུ་འབྲས་ལྷན་ཅིག་སྐྱེས་ལ་སོགས་པ་རུ། །བརྗོད་པས་ཡ་མཚན་སྟོན་གང་མཚར་བའི་རྒྱུ། །དབྱེ་ན་གྲངས་མེད་དངོས་བསྟན་རིང་འབྲས་དང༌། །རྒྱུ་འབྲས་ལྷན་ཅིག་སྐྱེས་དང་དེ་རྗེས་སྐྱེས། །རིགས་པ་མིན་པས་བསྐྱེད་དང་རིགས་པས་བསྐྱེད། །གང་གིས་གང་ལ་འཕངས་པས་དེ་ལས་གཞན། །རིང་ན་གནས་ཀྱང་བཅོམ་སོགས་སྟོན་པའི་ངག །རྒྱུ་རིང་གིས་ནི་འབྲས་རིང་སྐྱེད་པར་བཤད། །རྒྱུ་དེ་དག་དང་དེ་སྐྱེས་ལྷན་ཅིག་སོགས། །སྟོན་གང་རྒྱུ་འབྲས་ལྷན་ཅིག་མཚར་རྒྱུའི་རྒྱན། །འབྲས་བུ་སྔར་སྐྱེས་བསྟན་ནས་དེ་རྗེས་སུ། །འཕེལ་རྒྱུ་སྐྱེས་པར་སྟོན་པའི་ངག་གང་ཞིག །འབྲས་བུ་སྔར་སྐྱེས་དེ་མ་ཐག་རྒྱུར་སྐྱེས། །སྣང་བས་སྲིན་བྱར་མུན་པ་བསྐྱེད་ལྟ་བུའི། །རིགས་མིན་རྒྱུ་འབྲས་སྟོན་གང་རིགས་མིན་རྒྱུ། །ཟླ་བས་པད་ཟུམ་ལྟ་བུ་སྐྱེད་འོས་པའི། །རྒྱུ་འབྲས་སྟོན་གང་རིགས་སྐྱེད་མཚར་རྒྱུའི་རྒྱན། །རྒྱུ་རྒྱན་རྡུལ་ཕྲན་གྲངས་ལྡན་བློས་དཔྱད་ནས། །སྣ་ཚོགས་སྦྱར་བའི་འཇོ་སྒེག་གར་བསྒྱུར་ན། །ཤེས་ལྡན་གཟིགས་མོར་ཆེ་མོད་བྲིས་བཤུས་ཙམ། །ལྷུར་ལེན་རྣམས་ལ་སྙན་ངག་དྲི་མི་བྲོ། །འཕགས་ཡུལ་དཎྜིས་བརྟུལ་ཞུགས་གཞན། །བཏང་སྟེ་དབྱངས་ཅན་མགྲིན་པའི་མཚོར། །བཟུང་བཞིན་ངུར་སྨིག་གར་མཛད་པས། །ལེགས་བཤད་དཀྱིལ་འཁོར་ཡོངས་སུ་རྫོགས། །ཞེས་རྒྱུ་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་གཉིས་པའོ། །
༈ ཆོས་དང་ཆོས་ཉིད་དབྱེར་མེད་པའི། །ཡེ་ཤེས་སྒྱུ་མའི་འཇོ་སྒེག་གིས། །རྨོངས་པའི་ཡམས་ནད་ཀུན་སེལ་བའི། །གསུང་གི་དབང་མོ་དེ་ལ་འདུད། །སྙན་ངག་མཛེས་པའི་རྒྱན་གྱི་མཆོག །ཕྲ་མོ་ཆ་དང་རིམ་པའི་རྒྱན། །འཁྲུལ་བྲལ་ལམ་དུ་དམ་པ་བཞིན། །བདེ་བླག་འཇིག་འདི་དང་དུ་ལོང། །ཕྱི་ནང་རྣམ་འགྱུར་བརྡའ་སོགས་ཀྱིས། །ངག་ལ་མ་ལྟོས་སྐབས་ཀྱི་དོན། །སྟོན་པའི་རོ་ལྡན་ཕྲ་མོ་བཤད། །དེ་ལ་ཟུར་དང་རྣམ་པའི་གཉིས། །གང་ཞིག་གང་ལ་ཆགས་པ་ལྟ་བུ་སོགས། །མཐོང་ཚེ་སྨྲ་སྤངས་པདྨ་ཟུམ་སོགས་བརྡས། །གང་གི་སྐབས་སུ་རེ་བ་སྐོང་བར་སྟོན། །དེ་འདྲ་ཟུར་གྱི་ཕྲ་མོ་བདག་ཅག་འདོད། །གང་གི་བསམ་པ་གང་ལ་མ་བརྗོད་ཀྱང༌། །འཛུམ་སོགས་རྣམ་འགྱུར་ཞིག་གིས་དེ་སྟོན་པ། །འདི་འདྲ་རྣམ་པའི་ཕྲ་མོ་ཡིན་པར་འདོད། །བསྡུས་བརྗོད་དོན་ལ་བསམ་ནས་དེ་འདྲ་བའི། །དཔེ་ཉིད་བརྗོད་དགོས་འདི་ནི་ཚིག་མེད་པར། །བརྡའ་འམ་མདངས་ཙམ་ཞིག་གིས་སྟོན་པ་ཁྱད། །
༈ རང་བཞིན་གསལ་བ་སྦ་དགོས་སྒྲིབ་བྱའི་དོན། །སྒྲིབ་བྱེད་ཟོལ་ལམ་ཆ་ཡིས་ཁ་བསྒྱུར་ནས། །སྒྲིབ་པའི་དག་ནི་ཆ་ཡི་རྒྱན་ཡིན་གཉིས། །འོས་པའི་དངོས་པོ་གསལ་བའི་སྒྲིབ་བྱའི་དོན། །འོས་པའི་སྒྲིབ་བྱའི་དེ་མཐུན་ཟོལ་སྨྲས་ངག །ཟོལ་གྱིས་སྦེད་པ་འོས་པའི་ཆ་ཡི་རྒྱན། མི་འོས་དངོས་པོ་གསལ་བའི་སྒྲིབ་བྱའི་དོན། ཟོལ་གྱིས་སྒྲིབ་བྱེད་གཞན་གྱིས་སྒྲིབ་སྨྲས་ངག །ཟོལ་གྱིས་སྦེད་པ་མི་འོས་ཆ་ཡི་རྒྱན། སྒྲིབ་བྱའི་སྐྱོན་སོགས་སྒྲིབ་བྱེད་བསྟོད་སོགས་ཀྱིས། །ཟོལ་གྱིས་གླེང་བ་སྨད་པའི་ཟོལ་གྱི་ཆ། །སྒྲིབ་བྱེད་ཟོལ་སྨད་ཚིག་གི་ཤུགས་བསྟན་དུ། །འཇམ་སོགས་ཡོན་ཏན་སྟོན་པ་བསྟོད་པའི་ཆ། །
༈ དངོས་པོ་འགའ་ཞིག་སྔོན་ལ་བསྟན་པ་རྣམས། །གྲངས་དང་རིམ་པ་མ་ནོར་རྗེས་སྟོན་པ། །གྲངས་བཞིན་ཅན་ནམ་རིམ་པ་ཅན་དུ་འདོད། །རིམ་བཞིན་འཇལ་ཕྱིར་དཔེ་སོགས་ལ་འཁྲུལ་ནས། །དཔེ་དང་རྒྱན་གཞན་མཚན་ཉིད་ཚང་ན་ཡང༌། །འདིར་ནི་དོན་རྣམས་སྔོན་དུ་རིམ་བཀོད་པ། །ཕྱི་ནས་རིམ་བཞིན་དཔེས་ཀྱང་འཇལ་བ་ཉིད། །གཙོ་བོར་ལེན་ཕྱིར་འདྲེས་ཀྱང་སྐྱོན་མེད་ལ། །གཙོ་བོའི་སྒོ་ནས་རིམ་པ་ཅན་དུ་འཇོག །མཚུངས་མེད་ཕྲ་དང་ཆ་རིམ་རྒྱན་གྱི་འཛམྦུའི་གསེར། །འཁྲུལ་བ་བྱི་དོར་བགྱིས་པའི་གཟི་འོད་འབར་བ་ཡིས། །ཉི་མས་གཟི་བརྗིད་འཕྲོག་པར་དོགས་ནས་བྲོས་པ་ལ། །ཟླ་བ་སྐར་བཅས་འདུས་ནས་རྒོད་ལ་བྲེལ་བ་བཞིན། །ཞེས་ཕྲ་མོ་དང་ཆ་དང་རིམ་ཅན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་གསུམ་པའོ། །
༈ རྒྱལ་བ་ཀུན་གྱི་ཡོན་ཏན་གཟུགས་ཅན་བཞིན། །མཛེས་སྡུག་ལྷ་མོར་ངེས་བསྟན་གསུང་དབང་མས། །མགྲིན་པ་ལྷ་བརྒྱའི་འདུན་སར་བྱས་པ་ལས། །ལེགས་བཤད་གན་མཛོད་ངོ་མཚར་འགོག་མེད་སྟོན། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །མཁས་པ་ཡོངས་ཀྱིས་འཛིན་མ་བཞིན། །བསྟེན་འོས་རྒྱན་དེ་རྫོགས་ལྡན་དུ། །འགོད་མཁས་ང་ལས་ནུ་འམ་ཅི། །ཁྱད་འཕགས་ཉམས་ལྡན་དགའ་བ་བརྗོད་པའི་ངག །དགའ་བའི་རྒྱན་ཏེ་དེ་ལ་རྣམ་པ་གཉིས། །དགའ་བའི་ཡུལ་ཐོབ་པ་ལས་དངོས་སུ་ནི། །ཁྱད་འཕགས་དགའ་བ་བརྗོད་པ་དངོས་ཐོབ་དགའ། །དགའ་ཡུལ་གཟུགས་བརྙན་ཙམ་ལའང་ལྷག་དགའ་ངག །གཟུགས་བརྙན་དགའ་བའི་རྒྱན་ཞེས་བྱ་བར་འདོད། །
༈ སྒེག་སོགས་ཁྱད་འཕགས་ཡིད་འོང་ཉམས་ལྡན་ངག །ཉམས་ལྡན་རྒྱན་ཏེ་དེ་ལ་རྣམ་པ་བརྒྱད། །འབྱོར་མཁས་མཛེས་སྡུག་སྒྱུ་རྩལ་ལ་སོགས་ཀྱིས། །དྲེགས་པས་ཕྱི་རོལ་སྒེག་པ་དགའ་བའི་སྒེག །ནང་དུ་ཁྲོས་པའི་ཉམས་ཀྱིས་ཕྱི་རོལ་ཏུ། །དྲག་ཤུལ་ཆེ་བར་སྟོན་གང་དྲག་ཤུལ་ཉམས། །ནང་དུ་དཔའ་བའི་སྤྲོ་ཉམས་ཆེན་པོ་ཡིས། །ཆེན་པོའི་ལམ་ཐོབ་སྟོན་གང་དཔའ་བའི་ཉམས། །སྡུག་བསྔལ་རྒྱུ་དང་སྡུག་བསྔལ་ལ་སྤྱོད་སོགས། །སྙིང་རྗེའི་ངག་ཏུ་གླེང་བ་སྙིང་རྗེའི་ཉམས། །མི་གཙང་ཟ་སོགས་སྟོན་གང་མི་སྡུག་ཉམས། །ནང་ན་བཀོད་པའི་ཉམས་ཀྱིས་ཀླད་ཆུང་ལ། །བློ་ཤེད་ཅན་འབོད་ལྟ་བུ་བཞད་གད་ཉམས། །ཕྱི་ནང་འབྱོར་སོགས་སྔོན་མེད་ལྟ་བུ་ཡི། །ལེགས་པར་ངོ་མཚར་རྨད་དུ་བྱུང་བའི་ཉམས། །འཇིགས་ཤིང་སྐྲག་པའི་རྒྱུ་ནི་ཆེན་པོ་ལ། །འཇིགས་པ་ཆེར་སྐྱེས་སྟོན་པ་འཇིགས་རུང་ཉམས། །ས་རྒ་དང་པོར་གྲོང་མིན་བརྗོད་བྱའི་ཉམས། །འདིར་ནི་སྒེག་སོགས་བརྒྱད་ལ་དབང་བྱས་ཤིང༌། །ཚིག་ཀྱང་ཉམས་ལྡན་རོ་ཡིས་གང་བ་བྱས། །
༈ ནང་གི་ང་རྒྱལ་གཟི་བརྗིད་ཆེན་པོ་ཡིས། །ང་རྒྱལ་ཚིག་སྨྲས་གཟི་བརྗིད་ཅན་གྱི་རྒྱན། །ཆོས་ཀྱི་ང་རྒྱལ་ཚིག་སྨྲས་ཆོས་ཀྱི་དང༌། །འཇིག་རྟེན་དཔའ་རྩལ་ང་རྒྱལ་ཚིག་སྨྲས་པ། །འཇིག་རྟེན་གཟི་བརྗིད་ཅན་སོགས་འདོད་པར་བྱ། །བསྟན་བཅོས་འདི་ལ་རྒྱས་འགྲེལ་མཛད་རྣམས་ཀྱང༌། །ཕལ་ཆེར་བྲིས་བཤུས་ཚིག་ཟིན་པར་བཏབ་ལས། །བརྗོད་དོན་བྱུང་ན་འཆད་པོ་གངས་ཅན་འདིར། །སྔོན་ཆད་མ་བྱུང་བྱེད་པོས་བཀག་པར་ངེས། །ཕུལ་བྱུང་ཚིག་དོན་སྒེག་ལྡན་སྒྲའི་ལྷ་མོ། །མཚོ་ལས་མ་བྱུང་མེས་པོའི་ཞལ་ལས་མིན། །འཇིག་རྟེན་དབང་ཕྱུག་ཚེམས་ལས་མ་བྱུང་གང༌། །འཇམ་དབྱངས་བཞད་པའི་མགྲིན་མཚོ་ལས་འོངས་སྐད། །ཅེས་དགའ་དང་ཉམས་ལྡན་གཟི་བརྗིད་ཅན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་བཞི་པའོ། །
༈ རྣམ་ཀུན་མཁྱེན་པའི་གཏིང་མེད་མཚོར། །ཐུགས་རྗེས་མཛེས་སྡུག་སྐུར་སྤྲུལ་པའི། །གསུང་གི་དབང་མོས་བདག་མགྲིན་མཚོར། །ལེགས་བཤད་འདབ་བརྒྱ་བཀྲ་བར་མཛོད། །རྣམ་གྲངས་བརྗོད་དང་ཀུན་ཕན་རྒྱ་ཆེ་དང༌། །བསྙོན་དོར་དང་བཅས་རྣམ་གསལ་བྲི་བར་བྱ། །གཞན་དོན་འགྲུབ་པའི་སླད་དུ་དེ་མིན་གཞན། །བརྗོད་པའི་ངག་ནི་རྣམ་གྲངས་བརྗོད་པར་འདོད། །དེ་ལ་དགེ་སོགས་གསུམ་མམ་ལུགས་གཉིས་སོ། །དོན་བསམ་མ་བརྗོད་དཔེ་བཀོད་བསྡུས་བརྗོད་རྒྱན། །བརྡའ་འམ་རྣམ་འགྱུར་ཙམ་གྱིས་ཕྲ་མོ་བྱས། །སྒྲིབ་བྱ་དེ་མཐུན་སྒྲིབ་བྱེད་བཀོད་པའི་ཆ། །འདིར་ནི་དེ་དང་འབྲེལ་མཚུངས་མེད་པ་གཞན། །སྒྲིབ་བྱེད་ཚིག་གིས་རྣམ་གྲངས་ཙམ་སྟོན་ཕྱིར། །དེ་དག་ཤར་ནུབ་འདྲེས་དོགས་ག་ལ་སེམས། །
༈ བྱ་བ་རྩོམ་ལ་སྐལ་བའི་སྟོབས་ལས་ཀྱང༌། །འགྲུབ་བྱེད་ཕུན་སུམ་ཚོགས་བྱེད་ཀུན་ཏུ་ཕན། །དེ་ལ་ཆོས་དང་འཇིག་རྟེན་ཀུན་ཕན་གཉིས། །
༈ བསམ་འབྱོར་ཅི་རིགས་ཆེན་པོ་བླ་མེད་གང༌། །རྒྱ་ཆེ་བ་སྟེ་དེ་ལ་རྣམ་པ་གཉིས། །སྙིང་སྟོབས་བློ་དང་བརྩེ་སོགས་ཅི་རིགས་པའི། །བསམ་པ་བླ་མེད་བསམ་པ་རྒྱ་ཆེའོ། །གནས་ལུས་ལོངས་སྤྱོད་བླ་མེད་འབྱོར་བར་བཤད། །
༈ གང་ཞིག་དངོས་དེ་མིན་ཞེས་བསྙོན་བྱས་ནས། །དོན་གཞན་ཅུང་ཟད་སྟོན་གང་བསྙོན་དོར་ཏེ། །དེ་ལ་ཆོས་ཡུལ་རང་བཞིན་ལ་བསྙོན་གསུམ། ཁྱད་ཆོས་དངོས་དེ་མིན་ཞེས་གཞན་ཡིན་པར། །ཁས་ལེན་དེ་འདྲ་ཆོས་ལ་བསྙོན་པར་བཤད། །རེག་སོགས་ཡུལ་ལ་དེ་མིན་ཞེས་བསྙོན་ནས། །རྣམ་པ་གཞན་དུ་གླེང་པ་ཡུལ་ལ་བསྙོན། །རང་བཞིན་བསིལ་བ་སོགས་ལ་དེ་མིན་ཞེས། །རང་བཞིན་གཞན་དུ་གླེང་བ་རང་བཞིན་ལའོ། །རྣམ་དཔྱོད་ཆུ་གཏེར་ཆེ་ལས་ཤེས་བྱའི་ཚོགས། །མ་འདྲེས་ཇི་སྙེད་འཆར་བའི་འཇུག་ངོགས་འདི། །འཇམ་དབྱངས་གཞོན་ནུས་དབྱངས་ཅན་དགྱེས་པའི་སླད། །སྤྲུལ་མོད་མེས་པོས་སྤྲུལ་ཞེས་རིག་བྱེད་གླེང༌། །ཞེས་རྣམ་གྲངས་བརྗོད་པ་ཀུན་ཕན་རྒྱ་ཆེ་བསྙོན་དོར་བཞིའི་རབ་ཏུ་བྱེད་པ་སྟེ་བཅོ་ལྔ་པའོ། །
༈ སྲིད་པ་གསུམ་ན་དཔེ་དང་འགྲན་པའི་ཟླ། །རྙེད་མིན་རྣམ་འདྲེན་གསུང་གི་དབང་མོ་ཁྱོད། །ཁོ་བོའི་མགྲིན་པར་བཞུགས་ལ་སྔོན་མེད་ཚིག །ལྷ་རྫས་རྣམ་པར་བཀྲ་བའི་མཛོད་ཕྱེ་ཞིག །མཁས་པ་ཀུན་གྱི་འཇུག་ངོགས་རྨད་དུ་བྱུང༌། །སྦྱར་བའི་རྒྱན་གྱི་མཚན་ཉིད་རབ་གསལ་བྱ། །ཚིག་གི་གཟུགས་གཅིག་པ་ལས་སྒྲ་དང་དོན། །གང་རུང་མཚུངས་པའི་ཕན་ཚུན་སྦྱར་བའི་གཞི། །སྦྱར་ཆོས་དུ་མའི་དོན་ལྡན་སྦྱར་བར་འདོད། །དེ་ནི་དགུ་སོགས་དུ་མའི་དབྱེ་བ་ཅན། །གཞི་དང་ཆོས་ལ་ཨུ་ད་ཡ་སོགས་ཚིག །གཅོད་མཚམས་གཅིག་པ་གཟུགས་གཅིག་ཐ་དད་མིན། །ནཀྵ་ཏྲཱ་སོགས་ཚིག་གི་གཟུགས་འདྲ་བ། །གཅོད་མཚམས་དབང་གིས་གཞི་དང་ཆོས་སོ་སོར། །འཇུག་པ་ཐ་དད་ཚིག་འདྲའི་སྦྱར་བའོ། །དཔེ་གཟུགས་འགོག་ལྡོག་གསལ་བྱེད་དེ་བྱས་ཟིན། །གཞི་དང་ཆོས་ཀྱི་སྦྱར་ཆོས་དུ་མས་གཙོར། །བྱ་བ་གཅིག་བྱེད་བྱ་བ་ཐ་དད་མིན། །དོན་དང་དཔེ་ཡི་སྦྱར་ཆོས་དུ་མས་ཀྱང༌། །བྱ་བ་འགལ་མིན་བྱ་བ་འགལ་མིན་སྦྱར། །གཞི་དང་ཆོས་ཀྱི་སྦྱར་བའི་ཚིག་གིས་ནི། །རྒྱས་ནུབ་ལྟ་བུའི་དོན་ལྡན་འགལ་བའི་ལས། །ཚིག་དེ་གཉིས་ཀར་སྦྱར་ཀྱང་གཅིག་ཤོས་གཞན། །མིན་ངེས་འདི་ལ་ངེས་འཇུག་ངེས་ཅན་སྦྱར། །ཀཎྜ་ཀ་སོགས་ཚིག་དོན་གང་རུང་གི །སྦྱར་ཆོས་གཅིག་ལ་ངེས་བསྟན་སླར་ཡང་དེ། །གཞན་ལའང་སྟོན་པ་ངེས་འགོག་སྦྱར་བའི་རྒྱན། །དོན་གང་སྦྱར་གཞི་སྦྱར་ཆོས་སོ་སོར་ནས། །དཔེ་རྣམས་ཀྱི་ནི་ཁྱད་གཞི་ཁྱད་ཆོས་དང༌། །མི་འགལ་སོ་སོར་སྦྱར་བ་འགལ་མེད་སྦྱར། །དོན་གང་སྦྱར་གཞི་སྦྱར་ཆོས་སོ་སོར་ནས། །དཔེ་རྣམས་གཞི་དང་གཅིག་ཏུ་སྦྱར་ནས་ཆོས། །འགལ་བ་དག་སྟོན་འགལ་བའི་སྦྱར་བའོ། །འདིར་ནི་སྦྱར་ལྡན་ལྡོག་ཅན་ལ་མེད་པས། །ལྡོག་ཅན་སྦྱར་བར་ཐལ་ཞེས་འཕེན་པ་འཁྲུལ། །གང་ལ་སྦྱར་ཀྱང་མཁས་པ་ཕལ་ཆེར་གྱི། །མགྲིན་པའི་དགུན་མཁར་སྒྲོགས་མིན་སྦྱར་རྒྱན་གྱི། །གཡུ་འབྲུག་ང་རོ་བསྒྲགས་ལ་གཟུར་གནས་རྣམས། །རྣམ་དཔྱོད་མདོངས་མཐའ་དགའ་བའི་གར་གྱིས་བྲེལ། །ཞེས་སྦྱར་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་དྲུག་པའོ། །
༈ ཚོགས་གཉིས་ཆུ་གཏེར་ཆེ་ལས་བྱུང༌། །ཁྱོད་ཞལ་ཉ་ལྕིབ་ཁོག་ཡངས་ལས། །བཟུང་བའི་སྙན་ཚིག་མུཀྟི་ཀས། །བདག་མགྲིན་བསྔགས་པའི་ཡུལ་མཆོག་མཛོད། །ཁྱད་པར་བརྗོད་དང་མཚུངས་སྦྱོར་གྱི། །རྒྱན་གཉིས་རྣམ་དབྱེ་གསལ་ལྡན་བྲི། །ལྷག་པའི་ཁྱད་པར་རབ་ཏུ་བསྟན་པའི་ཕྱིར། །ཡོན་ཏན་རིགས་དང་བྱ་བ་སོགས་གང་དུ། །མ་ཚང་ཉིད་དུ་བསྟན་པ་ཁྱད་པར་བརྗོད། །དེ་ནི་ལྔ་སོགས་མང་པོའི་རྣམ་དབྱེ་འདོད། །འཇམ་སོགས་ཡོན་ཏན་མ་ཚང་ཁྱད་པར་རྒྱུས། །འབྲས་ཐོབ་དག་ནི་ཡོན་ཏན་ཁྱད་པར་བརྗོད། །རིགས་ཀྱི་ཁྱད་པར་འགའ་དང་མི་ལྡན་རྒྱུས། །འབྲས་བུ་བསྐྲུན་པ་རིགས་ཀྱི་ཁྱད་པར་བརྗོད། །ཁྲོ་སོགས་བྱ་བ་འགའ་ཞིག་མ་བྱས་ཀྱང༌། །རྒྱུ་དེས་འབྲས་ཐོབ་བྱ་བའི་ཁྱད་པར་བརྗོད། །རྫས་ཀྱི་ཁྱད་པར་འགའ་ཞིག་མ་ཚང་ཡང༌། །རྒྱུ་དེས་འབྲས་ཐོབ་རྫས་ཀྱི་ཁྱད་པར་བརྗོད། །ཁྱད་པར་འགའ་ཞིག་མ་ཚང་ཁྱད་པར་རྒྱུས། །འབྲས་བུ་བསྐྱེད་པ་རྒྱུ་ཡི་ཁྱད་པར་བརྗོད། །མ་བཤད་ངོ་བོའི་ཁྱད་པར་བརྗོད་སོགས་ཕྲེང༌། །རྒྱུ་སྐར་གྲངས་ལ་བལྟ་ཡི་འདིར་ཅི་དགོས། །
༈ བསྟོད་དམ་སྨད་པར་མིང་ངམ་རྣམ་གྲངས་ཀྱིས། །མཚུངས་པར་བསྟོད་དམ་སྨད་པར་བྱས་པ་གང༌། །མཚུངས་སྦྱོར་རྒྱན་ཏེ་དེ་ནི་རྣམ་པ་གཉིས། །བསྟོད་ཡུལ་ཁྱད་འཕགས་ཡུལ་དུ་མིང་གིས་སམ། །རྣམ་གྲངས་མཚུངས་པས་བསྟོད་པས་མཚུངས་སྦྱོར་བསྟོད། །སྨད་ཡུལ་དམན་པར་མིང་ངམ་རྣམ་གྲངས་ཀྱིས། །སྨད་པ་དེ་འདྲ་སྨད་པའི་མཚུངས་སྦྱོར་རྒྱན། །ཕུལ་བྱུང་རྒྱན་གྱི་རྐང་འཐུང་ཕྲེང་བས་སྤ། །མཐོ་དམན་སྐྱོན་ཡོན་གཟུགས་སྣང་ཀུན་འཆར་བའི། །ཁྱད་བརྗོད་མཚུངས་སྦྱོར་མེ་ལོང་ཚལ་ཡངས་གང༌། །ལེགས་བྱས་རྣམ་སད་ངག་གི་རྩེ་དགའི་ཡུལ། །ཞེས་ཁྱད་པར་བརྗོད་པ་དང་མཚུངས་སྦྱོར་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་བདུན་པའོ། །
༈ གང་གིས་རེག་ན་དམན་པའི་འགྲོ་རྣམས་ཀྱང༌། །བདེ་བ་མཆོག་དང་མངོན་མཐོར་འགོད་བྱེད་པའི། །ཁྱོད་ཞབས་སྙིང་གི་པདྨོར་བཀོད་པ་ལས། །ངག་གི་དབང་ཕྱུག་མཆོག་ཏུ་བདག་གྲུབ་མཛོད། །འགལ་རྒྱན་དྲི་ཟའི་རྒྱུད་མང་རྡུང་ལ་སྤྲོ། །འགལ་ཟླ་སྒྲུབ་བྱེད་སླད་དུ་གང་ཞིག་ཏུ། །དངོས་པོའི་ཁྱད་པར་ཆོས་སོགས་འགལ་བ་རྣམས། །ལྷན་ཅིག་འགྲོགས་པར་རབ་བསྟན་འགལ་བའི་རྒྱན། །དེ་ལ་དྲུག་སོགས་ཡན་ལག་དབྱེ་བ་མང༌། །ཐ་དད་གཞི་གཉིས་བྱ་བ་མི་མཐུན་པ། །གང་དུ་འགྲོགས་ལྡན་ཐ་དད་བྱ་བ་འགལ། །གཞི་ནི་གཅིག་གིས་འཕེལ་ཉམས་ལྟ་བུ་གཉིས། །བྱ་བྱེད་འགྲོག་ལྡན་གཞི་གཅིག་བྱ་བྱེད་འགལ། །ཁྱད་གཞི་གཅིག་གི་སྟེང་དུ་ཁྱད་པར་ཆོས། །ཕྲ་སྦོམ་དཀར་ནག་ལྟ་བུའི་འགལ་མང་འགྲོག །གཞི་གཅིག་ཆོས་མང་འགལ་ལམ་ཡོན་ཏན་འགལ། །ཁྱད་གཞི་གཅིག་གི་སྟེང་དུ་རྫས་དུ་མར། །འགལ་མང་འགྲོག་གང་རབ་བསྟན་རྫས་འགལ་རྒྱན། །མཚུངས་པ་གསལ་བྱེད་དུས་སུ་འབྲུ་མང་གི །ཚིག་སྡུད་འདྲ་ཙམ་འདིར་བྱས་འོན་ཀྱང་དེར། །བདག་པོའི་སྒྲ་ཡོད་འདིར་ནི་གཞིའི་སྟེང་དུ། །རྫས་མང་སྤུངས་པ་གཙོར་བྱེད་ཁྱད་པར་གཅེས། །ཁྱད་གཞིའི་བྱ་བ་མ་བྱས་པར་ཡང་དེར། །བྱ་བའི་ལས་ལྡན་བྱ་བ་འགལ་བའི་རྒྱན། །འགལ་བའི་དངོས་པོ་ཚིག་ལ་སྦྱར་ལྡན་པ། །དུ་མ་སྤེལ་བ་གཙོ་བྱེད་སྦྱར་འགལ་རྒྱན། །ལྡེ་མིག་ལྟ་བུའི་གནད་འདི་དག །མཁྱེན་པར་བྱས་ནས་སྙན་ངག་ལས། །ཤེས་ལྡན་གཟིགས་མོའི་ཚད་ཀྱི་གྲངས། །འཛིན་མའི་རྡུལ་ཕྲན་རྗེས་སུ་བསྙེགས། །ཞེས་འགལ་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཅོ་བརྒྱད་པའོ། །
༈ མཛེས་སྡུག་ཟླ་ཞལ་འོ་མའི་མཚོ་ལས་བྱུང༌། །མཆུ་སྒྲོས་བིམ་པ་སྤྱན་རས་ཨུཏྤལ་ལས། །བྱུང་བའི་སྨྲ་སྟོན་ལྷ་མོའི་མཁྱེན་རབ་ཀྱི། །འཁོར་ལོ་བདག་གི་སྙིང་ལ་འཕོ་བར་མཛོད། །གང་གི་དྲིན་ལས་སྐབས་མིན་ཟོལ་གྱིས་བསྟོད། །ངེས་བསྟན་ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས། །རབ་སྤེལ་དགོངས་ཅན་རྒྱན་དང་བཅས་ཏེ་ཡང༌། །འཁྲུལ་བྲལ་དམ་པའི་དབྱངས་སུ་ལེན་པར་སྤྲོ། །སྐབས་སུ་མིན་པར་འདོད་པས་བསྟོད་པ་གང༌། །སྐབས་སུ་མ་བབ་པའམ་སྐབས་མིན་བསྟོད། །ཆོས་དང་འཇིག་རྟེན་སྒོ་ནས་སྐབས་མིན་གཉིས། །
༈ གལ་ཏེ་སྨད་བཞིན་བྱས་ནས་བསྟོད་པའི་ཕུལ། །སྐྱོན་ལྟར་སྣང་ཡང་ངོ་བོ་ཡོན་ཏན་དུ། །ཉེ་བར་ངེས་འཐོབ་ཟོལ་གྱིས་བསྟོད་པ་སྟེ། །གསུམ་སོགས་དབྱེ་བའི་ཡན་ལག་རབ་ཏུ་རྒྱས། །མཐུ་ཡི་ཁྱད་པར་ཆེ་བ་རབ་བརྗོད་ནས། །སྙེམས་སོགས་སྨད་ལྟར་བྱེད་པ་མཐུའི་ཟོལ་བསྟོད། །སྙིང་སྟོབས་བརྩོན་འགྲུས་དཔའ་བས་འབྱོར་སོགས་དང༌། །ཁྱད་འཕགས་ཆོས་ཐོབ་མ་བྱིན་བླངས་ཞེས་སོགས། །སྨད་པ་ལྟར་བྱེད་དཔའ་བའི་ཟོལ་གྱིས་བསྟོད། །མཁས་འབྱོར་གྲགས་སོགས་ཅི་རིགས་སྟོབས་ཀྱི་ཆས། །མཐའ་རུ་འཛེགས་ལ་སྐྱོན་ལྟར་སྨད་པ་གང༌། །སྟོབས་ཀྱི་ཕུན་ཚོགས་ཟོལ་གྱིས་བསྟོད་པའོ། །འདིས་མཚན་སྦྱར་ཅན་གཟུགས་ཅན་ལ་སོགས་པའི། །ཟོལ་བསྟོད་མཁས་པའི་བློས་དཔྱད་གྲངས་ལས་འདས། །
༈ བསྒྲུབ་བྱའི་དོན་ལས་ངེས་པ་སྟོན་བྱེད་གཞན། །དེ་ཡིས་དེ་མཚུངས་མཆོག་གམ་མཆོག་མིན་དུ། །ངེས་བསྟན་གསལ་བྱེད་སྒྲ་ལྡན་ངེས་པ་བསྟན། །དབྱེ་བ་མཆོག་དང་མཆོག་མིན་ངེས་བསྟན་གཉིས། །ཐོག་མར་ཕུན་ཚོགས་ངེས་སྟོན་དཔེ་བཀོད་ནས། །ཕུན་ཚོགས་གསལ་བྱེད་སྒྲ་ལྡན་མཆོག་ངེས་བསྟན། །ཐོག་མར་མཆོག་མིན་ངེས་སྟོན་དཔེ་བཀོད་ནས། །ངན་པ་གསལ་བྱེད་སྒྲ་ལྡན་མཆོག་མིན་ངེས། །འདིར་ནི་དཔེ་སྔོན་བཀོད་དང་བསྒྲུབ་བྱ་རྗེས། །དོན་གཞན་དཔེ་བཟློག་འདིར་ནི་ངེས་བསྟན་གྱི། །གསལ་བྱེད་ལྡན་ཕྱིར་དཔེ་རུའང་འཁྲུལ་བས་དབེན། །
༈ གང་དང་གང་གི་ཡོན་ཏན་ལས་སོགས་ལྷན། །གཅིག་ཏུ་བསྟན་པ་ལྷན་ཅིག་བརྗོད་དེ་གསུམ། །གང་དང་དེ་ཡི་སྒྲ་སོགས་ཡོན་ཏན་རྣམས། །ལྷན་ཅིག་ཟུང་བརྗོད་ཡོན་ཏན་ལྷན་ཅིག་བརྗོད། །གང་དང་དེ་ཡི་བྱ་བ་ལྷན་ཅིག་པ། །ཐ་དད་ཟུང་བརྗོད་བྱ་བ་ཐ་དད་དོ། །གང་དེ་རྣམས་ཀྱི་བྱ་བ་གཅིག་བྱེད་པའི། །ལྷན་ཅིག་བརྗོད་པ་བྱ་བ་གཅིག་པའི་ལྷན། །འདི་སྐོར་འགའ་ཞིག་འཁྲུལ་བའི་ཚོང་ཟོང་འགྲེམ།
༈ དོན་རྣམས་བསྣོལ་བ་གང་ཡིན་ཡོངས་བརྗེས་སོ། །དེ་ལའང་དགེ་སོགས་དབྱེ་བ་ཁོ་བོ་འདོད། །
༈ མངོན་འདོད་དངོས་པོ་བསྲུང་ངམ་བསྒྲུབ་པ་ལ། །གེགས་མེད་ལེགས་པར་སྨོན་པ་ཤིས་བརྗོད་རྒྱན། །རྒྱུ་ཡིས་དོན་གང་བསྒྲུབས་ཟིན་སྨོན་སོགས་མང༌། །མཐར་སོགས་རྒྱལ་སོགས་ཤིས་པའི་སྒྲ་ལྡན་བྱ། །རྗེས་འགྲོ་མེད་སོགས་སྔོན་ནས་བཀོད་པ་འགའ། །སྔར་བྱས་དགོངས་ཏེ་དཎྜིས་འདིར་མ་བཤད། །
༈ ཐ་དད་རྒྱན་གསུམ་ཕན་ཆད་བསྲེས་པ་གང༌། །རབ་སྤེལ་རྒྱན་ཏེ་དེ་ལ་རྣམ་པ་གཉིས། །ཡན་ལག་ཡན་ལག་ཅན་སོགས་བརྗོད་འདོད་ཀྱི། །དངོས་པོ་སྐབས་སྦྱར་བསྲེ་བྱའི་རྒྱན་ཕན་ཚུན། །ལྟོས་པར་རྣམ་བསྲེས་གཅིག་ལ་གཅིག་ལྟོས་སྤེལ། །བསྲེ་བྱའི་རྒྱན་རྣམས་རང་རང་དབང་ཐོབ་བསྲེས། །སྟོབས་མཚུངས་རབ་སྤེལ་རྒྱན་དུ་མཁས་པས་བཤད། །ཁ་ཅིག་རང་བཞིན་འཁྱོག་བརྗོད་གཉིས་དགོས་ཞེས། །སྨྲ་བ་བྱེ་མའི་ཁང་བུ་བརྩིགས་ལ་བྲེལ། །སྔར་བཤད་མ་ལུས་དྲང་དང་འཁྱོག་བརྗོད་གཉིས། །འཁྱོག་བརྗོད་ཕལ་ཆེར་ཉམས་དང་འགྱུར་བ་ཡིས། །ཚིག་གི་སྦྱོར་བའི་དཔལ་ནི་རྒྱས་པར་བྱ། །
༈ ཁྱད་པར་ཆོས་བཞིའི་བསམ་པ་དབང་བྱས་ནས། །དེ་བཞིན་སྦྱར་བའི་སྙན་ངག་དགོངས་པ་ཅན། །སོ་ལྔ་བགྲངས་ཕྱིར་ཟུར་དུ་འདོད་དགོས་ཀྱང༌། །དཔེར་བརྗོད་མེད་ཕྱིར་གཞན་དུ་བཞག་དཀའ་བས། །ཆད་དམ་གཉིས་པ་དཔེ་ཡིན་དཔྱད་དགོས་ཉིད། །
༈ མཚམས་སྦྱོར་འཇུག་པའི་ཡན་ལག་མཚན་ཉིད་སོགས། །ལུང་གཞན་བརྗོད་པའང་མཁས་པས་རྒྱན་དུ་བཤད། །
༈ རྒྱ་ཆེ་མཐའ་ཡས་མདའ་མེའི་རྒྱན་གྱི་ཚད་བྱས་གང༌། །དོན་གསལ་ཉུང་ངུས་མཚན་ཉིད་གསལ་ལྡན་བྱས་ཟིན་ཏེ། །འོ་སྦྲང་མྱང་བཞིན་བརྗོད་པས་སྙན་ངག་ཁྱད་པར་དག །འདི་དག་གོམས་བྱས་ཉིད་ཀྱིས་རྣམ་པར་དབྱེ་ནུས་ཉིད། །རབ་འབྱམས་ཤེས་བྱར་བལྟ་བའི་སྤྱན་དཀྱུས་སྲིད་ལས་བརྒལ། །གསུང་རབ་མང་དུ་ཐོས་པའི་སྙན་གྱི་སྒོ་རབ་ཡངས། །འཆད་རྩོད་རྩོམ་ལ་ཞལ་རླངས་དྲག་ཏུ་འཕྱུར་བའི་ལྗགས། །རིང་བོར་རྐྱོང་བའི་མཁས་རྣམས་ཞལ་སྐྱིན་འདི་ཀོ་སུ། །རྒྱ་མཚོ་ལ་ནི་རླབས་ཕྲེང་དང༌། །ཉིན་བྱེད་ལ་ནི་འོད་བཞིན་དུ། །མཁས་པའི་མགྲིན་པ་མཛེས་བྱེད་པའི། །དོན་རྒྱན་རིན་ཆེན་ཕྲེང་སྤེལ་ཟིན། །ཅེས་དོན་རྒྱན་ལྷག་མ་བདུན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་དགུ་པའོ། །
༈ འབྱམས་ཀླས་ཤེས་བྱ་རྡུལ་ཕྲན་ལ་འགོད་ཡེ་ཤེས་གཏེར་ཆེན་པོ། །འཛུམ་པའི་ཞལ་རས་འདབ་བརྒྱ་འབུམ་གྱི་མཛེས་སྡུག་ཀུན་བསྡུས་ཅན། །གཞན་གྱིས་མ་བསྲུབ་ཤེལ་དཀར་ཞུན་མཚོ་ལས་བྱུང་སྨྲ་ལྷ་མོས། །སྒྲ་སྙན་རྒྱུད་མང་མགྲིན་མཚོར་རྡུང་བའི་སྲིད་ཞིའི་ཁེངས་པ་འཕྲོག །མཁས་མཁས་དག་གིའང་ཞལ་བླངས་ལས་མིན་པའི། །སྙན་སྙན་སྒྲ་རྒྱན་ཧ་རིའི་དྲི་ངད་ལྡང༌། །ཞིབ་ཞིབ་རྣམ་དཔྱོད་ཡངས་པོའི་དྲི་བཞོན་གྱིས། །ལྡེམ་ལྡེམ་ངག་གི་མེ་ཏོག་བསྐྱོད་ལ་བྲེལ། །ཡི་གེའི་གཟུགས་སམ་སྐད་གདངས་ཅི་རིགས་ཉིད། །ལྷུར་ལེན་ཐུན་མོང་རྒྱན་དེ་སྒྲ་ཡི་རྒྱན། །ཟུང་ལྡན་བྱ་དཀའ་གཞན་དང་དབྱངས་ངེས་གསུམ། །ཆོད་དང་མ་ཆོད་ཅི་རིགས་བདག་ཉིད་ཅན། །ཡི་གེ་མང་འདུས་བསྐོར་བ་ཟུང་ལྡན་ནོ། །ཆོད་པ་བསྐོར་བྱ་ཟུང་གི་ཡའི་བར་དུ། །ཡི་གེ་རྣམས་ཀྱིས་མཆོད་པའི་མ་ཆོད་པ། །ཟུང་གི་ཡ་གཉིས་གཞན་གྱིས་བཅད་པ་མིན། །ཀ་སོགས་གཅིག་མིན་རྒྱལ་སོགས་ཡི་གེ་འདུས། །ཟུང་ལྡན་རྩ་བའི་དབྱེ་བ་ཆོད་མ་ཆོད། །གནས་ཀྱི་ཐོག་མ་བར་མཐའི་སྤྱོད་ཡུལ་ཅན། །བསྐོར་བའི་ཚུལ་གྱིས་གཅིག་གཉིས་གསུམ་བཞི་ལྡན། །བྱ་སླ་དང་པོར་བྱ་དཀའ་གནས་གཞན་ཡོད། །མཐའ་ཐོག་སྦྱར་ལྡན་ཀུན་ཏུ་ཟུང་ལྡན་དང༌། །བསྲེས་དང་བཟློག་པའི་ཟུང་ལྡན་དྲུག་བཤད་དེ། །མ་ཆོད་ཟུང་ལྡན་རྐང་པ་གཉིས་སོགས་ལ། །སྐོར་ཚེ་ཟུང་ལྡན་གཉིས་སོགས་གཞན་དང་གཞན། །བསྐོར་དགོས་བཞིའི་ཚེ་མ་ཆོད་ཟུང་ལྡན་གཟུགས། །ཐ་དད་བཞི་དགོས་གཅིག་ཉིད་བཞིར་བཟླས་ན། །ཆོད་ཅིང་མ་ཆོད་ཕྱོགས་ཡིན་འདིར་མི་འགྱུར། །རྐང་པའི་ཐོག་མར་བཀོད་པ་བཅོ་ལྔ་བཤད། །མ་ཆོད་ཟུང་ལྡན་དང་པོའི་ཐོག་མ་ཅན། །དེ་བཞིན་རྐང་པ་གཉིས་པའི་ཐོག་མ་ཅན། །གསུམ་པའི་ཐོག་མ་བཞི་པའི་ཐོག་མ་ཅན། །སྔ་གཉིས་ཐོག་མ་དང་པོ་གསུམ་པའི་ཐོག །དང་མཐའ་ཐོག་མ་བར་པ་གཉིས་ཀྱི་ཐོག །གཉིས་བཞིའི་ཐོག་མ་ཕྱི་མ་གཉིས་ཀྱི་ཐོག །སྔ་གསུམ་ཐོག་མ་སྔ་གཉིས་བཞི་པའི་ཐོག །ཕྱི་གཉིས་དང་པོའི་ཐོག་མ་ཕྱི་གསུམ་ཐོག །རྐང་བཞིའི་ཐོག་མ་ཅན་རྣམས་དངོས་སུ་གསུང༌། །
༈ ཡིག་མང་འདུས་པའི་སྐོར་བྱ་ཟུང་གི་ཡའི། །བར་དུ་ཡི་གེས་བཅད་པ་ཆོད་པའི་ཟུང༌། །རྐང་པའི་ཐོག་མར་ཡོད་པ་བཅུ་གསུམ་བཤད། །ཡ་གཅིག་དང་པོ་ཡ་གཅིག་གཉིས་པའི་ཅན། །དེ་བཞིན་ཡ་བྲལ་དང་པོ་གསུམ་པའི་ཐོག །ཡ་བྲལ་དང་པོ་བཞི་པའི་ཐོག་མ་ཅན། །ཡ་དག་གཉིས་པ་གསུམ་པའི་ཐོག་མར་ལྡན། །ཡ་ཕྱེད་གཉིས་པ་བཞི་པའི་ཐོག་མར་བཀོད། །ཕྱི་མ་མིག་ཐོག་སྔ་མ་རྩེ་མོའི་ཐོག །གཉིས་པ་དོར་ནས་གསུམ་གྱི་ཐོག་མར་བྱས། །ཕྱི་མ་མེ་ཡི་ཐོག་མ་རིག་བྱེད་ཐོག །ཆུ་བོའི་ལ་ཡོད་སྔ་ཕྱི་རིགས་མི་གཅིག །མི་མཉམ་གཉིས་དང་མཉམ་གཉིས་མི་གཅིག་སྤེལ། །ཟླ་བ་མཚོ་དང་རིགས་གཅིག་བར་མིག་གཅིག །འདི་དག་ཟུང་གི་ཡ་ཉིད་བསྐོར་བྱ་ཡིས། །ཟུང་ཉིད་བསྐོར་ཚེ་མ་ཆོད་ཆོད་སོགས་འགྱུར། །
༈ གང་ལ་མ་ཆོད་ཟུང་གཉིས་བསྐོར་བའི་བར། །ཡི་གེ་མང་པོས་བཅད་པ་མ་ཆོད་ཆོད། །དངོས་སུ་གསུམ་གསུང་དབྱེ་བ་གཞན་ཡང་ཡོད། །མ་ཆོད་ཟུང་གཉིས་སྔ་ཕྱི་སོ་སོར་བསྐོར། །ཕྱེད་ཕྱེད་འདྲ་བའི་མ་ཆོད་ཆོད་པའི་ཟུང༌། །དེ་བཞིན་ཐོག་མཐའ་རིགས་གཅིག་གཞན་གཉིས་གཅིག །མ་ཆོད་ཆོད་པའི་སྔ་མཐའ་བར་འདྲ་ཅན། །མ་ཆོད་ཟུང་ལྡན་གཅིག་ཉིད་ཐོག་བཞིར་བཟླས། །ཆོད་ཅིང་མ་ཆོད་འབྱུང་བའི་ཐོག་མ་འདྲ། །བྱ་སླ་རྐང་པའི་ཐོག་མར་ཟུང་ལྡན་གྱི། །གསལ་བྱེད་རྣམ་རྟོག་ས་བོན་གྲུང་པོ་གང༌། །འཁྲུལ་བྲལ་གཤིས་སར་བཏབ་པའི་སྙན་ངག་གི །ཚིག་སྦྱོར་སྨིན་པའི་སྙེ་མ་གཡུར་དུ་ཟ། །ཞེས་སྒྲ་རྒྱན་ལས་བྱ་སླ་བའི་ཟུང་ལྡན་གྱི་རབ་ཏུ་བྱེད་པ་སྟེ་ཉི་ཤུ་པའོ། །
༈ རབ་ཟབ་ཟབ་རྒྱས་སྐུ་མངའ་མངའ་བདག་ལྷ། །ལྷ་མཆོག་མཆོག་གི་གསུང་དབང་དབང་ཕྱུག་མ། །མ་བཞིན་བཞིན་འཛུམ་ལྷའི་རྗེ་རྗེ་བཙུན་ཡུམ། །ཡུམ་མཆོག་མཆོག་གི་སྙན་ངག་ངག་འདིར་སྩོལ། །དཀར་དཀར་ཟླ་འོད་མ་བྲན་ལྷ་ཁྱོད་ཚེམས་དཀར་དཀར། །འཛུམ་འཛུམ་འགྲོ་ལ་རྒྱུ་མེད་བརྩེ་བའི་བཞིན་འཛུམ་འཛུམ། །སྙན་སྙན་རྒྱུད་དུ་བརྡུང་མིན་དྲུག་ལྡན་དབྱངས་སྙན་སྙན། །ལྷུག་ལྷུག་སྒྲ་རྒྱན་བྱ་དཀའ་ཐོགས་མེད་སྩོལ་ལྷུག་ལྷུག །གཏེར་བཞིན་རྣམ་དབྱེ་རྣམ་མང་ཟུང་ལྡན་དག །མ་སྤྲོས་རབ་བསྡུས་རབ་ཏུ་བྱས་ཏེ་ལས། །གནས་གཞན་ལ་ལྡན་ཟུང་ལྡན་བྱ་དཀའ་དང༌། །མཐའ་ཐོག་ཟུང་བྱས་ཟུང་ལྡན་རྣམ་གཉིས་དབྱེ། །རྐང་བཞིའི་དབུས་སོགས་གང་དུ་ཟུང་གཉིས་དག །ཅི་རིགས་བསྐོར་བ་གནས་གཞན་བྱ་དཀའི་རྒྱན། །དབྱེ་བ་རྐང་བཞིའི་དབུས་དང་མཐའ་ན་དང༌། །བར་མཐའ་གཉིས་དང་ཐོག་བར་མཚེ་མ་དང༌། །ཐོག་མཐའ་མིག་དང་གནས་མེ་ལ་ཡོད་དྲུག །རེ་རེའང་གཉིས་ཕྱེ་ཉི་མའི་གྲངས་སུ་འགྱུར། །དབུས་བཞིར་ཟུང་གཅིག་བཞིར་བཟླས་མ་ཆོད་ཆོད། །ཡ་བརྒྱད་ཆོད་པར་དབུས་བཀོད་ཆོད་ཅིང་ཆོད། །མཐའ་བཞིར་ཡ་བཞི་བཀོད་པ་ཆོད་ཅིང་ཆོད། །དེ་བཞིན་ཟུང་བཟླས་ཆོད་ཅིང་མ་ཆོད་པའོ། །བར་དང་མཐའ་རུ་ཡ་བཟླས་ཆོད་ཅིང་ཆོད། །དེ་བཞིན་མ་ཆོད་ཟུང་བཀོད་མ་ཆོད་ཆོད། །ཐོག་དང་བར་དུ་ཡ་བཀོད་ཆོད་ཅིང་ཆོད། །གང་ལ་མཉམ་པ་མཚེ་མའི་ཐོག་མཐའ་བྱས། །མི་མཉམ་འཁྲིག་པའི་ཐོག་པར་ཟུང་བསྐོར་བ། །དེ་འདྲའི་རྐང་པ་སྤེལ་བྱས་མ་ཆོད་ཆོད། །ཐོག་མཐར་ཡང་ཡང་ཡ་བཟླས་ཆོད་ཅིང་ཆོད། །དེར་གནས་ཟུང་བཟླས་ཆོད་ཅིང་མ་ཆོད་པའོ། །རྐང་པའི་ཐོག་མཐའ་དབུས་གསུམ་ཡ་བཟླས་ཆོད། །དེ་གསུམ་ཟུང་དུ་བཟླས་པ་མ་ཆོད་ཆོད། །
༈ གང་གི་རྐང་པའི་མཐའ་ཐོག་ཟུང་དེའི་ཡ། །བཀོད་པ་བསྒྲིག་པའི་ཟུང་དུ་འོང་པ་གང༌། །མཐའ་ཐོག་སྦྱར་བའི་ཟུང་ལྡན་རྒྱན་དུ་བཤད། །དམ་དམ་རྡོ་རྗེ་བཞིན་དཀའ་དཀའ་གནས་དག །དག་དག་དཔྱོད་ལ་བློ་ཚིམ་ཚིམ་བྱེད་འདི། །འདི་འདི་ཁོ་ན་ཞེས་འདོད་འདོད་དེ་ལ། །ལ་ལ་འཁྲུལ་ཕྱིར་མཁས་འདོད་འདོད་པ་ཙམ། །ཞེས་སྒྲ་རྒྱན་ལས་བྱ་དཀའ་དང་མཐའ་ཐོག་སྦྱར་བའི་ཟུང་ལྡན་གྱི་རབ་ཏུ་བྱེད་པ་སྟེ་ཉེར་གཅིག་པའོ། །
༈ གང་གི་མཁྱེན་རབ་བདུད་རྩིའི་འོད་ཕྲེང་ཚོགས། །འདབ་ལྡན་འཁོར་ལོ་སྙིང་ལ་བརྒྱར་བྲན་པས། །དེའི་མགྲིན་སྙན་ཚིག་སྔོན་མེད་ཀུ་མུ་ཏའི། །གཡོ་ལྡན་ཕྲེང་མཛེས་མཛོད་ཅིག་མཚོ་ལྡན་མ། །ཀུན་དང་འདྲེས་དང་ལྡོག་པའི་ཟུང་ལྡན་དག །གཅིག་ཏུ་མཁས་རྣམས་རོལ་པའི་ཕུལ་མིན་ཞིང༌། །སྙན་འཇེབས་ཕུལ་བྱུང་རོ་དང་ལྡན་མིན་ཀྱང༌། །རྣམ་གྲངས་མཁས་པས་བཤད་དེ་ཅུང་ཟད་དབྱེ། །ཚིགས་སུ་བཅད་དང་དེ་ཕྱིར་རྐང་པ་དག །ཅི་རིགས་བཟླས་པ་ཀུན་ཏུ་ཟུང་དང་ལྡན། །ཕྱེད་དང་ཕྱེད་དུ་བཟླས་པ་ཡང་དག་སྦྱར། །གསུམ་ཡོད་ཟླ་རྩེར་བཟླས་དང་མིག་འབྱུང་བཟླས། །བསེ་རུ་འཁྲིག་པར་མེ་ནི་རིག་བྱེད་བཟླས། །གཟུགས་ནི་མཚོ་རུ་མེ་ནི་མེ་རུ་བཟླས། །ཡང་དག་སྦྱར་འདིར་རྐང་བཞིའི་ཟུང་དང་ཟུང༌། །བཟླ་དགོས་ཕྱེད་དམ་གསུམ་སོགས་བཟླས་ཙམ་མིན། །
༈ རྐང་པ་ཙམ་ཞིག་བཟླས་པ་དེ་ཡི་ཟུང༌། །དེ་ནི་གཅིག་གཉིས་གསུམ་དུ་བཟླས་རྣམས་སོ། །གཟུགས་ནི་མིག་བཟླས་གཟུགས་ནི་རྩེ་མོར་བཟླས། །གཟུགས་ནི་བཞིར་བཟླས་མིག་ནི་རྩེ་མོར་བཟླས། །མིག་ནི་བཞིར་བཟླས་མེ་ནི་ཆུ་བོར་བཟླས། །དེ་དག་གཅིག་བཟླས་རྣམ་དབྱེ་དྲུག་ཏུ་བཤད། །བསེ་རུ་ལག་པ་འཇིག་རྟེན་དག་ཏུ་བཟླས། །ཟླ་བ་རྩེ་མོ་ཆུ་བོ་ཉིད་དུ་བཟླས། །མཚེ་མ་ཡོན་ཏན་མཚོ་རུ་བཟླས་དང་གསུམ། །རྐང་པ་གཉིས་བཟླས་དབྱེ་བ་དག་ཏུ་འདོད། །རྐང་བཞི་གཟུགས་གཅིག་དེ་ནི་གསུམ་བཟླས་ཡིན། །འདི་ལ་རྐང་པར་ཟུང་མེད་དགོས་པ་ཉིད། །
༈ ཚིགས་བཅད་གང་ཞིག་མིག་ཏུ་བཀོད་བྱས་ངག །ཚིགས་བཅད་བཟླས་པའོ་དབྱེ་བ་འདིར་མ་བཤད། །
༈ རྐང་བཞིར་ཟུང་ལྡན་རྣམ་པ་གཅིག་བྱས་ངག །ཟུང་ལྡན་ཆེན་པོར་བཤད་དེ་དེར་བཟླས་ལྷག
༈ མེད་དོ་འདི་དང་རྐང་པ་གསུམ་བཟླས་པའི། །རྣམ་དབྱེ་སྨྲ་ལ་ལྗགས་རིང་རྐྱོང་མཁས་པ། །སྨྲས་པ་འདི་ལ་རྐང་པ་རེ་རེ་ཡང༌། །ཟུང་ལྡན་ཡིན་ནོ་རྐང་པ་གསུམ་བཟླས་ལ། །རྐང་པ་ཟུང་མེད་གཅེས་པའི་ཁྱད་པར་སེམས། །ཐོག་མཐའ་སྦྱར་དང་དབུས་བཀོད་ཟུང་རྣམས་གཟུགས། །མི་གཅིག་མི་གཅིག་སྤེལ་བ་འདྲེས་པར་བཤད། །
༈ ཚིགས་བཅད་དེ་ཕྱེད་རྐང་པ་ཅི་རིགས་པ། །ལུགས་ལས་བཟློག་བྱས་ཟུང་ལྡན་ལུགས་ལས་བཟློག །རྐང་བཟློག་ཕྱེད་བཟློག་ཚིགས་བཅད་བཟློག་པ་གསུམ། །རྐང་པ་སྔ་མ་ལུགས་བཟློག་ལས་བཀོད་པ། །རྐང་པ་བཟློག་སྟེ་དེ་བཞིན་ཚིགས་བཅད་ཕྱེད། །ལུགས་ལས་བཟློག་བྱས་ཚིགས་བཅད་ཕྱེད་པ་བཟློག །ཚིགས་བཅད་སྔ་མ་བཟློག་ནས་གཉིས་པ་རུ། །བཀོད་པ་དེ་འདྲ་ཚིགས་བཅད་བཟློག་པར་འདོད། །དེ་ལྟར་ཀུན་གྱི་ལོངས་སྤྱོད་འཁོར་ལོ་ལ། །རྟག་པར་གནས་ཀྱང་མྱང་དཀའི་ཟུང་ལྡན་གྱི། །དཀའ་གནས་ཉུང་ངུས་རྗེན་པར་སྟོན་བྱེད་མཁན། །དབྱངས་ཅན་མགྲིན་འཁྱུད་དཎྜི་ཡིན་པར་ངེས། །ཞེས་སྒྲ་རྒྱན་ལས་ཀུན་ཏུ་ཟུང་ལྡན་སོགས་ཀྱི་རབ་ཏུ་བྱེད་པ་སྟེ་ཉེར་གཉིས་པའོ། །
༈ མགྲིན་མཚོར་ལྡེམ་ལྡེམ་འདབ་བརྒྱ་ལ་བཞུགས་ནས། །ལྷམ་མེར་བདུད་རྩིའི་འོད་དང་སྙན་པའི་ངག །མི་འཆིའི་གསོས་ཐབས་སྨྲ་སྟོན་ལྷ་ཁྱོད་ཀྱིས། །རོ་འཛིན་ཆེ་མངར་སྦྲང་རྩིའི་རྒྱལ་མཚན་མཛོད། །བྱ་དཀའ་བ་ལང་གཅིན་དང་འཁོར་ཅན་ངག །དབྱངས་སོགས་ཡི་གེ་ངེས་པའི་བྱ་དཀའ་རྣམས། །ཇི་བཞིན་འཁྲུལ་བའི་མུན་བཅོམ་ལེགས་བཤད་ཆ། །ཡོངས་རྫོགས་བློ་གསལ་ཀུན་དའི་གཉེན་དེ་སྤྲོ། །གང་ཞིག་ཕྱེད་ཀྱི་ཡི་གེ་བཀོད་པ་རྣམས། །གཅིག་གིས་བར་ཆོད་དཀྱུས་དང་འོག་མ་ནས། །འཕར་ཏེ་ཀློག་པའི་གཟུགས་གཅིག་བྱ་དཀའི་གཅིན། །སྟེང་འོག་དང་པོ་གཉིས་གཅིག་དེ་རྗེས་མིན། །གསུམ་པ་གཉིས་གཅིག་བཞི་པ་གཉིས་མིན་སོགས། །འོག་མའི་མི་གཅིག་གོང་མ་གོང་མའི་སྤེལ། །བ་ལང་འགྲོ་བའི་གཅིན་བཞིན་བཀོད་ཕྱིར་གཅིན། །
༈ ཚིགས་བཅད་ཕྱེད་ཀྱི་སྔ་མ་དཀྱུས་ཐུར་འདྲ། །ཕྱི་མ་བཟློག་ནས་དཀྱུས་དང་ཐུར་འདྲ་བར། །འཁོར་གང་ཕྱེད་དུ་འཁོར་ཕྱིར་ཕྱེད་འཁོར་བརྗོད། །
༈ རྐང་པའི་གཟུགས་གཅིག་དེས་ཀུན་འཁོར་བའམ། །གང་གི་སྔ་མའི་དང་པོ་དཀྱུས་དང་ཐུར། །གྱེན་དང་ཡར་ལ་བཟློག་པས་སྒོར་མོར་འཁོར། །དེ་འདྲ་ཀུན་ནས་འཁོར་ཕྱིར་ཀུན་བཟང་འཁོར། །དངོས་བསྟན་འདི་ཡིན་འདི་ལའང་མི་མཐུན་པའི། །འགོད་ཚུལ་མང་མཐོང་མཚན་ཉིད་ཚང་ཕྱིན་ཆད། །བྲིས་བཤུས་ཅི་དགོས་གཞན་ཡང་བཻ་དར་བྷ། །ཁ་ཆེའི་ལུགས་ཀྱང་སྒྲས་ཟིན་མིན་དང་པོ། །ཟླུམ་པོ་ཕྱོགས་དང་མཚམས་ནས་དབུས་སུ་འཁོར། །ཕྱི་མ་གྲུ་བཞིའི་གྲུ་ནས་དངོས་སུ་འཁོར། །གཡས་སུ་འཁོར་བ་མཁས་པས་བྱས་པའང་ཡོད། །འདི་སྐོར་ཐམས་ཅད་མཁྱེན་ངེས་རྒྱལ་བའི་ཏོག །གང་གི་བཀའ་ལུང་མང་གནང་ཡ་མཚན་འཕྲེང༌། །
༈ དབྱངས་གནས་ཡི་གེ་ཅི་རིགས་ངེས་པ་གང༌། །དབྱངས་ལ་སོགས་པ་ངེས་པའི་བྱ་དཀའ་འདོད། །དེ་གསུམ་བཞི་སོགས་དཀའ་དང་ལྔ་སོགས་སླ། །དབྱེ་བ་དབྱངས་ངེས་གནས་ངེས་ཡི་གེ་ངེས། །གསུམ་སྟེ་རེ་རེའང་བཞི་སོགས་བཞི་བཞི་འདོད། །དབྱངས་ཡིག་བཞི་སོགས་ངེས་བྱས་དབྱངས་ངེས་ཏེ། །རྐང་བཞིའི་རེ་རེར་ཨ་སོགས་དབྱངས་རེ་རེས། །ངེས་པ་ཅན་གང་དབྱངས་ཡིག་བཞིར་ངེས་འདོད། ཨ་སོགས་གསུམ་གྱིས་རྐང་པ་ཡོན་ཏན་བྱས། །བཞི་པར་དེ་གསུམ་སྤེལ་པ་གསུམ་ངེས་དང༌། །ཕྱེད་ལ་ཨོ་དང་ཕྱེད་ལ་ཨ་ལྟ་བུའི། །ངེས་བྱས་དེ་འདྲ་དབྱངས་ཡིག་གཉིས་སུ་ངེས། །དབྱངས་ཡིག་གཅིག་གིས་རྐང་པ་བཞིར་ངེས་པ། །དེ་ནི་དབྱངས་ཡིག་གཅིག་ཏུ་ངེས་པར་བཤད། །
༈ མགྲིན་རྐན་ལྕེ་རྩེ་སོ་མཆུ་སྤྱི་བོ་རྣམས། །ཅི་རིགས་སྐྱེ་གནས་ངེས་དེ་གནས་ངེས་སོ། །སྔར་བཞིན་སྐྱེ་གནས་བཞི་ཡིས་རྐང་པ་རྣམས། །སོ་སོར་ངེས་བྱས་གནས་བཞིར་ངེས་པ་འདོད། །སྐྱེ་གནས་གསུམ་གྱིས་གསུང་དང་བཞི་བ་སྤེལ། །གནས་གསུམ་ངེས་པར་འདོད་དེ་དེ་བཞིན་དུ། །སྐྱེ་གནས་གཉིས་ཀྱིས་ཕྱེད་ཕྱེད་ངེས་བྱས་པ། །གནས་གཉིས་ངེས་སོ་སྐྱེ་གནས་གཅིག་པ་ཡིས། །རྐང་རྣམས་ངེས་པར་བྱས་དེ་གནས་གཅིག་ངེས། །
༈ ཀ་སོགས་བཞི་སོགས་ངེས་བྱས་ཡི་གེ་ངེས། །འབབ་ལྡན་ཡི་གེས་རིམ་བཞིན་རྐང་པ་རྣམས། །ངེས་པ་བྱས་གང་ཡི་གེ་བཞི་རུ་ངེས། །ཡི་གེ་མེ་ཡིས་རྐང་པ་གསུམ་དང་བཞི། །ངེས་བྱས་དེ་ནི་ཡི་གེ་ཡོན་ཏན་ངེས། །ཡི་གེ་མཚེ་མས་རྐང་པ་ངེས་བྱས་གང༌། །ཡི་གེ་གཉིས་སུ་ངེས་པར་མཁས་པས་བཤད། །ཡི་གེ་བསེ་རུའི་རྐང་རྣམས་ངེས་བྱས་པ། །དེ་འདྲ་ཡི་གེ་གཅིག་ཏུ་ངེས་པ་ཅན། །འབད་ཀྱང་རྣམ་དཔྱོད་ཡུལ་དུ་འགྱུར་དཀའ་དེ་དག་ཀྱང༌། །ཁམས་གསུམ་རྣམ་འདྲེན་ཉིད་ཀྱི་ཞལ་ལུང་དྲི་མེད་ལ། །བརྟེན་ནས་འཁྲུལ་བ་བྲལ་བའི་ངག་ཙམ་སྨྲ་བའི་ཕྱིར། །འཇམ་དབྱངས་བཞད་རྡོར་དཎྜི་མེ་ལོང་ལ་བཞིན་ཞུགས། །ཞེས་སྒྲ་རྒྱན་ལས་བྱ་དཀའ་གཞན་སོགས་ཀྱི་རབ་ཏུ་བྱེད་པ་སྟེ་ཉེར་གསུམ་པའོ། །
༈ རྣམ་མེད་ལྷན་སྐྱེས་བརྗོད་བྲལ་ཆོས་དབྱིངས་དང༌། །དངོས་པོ་གཅིག་གྱུར་ཐུགས་རྗེའི་ཟློས་གར་ལས། །ཡེ་ཤེས་ལྷ་མོའི་སྒྱུ་འཕྲུལ་སྐུར་བསྟན་ཀྱཻ། །དཔྱོད་ལྡན་སྨྲ་ལ་སྐལ་བ་མཆོག་དེང་སྩོལ། གང་ཡང་ཆུ་བོ་དག་གིས་རྒྱ་མཚོར་བཞིན། །ངོམ་བྲལ་མཁས་རྣམས་རྩེ་དགྱེས་ཆེད་སོགས་དང༌། །མཁས་རློམ་སྟོང་པར་སྦོས་རྣམས་འཇུ་བའི་སྨན། །གབ་ཚིག་ཉེ་བར་མཁོ་དེ་ཡང་དག་འཆད། །དཔེ་དང་ཆ་སོགས་ཙམ་མིན་བསྒྲུབ་བྱ་གང༌། །སྒྲུབ་བྱེད་ཚིག་སྦྱོར་ལྷུར་ལེན་ཁྱད་པར་གྱིས། །གབ་པར་བྱས་ཏེ་གབ་པའི་ཚིག་གི་རྒྱན། །ཡང་དག་འཆད་འདོད་ལྟར་སྣང་བཅུ་བཞི་པོར། །ཀུན་ཏུ་ཚོགས་དང་སླུ་བྱེད་རིམ་བྲལ་དང༌། །རབ་བཅོམ་མཐུན་གཟུགས་རྩུབ་མོ་དང་ནི་གྲངས། །རབ་བཏགས་མིང་འདུས་སྒྲིབ་དང་མཐུན་པའི་སྒྲ། །རྨོངས་དང་ཡོངས་སུ་འཕྲོག་དང་གཅིག་སྒྲིབ་དང༌། །གཉིས་ཀ་སྒྲིབ་དང་ཡོངས་སུ་འདྲེས་བཅུ་དྲུག །
༈ རྣམ་དབྱེ་མཚམས་སྦྱོར་ལ་སོགས་ཚིག་གི་མཚམས། །སྦྱར་བས་སྒྲ་འདྲེས་དོན་སྦས་ཀུན་ཏུ་ཚོགས། །གཞན་གྲགས་སྒྲ་ཡིས་གབ་བྱ་བརྗོད་ནུས་ཀྱང༌། །གབ་བྱེད་ལ་འཁྲུལ་སླུ་བ་སླུ་བྱེད་དོ། །ཕྱི་མ་གཉིས་ཀྱི་མཇུག་དག་མས་རིམ་བཞིན། །ཡས་རིམ་སོ་སོར་སྔ་མ་དག་གི་མགོར། །སྦྱོར་བ་ལྟ་བུའི་རིམ་འཁྲུལ་རིམ་པ་བྲལ། །བསྒྲུབ་བྱ་སྒྲུབ་བྱེད་སྒྲ་དོན་ཅི་རིགས་པ། །སྦྱར་བས་རྟོགས་དཀའ་སྒྲིབ་བྱེད་ལ་ནི་ཁ། །འཕངས་བྱས་རབ་བཅོམ་གདམ་ངའི་ཚིག་ལྡན་ལེགས། །གབ་བྱ་གབ་བྱེད་ལ་བརྟགས་དོན་བཀོད་པའི། །ཚིག་གིས་དོན་གོ་བསྡེབས་པ་མཐུན་པའི་གཟུགས། །བསྡུས་བརྗོད་མཚུངས་དང་མི་མཚུངས་ལ་སོགས་ཅན། །འདིར་ནི་དོན་མཐུན་བསྟན་རྒྱུ་ཡོད་ཙམ་རིགས། །རྩུབ་མོའི་ཚིག་ལྡན་མཚན་ཉིད་ཡོད་པ་ཙམ། །ངེས་ཚིག་ཙམ་གྱིས་སྒྲིབ་བྱས་རྩུབ་མོའོ། །གང་དུ་གྲངས་ལ་གབ་པའི་བརྡའ་བྱས་ནས། །གབ་བྱ་སྦས་པར་བྱས་པ་གྲངས་ཀྱིའོ། །གང་དུ་གབ་བྱའི་དོན་དང་ངག་དེ་དག །གཞན་དུ་རྣམ་པར་སྣང་བྱས་དེ་རབ་བཏགས། །གང་དུ་མིང་ལ་སྣ་ཚོགས་དོན་ལྡན་མིང༌། །དུ་མས་བསྒྲུབ་པས་བཏགས་དེ་མིང་དུ་འདུས། །ཚིག་ནི་སྒྲིབ་བྱེད་ཆོས་མཚུངས་ལ་རེག་པས། །དེར་འཁྲུལ་དོན་གཞན་སྒྲིབ་བྱ་བསྒྲིབ་པས་བསྒྲིབས། །སྒྲ་སྦྱར་རྣམ་གྲངས་བཀོད་པས་བསྒྲིབ་བྱའི་དོན། །རྟོག་དཀའ་བསྒྲུབ་པ་དག་ནི་མཐུན་པའི་སྒྲ། །གང་ཞིག་བརྗོད་དོན་དངོས་སུ་བརྗོད་བྱས་ཀྱང༌། །ཚིག་དེ་ཉིད་ཀྱིས་རྨོངས་ཕྱིར་རྨོངས་པའོ། །གང་ལ་ཚིག་གི་སྦྱོར་ཕྲེང་བདག་ཉིད་ཅན། །རིགས་བྱས་སྔ་མ་སྔ་མ་ལ་བརྟེན་ནས། །ཕྱི་མའི་གབ་བྱ་གོ་དགོས་ཡོངས་འཕྲོག་གོ །གང་དུ་རྟེན་ནི་སྦས་མིན་བརྟེན་པ་ནི། །ཚིག་གིས་སྦས་པ་གཅིག་སྒྲིབ་གབ་པའི་ཚིག །དམིགས་འཛིན་སྤངས་ནས་སྤྱི་སྒྲས་རྟེན་བརྟེན་པ། །གཉིས་ཀ་སྦས་དེ་གཉིས་ཀ་སྒྲིབ་པའོ། །གང་དུ་སྔར་བཤད་གབ་ཚིག་ཕྱོགས་དང་མདའི། །མཚན་ཉིད་འདྲེས་པ་ཡོངས་སུ་འདྲེས་པར་འདོད། །དེ་ལྟར་གབ་པའི་ཚིག་དོན་སྟོང་གསུམ་དར། །ཉམས་བརྒྱའི་རི་མོ་ངོ་མཚར་མང་བཀྲ་བ། །གབ་བྱེད་རྡུལ་ཕྲན་ལ་གནས་དེ་རིགས་ནས། །ཀུན་ལ་ཡ་མཚན་སྟོན་ནོ་རྒྱལ་བ་བཞིན། །ཞེས་གབ་ཚིག་གི་རབ་ཏུ་བྱེད་པ་སྟེ་ཉེར་བཞི་པའོ། །
༈ རྡུལ་ཕྲན་ལས་འདས་རྣམ་མེད་ཡེ་ཤེས་ལས་གྲུབ་ལྷུན་གྲུབ་རྒྱུན་མི་འཆད་པའི་སྐུ། །ནམ་ཡང་འགག་མེད་སྣ་ཚོགས་བརྗོད་པ་ཀུན་ལ་སྒྲོགས་མཛད་དྲུག་ཅུའི་གསུང་དབྱངས་ཅན། །སྨྲ་བསམ་ལས་འདས་སོ་སོར་རང་རིག་བདེ་ཆེན་དབྱིངས་ལས་རྟག་ཏུ་མཉམ་བཞག་ཐུགས། །སྐུ་ཐུགས་རོ་གཅིག་གསུང་དབང་མ་ཀྱེ་མཁའ་ལ་ཉི་བཞིན་མཛོད་ཅིག་བདག་གི་བློ། །གང་ཡང་སྔར་བཤད་རྣམས་ལ་སྐྱོན་འདི་བཅུ། །སྤངས་ཏེ་ཡོན་ཏན་རབ་བརྒྱས་བགྱིད་འདོད་ལ། །སྐྱོན་ཡོན་འབོད་གྲོགས་དངོས་བརྙན་འབྱེད་བྱེད་ཀྱི། །ལེགས་བཤད་ཧ་ནུ་མནྠ་སྤྲོ་བར་བྱ། །དོན་ཉམས་དོན་འགལ་དོན་གཅིག་ཐེ་ཚོམ་ཅན། །རིམ་པ་ཉམས་དང་སྒྲ་ཉམས་གཅོད་མཚམས་ཉམས། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ་བ་དང༌། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་ལུང་རིགས་འགལ། །མཁས་པས་དེ་བཅུ་སྤངས་ཏེ་ངག་རྣམས་སྦྱོར། །ཚིག་ཚོགས་བརྗོད་བྱས་སྟོང་པ་དོན་ཉམས་ཏེ། །སེམས་ལྡན་སྨྱོས་པ་མིན་པའི་སྨྲ་བ་མིན། །སེམས་ཉམས་བྱིས་པའི་ངག་རྣམས་འདིར་སྐྱོན་མིན། །
༈ སྔ་ཕྱིའི་ངག་རྣམས་ཕན་ཚུན་འཇོམས་བྱེད་པའི། །འགལ་བའི་དོན་ལྡན་དོན་འགལ་སྐྱོན་ཡིན་ཏེ། །ཆགས་སོགས་སྐབས་སུ་ཕུལ་བྱུང་ཚིག་ཉེས་མེད། །
༈ དགོས་ཁྱད་མེད་པར་སྒྲ་དང་དོན་ཅི་རིགས། །སྔར་བཤད་སླར་ཡང་བརྗོད་པ་དོན་གཅིག་སྐྱོན། །དགའ་སོགས་བརྗོད་འདོད་ཡང་བརྗོད་སྐྱོན་མིན་རྒྱན། །
༈ ངེས་པའི་དོན་དུ་རབ་སྦྱར་ཚིག་ཉིད་ཀྱིས། །གལ་ཏེ་ཐེ་ཚོམ་འདྲེས་ན་ཐེ་ཚོམ་སྐྱོན། །འདྲ་བའི་ཐེ་ཚོམ་སླད་དུ་སྨྲས་པ་དག །རྒྱན་ཡིན་སྐྱོན་མེད་དེ་ཀུན་ཁས་ལེན་ཉིད། །
༈ དོན་རྣམས་མདོར་བསྟན་རིམ་བཞིན་རྒྱས་བཤད་དུ། །མ་བྱུང་གོ་རིམ་འཁྲུག་པ་རིམ་ཉམས་སྐྱོན། །དགོས་ཚོགས་འབྲེལ་བའི་སླད་དུ་འབད་པ་ཡིས། །མདོ་རྒྱས་རིམ་པ་བཟློག་ཀྱང་སྐྱོན་མ་ཡིན། །
༈ དོན་དེར་བརྗོད་བྱེད་རྣམ་དབྱེ་རྐྱེན་ལ་སོགས། །ཐོབ་ཚོད་བཞིན་མིན་སྦྱར་བ་སྒྲ་ཉམས་སྐྱོན། །བརྟགས་པའི་ཆོ་ག་དག་ལས་དམིགས་བསལ་འགའ། །ལུང་ཟིན་མཁས་པ་སྦྱར་བ་སྐྱོན་མིན་ཉིད། །
༈ ཚིགས་བཅད་རྣམས་ལ་ངལ་གསོ་ངེས་པའི་གནས། །ཚིག་གི་གཅོད་མཚམས་ངལ་གསོ་རིག་དགོས་པར། །དེ་ཉམས་གཅོད་མཚམས་མིང་མ་རྫོགས་པ་རུ། །ངལ་གསོ་བ་ནི་གཅོད་མཚམས་ཉམས་པའི་སྐྱོན། །རྣམ་དབྱེའི་སྟོབས་ཀྱི་མཐའ་ཕྱིས་ཚིག་ཡིན་བཞིན། །རྣམ་དབྱེ་མཚམས་སྦྱོར་རྣམ་འགྱུར་མཐའ་ཡང་ཚིག །ཡིན་ཕྱིར་ཀཱརྻཱ་ཎྱ་སོགས་མིང་དབུས་ལྟར། །སྣང་ཡང་སྐྱོན་མིན་འོན་ཀྱང་རྣ་བར་རྩུབ། །
༈ ཡི་གེ་ཆད་ལྷག་ལྕི་ཡང་སྦྱོར་དགོས་རྣམས། །ཇི་བཞིན་མིན་བྱས་སྡེབ་སྦྱོར་ཉམས་པ་སྨད། །ཡི་གེ་མང་ཉུང་གྱུར་པ་ལྷག་ཆད་སྐྱོན། །ཏ་དང་ཛ་སོགས་སྡེབ་སྦྱོར་རང་རང་གི །ཡང་ལྕི་གོ་རིམ་འཁྲུག་ནས་ཏ་རུ་ན། །ལ་རུ་ག་སོགས་ལྕི་ཡང་ཉམས་པའི་སྐྱོན། །
༈ ཨ་སོགས་མཚམས་སྦྱོར་མི་འདོད་རྒྱུ་མེད་པར། །ཡ་བ་ཕྱིས་སོགས་མཚམས་སྦྱོར་ཉམས་པའི་སྐྱོན། །ཤད་གོང་ཨ་དང་ཕྱི་མའི་ཨ་ཨི་སོགས། །མཚམས་སྦྱོར་བྲལ་ཀྱང་སྐྱོན་མེད་དམིགས་ཀྱིས་བསལ། །
༈ རི་སོགས་ཡུལ་དང་ཉིན་མཚན་དབྱར་སོགས་དུས། །འདོད་ཡོན་ལ་བརྟེན་གླུ་སོགས་སྒྱུ་རྩལ་ཏེ། །རྒྱུ་དང་མི་རྒྱུའི་སྣོད་བཅུད་འཇིག་རྟེན་ནོ། །རིགས་པ་གཏན་ཚིགས་རྟོག་གེའི་བདག་ཉིད་ཅན། །ཐོས་བཅས་གསུང་པའི་ཕྱི་ནང་བརྗོད་བྱེད་ལུང༌། །དེ་དག་དྲུག་ལས་ཇི་ལྟར་འབྱུང་བ་བཞིན། །མིན་པར་སྙན་ངག་མཁན་པོ་བག་མེད་ཀྱིས། །ཞུགས་ན་ཡུལ་སོགས་འགལ་བའི་འདམ་དུ་འབྱིང༌། །མ་ལ་ཡ་ཡི་ག་བུར་གངས་ཅན་དུ། །སྐྱེས་པའི་རྣམ་རྒྱལ་གསེར་མདོག་ཡུལ་འགལ་དག །ཉིན་པར་ཀུ་མུད་མཚན་དུས་པདྨོ་བཞད། །སྟོན་དུས་རྨ་བྱ་དགའ་རྣམས་དུས་འགལ་ལོ། །དཔལ་དང་སྒེག་པ་སྤྲོ་དགའི་ཁྱད་ཡིན་པར། །ཁྲོ་དང་ཡ་མཚན་བྱས་པ་སྒྱུ་རྩལ་འགལ། །གླང་པོའི་རལ་པ་ཆུ་ཤིང་སྙིང་པོ་སོགས། །འདི་འདྲ་སྣོད་བཅུད་འཇིག་རྟེན་འགལ་ལྡན་ཅན། །འདུ་བྱས་རྟག་སོགས་ནང་པའི་རིགས་པ་དང༌། །འཇིག་རྟེན་ཚངས་པས་བྱས་མིན་ཕྱི་རིགས་དང༌། །འགལ་བ་དེ་འདྲ་དེར་ལྟོས་རིགས་པ་འགལ། །ཕྱི་ནང་རང་རང་གཞུང་ལས་བཤད་པ་དང༌། །འགལ་བའི་ངག་རྣམས་ལུང་དང་འགལ་བ་སྟེ། །མེ་བཞག་མིན་པར་བྲམ་ཟེའི་མཆོད་སྦྱིན་དང༌། །བསླབ་ཉན་མེད་པར་སློབ་མར་དབང་ལུང་བཞིན། །སྐབས་མགར་སྐྱོན་མེད་དག་ཀྱང་འདོད་འདི་ལྟར། །གང་གི་མཐུ་ལས་མི་ཡུལ་ལྷའི་ལོངས་སྤྱོད། །འབྱུང་བར་བརྗོད་ཀྱང་སྐྱོན་མེད་ཡུལ་གྱིའོ། །དེ་བཞིན་བཟང་ནང་ལྟོས་ཀྱི་དུས་གཅིག་ཏུ། །འགྲོག་མིན་འགྲོག་པར་བསྟན་ཀྱང་དུས་མི་འགལ། །གར་བྱེད་མེ་ཏོག་རྙིང་ཡང་ཆགས་ལྡན་ལ། །ཡིད་འོང་བརྗོད་ཀྱང་སྒྱུ་རྩལ་ལས་མི་འགལ། །ལས་ཀྱིས་ཉིན་བྱེད་འདིས་ཀྱང་འགའ་ཞིག་ལ། །གྲང་མིན་བྱེད་ཀྱང་འཇིག་རྟེན་དང་མི་འགལ། །འགག་མེད་ལོངས་སྤྱོད་རྫོགས་པའི་སྐུ་སོགས་ཀྱི། །ཁྱད་པར་བརྗོད་ཀྱང་རིགས་པར་འགལ་བ་ཅི། །ཉོན་མོངས་མང་ལྡན་སོ་སྐྱེས་ཚེ་གཅིག་ལ། །སྒྲིབ་གཉིས་བདུད་བཞི་བཅོམ་ནས་འཚང་རྒྱ་སོགས། །ལུང་འགར་འགལ་ཡང་སྐྱོན་མེད་ཡོན་ཏན་རྒྱས། །རྒྱས་སོ་ཚིག་གི་རབ་བྱེད་འདབ་བརྒྱའི་འདབ། །དོན་གྱི་སྦྲང་རྩི་མངར་བ་དེ་དག་ཀྱང༌། །དེ་བཞིན་སྙན་ངག་རྒྱན་ལྡན་ཆེས་དགའི་གླུ། །མཆོག་བསྟན་ཉིན་བྱེད་འོད་དང་ལྷན་ཅིག་རྒྱས། །ཞེས་སྐྱོན་བཅུ་སྤངས་ནས་ཡོན་ཏན་རབ་རྒྱས་སྤེལ་བའི་རབ་ཏུ་བྱེད་པ་སྟེ་ཉི་ཤུ་རྩ་ལྔ་པའོ། །
འདིར་སྨྲས་པ།
ཚོགས་གཉིས་ཆུ་གཏེར་ལས་འོངས་དབྱངས་ཅན་བདུད་རྩིའི་གཏེར། །
ཐུབ་བསྟན་རལ་བའི་མྱུ་གུ་དེ་ནི་སྔོན་བསགས་ཀྱི། །
ལེགས་བྱས་རྒྱུ་སྐར་ཕྲེང་བ་ལ་ཆགས་འདིར་འོངས་ནས། །
སྐལ་བཟང་ཡིད་མཁའ་མཛེས་བྱེད་མཚོ་ལ་པདྨས་བཞིན། །
མཆོག་གི་གསུང་རབ་འོད་ཀྱི་ཐིག་པ་དག །མང་འདུས་རིན་ཆེན་ཕྲེང་ལྡན་ཕྲ་ཞིབ་སྤྱན། །སྲིད་ལས་བརྒལ་ཀྱང་རྫོགས་པ་མིན་པ་ཡིས། །མེས་པོའི་ཡིད་བརྟན་འགོག་པ་འདི་ལས་གང༌། །འཕྲོག་བྱེད་འཇུག་པ་བཅུ་ཡིས་མ་ཐོབ་ལ། །མེས་པོའི་ནོར་ལྷའི་སྙན་གྱིས་མ་གསན་ཅིང༌། །དབང་པོས་སྤྱན་སྟོང་བགྲད་ཀྱང་མ་མཐོང་བའི། །དབྱངས་ཅན་རྒྱུད་མང་བརྡུངས་འདི་སྐལ་བས་ཐོབ། །ཁྱད་འཕགས་དོན་གྱི་གཞི་ལྡན་མེ་ལོང་མ། །ཀ་ཡེ་བྱིས་པས་འཁྲུལ་སྤྱད་གོས་ཧྲུལ་སྐྱུར། །གསར་བཤད་སྙན་འཇེབས་དུ་ཀུ་ལ་ཡི་གོས། །གྱོན་ལ་རྨད་བྱུང་འཛུམ་པའི་དཔལ་ངོམས་ཤིག །ཤེས་བྱར་ཡོད་དོ་ཅོག་ཀུན་མང་ཐོས་ཀྱི། །ཉ་ལྕིབ་ཁོག་པར་བསྐྲུན་པའི་ལེགས་བཤད་ཀྱི། །འཁྲུལ་བྲལ་མུཀྟི་ཀ་ཡི་དོ་ཤལ་གྱི། །རིན་ཆེན་འཕྲེང་མཛེས་སྤེལ་ཏེ་ད་ལོངས་ཤིག །རྒྱལ་བའི་དབང་པོའི་ལེགས་བཤད་གང་གཱའི་ཆུ་གོས་ལྷབ་ལྷུབ་གཡོ། །འཇམ་དཔལ་སྙིང་པོའི་གསུང་རབ་ནམ་མཁའི་ནོར་བུ་ཏོག་ཏུ་བཀོད། །ཚིག་སྦྱོར་རིན་ཆེན་དོ་ཤལ་མང་དུ་འཕྱང་བའི་རྒྱལ་མཚན་ཆེ། །ལྷ་དང་མི་རྣམས་དགའ་བར་བྱེད་དེ་དེང་ནས་ལེགས་པར་བཙུགས། །སྙིང་གི་པདྨར་ཡབ་གཅིག་འཇ༷མ་དཔལ་ལྷ། །བཞུགས་ལ་དགྱེས་ལྡན་དབྱ༷ངས་ཅན་བཞ༷ད་པ༷འི་འཛུམ། །མགྲིན་པའི་འཁོར་ལོར་ཆགས་པ་སྨྲ་བའི་མཛོད། །སྤོབས་པ་མཆོག་གི་རྡོ༷་རྗེ༷ས་དེ་ལྟར་བསྐྲུན། །སྙན་ཚིག་པདྨ་མཛེས་པའི་དགའ་ཚལ་འདིའི། །ཕུལ་བྱུང་བརྗོད་དོན་སྦྲང་རྩི་མྱང་བས་ཚིམ། །མཁས་པའི་བུང་བ་གྲགས་སྙན་གླུ་དབྱངས་ཅན། །མང་པོས་འཛིན་མའི་ཁྱོན་ཡངས་འགེངས་པར་ཤོག །ཁྲིམས་གཉིས་རྣམ་པར་དག་པའི་ས་གཞི་བསྟན། །ཐུབ་པའི་རྒྱལ་ཚབ་ལྷུན་པོ་དབུས་ན་བརྗིད། །མཁས་མང་གསེར་གྱི་རི་བོས་ཡོངས་སུ་བསྐོར། །བློ་བཟང་ཆོས་སྲིད་ནོར་འཛིན་དར་དྲག་ཤོག །དེའི་མཐུ་ལ་སྤྱོད་ལྷ་དང་མི་རྣམས་ཀྱི། །བདེ་སྐྱིད་སྙན་གྲགས་རྫོགས་ལྡན་ལ་སྤྱོད་དཔལ། །སྒྲོགས་ལ་སྐྱེ་བོ་ཀུན་དང་ཆུ་གཏེར་ཡང༌། །མི་ངལ་ཆིལ་སྒྲོགས་བརྩོན་པ་དོན་ལྡན་ཤོག །མཆོག་གསུམ་ནུས་མཐུས་རྣོ་ལྡན་བདེན་པའི་ཚིག །བཏབ་པ་ཙམ་གྱིས་མི་མཐུན་རལ་པའི་ཚོགས། །བཅད་དེ་ཚོགས་གཉིས་ང་ལས་ནུའི་སྟོབས་ཀྱིས། །སྐུ་བཞིའི་རི་དབང་སྤོ་མཐོ་ལ་སྤྱོད་ཤོག །
ཅེས་སྙན་ངག་གསལ་བར་བྱེད་པའི་བསྟན་བཅོས་དབྱངས་ཅན་ཞལ་གྱི་ལུང་ཉི་མ་འབུམ་གྱི་འོད་ཅན་ཞེས་བྱ་བ་འདི། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འཇམ་དབྱངས་མིའི་གར་མཁན་ཁྲི་རིན་པོ་ཆེ་ངག་གི་དབང་ཕྱུག་བློ་གྲོས་རྒྱ་མཚོ་དཔལ་བཟང་པོ་ལ་སོགས་པའི་མཁས་གྲུབ་དམ་པ་མང་པོའི་ཞབས་པད་གཙུག་གི་རྒྱན་དུ་བཀོད་པའི་བཀའ་དྲིན་ལས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་ངེས་པ་ཅུང་ཟད་རྙེད་ཅིང༌། སྒྲ་དང་སྙན་ངག་སོགས་ལའང་བློ་གྲོས་ཀྱི་འཇུག་པ་ཐོབ་པའི་སྙན་ངག་མཁན་ཐོས་ལྡན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་རང་རེའི་སྟོན་པ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་རྗེ་ནོར་བཟང་ཡབ་སྲས་དང་ཁམས་གསུམ་རྣམ་འདྲེན་བློ་བཟང་རྒྱལ་བའི་དབང་པོའི་བཞེད་པ་ལྟར་ན་དྲག་པོ་ལྕགས་སྤྲེལ་ལ་སྐུ་བལྟམས་པ་དེ་ནས་ལོ་ཉིས་སྟོང་དྲུག་བརྒྱ་དང་བཅུ་ཕྲག་བཞི་དང་ཉག་མ་བཞི་པ། དུས་འཁོར་ཊཱིཀ་ཆེན་དེ་ཉིད་སྣང་བ་དང༌། པཎ་ཆེན་བསོད་གྲགས། ཀུན་མཁྱེན་ནམ་མཁའ་རྒྱལ་མཚན་པ་སོགས་ལྟར་ན་ཟིལ་གནོན་མེ་རྟ་ལ་སྐུ་འཁྲུངས། དེ་ནས་ལོ་ཉིས་སྟོང་དྲུག་བརྒྱ་པ་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ། ཉའི་ཁྱིམ་དབོ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ཉིན་རྫོགས་པར་གྲུབ་པ་འདིས་ཀྱང་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག།། །།

འཕྲིན་ཡིག་གི་རྣམ་བཞག་བློ་གསལ་འཕྲེང་མཛེས།

དྷཱིཀཤརྞཱཀཱསིནྔྷུཝཱརསྱསུམཱལནཱམོལེཁསྱབྱབསྠནབིཧརཏསྨ།
འཕྲིན་ཡིག་གི་རྣམ་པར་བཞག་པ་བློ་གསལ་རྣ་རྒྱན་སིནྡྷུ་ཝཱ་རའི་འཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །
ན་མ་སྶྭ་ར་སྭ་སྟྱཻ། མཁའ་ལྟར་རྒྱ་ཆེ་རབ་འབྱམས་རྡུལ་གྲངས་ཀྱི། །ཡོན་ཏན་རྗེས་འགྲོ་ཕྱོགས་བཅུའི་རྒྱལ་ཀུན་དང༌། །ཆོས་ཚོགས་སྐྱབས་གནས་རིན་ཆེན་རྣམ་གསུམ་ལ། །དེ་སྙེད་ལུས་སྤྲུལ་འདུད་དོ་སྤྱན་རས་སྐྱོངས། །མཛེས་སྡུག་ཀུན་རྫོགས་དམར་སེར་ལི་ཁྲིའི་རིས། །དབང་སྔོན་ཐོད་བཅིངས་འགྲོ་ལ་བློ་སྩོལ་ན། །ཆ་ཙམ་ཁྱོད་ཀྱི་དཔེར་གྱུར་རྒྱལ་བའི་ཡབ། །འཇམ་དཔལ་དབྱངས་ཀྱིས་བློ་གྲོས་མཚུངས་མེད་མཛོད། །གང་ཞིག་བསྟེན་ན་རྒྱལ་ཀུན་གསུང་གིས་ཀྱང༌། །སྙན་འགྱུར་ཉམས་ཀྱི་རོལ་སྒེག་འབུམ་ལྡན་པའི། །སྙན་ཚིག་གདོང་ལྔའི་རྒྱུད་དུ་བཀུག་པའི་གླུ། །ལོངས་སྤྱོད་འཁོར་ལོར་མཛོད་ཅིག་ཚངས་སྲས་མ། །འབྱམས་ཀླས་ཆོས་ཕུང་ཚང་བར་སྟན་གཅིག་ཏུ། །བཤད་སྒྲུབ་གསེར་སྒོང་སྦུབས་ནས་སྐུ་བཞིའི་ཞལ། །ཐམས་ཅད་མཁྱེན་འཛུམ་དཀར་བ་སྤྲོ་ཁྱོད་དང༌། །མཚུངས་ཟླ་རང་ལས་གཞན་སུ་ཙོང་ཁ་པ། །སྟོབས་བཅུ་དབང་ཕྱུག་བརྒྱད་སོགས་མཐའ་ཡས་ཡོན་ཏན་སྟུག་པོར་བསགས་པའི་སྐུ། །བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་འགྲོ་ལ་རྟག་ཏུ་སྣ་ཚོགས་སྒྲོགས་པའི་གསུང༌། །རྣམ་ཐར་སྙོམས་འཇུག་ལ་སོགས་ཏིང་འཛིན་རོལ་བར་ཆོས་ཀུན་རྟག་འཆར་ཐུགས། །མཁའ་ཁྱབ་མི་ཟད་རྒྱན་འཁོར་རྒྱུད་མར་འཁོར་བ་རྒྱལ་བའི་དབང་པོར་འདུད། །གཟུགས་བརྙན་ཙམ་ལ་དགེ་བའི་བཤེས་གཉེན་དུ། །ཞེན་པས་འབོད་མིན་མདོ་རྒྱུད་དགོངས་འགྲེལ་གནད། །མ་ལུས་ལེགས་བཀྲོལ་སྐལ་ལྡན་མཁས་མང་ལ། །འདོམས་མཛད་བདག་གི་མགོན་རྣམས་ཀུན་མཁྱེན་དངོས། །མཁས་རློམ་འཁྲུལ་བ་བྱིས་པའི་ཀུན་སྤྱོད་བཞིན། །རྟོག་དཔྱོད་ཡུལ་མིན་བློ་གསལ་མགུལ་བའི་རྒྱན། །ཉུང་ངུ་རྣམ་གསལ་དཔྱད་གསུམ་དག་པའི་ངག །དབྱངས་ཅན་ལྗགས་ལས་འོངས་བཞིན་སྨྲ་ལ་སྤྲོ། །དེ་ཡང་སྐྱེས་རབས་ལས། ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་བྱེད། །ཅེས་གསུངས་པའི་སྐྱེས་ཀྱི་མཆོག་མཁས་པ་དགའ་བྱེད་དང༌། །མདོ་སྡེ་རྒྱན་ལས། གསེར་ལས་བརྡུང་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །འཕྲིན་ཡིག་ལེགས་པ་ཐོས་འདྲ་རིན་ཆེན་སྒྲོམ་ཕྱེ་ལྟའི། ཆོས་ནི་འདིར་བཤད་པ་ལས་དགའ་བའི་མཆོག་བསྐྱེད་དོ། །
ཞེས་དམ་ཆོས་ཀྱི་དཔེ་འཕྲིན་ཡིག་ལེགས་པ་ཐོས་འདྲ་ཞེས་བཤད་པའི་འཕྲིན་ཡིག་གི་རྣམ་བཞག་ལ། འཕྲིན་ཡིག་གི་བྱུང་ཚུལ་དང༌། བྱེ་བྲག་དེང་དུས་ཕྱག་ལེན་ལ་འདེབས་ཚུལ་བཤད་པ་དང་གཉིས། དང་པོ་ལ་བྱུང་ཚུལ་དངོས་དང༌། དེའི་བརྡ་ཆད་ཇི་ལྟར་ཡོད་བཤད་པ་གཉིས། དང་པོ་ནི། དཔག་བསམ་འཁྲི་ཤིང་ལས། ནམ་ཞིག་གཟུགས་ཅན་སྙིང་པོ་ལ། །མཆོག་གི་གོ་ཆ་གསེར་འོད་འབར། །ལྷ་ཡི་རིན་ཆེན་གྱིས་མཚན་པ། མི་བདག་ཨུ་ཏྲ་ཡ་ནས་སྤྲིངས། །ཞེས་གསུངས་པ་ལྟར། གྲོང་ཁྱེར་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཏྲ་ཡ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་འཕྲིན་ཡིག་དང་སྐྱེས་ལ་རིན་ཐང་མེད་པའི་ནོར་བུའི་ཁྲབ། ལུས་ལ་རེག་ན་བདེ་བ། བཅད་པར་དཀའ་བ། འབིག་པར་དཀའ་བ། དུག་འཇིལ་བ། སྣང་བའི་བདག་ཉིད་དེ། ཡན་ལག་ལྔ་ལྡན་ཞིག་སྐྱེས་སུ་བསྐུར་བས། དེའི་ལན་གཞན་གྱིས་གླན་པར་མ་ནུས་ནས་རྒྱལ་པོས་བསྐུར་རྒྱུ་མ་རྙེད་པའི་ཚེ། བྲམ་ཟེ་དབྱར་བྱེད་ཀྱི་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་ལ་བསྐུར་ཞིག །ཅེས་གསོལ་བས། རྒྱལ་པོས་སྟོན་པ་ལ་ཞུས་པས་གནང་སྟེ། དཔག་བསམ་འཁྲི་ཤིང་ལས། འགྲོ་བའི་མིག་གི་བསོད་ནམས་རྣམས། །གཟུགས་ཅན་ཡང་དག་བསགས་པ་བཞིན། །སངས་རྒྱས་སྐུ་གཟུགས་ཐང་ཀ་དེ། །དེ་ནས་ས་གཞི་སྐྱོང་བར་སྤྲིངས། །ཞེས་གསུངས་པ་ལྟར། དེ་བཞིན་བཤེགས་པའི་སྐུ་བརྙན་རིས་བྱེད་པ་རྣམས་ཀྱིས་ཅི་ཙམ་བརྟགས་ཀྱང་བྲི་བར་མ་ནུས་པའི་ཚེ། སྟོན་པས་སྐུ་ཇི་ལྟ་བུའི་འོད་ཀྱི་སྣང་བརྙན་རས་ཀྱི་ངོས་ལ་བཏང་བར་ཚོན་གྱིས་མནན་ཏེ་བྲིས་པའི་སྐུ་བརྙན་དང༌། སྐྱབས་འགྲོ་དང་བསླབ་པའི་གནས་ལྔ་རྟེན་འབྲེལ་ལུགས་འབྱུང་ལྡོག་རྣམས་འོག་ཏུ་བྲིས། སྟེང་དུ། བརྩམས་པར་བྱ་ཞིང་དབྱུང་བར་བྱ། །སོགས་ཚིགས་བཅད་གཉིས་པོ་རྣམས་སྐྱེས་སུ་སྩལ་ཏེ། ཤེད་མཐུན་ཁྱོད་ལ་འཇིག་རྟེན་གསུམ་ན་ཆེས་ཁྱད་པར་དུ་འཕགས་པའི་སྐྱེས་བསྐུར་ཡོད་ན། དཔག་ཚད་ཕྱེད་དང་གསུམ་ལམ་མཛེས་པར་བྱེད་པ་དང་བདག་ཉིད་དཔུང་དང་བཅས་པས་བསུས་ཏེ། ས་ཕྱོགས་ཡངས་པར་བཀུར་སྟི་ཆེན་པོ་དང་བཅས་ཏེ་ཁ་ཕྱེ་བར་མཛོད་ཅིག །ཅེས་འཕྲིན་ཡིག་བསྐུར་བ་དང༌། རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་དད་པ་རྙེད་ནས་གསལ་རྒྱལ་གྱིས་ཡབ་རྒྱལ་པོ་ཟས་གཙང་ལ་ལྷའི་སྲས་ཀྱིས་བདུད་རྩི་བརྙེས་ནས་འགྲོ་བ་ཚིམ་པར་མཛད་དོ། །ཞེས་འཕྲིན་ཡིག་ཕུལ་བས། ཡབ་རྒྱལ་པོས་ཀྱང་ཕོ་ཉ་ལན་འགའི་རྗེས་མར་འཆར་ཀ་ཕོ་ཉར་མངགས་ཏེ་ཡབ་སྲས་མཇལ་བའི་ཆེད་དེ་བཞིན་གཤེགས་པ་སྤྱན་འདྲེན་པའི་ཞུ་ཡིག་རྒྱལ་པོ་ཉིད་ཀྱིས་བྲིས་ཤིང་ཁ་འཕྲིན་ཡང་བསྐུར་ཚུལ། དཔག་བསམ་འཁྲི་ཤིང་ལས། གང་ཡང་མཛའ་ལས་བདག་མཚུངས་འཆར་ཀ་ནི། །དེ་དགུག་སླད་དུ་བདག་གིས་ཡང་དག་བཏང༌། །སྤྲིང་ཡིག་ལག་དེ་ལྷ་རྣམས་མངོན་དགའ་བ། །དེ་ཉིད་དུ་ནི་ལྷ་ཉིད་བཞིན་དུ་གྱུར། །དེ་ཡི་ཁ་ལ་བདག་གི་འཕྲིན་གྱི་ཚིག །སྤྲིངས་པ་གང་དེ་བརྗེད་པ་མ་ཡིན་ནམ། །གང་ཕྱིར་ཐམས་ཅད་ངེས་པར་རང་ཕན་འདོད། །གཞན་གྱི་དོན་ལ་བསིལ་བ་ཉིད་འཛིན་ལོ། །ཆགས་མེད་འདི་ནི་ཡུད་ཙམ་ངལ་གསོ་མཛོད། །རྟག་ཏུ་བདུད་རྩིས་ཁེངས་པའི་རྣམ་གཟིགས་ཀྱིས། །མྱུར་དུ་བདག་གི་ལུས་ལ་ཆགས་གྱུར་པ། །བརྩེ་བའི་དབང་གིས་གཉེན་གྱི་དོན་མཛོད་ཅིག །ཅེས་པ་འདི་ཐོས་བདག་དང་འཕྲད་པ་ལ། །སྐད་ཅིག་ཀྱང་དེ་ཕྱི་བཤོལ་ཇི་ལྟར་མཛད། །དེ་ཡི་ཐུགས་ནི་ཡལ་འདབ་མཉེན་པ་ལ། །རང་བཞིན་མཛའ་བཅུག་རྣ་རྒྱན་མེད་དམ་ཅི། །ཞེས་པའི་དོན་ཅན་ཕུལ་བའི་འཕྲིན་ཡིག་སངས་རྒྱས་ཀྱི་ཕྱག་གིས་བཞེས་ནས་བཀླག་པར་མཛད་པ་དང༌། ཡབ་སྲས་མཇལ་ནས་རྒྱལ་བས་འཁོར་རྣམ་བཞི་དང༌། ཤཱཀྱ་རྣམས་ལ་ཆོས་སྟོན་པའི་ཚེ། ཤཱཀྱ་མིང་ཆེན་གྱི་ཆུང་མ་ཟླ་འོད་ཀྱིས་ཆོས་ཉན་པའི་ཚེ་གཞན་ཟིལ་གྱིས་གནོན་འདོད་ཀྱིས་འབངས་མོ་རོ་ཧི་ཏི་རང་གི་དོ་ཤལ་ལེན་དུ་བཏང་བའི་ལམ་དུ་བ་ལང་གིས་བརྡུངས་ཏེ་བསད་པ་སངས་རྒྱས་ལ་དད་པ་དང་ཆོས་ཐོས་ཀྱི་དད་དབང་གིས་སིང་ག་ལའི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་ཞེས་པར་སྐྱེས། མཉན་ཡོད་ཀྱི་ཚོང་པ་སིང་ག་ལར་སོང་བ་རྣམས་ཀྱིས་སངས་རྒྱས་ཀྱིས་གསུང་ཚིགས་སུ་བཅད་པའི་དབྱངས་ཀྱིས་བརྗོད་པ་བུ་མོས་ཐོས་ཏེ་གླུ་དེ་ཅི་ཡིན་ཞེས་དྲིས་པ་ན། སངས་རྒྱས་ཀྱི་གསུང་ངོ༌། །ཞེས་བརྗོད་པས། སངས་རྒྱས་དེ་ཡང་ཅི་འདྲ་ཞིག་ཡིན་དྲིས་པར། དེར་དེ་རྣམས་ཀྱིས་དེའི་ལན་རྒྱས་པར་བཤད་པས། བུ་མོ་བག་ཆགས་སད་ནས། རང་གིས་ལག་བདར་ཏེ་སྟོན་པ་ལ་ཞུ་ཡིག །དཔག་བསམ་འཁྲི་ཤིང་ལས། ཀྱེ་མ་བསོད་ནམས་ཚོང་ཟོང་དག་གི་རྙེད་པར་གྱུར་པ་ཁྱོད་ནི་དྲན་པ་ཉིད། །རྒུད་དང་གདུང་བ་དང་ནི་སྲེད་པ་འཇོམས་པའི་སྲིད་པའི་སྨན་བཟང་ཅི་ཡང་ཡིན། །བཅོམ་ལྡན་ལས་བྱུང་གཏམ་གྱི་རིམ་པས་ཉེར་བསྐྲུན་ཡང་དག་རིག་པ་མྱོང་བའི་ས། །བཅོམ་ལྡན་འདི་དེ་བདག་གི་བདུད་རྩི་ཡང་དག་བགོ་སྐལ་ཆེན་པོར་གྱུར་པ་ཡིན། །ཞེས་པའི་དོན་ཅན་བསྐུར་བ། དེའི་རྟོགས་བརྗོད་ལས། ལྷ་དང་ལྷ་མིན་མི་ཡི་ཕྱག་བགྱིས་པ། །སྐྱ་དང་སྙུན་དང་བསྙེངས་ལས་ངེས་འབྱུང་ཞིང༌། །གཙོ་བོ་གྲགས་པ་རྒྱ་ཆེར་རབ་གྲགས་པ། །དྲང་སྲོང་བདུད་རྩིའི་ཆུ་ལས་ཐུགས་རྗེ་ནོངས། །ཞེས་མུ་ཏིག་བྲེ་བོ་བདུན་གྱི་སྐྱེས་དང་བཅས་ཏེ་ཕུལ་བ། དཔག་བསམ་འཁྲི་ཤིང་ལས། མུ་ཏིག་འཁྲི་ཤིང་ལ་བརྩེ་བས། །རང་ཉིད་ཀྱིས་ནི་སྤྲིང་ཡིག་བཀླག །ཅེས་གསུངས་པ་ལྟར། ཐུགས་བརྩེ་བས་རྒྱལ་བ་རང་ཉིད་ཀྱིས་བཀླག་པར་མཛད་དེ། ཚིགས་སུ་བཅད་པ་དང༌། རས་ཀྱི་ངོས་ལ་སྐུ་ལས་འོད་ཟེར་བཀྱེ་བ་རི་མོས་མནན་ཏེ་བྲིས་པའི་ཐུབ་པའི་སྐུ་བརྙན་ཐུབ་པ་འོད་ཟེར་མར་གྲགས་པ་སྤྲིངས་པ་སོགས་ཀྱི་ཚུལ་དང༌། མཆོད་སྦྱིན་མ་འཕྲིན་ཆོག་གིས་བསྙེན་པར་རྫོགས་པ་ནི་ཁ་འཕྲིན་ཡིན་གྱི། འཕྲིན་ཡིག་བསྐུར་བ་མིན་པས། ཁ་འཕྲིན་དང་འཕྲིན་ཡིག་གི་ཁྱད་པར་མ་བཤིག་ཅིག །དེའི་རྗེས་སུ་ཆོས་རྒྱལ་མྱ་ངན་མེད་པས་ཀླུ་ལ་སྤྲིངས་པའི་ཡི་གེ་དང༌། བསྟན་འཛིན་གྱི་གཙོ་བོ་ཀླུ་སྒྲུབ་ཞབས་ཀྱིས་མཛའ་བོ་བདེ་སྤྱོད་བཟང་པོ་ལ་སྤྲིངས་པ་བཤེས་སྤྲིངས་དང༌། དེ་ལ་གདམས་པའི་འཕྲིན་ཡིག་རིན་ཆེན་འཕྲེང་བ། ཙནྟྲ་གཽ་མིས་རང་གི་སློབ་མ་ལ་སྤྲིངས་པའི་སློབ་སྤྲིངས། སློབ་དཔོན་མ་ཏི་ཙི་དྲས་རྒྱལ་པོ་ཀ་ནི་ཀ་ལ་གནང་བའི་ཀ་ནི་ཀའི་སྤྲིང་ཡིག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་སྤྲིང་ཡིག །བླ་མ་ལ་སྤྲིངས་པ་དགེ་སློང་དགོན་པ་བས་མཛད་པ། བྲམ་ཟེ་སད་ཛ་ནས་བུ་ལ་སྤྲིངས་པའི་སྤྲིང་ཡིག །ཤྲཱི་ཛ་ག་ཏ་མི་ཏྲ་ཨ་ནན་ཏས་རྒྱལ་པོ་ཟླ་བ་ལ་སྤྲིངས་པ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འཁོར་བཅས་ལ། སློབ་དཔོན་སངས་རྒྱས་གསང་བས་སྤྲིངས་པའི་སྤྲིང་ཡིག་དང༌། ཞལ་གདམས་བསླབ་བྱའི་ཡི་གེ་སྦྲགས་མའི་སྐོར་དང༌། རྒྱལ་པོ་སྙན་ངག་མཁན་ལ་སློབ་དཔོན་དོན་ཡོད་འཆར་གྱིས་གདམས་པ་དྲི་མ་མེད་པའི་དྲིས་ལན་རིན་ཆེན་འཕྲེང་བ། ཇོ་བོ་ཆེན་པོ་ལྷ་གཅིག་དཱཾ་པཾ་ཀཱ་ར་ཤྲཱི་ཛྙཱ་ནས་བལ་པོའི་རྒྱལ་པོ་ནི་རྱ་ཕ་ལ་བསྐུར་བ་དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་འཕྲིན་ཡིག་སོགས། དྲིས་ལན་འཕྲིན་ཡིག་ཟུང་འབྲེལ་གྱི་སྐོར་དང༌། གངས་ཅན་གྱི་ལྗོངས་འདི་ཉིད་དུ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་དང༌། རྒྱ་བཟའ་ཀོང་ཇོ་གཉིས་སྤྱན་འདྲེན་པའི་ཆེད་དུ་བལ་པོ་དང༌། རྒྱ་ནག་གི་རྒྱལ་པོ་གཉིས་ལ་འཕྲིན་ཡིག་སྒྲོམ་བུ་གསུམ་གསུམ་བསྐུར་བར་ལོ་རྒྱུས་སུ་གྲགས་པ་དང༌། མང་ཡུལ་ནས་བཀའ་གདམས་ཀྱི་མེས་པོ་འབྲོམ་ཆོས་ཀྱི་རྒྱལ་པོས་བོད་ཀྱི་ཆེ་བཙུན་དམ་པ་རྣམས་ལ་ཇོ་བོ་སྤྱན་འདྲེན་པར་བསྐུལ་བའི་ཞུ་ཡིག་ཚིགས་བཅད་མ་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་བདག་ཉིད་ཆེན་པོས། ཆོས་རྗེ་དེ་བཞིན་གཤེགས་པ་དང༌། ཤར་ཕྱོགས་རྒྱ་ནག་གི་རྒྱལ་པོ་ལ་གནང་བའི་ཆབ་ཤོག་སོགས་དང༌། འཇམ་དབྱངས་མིའི་གར་མཁན་འཛམ་གླིང་མཁས་པའི་གཙུག་རྒྱན་མཁས་གྲུབ་ཐམས་ཅད་མཁྱེན་པས་མངའ་རིས་ཆོས་རྒྱལ་དང་སྡེ་སྲིད་རྒྱང་རྩེ་བ་དང༌། རིན་སྤུངས་པ་ལ་གནང་བའི་ཆབ་ཤོག་དང༌། རྒྱལ་བ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་པདྨ་རྒྱལ་དབང་དབྱངས་ཅན་བཞད་པའི་རྡོ་རྗེས། བོད་ཀྱི་བླ་ཆེན་དང་སྡེ་བ་སོ་སོར་བཀའ་སྩལ་བའི་ཆབ་ཤོག་སྐོར་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཐོ་དམན་མང་ཞིག་ལ་གནང་བའི་ཆབ་ཤོག་སྐོར་དང༌། གཞན་ཡང་གངས་ཅན་གྱི་སྐྱེས་ཆེན་ཁྲོ་ལོ་བྱམས་པའི་དཔལ་གྱིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་སྤྱན་འདྲེན་པའི་ཞུ་ཡིག་དང༌། ས་ལོ་ཐམས་ཅད་མཁྱེན་པ་དང་ཤོང་དབང་བུ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་རྣམས་ཀྱི་ཆབ་ཤོག་དང༌། དེ་དག་ཐམས་ཅད་ལས་ཀྱང་ཁྱད་པར་དུ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་མ་ལུས་པ་ངེས་པར་གསུམ་ལྡན་མཆོག་གི་སྤྲུལ་པའི་སྐུའི་ཟློས་གར་འཛིན་པ་རྒྱལ་བ་ཐམས་ཅད་ཀྱི་བདག་པོ་མཁན་རིན་པོ་ཆེ་འདི་ཉིད་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པ་ས་སྐྱ་གདན་ས་གོང་འོག་སོགས་བླ་ཆེན་གྱི་རིགས་ལ་བཀའ་ཤོག་གནང་བ་དང༌། རྒྱ་གར་ནག་གི་རྒྱལ་པོ་ལ་གནང་བ་སོགས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་དག་ལ་གནང་བ་དང༌། མདོར་ན་ཆོས་སྲིད་ཀྱི་ཆེད་དུ་བཀའ་སྡོད་ཆེན་པོ་རྣམས་ཚུན་ཆད་ཀྱི་ལྷ་དང་མིའི་རིགས་མཐོ་དམན་ཇི་སྙེད་ལ་གནང་བའི་ཆབ་ཤོག་དག་ནི། མདོ་སྔགས་རིགས་གནས་ཀྱི་ཟབ་གནད་ལས་བརྩམས་པའི་བརྗོད་བྱ་རྒྱ་མཚོ་ལྟར་ཟབ་ཅིང༌། སྒོ་སྲོག་ལུས་རྣམས་གང་ལས་ཀྱང་ཁྱད་ཐོན་ནས་ལྷུན་པོ་ལྟར་བརྗིད་པ། ཆོས་དང་སྲིད་ཀྱི་ལོ་རྒྱུས་དང་མངོན་བརྗོད་སྡེབ་སྦྱོར་དང༌། སྐད་ཤན་སྦྱར་སྣ་ཚོགས་འབྲེལ་བ་ལྷའི་རྐང་འཐུང་སྤེལ་བ་བཞིན་ལྟ་བ་དང་ཉན་པ་པོའི་མིག་དང་ཡིད་འཕྲོག་པར་བྱེད། དེ་ལྟར་གསུང་གི་ཡོན་ཏན་ལ་བརྟེན་ནས་ཀྱང་མི་ལྡོག་པའི་དད་པ་ཤུགས་དྲག་པོ་སྐྱེས་པས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་སྐར་ཕན་བདེའི་འོད་ཟེར་འབར་བའི་སྲིད་པའི་མཁའ་ངོས་གཟུགས་ཅན་དུས་གསུམ་གྱི་སྐྱེ་དགུ་དང༌། རྒྱལ་བ་སྲས་བཅས་ཀྱི་བར་དུ་ཉི་མ་དང༌། ཟླ་བ་ལྟར་གསལ་བར་བྱུང་བ་ལགས་སོ། །ཡིག་བསྐུར་བྱུང་ཚུལ་གྱི་རྣམ་བཞག་མདོར་བསྡུས་ཏེ་ལེགས་པར་བཤད་ཟིན་ཏོ། །
༈ གཉིས་པ་ཡིག་བསྐུར་དེ་དག་གི་བརྡ་ཆད་ཇི་ལྟར་ཡོད་པ་ནི། བཤེས་སྤྲིངས་སོགས་ལྟར་ན་འཕགས་ཡུལ་གྱི་ཡིག་བསྐུར་དེ་དག་ཕལ་ཆེ་བ་ལ། དེང་སང་གི་འདི་དག་དང་འདྲ་བའི་བསྐུར་བ་དང༌། བསྐུར་མཁན་གྱི་མིང་སོགས་མགོར་བྲིས་ནས་དེའི་མཇུག་ནས་འབེབས་སམ་མཐོ་དམན་བྱེད་པར་མ་མངོན་ཏེ། དེ་ཡང་སྙན་ངག་ཆེན་པོ་དང་ཆ་འདྲ་བ་ཤིས་བརྗོད་ཕྱག་དངོས་པོ་ངེས་བསྟན་གསུམ་གང་རུང་གི་སྒོ་དང༌། བརྗོད་བྱ་སྡེ་བཞི་ཅི་རིགས་ལས་བརྩམས་པའི་སྲོག་དང་ལྡན་པ། ལུས་སྡེབ་སྦྱོར་སྙན་ངག་གི་བཅད་ལྷུག་སྤེལ་སོགས་ཅི་རིགས་བྱས་པ། མཇུག་ཏུ་བསྔོ་བ་སོགས་ཐོག་མཐའ་བར་དུ་དགེ་བའི་ཚིག་སྦྱོར་ཅན་ཤོག་བུའི་བྱང་བུ་ལ་བྲིས་ཏེ་གླེགས་བམ་བྱས་པ་དང༌། ཤོག་དྲིལ་བྱས་པ་ཙམ་ལས་ཉིས་སྟེབས་སུམ་ལྟེབས་སོགས་ཀྱི་ངེས་བཟུང་མེད་པ་འདྲ་ཞེས་ཁ་ཅིག་ཟེར་བ་དེ་ལྟར་དུ་སེམས་ལ། ཡང་རྣམ་པ་གཅིག་ཏུ་ན། གྲོང་ཁྱེར་པཱ་ཊཱ་ལི་བུ་དྲའི་རྒྱལ་པོ་མྱ་ངན་མེད་ཀྱི་བཙུན་མོ་གསེར་གྱི་འཕྲེང་ལྡན་མ་ཞེས་པས་རྒྱལ་པོའི་ནད་གསོ་དཀའ་བ་ཞིག་གསོས་པས་ཞག་བདུན་ལ་རྒྱལ་སྲིད་འཛིན་པའི་མཆོག་བསྲུང་བ་གནང་བ་དང༌། རྒྱལ་པོ་དེའི་བཙུན་མོ་པདྨའི་ལྷན་གྱི་སྲས་ཀུ་ལཱ་ལ་བ་ཞེས་པ་མཛེས་སྡུག་གི་རྒྱ་མཚོ་སྤྲོ་བ་དེ་ལ་གསེར་འཕྲེང་མ་རང་གི་ལོག་གཡེམ་ཀྱི་སྤྱོད་པ་མཛད་པའི་རེ་བ་མ་བསྐང་བའི་འཁོན་ཡིད་ལ་སྙིང་གི་ཚེར་མ་གཉིས་པར་སོང་བ་དེ་དབྱུང་སླད། གྲོང་ཁྱེར་རྡོ་འཇོག་གི་རྒྱལ་པོ་གླང་པོའི་རྣ་བ་ལ། རྒྱལ་པོ་མྱ་ངན་མེད་པའི་ཡིག་བརྫུན་བསྐུར་ཚུལ། དཔག་བསམ་འཁྲི་ཤིང་ལས། སྭ་སྟི་གྲོང་ཁྱེར་པཱ་ཊཱ་ལི་པུ་ཏྲ་ལས་མཚུངས་པ་མེད་པའི་གཡུལ་ལ་དཔའ་བས་ཡང་དག་པར་ཐོབ་པ། རྒྱ་མཚོ་མཐའ་དག་གི་མཚམས་སུ་རབ་ཏུ་འཕྲོ་ཞིང་མི་ཞན་ལ་དྲི་མ་དང་བྲལ་བའི་གྲགས་པའི་ཚོགས་ལས་བསྒྲུབས་པའི་དུ་ཀུ་ལའི་རས་དཀར་པོས་ནོར་འཛིན་གྱི་བུ་མོ་ལ་ལོངས་སྤྱད་པར་བྱ་བ་སྐལ་བ་བཟང་པོ་ཉིད་ཀྱིས་སྙེམས་པ་བྱིན་པ། དགྲ་བོའི་གཟི་བྱིན་ཉམས་པར་བྱེད་ཅིང་མི་དགའ་བ་རྣམས་ཀྱི་དགའ་མའི་རྩེ་དགའི་དམོད་པ་བཞིན་དུ་གྱུར་པ། དྲི་མ་མེད་པའི་ནོར་བུའི་རྐང་སྟེགས་མཐའ་ཡས་པའི་རྒྱལ་ཕྲན་གྱིས་རབ་ཏུ་བཏུད་པའི་བཞིན་གྱི་པདྨའི་གཟུགས་ཅན་སྣོད་གཅིག་ཏུ་བྱས་པ། ལེགས་བྱས་དགེ་བས་པདྨོ་རྣམ་པར་རྒྱས་པར་བྱེད་པའི་ཉིན་མོའི་དབང་ཕྱུག་རྟུལ་ཕོད་དང་བརྩོན་འགྲུས་དང་སྤྲོ་བ་ཆེན་པོ་རབ་ཏུ་རྒྱས་པའི་ནགས་ཚལ་གྱི་གདོང་ལྔ་པ་དཔལ་ལྡན་མྱ་ངན་མེད་པས་རྡོ་འཇོག་གི་དབང་པོ་དཔལ་གླང་པོའི་རྣ་བ་ལ་ཡང་དག་པར་རྟོགས་པར་བྱེད་པ་འདི་ལྟ་སྟེ། བདག་གི་བུའི་བཞིན་དང་ལྡན་པའི་དགྲ། ཁྲེལ་མེད་ཅིང་ངན་པའི་སྤྱོད་པ་ལ་བྱམས་ལ་ཡོངས་སུ་སྐྲག་པའི་སྤྱོད་པ་ཅན། མི་གཙང་ཞིང་བསྟན་བཅོས་ལ་སྡང་བ། མིག་གི་མདའ་བརྒྱ་ཕའི་ཆུང་མ་ལ་མངོན་པར་སྲེད་པའི་དུག་གི་སྣོད་དུ་བྱེད་པ། སྡིག་པའི་རྗེས་སུ་མཐུན་པའི་གཟུགས་དང༌། ལང་ཚོ་དང༌། སྤྲོ་བ་དང༌། རྟུལ་ཕོད་དང་ལྡན་པ། སྐྱེ་བོ་མིའི་ལག་འགྲོ་འདིའི་མིག་གི་ནོར་བུ་རབ་ཏུ་ཕྱུང་སྟེ་གོས་དང་བྲལ་བར་བསྐྲད་པར་མཛོད་ཅིག །ཅེས་བསྐུར་བར་བཤད་པ་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱལ་པོ་ཨུ་ཏྲ་ཡ་ན་ལ་སྤྲིང་ཡིག་བསྐུར་ཚུལ། དཔག་བསམ་འཁྲི་ཤིང་ལས། བདེ་བར་གཤེགས་པའི་ཞབས་པད་བཀོད་པའི་བསོད་ནམས་ཉེར་གྱུར་པ། །སྐབས་གསུམ་གྲོང་གི་ཁྱད་པར་རྒྱ་ཆེ་མ་ག་དྷ་ཡུལ་ནས། །དགེ་བ་བྱམས་པའི་གཟུགས་ཅན་ས་ཡི་བདག་པོ་གཟུགས་ཅན་སྙིང༌། །ཆོས་ཀྱི་གཉེན་གྱིས་ས་གཞིའི་ཐིག་ལེ་ཁྱོད་ལ་རབ་སྨྲས་པ། །ཞེས་སོགས་ལྟར་ན་ཚིག་རིས་འདི་དག་ཇི་བཞིན་བྲིས་པ་མིན་མོད་ཀྱང་འདི་དག་གི་དོན་ཅན་རེ་བསྐུར་བར་གསལ་བས། བསྐུར་ཡུལ་དང་བསྐུར་མཁན་སུ་ཆེ་བ་དེ་མགོ་ལ་བྲིས་པ་ན་འབེབས་སོགས་ཀྱང་ཡོད་དམ་སྙམ་སྟེ་སྔར་གྱི་བཤེས་སྤྲིང་སོགས་ལ་དེ་ལྟར་མེད་ཀྱང་ཞལ་གདམས་དང་དྲིས་ལན་ཡི་གེར་བྲིས་པ་ཚོ་ཚུར་དུ་བསྐུར་བ་ཙམ་ཡིན་པས་འཕྲིན་ཡིག་དཀྱུས་མ་དང་ཅུང་མི་འདྲ་བ་དང་མི་འགལ་ཚུལ་ཡང་དཔྱད་ན་ཤེས་སོ། །སྔ་དུས་དེ་དག་གི་ཚེ་རྒྱ་ཅི་འདྲ་བས་སྤྲས་སྙམ་ན། རྗེ་བདག་ཉིད་ཆེན་པོས་བྱང་སེམས་ཆེན་པོ་སྒྲ་དབྱངས་སྲས་པོའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས། རིགས་ཀྱི་བུ། འདིའི་ནང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞུགས་སོ། །ཞེས་པ་ནས། རྟག་ཏུ་ངུས་སྨྲས་པ། དེ་ལྟར་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བདག་ལ་སྟོན་ཅིག །བརྒྱ་བྱིན་གྱིས་སྨྲས་པ། རིགས་ཀྱི་བུ་དེ་ཡང་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་བཞུ་བས་བྲིས་པ་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་རྒྱ་རིམ་པ་བདུན་གྱིས་བཏབ་ནས་བཞག་སྟེ། ངེད་ཀྱིས་ཁྱོད་ལ་བསྟན་དཀའོ་ཞེས་དང༌། རྒྱ་རིམ་པ་བདུན་བྱས་ཚུལ་ནི། དེ་ཉིད་ལས་བཞུ་བས་བྲིས་པ་རྙེད་པར་དཀའ་དོན་ཆེ་བ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་སྐུ་རགས་བདུན་བདུན་གྱིས་ཤིན་ཏུ་དམ་པར་བཅིངས་ནས་མདུད་པའི་གནས་བདུན་ལ་རང་མིང་གི་རྒྱ་རིམ་པ་བདུན་གྱིས་བཏབ་ནས་བཞག་པས་ངེད་ཀྱིས་ཁྱོད་ལ་ཤིན་ཏུ་བསྟན་པར་དཀའོ། །ཞེས་དང༌། འགྲེལ་པ་སྙིང་པོ་མཆོག་ལས་གླེགས་ཐག་གིས་རིམ་པ་བདུན་དུ་བཅིངས་པའི་མདུད་པའི་ས་མཚམས་སོ་སོར་རང་མིང་གིས་རྒྱ་བྱས་པར་བཤད་པ་དང༌། ལུང་གཞིའི་འཚོ་བྱེད་གཞོན་ནུའི་བྱུང་བ་ལས་ཡང་ཁྱེའུར་གྱུར་ན་སེང་རས་འདི་སྐོན་ལ་སོར་གདུབ་ཀྱི་རྒྱ་མགུལ་དུ་ཐོགས་ལ་ངའི་དྲུང་དུ་དཀྲི་ཞིག་ཅེས་དང༌། རྒྱ་ཆེར་འགྲེལ་དུ་ལུང་བཀོད་པ་ལས། སོར་གདུབ་རྒྱ་ཡང་བཅང་བར་མི་བྱའོ། །ཞེས་དང༌། དཔག་བསམ་འཁྲི་ཤིང་ལས། གཟུགས་ཅན་སྙིང་པོའི་ལག་རྟགས་ཅན། །སྤྲིང་ཡིག་ཐང་ཀའི་སྔོན་བྱུང་བ། །མི་བདག་ཨུ་ཏྲ་ཡ་ན་ནི། །རབ་ཏུ་དགའ་བས་རང་གིས་ཀླག །ཅེས་གསུངས་པ་ལྟར་སྐབས་འདིའི་རྒྱ་དང་ཕྱག་རྒྱ་དང་ལག་རྟགས་རྣམས་གོ་དོན་གཅིག་པས་འདི་དག་ནི་རྒྱ་ལ་རང་མིང་གིས་སྤྲས་པ་ཅན་ལ་རྒྱ་སྤྲས་པ་ཅན་རེ་ཕལ་ཆེར་ཁྱིམ་པ་ལུགས་ཀྱི་རྒྱ་བྱེད་ཚུལ་ལོ། །རབ་བྱུང་ལ་ནི་དེ་བཞིན་གཤེགས་པས་གནང་པ་ནི། འདུལ་བ་མདོ་རྩ་ལས། རྒྱ་བཅད་པར་བྱའོ། །གདགས་སུ་མི་རུང་པའོ། །རོ་ཉེ་འམ། ཟངས་སམ། ར་གན་ནམ། ཁར་བའམ། རྒྱ་སྐྱེགས་ཀྱི་ཚིག་མའམ། ཤིང་ངམ། རྡོའམ། བ་སོའམ། རྭ་དག་ལས་བྱས་པའོ། །རྟགས་ནི་དགེ་འདུན་གྱི་ལ་ནི་དབུས་སུ་འཁོར་ལོ་གཉིས་སུ་རི་དྭགས་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་རང་མིང་བྲིའོ། །གང་ཟག་ལ་ནི་རུས་པའི་ཀེང་རུས་སམ། མགོའི་ཐོད་པའམ། ཞེས་དང༌། རྒྱ་ཆེར་འགྲེལ་ལས་མདོ་དང་བཅས་ཏེ་བཤད་པ་ནི། དེ་ཉིད་ལས། འདིར་གཞུང་ནི་གཞུང་གཅིག་ལས་དགེ་སློང་གིས་གསེར་ལ་སོགས་པ་ལས་བྱས་པའི་རྒྱ་བཅང་བར་མི་བྱའོ། །སོར་གདུབ་རྒྱ་ཡང་མི་བྱའོ། །འདི་ལྟར་རྒྱ་ནི་རྣམ་པ་ལྔ་སྟེ། ར་གན་ལས་བྱས་པ་དང༌། ཟངས་ལས་བྱས་པ་དང༌། ཁར་བ་ལས་བྱས་པ་དང༌། བ་སོ་ལས་བྱས་པ་དང༌། རྭ་ལས་བྱས་པའོ། །ཞེས་གསུངས་པ་ལྟར་གཞུང་ཁ་ཅིག་ལས། རྒྱ་རྣམ་པ་བརྒྱད་པོ་རོ་ཉེ་དང༌། ཟངས་དང༌། ར་གན་དང༌། ཁར་བ་དང༌། རྒྱ་སྐྱེགས་ཀྱི་ཚིག་མ་དང༌། ཤིང་དང༌། ས་ལས་བྱས་པ་བཅད་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། དེ་ཡང་རིན་པོ་ཆེ་ལས་གཞན་པའི་རྫས་ཀྱི་དཔེ་ཡིན་ནོ། །ཞེས་དང༌། དགེ་འདུན་གྱི་རྒྱ་ལ་ནི། རྟགས་འདི་ལྟར་བྱས་ཏེ། དབུས་སུ་འཁོར་ལོ་བྲིས་ནས་ངོས་གཉིས་སུ་རི་དྭགས་བྲི་བར་བྱ་ཞིང༌། འཁོར་ལོའི་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲི་བར་བྱའོ། །ཞེས་དང༌། དེ་ལྟར་བྲི་དགོས་པ། ཊཱིཀ་ཆེན་རིན་ཆེན་འཕྲེང་བ་ལས། དགེ་སློང་གིས་རྒྱ་བཅད་པར་བྱའོ། །རྣམ་པ་ཇི་ལྟ་བུ་ཞེ་ན། རྒྱན་གྱི་ཐ་སྙད་གདགས་སུ་མི་རུང་བའོ། །རྒྱུ་གང་ལས་བྱས་པ་ཞེ་ན། རོ་ཉེའམ། ཟངས་སམ། ར་གན་ནམ། ཁར་བའམ། རྒྱ་སྐྱེགས་ཀྱི་ཚིག་མའམ། ཤིང་ངམ། རྡོ་འམ། སའམ། བ་སོའམ། རྭ་དག་ལས་བྱས་པའོ། །རྟགས་ནི། དགེ་འདུན་གྱི་རྒྱ་ལ་ནི། འཁོར་ཞིང་སྤྱད་པའི་བརྡར་དབུས་སུ་འཁོར་ལོ། གང་ཟག་གིས་རིས་སུ་བཅད་དུ་མི་རུང་བ་མཚོན་པ་ངོས་གཉིས་སུ་རི་དྭགས། སྦྱིན་བདག་དགའ་བའི་ཕྱིར་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲིའོ། །གང་ཟག་གི་རྒྱ་ལ་ནི་ཀུན་ཏུ་སྐྱོ་བ་སྐྱེད་པའི་ཕྱིར་རུས་པའི་ཀེང་རུས་སམ། མགོ་བོའི་ཐོད་པ་བྲི་བར་བྱའོ། །ཞེས་གསུངས་པའི་ཀེང་རུས་དང་ཐོད་ཚལ་བྲིས་པའི་དགོས་པ་སྐྱོ་བ་སྐྱེད་པར་མ་ཟད་བསོད་ཉམས་ཀྱི་མཐའ་འགོག་ཆེད་དུའང་ཡིན་ཏེ། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལ། །ཞེས་གསུངས་པའི་རིགས་པ་སྦྱར་དུ་རུང་བའི་ཕྱིར་ཏེ། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སོགས་ཀྱིས་ཀྱང་ཤེས་སོ། །འདིར་ནི་རབ་བྱུང་གི་རྟགས་ལ་རང་གི་མིང་འབྲི་བར་མ་བཤད་དོ། །འོ་ན་གཙུག་ལག་ཁང་གི་བདག་པོའི་མིང་འབྲི་བར་བཤད་པ་མི་འགལ་ལམ་སྙམ་ན། དེ་ནི་གཙུག་ལག་ཁང་གི་སྦྱིན་བདག་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟ་བུའོ། །མགོན་མེད་ཟས་སྦྱིན་གྱིས་ཀུན་རྭའི་བདག་པོ་བྱེད་པའི་ཕྱིར་རོ། །གསོ་སྦྱོང་གི་དུས་སུ་གཙུག་ལག་ཁང་གི་བདག་པོ་དང༌། གཙུག་ལག་ཁང་གི་ལྷའི་ཚིགས་བཅད་རེ་བསྐུལ་བས་ཀྱང་ཤེས་དགོས་པའི་ཕྱིར། འོ་ན་སྟོན་པས་རབ་བྱུང་གི་མིང་གིས་རྒྱ་བྱེད་པར་མ་མཛད་པ་ལ་དགོས་པའམ་རྒྱུ་མཚན་ཡོད་དམ་ཞེ་ན། ཤིན་ཏུ་ཡོད་དེ། མ་གུས་པ་སྤོང་བ་དང༌། ཕ་རོལ་གྱི་བསོད་ནམས་ལ་མི་གནོད་པར་བྱ་བ་སོགས་ཀྱི་ཆེད་ཡིན་པའི་ཕྱིར། སྐྱབས་འགྲོ་ཡན་ལག་དྲུག་པ་ལས། སྐུ་གཟུགས་ཚིགས་སུ་བཅད་པ་དང༌། །ལྷན་པ་སེར་པོ་བཏབ་པ་ལ། །དད་མོས་སྒོ་ནས་སྟོན་པ་བཏགས། །ཞེས་སོགས་དང༌། ལམ་རིམ་ལས། སྟོན་པ་རིན་པོ་ཆེ་དང༌། རྣལ་འབྱོར་པ་ཆེན་པོ་ལྷན་པ་སེར་པོར་འགོམས་པའི་སར་ཡོད་པ་ཡང་མི་འགོམས་པར་སྦྲུགས་ནས་གཙང་སར་སྐྱེལ་བའི་ཕྱག་ལེན་ལ་བསླབ་སྟེ། རང་ཉིད་དཀོན་མཆོག་ལ་ཇི་ཙམ་གུས་པ་དེ་ཙམ་དུ་འགྲོ་བ་རྣམས་ཀྱང་རང་ལ་ཆེས་ཆེར་གུས་པར་འགྱུར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཅི་འདྲ་བ་ཡིས་ལས་བྱས་པ། །འབྲས་བུ་དེ་འདྲ་ཐོབ་པར་འགྱུར། །ཞེས་ཤེས་བྱེད་དང་བཅས་ཏེ་ན་བཟའི་རས་མ་ལའང་འགོམས་མི་ཉན་པར་བཤད་ན། དེའི་མཚན་ལ་ལྟ་ཅི་སྨོས་ཏེ། སའི་སྙིང་པོའི་མདོ་ལས། ཚངས་པ་ཆེན་པོ་གང་ངའི་ཕྱིར་རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་བ་དགེ་སློང་སྟོང་པ་ལྟ་བུ་ཤིང་རུལ་བ་ལྟ་བུར་གྱུར་བ་ཞེས་པ་ནས། ཉོན་མོངས་པ་སྣ་ཚོགས་ཀྱིས་གཤེགས་པ་ལྟུང་བས་ཕན་པ་ཡིན་ཡང༌། ཚུལ་ཁྲིམས་འཆལ་བའི་སྡིག་པ་སྤྱོད་པའི་དགེ་སློང་དེ་དེའི་ཚེ་ལྷ་ཐམས་ཅད་དང་མི་རྣམས་ཀྱི་བར་དང་བསོད་ནམས་ཀྱི་གཏེར་དག་གི་བར་གྱི་སྟོན་པ་དང་དགེ་བའི་བཤེས་གཉེན་ཡིན་ནོ། །ཞེས་སོགས་ཀྱིས་རབ་བྱུང་ཙམ་དག་མ་དག་གང་ཡིན་ཀྱང་རྒྱལ་པོས་ཀྱང་ཆོས་བཞིན་ཆད་པ་གཅོད་མི་རུང་ན་ཆོས་མིན་པས་ལྟ་ཅི་སྨོས་པར་བཤད་ནས། ཡང་དེ་ཉིད་ལས། སུ་ངའི་ཕྱིར་རབ་ཏུ་བྱུང་བ་སྣོད་དུ་གྱུར་རམ་སྣོད་དུ་མ་གྱུར་ཀྱང་རུང་བ་རྣམས་ལ་གང་དག་འཚེ་བ་དེ་དག་ཐམས་ཅད་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་ཉེས་པ་དང་བཅས་པ་ཡིན་ནོ། །དགེ་བའི་རྩ་བ་ཆད་པ་དང༌། རྒྱུད་ཚིག་པ་དང་ཚིམ་པ་མེད་པར་གཞོལ་བ་ཡིན་ནོ། །ཞེས་དང༌། འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གོས་ངུར་སྨྲིག་པ་འདི་ནི་ཐར་པའི་རྒྱལ་མཚན་ཡིན་ནོ། །ཞེས་དང༌། དེ་བཞིན་དུ་ནམ་སྙིང་གི་མདོ་སོགས་ལས་ཀྱང་བཤད་པས། དེ་བཞིན་གཤེགས་པའི་ཆ་བྱད་འཛིན་པའི་ས་རྡོ་ལའང་བརྙས་མི་ཉན་ན་དེའི་ཆ་བྱད་འཛིན་པའི་སེམས་ལྡན་ལྟ་ཅི་སྨོས་པས། མ་བརྟགས་མ་དཔྱད་པར་ཚམ་ཚོམ་དུ་འཇུག་ག་ལ་རིགས་ལ། གཞན་ཡང་གཏམ་རྒྱུད་ལའང་དེའི་མིང་དང་མཚན་མ་དྲན་པའི་ཕན་ཡོན་སོགས་ཀྱང་འདིར་སྦྱར་བར་བྱའོ། །ཡང་བོད་གངས་ཅན་གྱི་ལྗོངས་འདི་དང༌། ཆེན་པོ་ཧོར་གྱི་ཡུལ་སོགས་སུ་བླ་ཆེན་དང༌། རྒྱལ་རིགས་རྣམས་ཀྱི་གསེར་གྱི་ཐམ་ཀ་དང༌། ཙ་དན་སོགས་ཀྱི་རྒྱུ་ཁྱད་འཕགས་ལས་གྲུབ་པའི་ཐམ་ཀ་ལྟག་མགོ་ནོར་བུ་གསུམ་པ་སོགས་ཀྱིས་སྤྲས་པ་ནི་འཛིན་པའི་སྲོལ་ཞིག་དར་ཏེ། དཔེར་ན་གོང་མ་ས་ཆེན་རྒྱལ་པོ་ལ་ཚེ་རིང་བྱས་ཕུལ་བས་ཚེ་རིང་གནམ་གྱི་ཤེ་མོང་དུ་གྲགས་པའི་ཤེལ་ཐམ་དང༌། འགྲོ་མགོན་ཆོས་རྒྱལ་འཕགས་པར། སེ་ཆེན་རྒྱལ་པོས། གནམ་གྱི་འོག་སའི་སྟེང་ན། རྒྱ་གར་ལྷའི་སྲས་པོ། སྤྲུལ་པའི་སངས་རྒྱས་ཡི་གེ་རྩོམ་མི། རྒྱལ་ཁམས་འཆམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏཱི་ཤྲཱི་ཞེས་མཚན་གསོལ་ནས་ཕུལ་བའི་ཤེལ་ཐམ་གླིང་དྲུག་མ་དང༌། དེ་མཚུངས་སུ་གོང་མ་རྒྱལ་པོས་རང་ཅག་གི་རྣམ་འདྲེན་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པ་མ་ལུས་པ་འདུས་པའི་ངོ་བོ་རྒྱལ་བ་ཐམས་ཅད་ཀྱི་བདག་པོ་རིན་པོ་ཆེ་ལའང༌། ནུབ་ཀྱི་ལྷ་གནས་ཆེས་དགེ་བ་བདེ་བར་གནས་པའི་སངས་རྒྱས་བཀའ་ལུང༌། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་མཚན་རྒྱ་ཧོར་བོད་གསུམ་གྱི་ཡི་གེ་སུམ་གཤིབ་ཏུ་ཡོད་པའི་འཇའ་ས་ཕུལ་བར་མཛད་པ་དང༌། གཞན་ཡང་རྒྱལ་པོའི་ཐམ་ཀ་བཅུ་གཉིས་ལས། དང་པོ་ཧུང་ཐག་ཙི་བའུ་འདི་བླ་མའི་ལས་ཀའི་ལོ་གཅིག་གི་ནང་དུ་གནམ་སའི་བསྟོད་པའི་ཡི་གེ་ལས་གཞན་ལ་མི་རྒྱག །ཧཱུཾ་བི་བའུ་འདི་བླ་མའི་ལས་ཀའི་འཇའ་ས་ཐམས་ཅད་ལའང་རྒྱག །ཆི་ཀུའུ་ཅི་བའུ་འདི་ཝང་ཀུ་ཤྲཱི་རྣམས་ཀྱི་འཇའ་ས་ལ་རྒྱག །ཧྱི་ལྡན་ཐན་བའུ་འདི་ཁྲིམས་ར་ཐམས་ཅད་ལ་རྒྱག །ཅེས་རྒྱ་ནག་གི་ཡིག་ཚང་ལས་འབྱུང་ལ། དབྱིབས་བླ་མ་དང་རྒྱལ་པོ་ཆེ་ཆུང་སོགས་ཀྱི་ཐམ་རྟགས་ཆེ་ཆུང་གཉིས་ཀ་གྲུ་བཞི་བཙུན་མོ་སོགས་ཀྱི་ཐམ་ཀ་སྒོར་མོ་བྱེད་པ་ཞིག་རྒྱ་ནག་གི་ལུགས་ཡིན་པར་གྲགས་སོ། འོ་ན། དམ་པ་དེ་དག་གིས་གསེར་ཐམ་སོགས་འཛིན་པ་ལུང་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ། འདུལ་བར་གང་ཟག་ཁྱད་པར་ཅན་འདོད་ཞེན་མེད་པ་ལ། ཁང་མིག་ལྔ་བརྒྱ་པ་དང༌། གོས་འབུམ་རི་བ་ཡང་གནང་ལ། བྱང་ས་སོགས་ལས། དགེ་སློང་བྱང་སེམས་ལ་དེ་བས་ཀྱང་ཆེས་ཆེ་བ་མང་པོ་གནང་བས་སོ། །དེ་ཡང་དམ་པ་དེ་དག་གི་གསེར་ཐམ་རྣམས་གདུལ་བྱ་དེ་དག་ཚོགས་རྫོགས་ཆེད་ཡིན་པས། ཐབས་མཁས་བླ་ན་མེད་པ་ཁོ་ནའོ། །འོན་ཀྱང་རབ་བྱུང་རྣམས་ཀྱིས་འདུལ་བའི་གཞུང་གི་ཚིག་ཟིན་ལྟར་ཐམ་ཀ་ཅིའི་ཕྱིར་མ་བྱས་སྙམ་ན། སྔ་དར་གྱི་དུས་སུ་ཆོས་དར་ཙམ་ཡིན་གྱི་ཞིབ་པོ་ག་ལ་ཡོད། ཕྱི་དར་གྱི་དུས་སུའང་ལག་ལེན་ཞིབ་པོ་དཀའ་ཙམ་བྱུང་བར་མངོན་ལ། དེ་ཙམ་དུ་མ་ཟད་ཆོས་ཀྱི་རྒྱལ་པོ་རྗེ་རྒྱལ་བ་གཉིས་པ་མ་ཕེབས་ཡན་ཆད་དུ་ཆོས་གོས་རྣམ་གསུམ་དང་གདིང་བ་རྣམས་ཀྱི་ཚལ་བུ་སོགས་ཀྱང་དགེ་བཤེས་ཆེན་པོར་རློམ་པ་དག་གིས་ཀྱང་མི་ཤེས་པ་རྣམ་ཐར་ཆེན་མོ་དང༌། མཁས་པ་དག་གི་གསུང་ལས་ཐོས་སོ། །རྗེ་བདག་ཉིད་ཆེན་པོ་ཕེབས་རྗེས་སུའང་ཐམ་ཀ་དེ་ལྟར་མ་མཛད་པ་ནི་གཙུག་ལག་ཁང་གི་བདག་པོའི་མིང་བྲིས་ན་སྦྱིན་བདག་གཞན་གྱིས་ཕྲག་དོག་དང་ཀེང་རུས་དང་ཐོད་པ་བྲིས་ན། བརྒྱ་པ་ལས། འཇིག་རྟེན་ཀུན་ལ་འཆི་བདག་སྒྲ། །ཇི་ལྟར་འཇིགས་པ་བསྐྱེད་གྱུར་ཡང༌། །ཞེས་གསུངས་པ་ལྟར་སྐྲག་པ་དང་རྣམ་རྟོག་སྐྱེད་དོགས་ནས་མ་མཛད་པར་སྣང་བར་སེམས་ལ། དེ་ནས་བརྒྱ་པ་ལས། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །བཟུང་བར་མི་ནུས་དེ་བཞིན་དུ། འཇིག་རྟེན་པ་ཡི་མ་གཏོགས་པར། །འཇིག་རྟེན་བཟུང་བར་ནུས་མ་ཡིན། །ཞེས་གསུངས་པ་ལྟར་ཡུལ་དུས་གནས་སྐབས་དེའི་གང་ཟག་གི་བློ་དང་མཚམ་པ་གང་ལེགས་བྱེད་པ་ལས་མཐའ་གཅིག་ཏུ་ཆོས་འཇིག་རྟེན་གང་ལའང་འདི་ཁོ་ན་བྱེད་ཀྱི་ངེས་བཟུང་ག་ལ་ནུས་ཏེ། མཁྱེན་བརྩེ་ནུས་གསུམ་གྱི་ཕ་རོལ་ཏུ་ཕྱིན་པའི་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཆོས་སྣ་ཚོགས་གསུངས་དགོས་པ་བྱུང་འདུག་པའི་ཕྱིར་ན་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གསུང་ལས་འདིར་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་སྐད་དུ་མ་དང༌། བཞུགས་པའི་གནས་དུ་མ་དང༌། གསོལ་བ་འདེབས་པ་པོ་དུ་མ་དང༌། ཆོས་སྟོན་པ་དུ་མ་ཡིན་ནོ། །ཞེས་དང༌། མདོ་ལས། འགྲོ་བ་སྤྱོད་པའི་སྒོ་རྣམས་ཇི་སྙེད་པ། །དེ་སྙེད་ཆོས་ཀྱི་སྒོ་ལ་རབ་ཞུགས་ཏེ། །དེ་དག་ཀུན་ཏུ་རྣམ་ཐར་སྒོ་དག་ནས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །ཞེས་དང༌། དེ་བཞིན་དུ། རིན་ཆེན་འཕྲེང་བ་ལས། བརྡ་སྤྲོད་སློབ་མཁན་གྱི་དཔེ་དང༌། ལང་གཤེགས་ལས། ནད་པ་སྨན་སྟེར་ཚུལ་གྱི་དཔེས་འགྲོ་བའི་ཁམས་དང་བསྟུན་ནས་སྟོན་པར་གསུངས་པ་དང༌། སྟོན་པའི་ཞལ་ནས་ཀྱང༌། འཇིག་རྟེན་ང་དང་རྩོད་ཀྱི་ང་འཇིག་རྟེན་དང་མི་རྩོད་དེ། འཇིག་རྟེན་ན་ཡོད་པ་དེ་ངས་ཀྱང་ཁས་ལེན་གསུངས་པ་སོགས་དང༌། མདོར་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པའང་གདུལ་བྱའི་དབང་གིས་ཡིན་ཚུལ་སོགས་ལུང་རིགས་མཐའ་ཡས་པའི་ཕྱིར་རོ། །དེ་དག་གི་བརྡ་ཆད་ཇི་ལྟར་ཡོད་པ་མཚོན་ཙམ་བཤད་ཟིན་ཏོ། །
༈ གཉིས་པ་དེང་དུས་ཕྱག་ལེན་ལ་འདེབས་ཚུལ་བཤད་པ་ལ། ཕར་བསྐུར་ཚུལ་དང༌། ཚུར་བྱུང་བའི་ལན་དང༌། ཡིག་རྒྱ་སོགས་ཀྱི་རྣམ་བཞག་དང༌། ཕྱི་ནང་གི་ཐམ་རྟགས་འདེབས་ཚུལ་དང༌། ཞར་ལ་ཐོག་མཐའ་བར་དུ་དགེ་བའི་ཆོས་ལ་གནས་པར་གདམས་པ་དང་ལྔའོ། དེ་ཡང་འདི་དག་གི་རྣམ་བཞག་ཕལ་ཆེར་འབྲོམ་གྱིས་མཛད་པའི་ཤོག་གཅིག་མ། འགྲོ་མགོན་འཕགས་པས་མཛད་ཟེར་བའི་ལེའུ་བཞི་པ་སོགས་དང༌། རང་གི་བླ་མ་དམ་པ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ཞབས་དྲུང་ནས་ཕྱག་ལེན་ཇི་ལྟར་མཛད་པ་རྣམས་ལ་བརྟེན་ནས་ཅུང་ཟད་སྤྲོ་བར་བྱས་ན། ཐོག་མར་ཡུལ་གྱི་མཐོ་དམན་གྱི་རྣམ་བཞག་ཤེས་ན་ཁྱད་ཆེ་བས་དེ་ཅུང་ཟད་ཙམ་བརྗོད་ན། སྤྱིར་ལུང་རྟོགས་ཀྱིས་མཐོ་བ། བསླབ་བཅས་ཀྱིས་མཐོ་བ། རིགས་རུས་ཀྱིས་མཐོ་བ། སྟོབས་མངའ་ཐང་གིས་མཐོ་བ་སོགས་དུ་མ་ཞིག་ཡོད་པ་ལས། ཆོས་ཀྱི་ལུགས་ལྟར་ན། མདོ་ལས། རིགས་རུས་སྟོབས་མི་གཙོ་ཡོན་ཏན་ཁོ་ན་གཙོ་ཞེས་བཤད་པས། རང་རེ་ཆོས་བྱེད་པ་རྣམས་ཀྱིས་འདི་ཁོ་ན་ལྟར་བྱ་དགོས་པས། ལུང་རྟོགས་དང༌། བསླབ་བཅས་ཀྱིས་མཐོ་བ་ལ་ཆེ་བར་འཇོག་དགོས་ལ། ཕན་བཏགས་པའི་ཞིང་ཕ་མ་དག་ཀྱང་འདི་སྐབས་ཀྱི་ཆེ་བར་འོས་སོ། །འཇིག་རྟེན་པ་ལྟར་ན། རིགས་རྒྱུད་སྟོབས་མངའ་ཐང་སོགས་གཙོ་ཆེ་བས། དེ་ལ་རིགས་ཀྱི་རིམ་པ་ནི། བྲམ་ཟེ། རྒྱལ་རིགས། རྗེ་རིགས། དམངས་རིགས་བཞི་ཡོད་ཅིང་མཐོ་དམན་ཡང་དེ་ལྟར་ཡིན་ལ། གཞན་ཡང་དང་པོ་རིགས་གཞན་ཡིན་པ་ཕྱིས་བསོད་ནམས་སོགས་ཀྱིས་རྒྱལ་རིགས་སུ་གྱུར་པའང་ཡོད་པའི་ཕྱིར། དེ་ཡང་བྱ་བའི་ཆ་ནས་རིགས་དང༌། སྐྱེད་བྱེད་ཕའི་ས་བོན་ལས་རུས་པ་འབྱུང་བས་ཕའི་ས་བོན་གྱི་ཆ་ནས་རུས་པ་འཇོག་སྟེ། བརྒྱ་བ་ལས། འཚོ་བའི་ཐབས་དངོས་ཅོག་ལ་ཡང༌། །འཇིག་རྟེན་ན་ནི་རིགས་ཞེས་བསྙད། །ཅེས་གསུངས། བོད་འདིར་བྲམ་ཟེའི་རིགས་དངོས་གནས་པ་མེད་ཀྱང་གྲུབ་པ་བརྙེས་པའི་སྔགས་རྒྱུད་ལྟ་བུའི་གདུང་ཆེ་བ་དག་ལ་དེའི་དོད་ཤིན་ཏུ་རུང་ངོ༌། །བོད་འདིའི་བླ་མ་སྡེ་དཔོན་གྱི་ཆེ་ཆུང་སོགས་ནི་ཡུལ་འདིར་སྡོད་པ་དག་ཁོ་ན་ལ་མཁོ་ཡང༌། བྱང་ཕྱོགས་པ་དག་ལ་ཆེས་མི་མཁོ་བས་མ་བྲིས་སོ། །རང་རང་གི་ཡུལ་མི་ཆེ་ཆུང་ཡུལ་ལུགས་དང་བསྟུན་པས་རྒྱལ་པོ་སོགས་ཀྱི་ཁྱད་པར་ཤེས་དགོས་སོ། །རིགས་ཞེས་བསྙད། ཅེས་དང༌། བརྒྱ་པའི་འགྲེལ་པར། ཇི་ལྟར་གསེར་གྱི་སྤྱི་བླུགས། འདི་ཉིད་དུ་གཞན་གྱི་གནས་སྐབས་དེ་དང་དེར་གྱུར་དབྱིབས་ཀྱང་གནས་སྐབས་སུ་ཐ་དད་པས་ཐ་དད་པར་གྱུར་པ་དེ་བཞིན་དུ་འཇིག་རྟེན་ལས་བཤད་པ་མ་བྱས་ཤིང་བརྗེ་བའང་ཡིན་ནོ། །ཞེས་གསུངས་ཏེ། བྲམ་ཟེ་མར་ཀ་ཊའི་གསེར་གྱི་སྤྱི་བླུགས་བཅོལ་བ་དཔེར་བྱའོ། །འདི་ལ་སྤྱིར་དབྱངས་ཅན་ས་འཛིན་བདག་པོའི་ཟློས་གར་རྒྱལ་པོ་དགེ་བའི་དབང་པོས་མུ་ཏིག་འཁྲི་ཤིང་གི་རྟོགས་པ་བརྗོད་པར། དེ་ནས་དེ་ཡི་གཏམ་གྱིས་དེ། །སྔར་སྐྱེས་དགེ་བ་རྒྱས་པ་ཐོབ། །བཅོམ་ལྡན་སླད་དུ་གསོལ་བ་ཡི། །སྤྲིང་ཡིག་དེ་དག་རྣམས་ལ་བསྐུར། །ཞེས་པ་དང༌། བཤེས་སྤྲིང་སློབ་སྤྲིང་ཀ་ནི་ཀའི་སྤྲིང་ཡིག་ཅེས་སོགས་ལ་དཔག་ན། འཕགས་ཡུལ་དུ་སྤྲིངས་པ་དང་བསྐུར་ཞེས་ཙམ་གྱིས་ཤིན་ཏུ་མཐོ་བ་ཞིག་གིས་དམའ་བ་ཁོ་ན་ལ་བསྐུར་ཚུལ་དུ་མི་འགྱུར་ཀྱང༌། བོད་གངས་ཅན་གྱི་ལྗོངས་འདིར་ནི། འགྲོ་མགོན་ཆོས་ཀྱི་རྒྱལ་པོ་སོགས་ཀྱིས། རྒྱ་ཧོར་རྒྱལ་པོས་བཟློ་བ་ཐོབ། །བོད་ཀྱི་རྒྱལ་པོས་སྤྲིངས་པ་ཐོབ། །རྣལ་འབྱོར་བ་ཡིས་འདི་ལྟ་སྟེ། །བརྒྱ་སྟོང་དཔོན་གྱིས་བསྐུར་བ་ཐོབ། །ཅེས་སྤྲིངས་པ་དང་བཟློ་བ་དང་བསྐུར་བ་རྣམས་ཆེན་པོ་ཁོ་ནས་བྱེད་ཅིང༌། དེང་དུས་ཅི་རིགས་པར་ཕྱག་ལེན་ལའང་འདེབས་ཀྱིན་འདུག་པས། མདོ་ཙམ་སྨྲས་ན་སྤྱིར་ཁ་བ་ཅན། དེའི་ནང་ནས་རང་རེ་བྱང་ཕྱོགས་པ་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་ནི་འགྲོ་མགོན་ཕྱག་ན་པདྨ་རྒྱལ་བའི་དབང་པོའི་སྐུའི་རབས་དག་ཡིན་ལ། འདི་ཉིད་ལ་གསང་བ་གསུམ་གྱི་རྣམ་པར་ཐར་པ་ནམ་མཁའ་དང་མཉམ་པ་ཙམ་ཡོད་ཅིང་ཐུན་མོང་བའི་རྣམ་ཐར་ལའང་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གིས་མཚོན་པའི་བཀའ་བསྟན་བཅོས་འགྱུར་རོ་ཅོག་གི་ལུང་དབང་ཁྲིད་མན་ངག་དུས་དེང་སང་བཞུགས་པ་རྣམས་མ་ལུས་པར་མངའ་ཞིང༌། བཅུ་ཕྲག་གི་རིག་པའི་གནས་ཀྱི་ཤེས་བྱ་མ་ལུས་པ་རིག་པ་ལྟ་ཅི་སྨོས། གདུལ་བྱ་དབང་པོ་རྣོ་འབྲིང་ཐམས་ཅད་ལའང་ལག་མཐིལ་གྱི་ཤིང་ཏོག་ལྟར་སྟོན་ཞིང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསླབ་པ་གསུམ་གྱིས་ཆེས་ཆེར་ཕྱུག་པས་དུས་གསུམ་གྱི་མཁས་གྲུབ་ཀྱི་ཡང་རྩེ་ཐོབ་ལ། མཁྱེན་བརྩེ་མཐུ་ནུས་གང་ལའང་རྒྱལ་བ་ཐམས་ཅད་གཅིག་ཏུ་བྱས་པའི་དོ་ཟླར་འོས་པ། ཐ་ན་ཕྱག་གིས་རེག་ཙམ་མཛད་པའི་མེ་ཏོག་ཀྱང་ཡུལ་གང་དུ་ཕེབས་པ་དེ་དག་ཏུ་བཀྲ་ཤིས་ཀྱི་དགེ་མཚན་ཉི་མ་ལྟར་འབར་བས་མཁས་བླུན་ཐམས་ཅད་ལ་མངོན་སུམ་དུ་སྣང་བར་གྱུར་ནས་ཆོས་སྲིད་གཉིས་ཀའི་ཆ་ནས་ལྷ་དང་མིའི་བླ་མར་གྱུར་པ་འདི་ཉིད་ཀྱིས་བཀའ་ཤོག་གནང་ཚེ་སྒོ་ཡིག་ཆེན་མོ་ལྟར་ཡིག་མགོ་ཤིན་ཏུ་ཆེ་བའི་སྣེ་རིང་པོར་ཐེན་པའི་འོག་ཏུ་ཡི་གེ་རྣམས་ཚུད་པར་བྱས་ལ། ཆེ་བརྗོད་གང་རྒྱས་དང་འབྲེལ་བའི་མཚན་མཐར་གང་གི་བཀའ་འམ་ལུང་ཞེས་བྲིས་ཏེ། ལྷག་འཕྲེང་དེ་བཞག་ལ་འབེབས་ཤིན་ཏུ་ཆེ་བ་བྱས། ལུང་ངམ་བཀའ་ཞེས་པའི་འོག་ཏུ་ལྷག་མའི་ཡིག་མགོ་ཚུད་ངེས་ཀྱི་སར་བསྐུར་ཡུལ། དཔེར་ན་འཛམ་གླིང་ཡངས་པའི་ཁོང་འཁོད་ཀྱི་ཆེ་རྒུ་དྲག་ཞན་རྣམས་ལ་སྤྲིངས་པ་ཞེས་པ་ལྟ་བུ་གཅིག་ཤིན་ཏུ་འཐོབ། དེ་བཞིན་དུ་གནམ་སའི་དབང་ཕྱུག་སའི་ཚངས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་པ་འདི་ཉིད་སོགས་ཀྱིས་ཀྱང་ཡིག་མགོ་ཤིན་ཏུ་ཆེ་བའི་སྤྲིང་ཡིག་འཐོབ་ལ། དེའི་འོག་ཏུ་དེ་བཞིན་དུ་རྒྱ་དང་ཧོར་བོད་ཀྱི་ཆོས་རྒྱལ་འཁོར་ལོས་བསྒྱུར་བ་ཆེན་པོ་དག་གིས་ནི། ཡིག་མགོ་ཆེ་བ་སོགས་སྔར་ལྟར་ལ་བཟློ་བ་ཞེས་འཐོབ་སྟེ། གོང་མ་རྒྱལ་པོ་ལྟ་བུས་བཀའ་ཤོག་གནང་ཚེ་ཡིག་མགོ་ཡི་གེ་ཀུན་ཆེ་ཞིང་ཆེ་བརྗོད་དང་འབྲེལ་བའི་མཚན་མཐར་གང་གི་ལུང་ཞེས་བྲིས། འབེབས་ཆེན་པོ་བྱས་ནས་བསྐུར་ཡུལ་གྱི་མིང་གི་སྨོས་ཏེ་ཁྱོད་གོང་འཁོད་ལ་བཟློ་བ་ཞེས་བྱ་ལ་གཞན་འདྲ། དེ་བཞིན་དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྔར་གྱི་རྭ་ལོ་དང༌། ས་སྐྱ་གོང་མ་སོགས་དང༌། ཕྱིས་ཀྱི་བསྟན་པའི་བདག་པོ་རྗེ་རྒྱལ་བ་གཉིས་པ་ཡབ་སྲས་དེའི་གདན་སར་ཕེབས་རིམ་དང༌། བོད་ཁ་བ་ཅན་གྱི་ཆོས་སྡེ་རྣམས་ཀྱི་གཙུག་རྒྱན་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གདན་ས་ཆེན་པོ། དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་པའི་གླིང༌། མཁས་མང་གི་བསྟི་གནས་དཔལ་ལྡན་སེ་ར་ཐེག་ཆེན་གླིང་སྟེ་གདན་ས་ཕན་ཚུན་གཉིས་དང༌། བཀྲ་ཤིས་ལྷུན་པོ་སོགས་ཀྱི་གདན་ས་པ་དག་གིས་ཀྱང་སྤྲིང་ཡིག་གནང་བ་འཐོབ་སྟེ། རྒྱ་གར་དུ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སློབ་དཔོན་ཆེན་པོ་མ་ཏི་ཙི་ཧྲ་མཁས་པ་ཆེན་པོ་ཙན་དྲ་གོ་མི་སོགས་ཀྱིས་སྤྲིང་ཡིག་བསྐུར་བ་དང༌། དེར་མ་ཟད་ཡང་ན་ཡིག་མགོ་ཤིན་ཏུ་ཆེ་བའི་ཡིག་མགོའི་སྣེ་རིང་པོར་འཐེན་ཅིང༌། མཚན་ཆེ་བརྗོད་དང་བཅས་མཐར་འབེབས་བྱས། ཁྱེད་རྣམས་ཀྱིས་ངེས་རྒྱུར་འདི་ལྟ་སྟེའམ་འདི་ལྟར་བྱ་རིགས་ཏེ་རྣལ་འབྱོར་བ་ཡིས་འདི་ལྟ་སྟེ། ཞེས་གསུངས་པས་ཀྱང༌། འགྲུབ་པའི་ཕྱིར། ཁམས་ཀྱི་རྒྱལ་པོར་གྲགས་པ་ཁྲི་དཔོན་སྟོང་དཔོན་བརྒྱ་དཔོན་དག་དང་ཡུལ་དེའི་དཔོན་པོ་དག་གིས་རང་མཚུངས་སོགས་གཞན་ལ་ཡི་གེ་བསྐུར་ན་འདི་དག་གི་ཡིག་མགོ་དང་ཡི་གེ་ཆེ་ཙམ་ལ་གནས་རང་མིང་གི་རྗེས་སུ་དེ་དག་གི་ཡི་གེ་ཆེ་ཙམ་ལ་འབེབས་མཚོན་པར་བྱས་ནས། ཕ་རོལ་པོ་ཆེ་གེ་ལ་བསྐུར་བ་ཞེས་ཐོབ་པར་བཤད་སྣང་ལ། དེང་སང་རང་གི་དམངས་མངའ་འོག་སོགས་ལ་ཐད་བྲིས་སོགས་མཛད་སྲོལ་སྣང་ངོ༌། །དེ་དག་ནི་ཆེན་པོ་དག་གིས་ཕར་ཡི་གེ་བསྐུར་ཚུལ་ལོ། །ཆེན་པོ་རྣམས་ལ་སློབ་མ་སོགས་ཀྱིས་ཡི་གེ་ཇི་ལྟར་འབུལ་ཚུལ་ནི། འབྲོམ་སོགས་ཀྱིས། ཆོས་འབྲེལ་བླ་མ་སློབ་དཔོན་དང༌། ཁྲི་སྐོར་སྟོང་དཔོན་བདག་པོ་དང༌། །དབུས་གཙང་རྗེ་དཔོན་ཕ་མ་སོགས། །རང་ཉིད་ཕྱག་འབུལ་བྱེད་པ་ལ། །ཞབས་དྲུང་དུ་ནི་ཞུ་བ་ཐོབ། །གོང་འོག་སོར་བརྒྱད་ཙམ་ཞིག་བྱ། །ཞེས་གསུངས་པ་ལྟར་ཆོས་ཀྱི་འབྲེལ་དབང་སོགས་ཞུས་པའི་བླ་མ་དང༌། བཀའ་སྡེ་སྣོད་སོགས་སློབ་པའི་སློབ་དཔོན་དང༌། དེ་དག་མིན་ཀྱང་ལུང་རྟོགས་ཀྱིས་ཐུགས་རྒྱུད་རབ་ཏུ་ཕྱུག་པ་མཐོང་ཐོས་དྲན་པས་ཀྱང་མངོན་མཐོ་ངེས་ལེགས་ཀྱི་ས་བོན་འདེབས་པའི་སྐྱེས་ཆེན་དམ་པ་རྣམས་དང༌། འཇིག་རྟེན་གྱི་སྟོབས་ཀྱིས་འཁོར་ལོས་བསྒྱུར་བ་དང༌། དེ་འོག་གི་ཁྲི་སྐོར་སྟོང་དཔོན་སོགས་དང༌། རང་གི་ཕ་མ་སོགས་ལ་ཡི་གེ་འབུལ་ཚུལ་ནི་ཡིག་མགོ་ཤིན་ཏུ་ཆུང་ལ། ཡི་གེའང་ཕྲ་མོ་བྱས་ནས། ཆེ་བརྗོད་ཅི་རིགས་དང་འབྲེལ་བའི་མཚན་མཐར་ཕྱག་ཏུ་འབུལ་མི་ནུས་པའི་གུས་པ་མཚོན་བྱེད་དུ་ཞབས་དྲུང་དུའམ། ཞབས་པད་རིན་པོ་ཆེའི་དྲུང་དུའམ། ཞབས་སྟེགས་རིན་ཆེན་འབར་བའི་དྲུང་དུའམ། ཞབས་རྟེན་གསར་བའི་དྲུང་དུ་ཞེས་བྲིས་ནས། དེ་ལྷག་འཕྲེང་དེ་བསྐྱུར་ནས། བར་དུ་སོར་བརྒྱད་སོགས་འོང་བའི་དེ་འོག་དུ་ཆུད་ངེས་ཀྱི་སར་ཞུ་བ་ཞེས་སམ། སོར་བཅུས་ཐལ་མོ་སྦྱར་ཏེ་གུས་པ་ཆེན་པོས་ཞུ་བ། དེང་ལེགས་བྱས་བརྒྱ་ཕྲག་གིས་བསྐྲུན་པའི་སྐུའི་དཀྱིལ་འཁོར་ཞེས་པ་ལྟ་བུའི་སྐུ་སོགས་བརྗོད་པའི་སྔོན་དུ་ཡི་གེའི་སྟེང་ངོས་སུ་ཆེ་མགོ་བྱ་ཞིང༌། བསྙུན་འདྲི་ཡང་བླ་མ་སོགས་ལ་ཆོས་བསྟུན་གྱི་བསྙུན་འདྲི་དང༌། རྒྱལ་པོ་སོགས་ལ་འཇིག་རྟེན་གྱི་སྟོབས་སོགས་ཀྱི་བསྙུན་འདྲི་དང༌། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ནས་འབྱུང་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་རིན་ཆེན་འབྱུང་གནས་བཅོམ་ལྡན་འདས་ལ་བསྙུན་མི་མངའའམ། གནོད་པ་མ་མཆིས་སམ། ཟོ་མདོག་བདེའམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་དགྱེས་པར་སྤྱོད་དམ། ཞེས་འདྲི་སྟེ། ཞེས་གསུངས་པ་ལྟར། སྐུ་ལ་ཉེར་འཚེའི་དྲི་མ་དང་བྲལ་ཞིང་ཕུན་ཚོགས་ལེགས་བྱས་ཀྱི་སྒོ་བརྒྱ་ལ་སྐྱེ་དགུ་འགོད་བཞིན་པའི་དབྱིངས་ནས་བཞུགས་ལགས་སམ་ཞེས་ལུགས་གཉིས་གང་བྱས་ཀྱང་ཆོག །མི་ཤེས་པའི་རིགས་ཀྱིས་ཚིག་སྦྱོར་དོན་ཆུང་མང་དུ་སྨྲ་བ་ལས་མདོར་བསྡུས་ལ་ལེགས་པ་རེ་སྨྲས་ན་ལེགས་པར་སེམས་ལ། བླ་མ་ལ་འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་སོགས་གང་མཛད་པ་དང་སྦྱར་ལ། དེ་བཞིན་དུ་གཞན་ལའང་སྦྱོར་ཞིང༌། ཆེན་པོ་དག་ལ་འབུལ་སྐབས། འདིར་ཕྲན་བུའང་བདེ་བར་མཆིས་ལྟ་བུ་ལས་རང་གི་གནས་ཚུལ་རྒྱས་པར་མི་བྱེད་ལ། ཆེད་དུ་ཞུ་བ་འབུལ་རྒྱུ་ཞེས་དངོས་དོན་གང་ཡིན་སྨྲས་རྗེས། སླད་ནས་ཀྱང་ཕེབས་འོས་གང་གཱའི་རྒྱུན་བཞིན་ཞུའམ། ཆུ་བོའི་རྒྱུན་བཞིན་ནམ། ཉལ་འགྲོའི་རྒྱུན་བཞིན་ནམ། ཛ་ཧུའི་བུ་མོའི་རྒྱུན་བཞིན་ནམ། སིནྡྷུ་རྒྱུན་བཞིན་ནམ། པཀྵུའི་རྒྱུན་བཞིན་ཞུ་ཞེས་དང༌། སྤྱན་རས་ཀྱིས་གཟིགས་པ་མཚོན་པར། རྟེན་འདི་དང་འདི་ཞེས་བྱ་བ་དང་བཅས། ཟླ་བ་ཆེ་གེ་མོ་དང༌། ཚེས་གྲངས་ཆེ་གེ་མོ་ལ་གནས་ཆེ་གེ་མོ་ནས་ཕུལ་བའི་ཞེས་དང༌། ཞུ་ཡིག་ཅེས་པ་ཅུང་དེ་ལས་དམའ་བར་བྱས་ལ་འབྲི་ཞིང༌། དེ་ལ་ཡང་ལོ་སྐོར་གྱིས་འགྲོ་དགོས་པའི་ཡུལ་ཡིན་ན་ལོའི་མིང་ཡང་བྲིས་ན་ལེགས་ལ། ལོ་མིང་འབྲི་ན་རབ་བྱུང་རྣམ་འབྱུང་དཀར་པོ་དང༌། །ཞེས་སོགས་སམ་མེ་སྟག་གི་ལོ་ལ་སོགས་པ་གང་རུང་དང༌། ཟླ་བའི་མིང་འབྲི་ན། ཧོར་ཟླ་གྲགས་ཆེ་བས་དེ་དང་སྦྱར་ན། ཧོར་ཟླ་དང་པོ། ཆོ་འཕྲུལ་ཟླ་བ། མཆུ་ཟླ་བ། རྟ་ཟླ་བ། དཀའ་ཐུབ་ཀྱི་ཟླ་བ་སོགས་དང༌། ཧོར་ཟླ་གཉིས་པ། དབོ་ཟླ་བ། ཁྲ་ཟླ་བ། འབྲས་ལྡན་ཟླ་བ་སོགས་དང༌། ཧོར་ཟླ་གསུམ་པ། ནག་པ་ཟླ་བ། འདོད་ཟླ། ནག་པ་ཅན་གྱི་ཟླ་བ་སོགས། ཧོར་ཟླ་བཞི་པ། ས་ག་ཟླ་བ། སྦྲང་ལྡན་ཟླ་བ། ནམ་མཐོང་ཟླ་བ་སོགས་དང༌། ཧོར་ཟླ་ལྔ་པ། སྣྲོན་ཟླ་བ། ལྡེ་གུའི་ཟླ་བ་སོགས་དང༌། ཧོར་ཟླ་དྲུག་པ། ཆུ་སྟོད་ཟླ་བ། བྲེའི་ཟླ་བ་སོགས་དང༌། ཧོར་ཟླ་བདུན་པ། གྲོ་བཞིན་ཟླ་བ། སྤྲིན་ཅན་ཟླ་བ་སོགས་དང༌། ཧོར་ཟླ་བརྒྱད་པ། ཁྲུམས་ཟླ་བ། སྤྲིན་བཟང་ཟླ་བ། བ་གླང་རྐང་སོགས་དང༌། ཧོར་ཟླ་དགུ་པ། ཐ་སྐར་ཟླ་བ། དབྱུག་གུ་ཟླ་བ། ལྟས་མོའི་ཟླ་བ་སོགས་དང༌། ཧོར་ཟླ་བཅུ་པ། སྨིན་དྲུག་ཟླ་བ། ཀརྟི་ཀའི་ཟླ་བ་སོགས་དང༌། ཧོར་ཟླ་བཅུ་གཅིག་པ། རི་དྭགས་མགོ་ཅན། སྨལ་པོ་ཟླ་བ། མགོ་ཟླ་བ་སོགས་དང༌། ཧོར་ཟླ་བཅུ་གཉིས་པ། རྒྱལ་ཟླ་བ། ཚིམ་བྱེད་ཟླ་བ། ནུས་ཟླ་སོགས་སྦྱར་ལ། དེ་ཡང་སྐར་མ་དེས་ཟླ་བ་དེ་ཉ་བའི་དུས་ཀྱི་ཉ་སྐར་གྱི་སྒོ་ནས་མིང་བཏགས་ལ། རྒྱལ་ཟླ་བ་ཞེས་པའི་ཚིག་ཟུར་གྱི་ཟླ་བ་དང༌། ལོ་ཟླའི་ཟླ་བ་རྣམས་ཀྱང་གཙོ་བོར་རི་བོང་ཅན་ཉ་བའི་སྒོ་ནས་དེའི་མིང་གིས་བཏགས་པ་ཡིན་ཏེ། ལོ་ཟླའི་ཟླ་བའི་སྐད་དོད་མཱ་ས་ཞེས་པའང་རི་བོང་ཅན་གྱི་མིང་ཡིན་ཞིང༌། དེ་ལ་ཉ་གང་བར་བཤད་པ་གང་ཞིག །དཀར་ཕྱོགས་ནག་ཕྱོགས་དང༌། ཉ་སྐར་བཤད་པས་ཀྱང་ཤེས་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། འཆི་མེད་མཛོད་ལས། འཇལ་བྱེད་གང་བ་ཟླ་བ་ཉ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་འཇལ་བྱེད་དང༌། འདིའི་ཟླ་བ་གཉིས་ཀའི་དོད་ལ་མཱ་ས་བཞག་འདུག་ཅིང་གང་བ་དང་ཉ་ཚུལ་གྱི་དོན་ཡོད་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། འཆི་མེད་མཛོད་ལས། ཟླ་བ་དཀར་དང་ནག་པོ་དག །སྔ་མ་ཕྱི་མའི་ཕྱོགས་ཡིན་ནོ། །ཞེས་སོགས་དང༌། རྒྱལ་དང་ལྡན་པའི་ཟླ་བ་ཉ། །རྒྱལ་གྱི་ཟླ་བ་གང་ཡིན་དེ། །མིང་ནི་རྒྱལ་ཡིན་མཆུ་ལ་སོགས། །དེ་བཞིན་གཞན་ནི་བཅུ་གཅིག་གོ །ཞེས་གསུངས་ལ། ཟླ་བ་ཉ་ཞེས་པའི་སྐད་དོད་དུ་སཽརྣ་མཱ་སཱིའི་སཽ་རྣ་ནི་ཉ་བའམ་གང་བའི་སྐད་དོད་དང༌། དེ་བཞིན་དུ་པཱུརྞ་མཱ་སཱི་ཞེས་པ་འཇལ་བྱེད་གང་བ་ཞེས་བསྒྱུར་བའི་གང་བའི་སྐད་དོད་པཱུརྞ་དང༌། སཽརྞ་གཉིས་ཀའང་ཡིག་གཟུགས་མི་གཅིག་ཀྱང་ཁྲིགས་པར་གང་བའི་དོན་ཡིན་ལ། མིག་འཛུམ་སོགས་ནས་ཕྱོགས་གཉིས་ཀའི་ཟླ་བར་བཤད་ཀྱང་མི་གནོད་པ་ནི་ཟླ་བའི་འཕེལ་འགྲིབ་ཀྱི་དུས་དེ་ལ་བཞག་པས་སྐྱོན་མི་ཡོང་ཞིང༌། འོ་ན། འཆི་མེད་མཛོད་ལས། མི་ཡི་ཟླ་བས་ཡི་དྭགས་ཀྱི། །ཉིན་ཞག་ལོ་ཡིས་ལྷ་ཡི་ཞག །ཅེས་སོགས་ཀྱིས་མིའི་ཟླ་བས་ཡི་དྭགས་ཀྱི་ཞག་སོགས་བཤད་ན། དེ་དག་ལའང་ཟླ་བའི་འཕེལ་འགྲིབ་དགོས་སམ་ཞེ་ན། འདི་དོགས་པ་གནད་ཅན་ཞིག་ཡིན་ཀྱང༌། དེ་ལའང་མིའི་ཟླ་བ་ལ་ཞག་སུམ་ཅུ་བཞག་པ་ལྟ་བུའི་རིགས་འདྲ་ཡིན་གྱི། གཞན་དུ་ན་ཚངས་པའི་ཉིན་ཞག་སོགས་ཀྱང་ཇི་ལྟར་བརྩི། མདོ་བསྟན་བཅོས་ན་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ཞག་ཏུ་བྱས་པའི་རྩི་ཚུལ་ཡང་ཡོད་པས་སྦུག་འཐུམ་མི་དགོས་ལ། ལོ་ཆེན་ཐུགས་རྗེ་དཔལ་ཞབས་སོགས་ཀྱི་སྒྲ་ཊཱིཀ་ཏུ་རྒྱལ་ཟླ་བའི་སྐད་དོད་ལ་ཙནྟྲ་བྲིས་པའང་ཡོད་ཅིང༌། རིགས་པས་ཀྱང་ཤིན་ཏུ་སྒྲུབ་བྱེད་མཐའ་ཡས་སྤྲོ་ཐུབ་པས། ས་ཟླ་དང་གནམ་ཟླ་ཞེས་སོ་སོར་འབྱེད་པ་དང༌། རྒྱལ་ཟླ་ལྟ་བུའི་ཚིག་ཟུར་གྱི་ཟླ་བ་རི་བོང་ཅན་གྱི་སྒོ་ནས་མིང་མ་བཏགས་སྙམ་པ་སོགས་དོར་བར་བྱ་ལ། ཡང་ཁྱིམ་བཅུ་གཉིས་དང་སྦྱར་ན། ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་དང་སྡིག །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཞེས་པ་ལྟར་ཧོར་ཟླ་གསུམ་པར་ཉིན་མོར་བྱེད་པ། ལུག་ཁྱིམ་དུ་རྒྱུ་སྐར་ཆེ་གེ་རྣམ་པར་རྩེན་པའམ། རྣམ་པར་འགྲོགས་པའི་ཞེས་པ་ལྟ་བུ་ལ་བྱ་ལ། རགས་རྩིས་ཙམ་ལ། ཧོར་ཟླ་གཉིས་པ་ལུག་ཁྱིམ་དང༌། དེ་ནས་རིམ་བཞིན་གླང་གི་དང༌། འཁྲིག་པའི་དང༌། ཀརྐ་ཊའི་དང༌། སེང་གེའི་དང༌། བུ་མོའི་དང༌། སྲང་གི་དང༌། སྡིག་པའི་དང༌། གཞུའི་དང༌། ཆུ་སྲིན་གྱི་དང༌། བུམ་པའི་དང༌། ཉའི་ཁྱིམ་རྣམས་དང་སྦྱར་ལ། ཟླ་བ་དང་སྟག་སོགས་སྦྱོར་ན། དཔྱིད་ར་སྟག་གི་དང༌། དཔྱིད་འབྲིང་ཡོས་ཀྱི་དང༌། ཐ་ཆུང་འབྲུག་གི་དང༌། དབྱར་ར་སྦྲུལ་གྱི་དང༌། འབྲིང་པོ་རྟའི་དང༌། ཐ་ཆུང་ལུག་གི་དང༌། སྟོན་ར་སྤྲེའུའི་དང༌། འབྲིང་པོ་བྱའི་དང༌། ཐ་ཆུང་ཁྱིའི་དང༌། དགུན་ར་ཕག་གི་དང༌། འབྲིང་པོ་བྱི་བའི་དང༌། ཐ་ཆུང་གླང་གི་ཟླ་བར་སྦྱར་ལ། འོན་ཀྱང་བོད་འདིར་ངོས་འཛིན་མི་མཐུན་པ་གསུམ་བྱུང་བ་ནི། འདི་དག་ནག་རྩིས་ལུགས་ཡིན་པས། ཁྱུང་ནག་གི་རྗེས་འབྲང་ཕུག་ལུགས་པ་དག །ཧོར་ཟླ་བཅུ་གཅིག་པ་དཔྱིད་ར་སྟག་ཟླ་ཟེར། འཁྲུལ་སེལ་བ་དང་གཙང་རྩིས་ལུགས་སོགས་མང་ཞིག །ཧོར་ཟླ་བཅུ་གཉིས་པ་དཔྱིད་ར་སྟག་ཟླ་ཟེར། རྒྱ་ནག་རྙིང་མ་དང་གསོ་དཔྱད་པ་རྣམས་ཧོར་ཟླ་དང་པོ་དཔྱིད་ར་སྟག་ཟླ་བྱེད་པས། གང་གི་རྗེས་སུ་འབྲང་གི་སྐབས་དེ་གཞིར་བཞག་ལ། མཁས་པ་སྟག་ཚང་བས་ནག་རྩིས་འདི་མཁོ་ཡང་བོད་ཀྱི་ཕ་ཇོ་བླུན་པོས་ཤིན་ཏུ་དཀྲུགས་འདུག་གསུངས་པ་བཞིན་དུ་སྣང་ལ། དཔྱད་པ་བྱེད་འདོད་ན་འཁྲུལ་བྲལ་རྩིས་དཀར་ནག་གི་དྲིས་ལན་སྐྱབས་མགོན་མཆོག་གིས་བཀོད་པ་དེར་ལྟོས། ཡང་ཚེས་དང་སྦྱར་ན་དུས་འཁོར་དབྱངས་འཆར་གྱི་ཐ་སྙད་ལྟར་བྱེད་ན་ཟླ་བ་རེ་རེ་ལ་དཀར་ནག་གི་ཆ་གཉིས་འོང་ལ་ཡར་ངོ་ལ་དཀར་ཕྱོགས་དང༌། མར་ངོ་ལ་ནག་ཕྱོགས་སམ་དམར་ཕྱོགས་སུ་དུས་འཁོར་དང་མངོན་བརྗོད་སོགས་ལས་བཤད་ལ་དབྱངས་འཆར་བས་བཟློག་སྟེའང་བཤད་ཅིང༌། དེ་ཡང་ཕྱོགས་རེ་རེ་ལའང་དགའ་བ་དང་བཟང་པོ་དང༌། རྒྱལ་བ་དང༌། སྟོང་པ་དང༌། རྫོགས་པ་ལྔ་ལན་གསུམ་རེ་འཁོར་ཏེ། དཀར་ཕྱོགས་ཀྱི་ཚེས་གཅིག་ལ་དཀར་ཕྱོགས་ཀྱི་དགའ་བ་དང་པོ། གཉིས་པ་བཟང་པོ་དང་པོ། གསུམ་པ་རྒྱལ་བ་དང་པོ། བཞི་པ་སྟོང་པ་དང་པོ། ལྔ་པ་རྫོགས་པ་དང་པོ། ཞེས་སྦྱར་ལ། དེ་བཞིན་དུ་ཆོས་དྲུག་ནས་དགའ་བ་གཉིས་པ་སོགས་དང༌། ཚེས་བཅུ་གཅིག་ནས་དགའ་བ་གསུམ་པ་སོགས་དང༌། བཅུ་དྲུག་པ་ནས་དམར་ཕྱོགས་ཀྱི་དགའ་བ་དང་པོ་སོགས་དང༌། ཉེར་གཅིག་པ་ནས་དམར་ཕྱོགས་ཀྱི་དགའ་བ་གཉིས་པ་སོགས་དང༌། ཉེར་དྲུག་པ་ནས་དམར་ཕྱོགས་ཀྱི་དགའ་བ་གསུམ་པ་སོགས་སྦྱར་བའི་རིགས་འདྲ་བྱ་ཞིང༌། གནས་ཀྱི་མིང་འབྲི་ན་སྔར་གྱི་མཁས་པ་ཤོང་དཔང་སོགས་ཀྱིས་བསྟན་བཅོས་བསྒྱུར་བ་དང་མཛད་པའི་ཁ་བྱང་དུ་དཔལ་ས་སྐྱའི་དགོན་པར་བསྒྱུར་ཞེས་པ་དང་དེར་མཛད་ཅེས་པ་སྣང་ལ། དེ་བཞིན་དུ་མཁས་པའི་དབང་པོ་རྗེ་རེད་མདའ་བ་དང༌། བསྟན་པའི་བདག་པོ་རྗེ་ཡབ་སྲས་སོགས་ཀྱིས་ཀྱང་ས་སྐྱ་སོགས་དེ་དང་དེར་མཛད་ཅེས་སྣང་བས། དེ་ལྟར་ན་དགོན་གནས་དང༌། ལྷ་ས་ལྟ་བུའི་གནས་དང༌། མང་ཡུལ་ལྟ་བུའི་ཡུལ་དང༌། བླ་བྲང་སོགས་རང་གི་དབང་བྱ་མིན་ཡང་དེ་ན་ཡོད་པའི་ཚེ་དཔེར་ན་དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ནས་ཕུལ་ཞེས་པ་ལྟ་བུ་ཆོག་འདུག་མོད་ཀྱང༌། ཕྱིས་སུ་ནི་མཁས་པའི་ལུགས་ཅི་འདྲ་ཡོད་མ་ཤེས་པར་མཁས་བླུན་ཀུན་གྱིས་དེ་ལྟར་སྨྲས་ན་ངོ་མཚར་བྱེད་པའི་ཅལ་རྒྱུག་གཅིག་འདུག་པ་ནི་ངོ་མཚར་ཆེ་རྒྱུ་མི་འདུག་རུང༌། འདུལ་བ་ཡུལ་དུས་ཀྱི་དཔེ་ལྟར་བྱས་ན། དཔལ་ལྡན་འབྲས་སྤུངས་ཀྱི་སྤྱིལ་བུ་གཅིག་ནས་ཕུལ་བ་ལྟ་བུ་བྱ་ཞིང༌། དེས་གཞན་ལའང་རིགས་པ་བསྒྲེ་ལ། ལྷག་པར་བྱེ་བྲག་ལག་ལེན་ལ་ཉེ་བར་མཁོ་བ། ༸སྐུ་ཞབས་ཡས་ཕྱིན་སོགས་ལ་འབུལ་བ་ལ། འདུལ་བ་ལུང་ལས། དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ཚུལ་བསྟན་ཏེ་ཕེབས་པ་ལྔ་སྡེས་མཐོང་ནས་དེ་བཞིན་གཤེགས་པ་ལ་ཞེས་སོགས་མེད་པར་མཚན་ནས་བརྗོད། རུས་སོགས་ནས་འབོད་པའི་ཚེ་དེ་བཞིན་གཤེགས་པ་ལ། དེ་ལྟར་བོས་ན་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་བས་ཞེས་དང་འབྲེལ་བར་རྗོད་ཅེས་སླབས་པ་ལྟར་སྤྱིར་སྐྱེས་བུ་དམ་པ་ལ་ཞེ་ས་མེད་པར་འབོད་མི་རུང༌། ཁྱད་པར་དུ། སྤྱོད་འཇུག་ལས། བདག་ལ་དམིགས་ནས་གཞན་དག་གིས། །ཁྲོའམ་དད་པའི་སེམས་བྱུང་ན། །དེ་ཉིད་རྟག་ཏུ་དེ་དག་གི། །དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་གསུངས་པ་ལྟར་རྒྱལ་བ་གོང་མ་དག་གིས། ཁྱེད་ཅག་གིས་ད་ལྟ་ང་ལ་འབྲེལ་བ་འཇོག་དུས་ཡིན། རང་གར་སྡོད་དུས་མིན་གསུངས་པ་དང༌། རྒྱལ་བ་དང་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་ལུང་བསྟན་པས་མཚོན་རྨོངས་ཞེན་ལུག་ཆུར་འབབ་པ་ཙམ་མིན་པར་དད་པ་ཆེན་པོས་དྲངས་པའི་ཡོན་ཏན་བརྗོད་ན་བསོད་ནམས་མཐའ་ཡས་པ་ཐོབ་པར་གདོན་མི་ཟ་ལ། རྒྱ་ཆེར་རོལ་པ་ལས། ཁྱོད་ལ་བསྟོད་པ་བསྐལ་བར་བརྗོད་ཀྱང་ནི། །ཁྱོད་ཀྱི་བ་སྤུའི་ཁུང་བུའི་མཐའ་དག་པར། །ཡོན་ཏན་རྒྱ་མཚོ་འཇིག་རྟེན་རྣམ་པར་གྲགས། །དེ་བཞིན་གཤེགས་པ་ཁྱོད་ལ་མགོས་ཕྱག་འཚལ། །ཞེས་དང༌། དབུ་མ་འཇུག་པ་སོགས་སུ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་བསྐལ་བ་དུ་མར་བརྗོད་ཀྱང་མཐའ་དག་པར་བརྗོད་མི་ནུས་པར་གསུངས་པ་བཞིན་དུ། རྒྱལ་བ་འདུས་པའི་བདག་ཉིད་རིགས་བརྒྱའི་ཁྱབ་བདག་ཆེན་པོ་འདི་ནི་སྤྲུལ་པའི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་མགོན་པོ་བསྐལ་བཟང་གི་རྣམ་འདྲེན་སྟོང་གི་སྒྱུ་འཕྲུལ་སྤྲོ་མཛད་ཕྱག་ན་པདྨར་ངེས་པས་བ་སྤུ་གཅིག་གི་ཡོན་ཏན་མཐའ་དག་བརྗོད་མི་ནུས་ཀྱང༌། སྐུའི་དབང་ཕྱུག་སོགས་དབང་ཕྱུག་བརྒྱད་དང༌། སྤྱོད་བསྡུས་ལས། སྐུ་ཕྲ་བ་དང་རགས་པ་ཡང༌། །ཞེས་སོགས་ལྟར་དབང་ཕྱུག་གི་ཡོན་ཏན་བརྒྱད་དང༌། འདིར་དབང་ཕྱུག་བརྒྱད་དང༌། དབང་ཕྱུག་གི་ཡོན་ཏན་བརྒྱད་ལ་ཁྱད་ཆེན་པོ་ཡོད་པས་མ་ནོར་བ་གཅེས་ཤིང༌། མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་པའི་ཡན་ལག་སོགས་ཁ་སྦྱོར་ཡན་ལག་བདུན་ལྡན་དང༌། གྲུབ་པ་བརྒྱད་སོགས་སྔགས་ཀྱི་བསྟོད་པ་དང༌། མདོ་སྔགས་ཐུན་མོང་དུ། རྣམ་ཐར་བརྒྱད། སྙོམས་འཇུག་དགུ། དབང་བཅུ། སྟོབས་བཅུ། མ་འདྲེས་པ་བཅོ་བརྒྱད་སོགས་ལས་བརྩམས་ཏེ། གང་ཆེ་བར་བསྔགས་ནས་བྱ་ལ། དེ་ལྟར་མི་ཤེས་ན། ལྷ་མིའི་གཙུག་རྒྱན་རྣམ་འདྲེན་ཕྱག་ན་པདྨའི་ཞབས་སྟེགས་དབང་གི་རྒྱལ་པོའི་དྲུང་དུའམ། ཡང་ན། རྒྱལ་བ་ཐམས་ཅད་ཀྱི་ཅོད་པན་ཟླ་མེད་སྐྱབས་མཆོག་པད་དཀར་འཛིན་པའི་ཞབས་སེན་ནོར་བུའི་འཕྲེང་མཛེས་འདེགས་པའི་འདབ་བརྒྱ་དམ་པའི་དྲུང་དུའམ། ཡང་ན། རྒྱལ་བ་ཐམས་ཅད་ཀྱི་གསང་གསུམ་མིའི་ཟློས་གར་གྱི་རོལ་པ། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་འབྱུང་གནས། འཕགས་ཚོགས་དགེ་འདུན་ཀུན་གྱི་མངའ་བདག་དབང་ཕྱུག་བརྒྱད་ལྡན་རྒྱལ་བའི་དབང་པོ་ཕྱག་ན་པདྨོའི་ཞབས་པད་དབང་གི་རྒྱལ་པོའི་དྲུང་དུ། ཞེས་སོགས་གང་འོས་བྱ། དེས་མཉམ་མེད་པཎ་ཆེན་སྤྲུལ་སྐུ་སོགས་ལ་འབུལ་ནའང་རིགས་འདྲ་ཤེས་པར་བྱ་ལ། དེ་བཞིན་དུ་བླ་མ་སངས་རྒྱས་སུ་ལྟ་བ་མདོ་སྔགས་གཉིས་ཀའི་ཐུན་མོང་ཡིན་པས་རང་རང་གིས་ཆོས་ཀྱི་བཀའ་དྲིན་ཞུས་པའི་བླ་མ་དེ་ལ་སངས་རྒྱས་ལྟར་བསྟོད་འོས་ལ། དེའི་ནང་ནས་རང་གི་ཡོན་ཏན་གྱི་གཞིའི་རྩ་བ་ཚུགས་པར་མཛད་པའི་བླ་མ་ནི་རྩ་བའི་བླ་མ་སྟེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཇི་ལྟ་ཇི་སྙེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྐྱེད་པ་སོགས་ལ་ཤིན་ཏུ་བཀུར་བཟོས་བླ་ན་མེད་པ་དགོས། དེ་དག་ནི་ཐག་རིང་པོ་སོགས་ནས་ཡི་གེ་འབུལ་ཚུལ་ཡིན་ལ། སྐུའི་ཉེ་འཁོར་དུ་ཡོད་ཚེ་ཞུ་དོན་དག་ལ་ཐོ་ཙམ་ཕུལ་ཡང་རུང་བས། དེ་ནི་ལགས། ཞེས་བྲིས་ནས་འགྱངས་དང་འབེབས་མ་བྱས་ཀྱང་ཆོག །དེ་ནས་འོག་ཏུ་བསྙུན་འདྲི་སོགས་ཀྱང་མི་དགོས་པར་ཆེད་དུ་ཞུ་འབྲས་དངོས་སྨྲས་ནས། མཇུག་ཏུ་ཡིག་རྟེན་ཡོད་ན་རྟེན་ཆེ་གེ་དང་བཅས་ཟླ་ཚེས་ལ་འཕྲལ་ཕུལ་ཐོའམ། ཟླ་ཚེས་ལ་ཕུལ་བའི་ཐོ་སོགས་བློས་དཔྱད་པས་ཆོག །ལྷ་སྲས་ཀྱི་སྐུའི་སྐྱེ་བར་ལུང་བསྟན་ཞིང༌། ྋསྐུ་ཞབས་གོང་དང༌། སྤྲུལ་པའི་ཆོས་རྒྱལ་སོགས་ཀྱིས་ཀྱང་དེ་ལྟར་གསུངས་པས་ན། གནམ་སའི་དབང་ཕྱུག་སའི་ཚངས་པ་འདི་ནི། སྤྱན་རས་གཟིགས་དབང་ཕྱུག་རང་གི་རྣམ་འཕྲུལ་དུ་སྣང་བས་ཆོས་ཀྱི་དབང་དུ་བྱས་ནའང་བཀུར་བའི་ཡུལ་དུ་སེམས་ལ། བསོད་ནམས་ཀྱི་སྟོབས་ཀྱིས་རིན་པོ་ཆེ་སྣ་བདུན་དང༌། ཉེ་བའི་རིན་ཆེན་སྣ་བདུན་གྱི་གཟི་བྱིན་གྱིས་སྲིད་ན་མངོན་པར་མཐོ་བ། སྔོན་གྱི་རྒྱལ་པོ་སྡེ་ལྔ་ལྟར་སྐྱེ་དགུ་རྫོགས་ལྡན་ལ་འགོད་ཅིང་བློ་གྲོས་ཀྱིས་འཇིག་རྟེན་མེས་པོའི་མཆེད་ཟླ། སྲེད་མེད་ཀྱི་བུ་དང་བདེ་འབྱུང་གཅིག་ཏུ་བྱས་པའི་སྟོབས་དང་ལྡན་པའི་གནམ་སའི་དབང་ཕྱུག་ཆེན་པོའི་ཞབས་དྲུང་དུ་ཞེས་འབེབས་གང་ཆེ་སོགས་འདྲ། ཡང་ན། སའི་ཚངས་པ་གནམ་སའི་དབང་ཕྱུག་རིན་པོ་ཆེའི་ཞབས་དྲུང་དུ། སོགས་བྱ་ལ་མཆོད་ཡོན་ཉི་ཟླ་ཟུང་གཅིག་གི་ཡ་གྱལ་བསྟན་འཛིན་ཆོས་རྒྱལ་ཆེན་པོ་རྒྱལ་པོའི་ཁྲིར་རིམ་ཕེབས་ལའང༌། དེ་ལྟར་དུ་རུང་ངོ༌། །འདིར་འཁོར་ལོས་བསྒྱུར་རྒྱལ་གྱི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ནི་ཀུན་ལ་སྒྱུར་བྱེད་ཀྱི་འཁོར་ལོ་རིན་པོ་ཆེ། ཅི་བསམ་འགྲུབ་པའི་ནོར་བུ་རིན་པོ་ཆེ་ཟུར་བརྒྱད་དམ་ཆ་དགུ་པ། ཡོན་ཏན་བརྒྱད་དང་ལྡན་པའི་བཙུན་མོ་རིན་པོ་ཆེ། བློ་གྲོས་ཀྱིས་ཕ་རོལ་གྱི་སྡེ་ལས་བསྲུང་བ་སོགས་ཀྱི་ཡོན་ཏན་ཅི་རིགས་དང་ལྡན་པའི་ཕུར་བུའི་མཆེད་ཟླ་བློན་པོ་རིན་པོ་ཆེ། རང་བཞིན་གྱི་གླང་པོ་སྟོང་གི་སྟོབས་དང་འཛམ་གླིང་ཉིན་གཅིག་ལ་ལན་གསུམ་བསྐོར་བའི་མྱུར་མགྱོགས་སོགས་དང་ལྡན་པའི་གླང་པོ་རིན་པོ་ཆེ། མདོག་དབྱིབས་བོང་ཚོད་ཕུན་སུམ་ཚོགས་ཤིང་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པའི་རྟ་རིན་པོ་ཆེ། རིན་པོ་ཆེའི་མཛོད་དང་ལྡན་ཞིང་གཡོ་སྒྱུ་མེད་ལ་སྐྱེ་བོ་ཀུན་མགུ་བར་བྱེད་པའི་ཁྱིམ་བདག་རིན་པོ་ཆེ་སྟེ། རིན་ཆེན་བདུན་དེ་ལྟར་འདྲེན་ཏེ། ང་ལས་ནུའི་རྟོགས་བརྗོད་ལས། དེ་ནས་དེ་ཡི་རིན་ཆེན་བདུན། །དེ་ཚེ་བྱུང་གྱུར་འཁོར་ལོ་རྟ། །ནོར་བུ་གླང་པོ་བུད་མེད་དང༌། །ཁྱིམ་བདག་དམག་དཔོན་སྔོན་འགྲོ་བའོ། །ཞེས་དང༌། ཛཱ་ལན་དྷ་རི་བའི་སློབ་དཔོན་ཀ་མ་དྷེ་ནུས། སྡོང་པོ་བཀོད་པའི་མདོ་དྲངས་པ་ལས་ཀྱང༌། ཕ་རོལ་ཕྱིན་པ་རྟག་འབྱུང་འཁོར་ལོ་ཡིན་ཏེ་གླང་པོ་མངོན་པར་ཤེས་པ་མཆོག །ཡེ་ཤེས་རྫུ་འཕྲུལ་རྟ་སྟེ་ཆགས་པ་མེད་འགྲོ་ནོར་བུ་དམ་པ་ཡིན། །སྤྱོད་པ་བཙུན་མོ་བསྡུ་བ་རྣམ་པ་བཞི་པོ་ཁྱིམ་བདག་དམ་པའོ། །ཐབས་ལ་ཤིན་ཏུ་མཁས་པ་བློན་པོ་ཡིན་ཏེ་འཁོར་ལོས་བསྒྱུར། །ཞེས་དང༌། མངོན་པར་བྱང་ཆུབ་པའི་མདོ་དང༌། དབུ་མ་རིན་ཆེན་ཕྲེང་བ་སོགས་མང་ལ། མདོ་དྲན་པ་ཉེར་བཞག་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར། འོ་ན་མདོ་དང་རྟོགས་བརྗོད་མི་མཐུན་སྙམ་ན་རྟོགས་བརྗོད་ཀྱི་དམག་དཔོན་ནི་བློན་པོར་བསྡུས་ཀྱང་ཆོག་ལ། ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ལས་ཀྱང༌། དེ་གཉིས་གོ་དོན་འདྲ་བར་གསུངས་ཤིང་རིགས་པས་ཀྱང་སྒྲུབ་སླ་ཞིང༌། རིན་ཆེན་བདུན་ལ་འདྲེན་ཚུལ་སྤྱིར་མང་ཡང༌། ཁྱིམ་བདག་མི་འདྲེན་པར་དམག་དཔོན་དང་བློན་པོ་གྲངས་རེ་རེར་འདྲེན་པ་ལ་རིན་ཆེན་གཅིག་ཆད་པའི་སྐྱོན་ཡོད་དེ། ཁྱིམ་བདག་ལ་ནི་སྲིད་མཐའ་ཙམ་མ་གཏོགས་བློན་པོ་དང་དམག་དཔོན་མིན་པ་ཤ་སྟག་ཏུ་སྣང་བའི་ཕྱིར། འདི་ལ་གཡོ་སྒྱུ་དང་གཞན་ལ་གནོད་འཚེའི་སྦྱོར་བ་མི་ལྡན་ཞིང་རིན་པོ་ཆེའི་མཛོད་མི་ཟད་པས་སྐྱེ་བོ་རྣམས་ཀྱི་རེ་བ་སྐོང་བ་ཙམ་དུ་བཤད་པས་སོ། །བློན་པོ་དང་མདུན་ན་འདོན་གཅིག་གམ་མི་གཅིག་སྙམ་ན། འཆི་མེད་མཛོད་ལས། བཀའ་དབང་གྲོས་པ་བློན་པོ་དང༌། །བློན་པོ་ཆེན་པོ་གཙོ་བོ་དང༌། །བློན་པོ་དང་ནི་མདུན་ན་འདོན། །ཞེས་གསུངས་པ་ལྟར་བློན་པོ་ལའང་འདུན་ན་འདོན། །གཅིག་བྱས་ཀྱང་མི་འགལ་ལ། འོན་ཀྱང་འདི་གཉིས་དོན་མི་གཅིག་སྟེ། མདོ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བགྲོ་མི་དང་ནི་དེད་དཔོན་དང༌། །མདུན་ན་འདོན་དང་བློན་པོ་དང༌། །བློན་པོ་ཆེན་པོ་རྟག་ཏུ་འགྱུར། །ཞེས་དེ་གཉིས་སོ་སོར་བཤད་ཅིང༌། དེ་བཞིན་དུ་བློན་པོ་དང་བློན་པོ་ཆེན་པོ་གཉིས་ལའང་ཆེ་ཆུང་སོགས་ཡོད་པས་སོ་སོར་བཤད་ལ། མདོ་དཀོན་མཆོག་ཏ་ལའི་གཟུངས་ལས་ཀྱང༌། གྲོང་པ་གྲོང་དཔོན་ཁ་ལོ་བསྒྱུར་བར་འགྱུར། །དེ་ནི་དེད་དཔོན་ཚོང་དཔོན་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང༌། །སྨན་པ་འཇིགས་མེད་བསྟན་བཅོས་ཆོ་ག་མཁས། །ཞེས་གསུངས་པ་འདིས་ཀྱང་བློན་པོ་དང་འདུན་ན་འདོན་སོ་སོར་བཤད་ལ། དེར་མ་ཟད་ཁྱིམ་བདག་དང་བློན་པོ་ཡང་དོན་མི་གཅིག་པར་འདིས་ཤེས་པར་བྱ་ཞིང༌། འདི་གཉིས་སོ་སོར་བཤད་པའི་མདོ་གཞན་ཡང་ཡོད་ཅིང༌། ཙ་ན་ཀ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་ཀྱང༌། མཛངས་ཤིང་བྱ་བ་ཀུན་ལ་མཁས། །གྲུབ་མཐའ་བསྟན་བཅོས་ལ་རབ་སྦྱངས། །རྟག་པར་རྒྱལ་པོའི་བྱ་བ་བསྒྲུབ། །འདི་ནི་བློན་པོ་ཡིན་པར་བཤད། །ཅེས་དང༌། རིག་བྱེད་ཀྱི་ནི་ཡན་ལག་ཤེས། །བཟླས་དང་སྦྱིན་སྲེག་དག་ལ་བརྩོན། །རྟག་ཏུ་ཤིས་པ་བརྗོད་ལ་འགྲུས། །འདི་ནི་རྒྱལ་པོའི་མདུན་ན་འདོན། །ཞེས་བློན་པོ་དང་མདུན་ན་འདོན་སོ་སོར་བཤད་ཅིང་འདི་དག་མཚན་གཞིར་འཛིན་པར་རུང་ཙམ་སྣང༌། འཁོར་བསྒྱུར་ཆེན་པོའི་བློན་པོ་སོགས་ལ་ཡོན་ཏན་ཤིན་ཏུ་ཆེ་ལ། དེས་ན་སངས་རྒྱས་གཉིས་པ་དབྱིག་གཉེན་ཆེན་པོས། བསྟན་བཅོས་དང་འགལ་བ་སླ་ཡི་མདོ་དང་འགལ་བ་དེ་ལྟར་མིན་པར་བཤད་པ་དང༌། རྗེ་བདག་ཉིད་ཆེན་པོ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གསུངས་པ་ལས་ཀྱང༌། ངེད་ཀྱིས་བསྟན་པ་རྣམས་ལ་གསུང་རབ་དང་བསྟན་བཅོས་ཆེན་པོ་རྣམས་ལ་དཔྱོད་དང་ཕལ་ཆེར་མཐུན་པ་ཤ་སྟག་འོང༌། བརྒྱ་ལ་གལ་ཏེ་གཞུང་ཆེན་མོ་རྣམས་དང་མི་མཐུན་པ་རེ་ཙམ་བྱུང་ན་འདོར་བའི་སྤུས་མན་ངག་ཏུ་འདོད་པ་རྣམས་ལ་འབབས་ཀྱི། གསུང་རབ་ཆེན་པོ་རྣམས་རྣམ་པ་ཐམས་ཅད་དུ་འདོར་དུ་མི་རུང་བར་རྩིས་པོ་ཆེར་བཟུང་དགོས། ཞེས་གསུངས་པ་དང༌། དེའི་རྒྱུ་མཚན་ཡང་རྒྱལ་བ་བྱམས་པས་ཀྱང་རྒྱུད་བླ་མ་ལས། གང་ཞིག་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུགས། །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་དང༌། དཔལ་མགོན་ཀླུ་སྒྲུབ་ཀྱིས། དོན་འདི་ལ་ནི་རྒྱལ་བ་ལས། །ལྷག་པའི་ཚད་པ་གཞན་སུ་ཡོད། །ཅེས་གསུངས་པ་ལྟར་ཡིན་པས། གསུང་རབ་ལ་བག་ཡོད་དགོས་ཀྱི་དྲི་མ་ཅན་བྱེད་ག་ལ་རིགས་སོ། །ཞེས་ཀྱང་འདོམས་པར་བྱེད་ལ། གསུང་རབ་ལ་དྲང་ངེས་རིགས་པ་རྣམ་དག་གིས་ཕྱེ་ནས་སྨྲ་དགོས་པས། བཤད་ཚད་ལ་ཚད་མར་འཛིན་དཀའ་བས། དཔྱད་པ་རྣམ་པར་དག་པས་མཁས་པའི་གསུང་ལ་སྦྱངས་པ་ཞིག་དགོས་སོ། །དེས་ཆེན་པོ་རྣམས་ལ་འབུལ་ཚུལ་འཕྲོས་དང་བཅས་པ་ལེགས་པར་བཤད་ཟིན་ཏོ། །
༈ ཡང་འབྲོམ་སོགས་ཀྱི་ཡིག་བསྐུར་ལས། རང་ལས་ཆེ་ངེས་ཤེས་པ་དང༌། གཉེན་ཚན་རྒན་ལ་དྲུང་ཞུ་ཐོབ །ཅེས་བཤད་པ་ལྟར་ན། ཡིག་མགོ་དང་ཡི་གེ་རན་ཙམ་ལ་ཐོག་མར་བསྐུར་ཡུལ་གྱི་མིང་མཐར་དྲུང་དུ་བྲིས་ནས། འགྱངས་སམ། འབེབས་སོར་དྲུག་ཙམ་བྱས་ནས་འོག་ཏུ་ཞུ་བ། ཞེས་སོགས་ཁམས་འདྲི་དང༌། རང་གི་གནས་ཚུལ་བརྗོད། ཞུ་ཞེས་སྨྲས་ནས་དངོས་དོན་བརྗོད་རྗེས་སུ་ཡི་གེ་རྟེན་མཚོན་དང་བཅས་ཟླ་ཚེས་ལ་ཞུས་ལྟ་བུ་དང༌། ཡིག་བསྐུར་རྣམ་བཞག་ལས། རང་ལས་ཅུང་ཞིག་ཆེ་བ་ལ། །སྤྱན་སྔར་ཞུ་ཞེས་བྱ་བ་ཡིན། །གོང་འོག་སོར་བཞི་ཙམ་ཞིག་བྱ། །ཞེས་པ་ལྟར་ན། མགོར་བསྐུར་ཡུལ་ཆེ་གེ་མོའི་སྤྱན་སྔར་བྲིས། འགྱངས་སོར་བཞི་ཙམ་དང༌། ཞུ་བ་འོག་ཅེས་པའི་ཡི་གེ་སྐྱེས་དང་བཅས་པ་སོགས་ལྟ་བུ། ལྷག་མ་འདྲ་ལ། དེ་བཞིན་དུ། ཡིག་བསྐུར་རྣམ་བཞག་ལས། རང་དང་མཉམ་པ་དག་ལ་ནི། །དྲུང་གི་སྙན་དུ་ཞུ་བ་ཐོབ། །གོང་འོག་སོར་གཉིས་ཙམ་ཞིག་བྱ། །རང་ལས་ཅུང་ཞིག་དམའ་བ་ལ། །སྙན་དུ་ཞུ་བ་ཞེས་བྱ་ཐོབ། །གོང་འོག་སོར་གཉིས་ཙམ་ཞིག་བྱ། །དེ་འོག་ཕྱག་ཏུ་འབུལ་བ་ལ། །འགྱངས་ཡོང་འགྱངས་མེད་གང་བྱས་ཀྱང༌། །གོང་འོག་མེད་པར་ཐད་ཀར་བྲིས། །གཉེན་རིགས་གཞོན་དང་གཡོག་རིགས་རྒན། །བསྐུར་ཡིག་མི་ཐོབ་ཐམས་ཅད་ལ། །མིང་ནས་བཏོན་ལ་ཐད་ཀར་བྲིས། །ཞེས་པ་ལྟར་ན། རང་དང་མཉམ་པ་ལ་ཆེ་གེ་མོའི་དྲུང་དུ་བྲིས། འབེབས་སོར་གཉིས་དང༌། ཞུ་བ་ཞེས་འོག་ཏུ་མི་ཚུད་པར་བྱས་ལ། གཞན་འདྲ། རང་ལས་ཅུང་ཞིག་དམའ་བ་ལ་ཆེ་གེ་མོའི་སྙན་དུ་བྲིས། འབེབས་སོར་གཅིག་བྱས་གཞན་འདྲ། རང་ལས་ཆེས་དམའ་བ་ལ་ཆེ་གེ་མོའི་ཕྱག་ཏུ་བྲིས་ནས་འགྱངས་ཡོད་མེད་གང་བྱས་ཀྱང་ཐད་བྲིས་རུང༌། གཉེན་ཤིན་ཏུ་གཞོན་པ་སོགས་ལ་ཆེ་གེ་མོས་ངེས་རྒྱུར། ལྟ་བུ་བྱས་ཀྱང་རུང་ཙམ་སྣང༌། འདི་དག་ལ་མཇུག་ཏུ་འབྲི་ཚུལ་རིགས་པས་དཔྱད་ཆོག་སྟེ། ལག་ལེན་གང་བདེ་རུང་བར་སེམས་སོ། །ཡི་གེ་ཕར་བསྐུར་ཚུལ་ཡིག་རྙིང་ལྟར་མདོར་བསྡུས་བརྗོད་ཟིན་ཏོ། །
༈ གཉིས་པ་ཚུར་བྱུང་བའི་ཡིག་ལན་བྱེད་ཚུལ་ནི། ཡིག་བསྐུར་རྣམ་བཞག་སྔ་མ་དག་ལས། བླ་མ་སློབ་དཔོན་ཕ་མ་ལ། །བཀའ་ཤོག་གནང་བ་ཕེབས་ཞེས་ཟེར། །ཁྲི་སྐོར་སྐྱོང་བའི་བདག་པོ་ལ། །ཅ་ཧོ་གནང་བ་ཕེབས་ཞེས་ཟེར། །ཡང་ན་ཕྱག་རྟགས་གནང་བ་ཕེབས། །རང་ལས་ཆེ་ངེས་ཤེས་པ་ལའང༌། །ཕྱག་རྟགས་གནང་བ་ཕེབས་ཞེས་ཟེར། །རང་དང་མཉམ་པ་རྣམས་ལ་ནི། །གསུང་ཤོག་གནང་བ་སྨིན་ཞེས་སམ། །ཡང་ན་གསུང་རིས་གནང་བ་སྨིན། །ཕྱག་ཏུ་ཕུལ་བར་གསུང་ཤོག་འཕྲོད། །སྤྲིང་ཡིག་བསྐུར་ཡིག་བདག་པོ་ཡི། །ཡི་གེ་འཕྲོད་དང་རི་མོ་འཕྲོད། །ཅེས་བཤད་པ་ལ། མདོ་ཙམ་སྨྲས་ན། བླ་མ་ཆེན་པོ་དང༌། སློབ་དཔོན་དང༌། ཕ་མ། རྒྱལ་པོ་ཆེན་པོ་དག་ལ་ཡིག་ལན་འབུལ་ན་ཡིག་མགོ་ཡི་གེ་འབེབས་སོགས་ཡིག་བསྐུར་འདྲ་བ། ཞུ་བ། དེང་སྐུ་གཟི་མདངས་རྒྱས་པ་སོགས་ཀྱི་སྙུན་གསོལ་ཆེ་བརྗོད་གང་འོས་ཀྱི་མཇུག་ཏུ་རྣམ་དཀར་གྱི་མཛད་འཕྲིན་གོང་དུ་འཕེལ་བཞིན་པའི་དབྱིངས་ནས། ཕྲན་བུ་ལའང་བཀའ་ཤོག་གམ། ཆབ་ཤོག་གོས་ཡུག་དང་ཇ་ཀོ་ཁྲའི་སྐྱེས་སུ་གནང་བའི་ཕྱག་རྒྱའི་རི་མོ་མ་ཉམས་པ་སྤྱི་བོར་ཕེབས། ཞེས་དང༌། དགའ་སྤྲོ་བྱུང་ཚུལ་དང༌། དངོས་དོན་སོགས་འདྲ་ལ། དེ་ཡང༌། སྐུ་ཞབས་གོང་ལྟ་བུ་ལ་ཞུ་ན། དེང་ཚོགས་གཉིས་བྱེ་བས་བསྐལ་བ་དུ་མར་བསྐྲུན་པའི་སྐུའི་ལྷུན་པོ་ཉེར་འཚེའི་དྲི་བཞོན་གྱིས་གཡོ་བ་མི་མངའ་བར་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དམ་པར་བསྐལ་བརྒྱར་ཞབས་པད་རྡོ་རྗེའི་རང་བཞིན་དུ་བཞུགས་པའི་དབྱིངས་ནས། ཕྲན་བུ་ལའང༌། བཀའ་ཤོག་ལྗགས་ཆབ་རྟེན་འདུས་སམ། ཆེ་གེ་མོའི་སྐྱེས་བཅས་གནང་བ་ཕྱག་རྒྱའི་རི་མོ་མ་ཉམས་པར་སྤྱི་བོར་ཕེབས་པས། ཞལ་གྱི་དཀྱིལ་འཁོར་མཇལ་བ་ལྟ་བུའི་དགའ་སྤྲོ་རབ་ཏུ་དགའ་བའི་ས་ལ་འགྲན་པ་ཐོབ་ལགས་ཞུ་ལྟ་བུ་དང༌། དེས་བླ་ཆེན་དང་སློབ་དཔོན་དག་ལ་རིགས་པ་བསྒྲེ། ཕ་མ་ཡོན་ཏན་མེད་པའི་རིགས་ཅན་ལ། །སྐུ་གཟི་མདངས་རྒྱས་ཞེས་སོགས། ཡོན་ཏན་ཅན་ལ་གང་ལྡན་གྱི་ཡོན་ཏན་དེའི་ངོས་ནས་བྱས་ལ། ཁྲི་སྐོར་སྐྱོང་བའི་དཔོན་པོ་རྒྱལ་པོ་མིན་པའི་རིགས་ལ། ཡིག་མགོ་སོགས་འདྲ་ལ། ཞུ་བ། སྐུ་ལ་སྙུན་གྱི་དྲི་མ་མེད་ཅིང་མངའ་འོག་ལུགས་གཉིས་ཀྱིས་སྐྱོང་བར་མཛད་བཞིན་པའི་ངོས་ནས། ཕྲན་ལ་ཆབ་ཤོག་རྟེན་བཅས་གནང་བ་རི་མོ་མ་ཉམས་པར་ཕེབས་སོགས་དང༌། ཡང་ན། ཕྱག་རྟགས་གནང་བ་ཉམས་མེད་དུ་ཕེབས་སོགས་དང༌། རང་ལས་ཆེ་བ་ལའང་འདི་ལྟར་རོ། །རང་དང་མཉམ་པ་ལ་ཆོས་ཀྱི་ཡོན་ཏན་ཅན་ལ་ཐོས་བསམ་སྒོམ་གསུམ་སོགས་རྣམ་དཀར་ལ་གནས་པ་ཉམས་པ་མེད་པའི་ཐད་ནས་གསུང་ཤོག་གནང་བ་འདིར་སྨིན་སོགས་ལྟ་བུ། འཇིག་རྟེན་ཅན་ལ་སྒོ་གསུམ་མཐུན་འཇུག་གི་བྱ་བས་སྐྱེ་བོ་ཀུན་གྱི་སྙིང་གི་ཐིག་ལེ་འགྱེད་པའི་ཐད་ནས་གསུང་ཤོག་གནང་བ་སྨིན་སོགས་ལྟ་བུ་དང༌། རང་གིས་ཕར་ཕྱག་ཏུ་ཕུལ་ཞེས་པ་དང༌། མིང་བཏོན་ཐད་བྲིས་བྱེད་ཡུལ་ལ་གསུང་ཤོག་བསྐུར་བ་འབྱོར་རམ། འཕྲོད་དམ། བྱུང་སོགས་བྱ་ལ། བླ་མ་ཆེན་པོ་དང་རྒྱལ་པོ་ཆེན་པོའི་རིགས་ཀྱིས་ཡིག་ལན་གནང་ན་ཡིག་མགོ་སོགས་འདྲ་ལ། འདིར་ཡི་གེ་རྟེན་བཅས་འཕྲོད་དམ་ཡི་གེ་རྟེན་བཅས་ཀྱི་རི་མོ་མ་ཉམས་པར་འཕྲོད་ལྟ་བུ་སོགས་བྱ་ཞིང༌། འདི་དག་གི་ཡིག་མགོ་ཡིག་རྒྱ་སོགས་བསྐུར་ཡིག་དང་འདྲའོ། །ཡིག་ལན་བྱེད་ཚུལ་ཉུང་གསལ་བཤད་ཟིན་ཏོ། །
༈ གསུམ་པ་ཡིག་རྒྱ་སོགས་ཀྱི་རྣམ་བཞག་ནི། ཡིག་བསྐུར་རྣམ་བཞག་སྔ་མ་དག་ལས། མི་ཆེན་རྣམས་ལ་ཡིག་རྒྱ་ནི། །ཞེང་ཆུང་ཁ་ཡིག་དབུ་ཆུང་དང༌། །འདི་ཞེས་བྱ་བའི་ཞབས་དྲུང་ཕུལ། །གོང་འོག་ཡོངས་ངེས་ཤེས་པར་བྱེད། །དེ་འོག་ཡིག་ཞེང་རན་པར་བྱ། །སྤྱན་སྔར་ཕུལ་དང་སྙན་ཕུལ་ཞེས། །གོང་འོག་ཡོད་ཙམ་བྱེད་པ་ཡིན། །ཕྱག་ཏུ་ཕུལ་དང་འདི་ལ་ཕུལ། །སྤྲིང་ཡིག་བསྐུར་ཡིག་གཉིས་པོ་ལ། །ཡིག་རྒྱ་བྱེད་པ་ཤས་ཆུང་མོད། །གལ་ཏེ་བྱེད་ན་ཞེང་ཆེ་ཞིང༌། །འདི་ཞེས་བྱ་ལ་སྤྲོད་ཅེས་བྱ། །ཞེས་བཤད་པས། བླ་མ་ཆེན་པོ་དང༌། རྒྱལ་པོ་ཆེན་པོ་དང༌། ཁྲི་དཔོན་ལྟ་བུའི་དཔོན་ཆེན་རྣམས་ལ་འབུལ་ཚེ་ཕྱི་ནང་གི་ཡིག་མགོ་དག་ཕྲ་ལ་ཆུང་བའི་འབེབས་མ་གཏོགས་པའི་ཡིག་འཕྲེང་གོང་འོག་གི་བར་ཡང་མི་ཡངས་པར་བྱས་ནས། །ལྟེབ་ལུགས་གཤམ་ནས་ལྟེབ་གཉིས་ཀྱི་ཚད་ཙམ་བཀུག་ལ། བཀུག་མཚམས་དེ་ནས་ལྟེབ་གང་ཆུང་ཆུང་བྱས་ནས་ལེགས་པར་ལྟེབ་ཅིང༌། དགའ་བ་ཀུན་འདུས་ཀྱི་ཡིག་བསྐུར་ལེའུ་ལས། སུམ་ལྟེབ་བྱས་ནས་གཡས་ནས་གཅོག །མཆུ་བཅིངས་སྣེ་མོ་མཆུ་ལ་འདོན། །གསལ་བྱེད་ཡི་གེ་འབྲི་བར་བྱ། །ཞེས་བཤད་པ་ལྟར་གཡས་བཅག་པའི་ཕྱེད་དང་བཞི་ལྟེབ་བམ། སུམ་ལྟེབ་བྱས་པའི་སྟེང་དུ་ཁ་ཡིག་གམ་གསལ་བྱེད་ཀྱི་ཡི་གེ་ལྟེབ་དང་པོའི་སྣེ་ངོས་ལ་བསྐུར་མཁན་རང་མིང་ནས་སྨོས་ཏེ་ཕྲན་བུ་འདི་ཞེས་བྱ་བའི་ཞུ་ཡིག །ལྟེབ་གཉིས་པ་དེའི་རྗེས་མའི་ངོས་ལ་ཡིག་མགོ་དང་བཅས་ཆེ་གེ་མོའི་ཞབས་དྲུང་དུ་ཕུལ་ཞེས་པ་བྲིས་ལ། ཡི་གེ་ལྟེབ་སྣེ་འཆིང་ཐག་གམ་ཧུང་ཐག་ཏུ་གྲགས་པའི་འཆིང་ཐག་ཕྲ་མོའི་སྣེ་ཁ་ཡིག་གི་གཤམ་ནས་ཡར་སྲུབ་ལ་བཅུག་པས་གཡས་སུ་དཀྲིས་ནས་སྣེ་ཡི་གེའི་མཆུ་ངོས་སུ་འོང་བར་དཀྲི་བར་བྱ་ལ། མྱ་ངན་གྱི་ཡིག་རྒྱ་མ་ཡིན་པའི་མཐོ་དམན་གྱི་ཡིག་རྒྱ་ཐམས་ཅད་ལ། དང་པོར་གཤམ་ནས་ཆེ་བར་བཀུག་ནས་ལྟེབ་ལ། མྱ་ངན་སོགས་ལ་གཤམ་ནས་གཅིག་ལྟེབ་རང་བྱེད་པ་ཡིན་སྣང་ཞིང༌། ཧུང་ཐག་ནི་ཆེན་པོས་ཆུང་ངུ་ལ་བསྐུར་ན་ལྷག་ནས་འཛུད། ཆུང་བས་ཆེན་པོ་སོགས་ལ་བསྐུར་ན་གཤམ་ནས་འཛུད་ཀྱིན་འདུག་ལ། དེ་བཞིན་དུ་རང་ལས་ཆེ་ངེས་དང༌། ཅུང་ཟད་ཆེ་བ་དང༌། རང་དང་མཉམ་པ་སོགས་ལ་ཡིག་མགོ་ཡི་གེ་ཧུང་ལ་ཡིག་སྒྲོམ་ཧུང་ཐག་རྣམས་རན་པ་དང་ཅུང་ཆེ་བ་སོགས། ཁ་ཡིག་འབྲི་བ་སྔར་ལྟར་ལ། མཐོ་དམན་ཅུང་ཟད་ཡོད་པ་སོགས་བྱ་ཞིང༌། སུམ་ལྟེབ་དང་ཕྱེད་དང་སུམ་ལྟེབ་དང༌། སྣེ་གཅིག་བཀུག་ཙམ་གྱི་སུམ་ལྟེབ་རྣམས་བྱ་ལ། ཕྱག་ཏུ་ཕུལ་དང་ཐད་བྲིས་དག་ལ་ཉིས་ལྟེབ་སོགས་བྱ་ཞིང༌། བླ་མ་ཆེན་པོ་དང༌། རྒྱལ་པོའི་སྤྲིང་ཡིག་ལྟ་བུའི་བཀའ་ཤོག་ཆེ་བ་དག་ལ་ཡིག་རྒྱ་མི་བྱེད་པའམ། བྱེད་ཀྱང་ལྟེབ་ཞིང་ཡིག་མགོ་སོགས་ཆེ་བ་བྱེད་སྲོལ་གཅིག་སྣང༌། མདོར་ན་ཕལ་ཆེར་ཚད་ལྡན་གྱི་ཡི་གེ་བསྐུར་བ་ལ་བལྟས་པས་ཀྱང་ཤེས་པར་འགྱུར་རོ། །ཡིག་རྒྱ་སོགས་ཀྱི་རྣམ་བཞག་ཉུང་གསལ་བརྗོད་ཟིན་ཏོ། །
༈ བཞི་པ་ཐེའུ་ཚེའི་རྣམ་བཞག་བཤད་པ་ལ། ཡིག་བསྐུར་རྣམ་བཞག་ལས། བླ་མ་སློབ་དཔོན་ཕ་མ་སོགས། །རང་ཉིད་ཕྱག་འབུལ་བྱེད་པ་ལ། །ཚེས་གྲངས་འདི་ལ་ཕུལ་ཞེས་བྱ། །ཞུ་ཡིག་ཕྱེད་ཐད་ཐེའུ་ཚེ་རྒྱག །ཐེའུ་ཚེ་ཡི་གེ་མ་ནོན་འདེབས། །ཐེལ་སྟན་མེད་པར་བྱེད་པ་ཡིན། །དྲུང་དུ་ཞུ་བ་རྣམས་ལ་ནི། །ཚེས་གྲངས་འདི་ལ་ཕུལ་ཞེས་ཟེར། །ཐེལ་ཚེ་ཡིག་སྣ་ནོན་ངེས་རྒྱ། །ཕྱག་ཏུ་ཕུལ་དང་འདི་ལ་ཕུལ། །ཐེའུ་ཚེ་ཡིག་འཕྲེང་གཉིས་ཙམ་ནོན། །སྤྲིང་ཡིག་བསྐུར་ཡིག་གཉིས་པོ་ལ། །ཚེས་གྲངས་འདི་ལ་བྲིས་ཞེས་ཟེར། །ཐེའུ་ཚེ་ཡིག་འཕྲེང་གསུམ་བཞི་ནོན། །ཐེལ་སྟན་གོང་འོག་མཉམ་པར་བྱེད། །ཅེས་བཤད་པ་ལ། འདིར་ཕལ་ཆེ་བ་ནང་གཤམ་གྱི་ཐམ་རྟགས་སུ་སྣང་ཡང་ཕྱི་ནང་གཉིས་ཀ་ལ་རྟགས་ཐམ་བྱེད་ཚུལ་འདྲ་ཙམ་ཡིན་པས། བླ་མ་རྒྱལ་པོ་སོགས་ལ་ཟླ་ཚེས་ལ་ཕུལ་བའི་ཞུ་ཡིག །ཅེས་བྲིས་པའི་ཞུ་ཡིག་ཕྱིའི་རྗེས་སུ་ཐེའུ་ཚེ་ཡི་གེ་མ་ནོན་འདེབས། ཞེས་བཤད་ཀྱང༌། དེང་སང་ནང་དུ་ཐེའུ་ཚེ་བྱེད་པ་ཆེ་ཁྱད་ཡིན་ཟེར་ནས་ཆེན་པོ་ལ་བསྐུར་བ་ལ་ཕལ་ཆེར་མི་བྱེད་པར་སྣང་ལ་རང་ལས་ཆེ་བ་སོགས་དྲུང་དུ་ཞུས་ཐོབ་པ་རྣམས་ལ་ཟླ་ཚེས་ལ་ཞུས་ཞེས་པའི་རྗེས་སུ་ཐེའུ་ཚེ་ཡིག་སྣ་ནོན་ཙམ་བྱེད་པ་དང༌། ཕྱག་ཏུ་ཕུལ་བསྐུར་ཡུལ་དང༌། གང་ཟག་ཆེ་གེ་མོ་ལ་བསྐུར་བ་ལྟ་བུ་གཉིས་ལ་ཐེའུ་ཚེས་ཡི་གེ་ནོན་པར་མ་ཟད་ཡིག་འཕྲེང་གཉིས་ཙམ་ནོན་པ་བྱས་ཆོག་པའི་དོན་དང༌། བླ་མ་དང་རྒྱལ་པོ་ཆེན་པོའི་སྤྲིང་ཡིག་བཀའ་ཤོག་ལ། ཐམ་ཀས་ཡིག་འཕྲེང་གསུམ་མམ་བཞི་ནོན་ཞིང༌། འདི་ལ་ཐེའུ་སྟན་ནམ་ཡི་གེའི་གཤམ་གྱི་ཤོག་བུ་སོར་བརྒྱད་གོང་དང་མཉམ་པ་བྱ་ལ། ཡིག་གཤམ་ཆེ་བ་འབུལ་མཁན་རང་ཉིད་ཀྱི་ཆེ་བ་ཡིན་པས། བླ་མ་དང་ཕ་མ་ལྟ་བུ་ལ་འབུལ་ན། དེ་ལྟར་མི་རུང་བས་ཡིག་གཤམ་ཆུང་བ་བྱ་ལ། གཞན་ཅུང་ཟད་བཞག་པ་སོགས་རིགས་པས་དཔྱད་ཅིང༌། བླ་མ་དང་རྒྱལ་པོ་ཆེན་པོའི་རིགས་ཀྱི་ཧུང་ཐག་སྟེང་དུ་ཐམ་ཀ་གྲུ་བཞི་པ་མགོ་ཧུང་ལའི་སྣེ་མོར་འཕྲེད་བསྟན་དང༌། བསྐུར་ཡུལའང་ཆེ་ན་ཐམ་ཀའི་མགོ་བསྐུར་ཡུལ་གྱི་མིང་ངོས་འཁྱོག་ཙམ་དང༌། ཆེ་གེ་མོའི་བཀའ་ཤོག་ཅེས་པའི་མཐར་རྟགས་ཐེའུ་འདེབས་ལ། དམའ་བས་བླ་མ་སོགས་མཐོན་པོ་ལ་འབུལ་ན་ཧུང་ཐག་སྟེང་དུ་ཐམ་ཀ་ཧུང་ལའི་དཀྱུས་སུ་བཏབ་པ་ལྟ་བུ་ཐམ་ཀའི་མགོ་བསྐུར་ཡུལ་ངོས་དང༌། ཞུ་ཡིག་གི་རྗེས་སུ་ཡི་གེ་མ་ནོན་པར་རྟགས་ཐེའུ་བྱེད་ལ། དྲུང་དུ་ཕུལ་ལ་ཧུང་ཐེའུ་མགོ་དཀྱུས་སུ་རྩེར་བསྟན་ཙམ། ཞུ་ཡིག་གི་རྗེས་སུ་རྟགས་ཐེའུ་ཡང་ཡི་གེ་ནོན་ངེས་སོགས་རིགས་པས་དཔྱད་སླའོ། །ཡིག་རྙིང་འདི་དག་ཕལ་ཆེར་གཞིར་བཞག་སྟེ་བྲིས་སོ། །ཡིག་རྙིང་འདི་དག་གི་ཚིག་སྦྱོར་ལེགས་རྒྱུ་རང་མི་འདུག་ཀྱང་དོན་སྣ་ཚང་ཙམ་སྟོན་པར་སྣང་བས། བྱང་ས་ལས། ཕལ་བའི་ཚིག་གིས་སྟོན་ན་ཡང༌། ཚིག་ལ་མི་སྟོན་དོན་ལ་སྟོན་པས་ལེན་པར་བཤད་པ་ལྟར་བྱས་སོ། །དེས་ཕྱི་ནང་གི་ཐམ་ཐེའུ་བྱེད་ཚུལ་ཡང་ཉུང་གསལ་བརྗོད་ཟིན་ཏོ། །
༈ ལྔ་པ་ཞར་བྱུང་ཐོག་མཐའ་བར་དུ་དགེ་བའི་རྒྱུ་ཆོས་ལ་གནས་པར་གདམས་པ་ནི། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །ཞེས་གསུངས་པ་ལྟར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དང༌། མཛོད་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཞེས་གསུངས་པ་ལྟར་ཤེས་རབ་མེད་པར་ཉོན་མོངས་པ་སོགས་སྤོང་ཐབས་མེད་ལ། རྒྱུད་བླ་མ་ལས། ཤེས་རབ་ལས་གཞན་དེ་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང༌། དཔལ་ལྡན་དཔའ་བོས་ཀྱང༌། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །ཞེས་སོགས་དང༌། འཛམ་གླིང་གི་རྒྱན་མཆོག་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། སྐྲ་དཀར་གཉེར་མ་ལྷགས་དུས་སུ། །ཐོས་པ་བསགས་པར་བྱ་བ་སྟེ། །གང་དུ་ཐོས་མང་འགྲོ་འགྱུར་བ། །དེར་ནི་ཕུང་པོ་འགྲོ་མི་འགྱུར། །ཞེས་ཐོས་པ་ནི། འདི་ཕྱི་གཉིས་ཀའི་ནོར་དུ་རུང་ལ་སྐྲ་དཀར་དང་གཉེར་མ་སོགས་རྒ་བའི་སྡུག་བསྔལ་གྱིས་ནང་པར་འཆི་ཡང་སློབ་རིགས་པར་བཤད་པ་མདོ་བསྟན་བཅོས་མཐའ་ཡས་པ་ཞིག་ཡོད་ན། ཐོས་པ་བྱེད་ཚུལ་ཡང༌། ཁེངས་པ་དང་རྟག་འཛིན་སོགས་དགེ་བའི་བཤེས་གཉེན་མི་མཉེས་པའི་ལས་རྣམས་སྤངས་ཏེ་ཡུལ་མཐོ་དམན་གང་ཡིན་ཀྱང་ཚད་ལྡན་ལས་ཡོན་ཏན་སྣ་ཚོགས་ལེན་པ་ཞིག་སྟེ། དཔལ་མགོན་ཀླུས། ཡོན་ཏན་དག་ལ་འབད་བྱ་ཡིས། །འགྱིང་ཚུལ་དགོས་པ་ཅི་ཞིག་ཡོད། །བ་ནི་འོ་མ་མེད་པ་ལ། །དྲིལ་བུ་བཏགས་ཀྱང་ཉོ་མི་འགྱུར། །ཞེས་དང༌། རྗེ་རྒྱལ་བ་གཉིས་པའི་སྤྱན་སྔ་གྲགས་བྱང་བའི་རྟོགས་པ་བརྗོད་པའི་སྙན་ངག་བྱིན་རླབས་ཀྱི་ལྷུན་པོ་ལས། ལེགས་བཤད་དགའ་སྟོན་མྱོང་བའི་གེགས། །ཁེངས་པ་དོར་ནས་མཁས་པ་བསྟེན། །རབ་འབྱམས་གསུང་རབ་དོན་ལ་སྦྱངས། །ཚིག་རྒྱན་གཞུང་ལ་འདྲིས་པར་བྱས། །ཞེས་དང༌། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར། །ལང་ཚོ་མི་སྡོད་རི་གཟར་རྒྱུག་པའི་ཆུ། །དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས། །བདག་གིས་རིག་གནས་གང་ལ་སྦྱངས་སྙམ་ན། །ཞེས་གསུངས་པ་ལྟར་མི་རྟག་པ་དང་ངེས་འབྱུང་སྐྱེས་ན་གསུང་རབ་ཚོལ་དགོས་ཀྱི་འཆི་བར་འདུག་གོ་སྙམ་ནས་ཆོས་བོར་ན་སྐྱིད་པ་སོགས་འོང་ཐབས་བྲལ་བས་སྲིད་འབྱོར་ལ་སྙིང་པོ་མེད་པར་བསམ་ནས་ཆོས་ཁོ་ན་ལ་ནན་ཏན་བྱ་རིགས་ལ། དེ་ཡང༌། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འཐོབ་སྟེ། །དེ་བས་གཞན་དག་ཚར་གཅོད་རྗེས་སུ་གཟུང་ཕྱིར་དང༌། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་རྩ་འགྲེལ་དང༌། ཤིང་རྟ་ཆེན་པོ་ཐོགས་མེད་ཞབས་ཀྱིས། བྱང་སའི་ཆོས་ཚོལ་གྱི་ལེའུ་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཚོལ་བས། ཅི་ཞིག་ཚོལ། ཇི་ལྟར་ཚོལ། ཅིའི་ཕྱིར་ཚོལ་ཞེ་ན། ཞེས་དང༌། རིག་པའི་གནས་ཀྱིས་བསྡུས་པ་དེ་དག་ཐམས་ཅད་རིག་པའི་གནས་ལྔ་པོ་དག་ཡིན་ཏེ་ནང་རིག་པ་དང༌། གཏན་ཚིགས་རིག་པ་དང༌། སྒྲའི་རིག་པ་དང༌། ནད་གསོ་བའི་རིག་པ་དང༌། བཟོ་དང་ལས་ཀྱི་རིག་པའོ། །བྱང་ཆུབ་སེམས་དཔའ་ཚོལ་བ་གང་ཡིན་པ་རིག་པའི་གནས་ལྔ་པོ་འདི་དག་ཡིན་ཏེ། དེ་ལྟར་ན་དེས་རིག་པའི་གནས་ཐམས་ཅད་བཙལ་བ་ཡིན་ནོ། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་རིག་པའི་གནས་ལྔ་པོ་འདི་དག་ཚོལ་བ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ཆོས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཐམས་ཅད་ལ་དེ་ལྟར་མ་བསླབ་ན་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པ་ཐོབ་པར་མི་འགྱུར་རོ། །ཞེས་དང༌། དྲིན་ལན་བསབ་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔ་ལ་མ་བསླབ་ན་ནི། ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། རིག་པའི་དངོས་པོ་ལྔ་ལ་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར། མདོ་བསྟན་བཅོས་མང་པོ་ནས་བཤད་པའི་རིག་གནས་ཆེ་བ་ལྔ་དང་འདིར་མ་འདུས་པ་མེད་པར་བྱང་སའི་ལུང་དྲངས་ཟིན་པ་ལྟར་ཡིན་པས། བཅུ་སོགས་ངེས་ཅན་དུ་དབྱེ་མི་དགོས་ཀྱང༌། བཅུར་དབྱེ་ན་འཇམ་བསྟོད་ཏམྦུ་རའི་རྒྱུད་མང་ལས། སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་དང༌། སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་གཞུང༌། །སྐར་རྩིས་བཅུ་ཕྲག་རིག་པའི་གནས་རྣམས་ལ། །ཞེས་གསུངས་པ་ལྟར་སྒྲ་ལས་ཚིག་ཉམས་སོགས་ཀྱི་སྙན་ངག་དང༌། བྱིངས་སོགས་སྒྲུབ་ཚུལ་གྱིས་མིང་གཅིག་དོན་དུ་མ་སོགས་ལ་འཇུག་པས་མངོན་བརྗོད་དང༌། ཡི་གེ་ལྕི་ཡང་ལྡེབ་སྦྱོར་དང་ལེགས་སྦྱར་དང༌། རང་བཞིན་སོགས་སྐད་སྣ་ཚོགས་འདུས་པ་ལ་ཟློས་གར་བཞིར་དབྱེ་ལ། བཟོ་ལས་སྐར་རྩིས་ཕྱེ་བས་བཅུར་འགྱུར་རོ། །གང་ཡང་སྔ་ཕྱི་མང་པོས་སྒྲ་རེས་རིག་གནས་ཆེ་བ་དང༌། རེས་ཆུང་བར་འཆད་པ་ནི་རིག་གནས་ཆེ་ཆུང་གཉིས་ཀར་ཁས་བླངས་ན་རང་ཚིག་ཤིན་ཏུ་འགལ་ཞིང་དོན་ལའང་ཆེ་ཆུང་མི་འགལ་བར་འདོད་ན་བཟང་ངན་དང་ཤར་ནུབ་དང་རིང་ཐུང་དང་རང་གཞན་དང༌། དགྲ་གཉེན་སོགས་ལྟོས་བཅས་མཐའ་ཡས་པ་དོན་གཅིག་པར་འགྱུར་བའི་གནོད་པ་འབབ་ལ། མདོ་བསྟན་བཅོས་དག་ནས་སྒྲ་ཆེ་བ་ལྔ་པོ་དེའི་གྲྭར་བཤད་པས། ཆུང་གྲྭར་འབེབས་པའི་ཉེས་མེད་ཀྱི་ཆད་གཅོད་སྨྱོན་ཧམ་མི་གནང་བ་གཅིག་མཁྱེན་ཞུས་ན་ག་འདྲ་འོངས་ཞེས་བཞད་གད་སྦྲག་པ་འབུལ། དེ་ལྟར་རིག་གནས་ལྔའམ་བཅུ་སོགས་ལ་སྦྱངས་པའི་སྙིང་པོའང༌། རྗེ་རྒྱལ་བ་གཉིས་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང༌། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། །ཞེས་གསུངས་པ་ལྟར། ཀུན་ཉོན་དང་རྣམ་བྱང་གི་ཆོས་ཕྲ་ཞིང་ཕྲ་བ་དག་ཀྱང་མ་འདྲེས་པར་སོ་སོར་ཕྱེད་པའི་རྣམ་དཔྱོད་དང༌། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གིས་མཚོན་པའི་བཀའ་དགོངས་འགྲེལ་དང་བཅས་པ་གདམས་པར་ཤར་བའི་ཉམས་ལེན་དང༌། སྒྲ་དོན་རྒྱན་གྱི་སྤུད་པའི་བཅད་ལྷུག་གི་ངག་སྦྱོར་ལ་མཁས་པ་གསུམ་ནི་འཇིག་རྟེན་ན་དཀོན་པ་དང་འདོད་པ་འཇོ་བའམ་དགོས་དགུ་འབྱུང་བ་དང༌། རང་གཞན་ལ་རྨད་དུ་བྱུང་བའི་དགའ་བ་སྐྱེད་པས་ལྷའི་དབང་པོའི་གཙུག་རྒྱན་དང་འདྲ་ཞིང་མཁས་པའི་ཡིད་འཕྲོག་པའི་རིན་ཆེན་འདི་ཁོ་ན་ལེགས་པས་འདི་གསུམ་མ་རྙེད་ཀྱི་བར་དུ་བཙལ་རིགས་ཏེ། རྗེའི་གསུང་དེ་ལས། འདི་ནི་ཤིན་ཏུ་དཀོན་ཞིང་འདོད་པ་འཇོ། །རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པས། །རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས། །མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན། །ཞེས་གསུངས་པའི་ཕྱིར་ན་དེ་གསུམ་རྙེད་དགོས། རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་འོང་བ་ལའང་འཕགས་པ་ཡབ་སྲས་དང༌། རིགས་སྨྲ་ཀུན་གྱི་གཙུག་རྒྱན་ཕྱོགས་གླང་ཆོས་གྲགས་ཀྱི་གཞུང་སྟེ་དབུ་ཚད་རིགས་ལམ་ལ་སྦྱངས་པ་ངོམས་མི་སླ་བ་གཅིག་བྱས་ནས་བློ་གྲོས་ཀུ་ཤའི་རྩེ་སོགས་འདྲ་བ་གཅིག་དགོས་ཏེ། དེ་ཉིད་ལས། དེ་ཕྱིར་བློ་གྲོས་ཕྲ་ཞིང་མཛངས་པ་དང༌། །ཀུ་ཤའི་རྩེ་ལྟར་མ་གྱུར་དེ་སྲིད་དུ། །ངོམས་མི་སླ་བར་རིགས་པའི་གཞུང་ལུགས་ལ། །མཁས་པའི་བཤེས་ལ་བརྟེན་ཏེ་ལེགས་པར་སྦྱངས། །ཞེས་གསུངས་ལ། གཞུང་ལུགས་གདམས་པར་ཤར་ཚུལ་དང་དེའི་བསྔགས་པའང༌། དེ་ཉིད་ལས། ད་ལྟ་ཉིད་ནས་སངས་རྒྱས་ས་ཡི་བར། །ལེགས་པར་འཁྲིད་པའི་ཟབ་མོའི་གདམས་པ་ལ། །ནང་བྱན་ཆུད་པས་བཀའ་དང་དགོངས་འགྲེལ་ཀུན། །གདམས་པའི་མཆོག་ཏུ་ཤར་ལ་མཁས་པ་ཟེར། །ལྷག་མ་ནེ་ཙོའི་འདོན་པ་ལྟ་བུ་དང༌། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཞེས་གསུངས་ལ། དེ་བཞིན་དུ་ཆོས་རྗེ་ས་པཎ་གྱིས་ཀྱང༌། མཁས་གང་ཤེས་བྱའི་དེ་ཁོ་ན། །དེ་ཉིད་རྟོགས་དེ་མཁས་པ་ཡིན། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་ཞེས་གྲགས། །ཞེས་གསུངས་པ་ལྟར་མཁས་པར་བྱས་ནས། དེའི་རྗེས་སུ་ཉམས་སུ་ལེན་དགོས་པ་ནི། རིན་པོ་ཆེ་གསུམ་གྱི་གཏམ་ལས། དེ་ལ་བརྟེན་པའང་སྒྲ་ཙམ་ལྷུར་ལེན་པས། །བཟླས་པར་བྱས་ན་དེ་ལས་བསླུས་པ་གང༌། །ཆུས་ཁྱེར་འགའ་ཞིག་སྐོམ་ནས་ཤི་བ་བཞིན། །མང་དུ་ཐོས་ཀྱང་ཆོས་ཀྱིས་འཕོངས་པ་ནི། །གསུང་རབ་གདམས་པར་ཤར་བ་མེད་པས་ནོངས། །དེ་ཕྱིར་གང་བསླབ་གདམས་པར་ཤར་བ་གཅེས། །ཞེས་དང༌། ཞི་བ་ལྷས། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བཀླག་པས་ཅི་ཞིག་ཕན། །སྨན་དཔྱད་བཀླག་པ་ཙམ་ཞིག་གིས། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་དང༌། ཕལ་ཆེན་དང༌། ལྷག་བསམ་དག་པ། ཏིང་འཛིན་རྒྱལ་པོ་སོགས་ལས་ཀྱང་བཤད་པས། གསུང་རབ་གདམས་པར་ཤར་ནས་ཉམས་སུ་ལེན་པ་རྒྱལ་བ་སྲས་བཅས་ཀྱི་དགོངས་པ་གཅིག་པའི་ལམ་ཡིན་ཞིང༌། ཚིག་སྦྱོར་བྱེད་ཚུལ་ཡང༌། དེ་ཉིད་ལས། དེ་ལྟར་དོན་གྱི་གནད་རྣམས་མ་འཕྱུགས་ན། །ཚིག་སྦྱོར་དམན་ན་ཉེས་པ་ཆུང་མོད་ཀྱང༌། །རྒྱལ་བ་ཉིད་ཀྱིས་གསུང་རབ་བསྔགས་པ་ན། །དོན་བཟང་པ་དང་ཚིག་འབྲུ་བཟང་བ་ཞེས། །གསུངས་ཤིང་ཤིན་ཏུ་དཀར་པའི་ཁང་བཟང་ལའང༌། །བསིལ་ཟེར་བྱེད་པའི་འོད་ཀྱིས་བྱུགས་པ་བཞིན། །དོན་བཟང་བ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས། །སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། །ཞེས་གསུངས་པ་ལྟར། དོན་བཟང་ལ་ཚིག་སྦྱོར་ཡང་ཤིན་ཏུ་ལེགས་པར་བྱས་ན་ཚིག་དོན་གཉིས་ཕན་ཚུན་གཅིག་གིས་གཅིག་མཛེས་པས་ཡིད་འཕྲོག་པའི་དཔེ། དཀར་བའི་རིའམ་ཁང་བཟང་ལ་ཟླ་འོད་ཕོག་པས་ཕན་ཚུན་ཆེས་ཆེར་དཀར་བ་ལྟ་བུར་མཛེས་ཏེ། དཔེར་ན་དཔལ་སྡེའི་རྟོགས་བརྗོད་ལས། ཀྱེ་མ་བདག་ཉིད་ཆེ་སྤྱོད་ཚུལ། །རྒྱ་མཚོ་བས་ཀྱང་ཤིན་ཏུ་ཟབ། །རི་རབ་བས་ཀྱང་ཡང་དག་མཐོ། །མཐོ་རིས་པས་ཀྱང་ངོ་མཚར་བཅས། །ཀྱེ་མ་སྲོག་ནི་འགྲོ་ན་ཡང༌། །སྙིང་སྟོབས་རྒྱ་མཚོ་སྙིང་སྟོབས་ལྡན། །དམ་པ་ཡ་ངར་ལྷུང་ན་ཡང༌། །ཆེན་པོ་ཉིད་ནི་མི་ཉམས་བཞིན། །ཞེས་དང༌། གཙུག་ནོར་གྱི་རྟོགས་པ་བརྗོད་པ་ལས། ལོངས་སྤྱོད་སྐད་ཅིག་ཁོ་ནས་འབྲལ་བའི་ངང༌། །འབྱོར་བ་རྨི་ལམ་བག་མ་ལེན་དང་མཚུངས། །བདེ་བའི་དཔལ་ནི་རླུང་བསྣུན་མར་མེའི་རྩེ། །སྲིད་པའི་སྤྱོད་ཚུལ་འདི་དག་སྨྱོན་པའི་གར། །སྙིང་རྗེ་ཀུན་གྱིས་བསྟེན་བྱ་དཔལ་འབྱོར་མིན། །དམ་ཆོས་རྟག་ཏུ་གསལ་བྱེད་མར་མེ་མིན། །གྲགས་སྙན་རྣམས་ཀྱིས་དགའ་ལྡན་ན་ཆུང་མིན། །བསོད་ནམས་དག་ནི་བརྟན་ལྡན་འཚོ་བ་མིན། །ཞེས་ཚིག་དོན་གང་ལ་བསམ་ཀྱང་ཡིད་འཕྲོག་པ་ལྟ་བུ་གཅིག་འབྱུང་ལ། སྦྱོར་ཚུལ་རིན་པོ་ཆེ་གསུམ་གྱི་གཏམ་ལས། དམར་སེར་ཅན་དང་རྒྱལ་བའི་ལྷས་བཀོད་པ། །བྲྀཏྟ་དང་ནི་ཛཱ་ཏི་ཞེས་བྱ་བའི། །སྡེབ་སྦྱོར་ཇི་བཞིན་བོད་སྐད་ལ་མེད་ཀྱང༌། །ཚིགས་བཅད་ལྷུག་པ་གཉིས་ཀ་སྤེལ་བའི་ལུས། །དོན་དང་ཚིག་གི་རྒྱན་ལ་སོགས་པ་ཡིས། །མཛེས་བྱེད་རྒྱན་གྱིས་སྤུད་པའི་ཚིགས་བཅད་ཚུལ། །སྙན་ངག་གཞུང་བཞིན་ལེགས་པར་སྦྱར་བ་ན། །བློ་གསལ་རྣམས་ལ་དགའ་བ་རྒྱས་པར་བྱེད། །ཅེས་གསུངས་པ་ལྟར། བོད་སྐད་ལ་སྡེབ་སྦྱོར་མི་འོང་ཡང༌། མེ་ལོང་མའི་ལེའུ་དང་པོར་བཤད་པ་བཞིན་ཚིགས་བཅད་འབའ་ཞིག་པ་དང༌། ལྷུག་རྐྱང་དང༌། དེ་གཉིས་སྤེལ་བའི་ཙམྦུ་གང་འབྱོར་ཡང༌། དཎྡྲིས། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་ཉམས་གཅོད་མཚམས་ཉམས་པ་དང༌། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་འགལ། །ལུང་རིག་དག་དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་ངག་མཁན་གྱིས་སྤང་བར་བྱ། །ཞེས་གསུངས་པའི་སྐྱོན་བཅུ་དང་གྲོང་ཚིག་ཡང་ཤིན་ཏུ་སྤང་དགོས་ལ། འདིའི་གྲོང་ཚིག་ལ་ནི་མེ་ལོང་ལས། བ་ལང་རྫི་ལ་སོགས་པའི་ཚིག །སྙན་ངག་ལ་ཟུར་ཆག་ཅེས་གནས། །ཞེས་དང༌། སྨྲ་བ་རྣམ་ངེས་རབ་དགའི་འཇུག་པ་ལས། རྒྱ་ཆེན་གཞུང་ལུགས་དགོངས་དོན་འགྲེལ་བ་ཡིས། །ཡི་གེའི་རྩོམ་པ་མང་དུ་སྦྱར་ན་ཡང༌། །གྲོང་ཚིག་བླུན་པོའི་ཐ་སྙད་ཁྱུ་འཁྲིགས་པས། །འཇིག་རྟེན་ལོང་གཏམ་བྲིས་པའི་རྣམ་པ་མཚོན། །སྡེབ་ལེགས་ཚིག་སྦྱོར་སྙན་ངག་ལུས་མཛེས་ལ། །རྒྱན་མང་མདངས་ཀྱིས་རྣམ་པར་བཀྲ་ན་ཡང༌། །གྲོང་ཚིག་གཅིག་གིས་སྙན་ངག་སྐལ་ངན་བྱེད། །རྒྱན་མང་ན་ཆུང་སྣ་བཅད་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་བོད་འདིར་སྔར་གྱི་བཀས་བཅད་དང་མི་མཐུན་པའི་ཡུལ་སྐད་བྲིས་ནས་ཚིག་སྡུད་སོགས་བྱེད་ཁུལ་བྱས་ཀྱང་ཡ་སོ་ཅན་གྱི་བ་ལང་གི་མཚོན་བྱེད་ཡང་དག་ཏུ་འགྲོ་བས་མཁས་འདོད་རྣམས་ཀྱིས་སྤང་བར་རིགས་ལ། ལྷུག་པར་ཚིག་སྦྱོར་བྱེད་ཚུལ་གྱི་དཔེ་ནི། རྒྱལ་བའི་གསུང་རབ་པདྨོའི་འཕྲེང་བ་མགུལ་བར་བཅིང་པའི་སྙན་ངག་མཁན་གྱི་དབང་པོ་མཁས་གྲུབ་ཐམས་ཅད་མཁྱེན་པ་རང་ཉིད་ཀྱི་རྟོགས་བརྗོད་ལས། ནགས་ཀྱི་སྨན་ལྗོངས་མེ་ཏོག་རབ་ཏུ་རྒྱས་པའི་ཀུན་དགའ་སྐྱེད་པའི་འཇོ་སྒེག་ཅན། སྦྲང་རྩིའི་དོག་པ་ལག་པ་དག་ལ་རྣམ་པར་འགོད་ཅིང་དྲི་ཟའི་རྒྱུད་མང་ཧ་ཅང་སྒྲ་གྲག་པ་མ་ཡིན་པར་སྦྲེངས་པ་དང་མཚུངས་པའི་གླུ་དབྱངས་སྙན་པས་རྣ་བའི་བཅུད་ལེན་སྤྲོ་བར་བྱེད་པའི་བུང་བའི་ཚོགས་ཀྱི་རོལ་རྩེད་དང་འགྲོགས་པས་རབ་ཏུ་བརྒྱན་པ། རབ་ཏུ་ལྗང་ཞིང་ཅུང་ཟད་སེར་བའི་ཡལ་འདབ་ཅན་གྱི་ལྗོན་པ་དག་ནི་མགོ་བོ་དུད་དེ། འབྲས་བུ་སྨིན་པའི་དགའ་སྟོན་ནགས་ཀྱི་དཀའ་ཐུབ་པ་དག་ལ་སྟེར་བར་བརྩོན་ཞིང༌། མཇུག་སྒྲོ་རབ་ཏུ་རྒྱས་པའི་རྨ་བྱ་གར་གྱིས་རོལ་ཞིང་རྩེད་འཇོ་ལ་མཆོག་ཏུ་གཞོལ་བ། མུ་ཏིག་གི་དོག་པས་ནོར་བུ་ཆུ་ཤེལ་བཞུས་པའི་ཁུ་བ་འབབ་པ་དང་འགྲན་པར་ནུས་པའི་ཆུ་རབ་ཏུ་དྭངས་པ་དལ་བུས་འབབ་པ། ནགས་ཚལ་མཆོག་ཏུ་སྟུག་པོས་འདུ་འཛིའི་ཆོམ་རྐུན་ལ་སྒྲིབ་པའི་དཀའ་ཐུབ་བླངས་པ་ལྟ་བུའི་བས་མཐའ་དག་ཏུ་འཁྲི་ཤིང་རྒྱས་པའི་གྲིབ་བསིལ་ལ་འཇམ་ཞིང་སྲེད་པ་འགོག་པ་དང་རྗེས་སུ་མཐུན་པའི་རྩྭའི་གདན་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། དྲན་པ་ཉེ་བར་བཞག་ནས་ཚུལ་བཞིན་ཡིད་ལ་བྱས་པས། བསམ་གཏན་གྱིས་རབ་ཏུ་མྱོས་པའི་མིག་གི་ཕྱེད་ཡེངས་སུ་ཟུམ་ཞིང༌། འཕགས་པའི་མི་སྨྲ་བ་ལ་གནས་པའི་མཆུ་སྒྲོས་དག་ནི་གཡོ་བ་མེད་པས་རི་མོར་བྲིས་པ་དག་ཏུ་དོགས་པ་སྐྱེད་པར་བྱེད་ལ། ཡིད་ནི་ཏིང་ངེ་འཛིན་གྱི་ལང་ཚོ་ཡོངས་སུ་རྒྱས་པས། ཞེས་སོགས་ལྟ་བུ་གཅིག་དགོས་ཤིང༌། དེ་ལ་ཡང་འཆི་མེད་མཛོད་ལས། སྒེག་པ་དཔའ་བོ་སྙིང་རྗེ་དང༌། །རྔམ་དང་རྒོད་དང་འཇིགས་སུ་རུང༌། །མི་སྡུག་དྲག་ཤུལ་ཉམས་རྣམས་སོ། །ཞེས་གསུངས་པ་ལྟར་ཉམས་བརྒྱད་དམ། བླ་མེད་སོགས་ནས་བཤད་པའི་ཉམས་དགུ་སོགས་གང་རུང་ལས་བརྩམས་པ་ན། སྒེག་པའི་ཉམས་ཀྱི་སྐབས་མི་སྡུག་པ་ལྟ་བུའི་ཉམས་ཐོན་བྱུང་ན་སྐྱོན་དུ་འགྱུར་བས་ཉམས་གང་ལའང་སྐབས་དེར་ཚིག་དོན་གང་ཡིན་གྱི་ཉམས་དེ་དང་མཐུན་པ་གཅིག་སྦྱར་དགོས་ཤིང༌། ཁྲོ་ཉམས་ཀྱི་སྐབས་ཚིག་ཡང་བརྗོད་དཀའ་ལ་དོན་ཡང་ཁྲོ་བའི་རོ་ལྡན་སྦྱར་ལ་ཞི་ཚིག་གམ་ཞི་ཉམས་བྱུང་ན་སྐྱོན་དང༌། ཞི་བའི་སྐབས་ཚིག་འཇམ་དོན་ཞི་དང་སྦྱར་ལ་ཚིག་རྩུབ་དང་ཁྲོ་ཉམས་སྐྱོན་ཡིན་ཚུལ་སོགས་ཤེས་པར་བྱ་ལ། ཡུལ་མཐོ་དམན་གང་ལ་འབུལ་ཀྱང་ཁེངས་པ་དང་ང་རྒྱལ་དང་དྲེགས་པ་བྱེད་པ་མི་རུང་སྟེ། རྟོགས་བརྗོད་རིན་པོ་ཆེ་ལས། བག་མེད་རྒུད་པའི་ཕོ་ཉ་ནི། །ཆེ་རྣམས་ཀྱིས་ཀྱང་བཟོད་པར་དཀའ། །རིགས་ནི་ཉམས་པ་ཉིད་ཀྱི་སླད། །སྡིགས་པས་འཁྲུག་པའི་བློ་གྲོས་སོ། །ཞེས་དང༌། མ་གོམས་པ་ཡིས་རིག་པ་འཇོམས། །རྒྱགས་པ་རྒྱས་པས་དཔལ་འབྱོར་འཇོམས། །རྣམ་སྡང་གིས་ནི་ལེགས་ཉིད་འཇོམས། །ཆགས་པས་ཡང་དག་མཐོང་བ་འཇོམས། །ཀྱེ་མ་ཀ་ཡེ་དར་རྒྱས་ཆེ། །ཆེ་ཞིང་མཐོ་བའི་རྩེར་འཛེག་པ། །འབྱོར་བས་རྒྱགས་པ་སྐྱེས་པ་རྣམས། །འཕྲལ་ཉིད་དུ་ནི་འོག་ཏུ་ལྟུང༌། །ཞེས་དང༌། གྲོ་བཞིན་བྱེ་བ་ཉི་ཤུའི་རྟོགས་བརྗོད་ལས། འཕྱར་བ་སུ་ཡི་སྡང་བྱ་མིན། །རབ་རྒྱུད་སུ་ཡི་སྙིང་སྡུག་མིན། །ལྗོན་པ་རེངས་པ་རླུང་གིས་སྒྱེལ། །རབ་ཏུ་དུད་པ་སྲུང་བར་བྱེད། །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། ལྷ་ཡི་ཕུན་སུམ་ཚོགས་པས་ཀྱང༌། །ཁེངས་པ་ཉིད་དུ་མི་བགྱི་ཞིང༌། །ཡི་དྭགས་བཞིན་དུ་དབུལ་བ་ཡིས། །རྒུད་པས་ཀྱང་ནི་ཞུམ་མི་བགྱི། །ཞེས་དང༌། རང་གི་ཡོན་ཏན་མི་བསྔགས་ཤིང༌། །དགྲ་ལ་ཡོན་ཏན་བརྗོད་པར་མཛོད། །ཅེས་དང༌། ལམ་རིམ་སོགས་ལས་གཞན་ལ་གུས་པ་རིགས་མཐོའི་རྒྱུར་བཤད་པ་སོགས་ཤིན་ཏུ་མང་ཞིང༌། ཁྱད་པར་དུ་འཕགས་པ་དྲི་མ་མེད་པར་གྲགས་པས་ཞུས་པ་ལས། འཇིག་རྟེན་ཡ་མཚན་ཇི་སྙེད་པ། །དེ་དག་ཀུན་ཏུ་རབ་བྱུང་ནས། །ལྟ་བ་ཐ་དད་གྱུར་པ་ཡིས། །སེམས་ཅན་རྣམས་ནི་ཡོངས་སུ་གྲོལ། །ཟླ་བའམ་ཉི་མར་དེར་འགྱུར་ཏེ། །བརྒྱ་བྱིན་ཚངས་པ་སྐྱེ་དགུ་དབང༌། །ཆུ་དང་གསེར་ཡང་རབ་འགྱུར་ཏེ། །ས་དང་རླུང་ཡང་དེ་བཞིན་ནོ། །ཞེས་དང༌། གཞན་ཡང༌། དེ་དག་སྙན་ངག་མཁན་རྒྱལ་སྙན་ངག་སྦྱོར། །གར་མཁན་རྔ་མཁན་བྱེད་དང་རོལ་མོ་མཁན། །བཞག་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང༌། །སྒྱུ་མ་མཁན་པོ་ཟླ་མང་ཀུན་ཏུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོ་བསྒྱུར་བར་འགྱུར། །ཞེས་སོགས་གསུངས་པ་ལྟར། ཡུལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་དུ་སེམས་ཡོད་མེད་སྐྱེ་དགུ་སྣ་ཚོགས་སུ་སྐྱེ་བ་འཛིན་པས། དེ་དག་ལ་ཕན་གནོད་ཕྲ་མོ་རེ་བྱས་པས་ཀྱང་སྐྱེ་བ་དུ་མར་རྣམ་སྨིན་མྱོང་བར་ལུང་དང་དེའི་དགོངས་འགྲེལ་རྣམས་ནས་འབྱུང་བ་ལྟར་ཡིན་པས། འདི་དག་ལ་བག་ཡོད་ཤིན་ཏུ་དགོས། དེ་ཡང་ཆོས་བྱེད་མཁན་ཁོ་ན་ལ་མིན། ཆོས་མི་བྱེད་པ་དག་གིས་ཀྱང་དགོས་པ་ནི་སྐྱེ་བ་རྗེས་མ་ལེན་ངེས་ཤིང་བདེ་བ་འདོད་པས་སོ། །འོན་ཀྱང་ཚེ་ཕྱི་མ་ཡལ་བར་འདོར་རོ་སྙམ་ན་ལོ་དང་ཟླ་བ་རྗེས་མའི་བཟའ་བཏུང་སོགས་ཀྱིས་ཅི་བྱ། དེ་དུས་བདེ་བར་འདོད་དོ་སྙམ་ན་སྐྱེ་བ་རྗེས་མར་ཡང༌ཅིའི་ཕྱིར་མི་འདོད། མདོ་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་ལ་གང་འོང་གཏོལ་མེད་པས། །སང་གི་ཚིག་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་པ་ལྟར་མཐའ་གཅིག་ཏུ་ཚེ་ཕྱི་མ་དང་བར་དུ་རིང་པོས་ཆོད་པའི་ངེས་པ་མི་སྣང་ལ། དེ་ཡང་དཔལ་ལྡན་ཀླུས། ཕན་པར་སྨྲ་བ་དཀོན་པ་སྟེ། །ཉན་པར་བྱེད་པ་ཤིན་ཏུ་དཀོན། །དེ་དག་བས་ཀྱང་མི་སྙན་ཡང༌། །ཕན་པའི་རྗེས་སུ་བྱེད་པ་དཀོན། །ཞེས་གསུངས་པ་ལྟར་འཇིག་རྟེན་པས་ཕན་པར་བསམ་ནས་སྨྲས་ཚད་ཕན་པར་མི་འགྲོ་ཞིང་ཆོས་མཐུན་གྱི་ཕན་ངེས་སྨྲ་བ་ཤིན་ཏུ་དཀོན་ལ་སྨྲས་ཀྱང་སྙིང་ལ་འགྲོ་བར་དཀའ་ཡང༌། སྙིང་ལ་འགྲོ་མི་འགྲོ་ལ་མ་ལྟོས་ཀྱི་ཆོས་བཞིན་བྱེད་དགོས་པ་ནི་ནད་ཀྱི་གཉེན་པོ་སྨན་དེ་ཅི་འདྲ་ཡིན་ཀྱང༌། སྤྱད་དགོས་པ་ལྟར་ཐ་ནའང་དེ་ལྟར་བྱེད་རྒྱུ་བྱུང་ནའང་སྙམ་པའི་དད་པ་དང་སྨོན་ལམ་ཙམ་བྱས་ཀྱང་དོན་ཆེན་པོར་འགྱུར་རོ། །འདི་མཚོན་ཙམ་སྟེ་རྒྱས་པར་གཞན་དུ་གསལ། །རྟོགས་བརྗོད་ཀྱི་ལུང་མང་དུ་དྲངས་པ་ནི། རྟོགས་བརྗོད་འདིའི་ཚིག་སྦྱོར་གྱི་གནད་གཅིག་རྟོགས་ན་སྙན་ངག་མཁན་གྱི་དབང་པོར་འགྱུར་ངེས་པས། བློ་གསལ་བ་དག་གིས་ཐུགས་ལ་འཆང་རྒྱུར་ཤེས་པའི་ཆེད་དང༌། ཚིག་སྦྱོར་གྱི་ཉམས་ལ་སྐྱོན་ཡོན་འབྱུང་ཚུལ་མ་ཤེས་པར། དཔེར་བརྗོད་མང་བ་ནི་བྱིས་པ་འབྲིད་པའི་ངང་ཚུལ་དུ་སྣང་ལ། འདིར་དཔྱོད་ལྡན་དག་ལ་དཀའ་གནས་འགའ་ཞིག་འཕྲོས་དོན་དུ་མདོར་བསྡུས་ནས་བཤད་པ་ཙམ་བྱས་ཤིང་ཧ་ཅང་མ་སྤྲོས་ལ། དེ་ཡང་རིན་ཆེན་འཕྲེང་བ་ལས། དམ་པའི་ཆོས་ཀྱི་སྣོད་ལ་ནི། །ཆོས་འགྲུབ་འགྱུར་ཏེ། ཞེས་གསུངས་པ་ལྟར་མངོན་མཐོ་ཐོབ་ན་ངེས་ལེགས་འགྲུབ་པར་འགྱུར་བས། རིན་ཆེན་ཕྲེང་བ་ལས། གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོང༌། །ཞེས་གསུངས་ཤིང་དེ་གཉིས་ཀྱི་རྒྱུ་ཡང༌། རིན་ཆེན་འཕྲེང་བ་ལས། དེ་ཡི་བསྒྲུབ་པ་མདོར་བསྡུ་ན། །མདོར་ན་དད་དང་ཤེས་རབ་པོ། །ཞེས་མངོན་མཐོའི་རྒྱུ་དད་པ་དང༌། ངེས་ལེགས་ཀྱི་རྒྱུ་ཤེས་རབ་དགོས་ཤིང༌། བླུན་པོ་མཁས་རློམ་པས་ཁོ་བོ་ཆོས་ཀྱི་རྗེས་འབྲང་ཡིན་པས་ལྷ་བླ་མ་སོགས་ལ་དད་པ་མི་བྱེད་པར་ཤེས་རབ་ཁོ་ནས་འགྲོ་སྙམ་ན། དེ་ཉིད་ལས། འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་ཤེས་རབ་གཙོ་བོ་ཡིན་ཀྱང༌། དད་པ་སྔོན་དུ་འགྲོ་དགོས་པར་གསུངས་པ་ནི། མདོ་ལས། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །ཞེས་སོགས་དང༌། ཡང་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ཞེས་གསུངས་པ་སོགས་ཀྱི་དགོངས་པ་ཡིན་ལ། དེར་མ་ཟད་མཛོད་ལས། དད་པ་བག་ཡོད་ཤིན་ཏུ་སྦྱངས། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང༌། །ཞེས་དད་པ་དགེ་སེམས་མཐའ་དག་གི་འཁོར་དུ་འགྲོ་ཚུལ་དང༌། དད་པའི་སྟོབས་མཐར་ཐུག་པ་སངས་རྒྱས་ཀྱི་ས་ན་ཡོད་པས་དང་པོར་དང་པའི་དད་པ། མངོན་པར་འདོད་པའི་དད་པ། ཡིད་ཆེས་པའི་དད་པ་གསུམ་ཅི་རིགས་སྔོན་དུ་བཏང་སྟེ། དེ་དག་ལ་གནས་ནས་ཀུན་རྫོབ་ཤེས་པའི་ཤེས་རབ། དོན་དམ་ཤེས་པའི་ཤེས་རབ། གནས་ལྔ་ཤེས་པའི་ཤེས་རབ་སོགས་ཡེ་ཤེས་ཀྱི་ཚོགས། བྱམས་སྙིང་རྗེ་སོགས་བསོད་ནམས་ཀྱི་ཚོགས་བསགས་པ་ལས་གནས་སྐབས་ལྷ་མའི་མངོན་མཐོ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་སོགས་གང་བསམ་པ་རྣམས་འགྲུབ་པར་འགྱུར་ཏེ། རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །
སྨྲས་པ།
མཁས་རློམ་དྲེགས་པའི་སོ་ལྡན་སྟོང་གི་སྙིང༌། །དཔྱད་པའི་ང་རོ་གཅིག་གིས་ལྐོག་མའི་བར། །འབྲོས་བྱེད་གསུང་རབ་ནགས་ཀྱི་བདག་པོ་གང༌། །མཁས་རྣམས་ཡང་རྩེ་གངས་རིར་འགྱིང་དེར་འདུད། །ཟླ་བའི་མ་མར་གྱེན་འཐོན་རི་བོ་དང༌། །དབང་ཕྱོགས་ས་འཛིན་ཕྲག་ལས་འོད་ནོར་བཞིན། །དབྱངས་ཅན་བྱེ་བའི་རོལ་མཚོ་འདིའི་མགུར་ལས། །གསར་བཤད་མེ་ཏོག་འཕྲེང་བའི་གྲངས་འཛིན་སུ། །ལ་ལས་གྲོང་ཚིག་སོལ་བའི་ཕུང་པོ་སྤུངས། །ངེས་མེད་གཞན་ལ་ཆུ་ཤིང་ཁ་ཅིག་པའོ། །འགའ་ཞིག་གསར་བཤད་ཟླ་བས་ར་རི་འཛིན། །བློ་ཆུང་མོས་མནོ་རྐང་ཊས་སྐུའང་གཞན། །གང་སྨྲས་བཅད་བརྡར་བསྲེགས་པའི་བུམ་བརྒྱར་སྐྱེས། །མཁས་གཞན་ཉི་ཟླས་ཕྱེད་མིན་སིནྔྷུ་ཝར། །ཕྲ་མཛངས་བློ་གྲོས་རྐེད་མེད་འགྲམ་ཆང་གིས། །རེག་པས་འདབ་བརྒྱ་རྣམ་སད་འགའ་རྣ་རྒྱན། །ཚིག་སྦྱོར་སྒྱུ་མའི་ན་ཆུང་འཇོ་སྒེག་བཞིན། །ཁེངས་དང་ཆགས་སེམས་དྲི་མ་ལྡན་པའི་སྙིང༌། །རྨོངས་པའི་བྲང་འགྲོ་མཁྱེན་རབ་མཁའ་ལྡིང་གིས། །ཟོས་པའི་མེས་སྦྱངས་ཙིནྟ་མ་ཎིར་སེམས། །ཕྱོགས་འཛིན་འཁྱོག་པོར་གཏི་མུག་ཁུང་བུ་རུ། །གདུག་པའི་རི་མོ་གྱ་གྱུ་མི་བཀྲ་བར། །སྔོན་བསགས་རྭ་བས་མཐོ་བའི་བསླབ་གསུམ་གྱིས། །སུམ་རྩེན་ས་གཞིར་ཐུབ་བསྟན་ཚོན་རྒྱས་བཀྲ། །ལྷག་བསམ་ཟླ་བ་གྲགས་པའི་བདུད་རྩིའི་ཚོགས། །དུས་གསུམ་ཚོགས་གཉིས་མཁས་དང་མཉམ་འདྲེས་དགོས། །དོན་གཉིས་རྫོགས་པའི་སྣང་བ་རྒྱས་དང་ལྡན། །ཐུབ་བསྟན་རྒྱ་མཚོ་བཤད་སྒྲུབ་རླབས་རྒྱས་ཤོག །ལེགས་སྨོན་མངའ་ཐང་སྲིད་ཞིའི་རྩེ་ལས་བརྒལ། །སྣ་ཚོགས་ཐབས་རྒྱན་འཕྲིན་ལས་གོས་ཀྱིས་སྤུད། །ཕན་བདེའི་གྲིབ་མར་འགྲོ་རྣམས་ངལ་གསོ་བའི། །བློ་བཟང་ལུགས་མཆོག་ཡོངས་སུ་དར་དྲག་ཤོག །དགའ་བའི་མཆོག་གྱུར་རྫོགས་ལྡན་དཔལ་འབྱོར་ཀུན། །ལེགས་འབྱུང་སྒོ་བརྒྱ་གདེངས་པའི་ཕོ་བྲང་ཆེར། །ཆོས་དང་སྲིད་ཀྱི་བ་གམ་ཆེས་མཐོ་བ། །དུས་ཀུན་འོག་མིན་ལྟར་བརྟན་གཡོ་མེད་ཤོག །ཅེས་འཕྲིན་ཡིག་གི་རྣམ་པར་བཞག་པ་བློ་གསལ་རྣ་རྒྱན་སིནྔྷིུ་ཝ་རའི་འཕྲེང་མཛེས་ཞེས་བྱ་བ་འདི་ཡང༌། གནམ་གྱི་ལྷ་དཀར་པོའི་རིགས་ལས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ། ཆ་གར་ཨལ་ཐན་རྒྱལ་པོ་སོགས་ཀྱི་རིགས་སུ་སོན་པ། མཐོ་རིས་ཀྱི་ཡོན་ཏན་བདུན་གྱིས་སྤྲས་ཤིང༌། དཀོན་མཆོག་གསུམ་པོ་གཙུག་གི་ཅོད་པན་དུ་འཛིན་པའི་ལྷ་བཙུན་པ་རྒྱལ་མཚན་ཅན་གྱིས་འདི་ལྟ་བུ་ཞིག་གྱིས་ཞེས་བཀའ་སྩལ་པ་དང་དུ་བླངས་ཏེ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ཡབ་སྲས་དང༌། སྲེ་རྒྱུད་ཆེན་རྡོ་རྗེ་འཆང་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་ནོད་པའི་བཀའ་དྲིན་གྱིས་རྒྱལ་བའི་གསུང་རབ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པ་མང་དུ་ཐོས་པའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེ་བྲིས་པ་འདིས་ཀྱང་སྐྱེ་དགུ་ཐམས་ཅད་དགེ་ལེགས་མཆོག་ལ་སྤྱོད་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ། དགེའོ།།

གཅོད་ཀྱི་གདམས་པ་ཉམས་སུ་ལེན་ཚུལ།

གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཚུལ་བཞུགས་སོ། །
ན་མོ་དེ་བ་ཌཱ་ཀི་ནི་ཡེ། གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པར་འདོད་པས་སྐྱབས་ཡུལ་གསལ་འདེབས་ནི། ཕཊཿ མདུན་གྱི་ནམ་མཁར་སེང་ཁྲིའི་པད་ཟླའི་སྟེང༌། །བླ་མ་ཡུམ་ཆེན་ལབ་སྒྲོན་དབྱེར་མེད་ལ། །རྩ་བརྒྱུད་བླ་མ་མཆོག་གསུམ་ཡི་དམ་དང༌། །མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱིས་བསྐོར་ནས་བཞུགས། །ཕཊ་ བདག་སོགས་འགྲོ་རྣམས་བྱང་ཆུབ་སྙིང་པོའི་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་འཆི། །འགྲོ་ཀུན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ། །རྫོགས་པའི་སངས་རྒྱས་ས་ལ་འགོད་པར་བྱ། །ལན་གསུམ་བརྗོད། ཕཊ་ རང་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང༌། །རྩ་བའི་བླ་མ་ལབ་སྒྲོན་དབྱེར་མེད་ལ། །རྣམ་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་ཁྲོ་འཛུམ་ཕྱག་གཡས་གྲི་གུག་འཕྱར། །གཡོན་པ་ཐོད་ཁྲག་ཁ་ཊཱཾ་མཆན་ཁུང་བརྟེན། །གཅེར་མོ་སྐྲ་ཀྲོལ་ཐོད་སྐམ་དབུ་རྒྱན་དང༌། །ཐོད་རློན་དོ་ཤལ་རུས་བརྒྱན་གཡས་བརྐྱངས་བཞུགས། །ཕཊ་ སྟོན་པ་སངས་རྒྱས་རྗེ་བཙུན་འཇམ་དབྱངས་དང༌། །ཨརྻ་དཱེ་བ་ཕ་ཅིག་དམ་པ་སོགས། །ཕ་རྒྱུད་ཐབས་ཀྱི་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡུམ་ཆེན་ཤེར་ཕྱིན་རྗེ་བཙུན་སྒྲོལ་མ་དང༌། །སུ་ཁ་སིདྡྷི་མ་ཅིག་ལབ་སྒྲོན་སོགས། །མ་རྒྱུད་ཤེས་རབ་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྗེ་བཙུན་འཇམ་དབྱངས་དཔའ་བོ་རྡོ་རྗེ་དང༌། །བློ་བཟང་གྲགས་པ་འཇམ་དཔལ་རྒྱ་མཚོ་སོགས། །ཉེ་བརྒྱུད་བྱིན་རླབས་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ྾། །སྐྱབས་གནས་ཀུན་འདུས་རྡོ་རྗེ་རྣལ་འབྱོར་དང༌། །ཡུམ་ཆེན་ལབ་སྒྲོན་ཉིད་ལ་གསོལ་བ་འདེབས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཚེ་འདི་བློ་ཡི་ཐོངས་པར྾། །བདག་འཛིན་རྩད་ནས་ཆོད་པར་྾། །ཉམས་དང་རྟོགས་པ་འཆར་བར༌྾། །དེ་ལྟར་གསོལ་བ་བཏབ་པས་རྗེ་བཙུན་མའི། །སྐུ་ལས་བདུད་རྩིའི་རྒྱུན་བབས་རང་ཉིད་ཀྱི། །སྤྱི་གཙུག་ནས་ཞུགས་ལུས་གང་སྒྲིབ་ཀུན་དག །ཤེལ་སྒོང་ལྟར་དཀར་དབུ་མ་འདའ་སྙུག་ཙམ། །ཡར་སྣ་ཚངས་བུག་མར་སྣ་ལྟེ་འོག་ཏུ། །སོར་བཞིའི་ཚད་དུ་རང་སེམས་བྱ་སྒོང་ཙམ། །དཀར་འཚེར་འོད་ཀྱི་ཕུང་པོ་འཕར་ལ་ཁད། །བླ་མའི་ཐུགས་ཀར་འཕོ་སྙམ་འདུན་པ་བཟུང༌། །ཕཊ་ ཕཊ་ ཕཊ་ ཕཊ། དྲག་ཏུ་བརྗོད་པས་སྤྱི་བོར་རྒྱངས་ཏེ་ཐོན། །རྗེ་བཙུན་རྣལ་འབྱོར་མ་ཡི་ཐུགས་ཀར་ཐིམ། །རང་ལུས་རྙིང་པ་ཤིང་སྡོང་བཅད་པ་བཞིན། །ལངས་ཏེ་འགྱེལ་བས་སྟོང་གསུམ་ཁྱོན་གང་བའི། །རང་སེམས་མཁའ་འགྲོ་དམར་མོའི་གྲི་གུག་གིས། །སུམ་ཕྲག་ནས་བཟུང་རྐང་ལག་རྩེ་བར་གཤག །ཤ་ཁྲག་དམར་ཉིལ་སོང་བའི་དྭངས་མ་རྣམས། །འདོད་ཡོན་ལྔ་ལྡན་བདུད་རྩིའི་རྒྱ་མཚོར་གྱུར། །ཕཊ་རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་ལྷ། །དཔའ་བོ་དཔའ་མོ་ཆོས་སྐྱོང་སྲུང་མའི་ཚོགས། །དཀོན་མཆོག་སྲིད་ཞུའི་མགྲོན་ལ་མཆོད་པ་འབུལ། །མགོན་པོ་ཡོན་ཏན་མགྲོན་ལ་གཏང་རག་གཏོང༌། །རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པ་གཏོང༌། །གནོད་བྱེད་ལན་ཆགས་མགྲོན་ལ་བུ་ལོན་འཇལ། །གནོད་པའི་སེམས་ཞི་ཕན་པའི་སེམས་ལྡན་ཤོག །ཕཊ་ཕཊ། རྩིགས་མ་ཤ་དང་རུས་པའི་རི་རབ་དང༌། །ཁྲག་ཆེན་རྒྱ་མཚོར་གྱུར་པས་སྟོང་གསུམ་གང༌། །རང་སེམས་མཁའ་འགྲོ་ཕྱག་གཉིས་གྲི་གུག་དང༌། །ཐོད་ཁྲག་འཛིན་པས་ཕྱོགས་བཅུར་འབོད་རྒྱངས་སྒྲོགས། །ཕཊ་ཕཊ། མཐོ་བ་སྲིད་པའི་རྩེ་མོ་མན་ཆད་དང༌། །དམའ་བ་ན་རག་དམྱལ་བ་ཡན་ཆད་ན། །གནས་པའི་སྣང་སྲིད་ལྷ་འདྲེ་ཆེ་དགུ་དང༌། །གཉན་དགུ་དྲེགས་དགུ་ཐམས་ཅད་འདིར་ཚོགས་ཤིག །ཕཊ་ལྷ་ཀླུ་བཙན་བདུད་མ་མོ་གཤིན་རྗེ་དང༌། །རྒྱལ་པོ་བསེན་མོ་དམ་སྲི་རྦད་འདྲེའི་རིགས། །གནོད་འཚེའི་སེམས་ལྡན་ཡོད་དོ་ཅོག་རྣམས་ཀུན། །མྱུར་དུ་འདིར་འཚོགས་འདིར་འདུས་འདིར་བྱོན་ཅིག །ཕཊ་སྒྱུ་མའི་ལུས་འདི་སྤྱིར་གྱིས་འགྲོ་དྲུག་དང༌། །ཡང་དགོས་ཕ་མ་རྩ་བའི་བླ་མ་ཡི། །སྐུ་ཡི་གླུད་དུ་འབུལ་ལོ་གནོད་བྱེད་ཀུན། །ཤ་ལ་དགའ་བ་རྣམས་ཀྱིས་ཤ་ཟོ་ཞིག །ཁྲག་ལ་དགའ་བ་རྣམས་ཀྱིས་ཁྲག་འཐུང་ཞིག །རུས་པ་ལ་དགའ་ལྷ་འདྲེས་རུས་པ་མུར། །དོན་སྙིང་ནང་རོལ་རྩ་རྒྱུས་ཀླད་པ་སོགས། །མ་ལུས་ལུས་པ་མེད་པར་ཟོ་ཞིག་འཐུང༌། །ཁྱེར་ཞིག་རོལ་ཅིག་སྣོམས་ཤིག་དགྱེས་པར་མཛོད། །ཕཊ་ཕཊ། པགས་པ་དུམ་བུར་གཏུབས་པ་འཇིག་རྟེན་དང༌། །འཇིག་རྟེན་ལས་འདས་མཁོ་དགུའི་ཡོ་བྱད་དུ། །གྱུར་པ་སྣང་སྲིད་ལྷ་འདྲེ་སོ་སོ་རུ། །གངས་དཀར་རྩེ་དང་རི་རབ་ནམ་མཁའི་མཐོང༌། །རྒྱ་མཚོའི་གཏིང་དང་གླིང་དང་གླིང་ཕྲན་བརྒྱད། །རང་རང་གནས་སུ་བྱ་བརྒྱ་འུར་གཅིག་གིས། །བདས་པ་བཞིན་དུ་རང་གནས་སོང་བར་གྱུར། །ཕཊ་ཕཊ། སྦྱིན་བྱ་སྦྱིན་ཡུལ་སྦྱིན་པ་གཏོང་མཁན་རྣམས། །མིང་བརྡས་བཞག་ཙམ་མ་གཏོགས་ཡུལ་སྟེང་ནས། །གྲུབ་པ་མེད་ཕྱིར་འཁོར་འདས་ཆོས་རྣམས་ཀུན། །གང་སྣང་རྨི་ལམ་ཡུལ་གྱི་སྐྱེས་བུ་བཞིན། བར་འདིར་ཤེར་སྙིང་འདོན་དོན་ལ་མཉམ་པར་བཞག ། དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ཤ་འཁོན་སྡིག་སྒྲིབ་དག་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱིས་རྒྱས་འདེབས་པར་བྱའོ། །ཅེས་པ་འདི་ནི་ཤཱཀྱའི་དགེ་སློང་ྋའཇམ་དབྱངས་བཞད་པའི་རྡོ་རྗེས་བཀྲ་ཤིས་འཁྱིལ་ནས་སྦྱར་བའོ།། །།ཤུབྷཾ།།

རབ་གནས་ཀྱི་ཆོ་ག་དགེ་ལེགས་གཏེར་ཆེན།

རབ་གནས་ཀྱི་ཆོ་ག་བཀླགས་པའི་དོན་གྲུབ་དགེ་ལེགས་ཀྱི་གཏེར་ཆེན་བཀྲ་ཤིས་རབ་རྒྱས་བཞུགས་སོ། །
བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པའི་ཚུལ་བཤད་པ་ལ། རབ་གནས་བྱེད་དགོས་མི་དགོས་ཀྱི་ཁྱད་པར། །རབ་གནས་ཀྱི་ཆོ་ག་དག་མ་དག་གི་སྐྱོན་ཡོན། རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་གྱི་མཚན་ཉིད། རབ་ཏུ་གནས་པར་བྱེད་པའི་གནས་དང་དུས། རབ་ཏུ་གནས་པར་བྱ་བའི་རྟེན་གྱི་ཁྱད་པར། རབ་གནས་ཀྱི་དོན་དང་སྒྲ་བཤད་པ། རབ་གནས་ལྷ་གང་གི་སྒོ་ནས་བྱེད་པ། རབ་གནས་ཀྱི་ཆོ་གའི་ཁྱད་པར་དང་བཅུ་ལས། དང་པོ་ནི། སྤྱིར་སྐུ་གསུང་ཐུགས་ཀྱི་རྟེན་གྲུབ་ཙམ་ཉིད་ནས་རབ་གནས་མ་བྱས་ཀྱང༌། ཕྱག་མཆོད་ཀྱི་ཡུལ་དུ་འོས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་ལྟར་བདེར་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཇི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་དང༌། དེ་བཞིན་དུ་མདོ་ཕྱོགས་སུ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། ཕྱག་མཆོད་སོགས་བྱས་པས་ཕན་ཡོན་མཐའ་ཡས་པ་ཐོབ་པར་བཤད་ཀྱི། རབ་གནས་བྱ་དགོས་པར་མ་གསུངས་པས། རབ་གནས་མ་བྱས་པར་དུ་རྟེན་དེ་དག་ལ་ཕྱག་མཆོད་མི་འོས་པའི་དོགས་པ་ཙམ་ཡང་ག་ལ་དགོས། དེ་ལྟ་ན་ཡང་རྒྱུད་སྡེ་ལས། སྦྱིན་བདག་གི་བསོད་ནམས་མཐའ་ཡས་པ་སྤེལ་བ། རྟེན་དེ་ཡུལ་གང་དུ་གནས་པ་དེར་བཀྲ་ཤིས་པ་སོགས་ཀྱི་ཆེད་དུ་རབ་གནས་གསུངས་པ་ལྟར། དགོས་པ་དེ་དག་གི་ཆེད་དུ་རབ་གནས་དགོས་ཏེ། རབ་གནས་ཀྱི་རྒྱུད་ལས། སྐྱེ་བོ་རབ་ཏུ་དང་པ་ཡིས། །བརྗོད་པའི་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཞེས་དང༌། སྡོམ་འབྱུང་ལས་ཀྱང༌། ཇི་ལྟར་རབ་ཏུ་མི་གནས་ལྷ། །རབ་ཏུ་གནས་པར་བྱ་བར་ནུས། །སློབ་མ་དད་པས་གསོལ་འདེབས་པའི། །བསོད་ནམས་ཕྱིར་ནི་བྱ་བ་ཡིན། །ཞེས་གསུངས་པ་ལྟར་ཤེས་བྱེད་ཤིན་ཏུ་མང་ངོ༌། །དེ་ལ་མདོ་སྔགས་མང་པོ་ལ་མ་སྦྱངས་ཤིང༌། རབ་གནས་རྒྱུད་ཀྱི་དགོངས་པ་མ་ལོན་པར་དེའི་ཚིག་ཟིན་ཙམ་མཐོང་བའི་བོད་ཀྱི་སྔགས་རྒན་མང་པོ་ཞིག་ན་རེ། དེ་ལྟར་རབ་གནས་མ་བྱས་ཀྱང་སྐུ་གསུང་ཐུགས་ཀྱི་རྟེན་ལ་ཕྱག་སོགས་འོས་ན། འོ་ན་རབ་གནས་ཀྱི་རྒྱུད་ལས། དེ་སྲིད་མཆོད་པར་དེ་མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག །རིག་པའི་མཚན་ཉིད་སྤངས་པ་ལ། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །དོན་དེ་བཞིན་དུ་གཟུགས་བརྙན་ལ། །གང་གིས་མཆོད་ཅིང་ཕྱག་བྱེད་པ། །དམ་ཚིག་བྲལ་ཞིང་སྡིགས་དམན་པས། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །ཞེས་ཕྱག་སོགས་མི་འོས་པར་མ་ཟད་ཕྱག་སོགས་བྱས་ན་དམ་ཚིག་ཉམས་པར་གསུངས་པ་མ་ཡིན་ནམ། ཞེ་ན། དེ་ནི་གཏན་ནས་མིན་ཏེ། མཆོད་འོས་མི་འོས་རབ་གནས་གཞུག་པའི་ལྷ་ལ་ལྟོས་ཏེ། དེ་ཙམ་མཆོད་མི་འོས་ཞེས་པ་ཡིན་གྱི། སྤྱིར་མཆོད་པ་ཙམ་ཡང་མི་འོས་ཞེས་པ་ནི་མ་ཡིན་ཏེ། དཀོན་མཆོག་ལ་སྐྱབས་སུ་སོང་ནས་སྐུ་གསུང་ཐུགས་ཀྱི་རྟེན་གང་ལ་ཡང་མཐོང་བ་བཞིན་དུ་གུས་པ་མ་བྱས་ན་སྐྱབས་འགྲོ་དང་ལྡན་ཕྱིན་སྐྱབས་འགྲོ་དང་འགལ་བར་འགྱུར་ཞིང༌། སྐྱབས་འགྲོ་དང་མི་ལྡན་ན་ནང་པ་སངས་རྒྱས་པར་མི་ཚུད་ལ། རྒྱལ་སྲས་ཞི་བ་ལྷས་ཀྱང༌། དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །ཅེས་སྐུ་གསུང་ཐུགས་ཀྱི་རྟེན་མཐའ་དག་ལ་སྨོན་ལམ་གྱི་སྒོ་ནས་མཆོད་པར་གསུངས་པ་བཞིན། རྒྱུད་སྡེ་གོང་མའི་གསོ་སྦྱོང་གི་སྐབས་སུ་ཡང་དེ་ལྟར་བཤད་པར་མ་ཟད་བདེ་མཆོག་སོགས་སུ་རང་གི་བླ་མ་དང་ལྷའི་སྐུ་སོགས་མཐོང་བ་ན། རྐང་བརྒྱད་ཀྱི་བསྟོད་པ་དང་སྐོར་བ་སོགས་ཡིད་ཀྱིས་བྱ་དགོས་པར་བཤད་པ་སོགས་ཤིན་ཏུ་མང་ལ། འོ་ན་གྲུབ་ཆེན་གྱི་གཞུང་ལས། ས་རྡོ་ཤིང་གི་རང་བཞིན་གྱི། །སྐུ་གཟུགས་དག་ལ་ཕྱག་མི་བྱ། །ཞེས་པ་ཇི་ལྟར་སྙམ་ན། དེ་ནི་སྤྱོད་པའི་སྐབས་སུ་ཁམས་ལ་ལུས་ཀྱི་ཕྱག་སྐོར་སོགས་བཀག་པ་ཡིན་གྱི། ཡིད་ཀྱི་ཕྱག་འགོག་པ་ག་ལ་ཡིན། དམ་ཚིག་གི་སྐད་དོད་ས་མ་ཡ་མཉམ་པ་ལ་འཇུག་པས་ལྷ་རབ་ཏུ་གནས་པ་དང་མཉམ་པ་དང་བྲལ་བ་སྟེ། མཆོད་ཡུལ་དུ་རབ་གནས་བྱས་མ་བྱས་ཀྱི་གཟུགས་བརྙན་གཉིས་མཆོད་སོགས་ཀྱི་ཡུལ་ལ་མི་མཉམ་ཞེས་བསྟན་པ་ཡིན་གྱི། དམ་ཚིག་དང་བྲལ་བ་ཁོ་ནར་བཤད་ག་ལ་དགོས། རྒྱུད་སྡོམ་འབྱུང་ལས་ཀྱང༌། རྣམ་རྟོག་མེད་པའི་རང་བཞིན་གྱིས། རབ་གནས་ལྷ་ནི་གཞུག་པ་ཡིན། །འཇིག་རྟེན་སྐྱོང་བའི་ལྷ་ལ་སོགས། །གང་ཚེ་རྟག་ཏུ་གནས་གྱུར་པ། །མཆོད་དང་མཆོད་བྱ་མཉམ་ལྡན་པར། །དེ་ཚེ་ལྷ་ཡང་ཡང་དག་གཞུག །ཅེས་གསུངས་པས་ཀྱང་ཤེས་ལ། དམ་ཚིག་གི་སྒྲ་སོར་གནས་བྱས་ཀྱང༌། རང་ལ་ལྷའི་ང་རྒྱལ་དང་གསལ་སྣང་བརྟན་པ་འགའ་ཞིག་ལ་དགོངས་སྲིད་ཀྱི། སྐྱེ་བོ་རང་འགའ་བ་དག་ལ་ལྷ་དེར་ཕྱག་འཚལ་བ་ཙམ་གྱིས་དམ་ཚིག་ཉམས་པར་མི་འགྱུར་ཞིང༌། འདི་ལ་ཞིབ་ཆ་དང་བཤད་བྱ་ཤིན་ཏུ་མང་པོ་ཡོད་པས་ལེགས་པར་དཔྱད་དགོས་ཀྱི་ཅལ་ཅོལ་ག་ལ་རིགས།
གཉིས་པ་རབ་གནས་ཚད་ལྡན་བྱས་པ་ལ་ཕན་ཡོན་མཐའ་ཡས་པ་འབྱུང་བ་ནི། རབ་གནས་ཀྱི་རྒྱུད་ལས། ཆོ་ག་འདི་ཉིད་ནུས་པ་ཡིས། །རྟོག་པ་ལས་གསུངས་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་འབྲས་བུ་སྐྱེ། །སྐུ་གཟུགས་ཀྱི་ནི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་གསུངས། དེ་བཞིན་དུ་ཡང་སྔགས་གནས་པས། །མཆོད་ལྡན་མཆོད་པ་བྱེད་པ་དང༌། །དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །སྐྱེ་བ་རུ་ནི་མཆོད་པར་འགྱུར། །ཞེས་གསུངས་པ་ལྟར་འདིས་ནི་སངས་རྒྱས་ཀྱི་སའི་བར་དུ་འབྲས་བུ་མཐའ་ཡས་པ་འབྱུང་ལ། རབ་གནས་མ་བྱས་པ་དང་ཆོ་ག་མ་ལེགས་པའི་ཉེས་པ་ནི། རབ་གནས་ཀྱི་རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་དང༌། །ཞེས་པ་ནས། དེ་སྲིད་མཆོད་པར་དེ་མི་འོས། །ཞེས་སོགས་དང༌། ཡང་དེ་ཉིད་ལས་ཀྱང༌། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་གསུངས་པ་ལྟར་ཡིན་པས་ཆོ་ག་ཁྱད་པར་ཅན་འོང་བ་ལ་འབད་དགོས།
གསུམ་པ་ནི། སྤྱིར་སློབ་དཔོན་གྱི་མཚན་ཉིད་ལ་ཐེག་པ་རང་རང་གི་སྐབས་སུ། ཐེག་པ་འོག་མ་འདུལ་བའི་སྐབས་སུ་མཁན་སོགས་གསུམ་འོས་པའི་མཚན་ཉིད་བསྡུས་ན་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ཕྱེ་བ་ལྔ་ཕྲུག་ཉེར་གཅིག་སོགས་དང་ལྡན་པ་དགོས། ཐེག་ཆེན་ལ་མདོ་ལུགས་ཀྱི་སྐབས་སུ་མཚན་ཉིད་ལྔ་ལྡན་སོགས་བཤད་ལ། སྔགས་ཀྱི་ཐེག་པར་ཆོ་ག་ཉི་ཤུ་སོགས་མང་པོ་ཞིག་བཤད་པ་ལས། འདིར་ནི་དུལ་སོགས་ཀྱི་མཚན་ཉིད་དང་ལྡན་ཞིང༌། དེ་ཉིད་བཅུ་ཤེས་པ་ཞིག་དགོས་པ་ཡིན་ཏེ། རབ་གནས་ཀྱི་རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང༌། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པ་པོ། །ཞེས་གསུངས་པ་དང༌། ཀུན་སྙིང་གིས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་པས། །འདི་ནི་སློབ་དཔོན་ཡིན་ཞེས་བྱ། །དེ་ཡིས་བསྟན་པའི་སློབ་དཔོན་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང༌། རྒྱུད་སྡོམ་འབྱུང་ལས་ཀྱང༌། དེ་ནས་གཞན་ཡང་རབ་གནས་ཀྱི། །ཆོ་ག་ཕ་རོལ་སོན་བཤད་བྱ། །སྔགས་དང་མཚན་ཉིད་དང་ལྡན་པས། །སློབ་དཔོན་དུ་ནི་ཡོངས་སུ་བརྟགས། །ཞེས་གསུངས། སྐུ་གཟུགས་ལ་སོགས་པ་རྣམས་ནི། །རབ་གནས་དོན་དུ་ས་སྦྱང་ཞིང༌། །བླ་རེ་རྒྱལ་མཚན་བ་དན་རྣམས། །བརྒྱན་ཅིང་ས་ནི་ཡོངས་སུ་བཟུང༌། །སྐུ་གཟུགས་སམ་ནི་གླེགས་བམ་མམ། །བྲིས་སྐུ་ཡོངས་སུ་རྫོགས་པ་རྣམས། །མདུན་རོལ་དུ་ནི་བཞག་པར་བྱ། །དཀྱིལ་འཁོར་འཁོར་ལོ་རྣམ་པར་གནས། །ཉེར་སྤྱོད་ལྔ་ཡིས་རྣམ་པར་མཆོད། །ས་མ་ཡ་སྟཾ་ས་མ་ཡ་ཧོ། །ལན་གསུམ་དུ་ནི་བརྗོད་པར་བྱ། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །ཀུན་དགའ་ཡང་དག་བཞུགས་ནས་ནི། །ལྷ་མོ་སྒྱུ་མའི་ལྷུམས་ཞུགས་ལྟར། །ཞེས་སོགས་གསུངས་པའི་ཕྱིར། དེ་ཉིད་བཅུ་ལ་གཉིས་ལས། ཕྱིའི་དེ་ཉིད་བཅུ་ནི། རབ་གནས་ཀྱི་རྒྱུད་ལས། དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟངས་སྟབས་གདན་དང་ནི། །བཟླས་བརྗོད་སྦྱིན་སྲེག་དེ་བཞིན་མཆོད། །ལས་ཀྱི་སྦྱོར་བ་ཉེར་བསྡུས་པ། །དེ་ལྟར་དེ་ཉིད་བཅུ་ཤེས་ཤིང༌། །དམན་པའི་སེམས་ནི་དོར་བའོ། །ཞེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང༌། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང༌། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང༌། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས། གསང་བའི་དེ་ཉིད་བཅུ་ནི། ཕྱིར་ཟློག་གཉིས་ཀྱི་ཆོ་ག་དང༌། །གསང་དང་ཤེས་རབ་ཡེ་ཤེས་དང༌། །ཁ་སྦྱོར་བྱེད་པའི་ཆོ་ག་དང༌། །གཏོར་མ་རྡོ་རྗེའི་བཟླས་པ་དང༌། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང༌། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །གསང་བ་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས་པ་ལྟར་གྱི་དེ་ཉིད་བཅུ་ཚན་གཉིས་ལས། རྒྱུད་སྡེ་འོག་མའི་དབང་བསྐུར་རབ་གནས་བྱེད་པ་སོགས་ལ་ཕྱིའི་དེ་ཉིད་བཅུ་ཚང་བ་ཞིག་དགོས། རྣལ་འབྱོར་བླ་མེད་ཀྱི་དབང་རབ་གནས་སོགས་བྱེད་པ་ལ་གསང་བའི་དེ་ཉིད་བཅུ་ཚང་དགོས་པ་ཡིན་ལ། དེ་ཉིད་བཅུ་ཤེས་པའི་སློབ་དཔོན་ལ་དམན་འབྲིང་མཆོག་གསུམ་ཡོད་པ་ནི། བདེ་མཆོག་བསྟོད་འགྲེལ་ལས། སྔགས་ཀྱི་ཚུལ་ལ་སློབ་དཔོན་རྣམ་གསུམ་སྟེ། ཁྱིམ་གནས་དགེ་ཚུལ་དགེ་སློང་ནི། །དམན་པ་འབྲིང་དང་མཆོག་ཡིན་ནོ། །ཞེས་དང༌། འགྲེལ་ཆེན་དྲི་མེད་འོད་ལས་ཀྱང༌། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང༌། །དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས་པ་ལྟར་ཡིན་ལ། གནས་གཅིག་ཏུ་དེ་གསུམ་ཡོད་ཚེ་རབ་བྱུང་གཉིས་གང་རུང་གིས་བྱེད་དགོས་ཀྱི། །ཁྱིམ་པ་དེ་ཉིད་བཅུ་ཚང་ཡང་བྱེད་མི་འོས་པ་ནི། དུས་འཁོར་རྩ་རྒྱུད་ལས། ལྷ་ཁང་ལ་སོགས་རབ་གནས་པོ། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ཏུ་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ལྡན་པས་མིན། །ཞེས་གསུངས་ཤིང༌། དེའི་རྒྱུ་མཚན་ཡང་སངས་རྒྱས་ཀྱི་བསྟན་པ་བྱུང་བ་དང་དར་བའི་ཐ་སྙད་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆ་ལུགས་འཆང་བའི་དགེ་འདུན་གྱི་སྡེ་བྱུང་བ་དང་དར་བ་ལ་བྱེད་དགོས་པས། ཡུལ་གྱི་རྒྱལ་པོ་ལ་སོགས་པ་བླ་མ་བྱེད་པ་ལ། རྒྱལ་བོ་ཨིནྡྲ་བྷུ་ཏི། རྒྱལ་པོ་ཟླ་བཟང་ལྟ་བུའི་ས་ཐོབ་པ་མ་གཏོགས་ཁྱིམ་པ་བླ་མར་བྱར་མི་རུང་བར་བཤད་དེ། དུས་འཁོར་རྩ་རྒྱུད་ལས། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོ་བླ་མ་མི་བྱ་སྟེ། །དེ་ལ་ཐོས་པ་ཡོངས་ཤེས་པས། །གང་གི་རྟགས་ཅན་བྱ་བ་ནི། །ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་པ་གང་ཚེ་མཆོད་བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར། །ཞེས་གསུངས་པ་དང༌། གཞན་ཡང་ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིར་བཤད་པ་དང༌། འདུལ་བའི་སྡེ་སྣོད་བསྟན་པ་དང་སྟོན་པ་གཉིས་ཀར་བཤད་པ་སོགས་ཀྱི་ཕྱིར་ན། སྦྱིན་བདག་རྣམས་ཀྱིས་ཀྱང་དགེ་འདུན་གྱི་སྡེ་དར་ཐབས་ལ་འབད་པར་བྱ་ལ། དགེ་འདུན་རྣམས་ཀྱིས་ཀྱང་དགེ་འདུན་གྱི་ངང་ཚུལ་རྣམ་པར་དག་པ་འོང་ཐབས་ལ་འབད་པར་བྱ་བ་ནི་བསྟན་པའི་རྩ་བ་འཛིན་པའི་ཐབས་བླ་ན་མེད་པའོ། །
བཞི་པ་གནས་ནི། དུས་འཁོར་རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང༌། །གང་ཞིག་ཁོ་ན་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པའི། །གནས་དེར་རྣལ་འབྱོར་བརྩམས་པར་བྱ། །ཞེས་དང༌། གཞན་ཡང་འདུས་པའི་སྐོར་ལས་ཀྱང༌། ཡང་ཐོག་མཆོད་རྟེན་སོགས་གནས་དང༌། །ཁྱིམ་པ་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཞེས་དང༌། སྤྱི་རྒྱུད་ལས་ཀྱང༌། མཆོད་རྟེན་ཆེན་པོ་ཉམས་དགའ་དང༌། །དབེན་པ་ཡི་ནི་གནས་དག་ཏུ། །རི་ཡི་རྩེ་མོ་རྒྱ་ཆེན་དུ། །དངོས་གྲུབ་དཀྱིལ་འཁོར་བྲི་བར་བྱ། །ཞེས་གསུངས་པ་ལྟར། རྒྱུད་རང་རང་གི་བཤད་པའི་མཚན་ཉིད་ཅི་རིགས་དང་ལྡན་པའི་ཡིད་དང་མཐུན་པའི་བཀྲ་ཤིས་པའི་གནས་སུ་བྱའོ། །
ལྔ་པ་དུས་ལ། དུས་མི་རུང་བ་ལ་བྱས་པའི་ཉེས་དམིགས་ནི། སྤྱི་རྒྱུད་ལས། ཚེས་གྲངས་ངན་དང་དུས་མིན་དང༌། །གནས་མིན་ཆོ་ག་མི་ལྡན་པར། །མཁས་པས་དཀྱིལ་འཁོར་མི་བྲིའོ། །བྲིས་ན་དོགས་པ་མེད་པར་འཆི། །ཞེས་དང༌། རབ་གནས་ཀྱི་རྒྱུད་ལས་ཀྱང་ཟླ་བ་དྲུག་བཤད་དེ། དཔྱིད་ཟླ་ར་བའམ་དཔྱིད་ཟླ་འབྲིང་ཞེས་སོགས་སྤྱིར་གཏང་དང༌། དམིགས་བསལ་ནི་དུས་ཐམས་ཅད་དུ་རབ་གནས་རུང་བ་དང༌། ནུས་ལྡན་ལ་སྐྱོན་མེད་ཚུལ་ནི། །བི་བྷུ་ཏའི་བདེ་མཆོག་དཀྱིལ་ཆོག་ལས། དབྱར་དུས་རབ་གནས་གྲུབ་པའོ། །སྟོན་ནི་བདེ་བ་སྟེར་བར་འགྱུར། །དགུན་སྟོད་ཡེ་ཤེས་འཕེལ་བ་སྟེ། །དགུན་སྨད་དབང་ཕྱུག་ཐམས་ཅད་འབྱུང༌། །དཔྱིད་ཀ་དཔལ་ནི་རབ་ཏུ་སྦྱིན། །སོས་ཀ་རྒྱལ་དང་ཞི་བ་སྟེར། །རབ་གནས་དུས་ནི་ཐམས་ཅད་དུ། །སངས་རྒྱས་བཞུགས་སུ་འཇུག་པར་བཞེད། །ཅེས་དང༌། གུར་ལས་ཀྱང༌། གཙུག་ཏོར་རྟག་ཏུ་སྦྱིན་པར་བྱ། །རྟག་ཏུ་སྦྱིན་སྲེག་བྱེད་དུ་གཞུག །རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ། །རྟག་ཏུ་སངས་རྒྱས་རབ་གནས་བྱ། །ཟིན་པའི་དེ་མ་ཐག་པ་རུ། །རབ་ཏུ་གནས་པ་མཆོག་ཏུ་འགྱུར། །འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཡི། །དབང་ཕྱུག་ཐོབ་པ་ཐེ་ཚོམ་མེད། །དེ་ལ་གཟའ་དང་རྒྱུ་སྐར་མེད། །བགེགས་དང་ལོག་པར་འདྲེན་པའང་མེད། །ཅུང་ཟད་ཡིད་ལ་གང་འདོད་པའི། །སྐྱེ་ནས་སྐྱེ་བར་འགྲུབ་པར་འགྱུར། །ཞེས་གསུངས་ལ། གཞན་ཡང༌། རབ་གནས་ལ་བསྔགས་པའི་ཟླ་བ་དྲུག་སྟེ། རབ་གནས་ཀྱི་རྒྱུད་ལས། དཔྱིད་ཟླ་ར་བའམ་དཔྱིད་ཟླ་འབྲིང༌། །དགུན་དང་དཔྱིད་ཀྱི་ཐ་ཆུང་ངམ། །དབྱར་ར་དེ་བཞིན་དབྱར་འབྲིང་བོ། །ཉི་མ་བྱང་དུ་གནས་པ་ཡི། །ཞེས་གསུངས་ལ། གཟའ་བཀྲ་ཤིས་པ་ནི་ཕུར་བུ་ལ་སོགས་པ་བཞི་དང༌། ཉི་མ་ལ་སོགས་པ་གསུམ་ལ་མི་རུང་བར་བཤད་དེ། རྒྱུད་ལས། ཕུར་བུ་གཟའ་ལྷག་པ་པ་སངས། །ཞི་བའི་གཟའ་རྣམས་ཞེས་བྱ་བ། །འདི་རྣམས་ལས་བྱས་གཟའ་ལྡན་ཏེ། །རབ་ཏུ་གནས་པ་མཆོག་ཏུ་ཤིས། །ཉི་མ་སྤེན་པ་མིག་དམར་ནི། །ནོར་རྣམས་འཇོམས་པས་སྤང་བར་བྱ། །ཞེས་གསུངས། སྐར་མའི་ཁྱད་པར་ལ་ཆུ་སྟོད་སོགས་རུང་བ་བཅུ་གསུམ། དེ་ལས་ལྡོག་པ་ནི་མི་རུང་བར་ཡང་བཤད་དེ། རྒྱུད་ལས། ཐམས་ཅད་དུ་ནི་ཆུ་སྟོད་དང༌། །སྣར་མ་གྲོ་ཞུན་དེ་བཞིན་དབོ། །ལག་པ་སྣུབས་དང་སྣྲོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་དག་ཀྱང་དེ་བཞིན་དུ། །རྒྱུ་སྐར་འདི་རྣམས་ཐམས་ཅད་དུ། །སྐྱེ་དགུ་འཕེལ་ཞིང་དེ་ཡི་ནི། །རབ་ཏུ་གནས་པ་མཆོག་ཏུ་བྱེད། །སྐར་མ་དབོ་ལ་རབ་གནས་བྱ། །དེ་ནི་ཤེས་རབ་ཆེན་པོར་འགྱུར། །ཡིད་ལ་འདོད་པ་ཅི་ཡང་རུང༌། །དངོས་གྲུབ་མེ་བཞིས་སྟེར་བར་འགྱུར། །ལུང་ལས་ཤེས་པའི་ཡང་དག་པ། །སྣུབས་སམ་ཡང་ན་གྲོ་ཞུན་གྱིས། །ལག་གིས་སྐལ་དང་སྣར་མས་ནི། །གཞན་དག་ལས་ནི་རྒྱལ་བར་བྱེད། །མགོ་ཡིས་ཞི་བ་ཉེ་བར་བསྟེན། །ཆུ་སྟོད་ཆུ་སྨད་བུ་འཕེལ་འགྱུར། །རྟག་པར་དངོས་གྲུབ་ཁྲུམས་སྨད་ཀྱིས། །རྒྱལ་གྱིས་རྟག་པར་ཚེ་རིང་འགྱུར། །སྣྲོན་གྱིས་མཆོག་ཏུ་བདེ་བར་བྱེད། །ལྷ་མཚམས་ཀྱིས་ནི་མཆོག་སྟེར་འགྱུར། །ཞེས་གསུངས། ཚེས་གྲངས་ཡང་གཙོ་བོར་ཡར་ངོ་ལ་བྱ་ལ། མར་ངོ་ལའང་རུང་བར་བཤད་དེ། རྒྱུད་ལས། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་རྟག་པར་བྱ། །གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་པས་དེ་ལྟར་བྱ།
དྲུག་པ་རབ་ཏུ་གནས་བྱའི་རྟེན་ནི། མཆོག་སྐུ་གསུང་ཐུགས་ཀྱི་རྟེན་དང༌། དགེ་འདུན་གྱི་ཀུན་དགའ་རྭ་བ་རྡོ་རྗེ་དྲིལ་བུ་བགྲང་ཕྲེང་རྒྱན་དྲུག་སོགས་སོ། །ཕལ་བ་ནི་ཁང་པ་ཁང་བཟང་སྐྱེད་ཚལ་ཁྲོན་པ་ཆུ་མིག་སོགས་ཡིན་ལ། དེ་རེ་རེ་ལའང་སྤྱི་འགྲོའི་རབ་གནས་དང༌། རང་རང་གི་ཐུན་མོང་མ་ཡིན་པའི་རབ་གནས་བྱེད་ཚུལ་གཉིས་གཉིས་རུང་ཞིང༌། སྤྱི་འགྲོའི་རབ་གནས་བྱེད་པ་ལ་ཡང༌། ཐོག་མར་རབ་ཏུ་གནས་བྱ་ལ་དུ་མ་ཡོད་པས། གཙོ་བོ་སྐུ་གསུང་ཐུགས་ཀྱི་རྟེན་ལའང་དེ་དག་སྒྲུབ་ཚུལ་དང༌། ཆགས་ཚད་དང་རིང་བསྲེལ་གྱི་སྙིང་པོ་ཅན་ལ་སོགས་པར་མཁས་པ་དག་གི་ཆགས་ཚད་ཀྱི་ཡི་གེ་དག་དང༌། གཟུངས་འཇུག་གི་རྣམ་བཞག་གསལ་བར་སྟོན་པ་འཁྲུལ་སྤོང་ཉིན་མོར་བྱེད་པ་ལ་སོགས་པའི་བཤད་པ་ལྟར་དགོས་ཏེ། རབ་གནས་ཀྱི་རྒྱུད་ལས། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་རོ་ཡི་ལྡན། །ཚད་ཀྱི་ཚད་ལ་ཕབ་ཅིང་བཟང༌། །དེ་འདྲར་རབ་ཏུ་གནས་པར་འགྱུར། །ཞེས་གསུངས། །སྡོམ་འབྱུང་ལས་ཀྱང༌། བླུག་མའམ་མངོན་པར་འདུ་བྱས་པའི། །སྐུ་གཟུགས་ལ་སོགས་པ་རྣམས་ནི། །རབ་གནས་དོན་དུ། ཞེས་དང༌། སྐུ་གཟུགས་སམ་ནི་གླེགས་བམ་མམ། །བྲིས་སྐུ་ཡོངས་སུ་རྫོགས་པ་རྣམས། །མདུན་རོལ་ཏུ་ནི་བཞག་པར་བྱ། །ཞེས་གསུངས་པ་ལྟར་ཞི་བ་ལ་སོགས་པའི་རོ་སྟེ་ལྷ་རང་རང་གི་ཞི་དྲག་གང་ཡིན་གྱི་ཉམས་ཐོན་ཞིང་ཆགས་ཚད་ལ་ཕེབས་ཏེ་ཚད་དང་ལྡན་པ་དགོས།
བདུན་པ་རབ་གནས་ཀྱི་དོན་ནི། དོན་དམ་པར་རབ་ཏུ་གནས་བྱ་གནས་བྱེད་སོགས་ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་ནམ་མཁའ་ལྟ་བུ་ཞིག་ཡིན་ཀྱང༌། ཐ་སྙད་དུ་རྫས་སྔགས་ཏིང་ངེ་འཛིན་སོགས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཚོགས་པ་དང༌། རྒྱལ་བ་རང་ཉིད་ཀྱི་གསུང་ལྟར་ཐུགས་དམ་བསྐུལ་བ་ལ་བརྟེན་ནས། ཡེ་ཤེས་པའི་ཚོགས་གདུལ་བྱའི་མོས་ངོ་དང་བསྟུན་པར་དམ་ཚིག་པ་ལ་རབ་ཏུ་གནས་པའམ། རབ་ཏུ་གཞུག་པ་གཅིག་ལ་བྱེད་པ་ཡིན་ཏེ། རབ་གནས་ཀྱི་རྒྱུད་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་ཆོས་ཐམས་ཅད་རབ་ཏུ་གནས་པ་ལ་ཇི་ལྟར་རྒྱལ་བ་རྣམས་ཀྱིས་གནས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀུན་གྱིས་རབ་ཏུ་གཞུག །རབ་ཏུ་གནས་པ་གང་ཡང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །ཅིག་ཤོས་ཀྱིས་ནི་རབ་ཏུ་བརྟག །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟག །དམ་པའི་དོན་དུ་དཔྱད་པས་ན། །གང་ཞིག་གང་གིས་གང་དུ་བརླབས། །གཟོད་མ་ནས་ཞི་སྐྱེ་མེད་པས། །ཅི་འདྲས་ཇི་ལྟར་རབ་ཏུ་གནས། །དང་པོའི་ལས་ཅན་སེམས་ཅན་རྣམས། །རྟོག་པའི་རྒྱུ་རུ་བཤད་པར་ཟད། །ཅེས་དང༌། སྡོམ་འབྱུང་ལས་ཀྱང༌། ཇི་ལྟར་རབ་ཏུ་མི་གནས་ལྷ། རབ་ཏུ་གནས་པར་བྱ་བར་ནུས། །སློབ་མ་དད་པས་གསོལ་འདེབས་པས། །བསོད་ནམས་ཕྱིར་ནི་བྱ་བ་སྟེ། །རྣམ་རྟོག་མེད་པའི་རང་བཞིན་གྱིས། །རབ་ནས་ལྷ་ནི་གཞུག་པ་ཡིན། །འཇིག་རྟེན་སྐྱོང་བའི་ལྷ་ལ་སོགས། །གང་ཚེ་རྟག་ཏུ་གནས་གྱུར་པ། །མཆོད་དང་མཆོད་བྱ་མཉམ་ལྡན་པར། །དེ་ཚེ་ལྷ་ཡང་ཡང་དག་གཞུག །ཅེས་དང༌། མདོ་ལས་ཀྱང༌། གང་གི་མོས་པ་གཙོར་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར། དམིགས་རྣམས་དྭངས་ལ་ཤིན་ཏུ་གསལ་བ་གཅིག་རབ་གནས་ཀྱི་གཙོ་བོ་ལ་དགོས་ཤིང༌། དེ་ལྟར་མ་བྱུང་ན་དད་མོས་ཤུགས་དྲག་ཅིག་ཡན་ཆད་རབ་གནས་བྱེད་པ་ལ་ཤིན་ཏུ་དགོས་པར་གོ །
བརྒྱད་པ་སྒྲ་བཤད་ནི། རབ་གནས་ཀྱི་སྐད་དོད་སུ་པྲ་ཏི་ཥྛའི་སུ་ལེགས་པ། པྲ་ཏི་རབ་ཏུའམ་སོ་སོར་ཥྛ། གནས་པ་སྟེ་ལེགས་པར་རབ་ཏུ་གནས་པས་ན་རབ་གནས་ཞེས་བྱ་སྟེ། ལྷ་ཡེ་ཤེས་པ་དམ་ཚིག་པ་ལ་རབ་ཏུ་གནས་བྱེད་ཅེས་པའི་དོན་ཡིན་པའི་ཕྱིར། ཡང་ལེགས་པར་སོ་སོར་གནས་པར་བྱེད་པས་ན་རབ་ཏུ་གནས་ཞེས་བྱ་སྟེ། ལྷ་ཡེ་ཤེས་པ་སོ་སོ་དམ་ཚིག་པ་སོ་སོ་ལ་གནས་པར་བྱེད་པའམ། ལྷ་ཡེ་ཤེས་པའི་སྐུ་སོགས་ཀྱི་ཆ་དམ་ཚིག་པའི་སོ་སོ་ལ་གནས་པར་བྱེད་པས་ན་རབ་གནས་ཞེས་བརྗོད་པའི་ཕྱིར། ཡང་ངེས་ཚིག་གིས་བཤད་ན་དངོས་པོ་ཕལ་བ་ཡེ་ཤེས་སེམས་དཔའི་དངོས་པོ་གྲུབ་སྟེ་གནས་པར་བྱེད་པས་ན་རབ་གནས་ཞེས་བྱ་སྟེ། པྲ་ཀ་རཱ་ཎ་ན་ཏི་ཥྛ་མཆོག་ཏུ་གནས་པར་བྱེད་པས་ན་རབ་གནས་སུ་ཅི་ལྟར་པྲ་ཏི་ཥྛ་ཤིན་ཏུ་ཡུན་རིང་དུ་གནས་པར་བྱེད་པས་ན་རབ་གནས་ཞེས་འཇུག་པའི་ཕྱིར།
དགུ་པ་ལྷ་གང་གི་སྒོ་ནས་རབ་ཏུ་གནས་པ་ནི། འཇིགས་བྱེད་གསང་བདེ་གསུམ་ལྟ་བུའི་དཀྱིལ་འཁོར་ཡོད་པས་ལྷ་དེ་དང་དེའི་དཀྱིལ་འཁོར་བསྐྱེད་ནས་བྱ་བའམ། ཡང་ན་སློབ་དཔོན་རང་གི་ལྷག་པའི་ལྷ་གང་ཡིན་པ་དེར་བསྐྱེད་ནས་བྱེད་པའམ། ཡང་ན་སྐུའི་རྟེན་སྐུ་རྡོ་རྗེའི་རིགས་གསུང་གི་རྟེན་གསུང་རྡོ་རྗེའི་རིགས། ཐུགས་ཀྱི་རྟེན་ཐུགས་རྡོ་རྗེར་བསྐྱེད་པ། དེ་ལྟ་བུའི་རིགས་ཀྱི་དབྱེ་བ་མཐོང་པས་ཤེས་པར་བྱ་ལ། དེ་བཞིན་དུ་དངོས་པོ་གནས་ཁང་བཟང་སོགས་ཀྱང་རིགས་སོ་སོ་བ་བསྐྱེད་པའམ། རིགས་དྲུག་པ་ལྟ་བུའི་རིགས་གཅིག་པར་བསྐྱེད་ནའང་རུང་སྟེ། རབ་གནས་ཀྱི་རྒྱུད་ལས། སྐུ་གང་རབ་ཏུ་གནས་བྱ་བ། །དེ་ལ་དེ་ཡི་དཀྱིལ་འཁོར་བྱ། །ཡང་ན་རང་གི་ལྷག་པའི་ལྷ། སློབ་དཔོན་རང་གི་གང་ཡིན་པ། དེ་ནི་དབྱེ་བ་མཐོང་བས་བྱ། ཞེས་གསུངས་སོ། །བཅུ་པ་ཆོ་ག་ལ་དེ་གཞུང་གང་ལ་བརྟེན་པ་ནི། དུས་འཁོར་གྱི་རབ་གནས་ཀྱི་རྒྱུད། ཀྱཻ་རྡོ་རྗེ། སྡོམ་འབྱུང༌། རྡོར་འཕྲེང་། དེའི་འགྲེལ་པ་རྣམས་དང༌། དུས་ཞབས་ཆེ་ཆུང་དང༌། སཱ་དྷུ་པུ་ཏྲས་མཛད་པའི་དུས་འཁོར་གྱི་རབ་གནས། ནག་པོ་བས་མཛད་པའི་གསང་འདུས་དང་ཀྱཻ་རྡོར་རབ་གནས། མི་འཇིགས་པའི་ཕྱག །སྣང་མཛད་ཟླ་བ། ཟླ་འོད་རྣམས་ཀྱིས་མཛད་པའི་གསང་འདུས་ཀྱི་རབ་གནས། རིན་ཆེན་འབར་བ། ངག་དབང་གྲགས་པ། སུ་མ་ཏི་ཀརྟིས་མཛད་པའི་རབ་གནས། སློབ་དཔོན་ཀུན་སྙིང་དང་པྲ་ཛྙ་ཝ་ལི་ཏིས་མཛད་པའི་རྣལ་འབྱོར་རྒྱུད་ཀྱི་རབ་གནས། སློབ་དཔོན་ཞི་བ་སྙིང་པོས་མཛད་པའི་མཆོད་རྟེན་བསྒྲུབ་པའི་ཆོ་ག།།དཀྱིལ་ཆོག་རྡོར་ཕྲེང༌། སྐུ་ཁྲུས་ཀྱི་ཆོ་ག། །རབ་གནས་ཀྱི་རྒྱལ་པོ་རྣམས་སོ། །དེ་དག་རྣམས་ཅི་རིགས་ཀྱི་དོན་རྣམས་བསྡུས་ཏེ། །ཕྱི་དར་གྱི་མཁས་པ་ཆེན་པོ་ལོ་ཙྪ་བ་རིན་ཆེན་བཟང་པོས་སྡོམ་གྱི་སྒོས་རྒྱས་འབྲིང་བསྡུས་གསུམ་མཛད་པ་འདི་ས་ཞྭལ་དགེ་གསུམ་མཁས་གྲུབ་ཆེན་པོ་མཐའ་དག་གིས་དག་ཁུངས་སུ་གནང་བས། འདི་ཡང་དེའི་སྟེང་ནས་རྒྱས་འབྲིང་གསུམ་བཤད་པར་བྱའོ། །
དང་པོ་རྒྱས་པ་ལ། སྔོན་འགྲོ། དངོས་གཞི། མཇུག་གི་རིམ་པ་གསུམ་ལས། དང་པོ་ལ། སྡོམ་ལས། ལེགས་བཤམས་བདག་བསྐྱེད་བུམ་པ་བཟླས། །རྟེན་སྦྱངས་བཀྲུ་ཞིང་ཕྱི་བ་དང༌། །རྟེན་བསྐྱེད་ཡེ་ཤེས་སྤྱན་དྲངས་ལ། །བགེགས་བསྐྲད་མཆོད་པ་དགུག་གཞུག་བྱ། །རྒྱས་བཏབ་མཆོད་བསྟོད་གཏོར་མ་བཏང༌། །སྙན་གསན་དབབ་ཅིང་མཆོད་བསྟོད་བྱ། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །རྟེན་དབབ་བདག་བསྲུང་སྟ་གོན་བྱ། །ཞེས་གསུངས་པ་ལྟར། རྟེན་ལེགས་པར་བཤམས་པ་དང༌། བདག་བསྐྱེད་བུམ་པ་སྟ་གོན་དང༌། རྟེན་སྦྱངས་པ། བཀྲུ་ཞིང་དབྱི་བ། རྟེན་བསྐྱེད་པ། ཡེ་ཤེས་པ་སྤྱན་དྲངས་ཤིང་གཞུག་པ། རྒྱས་གདབ་པ་དང༌། མཆོད་ཅིང་བསྟོད་དེ་གཏོར་མ་བཏང་བ་དང༌། སྙན་གསན་དབབ་ལ་མཆོད་པ་དང༌། བཟོད་པར་གསོལ་ཏེ་གཤེགས་པ་དང༌། རྟེན་དབབ་པ་དང༌། བདག་གི་གནས་གསུམ་བསྲུང་བ་སྟེ་དོན་བཅུ་གསུམ་པོ་འདི། རབ་གནས་ཀྱི་སྟ་གོན་དང༌། རབ་གནས་ཀྱི་ལྷ་ལྷག་གནས་ཞེས་བྱ་སྟེ། རྒྱུད་སྡོམ་འབྱུང་ལས། བླུགས་མའམ་མངོན་པར་འདུ་བྱས་པའི། །སྐུ་གཟུགས་ལ་སོགས་པ་རྣམས་ནི། །རབ་གནས་དོན་དུ་ས་སྦྱངས་ཤིང༌། །བླ་བྲེ་རྒྱལ་མཚན་བ་དན་རྣམས། །བརྒྱན་ཅིང་ས་ནི་ཡོངས་སུ་བཟུང༌། །སྐུ་གཟུགས་སམ་ནི་གླེགས་བམ་མམ། །བྲིས་སྐུ་ཡོངས་སུ་རྫོགས་པ་རྣམས། །མདུན་རོལ་ཏུ་ནི་བཞག་པར་བྱ། །དཀྱིལ་འཁོར་འཁོར་ལོ་རྣམ་པར་གནས། །ཉེར་སྤྱོད་ལྔ་ཡིས་ཡང་དག་མཆོད། །ས་མ་ཡ་སྟྭཾ་ས་མ་ཡ་ཧོ། །ལན་གསུམ་དུ་ནི་བརྗོད་པར་བྱ། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་ཡང་དག་བཞུགས་ནས་ནི། །ལྷ་མོ་སྒྱུ་འཕྲུལ་ལྷུམས་འཇུག་ལྟར། །དེ་བཞིན་འདིར་ནི་གཤེགས་སུ་གསོལ། །ཆེ་གེ་ཞེས་བྱའི་དོན་དུ་ནི། །བྱང་ཆུབ་སེམས་ནི་ཡོངས་འཕེལ་ཕྱིར། །མེ་ཏོག་ལ་སོགས་འདི་བཞེས་ཏེ། །མགོན་པོ་འདིར་ནི་རྟག་བཞུགས་མཛོད། །ཚིག་འདིས་དེ་བཞིན་གཤེགས་པ་རྣམས། །ལྷག་པར་གནས་པར་བྱས་ན་ནི། །མཁས་པ་ཡིས་ནི་བསྟོད་བྱས་ནས། །ཡུངས་དཀར་གྱི་ནི་བསྐོར་ནས་སུ། །ལན་གསུམ་དུ་ནི་སྦྱང་བར་བྱ། །ཞེས་གསུངས། གྲུབ་ཆེན་དཔལ་འཛིན་གྱི་དགྲ་ནག་གི་དཀྱིལ་ཆོག་ལས་ཀྱང༌། དེ་ནས་རབ་གནས་ཀྱི་ས་གཞི་ནི་གདུགས་སྣ་ཚོགས་པ་དང༌། ཞེས་པ་ནས། གཏི་མུག་རྡོ་རྗེའི་ངོ་བོ་ཞེས་བྱ་བ་ལ་སོགས་པས་བསྟོད་པར་བྱའོ། །ཞེས་བྱ་བ་ནི་ལྷ་ལྷག་པར་གནས་པའོ། །ཞེས་སོགས་ཀྱི་སྟ་གོན་ཚང་བར་བཤད་པའི་ཕྱིར།
གཉིས་པ་དངོས་གཞི་ལ་སྡོམ་ནི། ཐོ་རངས་བདག་བསྐྱེད་མདུན་བསྐྱེད་མཆོད། །རྟེན་སྦྱངས་བཀྲུ་ཞིང་དབྱི་བ་དང༌། །རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲངས་དགུག་རྒྱས་གདབ། །དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། །གསོལ་གདབ་མངའ་དབུལ་རྒྱས་པར་བྱེད། །ཡང་ན་མཆོད་བསྟོད་བྱེ་བྲག་དང༌། །སྦྱིན་སྲེག་སྔགས་དེ་དངོས་གཞིའོ། །ཞེས་གསུངས་ལ། བདག་བསྐྱེད་བསྒྲུབ་པ། གང་དུ་ལྷ་ལ་དབང་བསྐུར་པ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང༌། རྟེན་སྦྱངས་པ་དང༌། བཀྲུ་ཞིང་དབྱི་བ་དང༌། རིང་བསྲེལ་སོགས་གཞུག་དགོས་ན་གཞུགས་པ་དང༌། ལྷ་ལ་གསོལ་བ་གདབ་པ་དང༌། རབ་ཏུ་གནས་བྱའི་ལྷ་བསྐྱེད་པ་དང༌། ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ་དགུག་གཞུག་བྱ་བ་དང༌། བྱ་སྤྱོད་ལྟར་ན་ཆུ་ཅོད་པན་གྱི་དབང་བསྐུར་བ་དང༌། རྣལ་འབྱོར་རྒྱུད་ལྟར་ན་རིགས་ལྔའི་དབང་ལྔ་སློབ་དཔོན་གྱི་དབང་སོགས་དང་བཅས་པ་དང༌། རྣལ་འབྱོར་བླ་མེད་ལྟར་ན་དབང་བཞི་ཀའང་སྐབས་འདིར་སློབ་མ་ལ་བསྐུར་བ་ལྟར་ཡང་རུང་བས། དབང་བསྐུར་ཏེ་རིགས་བདག་གིས་རྒྱས་བཏབ་པ་དང༌། རབ་གནས་ཀྱི་ལྷ་ལ་མཆོད་པ་དང༌། བསྟོད་པ་དང་སྤྱན་དབྱེ་བ་དང༌། བརྟན་པར་བཞུགས་སུ་གསོལ་བ་དང༌། མངའ་དབུ་ལ་རྒྱས་པར་བྱ་བ། སྦྱིན་སྲེག་དང་རབ་གནས་ཀྱི་བརྟན་བཞུགས་དང༌། ཤིས་པ་བརྗོད་པ། གཏང་རག་གི་མཆོད་བསྟོད་བྱ་བ་སྟེ་ཁྱད་པར་བཅུ་བདུན་ཚང་དགོས་ཏེ། སྡོམ་འབྱུང་ལས། དྲི་ཞིམ་ལྡན་པའི་མར་གྱིས་བྱུགས། །འདག་ཆལ་གྱིས་ནི་ཁྲུས་ཀྱང་བྱ། །སླར་ཡང་བུམ་པ་སོ་སོ་ཡིས། །སྐུ་གཟུགས་རྣམས་ནི་ཁྲུས་ཀྱང་བྱ། །ཕྱི་ནས་ནམ་མཁར་གནས་པ་ཡི། །དཀྱིལ་འཁོར་འཁོར་ལོ་བཅོམ་ལྡན་འདས། །བླུགས་མ་ལ་སོགས་རབ་གཞུག་བྱ། །ཡུལ་ཆོས་ལ་སོགས་ཇི་བཞིན་དུ། །ལས་བཅུ་ཡི་ནི་བྱ་བ་བྱས། །སྤྱན་ནི་དབྱེ་བ་བྱས་ནས་སུ། །རྡོ་རྗེའི་སྤྱན་ནི་བྱིན་གྱིས་བརླབས། །དེ་བཞིན་མེ་ཏོག་སྤོས་མར་མེ། །བྱུག་པ་ཞལ་ཟས་དེ་བཞིན་ཏེ། །དེ་ལྟར་ལས་ནི་ཀུན་བྱའི་ཕྱིར། །སྦྱིན་སྲེག་ལས་ཀྱི་རྫོགས་པར་བྱས། །ལྷ་ཀུན་ཞལ་ནི་མེ་ཡིན་པས། །མཁས་པས་རབ་ཏུ་གནས་པར་བྱ། །རབ་གནས་ཡང་དག་རྫོགས་དུས་སུ། །བསྟོད་དང་བཀྲ་ཤིས་བརྗོད་བྱ་ཞིང༌། །མྲྀ་དང་ག་སོགས་སིལ་སྙན་དང༌། །ཇི་ལྟར་མཉེས་པས་རབ་ཏུ་མཆོད། །ཅེས་གསུངས། དཔལ་འཛིན་གྱི་དགྲ་ནག་གི་དཀྱིལ་ཆོག་ལས་ཀྱང༌། ཐོ་རངས་ཀྱི་དུས་སུ་སྐུ་གཟུགས་གོས་སེར་པོས་གཡོགས་ལ་ཤར་དུ་བསྟན་ཏེ་ཁྲུས་བྱའོ། །ཞེས་པ་ནི་རབ་ཏུ་གནས་པའི་ཆོ་གའོ། །ཞེས་པའི་བར་དང་མཐུན་ནོ། །གསུམ་པ་མཇུག་གི་ཆོ་ག་ནི། སྡོམ་ལས། གཏོར་མ་སྦྱིན་དང་ཆོས་སྐྱོང་བསྒོ། །དཀྱིལ་འཁོར་མཆོད་ཅིང་དངོས་གྲུབ་བླངས། །བཟོད་པར་གསོལ་ཏེ་གཤེགས་སུ་གསོལ། །ཡོན་བདག་བསྒོ་ཞིང་ཤིས་པ་བརྗོད། །རྟེན་མཆོད་བསོད་ནམས་ཡོངས་སུ་བསྔོ༌། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་བསྡུས་སྦྱིན་སྲེག་མཇུག་དོན་ནོ། །ཞེས་གསུངས་པ་ལྟར། གཏོར་མ་སྦྱིན་པ། ཆོས་སྐྱོང་བསྒོ་བ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་གསོལ་བ་གདབ་པ། བཟོད་གསོལ། གཤེགས་གསོལ། ཡོན་བདག་བསྒོ་བ། བཀྲ་ཤིས་པར་བྱེད་པ། རྟེན་ལ་མཆོད་པ། བསོད་ནམས་བསྔོ་བ། སློབ་དཔོན་ལ་མཆོད་པ། དགེ་འདུན་དང་སྐྱེ་བོའི་དགའ་སྟོན་བྱ་བ། ཤིས་བརྗོད་རྒྱས་པར་བྱ་བ། ལས་ཀྱི་རྗེས་བསྡུ་བ། ཆོ་གའི་ལྷག་ཆད་དང་ཡོན་བདག་གི་འབྱོར་བ་རྒྱས་པའི་སླད་དུ་སྦྱིན་སྲེག་བྱ་བ་སྟེ། ཁྱད་པར་ཞིབ་པར་ནི། རྒྱུད་སྡོམ་འབྱུང་ལས། སྟོན་མོ་དང་ནི་ཡོན་འབུལ་བས། །སྐྱེ་བོ་ཚིམ་ཞིང་དགྱེས་པར་བྱ། །དགྱེས་པའི་སྐྱེ་བོ་སྐལ་བ་བཟང༌། །བཀྲ་ཤིས་ཞི་བར་བཅས་གྱུར་ཏེ། །ཞེས་གསུངས། ནག་པོ་བའི་དཀྱིལ་ཆོག་ལས་ཀྱང༌། གལ་ཏེ་འབྱོར་བར་གྱུར་ན་དེ་རྣམས་ཀྱི་མཐེ་བོང་གཡས་པ་ལག་པ་གཡོན་པས་བཟུང་སྟེ་ཞི་བའི་སྦྱིན་སྲེག་བྱ་སྟེ། དགང་བླུགས་དང་བསྲེག་བླུགས་ལན་གཅིག་གམ་ལན་གསུམ་མམ། བདུན་ཕུལ་ནས་ཡོན་བླང་བར་བྱའོ། །དེས་ཀྱང་དགའ་བའི་ཡིད་ཀྱིས་ཇི་ལྟར་འབྱོར་པའི་ས་གཞི་དང༌། གླང་པོ་དང༌། རྟ་དང༌། གསེར་དང༌། རྒྱན་དང༌། བུ་དང༌། ཆུང་མ་ལ་སོགས་པ་འབུལ་ཞིང༌། བདག་ཉིད་ཐོས་པ་ལ་སོགས་ཡོན་ཏན་བསྔགས། དངོས་གྲུབ་ཀྱིས་སྦྱོར་འབངས་སུ་དབུལ་བར་བྱའོ། །དེ་ལྟར་སློབ་དཔོན་ལ་རབ་ཏུ་དགའ་བའི་ཡོན་ཕུལ་ནས། ཁ་ཟས་དང་སྤྱོད་པ་ཀུན་གྱིས་རང་དང་གནས་ཀྱི་འཁོར་ལོ་མཆོད་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། ལུང་དེ་རྣམས་རྒྱས་འབྲིང་བསྡུས་གསུམ་གའི་ཤེས་བྱེད་དུ་འགྲོའོ། གཉིས་པ་འབྲིང་པོ་ལ། སྡོམ་འབྱུང་ལས་བཤད་པ་ལྟར་ས་སྦྱངས་གཟུངས་རྣམས་སྔོན་དུ་བཏང་ནས། དེ་རྗེས་དགྲ་ནག་གི་དཀྱིལ་ཆོག་ལས་གསུངས་པ་ལྟར་བྱེད་དགོས་པས། དེ་ལ་སྔོན་འགྲོ། དངོས་གཞི། མངའ་དབུལ་སོགས་ཀྱི་རིམ་པ་གསུམ་ལས། དང་པོ་ལ་ཐོག་མར་བྱ་བའི་རིམ་པ། སྦྱངས་པའི་རིམ་པ། ཁྲུས་ཀྱི་རིམ་པ་གསུམ་ལས། དང་པོ་ལ། སྡོམ་ནི། བདག་བསྐྱེད་བུམ་པ་ལྷག་གནས་བྱ། །ཁྲུས་སྟེགས་རྒྱན་བྲི་མངའ་དབུལ་བྲི། །གསོལ་གདབ་སེམས་སྐྱེད་རྟེན་བསྐྱེད་ཅིང༌། །གདན་ལ་རྟེན་བཞག་ཆུ་གཞི་འབུལ། །ཞེས་པའི་རིམ་པ་ལྟར་ཐོག་མར་གསང་བདེ་འཇིགས་གསུམ་སོགས་དཀྱིལ་འཁོར་གང་ལ་བརྟེན་པའི་བདག་བསྐྱེད་ལྷ་བུམ་ཁྲུས་བུམ་ལྷག་གནས་བྱ་དགོས་ཤིང༌། དེ་ལ་ཡང་ཐོག་མར་གནས་བརྒྱན་ཅིང་རྟེན་བཤམས་པའི་ཚུལ་ནི། དགྲ་ནག་གི་དཀྱིལ་ཆོག་ལས། དེས་ན་རབ་གནས་ཀྱི་ས་གཞི་ནི། གདུགས་སྣ་ཚོགས་པ་དང༌། རྒྱལ་མཚན་དང༌། བ་དན་སྣ་ཚོགས་པ་དང༌། རོལ་མོའི་སྒྲ་སྣ་ཚོགས་པ་ལ་སོགས་པས་ཡིད་དུ་འོང་བར་བྱས་ལ། སློབ་དཔོན་ཇི་ལྟར་འབྱོར་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས། སྐུ་གཟུགས་སམ། རས་བྲིས་སམ། གླེགས་བམ་མདུན་དུ་བཞག་སྟེ། ཞེས་གསུངས་པ་ལྟར། ས་རྒྱན་གནམ་རྒྱན་ཡོལ་བ་སོགས་མཛེས་པར་བཤམས། དཀྱིལ་འཁོར་སྒྲུབ་པ་དང་འབྲེལ་ན་ལྷ་གང་ཡིན་གྱི་དཀྱིལ་འཁོར་མཆོད་རྫས་སོགས་རང་རང་གི་གཞུང་ལྟར་བཤམས། དེ་ནས་ཁྲུས་སྟེགས་དང་མངའ་དབུལ་སོགས་འགོད་པ་ལ། ཁྲུས་སྟེགས་ནི། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པའི་ཕྱི་ནས་རིམ་པ་བཞིན་དཀར་དམར་ནག་པའི་རྩིག་པ་རིམ་པ་གསུམ་པ། འཕར་མ་གཉིས་དང་ལྡན་པ། དེའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ལ་ཤར་དུ་འཁོར་ལོ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲིས་མཚན་པ་བརྩིགས་པའམ་རྡུལ་ཚོན་གྱིས་བྲིས་པའམ། ཆུ་ཚོན་གྱིས་བྲིས་པའི་རས་བྲིས་སམ། མ་འབྱོར་ན་བསྒོམ་པ་ཙམ་གྱིས་ཀྱང་རུང་ངོ༌། །དེའི་སྟེང་དུ་ཤིང་སྟན་ལ་ཟླ་བའིདཀྱིལ་འཁོར་བྲིས་པའི་རས་སོགས་ཀྱི་གདན་བཤམས། བུམ་པ་ནི་རྒྱས་པ་ལྷ་གྲངས་དང༌། འབྲིང་པོ་ལྔ་ལ་སོགས་པ་དང༌། བསྡུ་ན་ལྷ་བུམ་དང་ལས་བུམ་ཙམ་དང་དྲི་མ་འཁྲུད་པའི་ཁྲུས་བུམ་བརྒྱད་དགོས་ལ་ཁྲུས་བུམ་དེ་དག་ལེགས་པར་བཀྲུས། ཁ་རྒྱན་དང་མགུལ་ཆིངས་དང་ལྡན་པ་དཀྱིལ་ཆོག་ལྟར་བྱས་ལ་གུ་གུལ་གྱི་དུད་པས་བདུག །ཁྲོ་བོའི་སྔགས་བཟླས་པའི་ཡུངས་ཀར་གྱིས་བྲབ། རྟ་བོང་སོགས་ཀྱིས་མ་བགྲོད་པའི་ཆུ་གཙང་མས་སུམ་གཉིས་བཀང༌། ལྷའི་བུམ་པར་སྨན་ལྔ༌། རིན་པོ་ཆེ་ལྔ། དྲི་ལྔ། འབྲུ་ལྔ༌། སྙིང་པོ་ལྔ་སྟེ་བུམ་རྫས་ཉེར་ལྔ་གཞུག །ཁྲུས་བུམ་དྲི་མ་འཁྲུད་པ་བརྒྱད་དྲི་སྣ་ཚོགས་དང༌། མངར་གསུམ་དང༌། ཞོ་དང༌། ཨ་ཀ་རུ་དང༌། ཁམ་ལྟར་སོགས་འབྲུ་སྣ་ཚོགས་དང༌། འབྲས་ཡོས་དང༌། སྨན་སྣ་ཚོགས་དང༌། རིན་པོ་ཆེ་སྣ་ཚོགས་པ་རྣམས་བུམ་པ་བརྒྱད་དུ་བླུག་པར་བྱའོ། ཁྲུས་བུམ་གཅིག་ལས་མེད་ན་རྫས་དེ་བརྒྱད་ཀ་གཅིག་ཏུ་བླུག་པར་བྱ་ཞིང༌། ཁྲུས་བུམ་ལ་བུམ་མཚན་མི་དགོས། ལྷ་བུམ་ལ་བུམ་མཚན་དཀྱིལ་ཆོག་ལྟར་བྱ། ཁྲུས་བུམ་རྣམས་ཁྲུས་དཀྱིལ་གྱི་འདབ་མ་བརྒྱད་ལ་འགོད། མངའ་དབུལ་ལ་གླིང་བཞི་རི་རབ་དང་བཅས་པ་ཐིག་གདབ། ཕྱོགས་ཀྱི་ཚངས་ཐིག་རྣམས་ཆ་གཉིས་སུ་བཏང༌། ཆ་ནང་མ་དེ་ནི་ཆ་རེ་རེ་ལའང་ཆ་ལྔ་ལྔ་སྟེ་ཕྱོགས་གཉིས། ཆ་སྡོམ་ནས་ཚངས་ཐིག་བཅུ་པར་བྱ། དབུས་ཀྱི་ཆ་གཉིས་པདྨ་བྱ། ལྷག་མའི་ཕྱོགས་རེ་རེའི་ཆ་ལ་ཚངས་ཐིག་གི་སྟེང་ནས་ཟུར་ཐིག་ཅུང་ཟད་ཐལ་ཞིང་ཕྱོགས་གཞན་གྱི་དངོས་ཐིག་ལ་རེག་པའི་ཐིག་དྲང་པོ་བཞི་བཏབ་སྟེ། ཕྱོགས་བཞི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་བང་རིམ་ལྟར་ཇེ་ཆུང་ཇེ་ཆུང་བྱས་པ། མཚམས་དེའི་ཟུར་ཐིག་གི་དཀྱིལ་ནས་བཅད་པའི་གྲུ་བཞི་པ་བཞི་བྱེད། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཕྱི་རོལ་གྱི་ཟུར་ཀུན་ཏུ་པདྨས་བསྐོར་བ་ལ། ཕྱོགས་བཞིར་རིའི་རྒྱལ་པོ་རི་རབ་བང་རིམ་བཞིའི་ཤར་དཀར། ལྷོ་སྔོ༌། ནུབ་དམར། བྱང་སེར་པོ། ཟུར་བཞི་ན་སྔོན་པོ་གྲུ་བཞིའི་ཕྲེང་བ། རི་རབ་དེའི་ཕྱི་རོལ་ལྕགས་རིའི་ནང་གི་བར་དུ་མཚོ་རིས་བྱས་པ་ལ་མཚོའི་དབུས་ནས་ཐོན་པ་ལྟ་བུའི་གླིང་བཞི་གླིང་ཕྲན་བརྒྱད། ཤར་དུ་གླིང་གསུམ་ཟླ་གམ། ལྷོར་གླིང་གསུམ་སོག་ཁ། ནུབ་ཏུ་གླིང་གསུམ་ཟླུམ་པོ། བྱང་དུ་གླིང་གསུམ་གྲུ་བཞི། དེས་ན་ཤར་དུ་དཔལ་བེའུ་དང་འཁོར་ལོ། ལྷོར་པདྨ་དང་རྒྱལ་མཚན། ནུབ་ཏུ་གདུགས་དང་བུམ་པ། བྱང་དུ་དུང་དང་ཉ་བྲིས། དེའི་མཐའ་སྐོར་དུ་མངའ་དབུལ་གྱི་མཆོད་པ་རྣམས་བཤམས། གཞན་ཡང་རང་གི་ཡི་དམ་གྱི་ལྷའི་གཏོར་མ་དང༌། ཆོས་སྐྱོང་གཏོར་མ་འབྱུང་པོ་ཐམས་ཅད་པའི་གཏོར་མ་དང༌། གཞི་བདག་གཏོར་མ་རྣམས་བཤམས་ལ་རྡོར་དྲིལ་དང་དུང་རྔ་རོལ་མོ་ལ་སོགས་པའི་སྒྲ་དང་བཅས་པས་བྱིན་དབབ། བདག་བསྐྱེད་བཟླས་གཏོར་དང་བཅས་པ་བསྒྲུབ་རྗེས། ལྷ་བུམ་དཀྱིལ་མཆོག་ལྟར་བསྒྲུབ། ཁྲུས་ཀྱི་བུམ་པ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་བཾ་ལས་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་བཅུད་སྣ་ཚོགས་པས་བཀང་བར་བསམ་ལ། ཞོའི་བུམ་པ་ལ་ད་དྷི་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས། དེ་བཞིན་དུ་སྔགས་ཀྱི་ཐོག་མཐའ་གཉིས་འདྲ་ལ་འབྲས་བུ་སྣ་ཚོགས་ཀྱི་བུམ་པ་ལ་ཕ་ལ་སྣ་ན་དང༌། འབྲུ་སྣ་ཚོགས་ཀྱི་བུམ་པ་བྲུ་ཧི་སྣ་ན་དང༌། འབྲས་ཡོས་ཀྱི་བུམ་པ་ལ་ལབྫ་སྣ་ན་དང༌། སྨན་སྣ་ཚོགས་ཀྱི་བུམ་པ་ལ་ཨོ་ཥ་དྷི་སྣ་ན་དང༌། དྲིའི་བུམ་པ་ལ་གྷནྡྷེ་སྣ་ན་དང༌། མངར་གསུམ་གྱི་བུམ་པ་ལ་ཏྲི་མ་དྷུ་སྣ་ན་དང༌། རིན་ཆེན་སྣ་ཚོགས་ཀྱི་བུམ་པ་ལ་མ་ཎི་སྣ་ན་ལ་ཐོག་མཐའ་བཏགས་པ་བརྗོད་ལ་བྱིན་གྱིས་བརླབས། འདིར་ཁྲུས་ཀྱི་བུམ་པ་ལ་ལྷ་བསྐྱེད་མི་དགོས། རབ་གནས་རྒྱས་འབྲིང་བསྡུས་གསུམ་གང་བྱེད་ཀྱང་ཁྲུས་བུམ་དགོས་ཏེ། ལྷ་ལ་ཕལ་ཁྲུས་དང་མཆོག་ཁྲུས་གཉིས་ཀ་དགོས་པར་བཤད་པའི་ཕྱིར། གཞན་ཡང་འཇུག་པ་བདེ་ཁྱད་ཀྱིས་མེ་ཏོག་ནི་སྐབས་འདིར་བླངས་ནས་བསྒྲུབ་ན་ལེགས། དེ་ནས་གསོལ་བ་གདབ་པ་ནི། སོ་སོའི་ལག་ཏུ་མེ་ཏོག་ཐོགས་ཏེ། ཡོན་ཏན་དྲན་པའི་སྒོ་ནས། གང་འདིར་བཅོམ་ལྡན་འདས་ཞེས་པ་ནས། འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་སོ་སོའི་མཇུག་ཏུ་རབ་ཏུ་གནས་བྱའི་རྟེན་ལ་མེ་ཏོག་འཐོར། སྤོས་ཀྱི་བདུག་རོལ་མོ་འབུལ་ཞིང༌། ཨོཾ་ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱཧཱ། ཞེས་གསུངས། རབ་ཏུ་གནས་བྱའི་ལྷ་སྒྲོལ་མ་ལྟ་བུ་ཡིན་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་ལྟ་བུ་ལྷ་སོ་སོ་རང་རང་གིས་ངོ་ཤེས་པའི་སྔགས་ཡོད་པ་དེ་དང༌། ཨོཾ་བཛྲ་ས་ཏྭ་ཧཱུཾ་ཞེས་པ་རང་གི་ཡི་དམ་གྱི་ལྷའི་སྔགས་ཀྱང་བརྗོད་དོ། །སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ལ། ངག་ནས་ཀྱང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ངོ་མཚར་ཆེན་པོ་གྲངས་མེད་ཅིང༌། བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཞེས་པ་ནས། དངོས་གྲུབ་ཀྱི་མཆོག་སྩོལ་ཞིང་གནང་བ་མཛད་དུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་འཐོར། རྟེན་བསྐྱེད་པ་ནི། ལས་བུམ་གྱི་ཆུས་རྟེན་ལ་གཏོར་ལ། བིགྷཱན་ཏཀྲིཏ་དམ་ཧྲཱིཿཥྚྲཱིཿའམ་བཛྲ་ཡཀྵ་ལྟ་བུའི་རང་རང་གི་ལས་སྔགས་ཀྱིས་བསངས། སྭ་བྷ་ཝའམ་ཤཱུནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་གསུང་རབ་ཀྱི་པོ་ཏི་རྣམས་པད་ཉིའི་སྟེང་དུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་ལ་རང་འདྲའི་ཡུམ་གོས་དཀར་མོས་འཁྱུད་པ་དང༌། མཆོད་རྟེན་དང་གཙུག་ལག་ཁང་དང་ཁང་བཟང་སོགས་ལ་པད་ཟླའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་ལ་རང་འདྲའི་ཡུམ་སྤྱན་མས་འཁྱུད་པར་བསྐྱེད་པའམ། ཡང་ན་དཀྱིལ་འཁོར་གང་ལ་བརྟེན་པའི་སྐབས་དང་སྦྱར་བའི་གསུང་དང་སྐུ་རྡོ་རྗེར་བསྐྱེད་ཀྱང་རུང༌། སྐུ་གཟུགས་རྣམས་རབ་ཏུ་གནས་བྱའི་ལྷ་དེ་དང་དེར་བསྐྱེད་པའམ། ཡང་ན་ཐམས་ཅད་ལ་རྡོ་རྗེ་འཆང་དཀྱིལ་འཁོར་རང་རང་གི་གཙོ་བོར་བསྐྱེད་པ་སོགས་ཇི་ལྟར་འདོད་པ་བྱ་ལ། དེ་ཡང་གཙོ་བོར་འཇིགས་བྱེད་ཀྱི་སྒོ་ནས་ཡིན་ན་སྟོང་པའི་ངང་ལས་རབ་ཏུ་གནས་བྱའི་རྟེན་རྣམས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཞེས་པ་ནས། གཡོན་པས་ཡབ་ལ་འཁྱུད་པ་རེ་རེར་གྱུར། ཞེས་བརྗོད་ལ་རྟེན་བསྐྱེད། དེ་ནས་གདན་ལ་རྟེན་བཞག །ཆུ་བཞི་དབུལ་བ་ནི། རབ་ཏུ་གནས་བྱའི་རྟེན་རྣམས་ཁྲུས་དཀྱིལ་གྱི་སྟེང་དུ་དངོས་སུ་བཞག་པའམ། བཞག་པར་མོས་ལ་ཚིགས་བཅད་དམ། ཡང་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་པའི་སྔགས་ཙམ་ཕྱག་རྒྱ་དང་བཅས་པས་མཆོད་ཡོན། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པཱ་ཏྱཾ་དང༌། ཨཉྩ་མ་ཎཾ་པྲོཀྵ་ཎཾ་དང་སྦྱར་ལ། སོ་སོའི་ཕྱག་རྒྱ་དང་བཅས། ཞབས་བསིལ། ཞལ་བསིལ། བསང་གཏོར་རྣམས་འབུལ་ལོ། །གཉིས་པ་སྦྱངས་པ་ནི། སྡོམ་ནི། གཏོར་མ་ཡུངས་ཆུ་ཁམ་ཕོར་ལྕི། །ཟན་ཆང་རས་ཀྱིས་བྱབས་ནས་ནི། །ཉེ་རེག་མཆོད་བདུག་སྦྱངས་པའོ། །ཞེས་གསུངས་པ་ལྟར། སྦྱངས་པ་ལ་བགེགས་སྦྱངས་པ། སྡིག་པ་སྦྱངས་པ་གཉིས། དང་པོ་ལ། ཐོག་མར་ཁྲོ་བོ་སྤྱན་དྲངས་པ་ནི། ཧཱུཾ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །ནས། གཤེགས་སུ་གསོལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཁྲོ་བོའི་ཚོགས་ཐམས་ཅད་བཛྲ་ས་མ་ཛཿས་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། དེ་ནས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷརཱ་ཛཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ། བླ་མེད་ཀྱི་སྐབས་སུ་ནང་མཆོད་འབུལ། ཧཱུཾ་ཆོས་ཉིད། ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་གྱིས་བསྟོད་ལ། གཏོར་མ་བསང་སྦྱངས། སྐྱེ་མཆེད་བྱིན་གྱིས་བརླབ་པའམ། བསྡུ་ན། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷཱརྨཱ་ཎཾ་ཨཏྱ་ནུཏྤན་ན་ཏྭ་ད་ཨོཾ་ཨཱ་ཧཱུཾ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རབ་ཏུ་གནས་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་རྣམས་བཀུག་པར་གྱུར། སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭོ་མུ་ཁེ་བྷྱཿ སརྦ་དཏ་ཁཾ་ཨུད་ག་ཏི་སྥ་ར་ན་ཧི་མཾ་ག་ག་ན་ཁཾ་གྷྲི་ཧ་ན་ཏཾ་བ་ལིཾ་ཏ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ་རྔན་པ་བྱིན་ཏེ་བགེགས་བསྐྲད་པ་ནི་ཞི་བའི་སྦྱངས་པའོ། །ཏིང་ལོ་ཆང་བུ་དང་བཅས་པ་རྟེན་ལ་ཕྱིར་བསྐོར་ཞིང༌། སྔགས་སུམྦྷ་ནི་བཟླས་ལ་ཕྱིར་དོར་ཏེ་བགེགས་བསྐྲད་དང་བཅས་པ་ནི་ཞི་དྲག་ཕྱེད་མའི་སྦྱངས་པ་སྟེ། རྫས་ཞི་བ་དང་སྔགས་དྲག་པོ་ཡིན་པས་སོ། །དེ་ནས་སངས་རྒྱས་ཀྱི་བདེན་པ་དང༌། ཞེས་པ་ནས། བདེན་པའི་བྱིན་རླབས་ཀྱིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ། ཞི་བའི་སེམས་དང་ལྡན་པས་རང་རང་གི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་ནས་མགོ་བོ་རྣམ་པ་བརྒྱར་འགས་པར་འགྱུར་རོ། །སུམྦྷ་ནི་དང་ཧྲཱིཿཥྚྲཱིཿསོགས་དྲག་ཏུ་བརྗོད་ལ་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། ཚམས་རྔམ་དང་རོལ་མོའི་སྒྲ་དྲག་ཏུ་བྱས་ཏེ། གཏོར་མ་བྱིན་ཀྱང་འགྲོ་བར་མི་འདོད་པའི་བགེགས་རྣམས་ནམ་མཁར་བཞུགས་པའི་ཁྲོ་བོ་དང་རྣལ་འབྱོར་བ་ལས་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་ཚར་བཅད་པར་བསམ་པ་ནི། དྲག་པོའི་སྦྱངས་པ་སྟེ། རྫས་སྔགས་ཏིང་ངེ་འཛིན་གསུམ་ག་དྲག་པོ་ཡིན་པས་སོ། །
གསུམ་པ་སྡིག་པ་སྦྱངས་པ་ལ། ཡུངས་ཀར་དང་ཆུ་དང་ཁམ་ཕོར་དཀར་པོ་དང༌། དུར་བའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆང་བུ་དང༌། ཟན་ཆང་དང་སེད་རས་དེ་རྣམས་ལ་ཧཱུཾ་ལན་བདུན་བཟླས་ལ། ཐོག་མར་ཡུངས་ཀར་ལག་པ་གཡས་གཡོན་གྱི་ཁུ་ཚུར་གཉིས་ཀྱིས་རྟེན་ལ་གཡོན་དུ་བསྐོར་ཞིང༌། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཡེ་བཛྲ་ས་ཏྭསྱ་སརྦ་བཱ་བཾ་ད་ཧ་སྭཱཧཱ། ཞེས་བརྗོད་ཅིང་མེ་ནང་དུ་དོར། དེ་བཞིན་དུ་ལག་པ་གཉིས་ཀྱིས་ཡུངས་ཀར་ཡང་བླངས་ཏེ། གཡས་སུ་ལན་གཉིས་བསྐོར་ཏེ་མེར་དོར། དེ་བཞིན་དུ་ཆུ་ནས་སེང་རས་ཀྱི་བར་རྣམས་ཁུ་ཚུར་གཉིས་ཀྱིས་གཡོན་དུ་བསྐོར་ནས་བྱབས་ཏེ་འདོར་བ་དང༌། དེ་རྗེས་ཡང་ཁུ་ཚུར་གྱིས་དེ་དག་གཉིས་པ་རྣམས་བླངས་ཏེ། གཡས་སུ་ལན་གཉིས་བསྐོར་བས་བྱབས་ཏེ་དོར་རོ། འོན་ཀྱང་ཁམ་ཕོར་མན་ཆད་མེར་མི་དོར་ཞིང༌། ཁམ་ཕོར་ནས་སེང་རས་ཀྱི་བར་བཞི་བཞི་ཚང་བར་བྱ་ལ། དེ་དག་གི་དང་པོ་གཉིས་རྣམས་ནི་གཡོན་བསྐོར་གཉིས་བྱས་ནས་དོར་བ་ལྟ་བུ་ཡིན་གྱིས་དེ་དག་སྔ་ཕྱི་གཉིས་གཉིས་ཀྱིས་གཡོན་བསྐོར་གཉིས་གཉིས་དང་གཡས་བསྐོར་གཉིས་གཉིས་གཉིས་ཀ་ལ་བྱེད། བྱབས་པ་ཡང་ཡུལ་གང་ཡིན་པ་ལ་བྱབས་པའི་རྣམ་པར་དགོས་ཀྱི། རང་གི་ལག་ནས་ཟན་ཆང་དོར་བ་ལྟར་ནི་མི་བྱ། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས་འདི་ལྟར་བསྐོར་བར་བཤད་ལ། སྡོམ་འབྱུང་ལས་ཀྱང༌། ཡུངས་ཀར་གྱིས་ནི་བསྐོར་ནས་སུ། །ལན་གསུམ་དུ་ནི་སྦྱང་བར་བྱ། །ཞེས་དང༌། དཔལ་འཛིན་གྱི་དགྲ་ནག་དཀྱིལ་ཆོག་ལས། གཡོན་པ་དང་གཡས་པའི་ཁུ་ཚུར་དག་ཏུ་ཡུངས་ཀར་བཟུང་ལ། སྐུ་གཟུགས་ལ་སོགས་པའི་མདུན་དུ་གཡོན་པ་དང་གཡས་པས་བསྐོར་ཞིང་མེའི་ནང་དུ་བླུགས་ཏེ། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཡ་བཛྲ་ས་ཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱཧཱ། ཞེས་པའི་སྔགས་འདིས་བཏབ་པའི་ཁམ་ཕོར་ལན་གསུམ་གྱི་བར་དུ་བསྐོར་ལ་བསྐུར་བར་བྱའོ། །ཞེས་གསུངས་པ་ལྟར་ལན་གསུམ་བསྐོར་ནའང་རུང་བར་མངོན་ནོ། །སྦྱང་བའི་དོན་ཡང་སྡིག་པ་དང་བྱུར་དང་མི་གཙང་བ་སྦྱང་བར་འདོད་པའི་ཚུལ་གསུམ་བཤད་པའི་སྐབས་ཐོབ་ཤེས་དགོས་པར་མངོན། དེ་ནས་ལག་པ་གཡོན་ཆུ་གཙང་བཟུང༌། གཡས་པའི་གུང་མོ་དང་སྲིན་ལག་གིས་ཆུ་བླངས་ཏེ། རྟེན་སྐུ་གཟུགས་རྣམས་ཀྱི་ཁ་རྣ་བ་མིག་སྣ་ལག་ལྟེ་བ་མགོ་བོ་རྣམས་སུ་དངོས་སུ་རེག་པའམ། མེ་ལོང་ལ་གཟུགས་རྙན་ཤར་བ་དེ་ལ་དེ་ལྟར་བྱ་ལ། རྟེན་གླེགས་བམ་སོགས་སྐུ་གཟུགས་མ་ཡིན་པ་དག་ལ་རྟེན་དེ་ལྟར་གསལ་བའི་གནས་དེ་དག་ཏུ་རེག་པར་བསམ་ལ་རྟེན་ནམ་མེ་ལོང་ལ་རེག །དེ་ནས་ཧྲཱིཿཥྚྲཱིཿའམ། བཛྲངྷྲིཀ་ལྟ་བུ་དཀྱིལ་འཁོར་གྱི་གཙོ་བོའི་སྔགས་བརྗོད་ཅིང་རྟེན་རྣམས་ཀྱི་ཐུགས་ཀར་དྲི། དབུ་ལ་མེ་ཏོག །མདུན་དུ་མཆོད་ཡོན་འབུལ། མར་མེ་བསྐོར་བཞིན་པར། ཨོཾ་བཛྲ་ཨམྲི་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་དང༌། ཧཱུཾ་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ། །སྦྱང་བའི་དོན་བཤད་ཟིན་ཏོ། །
གསུམ་པ་ཁྲུས་ཀྱི་རིམ་པ་ལ་སྡོམ་ནི། སྙན་གསན་བདུད་རྩི་བ་བྱུང་ཆུ། །ཤིང་ཤུན་འབྲུ་མང་སྐྱུ་རུ་ར། །ཡུངས་པ་དྲི་ལྔའི་ཕྱེ་མ་རྣམས། །དུར་སྔོན་བིར་གྱིས་བྱུགས་ནས་སུ། །ལྷ་རྣམས་སྤྱན་དྲངས་བཀྲ་ཤིས་གླུ། །སྔོན་བྱས་ལྷ་ཡི་བུམ་པའི་ཆུས། །བཀྲུ་དབྱི་དྲི་དང་གོས་རྒྱན་ཁྲུས། །ཞེས་པ་ལྟར་ལས། སྤྲོས་པ་ལ་དགའ་ན། ཁྲུས་བུམ་ལག་ཏུ་ཐོགས་ཏེ། ཐམས་ཅད་འགྲེང་སྟེ་བྱ་བའམ་འདུག་ཀྱང་རུང་སྟེ་མགྲིན་གཅིག་ཏུ། བཅོམ་ལྡན་འདས་ནས། ཁྲུས་འདི་གསོལ་བར་བགྱིའོ། །ཞེས་པ། བསྡུ་ན་འདི་ཙམ་གྱི་སྙན་གསན་དབབ། སྤྲོ་ན་དབྱངས་དང་བཅས་པས། ནག་པོ་བས་མཛད་པ་ལས། རི་བོ་ལྟར་ནི་མཛེས་པ་ཡི། །ཞེས་པ་ནས། བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཞེས་པའི་བར་བརྗོད་ལ། ཚིག་རྐང་བཞི་པ་ལ་བུམ་པ་གཡོ་བ་དང༌། རོལ་མོ་བྱེད་པའི་ཕྱག་ལེན་བླ་མ་དམ་པ་འགའ་ཞིག་གིས་བྱེད་པ་མཐོང༌། དེ་ལྟར་སྙན་གསན་རྒྱས་བསྡུས་ཅི་རིགས་བྱས། དེ་ནས་ཁྲུས་རྫས་ལ་ཞོ་འོ་མ་མར་སྦྲང་རྩི་ཀ་ར་སྟེ་བདུད་རྩི་ལྔ་དང༌། བའི་འོ་མ་ཞོ་མར་ལྕི་བ་ཆུ་སྟེ་བ་བྱུང་ལྔ་དང༌། ནྱ་གྲོ་ཏ། ཨུ་ཏུཾ་ཝཱ་ར། པཱ་ལ་ཤ། བི་བི་ལི། གྷནྜ་མུ་ཏྲ་སྟེ། འོ་མ་ཅན་གྱི་ཤིང་ལྔ་ཞེས་བཤད་ཀྱང༌། མ་རྙེད་ན་འོ་མ་ཅན་གྱི་ཤིང་ཇི་ལྟར་རིགས་པའི་ཕྱེ་མ་དང་ཙན་དན་དཀར་དམར། ཨ་ཀ་རུ། གུར་གུམ། གྲན་ཐི་ཀ་སྟེ་ལྔའམ། གུར་གུམ། ཨ་ཀ་རུ། གླ་རྩི། ག་བུར། ཙན་དན་སྟེ་དྲི་ལྔའི་ཕྱེ་མ་རྣམས་མཁར་པའི་སྣོད་དུ་སྦྱར་བ་ལ་ལས་ཐམས་ཅད་པ་དང༌། ཧཱུཾ་ལན་བདུན་བཟླ་བར་ཡང་བཤད། ཁྲུས་བྱེད་ཚུལ་ཕྱག་ལེན་མི་འདྲ་བ་འདུག་ཡང༌། དཔལ་འཛིན་གྱི་དཀྱིལ་ཆོག་ལས། ཐོ་རངས་ཀྱི་དུས་སུ་སྐུ་གཟུགས་གོས་སེར་པོས་གཡོགས་ལ་ཤར་དུ་བསྟན་ལ་ཁྲུས་བྱའོ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཨོཾ་ཧཱུཾདྲཱཾ་ཧྲཱིཿཨཱཿཞེས་བྱ་བའི་ས་བོན་གྱིས་བའི་རྣམ་པ་ལྔ་ལ་མངོན་པར་བསྔགས་ལ་བྱུགས་པར་བྱའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སཱ་ཧཱ། ཞེས་བྱ་བས་མར་ཁུ་དྲི་ཞིམ་པོ་ལ་མངོན་པར་བསྔགས་ལ་དུར་བའི་ཆུན་པོས་བྱུགས་པར་བྱའོ། །དེ་ནས་ཤུན་པ་ལྔ་མཁར་བའི་སྣོད་དུ་བཞག་མར་ཁུ་ཕྱི་བར་བྱའོ། །དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་སོ་སོའི་ཆུས་སྐུ་ཁྲུས་གསོལ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང༌། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་འདི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤཱི་ཡེ་ཧཱུཾ། ཞེས་བྱ་བས་སྔགས་ཀྱིས་སོ། །དེའི་རྗེས་ལ་ནམ་མཁའ་ལ་བཞུགས་པའི་ཙརྩི་ཀ་ལ་སོགས་པའི་རིག་པའི་ཚོགས་རྣམས་སྤྱན་དྲངས་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་བཀང་པའི་བུམ་པ་བསྣམས་པས་དབང་བསྐུར་བར་བསམ་ལ། དེ་ནས་རས་ཀྱིས་རླན་མེད་པར་ཕྱིས་ལ་སྔར་གྱི་རང་རང་གི་གནས་སུ་བཞག་པར་བྱའོ། །རས་བྲིས་སམ་གླེགས་བམ་མམ། མཆོད་རྟེན་རྣམས་ལ་ནི་མེ་ལོང་ལ་སྔར་གྱི་རིམ་པས་ཁྲུས་གསོལ་བར་བྱའོ། །ཞེས་བྱ་བ་ནི་ཁྲུས་ཀྱི་རིམ་པའོ། །ཞེས་གསུངས་པ་ལྟར། དྲི་ཞིམ་དང་ལྡན་པའི་མར་གྱིས་བྱུགས་ལ། འདག་ཆལ་ལ་སོགས་པའི་ཕལ་ཁྲུས་དང༌། དེའི་རྗེས་ལྷ་བུམ་གྱི་ཁྲུས་དགོས་ཏེ། རྒྱུད་སྡོམ་འབྱུང་ལས། དྲི་དང་ལྡན་པའི་མར་གྱིས་བྱུགས། །འདག་ཆལ་གྱིས་ནི་ཁྲུས་ཀྱང་བྱ། །སླར་ཡང་བུམ་པ་སོ་སོ་ཡིས། །སྐུ་གཟུགས་རྣམས་ནི་ཁྲུས་ཀྱང་བྱས། །ཞེས་པས་ཀྱང་སྒྲ་སྔ་མས་འདག་རྫས་ཀྱིས་བྱུག་དགོས་པར་མ་ཟད། འདག་ཆལ་གྱིས་ཕལ་ཁྲུས་ཀྱང་བསྟན། ཕྱི་མའི་སླར་ཡང་གི་སྒྲས་ཕལ་ཁྲུས་སུ་མ་ཟད་ལྷ་བུམ་སོ་སོས་སླར་ཡང་ཁྲུས་དགོས་པར་བསྟན། ཀྱང་སྒྲ་ཕྱི་མས་ཁྲུས་གཉིས་ཀྱི་ཚེ་དབྱི་དགོས་པར་ཡང་བསྟན། དེ་ལ་ལག་ཏུ་བླངས་པའི་རིམ་པ་ནི། སྐུ་གཟུགས་སོགས་དངོས་སུ་བཀྲུ་དབྱི་འོས་པ་རྣམས་ལ་དངོས་སུ་བྱ་ལ། དངོས་སུ་བཀྲུ་དབྱི་མི་འོས་པའི་རས་བྲིས་གླེགས་བམ་ལ་སོགས་པ་རྣམས་ནི་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བཀྲུ་དབྱི་བྱ་དགོས་ལ། དེ་ཡང་ཐོག་མར། ཨོཾ་ཧཱུཾ་དྲཱཾ་ཧྲཱིཿཨཱཿཞེས་བརྗོད་ལ་དུར་བའི་པིར་གྱིས་པའི་རྣམ་ལྔ་བྱུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱཧཱ། ཞེས་བརྗོད་ལ་དུར་བའི་ཆུན་པོས་དྲི་ཞིམ་དང་ལྡན་པའི་མར་བྱུགས། འོ་མ་ཅན་གྱི་ཤིང་ཤུན་གྱི་ཕྱེ་མས་མར་དབྱི། དེ་ནས་སྤྲོ་ན་ཁྲུས་བུམ་བརྒྱད་པོ་སོ་སོར་བསྒྲུབ་ཡོད་ན། དྲི་སྣ་ཚོགས་ཀྱི་བུམ་པ་ཐོགས་ཏེ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། ྾། ཨོཾ་སརྦ་ཏ་ཐཱ་ག་ཏ༌྾ཧཱུཾ་ཞེས་བརྗོད་ལ་བཀྲུ། ཁྲུས་རས་དཀར་པོ་སོགས་ལ་དྲི་ཞིམ་གྱི་ཆུས་མན་ངག་ལྟར་ཨོཾ་ཧཱུཾ་དྲཱཾ་ཧྲཱིཿཨཱ་བྲིས། དེ་ལྔ་བརྗོད་ཅིང་དྲིའི་ཐིག་ལེ་ལྔ་བྱས་པ་ཕྲག་པ་ནས་བསྐོར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱཧཱ། ཞེས་བརྗོད་ལ་སྐུ་དབྱི། དེ་ནས་ཡང་བ་བྱུང་མར་ཁུ་ཤིང་ཤུན་ཕྱེས་མཉེ་ང་གསུམ་བྱས་ལ། མངར་གསུམ་གྱི་བུམ་པ་ཐོགས་ཏེ། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་བརྗོད་ཅིང་བཀྲུ། ཡང་སྔར་ལྟར་རས་དཀར་པོས་དབྱི། འོག་མ་རྣམས་ལ་ཡང་རྫས་གསུམ་གྱིས་བཀྲུ་བ་དང༌། དེ་ནས་བུམ་ཆུས་བཀྲུ་ཞིང༌། དབྱི་བ་རྣམས་མཚམས་ཀུན་ཤེས་པར་བྱ། རྫས་གསུམ་བསྐུ། ཞོའི་བུམ་པ་ཐོགས་ཏེ། འདི་ནི་སྦྱིན་པའི་ནས། སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ད་དྷི་སྣ་ན་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་ཡ་ཤཱི་ཡེ་ཧཱུཾ། ཞེས་བརྗོད་ལ་བཀྲུ། སྔར་ལྟར་དབྱི། རྫས་གསུམ་བྱུགས། འབྲས་བུ་སྣ་ཚོགས་ཀྱི་བུམ་པ་ཐོགས་ཏེ། འདི་ནི་ཚུལ་ཁྲིམས༌྾གསོལ། སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། ད་དྷིའི་གནས་སུ་ཕ་ལ་སོགས་བརྗོད་ལ་བཀྲུ་དབྱི། འབྲུ་སྣ་ཚོགས་ཀྱི་བུམ་པ་ཐོགས་ཏེ། འདི་ནི་བཟོད་པའི༌྾ བྲུ་ཏི་སྣ་ན༌྾ཧཱུཾ་བཀྲུ་དབྱི་རྫས་གསུམ་བྱུགས། འབྲས་ཡོས་ཀྱི་བུམ་པ་ཐོགས་ཏེ། འདི་ནི་བརྩོན་འགྲུས༌྾གསོལ། ཨོཾ་སརྦ༌྾ལབྫ་྾བཀྲུ་དབྱེ་རྫས་གསུམ་བྱུགས། སྨན་སྣ་ཚོགས་པའི་བུམ་པ་ཐོགས་ཏེ། འདི་ནི་བསམ་ཏན༌྾གསོལ། ཨོཾ་སརྦ༌྾ཨོཾ་ཥདྷི་ཤྲཱི་ཡེ་ཧཱུཾ། བཀྲུ་དབྱི། རྫས་གསུམ་བྱུགས། རིན་པོ་ཆེའི་བུམ་པ་ཐོགས་ཏེ། འདི་ནི་ཤེས་རབ༌྾གསོལ། ཨོཾ་྾མ་ཎི་྾ཧཱུཾ་བཀྲུ་དབྱི། དེ་དག་སྐུ་ལ༌྾སྐུ་དབྱིའོ། །ཨོཾ་ཧཱུཾ་དྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཧཱ། གཞན་ཡང་ཚིགས་བཅད་ཅི་རིགས་ཀྱིས་བཀྲུ་དབྱི་བྱས། བཀྲུ་བའི་ཚེ་རོལ་མོ་ཡང་བྱ། དེ་ནས་མཆོག་ཁྲུས་ལ་དབང་བསྐུར་མཁན་གྱི་ལྷ་སྤྱན་དྲངས་དབང་བསྐུར་པར་བསམས་ནས་མཆོག་ཁྲུས་བྱ་དགོས་ཏེ། དགྲ་ནག་གི་དཀྱིལ་ཆོག་ལས། དེའི་རྗེས་ལ་ནམ་མཁའ་ལ་བཞུགས་པའི་ཙརྩི་ཀ་ལ་སོགས་པའི་རིག་པའི་ཚོགས་རྣམས་སྤྱན་དྲངས་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་བཀང་བའི་བུམ་པ་བསྣམས་པ་དེ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །ཞེས་གསུངས་པས། ལྷ་སྤྱན་དྲངས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོའི་ཚོགས་བཛྲ་ས་མ་ཛཿ མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་ནས། བགེགས་བསྐྲད་པར་བསམ་ལ། རྟེན་ལ་མངོན་དུ་ཕྱོགས་པར་ལས་ཀྱི་བུམ་པ་བཏེགས། མེ་ཏོག་གི་ཆར་འབེབས་བཞིན་པས། བཀྲ་ཤིས་གང་ཞིག་སོགས་བཀྲ་ཤིས་ཀྱི་གླུ་བླངས། ཚིག་རྐང་བཞི་པའི་ཚེ་རོལ་མོ་བཀྲོལ་ཞིང༌། མེ་ཏོག་གི་ཆར་འབེབས་པའི་ཤིས་པ་བརྗོད་པ་སྔོན་དུ་བཏང་སྟེ་ལྷའི་བུམ་པ་བླངས་ལ། ཇི་ལྟར་བལྟམས་པ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་བཛྲ་ས་ཏྭ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་བརྗོད་ཅིང་བུམ་ཆུས་བཀྲུ། ཕྱིན་དྲུག་ཅི་རིགས་ཀྱི་ཚིགས་བཅད་བརྗོད་ལ་ཁྲུས་བྱ། གང་ལ་ཉེས་པ་མི་མངའ་ཞིང༌། ྾ ཁྲུས་གསོལ། །ཞེས་བརྗོད་ལ་ཁྲུས་བྱ། དེ་ནས་སྐུ་མཆོག༌྾ཤོག །ཅེས་བརྗོད། སྐུ་དབྱི་བ་ནི། དེ་དག་སྐུ་ལ༌྾སྭཱཧཱ། སྔར་ལྟར་རས་ཀྱིས་དབྱི། བདེར་གཤེགས༌྾ཤོག །དེ་ནས་སྟོང་གསུམ༌྾བ་བུ་ཥ་ཎེ་སྭཱཧཱའི་བར་གྱིས་དྲི་བྱུགས་པ་ན་བཟའ་རྒྱན་འབུལ་བ་རྣམས་དངོས་སུ་བྱ།
གཉིས་པ་དངོས་གཞི་ལ། སྡོམ་ནི། མིག་དང་སྐུ་སོགས་བྱིན་གྱིས་བརླབས། །ཡེ་ཤེས་སྤྱན་དྲངས་མཆོད་ནས་ནི། །གསོལ་བཏབ་དམ་ཚིག་པ་ལ་གཞུག །དབང་ལྷ་སྤྱན་དྲངས་མཆོད་ནས་ནི། །དབང་བསྐུར་རིགས་བདག་གིས་རྒྱས་བཏབ། །མཆོད་བསྟོད་གོས་རྒྱན་མེ་ལོང་བསྟན། །སྦྱིན་སྲེག་འབུལ་ཞིང་སྤྱན་དབྱེ་སོགས། །ཞལ་བསིལ་མཆོད་ཡོན་སོ་རྩི་འབུལ། །དམ་བསྒྲག་ནས་ནི་གཟུགས་བསྒྱུར་བྱ། །ཞེས་པ་ལྟར་ལས། བསྡུ་ན། ལྷ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། ཞེས་པ་དང༌། འབྲིང་དུ་བྱེད་ན་སྐྱེ་མཆེད་སྐུ་གསུང་ཐུགས་གསུམ་ལ་ས་བོན་འགོད་པར་བྱའོ། །རྒྱས་པར་བྱེད་ན་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་རླབས་རང་རང་གི་གཞུང་ལྟར་བྱེད། འཇིགས་བྱེད་ལ། རབ་ཏུ་གནས་བྱའི་ལྷ་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵཾ་དང་འཁོར་ལོ་ལས་རྡོ་རྗེ་མིག་དཀར་པོ་དཀར་སྔོ་ཞེས་པ་ནས། ཐུགས་རྡོ་རྗེའི་ལྟེ་བའི་ནང་དུ་ཧཱུཾ་དང་རྡོ་རྗེ་ལས་ཐུགས་རྡོ་རྗེ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པར། ཟ་མ་ཏོག་ལྟར་ཕྱག་མཚན་དང་བཅས་པ་བསྐྱེད། དེ་ནས་ཡེ་ཤེས་པ་སྤྱན་དྲངས་པ་ནི། ལག་ཏུ་སྤོས་ཐོགས་ཏེ་རྡོར་དྲིལ་རོལ་མོ་དང་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། ནས། མདུན་གྱི་ནམ་མཁར་བཞུགས་པར་གྱུར་པར་བསམ་ལ། བཅོམ་ལྡན་ཐུགས་རྗེའི་བློ་དང་ལྡན་པར་མཛོད། ཅེས་བརྗོད་ལ་སྤྱན་དྲངས་ནས་བཞུགས་སུ་གསོལ་ནས། མཆོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གསོལ་བ་གདབ་པ་ནི། བདག་ཉིད་ཀྱི་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་གྱུར་བར་བསམ་ལ། གཡས་སྤོས་ཕོར་ཐོགས་ཏེ། གཡོན་དྲིལ་བུ་དཀྲོལ་ཞིང༌། ཐུགས་རྗེས་ཡིས་ནི་྾ མཛད་པར་འོས། ལན་གསུམ་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་བྱིན་པར་གྱུར་པར་བསམ་ལ། དམ་ཚིག་པ་ལ་གཞུག་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ་ཛཿ ཞེས་བརྗོད་པས་ཡེ་ཤེས་པ་དམ་ཚིག་པ་སོ་སོའི་སྟེང་དུ་བཀུག །འདོད་རྒྱལ་གྱི་ཕྱག་རྒྱ་བྱས་ལ་ཧཱུཾཿཞེས་བརྗོད་པས་དམ་ཚིག་པ་སོ་སོ་ལ་ཞུགས། ལྕགས་སྒྲོག་གི་ཕྱག་རྒྱ་བྱས་ལ་བཾ་ཞེས་བརྗོད་པས་དེ་དག་ལ་ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་དུ་འདྲེས། དྲིལ་བུ་དཀྲོལ་པའི་རྣམ་པ་བྱས། ཧོཿཞེས་བརྗོད་པས་དགྱེས་བཞིན་དུ་བཞུགས་པར་བསམ་ལ། དེ་ནས་དབང་ལྷ་སྤྱན་དྲངས་པ་ནི། རང་གི་ཐུགས་ཀའི་ཁྲོ་བོ་དང་ཁྲོ་མོའི་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿས་སྤྱན་དྲངས་མཆོད། དེ་བཞིན་གཤེགས་པ༌྾ དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས། ཞེས་པ་ནས་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས་རབ་གནས་ཀྱི་ལྷ་སོ་སོ་ལ་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་སོགས་ཀྱིས་དབུ་བརྒྱན་པར་གྱུར། ཐམས་ཅད་རྡོ་རྗེ་འཇིགས་བྱེད་དུ་བསྐྱེད་པ་ཡིན་ན། མི་བསྐྱོད་པས་དབུ་བརྒྱན་པར་བསམ་དགོས་ཀྱིས། རྡོ་རྗེ་སེམས་དཔའ་ཞེས་པ་དོར། དེ་ནས་རབ་གནས་ཀྱི་ལྷ་ལ་མཆོད་པ་ནི། རང་རང་གི་དཀྱིལ་འཁོར་དང་འབྲལ་བར་བྱིན་གྱིས་རླབས་ལ་ཆུ་བཞི་ཉེར་སྤྱོད་རོལ་མོ་རྣམས་ཕྱག་རྒྱ་དང་བཅས་པས། དག་ཅིང་དྲི་མེད་སོགས་དང༌། ལྷ་ཡི་མེ་ཏོག་སོགས་ཀྱིས་འབུལ། བླ་མེད་ཀྱི་སྐབས་སུ་ནང་མཆོད་ཀྱང་འབུལ། བསྟོད་པ་ནི། གསང་འདུས་ལྟར་ན་མི་བསྐྱོད་རྡོ་རྗེ་སོགས་དང༌། འཇིགས་བྱེད་ལྟར་ན་འཇམ་དཔལ་གསེར་མདོག་མ་ལྟ་བུས་བསྟོད། གོས་ཟུང་བཏེགས་ལ། སྲབ་འཇམ་ཧཱ་སྭཱ་ས་གོས་ཕུལ། རིན་པོ་ཆེའི་རྒྱན་དྲུག་ལ་སོགས་བཏེགས་ལ། རྒྱལ་བ་མཚན་དཔེ་སོགས་ཀྱིས་རྒྱན་ཕུལ། མེ་ལོང་བསྟན་ལ། ཨ་ལས་སྐྱེས་པའི་མེ་ལོང༌། ྾ས་ཏྭཨཿ དེ་ནས་གྲུབ་ན་རབ་གནས་ཀྱི་ལྷ་སོ་སོ་ནས་མེ་ཏོག་གིས་ཐབ་ཏུ་སྤྱན་དྲངས་ལ། སྦྱིན་སྲེག་འབུལ་བར་བྱ་དགོས་ཏེ། སྡོམ་འབྱུང་ལས། དེ་ལྟར་ལས་ནི་ཀུན་བྱའི་ཕྱིར། །སྦྱིན་སྲེག་ལས་ཀྱིས་རྫོགས་པར་བྱས། །ལྷ་ཀུན་ཞལ་ནི་མེ་ཡིན་པས། །མཁས་པས་རབ་ཏུ་གནས་པར་བྱ། །ཞེས་གསུངས་སོ། འདིར་རྟེན་སོ་སོ་ལྷ་སོ་སོར་བསྐྱེད་ན་རྟེན་དེ་དང་དེའི་མདུན་ནས་ལྷ་དེ་དང་དེའི་སྔགས་བརྗོད་ལ་མེ་ཏོག་ལེན་ལ། ལྷ་གཅིག་ཏུ་བསྐྱེད་ན་དེ་དང་དེའི་མདུན་དུ་ལྷ་གཅིག་པོ་དེའི་སྔགས་བརྗོད་ནས་མེ་ཏོག་བླངས་ནས། ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་ལེན་ལྟར་འབུལ་དགོས་པའི་ཁྱད་པར་དེ་ཤེས་དགོས་ལ་གཞན་སླའོ། །སྤྱན་དབྱེ་ནི། དངུལ་གྱི་ཀོང་བུར་མར་དང་སྦྲང་རྩི་སྦྱར་བའི་མིག་སྨན་གསེར་ཐུར་སོར་བཞི་ཙམ་ལས་མི་ཆུང་བས་བླངས་ཏེ། ཇི་ལྟར༌྾ ལྷུར་མཛད་པར་གྱུར་བརྗོད། སྦྱིན་སྲེག་དང་འབྲེལ་ན་སྐབས་འདིར་འོ་ཐུག་བསྒྲུབ། མ་བསྒྲུབ་ན་དེ་དང་སྣོད་བཟང་པོར་ལྷ་བཤོས་ཆེན་པོ་ཟས་སྣ་ཚོགས་དང་རྒྱན་གྱིས་བརྒྱན་པ་ཙ་རུར་གྲགས་པ་ཡང༌། རྒྱུད་སྡེ་འོག་མ་ལྟར་ན། ཨ་ཀ་རོ་དང་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། བླ་མེད་ལྟར་ན་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། གཟུགས་སྒྲ༌྾ཆོས་ལ་སྤྱོད་པར་ཤོག་གི་བར་བརྗོད་ལ། བྱུང་ན་ཚོགས་འཁོར་དང་གླུ་གར་གྱི་མཆོད་པ་སོགས་ཀྱང་རུང་སྟེ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལས། བསོད་ནམས་ཚོགས་ཀྱི་རྒྱུན་དོན་དང༌། །ཡེ་ཤེས་ཚོགས་རྫོགས་བྱ་ཕྱིར་རོ། །དེ་ནས་ཙ་རུར་བསྒྲུབ་བྱ་སྟེ། །མེ་ལ་བཤོས་བུ་དབུལ་བྱ་ཞིང༌། །ཅུང་ཟད་བདག་ཉིད་ཀྱིས་སྤྱད་དང༌། །སྦྱིན་བདག་རྣམས་ལའང་སྦྱིན་པར་བྱ། །ཞེས་པ་ནས། ཏཾ་བུ་ལ་ཀུན་ཐམས་ཅད་ལ། །དགྱེས་བྱེད་སྦྱིན་པར་བྱ་བ་ཡིན། །ལྷག་མ་གོས་དང་སོ་རྩི་དང༌། །གང་པའི་སྲེག་བླུག་སྦྱིན་པར་བྱ། །རྡོ་ཞོ་དང་འབྲེལ་སོ་རྩི་དང༌། །ཞབས་བསིལ་བ་ནི་མཇུག་ཏུའོ། །ཡེ་ཤེས་མེ་ནི་གཤེགས་གསོལ་ཏེ། །སྔགས་བརྗོད་པ་ཡིས་བཤོས་གསོལ་བྱ། །ཞེས་གསུངས་པས་སོ། །ཚིག་རྐང་ཕྱི་མ་གཉིས་ཀྱིས་འོ་ཐུག་དང༌། ཙ་རུ་བཞེས་དུས་བསྟན་པར་སེམས་སོ། །དེ་ནས་སྔར་གྱི་སྔགས་ཀྱིས་ཞལ་བསིལ་དང་མཆོད་ཡོན་འབུལ། བུ་རམ་དང་མར་ཁུ་གོ་ཡུ་སྦྱར་བའི་སོ་རྩི། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱཧཱས་དབུལ། དམ་བསྒྲག་ནི་བྱིན་རླབས་ཅན་གྱི་རྡོ་རྗེ་ལག་ཏུ་ཐོགས་ལ། གནས་གསུམ་དུ་རེག་གམ། གནས་ལྔར་རེག་ལ། ཨོཾ་ཧཱུཾདྲཱཾ་ཧྲཱིཿཨཱཿཞེས་བརྗོད་ལ་དམ་ཚིག་བསྒྲགས། དེ་ནས་གཟུགས་བསྒྱུར་ནི། ལྷ་རང་རང་གི་སྔགས་དང༌། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་ལ་ལྷའི་གཟུགས་དེ་ཡོངས་སུ་གྱུར་པ་ལས། རབ་ཏུ་གནས་བྱའི་རྟེན་སོ་སོའི་རྣམ་པ་ཅན་དུ་གྱུར་པར་བསམ་པར་བྱ་སྟེ། དཔེར་ན་དེ་རྣམས་འཇིགས་བྱེད་ཡབ་ཡུམ་དུ་བསྐྱེད་ཡོད་ན། ཨོཾ་ཧྲཱིཿཥྚྲཱིཿའམ་ཡ་མཱནྟ་ཀ་དང་འབྲུ་གསུམ་བརྗོད་ལ། རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་རབ་ཏུ་གནས་བྱའི་རྟེན་སོ་སོའི་རྣམ་པ་ཅན་དུ་གྱུར། ཞེས་བརྗོད་ཅིང་བསམ་ལ་གཟུགས་བསྒྱུར་བྱ། དངོས་གཞིའི་ཆོ་ག་བརྗོད་ཟིན་ཏོ། །གསུམ་པ་མཇུག་གི་བྱ་བ་ལ་གསུམ། མངའ་དབུལ་དང༌། རབ་གནས་ཀྱི་གཙོ་བོ་བརྟན་བཞུགས་དང༌། ཡོན་བདག་དང་ཆོས་སྐྱོང་བསྒོ་བའོ། །
དང་པོ་ལ་སྤྱི་དང་བྱེ་བྲག་གི་མངའ་དབུལ་གཉིས། དང་པོ་སྡོམ་ནི། ཆུ་བཞི་ཉེར་སྤྱོད་འདོད་ཡོན་ལྔ༌། །ནང་མཆོད་དབུལ་ཞིང་བསྟོད་པ་བྱ། །དཀྱིལ་འཁོར་རྟགས་བརྒྱད་ཁྲུས་གོས་རྒྱན། །འདོད་ཡོན་རིན་ཆེན་བདུན་དང་བཅུད། །གདུགས་སོགས་འབྲུ་དང་རིན་ཆེན་སྣ། །སྨན་དང་བཀྲ་ཤིས་སྤྱི་ཡི་འོ། །ཞེས་པའི་རིམ་པ་ལས། མཆོད་པ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཀྱིས་ཚིགས་བཅད་སོ་སོའི་སྔགས་དང་བཅས་པའི་ཆུ་བཞི་ཉེར་སྤྱོད་རོལ་མོ་དང་བཅས་པ་དང༌། རིན་ཆེན་དབང་གི་རྒྱལ་པོ་སོགས་ཀྱིས་འདོད་ཡོན་ལྔ༌། ནང་མཆོད་ལྷ་རང་རང་གི་སྔགས་མཐར་འབྲུ་གསུམ་སྦྱར་བའམ། ཨོཾ་གུ་རུ་བུདྡྷ་བོདྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ་གིས་དབུལ། བསྟོད་པ་ནི། གང་གི་དྲིན་སོགས་བླ་མའི་བསྟོད་པ་དང༌། མགོན་པོ་ཐུགས་རྗེ་སོགས་སངས་རྒྱས་བྱང་སེམས་སོ་སོའི་བསྟོད་པའམ། ཀུན་རིག་ལ་ཀུན་རིག་རིག་ལྔ་ཡུམ་བཞི་སོགས་དང༌། འདུད་ཉི་ཤུ་སོགས་ཀྱིས་བསྟོད། དཀྱིལ་འཁོར་དབུལ་བ་ནི། གླིང་བཞི་རི་རབ་དང་བཅས་བྲིས་པའམ། མཎྜལ་ལ་ཚོམ་བུ་བཀོད་པ་ལ་དམིགས་ཏེ་མཎྜལ་རྒྱས་པའམ། ས་གཞི་སྤོས་ཀྱིས་མས་དབུལ། བཀྲ་ཤིས་རྟགས་བརྒྱད་འབུལ་བ་ནི། བཀྲ་ཤིས་རྟགས་བརྒྱད་སོ་སོ་ནས་ཐོགས་ཏེ་རབ་ཏུ་གནས་བྱའི་རྟེན་ལ་འབུལ་བའི་ཚུལ་བྱས་ལ་ཇི་ལྟར་སྔོན་གྱི། ཞེས་པ་ནས། ཕྱོགས་དུས་ཀུན་ཏུ་དགེ་ལེགས་འཕེལ་ཕྱིར་འབུལ། །ཞེས་པའི་བར་གྱི་རྒྱས་བསྡུས་གང་རུང་གིས་འབུལ། ཁྲུས་ནི་ཁྲུས་བུམ་ཐོགས་ཏེ། དེ་བཞིན་གཤེགས་དང་ཞེས་སོགས་སྔགས་བཅས་ཀྱིས་ཁྲུས་གསོལ། གོས་འབུལ་བ་ནི། གོས་ཐོགས་ཏེ། སྲབ་འཇམ་ཡངས་པ་ནས། སྭཱཧཱའི་བར་གྱིས་གོས་འབུལ། རྒྱན་ཐོགས་ཏེ། རྒྱལ་བ་མཚན་དཔེ་སོགས་ཀྱིས་རྒྱན་འབུལ། རྒྱལ་བ་ཟག་མེད་སོགས་ཀྱིས་འདོད་ཡོན་ལྔ་དང༌། མི་དབང་རིན་ཆེན་སོགས་སམ། སྤྲོ་ན་འཛམ་བུའི་ཆུ་བོ་མས་རྒྱལ་སྲིད་སྣ་བདུན་དང༌། གང་བུམ་མམ། རྣམ་རྒྱལ་བུམ་པ་བཏེགས་ཏེ། རྒྱལ་བ་མགོན་པོ་སོགས་ཀྱིས་བཅུད་ཉེར་ལྔ་དང༌། གདུགས་འབྲུ་རིན་ཆེན་བདུན་སྨན་རྣམས་དངོས་སམ་བྲིས་པ་སོ་སོ་ནས་བཏེགས་ལ། བརྩེ་བའི་ཁོར་ཡུག་ཅེས་པ་ནས། ཐུགས་རྗེའི་སྨན་གྱིས་འདུལ་གྱུར་ཅིག །ཅེས་པའི་བར་གྱིས་འབུལ། བཀྲ་ཤིས་ཀྱི་མངའ་དབུལ་འབུལ་བ་ནི། བཀྲ་ཤིས་གང་ཞིག་སོགས་ཀྱི་ཤླཽ་ཀ་གཅིག་གམ་ཡོངས་རྫོགས་མེ་ཏོག་འཐོར་བ་དང་བཅས་པས་འབུལ། བསྡུ་ན་སྤྱིའི་མངའ་དབུལ་དེ་ཙམ་གྱིས་ཀྱང་རུང། བྱེ་བྲག་གི་མངའ་དབུལ་བྱེད་ན་གསུམ་ལས། སྐུ་གཟུགས་ཀྱི་མངའ་དབུལ་ལ་སྡོམ་ནི། སྤུ་གྲི་འདྲེག་སྤྱད་སོ་མང་དང༌། །ཤངས་དབྱེ་ཚེམས་ཤིང་སྙན་ཞལ་དབྱེ། །ཞེས་གསུངས་པ་ལྟར། སྤུ་གྲི་སོགས་བཏེགས་ལ། སྐྲ་འདྲེག་པའི་ཚུལ་བྱེད་པ་ནས་ཞལ་ཐུར་གྱིས་ཞལ་དབྱེ་པའི་ཚུལ་བྱས་ལ། ཇི་ལྟར་རང་བྱུང་མཆོད་རྟེན་དུ། །ཞེས་པ་ནས། ཨོཾ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པའི་བར་གྱིས་ཚིགས་བཅད་གཉིས་སྔགས་དང་བཅས་པའམ། བསྡུ་ན་སྔ་ཕྱི་གང་རུང་སྔགས་དང་བཅས་པས་འབུལ། གསུང་རབ་མངའ་དབུལ་ལ་སྡོམ་ནི། ཁྲི་གོས་གླེགས་ཤིང་གླེགས་ཐག་གོ །ཞེས་གསུངས་པ་ལྟར། ཁྲི་སོགས་བྲིས་པ་སོ་སོ་ནས་བཏེགས་ལ། རིན་ཆེན་དུ་མ་ལས་གྲུབ་ཞེས་པ་ནས། ཨོཾ་བཛྲ་པུསྟ་ཀ་བན་དྷ་ཨཱཿཧཱུཾ་སྭཱཧཱའི་བར་གྱིས་དབུལ། མཆོད་རྟེན་མངའ་དབུལ་ལ་སྡོམ་ནི། སྲོག་ཤིང་འཁོར་ལོ་ཅོད་པན་འཕན། །རྒྱལ་མཚན་གདུགས་དང་ཕྲེང་བ་གདན། །ཞེས་གསུངས་པ་ལྟར། གསེར་གྱི་སྲོག་ཤིང་སོགས་དངོས་སམ་བྲིས་པ་སོ་སོ་ནས་བཏེགས་ལ། ཨོཾ་བཛྲ་ཨཱ་ཡུཿཥེ་ནས། བུན་དྷ་རི་ཛ་ཡེ་སྭཱཧཱ། ཞེས་པའི་བར་སྔགས་དང་ཚིགས་བཅད་ཀྱིས་དབུལ། མཆོད་རྟེན་སོགས་མེད་ཚེ་སོ་སོ་པ་གང་མེད་པ་དེ་དང་དེའི་མངའ་དབུལ་ནི་མི་དགོས་སོ། །གཉིས་པ་ཤིས་པ་བརྗོད་ཅིང་བརྟན་བཞུགས་བྱ་བའི་ཚུལ་ལ། ཤིས་བརྗོད་ནི་མེ་ཏོག་འཐོར་རྒྱུ་རྣམས་བུམ་པའི་ཆུས་སྦྲུས། དེའི་སྟེང་དུ་མེ་ལོང་ལ་ཙན་དན་དཀར་པོ་དང་གྷི་ཧང་སོགས་སྦྱར་པའི་སྣག་ཚས་དབུས་སུ་ཧཱུཾ་དང༌། མགོར་ཨོཾ། མཐར་སྭཱཧཱ་སྦྱར་བའི་ཡེ་དྷརྨཱ་ཡིག་མགོ་ཕྱིར་བསྟན་ལ་གཡས་བསྐོར་དུ་སྦྲུལ་འཁྱིལ་ལུགས་སུ་བྲིས། སྟེང་དུ་གཟུངས་ཐག་རྡོ་རྗེ་བཞག །གཟུངས་ཐག་ནས་བཟུང་ལ། དམིགས་པ་ནི། ཡེ་དྷརྨཱའི་སྔགས་འཕྲེང་གྱེན་དུ་འགྲེང་ཞིང་འོད་ཟེར་དང་བཅས་པར་གྱུར་པའི་འོད་ཟེར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཐམས་ཅད་དང་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་བསྡུས། སྔགས་ཕྲེང་མེ་ཏོག་དང་བཅས་པ་ལ་ཐིམ་པར་གྱུར་པར་བསམ་ལ་ཡེ་དྷརྨཱ་བརྒྱ་རྩ་སོགས་ཅི་འགྲུབ་བཟླས་ལ་མེ་ཏོག་བསྒྲུབ། དེ་ནས་ཡེ་དྷརྨ་བྲིས་པ་དེ་བུམ་པའི་ཆུས་བཀྲུས་པས་མེ་ཏོག་ལ་བྲན། བུམ་ཆུ་འདིའི་གསོལ་བཏབ་ཀྱི་སྐབས་ཀྱི་མེ་ཏོག་ལའང་བྲན་དགོས་པས། ལག་ལེན་གྱི་ཚེ་བུམ་པ་ལྷག་གནས་ཀྱི་རྗེས་སུ་བྱེད་དོ། དེ་ནས་སོ་སོ་ནས་མེ་ཏོག་ཕྲེང་བ་བཏེགས་ལ་ཀུན་གྱིས་བཟུང་བའམ་ཡང་ན་རེག་པར་བྱ་བའམ། མ་རེག་ཀྱང་རུང་སྟེ། རེག་པར་དམིགས་ལ། ཐམས་ཅད་ཀྱི་ལག་ཏུ་མེ་ཏོག་བཟུང་སྟེ་ཡེ་དྷརྨཱ་བརྗོད་པ་སྔོན་དུ་འགྲོ་བས། དཀྱིལ་འཁོར་སོ་སོ་དང་འབྲེལ་བའི་ཤིས་བརྗོད་རབ་ཡངས་མ་ལྟ་བུའམ་འཆི་མེད་ལམ་ཀུན་མ་ལྟ་བུ་སྐབས་སུ་གང་བབ་བྱས་ལ་རོལ་མོ་དང་བཅས་པའི་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །
གཉིས་པ་བརྟན་བཞུགས་ནི། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ་ཞེས་བརྗོད་པས་མེ་ཏོག་འཐོར་ཐལ་མོ་སྦྱར་ལ། སྡོམ་འབྱུང་ལས། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །ཞེས་པ་ནས། འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་པའི་བར་ལན་གསུམ་དང༌། ཕྱོགས་བཅུ་ན་བཞུགས་ཞེས་པ་ནས། བརྟན་པར་བཞུགས་སུ་གསོལ། ཞེས་པའི་བར་ལན་གསུམ་བྱ་སྟེ། རབ་གནས་ཀྱི་གཙོ་བོའོ། །བདེར་གཤེགས་ཀུན་བཟང་མཐོང་བའི། ཞེས་སོགས་བརྗོད་ལ། གསོལ་བ་བཏབ་ཅིང་ཡིག་བརྒྱ་ལན་བདུན་བཟླས་ཏེ། ལྷའི་ཐུགས་རྒྱུད་མཉེས་པར་བསམ་ལ། མགོན་པོ་བསྐལ་བ་ཇི་བཞིན་དུ། ནས། དོན་ཀུན་མཛོད་ཀྱི་བར་བརྗོད་ལ་ཤིས་པ་བརྗོད་གསོལ་བ་གདབ། དེ་ནས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་པ་ལྟ་བུའི་བསྟོད་པ་ཅི་རིགས་བྱས་ལ། ལྷག་ཆད་ཁ་བསྐང་པའི་ཡིག་བརྒྱ་བཟླས་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་དང༌། མ་རྙེད་ཅེས་སོགས་ཀྱིས་བཟོད་པར་གསོལ། རབ་གནས་ཀྱི་དངོས་གཞི་བརྗོད་ཟིན་ཏོ། གསུམ་པ་ཆོས་སྐྱོང་དང༌། ཡོན་བདག་བསྒོ་ཚུལ་ལ། ཆོས་སྐྱོང་བསྒོ་ཚུལ་ནི། རང་གི་ཆོས་སྐྱོང་དང༌། གནས་དེའི་ཡོན་བདག་གི་ཆོས་སྐྱོང་གང་ཡིན་དེའི་མངོན་རྟོགས་ལྟར་སྤྱན་དྲངས་ཏེ། བསྐང་གསོ་བཟླས་པ་དང་བཅས་རྒྱས་པར་བྱེད་པའམ། བསྡུས་པ་གང་རུང་བྱས། དེ་ནས་ཆོས་སྐྱོང་དེ་ལ་གཏོར་མ་བསྔོ། ཕྱོགས་སྐྱོང་དང༌། བདེ་མཆོག་ནས་འབྱུང་བ་ལྟར་འབྱུང་པོ་ཐམས་ཅད་པའི་གཏོར་མ་དང༌། གཞི་བདག་གི་གཏོར་མ་བཏང་ལ། ཆོས་སྐྱོང་སོ་སོའི་བསྟོད་པ་རྒྱས་བསྡུས་གང་རུང་དུས་སྐབས་དང་བསྟུན་པར་བཏང༌། འཕྲིན་ལས་བཅོལ་བའི་ཚེ་ཆོས་སྐྱོང་ལ་བཀའ་བསྒོ་བར་འདོད་ན། རྡོ་རྗེ་མགོར་བཞག་པར་དམིགས་ལ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །གལ་ཏེ་འདི་ལས་འདའ་གྱུར། །འཇིགས་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་དང༌། ཨོཾ་ས་མ་ཡ་མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང༌། མགོ་བོར་རྡོ་རྗེ་བཞག་པའི་ཚུལ་དུ་བྱས་ལ་དམ་ལ་བཞག་སྟེ་བཀའ་བསྒོ་བ་ནི། རང་ཡི་དམ་ལྷས་བཀའ་བསྒོས་པར་བསམ་པས། མེ་དང་ས་ཆུ་རླུང་རྣམས་ལས། །སྐུ་གཟུགས་ཡུན་རིང་བསྲུང་དུ་གསོལ། །ཡོན་བདག་འདི་ནི་དེ་སྲས་སོགས། །སློབ་མ་རྣམས་དང་བདག་ལ་ཡང༌། །ཀུན་ནས་ཞི་དང་རྒྱས་པ་དང༌། །རྟག་ཏུ་བཀྲ་ཤིས་མཛད་དུ་གསོལ། །མཆོད་ཚོགས་རྒྱ་མཚོས་དུས་ཀུན་ཏུ། །སྐུ་གཟུགས་འདི་དག་མཆོད་པར་མཛོད། །ཅེས་བརྗོད་ལ་བཀའ་བསྒོས་པས། ཆོས་སྐྱོང་རྣམས་ཀྱིས་དགྱེས་བཞིན་དུ་ཞལ་གྱིས་བཞེས་པར་བསམ་ན་ཁྱད་ཆེ་ལ། མི་སྤྲོ་བའམ་བྱེད་མི་འདོད་ན། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །ཞེས་སོགས་སྔགས་བཅས་ཀྱི་དམ་བཞག་དོར་ལ། མེ་དང་ས་ཆུ་ཞེས་པ་མན་ཆད་ཀྱིས་འཕྲིན་ལས་བཅོལ་བས་ཞལ་གྱིས་བཞེས་པར་བསམ་ནའང་ཤིན་ཏུ་རུང༌། ཡོན་བདག་བསྒོ་བ་ནི། དེ་དག་གི་མདུན་དུ་མཆོད་པ་ཚར་གཅིག་བཤམས་ལ། ཡོན་བདག་གྲལ་ལ་འཁོད་དུ་བཅུག །དེ་ནས། བཅོམ་ལྡན་འདས་ཀྱིས་དང་པོར་སེམས་བསྐྱེད། བར་དུ་ཚོགས་བསགས། མཐར་སངས་རྒྱས་ཚུལ་གྲུབ་མཐའ་གོང་འོག་སོ་སོའི་ལུགས་དང༌། མདོ་སྔགས་སོ་སོའི་ལུགས་ཀྱི་སངས་རྒྱས་ཚུལ་རྒྱས་བསྡུས་སྐབས་དང་བསྟུན་ནས་བཤད། ཁྱད་པར་དུ་སངས་རྒྱས་ནས་འཕགས་པ་ཡུལ་འཁོར་སྐྱོང་གི་མདོ་ལས་བཤད་པ་ལྟར་གདུལ་བྱའི་ཁམས་དང་བསམ་པ་སོགས་དང་མཐུན་པར་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་གསུང་བ་རྣམས་བརྗོད་བྱའི་སྒོ་ནས་སྡེ་སྣོད་གསུམ་དང༌། དྲང་ངེས་ཀྱི་མདོ་གཉིས་སོགས་དང༌། གསུང་ཚུལ་གྱི་ཁྱད་པར་དང༌། གསུང་ཡུལ་གྱི་གདུལ་བྱའི་ཁྱད་པར། སྐྱེས་རབས་སོགས་ཅི་རིགས་ཀྱི་སྒོ་ནས་གསུང་རབ་ཡན་ལག་བཅུ་གཉིས་དང་དགུར་དབྱེར་རུང་ཞིང༌། མདོ་སྔགས་གང་གི་ལུགས་ལའང་གདུལ་བྱའི་ཉོན་མོངས་ཀྱི་སྤྱོད་པའི་གཉེན་པོ་སྟོན་ཚུལ་གྱི་སྒོ་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འབྱེད་པ་གྲགས་ཆེ་ལ། དེ་ལྟར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡོད་པ་ལས། དེའི་ནང་ནས་རབ་དང་ཕུལ་དུ་གྱུར་པ་ནི་གསང་སྔགས་ཀྱི་སྐོར་ཡིན་ལ། གསང་སྔགས་ཀྱི་སྐོར་ནས་ཀྱང་གདུལ་བྱའི་ཚོགས་རྫོགས་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་མཐའ་ཡས་པ་བཤད་པ་ལས། འདི་ནི་རབ་གནས་ཞེས་བྱ་བ། ལྷ་ལ་དབང་བསྐུར་བ་དང༌། དམ་ཚིག་པ་ལ་ཡེ་ཤེས་པ་གཞུག་པ་དང༌། རྟེན་དམ་ཚིག་པ་ལ་ཡེ་ཤེས་པ་རིང་དུ་གནས་པར་བྱེད་པའི་ཆོ་ག་ཞེས་བྱ་བ་མིང་གི་རྣམ་གྲངས་མང་པོ་ཅན་དེའི་སྐབས་ཡིན་པས། དེ་རབ་ཏུ་གནས་པར་བྱེད་པ་ལ། སློབ་དཔོན། རྟེན། དུས། གནས་སོགས་ནས་ཆོ་གའི་ཕན་ཡོན་གྱི་བར་རྒྱས་བསྡུས་ཅི་རིགས་བཤད་ལ། ཁྱོད་ཀྱིས་ངེད་ལ་གང་གསོལ་བའི། །ཞེས་སོགས་དྲངས་ལ། ཞེས་གསུངས་པ་ལྟར་བྱེད་དགོས། དེ་ནས་དཀོན་མཆོག་ལ་མཆོད་པའི་ཕན་ཡོན་བརྗོད་ལ་དམིགས་རྣམ་བརྡའ་སྤྲད། དེས་ན། ངེད་རྣམས་ཀྱིས་བྱིན་གྱིས་བརླབས་ནས། དེ་ལྟ་བུའི་མཆོད་པ་དེར་གྱུར་སོང་སྙམ་པ་གྱིས། ཞེས་བརྗོད་ལ་བྱིན་རླབས་བྱ། དེ་ནས་སྤྲོ་ན་མཆོད་པ་རེ་རེ་ནས་དེ་དང་དེ་ཕུལ་བའི་ཕན་ཡོན་གྱི་ཤེས་བྱེད་སོ་སོ་ནས་འབུལ་དུ་གཞུག ཡང་ན་བསྡུས་ཏེ་མཆོད་པ་འདི་རེ་རེ་ཕུལ་བའི་ཚེའང་མཆོད་པ་དེས་ནམ་མཁའི་ཁྱོན་ཐམས་ཅད་གང་ཞིང་རྟེན་འདི་དག་གིས་གཙོ་བྱས་པའི་དུས་གསུམ་གྱི་དཀོན་མཆོག་གསུམ་དང༌། དེའི་རྟེན་ཐམས་ཅད་ལ་མཆོད་པའི་ཆར་འབེབས་པར་བསམ་པ་གྱིས། ཞེས་བརྗོད་ལ། དེ་ནས་དཀྱུས་གཅིག་ལ་དབྱངས་དང་བཅས་པའམ་སྔགས་ཅི་རིགས་ཀྱིས་འབུལ་དུ་བཅུག་པའམ། འབུལ་པར་མོས་སུ་གཞུག །དེ་ནས་མཆོད་པ་འདིས་མཚོན་པས་དུས་རྟག་ཏུ་མཆོད་པ་དང༌། ཁྱད་པར་དུ་ཞག་བདུན་དུ་མཆོད་པ་རྒྱུན་མི་འཆད་དུ་གྱིས། ཞེས་བརྗོད་དེ། དེ་ནས་སློབ་དཔོན་གྱིས་བཀྲ་ཤིས་ཀྱི་རྫས་རྣམས་བསངས་སྦྱངས་ནས་བྱིན་གྱིས་བརླབས་ལ། སྔོན་བཅོམ་ལྡན་འདས་ལ་ལྷ་དེ་དང་དེས་རྫས་དེ་དང་དེ་ཕུལ་ཏེ། དེ་བཞིན་གཤེགས་པའི་བགེགས་སོགས་དེ་དང་དེ་ཞི་བ་དང༌། མཐུ་སྟོབས་ཕུན་སུམ་ཚོགས་པ་སོགས་དེ་དང་དེ་འཕེལ་ཞིང་རྒྱས་པར་བཀྲ་ཤིས་པའི་རྫས་སུ་རང་རང་གི་ཚིག་བཅད་ལྷུག་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་པས། འདི་དག་མཐོང་བ་དང་རེག་པ་སོགས་ལ་དགེ་མཚན་གྱིས་བཀྲ་ཤིས་པ་དེ་དང་དེ་འབྱུང་བའི་རྫས་ཡིན་པས་ལྷ་ལ་འབུལ་བ་དང༌། རེག་པས་ཀྱང་བཀྲ་ཤིས་དང་དགེ་ལེགས་རྒྱ་ཆེན་པོ་འབྱུང་བར་བསམ་པ་གྱིས་ཞེས་བརྗོད་ལ། ཆོ་གའི་ཚིག་རིས་ལྟར་བརྗོད་ལ་བཀྲ་ཤིས་པའི་རྟེན་འབྲེལ་བསྒྲིགས། དགེ་བ་བསྔོ་བ་སྨོན་ལམ་གྱིས་རྒྱས་བདབ། ཡོན་བདག་རྣམས་རང་གནས་སུ་བཏང༌། དེ་ནས་ཆོ་གའི་མཇུག་ཆོ་ག་མཆོད་བསྟོད་བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་རྒྱས་པར་བྱའོ། །དེ་ལྟར་དམིགས་པ་ཕྱེད་པའི་སྒོ་ནས་རབ་ཏུ་གནས་པ་བྱས་ན་གནས་སྐབས་སུ་ཡུལ་ཁམས་སུ་བཀྲ་ཤིས་ཤིང་ལོ་ཕྱུགས་སོགས་ལེགས་ཤིང་རྟེན་དེ་དག་གར་གནས་སུའང་དགེ་མཚན་རྒྱ་ཆེན་པོ་འབྱུང་བར་མ་ཟད་མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་སྟེ་འགྲོ་བའི་རེ་བ་སྐོང་བ་ལ་རིན་པོ་ཆེའི་དབང་གི་རྒྱལ་པོ་ལྟ་བུར་བདེ་བླག་ཏུ་འགྱུར་རོ། །
སྨྲས་པ།
དགེ་མཚན་སྒོ་བརྒྱ་ཕྱེ་བཞིན་ཐུབ་དབང་ཞལ། །འཛུམ་ལྡན་དྲུག་ཅུའི་དབྱངས་ཀྱིས་ཡིད་ཅན་འགྲོར། །རང་རང་སྐལ་བར་མཚམས་པའི་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་ཕྱེ་བསྟན་འདིར་འབད་ཞུགས། །ཐུབ་བསྟན་སྒོ་བརྒྱ་གདེངས་ཡང་ཐོས་སོགས་ཀྱིས། །འཇུག་བློས་མིག་བྲལ་དེས་ཀྱང་རྟེན་བཞེངས་པར། །ཡེ་ཤེས་མངོན་སུམ་རབ་ཏུ་གནས་པ་ལྟར། །བྱས་པའི་རྣམ་དཀར་ནོར་བུས་བསམ་ཀུན་འགྲུབ། །དཔག་ཡས་བསོད་ནམས་རྩ་བ་རབ་བརྟན་པའི། །ཕན་བདེའི་མཁོ་དགུ་འཕྱུར་སྤུངས་དཔག་བསམ་ལྗོན། །ལུས་ཅན་རྣམ་སད་ཀུན་གྱི་དགའ་སྟོན་དུ། །ལྷག་བསམ་དག་པས་བསྐྲུན་འདི་དར་དྲག་ཤོག །དགེ་ཚོགས་བསམ་ཀླས་རི་མོ་མང་གཉེར་རྒྱུན། །སྐྱེ་དགུའི་ཉེར་འཚོར་ཉིན་མཚན་དུས་ཀུན་ཏུ། །ཆད་མེད་རྟག་འབབས་མཁའ་ཁྱབ་འགྲོ་རྒྱུད་ཞིང༌། །རབ་བརླན་ཕན་བདེའི་སྙེ་མ་གཡུར་ཟར་ཤོག །འགྲོ་བ་ཇི་སྲིད་གནས་པར་གྱུར་གྱི་བར། །ནམ་མཁའ་མཛོད་འཛིན་ཟབ་རྒྱས་ཆོས་ཀྱི་སྒོ། །འབྱེད་ལྡན་མངོན་ཤེས་ལྔ་ལྡན་སྤྱན་ཐོབ་ནས། །མཐོང་ཐོས་དྲན་རེག་རྫོགས་སངས་རྒྱས་གྱུར་ཅིག །ཅེས་རབ་གནས་ཀྱི་ཆོ་ག་ཀླགས་པས་དོན་གྲུབ་དགེ་ལེགས་ཀྱི་གཏེར་ཆེན་བཀྲ་ཤིས་རབ་རྒྱས་འདི་ཡང་སྔ་མོ་ནས་གསང་སྔགས་རབ་འབྱམས་སྨྲ་བ་ངག་དབང་རྒྱལ་མཚན་སོགས་དོན་གཉེར་ཅན་མང་པོས་བསྐུལ་ཞིང༌། སླད་ནས་གཞུང་ལུགས་རབ་འབྱམས་སྨྲ་བ་བསྟན་པ་ལྷུན་གྲུབ་ཀྱིས་བྱང་ཕྱོགས་ཧོར་གྱི་ཡུལ་གྲུབ་ཆེན་པོར་བླ་མ་དང་ཆོས་སྐྱོང་རིན་པོ་ཆེའི་བཀའ་སྤྱི་བོར་བླངས་ནས་བགྲོད་སྐབས་འདི་ལྟ་བུ་ཞིག་དགོས་ཞེས་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་ཀུན་མཁྱེན་བླ་མ་ཁྲི་རིན་པོ་ཆེ་ཡབ་སྲས་གཉིས་དང་རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིར་པ་གསང་ཆེན་རྒྱུད་སྡེའི་མངའ་བདག་སྲེ་རྡོ་རྗེ་འཆང་གི་ཕྱག་ལེན་མཐོང་བརྒྱུད་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པའི་དོན་མཐུན་པར་མདོར་བསྡུས་ཉུང་གསལ་དུ། མདོ་སྔགས་མང་དུ་ཐོས་པའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་ཨོ་ཌི་ཡ་ན་དང་མཚུངས་པའི་དཔལ་རི་བོ་དགེ་འཕེལ་གྱི་རི་རྩེར་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།། །།

རབ་གནས་ཟུར་རྒྱན་དགོས་འདོད་ཀུན་སྟེར།

རབ་གནས་བཀྲ་ཤིས་སྙེ་མའི་ཟུར་རྒྱན་དགོས་འདོད་ཀུན་སྟེར་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དེ་ལ་འདིར་རབ་གནས་རྒྱས་པའི་ཆོ་ག་འདོན་བསྒྲིགས་ཙམ་ནི། སློབ་དཔོན་འཇམ་དཔལ་གྲགས་པའི་དྲི་མེད་སྣང་བྱེད་ལས། དེ་ལ་དང་པོར་རེ་ཞིག་བརྟགས་པའི་གནས་ཉེ་བར་སྦྱངས་པར། གདུགས་དང༌། རྒྱལ་མཚན་དང༌། བླ་རེ་དང༌། བ་དན་རྣམས་བསྒྲེངས་ལ། སྤོས་དང་མེ་ཏོག་ལ་སོགས་པ་དང༌། མཆོག་ཏུ་གསོལ་བ་བཏབ་པའི་སློབ་དཔོན་གྱིས། ཉི་མ་ཤིས་པ་དང༌། སྐར་མ་བཟང་པོ་ལ། སློབ་དཔོན་ཤིན་ཏུ་མཉམ་པར་བཞག་པས་སྤྱན་འབྱེད་ཀྱི་གནས་སུ་སོང་སྟེ། རིགས་ལྔར་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ཏེ། དེ་དང་འབྲེལ་བའི་དཀྱིལ་འཁོར་གྱི་ཆོ་ག་བཞིན་དུ། ས་ཡོངས་སུ་བཟུང་བ་དང༌། ཐིགས་གདབ་ཅིང་གསོལ་བ་གདབ་པ་ལ་སོགས་པ་དང༌། ཚོན་གྱི་ལས་ལ་སོགས་པས་དཀྱིལ་འཁོར་རྫོགས་པར་བྱས་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། ཞེས་པ་ནས། སྐུ་གཟུགས་ལྷག་པར་གནས་བྱས་ལ། །དེ་ནས་དབང་བསྐུར་བརྩམས་པར་བྱ། །ཞེས་གསུངས་པ་ལྟར། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ལྷ་ལ་དབང་བསྐུར་ན་དེ་དག་དང་འབྲེལ་བའི་ས་བསླང་བ་ས་སྦྱངས་པ་བཟུང་བ་རྣམས་བྱས། དེ་ནས་གྲུབ་ཆེན་དཔལ་འཛིན། ཨ་བྷྱ། ཀྲྀ་ཡ་རྣམས་ཀྱི་དགོངས་པ་ལྟར། ལྷ་བུམ་ཁྲུས་བུམ་དང་བཅས་པ་སྒྲུབ་ཚུལ་ནི། སྟེགས་བུའི་སྟེང་དུ་ཁྲུས་དཀྱིལ་བཞག །རྒྱལ་མཚན་བླ་རེ་སོགས་ཀྱིས་སྤྲས། ཁྲུས་དཀྱིལ་གྱི་སྟེང་དུ་བུམ་པ་བཀོད། བུམ་པ་རྒྱས་བསྡུས་ཀྱིས་ཆོ་གའི་རྒྱས་བསྡུས་ཀྱང་སོ་སོར་ཤེས་པར་བྱས་ལ་ཁྲུས་བུམ་ཡང་བསྒྲུབ་དགོས་པས་དེའི་ཚུལ་ནི། དམིགས་པ་ནི་བྷྲུཾ་ལས་མཁར་བ་དང་ཟངས་ལ་སོགས་པའི་རིན་པོ་ཆེའི་སྣོད་རྣམས་སུ་འདག་རྫས་སོགས་དག་བྱེད་རྣམས་ཀྱི་སྟེང་དང༌། ཁྲུས་བུམ་རྣམས་ཀྱི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྲུང་རྣམས་དང༌། མདོར་ན་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བཀུག་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་དག་བྱེད་ཀྱི་རྫས་རྣམས་བྱིན་གྱིས་བརླབས་པར་བསམ་ལ། དྲིའི་བུམ་པ་ལ་ཨོཾ་གྷནྡྷེ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། མངར་གསུམ་གྱི་ལ་དྲི་མ་དྷུ་དང༌། ཞོ་ལ་ད་དྷི་དང༌། འབྲས་བུ་ལ་ཕ་ལ་དང༌། འབྲུ་ལ་བྲུ་ཧི་དང༌། འབྲས་ཡོས་ལ་ལཔྫ་དང༌། སྨན་ལ་ཨོཥ་དྷི་དང༌། རིན་པོ་ཆེ་ལ་མ་ཎི་རྣམས་སྔགས་བར་དུ་བཅུག་ལ་བཟླས། སྔགས་དེ་དག་འཇམ་གྲགས་དང་རྒྱུད་ཀྱི་དགོངས་པ་ལྟར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་དང༌། ཨོཾ་བྷྲུཾ་སྭཱཧཱའམ། ཨ་མྲྀ་ཏ་ཨཱ་ཡུརྟ་དྟེ་སྭཱཧཱ། ཨོཾ་རུ་རུ་སོགས་སྤྱན་མའི་དང༌། རྟེན་འབྲེལ་སྙིང་པོ་དང་བཅས་བཀྲ་ཤིས་པའི་སྔགས་རྣམས་འདོན། མེ་ཏོག་ཀྱང་བསྒྲུབས། བདག་མདུན་ཐ་དད་པར་བྱེད་ན་སྐབས་འདིར་མདུན་བསྐྱེད་དགོས། དེ་ནས་རྟེན་བསྐྱེད་པ་ནི། ཁཌྒ་དྷྲིཀ་གིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བ་ཉི་མའི་གདན་སུམ་བརྩེགས་ཀྱི་སྟེང་དུ། ཧཱུཾ་དང་རྡོ་རྗེ་ལས་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ནས། ཏིང་ངེ་འཛིན་སེམས་དཔའ་འོད་ཟེར་ལྔ་འཕྲོ་བ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་ནས་འཁྱུད་པ། བསྐྱེད་ཚུལ་རྒྱས་བསྡུས་གང་རུང་གིས་བསྐྱེད་ཀྱང༌། ཏིང་ངེ་འཛིན་སེམས་དཔའ་ངེས་པར་དགོས་ཤིང༌། སེམས་དཔའ་སུམ་བརྩེགས་ཅན་རྣམས་ལ་སེམས་དཔའ་སུམ་བརྩེགས་དགོས་ཏེ། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་དུ་བསམ་པའི་རྗེས་ལ་ས་བོན་ལ་སོགས་པ་རྫོགས་པའམ། སྐད་ཅིག་གིས་ཀྱང་རུང་སྟེ་དམ་ཚིག་སེམས་དཔའི་ངོ་བོ་སྙིང་གའི་ས་བོན་དང་བཅས་པ་བསམ་ནས། གོས་གསར་བ་དམར་པོ་ལ་སོགས་པས་གཡོགས་ཤིང་མེ་ཏོག་དང་ལྡན་པར་བྱའོ། །རྟེན་དེའི་གདོང་གཡོག་གི་ཚུལ་དུ་དར་དམར་པོས་གཡོགས་ནས་མེ་ཏོག་དང་ལྡན་པར་བྱེད་པ་རྒྱུ་དང་དཀྱིལ་ཆོག་གི་དགོངས་པ་ཡིན་ནོ། །དེ་ནས་ཏི་ཥྛ་བཛྲ་ཧོཿ ཞེས་རྟེན་དེ་རྣམས་དཀྱིལ་འཁོར་གྱི་ནང་དུ་བཞུགས་པར་བསྒོམ། བཛྲ་སྥ་ར་ཎ་ཧོཿ ཞེས་བརྗོད་ལ། ལྷ་རྣམས་དཀྱིལ་འཁོར་ལ་མེ་ཏོག་དོར་བར་བསམ་ལ། གདོང་གཡོགས་བཀྲོལ། མཎྜལ་གསོལ་བདབ་མ་བཤད་ཀྱང་སྤྲོ་ན་རུང་ཙམ་མོ། །དེ་ནས་རྒྱས་པར་སྤྲོ་ན། སརྦ་ཏ་ཐཱ་ག་ཏ་བོ་དྷི་ཨ་ལཾ་ཀ་ར་ནས། ལས་སྔགས་ཀྱིས་བསངས་བའི་བར་དང༌། དེ་ནས་མུངྒ་ར་དྷྲྀཀ་གིས་ཤར་སྒོར་ཁྲིད་པ་ནས་ཨི་མཾ་ས་ཏྭ་མཧཱ་བ་ལ། ནས། མིག་ནི་བླ་ན་མེད། ཅེས་པའི་བར་བྱས་ཀྱང་རུང་ལ། ཕྱི་དཀྱིལ་དུ་ཞུགས་པ་སྔ་མས་ཆོག་པར་འདོད་ཀྱང༌། སློབ་མ་དཀྱིལ་འཁོར་ཁང་པར་འོང་པའི་དོད་ཡིན་པས་དེ་ཙམ་གྱིས་མི་རུང་བར་གཞན་དག་འདོད་དོ། །ཧེ་བཛྲ་པ་ཤྱ་ནས། ཧོ་ཧོ། ཁྲུས་དཀྱིལ་གྱི་དབུས་སུ་རྟེན་འཇོག་པའམ་འཇོག་པར་མོས། ཆུ་བཞི་སྔགས་ཀྱིས་ཕུལ། གདན་ལ་རྟེན་བཞག་ཆུ་བཞི་ཕུལ་བའོ། །སྦྱངས་པ་ནི། ཧཱུཾ་ཡེ་ཤེས་ནས། གདུག་པའི་བར་གྱིས་སྦྱངས། སྦྱངས་པའོ། ཁྲུས་ནི། ཁྲུས་རས་ལ་ཡི་གེ་ལྔ་བཀོད་པ་དང་ལྷའི་གནས་རྣམས་སུ་ཡི་གེ་གསུམ་མཾ་ལྔ་བཀོད། སྙན་གསན་ནི། ཁྲུས་བུམ་ཐོགས། ཐམས་ཅད་འགྲེང་སྟེ། གང་འདིར་ནས། བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཞེས་པའི་བར་གྱིས་སྙན་མནན་བདུད་རྩི་ལྔ་སོགས་བྱུགས་མཉེ་བ་ནི། འདག་ཆལ་སོགས་རྫས་རྣམས་ལ་ཁཌྒ་དྷྲིཀ་དང་ཧཱུཾ་བདུན་གྱིས་བྱིན་གྱིས་བརླབས། དེ་ནས་བདུད་རྩི་ལྔ་སོགས་ཀྱི་འདག་པ་དུར་བའི་པིར་གྱིས་བླངས་ཏེ། སྐུ་གཟུགས་མེ་ལོང་ལ་ཤར་བ་ལ་བྱུགས། གཙང་ཞིང་དྲི་མ་མི་མངའ་ཡང༌། །བདག་ཅག་སྒྲིབ་པ་སྦྱངས་ཕྱིར་དུ། །ལེགས་པར་སྦྱར་བའི་བྱུགས་པ་འདི། །ཡོངས་སུ་དག་པར་བྱ་ཕྱིར་འབུལ། །ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱཿནས། ཀ་ཡ་སོགས་ཀྱི་སྔགས། ལྷ་རྣམས་སྤྱན་དྲངས་པ་ནི། རང་གི་ཐུགས་ཀ་ནས། སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་ནས། དབང་བསྐུར། བཀྲུ་བ་ནི། དྲི་ལྔའི་བུམ་པ་ཐོགས་ལ། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ནས། ས་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་ཨཱཿབཛྲ་ས་ཏྭ་ཧཱུཾ་ཧཱུཾ་སྭཱཧཱ། རུ་རུ། ནས། ས་དྷ་ནེ་སྭཱཧཱ། དྲི་ཞིམ་པོའི་འབྲུ་མར་ཐོགས་ཏེ། མི་ཕྱེད་རྡོ་རྗེའི་སྐུ་ཉིད་ལ། །བསྙུན་མེད་བགྲེས་པ་ནས། ཨོཾ་ཧཱུཾ་ནས། དྷ་ནེ་སྭཱཧཱ། ཞེས་པའི་སྔགས་གཉིས་བརྗོད་ལ། པིར་གྱིས་བྱུགས། ཕྱེ་མ་ཐོགས་ཏེ། རང་བཞིན་དག་པ་ནས། སྐུ་ནི་རབ་ཏུ་དྲི་ལ་ཞིང་དབྱེ། །སྔགས་གཉིས་བརྗོད་ལ་པིར་གྱིས་དྲུད། །འདག་རྫས་ཐོགས་ཏེ། གཙང་ཞིང་ནས། དྷ་ནེ་སྭཱཧཱ། མངར་གསུམ་ཐོགས་ཏེ། འདི་ནི་སྦྱིན་པའི་ནས། ཨོཾ་སརྦ༌྾ ཨོཾ་བཛྲ་རུ་རུ་སྟེ་སྔགས་གསུམ་དྲི་ཞིམ་འབྲུ་མར་དང་ཤིང་ཤུན་སྔར་བཞིན། སྤྲོ་ན་དེ་དག་སྐུ་ལ་སོགས་ཀྱིས་དབྱི། །འདག་ཆལ་ཐོགས་ཏེ། གཙང་ཞིང་ནས། དྷ་ནེ་སྭཱཧཱ། ཞོ་བུམ་ཐོགས་ཏེ། འདི་ནི་ཚུལ་ཁྲིམས་རང་བཞིན༌། སྔགས་གསུམ། མི་ཕྱེད༌྾ རང་བཞིན་དག་པ༌྾ འདག་རྫས་ཐོགས་ཏེ། གཙང་ཞིང༌྾ འབྲས་བུའི་བུམ་པ་ཐོགས་ཏེ། འདི་ནི་བཟོད་པའི་ནས། སྔགས་གསུམ། མི་ཕྱེད༌྾ རང་བཞིན༌྾ དེ་དག་སྐུ་ལ་སོགས་ཀྱིས་དབྱི། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱཿཨོཾ་སརྦ་ཏ་ཐཱ་ག་ཏ། འདག་ཆལ་ཐོགས་ཏེ། གཙང་ཞིང་྾ འབྲུའི་བུམ་པ་ཐོགས་ཏེ། འདི་ནི་བརྩོན་འགྲུས་༝ མི་ཕྱེད༌༝ རང་བཞིན་྾ གཙང་ཞིང༌྾ འབྲས་ཡོས་ཀྱི་བུམ་པ་ཐོགས་ཏེ། འདི་ནི་བསམ་གཏན༌྾ མི་ཕྱེད༌྾ རང་བཞིན༌྾ གཙང་ཞིང༌྾ སྨན་བུམ་ལ། འདི་ནི་ཤེས་རབ༌྾ མི་ཕྱེད་྾ རང་བཞིན་྾ གཙང་ཞིང༌྾ རིན་པོ་ཆེའི་བུམ་པ་ཐོགས་ཏེ། རྒྱལ་བའི་སྐུ་གསུང༌྾ མི་ཕྱེད༌྾ རང་བཞིན༌྾ སྐུ་མཆོག་རྣམ་དག་བལྟ་བས༌྾ དེ་དག་སྐུ་ལ་སོགས༌྾ སྲབ་འཇམ་ཡང་བ་སོགས་དང༌། བདེ་གཤེགས་སྐུ་གསུམ་ནས། ཝ་པུ་ཥ་ནི་ཨཱཿཧཱུཾ་སྭཱཧཱ། ཁྲུས་སོ། དངོས་གཞི་ནི། སྔོན་འགྲོ་གཏོར་མ་བཏང༌། མཎྜལ་ཞུ་འབུལ་བྱས། རྡོར་སེམས་སྒོམ་བཟླས་ཀྱི་རྗེས་སུ་བུམ་པ་དང༌། མེ་ཏོག་སྔར་བཞིན་བསྒྲུབས། ཚོགས་ཞིང་ནས། ཚད་མེད་བཞིའི་བར་སོང་རྗེས། དཀྱིལ་འཁོར་ཞལ་ཕྱེ། ལས་སྔགས་ཀྱིས་བསངས། ཨོཾ་ཤཱུ་ནྱ་ཏཱ་ནས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ཡན་ཆད་འདྲ་ལ། ལྷ་རྣམས་སྤྲོ་ཚེ་འཁོར་གྱི་ལྷ་རྣམས་ཀྱི་ཚེ། ཤར་གྱི་མཚན་མ་དང་ངོ་བོ་དབྱེར་མེད་དུ་གྱུར། ཅེས་བརྗོད། ལྷན་ཐབས་ལྟར་ཕྱོགས་སྐྱོང་བཀུག་པ་ནས། མཆོད་པའི་ལས་ལ་གནས་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ལ། གཏོར་མ་ཕུལ་བ་ཡན་ཆད་དཀྱུས་བཞིན་ལ། དེ་ནས་རང་སྐད་ཅིག་གིས་ཧཱུཾ་མཛད་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་གཡས་བརྐྱང་གིས་བཞུགས་པ། རྡོ་རྗེ་ཤུགས་ཀྱིས་འཇུག་པས་དཀྱིལ་འཁོར་ནང་དུ་ཞུགས་པར་བསམ་ལ། ཧཱུཾ་བཞིའི་སྔགས་བརྗོད་ལ་བསྐོར་བ་གསུམ་བྱས། ཤར་སྒོ་ནས་ཨོཾ་མཆོག་ཏུ་བདེ་བའི་སོགས་བྱས་མེ་ཏོག་ཕུལ་བ། ཨོཾ་བཛྲ་ཨུངྒྷ་ཊ་སོགས་ཀྱིས་སྒོ་དབྱེ་བའི་དམིགས་པ་གཙོ་བོ་དང་སྒོ་དབྱེ་ཚུལ་ཤེས་དགོས། ས་མ་ཡ་སོགས་ཀྱིས་མེ་ཏོག་ཕུལ་བ་བླངས་ཐོད་དུ་བཅིངས་ཏེ་དངོས་གྲུབ་ཞུ་བ་རྣམས་བྱས། སྒོ་དབྱེ་སོགས་གྲུབ་རྗེས། ལོང་ཡོད་ན་བདག་འཇུག་བྱ། རྟེན་སྔར་ལྟར་སེམས་དཔའ་སུམ་བརྩེགས་སུ་བསྐྱེད། ཆུ་བཞི་འབུལ་བ་ནས། ཁྲུས་རྗེས་རྒྱན་གྱི་བར་སྔར་བཞིན་འབུལ། དཀྱིལ་འཁོར་གྱི་ཤར་དུ་སློབ་དཔོན་དུ་དབང་བསྐུར་བའི་དབང་སྟེགས་ཀྱི་དབུས་སུ་རྟེན་གྱི་ཞལ་དཀྱིལ་འཁོར་ལ་བསྟན་ལ་བཞག །མི་ཐུབ་པ་རྣམས་དེ་རུ་བཞག་པར་མོས། གསོལ་གདབ་ནི། གང་འདི་སོགས་བྱས་ལ། མུ་ནི་ཞེས་པའི་རྗེས་སུ་ཧྲཱིཿ ཥྚཱིཿ དང༌། ཨ་ར་པ་ཙ་དང༌། བཛྲ་ངྷྲྀཀ་དང༌། ཧཱུཾ་བཛྲ་ཕཊ་དང༌། ཏཱ་རེ་དང༌། ཨོཾ་བཛྲ་ས་ཏྭ་ཧཱུཾ་འདོན། སེམས་བསྐྱེད་ནི། ངོ་མཚར་ཆེན་པོ། ནས། མཛད་དུ་གསོལ་གྱིས་སེམས་བསྐྱེད། མིག་སོགས་བྱིན་གྱིས་རླབས། ནས། སྐྱེ་མཆེད༌྾སྐུ་གསུང་ཐུགས་བྱིན་གྱིས་བརླབས། རབ་གནས་ཀྱི་ལྷ་ཡེ་ཤེས་པ་སྤྱན་དྲངས་པ་ནི། མ་ལུས་སེམས་ཅན་ཀུན་ནས། མཆོག་རྣམས་ལེགས་པར་སྩལ་ཏུ་གསོལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རབ་ཏུ་གནས་བྱའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་པ་ནས། བློ་དང་ལྡན་པར་མཛོད། མཆོད་པ་ནས། ཆུ་བཞི་ཉེར་སྤྱོད་རོལ་མོ་རྣམས་སྔགས་ཀྱིས་ཕུལ། གསོལ་གདབ་ནི། རང་གི་ལྕེ་ནས་མཛད་པར་འོས་ཀྱིས། ལན་གསུམ་གསོལ་བ་གདབ་པས། ཚིག་ཁ་བསྒྱུར། དམ་ཚིག་པ་དང་བསྟིམ་པ་ནི། ཡེ་ཤེས་པ་རྣམས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར། མུངྒ་ར་སོགས་ཀྱིས་དབྱེར་མེད་བྱས། ལྷ་ལ་དབང་བསྐུར་བ་ནི། སྤྲོ་ན། མཎྜལ་གསོལ་གདབ་ཡང་རུང་བས་བྱ། ཁཌྒ་ངྷྲིཀ་གིས་བསངས། ཤཱུ་ནྱ་ཏཱས་སྦྱངས། རང་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རྟེན་གཙོ་བོ་རྣམས་སྤྱན་དྲངས་པ་དབང་ལྷ་བསྟིམ་ནས། མཆོད་པའི་བར་སློབ་དཔོན་གྱི་དབང་གི་བཀྲ་ཤིས་དང་བཅས་པའི་བར་འདྲ། མཐའ་རྟེན་རྣམས་དོར་ལ། མཎྜལ་གསོལ་གདབ་གསང་དབང་བསྐུར། ཡང་མཎྜལ་གསོལ་གདབ་རྗེས་སུ་རྟེན་རྣམས་འཇིགས་བྱེད་དུ་བསྐྱེད་པའི་ཡབ་ཡུམ་བསྐྱེད་པ་མན་ཆད་ནས་ངོ་བོ་ཡིན་ནོའི་བར། ཡང་མཎྜལ་གསོལ་གདབ། ཁྱོད་ཀྱི་དབང་གསུམ་པ་ནས། བཞི་པ་ཡིན་ནོ། །མཆོད་བསྟོད་མན་ཆད་བཀྲ་ཤིས་སྙེ་མ་ལྟར་རོ། །རབ་གནས་བཀྲ་ཤིས་སྙེ་མའི་ཟུར་རྒྱན་དགོས་འདོད་ཀུན་སྟེར་ཞེས་བྱ་བ་འདི་ཡང་རྒྱུད་དུ་མའི་དགོངས་པ་ལྟར་རབ་གནས་རྒྱས་པའི་འདོན་ཆ་འབའ་ཞིག་ལྷན་ཐབས་ནག་འགྲོས་སུ་རིགས་སྔགས་འཆང་བའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་ཟིན་བྲིས་སུ་བྱས་པའོ།།
རབ་གནས་རྒྱས་པའི་འདོན་བསྒྲིགས།
༈ རབ་གནས་རྒྱས་པའི་འདོན་བསྒྲིགས་གཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རབ་གནས་རྒྱས་པའི་སྒོ་ནས། འདོན་བསྒྲིགས་ཙམ་ནི། སློབ་དཔོན་འཇམ་དཔལ་གྲགས་པའི་གསུང་ལྟར། རྡུལ་ཚོན་གྱི་ལྷ་ལ་དབང་བསྐུར་ན། ལྷ་དང་འབྲེལ་བའི་དཀྱིལ་འཁོར་ས་བསླང་བ་སྦྱངས་པ་བཟུང་བ་རྣམས་བྱས། ཁྲུས་སྟེགས་ཀྱི་སྟེང་དུ་ཁྲུས་དཀྱིལ་འཁོར་དབུས་སུ་བུམ་པ་རྣམས་བཀོད། བུམ་ཆོག་རྒྱས་བསྡུས་སྐབས་དང་བསྟུན། ཁྲུས་བུམ་ལ། བྷྲུཾ་ལས་མཁར་བ་དང༌། ཟངས་ལ་སོགས་པའི་སྣོད་རྣམས་སུ་འདག་རྫས་དང༌། དག་བྱེད་རྣམས་ཀྱི་སྟེང་དང༌། ཁྲུས་བུམ་རྣམས་ཀྱི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་དང༌། མདོར་ན་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བཀུག་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབ་པས་དག་བྱེད་ཀྱི་རྫས་རྣམས་བྱིན་གྱིས་བརླབས་པར་བསམ་ལ། དྲིའི་བུམ་པར། ཨོཾ་གྷནྡྷེ་སྣ་ན་དང༌། མངར་གསུམ་ལ། ཏྲི་མ་དྷུ་སྣ་ན་དང༌། ཞོ་ལ། ད་དྷི། འབྲས་བུ་ལ། ཕ་ལ། འབྲུ་ལ། བྲུ་ཧི། འབྲས་ཡོས་ལ། ལཔྫ། སྨན་ལ། ཨོ་ཥ་ཏི། རིན་པོ་ཆེ་ལ། མ་ཎི། རྣམས་ཀྱི་མཐར། པཱུ་ཛ་མེ་གྷ་སྦྱར་ལ་བཟླ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་དང༌། ཨོཾ་བྷྲུཾ་སྭཱ་ཧཱ། ཨོཾ་ཨམྲྀ་ཏ་ཨཱ་ཡུ་ར་ཏདྟེ་སྭཱཧཱ། རུ་རུ་སོགས་རྟེན་འབྲེལ་སྙིང་པོ་དང་བཅས་པའི་བཀྲ་ཤིས་ཀྱི་སྔགས་རྣམས་འདོན། སྐབས་འདིར་མེ་ཏོག་ཀྱང་བསྒྲུབ། བདག་མདུན་ཐ་དད་ལ་སྐབས་འདིར་མདུན་བསྐྱེད་ཀྱང་དགོས། རྟེན་བསྐྱེད་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་པད་ཟླ་ཉི་མའི་གདན་སུམ་བརྩེགས་ཕྱག་མཚན་ས་བོན་གྱིས་མཚན་པ་ལས། སེམས་དཔའ་སུམ་བརྩེགས་ཡུམ་དང་བཅས་པའི་བར་ལྷན་ཐབས་ལྟར་བསྐྱེད། ཏིང་ངེ་འཛིན་སེམས་དཔའ་དཀྱིལ་ཆོག་རྡོར་འཕྲེང་ལས་བཤད་ཅིང༌། རྟེན་མིག་གདོང་གཡོག་གི་ཚུལ་དུ་དར་དམར་པོས་གཡོགས་ལ་མེ་ཏོག་དང་ལྡན་པར་བཤད་དེ། ཏི་ཥྛ་བཛྲ་ཧོས་དཀྱིལ་འཁོར་དུ་གཞུག །བཛྲ་སྥ་ར་ཎས་མེ་ཏོག་འཐོར་ལ་གདོང་གཡོགས་དཀྲོལ། སྤྲོ་ན་ཆས་འཇུག་ནས་ལས་སྔགས་ཀྱིས་བསང་བའི་བར་དང༌། སྒོར་ཁྲིད་པ་ནས། མིག་ནི་བླ་ན་མེད། ཧེ་བཛྲ་པ་ཤྱ་ནས་ཧོ་ཧོ་ཧོའི་བར། དེ་ནས་གདན་ལ་རྟེན་བཞག་ཆུ་བཞི་དབུལ། གཏོར་མ་ནས། བདུག་པའི་བར་དཀྱུས་བཞིན། ཁྲུས་རས་ལ་ས་བོན་ལྔ་དང༌། རྟེན་གྱི་གནས་གསུམ་ལའང་ས་བོན་གསུམ་བཀོད། སྙན་གསན་ནི། རྫས་རྣམས་བྱིན་གྱིས་བརླབས་ལ་དུར་བའི་པིར་གྱིས་སྐུ་གཟུགས་དངོས་སམ་མེ་ལོང་ལ་ཤར་བ་ལ་བྱུགས་ཤིང་མཉེ། རང་གི་ཐུགས་ཀ་ནས་བཀྲ་ཤིས་ཀྱི་བར་དཀྱུས་བཞིན་ལ། འདག་རྫས་ལ། གཙང་ཞིང་དྲི་མ་མི་མངའ་ཡང༌། །བདག་ཅག་སྡིག་སྒྲིབ་སྦྱངས་ཕྱིར་དུ། །ལེགས་པར་སྦྱར་བའི་བྱུགས་པ་འདི། །ཡོངས་སུ་དག་པ་བྱ་ཕྱིར་དབུལ། །ཨོཾ་ཧཱུཾ་ཏྲཾ་དང༌། ཀ་ཡའི་སྔགས་གཉིས་འདོན། ཇི་ལྟར་བལྟམས་པ་སོགས་ཀྱིས་དྲིའི་བུམ་པས་ཁྲུས་གསོལ་བ། ཨ་བྷི་ཥེ་ཀ་དང༌། སརྦ་ཧཱུཾ་ཧཱུཾ་དང༌། རུ་རུ་གསུམ་བཟླ། འབྲུ་མར་ལ། མི་ཕྱེད་རྡོ་རྗེའི་སྐུ་ཉིད་ལ། །བསྙུན་མེད་བགྲེས་པ་མི་མངའ་ཡང༌། །འཇིག་རྟེན་གུས་པའི་ཚུལ་ཙམ་དུ། །དྲི་ཞིམ་བྱུགས་པའི་རིམ་གྲོ་བགྱི། །ཏྲཾ་ཧྲཱིཿདང་ཀཱ་ཡ་གཉིས། ཡང་འདག་རྫས་ལ། གཙང་ཞིང་དང་སྔགས་གསུམ། དེ་བཞིན་དུ། ཁྲུས་རྣམས་ལ། ཕྱིན་དྲུག་གི་ཚིགས་བཅད་རེ་རེར་བྱས་པའི་མཐར། སྔགས་གསུམ་ཀ་དང་དྲིར། མི་ཕྱེད་སོགས་ཀྱི་མཐར་ཏྲཾ་ཧྲཱིཿཀ་ཡ་གཉིས་དང༌། འདག་རྫས་རྣམས་ལ་གཙང་ཞིང་གི་མཐར། སྔགས་གསུམ་བཏགས། ཕྱིན་དྲུག་རྫོགས་རྗེས། འདག་རྫས་ཀྱི་མཇུག་ཏུ། ཁྲུས་ལ་རྒྱལ་བའི་སྐུ་གསུང་ཐུགས་སོགས། དྲི་ཕྱི་གཉིས་སྔར་བཞིན། སྐུ་མཆོག་རྣམ་དག་གི་སྨོན་ལམ། དེ་དག་སྐུ་སོགས། བདེ་གཤེགས་སྐུ་གསུམ་ནས། རྒྱན་གྱི་བར་དཀྱུས་བཞིན། མ་ལུས་སེམས་ཅན་ནས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། དག་ཅིང་སོགས་ཀྱིས་ཆུ་བཞི་ཉེར་སྤྱོད་རོལ་མོ་དང་བཅས་དབུལ། རང་གི་ལྕེ་ནས། བསམ་ལ། ད་ལྟ་ཞེས་པ་སང་ཞེས་པར་སྤྲོ། རྒྱལ་བ་རྒྱ་མཚོ་སོགས་དང༌། ཆུ་གཉིས་ཉེར་སྤྱོད་རོལ་མོ་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ཏ་བནྔྷ་ན་མ་ཀ་རོ་མིས་ཕྱག་བྱ། གསེར་མདོག་མས་བསྟོད། ཨོཾ་བཛྲ་པཱུ་ན་ར་ག་ས་མ་ཡ། མ་ལུས་གཤེགས་སུ་གསོལ། རྟེན་དམ་ཚིག་པར་གསལ་བའི་དབུ་མགྲིན་ཕྱག་གཉིས་སྤྱི་གཙུག་རྣམས་སུ་དྲིས་བྱུགས། མཆོད་པ་བརླབས་ལ། རྟེན་ཅིང་སོགས་ཀྱིས་ཞབས་བསིལ། ཞལ་བསིལ། མཆོད་ཡོན་ཉེར་སྤྱོད་ལྔ་རོལ་མོ་རྣམས་འབུལ། ཧྲཱིཿཥྚྲཱིཿབརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་པས་རྟེན་གྱི་གནས་གསུམ་དུ་རེག་རྗེས་རྟེན་དང་བདག་བསྲུང་ཆེད་ཧྲཱིཿཥྚྲཱིཿབརྗོད། ཕྱོགས་སྐྱོང་སྔོན་འགྲོ་ལྟར་གཏོར་མ་བཏང༌། རྟེན་རྣམས་དར་སེར་པོས་བཀབ་ལ་བཞག །སྟ་གོན་ནོ། །དངོས་གཞིའི་ཉིན། སྔོན་འགྲོ་གཏོར་མ་དང་ཞུ་འབུལ་བྱ། བསྒོམ་བཟླས་ཀྱི་རྗེས་སུ། བུམ་པ་མེ་ཏོག་བསྒྲུབས། ཚོགས་ཞིང་གི་མཐར་དཀྱིལ་འཁོར་ཞལ་ཕྱེ། དེ་ནས། དཀྱུས་ལྟར་དཀྱིལ་འཁོར་རྒྱལ་མཆོག་ཤར་སོགས་ཀྱི་མཚན་མ་དང་དབྱེར་མེད་པར་བརྗོད། ལྷག་མ་དཀྱུས་ལ། མཆོད་པའི་སྐབས་སྔར་མ་གྲུབ་པས་བྱིན་གྱིས་བརླབས་ལ། གཏོར་མ་ཡན་དཀྱུས་བཞིན། སྒོ་དབྱེ་རྗེས་ལོང་ཡོད་ན་བདག་འཇུག་བྱ། སྟ་གོན་སྐབས་བཞིན་རྟེན་བསྐྱེད་ཆུ་བཞི་ནས། རྒྱན་གྱི་བར་འདྲ་ལ། དཀྱིལ་འཁོར་གྱི་ཤར་གྱི་དབང་སྟེགས་ཀྱི་རྟེན་ཞལ་དཀྱིལ་འཁོར་ལ་བསྟན་ལ་བཞག །གསོལ་གདབ། གང་འདིར་ནས་མུ་ནིའི་རྗེས་སུ། ཧཱིུཿཥྚྲཱིཿཨ་ར་པ་ཙ། བཛྲངྷྲྀ་ཀ་ཧཱུཾ་བཛྲ་ཕཊ། ཏ་རེ། ས་ཏྭ་ཧཱུཾ་འདོན། ངོ་མཚར་ཆེན་པོས་སེམས་བསྐྱེད། སྐྱེ་མཆེད་བྱིན་རླབས། མ་ལུས་སེམས་ཅན་ནས། བློ་དང་ལྡན་པར་མཛོད། ཆུ་གཉིས་ཉེར་སྤྱོད་རོལ་མོ་སྔགས་ཀྱིས་འབུལ། རང་གི་ལྕེ་ནས། དབྱེར་མེད་དུ་གྱུར། དེ་ནས་རྟེན་ལ་དབང་བསྐུར་བ་ནི། རང་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྟེན་རྣམས་དྲངས་པ་ནས། དབང་ལྷ་བསྟིམ་ནས། མཆོད་པའི་བར། སློབ་དཔོན་གྱི་དབང་གི་བར་འདྲ། གསང་དབང་བསྐུར། རྟེན་རྣམས་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པ་མན་ཆད་ཤེར་དབང༌། ཁྱོད་ཀྱིས་དབང་གསུམ་པ། ནས། བཞི་པ་ཡིན་ནོ། །བཞི་པ་བསྐུར་ལ། མཆོད་བསྟོད་གོས་རྒྱན་མེ་ལོང་མན་ཆད་བཀྲ་ཤིས་སྙེ་མ་ལྟར་རོ། །
༈ རབ་གནས་རྒྱས་འབྲིང་བསྡུས་གསུམ་ལས། བསྡུས་པའི་རྒྱས་པ་བྱེད་འདོད་ན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་རབ་གནས་ཤིན་ཏུ་ལེགས། ཤིན་ཏུ་བསྡུས་པ་བྱེད་ན། རྒྱལ་དབང་གོང་མའི་སཱ་ཚ་ལག་ལེན་གྱི་མཇུག་གི་རབ་གནས་དེས་འཐུས། ཡང་གཟུངས་གཞུག་ལ་སོགས་པའི་རབ་གནས་ཡིན་ན། རབ་ཏུ་གནས་བྱའི་རྟེན་རྣམས་དགྲམ། སློབ་དཔོན་འཇིགས་བྱེད་ལྟ་བུའི་བདག་བསྐྱེད་ཀྱི་རྒྱུན་ལ་གནས་ན་དེས་འཐུས། མིན་ན་བདག་བསྐྱེད་རྒྱས་བསྡུས་གང་རུང་བསྐྱེད། སྦྱངས་གསུམ་སྔོན་དུ་འགྲོ་བས་བགེགས་བསྐྲད། རྟེན་རྣམས་འཇིགས་བྱེད་ལྟ་བུའི་ལྷ་རིགས་ཐམས་ཅད་ཀྱི་ཁྱབ་བདག་གཅིག་ཏུ་བསྐྱེད། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་པ་སྤྱན་དྲངས་བསྟིམ། དབང་ལྷ་སྤྱན་དྲངས། དབང་བསྐུར། རིགས་བདག་གིས་རྒྱས་གདབ། མཆོད་བསྟོད་རྒྱས་བསྡུས་སྐབས་དང་བསྟུན། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཞེས་བརྗོད། རྟེན་གྱི་ལྷའི་གནས་ལྔར་རེག་པའམ་རེག་པར་མོས། རྡོ་རྗེ་འཇིགས་བྱེད་དམ་ལྷ་ཆེ་གེ་མོ་ཞུ་བ་ལས་བྱུང་བའི་རབ་ཏུ་གནས་བྱའི་རྟེན་གྱི་རྣམ་པར་གྱུར། ཤིས་བརྗོད་རྒྱས་བསྡུས་བྱ་སྟེ། ནག་པོ་བ་སོགས་མཁས་གྲུབ་དུ་མའི་དགོངས་པའོ། །

མཆོད་རྟེན་བརྒྱད་ཀྱི་ཐིག་རྩ།

མཆོད་རྟེན་བརྒྱད་ཀྱི་ཐིག་རྩ་མདོར་བསྡུས་པ་བཞུགས་སོ། །
ན་མོ་གུ་རུ་བཛྲ་ས་ཏྭ་ཡ། སྲིད་གསུམ་འགྲོ་བའི་དེད་དཔོན་ཐུབ་དབང་གི །ཐབས་མཁས་མཛད་པས་མཐོང་ཐོས་དྲན་རེག་རྣམས། །སྐུ་གསུམ་ནོར་བུའི་གླིང་དུ་འཁྲིད་མཛད་པས། །རྒྱལ་དབང་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་ཆོས་སྐུའི་ལྷ་ལམ་ཡངས་པ་ནས། །རླབས་ཆེན་སྤྱོད་པའི་འོད་དཀར་དྲ་བ་ཅན། །སྙིང་སྟོབས་ཤར་རིའི་ཕྲག་པར་གར་བྱས་པས། །བསྐལ་བཟང་ཕན་བདེའི་ཀུན་ད་རྒོད་པར་འཚལ། །དེ་ལ་འདིར། འཇམ་དཔལ་རྩ་རྒྱུད་ལས། སྐུ་གཟུགས་མཆོད་རྟེན་དག་ཀྱང་བྱ། །ཞེས་པ་ནས། མཐར་གྱིས་བྱང་ཆུབ་གཞོལ་བར་འགྱུར། །ཞེས་པའི་བར་གསུངས་པ་ལྟར། དེས་ན་མཆོད་རྟེན་བཞེངས་ཚུལ་མདོར་བསྡུས་ནས། གང་ཚེ་གང་གིས་གང་དུ་བཞེངས་པ་དང༌། །དེ་དག་རྣམ་དབྱེ་ཆ་ཚང་ཅུང་ཟད་བཤད། །བདེ་གཤེགས་མཛད་ཆེན་བརྒྱད་ཀྱི་དུས་བཞེངས་པས། །མཆོད་རྟེན་བརྒྱད་ཅེས་ཟེར་གྱི་བླུན་པོ་དག །སྐུ་གདུང་ཆ་བརྒྱད་དུར་ཁྲོད་བརྒྱད་སོགས་ལ། །གྲངས་འགྲིག་པ་ལས་ཡིད་བརྟན་མི་སྣང་ངོ༌། །འདིར་ནི་བྱང་ཆུབ་མཆོད་རྟེན་ཆ་ཚད་ཀྱིས། །གཞན་བདུན་ཤེས་ཏེ་བྱང་ཆུབ་མཆོད་རྟེན་ནི། །མ་གྷ་དྷ་རུ་ཤུན་ཙི་ཏ་ཡིས་བཞེངས། །སེང་ཁྲི་དང་བཅས་ཚད་ལ་ཆ་ཆེན་ནི། །བཅུ་དྲུག་དཔངས་དང་རྒྱར་ནི་ཕྱེད་བཅུ་གཅིག །ཆ་ཆེན་བཞི་ཆ་ཆ་ཆུང་ཚད་ཀྱིས་གཞལ། །ས་འཛིན་ཕྱོགས་རེར་ཉིར་གཅིག་དཔངས་ལ་གསུམ། །ཐེམས་གསུམ་དཔངས་ལ་ཆ་རེ་རྒྱ་ཚད་ནི། །མས་རིམ་སོ་བརྒྱད་སོ་བཞི་སུམ་ཅུ་ཡིན། །གདོང་ཆེན་རྒྱར་ནི་ཉེར་དྲུག་དཔངས་ཆ་དྲུག །གཟུངས་སྣམ་པང་ཆུང་བ་གམ་གསུམ་གཡས་གཡོན། །ཆ་རེ་འཕེལ་བས་སྟེང་རྒྱས་འོག་མ་གཉིས། །དཔངས་ལ་ཆ་རེ་བ་གམ་དཔངས་ཆ་གཉིས། །སེང་ཁྲིའི་ཚད་ཡིན་དེ་སྟེང་རྨང་དགེའི་རྒྱར། །གཡས་གཡོན་བསྡོམས་པས་ཉེར་ལྔ་དཔངས་སུ་གཅིག །བང་རིམ་བཞི་ལ་ཉེར་བཞི་ཉེར་གཉིས་དང༌། །ཉི་ཤུ་བཅོ་བརྒྱད་རྒྱར་ཡིན་དཔངས་གཉིས་གཉིས། །བུམ་སྟན་དཔངས་སུ་གཅིག་དང་རྒྱར་བཅུ་བདུན། །བུ་དཔངས་ཆ་ཆེན་གསུམ་དང་ཡར་འཕེལ་བས། །སྟོད་དུ་ཆ་ཆུང་དགུ་པའི་ཐད་རྒྱའི་ཚད། །ཉི་ཤུ་དེ་སྟེང་གསུམ་དང་གསུམ་ཆ་གཅིག །པགས་ཀྱིས་ཟླུམ་པོའི་རྩ་བའི་རྒྱ་དང་མཉམ། །བྲེ་སྟན་གཅིག་དཔངས་དཀྱུས་བཞིར་མཐའ་གཉིས་སུ། །བག་ཙམ་བཅུ་ཆ་རེ་རེ་དོར་བར་བྱ། །བྲེ་དཔངས་གཅིག་དང་གསུམ་གཉིས་རྒྱ་ཕྱེད་ལྔ། །བྲེ་རྩེ་བང་རིམ་བར་ལ་ཆུ་ཞེང་གབ། །གདུགས་འདེགས་པད་རྩར་གཉིས་དང་སྟེང་རྒྱར་བཞི། །དེ་དཔངས་གཅིག་དང་བཅུ་དྲུག་ཆོས་འཁོར་དཔངས། །དེ་ཉིད་བཅུ་གསུམ་ཆར་བགོས་རེ་རེ་ཡང༌། །སུམ་གཉིས་གདུགས་དང་ཆ་གཅིག་འཁོར་ལོ་ཡིན། །འཁོར་ལོ་དང་པོའི་རྒྱར་ནི་ཆ་ཆུང་དྲུག །དེ་ཡི་རྩེ་ནི་ཐིག་གིས་ལེགས་དྲངས་པའི། །བཅུ་གསུམ་འཁོར་ལོ་ཆ་ཆུང་གཅིག་རྩེར་དྲངས། །འོག་གི་གདུགས་རྒྱར་ཆ་ཆུང་བདུན་རྩེ་ནས། །བཅུ་གསུམ་གདུགས་རྒྱར་ཆ་ཆུང་གཅིག་རྩེར་དྲངས། །བྱིན་གྱིས་ཕྲ་བ་དབྱིབས་ལེགས་མཛེས་པའི་སྟེང༌། །ཐུགས་རྗེའི་རྩ་བ་གཅིག་དང་སྟེང་ཕྱེད་གཉིས། །གཅིག་ཐུགས་རྗེ་མདོ་གཟུངས་དེ་སྨད་ཟླུམ་པོ་ལ། སྟོད་འདབ་མ་ལ་རིགས་ལྔའི་ཕྱག་མཚན་དགོང་ཟེར་བའང་འདུག་དཔངས་སྟོད་ཆ་བཅུ་དྲུག་ཨུཏྤལ་དབྱིབས། །གདུགས་རྒྱ་འཁོར་ལོ་བདུན་པའི་ཚད་མཉམ་ལ། །འཕྱང་བའི་ཟར་ཚགས་བྲེ་མཉམ་ཁ་ཕྱིར་གཡེལ། །གདུགས་དང་གདུགས་ཁེབས་ཆ་ཆུང་གཅིག་གིས་དཔངས། །གདུགས་ཁེབས་དྲུག་པའི་རྒྱ་མཉམ་སྟེང་ཕྱིར་རྒྱས། །ཟླ་ཚེས་ཆ་ཆུང་གཅིག་དང་ཉི་མ་གཉིས། །དཔལ་འབྲས་དབྱིབས་ལྟའི་ཏོག་ནི་ཆ་ཕྲན་གཅིག །དེ་བཞིན་མཆོད་རྟེན་གཞན་བདུན་ཤེས་པར་བྱ། །པད་སྤུངས་སེར་སྐྱར་ཟས་གཙང་རྒྱལ་པོས་བཞེངས། །དེ་ནི་བང་རིམ་བཞི་ཟླུམ་པད་རིས་ཅན། །ཚངས་བྱིན་ཝ་ར་ན་སེར་སྒོ་མང་བཞེངས། །བང་རིམ་གསུམ་ཆའི་གློ་འབུར་སྒོ་མང་བྱ། །གསལ་རྒྱལ་མཉན་ཡོད་གནས་སུ་ཆོ་འཕྲུལ་བཞེངས། །བང་རིམ་རང་རང་གསུམ་ཆའི་གློ་འབུར་ཅན། །གསལ་ལྡན་ཨིན་དྲ་ཝརྨིས་ལྷ་བབས་བཞེངས། །གསུམ་ཆའི་གློ་འབུར་ཅན་ལ་སྐས་གསུམ་བསྒྲིགས། །དབྱེན་ཟླུམ་འོད་མའི་ཚལ་དུ་གྱད་བུས་བཞེངས། །བང་རིམ་བཞི་ཟུར་བཅད་པའི་ལོགས་བརྒྱད་མཉམ། །ལི་ཙིས་རྣམ་རྒྱལ་ཡངས་པ་ཅན་དུ་བཞེངས། །བར་རིམ་བཞི་པོ་སུམ་དྲིལ་ཟླུམ་པོའམ། །ཡང་ན་བང་རིམ་གཅིག་དོར་གསུམ་ཟླུམ་བྱ། །མྱང་འདས་རྩྭ་མཆོག་གྲོང་དུ་མ་སྐྱེས་དགྲས། །བཞེངས་པའི་བང་རིམ་གོ་བ་ཟླུམ་པོའམ། །ཡང་ན་རྨང་དགེར་བུམ་གདན་བཞག་པར་བྱ། །བུམ་སྒོའི་གསལ་ཁ་མེད་ཀྱང་བྱས་ན་མཛེས། །བང་རིམ་བཞི་པོའི་ཤར་དང་ལྷོར་གསལ་ཁུང༌། །དེ་ཡི་བརྒྱད་ཆས་བྱེད་ཅིང་དེ་སྟེང་ནས། །སྲོག་ཤིང་འཛུགས་པ་ཉི་ཟླའི་བར་དུའོ། །ཏོག་སེར་ཉི་དམར་ཟླ་བ་གདུགས་ཁེབས་དཀར། །གདུགས་སྔོ་ཐུགས་རྗེའི་སུལ་དང་སྲོག་ཤིང་དམར། །ཤེས་བཅུ་དགེ་བཅུ་སེར་པོ་མཆོད་རྟེན་དཀར། །རྨང་རྟེན་ལྗང་གུར་ལྷན་སྐྱེས་རོལ་བས་བཞེད། །གདུགས་ལས་སྤེལ་ཚིག་མེ་ཏོག་འཕྲེང་བ་བཞི། །ཟུར་བཞི་དྲངས་ཤིང་སེང་བཞི་བྱས་ལ་བཏགས། །བདེ་གཤེགས་མཆོད་རྟེན་མཚོན་དོན་ཕན་ཡོན་ཡང༌། །གྲུ་བཞིས་སྤངས་རྟོགས་མཐར་ནི་ཕྱིན་པ་མཚོན། །ཞེས་པ་ནས། སྐྱེ་དགུའི་རེ་སྐོངས་མཐར་ཕྱིན་ཏོག་གིས་མཚོན། །ཞེས་པའི་བར་གསུངས་པ་ལྟར། འཇིམ་པའི་རྡུལ་གྲངས་འཁོར་བསྒྱུར་བྱང་ཆུབ་འགྲུབ། །འོད་ཅན་མྱ་ངན་མེད་དང་འདུན་པ་ལོག །གཙུག་ཕུད་ངུར་སྨྲིག་བླངས་པའི་མཆོད་རྟེན་སོགས། །བདེ་གཤེགས་མཆོད་རྟེན་དེ་བཞིན་གཞན་ཡང་མང༌། །ཆར་ཁེབས་མེད་པ་རང་རྒྱལ་བསེ་རུ་དང༌། །གདུགས་བདུན་རང་རྒྱལ་གཞན་དང་ཉན་ཐོས་ལ། །དགྲ་བཅོམ་གདུགས་ལྔ་ཕྱིར་མི་འོང་ལ་གསུམ། །ཕྱིར་འོང་གཉིས་དང་རྒྱུན་ཞུགས་གཅིག་ཅེས་གསུངས། །གཞན་ཡང་དགྲ་བཅོམ་བྷ་ག་ལྷས་གསུངས་ལས། །ཚོགས་སྤྱོད་དགྲ་བཅོམ་གཞན་ལ་གདུགས་ལྔ་དང༌། །ཕྱིར་མི་འོང་བཞི་ཕྱིར་འོང་གདུགས་གསུམ་དང༌། །རྒྱུན་ཞུགས་བཞི་ཞེས་འདུལ་བ་ལུང་ལས་གསུངས། །ཞེས་སོ། །ཞིབ་ཏུ་ཡང༌། འདུལ་བ་ལུང་རྗེས་འབྲངས་དང༌། དུས་འཁོར་དང༌། བྱ་རྒྱུད་གཙུག་ཏོར་དྲི་མེད་ཀྱི་འགྲེལ་བ་དང་བཅས་པ། ཀླུ་སྒྲུབ་ཀྱི་མཆོད་རྟེན་གྱི་རྟོག་པ་དང༌། གཞན་ཡང་རྟོག་པ་ཞིབ་མོ་སོགས་དང༌། མཁས་གྲུབ་བུ་སྟོན་རིན་པོ་ཆེས་གསུངས་པ་སོགས་ལས་ཤེས་པར་བྱའོ། །མཆོད་རྟེན་བརྒྱད་ཀྱི་ཐིག་གི་རྣམ་བཞག་མདོར་བསྡུས་འདི་ནི། ྋའཇམ་དབྱངས་བཞད་པའི་རྡོ་རྗེས་བཀྲ་ཤིས་པའི་གནས་སུ་བྲིས་པའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོའི་སྣང་བ་ལྟར་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །
༈ ཨོཾ་སྭ་སྟི་སིདྡྷི་རསྟུ། འཕགས་པ་དགེ་འདུན་འཕེལ་གྱིས་གསུངས་པ་ལྟར། །མཆོད་རྟེན་བརྒྱད་ནི་རྣམ་པ་གཉིས་ཡོད་དེ། །ཐུབ་པའི་མཆོད་རྟེན་ཆེན་པོ་བརྒྱད་དང་ནི། །མྱ་ངན་འདས་རྗེས་རིང་བསྲེལ་མཆོད་རྟེན་བརྒྱད། །སེར་སྐྱ་ལུམྤིའི་ཚལ་དུ་མཆོད་རྟེན་གཅིག །ནེ་རཉྫ་འགྲམ་རྡོ་རྗེའི་གདན་ཉིད་དུ། །མངོན་པར་བྱང་ཆུབ་བརྙེས་པའི་མཆོད་རྟེན་དང༌། །རྒྱལ་པོའི་ཁབ་ཏུ་བདུད་དམག་འབུམ་ཕྲག་ནི། །བཅོ་བརྒྱད་བཏུལ་བའི་མཆོད་རྟེན་ཆེན་པོ་དང༌། །མངོན་བྱང་ཆུབ་ཚེ་ཚངས་པས་ཆོས་འཁོར་ལོ། །བསྐོར་བར་གསོལ་བཏབ་ས་རུ་མཆོད་རྟེན་གཅིག །ཀ་ཤི་ཝ་ར་ན་སི་རི་དྭགས་ཀྱི། །ནགས་སུ་ཆོས་འཁོར་བསྐོར་བའི་མཆོད་རྟེན་དང༌། །མཉན་ཡོད་གྲོང་ཁྱེར་དགུ་བཅུ་རྩ་དྲུག་གི །མུ་སྟེགས་ཕམ་མཛད་ཆོ་འཕྲུལ་མཆོད་རྟེན་ཆེ། །ཀ་ཤིའི་ཡུལ་དུ་སུམ་ཅུ་རྩ་གསུམ་གྱི། །ལྷ་ལས་བབས་པའི་མཆོད་རྟེན་ཆེན་པོ་དང༌། །གྱད་ཡུལ་རྩྭ་མཆོག་གྲོང་དུ་ཤིང་ས་ལ། །ཟུང་གི་དྲུང་དུ་མྱང་འདས་མཆོད་རྟེན་ནོ། །ཐུབ་པ་གཤེགས་པའི་རིང་བསྲེལ་མཆོད་རྟེན་ཡང༌། །ར་མ་གསུམ་མ་ཀ་ཡུལ་མཆོད་རྟེན་གཅིག །ས་ལའི་ཡུལ་དུ་རིང་བསྲེལ་མཆོད་རྟེན་ཆེ། །རྩྭ་མཆོག་གྱད་ཡུལ་རིང་བསྲེལ་མཆོད་རྟེན་དང༌། །ཡངས་པ་ཅན་དུ་རིང་བསྲེལ་མཆོད་རྟེན་དང༌། །ཙན་ཙ་ཀ་ལྔར་རིང་བསྲེལ་མཆོད་རྟེན་གཅིག །བིཥྞ་དྲི་བར་རིང་བསྲེལ་མཆོད་རྟེན་གཅིག །སེར་སྐྱའི་ཡུལ་དུ་རིང་བསྲེལ་མཆོད་རྟེན་གཅིག །རྒྱལ་པོའི་ཁབ་ཏུ་རིང་བསྲེལ་མཆོད་རྟེན་ཏེ། །ཡུལ་ཆེན་བརྒྱད་དུ་རིང་བསྲེལ་ལ་བརྟེན་པའི། །མཆོད་རྟེན་ཆེན་པོ་བརྒྱད་བཞུགས་དགྲ་བཅོམ་པ། །དགེ་འདུན་འཕེལ་གྱིས་གསུངས་པས་ལེགས་པར་གོ །ལི་ཡུལ་ལུང་བསྟན་པའི་མདོ་ནང་བཞིན་དུ་མཆོད་རྟེན་བརྒྱད་དང་རིང་བསྲེལ་མཆོད་རྟེན་བརྒྱད་དང་གཉིས་ཡུལ་སོ་སོར་ཡོད་ཚུལ་ཚིགས་སུ་བཅད་པ་དགེ་ལེགས་འཕེལ། འདི་ཡང་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ྋའཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའོ།། །།

ས་ཆོག

རྗེ་བཙུན་བླ་མ་འཇམ་དབྱངས་བཞད་པའི་གསུང་ཐོར་བུ་ལས་ས་ཆོག་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྐྱེ་དགུའི་གཙུག་རྒྱན་རྩ་བརྒྱུད་བླ་མ་དང༌། །བསླུ་མེད་མཆོག་གསུམ་ཀུན་དང་ཁྱད་པར་དུ། །རྒྱལ་བ་ཀུན་དངོས་རྗེ་བཙུན་ཙོང་ཁ་པ། །ཡབ་སྲས་བརྒྱུད་པར་བཅས་ལ་ཕྱག་བྱས་ཏེ། །རང་གཞན་མང་པོའི་དོན་གཉིས་སྒྲུབ་སླད་དུ། །གཙུག་ལག་ཁང་དང་དཀྱིལ་འཁོར་མཆོད་རྟེན་དང༌། །ཁང་བཟང་སོགས་དང་གྲོང་ཁྱེར་ལྡུམ་ར་དང༌། །སྐྱེད་ཚལ་སོགས་ཀྱི་ས་གཞི་བརྟག་བསླངས་དང༌། །ས་སྦྱངས་ས་གཟུངས་སོགས་ཀྱི་ཆོ་ག་འགའ། །ཉེར་མཁོ་ཉུང་གསལ་རྒྱུད་དང་དེའི་འགྲེལ་པ། །ཕྲེང་བ་ཀྲྀ་ཡ་སྔགས་རིམ་བཤད་པ་བཞིན། །འཁྲུལ་བ་སྤངས་ཏེ་བླ་མའི་ཕྱག་བཞེས་བྲི། །དེ་ལ་འདིར་དགེ་འདུན་གྱི་གནས་གཞི་དང་མཆོད་རྟེན་སོགས་སྔར་མ་བྱས་པའི་སར་བྱེད་པའི་ས་ཆོག་ལ། ས་བརྟག་པ་དང༌། ས་བསླངས་པ་དང༌། ས་སྦྱངས་པ་དང༌། ས་བཟུང་བ་དང༌། བསྲུང་ཞིང་བྱིན་གྱིས་བརླབས་པ་དང༌། ཞར་བྱུང་གནས་གཞན་དང་དཀྱིལ་འཁོར་གཞན་ལ་ས་ཆོག་དགོས་མི་དགོས་བཤད་པ་དང་དྲུག །དང་པོ་སྤྱིར་སའི་བརྟག་ཚུལ་ལྔ་ལས། དང་པོ་སྤྱིར་དབྱིབས་ཁ་དོག་སོགས་ཀྱི་དཔྱད་བརྟག་པ་ནི་ས་དཔྱད་དག་ལས་ཤེས་དགོས་འདིར་མང་དོགས། གཉིས་པ་གྲོང་སོགས་ཡོད་པའི་ཕྱོགས་བརྟག་པ་ནི། །རྡོ་རྗེ་མཁའ་འགྲོ་ལས། གྲོང་དང་དུར་ཁྲོད་ཚོང་འདུས་དང༌། །ཞེས་སོགས་ཀྱི་གྲོང་ལ་སོགས་པའི་ཕྱོགས་བདུན་མི་རུང་བ་དང་བྱང་ཤར་ལ་རུང་ཞིང་ས་གཞན་ཡིན་ན་ཡིད་དུ་འོང་བར་བྱེད་པར་བཤད། གསུམ་པ་སའི་བརྟག་པ་ནི། མཐོ་གང་ཙམ་གྱི་ཁུང་བུ་བརྐོས་ནས་མྱུར་བོར་ས་དེ་ཉིད་ཀྱིས་བཀང་ནས་ལྷག་ན་བཟང་བར་ཕྲེང་བར་བཤད། སྤྱི་རྒྱུད་ལས། པུས་ནུབ་ཙམ་བརྐོས་ལ་ས་དེས་བཀང་བས་ལྷག་ན་དངོས་གྲུབ་ཡོད་ལ། དེ་ལས་ཟློག་ན་ལས་མི་བརྩམས་ཏེ། བརྩམས་ན་སྡུག་བསྔལ་མྱོང་ཞིང་ལེགས་པའང་མི་འཐོབ་པར་གསུངས་སོ། །ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས། མཁས་པས་ཁྲུ་གང་ཙམ་བརྐོས་ནས། །བསྔགས་པ་ཡི་ནི་བརྐོས་པ་དེ། །ས་དེ་ཉིད་ཀྱིས་དགང་བར་བྱ། །ལྷག་ན་མཁས་པ་ཀུན་ཏུ་མཆོག །ཁ་ད་ཆད་དུ་འབྲིང་དུ་བརྗོད། །གང་བར་མ་གྱུར་ན་དེ་སྤངས། །མཁས་པས་དེར་ནི་བརྩམས་མི་བྱ། །ཞེས་གསུངས་སོ། །བཞི་པ་ཆུའི་བརྟགས་པ་ནི། ཁུང་བུ་སྔ་མ་སླར་ཡང་མཐོ་གང་དུ་བརྐོས་པས་ཆུས་བཀང་ལ་གོམ་པ་བརྒྱར་ཕྱིན་ནས་ལོག་སྟེ་བལྟས་པས། ཆུས་གང་ན་བཟང་ལ། དམའ་ན་སྤངས་ཞིང་སྒྲ་དང་བཅས་ན་ཀླུས་འཇིགས་པ་སྟོན་པར་ཕྲེང་བར་བཤད་དོ། །རྡོ་རྗེ་མཁའ་འགྲོ་ལས། ཤར་དུ་སྔར་ལྟར་ཕྱིན་ནས་ལོག་སྟེ། བལྟས་བས་གང་ན་བཟང་ལ། སྐམ་ན་སྤངས་པར་གསུངས་པའི་འགྲེལ་བར། ཕྱེད་མན་ཆད་སྐམ་ན་མི་དགེ་ལ་གཞན་དུ་ན་དགེའོ། །ཞེས་བཤད་དོ། །གཞན་ཡང་ཆུ་གཡས་སུ་འཁོར་ན་རབ། མི་འཁོར་ན་འབྲིང༌། གཡོན་དུ་འཁོར་ན་སྤངས་ཞིང་བགེགས་དང་བཅས་ན་བདུད་རྩི་འཁྱིལ་བས་བགེགས་བསྐྲད་ལ་ཕུར་བུས་གདབ་པར་འཆད་དོ། །ཁུང་བུ་བརྐོ་བ་དང་ཆུས་འགེང་ཚུལ། སྔགས་རིམ་ལས། དམ་ཚིག་རྡོ་རྗེ་ཁུང་བུ་བརྐོ་བ་དང༌། ཆུས་འགེང་བའི་ཚེ་བདུད་རྩི་འཁྱིལ་བའི་སྔགས་དང་ཤར་དུ་འགྲོ་བ་ན་ཡི་གེ་གསུམ་ཟློ་བར་བཤད་དོ། །ཞེས་གསུངས་པ་ལྟར་ལེགས་སོ། །དེ་ལྟར་སའི་བརྟག་པ་དང༌། ཆུའི་བརྟག་པ་གཉིས་གཙུག་ལག་ཁང་དང་དགོན་གནས་དང༌། མཆོད་རྟེན་དང་ཁང་བཟང་བྱེད་པ་ལའང་དགོས་པར་ཕྲེང་བ་དང་སྔགས་རིམ་དུ་གསུང་སྟེ། ཤིས་མི་ཤིས་རྟོགས་ཚུལ་ཡིན། ལྔ་པ་ཁ་དོག་གི་སྒོ་ནས་བརྟག་པ་ནི། ཕྱག་རྡོར་དབང་བསྐུར་ལས། དཀར་པོ་ཞི་བ་དང༌། དམར་པོ་དབང་དང༌། སེར་པོ་རྒྱས་པ་དང༌། ནག་པོ་དྲག་ཤུལ་སྤྱོད་པར་བཤད་པ་ལྟ་བུའོ། །གཉིས་པ་ས་བསླངས་པ་ལ། མངོན་པ་ལས་བསླངས་པ་དང༌། མི་མངོན་པ་ལས་བསླངས་པ་གཉིས་ལས། དང་པོ་ནི། དྲུག་སྡེ་ལྟར་མི་བྱ་བར་བདག་པོ་ཡོད་ན་རུང་བའི་ས་དེ་སློངས་ཏེ། སྤྱི་རྒྱུད་ལས། ས་ཡི་བདག་པོས་གནང་ནས་ནི། །ཞེས་སོ། གཉིས་པ་ནི། དེ་ནས་སྔ་དྲོ་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཅེས་སོགས་སྔོན་འགྲོ་གཏོར་མ་ནས། མངོན་རྟོགས་རྫོགས་པར་བཏང་སྟེ། དྲི་བཟང་པོའི་མཎྜལ་བྱས། མདུན་དུ་སྐད་ཅིག་གིས་དཔལ་ཞེས་སོགས། རང་ཉིད་ཡི་དམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ། མཆོད་བསྟོད་གཏོར་མ་ཕུལ་ལ་ནམ་མཁར་བཏེག་གོ །ཚོམ་བུ་དང་མཆོད་པ་བཤམས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། གཞིའི་བདག་པོ་འཁོར་བཅས་སྤྱན་དྲངས། ཀྵེ་ཊཱ་པཱ་ལ་སོགས་ཀྱིས་མཆོད་ཅིང་གཏོར་མ་བྱིན་ནས། གང་དག་འདིར་གནས་ལྷའམ་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །ས་འདི་བདག་གིས་བསླངས་བར་བགྱི། །དགེ་འདུན་གནས་གཞིར་ཁྱེད་ཀྱིས་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་སྤྱན་རས་གཟིགས་དབང་ཕྱུག་གམ། མ་རྙེད་ན་སྟོན་པ་སོགས་ཀྱི་མདུན་དུ་མཆོད་པ་སྔོན་དུ་འགྲོ་བས་མགོ་ལྷོ་དང་ཁ་ཤར་དུ་ཕྱོགས་པར་གོས་གཙང་མ་གྱོན་ནས་ས་ཕྱོགས་གཙང་མར་ཁྲིའམ་ལག་པའི་ཁར། ཨོཾ་མུ་ཙི་ལི་སྭཱཧཱ། ཨོཾ་མོ་ཧ་ནི་སྭཱཧཱ། ཨོཾ་པཱ་ཏི་ལི་སྭཱཧཱ། ཞེས་ཉེར་གཅིག་བཟླས་པས་བསྔགས་ཏེ་རྨི་ལམ་བརྟག་པར་བྱའོ། །རྨི་ལམ་བཟང་བ་དང་གནང་བའི་མཚན་མ་ནི། དཔུང་བཟང་གི་རྒྱུད་ལས། མཚན་མོ་ཉལ་ནས་རྨི་ལམ་འདི་དག་མཐོང༌། །ཁང་བཟང་ལྗོན་ཤིང་རྒྱལ་མཚན་སེང་གེ་རྟ། །རི་བོ་ཤིང་རྟ་གྲགས་ལྡན་སྤྲིན་དང་ཀླུ། །སྟག་དང་བསེ་དང་གླང་ཆེན་ཁྱུ་མཆོག་ལ། །རྨི་ལམ་ལ་ནི་དགའ་བས་ཞོན་པ་དང༌། །མེ་ཏོག་ཕྲེང་བ་དྲི་དང་གོས་རྣམས་དང༌། །ཤ་ཆང་ཉ་དང་འབྲས་བུ་གླེགས་བམ་དང༌། །ལྷ་ཡི་གཟུགས་དང་ཨུཏྤལ་དམར་པོ་དང༌། །ཤིང་རྟ་གང་བའམ་བ་བཞོན་བེ་ཕྲུག་ཅན། །གདུགས་དཀར་བསིལ་ཡབ་ལྷམ་དང་རལ་གྲི་དང༌། །རྔ་ཡབ་གསེར་ཡུ་ཅན་དང་ཕྲེང་བ་དང༌། །ནོར་བུ་མུ་ཏིག་ཉ་ཕྱི་དུང་དང་དངུལ། །བུད་མེད་གཟུགས་བཟང་བ་དང་བུ་མོ་དང༌། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས་པའི་རྒྱན། །མལ་སྟན་དཀར་པོ་བཏང་བ་རྙེད་པ་དང༌། །ཐོ་རངས་ཁ་ནི་ཆུ་བོ་ཆུ་ཀླུང་དང༌། །བབ་ཆུ་རྒྱ་མཆོའི་ངང་བ་རྫིང་བུ་དང༌། །ལུ་མ་ལ་ནི་འཐུང་ཞིང་རྐྱལ་རྨི་དང༌། །ཡང་ན་ཁྲག་གིས་ལུས་ནི་ཁྲུས་བྱེད་པའམ། །ལྷ་ཁང་མཆོད་རྟེན་འདུགས་ནས་རྒྱལ་བའི་གཟུགས། །བྱང་ཆུབ་སེམས་དཔའ་རྣམས་དང་རང་སངས་རྒྱས། །ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མ། །དགེ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང༌། མཆོད་གནས་བྲམ་ཟེ་ཡིད་འོང་སྐྱེས་བུ་དང༌། །མ་དང་མི་མཆོག་ཕྱུག་ཅིང་འབྱོར་དང་གཉེན། །ཕ་མ་མཛའ་བཤེས་གཉེན་དང་གནོད་སྦྱིན་དང༌། །གྲུབ་པའི་ལྷ་དང་ན་ཆུང་ཚོགས་དག་དང༌། །ཅི་སྟེ་ཉི་མ་ཟླ་བ་ཟ་བ་དང༌། །ས་ཡི་ནང་འགྲོ་ས་བོན་ཀུན་འཐུ་དང༌། །མི་ལ་རྫི་ཞིང་ཤ་ནི་ཟ་བ་དང༌། །ལུས་ཀྱི་ནང་དུ་བུད་མེད་ཞུགས་པ་མཐོང༌། །རྨི་ལམ་བཟང་པོ་འདི་དག་མཐོང་བ་དང༌། །ཞེས་དང༌། ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས། པདྨའི་སྟེང་ན་འདུག་ན་མཆོག །བཟུང་དང་མཐོང་བ་དེ་བཞིན་ཏེ། །རྒྱ་མཚོའི་མཐོང་བ་རྨི་བ་དང༌། །རྐྱལ་དང་མཐོང་བ་དེ་བཞིན་ནོ། །སངས་རྒྱས་མཐོང་བས་སྙིང་དགའ་སྟེ། །བྱང་ཆུབ་སེམས་དཔའ་སྐྱོབས་རྣམས་དང༌། །འཇིག་རྟེན་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་དག་དང་གང་མཁས་དང༌། །དེ་དག་མཐོང་ཞིང་སྙིང་དགའ་བའོ། །མི་ཡི་ཕུང་པོ་གྲགས་པ་དང༌། །བ་གླང་ཁྱུ་མཆོག་གླང་ཆེན་གྲགས། །རྟ་ནི་དཀར་པོ་གང་གྱུར་དང༌། །དེ་དག་མཐོང་དང་ཞོན་པ་དང༌། །བ་གླང་ཁྱུ་ཡང་ཤིས་པ་ཡིན། །བྲམ་ཟེ་དང་ནི་རྒྱལ་རིགས་དང༌། །རྒྱལ་པོ་དགེ་བར་གྲགས་པ་དང༌། །སྡུག་པའི་གཉེན་དང་གྲུ་བ་དང༌། །ཉི་མ་དང་ནི་ཟླ་བ་དང༌། །དེ་དག་མཐོང་ན་ཤིས་པར་འགྱུར། །རྨི་ལམ་སྨྲ་ཞིང་གཏམ་ཟེར་དང༌། །རང་གི་མགོ་བོ་གཅོད་པ་དང༌། །ཤ་ཆེན་ཟ་བར་བྱེད་པ་དང༌། །ཁྲག་གིས་ཁྲུས་ཀྱང་བྱེད་པ་དང༌། །དེ་བཞིན་མི་གཙང་བྱུག་པ་དང༌། །ཞོ་དང་འབྲས་ཆེན་ཟ་བ་དང༌། །ཆང་ཡང་འཐུང་བར་བྱེད་པ་དང༌། །སྐྲ་འབྲེགས་པ་ནི་མཆོག་ཡིན་ནོ། །སོ་ཡང་ལྟུང་བར་བྱེད་པ་དང༌། །དུར་དང་ཤིང་ནི་ནྱེ་ཀྲོ་ཏ། །དེ་ལ་འཛེགས་པ་ཤིས་པར་འགྱུར། །ལེགས་སོ་བུ་ཞེས་བློ་ལྡན་ཞེས། །སྒྲ་ནི་དེ་སྐད་ཐོས་པ་དང༌། །ཡིད་དུ་འོང་བའི་བུད་མེད་ལ། །ཟིན་སོ་ཉལ་བོ་བྱེད་པ་དང༌། །ཚངས་པ་དྲག་པོ་ཉི་མ་དང༌། །ཁྱབ་འཇུག་དང་ནི་ཟླ་བ་དང༌། །ལུས་ངན་པོ་དང་ནོར་སྦྱིན་དང༌། །བརྒྱ་བྱིན་དང་ནི་ཆུ་ལྷ་དང༌། །དེ་དག་མཐོང་ངམ་སྨྲ་བ་དང༌། །འབེལ་གཏམ་བྱེད་ན་ངེས་པར་འགྲུབ། །གཞན་ཡང་དེ་ལྟའི་རྨི་ལམ་གང༌། །དངོས་གྲུབ་འདོད་པ་རྣམས་ཀྱིས་བཟུང༌། །ཞེས་གསུངས་སོ། །བཀག་པའམ་རྨི་ལམ་ངན་པ་ནི། །ཕྱག་རྡོར་དབང་བསྐུར་པའི་རྒྱུད་ལས། རྨི་ལམ་དེ་ལས་བཟློག་པ་དག །འཇིགས་བྱེད་རྣམས་ཀྱིས་བཟུང་མི་བྱ། །ས་ལ་རྒྱུག་དང་མཆོང་བ་དང༌། །གར་བྱེད་པ་དང་གླུ་ལེན་དང༌། །རྒོད་དང་བོང་བུ་རྔ་མོང་ལ། །ཞོན་པ་ཤིན་ཏུ་ངན་པ་ཡིན། །འབྲུ་མར་གྱིས་ནི་ལུས་སྐུད་དང༌། །གཅེར་བུ་དག་དང་སྨྲ་བ་དང༌། །ཞར་བ་འཐེང་བོ་སྒུར་པོ་དང༌། །མི་ལྐུག་རྣམས་དང་ཕྲད་པ་དང༌། །ཕག་རྣམས་དང་ནི་ཁྱི་རྣམས་དང༌། །བོང་བུ་རྣམས་ཀྱང་དེ་བཞིན་ཏེ། །མ་ཧེ་རྔ་མོང་ཅེ་སྤྱང་དག །རྨི་ལམ་མཐོང་བ་རྟག་ཏུ་སྨད། །རྩེ་གཉིས་རྩེ་གསུམ་གདེངས་ཐོགས་དང༌། །མིག་དམར་ཤིན་ཏུ་འཇིགས་པ་དང༌། །གཅེར་བུ་དག་དང་སྣ་ལེབ་དང༌། །སྡིགས་མོ་བྱེད་པའི་འཇིགས་བྱེད་དང༌། །མདོག་ནག་མི་བཟད་ཆེན་པོ་དང༌། །གོས་སྔོན་གཟུགས་བྱད་མི་སྡུག་པ། །སུ་ཡིས་རྨི་ལམ་རྨིས་པ་ཡིས། །དེ་ལ་དངོས་གྲུབ་ཡོད་མི་འགྱུར། །ཟུངས་ཤིག་རྒྱོབ་ཅིག་ཆོམས་ཤིག་ཅེས་པའམ། །ཟོ་ཞིག་ཅེས་པའི་མི་བཟང་སྒྲ་དྲག་པོ། །འཇིགས་བྱེད་ཁྲོ་བོ་ཐོས་པ་དང༌། །ཕུང་དང་མ་རྙེད་ཐོས་པ་དང༌། །བྱ་རྒོད་བཞད་དང་བྱ་དཀར་དང༌། །འུག་པ་བྱ་རོག་བྱི་ལ་དང༌། །བྱི་བ་སྡུག་པ་སྲེ་མོང་སྦྲུལ། །གང་དག་གཞན་ཡང་སྐྱེ་བ་འདུག །དེ་དག་རྨི་ལམ་མཐོང་འགྱུར་རམ། །རེག་པར་གྱུར་ན་མི་དགེའོ། །ཞེས་དང༌། དཔུང་བཟང་གི་རྒྱུད་ལས། དེ་བཞིན་སྟག་དང་སེང་གེ་ཁྱི་དང་ཕག །བོང་བུ་རྔ་མོང་བྱི་བ་ཤ་ཟ་དང༌། །བྱ་རྒོད་འུག་པ་སྐྱར་མོ་མི་འུ་སྦྲུལ། །གཅེར་བུ་ཐལ་རིས་ཅན་དང་མི་ནག་པོ། །ཁྲོན་སྐམ་ཐོད་པ་རུས་གོང་ཕུང་པོ་དང༌། །ལྕགས་དང་གཏོར་ཁུང་མི་གཙང་ཁ་རུལ་དང༌། །ཁ་བཞིན་བསྒྱུར་ཞིང་རལ་གྲི་མདུང་ཐོགས་དང༌། །རྨི་ལམ་འདི་རྣམས་མཐོང་བའི་མི་ཡང་བརླག །ཅེས་གསུངས་སོ། །སྤྱི་རྒྱུད་སོགས་ལས་གསུངས་ཚུལ་གཞན་དུ་བརྗོད་པ་དག་ཀྱང་ཤེས་དགོས་སོ། །དུས་ཡང་སྲོད་བདུད་ཀྱི་རྨི་ལམ་དང༌། ནམ་ཕྱེད་བག་ཆགས་ཀྱི་རྨི་ལམ་ཡིན་ལ། ནམ་སྨད་ལྷས་སྟོན་པས་དེ་དུས་དཔྱད་པར་འཇམ་དཔལ་རྩ་རྒྱུད་ལས་གསུངས་སོ། །རྨི་ལམ་ངན་ན་འཁྱིལ་བའི་སྔགས་བཟླས་པའམ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་མོས་ཏེ་རྣམ་རྟོག་སྤངས་ཏེ། དགེ་བཤེས་སྟོན་པས་རྭ་སྒྲེང་འདེབས་དུས་ལྟར་བྱེད་དམ། ཡང་ན་སླར་ཡང་བདེ་གཤེགས་དང་ཞིང་སྐྱོང་ལ་སྔར་ལྟར་གཏོར་མ་དང་མཆོད་ནས་གསོལ་བ་བཏབ་སྟེ། བརྟག་པས་དེ་རྣམས་ཀྱིས་བྱིན་པའམ། མ་བཀག་པའི་ས་གཞི་ལ་བྱ་ཡི། བཀག་པ་ལ་ནི་མ་ཡིན་ནོ། །ཡང་ན་ཅིས་ཀྱང་བྱེད་དགོས་བྱུང་ན་དང༌། ཀླུ་གདུག་པ་ལྟ་བུའི་གནས་མི་རུང་བས་ཀླུ་དེ་དག་ཁྱིའི་ཕྱག་རྒྱའི་སྒོ་གནས་སྤོ་བའི་ཆོ་ག་དུས་འཁོར་གྱི་དཀྱིལ་ཆོག་ལྟར་བྱ་སྟེ་གདམ་པ་ཟབ་མོ་འདི་ལེགས་སོ། །དེ་ནས་ཉི་མ་གཞན་གྱི་སྔ་དྲོ་ལ་སྔར་བསྒོམ་པའི་ལྷའམ། མངོན་རྟོགས་བསྒོམ་པའི་ལྷ་ནམ་མཁར་བཏེགས་པ་རྣམས་ལ་བདེ་བར་གཤེགས་པས་ས་བསླངས་ལྟར་གསོལ་བ་བཏབ་སྟེ་གནང་བ་ཞུས་ཏེ། ཉིན་གུང་བསྲུང་འཁོར་བསྒོམ་ནས་བགེགས་ལ་ཕུར་བུས་གདབ་པ་དང་དྲག་པོའི་སྦྱིན་སྲེག་གང་རུང་བྱ། ཕྱི་མ་བྱེད་ན་ཕྱི་དྲོ་མེ་མཚམས་ཀྱི་ཐབ་ཁུང་དུ་ཞི་བའི་སྦྱིན་སྲེགས་ཀྱང་བྱའོ། །སྔ་མ་བྱེད་ན། ཨོཾ་བཛྲ་ཨུ་ཏི་ཥྛ། བསྒོམ་པའི་དཀྱིལ་འཁོར་བ་ནམ་མཁའ་ལ་བཞུགས་པར་གྱུར་པར་བསམ། རང་ཉིད་བཏེགས་པའི་གཙོ་བོ་ལས་ཕྱེ་བའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་མིག་གཡས་པ་མ་ལས་ཉི་མ་དང༌། གཡོན་པ་ཊ་ལས་ཟླ་བ། ཧཱུཾ་ལས་མིག་འབྲས་གཉིས་སུ་དུས་མཐའི་མེ་ལྟར་གྱུར་པའི་འོད་ཀྱིས་ཕྱོགས་ཐམས་ཅད་གསལ་བར་བྱས་བགེགས་རྣམས་བསྐྲད་པར་གྱུར་པར་བསམ། དེ་ནས་རྐང་མཐིལ་གཉིས་སུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེ་བསྒོམ་ལ། དེ་ནས། ཧྲཱིཿཥྚྲཱིཿལ་སོགས་པ་བརྗོད་བཞིན་པའི་ཤེས་ཤིང་སྤྲོ་ན་རོལ་བའི་རྡོ་རྗེ་རྩེ་གཅིག་པ་སོགས་ཀྱི་འགྲོས་ཀྱིས་སམ། མི་སྤྲོ་བའམ། མི་ཤེས་ན་གནས་གཞི་གང་བྱེད་ཀྱི་ས་གཞི་ལ་བསྐོར་ཞིང༌། སྔགས་བརྗོད་པས། གདུག་པ་རྣམས་བསྐྲད་པར་གྱུར་པར་བསམ། དེ་ནས་ས་གཞི་དེའི་དབུས་སུ་ཕྱིན་ཏེ། ཧཱུཾ་ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཀུན་ཉོན་ཅིག །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བསྲུང་བའི་འཁོར་ལོ་སྦྱོར་བའོ། །རྡོ་རྗེ་གཟུགས་ནི་འབར་བ་ཡི། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འཇིགས་པར་འགྱུར་གྱི་གཞན་དུ་མིན། །ཞེས་བརྗོད་དེ། ཤར་དུ་ཕྱིན་ཏེ། རང་ཉིད་གཏི་མུག་གཤིན་རྗེ་གཤེད་དུ་གྱུར། ཞེས་དེའི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་འཁོར་ལོ་འཆང༌། །སོགས་དང༌། ལྷོར་སེར་སྣ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་རིན་ཆེན་འཆང༌། །སོགས་དང༌། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་གྱི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་པདྨ་འཆང༌། །སོགས་དང༌། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་རལ་གྲི་འཆང༌། །ཞེས་སོགས་བརྗོད་དེ་བགེགས་ལ་བཀའ་བསྒོས་ཤིང༌། ཧྲཱིཿཥྚྲཱིཿལ་སོགས་པའི་སྔགས་ཀྱིས་བགེགས་བསྐྲད་པར་བྱའོ། །དེ་ནས་བཀའ་བསྒོས་ཀྱང་མི་ཉན་པར་གཞན་དུ་བྲོས་ནས་སླར་བགེགས་བྱེད་འདོད་པ་རྣམས་བཀུག་ནས་ཕུར་བུས་བཏབ་སྟེ། དཀྱིལ་འཁོར་རམ་རང་གི་བྱ་བ་མ་རྫོགས་ཀྱི་བར་དུ་ཕུར་བུས་བཏབ་སྟེ་འཇོག་པ་ཡིན་ལ། དྲག་པོ་དབང་ཕྱུག་ལ་སོགས་པའི་མ་རུང་བ་ཐམས་ཅད་སྔོན་དུས་ཧཱུཾ་མཛད་ཀྱིས་བཏུལ་བར་གསུངས་པས་རྗེས་འཇུག་ལའང༌། དེའི་ང་རྒྱལ་བྱས་ནས་གདུག་པ་ཅན་རྣམས་བཏུལ་ན་ཁྱད་པར་ཆེ་བར་སློབ་དཔོན་ཨ་བྷྱ་སོགས་ཀྱི་དགོངས་པ་ཡིན་པས། བསྲུང་འཁོར་གཙོ་བོ་ཧཱུཾ་མཛད་བྱེད་པའི་རྒྱུ་མཚན་དང་ཡང་དེ་ཡིན་ནོ། །
དེ་ལ་ཕུར་བུའི་ཚད་དང་གྲངས། སྐྱེད་ཆོག་དང༌། འདེབས་ཚུལ་དམིགས་གསལ་དང་བཅས་པ་གསུམ་ལས། དང་པོ་ལ། ཕུར་བུའི་རྒྱུ་ནི་སེང་ལྡེང་དང་རུས་པ་དང༌། ལྕགས་གསུམ་གང་རུང་ལས་བྱས་པ་དང༌། ཚད་ལ་སྲིད་སོར་བཅོ་བརྒྱད་པ་དང༌། བཅུ་གཉིས་པ་དང༌། བརྒྱད་པ་གསུམ་གང་རུང་བྱས་ཏེ། སྦོམ་རང་རང་གི་སྲིད་ཀྱི་ཚད་ཀྱི་སུམ་ཆ་བྱ་ལ། དབྱིབས་ནི། དབང་གི་རབ་བྱེད་ལས། སྟོད་རང་རང་གི་གཟུགས་ལ་སྨད་ཕུར་བུར་འདུག་པ་བཅུ། ཞེས་དང༌། ལི་ལ་བཛྲས་ཀྱང༌། ཕུར་བ་སྟོད་ནི་ཁྲོ་བོ་ལ། །སྨད་ནི་རྡོ་རྗེ་རྩེ་གཅིག་པ། །ཞེས་གསུངས་ཤིང༌། ཀླུ་བྱང་དང་དཔལ་འཛིན་གྱིས་སྟོད་ཁྲོ་བོ་དང་སྨད་ཕུར་བུའི་རྣམ་པར་བསྒོམ་པར་བཤད་པས། སྟོད་ཁྲོ་བོ་ལ་ལྟེ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་ཤནྟི་བས་བཤད་པས་དེ་ལྟ་བུ་བཟོས་ན་ལེགས་སོ། །དེ་ལ་ཚོན་སྐུད་སྣ་ལྔས་རིམ་པ་བཞིན་དུ་དཀྲི། ཉུང་དཀར་ཙནྡན་དམར་པོས་བྱུག་ནས་མེ་ཏོག་གི་ཕྲེང་བ་དམར་པོ་རེ་བཅིངས་ཏེ། དཱ་རི་ཀ་པས། སེང་ལྡེང་ལ་སོགས་དྲི་དམར་བསྐུས། །དར་དམར་མེ་ཏོག་ཕྲེང་བཏགས་པའི། །ཞེས་དང༌། ཀླུ་བྱང་གིས་ཚོན་སྐུད་སྣ་ལྔས་དཀྲི་བར་བཤད་པ་ལྟར་བྱའོ། །ཕུར་བུའི་གྲངས་ཕྲེང་བར་བཅུ་དང་བཞི་བཤད་པས་ཕྱི་མ་ནི་རྒྱལ་བ་བཟང་པོའང་བཞེད་ལ་མར་མེ་མཛད་ཀྱིས་གཅིག་དང༌། ལཱ་ལི་ཏ་བཛྲ་གྱིས་ལྔ་བཤད་པ་དེ་དག་གང་རུང་བྱས་ན་ལེགས། གཉིས་པ་ཕུར་བུའི་སྐྱེད་ཆོག་ལ་ལྷ་སོསོ་བར་བྱེད་པ་དང་མི་བྱེད་པའི་ལུགས་གཉིས་ལས། ཕྲེང་བ་དང་སྡོམ་འབྱུང་འགྲེལ་བའི་ལུགས་ཀྱི་ཕུར་བུ་རྣམས་ཁྲོ་བོ་བཅུ་སོ་སོར་བསྐྱེད་ཅིང༌། ལྭ་བ་པ་དང་པྲཛྙཱ་རཀྵྀ་ཏས་ཀྱང་ཕུར་བུ་རྣམས་སྒོ་མཚམས་མ་བརྒྱད་དུ་བསྐྱེད་པས། དེ་དག་ཕུར་བུ་ལྷ་སོ་སོ་བ་ཡིན། ཀླུ་བྱང་དང་དཱ་རི་ཀ་པས་ཕུར་བུ་རྣམས་བགེགས་མཐར་བྱེད་དང༌། དཔལ་འཛིན་གྱིས་རལ་གྲི་གཤིན་རྗེ་གཤེད་དུ་བསྐྱེད་པར་བཤད་པས། ཕུར་བུ་ལྷ་སོ་སོ་བ་མི་བྱེད་ཅིང༌། མར་མེ་མཛད་ཀྱིས་ཕུར་བུའང་གཅིག་ལ་ལྷའང་བགེགས་མཐར་བྱེད་དུ་སྐྱེད་པས་ལྷ་སོ་སོ་བ་མ་ཡིན་ནོ། །འདིར་འཇིགས་བྱེད་སྒོས་དཔལ་འཛིན་ལྟར་ཕུར་བུ་སྐྱེད་པར་བྱ་སྟེ། དེ་ནས་སེང་ལྡེང་ལ་སོགས་པའི་ཕུར་བུ་བཅུ་སོགས་དངོས་སུ་ཡོད་པའམ་མེད་ན་བསྒོམ་པའི་ཕུར་བུ་ཧྲཱིཥྚྲཱིས་བསངས། སྟོང་པའི་ངང་ལས་ར་ལས་རལ་གྲི་རས་མཚན་པ་ཡོངས་སུ་གྱུར་པ་ལས། སྟོད་རལ་གྲི་གཤིན་རྗེ་གཤེད་ལྗང་ཁུ་ལྗང་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང༌། ལྷག་མ་གཡས་གཉིས་རལ་གྲི་དང་འཁོར་ལོ། གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། ལྟེ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་གྱི་ཕུར་བུར་གྱུར། ཨོཾ་ཧྲཱིཿཥྚྲཱིཿཝཱི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་སརྦ་ཥྚཾ་ཨིནྡྲ་ཨདྷི་ནས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ རང་གི་ཐུགས་ཀ་ནས་གཤིན་རྗེའི་གཤེད་ཞལ་གཅིག་ཕྱག་གཉིས་པ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་མང་པོ་སྤྲོས། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་བཀུག་པའི་སྤྱི་བོར་ཕུར་བུ་ཟུག་པར་གྱུར། ཨོཾ་གྷ་གྷ་ནས་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་བརྗོད་ཅིང་བརྡུངས་པས། བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུག་པར་གྱུར་པར་བསམ་ལ་དབང་ལྡན་ནས་བརྩམས་ཏེ་ཕྱོགས་མཚམས་ཐམས་ཅད་དུ་གདབ་བོ། །དེ་ནས་རང་གི་ཐུགས་ཀ་ནས་སྤྲོས་པའི་རྡོ་རྗེ་འབར་བའི་འོད་ཟེར་རྣོན་པོས་སྟེང་འོག་དང་ཕྱོགས་མཚམས་བརྒྱད་པོ་ཀུན་ཏུ་ཁྱབ་པས་ས་གཞི་བགེགས་ཐམས་ཅད་དང་བྲལ་བར་གྱུར་པར་བསམ་ལ་འདེབས་ཚུལ་རང་རང་གི་གཞུང་བཞིན་དང༌། དེ་ཡང་དང་པོར་སློབ་དཔོན་གྱི་གདབ་ཅིང་བརྡུངས་ལ། དེ་ནས་མི་ནུས་ན་སྒོའི་སློབ་དཔོན་གྱིས་བཏབ་པར་བྱའོ། །སྟེང་གི་ཕུར་བ་ཤར་གྱི་ཕུར་བུའི་ཤར་དང༌། འོག་གི་ཕུར་བ་ནི་ནུབ་ཀྱི་ཕུར་བུའི་ནུབ་ཏུ་འདེབས་ཤིང༌། དེའི་ཚེ་བསྒོམ་ཚུལ་ཕྲེང་བར་རང་གིས་བཀའ་བསྒོས་པས་བགེགས་གཏད་པའི་ཁྲོ་བཅུས་རང་གིས་འདེབས་པར་བཤད་པ་ལྟར་རཏྣ་རཀྵིའང་བཞེད་ལ་འཕགས་ལུགས་ལ་བགེགས་བཀུག་པ་དང་འདེབས་པ་གཉིས་གཉིས་གནོད་མཛེས་ཀྱིས་བྱེད་ཅིང༌། ལྭ་བ་པ་དང་པྲཛྙཱ་རཀྵི་ཏས་སྒོ་མཚམས་མ་བརྒྱད་ཀྱིས་འདེབས་པར་བཤད་ལ། འཇམ་རྡོར་དང་ཀྱཻ་རྡོར་གཤེད་དམར་ལ་སྔར་བཀའ་བསྒོ་བའི་དུས་ཀྱི་ལྷའི་ང་རྒྱལ་གང་བཟུང་བ་དེ་ཉིད་ཀྱིས་བཏབ་པས་ཆོག་ཅིང་འདིར་ཡང་དེའི་ལུགས་ལྟར་བྱའོ། །ཕུར་བུ་བཞི་བྱེད་ན་བགེགས་ཀུན་ཕྱོགས་བཞི་རམ་བསྡུས་ནས་བཏབ་ན་ཕྲེང་བ་དང་རྒྱལ་བ་བཟང་པོ་ལྟར་བྱ་ལ་འཇམ་རྡོར་གྱི་དཀྱིལ་ཆོག་རྩ་འགྲེལ་ལྟར་ན་ཕུར་བུ་གཅིག་དབུས་སུ་འདེབས་ཏེ། དེ་ཡང་ཕྱོགས་སྐྱོང་བཅུ་འཁོར་བཅས་ཀྱིས་བགེགས་ཐམས་ཅད་ལ་གཅིག་བུ་དེས་འདེབས་སོ། །ཕུར་བུ་དངོས་སུ་དཀྱིལ་འཁོར་གྱི་དབང་ལྡན་ལྟ་བུར་བཏབ་ནས་དམིགས་པ་དཀྱིལ་འཁོར་དབུས་སུ་བགེགས་ཐམས་ཅད་འདུས་པ་ལ་བཏབ་པར་བསམ་ན་ལེགས་ཏེ། ཉིན་མོ་འབྱུང་གནས་ཀྱིས་བགེགས་ཐམས་ཅད་གཅིག་ཏུ་འདུས་པར་བསམ་ལ་དབུས་སུ་བློས་གདབ་པར་བཤད་དོ། །ཇི་སྐད་བཤད་པའི་ཕུར་བུ་མེད་ན་ཏིང་ངེ་འཛིན་གྱིས་གདབ་པ་དང་བརྡུངས་པ་བྱ་སྟེ། ཕྲེང་བ་ལས། །ཡང་སེང་ལྡེང་ལ་སོགས་པའི་ཕུར་བ་མེད་པར་ཇི་ལྟར་བརྗོད་པའི་སྒོམ་པ་ཁོ་ནས་ཕུར་བ་གདབ་པ་དང་བརྡུངས་པ་བྱས་ལ། །ལག་པ་གན་རྐྱལ་དུ་གནས་པར་བསྒྱུར་ནས། ཨོཾ་བཛྲ་ཨཱཿཧཱུཾ། ཞེས་སོགས་བརྗོད་ཅིང་ས་ལ་བསྣུན་ཏེ་དེ་ལྟར་མོས། ཞེས་གསུངས་པ་ནི། མི་ཐུབ་ཟླ་བའི་རྗེས་སུ་འབྲང་བ་ཡིན་ལ། རྒྱལ་བ་བཟང་པོས་ཀྱང༌། ཡང་ན་ཡེ་ཤེས་ཀྱི་ནུས་ན། ཏིང་ངེ་འཛིན་གྱི་ཕུར་བུས་གདབ། ཅེས་གསུངས་སོ། །
གསུམ་པ་ས་སྦྱངས་པ་ལ། ས་བརྐོས་ནས་སྦྱངས་པ་དང༌། རྫས་སྔགས་ཏིང་ངེ་འཛིན་གསུམ་གྱིས་སྦྱངས་པ་དང༌། བླ་ན་མེད་པའི་སྦྱངས་པའོ། །དང་པོ་ལ་གཉིས། སའི་ཟུག་རྔུ་དག་པའི་ཆེད་དུ་བརྐོ་བ་དང༌། ལྟོ་འཕྱེ་བརྟག་ནས་བསྐོ་བའོ། དང་པོ་ནི། སྤྱི་རྒྱུད་ལས། འཇོར་གྱིས་ས་ནི་སློག་བྱ་ཞིང༌། །དེ་ནས་ཟུག་རྔུ་དབྱུང་བར་བྱ། །ཞེས་ཟུག་རྔུའི་ཉེས་པ་ནི་སྤྱིར་དེ་མ་བསལ་ན་ལས་མི་འགྲུབ་སྟེ། སྤྱི་རྒྱུད་ལས། ཟུག་རྔུར་བཅས་པའི་ས་དག་ནི། །ལས་བྱས་པ་དག་འགྲུབ་མི་འགྱུར། །ཞེས་གསུངས་ལ་ཟུག་རྔུ་སོ་སོའི་ཉེས་པ་ནི། ཕྲེང་བ་ལས། རྡོ་བར་བཅས་ན་རླུང་ཆེན་པོ། །རུས་པར་བཅས་ན་ཟུག་གཟེར་འབྱུང༌། །གྱོ་དུམ་བཅས་ན་ལྐུགས་པ་ཉིད། །ཕུབ་མ་སོལ་བར་ལྡན་ན་རིམས། །སྐྲ་དང་རྩ་བ་ཤིང་སོགས་བཅས། །ཉེ་བར་འཚེ་བ་ཕྲ་མོ་འབྱུང༌། །ཞེས་གསུངས་པ་ལྟར་ཡིན་པས་དེ་རྣམས་བསལ་ལ་ས་ཅག་ཅག་ལེགས་པར་བྱ་སྟེ། ཟུག་རྔུ་ཇི་ལྟར་དག་པ་ཙམ་གྱིས་དངོས་གྲུབ་འགྲུབ་པའི་ཕྱིར། རྡོ་རྗེ་མཁའ་འགྲོའི་ཞེ་དྲུག་པ་ལས། དམན་སོགས་དངོས་གྲུབ་བྱེ་བྲག་གིས། །བུས་མོ་ཆུ་བོ་ལྟེ་བའི་བར། །བརྐོས་ལ་ཕུབ་མ་རྡེ་དང་ནི། །གྱོ་མོ་སོལ་བ་ཟུག་རྔུ་དང༌། །ཚེར་མ་ལ་སོགས་བསལ་ལ་བཅག །ཞེས་གསུངས་སོ། །གལ་ཏེ་ས་སེལ་བསལ་བས་མ་ལངས་ན། བཟང་པོ་ཡོངས་བཟུང་དང་ཉིན་མོ་འབྱུང་གནས་ཀྱིས། ཨོཾ་ཧ་ན་ཧ་ན་ཀྲོ་དྷཱ་ཧཱུཾ་ཕཊ། ཅེས་བཟླས་པས་དག་པར་འགྱུར་ཏེ། སྤྱི་རྒྱུད་ལས། ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །དེར་ནི་གསང་སྔགས་ཁོ་ན་ཡིས། །ས་སྦྱངས་ལེགས་པར་བྱས་པར་འགྱུར། །ཞེས་གསུངས། ས་སེལ་མ་ནུས་པའི་ཚད་ནི་པུས་ནུབ་ཙམ་བརྐོས་པས་མ་དག་ན་རྐེད་པ་ཙམ་བརྐོ་ལ་སྦྱངས་ཏེ། དེས་ཀྱང་མ་དག་ན་སྔགས་ཀྱིས་སྦྱངས་པས་ཉིན་མོ་འབྱུང་གནས་ཀྱི་བཤད་དོ། །ས་སེལ་གྱི་ཉེས་པ་སྦྱངས་པའི་ཕྱིར་དུ་བརྐོས་པའི་ཁུང་བུ་ལ་ས་དང་ཆུས་བརྟགས་པར་པྲཛྙཱ་རཀྵི་ཏས་བཤད་ལ། དམ་ཚིག་རྡོ་རྗེས་ཀྱང་དང་པོ་གཉིས་གཅིག་པར་བཤད། ས་སེལ་ཟིན་པ་ན་དེ་མ་གཏོགས་པའི་ས་ལྷག་མ་དེ་ཉིད་དྲི་ཞིམ་པོའི་ཆུ་དང་སྦྱར་བས་དོང་དེ་དགང༌། དེས་མ་ཁེངས་ན་ས་གཞན་གྱིས་ཀྱང་དགང་ངོ༌། །དེ་ནས་ཧཱུཾ་དང་ལས་ཐམས་ཅད་པ་བཟླས་པའི་དྲི་ཞིམ་པའི་ཆུ་གཏོར་ཞིང་བརྡུངས་ལ་ལེགས་པར་བཅག་གོ །སྐབས་འདིར་ཕྱོགས་དང་སྟེགས་བུའི་མཐོ་དམན་རྡོ་རྗེ་མཁའ་འགྲོ་དང་ཕྲེང་བ་ལྟར་ཤེས་དགོས་ས་གཏེར་བཙུད་ན་ལེགས་ཏེ། སྤྱི་རྒྱུད་ལས། སྟེགས་བུའི་དབུས་སུ་ཁང་བུ་ཅུང་ཞིག་བརྐོས་ནས་འབྲུ་དང་རིན་པོ་ཆེ་ལ་སྔགས་ཀྱིས་བཏབ་སྟེ་བཞུགས་པར་གསུངས་ལ། མི་ཐུབ་ཟླ་བ་དང༌། དཱ་རི་ཀ་པ་དང༌། ཕྲེང་བ་དང༌། བི་བྷུ་ཏི་ལ་སོགས་པས་ཀྱང་སྨན་དང་རིན་ཆེན་ལྔ་དབུས་སུ་གཞུགས་པར་བཤད་པ་ནི། དོན་ཡོད་ཞབས་ཀྱིས་རིན་པོ་ཆེ་ལྔ་དང་འབྲུ་ལྔ་བཅུག་པའི་བུམ་པ་བཅུ་གནས་སས་དགང་བར་གསུངས་པ་ལྟར་ཡིན་པས་ལེགས་སོ། །གཉིས་པ་ལྟོ་འཕྱེ་བརྟག་ནས་བརྐོ་བ་ལ་ལྟོ་འཕྱེ་བརྟག་ཅིང་གནས་པ་དང་་རྒྱུ་བའི་ཚུལ་དང༌། རྐོ་ཚུལ་དང་རྐོ་བ་ལེགས་ཉེས་ཀྱི་སྐྱོན་ཡོན་གསུམ། ལྟོ་འཕྱེ་བརྟག་པ་གང་ལ་དགོས་པ་ནི། རྡོ་རྗེ་མཁའ་འགྲོ་ལས། གཙུག་ལག་ཁང་དང་ཁང་བཟང་དང༌། །མཆོད་རྟེན་དཀྱིལ་འཁོར་གྲོང་ཁྱེར་དང༌། །ཁྱིམ་དང་ལྡུམ་ར་ལ་སོགས་ལ། །ལྟོ་འཕྱེའི་ལྟོ་བར་བརྐོ་བ་དང༌། །ཞེས་གསུངས་ཤིང༌། ཕྲེང་བར་དགོན་གནས་བྱེད་པ་ལའང་བརྟག་པར་བཤད། ཕྲེང་བ་ལས། རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་བཟུང་སྟེ། སྒྲུབ་གྲོགས་དང་བཅས་པས་གཡས་བསྐོར་གྱི་འགྲོས་ཀྱིས་སློབ་དཔོན་མེ་དང་རླུང་དུ་གནས་ལ་ཤར་དང་ནུབ་དང་བྱང་དང་ལྷོ་ཕྱོགས་ཀྱི་ཐིག་བཏབ་ནས། གཙུག་ལག་ཁང་གང་དུ་བྱེད་པའི་གཞི་དེ་གྲུ་བཞིར་བྱས་ཏེ། ཕྱོགས་བཞི་པོ་རེ་རེའང་ཟླ་བ་གསུམ་གསུམ་གྱི་ཞག་གྲངས་རེ་མིག་དགུ་བཅུ་རེ་བྱའོ། །སྟོན་གསུམ་ལ་སོགས་པ་ཟླ་བ་གསུམ་གསུམ་དུ་རིམ་པ་བཞིན་ཤར་ལྷོ་ནུབ་བྱང་རྣམས་སུ་མགོ་བསྟན་ཅིང་ལྷོ་ལ་སོགས་པར་ཁ་ཕྱོགས་ཤིང་གཡོན་འོག་ཏུ་བྱས་ནས་ཉལ་ལ། དེ་ཡང་དཔེར་ན་སྟོན་ར་བའི་ཚེས་གཅིག་ལ་མགོ་བྱང་ཤར་མཚམས་ཀྱི་ཤར་གྱི་རེ་མིག་ཏུ་བཞག་ནས། མཇུག་རྩེ་ལྷོ་ནུབ་མཚམས་ཀྱི་ནུབ་ཀྱི་རེ་མིག་དང་པོར་བཞག་སྟེ་གནས་ལ་ཞག་རེ་སོང་བ་ན་མགོས་ལྷོ་ངོས་སུ་ཤར་གྱི་རེ་མིག་རེ་དང༌། མཇུག་རྩེས་ནུབ་ཀྱི་བྱང་ངོས་སུ་རེ་མིག་བགྲོད་ཅིང༌། ཟླ་བ་གསུམ་ལ་ཕྱོགས་རེའི་རེ་མིག་དགུ་བཅུ་རེ་བགྲོད་པའི་ལོ་གཅིག་ལ་ཕྱོགས་བཞིའི་རེ་མིག་དགུ་བཅུ་པ་ཕྲག་བཞི་ཀ་འཁོར་རོ། །ཕྱོགས་མཚམས་གང་ལ་གནས་ཀྱང་རེ་མིག་དགུ་བཅུ་རེ་ནོན་ནོ། །ལུས་ཀྱི་ཞིང་གིས་ནི་སའི་རེ་མིག་གི་ཆ་དགུ་ཁྱབ་པར་ཉལ་ཞིང་གསང་གནས་དབུས་སུ་གནས་ལ། དབྱར་ར་བའི་བཅོ་ལྔར་མགོ་བྱང་གི་རེ་མིག་རླུང་ནས་བགྲངས་པའི་བཅོ་ལྔ་པར་གནས་ཤིང༌། མཇུག་མ་ལྷོའི་ཤར་ལྷོ་ནས་བགྲངས་པའི་བཅོ་ལྔ་བར་གནས་ཤིང༌། ལུས་ཀྱི་ཆ་དབུས་མ་རེ་མིག་དེར་གནས་པའི་རྒྱབ་མདུན་རེ་མིག་བཞི་བཞི་གནས་པའི་མགོ་ནས་རེ་མིག་ཉེར་བདུན་དང་རྒྱབ་ནས་ཕྱེད་དང་བཅུ་བཞིའི་ཆ་དོར་ནས། ཉེར་བདུན་གྱི་སྣ་ནས་རེ་མིག་དགུ་དང༌། དེ་ནས་རེ་མིག་ཕྱེད་དང་ལྔ་དོར་བ་བརྐོ་བའི་མིག་ཡིན། ཆོ་ག་ནི་འོ་མ་དང་མངར་གསུམ་གྱི་གཏོར་མ་བརྒྱད་བཤམས། རང་ལྷའི་རྣལ་འབྱོར་དང་ལྡན་པས་མཆོད་གཏོར་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། མདུན་དུ་ཐིག་ཚོན་དང་དབྱེར་མེད་པའི་མཐའ་ཡས་ལྟོ་འཕྱེ་ཆེན་པོ་སྐུ་མདོག་གངས་རི་ལྟར་དཀར་ལ་མཛེས་པ་གདེངས་ཀ་བདུན་དང་ལྡན་ཅིང༌། སྐུ་སྟོད་མིའི་གཟུགས་ལ་ལྟོ་བ་མན་ཆད་ལྟོ་འཕྱེའི་རྣམ་པ་ཅན་གྱི་ཕྱག་གཡས་རིན་པོ་ཆེ་དཀུར་བརྟེན་ཅིང་གཡོན་རྣ་བའི་རྩར་བཞག་ཅིང་མཇུག་རྩེར་རིགས་ལྡན་སྔོན་པོ། གསང་གནས་སུ་སྟོབས་རྒྱུ་ལྗང་ཁུ། ལྟེ་བར་དུང་སྐྱོང་པདྨའི་རྩ་བ་ལྟར་དཀར་བ། དཔུང་པར་པདྨ་ཆེན་པོ་གསེར་མདོག སྙིང་ཀར་ནོར་རྒྱས་ལྗང་ཁུ། མགྲིན་པར་འཇོག་པོ་དམར་པོ། སྣར་པདྨ་དཀར་པོ། སྤྱི་བོར་མཐའ་ཡས་སྔོན་པོ་རྣམས་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་ན་ཡིད་བཞིན་ནོར་བུ་བསྣམས་པ། སྟོད་མིའི་རྣམ་པ་ལ་སྨད་སྦྲུལ་འཇུག་འཁྱིལ་བ་ཅན་དུ་གྱུར། དག་ཅིང་དྲི་མེད་ཡིད་སོགས་སམ། སྔགས་ཙམ་གྱིས། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར། འདོད་ཡོན་ལྔ་དང༌། རྒྱལ་སྲིད་བདུན་ཕུལ། གཏོར་མ་ལ་སཾ་བྷ་ར་ལན་གསུམ་མམ་བདུན་སོགས། དེ་བཞིན་གཤེགས་པ་བཞིའི་མཚན་དང༌། ཨ་ཀཱ་རོས་ཕུལ་ལ། སླར་ཡང་ཆུ་གཉིས་སོགས། གང་ཞིག་སྔོན་ནས་ཡོན་ཏན་ལེགས་སྦྱངས་པས། །དུས་འདིར་དཔལ་འབྱོར་བསོད་ནམས་ཀྱིས་ཕྱུགས་ཤིང༌། །མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས་ལ་བསྟོད། །ཀླུ་རྒྱལ་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །རྐོ་མཁན་བགེགས་མཐར་བྱེད་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ལག་པ་རྡོ་རྗེ་ལག་པ་དང༌། ཏོག་ཙེ་ཧཱུཾ་ལས་རྡོ་རྗེས་མཚན་པའི་ཏོག་ཙེར་གྱུར་པར་བསམ་ལ། གཡས་སྟེང་གཡོན་འོག་བྱས་ནས་རེ་མིག་དབུས་མ་ལ་ཁམ་གཅིག་བརྒྱབ་སྟེ་ས་བླངས་ལ་གཏོར་མའི་ནང་དུ་བཞག །དེ་ནས་རྐོ་མིག་གི་ཕྱོགས་བཞིར་ཁམས་བཞི་བརྒྱབ་པའི་ས་དེ་ཐམས་ཅད་ལ་གཏོར། དེ་ནས་ཐམས་ཅད་ཀྱིས་རྐོ་ཞིང་ས་དེ་ས་རྡོ་གང་རྐོ་ལ་གཏོར་ན་བགེགས་མེད་པར་འགྱུར། འདི་ཁ་ཅིག་ལྟོ་འཕྱེ་བརྟག་པ་མི་བྱེད་པར་ལྷ་ཁང་ངམ་མཆོད་རྟེན་དགོན་གནས་སོགས་བྱེད་པ་མི་འཐད་དེ། གཙུག་ལག་ཁང་སོགས་བྱེད་པ་ལ་དེ་བརྟག་དགོས་པར་རྡོ་རྗེ་འཆང་གིས་གསུངས་པའི་ཕྱིར། རྡོ་རྗེ་མཁའ་འགྲོ་ལས། གཙུག་ལག་ཁང་དང་ཁང་བཟང་དང༌། །ཞེས་སོགས་དང༌། ཀྲྀ་ཡ་ལས། གཙུག་ལག་ཁང་དང་མཆོད་རྟེན་སྤོ། །ཁང་བཟང་ཁང་བརྩེགས་ལྷ་ཁང་ལ་སོགས་བྱེད་འདོད་པས་དེ་ཡི་ས་བདག་ཀླུ་ནི་བརྟགས་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར། ཡང་ཐ་སྙད་པ་དང༌། རྟོག་གེ་བ་དང་མཁས་པར་རློམ་པ་དག་གིས་ལྟོ་འཕྱེ་བརྟགས་ཀྱང་ཐིག་གྲུ་བཞི་མི་བྱེད་པར་ཟླུམ་པོ་དང་རེ་མིག་ཡང་ཕྱོགས་རེ་ལ་རེ་མིག་དགུ་བཅུ་མི་བྱེད་པར་དགུ་སོགས་བྱེད་པ་མི་འཐད་པར་ཐལ། གྲུ་བཞིར་པཎ་གྲུབ་དུ་མས་བཤད་པ་དང་འགལ། རེ་མིག་དགུ་བཅུ་མ་བྱས་ན་ཞག་གྲངས་ཟླ་བ་དེའི་ཚེས་གང་ཡིན་གྱི་རི་མོ་མི་ཤེས་པའི་ཕྱིར། དང་པོ་གྲུབ་སྟེ། ཕྲེང་བ་ལས། གཙུག་ལག་ཁང་ལ་སོགས་པ་བྱ་བ་ཉེ་འཁོར་དང་བཅས་པ་དེ་གྲུ་བཞིར་གཅལ་བ་དེའི་ནང་གི་ཕྱོགས་སུ་ས་བདག་ཀླུའི་ཉལ་བ་ལ་སོགས་པའི་མཚན་ཉིད་བཟུང་སྟེ། ཞེས་དང༌། བི་བྷུ་ཏིའི་དཀྱིལ་ཆོག་ལས། ས་གཞིར་གང་ཡིན་དེ་ནི་གྲུ་བཞིར་བྱ། །ཟླ་བ་གསུམ་གྱི་ཉིན་མོའི་གྲངས་ཀྱིས་འདིར། །ཕྱོགས་ནི་སོ་སོར་ས་དེ་རྣམ་པར་དབྱེ། །ཞེས་དང༌། མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཆེན་དྷར་པན་གྱི་ཀྲྀ་ཡ་ལས་ཀྱང༌། དེ་ཡི་ས་བདག་ཀླུ་ནི་བརྟག་པར་བྱ་སྟེ་ས་ཡི་དུམ་བུ་གང་དེ་གྲུ་བཞིར་བྱ། །ཕྱོགས་ཀྱི་ས་ཡི་ཆ་རྣམས་སོ་སོར་ཟླ་བ་གསུམ་དང་ཉི་མ་ཡི་ནི་གྲངས་རྣམས་འདིར། །ཞེས་དང༌། སྡོམ་འབྱུང་འགྲེལ་བ་སོགས་དུ་མས་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། རེ་མིག་སུམ་ཅུ་པ་གསུམ་མ་བྱས་ན་ཟླ་བ་གསུམ་གྱི་ཞག་གྲངས་མི་ཚང་བའི་ས་དེ་ཟླ་བ་གང་ཡིན་གྱི་ས་ཡང་མི་ཤེས་པ་ནི། རེ་མིག་ཆེའང་གཅིག་ཟླ་བར་མི་རུང་ལ། ཟླ་བ་དེའི་ཞག་སོ་སོའི་སའི་ཆ་མ་བགོས་པར། སྟོན་ར་བའི་ཚེས་དགུ་ལྟ་བུའི་ཞག་དེའི་ས་མི་ཤེས་པའི་ཕྱིར། ཞག་གྲངས་ལ་ས་སོ་སོར་མ་བྱས་ན་ཞག་དེའི་ས་མི་ཤེས། སོ་སོར་བྱས་ན་དགུ་བཅུ་དང་སུམ་ཅུ་མི་བྱེད་པ་རང་ཚིག་འགལ་ལ། དྲུག་ཅུ་པ་ལྟ་བུའི་རྟེན་འབྲེལ་ལ་ཕྱི་ནང་གི་བརྩི་ཚུལ་ཐམས་ཅད་དང་འགལ་ལ་ལུང་རིགས་དུ་མས་གནོད་པར་ཤེས་སླ་བའི་ཕྱིར། ཕྲེང་བ་ལས། དེ་ལ་ཉི་མ་རྒྱུ་བའི་ཟླ་བ་སྟོན་ར་བ་ལ་སོགས་པ་གསུམ་གསུམ་དུ་རིམ་པ་བཞིན་ཤར་དང་ལྷོ་དང་ནུབ་དང་བྱང་དུ་ནི་མགོ་བསྟན་ཅིང་ལྷོ་ལ་སོགས་པར་ཁ་ཕྱོགས་ཏེ་ས་དེའི་ནང་དུ་ཀླུ་གཉན་ཉལ་ལོ། ཞེས་དང༌། སྔགས་རིམ་ལས། གཙུག་ལག་ཁང་ལ་སོགས་གང་དུ་བྱེད་པའི་གཞི་དེ་གྲུ་བཞིར་བྱས་ཏེ་སྟོན་ཟླ་ར་བ་ལ་སོགས་པ་གསུམ་གསུམ་དུ་རིམ་པ་བཞིན་ཤར་ལྷོ་ནུབ་བྱང་རྣམས་སུ་མགོ་ལྷོ་ལ་སོགས་པར་ཁ་ཕྱོགས་ནས་ཉལ་བ་བརྟགས་ཏེ། ཞེས་དང༌། བི་བྷུ་ཏིའི་དཀྱིལ་ཆོག་ལས། ལྟོ་འཕྱེ་རྒྱལ་པོ་རྒྱུ་བའི་དབྱེ་བ་ནི། །ཟླ་བ་རེ་རེའི་བྱེ་བྲག་ཤེས་ནས་སུ། །མཐའ་ཡས་བདག་ཉིད་དཀར་པོ་མཛེས་པའི་སྐུ། །མཇུག་མ་ལ་སོགས་རིམ་གྱིས་བསམ་ནས་སུ། །ཞེས་དང༌། ཡང་དེ་ཉིད་ལས། ཟླ་བ་གསུམ་གྱི་ཉིན་མོའི་གྲངས་ཀྱིས་འདིར། །ཕྱོགས་ནི་སོ་སོར་ས་དེ་རྣམ་པར་དབྱེ། ཞེས་དང༌། ཀྲྀ་ཡ་ལས། ཕྱོགས་ཀྱི་ས་ཡི་ཆ་རྣམས་སོ་སོར་ཟླ་བ་གསུམ་དང་ཉི་མ་ཡི་ནི་གྲངས་རྣམས་འདིར། །དབང་ལྡན་ནས་ནི་མེ་ཡི་མཐར་ཐུག་ཤར་གྱི་ས་ཡི་ཆ་ནི་དགུ་བཅུར་རྣམ་པར་དབྱེ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། བླུན་པོ་དང་མཁས་པར་རློམ་པ་མང་པོས་ལྟོ་འཕྱེའི་ཐིག་བྱས་ཀྱང་ལྟོ་འཕྱེ་མཆོད་པའི་ཆོ་ག་མ་བྱས་པ་ནི་དགོས་པའི་གཙོ་བོ་མ་ཤེས་པ་ཡིན་ཏེ། མཆོད་ནས་གནང་བ་ནོད་ནས་ས་བརྐོ་བ་དང་གཏོར་ནས་བགེགས་ཞི་བར་བྱེད་པ་དགོས་པའི་གཙོ་བོ་ཡིན་པའི་ཕྱིར། སྔགས་རིམ་ལས། དེ་འདྲའི་ལྟོ་འཕྱེ་བསམ་ལ་འོ་མ་ལ་སོགས་པའི་མཆོད་པས་མཆོད། ཅེས་པ་ནས། འཇོར་ཁམ་བཞི་བརྒྱབ་པའི་ས་བླངས་ནས་ཞི་བའི་སེམས་ཀྱིས་གཏོར་མའི་ནང་དུ་བླུག་པའམ་མེ་མཚམས་ལ་སོགས་པའི་ཕྱི་རོལ་ཏུ་དོར་བར་བྱའོ། ཞེས་དང༌། བི་བྷུ་ཏིའི་དཀྱིལ་ཆོག་ལས། མཐའ་ཡས་བདག་ཉིད་དཀར་པོ་མཛེས་པའི་སྐུ། །མཇུག་མ་ལ་སོགས་རིམ་གྱིས་བསམ་ནས་སུ། །དེ་ཡི་ལུས་ལ་ཀླུ་ཡི་བདག་པོ་བརྒྱད། །འོ་མ་ལ་སོགས་ཉེ་བར་སྤྱོད་པས་མཆོད། །ཅེས་པ་ནས། དེ་ཡིས་བདུད་ཀྱི་ཚོགས་ནི་སྐྲག་ཅིང་བཟློག །ཞེས་དང༌། ཀྲི་ཡ་ལས། ལོ་རེ་ལ་ནི་ས་ཀུན་ཁྱབ་པ་སྟེ། །ལན་གཅིག་ཙམ་གྱིས་ལེགས་པར་འཁོར་བ་མིན། །ཁྱད་པར་ཤེས་ནས་ཟླ་བ་ཟླ་བ་ཡིབ། །དབྱེ་བའི་ལག་འགྲོའི་བདག་པོའི་ཡང་དག་རྒྱུ། །ཀླུ་ཡི་བདག་ཉིད་དཀར་པོ་མཛེས་པའི་གཟུགས། །བསྒོམ་ནས་མཇུག་མ་ལ་སོགས་རིམ་པ་བཞིན། །དེ་ལུས་གནས་པའི་ཀླུ་བདག་བརྒྱད་པོ་ལ། །འོ་མའི་རོ་སོགས་ཉེར་སྤྱོད་རྣམས་ཀྱིས་མཆོད། །ཅེས་པ་ནས། ས་དེ་ཞི་བའི་སྙིང་པོའི་བར་གནས་པས། །ཞེས་གསུངས་པའི་ཕྱིར། གཞན་ཡང་དཔྱད་བྱ་མང་ཡང་རེ་ཞིག་མ་སྤྲོས། ཕན་ཡོན་སོགས་སྔགས་རིམ་དུ་བལྟ་བར་བྱའོ། །
སྨྲས་པ།
འཇིག་རྟེན་བདེ་སྐྱིད་སྐུ་གསུང་ཐུགས་རྟེན་དང༌། །
དགོན་གནས་བཞེངས་པའི་ཕན་ཡོན་ལ་ལྟོས་པས། །
རས་ཆོད་གཟུ་ལུམ་རང་བཟོ་ཀུན་སྤངས་ཏེ། །
སྐལ་ལྡན་རྣམས་ཀྱིས་མདོ་བཞིན་སྔགས་བཞིན་གྱིས། །
ཞེས་པ་འདི་ཡང་བླ་མ་དང་ཡེ་ཤེས་མཁའ་འགྲོ་སོགས་ཀྱིས་ལུང་བསྟན་པའི་གནས་མཆོག་བཀྲ་ཤིས་འཁྱིལ་བར་མང་དུ་ཐོས་པའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་རང་གི་ལག་ལེན་ཆེད་དུ་འཕྲལ་དུ་བྲིས་པ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག།། །།

ཀླུ་རྒྱལ་བཀྲུ་བྱབས་བསྲུང་གསུམ།

ཀླུ་དབང་རྒྱལ་པོའི་བཀྲུ་བྱབས་བསྲུང་གསུམ་བཞུགས་སོ། །
ཨོཾ་བཛྲ་ཨམྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ། ཞེས་པ་ནས། བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར། རྣམ་རྒྱལ་བུམ་པའི་དབུས་སུ་པཾ་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཆོས་ཐམས་ཅད་མཐའ་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཨ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཡི་གེ་ཧཱུཾ་རིན་པོ་ཆེ་ཞེས་པ་ནས། གཙོ་འཁོར་ལྔའི་རྣམ་པར་སྤྱན་དྲངས་བཛྲ་ས་མ་ཛཿ མ་ལུས་སེམས་ཅན་ཞེས་པ་ནས། དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ཛཿཧཱུཾ་བཾ་ཧོཿཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨརྒྷཾ་ནས་ཤཔྟའི་བར། ཀུན་བཟང་དགེ་བའི་སྟོབས་ལས་བྱུང་བ་ཡི། །བསམ་གྱིས་མི་ཁྱབ་ལྷ་མོ་མཆོད་ཡོན་མ། །བཅོམ་ལྡན་བུམ་པའི་ལྷ་ཚོགས་མཉེས་ཕྱིར་འབུལ། །རྡོ་རྗེ་མཆོད་ཡོན་མ་ཡིས་མཉེས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་ག་རཱ་ཛཱ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་བརྗོད། གང་གི་མཚན་ཙམ་དྲན་པས་སྲིད་ཞི་ཡི། །མི་བཟད་སྡུག་བསྔལ་མཐའ་དག་སེལ་མཛད་པའི། །ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྔ། །ལུས་ངག་ཡིད་གསུམ་གུས་པས་བསྟོད་པར་བགྱི། །བུམ་པའི་ལྷའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་དང༌། ས་བདག་ཀླུ་གཉན་གྱི་གནོད་པ་ཐམས་ཅད་སྦྱངས། སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་འབུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཏདྱ་ཐཱ་ཞེས་སོགས་གཟུངས་རྒྱུན་བྱ། ཐུན་མཐར་ཀླུ་སྔགས་བཟླ། ཅི་ནུས་བྱས་ལ་ཡིག་བརྒྱ་བརྗོད། གཏོར་མ་འབུལ་བ་ནི། ཨོཾ་བཛྲ་ཨམྲྀ་ཏས་བསངས་སྦྱངས་བྱས་ལ། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་དཀར་གསུམ་མངར་གསུམ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་ཨོཾ་ཨཱཿཧཱུཾ་ལན་གསུམ། བཅོམ་ལྡན་འདས་འཁོར་བཅས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་དྲངས་ནས་གསོལ་བར་གྱུར། སྙིང་པོའི་མཇུག་ཏུ་ཨ་ཀཱ་རོ་བཏགས་པ་ལན་ཉེར་གཅིག་གམ་བདུན་ནམ་གསུམ་སོགས་གང་རུང་གིས་འབུལ། དེ་ནས་མཆོད་བསྟོད་འཕྲིན་ལས་བཅོལ་ཚུལ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་སྦྱིན་པའི་བདག་པོས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀླུ་དང་ས་བདག་གི་གདོན་དང༌། དེས་བསྐྱེད་པའི་ནད་དང་སྡུག་བསྔལ་ཐམས་ཅད་ལས་མྱུར་དུ་ཐར་པར་མཛད་ནས་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ་གྱིས་གསོལ་བ་གདབ། ཀླུའི་དབང་ཕྱུག་རྒྱལ་པོ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། དེ་ནས་སྐབས་འདིར་གཞི་བདག་གཏོར་མ་བསྔོ། དེ་ནས་ཨོཾ་བཛྲམུཿབུམ་པའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ལ་ཐིམ་པས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་པ་འདི་ཡང་འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར་བའོ།། །།
༈ ཀླུ་དབང་རྒྱལ་པོའི་སྒོ་ནས་བཀྲུ་བྱབས་བསྲུང་བ་བྱ་ཚུལ་བཞུགས་སོ། །ཡང་ནད་པ་སོགས་ཀྱི་དོན་དུ་བུམ་པ་ལ་བརྟེན་ནས་ཁྲུས་བྱེད་ན། བུམ་པ་ཀླུ་སྨན་དང་ཤིང་རྩི་སྣ་ཚོགས་ཀྱིས་བཀང་སྟེ། དར་གོས་དཀར་པོས་དཀྲིས། ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དུང་ཆོས་དང་བཅས་གཞུང་བཞིན་བཤམས། ཨམྲྀ་ཏས་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་འདབ་མ་བརྒྱད་པའི་དབུས་སུ་པཾ་ལས་པད་མ་དཀར་པོ་འདབ་མ་སྟོང་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཆོས་ཐམས་ཅད་མཐའ་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཨ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཧཱུཾ་རིན་པོ་ཆེ་མི་དཔོག་པའི་མདོག་ལྟ་བུ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུཾ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་ཞེས་སོགས་གོང་ལྟར་བསྐྱེད། དེའི་ཤར་དུ་སྒྲིབ་སེལ་སོགས་བསྐྱེད་པ་ཡང་རིམ་བཞིན་ལྷོ་དང་ནུབ་དང་བྱང་སོགས་ལ་བསྐྱེད། བུམ་པར་བསྐྱེད་པའི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྔའི་རྣམ་པར་སྤྱན་དྲངས། བཛྲ་ས་མ་ཛཿཛཿཧཱུཾ་བཾ་ཧོཿ རྒྱས་པར་ན་མ་ལུས་མས་སྤྱན་དྲངས། མཆོད་པ་བསངས་སྦྱངས་བྱིན་རླབས་སོགས་བྱ། ཆུ་གཉིས་ཉེར་སྤྱོད་རྒྱས་པ་ལ་སྤྲོ་ན་ཚིགས་བཅད། བསྡུ་ན་སྔགས་ཙམ་གྱིས་ཕུལ། འདོད་ཡོན་ལྔ་དང་རིན་ཆེན་སྣ་བདུན་ཡང་རྒྱས་བསྡུས་ཅི་རིགས་དབུལ་ལ། བསྟོད་པ་ནི། མཚོ་སྔོན་དྭངས་པའི་དབུས་སུ་ཆུ་སྐྱེས་དཀར། །སོགས་ཀྱིས་བསྟོད། གཟུངས་ཐག་སྙིང་ཀར་བཟུང་ལ། ཨོཾ་བཛྲ་ཨུད་ཀ་ཧཱུཾ་ལན་བདུན་བཟླས་ལ་དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེ་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། རང་གི་སྙིང་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པ་དང༌། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་བསྡུས་ནས་བུམ་ནང་གི་ལྷའི་ཐུགས་ཀའི་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་ཚོགས་རྒྱུན་ཆད་མེད་པར་བབས་པས་བུམ་པ་གང་བར་གྱུར། ཏཏྱ་ཐཱ་སོགས་བཟླས་པ་ཅི་འགྲུབ་བྱས། མཐར་ཡིག་བརྒྱས་བརྟན་པར་བྱ། གཏོར་མ་བསངས་སྦྱངས་བྱིན་རླབས་བྱ། བུམ་པའི་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བར་གྱུར། སྙིང་པོའི་མཇུག་ཏུ་ཨ་ཀཱ་རོ་བཏགས་ལ་བདུན་ནམ་ཉེར་གཅིག་གིས་འབུལ་ལོ། །མཆོད་བསྟོད་བྱ། འདོད་གསོལ་ནི། དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྔའི་ཐུགས་རྗེ་ལ་བརྟེན་ནས་སྦྱིན་པའི་བདག་པོའི་མཐུན་རྐྱེན་ཚེ་དང་བསོད་ནམས་རིགས་རྒྱུད་སྟོབས་འབྱོར་མངའ་ཐང་རྣམས་ཡར་ངོའི་ཟླ་བ་ལྟར་རྒྱས་ཤིང༌། འགལ་རྐྱེན་ནད་རིམས་གདོན་བགེགས་ཀླུ་ས་བདག་གི་གནོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་མཛད་དུ་གསོལ། ཐུན་བཞིར་བཅད་ན་དེ་ཙམ་དང༌། དཀར་གཏོར་དང་ཆ་གསུམ་སོགས་བྱེད་ཀྱང་རུང༌། བུམ་པ་བསྡུ་ན་ཡི་གེ་བརྒྱ་བ་བཟླས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་ག་ར་ཛ་ཧཱུཾ། ཞེས་དུང་ཆོས་ཀྱིས་མཆོད་ཡོན་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་ག་རཱ་ཛ་པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། མཚོ་སྔོན་དྭངས་པའི་དབུས་སུ་ཆུ་སྐྱེས་དཀར། །ཡི་གེ་བརྒྱ་པ་ཚར་གསུམ་བརྗོད། གང་ཡང་བདག་བློ༌྾མ་རྙེད་྾ལྷག་པ་དང་ནི༌྾སོགས་ཀྱིས་བཟོད་པར་གསོལ། བུམ་ནང་གི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་འབར་བས་ལྷ་འོད་དུ་ཞུ་བ་ལས་བུམ་ཆུར་གྱུར་པར་བསམ་ལ། དེ་ནས་ཁྲུས་གསོལ་བ་ནི། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ༌྾ཞེས་སོགས་ཀྱིས་དེ་བཞིན་གཤེགས་པ་འཁོར་བཅས་ལ་ཁྲུས་གསོལ་བྱས་ཏེ་བུམ་པ་ཉིད་དུ་བླུགས་ནས། དེ་ནས་ནད་པ་སོགས་ལ་ཀླུའི་གཏོར་མ་སྦྲུལ་མགོ་ཅན་གྱི་མཐར་ངར་གླུ་འཐེབ་ཀྱུ་བདུན་ལན་ཆགས་སོགས་ལ་བསྒྲུབ་བྱ་བཀྲུ་ཞིང༌། ཏདྱ་ཐཱ་ཏ་ག་ཐཱ་ཏ་སོགས་ཀྱི་མཐར་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། དེ་བཞིན་སྦྱར་ཏེ་ནད་ཐམས་ཅད༌྾རིམས་ཐམས་ཅད༌྾གདོན་ཐམས་ཅད༌྾ཉེ་བར་འཚེ་བ་ཐམས་ཅད༌྾དུས་མ་ཡིན་པར་འཆི་བ་ཐམས་ཅད་྾ཁོན་ཐམས་ཅད་྾གྲིབ་ཐམས་ཅད་྾བྱད་དང་བྱུར་ཐམས་ཅད་྾སྐལ་བ་ངན་པ་ཐམས་ཅད་྾རྨི་ལྟས་དང་མཚན་མ་ངན་པ་ཐམས་ཅད་྾མཚན་མོ་ནག་མོའི་གདོན༌྾བདུད་ཀྱི་ཞགས་པ༌྾གཤིན་རྗེའི་ཕོ་ཉ྾། བགེགས་དང་ལོག་འདྲེན༌྾མདོར་ན་ཀླུ་དང་ས་བདག་གི་ནད་ཞ་གྲུམ༌྾བགས་ལ་གཤེར་བའི་ཆུ་སེར་གྲུམ་བུའི་ནད་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། གཙུག་ན་ཡིད་བཞིན་ནོར་བུ་ཅན། །མིག་ནི་གདངས་པ་ལྟོ་འཕྱེའི་རིགས། །ཀླུ་ཆེན་བརྒྱད་པོ་མཐོང་བའི་དུག །བཟོད་དཀའི་དུག་རྣམས་ཕྱིར་ཕྱུང་ཤིག །གཟུངས་སྔགས་སྤེལ་ཚིག་བཅས་ཚང་མར་བརྗོད་ལ། ཆེ་གེ་མོའི༌྾ཤནྟིཾ་ཀུ་རུ་སྭཱཧཱ། ལུས་ཅན་མགོ་བོ་ཐ་དད་ལ། །ཞེ་སྡང་དྲག་པོ་རྒྱལ་པོའི་རིགས། །རིགས་བཞི་ཀླུ་བརྒྱད་ཡིད་ཀྱི་དུག །བཟོད་དཀའི་དུག་རྣམས་ཕྱིར་ཕྱུང་ཞིག །ཆེ་གེ་སོགས་གོང་བཞིན། གཤེར་ལ་གནས་པ་འཛངས་པའི་རིགས། །གཙང་མ་ཕལ་ལ་གནོད་མི་བྱེད། །ཀླུ་བྲན་འབུམ་སྡེ་རེག་པའི་དུག །བཟོད་དཀའི༌྾གོང་བཞིན། ཞེ་ངན་གནག་པ་བྱོལ་སོང་རིགས། །རྨིག་བཞི་ལྕི་ལ་ན་བུན་འཐིབས། །གཉན་ཆེན་འབུམ་སྡེ་ཁ་རླངས་དུག །བཟོད་དཀའི༌྾གོང་བཞིན། དམན་པའི་ཆ་འཛིན་ཞེ་སྡང་ཅན། །བདེན་པ་མི་ཉན་ཀུན་ལ་གནོད། །ས་བདག་སྡེ་བཞི་མཆེ་བའི་དུག །བཟོད་དཀའི༌྾གོང་བཞིན། དྲེགས་པ་སྡེ་བརྒྱད་འབར་བ་ཡི། །ཀླེན་པ་ང་རྒྱལ་མཐུ་བོ་ཆེ། །འགྲོ་བ་འདི་ལ་གང་གནོད་པ། །བཟོད་དཀའི་དུག་རྣམས་ཕྱིར་ཕྱུང་ཤིག །གོང་བཞིན། སྦྱོར་གཞན་རབ་ཏུ་འཕྲོས་པའི་ཕོ་ཉ་ནི། །སྤྲུལ་པ་འབུམ་སྡེས་འགྲོ་ལ་གནོད་པ་སྐྱེལ། །སྨན་དང་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །བཟོད་དཀའི་མི་བཟད་དུག་རྣམས་ཕྱིར་ཕྱུང་ཞིག །ཅེས་བརྗོད་ལ་ལེགས་པར་བཀྲུའོ། །དེ་ནས་བྱབས་པ་ན་རྨ་བྱའི་མདོངས་ཀྱི་སྟེང་དུ་ཟླ་དཀྱིལ་ལ་གཟུངས་སྔགས་མེ་ལྟར་འབར་བའི་འོད་ཀྱིས། བཀྲུས་པས་མ་དག་པའི་ནད་གདོན་རྣམས་བྱབས་ཏེ་དྲི་ཆུའི་ནང་དུ་དོར་བའི་མོས་པ་གྱིས། ཞེས་བརྗོད་ལ་གོང་གི་ཤནྟིཾ་ཀུ་རུའི་གནས་སུ་ཨ་བ་ན་ཡེ་སྭཱཧཱ། ཞེས་པ་བཅུག་ལ་བྱ་བའོ། །དེ་ནས་བདེན་སྟོབས་བརྗོད། དྲི་ཆུ་གླུད་དང་བཅས་པ་ཕྱིར་དོར་ལ། སུམྦྷ་ནི་དྲག་ཏུ་བརྗོད་ལ། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་རྒྱལ། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །སོགས་བརྗོད་ལ། བསྒྲུབ་བྱའི་སྤྱི་བོ་སོགས་གནས་རྣམས་སུ་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་རྡོ་རྗེའི་གོ་བསྐོན་ཏེ་ཕྱིན་ཆད་གནོད་པས་མི་ཚུགས་པར་གྱུར་པའི་མོས་པ་མཛོད་ལ་རྡོ་རྗེའི་རྭ་གུར་བར་ནད་གདོན་མི་འབྱུང་བར་བསམ། གོང་ལྟར་ཤནྟིཾ་ཀུ་རུའི་གནས་སུ་རཀྵ་རཀྵ་ཞེས་བརྗོད་ལ་བསྲུང་བ་བྱ། །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །བཅོམ་ལྡན་ཀླུ་དབང་རྒྱལ་པོའི་ཐུགས་རྗེ་ཡིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ཡང་འཇམ་དབྱངས་བཞད་པའི་རྡོ་རྗེ་སེང་གེའི་སྒྲ་དང་ཟུང་དུ་སྦྱར་བའོ། ། ཏཏྱ་ཐཱ། ཨོཾ་ཏ་ཐཱ་ག་ཏ་བྷ་ག་ཝན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷི་ཥྛ་ན་ཨ་ངྷི་ཥྛི་ཏེ་སྭཱཧཱ། ཀླུ་དབང་རྒྱལ་པོའི་སྔགས། ཨོཾ་ཨཾ་ཨནནྟ་ཡེ་སྭཱཧཱ། ཨོཾ་བཾ་བ་སུ་ཀེ་སྭཱཧཱ། ཨོཾ་ཏཾ་ཏཀྵ་ཀ་སྭཱཧཱ། ཨོཾ་བཾ་པདྨ་སྭཱཧཱ། ཨོཾ་མཾ་མ་ཧཱ་པདྨ་སྭཱཧཱ། ཨོཾ་ཤཾ་ཤངྑ་པ་ལ་སྭཱཧཱ། ཨོཾ་ཀཾ་ཀ་རྐོ་ཊ་སྭཱཧཱ། ཨོཾ་ཀུཾ་ཀུ་ལི་ཀ་ཡ་སྭཱཧཱ། ཨོཾ་ཧཱུཾ་བཾ་ཝ་རུ་ཎ་ཡ་ནཱ་ག་ཨ་དྷི་བ་ཏ་ཡེ་སྭཱཧཱ། ཀླུ་ཆེན་བརྒྱད་ཀྱི་སྔགས། ཀླུ་ཆེན་བརྒྱད་ཀྱི་ནུས་མཐུ་ལ་བརྟེན་ནས་ཡུལ་སྡེ་དང་དགེ་འདུན་གྱི་སྡེ་འདི་ལ་ནད་ཡམས་འཐབ་རྩོད་འཁྲུག་པ་སད་སེར་དང་དུས་མིན་གྱི་ཆར་རླུང་ཁ་བ་ཕས་ཀྱི་བྱད་ཁ་ཕུར་ཁ་མཐུ་གཏད་རྦད་འདྲེ་རྦོད་གཏོང་ཐམས་ཅད་ཕྱིར་ཟློག་ཅིག །ཚེ་དང་བསོད་ནམས་རིགས་རྒྱུད་ལོངས་སྤྱོད་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པའི་དཔལ་འབྱོར་ཐམས་ཅད་མ་ལུས་པར་རྒྱས་པར་མཛད་དུ་གསོལ། །བུམ་གཏེར་ལ། དེ་བཞིན་གཤེགས་པ་གཙོ་འཁོར་ལྔའི་ཐུགས་རྗེ་ལ་བརྟེན་ནས་སྦྱིན་བདག་མི་ནོར་འཁོར་བཅས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རིགས་རྒྱུད་སོགས་རྒྱས་ཤིང་ཀླུ་ས་བདག་སོགས་ཀྱི་གནོད་འཚེ་ལས་བསྲུངས་ཤིག །ཀླུ་ལ། ཀླུ་ཆེན་བརྒྱད་པོ་འཁོར་བཅས་ཀྱི་མཐུ་ལ་བརྟེན་ནས་སྦྱིན་པའི་བདག་པོའི་མཐུན་རྐྱེན་ཚེ་དང་བསོད་ནམས་རིགས་རྒྱུད་སྟོབས་འབྱོར་མངའ་ཐང་རྣམས་ཡར་ངོའི་ཟླ་བ་ལྟར་རྒྱས་ཤིང་འགལ་རྐྱེན་ནད་རིམས་གདོན་བགེགས་ཀླུ་ས་བདག་གི་གནོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་པ་ཡང་ངོ༌། །ཤར་ཆུར་ནོར་རྒྱས་དཀར་པོ་གདེངས་ཀ་ལ་ཨུཏྤལ་སྔོན་པོ། ལྷོ་ཆུར་པདྨ་དཀར་པོ་དབུ་ལ་ཐིག་ལེ། ནུབ་ཆུར་ཀརྐོ་ཊ་སྔོན་པོ་མགྲིན་པར་རི་མོ་གསུམ་པ། བྱང་ཆུར་འཇོག་པོ་དམར་པོ་གདེངས་ཀ་ལ་དཔལ་བེའུས་མཚན་པ། དབང་ལྡན་ཆུར་པདྨ་ཆེན་པོ་དཀར་པོ་གདེངས་ཀ་ལ་རྩེ་གསུམ་གྱིས་མཚན་པ། མེར་དུང་སྐྱོང་སེར་པོ་གདེངས་ཀ་ལ་ཐིག་ལེས་མཚན་པ། སྲིན་པོ་རིགས་ལྡན་དཀར་པོ་གདེངས་ཀ་ལ་ཟླ་བ་ཕྱེད་དཀར་གྱིས་མཚན་པ༌། རླུང་དུ་མཐའ་ཡས་དམར་པོ་རྨ་བྱའི་མགྲིན་བཞིན་སྣ་ཚོགས་མདོག་མགོ་ལ་པདྨས་མཚན་པ་བྲི། ཨོཾ་ཨཾ་ཨ་ནནྟ་ཡེ་ཧཱུཾ་ནཾ་ཧཱུཾ་སྭཱཧཱ། ཨོཾ་བཾ་བ་སུ་ཀི་ཧཱུཾ་ནཾ་ཧཱུཾ་སྭཱཧཱ། ཨོཾ་ཏཾ་ཏཀྵི་ཀ་ཧཱུཾ་ནཾ་ཧཱུཾ་སྭཱཧཱ། ཨོཾ་བཾ་པདྨ་ཧཱུཾ་ནཾ་ཧཱུཾ་སྭཱཧཱ། ཨོཾ་མཾ་མ་ཧཱ་པདྨ་ཧཱུཾ་ནཾ་ཧཱུཾ་སྭཱཧཱ། ཨོཾ་ཤཾ་ཤཾ་ཀ་པཱ་ལ་ཧཱུཾ་ནཾ་ཧཱུཾ་སྭཱཧཱ། ཨོཾ་ཀཾ་ཀརྐོ་ཊ་ཧཱུཾ་ནཾ་ཧཱུཾ་སྭཱཧཱ། ཨོཾ་ཀུཾ་ཀུ་ལི་ཀ་ཡེ་ཧཱུཾ་ནཾ་ཧཱུཾ་སྭཱཧཱ། ཨོཾ་ཧཱུཾ་བཾ་བ་རུ་ཎ་ཡ་ནཱ་གཱ་དྷི་བ་ཏ་ཡེ་ནཱ་ག་པར་ཤ་བ་ཡ་ཧཱུཾ་ནན་ཧཱུཾ་སྭཱཧཱ། དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོ་འཁོར་དང་བཅས་པའམ། ཀླུ་ཆེན་བརྒྱད་པོ་སོགས་སྐབས་ཐོབ་ཤེས་པར་བྱ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དགེ་འདུན་གྱི་སྡེ་འདིར་བོད་སོག་པོ་རྒྱ་དང་ཧོར་གྱི་སྐལ་ལྡན་བློ་གསལ་མཐའ་དག་འདུ་ཞིང་མདོ་དང་སྔགས་ཀྱི་བཤད་སྒྲུབ་ཐོས་བསམ་དབྱར་དུས་ཀྱི་མཚོ་ལྟར་རྒྱས་པར་མཛོད། བདག་ཅག་དཔོན་སློབ་སྦྱིན་བདག་ཆོས་ཀྱི་རྒྱལ་པོ་སྡེ་དང་བཅས་པར་ནད་རིམས་འཐབ་རྩོད་འཁྲུག་པ་སད་སེར་དང་དུས་མིན་གྱི་ཆར་རླུང་ཁ་བ་ཕས་ཀྱི་བྱད་ཁ་རྦོད་གཏོང་ཐམས་ཅད་བཟློག་ཅིང་ཕུན་ཚོགས་དཔལ་འབྱོར་མ་ལུས་པ་འདུ་བར་མཛད་དུ་གསོལ། འབྲི་ཚུལ་ཀླུ་དབང་མགོ་ལ་བྲིས། །ཤར་ཕྱོགས་པ་སོགས་འདོན་རིམ་ལྟར། །ཀླུ་དགུག་དེ་ལྟར་བཀྲ་ཤིས་ཐིག །གཞན་རྣམས་མཚན་པ་ཚིག་ཟིན་བཞིན། །མགོ་ལ་གདུགས་དང་འོག་ཏུ་ཆུ། །འབྲི་བ་བླ་མའི་ཕྱག་ལེན་ཡིན། །བརྗེད་ཀྱིས་དོགས་ནས་བྲིས་པ་ལ། འདོན་ཚུལ་མདུན་བསྐྱེད་སྟེང་འོག་གཉིས། །མངོན་རྟོགས་ནས་བཟང་སྤྱན་འདྲེན་དང༌། །དེ་ནས་མཆོད་གཉིས་བསྟོད་པ་ཟུང༌། །བཟླས་གཉིས་གཏོར་འབུལ་རིམ་བཞིན་བྱ། །གྲོལ་ཐུན་བརྟན་བཞུགས་བྱེད་པ་མཐོང༌། །ཀླུའི་བུམ་གཏེར་འཇོག་པའི་ཕྱག་ལེན་ནི། བུམ་པ་གཉིས་སམ། ཡེ་ཤེས་ཀྱི་བུམ་པ་ལྔ་དང་ཀླུ་བུམ་དགུ་རྣམས་རྒྱས་བསྡུས་སྐབས་བསྟུན་གྱིས་རྩི་དཀར་པོ་བྱ། ཡེ་ཤེས་པའི་བུམ་ནང་དུ་ཀླུའི་དབང་པོ་གཙོ་འཁོར་ལྔ་མངོན་རྟོགས་བཞིན་རས་སམ་ཤོག་བུ་ལ་བྲིས། གཡས་ཕྱོགས་ནས་ནང་ངོས་སུ་སྒྲིལ་བ་ལས་དང་བསྟུན་པའི་དར་གྱིས་དྲིལ། དབུ་ཞབས་མ་ནོར་བར་བྱས་ཏེ་བུམ་ནང་དུ་བཅུག །དེ་ནས་རྫས་རྣམས་ཀྱིས་བུམ་པའི་ཕྱེད་ཙམ་ཁེངས་པ་དང༌། རང་རང་གི་གཟུངས་ཀྱི་རྗེས་སུ་སྤེལ་ཚིག་བཏགས་པ་མགོ་ནས་དྲིལ་ཏེ། བུམ་ནང་གི་སྐུ་འདྲའི་མདུན་དུ་མགོ་མཇུག་མ་ནོར་བར་བཞག་ནས་རྫས་རྣམས་ཀྱིས་བུམ་པ་ཁེངས་པར་བྱས། ཁ་ཁེབས་ཤིང་མགོ་མཇུག་མ་ནོར་བ་རྩེ་སྟེང་དུ་བསྟན་པ་དབྱིབས་ནོར་བུའི་ཏོག་ལྟ་བུ། སྲུབ་སྤྲ་ཚིལ་ལམ་འཇིམ་པ་གང་རིགས་ཀྱིས་བསྡམས། བུམ་པ་རྒྱབ་མདུན་མི་ནོར་བའི་ཆེད་དུ་མདུན་ངོས་ལ་རིན་པོ་ཆེ་ཆ་དགུ་བ་བྲིས། བུམ་པའི་ཁ་དོག་དང་མཐུན་པའི་མགུལ་ཆིངས་བྱ། སྒྲུབ་པའི་ཚེ་དར་རས་སོགས་ལ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བུམ་པ་བཞག །གཞུང་བཞིན་བུམ་ཆོག་བྱས། བཟླས་པའི་སྔགས་གཤམ་ལ་འདོད་དོན་སྤེལ་ཚིག་སྦྱོར། སྦ་བའི་ཚེ་བུམ་པ་རྒྱས་བསྡུས་དང་བསྟུན་པའི་བུམ་ཁང་གྲུ་བཞི་པ་གཉིས་ཐོག་ཅན་འོག་མར་ཀླུའི་བུམ་པ། སྟེང་དུ་ཡེ་ཤེས་ཀྱི་བུམ་པ་བཞུགས་བྱས་པའི་བུམ་པའི་མཐའ་སྐོར་དུ་གདུགས། རྒྱལ་མཚན། བ་དན་རྣམས་ཀྱི་བསྐོར་ཞིང༌། འབྲུ་སྣ། ཟས་སྣ། ཤིང་ཏོག་སོགས་ཀྱིས་འགེངས་པར་བྱས། ཆུའི་གནོད་པ་མི་འབྱུང་བའི་མིག་ཚག་ལེགས་པར་བྱས། ས་ཆོག བགེགས་གཏོར། བུམ་ཆུ་གཏོར་བ་སོགས་ནི་སྤྱི་དང་མཐུན། འབྱོར་ན། བུམ་གཏེར་བཞག་པ་ནས་བཟུང་ནང་མ་བདུན་སོགས་ལ་ཀླུའི་དབང་པོའི་བདག་བསྐྱེད་བླངས་ཏེ་མཆོད་བསྟོད་བཟླས་པ་བྱས་ནས། མདུན་བསྐྱེད་ཀྱི་མཆོད་གཏོར་སྤྱན་གཟིགས་རྣམས་བྱིན་གྱིས་བརླབས་ནས། མདུན་བསྐྱེད་མངོན་རྟོགས་བཞིན་བསྐྱེད་དེ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཀླུའི་དབང་པོ་གཙོ་འཁོར་ལྔ་སྤྱན་དྲངས་བསྟིམ། མཆོད་བསྟོད་བཟླས་པ་གཏོར་འབུལ། འདོད་པའི་དོན་རྣམས་ལ་གསོལ་བ་གདབ། དེ་བཞིན་དུ་ཀླུ་ལའང་ཤེས་པར་བྱ། གཏོར་མ་མང་པོ་གཏོང་འདོད་ན། ཚར་རེ་བཞིན་འཐེབ་ཀྱུས་གསོས་ལ་བྱིན་གྱིས་བརླབས་ནས་འབུལ་ཞིང་འཕྲིན་ལས་བཅོལ། མཆོད་རེ་འོ་ཆུ་ཕྱོགས་མཚམས་བརྒྱད་དུ་གཏོར། བསྔོ་སྨོན་ཤིས་བརྗོད་སྤྱི་དང་མཐུན། བུམ་གཏེར་ལག་ལེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ཟིན་བྲིས། །
༈ བདག་བསྐྱེད་བཟླས་པ་བྱས་རྗེས་མཆོད་པ་བརླབས། བུམ་པ་ཨམྲྀ་ཏས་བསངས་པ་ནས། ཞལ་གྱིས་བཞེས་པར་གྱུར། ཡེ་ཤེས་པའི་བུམ་པ། ནས། གཉིས་སུ་མེད་པར་གྱུར། ཀླུའི་བུམ་པའི་ནང་དུ་པདྨ་དཀར་པོ་འདབ་བརྒྱད་ཀྱི་དབུས་སུ་ནོར་རྒྱས་སོགས་དང༌། བུམ་པ་གཅིག་ཡིན་ཚེ། གཙོ་འཁོར་ལྔའི་འོག་ཕྱོགས་སུ་པདྨ་དཀར་པོ་འདབ་བརྒྱད་ཀྱི་དབུས་སུ་ནོར་རྒྱས་སམ་ཆུ་ལྷའམ་ལས་གང་བྱེད་ཀྱི་ཀླུ་གཙོ་བོར་བསྐྱེད་པ་ནས་པདྨ་ཀ་མ་ལ་ཡེ་སྟཾ། ཡེ་ཤེས་པ་ལ་མཆོད་པ་དང༌། མཚོ་སྔོན་དྭངས་པའི་དབུས་སུ་ཆུ་སྐྱེས་དཀར། །སོགས་ཀྱིས་བསྟོད། ཀླུ་ལ་མཆོད་པ་དང༌། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པ་མ་ལུས་སེལ་མཛད་ཅིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་བསྟོད་པར་བགྱི། །གཟུངས་ལ་སྤེལ་ཚིག་བཏགས་པ་ལ་རྒྱུན་བྱ། གཏོར་མ་བརླབས་ལ་བཅོམ་ལྡན་འདས་ལ་འབུལ། མཆོད་བསྟོད་དང་ཡིག་བརྒྱ་བཟླ། ཀླུ་ལ་གཏོར་མ་འབུལ། ཆོས་སྦྱིན་དང་འཕྲིན་ལས་བཅོལ། དཀར་གཏོར་བསྔོ།

ཀླུ་དཔང་བསྟོད་པ།

ཀླུ་དབང་བསྟོད་པ་བཞུགས་སོ། །
མཐའ་ཡས་ནོར་རྒྱས་ལ་སོགས་ཀླུ་དབང་རྣམས། །ཡིད་བཞིན་རྒྱ་མཚོ་ཆེན་པོ་ཡངས་པ་ན། །ཡིད་འོང་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི། །ཕོ་བྲང་འབྱོར་བ་ཆེན་པོའི་དབུས་ན་བཞུགས། །དབུ་ལ་སྦྲུལ་མགོ་གདེངས་ཀས་མཛེས་པའི་དབུས། །ཡིད་བཞིན་ནོར་བུས་བསམ་པ་རྫོགས་བྱེད་ཅིང༌། །བདག་གཞན་དོན་རྣམས་ཕུན་ཚོགས་འགྲུབ་པའི་གཏེར། །དབུལ་བའི་མུན་སེལ་འོད་འབར་རྣམས་ཀྱིས་བརྒྱན། །གདེངས་ཅན་འབྱོར་བའི་ཚོགས་རྣམས་ཐམས་ཅད་རྫོགས། །མཐུ་སྟོབས་རྫུ་འཕྲུལ་ཆེ་ལ་མངའ་བརྙེས་པའི། །ཀླུ་དབང་འཁོར་དང་བཅས་ལ་གུས་པས་འདུད། །ཀླུ་རྣམས་ལ་བསྟོད། བསྡུ་ན། གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པ་མ་ལུས་སེལ་མཛད་ཅིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་བསྟོད་པར་བགྱི། །ཞེས་བསྟོད། ཡང་ན། གང་ཞིག་སྔོན་ནས་ཡོན་ཏན་ལེགས་སྦྱངས་པའི། །དུས་འདིར་དཔལ་འབྱོར་བསོད་ནམས་ཀྱིས་ཕྱུགས་ཤིང༌། །མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས་ལ་བསྟོད། །ཀླུ་བརྒྱད་འཁོར་དང་བཅས་རྣམས་ཀྱིས། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འཕྲིན་ལས་བཅོལ། མཚོ་སྔོན་དྭངས་པའི་དབུས་སུ་ཆུ་སྐྱེས་དཀར། །རབ་ཡངས་དབུས་སུ་རི་བོང་འཛིན་གདན་སྟེང༌། །ཧཱུཾ་ཡིག་ལས་འཁྲུངས་བཻཊཱུར་མདོག་ལྡན་པའི། །བདག་གི་སྐྱབས་གཅིག་ཀླུ་དབང་ཁྱོད་ལ་བསྟོད། །འཁོར་གྱི་གཙོ་བོ་བྱང་སེམས་རྣམ་བཞི་དང༌། །གཡས་གཡོན་བྱང་སེམས་ཉན་ཐོས་དུ་མས་བསྐོར། །མདུན་དུ་ཀླུ་ཚོགས་ཡིད་བཞིན་ནོར་བུ་འབུལ། །འཁོར་དང་བཅས་ལ་གུས་པས་བསྟོད་པར་བགྱི། །ཞེས་བསྟོད། ཀླུ་ལ་མཆོད་པ་དང༌། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པ་མ་ལུས་སེལ་མཛད་ཅིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་བསྟོད་པར་བགྱི། །གཟུངས་ལ་སྤེལ་ཚིག་བཏགས་པ་ལ་རྒྱུན་བྱ། །གཏོར་མ་བརླབས་ལ་བཅོམ་ལྡན་འདས་ལ་འབུལ། མཆོད་བསྟོད་དང་ཡིག་བརྒྱ་བཟླ། ཀླུ་ལ་གཏོར་མ་འབུལ། ཆོས་སྦྱིན་དང་འཕྲིན་ལས་བཅོལ། དཀར་གཏོར་བསྔོ།

གཟུངས་འཇུག་འཁྲུལ་སྤོང་སྙིང་པོ།

གཟུངས་འཇུག་འཁྲུལ་སྤོང་ཉིན་མོར་བྱེད་པའི་སྙིང་པོ་སོགས་བཞུགས་སོ། །
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པ་ལ། །ཐོག་མར་གནས་གཞི་འདིང་བ་དང༌། རྟེན་བཞེངས་ཚུལ་གཉིས་ལས། དང་པོ་ནི། གནས་ཀྱི་མཚན་ཉིད་སྤྱིར་དགེ་བཅུ་ཚང་བ། ཁྱད་པར་དཔལ་དཱི་བཾ་ཀཱ་རའི་ས་དཔྱད་འཕྲུལ་གྱི་ལྡེ་མིག །ཕུག་པ་ཡང་གསང་བླ་མེད། ཡང་དགོན་པའི་རི་ཆོས་སོགས་ལས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་བརྟགས་ལ། གནས་ཀྱི་གཙོ་བོ་ནི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཅི་རིགས་བསྟན་པའི་གནས་དང༌། ཡུལ་ཉི་ཤུ་རྩ་བཞིའམ་དེ་དང་འདྲ་བ་དཔའ་བོ་མཁའ་འགྲོའི་འདུ་གནས་དང༌། མཁས་གྲུབ་ཚད་ལྡན་གྱི་ཞབས་ཀྱིས་བཅགས་པའི་གནས་ལྟ་བུ་བྱུང་ན་ལྷག་པར་ལེགས་ཤིང༌། དོན་བསྡུ་ན། དུས་འཁོར་རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང༌། །སྐྱེ་དགུ་བདེར་གནས་རྩོད་པ་མེད། །ཅེས་དང༌། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་གནས། །ལེགས་པར་རྙེད་དང་གནས་བཟང་དང༌། །ས་བཟང་བ་དང་གྲོགས་བཟང་དང༌། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་སྤྱིའི་གནས་དང༌། བྱེ་བྲག་ཏུ་རྣལ་འབྱོར་བའི་གནས་ནི། ཀྱཻ་རྡོར་ལས། དང་པོར་སྒོམ་པར་བྱེད་དུས་ཀྱི། །གནས་ནི་གང་དུ་སྔགས་པའི་སེམས། །གཅིག་ཏུ་མཉམ་བཞག་འགྲུབ་འགྱུར་བའི། །གནས་ནི་བཟང་པོ་ངེས་པར་བརྟགས། །ཞེས་དང༌། བདེ་མཆོག་རྩ་རྒྱུད་ལས། དཔའ་བོའི་གནས་དང་རི་བོར་ནི། །དམ་ཚིག་གནས་ལ་མཁའ་འགྲོ་མ། །རིང་པོར་གནས་ཀྱང་གཟིགས་པར་འགྱུར། །ཞེས་དང༌། གསང་འདུས་རྩ་རྒྱུད་ལས། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ། །ཅེས་གསུངས་པ་ལྟར་ཡིན་པས་གནད་ཆེ། གཉིས་པ་དེར་བཞུགས་པའི་རྟེན་ལ། ངོས་འཛིན་ཚུལ། ཚད། ཕན་ཡོན། གཟུངས་འབུལ་ཚུལ་བཞི། དང་པོ་ལ། སྐུ་གསུང་ཐུགས་རྟེན་གསུམ་ལས། སྐུའི་རྟེན་ནི། སངས་རྒྱས་ལོངས་སྤྲུལ། བྱང་སེམས། ཉན་རང༌། དངོས་བརྒྱུད་བླ་མའི་སྐུ་སོགས་མང༌། གསུང་གི་རྟེན་ནི། མདོ་སྡེ་ལྟར་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང༌། གསང་སྔགས་ལ་དབྱངས་གསལ་གྱི་མཐའ་ཅན་གྱི་རྒྱུད་སྡེ་བཞི་སྟོང་ཕྲག་སུམ་ཅུ་རྩ་གསུམ་ལས་ཅི་རིགས་གླེགས་བམ་དུ་བཀོད་པའོ། །ཐུགས་རྟེན་ནི། རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན་དག་པའི་སྣོད་བཅུད་དང༌། བླ་ན་མེད་པའི་མཆོད་རྟེན་གླིང་བཞི་ཚད་མེད་བཞི་ལ་སྦྱར་བ། བྱིན་གྱིས་བརླབས་པའི་མཆོད་རྟེན་སྐུ་གདུང་ཆ་བརྒྱད་གླིང་བཞི་སོ་སོར་བཞུགས་པ། དངོས་གྲུབ་འབྱུང་བའི་མཆོད་རྟེན་ཡུལ་བརྒྱད་ཀྱི་ཧེ་རུ་ཀས་དྲག་པོ་བཏུལ་ཏེ་ཡུལ་བརྒྱད་ཀྱི་དུར་ཁྲོད་དུ་མཆོད་རྟེན་བརྒྱད་ཅེས་གསང་སྔགས་ཀྱི་ཐེག་པ་གཞན་ནས་འབྱུང་ལ། ཡོངས་གྲགས་ལ་སངས་རྒྱས་ཀྱིས་མཛད་པ་ཁྱད་པར་ཅན་རེ་མཛད་པའི་ཚེ་མཆོད་རྟེན་རེ་བཞེངས་པའི་མཆོད་རྟེན་བརྒྱད་དང༌། ཉན་ཐོས་རང་རྒྱལ་བྱང་སེམས་སོ་སོའི་མཆོད་རྟེན་སོགས་ནི་སྐུ་གསུམ་ནང་ནས་ཆོས་སྐུའི་རྟེན་ནོ། །ལོངས་སྤྲུལ་གྱི་རྟེན་ནི་རང་རང་གི་སྐུ། དཀོན་མཆོག་གསུམ་གྱི་རྟེན་གྱི་དབང་དུ་བྱས་ན་རིམ་པ་བཞིན་སངས་རྒྱས་ཀྱི་སྐུ། དེ་དག་གི་གསུང་གླེགས་བམ། ཉན་རང་བྱང་སེམས་སོགས་ཀྱི་སྐུ་བརྙན་རྣམས་སོ། །གཉིས་པ་ཚད་ནི། སྦྱིན་བདག་གི་འབྱོར་བསྟུན་གྱིས་ཆེ་ཆུང་མ་ངེས་ཤིང༌། ཆག་ཚད་ཀྱི་རིམ་པ་དུས་འཁོར་སྡོམ་འབྱུང་རྩ་འགྲེལ་སོགས་ནས་འབྱུང་བ་ལྟར་དང༌། གླེགས་བམ་ཡང་སྤྱིར་ཡིག་རིགས་དྲུག་ཅུ་ལྟ་བུ་དང༌། བོད་འདིར་སུམ་རྟགས་རྩ་འགྲེལ་སོགས་གཞིར་བཞག་གིས་བརྡ་དག་སོགས་རུང་བར་དགོས། གསུམ་པ་ཕན་ཡོན་ནི། མཆོད་རྟེན་སྐུ་འདྲ་གསུང་རབ་རེ་རེ་ལའང་ཕན་ཡོན་མཐའ་ཡས་ཏེ། མཆོད་རྟེན་དང་རྒྱལ་བའི་སྐུ་གཟུགས་བཞེངས་པ་ལ་རྡུལ་ཕྲན་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་རྒྱལ་སྲིད་དང༌། ལྷ་དང་མིའི་ལུས་ཐོབ་ཅིང་མཐར་སངས་རྒྱ་ལ། དེའི་བར་དུ་མི་ཁོམ་པར་མི་སྐྱེ་བར་བཤད་ཅིང༌། གསུང་རབ་ཤེར་ཕྱིན་ལྟ་བུ་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དགྲ་བཅོམ་ལ་བཀོད་པ་བས་ཤེར་ཕྱིན་གྱི་གླེགས་བམ་བཞེངས་པ་བསོད་ནམས་ཆེ་བར་བཤད་པ་སོགས་མང༌། བཞི་པ་གཟུངས་འབུལ་ཚུལ་ལ། སྦྱོར་དངོས་མཇུག་གསུམ་དགོས་པར་བསྟན། ལོག་རྟོག་བསལ། འབུལ་ཚུལ་དངོས་གསུམ། དང་པོ་ལ་རྟེན་གསུམ་བཞེངས་པའི་གནས་སུ། རྡོ་རྗེ་ཕྲེང་བ་དང་སྔགས་རིམ་སོགས་ནས་བཤད་པ་ལྟ་བུའི་ས་བརྟགས་བསླང་སྦྱངས་གཟུང་བགེགས་བཟློག་རྣམས་གྲུབ་ན་ལེགས་ལ། མ་གྲུབ་ན་སྦྱངས་གཟུང་རྒྱས་བསྡུས་ཅི་རིགས་བྱ། གནས་གཞི་འདིང་བ་ལྟ་བུ་ལ་ལྟོ་འཕྱེ་བརྟག་པའང་དགོས། དེ་བཞིན་དུ་བཟོ་བོ་དང༌། སྐུ་རྒྱུ། ལག་ཆའི་རིམ་པ་སོགས་ཀྱི་བྱིན་རླབས་དང༌། གཙུག་ལག་ཁང་དང༌། མཆོད་རྟེན་དང༌། སྐུ་གཟུགས་ཆེ་བ་སོགས་ལ་བུམ་གཏེར་ཡང་ལག་ལེན་ལྟར་བྱས་ལ་གཟའ་སྐར་སྦྱོར་བྱེད་སོགས་དང་བསྟུན་པ་གཅེས། གཉིས་པ་ལོག་རྟོག་བསལ་བ་ནི། ལི་མ་དང་སྐུ་གར་བླུགས་འགའ་ཞིག་ལ་གཟུངས་མི་སྣང་བས་གཟུངས་གཞུག་ལ་ཁུངས་མེད་དོ་སྙམ་ན། དཀྱིལ་ཆོག་རྡོ་རྗེ་ཕྲེང་བར་གཟུངས་གཞུག་འབུལ་བར་དངོས་སུ་བཤད་ཅིང༌། མདོ་ལས་སྐུ་གཟུགས་རིང་བསྲེལ་གྱི་སྙིང་པོ་ཅན་གསུངས་པས། ཆོས་སྐུའི་རིང་བསྲེལ་ལ་གཟུངས་སུ་གྲགས་པས་ཤིན་ཏུ་དགོས་པའི་ལུང་རིགས་མང༌། གསུམ་པ་ལ། དངོས་དང༌། འཕྲོས་དོན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི་སྲོག་ཤིང་རབ་ཙན་དན། མ་འབྱོར་ན་ཤུག་པའམ་འབྲས་བུ་ཅན་གྱི་ཤིང་མ་བཅད་གོང་ནས་ཤར་ངོས་མ་ནོར་བ་དགོས་ལ། སྐུ་གཟུགས་ལ་མེད་ནའང་རུང་ཀྱང་མཆོད་རྟེན་ལ་ངེས་པར་དགོས། ཆོས་སྐྱོང་གི་རིགས་ལའང་མན་ངག་ལྟར་དགོས། མཆོད་རྟེན་གྱི་ཆོས་འཁོར་ཡན་ཆད་ཟླུམ་པོ། གཞན་རྣམས་གྲུ་བཞི་རྩ་རྩེའི་རྣམ་པའི་ཕྲ་སྦོམ་ཡོད་པ། དེའི་རྩེ་མོར་རྣམ་རྒྱལ་མཆོད་རྟེན་དང་རྩ་བར་རྡོ་རྗེ་ཕྱེད་པ་གྲུབ་ན་བརྐོ་བའམ། མ་གྲུབ་ན་འབྲི། རྩ་དབུ་མའི་མཚོན་དོན་ཡིན་པས་སྐུ་གཟུགས་ལ་རྡོ་རྗེའི་སྐྱིལ་ཀྲུང་ཡན་ཆད་དམ། ཡང་ན་ལྟེ་བ་ཡན་ཆད་ཙམ་དང༌། མཆོད་རྟེན་ལ་གདུང་ཆེན་ཡན་ཆད་ཀྱི་ཚད་དུ་བྱ། སྲོག་ཤིང་རུས་ཤིང་གཅིག་ཚེ་མཚམས་དེར་བཅད་ཀྱི་རི་མོ། གཡས་གཡོན་དུ་རོ་རྐྱང་མཚོན་པའི་དུར་བ་དང་ཀུ་ཤ།།སྲོག་ཤིང་གི་ཁ་དོག་ཡི་གེ་གང་གིས་འབྲི་བའི་མདོག་དང་མི་ཟློས་པའི་ཚོན་གྱིས་བྱུགས། སྐུའི་དབུའི་བྱིངས་དང༌། མཆོད་རྟེན་གྱི་བྲེ་ཐད་ལ། ཨོཾ་སརྦ་བིདྱ་སྭཱཧཱ། ཞེས་དང༌། མཆོད་རྟེན་གྱི་བྲེ་མགྲིན་སྐུའི་མགྲིན་པའི་ཐད་ཀར་དབྱངས་གསལ་དང༌། ཐུགས་ཀའི་ཐད་དུ་བཛྲཨཱཿཡུ་ཥེ་དང༌། སུ་པྲཏིཥྛ། མདུན་གྱི་གནས་ལྔར་ཨོཾ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿ ཡི་དམ་ལྷའི་ཐུགས་ཀའི་ཐད་དུ་རང་གི་སྙིང་པོ་འདོད་གསོལ་བཅས་ལྷའི་སྔགས་གཞན་ལའང་དགོས། གཞན་ཡང་ཤར་ངོས་ལ་གཙུག་ཏོར་རྣམ་རྒྱལ། ལྷོར་གཙུག་ཏོར་དྲི་མེད། ནུབ་ཏུ་གསང་བ་རིང་བསྲེལ། བྱང་དུ་བྱང་ཆུབ་རྒྱན་འབུམ་གྱི་གཟུངས་རིང་དམ་གཟུངས་ཐུང་འབྲི། བཞི་ཀའི་གཤམ་དུ་རྟེན་འབྲེལ་སྙིང་པོ། བཟོད་པ་དཀའ་ཐུབ་མ་སོགས་བྲི། ནང་རྟེན་ལྟ་བུ་ལ་རང་གི་རྩ་བའི་བླ་མའི་སྐུ་གཙུག་ཏོར་གྱི་ནང༌། ཐུགས་ཀའི་ཐད་དུ་ལྷག་པའི་ལྷའམ་ཡི་དམ་ལྟ་བུ་བྲིས་འབུར་ལ། རིན་པོ་ཆེའི་ཕྲེང་བའི་རིགས་དང༌། རིན་པོ་ཆེའི་ཕྱེ་མ་དང༌། དྲི་བཟང་པོའི་སྨན་གྱི་ཚོགས་རྣམས་སྐུ་མདོག་དང་མཐུན་པའི་དར་གྱིས་དྲིལ་ལ། སྐུ་གཟུགས་དེ་གཉིས་དང་ལྷན་ཅིག་འདོད་གསོལ་དང་བཅས་འཇོག །འདི་ལ་ཤི་གསོན་སོ་སོ་དང༌། ཆོས་རྒྱུད་སོགས་ལ་ལྟོས་པའི་སྤེལ་ཚིག་ཤེས་དགོས། ལྟེ་བའི་འོག་ཙམ་དུ་གང་ཟག་དེ་ཀའི་ཆོས་སྐྱོང་ངམ་སྦྱིན་བདག་གི་ཆོས་སྐྱོང༌། རབ་གནས་ཀྱི་ཚེ་བསྒོ་རྒྱུའི་སྐུ་སྔགས་མཐུན་རྫས་རྣམས་དང་ལྷན་ཅིག་ཏུ་བཞག་ལ་སྐབས་བབས་ཀྱི་གཉེར་གཏད་སྤེལ་ཚིག་རྒྱས་པར་བྱའོ། །རིང་བསྲེལ་ལ་སྐུ་གདུང་གི་རིང་བསྲེལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ། ཆོས་སྐུའི་རིང་བསྲེལ་རྣམས་ལས། དང་པོ་ནི་སངས་རྒྱས་བྱང་སེམས་ཉན་རང་བླ་བརྒྱུད་ཀྱི་གདུང་རུས་ལྟ་བུ། གཉིས་པ་ནི་ཡོངས་གྲགས་ཀྱི་རིང་བསྲེལ། གསུམ་པ་ནི་དབུ་སྐྲ་ཕྱག་སེན་སོགས། བཞི་པ་ནི་གཟུངས་ལ་ངོས་འཛིན་པས། འཇོག་ལུགས་དེ་བཞིན་གཤེགས་པའི་རིང་བསྲེལ་གཙོ་བོར་གྱུར་པའི་རིང་བསྲེལ་རྣམས་མཐོ་དམན་གྱི་བབས་བསྟུན་ནས་བཞག །གང་ཟག་དམན་པའི་རུས་པ་རུས་ཆོག་བྱས་ན་མ་གཏོགས་འཇོག་མི་རུང༌། ཆོས་སྐུའི་རིང་བསྲེལ་འབུལ་ཚུལ་ལ། བླ་གཟུངས་ནས་བཟུང་པད་གཟུངས་ཀྱི་བར་སྣག་ཚའི་རྒྱུ་གྷི་ཧང༌། རིན་པོ་ཆེ་སོགས་སམ། དེ་སྣག་ཚར་བསྲེས་པའི་ཡི་གེ་ལཉྫ་སོགས་སྔར་ལྟར་དུ་རུང་བར་བྲིས་ལ། དེ་ཡང་གཟུངས་རིང་འཕྲེང་གཅིག་མ་གཏོགས་གོང་འོག་མི་ཉན། འཇོག་ལུགས་གོ་རིམ། མ་དྲིལ་གོང་ལ་དྲི་བཟང་པོ་བྱུགས། བགེགས་བསྐྲད་རབ་གནས་བསྡུས་པ་ལག་ལེན་ལྟར་བྱས། དྲིལ་ཚུལ་མཇུག་ནས་ཡི་གེ་ནང་བསྟན་དྲིལ་བ་དང༌། དབུ་ནས་དྲིལ་ལུགས་གཉིས་ལས། གཉིས་ཀ་འཐད་ཀྱང་ཕྱི་མ་ལེགས། དར་རས་སོགས་ཀྱི་ན་བཟའ་སེར་པོས་དྲིལ། སྐུད་པས་དམ་དུ་དཀྲིས། དབུ་དང་སྟོད་སྨད་ཀྱི་གཟུངས་སོགས་མི་ནོར་བའི་ཁ་བྱང་དང་མཚན་མ་བྱ། གཟུངས་འབུལ་བའི་གནས་ཁང་དེར་གསེར་ཟངས་སོགས་ཀྱི་སྐུ་དང༌། རྒྱུ་དེ་ལས་གྲུབ་པའི་མཆོད་རྟེན་རྣམས་ལ་ནི་ཐོག་མར་བྱིན་རྟེན་སྲོག་ཤིང་སྐུ་གཟུགས་དང་གཟུངས། དྲིལ་གྲུབ་པ་རྣམས་ལ་ནི་ཙན་དན་དང་ཤུག་པ་སོགས་སྤོས་ཀྱི་ཕྱེ་དང་སྨན་སྣ་འབྲུ་སྣ་ཐུམ་རྫས་ཀྱི་གོས་དར་གསེར་གཡུ་སོགས་མདོར་ན་དེར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པ་ལ། རྡོ་རྗེ་སློབ་དཔོན་ལྷའི་ང་རྒྱལ་ལ་གནས་པས་བགེགས་བསྐྲད་དྲག་ཏུ་བྱ། བསྲུང་འཁོར་བསྒོམ། སླར་ཡང་གཟུངས་རྣམས་ལ་རབ་གནས་བསྡུས་པ་ཞིག་བྱ། རྟེན་གྱི་ནང་དུ་གད་རོ་མ་ལུས་པར་བཏོན། ཕྱིའི་གསེར་མདངས་སོགས་ལ་མི་གནོད་པའི་ཆུས་བཤལ་ནས། སྡོམ་གཟེར་གྱི་བུག་པ་དང༌། སྒྲིགས་མཚམས་སུ་ཆུ་འགྲོ་བ་ཡོད་ན། མ་འོངས་པ་ན་སྐུ་རྗེན་པ་ལ་ཁྲུས་ཆབ་ལྟ་བུ་གསོལ་བའི་ཚེ་བརླན་གྱིས་གཟུངས་རུལ་འགྲོ་བས། སྒྲིགས་མཚམས་དམ་ཞིང་འབྱོར་ན་འབེར་དང༌། མ་མཐའང་བཀྲག་ཆུས་སྲུབ་མེད་པར་བྱ། དེ་ནས་ཙན་དན་དཀར་དམར་ཨ་ཀ་རུ་ཤུག་ཕྱེ་སོགས་ཀྱིས་གཞི་བྱས། དྲི་བཟང་པོའི་སྨན་ཚོགས་ཚད་སྤོས་རེང་སོགས་ཞིབ་ཏུ་བཏག་ལ་ཆུ་གཙང་གིས་བྲན་པའི་སྐ་སླ་ཞོ་ཙམ་གསེར་ཟངས་ཀྱི་ནང་མཆོད་རྟེན་གྱི་ཤིང་སོགས་ཐམས་ཅད་ལ་ལན་མང་དུ་བྱུགས་ཏེ། སྲབ་འཐུག་བའི་ཀོ་བ་ཙམ། སྨན་སྐུ་ཡིན་ན་ཆུ་ཉུང་ལ་སྐ་བ་བྱེད་དགོས། སྨན་སྐུ་ཆེན་པོ་འགའ་ཞིག་ལ་གཟུངས་ཐོག་མ་ནས་གྲུབ་པ་དགོས་པ་ཡོད། དེ་ནས་རྟེན་རྣམས་ལ་ཞི་བ། ཞི་དྲག་ཕྱེད་མ། དྲག་པོའི་སྦྱངས་པ་སྟེ་སྦྱངས་གསུམ་སྔོན་དུ་འགྲོ་བའི་བགེགས་བསྐྲད་བྱས། གུ་གུལ་གྱིས་བདུག །གཟུངས་འཇུག་འབུལ་པའི་ལས་བྱེད་མཁན་ལ་རབ་དགེ་སློང༌། འབྲིང་དགེ་ཚུལ། ཐ་མ་དགེ་བསྙེན་ནམ་ཁྱིམ་པ་གསོ་སྦྱོང་ལ་གནས་པ་དག་གིས་ཁྲུས་བྱས། གོས་གསར་བ་གྱོན། ཤ་ཆང་སྒོག་ཙོང་ཁ་ཟས་མ་རུང་བ་སྤངས་ཤིང་ཨོཾ་མཱནྟྲ་ངྷ་ཏུ་གར་བྷ་ཡ་སྭཱཧཱ། ཞེས་དང༌། བཀྲ་ཤིས་པའི་ཚིགས་བཅད་འདོན་བཞིན་པས་ལས་བྱེད། དེ་རྣམས་ལ་ཇ་བུ་རམ་སོགས་ཀྱིས་ཚིམ་པར་བྱས་ན་སྦྱིན་བདག་ལ་ལོངས་སྤྱོད་ཀྱི་རྟེན་འབྲེལ་དུ་ཆེ། སྐྱེ་མཆེད་བྱིན་རླབས་སོགས་གསེར་སྐུ་ལ་ཐད་སོར་ནང་ནས་སྦྱར། སྨན་སྐུ་ལ་ཚོན་འོག་ཏུ་འབྲི། འཕེལ་གདུང་སོགས་བྱིན་རྟེན་ཐོར་ཚུགས་ཅན་གྱི་དབུ་སྐྲའི་ནང༌། བླ་སྐུའི་དབུ་གཙུག །མཆོད་རྟེན་གྱི་ཏོག་དང་གདུགས་ནང་དུ་བཅུག །མཛོད་སྤུར་ནོར་བུ་རྒྱས་པའི་གཞལ་མེད་ཁང༌། དེའི་འོག་ཏུ་བླ་མ་བརྒྱུད་པའི་མཚན་གཟུངས། གཙུག་ཏོར་འཁོར་བསྒྱུར་གྱི་གཟུངས་ལ་བར་ཆད་སེལ་བའི་སྤེལ་ཚིག་དང༌། གདུགས་དཀར་གྱི་གཟུངས་འཇུག །མཆོད་རྟེན་ཡིན་ན་བྲེ་ཡན་ཆད་དུ་གཞུག །སྐུའི་མགུལ་དང་མཆོད་རྟེན་གྱི་བྲེ་ཕྲེང་གི་ཐད་དུ་དབྱངས་གསལ། སྐུའི་སྟོད་དང་མཆོད་རྟེན་གྱི་བུམ་སྟོད་ལ་བླ་མེད་ཀྱི་གཟུངས། གཡས་སུ་ཕ་རྒྱུད། གཡོན་དུ་མ་རྒྱུད། དབུས་སུ་རང་གི་ལྷག་པའི་ལྷ་བླ་མེད་གང་ཡིན་གྱི་གཟུངས་དང༌། སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་ཡོད་ན་གཞུག །དེའི་འོག་སྐུ་རྐེད་དང༌། བུམ་རྐེད་ལ་རྣལ་འབྱོར་རྒྱུད། སྤྱོད་རྒྱུད། བྱ་རྒྱུད་ཀྱི་གཟུངས་རིམ་པས་གཞུག །ལྟེ་འོག་དང་བུམ་སྨད་ལ་གཟུངས་ཆེན་སྡེ་ལྔ། ཡངས་པའི་གྲོང་ཁྱེར་དུ་འཇུག་པ། གཞན་ཡང་མདོ་ལས་འབྱུང་བའི་གཟུངས་རྣམས་དང༌། ཕྱག་ལ་གཟུངས་འཇུག་པར་ཤར་ན་བླ་མེད་ཀྱི་གཟུངས་ཀྱི་རིགས་དཔུང་མགོ་ནས་མཐེ་བོང་གི་བར་ལ་ཡས་བཅོལ་ནས་འཇུག །སྟོད་གཟུངས་སྨད་གཟུངས་རྣམས་ལ་གོས་དར་སེར་པོ་སོགས་ཀྱི་མཚམས་དར་ལེགས་པར་བཏང༌། སྐུའི་སྐྱིལ་ཀྲུང་དང་མཆོད་རྟེན་གྱི་བང་རིམ་རྣམས་ལ་རྒྱུད་སྡེ་བཞི་དང་ཐེག་པ་གོང་འོག་སོགས་གོ་རིམ་མ་འཛོལ་བར་བྱས་ཏེ། སངས་རྒྱས་ཀྱི་བཀའ་དང་དེའི་བསྟན་བཅོས་མངོན་རྟོགས་སྒྲུབ་སྐོར་ལས་ཚོགས་ཀྱི་གླེགས་བམ་ཤོག་བུའི་བར་བར་ལ་དྲི་བཟང་དང་བཅས་ནང་དྲིལ་གོས་དར་སྣ་ཚོགས་གང་འབྱོར། ཕྱི་དྲིལ་དར་སེར་པོས་བྱས། དབུ་ཤོག་ཡར་ལོག །མདུན་ངོས་ཀྱི་དབུ་རྟེན་གྱི་རྒྱབ་ཕྱོགས་སུ་ཡོད་པར་བྱས་སུག་པ་མདུན་ངོས་ལ་བསྟན་ནས་འཇོག།།གཟུངས་དང་གླེགས་བམ་གྱི་སྲུབ་སྟོང་བར་ལུས་པ་རྣམས་ཤུག་ཕྱེ་དང་སྤང་སྤོས། གཙོ་བོ་བུམ་རྫས་ཉེར་ལྔ། གཞན་ཡང་དྲི་བཟང་ཅི་འབྱོར་གྱི་ཕྱེ་མ་དར་དང་རས་སེར་པོས་ཐུམ་བུ་བྱས་ནས་འགེངས། སྐུའི་རྟེན་གྱི་པདྨའི་སྟོང་ངམ། མཆོད་རྟེན་གྱི་སེང་ཁྲིའི་སྟོད་ཀྱི་ཐད་དུ་དབུས་སུ་བཀྲ་ཤིས་པའི་ཚིགས་བཅད་ལྷུག། བཀྲ་ཤིས་པའི་གཟུངས་རྣམས་ཀྱི་ཤོག་དྲིལ། གཡས་སུ་ཆོས་སྐྱོང་བསྲུང་མ། གཡོན་དུ་དཔལ་མགོན་བདུན་ཅུ་རྩ་ལྔ། རྒྱབ་ཏུ་གནོད་སྦྱིན་ནོར་ལྷའི་གཟུངས་དང༌། ཕྱོགས་སྐྱོང་རྒྱལ་ཆེན་བཞི་གཟའ་རྒྱུ་སྐར་ལྷ་ཀླུ་ས་བདག་མཐུ་བོ་ཆེ་རྣམས་ཀྱི་སྔགས། དེ་དག་རྣམས་ཀྱི་བར་བར་དུའང་བྲ་བོ་དང་པད་ཁམ་ཡིན་པའི་འབྲུ་སྣའི་རིགས་རས་དར་སེར་པོས་བཏུམས་ཏེ་བཅུག །དར་སེར་པོས་མཚམས་བཅད་མ་ལུག་པར་བྱའོ། །ཞེས་པ་འདི་ངག་དབང་གྲགས་པས་གསོལ་བ་བཏབ་པ་བཞིན་རྗེ་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པ་ལགས།
གཟུངས་འཇུག་ཟུར་འདེབས་ག་བུར་ཆུ་རྒྱུན།
༈ གཟུངས་འཇུག་གི་ཟུར་འདེབས་འཁྲུལ་སེལ་ག་བུར་ཆུ་རྒྱུན་བཞུགས་སོ། །དེ་ལ་འདིར་རྒྱལ་བའི་དབང་པོ་མཆོག་གིས་གནང་བའི་གཟུངས་འབུལ་ལ་བརྟེན་ནས་ཞལ་ལས་ཤེས་དགོས་པའི་ཞིབ་ཆའི་ཡི་གེ་ཁྱབ་བདག་རྡོ་རྗེ་འཛིན་པ་བློ་བཟང་དཔལ་འབྱོར་གྱི་གསུང་ཟིན་བྲིས་སུ་བཀོད་པ་ནི། སྲོག་ཤིང་གི་རྒྱུ་འོ་མ་ཅན་གྱི་ཤིང་དངོས་རྒྱ་གར་ན་ཡོད་ཅིང་དེའི་དོད་འོམ་བུ་ལ་བྱེད་ཀྱང་དེ་ལའང་སྲོག་ཤིང་ཉན་པ་དཀའ་བས་ཕྱག་ལེན་ལ་སྲོག་ཤིང་ཆེན་པོ་དགོས་ཚེ་ཤུག་པ་ལ་བྱེད་ལ། ཤིང་དེ་མ་བཅད་གོང་གི་ཤར་ལ་ལྟ་ཕྱོགས་དེ་སྐུ་གཟུགས་སོགས་ཀྱི་མདུན་དུ་བྱེད་གསུངས། ཡང་རུས་ཤིང་དང་སྲོག་ཤིང་གཅིག་པར་བསྒྲུབ་ཚེ་སྲོག་ཤིང་ལ་རྡོ་རྗེ་རྩེ་གཅིག་འབྲི་བརྐོ་མི་དགོས་པ་དམིགས་ཀྱིས་བསལ་བ་དང༌། རུས་ཤིང་དང་སྲོག་ཤིང་གི་མཚམས་སྣག་རིས་ཀྱིས་བཅད་བྱ་གསུངས། ཕ་བོང་ཁ་བས་རྩ་དུར་བ་དང་ཀུ་ཤ་གཉིས་ལ་གཡས་གཡོན་གྱི་ཕྱོགས་རེའི་ངེས་པ་མེད་པར་ཕྱོགས་རེ་རེ་ལའང་གཉིས་ཀ་འཇོག་ཚོད་ཡིན་གསུངས། གནས་ལྔར་ཨོཾ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿཞེས་པ་བཀོད་ཅེས་པའི་དོན་ཐུགས་ལ་མ་ངེས་གསུངས། དབུ་གཙུག་དང་ཐུགས་ཀར་བླ་མ་དང་ལྷའི་སྐུ་བྲིས་མ་འཇོག་ལུགས་གཞོགས་གཡས་གཡོན་ནམ་གཤམ་ནས་དྲིལ་ཏེ་འཇོག་པའི་གསལ་ཁ་ཐུགས་ལ་མི་ངེས་འདུག་གསུངས། སྐུ་གཟུགས་ཐུགས་ཀར་ཀུན་རིག་མི་འཁྲུག་པ་སོགས་ལ་བརྟེན་ནས་སྡིག་སྦྱོང་གི་གཟུངས་བཞུགས་ལུགས་བྱས་ཏེ་ཐུགས་ཀར་འཇོག་ལུགས་ལ་ལྷ་དེའི་སྐུ་དབུས་སུ་བཞག་ནས་གཟུངས་ཤོག་དྲིལ་བྱས་ནས་མཐའ་བསྐོར་ནས་འཇོག་གསུངས། ལྟེ་བའི་འོག་ཙམ་དུ་བཞེངས་ཡུལ་གྱི་ཞེས་སོགས་ལ་ཆོས་སྐྱོང་གི་རིགས་སོགས་ལ་གཉེར་གཏད་བྱེད་ན་སྐུ་གཟུགས་སོགས་དེ་སུ་ལ་གཏད་གཉེར་བྱེད་རྒྱུའི་ཆོས་སྐྱོང་ཕྱག་དྲུག་པ་ལྟ་བུའམ་ཡུལ་དུས་གནས་སྐབས་སོགས་དང་བསྟུན་པའི་ཆོས་སྐྱོང་ཞེས་པས་བསྟན་པའི་ཡུལ་ལྷ་སོགས་ལ་རབ་གནས་ཀྱི་དུས་སུ་བསྐང་གསོ་སོགས་སྒེར་དུ་བཏང་ནས་རྟེན་དེ་བསྲུང་སྐྱོབ་ཀྱི་བཀའ་བསྒོ་དགོས་ལ། དེ་ལྟ་བུའི་ཆོས་སྐྱོང་སོགས་དེའི་བྲིས་འབུར་གྱི་སྐུ་དང་ལྷན་ཅིག་ཏུ་བཞག་རྒྱུའི་མཐུན་རྫས་ནི་ཕྱག་དྲུག་པ་ལྟ་བུ་ལ་ཕྱི་ནང་གསང་བའི་རྟེན་རྫས་ཐུམ་ཅན་དུ་བྱས་ལ། དེ་ལ་ལས་འདི་གྱིས་ཤིག་པའི་སྤེལ་ཚིག་བྲིས་ཏེ་ཤོག་དྲིལ་ལྟར་དཀྲི་པས་མཚོན་གསུངས། གོང་གི་སྲོག་ཤིང་གི་སྐབས་དང་འདི་དག་ལ་ཆོས་སྐྱོང་རང་རང་གི་ལས་ཚོགས་དང་གཞུང་ནས་འབྱུང་བ་ལྟར་བྱེད་པ་མ་གཏོགས། པར་བཀབ་བྱེད་མི་ཐུབ་གསུངས་ཀྱིན་འདུག་གསུངས། ལྷ་དེའི་ཆོས་རྒྱུན་ལ་དམ་སེལ་ཡོད་ཚུལ་ནི་གསང་འདུས་ལྟ་བུའི་ཆོས་ལུགས་དེ་ལ་ལོག་པར་ལྟ་བའམ་མི་འཐད་ཅེས་དགག་པ་མཛད་པ་ལྟ་བུ་དང༌། ཡང་རང་རེའི་འཇིགས་བྱེད་ལྟ་བུ་ལ་འདི་ལྟ་བུའི་ཞལ་ཕྱག་ཅན་གྱི་འཇིགས་བྱེད་མི་རུང་ཞེས་དགག་པ་མཛད་པ་ལྟ་བུ་ཡིན་གསུངས། ཡང་གཟུངས་འབྲི་ཚུལ་སོགས་ལ་བླ་མེད་ཀྱི་གསང་འདུས་ལྟ་བུ་གཅིག་གི་གཟུངས་ཡིན་ཀྱང་པར་མ་ལྟ་བུའི་འཐུད་མཚམས་ལ་མཐོང་དམན་མི་རུང་ལ། འཐུད་མཚམས་ལ་བར་སྟོང་སོགས་ཡོད་ཀྱང་སྐྱོན་མེད་པ་འདྲ་ཡང་རབ་འབྱམས་པས་དེ་མི་དགའ་གསུངས་ལ། འོན་ཀྱང་རང་གིས་ནི་བར་སྟོང་མེད་པ་བྱེད་ཀྱིན་ཡོད་གསུངས། ཡང་བླ་མེད་ཀྱི་གཟུངས་ལ་ཕ་རྒྱུད་མ་རྒྱུད་སོགས་རྒྱུད་དང་ལྷ་མི་གཅིག་པའི་གཟུངས་སོ་སོར་དྲིལ་གྱིན་ཡོད་གསུངས། ཡང་དེས་བྱ་རྒྱུད་ལ་མཚོན་དགོས་རྒྱུ་ལ། སྐུ་ཞབས་ཀྱི་ཕྱག་ལེན་པོ་ཏ་ལའི་གཟུངས་འབུལ་འདི་ལ་རིགས་གསུམ་མགོན་པོའི་སྔགས་ཕྱོགས་གཅིག་ཏུ་བྱས་འདུག །སྐུ་གཟུགས་ཆུང་ངུའི་ནང་རྟེན་དང་ཤོག་དྲིལ་ལ་རྒྱུད་སྡེ་གོང་འོག་གི་རིམ་པས་ཡིག་ཕྲེང་གོང་འོག་བྱ་ཞིང་འདི་འདྲའི་རིགས་ལ་མཚམས་དར་གཏོང་མི་ཐུབ་འདུག་གསུངས། སྤྱིར་སྟོད་སྨད་བར་གསུམ་གྱི་མཚམས་དར་གྱིས་སོ་སོར་རྒྱུད་སྡེའི་གཟུངས་རིགས་བཅད་པ་དགོས་ཤིང་དེ་ནི་རྒྱུད་སྡེའི་གཟུངས་སོ་སོར་འཇོག་པའི་དབང་དུ་བྱས་པ་ཡིན་གསུངས། ཡང་མ་དྲིལ་བ་ཞེས་སོགས་དང༌། དེ་ནས་རྟེན་རྣམས་ལ་སྦྱངས་གསུམ་ཞེས་སོགས་ཀྱིས་བསྟན་པའི་སྦྱངས་གསུམ་སྔོན་འགྲོ་ཅན་གྱི་བགེགས་བསྐྲད་ལུགས་དང༌། དེ་སྐབས་ཀྱི་རྟེན་ལ་རབ་གནས་བསྡུས་པ་བྱེད་ལུགས་དང་འོག་གི་གནོད་སྦྱིན་ཕོ་མོའི་དང༌། ཚོགས་བདག་གི་འཁོར་ལོ་བསྐྱེད་སྒྲུབ་གཞུང་བཞིན་བྱེད་ལུགས་ཀྱི་ཡི་གེ་རྒྱལ་བའི་དབང་པོའི་གསུང་ལ་བརྟེན་ནས་ཕ་བོང་ཁ་པས་ཕྱག་ལེན་གྱི་ཡི་གེ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡོད་གསུངས། ཡང་སྔགས་ཀྱི་དབུ་ནས་ཡི་གེ་ནང་དུ་བསྟན་ནས་དྲིལ་གྱིན་ཡོད་གསུངས། ཡང་གཟུངས་དྲིལ་བ་འདིའི་ན་བཟའ་དང་དེ་འདྲིལ་བའི་སྐུད་པ་གཉིས་ཀ་སེར་པོས་བྱེད་ཀྱིན་ཡོད། ཀར་ལུགས་ཀྱི་གཟུངས་འཇུག་རྙིང་བ་འགའ་ཞིག་ལ་དོག་ཚོན་སྣ་ལྔས་དྲིལ་འདུག་གསུངས། ཡང་སྨན་སྐུའི་རིགས་ལ་སྨན་སྣ་མང་པོ་ཚོགས་པའི་དྲི་བཟང་གི་བྱུག་པ་ཡོད་ཙམ་ལས་མང་པོ་བྱུགས་ན་སྨན་སྐུ་དེ་གས་ནས་ཞིག་འགྲོ་བར་འདུག་པས་སྨན་དེའི་སྟོབས་ཡིན་ནམ་རང་དགའི་ཆུ་འདམ་གྱི་ཞལ་ཞལ་དང་མི་འདྲ་འདུག །དེས་ན་དྲི་བཟང་གི་སྐ་སླ་ཞོ་ཙམ་དང་སྲབ་འཐུག་བའི་ཀོ་བ་ཙམ་བྱ་བ་གསེར་ཟངས་ཀྱི་རིགས་ལྟ་བུ་མ་གཏོགས་སྨན་སྐུ་ལ་དེ་བྱ་མི་རུང་གསུངས། ཡང་སྨན་སྐུའི་རིགས་འགའ་ཞིག་ལ་གཟུངས་ཐོག་མ་ནས་ཞེས་སོགས་ལ། སྨན་སྐུ་ཆེན་པོ་རྗེས་སུ་ཞབས་ནས་གཟུངས་གཞུག་མི་ནུས་པ་རྣམས་ཐོག་མ་ཉིད་ནས་པད་གཟུངས་སོགས་ཡས་མས་ཀྱི་རིམ་པར་གཟུངས་གཞུག་དགོས་པ་རྣམས་ལ་རུས་སྲོག་གི་ཤིང་ལ་དབུ་གཙུག་མགྲིན་ཐུགས་སོགས་ཀྱི་ཐད་མི་ནོར་བའི་མཚན་མ་བཏབ་ནས་དེ་དག་ལ་དེ་སྐབས་ཀྱི་གཟུངས་ཚང་མར་དབུལ། དྲིལ་ཚར་རྗེས་སྤེན་མས་ཕྱི་ནས་མི་མངོན་པར་དཀྲིས། དེ་རྗེས་སྨན་སྐུ་དེ་བཟོ་དགོས་ལ། གསེར་ཟངས་ལ་དེ་ལྟར་མི་དགོས་པས། གོ་རིམ་ཅུང་ཟད་མི་འདྲ་ཚུལ་དེ་ལྟར་ཡིན་གསུངས། ཡང་གསེར་སྐུ་ལྟ་བུ་ལ་ཞེས་སོགས་ལ་སྤྱན་སྙན་སོགས་སྐྱེད་མཆེད་རང་རང་གི་བྱིན་རླབས་ཀྱི་སྔགས་རྒྱུད་སྡེ་གོང་མ་རྣམས་ལ་རང་རང་གི་གཞུང་ནས་འབྱུང་བ་དེ་གསེར་ཟངས་ལྟ་བུ་ལ་སྤྱན་དང་སྙན་སོགས་ཀྱི་ཐད་སོའི་ནང་ནས་ཡི་གེ་སྐུའི་ཕྱི་ངོས་ལ་བསྟན་ནས་སྦྱོར། སྨན་སྐུ་ལ་ཚོན་འོག་ཏུ་འབྲི་ཞིང་རྒྱུད་སྡེ་འོག་མ་དེ་སྔགས་མེད་པ་ལ་མི་དགོས་གསུངས། ཡང་ནོར་བུ་རྒྱས་པའི་གཞལ་མེད་ཁང་དང༌། གཙུག་ཏོར་འཁོར་བསྒྱུར་གྱི་གཟུངས་པོ་ཏ་ལའི་གཟུངས་གཞུག་ན་འདུག་གསུངས། ཡང་ཕྱག་ལ་ཞེས་སོགས་ལ། དཔུང་མགོ་ནས་མཐེ་བོང་གི་བར་ལ་ཡས་བཅོལ་ནས་འཇུག་པའི་དོན་དཔོན་སློབ་ཕ་བོང་ཁ་པལའང་ཞུས་པས་མི་ངེས་འདུག་གསུང་གསུངས། རང་གི་བསམ་ཚོད་ལ་མཐེ་བོང་དང་དཔུང་མགོ་ལ་སྔགས་རྣམས་ཀྱི་དབུ་བསྟན་ནས། མཇུག་དཔུང་པ་དང་ལག་ངར་གྱི་ཚིགས་མཚམས་སུ་འོང་བ་དགོས་སམ་སྙམ་གསུངས། སྐྱིལ་ཀྲུང་གི་གཟུངས་འཇོག་མཚམས་ནི་ཞབས་ཀྱི་རྟིང་བ་གཉིས་བསྣོལ་མཚམས་ནས་བརླའི་མ་མཐའ་པད་གདན་ལ་ཐུག་གི་བར་དུ་འཇོག །དེ་དག་གི་ཐད་དུ་རྒྱུད་སྡེ་བཞིའི་གླེགས་བམ་གོ་རིམ་རྒྱུད་སྡེའི་རིམ་པས་འཇོག་ལ། དེ་ལྟར་ན་བླ་མེད་ཀྱི་རྒྱུད་བཀའ་རྣམས་རྒྱུད་སྡེ་འོག་མའི་གཟུངས་ཀྱི་འོག་ཏུ་གཞུག་དགོས་ཀྱང་དམིགས་བསལ་གྱིས་སྐྱོན་མེད་ལ། གཟུངས་ལ་རྒྱུད་སྡེའི་རིམ་པས་གོང་འོག་ཡོད་པ་བཞིན་གླེགས་བམ་ལ་ཡང་ཡོད་ལ། འདི་དག་གི་ཕྱི་དྲིལ་དར་སེར་པོས་བྱས། དབུ་ཤོག་ཡར་ལོག་ལུགས་དབུ་ཤོག་གི་དབུ་ཡི་ཡིག་རྟགས་དང༌། མདུན་ཤོག་གི་དབུ་ཡི་ཡིག་རྟགས་གཉིས་ཕྱོགས་གཅིག་ཏུ་འོང་བ་བྱས་ལ། ཁ་ཡིག་ངོས་གཡས་དང་གཅིག་ཤོས་གཡོན། དབུ་གཟིགས་ངོས་ཀྱི་ཡིག་མགོ་རྣམས་རྒྱབ། སུག་པ་རྣམས་མདུན་དུ་འོང་བ་བྱ་གསུངས། དཔལ་མགོན་བདུན་ཅུའི་གཟུངས་སྔགས་ཀྱང་ཕྱག་ལེན་གྱི་བར་ལ་འདུག་གསུངས། འཁོར་ལོར་མངར་གསུམ་གྱིས་བྱུགས་ཚུལ་ཡང་ཕྱག་ལེན་ལ་ཡི་གེ་དང་ལྷ་ལ་མི་བྱུགས་པར་ཡིག་ལྷ་མི་འཛོལ་བའི་ཐབས་སུ་དབུས་དང་ཕྱོགས་མཚམས་ཀྱི་པར་དུ་བྱུགས་པར་བྱེད་ལ། ཀར་ལུགས་པ་འགའ་ཞིག་གིས་འཁོར་ལོ་ཡོངས་རྫོགས་ལ་བྱུགས་འདུག་གསུངས། སྐུད་པ་སེར་པོས་རྒྱ་གྲམ་དུ་བཅིང་ཚུལ་ཐོག་མར་འཁོར་ལོའི་ཕྱོགས་གཅིག་ནས་ཕྱོགས་གཞན་གྱི་མཐའ་བར་དུ་དཀྲིས། དེ་རྗེས་དེའི་སྟེང་དུ་ཡང་ཕྱོགས་གཞན་གཅིག་ནས་ཕྱོགས་གཅིག་ཤོས་ཀྱི་བར་དཀྲིས་པ་དེ་ཡིན་གསུངས། བྱེ་བྲག་ཏུ་བླ་མའི་ཞལ་བཞུགས་ཞེས་སོགས་ལ། ཚེ་སྒྲུབ་ཀྱི་སྔགས་དང༌། རྫས་ནི་ཚེ་ལྷའམ་ལྷ་དེའི་རྒྱུད་ལས་ཚོགས་ལས་གསུངས་པ་བཞིན་དགོས་ཀྱི་པར་བཀབ་ཀྱིས་མི་ཁྱབ་ལ། འདོད་བཅོལ་ནི་བརྟན་པར་བཞུགས་པའི་སྤེལ་ཚིག་སྦྱོར་པའོ། །བློ་འཕེལ་གཟུངས་འཁོར་ལོ་རྫས་ནི་ལྷ་གང་ཡིན་དེའི་གཞུང་ན་ཡོད་ན་བླངས་ནས་སྦྱོར་བ་མ་གཏོགས་ལྷ་བྱེ་བྲག་པ་གཅིག་གི་འཁོར་ལོ་དང་རྫས་ཞེས་གནོད་སྦྱིན་འཁོར་ལོ་བཞིན་དུ་ངེས་གཟུང་མི་དགོས། ཆོས་སྐྱོང་གི་གཟུངས་གཞུག་ཞེས་སོགས་ལ། ཆོས་སྐྱོང་གང་གི་སྐུ་ཡིན་ནའང་ཆོས་སྐྱོང་དེ་ཀའི་ཕྱི་ནང་གསང་རྟེན་གྱིས་མཚོན་པས་ཞི་རྒྱས་དབང་དྲག་སོགས་སྐབས་སུ་གང་བབས་དང་བསྟུན་པའི་རྫས་དང་སྔགས་དང་དེ་ལ་སྤེལ་ཚིག་སྦྱོར་ཚུལ་སོགས་རང་རང་གི་གཞུང་ནས་བླངས་ཏེ་སྦྱོར་བ་མ་གཏོགས་སྤྱི་ཁྱབ་ཀྱི་པར་བཀབ་དཀའ་གསུངས། སྐུ་གཟུགས་ཆེན་པོའི་ལྟེ་འོག་ཏུ་གཉེར་གཏད་ཀྱི་ཆོས་སྐྱོང་ལ་བཤད་ཚུལ་དེ་ལྟར་ན་གསང་རྟེན་ལ་གྲི་སྙིང་སོགས་དགོས་ལ། དེ་ལུགས་བྱས་ན་བྱ་སྤྱོད་ཀྱི་སྐབས་སུ་ཤ་སོགས་འཇོག་མི་རུང་བར་བཤད་པ་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ། བྱ་སྤྱོད་ཀྱི་གཟུངས་དང་ལྷན་ཅིག་དེ་དག་འཇོག་མི་རུང་ཡང་འདིར་གཟུངས་དེ་དག་ལས་དམའ་ཞིང་ཆོས་སྐྱོང་གི་སྐབས་ཡིན་པས་སྐྱོན་མེད་གསུངས། འདི་མན་གདུགས་དཀར་གྱི་སྐོར་མ་ཁྲིད་ཅིང༌། འདི་རིགས་ལ་དཔེ་ཁྲིད་ཙམ་གྱིས་ཞིབ་ཆ་མི་ཐོབ་ཅིང་ལག་ལེན་རྣམ་པར་དག་པ་མཐོང་ན་ལེགས་གསུངས་སོ། །
སྨྲས་པ།
སྐྱེ་དགུའི་དཔལ་འབྱོར་སྐྱེད་འདི་རྒྱལ་བའི་ལུགས། །
བཟང་པོ་འདི་ལས་གཞན་དུ་མི་རྙེད་ལ། །
དེ་ཡང་དད་ལྡན་སྐུ་གསུང་ཐུགས་རྟེན་ལ། །
བརྟེན་ནས་སྒྲུབ་ལུགས་མ་ནོར་འདི་ན་སྣང༌། །
ཟླ་ཟེར་བཞིན་དུ་གང་ལ་འཕོས་པ་དེས། །སྙིང་གི་ཚ་གདུང་མིང་ཙམ་ལྷག་བྱེད་པའི། །ཁྱབ་བདག་བླ་མའི་གསུང་ངག་ག་བུར་རྒྱུན། །ཡིད་ཀྱི་བུམ་པར་ཆུབ་པས་ཚ་གདུང་བཅིལ། །གཞན་ཕན་ཉིན་གྱི་སྐར་མའི་རྗེས་སྙེགས་ཀྱང༌། །རྨོངས་པའི་ཚང་ཚིང་སྟུག་པོར་མནལ་མིན་པའི། །ཐོས་ལྡན་དཔྱིད་ཀྱི་ཕོ་ཉ་སྙན་པའི་གླུ། །ལེན་པར་མགྲིན་པ་གཟེངས་སུ་མངོན་པར་མཐོ། །འདི་བཀོད་གངྒཱའི་བགྲོད་ཚུལ་མ་ནོར་བས། །འཁྲུལ་བའི་དུག་ཅན་དྲི་མ་ཉེར་བཀྲུས་ནས། །རྣམ་པ་ཐམས་ཅད་མཁྱེན་པའི་གཞལ་ཡས་ཁང༌། །ལུས་ཅན་ཀུན་གྱི་སྐལ་བར་སྤྱོད་གྱུར་ཅིག །ཅེས་པ་འདི་རྡོ་རྗེ་ཕྲེང་བ་པོ་ལེགས་འབྱོར་བའི་གསུང་འཇམ་དབྱངས་བཞད་པའི་རྡོ་རྗེས་བརྗེད་བྱང་དུ་བགྱིས་པ་ཐམས་ཅད་ལ་དགེ་བར་གྱུར་ཅིག། །
གཟུངས་འབུལ་མན་ངག
༈ གཟུངས་འབུལ་གྱི་མན་ངག་གཞུགས་སོ། །ཡང་བླ་མ་མཆོག་ནས་འདི་སྐོར་གྱི་ཞལ་ཤེས་མཐོང་བརྒྱུད་ལྟར་བྲི་ན། གསུང་གི་རྟེན་ལ་ཕྲེང་བ་བསྐྱེད་ཆོག་གིས་བྱིན་གྱིས་བརླབས་ནས་དྲི་བཟང་དང་བཅས་པ་མགྲིན་པར་འཇོག་པ་དང༌། ཐུགས་ཀྱི་རྟེན་ལ་རྡོ་རྗེ་རབ་གནས་བྱིན་རླབས་བྱས་པ་དྲི་བཟང་ཐུམ་བཅས་ཐུགས་ཀར་འཇོག །སྲོག་ཤིང་གི་རྩེའི་མཆོད་རྟེན་གྱི་བུམ་པའམ་དེའི་འོག་ཏུ་ཨོཾ་བྲི། དེའི་འོག་ཏུ་ཕྱོགས་བཞིར་རིག་པ་ཆེན་མོའི་སྔགས་བྲི། མགྲིན་པར་ཨཱཿ དེའི་འོག་ཏུ་ཕྱོགས་བཞིར་དབྱངས་གསལ་བྲི། ཐུགས་ཀར་ཧཱུཾ་བྲི། དེའི་སྟེང་འོག་ཅི་རིགས་པར་ཕྱོགས་བཞིར་ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱཧཱ་བྲི། དེ་ནས་ཕྱོགས་བཞིར་དེའི་འོག་ཏུ་མཚན་སྔགས་སམ་སྙིང་པོ་བྲིས་པའི་མཇུག་ཏུ་ལྷ་ཆེ་གེ་མོ་རྟེན་འདི་ལ་བརྟན་པར་བཞུགས་ནས་འགྲོ་དོན་མཛད་པ་སོགས་ལས་བཞིའི་སྐབས་སུ་གང་བབས་ཀྱི་འདོད་གསོལ་བྲི། འདིར་མཚན་སྔགས་དང་སྙིང་པོ་ལ་ཤཱཀྱ་ཐུབ་པ་ལ་རང་གི་སྙིང་པོ་བྲི། མར་མེ་མཛད་ལྟ་བུ་ལ་སྒེར་གྱི་སྙིང་པོ་མེད་པས་སངས་རྒྱས་སྤྱི་ལ་ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ། ཨོཾ་གུ་རུཾགི་ནི་སྭཱཧཱ། ཞེས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོའི་འདི་འབྲི་བར་སྣང་བས། འདིས་སངས་རྒྱས་བྱང་སེམས་གཞན་ལ་སྦྱོར་ཚུལ་མཚོན་ནམ་སྙམ། ལྟེ་བར་ཏྲཾ་བྲི། རྟེན་ཆེན་རྣམས་ལ་འདིའི་འོག་ཏུ་ཕྱོགས་བཞིར་སྲོག་ཤིང་ལ་ཤར་དུ་གཙུག་ཏོར་རྣམ་རྒྱལ། ལྷོར་གཙུག་ཏོར་དྲི་མེད། ནུབ་དུ་གསང་བ་རིང་བསྲེལ། བྱང་དུ་བྱང་ཆུབ་རྒྱན་འབུམ་རྣམས་ཀྱི་སྔགས་རིང་སྙིང་པོ་དང་བཅས་པ་འབྲི་ལ། རྟེན་གཞན་ལ་དེ་མ་ཆུད་ན་སྔགས་ཐུང་བཞི་བྲི། དེའི་འོག་ཏུ་ཕྱོགས་བཞི་ཀར་རྟེན་འབྲེལ་སྙིང་པོ་དང༌། བཟོད་པ་དཀའ་ཐུབ་མ་དང༌། བཀྲ་ཤིས་ཀྱི་ཚིགས་བཅད་བྲིས་པའི་མཇུག་ཏུ། ཨོཾ་སུ་པྲ་ཏི་ཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྟན་བཞུགས་ཀྱི་སྔགས་འབྲི་ལ། སྔགས་འདི་གཞུང་ན་ཐུགས་ཀར་བྲི་བ་དང༌། གོང་འོག་མི་མཐུན་པ་འདྲ་ཞིག་བཤད་ཀྱང༌། འདི་ལྟར་འབྲི་དགོས་པ་མན་ངག་ཏུ་བྱས་གསུངས་སོ། །དེའི་འོག་ཏུ་གསང་གནས་སུ་ཧྲཱིཿ འབྲི། སྲོག་ཤིང་གི་མར་སྣ་ནས་ཕྱོགས་བཞིར་ཡར་ལ་རྩེ་བསྟན་པའི་རྡོ་རྗེ་རྩེ་གསུམ་པ་བཞི་འབྲི་གིན་འདུག །མཆོད་རྟེན་དང་ས་བོན་སྲོག་ཤིང་གི་མདུན་ངོས་མིན་པ་ལ་མི་འབྲི་ཞིང༌། གཞན་གཟུངས་སྤེལ་ཚིག་རྣམས་ཕྱོགས་བཞི་ཀར་འབྲི་བར་འདུག །གཏེར་བུམ་ཕྱག་ལེན་ལྟར་བསྒྲུབ་པའི་མདུན་ངོས་མི་ནོར་བའི་མཚན་མ་བཏབ་ཅིང༌། དཀར་པོར་བསྒྱུར་ལ་པདྨ་འདབ་བརྒྱད་ལ་བཀྲ་ཤིས་རྟགས་བརྒྱད་བྲིས་པའི་སྟེང་དུ་འཇོག་པར་བྱེད། དེའི་སྟེང་དུ་གནོད་སྦྱིན་འཁོར་ལོ་གཞུང་བཤད་ལྟར་འཇོག །དེའི་སྟེང་དུ་པད་གཟུངས་འཇོག་པར་སྣང་ལ། གཞུང་དུ་གཏེར་དང་འཁོར་ལོ་འདི་ལས་བཟློག་པར་བཤད་ཀྱང་འདི་མན་ངག་ཡིན་གསུང་ངོ༌། །རབ་གནས་བགེགས་བསྐྲད་ལ་ཡུངས་ཀར་འབྲུས་མི་གཏོར་བར་ཡུངས་ཀར་གྱི་སྒང་བུས་བྲབ་པའི་རྣམ་པ་བྱེད་ཅིང༌། དགོས་པ་ཡུངས་ཀར་དྲག་རྫས་སུ་འདུག །རྟེན་ནང་དུ་སོང་ན་མི་ལེགས་གསུངས། གསུང་རབ་ལེབ་འཇོག་ཏུ་མི་ཤོང་ན་དབུ་ཆུང་ངོས་ཀྱི་ཡིག་མགོ་གྱེན་ལ་བསྟན་ཏེ་སྲོག་ཤིང་ལ་དྲིལ་ཀྱང་ཆོག་གསུངས། གཞན་རྣམས་གཞུང་དང་མཐུན་ལ། ད་དུང་གནོད་སྦྱིན་འཁོར་ལོ་སྒྲུབ་ཚུལ། རབ་གནས་བྱེད་ཚུལ། འཇོག་ཚུལ་གྱི་ཁྱད་པར་དང༌། གཏེར་བུམ་སྒྲུབ་ལུགས་སོགས་ཀྱི་ཡིག་སྣ་གཞན་དུ་ཡོད་ཅིང༌། འདིར་རགས་རིམ་ཙམ་ལས་མ་བྲིས་སོ། །འདི་ན་འཁྲུལ་བ་བཞུགས་པའི་མཚན་ཉིད་རྒན་པོ་དང༌། །དེ་མཚུངས་སྔགས་པ་དཔེ་ལ་བཤེས་གཉེན་བཅོལ་ལས་གཞན། །མཐོང་བརྒྱུད་མི་དགོས་དག་ལ་མཁོ་མིན་འོན་ཀྱང་འདི། །རང་གི་བརྗེད་བྱང་ཙམ་དང་དཔྱད་པའི་རྟེན་ཙམ་དུ། །ཐོས་ལྡན་འཇམ་དབྱངས་བཞད་པའི་རྡོ་རྗེར་འབོད་པས་བྲིས། །
གཟུངས་འཇུག་གི་ལག་ལེན་མདོར་བསྡུས།
༈ གཟུངས་འཇུག་གི་ལག་ལེན་མདོར་བསྡུས་བཞུགས་སོ། །གཟུངས་གཞུག་གི་འཁོར་ལོ་ལ་ཡོངས་གྲགས་སླ་ལ། དགོས་པ་དང་དོན་སོ་སོ་ལ་མན་ངག་ལྟར་བྱས་ལ། ཡང་སྦྱོར་བ་སོགས་བྱེད་པར་བཞེད་པས་གནོད་སྦྱིན་འཁོར་ལོ་དང་ཚོགས་བདག་འཁོར་ལོ་སོགས་བྲི། སྒྲུབ་ཀྱི་ཚུལ་སོགས་སླ་ཆོས་མ་ཡིན་པར་མན་ངག་ལྟར་བྱས་ལ། ཡང་བགེགས་བསྲུང་བ་སོགས་ལ་གདུགས་དཀར་གྱི་འཁོར་ལོའམ། གཙུག་ཏོར་འཁོར་བསྒྱུར་གྱི་འཁོར་ལོའམ། མ་མཱ་ཀིའི་འཁོར་ལོའམ། གསང་འདུས་ནས་བཤད་པའི་འཁོར་ལོ་ཅི་རིགས་དང༌། ཆོས་དང་བཤད་སྒྲུབ་ཐོས་རྩོད་སོགས་འཕེལ་འདོད་ན། གོས་དཀར་མོའི་འཁོར་ལོ་དང༌། འཇམ་དབྱངས་ཤེས་རབ་འཁོར་ལོ་སོགས་སྐབས་དང་བསྟུན། རྡོ་རྗེ་སློབ་དཔོན་མན་ངག་དང་ལྡན་པ་ཅིག་གིས་བྲི་སྒྲུབ་རྣམས་རང་བཟོ་མ་ཡིན་པར་ནན་ཏན་བྱས་ན་བཤད་པ་ལྟར་གྱི་ཕན་ཡོན་འབྱུང་བས་གལ་ཆེ། གཟུངས་གཞུག་གི་རིམ་པ་ནི། སྐུའི་གཙུག་ཏོར་གྱི་ནང་དུ་འཕེལ་གདུང༌། རིག་པ་ཆེན་མོའི་གཟུངས་གཙུག་ཏོར་རིགས་ཀྱི་ལྷ་དག་གི་གཟུངས། བླ་མའི་སྐུའི་རིགས་དང༌། བླ་གཟུངས། མགྲིན་པར་ཨ་ལི་ཀ་ལི་དང༌། འབྱོར་ན་བླ་མ་ལྟ་བུའི་ཕྱག་ཕྲེང་སོགས་གསུང་གི་རྟེན་འཇོག་པ་མཐོང༌། དེ་ནས་ཡས་རིམ་ནས་སྐུ་སྟོད་ཀྱི་ཆ་ལ་བླ་མེད་ཀྱི་སྐོར། དེའི་འོག་ཏུ་རྣལ་འབྱོར་རྒྱུད། དེའི་འོག་ཏུ་སྤྱོད་རྒྱུད། དེའི་འོག་ཏུ་བྱ་རྒྱུད། པུས་མོ་གཉིས་སོགས་ཀྱི་ཐད་དུ་སྡེ་སྣོད་གསུམ་དང༌། ནོར་ལྷ། བཀྲ་ཤིས་པའི་ཚིགས་བཅད་སོགས་པད་གདན་ཡན་ཆད་ལ་འཇོག །པད་གདན་གྱི་ནང་དུ་གཏེར་འཁོར་ལོ་དང་བཅས་པ། དེ་ཡང་ཐུགས་ཀའི་ཐད་དུ་རྡོ་རྗེ་དང༌། རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་སྐུ་དང༌། གཟུངས་སྔགས་སྤེལ་ཚིག་དང་བཅས་པ་འཇོག་ཅིང༌། གསོན་གཤིན་སྐབས་ཐོབ་ཀྱི་དོན་དང་སྦྱར་བའི་སྤེལ་ཚིག་སྦྱོར་གྲུབ་ན་རབ། ལྟེ་འོག་གི་ཐད་དུ་རང་གི་ཆོས་སྐྱོང་གཙོ་བོའི་སྐུ་དང་དམ་རྫས་ཕྱི་ནང་གསང་བའི་རྟེན་གཟུངས་སྤེལ་ཚིག་དང་བཅས་པ་འཇོག་ལ། ཆོས་སྐྱོང་གི་སྐུའི་རིགས་ལ་འཇོག་ཚུལ་ཟུར་བའང་སྣང༌། གཟུངས་དེ་དག་ཐམས་ཅད་ཀྱང་དབུ་ནང་དུ་བཅུག་སྟེ་དྲིལ་ལུགས་དམ་པ་ན་བཟའ་ཐུམ་སེར་པོ་གསོལ་ཞིང་སྐུད་པས་དམ་དུ་དཀྲིས། གཟུངས་གཞུག་པའི་ཚེ་ན་བཀྲ་ཤིས་པའི་ཚིག་དང༌། དྷ་རྨ་དྷ་ཏུ་གརྦྷེ་སྭཱཧཱ་ཞེས་འདོན་བཞིན་པས་གཞུག །གསུང་རབ་ཀྱི་གླེགས་བམ་གྱི་ཉིན་ལོགས་ཀྱི་ཡི་གེའི་མགོ་རྒྱབ་ངོས་ལ་བསྟན། སུག་པ་མདུན་ངོས་ལ་བསྟན་ནས་འཇོག །གཟུངས་འཇུག་སྒྲུབ་ཟིན་པ་དང་རབ་གནས་བསྡུས་པ་བྱ། སླར་རྒྱས་པ་བྱ། རབ་གནས་ཡང་ཡང་བྱས་ན་ཡུལ་ཕྱོགས་སུ་བཀྲ་ཤིས་ཤིང་བཟང་བར་བཤད། གཟུངས་གཞུག་ལག་ལེན་མདོར་བསྡུས་འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར། འདི་ད་དུང་ཕྱི་མོ་དག་པ་དང་གཏུགས་ན་ལེགས།

གཟུངས་འབུལ་ཚོགས་བདག་འཁོར་ལོའི་སྒྲུབ་ཐབས།

གཟུངས་འབུལ་གྱི་ལྷན་ཐབས་གནོད་སྦྱིན་དང་ཚོགས་བདག་གི་འཁོར་ལོའི་སྒྲུབ་ཐབས་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གསེར་གྱི་ས་འཛིན་དབང་པོ་ཉིན་བྱེད་འབུམ་གྱིས་རབ་འཁྱུད་པ། །དྲི་ཟའི་དབང་པོ་སྐྱེངས་བྱེད་དྲུག་ཅུ་ལྡན་པའི་གསུང་དབྱངས་ཅན། །རྒྱ་མཚོའི་གཏིང་བཞིན་རྟོགས་དཀའ་ཤེས་བྱ་མ་ལུས་མཁྱེན་པའི་ཐུགས། །མཉམ་མེད་ཟས་གཙང་སྲས་ཁྱོད་བདག་བློའི་མ་རིག་མུན་པ་སོལ། །མཚམས་སྤྲིན་གཞོན་ནུའི་མདངས་ལྡན་མཛེས་པའི་སྐུ། །ཆོས་ཀུན་རང་བཞིན་སྟོང་པར་སྟོན་པའི་གསུང༌། །ཇི་ལྟ་ཇི་སྙེད་ཆོས་ཀུན་གཟིགས་པའི་ཐུགས། །བཅོམ་ལྡན་བླ་མ་ཙོང་ཁ་པ་ལ་འདུད། །ངག་གི་དབང་ཕྱུག་བློ་བཟང་གྲགས་པའི་བསྟན། །རྒྱ་མཚོའི་མཐར་ཁྱབ་རྒྱས་པར་མཛད་པ་ཡི། །དོན་གྱི་གནས་ལྔ་རིག་པའི་པཎྜི་ཏ། །ཐམས་ཅད་མཁྱེན་ངེས་དེ་ལ་ཕྱག་འཚལ་ལོ། །དེ་ཡང་གཟུངས་འབུལ་གྱི་ཡོ་བྱད་སྤྱི་དང༌། །གནོད་སྦྱིན་ཚོགས་བདག་གཉིས་ཀྱི་གཏོར་མ། བགེགས་གཏོར་དང་བཅས་པ་ཕྱག་ལེན་ལྟར་བཤམས། རང་ལྷར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གཟུངས་གཞུག་འབུལ་བ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་རྣམས་བཀུག་པར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་ངྷརྨཿཎཾ་ཨ་ཏྱནུད་པན་ན་ཏྭ་ད་ཨོཾ་ཨཱཿཧཱུཾ། ཞེས་པ་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་སརྦྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ན་ཧི་མཾ་ག་ག་ན་ཁཾ་བི་ལཾ་ཏ་ཡེ་སྭཱཧཱ། ཞེས་པ་གསུམ་གྱིས་བསྔོ། སུམྦྷ་ནི་ཚར་གསུམ་གྱིས་གཏོར་མ་ཆང་བུ་མར་མེ་དང་བཅས་རྟེན་ལ་གཡས་གཡོན་དུ་ལན་གསུམ་གསུམ་བསྐོར་ཏེ། ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། རྗེ་བཙུན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་གྱུར་བ་ཐམས་ཅད་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིགས་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ཀྱི་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་བསྲུང་མ་རྣམས་ཀྱི་བདེན་པའི་བྱིན་རླབས་ཀྱིས་གཟུངས་གཞུག་འབུལ་བ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ། ཞི་བའི་སེམས་དང་ལྡན་པའི་སྒོས་རང་རང་སོ་སོའི་གནས་སུ་སོང་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་པོ་རྣམ་པ་བརྒྱར་འགས་པར་འགྱུར་རོ། །ཧཱུཾ་ཡེ་ཤེས་བསྐལ་བའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེགས། ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོའི་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། ཨོཾ་བཛྲ་ས་མ་ཡ་ཛཿཛཿ ཨོཾ་མཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ནང་མཆོད་འབུལ། ཧཱུཾ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པའི་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟོབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བཞིན་སྒྲོགས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩ་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་ཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །ཧཱུཾ་འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགསཤིང༌། །བགེགས་རྣམས་མ་ལུས་འདུལ་བ་ཡིས། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཧཱུཾ་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་རྟེན་ལ་གཟུངས་གཞུག་འབུལ། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་བ་བརྒྱར་ནི་འགས་འགྱུར་བས། །བགེགས་རྣམས་བརླག་པར་འགྱུར་པ་གདོན་མི་ཟ། །སུམྦྷཱ་ནིའི་སྔགས་དང་བཅས་པས་གཏོར་མ་ཕྱིར་འདོར། གཟུངས་རྣམས་ཧྲཱིཿཥྚཱིཿས་བསངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་པདྨ་དང་དྲིལ་བུ་འཛིན་པ་རང་འདྲའི་ཡུམ་གོས་དཀར་མོ་ལ་འཁྱུད་པ། མཚན་དཔེས་བརྒྱན་པའི་འོད་ཀྱི་རང་བཞིན་ཅན་དུ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། མི་བསྐྱོད་པས་རྒྱས་གདབ། ཨོཾ་ཨ་རོ་ལིཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །བཟླས་པ་བྱ། འདོད་དོན་ལ་གསོལ་བ་གདབ། འོད་ཞུ་བྱེད། གཟུངས་ལས་གཞན་པའི་ཡོ་བྱད་རྣམས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཟླ་བའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་པ་རང་འདྲའི་ཡུམ་སྤྱན་མ་ལ་འཁྱུད་པ། མཚན་དཔེས་བརྒྱན་པའི་འོད་ཀྱི་རང་བཞིན་ཅན་དུ་གྱུར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་གིས་མཚན་པ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཛི་ན་ཛིཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །བཟླས་པ་དང༌། འོད་ཞུ་བྱེད། འཁོར་ལོའི་རབ་གནས་ནི། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་རེ་མེ་རི་དང་བཅས་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་མཚམས་རྣམས་སུ་བཾ་དང་ཛཾ་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཡབ་ཡུམ་རྣམས་ཀྱི་སྐུ་ཡོངས་སུ་རྫོགས་པར་གྱུར་པའི་གཙོ་འཁོར་ཐམས་ཅད་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས། གཡས་ཐམས་ཅད་པི་ཛ་པཱུ་ར་དང༌། ཡབ་རྣམས་ཀྱི་གཡོན་པས་ནེའུ་ལེ་དང༌། ཡུམ་རྣམས་ཀྱི་གཡོན་པས་འབྲས་ཀྱི་སྙེ་མ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཞབས་སྐྱིལ་ཀྲོང་ཕྱེད་པས་བཞུགས་པའི་ཞབས་འོག་ན་པདྨའི་གདོང་གི་གཏེར་མནན་པ། ལྷ་མོ་རྣམས་བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བར་གྱུར་པའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་གྱུར། དབང་ལྷས་དབང་བསྐུར། རིན་འབྱུང་གིས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་རླབས། ཨོཾ་བ་སུ་དྷ་རི་ནི་ས་བ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་ལྷ་མང་པོའི་འཁོར་གྱིས་བསྐོར། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་ནོར་ལྷར་ཕྱག་འཚལ་བསྟོད། །ཕུན་ཚོགས་དགེ་ལེགས་ཀུན་སྩོལ་བཅོམ་ལྡན་མ། །དཔལ་དང་འབྱོར་བའི་དབང་ཕྱུག་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་ཀུན་སྩོལ་མ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད། །བཟླས་པ་བྱ་བ་ནི། ལྷ་རྣམས་ཀྱི་ཐུགས་ཀར་ཟླ་གདན་ལ་བཾ་ཡིག་དང་ཛཾ་ཡིག་གི་མཐར་རང་རང་གི་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སྲིད་ཞིའི་ཡོན་ཏན་ཐམས་ཅད་འོད་དུ་ཞུ་ནས། སྦྱིན་བདག་སོགས་ལ་ཐིམ་པར་བསམ་ཞིང༌། ཨོཾ་བ་སུ་དྷ་རི་ནི་སྭཱཧཱ། ཨོཾ་ཙནྡྲཱ་ཀཱནྟྱཻ་སྭཱཧཱ། ཨོཾ་དཱ་ན་ད་ཡཻ་སྭཱཧཱ། ཨོཾ་སུ་དཱ་ན་ད་ཡཻ་སྭཱཧཱ། ཨོཾ་ཨཱརྱ་ཡཻ་སྭཱཧཱ། ཨོཾ་སུ་བྷ་དྲ་ཡཻ་སྭཱཧཱ། ཨོཾ་གུ་པྟཱ་ཡཻ་སྭཱཧཱ། ཨོཾ་དེ་བྱཻ་སྭཱཧཱ། ཨོཾ་སྭ་ར་སྭ་ཏྱ་ཡཻ་སྭཱཧཱ། ཨོཾ་ཛམྦྷ་ལ་ཛཱ་ལེནྟྲཱ་ཡ་སྭཱཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱཧཱ། ཨོཾ་པུརྣ་བྷ་དྲཱ་ཡ་སྭཱཧཱ། ཨོཾ་ངྷ་ན་དཱ་ཡ་སྭཱཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱཧཱ། ཨོཾ་ཀི་ལི་མཱ་ལི་ནེ་སྭཱཧཱ། ཨོཾ་པི་ཙི་ཀུནྜ་ལི་ནི་སྭཱཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱཧཱ། ཨོཾ་ཙ་རཻ་ནྟྲཱ་ཡ་སྭཱཧཱ། ཞེས་བཟླས་པ་ཅི་མང་བྱེད། ཡིག་བརྒྱས་ཁ་བསྐང༌། གཏོར་མ་འབུལ་བ་ནི། གཏོར་མ་བདུད་རྩིར་བྱིན་གྱིས་བརླབས། གནོད་སྦྱིན་ཡབ་ཡུམ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམ། ཨོཾ་བ་སུ་ངྷ་རི་བྷྱཿས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་མམ་བདུན་གྱིས་འབུལ། མཆོད་བསྟོད། འདོད་དོན་ལ་གསོལ་བ་འདེབས། ཡེ་ཤེས་པ་འོད་དུ་ཞུ་ནས་འཁོར་ལོའི་རྣམ་པར་གྱུར་པར་བསམ། ཡེ་ངྷར་གྱིས་རབ་གནས་བྱ།
༈ ཚོགས་བདག་འཁོར་ལོ་ནི། སྟོང་པར་སྦྱངས། སྟོང་པའི་ངང་ལས། བཻཌཱུརྱའི་བྲག་རི་བརྩེགས་པའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ། བྱི་བ་སྔོན་པོ་མགོ་བོ་གཡས་སུ་བསྟན་པའི་སྟེང་དུ། གཿཡོངས་སུ་གྱུར་པ་ལས་ཚོགས་བདག་སྐུ་མདོག་དམར་པོ། གླང་པོ་ཆེའི་ཞལ་ཅན། རལ་པའི་ཐོར་ཅོག་ལ་རིན་པོ་ཆེ་དང་མེ་ཏོག་གིས་བརྒྱན་པ། རྟེན་འབྲེལ་གྱི་ཕྱག་གཡས་པ་རྣམས་ལ། དགྲ་སྟ། མདའ་ཆེན། ལྕགས་ཀྱུ། རྡོ་རྗེ། རལ་གྲི། འཕང་མདུང་བསྣམས་ཤིང༌། གཡོན་པ་རྣམས་ལ་གཏུན་ཤིང༌། གཞུ། ཁ་ཊྭཾ་ག།།ཁྲག་གིས་གང་བའི་ཐོད་པ། ཤ་ཆེན་གྱིས་གང་བའི་ཐོད་པ། ཕུབ་དང་བ་དན་བརྟེན་ནས་འཛིན་པ། དར་གྱི་ཤམས་ཐབ་དང༌། རིན་པོ་ཆེའི་འཕྲེང་བ་ཅན། གཡས་བསྐུམ་ཞིང་གཡོན་པ་བརྐྱང་བས་བཞུགས་པ། དེའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཐུགས་རྗེ་ཆེན་པོ་ཚོགས་ཀྱི་བདག་པོ་འཁོར་བཅས་སྤྱན་དྲངས། ཧཱུཾ་རང་བཞིན་དག་པ་བྱང་ཤར་ཕྱོགས་མཚམས་ནས། ཐུགས་རྗེ་ཆེན་པོ་ཚོགས་བདག་སྐུར་སྤྲུལ་པ། །མཆོད་ཅིང་བསྒྲུབ་པའི་གནས་འདིར་སྤྱན་འདྲེན་ན། ཐོགས་པ་མེད་པར་མྱུར་དུ་གཤེགས་སུ་གསོལ། བཛྲ་ས་མ་ཡ་ཛཿཛཿཛཿ ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཞེས་པ་ནས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། གཿཎ་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག་ཉིད་ཁྱོད། །འགྲོ་རྣམས་དབུལ་འཕོངས་སེལ་བའི་ནོར་ལྷར་སྤྲུལ། །དགོས་འདོད་སྩོལ་ཕྱིར་གསེར་གྱི་ཁྲི་ལ་བཞུགས། །ནོར་གྱི་འབྱུང་གནས་ཁྱོད་ལ་བདག་བསྟོད་དོ། །དེ་ནས་བཟླས་པ་བྱ་བ་ནི། ཨོཾ་ཨཱཿག་ཎ་ཧཱུཾ་སྭཱཧཱ། ཞེས་དང༌། ཨོཾ་གུ་ག་ཎ་པ་ཏ་ཡེ་དཱ་ན་པ་ཏི་ས་པ་རི་ཝཱ་ར་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་ཨ་དུ་ཤ་མ་ཛ་ཏ་ག་ཏ་པེ་ཏ་ཨཱཀརྵ་ཡ་དཱ་ན་བ་སུ་ཨཱ་ཡུཿ པུཎྱཻ་པུཥྚིཾ་ཀུ་རུ་སྭཱཧཱ། ག་ག་ག་གག།།ཞེས་ཅི་མང་བཟླ། གཏོར་མ་བདུད་རྩིར་བྱིན་གྱིས་བརླབས། ཚོགས་ཀྱི་བདག་པོ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ། ཨོཾ་ག་ཎ་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་བདུན་ནམ་གསུམ་གྱིས་འབུལ། མཆོད་བསྟོད་བྱེད། རྟེན་འབྲེལ་སྙིང་པོའི་སྔགས་བརྗོད་ཅིང་མེ་ཏོག་འཐོར། འདོད་དོན་ལ་གསོལ་བ་གདབ། ཤིས་པ་བརྗོད་ཅིང༌། འོད་ཞུ་ལ་སོགས་པ་དམ་པ་གོང་མའི་ཕྱག་ལེན་རྣམས་གཙོ་བོར་བརྟེན་པར་བྱའོ། །བུམ་རྫས་ཉེར་ལྔ་ནི། གསེར། དངུལ། མུ་ཏིག་མུ་མེན། བྱི་རུ་སྟེ་རིན་པོ་ཆེ་ལྔ། ནས། འབྲས། གྲོ། སྲན་མ། ཏིལ་ཏེ་འབྲུ་ལྔ། སྦྲང༌། ཀ་ར། འོ་མ། ཞོ། མར་ཏེ་བདུད་རྩི་ལྔ། སླེ་ཏེས། ཀཎྜ་ཀཱ་རི། དབང་ལག། རྒྱ་མཚོའི་ལྦུ་བ། ཤུ་དག་སྟེ། སྨན་ལྔ། ཙན་དན་དཀར་པོ། ཙན་དན་དམར་པོ། ཛ་ཏི། ག་བུར། གུར་གུམ་སྟེ་དྲི་ལྔའོ། །འདི་ལྟར་བྲིས་པའི་ལེགས་བྱས་ཀཻ་ལ་ཤ། །རབ་ཏུ་དཀར་བ་ཇི་སྙེད་བསགས་པ་དེས། །སྐུ་གསུང་ཐུགས་རྟེན་ཇི་སྙེད་མཆིས་རྣམས་ཀྱི། །བྱིན་རླབས་བདུད་རྩིས་སྒྲིབ་གཉིས་དག་པར་ཤོག །ཅེས་པ་འདི་ཡང་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པའོ། །
༈ གཟུངས་འཁྲུག་སེལ་བར་གྲགས་པ་རིགས་པ་ཕུག་རོན་གྱི་གཟུངས་ནི། ན་མཿ ས་མནྟ་བུདྡྷཱ་ནཱཾ། ཨ་ཙིནྟྱཏ་བྷཱུ་ཏརཱུ་བི་ནི་ཨོཾ་ཏཱ་རེ་སྭཱཧཱ། ཞེས་པའོ། །མངྒ་ལཾ།
དེ་བཞིན་གཤིེགས་པ་ཀླུ་དབང་རྒྱལ་པོ་.....ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས་པའམ་སྐབས་ཐོབ་ཤེས་པར་བྱ་འཁོར་དང་བཅས་པ་རྣམས་དགེ་འདུན་སྡེ་འདིར་བོད་སོག་པོ་རྒྱ་དང་ཧོར་གྱི་སྐལ་ལྡན་བློ་གསལ་མཐའ་དག་འདུ་ཞིང་མདོ་དང་སྔགས་ཀྱི་བཤད་སྒྲུབ་ཐོས་བསམ་དབྱར་དུས་ཀྱི་མཚོ་ལྟར་རྒྱས་པར་མཛོད། བདག་ཅག་དཔོན་སློབ་སྦྱིན་བདག་ཆོས་ཀྱི་རྒྱལ་པོ་སྡེ་དང་བཅས་པར་ནད་རིམས་འཐབ་རྩོད་འཁྲུག་པ་སད་སེར་དང༌། དུས་མིན་གྱི་ཆར་རླུང་ཁ་བ་ཕས་ཀྱིས་བྱད་ཁ་རྦོད་གཏོང་ཐམས་ཅད་ཟློག་ཅིང་ཕུན་ཚོགས་དཔལ་འབྱོར་མ་ལུས་པ་འདུ་བར་མཛད་དུ་གསོལ། ཀླུ་གཏེར་ཁ་བསྒྱུར་རྡོ་རྗེ་འཆང་རྩ་བའི་བླ་མ་རིན་པོ་ཆེའི་གསུང་རྗེན་ཟིན་བྲིས། གཅིག་ཞུས།

ལེགས་སྦྱར་གནད་བསྡུས་ལྕགས་སྒྲོགས་རང་གྲོལ།

ལེགས་སྦྱར་གཅེས་པའི་གནད་བསྡུས་མགྲིན་པའི་ལྕགས་སྒྲོགས་རང་གྲོལ་ཞེས་བྱ་བ་བཞུགས་སོ། །
ན་མཿསྭ་ར་སྭ་སྟྱཻ། གང་ཞིག་ཤེས་པ་ཡིས་ཀྱང་སྒྲ་རིག་སྨྲ་རྣམས་ཀྱི། །མགྲིན་པ་འཆིང་བའི་སྒྲོག་ནི་རང་སར་གྲོལ་བྱེད་མཁན། །ཡིག་སོགས་བཅུ་ཕྲག་དོན་འདི་ཐབས་མཁས་ལྡེ་མིག་སྟེ། །ཇི་བཞིན་འཆད་པོ་འདི་ན་ཉེ་བར་བཞུགས་སོ་ཀྱཻ། །བློ་གྲོས་གོམ་གྱིས་བཅལ་ཚེ་ཤེས་བྱའི་ཁྱོན། །རྡུལ་གཅིག་གོ་སར་བསྒྲིལ་བའི་སྒྱུ་མ་མཁན། །རྨོངས་པའི་སྟོབས་ལྡན་ས་འོག་འཆིང་བྱེད་པའི། །ཀུན་ལས་རྣམ་པར་རྒྱལ་བ་འདི་ངོ་མཚར། །བརྗེད་བྱང་བདུད་རྩིའི་ཐིགས་པའི་སྙིང་པོ་ལས། །སྡོམ་ནི། ཡི་༡གེ་བྱིང༢ས་དང་རྐྱེན༣་དང་རྟག༤ས་། །མིང༥་ཚིག༦་ཉེར་བསྒྱུ༧ར་ཨཱ་ག༨་མ། །མི་ཟད༩་རྗེས་འབྲེལ༡༠་རྣམ་འགྱུ༡༡ར་དང་། །ཚིག༡༢་སྡུད་ཅེས་བྱ་བཅུ་གཉིས་སོ། །
༈ དང་པོ་ནི། སྐྱེ་བའི་གནས་ནི། མགྲིན་པ་རྐན་དང་སྤྱི་བོ་སོ། །མཆུ་དང་སྣ་ཡི་གནས་ཏེ་དྲུག །སྨྲ་སྒོ་སོགས་སུ་ཁོག་པ་དང༌། །ལྕེ་སྟེ་བརྒྱད་དུ་འདྲེན་པ་ཡང༌། །ཁོག་པ་ནི་ཐུན་མོང་པ་དང༌། ལྕེ་ནི་སྤྱིའི་བྱེད་པ་འཇུག་པའི་གཞི་ཡིན་གྱི་གནས་སུ་མི་རིགས་སོ་ཞེས་དཔལ་ལྡན་བླ་མ་དམ་པ་གསུངས་སོ། །ཞེས་དང༌། ངོ་བོ་ནི། སྨྲ་སྒོ་ལས། རྣམ་གྲངས་འགྱུར་བ་མེད་པ་དང༌། །མིང་ཚིག་གསལ་བར་བྱེད་པ་དང༌། །དོན་རྣམས་རྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །ཞེས་གསུངས་པའི་དོན། ཨ་ཀྵ་ར། བྱཉྫ། ཝརྞ། ཞེས་པའོ། །དབྱེ་བ་ནི། ཀ་ལཱ་པར། དབྱངས་གསལ་གཉིས། ཙནྡྲ་པར། ཨཙ྄་དང༌། ཧལ྄་དང་གཉིས་སུ་བྱེད། གཞན་ཡང་གསལ་བྱེད་ཀྱི་ཡི་གེ །མིང་ཡིག། ཕོ་ཡིག། ཕྱི་ཡིག་རྣམས་དོན་གཅིག།།དབྱངས་ཡིག།།སྒྲའི་ཡི་གེ། མོ་ཡིག།།ནང་ཡིག་རྣམས་དོན་འདྲ་སྟེ། སྨྲ་སྒོ་ལས། ཀ་སོགས་སྡེ་ནས་རིམ་བཞིན་དུ། །སྡེ་ལྔ་དག་དང་ཨནྟ་སྠ། །ཨཥྨ་ཎ་དང་མཐར་ཟད་དེ། །གནས་ཀྱི་ཡི་གེ་སུམ་བཅུ་བཞི། །མིང་དང་ཕོ་ཞེས་གྲགས་པ་སྟེ། །ཞེས་དང༌། མུན་སྒྲོན་ལས། སྡེ་ཚན་བརྒྱད་དང་ཕོ་ཡིག་དང༌། །མོ་ཡིག་མ་ནིང་ཡི་གེ་རྣམས། །ཞེས་སོ། །འདིའི་དོན་གཅིག་ལུགས་མི་འཐད་པ་འདྲ། ཀྲྀ་ཀྲི། གཉིས་ལ། སྔ་མ་ཁ་ཅིག་ཀ་རྀ་དང་ཀྲི་ཞེས་རིམ་བཞིན་འདོན། སྔ་མ་ཕྲལ་བ་མི་འཐད་པ་དང༌། ཕྱི་མ་ཕྲལ་དགོས་པ་ལ་མ་བྲལ་བའི་སྐྱོན་དང༌། ཡང་ཁ་ཅིག་སྔ་མ་ཀི་རྀ་དང༌། ཕྱི་མ་ཀ་རི་ཞེས་འདོན་པ་ཡང་སྔ་མ་ཕྲལ་མི་རིགས་ཏེ་གསལ་བྱེད་གཅིག་གི་ཁོག་ཏུ་དབྱངས་གཅིག་ལས་མེད་པའི་ཕྱིར་གསུངས་ཤིང༌། གསལ་བྱེད་གཅིག་ལ་ཨཻ་ཀེ་ཤ་ཅན་ཞུགས་ན་ཨེ་ཨེ་ཞེས། ཀློག་མི་རིགས་པར་ཐལ་བ་ལ་མི་མཚུངས་ཏེ། ཨིའི་ཡོན་ཏན་ཨེ་དང་འཕེལ་བ་ཨཻ་ཀེ་ཤ་ཅན་དུ་འགྱུར་ལ། ཨིའི་ཡོན་ཏན་འཕེལ་བ་རྀ་རུ་འགྱུར་བའི་སྐབས་མེད་པའི་ཕྱིར་གསུངས་སོ། །ཏཱ་ར་ནཱ་ཐའི་རྗེས་འབྲང་ཁ་ཅིག།།ཨ་ཨི་ཨུ་རྀ་འྀ་ལྔ་དབྱངས་ཀྱི་ཆར་གྲགས་ཤིང༌། དེ་དག་ལས་ཨ་ཐུང་གི་ཡོན་ཏན་རང་གནས་ཉིད་ཡིན་ཞིང༌། གཞན་རྣམས་ཕ་རོལ་རྐྱེན་ཀྱི་ཁྱད་པར་ལ་བརྟེན་ནས་ཨི་ནི་ཨེ། ཨུ་ནི་ཨོ། རྀ་ནི་ཨར྄། ལྀ་ནི་ཨལ྄་རྣམས་སུ་འགྱུར་བ་ལ་ཡོན་ཏན་གྱི་མིང་ཅན་དང༌། དེ་བཞིན་དུ་ཨ་ནི་ཨཱ་དང༌། ཨི་ནི་ཨཻ། ཨུ་ནི་ཨཽ། །རྀ་ནི་ཨཱར྄་རྣམས་སུ་འགྱུར་བ་ལ་འཕེལ་བ་ཞེས་འདོད་པ་ཡིན་ཞེས་གསུངས། ཡི་གེ་སོང༌།
༈ གཉིས་པ་བྱིངས་ནི། སྐད་དོད་ངྷཱ་ཏུ་སྟེ། དོན་བརྒྱད་ལ་འཇུག་པ་ནི། འཆི་མེད་མཛོད་ལས། བད་ཀན་སོགས་དང་རོ་དང་ནི། །ཁྲག་སོགས་འབྱུང་བ་ཆེན་པོ་དང༌། །དེ་ཡི་ཡོན་ཏན་དབང་པོ་ལྔ། །རྡོ་ཡི་བྱེ་བྲག་སྒྲ་སྐྱེ་གནས། །ངྷ་ཏུ་ཡིན་ཏེ་ཁམས་ཞེས་བྱ། །ཞེས་དང༌། གཞན་ཡང༌། ཆོས་དབྱིངས་སོགས་དུ་མ་ལ་འཇུག།།དེའི་ངོ་བོ་ནི། བྱ་བ་རྟོགས་བྱེད་ནི་བྱིངས་སོ། །ཞེས་པ་ལྟར། དེ་ཡང་གྲུབ་ཟིན་གྱི་དོན་གང་དང་ཡང་མ་འབྲེལ་བར་བསྒྲུབ་པར་བྱ་བའི་གཞི་ཙམ་ཞིག་གོ་བར་བྱེད་པ་སྟེ། དཔེར་མཚོན་ན། ཊུཔ྄་ཙཥ྄་འཚེད་པ་ལའོ། །ཞེས་པའི་བྱིངས་ཀྱི་ཐོག་མཐའ་གཉིས་རྗེས་འབྲེལ་ཡིན་པས་ཕྱིས། དེའི་ཚེ་འཚེད་པའི་སྒྲ་དེ་ལས་སུ་བྱ་བ་འབྲས་བུ་དང༌། བྱེད་པ་མེ། བྱེད་པ་པོ་སྐྱེས་བུ་ལྟ་བུ་ལ་འཇུག་པའི་གཞི་གང་ཡང་གོ་བར་མི་བྱེད་པར། འཚེད་པའི་བྱ་བ་ཙམ་ཞིག་གོ་བར་བྱེད་ལ། དེ་ཉིད་རྐྱེན་གྱིས་བསྒྱུར་ན། མིང་ཚིག་མཐའ་ཡས་པའི་ཚོགས་སུ་འགྱུར་ལ། ས་བོན་གྱི་དོན་གྱི་ཁམས་ཞེས་ཀྱང་བྱ། རྐྱེན་སོགས་ཀྱིས་བསྒྱུར་བའི་མིང་ཚིགས་རྣམས་ལ་དེ་ལ་ལྟོས་པའི་རྣམ་དབྱེ་ཞེས་བྱའོ། །དབྱེ་བ་ལ། མདོའི། མིང་གི །གླེག་བམ་གྱི། དེ་ལས་གཞན་པའི་བྱིངས་དང་བཞི། དང་པོ་ནི། མཉྫུ་དང༌། རཏྣ་ལྟ་བུ་བསྒྲུབ་པའི་ཚེ། མཉྫུ་མདོའི་བྱིངས་སོ། །ཞེས་དང༌། ར་ཏི་མདོའི་བྱིངས་སོ། །ཞེས་པ་ལ་སོགས་པའོ། །གཉིས་པ་ནི། བྱིངས་ལས་མིང་དུ་བསྒྲུབ་པའི་ཚེ། ཀྭིཔ྄་བྱིན། རྐྱེན་རང་གི་བྱང་བྱས་འཁོར་བཅས་ཞིག་ནས་རང་རང་གི་ཟླ་མེད་དུ་གནས་པའི་བྱིངས་ལྟ་བུ་སྟེ། སློབ་ཕན་ལས། ཀྭིཔ྄་མཐའ་ཅན་ནི་བྱིངས་མཐའ་ཅན་དུ་གཏོགས་པ་མ་ཡིན་ཞིང༌། རྟགས་ཉིད་དུའང་རྟོགས་པར་བྱེད་དོ། །ཞེས་གསུངས། གསུམ་པ་ནི། ད་ལྟ་ཡོངས་སུ་གྲགས་པ་ཀ་ལཱ་བའི་བྱིངས་མདོ་ལྟ་བུ་སྟེ། དུརྒ་སིདྷས་སྦྱར་བ་ཡི། །དགུ་ཡི་གྲངས་ཀྱི་བྱིངས་ཀྱི་གཞུང༌། དེ་ནི་སུམ་བཅུ་རྩ་ལྔ་ཡིས། །ལྷག་པའི་སུམ་བརྒྱར་ཤེས་པར་བྱ། །ཞེས་གསུངས་པ་ལྟར། བྷཱུ་སོགས་དང༌། ཨད྄་སོགས་དང༌། དིཝ྄་སོགས། སུ་སོགས། རུ་ཏ་སོགས། རུ་དྷ་སོགས། ཏ་ན་སོགས། ཀྲཱི་སོགས། ཙུར྄་སོགས་དང་སྡེ་ཚན་དགུའོ། །དེ་ལྟར་དགུར་བསྡུས་པའི་གཙོ་བོ་ནི། བིཀ་ར་ཎ་བདུན་གྱི་འབྱུང་བ་ཤེས་པའི་ཕྱིར་ཡིན་ལ། ད་ཡང༌། བྷཱུ་སོགས། ཨད་སོགས། རུད྄་སོགས། ཙུར྄་སོགས་བཞི་ལ་ཨན྄་བི་ཀ་ར་ཎ་འབྱུང༌། དི་ཝ་སོགས་ལ་ཡན྄། སུ་སོགས་ལ་ནུ། ཏ་ན་སོགས་ལ་ཨུ། ཀྲཱི་སོགས་ལ་ན། རུ་ངྷ་སོགས་ལ་ན་བི་ཀ་ར་ཎ་འབྱུང་ལ་བི་ཀ་ར་ཎ་སྟེར་བ་ཡང༌། བྱིངས་ཐམས་ཅད་པའི་རྣམ་དབྱེ་ལ་ངེས་པར་ལྟོས་དགོས་ཀྱི། རྣམ་དབྱེ་མེད་པས་ནི་མ་ཡིན་ཏེ། བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །བྱེད་པ་པོ་ལ་ཨཏ྄་པི་ཀ་ར་ཎའོ། །བྱེད་པ་པོ་མེད་པ་ལ་ཨ་ནྲ་སྟེ། ལ་བི་ཀ་ར་ཎའོ། །ཞེས་སོགས་འབྱུང་ལ་བྱིངས་ཐམས་ཅད་པ་ཞེས་པ་ཐོག་མའི་གསལ་བྱེད་ཡིན་པའི་ཕྱིར། སྡེ་ཚན་དགུར་ཕྱེ་བ་ཡང་ཚོགས་ཆེ་བའི་དབང་དུ་བྱས་ཀྱི། བྷཱུ་སོགས་ལྟ་བུ་ནང་ཚན་སོ་སོ་ལ་ཡང༌། ཌུ་ཏ་སོགས། གྷ་ཊ་སོགས། ཛྭ་ལ་སོགས། ཡཛ྄་སོགས་མང་དུ་ཡོད་དོ། །བཞི་པ་ནི། སན྄་སོགས་བདུན་དུ་གྲགས་པ་སྟེ། གུབྲ། ཏིབྲ། ཀིཏ྄་རྣམས་ལས་ས་ན྄འོ། །ཞེས་དང༌། མིང་ལས་བདག་ཉིད་འདོད་པ་ལ་ཡིན྄འོ། །ཞེས་སོགས། སན྄། ཡིན྄། ཀཱ་མྱ། ཨྔ་ཡི། ཨིན྄། ཡ་སྒྲ། ཨཱ་ཡ་རྣམས་ཏེ། མདོ་ཉིད་ལས། དེ་རྣམས་བྱིངས་སོ་ཞེས་བཤད་དོ། །
༈ གསུམ་པ་རྐྱེན་ནི། འགྲེལ་པ་ལས། མངོན་པར་འགྲུབ་པའི་དོན་གྱིས་རྐྱེན་ནོ། །ཞེས་སོ། དེའི་དོན་ནི། ས་བོན་ལས་མྱུ་གུ་འགྲུབ་པ་རྐྱེན་ཆུ་ལུད་སོགས་ལ་ལྟོས་པ་བཞིན་དུ། ས་བོན་ཁམས་ཀྱི་དོན་ཅན་གྱི་བྱིངས་ལས་མིང་ཚིག་སོགས་མངོན་པར་འགྲུབ་པར་བྱེད་པ་པོ་ལ་རྐྱེན་ཅེས་གདགས་སུ་རུང་ངོ༌། །དབྱེ་ན་རྣམ་དབྱེ་དང་རྣམ་དབྱེ་མིན་པའི་རྐྱེན་གཉིས། དང་པོ་ལ། དངོས་དང༌། མིང་ཅན་གཉིས། དང་པོ་ནི། བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་རྟགས་སོ། །ཞེས་མིང་གི་དུས་སུ་དོན་ལྡན་ཙམ་ཡོད་ཀྱང༌། སི་སོགས་ཀྱིས་ཁྱད་པར་དུ་འབྱེད་པས་རྣམ་དབྱེ་ཞེས་དང༌། བྱ་བ་རྟོགས་བྱེད་ནི་བྱིངས་སོ། །ཞེས་བྱིངས་ཀྱི་དུས་སུ་བྱ་བ་ཙམ་མཚོན་ནས་ཀྱང༌། དུས་ལའོ། །ཞེས་ད་ལྟར་བ་སོགས་ཀྱི་བྱེ་བྲག་འབྱེད་པའི་རྣམ་དབྱེ་ཞེས་རྣམ་པ་ཀུན་ཏུ་ཤེས་པར་བྱ་རྒྱུ་ཡིན་ལ། དེ་ཉིད་ལ་སི་སོགས་དང༌། ཏི་སོགས་གཉིས་སུ་ངེས་སོ། །གཉིས་པ་མིང་ཅན་ནི། འདིས་ཕྱི་མར་འཆད་པ་གང༌། །རྣམ་དབྱེའི་མིང་དུ་ཤེས་པར་བྱ། །ཞེས་སོགས་སོ། །གཉིས་པ་རྣམ་དབྱེ་མིན་པའི་རྐྱེན་ལ། མིང་དུ་བསྒྲུབ་པའི་རྐྱེན་དང་། ཏི་སོགས་དང་འབྲེལ་བའི་རྐྱེན་ནོ། །དང་པོ་ལ་མིང་ཙམ་དུ་བསྒྲུབ་པ་ཀྲྀཏ྄་ཀྱི་རྐྱེན་དང༌། དེའི་སྟེང་དུ་ཁྱད་ཆོས་གཞན་བསྒྲུབ་པ་དེ་ཕན་གྱི་རྐྱེན་དང༌། མོ་རྟགས་ཀྱི་རྐྱེན་རྣམས་སོ། །དང་པོ། བྱིངས་ལས་མིང་བསྒྲུབ་ཀྲྀཏ྄་ཀྱི་རྐྱེན། །ཞེས་པ་ལྟར། གམླི་འགྲོ་བ་ལའོ། །ཞེས་པའི་བྱིངས་ལ། ག་མི་ལས་ཌོའོ། །ཞེས་པས་ཀྲིཏ྄་ཀྱི་རྐྱེན་བྱིན་པས་གོ་ཞེས་པའི་མིང་ཙམ་འགྲུབ་པོ། །གཉིས་པ་ནི། མིང་དང་རང་ལས་འབྲེལ་བ་ཡི། །མིང་གཞན་བསྒྲུབ་པ་དེ་ཕན་རྐྱེན། །ཅེས་གསུངས་པ་ལྟར། དངོས་པོ་ལ་ཏ་ཏ྄་དག་གོ །ཞེས་པས་དེ་ཕན་གྱི་རྐྱེན་བྱིན་པས་ཁྱད་ཆོས་གོ་ཉིད་ཅེས་པའི་མིང་འགྲུབ་པོ། །གསུམ་པ་ནི། བུད་མེད་ལས་ཨ་ལས་ཨཱཔྲའོ། །ཞེས་སོ། །གཉིས་པ་ནི། སན྄་སོགས་བདུན། བི་ཀ་ར་ཎ་བདུན། ཨི་དཾ་སོགས་བདུན་ཡང་རུང༌ངོ་། །
༈ བཞི་པ་རྟགས་བཤད་པ་ལ། འཆི་མེད་མཛོད་ལས། ཤེས་བྱ་ཕོ་མོ་མ་ནིང་ལ། །ཕལ་ཆེར་གཟུགས་ཀྱིས་དབྱེ་བ་དང༌། །ཁ་ཅིག་ལྷན་ཅིག་སྤྱོད་ལས་ཀྱང༌། །ལ་ལར་དེ་ཁྱད་སྒྲུབ་ལ་སོགས། །ཞེས་མདོར་བསྡུས་ནས་གསུངས་ལ། དེའི་དོན་ནི། མིང་གཅིག་དོན་མང་སྟོན་པ་དང༌། །དོན་གཅིག་རྣམ་གྲངས་མང་པོ་ཅན། །ཞེས་སོགས་ཀྱི་སྒོ་ནས་མིང་དང་རྟགས་གསུམ་རྣམ་བཞག་རྒྱས་པར་གཏན་ལ་འབེབས་ཤིང༌། དེ་ལ་རྟགས་གསུམ་མ་འདྲེས་པ་དང༌། འདྲེས་པའི་ཚུལ་ལོ། །དང་པོ་ནི། ཕལ་ཆེར་གཟུགས་ཀྱིས་དབྱེ་བ་དང༌། །ཞེས་པའི་རྐང་པ་གསུམ་གྱིས་སྟོན་ཏེ། ཤྲདྡྷཱ་དང༌། ནཱ་དཱ་སོགས་མོ་རྟགས་གཟུགས་ཀྱིས་འབྱེད་པ་དང༌། སྐབས་ཁ་ཅིག་ཏུ། ཟླ་བོའི་སྟོབས་ཀྱིས་ཤེས་ཏེ། པུཥྤེ་མ་ནིང་གི་རྟགས་སུ་ཤེས་པས། ངྷུ་པཾ་སོགས་ཀྱང་མཚོན་ནུས་པ་དང༌། ལ་ལར་རྟགས་ཀྱི་རྣམ་གཞག་ཁྱད་པར་དང་བཅས་ཏེ་རྒྱས་པར་འཆད་དོ། །ཞེས་པའོ། །གཉིས་པ་ནི། རྟགས་གསུམ་པ་ལ་གསུམ་ཞེས་བྱ། །ཞེས་པས་གསུམ་ཞེས་པའི་བརྡས་མཚོན་པ་དང༌། འཁྲིག་པའི་ཚིག་ལ་གཉིས་ཞེས་བྱ། །ཞེས་པས་ཕོ་དང་མོ་འདྲེས་ཞེས་པ་དང༌། རྟགས་བཀག་པ་ལྷག་མའི་དོན་ཡིན་ཞེས་པས་ཕོ་ཡིན་ཞེས་པ་ལྟ་བུ། མོ་མ་ནིང་གཉིས་མཚོན་པར་ནུས་པ་སོགས་སོ། །རྒྱུ་མ་མཐའ་དང་ཞེས་པ་ལ། །རྒྱུ་ནི་དབྱེ་བ་དམིགས་འཛིན་པ། །ཞེས་པ་ལྟར་གོང་འོག་གི་དམིགས་འཛིན་དང༌། ཨ་ཐ་དང་པོ་སྔོན་ཆ་མིན། །ཞེས་པས་གོང་མ་རྣམས་སྤངས་ནས་འདི་མན་ཆད་ཅེས་པ་ལྟ་བུའི་ས་གཅོད་པར་བྱེད་དོ། །
༈ ལྔ་པ་མིང་བཤད་པ་ལ། སྨྲ་སྒོ་ལས། ཇི་ལྟར་རྡུལ་ལས་གོང་བུ་བཞིན། །ཡི་གེ་འདུས་པར་གྱུར་པ་ན། །གང་ཞིག་རྣམ་ཆ་འདུས་པ་ཡིས། །དོན་གྱི་ངོ་བོ་ཉིད་བརྗོད་ན། །རྣམ་ཆ་མང་ངམ་ཉུང་གྱུར་ཀྱང༌། །དེ་ནི་མིང་ཞེས་རབ་ཏུ་བརྗོད། །ཅེས་དང༌། གསལ་བ་ལས་ཀྱང༌། ཡི་གེ་གཉིས་སམ་མང་འདུས་པ། །དོན་གྱི་ངོ་བོ་རྗོད་བྱེད་པ། །མིང་ཡིན་དོན་ལ་བློ་གཞོལ་ཕྱིར། །དེ་ཡང་དངོས་དང་བཏགས་པ། ཞེས་སོ། །འདི་ལ་ཡི་གེ་འདུས་པ་མི་དགོས་ཏེ། ཨ་ཁྱབ་འཇུག །ཨི་བདུད། ཨུ་དབང་ཕྱུག་གི་མིང་ཡིན་པའི་ཕྱིར། །
༈ དྲུག་པ་ཚིག་ནི། སྨྲ་སྒོ་ལས། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང༌། །དེ་དག་ཁྱད་པར་རྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་དེ། །ཕྲད་རྣམས་དག་དང་བཅས་པའང་ཡིན། །ཞེས་དང༌། གསལ་བ་ལས། མིང་གཉིས་སམ་ནི་མང་ཡང་རུང༌། །དོན་གྱི་ཁྱད་པར་རྗོད་བྱེད་པ། །དམ་ཆོས་མངོན་པར་གསུངས་པ་ཡིན། །ཚིག་ཡིན་ཡི་གེ་འདུས་པ་ཉིད། །ཅེས་ཕྱི་མ་འདིས་མངོན་པའི་ལུགས་ཀྱི་ཚིག་བཤད། བྱཱ་ཀ་ར་ཎའི་ཚུལ་ནི། གསལ་བ་ལས། མིང་ལ་རྣམ་དབྱེ་བརྒྱད་ཕྱེ་བ། །ཉི་ཤུ་རྩ་བཞིར་སྦྱར་བ་དང༌། །བྱིངས་ལ་ཏི་སོགས་སྦྱར་བ་ཡིས། །རང་རང་དོན་རྣམས་སྟོན་བྱེད་ཚིག །ཅེས་སོ། །རྣམ་དབྱེ་བརྒྱད་ཀྱང༌། གསལ་བ་ལས། དངོས་པོ་ལས་དང་བྱེད་པ་ཆེད། །འབྱུང་ཁུངས་འབྲེལ་བ་རྟེན་གཞི་དང༌། །བོད་པའི་དོན་ལ་རྣམ་དབྱེ་བརྒྱད། །རེ་རེའང་གཅིག་གཉིས་མང་ཚིག་གསུམ། །ཞེས་སོ། །ལོ་ཙཱ་བ་ཆེན་པོ་ནམ་མཁའ་བཟང་པོའི་གསུང་ལས། བདུན་པོ་ལས་མ་གཏོགས་པས་བརྒྱད་པ་འབོད་པ་ཞེས་པ་ཚད་ལྡན་གྱི་གཞུང་གང་ལས་ཀྱང་མི་འབྱུང་ཞིང༌། བོད་པ་ལའང་དང་པོའི་རྣམ་དབྱེ་འབའ་ཞིག་སྟེར་བར་བཤད་པའི་ཕྱིར། རྣམ་དབྱེ་བརྒྱད་པ་ཟུར་དུ་འཆད་མི་རིགས་སོ། །ཞེས་གསུངས་སོ། །
༈ བདུན་པ་ཉེར་བསྒྱུར་ནི། ངོ་བོ་ལ། པྲ། པཱ་ར། ནི། ནིར྄། ཨུཏ྄། དུར྄། སཾ། བི། ཨ་པ། ཨ་ནུ། པ་རི། ཨ་བྷི། ཨ་ངྷི༌། པྲ་ཏི། སུ། ཨཱང༌། ཨ་ཏི། ཨ་བ། ཨ་པི། ཨུ་པ་རྣམས་ནི་ངོ་བོའི་གྲངས་སོ། །ཞེས་དང༌། ཏཱ་ར་ནཱ་ཐཱའི་རྗེས་འབྲང་གིས་གསུངས་པའི་ཉེར་བསྒྱུར་ནི་ཉི་ཤུ་འབྱུང་སྟེ། ༡པྲ་....རབ་དང་ ༢པཱ་ར་.....མཆོག ༣ནི་.....བྲལ་བ། ནི༤ར྄་.....ངེས་པ། ༥ཨུ་ཏ྄་.....ཤིན་ཏུ། ༦དུར྄་.....ངན་པ། ༧སཾ་.....ཡང་དག ། ༨བི་.....རྣམ་པར་དང་། ཨ༩་པ་.....ངེས་པར། ༡༠ཨ་ནུ་.....རྗེས་སུ། ༡༡པ་རི་.....ཡོངས་སུ་དང༌། །༡༢ཨ་བྷི་.....མངོན་པར། ༡༣ཨ་དྷི་.....ལྷག་པར། ༡༤པྲ་ཏི་.....སོ་སོ། ༡༥སུ་དང་.....བདེ། ༡༦ཨཱང྄༌.....ཀུན། ། ༡༧ཨ་ཧི་.....ཤིན་ཏུ། ༡༨ཨ་བ་.....བྲལ་བ། ༡༩ཨ་པི་.....ཀྱང་འང༌། ༢༠ཨུ་པའོ་.....ཉེ་བའོ། ཞེས་སོ། །འདི་ལ་དོགས་པ་ནི། པྲ་སོགས་ཉེར་བསྒྱུར་བརྗོད་དོན་དང་མི་ལྡན་ན་དོན་བཅུ་བདུན་ལ་འཇུག་པ་སོགས་མི་རིགས་ལ། ལྡན་ན་བྱིངས་སམ། རྟགས་སམ། ཚིག་གསུམ་པོ་གང་ཡིན་སྙམ་མོ། །དེ་ལ་བརྡའ་སྤྲོད་པ་ཆེན་པོ་དབང་པོས་བྱིན་གྱིས་མཛད་པའི་འགྲེལ་བ་ལས། གསུམ་པོ་གང་ཡང་མ་ཡིན་ཞིང་མིང་ཚིག་ལ་ཕན་པ་སྦྱོར་བའི་བརྗོད་བྱ་རྒྱ་ཆེ་བ་ཞིག་ཡིན་ཞེས་བཤད་པར་བྱེད་དོ། །དེ་ཉིད་ལས། འཆད་པར་འགྱུར་བའི་ཉེར་བསྒྱུར་རྣམས་ནི་བྱིངས་མ་ཡིན་ཞིང་རྟགས་མ་ཡིན་ལ་ཚིག་མ་ཡིན་ཞིང་མིང་དང་ཀུན་བཤད་ཀྱི་ཁྱད་པར་དག་ལ་དོན་སྣ་ཚོགས་སྨྲ་བ་སྟེ། པྲ་ལ་སོགས་པ་ཉི་ཤུ་པོ་འདི་ཉེར་བསྒྱུར་རྣམས་སུ་འགྱུར་རོ། །ཞེས་མདོར་བསྟན་ནས་དེ་ཉིད་འཆད་པ་ནི། དེ་ཉིད་ལས། དེ་ལ་ལྷག་མ་རྣམས་སམ་དེ་ལྟ་བུ་རྣམས་ཀྱི་ནང་དུ་མ་འདུས་པའི་ཕྱིར་བྱིངས་མ་ཡིན་ནོ། །བུད་མེད་དང༌། སྐྱེས་པ་དང༌། མ་ནིང་གི་རྟགས་རྣམས་ཀྱི་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རྟགས་མ་ཡིན་ནོ། །གཅིག་ཉིད་དང༌། མིང་པོ་ཉིད་དང༌། གཉིས་ཉིད་དང་མི་ལྡན་པའི་ཕྱིར་ཚིག་མ་ཡིན་ནོ། །མིང་དང་ཀུན་བཤད་ལ་ཉེ་བར་སྦྱོར་ཞིང༌། དོན་དུ་མ་སྟོན་པར་བྱེད་པའི་ཕྱིར། མིང་དང་ཀུན་བཤད་ཀྱི་ཁྱད་པར་རྣམས་སོ། །ཞེས་པས་མིང་དང་ཀུན་བཤད་དེ་བྱིངས་ལ་ཏི་སོགས་ཀྱི་རྣམ་དབྱེ་བྱིན་ནས་ཚིག་ཏུ་བསྒྲུབ་པའི་ཚེ་ཉེར་བསྒྱུར་རྣམས་གོང་དུ་སྦྱར་བས་དེའི་དབང་གིས་བརྗོད་བྱ་མཐའ་ཡས་པ་རྣམས་སུ་འགྱུར་རོ། །ཞེས་པའོ། །
༈ བརྒྱད་པ་ཨཱ་ག་མ་ནི། ངོ་བོ་གློ་བུར་བའམ། མགྲོན་ཐབས་ཀྱི་དོན་ཏེ། ལུང་ལ་ཡང་འཇུག་གོ །འབྱུང་བ་ནི། དཔང་ལོའི་ཤོག་གཅིག་མ་ལས། རང་བཞིན་རྐྱེན་ཀྱི་བར་དུ་འམ། །རང་བཞིན་དབྱངས་མཐའི་གཞན་དུ་འང༌། །ཇི་ལྟར་བཤད་བཞིན་ཨཱ་ག་མ། །དཀྱུས་མིན་དགོས་ལྡན་རྟགས་ཀྱི་དོན། །ཞེས་གསུངས་ལ། རང་བཞིན་ནི་མིང་དང་བྱིངས་སོ། །
༈ དགུ་པ་མི་ཟད་པ་ནི། གྲངས་མེད་པ་ཞེས་པ་སྟེ་ནི་པཱ་ད་དང༌། ཉེར་བསྒྱུར། བསྡུ་བའི་མཐར་གྱུར་པའི་མི་ཟད་པ་སྟེ་ལ་སོགས་པ། མིང་ཙམ་གྱིས་གོ་བར་བྱའོ། །
༈ བཅུ་པ་རྗེས་འབྲེལ་ལ། ངོ་བོ་ནི། སྐབས་དེར་དགོས་པའི་དབང་གིས་འོང་ཞིང༌། འོང་བའི་ཡུལ་དེ་དང་ལྷན་ཅིག་ཏུ་སྦྱར་བར་བྱ་བ་མ་ཡིན་པའི་ཆོས་སོ། །དབྱེ་ན། མིང་ངམ་ཁྱད་པར་གྱི་དོན། བརྗོད་པའི་དོན། དབྱངས་ཀྱི་དོན། ངོ་བོའི་དོན། རྣམ་པ་སྣ་ཚོགས་པའི་དོན་རྣམས་སོ། །དང་པོ་ལ། བྱིངས་རྐྱེན་རྟགས་དང་ཨཱ་ག་མ། མི་ཟད་ཚིག་གི་རྗེས་འབྲེལ་དྲུག །དང་པོ་ལ། དབྱངས་ཀྱི་དོན། གསལ་བྱེད་ཀྱི་དོན། བྱིངས་སྲོག་ཅན་གྱི་དོན། དབྱངས་གསལ་སྦྱར་མའི་དོན་རྣམས་སོ། །དང་པོ་ལ། ཨཱ་རིང་པོ། ཨི་རིང་ཐུང༌། ཨེ་རྀ་ལི། ཨོ་ཨུ་རིང་ཐུང་གཉིས་རྣམས་གཞུང་ལས་གསལ་བས་དེར་བལྟ་བར་བྱའོ། །གཉིས་པ་གསལ་བྱེད་རྗེས་འབྲེལ་ནི། ཀ྄་ད྄་ཉ྄་ཊ྄་ཎ྄་པ྄་མ྄་དྲོ་བའི་ཥ྄་རྣམས་ཏེ། དེ་རྣམས་ཀྱང་གཞུང་སོ་སོར་བསྟན་ནོ། །གསུམ་པ་བྱིངས་སྲོག་ཅན་ནི། ཌུ་ཊུ་ཉེ་དང་གསུམ། བཞི་པ་ནི། ཨི་ཏ྄་འགྲོ་བ་ལ་ཡང་ངོ༌། །ཞེས་པའོ། །གཉིས་པ་རྐྱེན་ཀྱི་རྗེས་འབྲེལ་ལ། ཀྲྀ་ཏ྄་དང༌། མོ་རྟགས། དེ་ཕན་དང༌། སི་སོགས། སན྄་སོགས། ཏི་སོགས། ཏི་སོགས་དང་འབྲེལ་བའི་རྗེས་འབྲེལ་དང་བདུན། དང་པོ་ལ། དབྱངས་གསལ་གཉིས། དང་པོ། ཀྭི་པ྄འི་ཨི་དང༌། རི་ཏ྄་དང༌། ཨུ་ཏ྄་རྗེས་སུ་འབྲེལ་བ་དག་གི་ཨུའོ༷། །ཞེས་དང༌། རྀ་ཏ྄་གཉིས་སོ། །གཉིས་པ་ལ། ཀ྄་ཁ྄་ག྄་གྷ྄་ང྄༌། ཉ྄་ཌ྄་ཊ྄་ན྄་ས༷མ྄་ཤ྄་ཥ྄་རྣམས་ཏེ། བཅུ་གཉིས་སོ། །མོ་རྟགས་ལ། ཀ་ལཱ་པར། བུད་མེད་ལ་ཨ་ལས་ཨ་པ྄འོ། །ཞེས་དང༌། ཙནྡྲ་པར། བུད་མེད་ལ་ཨུ་ཏ྄་ལད྄་ཨུད྄འོ་ཞེས་པའི་ད་གཉིས་སོ། །དེ་པན་ནི། ཏ་ཌ་ཊ་ཎ་དང་བཞིའི་རྗེས་འབྲེལ་ལོ། །སི་སོགས་ལ་གོ་སླའོ། །སན྄་སོགས་ལ་སན྄་གྱིན་དང༌། མིང་ལས་བདག་ཉིད་འདོད་པ་ལ་ཡིན྄འོ་ཞེས་པའི་ཨིན྄་དང༌། ཨཱ་ཡིའི་ཨི་དང༌། ཀཱ་རི་ཏའི་ན་རྣམས་སོ། །ཏི་སོགས་ལ། དེའི་ཨི་དང༌། པ་རོཉ་ཀྵའི་ཊ་ཐལ་གྱི་གཉིས་སོ། །ཏི་སོགས་དང་འབྲེལ་བའི་རྗེས་འབྲེལ་ལ། པི་ཙིའི་ཨི་དང་ཙ་གཉིས། ཙན྄འི་གཉིས་ཨན྄་འདྲ། ཡན྄་གྱི་ན་གཉིས་རྣམས་སོ། །གཉིས་པ་བརྗོད་པའི་དོན་ལ། བྱིངས་ཀྱི་ཨ་ཐུང་དང་བསྒྱུར་བའི་ཨི་གཉིས་སོ། གསུམ་པ་དབྱངས་ཀྱི་དོན་ལ། ན་ཙ་གཉིས་སོ། བཞི་པ་ལ་མི་འདུག་གོ །ལྔ་པ་ས་ཡིག་རྣམ་པ་སྣ་ཚོགས་པའི་དོན་ནོ། །
༈ བཅུ་གཅིག་པ་རྣམ་འགྱུར་ནི། སྐད་ཀྱི་དོན་ནི། བི་ཀ་ར་ཎ་ཞེས་པ་ཡིན་ལ། དེ་ཡང་རང་མིང་གིས་བསྟན་པའི་བི་ཀ་ར་ཎ་བདུན་ལས་དངོས་སུ་མ་གསུངས་ཀྱང༌། ལྷན་ཅིག་བྱེད་རྐྱེན་གྱིས་ས་བོན་གནས་སྐབས་གཞན་དུ་སྒྱུར་བར་བྱེད་པས་རྣམ་འགྱུར་ཞེས་བཤད་པ་ལྟར། རྣམ་དབྱེ་དང་རྣམ་དབྱེ་མ་ཡིན་པའི་རྐྱེན་གྱིས། བྱིངས་དང༌། རྟགས་དང༌། གཟུགས་དང༌། བརྗོད་བྱ་གཞན་ཡང་གཞན་དུ་སྒྱུར་བར་བྱེད་པ་ལ་རྣམ་འགྱུར་ཞེས་བྱ་དགོས་སོ། །
༈ བཅུ་གཉིས་པ་ཚིག་སྡུད་ནི། སྨྲ་སྒོས་བཅུར་གསུངས་ཏེ། དེ་ལ་ཚིག་གི་སྦྱོར་བ་བཅུ། །འབྲུ་མང་པོ་དང་ཚིག་སྡུད་དང༌། །ཁྱད་པར་དག་དང་ཡན་ལག་དང༌། །གཞི་དང་གཅིག་ཉིད་བསྡུ་བ་དང༌། །གཞི་མཐུན་བསྡུ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་ཕྱོགས་ཙམ་མོ། །ཞེས་གསུངས་སོ། །
འདིར་སྨྲས་པ།
སྐྱེས་རབས་མང་པོའི་སྟོང་ཕྲེང་བགྲངས་མིན་ཡང༌། །
མདོ་རྒྱུད་བསྟན་བཅོས་ཡོད་དོ་ཅོག་ཀུན་གྱི། །
ཚིག་དང་དོན་གྱི་མེ་ཏོག་ཕྲེང་སྤེལ་བར། །
ཞག་ཟླ་ལོ་ཡིས་འཁྱུད་མིན་འདི་ཀོ་གཟུགས། །
ཕྱོགས་རེའི་རྒྱུ་སྐར་ཕྲེང་ལྡན་སྙེམས་པའི་འོད། །རབ་དཀར་བསིལ་བའི་བློ་གཞོན་ཀུ་མུད་ཁ། །ཕྱེ་བའང་ཀྱེ་མ་མང་ཐོས་གཟའི་བདག་པོའི། །མདུན་སར་མི་སྨྲའི་མུན་པ་ངང་གིས་འཇུག །རྣམ་དཀར་དམར་པོས་རབ་བསྐྲུན་བློ་གྲོས་ཀྱི། །ལྕགས་གོང་སྨོངས་པས་ཚལ་བ་བརྒྱར་གཏུབ་པའི། །ལྷག་ལུས་སྨིན་པ་སྒྲིབ་གཉིས་ཁྱབ་འཇུག་དཔུང༌། །མཐར་བྱས་གཏན་བདེའི་གྲགས་སྙན་འབྱམས་སུ་ཀླས། །དོན་བྲལ་གྲགས་པའི་ཅལ་གྱིས་བླུན་པོའི་མགོ །འགལ་མེའི་རང་བཞིན་ལས་ཀྱིས་བྱས་མོད་ཀྱང༌། །རྣམ་དཔྱོད་གདོང་ལྔའི་རྩལ་རྫོགས་འཇིགས་མེད་ཁྱོད། །མ་བརྟགས་འགྲེལ་པའི་ངལ་བ་འདིས་ཅི་སྙམ། །གང་གི་སྙིང་ནི་ཆོས་ཀྱི་གན་མཛོད་དུ། །ཐུབ་བསྟན་དཔལ་སྡུག་བླ་ན་རབ་མངར་བའི། །ཆོས་སྦྱིན་གཏན་པ་མེད་གཏོང་སླད་དུ་འདིར། ཆེ་ཆུང་ཚིག་སྦྱོར་ནོར་བུ་རྒྱུ་སྐར་བཞིན། །འཇམ་དཔལ་ཐུགས་རྗེའི་ཟེག་མ་སྙིང་པད་དུ། །གསུང་དབང་སྦྲང་རྩིར་མངར་ལ་དབྱངས་ཅན་ལྷའི། །བཞད་པ་འབུམ་དུ་གྱེར་བའི་རྡོ་རྗེའི་གླུ། །འཇིགས་མེད་སྤོབས་ལྡན་རྣམ་པར་རྒྱལ་བའི་སྡེས། །བཀོད་པས་མི་ཤེས་དྲི་མ་མ་ལུས་དྲུང༌། །ཕྱུང་སྟེ་ནམ་ཡང་མཁའ་མཉམ་འགྲོ་འདི་དག །རྒུད་པའི་དཔུང་གིས་ནམ་ཡང་མི་བརྫི་བར། །ཀུན་མཁྱེན་རྒྱལ་པོ་མཆོག་དེར་གྱུར་ཅིག་གུ། །མངྒ་ལཾ།

སྡེབ་སྦྱོར་རྣམ་བཞག་ལིང་ཚེ།

སྡེབ་སྦྱོར་གྱི་རྣམ་གཞག་ཉུང་ངུ་ལིང་ཚེ་དང་བཅས་པ་འཇམ་དབྱངས་བཞད་པས་མཛད་པ་བཞུགས་སོ། །
ན་མ་སྭ་ར་སྭ་སྟྱཻ། དྭངས་ཤེལ་ནང་དུ་གཟུགས་ཀུན་བཞིན། །ཇི་ལྟ་ཇི་སྙེད་ཐམས་ཅད་དང༌། །གནས་ལྔ་རིག་པ་སྡེབ་སྦྱོར་བཅས། །གསལ་བར་ད་སྟེན་དབྱངས་ཅན་ཀྱེ། །འདི་ཡི་ཕྲེང་གཅིག་ལན་བཞིར་བཟླས། །མཉམ་པའི་བྲྀཏྟར་མཁས་པས་རྟོགས། །གཟུགས་དང་རྩེ་མོ་ཕྲེང་གཅིག་བྱས། །མིག་དང་རིག་བྱེད་ཕྲེང་གཞན་གྱིས། །བཅིང་བ་ཕྱེད་མཉམ་བྲྀཏྟར་འདོད། །རྐང་བ་བཞི་ནི་ཕྲེང་རེ་བྱས། །མི་མཉམ་བྲྀཏྟར་ཁོ་བོ་འདོད། །སྡེབ་སྦྱོར་དྲུག་སོགས་གྲངས་དག་གི །གཅིག་པ་རྟོགས་ཕྱིར་དྲུག་བདུན་བརྒྱད། །དགུ་སོགས་ཀུན་གྱི་དང་པོ་ལྕི། །གཅིག་པ་ཤེས་པའི་མིག་ཡིན་བཤད། །གཅིག་ཡང་གཞན་ལྕི་གཉིས་པ་དང༌། །གཉིས་པ་ཡང་ལ་གཞན་ཀུན་ལྕི། །གསུམ་པ་ལྟ་བའི་འདྲེན་བྱེད་ཡིན། །དང་པོ་གཉིས་ཡང་གཞན་ཀུན་ལྕི། །བྲྀཏྟ་བཞི་པའི་གྲངས་སུ་རྟོགས། །གསུམ་ཡང་གཞན་ལྕི་ཕུང་པོར་འདོད། །འདི་ཡིས་མཉམ་ཀུན་ཤེས་པར་བྱ། །ཕྱེད་མཉམ་རྐང་དང་ཀུན་ལྕི་བ། །ཟླ་བ་ལྟ་བའི་འདྲེན་བྱེད་ཡིན། །རྐང་ཐོག་གཅིག་ཡང་གཞན་ཀུན་ལྕི། །དབྱངས་སྒྲོགས་རེ་བཞིའི་ནང་ཚན་མིག །རྐང་ཐོག་མིག་ཡང་གཞན་ཀུན་ལྕི། །སྭ་ར་རེ་བཞིའི་ནང་གི་རྩེ། །རྐང་པའི་ཐོག་དབུས་ཕྲ་མའི་དང་པོ་མིག །ཡང་ལ་ལྷག་ལྕི་རེ་བཞིའི་ལས། །མི་མཉམ་ཀུན་ལའང་དེ་རིགས་གྱིས། །

སརྦ་མངྒ་ལཾ། །
#div1 སྡེབ་སྦྱོར་དབྱངས་ཅན་མགུལ་རྒྱན།

མམསྱཙྪནྡལཀྵནཀཉྩབིཀཤསྭརསྭསྟྱིགྲིབཱལངྐརནམབིཧརཏིསྨ།
མཉམ་པའི་སྡེབ་སྦྱོར་གྱི་མཚན་ཉིད་ཉུང་ངུ་རྣམ་གསལ་དབྱངས་ཅན་གྱི་མགུལ་རྒྱན་ཅེས་བྱ་བ་བཞུགས་སོ། །
མཁྱེན་པའི་གཏེར་ཆེན་དམར་སེར་དཀར། །ཡུམ་གྱུར་སྒྲོལ་མ་དཀར་སྔོན་ཟུང༌། །ཁྱད་པར་དབྱངས་ཅན་དཀར་དམར་ལ། །བཏུད་དེ་སྡེབ་སྦྱོར་མཛེས་རྒྱན་སྤྲོ། །རྐང་པ་དང་ལྡན་ཚིགས་བཅད་དེ། །བྲྀཏྟ་ཛཱ་ཏི་རྣམ་གཉིས་འདོད། །ཡི་གེ་བགྲང་བ་བྲྀཏྟ་སྟེ། །ཕྱི་མོ་བགྲང་བ་ཛཱ་ཏིར་འདོད། །དབྱངས་ལ་ཐུང་རིང་ཤིན་ཏུ་རིང༌། །ཐུང་ངུ་ལྔ་སྟེ་གཅིག་གི་ཆ། །ཨ་ཨི་ཨུ་རྀ་ལྀ་རྣམས་སོ། །གཉིས་ཀྱི་ཡུན་ཚད་རིང་སྟེ་བརྒྱད། །ཨཱ་ཨཱི་ཨཱུ་རཱྀ་མཚམས་སྦྱོར་བཞི། །སུམ་ཆ་ཤིན་ཏུ་རིང་སྟེ་དགུ། །ཨཱཉ྄་སོགས་བརྒྱད་དང་ལཱྀཉ྄་ཡིག་གོ །དེ་ལྟར་འདིར་དབྱངས་ཉི་ཤུ་གཉིས། །གསལ་བྱེད་ཀ་ནས་ཧ་ཡི་བར། །ང་རོ་རྣམ་བཅད་ལྕེ་རྩ་ཅན། །མཆུ་ཅན་བཞི་བསྣན་སོ་བདུན་བཤད། །འདིར་ནི་དབྱངས་ཡིག་བགྲང་བར་བྱ། །དབྱངས་ཐུང་ཡང་བ་ལ་མིང་དྲང༌། །རིང་པོ་ལྕི་བ་ག་མིང་འཁྱོག །རེ་རེའི་མིང་ཡིན་གསུམ་བསྒྲིག་མིང༌། །བྷ་ཐོག་ལྕི་སྟེ་ཛ་དབུས་ལྕི། །ས་ཡི་མཐའ་ལྕི་མ་ཀུན་ལྕི། །ཡ་ཐོག་ཡང་སྟེ་ར་དབུས་ཡང༌། །ཏ་མཐའ་ཡང་སྟེ་ན་ཀུན་ཡང༌། །མཁས་པས་སྡེབ་སྦྱོར་དྲུག་པ་ནས། །རེ་རེ་འཕེལ་བའི་རྐང་པ་བྱ། །དབྱངས་སྒྲོགས་རབ་དགའ་རྗེས་སུ་བསྔགས། །ཆེ་ལྡན་ཕྲེང་ལྡན་གསུམ་བསྔགས་པ། །དུས་ནས་དྲག་པོའི་བར་གྱིས༷་འདོད། །འགྲོ་ལྡན་ཤིན་ཏུ་འགྲོ་ལྡན་དང༌། །ནུས་ལྡན་ཤིན་ཏུ་ནུས་ལྡན་དང༌། །ལེགས་སྤྱོད་ཤིན་ཏུ་ལེགས་སྤྱོད་དང༌། །འཛིན་ཅན་ཤིན་ཏུ་འཛིན་པ་ཅན། ཉི་མ་ནས་བཟུང་བུ་ག་གཟུགས། །བྱེད་ལྡན་རབ་བྱེད་ཀུན་བྱེད་ལྡན། །རྣམ་བྱེད་ལེགས་བྱེད་མངོན་བྱེད་ལྡན། །ལྷག་བྱེད་ལྡན་དེ་ཉི་ཤུ་ནས། །དུས་མིག་བར་དུ་མཁས་པས་སྦྱོར། །ཉེར་བདུན་ཕན་ཆད་རྒྱུན་ཆགས་སམ། །རབ་བསགས་ཞེས་བྱར་མཁས་པས་བཤད། །བྲྀཏྟ་ཕྱེད་མཉམ་མི་མཉམ་མཉམ། །གནས་བརྟན་ནམ་སྡོད་ངལ་གསོའི་མིང༌། །ཡང་བར་ངལ་གསོ་ཀ་ཞེས་ཏེ། །ལྕི་བར་ངལ་གསོ་བ་ཞེས་བྱ། །གང་ཞིང་རྐང་པ་སོ་སོ་ལ། །འདི་ནས་བཟུང་སྟེ་བྲྀཏྟ་ལ། །ཏ་ཡ་ལུས་དབུས་བྲྀཏ་ཏ་འདོད། །གཞོན་ནུ་རོལ་པ་ཛ་ས་ལྕི། །རྗེས་བསྔགས་དབྱེ་བ་རྣམ་པ་ལྔ། །ག་ལ་བཞི་བཟླས་མཚུངས་འགྱུར་རོ། །ལ་ག་བཞིར་བཟླས་ཚད་མ་ལྡན། །བྷ་གཉིས་ལྕི་གཉིས་རྐང་གསུམ་མོ། །མ་གཉིས་ལྕི་གཉིས་གློག་ཕྲེང་འདོད། །བྷ་ཏ་ལ་ག་བྲམ་ཟེའི་བུ། །ཆེ་ལྡན་དབྱེ་བ་གཉིས་སུ་བཤད། །ར་དང་ན་ས་གཤོལ་གདོང་ཅན། །ལག་འགྲོའི་བུའི་བུ་ན་གཉིས་མ། །ཕྲེང་ལྡན་དེ་ནི་རྣམ་པ་ལྔ༌། །མ་ས་ཛ་ལྕི་རྣམ་རྒྱལ་དག །མ་ས་ཡ་ལྕི་ཚོང་འདུས་གྲགས། །ར་ཛ་ར་ལྕི་རྨ་བྱའི་འགྲོས། །བྷ་མ་ས་ལྕི་གསེར་ལྡན་ནོ། །བྷ་མ་ས་གི་མྱོས་མར་རིགས། །གསུམ་བསྔགས་དབྱེ་བ་བཅུ་གསུམ་མོ། །ཉེ་འཁོར་ཏ་ཛ་ཛ་ག་ག །དབང་རྡོར་ཏ་ཏ་ཛ་ལྕི་གཉིས། །ཛ་ཏ་ཛ་ག་ག་ཉེ་དབང༌། །བྷ་གསུམ་ག་གཉིས་འདོད་འཇོར་བཤད། །མ་བ་ར་གཉིས་བ་ཡི་ནི། །བཞི་བདུན་ངལ་གསོ་རླུང་རླབས་འཕྲེང༌། །མ་པ་ས་ར་བ་བཀོད་པའི། །བཞི་བདུན་ངལ་གསོ་ཆུ་རླབས་འཕྲེང༌། །མ་བ་ན་ན་བ་བཀོད་པའི། །བཞི་བདུན་ངལ་གསོ་བུང་བ་རོལ། །ར་ན་ར་ལ་ག་ཤིང་རྟ། །ལེགས་འོངས་ར་ན་བྷ་ལྕི་གཉིས། །ན་གཉིས་ས་ག་ག་རྣམ་འགྱུར། །བཟང་ལྡན་ན་ན་ར་ལ་ག །ར་ཛ་ར་ལ་ག་ཤྱ་ན྄། །ཉེར་འཁོད་ཛ་ས་ཏ་ག་ག །འགྲོ་ལྡན་དབྱེ་བ་བཅོ་ལྔར་བཤད། །ར་ན་བྷ་ས་ཟླ་བའི་ལམ། །ཛ་ཏ་ཛ་ར་རྒྱུད་གནས་ཅན། །ཏ་གཉིས་ཛ་ར་དབང་པོའི་རྒྱུད། །ན་གཉིས་ག་བ་ར་བ་སྦྱོར། །ཛ་སུ་ཛ་སུ་ཆུ་འཐོར་འགྲོས། །ས་ཡིག་ཆུ་བོ་ཟློས་གར་ཅན། །ན་བྷ་བྷ་ར་མྱུར་དལ་ཅན། །ཡ་བཞི་ལག་འགྲོ་རབ་ཏུ་འགྲོ། །རེ་ཕ་རིག་བྱེད་ཕྲེང་རྒྱུད་ཅན། །ས་ཛ་ས་གཉིས་མཆོག་འགྲོ་ཅན། །མ་ག་བ་ར་གཉིས་དང་བ། །དེ་ནི་ལྷ་མོ་ཀུན་ལྡན་མ། །མ་བ་ན་ཡ་ག་དང་བ། །དེ་ནི་ཆུ་འཛིན་ཕྲེང་བའོ། །ན་ཟུང་ར་མིག་དལ་འབབ་ཅན། །ན་ཛ་ཛ་རའོ་ཡ་མུ་ན། །ན་ཛ་བྷ་ཡ་འཕྲེང་གསར་ལྡན། །ཤིན་ཏུ་འགྲོ་ལྡན་རྣམ་པ་ལྔ། །རབ་དགའ་མུ་ན་ཛ་ར་བ། །དགའ་འདོད་ཛ་བ་ན་ཛ་རུ། །མ་བ་བྷ་ཏ་ཡུ་རྨ་བྱ། །ངང་པ་ས་ཛ་ས་གཉིས་པ། །འཇམ་དབྱངས་ས་ཛ་ས་ཛ་ག །ནུས་ལྡན་ད་ནི་རྣམ་པ་ལྔ། །མ་ག་བ་དང་ན་ན་མ། །མདའ་བུག་ལ་སྡོད་འཚེ་མེད་ཅན། །ན་ན་བ་ཛ་ཛ་བ་དབྱངས། །མཐར་སྡོད་གཞན་གྱི་མི་ཐུབ་ཅན། །ན་ན་བ་དང་ན་ན་བ། །དབྱངས་སྡོད་མཚོན་ཆའི་ཕྲེང་བ་ལྡན། །ཏ་དང་བྷ་དང་ཛ་ཛ་ག །གཉིས་ཏེ་དཔྱིད་ཀྱི་ཐིག་ལེ་ཅན། །ས་ལ་བ་དང་ན་ར་རུ། །ལྔ་དགུ་ལ་སྡོད་ནོར་འཛིན་ཅན། །ཤིན་ཏུ་ནུས་ལྡན་ལ་ཡང་ལྔ༌། །ཟླ་ཆ་ལ་ཡིག་མ་ནུ་ག །སྲ་ཀ་དེ་ལས་རོ་བུག་སྡོད། །དེ་ལས་བརྒྱད་བདུན་སྡོད་ནོར་བུ། །ན་ན་ག་བ་ར་ར་བ། །བརྒྱད་བདུན་གནས་བརྟན་ཕྲེང་ལྡན་མ། །ན་ཛ་བྷ་ཛ་ར་རྒྱ་མཚོ། །ལེགས་སྤྱོད་དབྱེ་བ་ཟུང་དུ་འོ། །བྷ་ར་ཀ་དང་ན་ན་སུ། །བདུན་དགུ་ལ་སྡོད་ཁྱུ་མཆོག་རོལ། །ན་ཛ་བྷ་དང་ཛ་ར་ག །ལེབ་རྒན་རྩིའམ་མེ་ཏོག་གོ །ཤིན་ཏུ་ལེགས་སྤྱོད་ཐུབ་པར་བཤད། །ཡ་མུ་ན་ས་བྷ་ལ་བ། །རོ་རྟག་ལ་སྡོད་རྩེ་མོ་ཅན། །ཛ་ས་ལ་བ་ན་ར་རུ། །ནོར་ལྷ་གཟར་སྡོད་ས་གཞིར་འདོད། །བྷ་ར་ན་བ་ན་ན་བ། །ཕྱོགས་དང་ཐུབ་སྡོད་སྙུག་ལོ་ལྟུང༌། །ན་སུ་མ་བ་ཛ་ཛ་བ། །རོ་ཆུ་དབྱངས་སྡོད་རི་དྭགས་མོ། །མ་བ་ན་སུ་ར་ར་བ། །མཚོ་དུས་བདུན་སྡོད་དལ་འགྲོ་ཅན། །ན་ཛ་བྷ་ཛ་ཛ་ལ་ག །དེ་ནི་ན་རྐུ་ཊ་ཅན་འདོད། །ན་ཛ་བ་ན་བྷུ་བྷ་བ། །བདུན་དྲུག་ཆུར་སྡོད་ཁུ་བྱུག་དབྱངས། །འཛིན་བྱེད་དབྱེ་བ་མིག་ཏུ་བཤད། །མ་ག་བ་ན་སུ་ར་གཉིས། །བ་སྟེ་དབང་པོ་དུས་དང་ནི། །འཇིག་རྟེན་ལ་སྡོད་འཁྲི་ཤིང་གཡོ། །ན་གཉིས་ར་ཆུ་ལྕགས་མདའ་ཅན། །ཤིན་ཏུ་འཛིན་བྱེད་དེ་ཡང་ཟུང༌། །ཡ་མུ་ན་སུ་ར་གཉིས་པ། །རོ་དུས་རྟ་སྡོད་འབྲུག་སྒྲ་སྒྲོགས། །མ་ས་ཛ་སུ་ཏ་གཉིས་པ། །ཉི་མ་རྟར་སྡོད་སྟག་རྣམ་རྩེན། །བྱེད་ལྡན་དེ་ཡང་རྣམ་པ་གཉིས། །མ་ར་བ་དང་ན་ན་བ། །ཏ་སུ་ཐུབ་པ་རྟ་དང་རོར། །ངལ་གསོ་དེ་ནི་གདོང་མཛེས་ཅན། །ར་ཛ་གསུམ་དང་ལྕི་བ་དང༌། །ཡང་བ་དེ་ནི་བྲཏྟའི་མིང༌། །རབ་བྱེད་ལྡན་པ་དེ་ནི་གཅིག །མ་ར་བ་དང་ན་ན་བ། །ར་ར་བ་སྟེ་རྟ་གསུམ་ལ། །ངལ་གསོ་མེ་ཏོག་ཕྲེང་འཛིན་གྲགས། །མངོན་པར་བྱེད་ལྡན་ལ་ནི་གཟུགས། །བྷ་ར་ན་པ་ཛ་དང་ས། །ཛ་སུ་ཕྱོགས་དང་ཉི་མ་ལ། །རྣམ་སྡོད་འདི་ནི་མརྟ་ཀཾ །རྣམ་པར་བྱེད་ལྡན་ལ་ནི་གཉིས། །ན་ཛ་བྷ་དང་ལ་བ་དང༌། །ཛ་ས་ཛ་སུ་དྲག་པོ་དང༌། །ཉི་མ་ལ་སྡོད་ཅང་ཤེས་རོལ། །མ་མ་ག་དང་བ་ན་ལ། །ཀ་ན་ན་དང་ན་བ་སྟེ། །ནོར་ལྷ་དབང་པོ་ཕྱོགས་རྣམས་ལ། །ངལ་གསོ་འདི་ནི་མྱོས་མ་རྩེ། །ཡང་དག་བྱེད་ལྡན་གཅིག་བཤད་དེ། །བྷ་ག་བ་དང་ན་ན་བ། །བྷ་བྷ་ན་ཡུ་མདའ་དང་དབྱངས། །ཉི་མ་ངལ་གསོ་ལུས་ལྡན་མ། །ཤིན་ཏུ་བྱེད་ལྡན་དེ་ཡང་གཅིག །བྷ་ག་བ་གཉིས་ན་ཡང་གཉིས། །ལ་ཀ་ན་ན་བ་རྣམས་ཀྱི། །མདའ་དང་ནོར་ལྷ་ཐུབ་པ་ལ། །རྣམ་སྡོད་ཁྲུང་ཁྲུང་རྐང་པའོ། །ལྷག་བྱེད་ལྡན་ལ་གཉིས་བཤད་དེ། །མ་མ་ག་བ་ན་ན་ལ། །ཀ་སུ་ཛ་ཛ་བ་རྣམས་ཀྱི། །བརྒྱད་བརྒྱད་རྩེ་མོ་ཐུབ་པ་ལ། །སྡོད་པ་ལག་འགྲོ་རྣམ་པར་བསྒྱིངས། །མ་ན་ནུ་དང་ན་ནུ་དང༌། །ན་ནུ་ས་ག་བ་རྣམས་ཀྱི། །གཟའ་རོ་དུས་དང་དབང་པོ་ལ། །གནས་བརྟན་འདི་ནི་ཆུ་རྒྱུན་འབབ། །དེ་ལྟར་ཉེར་དྲུག་པར་བརྗོད་ཟིན། །ཉེར་བདུན་ཕན་ཆད་རྒྱུན་ཆགས་དང༌། །རབ་བསགས་ཞེས་གྲགས་རྣམ་གཉིས་ཏེ། །རྒྱུན་ཆགས་ན་གཉིས་ར་རྒྱུན་ཆགས། །ན་གཉིས་ར་བདུན་རྒྱུན་ཆགས་ཀྱི། །དང་པོ་ཆར་རྟག་རབ་ཏུ་འབབས། །དེ་ནི་རེ་རེ་འཕེལ་བ་སྟེ། །ན་གཉིས་ར་བརྒྱད་ཆུ་ཡི་རྒྱུན། །ན་ན་ར་དགུ་ཆུ་ཡི་གཏེར། །དེ་བཞིན་བཅུ་ཡི་སྦྲུལ་འཁྱོག་དང༌། །བཅུ་གཅིག་དག་གིས་ཆུ་འཛིན་འདོད། །བཅུ་གཉིས་རོལ་པའི་འབྱུང་གནས་ཏེ། །བཅུ་གསུམ་དག་གིས་ཕྲེང་རྒྱུད་དོ། །བཅུ་བཞིས་དུང་ཞེས་ལ་སོགས་འདོད། །ན་ན་ཡ་མང་རབ་བསགས་ཏེ། །ན་གཉིས་ཡ་བདུན་ཆར་རྟག་འབབ། །དེ་ནི་ཡ་ཡིག་རེ་རེ་འཕེལ། །བརྒྱད་ཀྱི་ཆུ་རྒྱུན་ལ་སོགས་པ། །སྔ་མའི་རིགས་པ་ལེན་པར་བྱ། །ཡི་གེ་བགྲངས་ཤིང་ཤོ་ལོ་ཀའི། །རྐང་བཞི་སྡེབ་སྦྱོར་གཅིག་པ་ཅན། །མཉམ་པའི་བྲྀ་ཏྟར་མཁས་པས་བཤད། །རིན་ཆེན་འབྱུང་གནས་ལས་འོངས་ལེགས་བཤད་ཀྱི། །རིན་ཆེན་ཕྲེང་མཛེས་དཔྱོད་ལྡན་མགུལ་རྒྱན་དུ། །སྤེལ་བའི་དགེ་བས་སྐྱེ་དགུ་ཐམས་ཅད་ཀྱི། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རྒྱས་པར་ཤོག །ཅེས་མཉམ་པའི་སྡེབ་སྦྱོར་གྱི་མཚན་ཉིད་ཉུང་ངུ་རྣམ་གསལ་དབྱངས་ཅན་གྱི་མགུལ་རྒྱན་ཞེས་བྱ་བ་འདི་ཡང༌། ཐོས་ལྡནྋའཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པ་ཀུན་ལ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།། །།སརྦ་མངྒ་ལཾ།
#div1 ཀ་ལཱ་པའི་ཊཱིཀ་ཆེན་ནག་པོ་འགྲོ་ཤེས།

རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི་ཀ་ལཱ་པའི་ཊཱིཀ་ཆེན་ནག་པོ་འགྲོ་ཤེས་བཞུགས་སོ། །
ན་མོ་གུ་རུ་མཉྫུགྷོ་ཥཱ་བྷྱཿ རྒྱལ་ཀུན་ཡབ་གཅིག་དཀར་སེར་རྣམ་གཉིས་ཀྱི། །ཞབས་སེན་ནོར་བུ་གཙུག་བསྟེན་མཛེས་སྡུག་སྐུའི། །དཔེ་ཟླ་སྲིད་འདིར་རྙེད་མིན་མཚོ་བྱུང་མར། །གུས་བཏུད་རྣམ་དཔྱོད་པདྨའི་འདབ་བཞད་མཛོད། །འདི་ན་སྒྲ་རིག་སྨྲ་ལ་འོལ་ཚོད་དང༌། །སྦྱངས་ཡང་རྩ་བའི་ཚིག་དོན་རྟོགས་ནུས་པའི། །བོད་འགྲེལ་དཀོན་ཅིང་ཕྱོགས་རེའི་སྐྱོན་མཐོང་ཚེ། །རྣམ་དཔྱོད་འབུམ་རེས་མངོན་བརྗོད་དབྱངས་སུ་ལེན། །
དེ་ཡང་འདིར་བརྡའ་སྤྲོད་པའི་བསྟན་བཅོས་ཀ་ལཱ་པའི་དོན་ལ། ཀླད་དང༌། གཞུང་དོན་མཇུག་གསུམ་ལས། དང་པོ་བཤད་པར་བྱ་སྟེ། རྒྱ་གར་སྐད་དུ། ཀ་ལཱ་པ་སཱུ་ཏྲ། བོད་སྐད་དུ། ཀ་ལཱ་པའི་མདོ། ཞེས་པའོ། །སྤྱིར་ཀ་ལཱ་པ་ནི། རྒྱན་ཆ་དང༌། རྨ་བྱ་དང༌། མདའ་དོང་དང༌། ཚོགས་པ་རྣམས་ལ་འཇུག་སྟེ། འཆི་མེད་མཛོད་ལས། ཀ་ལཱ་པ་ནི་རྒྱན་ཆ་དང༌། རྨ་བྱ་མདའ་དོང་ཚོགས་པ་ལའོ། །ཞེས་གསུངས་པའི་ཕྱིར། འདིར་ནི་སྒྲའི་ཆ་ལེགས་པར་བསགས་པས་ན་ཀ་ལཱ་པ་སྟེ། །ཆ་བསགས་དང༌། པཱ་ཎི་པ་སོགས་ལས་མདོར་བསྡུས་པས་ན་མདོ། །ཞེས་པའོ། །ཀ་ལཱ་པ་སྒྲུབ་ན། ཀ་ལ་ཆ་ཤས་ལ་འོས་བྱིངས་ཀ་ལ། བྱིངས་མཐའི་ཨ་ཕྱིས། རྐྱེན་ཨ་ཙ྄་བྱིན། ཙ྄་དབྱངས་དོན་ཕྱིས། མཚམས་སྦྱར་བས། ཀ་ལ་གྲུབ། ཨ་པླྀ་ཁྱབ་པ་ལ་འོས། ལྀ་བརྗོད་དོན་ཡིན་པས་ཕྱིས། ཨ་མཚུངས་པ་སྦྱར་བས་ཀ་ལཱ་པ྄། ཨ་ཙ྄འི་རྐྱེན་བྱིན། ཙ྄་ཕྱིས་པས། ཀ་ལཱ་པ་གྲུབ་སྟེ། ཆ་བསགས་ཞེས་པའོ། །ཡང་ན། ལ་པི་སྨྲ་བའམ་བཤད་པའི་བྱིངས་བཞག། བྱིངས་མཐའི་ཨི་ཕྱིས། མིང་ལེ་དྲུག་པར། ཚོས་དང་སྐར་མ་ལྡན་ལས་ཀྱང༌། །ཚོགས་པ་ལས་དེ་འདི་ཡི་ལྷ། །དེ་རིག་དེ་བརྗོད་དེ་ཡི་འདི། །འདི་ལྟ་སོགས་ཀྱི་ཨ་ཎར་འདོད། །ཅེས་པས། ཨཎ་རྐྱེན་དུ་བྱིན། ཎ་དང་བཅས་པར་དང་པོ་འཕེལ་པ་འོས། བྱིངས་ཀྱི་དང་པོ་འཕེལ་བས། ལཱཔ྄་གྲུབ། ཎ་ཕྱིས། མཚམས་སྦྱར་བས། ལཱ་པ། དེ་ལ་སི་བྱིན། ཨི་བརྗོད་དོན་ཕྱིས། ས྄་རྣམ་བཅད་བྱས་པས། ལཱ་པཿ ལྷན་གཅིག་མིན་པའི་དོན་དུ་དེའི་སྔོན་དུ་ཀ།།སི་བྱིན། ཨི་ཕྱིས། རྣམ་བཅད་བྱས་པས། ཀཿདང་དོན་ཙ་བཞག་མཚམས་སྦྱར་བས། ཀ་ཤྩ། སི་བྱིན། མི་ཟད་པ་ལས་སི་འཇིག །ཀཤྩ་ལཱ་པ། དོན་གཅིག་ཏུ་སྦྱོར་བའི་ཆེད་དུ་མིང་རྣམས་ཀྱི་སྦྱོར་བའི་དོན་ནི་བསྡུ་བའོས། ཚིག་སྡུད། རྣམ་དབྱེ་སོགས་ཕྱིས་པས། ཀ་ལཱ་པ་གྲུབ། ཀ་ནི། ལྷན་ཅིག་མིན་པའི་ཆ་སོ་སོ་བའི་དོན་ཏེ། དེ་ཡང་གང་ཡིན་ཞེ་ན། ལཱ་པ་ནི། དོན་སྟོན་པའམ་བཤད་པའི་སྒྲ་སྟེ། དོན་དྲིལ་བས། དོན་སྟོན་པའི་སྒྲའི་ཆའམ། ཚོགས་སོ་སོ་བ་བསྡུས་ནས་སྟོན་པས་ན། མདོ་སྡེ། ལེགས་པའི་སྒྲ་ཚོགས་སོ་སོ་བ་མདོར་སྟོན་པས་ན། ཀ་ལཱ་པའི་མདོ། ཞེས་པའོ། །འགྱུར་གྱི་ཕྱག་ནི། གཉིས་སུ་མེད་པར་གསུངས་པ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་པའོ། །བར་ཆད་ཞི་ཞིང་བཀྲ་ཤིས་པའི་ཆེད་ཡིན་ཏེ། ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། བསོད་ནམས་གཏེར་ཁྱོད་བསོད་ནམས་དོན་གཉེར་བའི། །བསོད་ནམས་བགྱིས་པ་རྟག་ཏུ་མི་ཟད་དེ། བྱང་ཆུབ་དམ་པ་མ་ཐོབ་བར་དུ་ནི། །བསྐལ་པ་བྱེ་བ་མང་པོར་ཟད་མི་འགྱུར། །ཞེས་སོ། །གཉིས་པ་གཞུང་དངོས་ལ། རྣམ་འགྱུར་གཙོ་བོར་སྟོན་པ་མཚམས་སྦྱོར་དང༌། མིང་ལས་ཚིག་ཏུ་སྒྲུབ་པ་མིང་ལེ་དང༌། བྱིངས་ལས་ཚིག་ཏུ་སྒྲུབ་པ་ཀུན་བཤད་དང༌། བྱིངས་མིང་དུ་སྒྲུབ་པ་ཀྲིཏ྄་ཀྱི་ལེའུ་སྟེ་བཞི་ལས། དང་པོ་ལ་ཡང༌། མིང་དང་བརྡའ་བཤད་པ་དང༌། དབྱངས་ཀྱི་མཚམས་སྦྱོར་དང༌། གསལ་བྱེད་ཀྱི་མཚམས་སྦྱོར་དང་གསུམ། དང་པོ་ལ། དམ་བཅའ་བ་དང༌། མིང་འདོགས་དང༌། ཚིག་དང༌། བརྡའ་དང༌། རྒྱས་པར་གཞན་དུ་ཤེས་པ་དང་ལྔ་ལས། དང་པོ་ནི། སིདྡྷོ་ཝརྞས་མཱ་མྣཱཡ། གྲུབ་པའི་ཡི་གེ་ཡང་དག་པར་བརྗོད་པའོ། །ཞེས་སོ། །དོན་ནི། འཇིག་རྟེན་ན་གྲགས་ཤིང་གྲུབ་པའི་ཡི་གེ་ཨཱ་ལི་ཀཱ་ལི་རྣམས་རང་བཞིན་དང༌། རྐྱེན་དང༌། རྣམ་འགྱུར་ལ་སོགས་པས་ཡང་དག་པར་སྦྱོར་ཚུལ་བརྗོད་པར་བྱའོ། །ཞེས་དམ་བཅའ་བ་བསྟན་ནོ། །དེ་ལ། སིདྡྷཿབསྒྲུབ་ན། ཥི་དྷཱུ་བསྟན་བཅོས་ལ་སྟེ་བཀྲ་ཤིས་པ་ལའོ། །ཞེས་པས། ཥི་དྷཱུ་བཞག །དྷཱུའི་ཨཱུ་རིང་པོ་ནི། དབྱངས་དོན་ཡིན་པས་ཕྱིས། བྱིངས་ཀྱི་དང་པོ་ཥའི་སའོ་ཞེས་པས་ཥ་དེ་ས་ཉིད་དུ་བསྒྱུར་བས། སིདྷ྄་གྲུབ། རྐྱེན་ནི་ཥྛའོ། ཞེས་པས་ནི་ཥྛའི་རྐྱེན་ལ་ཀྟ་དང་ཀྟ་ཝནྟུ་གཉིས་ཡོད་པའི་ནང་ནས་ཀྟ་བྱིན། ཀ་ཡིག་ནི། ཀ་ལ་ཡ་ཎ་བཞིན། ཞེས་པས་ཕྱིས་པས། སིདྷ྄་ཏ། ཞེས་པ་གྲུབ། གྷ་ཌྷ་དྷ་བྷ་རྣམས་ལས་ངྷཱ་མིན་པ་ལས་ཏ་ཐཱ་དག་གི་དྷཱའོ། །ཞེས་པས། རྐྱེན་ཀྱི་ཏ་དེ་ཉིད་དྷ་རུ་བྱས། དྷཱུཊ྄་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པ་རྣམས་སོས། བྱིངས་ཀྱི་ངྷ྄་ད྄་རུ་བྱས། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོས། ད྄་དྷའི་སྟེང་དུ་དྲངས་པས། སིདྡྷ་གྲུབ། དེ་ལ་སི་བྱིན། ཨི་བརྗོད་དོན་ཕྱིས། རེ་ཕ་དང་ས྄་དག་གི་རྣམ་པར་བཅད་བྱའོས། ས྄་རྣམས་བཅད་བྱས་པས། སི་ངྡྷཿགྲུབ་སྟེ། རྟག་པའི་དོན་དང༌། གྲུབ་པའི་དོན་དང༌། རབ་ཏུ་གྲགས་པའི་དོན་ཏེ། འདིའི་ཡི་གེ་རྣམས་ཀྱང་ངེས་པ་དང༌། རབ་ཏུ་གྲགས་པ་ཁོ་ནར་སྟོན་པར་དུར྄་སིང྄་བཞེད། གཉིས་པ་ལ་དབྱངས་ཀྱི་མིང་དང༌། གསལ་བྱེད་ཀྱི་མིང་གཉིས། དང་པོ་ནི། ཏཏ྄་ཙ་དུར྄་ཤཱ་དཽ་སྭ་ར། དེ་ལ་དང་པོར་བཅུ་བཞི་པོ་རྣམས་དབྱངས་སོ། །ཞེས་པ་ཡི་གེ་ཡང་དག་པར་བརྗོད་པ་དེ་ལ་དང་པོར། ཨ་ཨཱ། ཨི་ཨཱྀ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ་སྟེ། བཅུ་བཞི་ནི་དབྱངས་ཡིན་ཏེ། བརྗོད་འགྱུར་གྱི་སྒྲ་མཐའ་དག་ལ་དེ་དག་གི་ཅི་རིགས་རེའི་དབྱངས་རེ་འཇུག་པས་སོ། །ད་ཤཱ་ས་མཱ་ནཱཿབཅུ་རྣམས་མཚུངས་པའོ། །དབྱངས་བཅུ་བཞིའི་ཨ་ཨཱ་ནས་ལྀ་ལཱྀའི་བར་དང་པོ་བཅུ་མཚུངས་པའི་མིང་ཅན་ནོ། །ཏེ་ཥཱཾ་ཏྭཽ་བཱ་ནྱོ་ནྱཉ྄སྱ་ས་ཝརྞཽ། །དེ་རྣམས་ཀྱི་གཉིས་གཉིས་དག་ཕན་ཚུན་གྱི་འདྲ་བའི་ཡི་གེ་དག་གོ ། མཚུངས་པ་དེ་རྣམས་ཀྱི་ཨ་ཨཱ་ལྟ་བུ་གཉིས་གཉིས་དག་ཕན་ཚུན་དུ་འདྲ་བའི་མིང་ཅན་དུ་འགྱུར་རོ། །གསལ་བྱེད་ལའང་སྡེ་པ་ནང་ཚན་རྣམས་འདྲ་བའི་ཡི་གེར་འགྱུར་རོ། །པཱུརྦ་ཧྲ་སྭཿ སྔ་མ་ཐུང་ངུའོ། །མཚུངས་པའི་ཡི་གེ་དེ་རྣམས་ཀྱི་སྔ་མ་ཨ་ཨི་ཨུ་རྀ་ལྀ་རྣམས་ཐུང་ངུ་དང་ཡང་བའོ། །པ་རོ་དཱིརྒྷཿ ཕྱི་མ་རིང་པོའོ། ། ཕྱི་མ་ཨཱ་ཨཱི་ཨཱུ་རཱྀ་ལཱྀ་རྣམས་རིང་པོ་དང་ལྕི་བའོ། །སྭ་རོ་ཉ྄་ཝརྞོ་བརྫོ་ནཱ་མཱི། ཨའི་ཡི་གེ་བོར་བའི་དབྱངས་ནཱ་མིའོ། །ཨའི་ཡི་གེ་རིང་ཐུང་གཉིས་བོར་བའི་ཨི་ནས་ཨཽའི་བར་གྱི་དབྱངས་བཅུ་གཉིས་ལ་ནཱ་མི་ཞེས་མིང་དུ་བྱས་སོ། །ཨེ་ཀཱ་རཱ་དཱི་ནི་སནྡྷྱ་ཀྵ་རཱ་ཎཾ། ཨེ་ཡིག་ལ་སོགས་པ་མཚམས་སྦྱོར་གྱི་ཡི་གེའོ། ཨེ་ཨཻ་ཨོ་ཨཽ་རྣམས་ནི་མཚམས་སྦྱོར་གྱི་ཡི་གེའི་མིང་ཅན་ནོ། །གཉིས་པ་གསལ་བྱེད་ཀྱི་བརྡའ་སྟོན་པར། ཀཱ་དཱི་ནཱཾ་བྱཉྫ་ནཱ་ན། ཀ་ལ་སོགས་པ་རྣམས་གསལ་བྱེད་དོ། །ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་ངྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་རྣམས་ཏེ། འདིར་གསལ་བྱེད་སོ་གསུམ་ཡིན་ཏེ། ཐུགས་རྗེ་དཔལ་དང་བློ་བརྟན་གྱིས་དེ་ལྟར་བྱས་ལ། བགྲོད་དཀའ་སེང་གེས། ཀ་ཡིག་ལ་སོགས་པ་དེ་རྣམས་ཧ་ཡིག་གི་མཐར་ཐུག་རྣམས་ལ་གསལ་བྱེད་ཅེས་བྱ་སྟེ། ཞེས་གསུངས་ཤིང༌། དཔེར་བརྗོད་འདིར་བཀོད་པ་ལྟར་མཛད་པས་སོ། །ཏེ་བརྒཱཿཔཉྩ་པཉྩ་པཉྩ། དེ་རྣམས་ཀྱི་ལྔ་ལྔ་པ་ལྔ་རྣམས་སྡེ་པའོ། །གསལ་བྱེད་ཀྱི་ལྔ་ཚན་ལྔ་ནི་སྡེ་པའི་མིང་ཅན་ནོ། །བརྒཱ་ཎཱཾ་པྲ་ཐ་མ་དྭི་ཏཱི་ཡ་ཤ་ཥ་སཱཤྩ་གྷོ་ཥཿ སྡེ་པ་རྣམས་ཀྱི་དང་པོ་དང་གཉིས་པ་རྣམས་དང་ཤ་ཥ་ས་རྣམས་ཀྱང་སྒྲ་མེད་པའོ། །ཞེས་པ་སྡེ་པ་རྣམས་ཀྱི་དང་པོ་དང་གཉིས་པ། ཀ་ཁ། ཙ་ཚ། ཊ་ཋ། ཏ་ཐ། པ་ཕ། ཤ་ཥ་ས་རྣམས་སྒྲ་མེད་པའི་མིང་ཅན་ཏེ། དེ་རྣམས་ལ་མགྲིན་པའི་སྒྲ་མི་ལྡན་པས་སོ། །གྷོ་ཥ་བནྟོཉ྄་ནྱེ། གཞན་རྣམས་སྒྲ་དང་ལྡན་པའོ། །སྒྲ་མེད་ལས་གཞན་པའི་གསལ་བྱེད། ག་གྷ་ང༌། ཛ་ཛྷ་ཉ། ཌ་ཌྷ་ཎ། ད་དྷ་ན། བ་བྷ་མ། ཡ་ར་ལ་ཝ་རྣམས་སྒྲ་དང་ལྡན་པའི་མིང་ཅན་ཏེ། མགྲིན་པའི་སྒྲ་ཆེ་བས་སོ། །ཨ་ནུ་ནཱ་སི་ཀཱ་ད་ཉ་ཎ་ན་མཱཿ ང་ཉ་ཎ་ན་མ་རྣམས་རྗེས་སུ་སྣ་ལྡན་ནོ། །ང་ཉ་ཎ་ན་མ་ལྔ་ལ་རྗེས་སུ་སྣ་ལྡན་ཞེས་བྱ་སྟེ། བརྗོད་དུས་སྣ་ནས་འབྱུང་བས་སོ། །ཨནྟ་སྠཱཡ་ར་ལ་ཝཱཿ ཡ་ར་ལ་ཝ་རྣམས་མཐར་གནས་སོ། །ཡ་ར་ལ་ཝ་རྣམས་ནི་གསལ་བྱེད་ཀྱི་སྡེ་ཚན་གྱི་མཐར་གནས་པས་མཐར་གནས་མིང་ཅན་ནོ། །ཨུཥྨ་ཎཿ ཤ་ཥ་ས་ཧཱཿ ཤ་ཥ་ས་ཧ་རྣམས་དྲོ་བའོ། །ཤ་ཥ་ས་ཧ་བཞི་ནི་དྲོ་པའི་མིང་ཅན་ཏེ། བརྗོད་དུས་རླུང་དྲོ་བ་འབྱུང་བས་སོ། །མིང་གི་དགོས་པ། དེ་དག་གི་རྣམ་འགྱུར་སོགས་ཀྱི་སྐབས་སུ་བརྗོད་དུས་ངོ་ཤེས་པར་བྱའོ། །ཨ་ཨི་ཏི་བི་བརྫ་ནཱི་ཡཿ ཨཿཞེས་པ་རྣམ་པར་བཅད་བྱའོ། །ཐིག་ལེ་གཉིས་ནི་ཚེག་དྲག་དང་རྣམ་བཅད་ཅེས་བྱ་སྟེ། དུར྄་སིང྄་ལས། གཞོན་ནུ་མའི་ནུ་མ་ཟུང་འདྲ་བའི་ཡི་གེ་ནི་ཚེག་དྲག་ཅེས་པའི་མིང་ཅན་ནོ། །ཨ་བརྗོད་དོན་ཙམ་ཡིན་ནོ། །฿་ཨི་ཏི་ཛི་ཧྭཱ་མཱུ་ལཱི་ཡཿ ฿་ཞེས་པ་ལྕེ་རྩ་ཅན་ནོ། །འདི་ཡང་ཀ་བརྗོད་པའི་ཆེད་ཡིན། ฿་རྡོ་རྗེའི་རྣམ་པའི་ཡི་གེ་ནི་ལྕེ་རྩ་ཅན་ཞེས་མིང་བཏགས་པ་ནི།སྒྲ་བརྗོད་དུས་ལྕའི་རྩ་བ་ནས་འབྱུང་ལ། ฿་เ་གཉིས་ཀའི་སྟེང་དུ་གཉིས་ཡོད། แ་ཨིཏྱུ་པ་དྷྨཱ་ནཱི་ཡཿ แ་ཞེས་པ་མཆུ་ཅན་ནོ། །འདི་ཡང་པ་བརྗོད་པའི་ཆེད་ཡིན་ཏེ། དུར྄་སིང྄་ལས། པ་ཡིག་ནི་བརྗོད་པའི་ཆེད་ལའོ། །ཞེས་སོ། །མཆུ་ཅན་ནི། གླང་པོ་ཆེའི་བུམ་པའམ། ཐོད་པ་ལྟ་བུ་སྟེ། བརྗོད་ཚུལ་གྱིས་མཆུ་ཅན་མིང་ངོ༌། །ལྕེ་རྩ་ཅན་གཉིས་དང་མཆུ་ཅན་གཉིས་ཏེ། བཞི་པོ་ཚེག་དྲག་གི་ལུས་འགྱུར་ཡིན་ནོ། །ཨཾ་ཨི་ཏྱ་ནུ་སྭཱ་རཿ ཨཾ་ཞེས་པ་རྗེས་སུ་ང་རོའོ། །ཨ་བརྗོད་པའི་ཆེད་དེ། སྟེང་གི་ཐིག་ལེ་རྗེས་སུ་ང་རོའི་མིང་ཅན་དུ་བྱས་པ་ནི། རྩ་བར། མ་གསལ་བྱེད་ལ་རྗེས་སུ་ང་རོའོ། །ཞེས་པའི་ཆོ་གའི་ཆེད་དུ་མིང་བཏགས་སོ། །གསུམ་པ་ཚིག་ངོས་བཟུང་བ་ནི། པཱུརྦ་པཱ་ར་ཡོ་ར་རྠོབ་ལ་བྡྷཽཔ་དཾ། སྔ་མ་དང་ཕྱི་མ་དག་གི་དོན་ཉེ་བར་དམིགས་པ་ན་ཚིག་གོ །སྔ་མ་སྟེ་མིང་ངམ་རྟགས་དང༌། ཕྱི་མ་སི་སོགས་དང༌། སྔ་མ་སྟེ་བྱིངས་དང༌། ཕྱི་མ་ཏི་སོགས་གང་ཚོགས་པ་དེའི་དོན་ཉེ་བར་དམིགས་པ་ནི་ཚིག་གོ །མ་ན་ཤེས་པ་ལའོས། མ་ན་བཞག །ནའི་ཨ་བརྗོད་དོན་ཡིན་པས་ཕྱིས་པས། མ་ན་གྲུབ། མ་ནི་ལས་ཀི་སྟེ་ཨར྄་ཨུ་ཉིད་ཀྱང་ངོ༌། །ཞེས་པས། རྐྱེན་ཀི་བྱིན། མའི་ཨ་ཨུ་བྱས་པས། མུན྄་ཀི། ཞེས་གནས་པའི་ཀ་ལ་ཡཎ྄་བཞིན་གྱི་དོན་ཡིན་པས་ཀ་ཕྱིས་པས། མུན྄་ཨི། གསལ་བྱེད་དབྱངས་མེད་པར་དྲངས་ངོས། ན྄་ཨི་ལ་དྲངས་པས། མུ་ནི་ཞེས་པ་སྟེ། མིང་གྲུབ། དེ་ལ་སི་སོགས་ཉེར་གཅིག་གི་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། ཨི་བརྗོད་དོན་ཕྱིས། མུ་ནི་ས྄་གྲུབ། ར྄་དང་ས྄་ཡིག་ད྄ག་གི་རྣམ་པར་བཅད་པའོ། །ཞེས་པས། ས྄་རྣམ་བཅད་བྱས་པས། མུ་ནིཿ.....ཐུབ་པ་གྲུབ་སྟེ། རྟགས་ཀྱི་དོན་ཅན་གྱི་ཚིག་ཀྱང་ཡིན། ཨ་སུ་འཕེན་པ་ལའོས། ཨ་སུ་བཞག །ཨུ་ཁྱད་དོན་ཕྱིས། ཡུ་ཥི་ཨ་སི་དག་ལས་མ་དིཀ྄་གོས། རྐྱེན་མ་དིཀ྄་བྱིན་པས། ཨ་ས྄་མ་དིཀ྄་ཞེས་གནས་པའི་ཀ་ལ་ཡཎ྄་བཞིན་དང༌། དེའི་ཨི་བརྗོད་དོན་གཉིས་ཕྱིས། མཚམས་སྦྱར་བས་ཨསྨད་.....བདག།། ཅེས་མིང་དུ་གྲུབ། ཚིག་ཏུ་སྒྲུབ་པའི་རྣམ་དབྱེ་དྲུག་པའི་མིང་ཚིག་ཨཱཾ་བྱིན། ཨསྨད་ཨཱཾ། ཞེས་གནས་པ་ལ། ཨསྨད་རྣམ་དབྱེ་དང་བཅས་པ། ནས྄་སུ་བསྒྱུར་བས་མུ་ནིཿ.....ཐུབ་པ་ནས་.....བདག་གི་ཞེས་པ་གྲུབ། ནཱ་མིན་གྱི་ཕ་རོལ་ར྄འོ། །སྒྲ་ལྡན་དང་དབྱངས་ཕ་རོལ་ཅན་ནོ། །ཞེས་པས། སྔ་མའི་རྣམ་བཅད་ར྄་དང༌། ར྄་དང་ས྄་དག་གི་རྣམ་བཅད་ཅེས་པས། ནས྄་ཀྱི་ས྄་རྣམ་བཅད་བྱས་པས། མུ་ནིརྣཿ.....ཐུབ་པ་བདག་ཅག་གི། གྲུབ། ཤཱ་སུ་རྗེས་སུ་སྟོན་པ་ལའོས། ཤཱ་སུ་བཞག་ཨུ་རྗེས་འབྲེལ་ཕྱིས། བུཎ྄་ཏྲིཙ྄་དག་གོ ། ཞེས་པས་རྐྱེན་ཏྲྀ་ཙ྄་བྱིན། ཙ྄་དབྱངས་དོན་ཕྱིས། ཤཱས྄་ཏྲྀ་མཚམས་སྦྱར་བས། ཤཱསྟྲྀ། སི་བྱིན། སི་ལ་ཨཱ་སྟེ་སི་དབྱི་བའང་ངོ༌། །ཞེས་པས་རྀ་ཨཱ་བྱས། སི་ཕྱིས། མཚམས་སྦྱར་བས། མུནིརྣཿ.....ཐུབ་པ་བདག་ཅག་རྣམས་ཀྱི་སྟེན་པ། ཤཱསྟཱ་གྲུབ་སྟེ། དེ་མིང་ལས་ཚིག་ཏུ་བསྒྲུབ་ཚུལ་ལོ། ཡ་ཛ་ལྷ་མཆོད་པ་འགྲོགས་པར་བྱེད་པ་དང་སྦྱིན་པ་རྣམས་ལའོ། །ཞེས་པས། ཡ་ཛ་བཞག། ཛའི་ཨ་བརྗོད་དོན་ཕྱིས། བརྟ་མཱ་ནའི་ཨནྟེ་བྱིན། བྱེད་པ་པོ་ལ་ཨན྄་ནོ། །ཨ་ཏྲ་དང་མཚམས་སྦྱོར་སོགས་ཀྱིས་ཕ་རོལ་གྱི་ཨ་ཕྱིས་དྲངས་པས། ཡ་ཛནྟེཉ྄ཏྲ་.....འདིར་མཆོད་པར་བྱེད། སྔ་མ། ཡ་ཛནྟེ་.....མཆོད་པར་བྱེད། བྱིངས་ལས་ཚིག་ཏུ་བསྒྲུབ་ཚུལ་ལོ། །ཎ་མ་རབ་ཏུ་འདུད་པ་དང་སྒྲ་ལའོས། བྱིངས་ཎ་མ། མའི་ཨ་བརྗོད་དོན་ཕྱིས། ཎ་ན་རུ་བྱས་པས། ནམ྄། ཨ་སུན྄་རྐྱེན་དུ་བྱིན། ཨུན྄་བརྗོད་དོན་ཕྱིས། ནམ྄་ཨས྄། མཚམས་སྦྱོར་བས། ན་མས྄། སི་བྱིན། མི་ཟད་པ་ལས་འཇིག། ས་རྣམ་བཅད་བྱས་པས། ན་མཿ.....ཕྱག་འཚལ། གྲུབ། ཏྲཱྀ་རྐྱལ་བར་བྱེད་པ་དང༌། སྒྲོལ་བར་བྱེད་པ་ལའོས། བྱིངས་ཏྲཱི། དངོས་པོ་ལ་གྷཉ྄འོས། གྷཉ྄་བྱིན། ཉ་ཡིག་གྲུབ་པ་ཉ་ཎ་རྗེས་སུ་འབྲེལ་བ་ལ་ཨིཙ྄་བཞིན་དུའོས། ཁྱད་དོན་ཡིན་པས་ཕྱིས། ཨིཙ྄་བཞིན་དུ་རཱྀ་འཕེལ་བ་ཨཱར་དུ་བསྒྱུར། ཏ་ཨཱར་གྷ། ཞེས་གནས་པའི། གྷ། ཙ་ཛ་དག་གི་ངྷུཊ྄གྷ་རྗེས་སུ་འབྲེལ་བ་དག་ལ་ཀ་ག་དག་གོས། ཁྱད་དོན་ཕྱིས། མཚམས་སྦྱར་བས། ཏཱ་ར། བུད་མེད་ལ་ཨ་ལས་ཨཱཔ྄འོས། པ྄་ཡིག།།དཱི་ཨཱཔ་ཏི་ཨཱུད་རྣམས་ལས་སོས། ཁྱད་དོན་ཕྱིས། མཚུངས་འདྲ་ལ་རིང་པོ་དང་ཕ་རོལ་ཡང་དབྱི་འོས། ཏཱ་རཱ་གྲུབ།.....སྒྲོལ་མ། ན་མཿ སྭསྟི་སྭཱ་ཧཱ་ས་ངྷཱ་ནུས་པ་བ་ཥཊ྄་སྦྱོར་བ་ལ་བཞི་པའོས། རྣམ་དབྱེ་བཞི་པའི་གཅིག་ཚིག་དེ་བྱིན་པས། ཏཱ་རཱ་དེ་ཞེས་གནས་པ་ལ། ང་ཡིག།།ང་ལྡན་རྣམས་ཡཻ་ཡཱས྄་ཡཱས྄་ཡཱམ྄འོ། །ཞེས་པས་བཞི་པའི་གཅིག་ཚིག་ཡཻ་བྱས་པས། ཏཱ་རཱ་ཡཻ། ན་མཿ ཏཱ་རཱ་ཡཻ། མཚམས་སྦྱར། རྣམ་པར་བཅད་བྱ་ཏའམ་ཐ་ལས྄་འོས། ནམཿའི་རྣམ་བཅད་ས྄་རུ་བསྒྱུར། དབྱངས་མེད་དབྱངས་ལྡན་དང་སྦྱར་བས། ན་མསྟཱ་ར་ཡཻ་.....སྒྲོལ་མ་ལ་ཕྱག་འཚལ་ལོ། བཞི་པ་མཚམས་སྦྱོར་གྱི་ཆོ་ག་ནི། བྱཉྫ་ན་མ་སྭ་རཾ་པ་རཾ་ཝརྞནྣ་ཡེད྄། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ༌། །མདོ་འདི་ལ་སྦྱར་ན། བྱཉྫ་ན་དང༌། ཨ་སྭ་ར་དང༌། པ་ར་དང༌། ཝརྞ་སྟེ། དེ་བཞི་ལ་རྣམ་དབྱེ་གཉིས་པའི་ཨཾ་རེ་རེ་བྱིན་པས། བྱཉྫ་ནཾ། ཨ་སྭ་རཾ། པ་རཾ། ཝརྞཾ། ན་ཡེ་ཏ྄། མཚམས་སྦྱར་ཏེ། མ྄་དབྱངས་མེད་ཕ་རོལ་གྱི་ཡི་གེ་ལ་དྲངས་པས། བྱཉྫ་ན་མ་སྭ་རཾ་པ་རཾ་ཝརྞནྣ་ཡེད྄། ཅེས་གྲུབ་པ་ལྟ་བུ་དང༌། དཔེར་བརྗོད་སྔར་ཡང་སོང༌། ཨ་ན་ཏི་ཀྲ་མ་ཡཾ་བཤླེ་ཥ་ཡེར། རིམ་པ་ལས་མ་འདས་པར་ཕྲལ་པར་བྱའོ། །བསྒྲུབ་པའི་དུས་སུ་ཡི་གེ་རྣམས་གོ་རིམ་མ་འཁྲུགས་པར་ཕྲལ་པར་བྱའོ། །ཀྵུ་བྷ་གཡོ་བ་ལའོས། ཀྵུ་བྷ་བཞག།།བྷའི་ཨ་བརྗོད་དོན་ཕྱིས། ཀྵུ་བྷ྄། ཞེས་པའི་ཀྵ྄་ཨུ་བྷ྄་རྣམས་རིམ་བཞིན་ཕྲལ། མི་ཟད་པའི་ནཉ྄་སྔོན་དུ་བཞག ནཉ྄་ཀྵ྄་ཨུ་བྷ྄་ཞེས་གནས་པ་ལ། ཉ་ཡིག ནཉ྄་མ་ཡིན་པ་ལས་ཀྟྭའི་ཡ་སའོའི་དོན་གྱིས་ཕྱིས། རིམ་པ་ལས་མ་འདས་པས། ན་ལས་ཨ་ཕྲལ། ན྄་ཨ་སི་བྱིན། དེ་འཇིག།། དེའི་སྐྱེས་བུ་ལ་ནའི་དབྱིའོ། །ཞེས་པས་ན྄་ཕྱིས། རྀ་ཡིག་དང་གསལ་བྱེད་མཐའ་ལས་Ἐཎ྄འོས། ཨཀྵ྄་ཨུ་བྷ྄་Ἐཎ་བཞག་སྟེ། ཎ་ཡིག །གྲུབ་པ་ཉཎ་སོགས་ཀྱི་དོན་གྱིས་ཕྱིས། གྷ་ཡིག །ཙ་ཛ་དག་གི་སོགས་ཀྱིས་ཕྱིས། ཨུ་པདྷཱ་ནཱམའི་འང་ཡང་བའིའོ། །ཞེས་པས་ཨུ་པ་དྷཱ་ཡོན་ཏན་བྱས་པས། ཨ་ཀྵ྄་ཨོ་བྷ྄་ཡ། ཞེས་གནས་པ་མཚམས་སྦྱར། སི་བྱིན། རྣམ་བཅད་བྱས་པས། ཨ་ཀྵོ་བྷྱཿ.....མི་བསྐྱོད་པ། ལོ་ཀོ་པ་ཙ་རཱ་ངྒྲ་ཧ་ཎ་སི་དྡྷིཿ། འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་བོ། །བསྟན་བཅོས་འདིར་མ་བརྗོད་པའི་འཇིག་པ་དང༌། དབྱི་བ་དང་བསྒྱུར་བ་དང༌། ཡི་གེ་བསྣོལ་བ་དང༌། ཡི་གེ་གློ་བུར་བ་སོགས་འཇིག་རྟེན་ན་སྤྱོད་པ་སྔོན་གྱི་སློབ་དཔོན་རྣམས་ཀྱི་ལུགས་ལས་འབྱུང་བ་འཛིན་དགོས་པར་གྲུབ་བོ། །ཙནྟྲ་པ་ལས། པྲྀ་ཥོ་དར་ལ་སོགས་པ་རྣམས་སོ། །ཞེས་པའི་སོགས་ཁོང་ནས་དེ་དག་འདོན་ཏེ། རྒྱས་པར་ཐུགས་རྗེ་དཔལ་ཞབས་ཀྱི་སྒྲ་ཊཱིཀ྄་གཉིས་ལས་ཤེས་པར་བྱ། པྲྀ་ཥུ་དང་པྲྀ་ཀུ་དང་མྲྀ་ཥུ་དང་ཨུཀྵ་བཀྲུ་བ་ལའོས། པྲྀ་ཥུ། ཨུ་རྗེས་འབྲེལ་ཕྱིས། པྲྀཥ། ཨུཎ་ལ་སོགས་པ་མང་པོར་རོ། །ཞེས་པས། ཨ་དི་རྐྱེན་དུ་བྱིན་པྲྀ་ཥ་ཨ་དི། ཞེས་པའི་ཨི་བརྗོད་དོན་ཕྱིས། པྲྀ་ཥ྄ད། སི་གསལ་བྱེད་ལས་འཇིག །རྫོགས་པ་ལ་ཡང་ནའོས། །ད་ཏ྄། པྲྀ་ཥ་ཏ྄། རྀ་འགྲོ་བ་ལའོས་རྀ། །ཨུ་ཏ྄་སྔོན་དུ་ཨུ་ཏ྄་རྀ། བ་ཙ་སོགས་རྣམས་ལས་ཨ་ཙའང་ངོས། ཨ་ཙ྄། ཙ྄་དབྱངས་དོན་ཕྱིས། ཨུ་ཏ྄་རྀ་ཨ་ཞེས་གནས་པའི་རྀ་ཡོན་ཏན་ཨར྄་བྱས། པྲྀཥདུ་ད་ར། དྲུག་པའི་ངས྄་སྱ་བྱས་པས། པྲྀ་ཥ་དུ་དར་སྱ།.....ཐིག་ལེ་ཁྲ་བོ་ཅན་གྱི་ལྟོ་བ། གྲུབ། རྒྱས་པའི་ལྟོ་བར་བསྒྱུར་བ་མི་ལེགས། འདོད་འཇོ་མ་མཐོང་བར་ཟད་དེ། དེ་དང་འགལ་བས་སོ། འདོད་འཇོ་ལས། པྲྀ་ཥ་ཏ྄་ཐིག་ལེ་ཁྲ་བོ་ཅན་ཏེ། ཞེས་དང༌། རིན་ཆེན་མཛོད་ལས། པྲྀ་ཁ་ཏྲ་རི་དྭགས་ཁྲ་བོའོ། །ཞེས་སོ། །པྲྀ་ཥ་དུ་ད་ར་སྱ། ཞེས་པའི་དུའི་ད་དང༌། སྱ་ཕྱིས། སི། དེ་རྣམ་བཅད། པྲྀ་ཥོ་ད་རཿ གོ་ཨིནྡྲ། བར་དུ་ཨ་ཡིག་ཨཱ་ག་མ་བྱིན། གོས་ཨ་མཐོང་བས། ཨོ་ཨབ྄ར་བསྒྱུར། ག྄་ཨ་བ྄་ཨ་ཨིནྡྲ། ཨ་ཨི་ལ་ཨེ་བྱས། རིམ་བཞིན་དྲངས་པས། ག་བེནྡྲ་.....བ་ལང་དབང་པོ། འདི་ཕུལ་བྱུང་གི་དོན་དུ་ཨཱ་ག་མ་བྱས་སོ། །ཤ་བ་དང་པོ་པྲྀ་འགྲོ་ལའོས་ཤ་བ། ཨ་བརྗོད་དོན་ཕྱིས། པ་ཙ་སོགས་ཀྱིས། ཨཙ྄་རྐྱེན། ཤ་བ། ངས྄་བྱིན། སྱ་བྱས། ཤ་བ་སྱ། ཤཱིང྄་ཉལ་བ་ལའོ། །ང྄་ཡིག །བྱེད་པ་པོ་ལ་རུ་ཙ་སོགས་ཀྱི་དོན་ཡིན་པས་ཕྱིས། བྱེད་པ་དང་གཞི་དག་ལའང་ངོས། ཡུཊ྄་རྐྱེན། ཊ྄་ཡིག །ཥཊ྄་རྗེས་སུ་འབྲེལ་པ་ལས་ཨཱིའོ། །ཞེས་པའི་རྟགས་དོན་ཕྱིས། ཡུ་བུ་ཛྷ་རྣམས་ཀྱི་ཨ་ན་ཨ་ཀ་ཨནྟ་རྣམས་སོས། ཡུ་ཨ་ན་རུ་བསྒྱུར། ནཱ་མའི་མཐའི་བྱིངས། ཞེས་པས། ཤའི་ཨཱི་ཡོན་ཏན་ཨེ་བྱས། ཤེ་ཨེ་ན། ཞེས་གནས་པ་ལ། ཨེ་ཨཡ྄། སི། མ་ནིང་ལ་དབྱི། ཨ་ཡིག་ལས་སཾ་བུདྷི་མ་ཡིན་པ་ལ་མུའོས། མུ་བྱིན། ཨུ་བརྗོད་དོན། ཤ་ཡནཾ། གྲུབ། ཤ་པ་སྱ། ཤ་ཡ་ནཾ། ཞེས་པ། པྲྀ་ཥོ་ད་ར་སོགས་ཀྱིས། ཤའི་ཨ་ཕྱིས། བ་མ་རུ་བྱས། ལ྄་ཕྱིས་པས། ཤྨ་ཤཱ་ནཾ་.....དུར་ཁྲོད། བུདྡྷ་ཁོང་དུ་ཆུད་པ་ལའོས། བུདྷ་བཞག །དྷའི་ཨ་བརྗོད་དོན། འགྲོ་བའི་དོན་དང་ལས་མིང་པ་དང་ཤླི་ཥ྄་ཤཱིང྄་སྠ་ཨས྄་བས྄་ཛན྄་དུ་ཧ྄་ཛི་རྻ་ཏི་རྣམས་ལས་ཀྱང་ངོ༌། །ཞེས་པས་རྐྱེན་ཀྟ་བྱིན། ཀ་ཡིག་ནི། ཀ་ལ་ཡཎ྄་བཞིན་གྱི་དོན་ཡིན་པས་ཕྱིས། གྷ་ཌྷ་དྷ་བྷ་རྣམས་ལས་དྷ་མ་ཡིན་པ་ལས་ཏ་ཐཱ་དག་གི་དྷའོས། རྐྱེན་གྱི་ཏ་དྷ་བྱས། དྷུ་ཊ྄་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པའོས། བུདྡྷ྄འི་དྷ྄་ད྄་རུ་བསྒྱུར། བདག་པོ་ལ་སོགས་པ། ཞེས་པས་རྣམ་དབྱེ། ངས྄་བྱིན། བུད་དྷ་ངས྄། ཞེས་གནས་པ་ལ། ང་ཡིག ངས྄་སྱའོ། །ཞེས་པའི་རྟགས་དོན་ཕྱིས། ཨས྄་སྱ་རུ་བྱས། བུངྡྷ་སྱ་གྲུབ།.....སངས་རྒྱས་ཀྱི། ཥྠཱ་གནས་པ་ལའོས། བྱིངས་ཥྠཱ་བཞག །བྱིངས་ཀྱི་ཥའི་སའོས། ཥ྄ས྄་བྱས། རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་གྱིའང་མེད་ངོས། ཋ་ཐ་བྱས། ཉེར་བསྒྱུར་ཨ་དྷི་སྔོན་དུ་བཞག།།སི་འཇིག །ཨ་དྷི་སྠཱ། ཞེས་པ་ལ་བྱེད་པ་དང་གཞི་དག་ལའང་ངོ༌། །ཞེས་པས་རྐྱེན་ཀྟ་བྱིན། ཀ྄་ཡིག །ཀ་ལ་ཡཎ྄་སོགས་ཀྱི་དོན་ཕྱིས། དྱཏི་སྱ་རི་མཱ་སྠཱ་རྣམས་ཀྱི་ཏ་ལ་ཡོན་ཏན་མེད་པ་ལའོས། སྠཱའི་ཨཱ་ཡིག་ཨིཏ྄་བྱས། ཏ྄་ཡིག།། དེའི་དུས་སྱའོ། །ཞེས་པའི་དོན་ཡིན་པས་ཕྱིས། སི་རྣམ་བཅད། བུངྡྷ་སྱ་ཨ་ངྷི་སྠི་ཏཿ། ཞེས་གནས་པ་ལ་ནཱ་མི་དང་ཀ་དང་ར་ལས་ཕ་རོལ་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སི་ཥ་ཏེ་ནུ་དང་རྣམ་པར་བཅད་པ་དང་ཥ་བར་ན་ཡོད་ཀྱང་ངོ༌། །ཞེས་པས། སྠའི་ས་ཥ་རུ་ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོ། །ཞེས་པས་ཐྠཥ་བྱས། བུད་དྷཱ་ཥྛི་ཏ།.....སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཞེས་པ་གྲུབ། ཨི་ཏི་སནྔྷོ་སཱུ་ཏྲ་ཏཿ པྲ་ཐ་མ་སནྔྷི་ས་མཱཔྟཿ ཞེས་པ་མཚམས་སྦྱོར་གྱི་མདོ་ལས་མཚམས་སྦྱོར་དང་པོ་རྫོགས་སོ། །མཚམས་སྦྱོར་དང་པོའི་ཊིཀ྄་ཆེན་གྲུབ་བོ། །
༈ གཉིས་པ་དབྱངས་ཀྱི་མཚམས་སྦྱོར་ལ། སྤྱིར་བཏང༌། དམིགས་བསལ་གཉིས། དང་པོ་ལ། འདྲ་བའི་རྣམ་འགྱུར་དང༌། ཨེ་སོགས་བཞིའི་ལུས་འགྱུར་དང༌། འདྲ་བ་མིན་པའི་ལུས་འགྱུར། མཚུངས་པ་མིན་པའི་དབྱངས་ཀྱི་མཚམས་སྦྱོར་དང༌། མི་འཐོབ་པའི་མཚམས་སྦྱོར་དགག་པ་ལྔ༌། དང་པོ་ནི། ས་མཱ་ནཱ་ས་ཝ་རྞེ་དཱི་རྒྷ་བྷ་བ་ཏི་བར་ཤྩ་ལོ་པ་ན྄། མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ། ཕ་རོལ་ལའང་དབྱིའོ། །སྔར་བཤད་པའི་མཚུངས་པའི་དབྱངས་རྣམས། བཅུ་རང་རང་གི་འདྲ་བའི་ཕ་རོལ་ཏེ་རྗེས་སུ་བྱུང་ན་སྔ་མ་རིང་པོར་འགྱུར་ཞིང༌། ཕ་རོལ་ཏེ་ཕྱི་མའང་དབྱི་བར་བྱའོ། །ར་མུ་རྩེ་བ་ལའོས། བྱིངས་ར་མུ་བཞག ཨུ་རྗེས་འབྲེལ་ཕྱིས། རམ྄། མིང་ལ་སྨོན་པ་ལ་ཏི་ཀ྄་ཀྲྀ་ཏུ་དག་ཀྱང་ངོ༌། །ཞེས་པས་རྐྱེན་ཏི་ཀ྄་བྱིན། ཀ྄། ཀ་ལ་ཡཎ྄་བཞིན་གྱིས་ཁྱད་དོན་ཡིན་པས་ཕྱིས། རམ྄། ཏི། ལྔའི་ཨུ་པ་ངྷཱ་ཡི་ངྷུ་ཊ྄་ལའང་ཡོན་ཏན་མེད་པ་ལའོ། །ཞེས་པས། ཨུ་པ་ངྷཱ་རིང་པོ། རཱམ྄། ཏི། ཞེས་གནས་པ་ལ། བན་ཏི་ཏ་ནོ་ཏི་སོགས་ཨིཊ྄་བཀག་པ་རྣམས་ཀྱི་ངྷུ་ཊ྄་ལ་ལྔ་པ་སྟེ་ཨར྄་གྱི་ཨར྄འང་ངོས། བྱིངས་ཀྱི་ལྔ་པ་མ྄་ཕྱིས། རཱའི་ཨཱ་ཏ྄་ཀྱང་ཨཏ྄་ཐུང་ངུ་བྱས་པས། ར྄་ཏི། གྲུབ། སི་བྱིན། སིའི་ཨི་ཡིག སི་ལ་ཨཽའོ། །ཞེས་པའི་ཁྱད་དོན་ཕྱིས། ར྄་དང་ས྄་དག་གི་རྣམ་བཅད་བྱས། ར་ཏི།.....དགའ་བ། གྲུབ། མ་ན་ཤེས་པ་ལའོས། བྱིངས་མ་ན་བཞག །ནའི་ཨ་བརྗོད་དོན་ཕྱིས། ཙ྄་སོགས་ལས་ཨཙ྄འང་ངོས། རྐྱེན་ཨ་ཙ྄་བྱིན། ཙ྄་དབྱངས་དོན་ཕྱིས། ཕ་རོལ་ཏུ་དྲངས། སི་རྣམ་བཅད་བྱས། ར་ཏིཿམ་ནཿ.....དགའ་བ་ཡིད། ཞེས་གནས་པ་ལ། པྲྀ་ཥོ་ད་ར་སོགས་ཀྱིས་ར་ཏའི་ཨི་དང༌། རྣམ་བཅད་དང་། མ་ནའི་མ་དང༌། རྣམ་བཅད་ཕྱིས། དབྱངས་མེད་པ་ཕ་རོལ་ཏུ་དྲངས་པས། རཏྣ། སི་རྣམ་བཅད། རཏྣཿ.....ཡིད་དགའ་འམ་རིན་པོ་ཆེ། ཌུ་ཀྲྀཉ྄་བྱེད་པ་ལའོས། ཌུ་ཀྲྀ་ཉ྄་བཞག །ཌུ་ཡིག་ནི། ཌུ་རྗེས་སུ་འབྲེལ་བ་ལས་དེའི་ཚར་བ་ལ་ཏྲི་མ་ཀའོ། །ཞེས་པའི་ཁྱད་དོན་ཕྱིས། ཉ྄་ཡིག །ཨིན྄་དང་ཉ྄་དང་ཡཛ྄་སོགས་ལས་གཉིས་ཀའོས། ཁྱད་དོན་ཕྱིས། ཉེར་བསྒྱུར་ཨཱ་སྔོན་དུ། ཨཱ་ཀྲྀ། རྐྱེན་ཨ་ཙ྄། ཡོན་ཏན་ནོས། ཀྲྀའི་རྀ་ཨ་རུ་བྱས། ཨཱ་ཀ་ར།.....འབྱུང་གནས། གྲུབ། རཏྣཿཨཱ་ཀ་ར།.....རིན་ཆེན་འབྱུང་གནས། ཞེས་གནས་པ་ལ། དེ་ཡི་དེ་ཡིས་བསྡུ་བ་འོས། རཏྣའི་རྣམ་བཅད་ཕྱིས། རིམ་པ་ལས་མ་འདས་པར། རཏྣའི་ཨ་ཕྲལ། རཏྣ་ཨ་ཨཱ་ཀ་ར། ཞེས་གནས་པ་ལ། མཚུངས་འདྲ་རིང་པོ་བྱས། ཨཱ་རྗེས་མ་ཕྱིས། རིམ་པར་དྲངས་པས། རཏྣཱ་ཀ་རཿསི་རྣམ་བཅད་བྱས་པའོ། །ད་དྷ྄་འཛིན་པ་ལ་འོས། བྱི་དེས་ད་དྷ྄། དབྱངས་ཅན་མ་ལས། ནཊུ་ཀི་ད་ག་གོས། ཀི་བྱིན། ཀ་ཡོན་ཏན་འགོག་པའི་དོན་ཕྱིས། རིམ་པས་དྲངས། དདྷི།.....ཞོ། སརྦནཱ་མའི་ཨི་དཾ། སི་བྱིན། ཨི་དཾ་ཨི་ཡཾ་སྟེ། ཞེས་པས། སིལ་ཨི་ཡཾ་དུ་བསྒྱུར། ད་དྷི། ཨི་ཡཾ། ཞེས་གནས་པ་ལ། མཚུངས་འདྲ་རིང་པོ། ཕ་རོལ་ཕྱིས་པས། ད་དྷཱི་ཡཾ།.....ཞོ་འདི། ཌཱིད྄་ནམ་མཁའ་ལ་འགྲོ་བ་ལའོས། ཌཱིད྄་བཞག །ང྄་ཡིག །བྱེད་པ་པོ་ལ་རུ་ཙ་སོགས་དང་ང་རྗེས་སུ་འབྲེལ་བ་རྣམས་ལའོ། །ཞེས་པའི་ཁྱད་དོན་ཕྱིས། གཞན་ལ་ཡང་ངོ་། །ཞེས་པས། རྐྱེན་ཌ་བྱིན། ཌཱི། ཌ། ཞེས་གནས་པའི་རྐྱེན་ཌ་ཡིག །ཌ་རྗེས་སུ་འབྲེལ་བ་ལ་དབྱངས་ལ་སོགས་པ་དབྱིའོས་ཕྱིས། ཨ་བཞག །བྱིངས་ཀྱི་ཌཱིའི་ཨཱི་དབྱི། ཌ་ཞེས་གནས་པ་ལ། ཨ་ལས་ཨཔའོས། ཌཱ་བྱས། མི་ཤེས་སྨད་དང་མི་ནུས་དང༌། །དེ་བཞིན་ཐུང་དང་རྗེས་སུ་བརྩེ། །མིང་རྣམས་ལ་ཡང་མཁས་རྣམས་ཀྱིས། །ཀ་ཡི་རྐྱེན་དག་རབ་ཏུ་བསྒྲགས། །ཞེས་པས། རྐྱེན་ཀ་བྱིན། ཌཱ་ཀ། ཞེས་གནས་པ་ལ། དེ་འདི་ལ་ཡོད་པ་ཞེས་མནྟུ་བིནྟུ་བིན྄་ཨིན྄་རྣམས་སོས། རྐྱེན་ཨིན྄། ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་ཡའི་རྐྱེན་ལ་དབྱིའོ། །ཀའི་ཨ་ཕྱིས། ཌཱ་ཀིན། ཞེས་གནས་པ་ལ། ན་ད་སོགས་ཨཉྩ། བཱ་ན། ཨུ། ཨི། ཨནྶ། ཨནྟ། རི། ས་ཁི། ན་མཐའ་རྣམས་ལས་ཨཱིའོས། རྐྱེན། ཨཱི་བྱིན། སི། ཨཱི་ཡིག་མཐའ་ལས་སིའོས། སི་འཇིག དྲངས་པས། ཌཱ་ཀི་ནཱི། ཨ་ཡཾ་མཚམས་སྦྱར་བས། ཌཱ་ཀི་ནཱི་ཡཾ།.....མཁའ་འགྲོ་མ་འདི། མ་ན་ཤེས་པ་ལའོས། བྱིངས། མ་ན་བཞག །མ་ནི་ཛ་ནི་ན་མ་རྣམས་ཀྱི་མ་ངྷ་ཛ་ཏ་ནཱ་ཀ་རྣམས་ཀྱང་ངོས། རྐྱེན། ཨུ་བྱིན། མ་ན྄འི་ན྄་དྷ྄་བྱས། མཚམས་སྦྱར་བས། མ་ངྷུ། སི་བྱིན། མ་ནིང་ལས་ཕྱིས། ཨུ་ཥ་ནད་ལའོས། དབྱངས་མཐའི་རང་བཞིནའང་ངོས། འང་གི་སྒྲས་གསལ་བྱེད་མཐའ་ཡང་རང་བཞིན་ཡིན་པས། ཨུཥའི་ཥ་རང་བཞིན་དུ་གནས། དེ་དག་ལས་གཞན་དུ་ཨ་ནུ་ཁང྄་གའང་ཨུཎ྄ལ་སོགས་པ་རྣམས་སོ། །ཞེས་པས། ཨིན་ངྷི་ཡུ་ངྷི་བྱཱ་ངྷུ་ཧི་རྣམས་ལས་མཀ྄འོ། །ཞེས་པས། རྐྱེན། མཀ྄་བྱིན། ཀ་རྗེས་འབྲེལ་ཕྱིས། ཨུཥྨ། གྲུབ། བུད་མེད་ལ་ཨ་ལས་ཨཔ྄འོས། རྐྱེན། ཨཔ྄་བྱིན། པ྄་རྗེས་འབྲེལ། །ཨུཥྨ་ཨཱ་ཞེས་གནས་པའི་མཚུངས་འདྲ་རིང་པོ། ཨུཥྨཱ།.....དྲོན་མོ། གྲུབ། སི། ཤྲ་དྷ་ལས། དབྱི། མ་ངྷུ། ཨུཥྨཱ། ཞེས་གནས་པ་མཚུངས་འདྲ་རིང་པོ་བྱས། མཚམས་སྦྱར་བས། མ་ངྷཱུཥྨཱ་.....སྦྲང་དྲོན་མོ། ཧུ་སྦྱིན་པ་ལའོས། བྱིངས། ཧུ་བཞག བུཎ྄་ཏྲྀ་ཙ྄་དག་གོས། རྐྱེན། ཏྲི་ཙ྄་བྱིན། ནཱ་མའི་མཐའི་བྱིངས་ཧུ་ཡོན་ཏན་ཧོ་བྱས་པས། ཧོ་ཏྲྀ། ངས྄་བྱིན། རྀཏ྄་མཐའ་སྔ་མ་དང་བཅས་པའི་འོས། རྟགས་མཐའི་རྀ་དང་རྣམ་དབྱེ་ངས྄་ཀྱི་ཨ་ཡིག་ལྷན་ཅིག་ཨུ་བྱས་པས། ཧོ་ཏུས྄། ངས྄་ཀྱི་ས྄་རྣམ་བཅད། ཧོ་ཏུཿ རི་སི་དང་རྀ་ཥཱི་འགྲོ་བ་ལའོས། བྱིངས་རྀ་ཥཱི། བྱིངས་ཀྱི་ཨཱི་ནི། ཌཱིད་ཤྭི་ཨིར་རྗེས་སུ་འབྲེལ་བ་སོགས་ཀྱིས་ཁྱད་དོན་ཕྱིས། རྀ་ཥི། ཞེས་གནས་པ། གྲྀ་དང་ནཱ་མའི་ཨུ་བ་དྷཱ་ལས་ཀིའོ། །ཞེས་པས། རྐྱེན་ཀི། ཀ྄་རྗེས་འབྲེལ། སི་རྣམ་བཅད། རྀ་ཥིཿ.....དྲང་སྲོང་། གྲུབ། ཧོ་ཏུཿརྀ་ཥིཿཞེས་གནས་པ་ལ། དེར་གནས་རྣམ་དབྱེ་རྣམས་དབྱིའོས། རྣམ་དབྱེ་རྣམས་ཕྱིས། དབྱངས་མཐའི་རང་བཞིན་འང་ངོས། ཧོ་ཏུའི་ཨུ་ཕྱིས། དབྱངས་མཐའ་རང་བཞིན་བྱས་པས། ཧོ་ཏྲྀ། རྀ་ཥི། མཚམས་སྦྱར་བས། མཚུངས་འདྲ་རིང་པོ་བྱས། ཧོ་ཏྲཱི་ཥིཿ.....སྦྱིན་སྲེག་མཁན་གྱི་དྲང་སྲོང༌། ལྀ་ཡིག་རིང་པོ་བྱས་པའི་རབ་སྦྱོར་མེད་པས་དཔེར་བརྗོད་མེད་ཅེས་ལོ་ཆེན་ཐུགས་རྗེ་དཔལ་པ་གསུངས། ཙི་ཉ྄་སོགས་པ་ལ་འོས། ཙི་ཉ྄་བཞག །ཉ྄་རྗེས་འབྲེལ་ཕྱིས། ལུས་དང་གནས་དག་དང་པོའི་ཀའང་ངོ༌། །ཞེས་པས། རྐྱེན། གྷཉ྄་བྱིན། རིམ་པ་ལས་མ་འདས་པར་ཕྲལ། ཙ྄་ཨི་གྷཉ྄། དང་པོའི་ཙ྄། ཀ྄་བྱས། གྷཉ྄འིཉ྄། ནཱ་མི་འཕེལ་བ་བྱས་པས། ཀ྄་ཨཻ། གྷ་རྟགས་དོན་ཕྱིས། ཀ྄་ཨཻ། ཨ། ཞེས་གནས་པའི། ཨཻ་ཨཱ་ཡར་བྱས། མཚམས་སྦྱར་བས། ཀཱ་ཡ། རྣམ་དབྱེ་དང་པོའི་མིང་ཚིག་ཛས྄། ཛ་ཡིག །ཛས྄་ལའོས། ཁྱད་དོན། ཀཱ་ཡ་ཨས྄། ཞེས་པ་མཚམས་སྦྱར། མཚུངས་པ་རིང་པོ་བྱས། ས྄་རྣམ་བཅད། ཀཱ་ཡཱཿ.....སྐུ་རྣམས། གཉིས་པ་ཨི་སོགས་བཞིའི་ལུས་འགྱུར་ནི། ཨ་ཝརྞ་ཨི་ཝརྞེ་ཨེ། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེ། ཚུ་རོལ་གྱི་ཨའི་ཡི་གེ་རིང་ཐུང་གང་རུང་གི་ཕ་རོལ་ཏུ་ཨི་བྱུང་ན་ཨ་ཡིག་ཨེ་རུ་བསྒྱུར་ཞིང་ཕ་རོལ་ཡང་དབྱིའོ། །ལོ་ཀྲྀ། ལོ་ཙྼྀ་ལྟ་བ་ལའོས། ལོ་ཀྲྀ༌། རྀ་རྗེས་འབྲེལ་ཕྱིས། ཉེར་བསྒྱུར་ཨ་བ་སྔོན་དུ། ཨ་བ་ལོཀ྄ །བྱེད་པ་དང་གཞི་དག་ལ་ཀྟའོས། ཀྟ་རྐྱེན། ཀ་རྗེས་འབྲེལ། ཨ་བ་ལོ་ཀ།།ཏ། ཞེས་གནས་པ་ལ། བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་དང་པོ་ཡ་ཡིག་དང་པོ་མིན་པའི་དང་པོར་ཨིཊ྄་ཨཱ་ག་མའོས། རྐྱེན་ཀྱི་དང་པོར། ཨིཊ྄་བྱིན། ཊ྄་གནས་ཀྱི་ཁྱད་དོན་ཕྱིས། སི་རྣམ་བཅད། ཨ་བ་ལོ་ཀི་ཏཿ.....སྤྱན་རས་གཟིགས། ཨཱི་ཤཱ་དབང་ཕྱུག་ཉིད་ལའོས། ཨཱི་ཤ། ཨ་རྗེས་འབྲེལ། ཀ་སི་སི་སི་བྷ་སི་ཨཱི་ཤ། ཞེས་པས། རྐྱེན། བ་ར་བྱིན། མཚམས་སྦྱར་བས། ཨི་ཤྭ་ར།.....དབང་ཕྱུག ། གྲུབ། ཨ་བ་ལོ་ཀི་ཏཿཨི་ཤྭ་རཿ ཞེས་གནས་པ་ལ། དེ་ཡི་དེ་ཡིས་བསྡུ་བའོས། གོང་གི་རྣམ་བཅད་ཕྱིས། ཨ་བ་ལོ་ཀི་ཏ་ཨི་ཤྭ་རཿ ཨའི་ཡི་གེ་ཨི་ལ་ཨེ་བྱས། ཨ་བ་ལོ་ཀི་ཏེ་ཤྭ་རཿ.....སྤྱན་རས་གཟིགས་དབང་ཕྱུག ། ལོ་ཙྼྀ་ལྟ་བ་ལའོས། ལོ་ཙྼྀ་རྀ་རྗེས་འབྲེལ་ཕྱིས། བྱིངས་ལས་ཀྱང་རྒྱུ་ལའོས། རྐྱེན། ཨིན྄་བྱིན། ལོ་ཙིན྄། ནནྟི་སོགས་ཡུའོས། ཡུ་རྐྱེན། ཀཱ་རི་ཏ་ཕྱིས། ལོཙ྄་ཡུ། ཞེས་གནས་པའི། ཡུ། ཨ་ན་བྱས། མོ་རྟགས་ཨ་ལ་ཨཔ྄་བྱིན། ལོ་ཙ་ནཱ། སི་ཤ྄་དྷཱ་ལས་ཕྱིས། ལོ་ཙ་ནཱ། ཨི་ཡཾ། ཨ་ཨི་ལ་ཨེ། ལོ་ཙ་ནེ་ཡཾ།.....སྤྱན་མ་འདི། ཨུ་ཝ་རྞེ་ཨོ། ཨུའི་ཡི་གེ་ལ་ཨོའོ། །ཨའི་ཡི་གེ་དག་ཕ་རོལ་གྱི་ཨུའི་ཡི་གེ་རིང་ཐུང་གང་རུང་ལ་ཨོ་རུ་འགྱུར་རོ། །སརྦ་ནཱ་མའི་ཏ་ཏ། རྣམ་པ་བརྗོད་པ་ལ། ཐཱ། ཏྱད྄སོགས་ཀྱི་རྣམ་དབྱེ་ལ་ཨའོས། ཏ་ཏ྄་ཀྱི་ཏ྄་ཨ་རུ་བྱས། རྣམ་དབྱེའི་རྒྱུ་མཚན་གྱི་ཨ་ལ་གོང་གི་ཨ་ཕྱིས། སི་འཇིག །ཏ་ཐཱ། གམླྀ། ལྀ་རྗེས་འབྲེལ་ཕྱིས། འགྲོ་བའི་དོན་དང་ལས་མེད་པ། །ཞེས་པས། རྐྱེན། ཀྟ། ཀ྄་རྗེས་འབྲེལ། གམ྄། ཏ། ལྔ་པའི་ཨུ་པ་དྷཱ་དྷུ་ཊ྄་ལའང༌། ཞེས་པས། ཨུ་པ་དྷཱ་རིང་པོ། ཏ་ཐཱ། གཱ་མ྄། ཏ་ཝ་ན་ཏི་ནས། དྷུཊ྄་ལ་ལྔ་པ་སྟེ་ཨཱཏ྄་ཀྱི་ཨཏ྄འང་ངོས། ལྔ་པ་ཕྱིས། གཱའི་ཨཱ་ཨ་ཉིད་དོ། །ས་རྣམ་བཅད། ཏ་ཐཱ་ག་ཏཿ.....དེ་བཞིན་གཤེགས་པ། ཨུ་ཥ྄་སྲེག་པ་ལའོས། ཨུ་ཥ྄་བཞག །ན་ཀ྄། རྐྱེན། ཀ྄་རྗེས་འབྲེལ། ཥར་རྀའི་ཡི་གེ་རྣམས་ལས་མཐའ་མིན་པའི་ནའི་ཎ་ཞེས་པས། ནའི་ཎ་བྱས། ཨུཥྞ། བྱིངས་དོན་ཨིན྄་ཀཱ་རི་ཏ་བྱིན། ན་ཡིག་རྟགས་དོན་ཕྱིས། ཨིན྄་ལ་རྟགས་ཡི་གེ་གཅིག་མིན་པའི་མཐའ་སོགས་དབྱི་འོས། ཨུཥྞའི་ཨ་ཕྱིས། ཨུཥྞ། ཤི་རཱི་ཥ་ལ་སོགས་པ་རྣམས་སོས། ཨཱིཥ་བྱིན། ཀཱ་རི་ཏ་ཕྱིས། ཨུཥྞ། ཨཱི་ཥ། ཞེས་གནས་པ་མཚམས་སྦྱར། ཏ་ཐཱ་ག་ཏཿ ཨུཥྞཱི་ཥ། དེ་ཡི་དེ་ཡིས་བསྡུ་བའོས། གོང་གི་རྣམ་བཅད་ཕྱིས། ཏ་ཐཱ་ག་ཏ། ཨུཥྞཱི་ཥ། མཚམས་སྦྱར་བས། ཨ་ཡིག་ཨུ་ལ་ཨོ་ཉིད་དུ་བྱས། ཕ་རོལ་གྱི་ཨུ་ཡང་དབྱི། སི་རྣམ་བཅད། ཏ་ཐཱ་ག་ཏོ་ཥྞཱི་ཥཿ.....དེ་བཞིན་གཤེགས་པའི་གཙུག་ཏོར། གྲུབ། ཨརྠ་ཉེ་བར་སླེང་བ་ལའོས། ཨརྠ། ཙུ་ར་སོགས་པས་ཀྱང་ངོས། རྐྱེན། ཨིན྄་བྱིན། ན་རྟགས་དོན་ཕྱིས། ཨ་རྠེ། ཨུཧ྄་རྣམ་པར་རྟོག་པ་ལའོས། ཨུ་ཧ྄་བཞག །བྱེད་པ་དང་གཞི་ངག་ལའང་ངོས། ཡུ་ཊ྄། རྐྱེན། ཊ་རྗེས་འབྲེལ། ཨུཧ྄། ཡུ། ཞེས་གནས་པའི། ཡུ་ཨ་ན་རུ་བྱས། མཚམས་སྦྱར་བས། ཨུ་ཧ་ན། སི་མ་ནིང་ལས་དབྱི། ཨ་ཡིག་ལས་སཾ་བུདྷི་མ་ཡིན་པ་ལ་མུ། ཨུ་རྗེས་འབེྲལ། དེར་གནས་རྣམ་དབྱེ་དབྱེ་འོས། ཨརྠེའི་རྣམ་དབྱེ་ཕྱིས། དབྱངས་མཐའ་རང་བཞིན་འང་ངོས། ཨརྠ། ཨུ་ཧ་ནཾ། མཚམས་སྦྱར་བས། ཨུ་ཨོ། ཕ་རོལ་དབྱི། སི་མ་ནིང་ལས་དབྱི། མུ་བྱིན། ཨརྠོ་ཧ་ནཾ།.....དེར་གནས་དོན་ལ་རྟོག་པར་བྱེད། ནྲཱྀ་ཚུལ་ལས་སོས། ནྲཱྀ་བཞག །དབྱངས་དང་ཞེས་པས། རྐྱེན། ཨལ྄་བྱིན། ནྲཱི། ཨལ྄། ལ྄་རྗེས་འབྲེལ་ཕྱིས། ནཱྀའི་རཱྀ་ཡོན་ཏན་ཨར྄་བྱས། སི་རྣམ་བཅད། ན་རཿ ཨུ་ཧ་ནི། རྣམ་དབྱེ་ཕྱིས། ཨ་ཨུ་ལ་ཨོ་བྱས། ཕ་རོལ་ཕྱིས། ན་རོ་ཧ་ནཾ།.....མི་ལ་རྟོག་པར་བྱེད། ཨཉྩུ་འགྲོ་བ་དང་མཆོད་པ་བྱེད་པ་དག་ལའོས། ཨཉྩུ་བཞག །ཉེར྄་བསྒྱུར་བ་ར་དང་ཨུད྄་སྔོན་དུ་བཞག །མཱུ་ལ་བི་བྷུ་ཛ་སོགས་ཀྱིས། རྐྱེན། ཀ་བྱིན། ཀ྄་རྗེས་འབྲེལ། པ་ར་ཨུད྄། ཨཉྩུ། ཨ་ཞེས་གནས་པའི། ཨིར྄་རྗེས་འབྲེལ་མ་ཡིན་པའི་ཡོན་ཏན་མེད་པ་ལ་ཨ་ནུ་ཥཾ་ག་དབྱིའོས། ཨཉྩུའི་ཉ་དབྱི། བྱིངས་དོན་ཨིན྄་བྱིན། ཨིན྄་ལ་རྟགས་ཡི་གེ་གཅིག་མིན་པའི་མཐའི་དབྱངས་ལ་སོགས་པ་དབྱིའོས། ཨ་ཙུའི་ཨུ་ཡང་དབྱི། གྷཉ྄། རྐྱེན། གྷཉ྄་རྗེས་འབྲེལ། ཨིན྄་ཀཱ་རི་ཏ་དབྱི། ཙ་ཛ་དག་གི་དྷུ་ཊ྄་ག་རྗེས་སུ་ཞེས་པས། ཙའི་ཀྲ། སི། མུ། པཱ་ར་ཨུ་ད་ཀཾ། ཞེས་པ། ཨ་ཨུ་ལ་ཨོ་བྱས། པཱ་རོ་ད་ཀཾ།.....གཞན་གྱི་ཆུ། རྀ་ཝརྞེ་ཨར྄། རྀའི་ཡི་གེ་ལ་ཨར྄འོ། །ཨ་ཡིག་དག་ནི་ཕ་རོལ་ཏུ་རྀའི་ཡི་གེ་དག་ལ་ཨར྄་དུ་འགྱུར་ཞིང་ཕ་རོལ་ཡང་དབྱི་སྟེ། རྀ་ཎུ་འགྲོ་བ་ལའོས། རྀ་ཎུ་བཞག །ཨུ་རྗེས་འབྲེལ། ནཱ་མི་ཨུ་པ་དྷཱ་དང་ཞེས་པས། རྐྱེན་ཀ། ཏ་བ་སྔོན་དུ་བཞག །སི། མུ། རྀའི་ཡི་གེ་ལ་ཨར྄འོས། ཏ་བའི་ཨ་ཨར྄་བྱས། ཕ་རོལ་རྀ་དབྱི། ཙནྡྲཔ་ལས། ཨཙ྄་ལས་ར་ཧ་ལས་གཉིས་སོ། །ཞེས་པས་ཎ་ཡིག་གཉིས་སུ་འགྱུར་རོ། །ཏ་བ་རྞྞ།.....ཁྱོད་ཀྱི་བུ་ལོན། སརྦ་ན་མའི་ཏ་ཏ྄། སི། ཏྱ་ད྄་སོགས་ཀྱི་རྣམ་དབྱེ་ལ་ཨའོ། །ཞེས་པས། ཏ་ཏ྄་ཀྱི་ཏ྄་ཨ་རུ་བྱས། ཨ་ཡིག་ལ་དབྱིའོས། ཏའི་ཨ་ཕྱིས། སི་བྱིན། ཏའི་འང་ངོས། ཏ་ཡིག་ས་ཡིག་ཏུ་བསྒྱུར། སི་རྣམ་བཅད། སཿ་དེ། རྀ་དྷུ་འཕེལ་བ་ལའོས། རྀ་དྷུ་བཞག །བུད་མེད་ལ་ཀྟི་འོས། ཀྟི་བྱིན། ཀ྄་རྗེས་འབྲེལ། གྷ་ཌྷ་དྷ་བྷ་སོགས་ཏ་དྷ་བྱས། དྷུཊ྄་རྣམས་ཀྱི་གསུམ་པའོས། བྱིངས་ཀྱི་དྷ་ད྄་བྱས། སི་རྣམ་བཅད་བསྡུ་བའོས། རྀ་ཡིག་ལ་ཨར྄་མཚམས་སྦྱར། སརྔྔྷིཿ.....དེ་རྫུ་འཕྲུལ། གྲུབ། ཏ་བ་རཱྀ་ཀ་རཿལ། ཏ་བརྐཱ་རཿ.....ཁྱོད་ཀྱི་ལྀ་ཡིག་གམ་ཁྱོད་དབང་ཕྱུག།། ཨར྄་གྱི་དམིགས་བསལ་ལ། རྀ་ཎེ་དང༌། པྲ་དང༌། བ་ས་ན་དང༌། བཏྲ་ས་ར་དང༌། ཀཾ་བ་ལ་དང༌། ད་ཤ་རྣམས་ཀྱི་ཨའི་ཡི་གེ་རྀ་ཎའི་སྒྲ་ཕ་རོལ་ཨཱར྄་དུ་བསྒྱུར་བར་བཤད་པར་བྱ་ཞིང་ཕྱི་མ་དབྱི་བའང་ངོ༌། དུར྄་སིང྄་ལས་ཀྱང༌། རྀ་ཎ་ཁ་ཅིག་ཏུ་ཕ་རོལ་ལ་རིང་པོ་ཉིད་དོ། །ཞེས་དང༌། དཔེར་བརྗོད་ཡང༌། ཏེ་ན་རཱྀ་ཎཱརྞྞཾ།.....དེས་བུ་ལོན་གྱི་བུ་ལོན། པྲཱརྞྞ།.....དང་པོའི་བུ་ལོན། བ་ས་ངེས་པར་གནས་པ་ལ་འོས། བ་ས། ཡུཊ྄་རྐྱེན། ཊ྄་དབྱི། ཡུ་ཨ་ན། བ་ས་ན། རྀ་ཎ། བ་ས་ནཱ་རྞཾ།.....གོས་ཀྱི་བུ་ལོན། བ་ས་ཀུན་ནས་འགེབ་པ་ལའོས། བ་ས། མ་དི་ཨ་ཤི་བ་སི་རྣམས་ལས་ས་རའོས། རྐྱེན། ས་ར་བྱིན། བ་ས། ས་ར། ཞེས་གནས་པར། སའི་ས་ལ་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཏ྄་འོས། བཏྶར་རྀ་ཎ།.....ལོ་བུ་ལོན། བཏྶ་རཱརྞཾ། ཀ་མུ་མཛེས་པ་ལ་འོས། ཀམ྄། ཨི་ལྭ་ལ་པ་ལྭ་ལ་ཞེས་པས་མང་པོ་ཉིད་ལས། བ་ལཉ྄འི་རྐྱེན་བྱིན། ཀམ྄། བ་ལ། ཞེས་པ་མཚམས་སྦྱར་བས། ཀཾ་པ་ལ།.....ལ་བ། རྀ་ཎ། ཞེས་པ་མཚམས་སྦྱར། ཀམྤ་ལཱརྞཾ་.....ལ་བའི་བུ་ལོན། དནྴ། མཆེ་བ་ལའོས། བྱིངས་དནྴ་བཞག །མཱུ་ལ་སོགས་ཀྱིས༌། རྐྱེན་ཀ།།ཀ་རྗེས་འབྲེལ། ཨ་ནུ་ཥཱངྒ་དབྱིའོས། དནྴའི་ན྄་ཕྱིས། མཚམས་སྦྱར་བས། ད་ཤ།།རྀ་ཎ། ད་ཤཱརྞཾ་.....བུ་ལོན་བཅུ། དུར྄་སེང྄་ལས། རྀ་ཏེཥྩ་ལས་གསུམ་པའི་བསྡུ་བ་སྟེ། ཞེས་གསུངས་པས། ཚུ་རོལ་ཨའི་ཡི་གེའི་རྀ་ཏའི་སྒྲ་ཕ་རོལ་ལ་གསུམ་པའི་ཚིག་སྡུད་ཡོད་ན་ཨར྄་དུ་བསྒྱུར་བར་བཤད་དེ། ཁ་ཊ྄་འདོད་པ་ལའོས། ཁཊ྄་བཞག །དབྱངས་ཅན་མ་ལྟར་ཌཱ་བྱིན། ཉེར་བསྒྱུར་སུ་སྔོན་དུ། སུ་ཁཱ། གསུམ་པའི་གཅིག་ཚིག་ཊཱ་བྱིན། ཊ྄་རྗེས་འབྲེལ། ཊཱ་ཨི་ན་འོས། ཨ་ཨི་ན་བྱས། སུ་ཁེ་ན། རྀ་ཏི་མདོ་ལས་འབྱུང་བའི་བྱིངས། ཨི་བརྗོད་དོན། རྀ་ཏྲ་བཞག །ནཱ་མི་ཨུ་པ་ངྷཱ་སོགས་ཀྱིས། རྐྱེན་ཀ་བྱིན། ཀ་རྗེས་འབྲེལ། སི་རྣམ་བཅད། རྀ་ཏཿསུ་ཁེ་ན་རྀ་ཏཿཞེས་གནས་པ་ལ། དེར་གནས་རྣམ་དབྱེ་རྣམས་དབྱིའོས། རྣམ་དབྱེ་གསུམ་པ་ཕྱིས། སུ་ཁ་རྀ་ཏཿ.....བདེ་བས་གཟིར།.....སུ་ཁཱརྟཿ དུ་ཁཱརྟཿ.....སྡུག་བསྔལ་གྱིས་གཟིར། ཤྱཻང྄་འགྲོ་བ་ལའོས། ཤྱཻང྄་བཞག །ད྄་རྗེས་འབྲེལ། ན་ཎྛཱ་འོས། ཀྟ་བྱིན། ཀ྄་རྗེས་འབྲེལ། མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་བི་ཀ་ར་ཎ་མ་ཡིན་པ་ལ་ཨ་ཡིག་གོ །ཞེས་པས་ཨཻ་ཨཱ་རུ་བྱས། ཁུ་བའི་གོང་བུ་དང་རེག་པ་དག་ལ་ཤྱཱའིའོ། །ཞེས་པས་མཐར་གནས་ཕ་རོལ་གྱི་དབྱངས་དང་བཅས་པ་སཾ་པྲ་ས་ར་ཎ་རུ་བྱས། ཤཱི་ཏ། ལྷག་མ་རྣམས་ལས་སོགས་ཀྱིས། གསུམ་པའི་ཊཱ། རིམ་པ་ལ་སོགས་ཀྱིས། ཊཱ་ལས་ཨཱ་ཕྲལ། ཊ་ཡིག ཊཱ་ཨི་ནའོ། །ཞེས་པའི་ཁྱད་དོན་ཕྱིས། འདིའི་ཨཱ། ཨི་ན་བྱས། ཤི་ཏ། ཨི་ན། ཞེས་གནས་པའི། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེ་བྱས། ཤཱི་ཏེ་ན་རྀ་ཏཿ ཞེས་གནས་པ་ལ། དེར་གནས་རྣམ་དབྱེ་དབྱིའོས། །གསུམ་པའི་ཊཱ་ཕྱིས། ཤཱི་ཏ་རྀ་ཏཿ ཞེས་གནས་པའི་རྀའི་ཡི་གེ་ལ་ཨཱར྄་འོས། རྀ་ལ་ཨཱར྄་བྱས། ཤཱི་ཏཱ་རྟཿགྲང་ཉེན། ཁ་ད྄་འཚེ་བ་ལའོས། ཁ་ད྄་བཞག །ཊཱ་རྐྱེན་བྱིན། ཊཱ་ལ་དབྱི་འོས། ཊི་ཕྱིས། ཊཱ་ཡིག་དེའི་ཁྱད་དོན། ཉེར་བསྒྱུར་དུར྄་སྔོན་དུ་བཞག །དུཿཁ། ལྷག་མ་སོགས་ཀྱིས། གསུམ་པའི་ཊཱ། ཨི་ན་སྔར་བཞིན་བྱས། དུཿཁེ་ན་རྀ་ཏཿ.....སྡུག་བསྔལ་ཀྱིས་གཟིར། ཞེས་པ། དེར་གནས་རྣམ་དབྱེ་སོགས་ཀྱིས་གསུམ་པ་བསྡུས། དུཿཁརྀ་ཏཿ ཞེས་པའི་རྀ་ཨཱར྄་བྱས། དུཿཁཱ་རྟཿ .....སྡུག་བསྔལ་གྱིས་གཟིར། གསུམ་པའི་ཚིག་སྡུད་མིན་ན་ཨཱར྄་དུ་མི་འགྱུར་ཏེ། པྲྀ་སྐྱོང་བར་བྱེད་པ་དང་རྫོགས་པར་བྱེད་པ་ལའོས། བྱིངས་པྲྀ་བཞག །དབྱངས་དང་ཞེས་པས། རྐྱེན། ཨ་ལ྄་བྱིན། ལ྄་རྗེས་འབྲེལ་ཕྱིས། ནཱ་མི་མཐའི་བྱིངས་ཡོན་ཏན་ཨར྄་བྱས། མཚམས་སྦྱར་བས། བ་ར་གྲུབ། ཙནྡྲ་པ་ལས། མ་ངྷྱ་ཨ་དི་དག་ལས་མའོ། །ཞེས་པས། མ་རྐྱེན་བྱིན། སི་རྣམ་བཅད་བྱས། པ་ར་མཿ.....མཆོག་གམ། མི་ཟད་པའི་ཙ། སི་འཇིག།།རྣམ་པར་བཅད་བྱའི་ཙའམ་ཚ་ལ་ཤའོས། པ་ར་མཤཙ། སརྦ་ནཱ་མའི། ཨ་དས྄། སི། ཏྱ་ཏ྄་སོགས་ཀྱི་རྣམ་དབྱེ་ལ་ཨའོས། ཨ་ཡིག་ལ་ཨ་དབྱི། སི་ལ་སའོ། ཞེས་པས། ད་ས་རུ་བསྒྱུར། སི་ལ་ཨཽ་སྟེ་སི་དབྱི་བའང་ངོ༌། །ཞེས་པས། པ་ར་མ་ཤྩཱ་སཽ་རྀ།.....མཆོག་ཀྱང་འདི་ཡིན་པ་དང་། ཏ་ཤྩ།.....གཟིར་བ་ཡང་། ཞེས་པ་ལ། དེར་གནས་རྣམ་དབྱེ་ཕྱིས། པ་ར་མ། རྀ་ཏཿ མཚམས་སྦྱར་བས། པ་ར་མརྟཿ.....མཆོག་ཏུ་གཟིར། དུར྄་སིང྄་ལས། རྀ་ཏིའི་ཁམས་ལ་ཉེར་བསྒྱུར་གྱིས་སོ། །ཞེས་པས། ཉེར་བསྒྱུར་གྱི་ཨའི་ཡི་གེ་བྱིངས་ཀྱི་རྀ་ཡིག་ཕ་རོལ་ལ་ཨར྄་དུ་འགྱུར་ཞིང་ཕྱི་མ་དབྱི་བའང་བྱ་སྟེ། རྀཙྪ་འགྲོ་བ་དང་དབང་པོ་དང་འཇིག་པ་དང་ལུས་ཀྱི་དངོས་པོ་རྣམས་ལའོས། བྱིངས། རྀཙྪ་བཞག །པྲ་སྔོན་དུ་བཞག །བརྟ་མཱ་ནའི་ཏི་བྱིན། པྲ་རྀཙྪ། ཏི། ཞེས་གནས་པར། ཨན྄་བི་ཀ་ར་ན་བྱིན། པྲ་རྀཙྪ། ཨན྄་ཏི། གང་རྗེས་སུ་འབྲེལ་བ་མི་སྦྱོར། ཞེས་པས་ཨན྄་གྱི་ན྄་ཕྱིས། རྀཙྪ་ལ། ཨ་བྱིན། རྀཙྪ་ཏི། གྲུབ། ཉེར་བསྒྱུར་དང་སྦྱར་བས། པྲ་རྀ་ཙྪ་ཏི། པྲཱ་རྩྪ་ཏི། དུར྄་སིང྄་ལས། མིང་ནི་ཁམས་ལ་ཡང་སྟེ། ཞེས་པས། རྀཥ྄་འགྲོ་བ་ལ། བརྟ་མ་ནའི་ཏི། ཨུ་པ་སྔོན་དུ་བཞག། རྀ་ཥི་བྲྀ་ཥི་དག་ལས་ཡན྄་བཞིན་ནོས། ཨ་བྷ་བྱིན། རྀ་ཥ྄། ཨ་བྷ། ཞེས་གནས་པར། ཁྱུ་མཆོག་དང་ཉེ་བར་བདག་ཉིད་འགྲོ་འོས་དང༌། མིང་ལས་བདག་ཉིད་འདོད་པ་ལ་ཡིན྄་འོས། ཡིན྄། རྐྱེན་བྱིན། ཡིན྄་ལ་ཨ་ཡིག་གིའོས། ཨ་བྷའི་ཨ་ཨཱི་རུ་བྱས། ཨུ་པ་རྀ་ཥ་བྷཱི་ཡ་ཏི། ཨུ་པཱ་རྵ་བྷཱི་ཡ་ཏི། ཨུ་པ་རྵ་བྷཱི་ཡ྄་ཏི་.....ཉེ་བའི་ཁྱུ་མཆོག ། མཧཱརྀཥི། མ་ཧ་རྵི་.....དྲང་སྲོང་ཆེན་པོ། པུ་རུ་ཥ་.....སྐྱེས་བུ། རྀ་ཥ་བྷ་.....ཁྱུ་མཆོག ། མཚམས་སྦྱར་བས། པུ་རུ་ཥ་རྵ་བྷ་ལྟ་བུ་སོགས་སོ། །
༈ ལྀ་ཝ་རྞེ་ཨལ྄། ལྀའི་ཡི་གེ་ལ་ཨ་ལ྄འོ། །ཨའི་ཡི་གེ་རིང་ཐུང་དག་ལྀའི་ཡི་གེ་དག་ལ་ཨལ྄་དུ་འགྱུར་ཞིང་ཕྱི་མའང་དབྱི་བར་བྱེད་དེ། ཡུ་ཥཱི་འཚེ་བ་ལའོས། ཡུ་ཥི་བཞག །ཨཱི་རྟགས་དོན་ཕྱིས། ཨུ་ཥི་ཨ་སི་དག་ལས་མ་དིཀ྄་འོས། མད྄་རྐྱེན། ཨི་དང་ཀ྄་རྟགས་དོན། སྦྱར་བས། ཡུ་ཥྨད྄་.....ཁྱོད། གྲུབ། རྣམ་དབྱེ་ངས྄་བྱིན། ང྄་རྗེས་འབྲེལ། ཡུསྨད྄། ཨས྄། ཞེས་གནས་པའི་ཡུསྨད྄་རྣམ་དབྱེ་བཅས་པ་ཏ་བ་རུ་བྱས། ཊུཀྲྀཉ྄་བྱེད་པ་ལའོས། ཀྲྀ་བཞག །ཊུཉ྄་ཕྱིས། ལྀ་སྔོན་དུ་བཞག ། ལྀ་ཀྲྀ། གྷ་ཉ྄་རྐྱེན། རྀ་འཕེལ་བ། ཨར྄། གྷ྄་ཉ྄། རྗེས་འབྲེལ་ཕྱིས། མཚམས་སྦྱར་བས། ལྀ་ཀཱ་རཿ.....ཡི་གེ། སི་རྣམ་བཅད་བྱས་པ། ཏ་བ་ལྀ་ཀཱ་རཿཏ་པ་ལྐཱ་རཿ.....ཁྱོད་ཀྱི་ལྀ་ཡིག །
༈ ཨེ་ཀཱ་རེ་ཨཻ་ཨཻ་ཀཱ་རེ་ཙ། ཨེ་ཡིག་ལ་ཨཻ་སྟེ་ཨཻ་ཡིག་ལའང་ངོ༌། །ཨ་ཡིག་རིང་ཐུང་དག་ནི་ཨི་ཡིག་ཕ་རོལ་ལ་ཨཻ་རུ་འགྱུར་ཏེ། ཨཻ་ཡིག་ཕ་རོལ་ལའང་ཨཻ་རུ་བསྒྱུར་ཏེ་ཕ་རོལ་འང་དབྱིའོ། ཨི་ཊ་བསྟོད་པ་ལའོས། ཨི་ཊ་བཞག །རྐྱེན་བུཎ྄་བྱིན། ཡུ་བུ་ཛྷ་རྣམས་ཀྱི་ཨན྄་ཨ་ཀ་ཨནྟ་རྣམས་སོས། བུ། ཨ་ཀ། ཉིད། ཨུ་པ་དྷཱ་ནཱ་མིའི་འང་ཡང་བའི་འོས། ཨི་ཊའི་ཨུ་པ་དྷཱ། ཡོན་ཏན་ཨེ་ཉིད། ཨེ་ཊ་ཀ།། ཞེས་གནས་པར། ཨ་ལས་ཨཱ་པུའོས། ཀའི་རྐྱེན་ལ་བུད་མེད་བྱས་པའི་ཨཱ་ཕ་རོལ་ལ་ཨ་ཡིག་སྔ་མ་ཨི་ཡིག་ཏུ་བྱས། ཨེ་ཊི་ཀཱ། སི་ཤྲདྡྷཱ་ལས་དབྱི། ཏ་བ་སྔོན་དུ་བཞག །ཏ་བ།.....ཁྱོད་ཀྱི། ཨེ་ཊི་ཀཱ།.....ལུག།།ཏ་བཻ་ཊི་ཀཱ།.....ཁྱོད་ཀྱི་ལུག ། ཁཊ྄་འདོད་པ་ལའོས། ཁ་ཊ྄་བཞག །ཨ་ཤི་ལ་ཊི་ཁ་ཊི་བི་ཤི་རྣམས་ལས་ཀྭའོས། རྐྱེན་ཀྭ། ཁཊ྄། ཀྭ། ཀ྄་ཕྱིས། བ་བཞག །ཁཊ྄། བ། སྦྱར་བས། ཁ་ཊྭ། བུད་མེད་ལ་ཨ་ལས྄་ཨཱ་པ྄འོས། ཨཔ྄་བྱིན། ཁ་ཊྭཱ་ཁྲི།སི་ཤ྄དྡྷཱ་ལ་དབྱི། ཨིན྄་འགྲོ་བ་ལའོས། ཨི། བུད་མེད་ལ་རྐྱེན་ཀྟི། ཀ་ལ་ཡ་ཎ྄་བཞིན། མི་ཤེས་སྨད་དང་མི་ནུས་དང༌། །དེ་བཞིན་ཐུང་དང་རྗེས་སུ་བརྩེ། །མིད་རྣམས་ལ་ཡང་ཀ་ཞེས་བྱ། །ཞེས་པས། རྐྱེན་ཀཱ་བྱིན། ཀུཉྫ་སོགས་ལས་ཨཱ་ཡན་ཎ྄་བཤད་དོ། །ཞེས་པས་ཨཱ་ཡ་ན་ཎ྄་བྱིན་པས། ཨི་ཏི་ཀ།།ཨཱ་ཡ་ན་ཎ྄། ཞེས་པ་གྲུབ། ཎ྄་ཡིག་དང་པོར་འཕེལ་བའི་དོན། དང་པོའི་ཨི་ཡིག་འཕེལ་བ་ཨེ་ཡིག་ཉིད་བྱས། ཨཻ་ཏི་ཀཱ་ཡ་ན།.....ཨེ་ཏི་ཀའི་བུ། གྲུབ། ཁེ་ཊྭཱ། ཨཻ་ཏི་ཀཱ་ཡན། སི་རྣམ་བཅད། ཨཻ་ཡིག་ལ་ཨཻ་བྱས། ཁ་ཊྭཻ་ཏི་ཀཱ་ཡ་ནཿ.....ཨ་ཏི་ཀའི་བུའི། དྲི་ཨུང྄་སྒྲ་ལ་འོས། དུ་རྗེས། བྱིངས་ཨུ་བཞག།།ཨུཎ྄་ལ་སོགས་པ་རྣམས་མང་པོར་རོ། །ཞེས་པས། རྐྱེན་མ་ཀ།།ཀ྄་རྗེས་འབྲེལ། ཨུ་མ། ཨ་པ྄་བྱིན། པ྄་རྗེས་འབྲེལ། མཚུངས་འདྲ་རིང་པོ། ཕ་རོལ་ཕྱིས། སི་ཤྲདྡྷཱ་ལས་དབྱི། ཨུ་མཱ།.....ལྷ་མོ་ཨུ་མ། སརྦ་ནཱ་མའི། ཨེ་ཏ་ཏ྄། སི། ཏྱད྄་སོགས་ཀྱི་རྣམ་དབྱེ་ལ་ཨའོས། ཏ྄་ཨ་བྱས། ཨ་ཡིག་ལ་དབྱིའོས་ཏ་གོང་མའི་ཨ་ཕྱིས། ཏའིའང་ངོ༌། །ཞེས་པས། ཏ་ཡིག་ས་ཡིག་ཏུ་བྱས། ཨེ་ས། ཨ་ལས་ཨཱ་པ྄འོས། ཨཱཔ྄་བྱིན། ཨེ་སཱ་གྲུབ། ཤྲདྔྷཱ་ལས་སི་དབྱི། ནཱ་མི་དང་ཀ་དང་ར་ལས་ཕ་རོལ་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སི་ཥ་སྟེ་ནུ་དང་རྣམ་པར་བཅད་པ་དང་ཥབར་ན་ཡོད་ཀྱང་ངོ༌། །ཞེས་པས་རྣམ་འགྱུར་གྱི་ཨེ་སའི་ས་ཥ་ཉིད། ཨུ་མཱ། ཨཻ་ཥཱ།.....ལྷ་མོ་དཀའ་ཟློག་མ། ཨུ་མཻ་ཥཱ།.....ལྷ་མོ་ཨུ་མ་འདི། ཨི་ཥུ་འདོད་པ་ལའོས། ཨི་ཥུ། ཨུ་རྗེས། བྲ་སྔོན་དུ་བཞག རྐྱེན་ཨ་ཙ྄། ཡོན་ཏན་ནོས། ཨི་ཨེ། པྲ། ཨེ་ཥཿ སི་རྣམ་བཅད། པྲཻ་ཥཿ.....རབ་ཏུ་འདོད། ཡང༌། ཨི་ཥུ། ཨུ་རྗེས་འབྲེལ། པྲ་སྔོན། རྀ་ཡིག་དང་གསལ་བྱེད་མཐའ་ལས་Ἐ་ཎ྄འོས། རྐྱེན་Ἐ་ཎ྄། པྲ། ཨིཥ྄། ཡ། གྷྲཎ྄། རྗེས་འབྲེལ། ཉ྄་ཎ྄་ངག་གིས་ཡོན་ཏན། པྲ་ཨེ་ཥྱཿ.....རབ་ཏུ་འདོད། པྲཻཥྱཿ ཨིཎ྄་འགྲོ་བ་ལའོས། ཨིཎ྄་བཞག །པྲ་སྔོན་དུ། ཎ྄་རྗེས་འབྲེལ། ཨི། བརྟ་མཱ་ནའི་ཏི། ཨན྄་ནི། ཨད྄་སོགས་ལས་འཇིག་གོ །ནཱ་མའི་མཐའི་བྱིངས་ཡོན་ཏན་ནོས། པྲ་ཨེ་ཏི། པྲཻ་ཏི་.....རབ་ཏུ་འགྲོ། ཨེ་དྷ་འཕེལ་བ་ལའོས། ཨེ་དྷ་བཞག །པྲ་སྔོན་དུ། བརྟ་མཱ་ནའི་ཨདྨ་ནེའི་ཏེ་བྱིན། པྲ་ཨེ་དྷ྄། ཏེ། བར་ཏུ་ཨན྄། བྱིན། ན྄་རྗེས་འབྲེལ་ཕྱིས། པྲ་ཨེ་དྷ་ཏེ།.....རབ་ཏུ་འཕེལ། པྲཻ་དྷ་ཏེ།.....རབ་ཏུ་མཐོ་བ། འོ་ན་ཿཔྲཻཋྱཿ.....རབ་ཏུ་མཐོ་བ། ཇི་ལྟར་ཞེ་ན། ཨིཥ྄་མཐོ་བ་ལའོ། །ཞེས་པ་འདིའི་གཟུགས་དེ་དག་གོ །སྭའི་སྒྲའི་ཨ་ཡིག་ནི་ཨི་ར་དང་ཨཱི་རི་ཎ་དག་ཕ་རོལ་ལ་ཨཻ་ཉིད་དུ་བཤད་པར་བྱ་སྟེ། ཕྱི་མ་དབྱི་བའང་ངོ༌། །ཉི་ཥྭཔ྄་ཉལ་བ་ལའོས། ཉིཥྭ་པ྄་བཞག །ཉི་ནི། ཉི་རྗེས་སུ་འབྲེལ་བ་འདོད་པ་བློ་སོགས་ཀྱི་དོན། པ྄འི་ཨ་བརྗོད་དོན། ཉི་ཕྱིས། ཥྭཔ྄་ཊ་རྐྱེན། ཊ་ལ་མཐའི་དབྱངས་སོགས་དབྱི་བས། ཨ་དང་པ྄་ཕྱིས། ཊ་ཡིག་རྗེས་འབྲེལ། སྭ། ཨི་རཾ། སཱ་ཨཱི་རི་ཏཱི། སྭཻ་རི།.....རང་འདོད་མ་སྟེ་སྨད་འཚོང་མ།.....སཻ་རི་ཎཱི།
༈ ཨོ་ཀཱ་རེ་ཨཽ་ཨཽ་ཀཱ་རེ་ཙ། ཨོ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལའང་ངོ༌། །ཨ་ཡིག་དག་ནི་ཕ་རོལ་ཨོ་དང་ཨཽ་དག་ལ་ཨཽ་ཡིག་ཏུ་འགྱུར་ཏེ། ཕྱི་མ་དབྱི་བ་ཡང་བྱ་སྟེ། ནཱ་དྷྲྀ་དང་ནཱ་ཐྲྀ་ཉེ་བར་གདུང་བ་དང་དབང་ཕྱུག་དང་ཤིས་པ་རྣམས་ལ་ཡང་ངོ༌། །ཞེས་པས། ནཱ་ཐྲྀ་བཞག །རྀ་ནི། ཤ་སུ་དང་རྀཏ྄་རྗེས་སུ་འབྲེལ་བ་རྣམས་ཀྱི་མ་ཡིན་ནོ། །ཞེས་པས་རྟགས་དོན། ཨཙ྄་རྐྱེན། ཙ྄་རྗེས་འབྲེལ། ནཱ་ཐ།.....མགོན་པོ། གྲུབ། བདག་པོ་ལ་ཞེས་པའི་རྣམ་དབྱེ་དྲུག་པའི་ང྄ས། ང྄་ཡིག །ང྄ས་སྱའོ། །ཞེས་པས་ཁྱད་དོན་ཕྱིས། ཨས྄་སྱ་བྱས། ནཱ་ཐསྱ།.....མགོན་པོའི། ཨུཥ་སྲེག་པ་ལའོས། ཨུ་ཥ྄། ཨ་སུན་རྐྱེན། ཨུ་ན྄་བརྗོད་དོན་ཕྱིས། ཨུ་པ་དྷཱ་ནཱ་མིའང་ཡང་བའི་འོས། ཡོན་ཏན། ཨུ་ཥའི་ཛ་ཡང་ངོ༌། །ཞེས་པས། ཥ་ཛ་རུ་བསྒྱུར། ཨོ་ཛས྄། སི་གསལ་བྱེད་ལས་དབྱི། ས྄་རྣམ་བཅད། ནཱ་ཐ་སྱ་ཨོ་ཛཿ དེར་གནས་རྣམ་དབྱེ་དབྱིའོས། རྣམ་དབྱེ་ངས྄་ཕྱིས། ནཱ་ཐ་ཨོ་ཛཿཞེས་པ། ཨོ་ལ་ཨཽ་སྟེ་སོགས་ཀྱིས། ནཱ་ཐཽ་ཛཿ.....མགོན་པོའི་གཟི་བརྗིད། གམླྀ་འགྲོ་བ་ལའོས། གམླྀ་བཞག །ཨུ་པ་སྔོན། ལྀ་རྗེས་འབྲེལ། ཨུ་ཎ྄འི་ཊུ་རྐྱེན། ཊ྄་རྗེས་འབྲེལ། བྱིངས་མཐའི་དབྱངས་སོགས་དབྱི། གུ། བུ་རྒྱུད་ལ་ཨཎ྄་ཡང་ན་འོས། ཨཎ྄། ཨུ་པ་གུ། ཨཎ྄། ཞེས་གནས་པར། ཎ྄་ནི། ཎ྄་དང་བཅས་པ་ལ་དང་པོར་འཕེལ་བའོས་ཕྱིས། ཨུ་པའི་ཨུ་ནི། ཨོ། ཨུའི་ཡི་གེ་རྣམས་ནི་ཨེ་ཉིད་དུ་ཐོབ་པར་བྱའོས། གུའི་ཨུ་ནི་ཨོ་བྱས། གོ། ཨ། ཞེས་གནས་པར། ཨོ་ཨ་བ྄་བྱས། སྔོན་དུ། ཁ་ཊྭཱ།.....ཁྲི། ཨཽ་པ་ག་བཿ.....ཨུ་པ་གུའི་བུ། སི་རྣམ་བཅད། ཨོ་དང་ཨཽལ་ཨཽ་བྱས། ཁ་ཊྭཽ་པ་ག་བཿ.....ཉེ་བའི་སྣར་མའི་བུའི་ཁྲི། སྐབས་གསུམ་ལྷག་མར། མཐོ་རིས་རྡོ་རྗེ་འོད་ཟེར་དང། །ཕྱུགས་ལ་གོ་ནི་སྐྱེས་པ་སྟེ། །སྣར་མ་འདའ་མིག་ཕྱོགས་དག་ས། ཆུ་ལ་མང་པོར་བུད་མེད་དོ། །ཞེས་གསུངས་པ་ལྟར་བྱས་ན་ལེགས། ཡང་དུར྄་སིང྄་ལས། ཉེར་བསྒྱུར་ཨ་ཡིག་དབྱི་བ་ཁམས་ལས་སོ། །ཞེས་གསུངས་པས། ཉེར་བསྒྱུར་གྱི་ཨ་ཡིག་ནི་ཕ་རོལ་ཨོ་ཡིག་དག་ལས་དབྱི་སྟེ། ཨུཥ྄་སྲེག་པ་ལའོས། ཨུཥ྄་བཞག །པྲ་སྔོན་དུ། པྲ་ཨུཥ྄། བརྟ་མཱ་ནའི་ཏི། ཨན྄་བི། ཡོན་ཏན། པྲ། ཨོ་ཥ་ཏི། ཞེས་པར་པྲའི་ཨ་ཕྱིས། པྲོ་ཥ་ཏི།.....རབ་ཏུ་སྲེག་པ། དུར྄་སིང྄་ལས། ཨི་ན་དང་ཨེ་དྷ་དག་ལམ་ཡིན་ནོས། ཉེར་བསྒྱུར་གྱི་ཨ་ཁམས་དེ་གཉིས་ལ་མི་དབྱི་སྟེ། ཨུ་པ། ཏི། ཞེས་པར། ཨུ་པཻ་ཏི།.....ཉེ་བར་འགྲོ། ཨུ་པ་ཨེ་དྷ། ཞེས་པར། ཨུ་པཻ་དྷ་རེ།.....ཉེ་བར་འཕེལ། ཡང་དུར྄་སིང྄་ལས། མིང་གི་ཁམས་ལ་ཡང་ནའོ། །ཞེས་པས། མིང་གི་ཁམས་ཕ་རོལ་ལ་ཉེར་བསྒྱུར་ཨ་དབྱི་བ་གདམ་ང་ཅན་ཏེ། ཨུ་པ་ཨེ་ཀཱི་ཡ་ཏི། ཞེས་པར། ཨུ་པེ་ཀཱི་ཡ་ཏི།.....ཉེ་བར་གཅིག་འདོད། ཉེར་བསྒྱུར་ཨ་ཕྱིས་པ། ཨུ་པཻ་ཀཱི་ཡ་ཏེ།.....ཉེ་བར་གཅིག་འདོད། ཨམ་ཕྱིས་པ། པྲ་ཨོ་ཥ་ངྷི་ཡ་ཏེ། ཞེས་པར། པྲོ་ཥ་ངྷི་ཡ་ཏི། ཕྱིས་པ། པྲཽཥ་དྷི་ཡ་ཏི། མ་ཕྱིས་པ། བྱིངས་སྒྲུབ་མང་དོགས། །
༈ དུར྄་སིང྄་ལས། ཨོཥྛ་དང་ཨོ་དུ་དག་ལས་བསྡུ་བ་ལ་ཡང་ནའོ། །ཞེས་པས། ཚིག་སྔ་མའི་ཨ་ཡིག་ནི། ཨོཥྛ་དང་ཨོ་དུ་དག་ཕ་རོལ་ལ་ཚིག་སྡུད་ཡོད་ན་དབྱི་བ་ཡང་ན་བྱེད་པའོས། །སྠཱུ་ལ་ཡོངས་སུ་འཕེལ་བ་ལའོས། སྠཱུ་ལ་བཞག །ཙུ་ར་སོགས་ལས་ཀྱང་ངོས། ཨིན྄། རྐྱེན། ཨའི་ཡང་དབྱི་འོས། ལའི་ཨ་དབྱི། དབྱངས་དང་ཞེས་པས། ཨལ྄། རྐྱེན། སྠཱུ་ཨིན྄། ཨལ྄། ཞེས་པར། ཨིན྄་ཀཱ་རི་ཏ་ཕྱིས། མཚམས་སྦྱར། སི་རྣམ་བཅད། སྦོམ་པོ།.....སྠཱུ་ལཿ ཨ་པ་དང་རཀྵ་བསྲུང་པ་ལའོས། ཨ་བ་བཞག བའི་ཨ་བརྗོད་དོན། ཨབ྄། སི། ཏ་ནི། ག་མི། མ་པི། པ་ཙི། ཨ་བི། དྷཱ་ཉ། ཀྲུ་ཤི་རྣམས་ལས་ཏུན྄་འོས། ཏུན྄། རྐྱེན། ན྄་དབྱངས་ཀྱི་དོན། ཙནྡྲ་པ་ལས། ཛྭ་ར྄་ཏྭ་ར྄། ཨ་བ་ཤྲི་བུ། མཔ྄་རྣམས་ཀྱི་མཐའ་ཉེ་དང་བཅས་པའི་འོ། །ཞེས་པས། ཨ་བ྄འི་བ྄་ཨཱུཋ྄་བྱས། ཋ྄་ནི། ཨུཋ྄་ལ་ཞེས་པའི་རྟགས་དོན། ཨིཀ྄་ཀི་ཨར྄་ཨེང་ངོས། ཞེས་པས། ཨོ་ཏུ། སི། ཞེས་པར། སི་རྣམ་བཅད། ཨོ་ཏུཿ སྠཱུ་ལ།.....སྦོམ་པོ། ཨོ་ཏུཿ.....བྱི་ལ། ལའི་ཨ་ཕྱིས་ན། སྠཱུ་ལོ་ཏུཿ མ་ཕྱིས་ན། སྠཱུ་ལཽ་ཏུཿ མཱུང྄་འཆིང་བ་ལའོས། མཱུང྄་བཞག །ང྄་རྗེས་འབྲེལ། བི་སྔོན་དུ་བཞག །བི་མཱུ། ཊ྄་རྐྱེན། ཊ྄་རྗེས་འབྲེལ། མཐའི་དབྱངས་སོགས་དབྱི། བི་མ། བྱིངས་དོན་ལ་ཨིན྄་བྱིན། རྟགས་མཐའི་ཨ་དབྱི། བི་མིན྄། ཨུ་ལྭ་ལ་སོགས་པ་རྣམས་སོ། །ཞེས་པས། བ་རྐྱེན། ཀཱ་རི་ཏའི་ཨཱཾ་ཨི་ཊ྄་བི་ཀ་ར་ཎ་མ་ཡིན་པ་ལའོས། ཨིན྄་ཀཱ་རི་ཏ་དབྱི། སི་རྣམ་བཅད། བིམྦཿ ཨུཥ྄་སྲེག་པ་ལའོས། ཨུཥ྄་བཞག །ཨུ་ཥི། ཀུ་ཥི། གཱ། ཨརྟི་རྣམས་ལས་ཐན྄། ན྄་དབྱངས་དོན། ཨུ་བ་དྷཱ་ནཱ་མའི་ཡང་བའི་ངའོ། །ཞེས་པས། ཡོན་ཏན་ཨོ་བྱས། ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོས། ཐ་ཋ། སི་རྣམ་བཅད། ཨོཥྛཿ ཚིག་སྡུད་སྔར་བཞིན་རྣམ་དབྱེ་ཕྱིས། བིམྦ།.....རྒྱ་སྐྱེགས་ཀྱི་འབྲས་བུ་དམར་པོ་སོགས་ཡིན་ཏེ། འགྲེལ་པ་ཟླ་ཟེར་ལས། བིམ་པ་ནི་ཛིར་མུར་ཀའོ། །མིང་གི་རྣམ་གྲངས་གཞན་ཡང་འབྲས་བུ་དམར་པོ་ཞེས་བྱའོ། །ཞེས་སོ། །ཨོཥྛཿ ཨ་ཕྱི་མི་ཕྱི་ཡང་ན་བྱས་པས། བིམྦོ་ཥྛཿ.....བིམ་པའི་མཆུ། བིམྦཽ་ཥྛཿཨཀྵུ་ཀུན་ཏུ་ཚོགས་པ་ལའོས། ཨཀྵུ་བཞག །ཨཱུ་རྗེས་འབྲེལ། ཨཙ྄་རྐྱེན། ཙ྄་དབྱངས་དོན། སི་རྣམ་བཅད། ཨཀྵཿ ཨཱུ་ཧ། མིང་ལ་རིགས་མ་ཡིན་པ་ལ་ཎི་ནི་སྟེ་དེའི་ངང་ཚུལ་ལའོས། ཎི་ནི་རྐྱེན། ནའི་ཨི་བརྗོད་དོན། ཎིའི་ཎ་རྗེས་འབྲེལ། ཨཀྵཿཨཱུ་ཧིན། ན་ད་སོགས་ཀྱིས་ཨཱིཔ྄་བྱིན། ཨཱུ་ཧི་ནཱི། སི་ཨཱིཡིག་མཐའ་ལས་དབྱིའོས། ཚིག་སྡུད་བྱས། ར་ཥ་རིའི་ཡི་གེ་རྣམས་ལས་མཐའ་མིན་པའི་ནའི་ཎ་བྱས། ཨཀྵ། ཨཱུ་ཧི་ཎཱི། ཨཀྵའི་ཨ་ནི། ཨཱུ་ཧི་ཎཱི་ཕ་རོལ་ལ་ཨཽ་དང༌། ཕ་རོལ་ཨཱུ་ཡང་དབྱི། ཨཀྵཽ་ཧི་ཎཱི།.....དམག་མིག་གིས་མི་བཟོད་པ། དུར྄་སིང྄་ལས། པྲ་ཨོཌྷ་དང་པོ་དག་ལ་ཡང་ངོ༌། །ཞེས་པ་པྲའི་སྒྲའི་ཨ་ཡིག་ནི། ཨཱུ་ཧ། ཨཱུ་ཌྷ། ཨཱུ་ཌྷི། ཕ་རོལ་ཨཽ་ཉིད་དུ་འགྱུར་ལ། ཕྱི་མ་དབྱི་བ་ཡང་བྱ་སྟེ། ཨཱུ་ཧ་རྣམ་པར་རྟོག་པ་ལའོས། ཨཱུ་ཧ་བཞག །དངོས་པོ་ལ་ཞེས་པས། གྷཉ྄་རྐྱེན། ཨཱུ་ཧ། གྷཉ྄། ཞེས་གནས་པར། གྷ྄་དང་ཉ྄་རྗེས་འབྲེལ། པྲ་སྔོན་དུ་བཞག པྲ། ཨཱུ་ཧ། ཞེས་པའི་པྲའི་པྲཽ་དང༌། ཕ་རོལ་ཕྱིས། སི་རྣམ་བཅད། པྲཽ་ཧཿ.....རབ་ཏུ་རྟོག་པ། པྲ་ཨཱུ་ཧ། བཞག ཨུ་ཎ྄འི། ཀྟི་རྐྱེན། པྲ་ཨཱུ་ཧ། ཀྟི། ཀ྄་རྗེས་འབྲེལ་ཕྱིས། ཧའི་ཌྷ་ཉིད། གྷ་ཌྷ་དྷ་བྷ་རྣམས་ལས་དྷཱ་མིན་པ་ཞེས་པས་དྷ་བྱས། ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོས། དྷའི་ཌྷ་བྱས། ཌྷ་ལ་ཌྷའི་དབྱི་སྟེ་ཨུ་པ་དྷཱའི་རིང་པོ་ཡང་ངོས། པྲ་ཨཱུ་ཌྷ་ཌྷི། ཞེས་གནས་པའི་ཌྷ་ཕྱིས། ཨུ་པ་དྷཱ་རིང་པོ། སི་རྣམ་བཅད། པྲ། ཨཱུ་ཌྷཿ པྲ་ཨཱུ་ཌྷིཿ པྲཽ་ཌྷཿ པྲཽ་ཌྷིཿ.....འཕེལ་བ། །
༈ གསུམ་པ་ནི། ཨི་ཝརྞེ་ཡ་མ་བཱ་ཝརྞེ་ན་ཙ་པ་རོ་ལོཾ་དྱཿ ཨིའི་ཡི་གེ་འདྲ་བའི་ཡི་གེ་མིན་པ་ལ་ཡ་སྟེ་ཕ་རོལ་དབྱི་བའང་མ་ཡིན་ནོ། །ཨི་ཡིག་འདྲ་བའི་ཡི་གེ་མིན་པ་དབྱངས་བཅུ་གཉིས་ཕ་རོལ་ལ་ཡ྄་སྲོག་མེད་དུ་བསྒྱུར་བར་བྱ་སྟེ་ཕ་རོལ་དབྱི་བ་ཡང་མ་ཡིན་ཏེ། གསལ་བྱེད་དབྱངས་མེད་པ་ཕ་རོལ་དབྱངས་དང་སྦྱོར་དགོས་པས་སོ། །བྷཱུ་ཡོད་པ་ལའོས། བྷཱུ་བཞག ཀྟ་རྐྱེན། ཀ྄་རྗེས་འབྲེལ་ཕྱིས། བྷཱུ་ཏཿ སི་རྣམ་བཅད་བྱས། ཏ྄་སཱི་སྐྱོ་བ་ལའོས། ཏ྄་སཱི་བཞག །ཨཱི་ཡིག་ནི། ཌྷཱིད྄ཤྭི་སོགས་ཀྱི་དོན་ཏོ། །བྱིངས་ལས་ཀྱང་ཨིན྄་བྱིན། དེའི་ཕྱིར་ཏ྄་ས྄འི་ཨུ་པ་དྷཱ་རིང་པོ། བྷཱུ་ཏཿཏྲཱ་སིན྄། ཡུཊ྄་རྐྱེན། དེ་ཡི་དེ་ཡིས་བསྡུ་བ་སོགས་ཀྱིས་རྣམ་བཅད་དང་ཀ་རི་ཏ་ཕྱིས། ཊ྄་རྗེས་འབྲེལ། ཡུ་ཨ་ན་བྱས། བྷཱུ་ཏ་ཏྲཱ་ས་ན། ཥ་ཊ་སོགས་ཀྱིས་ཨིའོས། མོ་རྐྱེན་ཨཱི་ལ། ནའི་ཨ་ཕྱིས། བོད་སི་བྱིན། སཾ་བུདྡྷི་ལ་ཐུང་ངུ་འོས། བ་རཱི་ཐུང་ངུ། བྷཱུ་ཏ་ཏྲཱ་ས་ནི།.....འབྱུང་བོ་སྐྲག་བྱེད་མ། གྲུབ། འགྲོ་བའི་བྱིངས་གམླྀ་བཞག །ཉེར་བསྒྱུར་ཨཱད྄་སྔོན། ལྀ་རྗེས་འབྲེལ། ཨཱ་གམ། པཉྩ་མཱིའི་ཧི། རྐྱེན། ཨན྄་བི་ཀ་ར་ན་བྱིན། གམ྄། ཨིཥུ་ཡཾ་རྣམས་ཀྱི་ཚའོས། མ྄་ཚ྄་བྱས། དབྱངས་ལ་ཚ྄་གཉིས། སྒྲ་མེད་ལས་ཚ་གོང་མ་ཙ྄། བྷཱུ་ཏ་ཏྲཱ་ས་ནི་ཨཱ་གཙྪ།.....ཚུར་བྱོན། ཨན྄་བིའི་ཨ་དྲངས། ཧི་དབྱི། ཨའི་ཡི་གེ་སོགས་ཀྱི་ནིའི་ཨིཡ྄། མཚམས་སྦྱར། བྷཱུ་ཏ་ཏྲཱ་ས་ནྱཱ་གཙྪ།.....འབྱུང་པོ་སྐྲག་བྱེད་མ་ཚུར་བྱོན། བྷཱུ་ཡོད་པ་ལའོས། བྷཱུ་བཞག ཀྭིཔ྄་རྐྱེན། ཀྭིཔ྄་ཕྱིས། དུས་དང་དངོས་པོ་དག་ལ་བདུན་པའོས། བདུན་པའི་དི་བྱིན། བྷཱུ། དི་ཞེས་གནས་པར། ད྄་ཡིག །ད་ལྡན་རྣམས་ཀྱི་དོན་ཕྱིས། བྷཱུ། ཨི་ཞེས་གནས་པར། ཨཱིཏ྄་ཨཱུཏ྄་དག་གི་ཨི་ཡ྄་ཨུབ྄་དག་དབྱངས་ལའོས། བྷཱུའི་ཨཱུ་ཡིག་ཨུབ྄། མཚམས་སྦྱར། བྷུ་བི།.....ས་གཞི། གྲུབ། ཥྛ་གནས་པ་ལའོས། ཥྛ་བཞག །ཨ་ངྷི་སྔོན་དུ་བཞག།།ཨ་དྷིཥྛ། ཡུཊ྄་རྐྱེན། ཊ྄་རྗེས་འབྲེལ། ཡུ་ཨ་ན་བྱས། བྷུ་བི། ཨ་དྷིཥྛ་ཨ་ན། མཚུངས་པ་རིང་པོ་ཕ་རོལ་དབྱི་བ་འཇིག་རྟེན་པའི་ཉེ་བར་སྤྱོད་པའི་དོན། སི། ཨི་བརྗོད་དོན། ས྄། མུ། ཨུ་བརྗོད་དོན། མ྄་རྗེས་སུ་ང་རོ་བྱས། བྷཱུ་བི། ཨ་དྷིཥྛ་ནཾ། ཨིའི་ཡི་གེ་ཞེས་པས། བིའི་ཨིཡ྄་བྱས། བྷཱུ་བི། ཨངྷིཥྠཱ་ནཾ།.....ས་གཞི་བྱིན་གྱིས་བརླབས།.....བྷཱུ་བྱ་དྷིཥྠཱ་ནཾ། ཨིཎ྄་འགྲོ་བ་ལའོས། ཨིཎ྄་བཞག ། ཎ྄་ཡིག །སན་ལ་ཨི་ཎ། ཨི་ང་དག་གིས་ག་མིའོ། །ཞེས་པའི་དོན། ཨཱང྄་སྔོན་དུ་བཞག ད྄་ཡིག།། པ་རི་ཨ་པ་ཨཱང་སྦྱོར་བ་ལ། ལྔ་པའོའི་དོན། བྱ་བ་ཡང་དག་པར་མངོན་པར་སྡུད་པ་ལ་དུས་ཐམས་ཅད་དུ་པཉྩ་མཱིའི་དབུ་མའི་གཅིག་ཚིག་གོ །ཞེས་པས་པཉྩ་མིའི། ཧི། བྱིན། ཨན྄་བི། ཨད྄་སོགས་ལས་འཇིག །ཨཱ་ཨི། ཧི། ཞེས་གནས་པར། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེ་བྱས། ཨེ་ཧི།.....ཚུར་སྤྱོན། ཡང་ཡང་ལ་ཎཾ་ཡང་ན་སྟེ་ཚིག་ཀྱང་གཉིས་སོ། །ཞེས་པས། ཨེ་ཧི་ཨེ་ཧི། ཨིའི་ཡི་གེ་ཞེས་པས། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ།།.....ཚུར་སྤྱོན་ཚུར་སྤྱོན་ཐུགས་རྗེ་ཆེན་པོ་ཅན། ཨརྷ་དང་མ་ཧ་མཆོད་པ་ལའོས། མ་ཧ། ད་ལྟར་བ་ལ། ཤནྟྲྀང་ཨཱ་ན་ཤ་དག་གོ །ཞེས་པས། ཤནྟྲྀང་རྐྱེན། ང྄་ཡིག།།ང྄་ལ་ཡོན་ཏན་མ་ཡིན་པའི་དོན་ཏོ། །རྀ་ཡིག།།ཨུཏ྄་རི་ཡིག་རྗེས་སུ་འབྲེལ་བ་ལ་ཨཱིའོའི་དོན། ཤ་ཡིག།།ཤ་ལ་བྱིངས་ཐམས་ཅད་པ་བཞིནའང་ངོ༌། །ཞེས་པའི་དོན་ཏོ། །བྱིངས་ཐམས་ཅད་པ་ལྟར་ཨན྄་བི་ཀ་ར་བྱིན། ནུ་རྗེས་འབྲེལ་ཕྱིས། མ་ཧཱནྟ། སི་གསལ་བྱེད་ལས་དབྱི། བརྩེགས་པའི་མཐའ་དབྱིའོས། ཏ་ཕྱིས། མི་ཟད་པའི་ཙ། སི་འཇིག།།ན་མཐའ་ཙ་ཚ་དག་ལ་ཤ་ཡིག་སྟེ། སྔ་མར་རྗེས་སུ་ང་རོའོས། མ་ཧཱན྄། ཙ། མ་ཧཱཾ་ཤྩ། ཞེས་གྲུབ། སརྦ་ནཱ་མའི་ཨ་དས། སི། ཏྱད་སོགས་ཀྱི་རྣམ་དབྱེ་ལ་ཨའོས། ཏྱད྄་སོགས་བརྒྱད་པོ་རྣམས་ཀྱི་མཐའི་དབྱངས་དང་གསལ་བྱེད་རྣམས་རྣམ་དབྱེ་ཉེར་གཅིག་པོ་ཕ་རོལ་ལ་ཨ་ཡིག་ཏུ་བསྒྱུར། རྟགས་མཐའི་དབྱངས་ཨ་ཡིག་དེ་ལ་ཕྱིས་པས། ཨ་ད་སི། ཞེས་གནས་པར། ཏའིའང་ངོས། ད་ས་རུ་བསྒྱུར་བས། ཨ་ས་སི། སི་ལ་ཨཽ་སྟེ་སི་དབྱི་བའང་འོས། ཨ་སཽ།.....འདི། གྲུབ། དེ་བཞིན་དུ། ཏྱ་ཏ྄། ཏད྄། ཡད྄། ཨེ་ཏ་ཏ྄་རྣམས། སི། མཐའི་དབྱིངས་སོགས་ཨ་བྱས། རྣམ་དབྱེའི་རྒྱུ་ཅན་གྱི་ཨ་ཡིག་ལ་རྟགས་མཐའི་དབྱངས་སོགས་ཕྱིས། ཏྱ། ཏ། ཡ། ཨེ་ཏ། རྣམས་གྲུབ། ཏའིའང་ངོས། སྱ། སི། ས། སི། ཡ། སི། ཨེ་ས། སི། ཞེས་གནས་པར། ནཱ་མི་ལས་སའི་ཥའོས། ཨེ་སའིས་ཥ་བྱས། སི་རྣམ་བཅད་བྱས། སྱཿ.....དེ།.....སཿ ཡཿ.....གང༌། ཨེ་ཥཿ.....འདི། རྣམས་གྲུབ། མ་ཧཱཾ་ཤྩ། ཨ་སཽ་དང་མཚམས་སྦྱར་བས། འདྲ་བ་རིང་པོས། མ་ཧཱཾ་ཤྩཱ་སོ་.....ཆེན་པོ་ཡང་འདི། ཊུ་ཀྲྀཉ་྄བྱེད་པ་ལའོས། ཊུ་དང་ཉ་྄རྗེས་འབྲེལ། རིམ་པས་ཕྲལ། ཀྲྀ་རྀ་རཱྀ་ཀྲཱྀ་ཏྲཱྀ་བྲྀ་ཡ་མི་དཱ་རི་ཨཏྫི་རྣམས་ལས་ཨུ་ནའོ། །ཞེས་པས། རྐྱེན་ཨུ་ན་བྱིན། ནཱ་མི་མཐའི་དབྱངས་དང་བི་ཀ་ར་ན་དག་གི་ཡོན་ཏན་ནོ། །ཞེས་པས། ནཱ་མིའི་ཡོན་ཏན་རྀ་ཨར྄་བྱས། ཀར྄། ཨུ་ན། ཞེས་པར། སྒྲ་གཞུང་ལས། དབྱངས་མེད་དང་སྦྱོར། ཞེས་པས། ཀ་རུ་ན། སྒྲོལ་ལོ་སྤྱོད་དོའང་ཨི་ཀ་ན། ཞེས་པས། ཨི་ཀ་ཎ་བྱིན་པས། ཀ་རུ་ན། ཨི་ཀ་ཎ། ཎ་ཡིག་ནི། ཎ་དང་བཅས་པར་དང་པོ་འཕེལ་བའོས། ཀཱ་རུ་ན། ཨི་ཀ །ཞེས་གནས་པར། ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་ཡའི་རྐྱེན་ལའང་དབྱིའོ། །ཞེས་པས། ནའི་ཨ་དབྱི། ར་ཥ་རྀའི་ཡི་གེ་ལས་མཐའ་མིན་པའི་ནའི་ཎ་བྱས། ཀཱ་རུ་ཎ྄། ཨི། མཚམས་སྦྱར་བས། ཀཱ་རུ་ཎི་ཀ་.....ཐུགས་རྗེ་ཆེན་པོ། སི་རྣམ་བཅད་དང་ཡང་དོན་ཙ། མ་ཧཱཾ་ཤྩཱ་སཽ་ཀཱ་རུ་ཎི་ཀཤྩ་.....ཆེན་པོ་ཡང་དེ་ཐུགས་རྗེ་ཅན་ཡང་ངོ༌། དེར་གནས་རྣམ་དབྱེ་ཕྱིས། གཞན་གྱིའང་ངོ༌། །དབྱངས་མཐའི་རང་བཞིན་འང་ངོ༌། །ཞེས་པས། མ་ཧཱ་ཀཱ་རུ་ཎི་ཀཿཐུགས་རྗེ་ཆེན་པོ། ཞེས་གྲུབ། པྲ་ཏི། ཨུཏྤ་ནྣ། པྲ་ཏྱུཏྤནྣཿ.....ད་ལྟར་བྱུང་བ། སྨྲྀ་ཏི། ཨུ་པ་སྠཱ་ན།.....དྲན་པ་ཉེར་བཞག།།.....སྨྲྀ་ཏྱུ་པ་སྠཱ་ནཿ ཨ་བྷིཿ ཨུ་ད་ཡ་ལ། ཨ་བྷྱུ་ད་ཡ།.....མངོན་པར་མཐོ་བ། བི། ཨཱུ། ཧ་རཱ་ཛཱ། བྱཱུ་ཧ་རཱ་ཛ།.....རྒྱལ་ཚབ་བམ་བཀོད་པའི་རྒྱལ་པོ། ཨཱ་དི།.....དང་པོ་འམ་གདོད་མ། ཨ་ནུཏྤནྣ།.....མ་སྐྱེས་པ། ཨཱ་ཏྱ་ནུཏྤནྣ། ད་དྷི།.....ཞོ། ཨཱ་ན་ཡ།.....ལོངས་ཤོག། ། ད་དྷྱཱ་ན་ཡཿ.....ཞོ་ལོངས་ཤོག། །ལྟ་བུ།.....སོགས།
༈ ཝ་མུ་ཝ་རྞཿ ཨུའི་ཡི་གེ་ཝའོ། ཞེས་པ་ཨུའི། ཡི་གེ་རིང་ཐུང་དག་འདྲ་བའི་ཡི་གེ་མིན་པའི་དབྱངས་ཕ་རོལ་ལ་ཝ྄་ཡིག་ཏུ་འགྱུར་ཞིང་ཕ་རོལ་ཡང་མི་དབྱིའོ། །ཧ྄ཉ྄་འཕྲོག་པ་ལའོས། ཧ྄ྀ་ཉ྄་བཞག །ཉ྄་རྗེས་འབྲེལ། ཉེར་བསྒྱུར་སམ྄། ཨ་ནུ། ཨཱུང྄་སྔོན་དུ་བཞག །སཾ་ཨ་ནུ་ཨཱ་ཧ྄ྀ། བསྒྲུབ་པ་སོགས་རྣམས་ལ་སཔྟ་མཱིའང་ངོ༌། །ཞེས་པའི་ཊཱིཀྐ་སློབ་ཕན་ལས། བསྒྲུབ་པའམ། འཛུད་པ་དང༌། སྤྱན་དྲངས་པ་དང༌། བོད་པ་དང༌། གསོལ་བ་གདབ་པ་དང༌། དྲི་བ་དང༌། སློབ་པ་ལ་སོགས་པའི་དོན་རྣམས་དྷཱ་རུ་ལ་ལྔ་པ་དང་བདུན་པ་ཡང་འབྱུང་ངོ༌། །ཞེས་པས། པཉྩ་མིའི་བར་སྨཻའི་སྐྱེས་བུ་དང་པོའི་མང་ཚིག་ཨནྟུ། རྐྱེན། བྱེད་པ་པོ་ལ་ཨན྄་བི། ན་རྗེས་འབྲེལ། རྀ་ཨར྄་ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཨའི་དེ་དག་སྟེ་དེ་དབྱི་བའང་ངོ༌། །ཞེས་པས། ཨ་ཕྱི་མ་དབྱི། མཚམས་སྦྱར། ཧིརནྟུ། སྔ་མ་དང་སྦྱར་བས། ས་མནྭཱ་ཧ་ རནྟུ་མཱ་བུདྡྷ་བྷ་ག་ཝནྟཿ.....སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་སུ་གསོལ། ཥ་ཙི་འཁྲུད་པ་ལའོས། ཥ་ཙི་བཞག །ཥའིས། ས་ཙི་ལས་ཏུན྄འོས། ཏུན྄་རྐྱེན། ན྄་དབྱངས་དོན། ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཀིའོས། ཨི་བརྗོད་དོན་ཕྱིས། སཀྟུ།.....ཕྱེ། ཎཱིཉ྄་ཐོབ་པ་ལའོས། ཎཱི་བཞག ། བྱིངས་ཀྱི་དང་པོའི་ཎ་ན། ཨཱད྄་སྔོན་དུ་བཞག །ཨཱ་ནཱི། པཉྩ་མཱིའི་ཧི་རྐྱེན། ཨན྄་བི་ཀ་ར་ན་བྱིན། ཨ་ཡིག་ལས་ཧི་དབྱི། ནཱ་མི་བྱིངས་ཡོན་ཏན་ཨེ། ཨེ་ཨ། ཡ྄་བྱས། སཀྟུ། ཨཱ་ན་ཡ།.....ལོངས་ཤོག་གམ་ཁྱེར་ཤོག །ཨུ་ཝ྄་འོས། སཀྟྭཱ་ན་ཡ།.....ཕྱེ་ཁྱེར་ཤོག །སྦྲང།.....མ་དྷུ་ཨཱ་ན་ཡ།.....ལོངས་ཤོག།། མ་ངྷཱ་ན་ཡ། གམླྀ་འགྲོ་བ་ལའོས། གམླྀ་བཞག །སཾ་ཨ་ནུ་ཨཱད། སྔོན། འགྲོ་བའི་དོན་ཀྟ་རྐྱེན། ཀ྄་རྗེས་འབྲེལ། སཾ་ཨ་ནུ་ཨཱ། གམ྄་ཏ། ལྔའི་ཨུ་བ་དྷཱའི་དྷུ་ཊ྄་ལའང་ཡོན་ཏན་མེད་པ་ལའོས། ཞེས་པས། ཨུ་པ་དྷཱ་གའི་ཨཱ་རིང༌། སཾ་ཨ་ནུ་ཨཱ་གཱམ྄་ཏ། ཞེས་གནས་པར། བ་ན་ཏི་སོགས་ཨིཊ྄་བཀག་པ་དྷུཊ྄་ལ་ལྔ་པ་སྟེ་ཨཱཏ྄འི་ཨཏ྄འང་ངོ༌། །ཞེས་པས། ལྔ་པ་སྟེ་གཱམ྄་གྱི་མ྄་དབྱི། ཨཱ་ཏ྄འི་ཨཏ྄། ཞེས་པས་གཱའི་ཨཱ་ཨཏ྄་བྱས། མཚམས་སྦྱར། ས་མ་ནུ། ཨཱ་ག་ཏཿ ཞེས་པ་འདིས། ཨུ་འདྲ་བ་མིན་པ་ལ་ཝར་བྱས། ས་མ་ནྭཱ་ག་ཏཿ.....ཡང་དག་པར་ལྡན་པ། ཊུ་དྷཱཉ྄་འཛིན་པ་དང་གསོ་བ་དག་ལའོས། ཊུ་དྷཱཉ྄་བཞག །ཊུ་ན་རྗེས་འབྲེལ། དྷཱ་ལས་ཏུན྄་ནོས། རྐྱེན་ཏུན྄། ན྄་དབྱངས་དོན་ཕྱིས། བཛྲ་སྔོན། བཛྲ་དྷཱ་ཏུ། ཨཱི་ཤྭ་རྱཻ། མཚམས་སྦྱར་བས། འདིས་ཨུ་འདྲ་བ་མིན་པ་ལ་ཝ་བྱས། བཛྲ་དྷཱ་ཏྭཱི་ཤྭ་རྱཻ་.....རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། བདྷཱ་འཆིང་བ་ལའོས། ང་དྷཱ་བཞག །རིམ་པས་ཕྲལ། དྷ་ལས་ཨཱ་ཕྱུང༌། ཨཱ་ཡིག་ཨཱ་ཏ྄་རྗེས་འབྲེལ་ལའོས། དོན། ཀྲྀ་ཥི། ཙ་མི། ཏ་ནི། དྷ་ནི། བ་དྷི། ས་སྫི། ཁ་སྫི། རྣམས་ལས་ཨཱུ་འོས། ཨཱུ་རྐྱེན། སི་འཇིག །བ་དྷཱུ།.....བུ་མོ། གྲུབ། ཁྱཱ་གཏམ་པ་ལའོས། ཁྱཱ་བཞག །ཨཱང་སྔོན། ཉེར་བསྒྱུར་ལ་ནི་ཨཱཏ་ལསཊའོས། རྐྱེན་ཊ་བྱིན། ཊ྄་ཡིག་རྗེས་འབྲེལ། བྱིངས་ཀྱི་ཨཱ་དབྱི། མོ་རྐྱེན་ཨཱཔ྄་བྱིན། ཨཱ་ཁྱཱ།.....གཏམ་མམ་སྨྲ། གྲུབ། བ་དྷཱུ་ཨཱ་ཁྱཱ། འདིས་ཨུ་ཝ་བྱས། མཚམས་སྦྱར། བ་དྷྭཱ་ཁྱཱ།.....བུ་མོ་སྨྲ། དྷཱ་ཏུ།.....ཁམས། ཨ་ཡ་ཏ་ན། ཞེས་གནས་པར། དྷཱ་ཏྭཱ་ཡ་ཏ་ན།.....སྐྱེ་མཆེད། ཨ་ཐ་ཁ་ལུ།.....དེ་ནས་སྨྲས་པ། ཨཱ་ཡུཥྨ་ སུ་བྷུ་ཏི།.....ཚེ་དང་ལྡན་པ་རབ་འབྱོར། ཞེས་གནས་པར། ཨུ་ཝ་བྱས་པས། ཨ་ཐ་ཁ་ལྭཱ་ཡུཥྨ་སུ་བྷུ་ཏི།.....དེ་ནས་ཚེ་དང་ལྡན་པ་རབ་འབྱོར་སྨྲས་པ།
༈ རམྲྀ་ཝརྞཿ རྀའི་ཡི་གེ་རའོ། །རྀའི་ཡི་གེ་དག་ཕ་རོལ་འདྲ་བའི་ཡི་གེ་མིན་པའི་དབྱངས་བཅུ་གཉིས་ལ་ར་ཡིག་ཏུ་འགྱུར་རོ། པཱ་སྲུངས་པ་ལའོས། པཱ་བཞག །ཙནྟྲ་པའི་ཨུཎ྄འི་འགྲེལ་པར། ཏྲྀན་གྱི་མཐའ་ཚིག་ཕྲད་དུ་བྱའོ། །ཞེས་པས། ཏྲྀ་ན྄་རྐྱེན། བྱིངས་དེ་ཉིད་ཀྱི་པ་མ་ཉིད་དོ། །ཞེས་གསུངས་པས། མཱ་ཏྲྀ།.....མའོ། རྀ་འགྲོ་བའི་བྱིངས་བཞག །ཨུ་ཥི། གཱ །ཨ་ཏྷི་རྣམས་ལས་ཐན྄་འོས། ཐན྄་རྐྱེན། ན྄་དབྱངས་དོན། རྀ། ཐ། ཞེས་གནས་པར། ན་མཱི་མཐའི་བྱིངས་ཡོན་ཏན། རྀ། ཨར྄། ཨ་རྠཿ.....དོན། སི་རྣམ་བཅད་བྱས་སོ། །པི་ཏྲྀ། ཨརྠཿམ་ཏྲྀ། ཨརྠཿ མཚམས་སྦྱར་འདིས་རྀ་ར྄་བྱས། པི་ཏྲརྠཿ.....ཕའི་དོན། མ་ཏྲརྠཿ.....མའི་དོན། ཊུ་ཀྲྀ་ཉ་བྱེད་པ་ལའོ། །རཱྀ་དང་ཨཱང་སྔོན་དུ་བཞག །རཱྀ། ཨཱ་ཀྲྀ། བུད་མེད་ལ་ཀྟི་འོས། ཀྟི་རྐྱེན། ཀ྄་རྗེས་འབྲེལ། རཱྀ། ཨཱ་ཀྲྀ་ཏི། གྲུབ། འདིས་རཱྀ་ར྄་བྱས། མཚམས་སྦྱར། རཱ་ཀྲྀ་ཏིཿ.....རྀའི་དབྱིབས། གྲུབ།
༈ ལམླྀ་ཝ་རྞཿལྀའི་ཡི་གེ་ལའོ་ལྀའི་ཡི་གེ་དག་འདྲ་བ་མིན་པའི་དབྱངས་ཕ་རོལ་ལ་ལ་རུ་འགྱུར་ཞིང་ཕ་རོལའང་མི་དབྱིའོ། བནྡྷ་འཆི་བ་ལའོས། བནྡྷ་བཞག །ལྀ་དང་ཨནུ་སྔོན། ལྀ་ཨནུ་བནྡྷ། ཨཙུ་རྐྱེན། སི་རྣམ་བཅད། ལྀ་ཨ་ནུ་བནྡྷཿ འདིས་ལྀ་ལུ་རུ་བསྒྱུར། མཚམས་སྦྱར་བས། ལ་ནུ་བནྡྷཿ.....ལྀ་རྗེས་སུ་འབྲེལ་བ།
༈ གཉིས་ཀྱི། ཨི་ལ་ཡ྄། ཨཻ་ཨཱེ་ཡ྄། ཨེ་ཨཡ྄འོ། །ཨོ་ཨབུའོ། །ཨཽ་ཨཱཝ྄་འོ། །ཚུ་རོལ་ཨེ་དག་དང་ཨོ་དག་འདྲ་བ་མིན་པའི་དབྱངས་ཕ་རོལ་ལ་ཨེ་གཉིས་ཨ་ཡུ་དང་ཨཱ་ཡ་རུ་འགྱུར། ཨོ་དག་ཨ་བ྄་དང་ཨཱཝ྄་དག་ཏུ་འགྱུར་ཏེ། ཕ་རོལའང་མི་དབྱིའོ། །དཔེར་ན། བུདྷ་རྟོགས་པ་ལའོས། བུདྷ་བཞག ཀྲི་དང་ནཱ་མི་ཨུ་པ་དྷཱ་ལ་ཀིའོ། །ཞེས་པས། ཀི་བྱིན། རྗེས་འབྲེལ། བུ་དྷི། དང་པོའི་རྣམ་དབྱེ། ཛས྄། ཛ་ཁྱད་དོན་ཕྱིས། བུ་དྷི། ཨས། ཨི་ཨེཏ་ཨུ་ཨོཏ་ཛས྄་ལའོས། རྟགས་མཐའི་ཨི་ཨེཏ྄། ཏ྄་ཡིག ཏའི་དེའི་དུས་ཀྱིའོས། ཁྱད་དོན་ཕྱིས། བུ་དྷེ། ཨས྄། ཞེས་གནས་པར། ཨེ་ཨཡ྄། མཚམས་སྦྱར། བུདྷ་ཡ྄ཿ.....བློ་རྣམས །ག་ཊི་གདོང་གི་ཕྱོགས་གཅིག་ལའོས། ག་ཊི་བཞག།།ཨ་ཙ྄་རྐྱེན། ཨི་ཡིག་ནི། ཙནྡྲ་པར། ཨི་དིཏ་ཀྱི་ནུམ་མོ། །ཞེས་པའི་དོན་ཏེ། འདིས་ནུམ་ཨཱ་ག་མ་བྱིན། མ་ཡིག །མིཏྲ་ཨཙུའི་མཐའ་ལས་ཕ་རོལ་ཏུའོ། །ཞེས་པའི་དོན་ཏོ། །ཨུ་བརྗོད་དོན། གན྄་ཊ྄་ཞེས་པར། སྡེ་པ་ལ་སྡེ་པའི་མཐའ་འོས། །ནཎ྄། གཎྚ། དྷརྨཱ་སྔོན། ནཱ་ད་སོགས་ཞེས་པས། ཨཱི་ཡིག ཨ་དབྱི། གཎྚཱི་ གྲུབ། དྷརྨཱ་གཎྚཱི། བཞི་པའི་དེ་བྱིན། ང྄༌། ཨཻའི་ཨཱས྄་ཨཱས྄ཨམ྄། ཞེས་པས་ཁྱད་དོན་ཕྱིས། དྷརྨཱ་གཎྚཱི། ཨེ། ཞེས་གནས་པར་འདིས། ཨཻ་བྱས། གཎྚྱཻ། ཀུ་ཊ་གྱ་གྱུ་ལའོས། ཀུཊ་བཞག །ཨཱད྄་སྔོན། བྱིངས་ལས་ཀྱང་རྒྱུ་ལའོས། ཨིན྄་བྱིན། ཡོན་ཏན་བྱས། ཨཱ་ཀོ་ཊིན྄། ཨན྄་བི་ཀ་ར་ཎ་བྱིན། ཧི། ཀ་རྀ་ཏ་དབྱི། ཨ་ཡིག་ལས་ཧི་དབྱི། རྟགས་མཐའ། ཡོན་ཏན། ཨཱ་ཀོ་ཊ་ཡ། གྲུབ། དྷ་རྨཱ་གཎྚྱཻ།.....ཆོས་ཀྱི་གཎྚི་བརྡུང་བར་བྱེད། ཨཱ་ཀོ་ཊ་ཡ། ཞེས་པ་འདི་ཨཻ་ཨཱཡུ། ཞེས་པ་འདིས་ཨཻ་ཨཱཡུ་བྱས། དྷརྨཱ་གཎྚྱ་ཡཱ་ཀོཊ་ཡ། གྲུབ། རཱ་ལེན་པ་ལའོས། རཱ་བཞག །རཱ་ཏི་ལས་ཊཻའི་འོས། ཊཻ་རྐྱེན། ཊ་རྗེས་འབྲེལ། མིང་མཐའི་དབྱངས་ཕྱིས། ར་ཨཻ། ཞེས་གནས་པར་དབྱངས་མེད་དབྱངས་འ་དང་སྦྱར། རཻ།.....འབྱར་བ་འམ་རང་ཤིས་སམ་རི་མོའམ་གསེར། གྲུབ་སྟེ། འདི་རྟགས་ཕོ་མོ་གཉིས་དང། དོན་བཞི་ལ་འཇུག་སྟེ། དྲེག་པོའི་འབངས་ཀྱིས། རཻ་ནི་གཉིས་ལ་སྟེ། འབྱོར་པ་དང་རང་ཤཻས་དང་གསེར་དང་རི་མོ་ལ་སྟེ། ཀརྩུ་རམ། ཞེས་གསུངས་པའི་ཕྱིར། དེ་ལ་དང་པོའི་གཉིས་ཚིག་ཨཽ་བྱིན། རཻ། ཨཽ། གནས་པར། འདིས་ཨཽ་དང་ཡུ་འཚམས་སྦྱར་བས། རཱ་ཡཽ།.....རང་ཤིས་དག་གམ་གསེར་དག །ཨེ་གཉིས་སོང༌། ཨོ་དག་གི་དཔེ་ནི། དྷི་འཛིན་པ་ལ་འོས། དྷི་བཞག །དྷེ་ནུ་ལ་སོགས་པ་རྣམས་སོས། ནུ་རྐྱེན། བྱིངས་ལ་ཡོན་ཏན། དྷེ་ནུ།.....བཞོན་མ། གྲུབ། དང་པོའི་ཛས྄་བྱིན། དྷེ་ནུ། རྫས྄། ཞེས་གནས་པར། ཨི་ཨེཏ྄་ཨུ་ཨོཏ྄་ཛས྄་ལའོས། ནུའི་ཨུ་ཨོཏ྄། ཙནྡྲ་པར། ཏ྄་ནི་དེའི་དུས་ཀྱིའོ། །ཞེས་པའི་ཁྱད་དོན་ཕྱིས། ཛ྄་རྗེས་འབྲེལ། ངྷེ་ནོ། ཨས྄། ཞེས་གནས་པར། འདིས། ཨོ་ཨབ྄་རུ་བསྒྱུར། མཚམས་སྦྱར། དྷེ་ན་བཿ.....བཞོན་མ་རྣམས། པཱ་བཏུང་བ་ལའོས། པཱ་བཞག །རྀ་ཏུ་ལ་སོགས་པ་རྣམས་སོས། ཏུ་རྐྱེན། པི་བ་ཏའི། ཨཱི་ཉིད་དུ་བྱས། པཱི་ཏུ། དེ་བྱིན། ང྄་རྗེས་འབྲེལ། དེ་ལའོས། ཨུ་ཨོཏ་བྱས། བཱི་ཏོ། ཨེ། ཞེས་གནས་པར། འདིས། ཨོ་ཨཝ྄་རུ་བསྒྱུར། མཚམས་སྦྱར། པཱི་ཏ་ཝེ།.....ཕའི་ཆེད། གམླྀ་འགྲོ་བ་ལའོས། གམླྀ་བཞག །ལྀ་རྗེས་འབྲེལ། གམ་ལས་ཊོའོས། ཊོ། ཊ྄་ཡིག་ལས་མཐའི་དབྱངས་སོགས་དབྱི། གོ།.....ངག་གམ་རྡོ་རྗེའམ་འོད་ཟེར་སོགས། གྲུབ། ཨ་ག་གྱ་གྱུ་རུ་འགྲོ་བ་ལའོས། བྱིངས། ཨ་ག །ཤུ་ཏྲ་ལ་སོགས་པ་རྣམས་སོས། རཀ྄་རྐྱེན། ཀ྄་རྗེས་འབྲེལ། ཨགྲཾ།.....རྩེའམ་མཆོག །སི། མུ། བྱས། གོ །ཨ་གྲཾ། ཞེས་གནས་པར། ཨོ་ཨབ྄་རུ་བསྒྱུར། དབྱངས་དང་པོ་ཅན་གྱི་ཕྱི་མའི་ཚིག་ལ་ཨ་ཡིག་མཐའ་ཅན་ཡང་ན་བྱ་སྟེ། ག་བ་གྲཾ།.....འོད་ཟེར་ཅན་གྱི་རྩེ། མི་བྱེད་ན། ཨེཏ྄་ཨོཏ྄་དག་ལས་ཕ་རོལ་གྱི་ཨ་ཕྱིས་པས། གོཉ྄གྲཾ།.....འོད་ཀྱི་རྩེ། ལྟ་བུ། ཨ་ཛ་འཕེན་པ་ལའོས། བྱིངས། ཨ་ཛ། ནྲི་ཛི་ན། ཨི་རི་ཎ། བི་སི་ན། ཏུ་ཧི་ན། མ་ཧི་ན། རྣམས་སོས། ཨིན྄་རྐྱེན། གོ་སྔོན་དུ་བཞག །སི། མུ། གོ། ཨ་ཛི་ནཾ། ཞེས་གནས་པར། འདིས་ཨོ་ཨ་བ་ངེས་ཅན་བྱས། ག་བ྄་ཛི་ནཾ།.....བ་ལང་གི་པགས་པ། ཨཀྵུ་ཀུན་ཏུ་ཚོགས་པ་ལའོས། བྱིངས་ཨཀྵུ། ཨུ་ཡིག་ནི། སྭི་ངྷི༌། པཱུ་ཏི། པཱུ་ཡ་ཏི། ཨཱུཏ྄་རྗེས་སུ་འབྲེལ་བ་ལས་སོས། ཁྱད་དོན། ཨཙ྄་རྐྱེན། ཨཀྵ།.....མིག།།གྲུབ། སི་རྣམ་བཅད། གོ་སྔོན་དུ་བཞག །གོ་ཨཀྵཿ ཞེས་གནས་པར། འདིས་ཨོ་ཨ་བ་སྲོག་ཅན་དུ་བྱས། མཚུངས་པ་རིང་པོ། ག་བཱཀྵཿ.....བ་ལང་མིག་སྟེ་སྐར་ཁུང༌། སརྦ་ནཱ་མིའི་ཏད྄། རྣམ་དབྱེ་དང་པོའི། ཨཽ་རྐྱེན། ཏྱད྄་སོགས་ཀྱིས་རྣམ་དབྱེ་ལ། རྟགས་མཐའ་ཨ་རུ་བསྒྱུར། ཨ་ཡིག་ལ་དབྱིའོས། ཏའི་ཨ་ཕྱིས། ཏཽ།.....དེ་དག།།གྲུབ། སརྦ་ནཱ་མིའི། ཨི་དཾ་བཞག །ཨི་དཾ་ལ་ཧ་འོས། དེ་ཕན་གྱི་རྐྱེན། ཧ་བྱིན། དེ་ལ། ཨི་དཾ་གྱི་ཨིའོ། །ཞེས་པས། ཨི་དཾ་ནི། ཨི་ཡིག་ཏུ་བསྒྱུར། ཨི་ཧ། སི་མི་ཟད་པ་ལས་འཇིག །ཨི་ཧ།.....འདི། གྲུབ། ཏཽ་ཨི་ཧ། མཚམས་སྦྱར། འདིས་ཨཽ་ཨཱབ྄་བྱས། ཏཱ་ཝི་ཧ།.....དེ་དག་འདི། གྲུབ།
༈ ཨ་ཡཱ་དཱ་ནཱཾ་ཡ་ཝ་ལོ་པཿ དཱནྟེ་ན་བཱ་ལོ་པེཥུ་པྲ་ཀྲྀ་ཏཿཨཡ྄་ལ་སོགས་པ་རྣམས་ཀྱི་ཡ྄་བ྄་དབྱི་བ་ཚིག་མཐའ་ལ་སྟེ་ཡང་ནམ་ཡིན་ཞིང་ཕྱིས་པ་ལ་ནི་རང་བཞིན་ནོ། །ཞེས་པ། ཨེ་ཨཡ྄་དང་ཨཻ་ཨཱཡ྄་དང་ཨོ་ཨབ྄་དང་ཨཽ་ཨ་ཝ྄་རྣམས་ཀྱི་ཡུ་ཝུ་སྲོག་མེད་དབྱི་བ་ཚིག་མཐའ་ལ་བྱ་སྟེ། ཡང་ན། ཚིག་མཐའ་ལ་ཡང་དབྱི་བ་མ་ཡིན་ལ་ཕྱིས་པ་ལ་ནི་དབྱངས་ཕན་ཚུན་རྣམ་པར་འགྱུར་བ་མཚམས་སྦྱར་མི་བྱེད་པར་སྔ་མའི་རང་བཞིན་དུ་གནས་སོ། །ཀཻ་གཻ་རཻ་སྒྲ་ལའོས། བྱིངས། ཀཻ་བཞག །ཨུཎ྄་གཞན་ལས་ཊི་མ྄འོས། ཊིམ྄་རྐྱེན། ཊ་མཐའི་དབྱངས་སོགས་དབྱི་འོས། ཁྱད་དོན་ཕྱིས། མཐའི་དབྱངས། ཨཻ་ཕྱིས། ཀ །ཨིམ྄། ཞེས་གནས་པར། མཚམས་སྦྱར་བས། ཀིཾ། ཙི། རྣམ་དབྱེ་དང་པོའི་ཛས྄་བྱིན། མིང་ལེ་གསུམ་པར། ཀིཾ་ཀའོ། །ཞེས་པས། ཀིཾ། ནི། ཀ་ཨ་སྲོག་དང་བཅས་པར་སོང༌། མིང་ལེ་དང་པོར། ཛས྄་ཐམས་ཅད་ཨིའོ། ། ཞེས་པས། ཛས྄ཨི་། ཡིག །ཨ་ཨི་ལ་ཨེ་བྱས། མཚམས་སྦྱར་པས། ཀེ་ཅི་རྣམས། གྲུབ། ཨཱ་ས་ཉེ་བར་སྡོད་པ་ལའོས། བྱིངས། ཨཱ་ས་བཞག །ཝ་རྟ་མཱ་ནའི་སྐྱེས་བུ་དང་པོའི་མིང་ཚིག་ཨནྟེ་རྐྱེན། ཨཱ་ས། ཨནྟེ། ཞེས་གནས་པར། བྱེད་པ་བོ་ལ་ཨན྄་བྱིན་པས། ཨཱ་ས། ཨན྄། ཨནྟེ། ཞེས་གནས་པར། ཨད྄་སོགས་ལས་འཇིག ཨ་ཡིག་མིན་པ་ལས་ཨདྨ་ནེ་ལ་ཡང་ངོ༌། །ཞེས་པས། རྐྱེན་གྱི་ན྄་ཕྱིས་པས། ཀེ་ཨཱ་ས་ཏེ།.....ཙིརྣམས་གནས་པར་བྱེད།.....ཀ་ཡཱ་ས་ཏེ། གྲུབ། བྷ་ཛ་དང་ཤྲིཉ྄་བསྟེན་པ་ལའོས། བྷ་ཛ་བཞག གོ་ཙར྄། སཾ་ཙར྄། བཧ྄་བྲ་ཛ། བྱ་ཛ། ཀྲ་མ། ཨཱ་བ་ཎ། ནི་ག་མ྄་ལས་ཀྱང་ངོས། རྐྱེན་གྟ་བྱིན་པས། བྷ་ཛ། གྷ། ཞེས་གནས་པར། གྟ་ནེ། ཙ་ཛ་དག་གི་དྷུ་ཊ྄་གྷ་རྗེས་སུ་འབྲེལ་བ་དག་ལ་ཀ་ག་དག་གོ །ཞེས་པའི་ཁྱད་དོན། དེས་ཛ་ག་བྱས། བྷ་ག །གྲུབ། དེ་ལ་ལྡན་རྐྱེན། དེ་འདི་ཡོང་བ་ཞེས་པ་མནྟུ། བནྟུ། བིན྄། ཨིན་རྣམས་སོ། །ཞེས་པས། དེ་ཕན་གྱི་རྐྱེན། བནྟུ། བྱིན་པས། ཨུ་ཡིག །ཨནྟུ་དང་ཨས྄་མཐའི་ཡང་བྱིངས་མ་ཡིན་པའི་སི་ལའོ། །ཞེས་པའི་དོན་ཕྱིས། ན་ད་སོགས་ཨཉྩ། བཱ་ཧ། ཨུ། ཨི། ཨནྶ། ཨནྟ། རྀ། ས་ཁི། ན་མཐའ་རྣམས་ལས་ཨཱིའོས། ཨནྟ་ལས། ཨཱི་རྐྱེན་བྱིན། བྷ་ག་བནྟ྄། ཨཱི། ཞེས་གནས་པར། ཨ་ནུ་ཥངྒ་འང་ཀྲུཉྩ་དང་ཨིཏམ་ཡིན་པའིའོ། །ཞེས་པས། ན་ཨ་ནུ་ཥངྒ་ཕྱིས། མཚམས་སྦྱར་བས། བྷ་ག་བ་ཏཱི།.....བཅོམ་ལྡན་འདས་མ། གྲུབ། བཞི་བའི་དེ་བྱིན། དྲ་རྗེས་འབྲེལ། ན་དཱི་ལས་ཨཻ་ཉིད་ངོས། དེའི་ཨེ་ཨཻ་རུ་བྱས། བྷ་ག་བ་ཏཱི། ཨཻ། ཞེས་གནས་པར། འདྲ་བའི་ཡི་གེ་མིན་པ་སོགས་ཀྱིས། ཨཱི། ཡུ་རུ་བསྒྱུར། མཚམས་སྦྱར་བས། བྷ་ག་བ་ཏྱཻ། ཨི་ཡཾ། ཞེས་གནས་པར། འདིས། ཨེ་ཨཱཡ྄། ཡ྄་ཕྱིས་ན། བྷ་ག་བ་ཏཱ་ཨི་ཡཾ། ཕྱིས་པར་མཚམས་སྦྱར་མ་བྱས་པའོ། །ཡ་མ་ཕྱིས་ན། བྷ་ག་བ་ཏཱ།.....བཅོམ་ལྡན་འདས་མ་ལ་འདི།.....ཡི་ཡཾ། ཨི་དི་མཆོག་གི་དབང་ཕྱུག་ཉིད་ལའོས། ཨི་དི་བཞག །དེའི་ཨི་ཡིག །ཨི་དིཏ་ཀྱི་ནུམ྄འོས། ཁྱད་དོན་ཕྱིས། དེས་ནུམ྄་ཨཱ་ག་མ་བྱིན། མ་ཡིག་གནས་དོན། ཨུ་བརྗོད་དོན་ཕྱིས་པས། ཨིནྡ། ས་ཊི། ཨ་སི། བ་སི། ཧ་ནི། མ་ནི། ཏྲ་སི། ཨིན྄་དི། བན྄་དྷི། བ་ཧི། ཨ་ཎི་རྣམས་ལས་ལས་ཀྱང་ངོ༌། །ཞེས་པས། རྐྱེན་ཨུ། མཚམས་སྦྱར་བས། ཨིནྡུ་.....ཟླ་བ། གྲུབ། བོད་སི། སཾ་བུ་དྷིའང་ངོ༌། །ཞེས་པས། ཨུ་ཨོར་བྱས། ཨི་ནྡོ་.....ཟླ་བ་ཞེས། ཨི་ཏི། ཞེས་གནས་པར། ཨོ་ཨཝ྄་བྱས། ཝ྄་ཡིག་ཕྱིས་ན་རང་བཞིན་དུ་གནས་པ། ཨིནྡ་ཨི་ཏི། མ་ཕྱིས་ན། ཨིནྡ་ཝི་ཏི་གྲུབ། མ་ན་ཤེས་པ་ལའོས། མ་ན་བཞག །བུད་མེད་ལ་ཀྟིའོས། རྐྱེན། ཀྟི་བྱིན། ཀ྄་རྗེས་འབྲེལ་ཕྱིས། མ་ན་ཏི། ཞེས་གནས་པར། ལྔ་པའི་ཨུ་པ་དྷཱ་ཡི་ཞེས་པས། ཨུ་པ་དྷཱ་རིང་པོ། མཱན྄་ཏི། ཞེས་པར། ཝ་ན་ཏི་སོགས་ཀྱིས། ལྔ་པ་ན་དབྱི། ཨུ་པ་དྷཱ་ཐུང་ངུ༌། དུས་དང་དངོས་པོ་དག་ལ་བདུན་པའོས། ངི་བྱིན༌། ངི་སྔ་མ་དང་བཅས་པཨཽའོ། །ཞེས་པས། མ་ཏཽ་ཨཱ་བྷཱ་སཿ.....བློ་གྲོས། ཞེས་གནས་པར། ཨཽ་ཨཱ་ཝ྄ར་བྱས། ཕྱིས་མ་ཕྱིས་དེས་རིམ་པ་བཞིན། མ་ཏཱ་ཨཱ་བྷ་སཿ་.....བློ་གྲོས་ཀུན་ཏུ་སྣང་བ། མ་ཏཱ་བཱ་བྷ་སཿ ཨ་ཡ྄་ལ་སོགས་པ་རྣམས་ཀྱིས་ཞེས་སྨོས་པས། ཨེ་སོགས་བཞིའི་རྣམ་འགྱུར་གྱི་ཡ྄་བ྄་མིན་ན་ཚིག་མཐར་མི་དབྱི་སྟེ། གཊ྄་འཁྲུད་པ་ལའོས། གཊ྄་བཞག །ཨུཎ྄་སོགས་མིང་སོགས་ཀྱིས། ཨུ་ཎའི་ནང་གི ། ཊོ་ར་རྐྱེན། ཊ་མཐའི་དབྱངས་སོགས་དབྱི་བའི་ཁྱད་དོན། ག་ཊ་ཨོ་ར། ཞེས་གནས་པར། དེས་མཐའི་དབྱངས་སོགས་ཕྱིས། སྦྱར་བས། གོ་ར། གྲུབ། འདི་ལྟ་སོགས་ཀྱི་ཨ་ཎ྄ར་འདོད་ཀྱིས། ཨཎ྄་བྱིན། ཎ྄་དང་བཅས་པའི་དང་པོར་འཕེལ་བའོས། ཨོ་ཡིག་གི་འཕེལ་བ་ཨཽ་སྟེ། གཽ་ར། ཨཱིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་ཡའི་རྐྱེན་ལའང་དབྱི་འོས། ཨ་ཡིག་སྔ་མ་དབྱི། གཽ་ར་ལ་སོགས་པ་རྣམས་སོས། རྐྱེན་ཨཱི་བྱིན། བུད་མེད་དུ་བྱས་པའི་ཨཱི་ཡིག་ལ་ཨ་དབྱི་བར་བྱའོས། མིང་མཐའི་ཨ་དབྱི། གཽ་རཱི།.....དཀར་མོ། གྲུབ། གཽ་རཱི། ཨ་ཏྲ། ཞེས་གནས་པར། གཽརྻ་ཏྲ། མ་དྷྭཱ་ཏྲ། ལྟ་བུ་སྟེ། ཚིག་མཐའི་ཡ྄་བ྄་ཡིན་ཀྱང་ཨ་ཡ྄་ཨ་ཝ྄འི་མིན་པས་མི་དབྱིའོ། །ཚིག་མཐར་ཞེས་པས། ཙི་ཉ་སོགས་པ་ལའོས། ཙི་ཉ་དང༌། ལཱུ་ཉ་གཅོད་པ་ལའོས། ལཱུ་ཉ་བཞག །ཡུཊ྄་རྐྱེན། ཊ྄་རྗེས་འབྲེལ་ཕྱིས། ཡུ་བུ་སོགས་ཀྱིས། ཡུ་ཨན྄་བྱས། ཙི། ཨ་ན། ལཱུ། ཨ་ན། ཞེས་གནས་པར། བྱིངས་གཉིས་ལ་ཡོན་ཏན་བྱས། ཙེ། ཨ་ན། ལོ་ཨ་ན། ཨེ་ཨ་ཡ྄་དང༌། ཨོ་ཨབ྄་བྱས་ཀྱང་ཚིག་མཐའི་མིན་ཀྱང་བྱིངས་མཐའ་ཡ྄་བ྄་དག་མི་དབྱི། མཚམས་སྦྱར་བས། ཙ་ཡ་ནཾ།.....སོགས་པར་བྱེད། ལ་བ་ནཾ།.....གཅོད་པར་བྱེད། ལྟ་བུའོ། །
༈ ཨེ་ཏོ་ཏྤ་རཿ བདཱ་ནྟེ་ལོ་པ་མ་ཀཱ་རཿ ཚིག་མཐའི་ཨེཏ྄་ཨོཏ྄་དག་ལས་ཕ་རོལ་གྱི་ཨ་ཡིག་དབྱིའོ། །ཚིག་གི་མཐའ་ལ་ཚུ་རོལ་ཨེ་དག་དང་ཨོ་དག་གི་ཕ་རོལ་གྱི་ཨ་དབྱི་བ་འཐོབ་སྟེ། ཚིག་མཐའི་མིན་ན་དབྱི་བ་མིན་ནོ། །བ་ཛ་འགྲོ་བ་ལའོས། བ་ཛ། ཤུ་ཏྲ་སོགས་ཀྱིས། ར་ཀ྄་རྐྱེན། ཀ་ཕྱིས། སི་རྣམ་བཅད། བཛྲཿ.....རྡོ་རྗེ། གྲུབ། རུ་ཙ་འབར་བ་ལའོས། རུ་ཙ། བི་སྔོན། རྐྱེན་ཡུཊ྄། ཡུ་ཨན། ནཱ་མི་མཐའི་བྱིངས་ཡོན་ཏན་བྱས་པས། བཛྲཿབི་རོ་ཙ་ན།.....རྡོ་རྗེ་རྣམ་པར་སྣང་མཛད། གྲུབ། ཨཱི་ཡ་ནི་ཕན་པ་ལའོས། ཨཱི་ཡ་བཞག །དེ་རིགས་དེ་བརྗོད་དེ་ཡི་འདི། འདི་ལྟ་སོགས་ཀྱི་ཨ་ཎར་འདོད། ཅེས་པས། རྐྱེན་ཨ་ཎ། ཎ྄་དང་བཅས་པ་ལ་དང་པོར་འཕེལ་བའོས། བིའི་ཨི་ཨཻ་བྱས་པས། བཻ་རོ་ཙ་ན་ཨཱི་ཡ། ཨཱིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་ཡའི་རྐྱེན་ལའང་དབྱིའོས། འདིར་དབྱངས་རྐྱེན་ལ་ཨ་དག་ཕྱིས། བཻ་རོ་ཙ་ནཱི་ཡ། ཨཱས྄་རྐྱེན། མཚུངས་འདྲ་རིང་པོ། ཕ་རོལའང་དབྱི། བཻ་རོ་ཙ་ནཱི་ཡཱ། བོད་སི། སཾ་བུདྡྷི་ལའང་ངོས། ཤྲདྡྷཱ་ཨེ་རུ་བསྒྱུར། བཛྲ་བཻ་རོ་ཙ་ནཱ་ཡེ། ཨ་ཏྲ། བཛྲ་བཻ་རོ་ཙ་ནཱི་ཡེ་ཉ྄་ཏྲ་འདིས་ཚིག་མཐར་ཨ་ཕྱིས་པ། པ་ཊ་འགྲོ་བ་ལའོ། །པ་ཊ་བཞག། པ་ཊི་ལ་ཨུའེས། ཨུ་རྐྱེན། པ་ཊུ།.....མཁས་པ། གྲུབ། བོད་པའི་སི་བྱིན། ཨུ་ཨོ། ཐུང་ངུ་བ་དཱི་ཤྲདྡྷཱ་རྣམས་ལས་སི་དབྱིའོས། སུ་ཕྱིས། པ་ཊོ། ཨ་ཏྲ། ཞེས་གནས་པར། པ་ཊོཉ྄ཏྲ། ཚིག་མཐར་སྨོན་པས་ཚིག་མཐའ་མིན་ན་དབྱི་བ་མི་འཇུག་སྟེ། ཏ། ཨི་ན། ཙི་ཏཾ། ཞེས་པར། ཨ་ཨི་ལ་ཨེ། ཏེ་ན་ཙི་ཏཾ་དང།.....དེས་ན་བསགས་པ། ནོ་ཨ་ཏྲ།.....གྲུ་འདི། ལྟ་བུ།
༈ གསུམ་པ་ནི། ན་བྱཉྫ་ནེ་སྭ་རཱཿ སནྔྷ་ཡཱཿ གསལ་བྱེད་ལ་དབྱངས་རྣམས་མཚམས་སྦྱོར་མི་བྱའོ། །ཞེས་དབྱངས་ཀྱི་ཕ་རོལ་ཏུ་གསལ་བྱེད་བྱུང་ན་ཕན་ཚུན་མཚམས་སྦྱར་རྒྱུ་མེད་དེ། བུདྔྷ་དང་རཏྣ་ལྟ་བུ་ལ། བུདྔྷ་རཏྣ།.....སངས་རྒྱས་དཀོན་མཆོག་གམ་རིན་ཆེན། ཞེས་གནས་ཤིང༌། སྭ་ར་ཞེས་པ་རང་ཉིད་རྒྱལ་བོ་ཞེས་བྱ་ན།.....དབྱངས་ཅན། འགྲེལ་བྱེད་སྨྲ། སཽ་བྷ་གཿ.....སྐལ་བཟང་། མ་ངྷུ་བྷཱ་ཛ་ནཾ་.....སྦྲང་སྣོད། བསྒྲུབས་ཟིན། མ་ཊི་རྒྱན་པ་ལའོས། མ་ཊི་བཞག། ཨི་ཕྱིས། ནུམ྄། ཨཱ་ག་མ། ཏ་སྡེའི་ཙ་ཊའི་སྡེ་བ་དག་གོས། ན་ཎ་བྱས། མཎ྄ཊ྄། ཞེས་གནས་པར། པྲྀ་ཥོ་ལ་སོགས་པ་རྣམས་སོས། ཨལ་རྐྱེན། མཎྚ་ལཾ།.....དཀྱིལ་འཁོར། སི། མུ། བྱས་པས་སོ། །མཱ་ཏྲྀ་མཎྚ་ལཾ།.....མ་མོའི་དཀྱིལ་འཁོར། པི་ཏྲྀ་ལ། ངས྄། རིར་མཐའ་ཡས་སྔ་མ་དང་བཅས་པའིའོ། །ཞེས་པས། སྔ་མ་རཾ་དང་ཕྱི་མ་ཨ་ལྷན་གཅིག་ཨུ། ས་རྣམ་བཅད། པི་ཏུཿཨཱ་ག་ཏཾ།.....ཕ་འོངས་པ། ཞེས་གནས་པར། དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོ། །ཞེས་པས། ཡང་རྐྱེན་བསྟན་པའི་ཕྱིར། རྣམ་དབྱེ་དང༌། ཚིགས་གྲོགས་ཨཱ་ག་ཏའང་དབྱི། དབྱངས་མཐའི་རང་བཞིན་འང་ངོས། པི་ཏྲྀ། ཞེས་གནས་པར། ཨུ་དང་གོ་ལ་སོགས་པས་ཡཏའོ། །ཞེས་པས། ཡཏ྄་རྐྱེན་བྱིན་པས། པིཏ྄ི། ཡཏ྄། ཏ྄ནི། ཏའི་དེའི་དུས་དབྱིའོའི་དོན་ཕྱིས། ནཱ་མཱི་མཐའི་ཡོན་ཏན་མ་བྱས། སི། མུ། པཾ་ཏྲྱཾ།.....ཕའི་འོངས། གོའི་ཨོ་ཡུ་ཏི་ཕ་རོལ་ལ་ཨ་ཝ྄་རུ་བསྒྱུར་ཏེ། ལམ་གྱི་ཚད་ཀྱི་དོན་ལ་བྱེད་ན། ག་བྻུ་ཏིཿ.....བ་ལང་ལམ་སྟེ་རྒྱང་གྲགས། ཡང་ན། གོ་ཡུ་ཏིཿ །
༈ ཨི་ཏི་སནྔྷཽ་སཱུ་ཏྲ་ཏཿདྭི་ཏཱིཡཿསནྡྷི་ས་མཱཔྟཿཞེས་པ་མཚམས་སྦྱོར་གྱི་མདོ་ལས་མཚམས་སྦྱོར་གཉིས་པ་རྫོགས་སོ། ། མཚམས་སྦྱོར་གཉིས་པའི་ཊིཀྐ་ལེགས་པར་གྲུབ་བོ། །
༈ གཉིས་པ་དམིགས་བསལ་གྱི་མཚམས་སྦྱོར་ཚུལ་སྟོན་པར། ཨོ་དནྟཱཿཨ་ཨི་ཨུ་ཨཱ་ནི་པཱ་ཏཱཿ སྭ་རེ་པྲཀྲྀ་ཏེན྄། ཨོཏ྄་མཐའ་རྣམས་ཨ་ཨི་ཨུ་ཨཱ་ནི་པཱ་ཏ་རྣམས་དབྱངས་ལ་རང་བཞིན་གྱིས་སོ། །ཞེས་པ། ཨུ་ཏ་ཧོ་ཨ་ཧོ་ཡ་ཐོ་ལ་སོགས་པ་ཨོཏ྄་མཐའ་རྣམས་དང་ཡི་གེ་རེ་རེས་མིང་རེ་སྟོན་པ་ཁྱུ་མཆོག་གི་མིང་ཨ་དང༌། བདུད་ཀྱི་མིང་ཨི་དང༌། དབང་ཕྱུག་གི་མིང་ཨུ་དང༌། འཆི་མེད་མཛོད་ལས། ཅུང་ཟད་དོན་དང་མངོན་ཁྱབ་དང༌། མཚམས་དང་ཁམས་སྦྱོར་ལས་འབྱུང་ཨཱང༌། །དྲན་པ་དང་ནི་ངག་ལ་ཡང༌། །ཨཱའོ་གྲྀཧྱ་ཉིད་དོ། །ཞེས་གསུངས་པའི་ཨཱང྄་དང་ཨཱ་དག་སྟེ། འདི་རྣམས་དབྱངས་ཕ་རོལ་ལ་མཚམས་མི་སྦྱོར། ཞེས་ལོ་ཆེན་ནམ་མཁའ་བཟང་པོའི་ཞབས་ཀྱི་ཀ་ལཱ་པའི་འགྲེལ་པ་ལེགས་སྦྱར་འབྱུང་གནས་སུ་བཤད་པ་ཤིན་ཏུ་ལེགས། ཎམ྄་འདུད་པ་དང་སྒྲ་ལའོས། ཎམ྄་བཞག །ཎའི་ན། ཨུཎ྄འི་ཊོ་རྐྱེན། ཊ྄་རྗེས་འབྲེལ། མཐའི་དབྱངས་སོགས་ཕྱིས། ནོ།.....གྲུ། སི་མི་ཟད་པ་ལས་འཇིག།།འཇམ་དཔལ་བརྡ་སྤྲོད་ལས། ཙ་སོགས་སེམས་ཅན་མིན་པ་རྣམས་སོ། །ཞེས་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས། མི་ཟད་པར་འགྱུར་ཏེ། ཙ་བཱ།.....དང་། ཧ།.....འམ། ཨ་ཧ། ཨེ་བ།.....ཉིད་དམ་ཁོ་ན། ཨེ་ཝཾ།.....དེ་བཞིན་འདི་སྐད། ནཱུ་ནཾ། ཤ་ཤྭཏ྄། ཀྭ་ཙིཏ྄།.....ནམ་ཡང་། ཙེཏ྄། ཙཎ྄།.....གལ་ཏེ། ཀ་ཙཱིཏ྄། ཧནྟ། ཀི་ར།.....ལོ་འམ་གྲལ་.....ཀི་ལ། མཱ། མཱང྄་ན་ཉ།.....དགག་ཚིག །ཡཱ་བཏ྄།.....ཇི་སྙེད། ཏཱ་བཏ྄།.....དེ་སྙེད། ཏྭེ།.....སྙེད། བཻ། ཤྲཽཥ་ཊ྄། བཽཥཊ྄། བཥཊ྄། ནཱསྨ། ཤཱསྨ། སྨི། ཨ།.....བདུད། ཨཱ། ཨི།.....དབང་པོ། ཨཱི། ཨུ།.....དབང་ཕྱུག །ཨཱུ། རྀ། རཱྀ། ལྀ། ལཱྀ། ཨེ། ཨཻ། ཨོ། ཨཽ། ཨཱ་ཏཾ་ཀ།།བེ་ལ་ཡཾ།.....དུས་སུ། མ་ཏ྄་ཡཾ།.....ཚད་མ། ཀིཾ།.....ཅི། ཡཏ྄།.....གང། ཏཏ྄།.....ངེ་། དྷི་ཀ྄།.....ངན་པ། ཧེ་ཧེ། ཧེ་ཧེ། ཡཱཊ྄། སྱཱ་ཏ྄། ཨ་ཧོ།.....ཀྱེ་མའམ་ཨ་ལ་ལ། ཨ་ཏཱ་ཧོ།.....འོན་ཏེ་འམ་འོན་ཀྱང༌། ཨ་ཐོ། ནོ། ན་ནུ། སྭཱ་ཧཱ།.....གཞི་ཚུག །ཨོཾ།.....རབ་བསྔགས། ཧི།.....གང་ཕྱིར། ཁ་ལུ།.....ངེས་པར། ཨ་ཋ།.....དེ་ནས །ཨ་དྷ་ས྄།.....འོག །རྣམ་དབྱེ་སོ་སོའི་གཟུགས་རྣམས་ཀྱང་མི་ཟད་པའོ། །ཞེས་དེ་ཕན་གྱི་རྣམ་དབྱེ་མིན་ཡང་མི་ཟད་པར་བཤད་ལ། དེར་མ་ཟད། འཇམ་དབྱངས་བརྡ་སྤྲོད་ལས། དབྱངས་ལ་སོགས་པ་མི་ཟད་པའོ། །ཞེས་པའི་འགྲེལ་བ་ལས། དབྱངས་ལ་སོགས་པ་གང་དེའི་དབྱངས་ལ་སོགས་པའི་སྒྲ་གཟུགས་ནི་མི་ཟད་པའི་མིང་དུ་འགྱུར་ཏེ། སྭ་ར྄།.....མཐོ་རིས། ཨནྟ་ར྄།.....ནད། བྲཱ་ཏར྄།.....ཐོ་རང༌། པུ་ནར྄།.....ཡང་ཡང་། ས་ནུ་ཏར྄།.....མིན་ཀྱང༌། ཨུ་ཙཻས྄།.....མཐོ་བ། ནཱི་ཙཻས྄།.....དམའ་བ། ཤ་ནཻས྄།.....དལ་བུ། རྀ་དྷ་ཀ།།.....བྲལ་བ། རྀ་ཏེ།.....བོར་བ། ཡུ་ག་པ་ཏ྄།.....གཅིག་ཅར། ཨཱ་རཱ་ཏ྄།.....རིང་བ། པྲྀ་ཋཀ྄།.....སོ་སོ། དྻུ་ས྄།.....འོད། ཤྭས྄།.....སད། དཱི་བཱ།.....ཉིན་མོ། རཱ་ཏྲཽ།.....མཚན་མོ། སཱ་མཾ།.....སྲོད། མ་ནཱཀ྄། ཨི་ཡཏ྄། ཛོ་ཥཾ། ཏུཥྞཱིམ།.....ཁ་རོག།བ་ཧིས྄།.....ཕྱི་རོལ། ཨཱ་བིས྄།.....བྱུང་བ། ནི་ཥཱ།.....ཀ།།ས་མ་ཡཱ། སྭ་ཡཾ།.....རང་ཉིད། མྲྀ་ཥཱ།.....རྫུན། ནཀྟཾ།.....མཚན་མོ། སཱདྡྷ།.....ཐབས་གཅིག།།སཱ་མི་བཏ། ས་ནཱ། ཏི་རས྄། ཨནྟ་རཱ། ཏྱོ།.....འདི། ཀཾ།.....སོད།.....ཤཾ། ནཱ་ནཱ།.....ཐ་དང། བི་ནཱ།.....བྲལ་བ། སྭ་སྟི།.....བདེ་ལེགས། ཨུ་པཱ་ཤཱུཾ། ཀྵ་མཱ།.....བཟོད་པ། ཨསྟི།.....ཡོང༌། ཨ་ནྱར྄།.....གཞན། བི་ཧཱ་ཡས྄།.....ནམ་མཁའ། དོ་ཥ།.....སྐྱོན། སུ་དྷཱ།.....བདུད་རྩི། མི་ཐྱཱ།.....ལོག་པ། བུ་རཱ།.....སྔོན། མི་ཐོ།.....ལོག་པ། མི་ཐས྄།.....ལོག་པ། པྲ་བཱ་ཧུ་ཀ།།བ་ཧུ་ལཾ།.....མང་པོ། མནས྄།.....ཡིད། ཧི་རུ་ཀ།།མི་ཟད་པའི་སྒྲུབ་པ་ལ་ཉེ་བར་བགྲང་བར་བྱའོ། །ཞེས་དང༌། ཡང་དེའི་རྩ་བ་ལས། རྣམ་དབྱེའི་དོན། ཙྭི་ཏ྄། སྨཱ་ཏ྄། བི་ཏ྄་མིན་པ་ལས་སོ། །ཞེས་པའི་འགྲེལ་བ་ལས། རྣམ་དབྱེའི་དོན་རྐྱེན་གང་ཡིན་པ་དེའི་མཐའ་དང་ཙྭི་མཐའ་དང་ཏ་ཡིག་དང་མ་ཡིག་དང་ཨཱཏ྄་གྱི་རྐྱེན་མཐའ་དང༌། མི་ཏ྄་རྣམས་བོར་བ་མི་ཟད་པར་འགྱུར་རོ། །རྣམ་དབྱེའི་དོན་ནི། ཡཏྲ།.....གང་དུ། ཨི་ཧ།.....འདིར། ཀདྷི་པ་རཱ་རི། རྩི་ནི། ཤུཀླི་སྱ་ཏ།.....དཀར་པོར་འགྱུར། ཏ་ནི། ཏརྦ་ཏ྄།.....དེ་བཞིན། ས་ནི། ཨུ་རསྟཿདྭིཿ.....གཉིས། སཔྟ་ཀྲྀ་ཏྭཿ.....བདུན། མ་ནི། ཀརྟུཾ།.....བྱ་བར་ཡོད། ཀཱ་རཾ་ཀཱ་རཾ། བཱ་ཙ་མཱ་ས།.....བཅོས་པར་འགྱུར། ཨཱ་ཏ྄ནི། བྷུཀྟྭ།.....ཟོས་ནས། དྭིདྡཱ། བ་ཊ་བ་ཊཱ་སྱཱ་ཏ྄། ཞེས་གསུངས་སོ། ཧན྄་འཚེ་བ་ལ་འོས། ཧན྄་བཞག།།མི་ཟད་པའི་ནཉ྄་སྔོན། ཨ་ཕྲལ། ཉ྄་དང་ན྄་དབྱི། ཨ་ཧན྄། ཞེས་གནས་པར། ཊོ་རྐྱེན། ཊ་ལས་མཐའི་དབྱངས་སོགས་ཕྱིས་པས། ཨ་ཧོ།.....ཨ་མ། སི་མི་ཟད་པར་འཇིག།།ཨཱ་ས་ཉེ་བར་སྡོད་པ་ལའོས། ཨཱ་ས། ཀྭིཔ྄་རྐྱེན། ཀྭ་ཨིཔ྄་བརྗོད་དོན་སོགས་ཀྱིས་ཕྱིས། ཨཱས྄། སི་གསལ་བྱེད་ལས་དབྱི་སྟེ་ཕ་དང་པ་དག་གི་རྣམ་བཅད། ཨ་ཧོ་ཨཱཿ ཙ་ར་འགྲོ་བ་ལའོས། ཙ་ར་བཞག །སན་ངྷྱ་ལ་སོགས་པ་རྣམས་སོས། ཡ་རྐྱེན། སི། མུ། ཨཱཿ ཙརྱཾ། ཞེས་གནས་པར། རྣམ་པར་བཅད་བྱ་ཙའམ་ཚ་ལ་ཤ་འོས། རྣམ་བཅད་ཤ་རུ་བྱས། ཨཱ་ཤྩརྱཾ།.....ངོ་མཚར། ཅུང་ཟད་སོགས་ཀྱིས། ཨ྄་ཧོ་ཨཱཤྩརྱཾ། ཞེས་གནས་པར། ཨོ་དང་ཨཱ་མཚམས་མི་སྦྱོར་བ་བཞིན་ནོ། །ཨ་བླྀྀ་ཁྱབ་པ་ལ་འོས། ཨ་པླྀ་བཞག།།ལྀ་རྗེས་འབྲེལ། གཞན་ལ་ཡང་ངོས། ཊ་རྐྱེན། མཐའི་དབྱངས་སོགས་དབྱི། ཊ྄་རྗེས་འབྲེལ། ཨ།.....ཁྱུ་མཆོག །གྲུབ། སི་མི་ཟད་པ་ལས་འཇིག།།ཨི་ཎ་འགྲོ་བ་ལའོས། ཨཔ་སྔོན་དུ་བཞག །ཨ་པ་ཨི། པཉྩ་མཱིའི་ཧི། རྐྱེན། ཨ་པ་ཨི་ཧི། གྲུབ་པ་ཏིང་མཐའ་ཅན་ནོ། །ཨ་ཨི་ལ་ཨེ། ཕ་རོལ་ལའང་དབྱི། ཨ་ཨ་པེ་ཧི།.....ཀྱེ་ཁྱུ་མཆོག་ཚུར་གཤེགས་ཤིག །གྲུབ། ཨི་དི་མཆོག་གི་དབང་ཕྱུག་ལའོས། ཨི་དི་བཞག།།དིའི་ཨི་ཕྱིས། ས་ཊི་ལ་སོགས་པ་རྣམས་སོས། ཊི་རྐྱེན། ཊ་ལ་མཐའི་དབྱངས་སོགས་དབྱི། ཨི།.....བདུད། གྲུབ། སི། ཡང་བྱིངས། ཨི་དི་བཞག།།ཨི་ཕྱིས། ནུམ྄་ཨཱ་ག་མ་བྱིན་པས། ཨིནྡ། ཤུ་ཏྲ་ལ་སོགས་པ་རྣམས་སོས། རྐྱེན། རཀ྄་བྱིན། ཀ྄་རྗེས་འབྲེལ། ལྷག་མ་རྣམས་ལས་དང་སོགས་ཀྱིས་རྣམ་དབྱེ་གཉིས་པའི་ཨམ྄། ཨ་ཡིག་ལ་དབྱི་འོས། རྟགས་མཐའི་ཨ་དབྱི། མཚམས་སྦྱར་བས། ཨིནྡྲཾ།.....དབང་བོ་ལ། གྲུབ། ཏྲི་ཤིར་ལྟ་བ་ལ་འོས། ཏྲི་ཤིར་བཞག །ཨིར་ནི། ཨིར་འགྲོ་བ་ལས་ཡང་ནའོའི་དོན་ཕྱིས། ཏྲི་ཤ྄། །པཉྩ་མིའི་ཧི་རྐྱེན། ཨན་བི། ཏྲི་ཤའི། པཤྱའོས། ཨི་ཨིནྡྲཾ་པ་ཤྱ།.....ཀྱེ་བདུད་དབང་བོ་ལ་ལྟོས། གྲུབ། ཨུནྡཱི་ཀླས་པ་ལའོས། ཨུནྡཱི་བཞག།།ཊུ་རྐྱེན། མཐའི་དབྱངས་སོགས་དབྱི། ཊ་དེའི་དོན་ཡིན་པས་ཕྱིས། སི་འཇིག །ཨུ།.....དབང་ཕྱུག །གྲུབ། ཥྛ་འགྲོ་བ་ལས་ལྡོག་པ་ལའོས། ཥྛ་བཞག།།ཨུཏ་སྔོན་དུ་བཞག།།ཨུཏ་ཥྛ། ཧི། ཨན་བི། ཧི་འཇིག །ཥྛའི་དི་ཥྛབྱས། མཚམས་སྦྱར། ཨུ་ཨུཏྟིཥྛ།.....ཀྱཻ་དབང་ཕྱུག་བཞེངས་ཤིག།།ཨི་འགྲོ་བ་ལ་འོས། ཨི། ཨཱ་སྔོན། ཨུ་ཝ་ལ་སོགས་པ་རྣམས་སོས། རྐྱེན་ཝ། ཨཱ་ཨི། ཝ། ཞེས་གནས་པར། བྱིངས་ཡོན་ཏན། བྱིངས་དོན་ལ་ཨིན྄། རྐྱེན། རྟགས་ཡི་གེ་གཅིག་མིན་པའི་མཐའ་དབྱངས། ཨཱ་ཨེ་བིན྄། ཡང་ཡང་ལ་ཎཾ་ཡང་ན་སྟེ། ཚིག་གཉིས་ཀྱང་ངོས། ཎམ྄། རྐྱེན་བྱིན། ཎ་རྗེས་འབྲེལ། ཀ་རི་ཏ་དབྱི། ཨཱ་ཨེ་ཝཾ་.....འདི་ལྟ་བུའི་བར། གྲུབ། སི་འཇིག།།མ་ན་ཤེས་པ་ལ་འོས། མ་ན། ཝརྟ་མཱ་ནའི། སེ་རྐྱེན། དི་པ་སོགས་ལས་བར་རྐྱེན་ཡན྄། ན྄་རྗེས་འབྲེལ། མི་ཟད་པའི། ནུ་སྔོན། ཨཱ་ཨེ་ཝཾ་ནུ་མ་ནྱ་སེ།.....འདི་ལྟ་བུའི་བར་དུ་སེམས་པ། གྲུབ། ཅུང་ཟད་སོགས་ཀྱི་ཨཱ་ལའང་རང་བཞིན་གྱི་དཔེའོ། །ཀི་ལ་དཀར་པོ་ཉིད་དང་རྩེ་བ་དག་ལའོས། ཀི་ལ་བཞག །ཨཱ་དང་ཨེ་ཝཾ། སྔོན་དུ་བཞག ནཱ་མི་ཨུ་པ་དྷཱ་དང༌། ཞེས་པས། ཀ་རྐྱེན། སི། མ་ནིང་ལས་དབྱི། ཨཱ་ཨེ་བཾ་ཀི་ལ།.....སྔོན་འདི་ལྟར་གྲགས་པ། དེ་རྣམས་སྨོས་པ་ནི། ནོ། ཨཱ་ཡུ། ཞེས་པས། ན་བཱ་ཡུ།.....གླ་བའི་སྲོག།།མཐའ་སྨོས་པ་ནི། ཨ་ཡིག་སོགས་རྣམས་ཀྱི་མ་འདྲེས་པའི་དོན་ནོ། །ནི་པཱ་ཏ་སྨོས་པ་ནི། དེ་མིན་ན་མཚམས་སྦྱོར་བ། པ་ཊོ་ཨི་ཧ། པ་ཊ་ཨི་ཧ། པ་ཊ་ཝི་ཧ།.....མཁས་པ་འདི། ཡཛ྄་ལྷ་མཆོད་པ་ལའོས། ཡཛ྄་བཞག །པ་རོ་ཀྵའི་ཨ་ཏུས་བྱིན། སྭ་པི་ཝ་ཙི། ཞེས་པས་ཡ་ཨི་ཡིག་ཏུ་འགྱུར་བའི་སཾ་པྲ་སཱ་ར་ཎ་བྱས། ཙ་ཎ་པ་རོ་ཀྵ་སོགས་ཀྱིས་བྱིངས། གཉིས་བརྗོད། ཨིཛ྄་ཨིཛ྄། ཨ་བྷྱ་པའི་གསལ་བྱེད་དང་པོ་ལྷག་མར་བྱའོས། ཛ་དང་པོ་དབྱི། ཨི་ཨི་ཛ྄། ཨ་ཏུས། ཞེས་གནས་པར། མཚམས་སྦྱར་བས་འདྲ་བ་རིང་པོ་བྱས། དབྱངས་མེད་དབྱངས་དང་སྦྱར་བས། ཨཱི་ཛ་ཏུཿ གྲུབ། ཙི་ཉ་སོགས་པ་ལ་འོས། ཙི་བཞག།།ཊ་རྐྱེན། དབྱངས་སོགས་དབྱི། ཊ་དེའི་དོན་དབྱི། ཙ། སི་འཇིག།།ཙ་ཨི་ཏི་དང་མཚམས་སྦྱར་བས། ཙེ་ཏི།.....ངང་། ཎུ་བསྟོད་པ་ལའོས། ཎུ་བཞག།།མི་ཟད་པའི། ན་ཉ་སྔོན། ཊུ་རྐྱེན། ཊ་ལས་དབྱངས་སོགས་ཕྱིས། ཊ྄་དབྱི། ཎ་ན། ན་ནུ།.....ངེས་པ། ཨི་དཾ། ན་ནྭི་དཾ།.....ཞེས་པར། ཨི་ཏཱི།.....ཞེས་པ། ཨི་ཧ།.....འདི། ཞེས་གནས་པར། ཨི་ཏཱི་ཧ།.....ཞེས་པ་འདི། ཝ་འགྲོ་བ་དང་ཏྲི་དག་ལའོས། ཝ་བཞག།།རྐྱེན། ཀྭིཔ་ཕྱིས། ཝ་ཨི་ཏི།.....ཡང་ན་འམ་འདྲ་བ། ཝེ་ཏི།.....འམ་མམ་ཁར་རླུང༌། ཞེས།
༈ དྭི་བ་ཙམ་ན་མ་ནཽ། །གཉིས་ཀྱི་ཚིག་ཨཽ་མ་ཡིན་པའོ། །རྣམ་དབྱེ་དང་པོའི་གཉིས་པ་དང་གཉིས་པའི་གཉིས་ཚིག །ཨཽ་རྟགས་ལ་སྦྱར་བ་ན། ཨཽ་ཡིག་སྔ་མའོ་ཞེས་རང་གཟུགས་མིན་པར་གྱུར་པ་ན་དབྱངས་ཕ་རོལ་ལ་མཚམས་མི་སྦྱོར་ཏེ། ཝ་འགྲོ་བ་དང་དྲི་དག་ལའོས། ཝ་བཞག་ཀྲྀ་ཝཱ་པཱ། ཞེས་པས། ཨུཎ། རྐྱེན། ཎ྄། གྲུབ་པ་ཉ་ཎའི་དོན། ཝཱ་རིང་པོ། ཨཱཏ྄་མཐའ་རྣམས་ཀྱི་ཨི་ཙི་ལ་ཨཱ་ཡིའོས། ཨཱ་ཡི། རྐྱེན། ཨི་བརྗོད་དོན། ཝཱ་ཡུ།.....རླུང༌། དང་པོའི་གཉིས་ཚིག་ཨཽ་བྱིན། ཨཽ་སྔ་མ་འོས། ཨོ་ཨུ་རུ་བསྒྱུར། བཱ་ཡཱེུ་ཨ་ཏྲ།.....རླུང་དག་འདིར། མཚམས་མི་སྦྱོར་བ་ལྟ་བུའོ། །ཙ་ཊི་ཁྲོ་བ་ལ་འོས། ཙ་ཊི་བཞག།།པྲ་སྔོན་དུ་བཞག །ནུམ྄་བྱིན། ཨཙ྄་རྐྱེན། ཊིའི་ཨི་དང་ནུའི་ཨུ་གཉིས་བརྗོད་དོན། མ་གནས་དོན། དབྱངས་མཐར་སྟེར་བས། པྲ་ཙཎྚ། མོ་རྐྱེན་ཨཱ་པ། པྲ་ཙཎྚཱ། གཉིས་ཚིག་ཨཽ་ཨཱིའོས། ཨཱི། པྲ་ཙཎྚཱ། ཨཱི། ཞེས་གནས་པར། ཨ་ཨི་ལ་ཨེ། པྲ་ཙཎྚེ་ཨཱ་ན་ཡ།.....རབ་གཏུམ་མ་ཁྱེར་ཤོག །ཨཽ་མིན་ན་མི་འགྱུར་ཏེ། བྲྀཀྵ་སྒྲིབ་པ་ལའོས། བྲིཀྵ་བཞག །ཨཙ྄་རྐྱེན། བྲྀཀྵ།.....ཤིང་། གྲུབ། ཨཽ། ཨོ་ཡིག་ལ་ཨཽ་སྟེ་སོགས་ཀྱིས་རྟགས་མཐའི་ཨ་ཨོ་དང་ཨཽ་ཕ་རོལ་ལའང་དབྱི། བྲྀཀྵཽ་ཨི་ཧ།.....ཤིང་འདི། བྲྀཀྵཱ་བི་ཧ། འོན་ཀྱང་གཉིས་ཚིག་གསུམ་པ་བཞི་པ་ལྔ་པ་གསུམ་གྱི་གཉིས་ཚིག་བྷྱཱཾ། གསུམ་དང༌། དྲུག་བདུན་གཉིས་ཀྱི་གཉིས་ཚིག་ཨོས་གཉིས་ལའང་རང་བཞིན་དུ་གནས་པར་མི་འགྱུར་ཏེ། མཚམས་སྦྱར་དགོས་པ། དེ་བ་ཡོཿ ཨི་དཾ། ཞེས་གནས་པར། དེ་བ་ཡོ་རི་དཾ།.....ལྷ་དག་འདི། བྲྀཀྵཱ་བྷྱཾ། ཨ་ཏྲ།.....ཤིང་དག་འདིར། བྲྀཀྵཱ་བྷྱ་མ་ཏྲ། ལྟ་བུའོ། །
༈ བ་ཧཱུ་བ་ཙ་ན་ཨ་མཱི། མང་པོའི་ཚིག་ཨ་མཱིའོ། །མང་ཚིག་ཡང་ཡིན་ཨ་དས྄་ལ་ཛས྄་བྱིན་པས་བསྒྲུབ་པའི་ཨ་མཱི་ཡང་ཡིན་ན྄། དེའི་ཕ་རོལ་ཏུ་དབྱངས་གང་བྱུང་ཡང་མཚམས་སྦྱོར་བ་མེད་དེ། ཨཱ་མཱི་བསྒྲུབ་ཟིན། དོ་གཅོག་པ་ལའོས། དོ་བཞག །ན་ཉ་སྔོན། ན྄་ཕྱིས། ཨ་བཞག །བུད་མེད་ལ་ཀྟ྄་རྐྱེན། ཨ་དོ་ཏི། རྒྱ་ཏི། སྱ་ཏི། མཱ་སྠཱ་རྣམས་ཀྱི་ཏ་ལ་ཡོན་ཏན་མེད་པ་ལ་འོས། ཨོཏ་ཨི་ཉིད་དོ། །ཙ་དི་ཏི། ཨ་དི་ཏི། མ་མ་ལས་ཎྱ་འོས། ཎྱ་རྐྱེན། དང་པོར་འཕེལ་བ། ཎ་དེའི་རྟགས་དོན་ཕྱིས་པས། ཨཱ་དི་ཏི། ཡ་དབྱངས་དང་མ་རྐྱེན་ལ་ཕྱིས། ཨཱ་དི་དྱ།.....ཉི་མ། ཨ་མཱི་ཨཱ་དི་དྱཿ། སི་རྣམ་བཅད། མང་ཚིག་མིན་ན་མཚམས་སྦྱོར་བ་ལ། ཨ་མ་འགྲོ་བ་ལའོས། ཨ་མ། ཨཙ྄་རྐྱེན། འགྲོ་བ་འདི་ལ་ཡོད་དོ། །ཞེས་པས་ལྡན་རྐྱེན་ཨིན་བྱིན། ན྄་རྗེས་འབྲེལ། ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་ཡ་རྐྱེན་ལའང་དབྱི་འོས། མའི་སྲོག་ཨ་ཡིག་དབྱི། ཨ་མི། སི་བྱིན། ཨིན་ཧན་སོགས་ཀྱིས་རིང་པོ། ཨ་མཱི། སི་དབྱི། ཨ་མཱི། ཨ་ཏྲ། ཞེས་གནས་པར། ཨ་མྱ་ཏྲ།.....འགྲོ་ལྡན་འདི། ཨ་མཱི་ཨཱ་ཏི་དྱཿ ཨ་མྱི་དི་དྱཿ་.....འགྲོ་ལྡན་ཉི་མ། གྲུབ། དུར྄་སིང྄་ལས། མང་པོའི་ཚིག་ཅིའི་ཕྱིར་སྨོས་ཞེ་ན། ཨ་མྱ་ཏྲ་གཅིག་གི་ཚིག་གོ །ཞེས་སོ། །ཡང་དུར྄་སིང྄་ལས། ཨ་མཱི་ཅིའི་ཕྱིར་སྨོས་ཞེ་ན། ཏ་ཨཱ་ཧཱུ།.....སྨྲས་པ་པོ་དེ་རྣམས། ཨཱ་ཧུ་མང་པོ། ཡིན་ཀྱང་ཨ་མཱི་མ་ཡིན་པས་སོ། །ཞེས་སོ། །
༈ ཨ་ནུ་པ་དིཥྠ་ཤྩ། ཉེ་བར་མ་བསྟན་པ་རྣམས་ཀྱང་ངོ༌། །མདོ་འདིར་དངོས་སུ་མ་བསྟན་པ་རྒྱང་རིང་པོ་ནས་བོད་པ་ལ་སྦྱར་བའི་པླུ་ཏ་ཡོད་པ་ལའང་མཚམས་སྦྱོར་བ་མི་ཐོབ་པ་སྟེ། དཔེར་ན། དེ་བ་ཏཏྟཉ྄་ཨི་ཧ་དང༌། ཡ་ཛྙ་ཏཏྟཉ྄། ཨུ་ཏིཥྠཱུ་ལྟ་བུ་སྟེ། བྱིངས་སྒྲུབ་སོང་ཟིན། ཨི་ཏི་སནྔྷཽ་སཱུ་ཏྲ་ཏཿ ཏྲི་ཏཱི་ཡཿ སནྔྷིཿ ས་མཔྟཿ ཞེས་པ་མཚམས་སྦྱོར་གྱི་མདོ་ལས་མཚམས་སྦྱོར་གསུམ་པ་རྫོགས་སོ། །མཚམས་སྦྱོར་གསུམ་པའི་ཊིཀྐ་རྫོགས་སོ། །
༈ གསུམ་པ་གསལ་བྱེད་ཀྱི་མཚམས་སྦྱོར་ལ། གསལ་བྱེད་མཚམས་སྦྱོར་གྱི་ལེའུ་བཤད་པ། དེའི་འཕྲོས་དོན་རྣམ་བཅད་མཚམས་སྦྱོར་གྱི་ལེའུ་བཤད་པ་གཉིས། དང་པོ་ལ། སྡེ་པའི་དང་པོ་དབྱངས་དང་སྒྲ་ལྡན་ལ་བརྟེན་པའི་ལུས་འགྱུར་དང༌། སྡེ་པའི་དང་པོ་ལྔ་པ་དང་མཐར་གནས་སོགས་ལ་བརྟེན་པའི་ལུས་འགྱུར་དང༌། ཏ་ཡིག་གི་ལུས་འགྱུར་དང༌། ད་སོགས་ཀྱི་ལུས་འགྱུར་དང༌། ན་ཡིག་གི་ལུས་འགྱུར་རྒྱས་པར་བསྟན་པ། མ་ཡིག་གི་ལུས་འགྱུར་བསྟན་པ་དང་དྲུག་ལས། དང་པོ་ནི། བརྒྒ་བྲ་ཐ་མཿཔ་དནྟ་སྭ་ར་གྷོ་ཥ་བ་ཏྶུ་ཏྲི་ཏཱི་ཡཱན། སྡེ་པའི་དང་པོ་ཚིག་མཐའ་རྣམས་དབྱངས་དང་སྒྲ་ལྡན་རྣམས་ལ་གསུམ་པ་རྣམས་སོ། །སྡེ་པའི་དང་པོ་ཀ་ཙ་ཊ་ཏ་བ་ལྔ་ཚིག་མཐར་གནས་པའི་སྲོག་མེད་ཀྱི་ཕ་རོལ་ཏུ་དབྱངས་དང་སྒྲ་ལྡན་རྣམས་གང་བྱུང་ཡང་སྡེ་པ་རང་རང་གི་སྡེ་པའི་གསུམ་པར་འགྱུར་ཏེ། རེ་ཞིག་དབྱངས་ཝཱ་ཀ།།ཨ་ཏ྄་མཚམས་སྦྱར་བས། འདིས་གསུམ་པར་བསྒྱུར་བས། ཝཱ་ག་ཏ྄།.....ངག་འདིར། གྲུབ། ཥ་ཧ་བཟོད་པ་ལ་འོས། ཥ་ཧ་བཞག །ཨུཎ྄་གན་ལས་ཥ་ཥ྄་ཀྱི་རྐྱེན་དང་བྱིངས་འཇིག་གོ །ཞེས་གསུང་ངོས། ཥ་ཥ྄། སི། གསལ་བྱེད་ལས་དབྱི། ཧ་ཤ་ཥ། ཚ་མཐའ་དང་ཡ་ཛ྄་སོགས་རྣམས་ཀྱི་ཌའོས། ཌ་བྱིན། མཐའི་དབྱངས་སོགས་ཕྱིས། སྒྲ་མེད་ལ་དང་པོའོ། །རྫོགས་པ་ལ་ཡང་ནའོས། ཊ྄། ཥཊ྄། ཨཱ་ན་ཡ། ཞེས་གནས་པར། འདིས་དང་པོ་ཊ། དབྱངས་ལ་གསུམ་པ་ཌ་བྱས། སྦྱར་བས། ཥཌཱ་ན་ཡ་.....དྲུག་ཁྱེར་ཤོག །ཏ྄ཻང྄་སྐྱོང་བ་ལའོས། ཏ྄ེང་། རྗེས་འབྲེལ། ས་ཊི་ལ་སོགས་པ་རྣམས་སོས། ཊི་རྐྱེན། ཊ་དབྱངས་སོགས་ཀྱི་རྗེས་འབྲེལ་མཚམས་སྦྱར། ཏ྄ི་.....གསུམ། གྲུབ། ཥྚུ་བྷཱུ་རེངས་པ་ལའོས། ཥྚུ་བྷཱུ་བཞག །ཨཱུ་རྗེས་འབྲེལ། བྱིངས་ཀྱི་དང་པོའི་ཥས། རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་གྱིའང་མེད་དོ། །ཞེས་པས། ཊའི་ཏ་བྱས། སྟུབྷ། ཀྭེབ྄། རྐྱེན། པ྄་ཡིག་ནི། བྱིངས་ཀྱི་ཏ་མཐའ་བ་རྗེས་སུ་འབྲེལ་བ་ལ་འོས་ཁྱད་དོན་ཕྱིས། ཀ་ཡིག་ནི། ཀ་ལ་ཡཎ་བཞིན་ཡང་སྟེ་ཡ་ལ་བརྗོད་པ་བོར་བའོས་ཁྱད་དོན་ཕྱིས། ཝིའི་ཨི་ཡིག་ནི། སྦྱོར་བ་མིན་པའི་ཝིའི་དབྱིའོས་ཁྱད་དོན་ཕྱིས། འདིས་ཝ་ཡང་ཕྱིས། ཏྲིསྟུ་བྷ། སི་གསལ་བྱེད་ལས་དབྱི། རྫོགས་པ་ལ་ཡང་ན་འོས། བྷའི་པ། ནཱ་མི་དང་ཀ་དང་ར་ལས། ཞེས་པས། བྱིངས་ཀྱི་སའི་ཥ་བྱས། ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོས། ཏའི་ཊ་བྱས། ཏ྄ིཥྚུ་བ།.....སྡེབ་སྦྱོར་གསུམ་སྔགས་དང༌། ཆུ་ཐིག་གམ། མར་སྣུམ་ནས་གསུམ་འདུས་པའང་ངོ༌། །ཨ་ཡཾ།.....འདི། འདིས་དང་པོ་བ྄་གསུམ་པའི་བ་བྱས། མཚམས་སྦྱར་བས། ཏ྄ིཥྚུ་བི་ཡཾ། གྲུབ། དེ་དབྱངས་ཀྱི་དཔེའོ། །སྒྲ་ལྡན་རྣམས་ལ། གམླྀ་འགྲོ་བ་ལ་བཞག །ལྀ་རྗེས་འབྲེལ། ཝ་ཀ྄་སྔོན་དུ་བཞག །བུད་མེད་ལ། ཀྟི་རྐྱེན། ཝཀ྄། གམ྄། ཏི། ཞེས་གནས་པར། ལྔའི་ཨུ་བ་དྷཱའི་ཊུ་ཊ྄་ལ་སོགས་ཀྱིས། ལྔའི་ཨུ་པ་དྷཱ་གཱ་རིང་པོ། ཝ་ན་ཏི་སོགས་ཀྱིས་ལྔ་པ་མ྄་དབྱི། གཱ་ཏི། སི་རྣམ་བཅད། ཝཀ།།.....ངག།གཱ་ཏིཿཞེས་གནས་པར། སྒྲ་ལྡན་སོགས་ཀྱིས་ཀ་ག་བྱས། ཝ་གྒཱ་ཏིཿ.....ངག་ཕྱེ། ཥཊ྄། གཙྪ་ཏི། ཞེས་གནས་པར། འདིས་ཊ྄་ཊ྄་བྱས། མཚམས་སྦྱར། ཥ་ཌྒཙྪ་ཏི།.....དྲུག་འགྲོ་བར་བྱེད། སརྦ་ནཱ་མའི། ཏཏ྄། སི། མ་ནིང་ལས། དེ་ལ་བརྗོད་པའང་མིན་པའོས། ཏཏྲ། གམླྀ། ཡུཊ྄་བྱིན། རྗེས་འབྲེལ་ཕྱིས། ཡུ་ཨ་ན་བྱས། སི་དབྱི། མུ་ཨཱ་ག་མ་བྱིན། ཏ་ཏ྄་ག་མ་ན།.....དེ་འགྲོ་འམ་འགྲོ་བ་བྱེད། འདིས་ཏ྄ད྄། ཏདྒ་མ་ནཾ།.....དེ་འགྲོ་བར་བྱེད། གཻ་སྒྲ་ལའོས། གཻ་བཞག །གྷཉ྄་རྐྱེན། ཙ་ཛ་དག་གི་དྷུཊ྄་ལ། ག་ག་བྱེད་པའི་དོན་ཕྱིས། ཉ྄། གྲུབ་པ་ཉ྄་ཎ་སོགས་ཀྱི་དོན། གཻ། ཨ། ཞེས་གནས་པར། མཚམས་སྦྱོར་གྱི་ཡིེ་གེའི་མཐའ་རྣམས་ཀྱི་བི་ཀ་ར་ཎ་མ་ཡིན་པ་ལ་ཨཱ་ཡིག་གོས། བྱིངས་མཐའ་ཨཱཏ྄་བྱས། ཨཱཏ྄་མཐའ་རྣམས་ཀྱི་ཨིཙ྄་ལ་ཨཱ་ཡའོས། གཱའི་མཐའ་ཨིཙ྄་ལ་ཨཱ་ཡི་བྱས། ཡའི་ཨི་བརྗོད་དོན་ཕྱིས་པས། གཱ་ཡ྄། ཨ། ཞེས་གནས་པར། མཚམས་སྦྱར་བས། གཱ་ཡ྄། མཐུན་པའི་དོན་ལ་ཏྲ་རྐྱེན། ནཱ་ད་སོགས་ཀྱིས་ཨཱིའོས། ཨཱི་རྐྱེན། བུད་མེད་དུ་བྱས་པའི་ཨི་ཡིག་ལས་ཨ་དབྱིའོས། ཏྲའི་ཨ་དབྱི། སི། ཨཱི་ཡིག་ལ་དབྱི། ཏྲི་ཥྚུ་པ྄། གཱ་ཡ་ཏྲཱི། ཏྲིཥྚུབྒྷཱ་ཡ་ཏྲཱི། སྡེ་པའི་དང་པོ་སྨོས་པ་ཅི་ཞེ་ན། དེ་ཡོད་དེ། བྲཱུཉ྄་གསལ་བར་བརྗེད་པ་ལའོས་བྲཱུཉ྄་བཞག །ཉ྄་རྗེས་འབྲེལ། ཝརྟ་མ་ནའི་ཏི། རྐྱེན། ཨ་ན་བི། ཨང྄་སོགས་ལས་འཇིག །བྲཱུའི་དང་པོ་ལྔ་རྣམས་ལ་ཨཱ་ཧའང་ངོས། ཏི་ཨཊ྄་དང་བྲཱུའང་ཨཱ་ཧ་རུ་བསྒྱུར་བས། ཨཱ་ཧ། ཨཊ྄་ཞེས་གནས་པར། ཊ྄་ཡིག །ཨཱ་ཡིག་ལས་ཨཊ྄འི་ཨཽའོ། །ཞེས་པའི་རྟགས་དོན། བྷ་ག་ཝཱན྄་ཨཱ་ཧ། ཞེས་གནས་པར། བྷ་ག་ཝཱ་ནཱ་ཧ།.....བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚིག་མཐའ་ཅན་སྨོས་པ་ཅི་ཞེ་ན། དེ་མིན་ན་མི་འགྱུར་ཏེ། དྱུ་ཏ་འབར་བ་ལ་འོས། དྱུ་ཏ་བཞག །བི་སྔོན། ཀྭི་པ྄། རྐྱེན། ཀ྄་སོགས་ཕྱིས། བིདྱུ་ཏ།.....གློག །གཉིས་ཚིག་ཨཽ་བྱིན། བིདྱུ་ཏཽ་.....གློག་དག །དབྱངས་དང་སྒྲ་ལྡན་མིན་ན་མི་འགྱུར་ཏེ། བཱུ་ཉ྄་དག་བྱེད་ལའོས། བཱུ་ཉ྄་བཞག །ཉ྄་ཕྱིས། བཱཀ྄་སྔོན། ཝརྟ་མཱ་ནའི་ཏི་རྐྱེན། ཀྲི་སོགས་ལས་ཨཱ་ནའོ། །པཱུ་སོགས་རྣམས་ཀྱི་ཐུང་དུ་འོས། ཝཱཀ་བུ་བཱ་ཏི།.....ངག་དག་པ། ཞེས་པ་གྲུབ།
༈ པཉྩ་མེ་པཉྩ་མཱ་ཏྲི་ཏཱི་ཡཱ་ནྣཱ་བ། ལྔ་པ་ལ་ལྔ་པ་རྣམས་སུ་སྟེ་ཡང་ན་མ་ཡིན་པར་གསུམ་པ་རྣམས་སུའོ། །ཞེས་པ་སྡེ་པའི་དང་པོ་ཚིག་མཐའ་རྣམས་སྡེ་པ་གོང་གི །ལྔ་པ་ཕ་རོལ་ལ་སྔ་པའི་ལྔ་པ་གང་བྱུང་ཡང་སྡེ་ལྔའི་དང་པོ་རྣམས་རང་རང་གི་སྡེ་བའི་ལྔ་པའམ། ཡང་ན་གསུམ་པར་འགྱུར་བའོ། །མ་ན་ཤེས་པ་ལའོས། མ་ན་བཞག །ཝཀ྄། མ་ན། ཞེས་གནས་པར། མ་ནི། ཛ་ནི། ན་མ་རྣམས་ཀྱི། མ་དྷ། ཛ་ཏ། ནཱ་ཀ་རྣམས་ཀྱང་ངོ༌། །ཞེས་པས། ཨུཎ྄འི་ཨུའི་རྐྱེན་དང༌། ནའང་དྷ་བྱས། ཙནྡྲ་པར། ཨཱུ་ཥ་ལ་སོགས་པ་རྣམས་ལས་རའོ། །ཞེས་པས། དེ་ཕན་གྱི་རྐྱེན། ར་བྱིན། སི་རྣམ་བཅད་བྱས། ཝ་ཀ་.....ངག །མ་ངྷཱུ་རཿ.....སྙན་པོ། ཞེས་གནས་པར། རང་གི་ལྔ་པ། ཝང་མ་དྷཱུ་རཿ.....ངག་སྙན་པོ། གསུམ་པ། ཝཱ་ག྄་མ་དྷཱུ་རཿ.....ངག་སྙན་པོ། དྲུག་.....ཥ་ཊ྄་ན་ཡ་ནཾ།.....མིག །ཅེས་གནས་པར། ལྔ་པ། ཥཎྞ་ཡ་ནཾ།.....མིག་དྲུག །གསུམ་པ། ཥཌ྄་ན་ཡ་ནཾ་.....མིག་དྲུག །ཎཱིཉ྄་ཐོབ་པ་ལའོས། ཎཱི་བཞག །ཉ྄་རྗེས་འབྲེལ། བྱིངས་ཀྱི་ཎ་ན། སརྦ་ན་མའི་ཏཏ྄་སྔོན། ཏཏ྄་ནཱི། ཀྟི་རྐྱེན། ཀ྄་རྗེས་འབྲེལ། སི་རྣམ་བཅད། ཏཏ྄་ནཱི་ཏིཿ ཞེས་གནས་པར། ལྔ་པའི། ཏནྣཱིཏིཿ.....དེ་ལུགས། གསུམ་པའི། ཏད྄་ནཱི་ཏིཿ ཊུ་མིཉ྄་རབ་ཏུ་འཕེན་པ་ལ་འོས། ཊུ་མི་ཉ྄་བཞག །ཊུཉ྄་རྗེས་འབྲེལ། ཏྲི་ཥྚུཔ྄་སྔོན། བརྟ་མཱ་ནའི་ཏི་རྐྱེན། པུ་སོགས་ལས་ནུའོས། ནུ་བི་ཀ་ར་ན་བྱིན། བི་ཀ་ར་ཎའི་ཡོན་ཏན་ནོས། མི་ནོ་ཏི། གྲུབ། ཏྲིཥྚུཔ྄་མི་ནོ་ཏི། ཞེས་གནས་པར། ལྔ་པའི། ཏྲིཥྚུམ྄་མི་ནོ་ཏི། གསུམ་པའི། ཏྲིཥྚུབ྄་མི་ནོ་ཏི།.....གསུམ་བསྔགས་རྣམས་སུ་འགྱུར། དུར྄་སིང྄་ལས། རྣམ་པར་བཞག་པ་རྣམ་པར་བཤད་པའི་རྐྱེན་སྦྱོར་བ་རྟག་ཏུ་ལྔ་པར་བཤད་དོ། །གསུངས། སྡེ་པའི་དང་པོ་རྣམས་ལྔ་པ་དང་པོ་ཅན་གྱི་རྐྱེན་ཕ་རོལ་ལ་རྟག་ཏུ་ལྔ་པར་འགྱུར་ཏེ། ཝཙ྄་བརྗོད་པ་ལའོས། ཝཙ྄་བཞག །ཀྭིཔ྄་སྟེ་རིང་པོ་ཡང་ངོས། བཱ་རིང་པོ། ཀྭིཔ྄་དབྱི། སི་གསལ་བྱེད་ལས་འཇིག །ཙ྄་སྡེ་དང་ཏྲི་ཤ་སོགས་རྣམས་ཀྱིའང་ངོས། ཙ྄འི་ག། །བཱག྄། ངག །གྲུབ། རྫོགས་པ་ལ་ཡང་ནའོས། གའི་ཀ་བྱས། ཨཱ་ཁྱཱ་ཏ་ལས་ཀྱང་ཏ་མ་ལ་སོགས་པ་རྣམས་སོ། །ཞེས་པས། མ་ཡཊ྄་རྐྱེན། ཊ྄་ནི། ཥཊ྄་རྗེས་སུ་འབྲེལ་བ་ལས་ཨོའོའི་རྟགས་དོན། སི། མུ། བཱང྄་མ་ཡཾ།.....ངག་གི་རྣམ་འགྱུར། དེ་བཞིན་དུ། པགས་པ.....ཏྭཀ྄་ལ་མ་ཡ་ཊ྄་རྐྱེན་བྱིན་པས། རྟགས་མཐའ་ལྔ་པ། ཏྭཏྨ་ཡཾ།.....པགས་པའི་རྣམ་འགྱུར། ཏཏ྄་མ་ཏྲཾ་ལ།.....དེའི་ཚད་དམ་དེ་ཙམ། ཏན྄་མཱ་ཏྲཾ།.....དེའི་ཚད་དམ་དེ་ཙམ། དེ་བཞིན་དུ། ཡད྄་ཏད྄་ཨེ་ཏད྄་རྣམས་ལས་བནྟུ་འདོད་དེ། ཨ་ཡིག་ཏུའང་བསྒྱུར། སི་མ་ནིང་ལས་དབྱི་ཞིང་བརྗོད་པའང་མིན། སྔ་མ། བཞིན་དུ་མཱ་ཏྲཊ྄འི་རྐྱེན་བྱིན། ཨ་ནུ་ཥངྒའང་ཀྭུཉྩ་དང་ཨིཏ྄་མ་ཡིན་པའོ། །ཞེས་པས། ཨ་ནུ་ཥངྒ་དབྱི། ཡ་བ་ཏྲ།.....གང༌། མཱ་ཏྲཊ།.....ཙམ་མམ་ཚད། རྐྱེན་ལྔ་པ་ཕ་རོལ་ལ་ལྔ་བ། ཡ་བན྄་མ་ཏྲཾ།.....གང་ཙམ་གང་གི་ཚད། ཨེ་ཏ་ཝཏ྄།.....འདི་ཙམ་མམ་འདིའི་ཚད།.....མ་ཏྲཊ྄། སྔར་བཞིན། ལྔ་པ་ཕ་རོལ་ལ་ལྔ་པ། འདིའི་ཚད།.....ཨེ་ཏ་བན྄་མཱ་ཏྲི།.....འདི་ཙམ། །
༈ གཉིས་པ་ནི། བརྒྒ་པྲ་ཐ་མེ་བྷྱཿ ཤ་ཀཱ་རཿ སྭ་ར་ཡ། བ་ར་ཤྪ་ཀཱ་རནྣ་བཱ། སྡེ་པའི་དང་པོ་རྣམས་ལས་ཤ་ཡིག་དབྱངས་དང་ཡ་ཝ་ར་ཕ་རོལ་ཅན་ཚ་ཡིག་སྟེ་ཡང་ན་མ་ཡིན་ནོ། །ཞེས་པ་ཚིག་མཐར་གནས་པའི་སྡེ་པའི་དང་པོ་རྣམས་ཀྱི་ཕ་རོལ་ཏུ་ཤ་ཡིག་བྱུང་ཞིང་དེའི་ཕ་རོལ་ཏུ་དབྱངས་བཅུ་བཞི་དང་ཡ་ཝ་ར་གང་བྱུང་ཡང་ཤ་ཡིག་ཚ་རུ་འགྱུར་ཞིང་ཡང་ན་མ་ཡིན་པ་སྟེ་མ་བསྒྱུར་ཡང་རུང་ངོ༌། །ཤཱུ་ར་བཱི་ར་རྣམ་པར་གནོན་པ་ལ་འོས། ཤཱུ་ར་བཞག །བཱཀ྄་སྔོན། བཱཀ྄་ཤཱུ་ར། ཙུ་ར་སོགས་ལས་ཀྱང་ངོས། ཨིན྄་རྐྱེན། ཨའི་ཡང་དབྱིའོས། རའི་ཨ་དབྱི། ཤཱུ་རིན། དབྱངས་དང་ཞེས་པས། རྐྱེན་ཨལ྄་བྱིན། ལ྄་ནི། གྷཉ྄་ཨལ྄་དག་གི་གྷ་སྨིའོས། རྟགས་དོན། ཨིན་ཀ་རི་ཏ་དབྱི། པཱཀ྄ །ཤཱུར྄། ཨ། མཚམས་སྦྱར་བས། བཱཀ྄་ཤཱུ་ར།.....དཔའ་པོའི་ངག །སི་རྣམ་བཅད་བྱས། བཱཀ྄་ཚཱུ་རཿ ཤྱཻང྄་འགྲོ་བ་ལ་འོས། ཤྱཻང྄་བཞག།།ང྄་རྗེས་འབྲེལ། ཥཊ྄་སྔོན། ཥཊ྄་ཤྱཻ། ཞེས་གནས་པར། ཤྱཱཻ་ལས་མ་ཀའོས། མ་ཀ་རྐྱེན། བརྗོད་དོན་ཕྱིས། ཥཊ྄་ཤྱཻ་མ། ཞེས་གནས་པར། བྱིངས་ཀྱི་མཐའ་མཚམས་སྦྱོར་ཨཻ་ཡིག་ཨཱ་བྱས། ཥཊ྄། ཤྱཱ་མཿ.....སྔོ་བསང་དྲུག་གམ་ལྗང་ཀུ་དྲུག །སི་རྣམ་བཅད། ཥཊ྄། ཚྱཱ་མཿ ཤྭཱི་ཏཱ་ཁ་ཏོག་ལ་འོས། ཤྭཱི་ཏཱ་བཞག །ཏཱའི་ཨཱ་ནི། ཨཱཏ྄་རྗེས་སུ་འབྲེལ་བ་ལས་ཀྱང་ངོས། རྟགས་དོན། དངོས་པོའི་རྐྱེན། གྷཉ྄། ཨུ་པ་དྷཱ་ནཱ་མིའང་ཡང་པའི་འོས། ཡོན་ཏན། ཤྭེ་ཏཾ། སི་དབྱི། མུ་སྟེར། ཏ་ཏ྄་ཚྭ་ཏཾ། ཏ་ཏཤྭ་ཏཾ།.....དཀར་པོ་དེ། ཏཏ྄་ཤྲི་ཏཾ། ཏ་ཙྪི་ཏ྄ཾ།.....དེ་ལ་བརྟེན། ཏཙྴྲི་ཏཾ། ཤྲུ་ཐོས་པ་ལ་འོས། ཤྲུ་བཞག །ཝ྄རྟ་མཱ་ནའི། ཏི་རྐྱེན། བྱིངས་ཐམས་ཅད་པ་ལ་ཡཎ྄འོས། ཡ་ཎ྄་བྱིན། ཎ྄་དབྱི། ཤྲུ་ཡ་ཏི།.....ཉན། ཏྲིཥྚུ་པ྄། ཤྲུ་ཡ་ཏེ། ཞེས་གནས་པར། ཏྲིཥྚུ་པ྄། ཚྭུ་ཡ་ཏེ། ཏྲིཥྚུ་པ྄། ཤྲུ་ཡ་ཏེ། སྡེ་པའི་དང་པོ་སྨོས་པ་ཅི་ཞེ་ན། དེ་མིན་ན་མི་འགྱུར་ཏེ། ཨཉྩུ་འགྲོ་བ་དང་མཆོད་པ་བྱེད་པ་དག་ལའོས། ཨཉྩུ་བཞག །པྲ་ཏི་སྔོན། ཀྭིཔ྄་རྐྱེན། པྲ་ཏི་ཨཉྩ། སི་གསལ་བྱེད་ལས་དབྱི། ཙ་སྡེ་དང་སོགས་ཀྱིས། ཙའི་ག།།རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་གྱིའང་མེད་པ་འོས། ཉའི་ན། པྲ་ཏྱ་ནྒ྄། ཞེས་གནས་པར། སྡེ་པ་ལ་སྡེ་པའི་མཐའ་འོས། ནའི་ང྄། པྲ་ཏྱངྒ྄། ཞེས་གནས་པར། བརྩེགས་པའི་མཐའ་ཕྱིས་པས། པྲ་ཏྱང྄།.....དང་པོར། གྲུབ། ཤཱིང྄་ཉལ་བ་ལའོས། ཤཱིང྄་བཞག །ང྄་རྗེས་འབྲེལ། བཱརྟ་མ་ནའི། ཏེ་རྐྱེན། ཨན྄་བི། ཨད྄་སོགས་ལས་འཇིག །ཤཱིང྄འི། བྱིངས་ཐམས་ཅད་པ་ལ་ཡོན་ཏན། ཤཱིའི་ཨཱི་ཨེ། ཤེ་ཏེ།.....ཉལ། གྲུབ། པྲ་ཏྱང྄་ཤེ་ཏེ།.....དང་པོར་ཉལ། དབྱངས་དང་ཡ་བར་ཕ་རོལ་སྨོས་པ་ཅི་ཞེ་ན། མིན་ན་མི་འགྱུར་ཏེ། ཤླིཥ྄་འཁྱུད་པ་ལའོས། ཤླི་ཥ྄་བཞག །ཤླིཥ྄འི་ཨིཏ྄་ཨཏ྄་ཀྱང་ངོས། ཨི་ཨ། སྣཀ྄། རྐྱེན། ཥ་ཌྷ་དག་གི་ས་ལ་ཀའོས། ཀ྄ །ནཱ་མིན་དང་ཀ་དང་ར་ལས། ཞེས་པས། ས་ཥ། ར་ཥ། རྀའི་ཡི་གེ་རྣམས། ཞེས་པས། ནཱའི་ཎ། སི། མུ། བཱཀ྄་ཤླཀྵྞཾ།.....ངག་འཇམ་པོ། གྲུབ། དུར྄་སིང྄་ལས། ཤླཀྵའི་ལ་གཞན་ལ་སྣ་ལྡན་དུ་ཡང་འདོད་དོ། །ཞེས་སོ། །ཤླཱ་གྷྲྀ་མངག་པ་ལའོས། ཤླཱ་གྷྲྀ་བཞག །རྀ་རྗེས་འབྲེལ། རྀ་ཡིག་དང་གསལ་བྱེད་མཐའ་ལས་Ἐཾ་ཎ྄། ཎ་དང༌། གྷ྄་རྗེས་འབྲེལ། ཏཏ྄་སྔོན། མཚམས་སྦྱོར། ཏཏ྄་ཤླཱ་Ἐཾ། སི། མུ། ཏཙྴླཱ་Ἐཾ། ཏཙཱྵླ་Ἐཾ། ཏཏྴྨ་ཤཱ་ནཾ། ཏ་ཙྪྨ་ཤཱ་ནཾ།.....དུར་ཁྲོད། ཞེས་སོ། །
༈ ཏེ་བྷྱ་ཨེ་བ་ཧ་ཀཱ་རཿཔཱུརྦ་ཙ་ཏུརྠ་ན་བཱ། དེ་རྣམས་ཁོ་ན་ལས་ཧ་ཡིག་སྔ་མའི་བཞི་པ་སྟེ་ཡང་ན་མིན་ནོ། །ཞེས་པ་ཚིག་མཐར་གནས་པའི་སྡེ་པའི་དང་པོ་ལྔའི་ཕ་རོལ་ཏུ་བྱུང་བའི་ཧ་ཡིག་དེ་རང་རང་གི་སྡེ་པའི་བཞི་པར་འགྱུར་བར་བྱ་སྟེ་ཡང་ན་མ་ཡིན་ནོ། །ཨོ་ཧཱཀ྄་གཏོང་བ་ལའོས། ཨོ་ཧཱ་ཀ྄་བཞག །ཨོ་ནི། ལུ་སོགས་དང༌། ཨོ་རྗེས་སུ་འབྲེལ་བས་ཀྱང་ངོའི་ཁྱད་དོན་དབྱི། ཀ྄་ནི། ཛ་ཧཱ་ཏིའི་ཀྟྭ་ལ་ཨི་ཏའོ། །ཞེས་པའི་རྟགས་དོན་དབྱི། འགྲོ་བའི་དོན་དང་ལས་མེད་པ། ཞེས་པས། ཀྟ་རྐྱེན། ཀ྄་རྗེས་འབྲེལ། ཧཱ། ཏ། ཞེས་གནས་པར། ལུ་སོགས་དང་ཨོ་རྗེས་སུ་འབྲེལ་བ་ལས། ནིཥྛའི་ཏའི་ནའོས། ཏ་ན་བྱས། དཱ་མཱ། གྷ་ཡ་ཏི། བི་པ་ཏི། སྠཱ་སྱ་ཏི། ཛ་ཡཱ་ཏི། རྣམས་ཀྱི་གསལ་བྱེད་དང་པོ་ལ་ཨཱི་ཡིག་གོ །སི་རྣམ་བཅད། ཝཀ྄་ཧཱི་ནཿ ཝགྒྷཱནཿ.....ངག་དམན་པའམ་འཕྲང་འཇོམས། ཝཀ྄་ཧཱི་ནཿ ཧ་ལ་རྣམ་པར་རྐོ་བ་ལའོས། ཧ་ལ་བཞག།།ཨཙ྄་རྐྱེན། ཛས྄་བྱིན། མ་ནིང་ལས་ཛས྄་ཤས྄་དག་གི་ཤིའོས། ཛས྄་ཤི། ཤ྄་རྗེས་འབྲེལ། དྷུཊ྄་དང་དབྱངས་ལས་གྷུཊ྄་ལ་ནུ། ཧ་ལཱ་ནི། གྲུབ། ཥཊ྄། ཧ་ལཱ་ནི། འདིས་བཞི་པ། ཥཊ྄ཌྷ་ལ་ནི། བཞི་པ་མ་བྱས་ན། ཥཊ྄་ཧ་ལ་ནི། ཧི་འགྲོ་བ་ལ་འོས། ཧི་བཞག །དངོས་པོ་ལ་མ་ནིང་ལ། ཀྟ་རྐྱེན། སི། མུ། ཏད྄་ཧི་ཏཾ་.....དེ་ཕན། བཞི་པ་ཏད྄་ངྷི་ཏཾ། ཧ་ན་འཚེ་བ་ལའོས། ཧ་ན་བཞག།།མ་ནིང་ལ། ཀྟ་རྐྱེན། ལྔ་པའི་ཨུ་པ་དྷཱའི་དྷཱུཊ྄་ལའང་ཡོན་ཏན་མེད་པལའོ། །ཞེས་པས་རིང་པོ། ཝ་ན་ཏི། ཏ་ནོ་ཏི་སོགས་ཨིཊ྄་བཀག་པ་རྣམས་ཀྱི་དྷུཊ྄་ལ་ལྔ་པ་སྟེ་ཨཱཏ྄་ཀྱི་བྱས་ཨཱཏ྄་འང་ངོ༌། སི། མུ། ཏིཥྚུཔ྄་སྔོན། ཏྲི་ཥྚུཔ྄་བྷཱ་ཏཾ། ཏྲི་ཥྚུཔ྄་ཧཱ་ཏཾ།.....ཐིག་པས་བཅོམ། དེ་རྣམས་ཁོ་ན་ལ་ཞེས་པ་ཅི་ཞེ་ན། དེ་ལས་གཞན་དབྱངས་དང་ཡ་དང་རའི་ཕ་རོལ་ལ་མི་འཇུག་པས་ཁོ་ན་སྨྲོས་ཏེ། དུར྄་སིང྄་ལས། དེ་རྣམས་ལས་ཞེས་བཟུང་བའི་དབྱངས་དང་ཡ་དང་བ་དང༌། རའི་ཕ་རོལ་མི་འཇུག་པའི་དོན་ནོ། །ཞེས་སོ། །ཧ་སེ་རྒོད་པ་ལ་འོས། ཧ་སེ་བཞག །པྲ་ཏི་དང་ཨུཏ྄་སྔོན། ཨེ་ནི། ཙནྡྲ་པའི་འགྲེལ་པར། སིཙ྄་ལ་རིང་པོའི་དོན་ཏོ། །ཝརྟ་མཱ་ནའི་ཏི། ཨན྄་བི། པྲ་དྲ་ཏྱུ་དྲ་ཧ་ས་ཏི།.....ཤིན་ཏུ་རབ་ཏུ་རྒོད་པ། གྲུབ།
༈ གསུམ་པ་ནི། བ་ར་རཱུ་པཾཏ་ཀ་རོ་ལ་ཙ་ཊ་བརྒྒེ་ཥུ། ཏ་ཡིག་ལ་དང་ཙ་ཊའི་སྡེ་པ་རྣམས་ལ་ཕ་རོལ་གྱི་གཟུགས་སོ། །ཞེས་པ་ཚིག་མཐའི་ཏ་ཡིག་ནི་ཕ་རོལ་ཏུ་ལ་ཡིག་དང་ཙ་སྡེ་དང་ཊ་སྡེའི་ཡི་གེ་གང་བྱུང་ཡང་ཕྱི་མའི་ཡི་གེ་གང་ཡིན་པར་འགྱུར་རོ། །ལཱུ་ཉ་གཅོད་པ་ལའོས། ལཱུ་བཞག །བརྟ་མཱ་ནའི་ཏི་རྐྱེན། ཀྲྀ་སོགས་ལས་ནཱ་འོས། པཱུ་སོགས་རྣམས་ཀྱི་ཐུང་དུའོས། ཏཏ྄་སྔོན་དུ་བཞག །ལུ་ན་ཏི།.....གཅོད་པར་བྱེད། ཏ་ཏ྄་ལུ་ན་ཏི་དེ།.....གཅོད་པར་བྱེད།.....ཏལླུ་ན་ཏི། ཙིཉ྄་སོགས་པ་ལའོས། ཙིཉ྄་བཞག །ཏི་རྐྱེན། སུ་སོགས་ལས་ནུ་བྱིན། ཙི་ནུ་ཏི། ཞེས་གནས་པར། བི་ཀ་ར་ཎའི་ཡོན་ཏན་བྱས། ཙི་ནོ་ཏི།.....སོགས་པར་བྱེད། ཏཙྩི་ནུ་ཏི།.....དེ་སོགས་པར་བྱེད། ཚ་ད་དང་ཁ་ཊ་སྒྲིབ་པ་དག་ལའོས། ཚ་ད་བཞག །ཙུ་ར་སོགས་ལས་ཨིན྄་བྱིན། ན྄་རྟགས་དོན་ཕྱིས། ཚད་འི་ཨ་ཕྱིས། ཚ་དི། མིང་དང་སྦྱོར་བ་ལ་རབ་ཏུ་སྦྱོར་བ་ལའང་དང་པོའོས། ཝརྟའི་ཏི་རྐྱེན། བར་དུ་ཨ་བྱིན། ཨི་ཨེ་རུ་སོང༌། ཨེ་ཨཡ྄་བྱས། མཚམས་སྦྱར། ཚ་ད་ཡ྄ཏི།.....འགེབས་པར་བྱེད། ཏྭ་ཙྪདཡ་ཏི།.....དེ་འགེབས་པར་བྱེད། གྲུབ། ཛི་རྒྱལ་བ་ལའོས། ཛི་བཞག །ཝརྟའི་ཏི་རྐྱེན། ཨན྄་བི། ན་མི་མཐའི་བྱིངས་ཡོན་ཏན། ཛེ། ཏི། ཞེས་གནས་པར། ཨེ་ཨཡ྄། ཨན྄་གྱིན྄་ཕྱིས། ཡ྄་ཨ་ལ་དྲངས། ཛ་ཡ་ཏི།.....རྒྱལ་བར་བྱེད། ཏཛྫ་ཡ་ཏི།.....དེ་རྒྱལ་བར་བྱེད། གྲུབ། ཛྷ་ཥ་དང་ཙཱི་བྲྀ་ལེན་པ་དང་ཀུན་ལས་སྒྲིབ་པ་དག་ལའོས། ཛྷ་ཥ་བཞག །ཝརྟ་མ་ནའི་ཏི་རྐྱེན། ཨན྄་བི། དྷུཊ྄་རྣམས་ཀྱི་གསུམ་པའོས། ཛྷའི་ཛ་བྱས། ཏཏ་སྔོན། ཏཛྫ་ཥ་ཏི།.....དེ་ལེན་པར་བྱེད། གྲུབ། ཊུ་ཀྲྀཉ་བྱེད་པ་ལའོས། ཀྲྀ་བཞག །ཉ་ཡིག་སྔོན། ཉ་ཀྲྀ། རྗེས་འབྲེལ་དབྱི། གྷཉ྄་རྐྱེན། རྗེས་འབྲེལ་གྷཉ྄་ཕྱིས། ཨ་བཞག །ཉ྄་ཀྲྀ། ཨ། ཞེས་གནས་པར། རཱྀ་ཨཱར། ཉ་ཀཱ་རཿ སི་རྣམ་བཅད། ཏཏ་སྔོན། ཏཉྙ་ཀཱ་རཿ.....དེ་ཉ་ཡིག །གྲུབ། ཊཱི་ཀྲྀ་དང༌། ཊཱཽ་ཀྲྀ་དང༌། ཌྷཽ་ཀྲྀདནྚ་ཀའི་བྱིངས་ལས། ཊཱི་ཀྲྀ་བཞག །རྀ་རྗེས་འབྲེལ། ཝརྟ་མ་ནའི་ཏེ་རྐྱེན། ཨན྄་བི། ཏཏ་སྔོན། དེ་གསལ་བའམ་འབྱེད་ལམ་གྲགས་.....ཏཊྚཱི་ཀ་ཏེ་.....རྒྱ་ཆེར་འགྲེལ། གྲུབ། ཏཊྛཱ་ཀུ་རཿ.....དེ་ཡ་རབ། ཊཱིང་ནམ་མཁའ་ལ་འགྲོ་བ་ལའོས། ཊཱིང་བཞག །ཨུཎའི་ནཀ྄་རྐྱེན། ཊཱི་ན།.....འཕུར། སི་རྣམ་བཅད། ཏཊྚཱི་ནཿ.....དེ་འཕུར། ཊྷཽ་ཀྲྀ་དཎྚ་ཀའི་བྱིངས། ཊྷཽ་ཀྲྀ་བཞག །རྀ་རྗེས་འབྲེལ། ཝརྟ་མ་ནའི་ཏེ་རྐྱེན། ཨན྄་བི། བར་དུ་བྱིན། ཊྷཽ་ཀ་ཏེ།.....འབུལ་བར་བྱེད། ཏཊ྄་ཊྷཽ་ཀ་ཏེ།.....དེ་འབུལ་བར་བྱེད། ཏཎྞ་ཀཱ་ར།.....དེ་ཎ་ཡིག །ཏྲི་ཤ་ལླེ་ཁ།.....རྡོའི་རེ་ཁ། ཛྙཱ་ན་བྷཱུ་ཊྚཱི་ཀ་ནཱ་མི་ཏེ།.....ཡེ་ཤེས་རྟོག་པའི་ཊཱིཀྐ་ཞེས་བྱ་བ། འདི་དག་སྔར་སྒྲུབ་ཟིན། ཏ་ཡིག་མིན་ན་མི་འགྱུར་ཏེ། ཙ་ར་འགྲོ་བ་ལའོས། ཙ་ར་བཞག །ཏི། ཨན྄་བྱིན། བཀ྄་སྔོན། བཱཀ྄་ཙ་ར་ཏི་.....དག་སྤྱོད་པ། གྲུབ། ལ་དང་ཙ་སྡེ་ཊ་སྡེ་མིན་ན་མི་འགྱུར་ཏེ། ཊུ་པ་ཙཥ྄་འཚེད་པ་ལའོས། ཊུ་པ་ཙ་ཥ྄་བཞག །ཥ྄་ཡིག །ཥ྄་རྗེས་སུ་འབྲེལ་བ་དང་བྷིང྄་སོགས་རྣམས་ལས་ནི་ཨང྄་ངོའི་དོན། ཙའི་ཨ་བརྗོད་དོན། ཊུ་རྗེས་འབྲེལ། ཏི། ཨན྄། ཏཏ྄་པ་ཙ་ཏི་.....དེ་འཚེད་པར་བྱེད། །
༈ ཙམ྄་ཤེ། ཤ་ལཙ྄འོ། །ཞེས་པ་ཚིག་མཐའི་ཏ་ཡིག་ནི་ཤ་ཕ་རོལ་ལ་ཙ྄་རུ་བསྒྱུར་ཏེ། ཏཙྴླ་Ἐཾ།.....དེ་ལ་སྔ། ཏཙྴྨ་ཤཱ་ན།.....དེ་དུར་ཁྲོད། ལྟ་བུའོ། །
༈ ད་ཎ་ན་ཧྲ་སྭ་ཨུ་པ་གྷཱཿ སྭ་རེ་དྭིཿ ང་ཎ་ན་ཨུ་པ་དྷཱ་ཐུང་ངུ་ཅན་རྣམས་དབྱངས་ལ་གཉིས་སོ། །ཞེས་པ་ཚིག་མཐའི་ད་དད་ཎ་དང་ན་ཨུ་པ་དྷཱ་ཐུང་ངུ་ཅན་དབྱངས་ཕ་རོལ་ལ་གཉིས་སུ་འགྱུར་རོ། ཨཉྩུ་འགྲོ་བ་ལའོས། ཨཉྩུ་བཞག །ཨུཏ྄་སྔོན། སྒྲུབ་ཚུལ་པྲ་ཏྱང྄་བཞིན། ཨུ་དང྄་ཨ་ཏྲ། ཨུ་ད་ད་ཏྲ། གྲུབ། ག་ན་གྲངས་ལའོས། ག་ན་བཞག །ཙུ་ར་སོགས་ལས་ཨིན། ཨའི་འང་དབྱི་འོས། ཨ་ཕྱིས། ག་ནིན། ཞེས་གནས་པར། ཀྭིཔ྄་རྐྱེན། ཨིན྄་ཀ་རི་ཏ་དབྱི། ག་ན྄།.....བགྲང་པ། ཀྭིཔ྄་དབྱི། སུ་གཎྞ་ག་ཏཿ.....ལེགས་པར་བགྲང་མ་ལེགས་པར་གསུངས། འཚེད་པའི་པཙ྄་བཞག །པུ་ཥན྄་ལ་སོགས་པ་རྣམས་སོ། །ཞེས་པས། ཀ་ནི་རྐྱེན། ཀ྄་རྗེས་འབྲེལ། ཨི་བརྗོད་དོན། པ་ཙན྄། ཨི་ཧཿ ཞེས་གནས་པར། འདིས་ང྄་ཎ་ན་དབྱངས་ལ་གཉིས་བྱས། པ་ཙནྣི་ཧ།.....འཚེད་པ་འདིར། ང྄་ཎ་ན་ཞེས་པས། དེ་མིན་ན་གཉིས་སུ་མི་འགྱུར་ཏེ། ཏྭཾ་ཨི་ཧ་.....ཁྱོད་འདིར་.....ཏྭ་མི་ཧ། ཚིག་མཐའ་ཞེས་པས། དེ་མིན་ན་གཉིས་སུ་མི་འགྱུར་ཏེ། པུ་ཥ་རྒྱས་པ་ལའོས། པུ་ཥ་བཞག །པུ་ཥན་ལ་སོགས་པ་རྣམས་སོ། །ཞེས་པས། ཀ་ནི། རྐྱེན། ཀ་དང་ཨི་དབྱི། པུ་ཥན། ཨཽ་བྱིན། ཥ་ར་རྀས་ནའིཎ་བྱས། པུ་ཥ་ཎཽ་.....རྒྱས་པ་དག།། ལྟ་བུ། ཨུ་པ་དྷཱ་ཐུང་ངུ་མིན་ནའང་ང་ཎ་ན་གསུམ་གཉིས་སུ་མི་འགྱུར་ཏེ། བྷཱུ་ཡོད་པ་ལའོས། བྷཱུ་བཞག །ཊ་རྐྱེན། ཊ་ལ་དབྱངས་སོགས་དབྱི། དེ་འདིའི་ཡོད་པ་ཞེས་པས་ལྡན་རྐྱེན། ཝནྟུ། སི། ཨནྡྷུ་དང་ཨབ྄་མཐའི་འང་བྱིངས་མིན། སིའི་སི་ལའོ་ཟེས་པས་བནྟུའི་ཨཱ་རིང་པོ། ཏུའི་ཨུ་བརྗོད་དོན། གསལ་བྱེད་ལ་སི་དབྱི། བརྩེགས་པའི་མཐའི་ཏ་དབྱི། བྷ་ཝཱན། ཨ་ཧ། ཞེས་གནས་པར། ཨུ་པ་དྷཱ་རིང་བས་ན་གཉིས་མི་འགྱུར་ཏེ། བྷ་ཝཱ་ན་ཧ།.....ཁྱོད་ཀྱི་སྨྲས་པ། དབྱངས་ལ་ཞེས་པས་ཕ་རོལ་དབྱངས་མིན་ན། ཨུ་པ་དྷཱ་ཐུང་ཡང་གཉིས་སུ་མི་འགྱུར་ཏེ། སུ་གཎ྄་ག་ཏཿ.....མཁས་པ་གཤེགས། ལྟ་བུའོ། །
༈ ལྔ་པ་ནི། ནོ་ཉནྟཤྩ་ཚ་ཡོཿ། ཤ་ཀཱ་ར་མ་ནུ་སྭ་ར་པཱུརྺཾ། །ན་མཐའ་ཙ་ཚ་དག་ལ་ཤ་ཡིག་སྟེ་སྔ་མར་རྗེས་སུ་ང་རོའོ། །ཞེས་པ་ཚིག་མཐའི་ན་ཡིག་གི་ཕ་རོལ་ཙ་ཚ་དག་ཕ་རོལ་ཏུ་བྱུང་བ་ལ་ན་ཤ་ཡིག་ཏུ་འགྱུར་ཞིང༌། ནའི་སྔོན་མར་རྗེས་སུ་ང་རོ་བསྣན་པར་འགྱུར་ཏེ། བྷ་ཝཱན། ཙི་ནོ་ཏི། ཞེས་གནས་པར། བྷ་ཝཱཾཤྩི་ནོ་ཏི།.....ཁྱོད་སོགས་པར་བྱེད། བྷ་ཝཱཾཤྪ་ད་ཡ་ཏི།.....ཁྱོད་འགེབས། ཙ་ཚ་ཁོ་ན་མིན་ན་དེ་མི་འགྱུར་ཏེ། ཊུ་ཀྲྀ་ཉ་བྱེད་པ་ལ་འོས། ཊུ་ཀྲྀ་ཉ་བཞག །རྗེས་འབྲེལ། དབྱི། བརྟའི་ཏི་རྐྱེན། བར་རྐྱེན། ཨུ། བི། བི་ཀ་ར་ཎའི་ཡོན་ཏན། ཨུ་ཨོ་བྱས། རྀ་ཨར་བྱས། མཚམས་སྦྱར། བྷ་ཝཱན་སྔོན། བྷ་ཝཱན་ཀ་རོ་ཏི།.....ཁྱོད་བྱེད། དུར྄་སིང྄་ལས། ཡང་ན་རྣམ་པར་བཞག་པ་དྲན་པའི་ཕྱིར། པྲ་ཤཱན་ཙ་ར་ཏི།.....རབ་ཏུ་ཞི་བའི་སྤྱོད་པ། དེ་ལྟར་གནས་པ་ཡང་ངོ༌། །ཞེས་པས། པྲ་ཤཱན་གྱི་ང་རོ་དེ་ལྟར་མི་བྱེད། ཤ་མུ་ཉེ་བར་ཞི་བ་ལ་འོས། ཤ་མུ་བཞག །པྲ་སྔོན། ཨུ་རྗེས་འབྲེལ། ༢པྲ་ཤན་ཀྭིཔ་རྐྱེན། ༡བྱིངས་ཀྱི་མའི་ན་བྱས། ༣ལྔ་པའི་ཨུ་པ་དྷཱ་དྷུཊ྄་ལའང་ཡོན་ཏན་མེད་པ་ལའོས། ཞེས་པའི་ཨང་སྒྲས། ཀྭིཔ྄་ལ་འང་ལྔ་བའི་ཨུཔ་དྷཱ་ཤན་གྱི་ཤཱ་རིང་པོ། སི་གསལ་བྱེད་ལས་དབྱི། པྲ་ཤཱན་.....རབ་ཏུ་ཞི་བ། གྲུབ། པྲ་ཤཱནྩི་ནོ་ཏི།.....རབ་ཏུ་ཞི་བ་སོགས་པ། པྲ་ཤཱནྪ་ད་ཡ་ཏི།.....རབ་ཏུ་ཞི་བ་སྒྲིབ་པ། ལྟ་བུའོ། །
༈ ཊ་ཋ་ཡོཿཥ་ཀཱ་རཾ། ཊ་ཋ་དག་ལ་ཥ་ཡིག་གོ །ཞེས་པ་ཚིག་མཐར་གནས་པའི་ན་ཡིག་གི་ཕ་རོལ་ཏུ་ཊ་ཋ་དག་གང་བྱུང་ཡང༌། ན་ཡིག་ཥ་ཡིག་ཏུ་འགྱུར་ཞིང་ན་ཡིག་གི་སྔ་མའི་ཡི་གེ་ཀླད་སྐོར་ཅན་དུ་འགྱུར་ཏེ། ཊ་ཀི་འཆིང་བ་ལའོས། ཊ་ཀི་བཞག །ཙུ་ར་སོགས་ཨི་ཡིག་ནི་ཨི་དིད་ཀྱི་ནུམ྄འོ། །ཞེས་པའི་རྟགས་དོན་དབྱི། འདིས་ནུམ྄་ཨཱ་ག་མ་བྱིན། མ་ཡིག་ནི། ཙནྡྲ་པ་ལས། མིཏ་ཨ་ཙ྄འི་མཐའ་ལས་ཕ་རོལ་ཏུའོ། །ཟེས་པས་དབྱངས་མཐར་སྟེར་བའི་རྟགས་དོན། ཨུ་བརྗོད་དོན། ཨཙ྄་མེད་པ་ལའོས། ཀ་གཉིས་སུ་བསྒྱུར། ཊཀྐན྄྄། ཨན྄། ཧི། ཀན྄། སི་དག་གི་ན་དབྱི་བ་ཡང་ངོ༌། །ཞེས་པས། ཡང་སྒྲས། རྐྱེན་ཀི་དང་ནི་དབྱིའོ། །ཊཀྐ། ཀི །ཞེས་གནས་པར། ཀ་རི་ཏའི་ཨཱཾ་ཨིཊ྄་བི་ཀ་ར་ཎ་མ་ཡིན་པ་ལའོས། ཀ་རི་ཏ་དབྱི། ཀ་རྟགས་དོན། སི་རྣམ་བཅད། ཊཀྐིཿ.....འདོད་པ། རཱ་ཛྲྀ་འབར་བ་ལའོས། རཱ་ཛྲྀ་བཞག །རྀ་རྗེས་འབྲེལ། བྲྀ་ཥི། ཏཀྵི། རཱ་ཛི། དྷ་ནི། པྲ་ཏི། དི་བི་ཡུ་རྣམས་ལས་ཀ་ནིའོས། ཀ་ནི་རྐྱེན། ཨི་བརྗོད་དོན། ཀ་རྗེས་འབྲེལ། རཱ་ཛན྄། སི། ན་མི་མཐའི་ཨུ་པ་དྷཱའིའོ། །ཞེས་པས། ཨུ་པ་དྷཱ་ཛཱ་རིང་པོ། གསལ་བྱེད་ལས་སི་དབྱི། མཐའི་ན་དབྱི། བྷ་ཝཱཾ་ཥ྄་ཊཀྐི་རཱ་ཛཱ།.....ཁྱོད་འདོད་པའི་རྒྱལ་པོ། བྷཝཱཾ་ཥྛ་ཀྐུརཿ.....ཁྱོད་ཡ་རབས་སམ་ཕྱུག་པོ། འདིར་མི་འགྱུར་བ། པྲ་ཤཱན་ཊིཀ་ཏེ།.....རབ་ཞི་འགྲེལ་བ་བྱེད། པྲ་ཤཱ་ནྛཀྐུ་རཿ.....རབ་ཞི་ཡ་རབས་ཕྱུག་པོ། །
༈ ཏ་ཐ་ཡོཿས་ཀཱ་རཾ། ཏ་ཐ་དག་ལ་ས་ཡིག་གོ །ཞེས་པ་ཚིག་མཐའི་ན་ཡིག་གི་ཕ་རོལ་ཏུ་ཐ་བྱུང་བ་ལ། ན་ཡིག་ས་དང་སྔ་མར་རྗེས་སུ་ང་རོ་ཅན་ནོ། །ཏ་ནུ་རྒྱས་པ་ལའོས། ཨུ་རྗེས་འབྲེལ། བརྟ་མ་ནའི་ཏི། རྐྱེན་ཨུནི། བི་ཀ་ར་ཎའི་ཡོན་ཏན་ནོ། །ཏ་ནཽ་ཏི། གྲུབ། བྷ་ཝཱན྄། ཏ་ནོ་ཏི།.....རྒྱས་པར་བྱེད། ཞེས་གནས་པར། འདིས་ན་ས་རུ་བསྒྱུར། སྔ་མར་ང་རོ། །བྷ་ཝཱཾསྟ་ནོ་ཏི།.....ཁྱོད་རྒྱས་པར་བྱེད། ཐུ་ཊ་ཀུན་ལས་སྒྲིབ་པ་ལའོས། ཐུ་ཊ་བཞག །བརྟ་མ་ནའི་ཏི། ཨན྄་བི། བྷ་ཝཱན྄། ཐུ་ཊ་ཏི། ཞེས་གནས་པར། འདིས་ནས། སྔ་མར་ང་རོ། །བྷ་ཝཱཾ་སྠུ་ཊ་ཏི།.....ཁྱོད་ཐུབ་པར་བྱེད། འདིར་ཐམས་ཅད་ལ་མི་འགྱུར་ཏེ། པྲ་ཤཱན྄་ཏ་ནོ་ཏི། པྲ་ཤཱན྄་ཐུ་ཊ་ཏི། ལྟ་བུའོ། །
༈ ལེ་ལཾ། ལ་ལ་ལའོ། །ཞེས་པ་ཚིག་མཐའི་ན་ཡིག་གི་ཕ་རོལ་ཏུ་ལ་བྱུང་བའི་ཚེ་ན་ཡིག་ལ་ཡིག་ཏུ་བསྒྱུར་བར་ངེས་ལ། སྔ་མར་རྗེས་སུ་ང་རོ་བྱེད་པ་དང་མི་བྱེད་པ་གཉིས་ཡོད་དེ། དུར྄་སིང྄་ལས། རྗེས་སུ་དབྱངས་དང་བྲལ་བ་སྟེ། །ཞེས་གསུངས་པས་ང་རོ་མི་བྱེད་པར་འཆད། སློབ་ཕན་ལས། སྔ་མར་རྗེས་སུ་ང་རོ་བྱེད་པར་འཆད་ཅིང་ཐུགས་རྗེ་དཔལ་སོགས་དེའི་རྗེས་སུ་འབྲངས། ཞྭ་ལུ་བའི་ཊིཀ་ཆུང་ལས། ཡི་གེ་སྒྲ་དམན་པ་ལས་སོ། །ཞེས་དྲངས་པའི་ལུང་མེད་ཅིང་དཔེར་བརྗོད་དུར྄་སིང྄་ལོ་གྲགས་འགྱུར། བྷ་ཝཱ་ལླཱུ་ནཱ་ཏི།.....གཅོད་པར་བྱེད། བྷ་ཝཱ་ལླི་ཁ་ཏི།.....འབྲི་བར་བྱེད། རྗེས་སུ་དབྱངས་ཀྱི་བྱེད་པ་དང་བྲལ་བའི་ཕྱིར་རོ། །ཞེས་སོ། །ཊུ་ལ་བྷ་ཥ྄་ཐོབ་པ་ལ་འོས། ཊུ་ལ་བྷ་ཥ྄་བཞག །ཊུ་དང་ཥ྄་རྗེས་འབྲེལ། བྷའི་ཨ་བརྗོད་དོན། ཀྟི་རྐྱེན། ཀ་དབྱི། ལབྷ྄། ཏི། ཞེས་གནས་པར། གྷཊྷ་བྷ་རྣམས་ལས་དྷཱ་མིན་པ་ལས་ཏ་ཐ་དག་གི་དྷའོ། །ཞེས་པས། ཏའི་དྷ་བྱས། དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པའོ། །ཞེས་པས། བྷ་བ྄་བྱས། ལབ྄་དྷི། མཚམས་སྦྱར། ལབྡྷི།.....དམིགས་པ། བྷ་ཝཱན་ལབྡྷིཿབྷ་ཝཱཾ་ལླ་བྡྷིཿ.....ཁྱོད་ཀྱི་དམིགས་པ། གྲུབ། སློབ་ཕན་ལྟར་རོ། །བྷ་ཝཱལླབྡྷིཿ དུར྄་སིང྄་ལྟར་རོ། །
༈ ཛ་ཛྙ་ཉ་ཤ་ཀཱ་རེ་ཥུ་ཉ་ཀཱ་རཾ། ཛཛྷ་ཉ་ཤ་ཡིག་རྣམས་ལ་ཉ་ཡིག་གོ །ཞེས་པ་ཚིག་མཐར་གནས་པའི་ན་ཡིག་གི་ཕ་རོལ་ཏུ་ཛ་ཛྷ་ཉ་ཤ་ཡིག་རྣམས་གང་བྱུང་ཡང་ན་ཡིག་ཉ་ཡིག་ཏུ་འགྱུར་ཏེ། ཛི་རྒྱལ་བ་ལ་འོས། ཛི་བཞག །བཱརྟ་མ་ནའི་ཏི་རྐྱེན། བར་རྐྱེན་ཨན་བི། བྱིན་པས། ཛི་ཨན་་ཏི། ཞེས་གནས་པར། བྱིངས་ཡོན་ཏན་ཨེ་དང༌། ཨེ་ཨཡ྄་བྱས་པས། ཛ་ཡ་ཏི།.....རྒྱལ་བར་བྱེད། མཧཱན། གོང༌། མཧཱན་ཛ་ཡ་ཏི། ཞེས་གནས་པར། མ་ཧཱཉྫ་ཡ་ཏི།.....ཆེན་པོ་རྒྱལ་བར་བྱེད། མ་ཧཱན྄་ཛྷ་ཥ་ཏི། མ་ཧཱཉྫྷ་ཥ་ཏི།.....ཆེན་པོ་ལེན། མ་ཧཱན྄ཉ་ཀཱ་རཿ མ་ཧཱཉྙ་ཀཱ་རཿ.....ཉ་ཡིག་ཆེན་པོ། མ་ཧན྄་ཤེ་ཏེ།.....ཆེན་པོ་ཉལ། མ་ཧཱཉྴ་ཏེ།
༈ ཤིཉྩཽ་བཱ། ཤ་ལ་ཉྩ་དག་ཡང་ནའོ། །ཞེས་པ་ཚིག་མཐའི་ན་ཡིག་གི་ཕ་རོལ་ཏུ་ཤ་ཡིག་བྱུང་ཚེ་ན་ཡིག་ཉྩའི་ཡི་གེར་འགྱུར་ཏེ། བྷ་ཝན྄་ཤ་ཏེ། བྷ་ཝ་ཉྩྪེ་ཏེ།.....ཁྱོད་ཉལ། ཤ་ཚ་ཡིག་ཏུ་འགྱུར་བ་ནི། མཚམས་སྦྱོར་བཞི་པར། སྡེ་པའི་དང་པོ་རྣམས་ལས་ཤ་ཡིག་དབྱངས་དང་ཡ་ཝ་ར་ཕ་རོལ་ཅན་ཚ་ཡིག་སྟེ་ཡང་ན་མ་ཡིན་ནོ། །ཞེས་པས་སོ། །ཉྩ་དག་ཅེས་གཉིས་ཚིག །སྨོས་པ་ནི། ཉྩ་ཚོགས་པར་བསྒྱུར་དགོས་པའི་དོན་ཡིན་ཀྱང་དེ་ཙམ་མིན་ཏེ། ངག་ཚིག་རྣམ་པ་སྣ་ཚོགས་པའི་དོན་ཏོ། །
༈ ཊ་ཌྷ་ཎ་པ་རསྟུ་ཎ་ཀཱ་རཾ། ཊ་ཌྷ་ཎ་ཕ་རོལ་ཅན་ནི་ཎ་ཡིག་གོ །ཞེས་པ་ཚིག་མཐའི་ན་ཡིག་གི་ཕ་རོལ་ཏུ་ཊ་ཌྷ་ཎ་གསུམ་གང་རུང་བྱུང་ཚེ། ན་ཡིག་ཎ་ཡིག་ཏུ་འགྱུར་ཏེ། མ་ཧཱན་ཊཱི་ནཿ མ་ཧཱཎྚཱི་ནཿ མ་ཧཱཎྜཱཽ་ཀ་ཏེ་.....ཆེན་པོ་འབུལ་བར་བྱེད། མཧཱཎྞ་ཀཱ་རཿ.....ཎ་ཡིག་ཆེན་པོ། །
༈ དྲུག་པ་ནི། མོ་ཉ྄་ནུ་སྭཱ་རཾ་བྱཉྫ་ནེ། མ་གསལ་བྱེད་ལ་རྗེས་སུ་ང་རོའོ། །ཞེས་པ་ཚིག་མཐར་གནས་པའི་མ་ཡིག་གི་ཕ་རོལ་ཏུ་གསལ་བྱེད་ཀྱི་ཡི་གེ་གང་བྱུང་ཡང་མ་ཡིག་སྔ་མའི་རྗེས་སུ་ང་རོ་བྱ་བར་འགྱུར་ཏེ། ཛ་ལ་གསོལ་བ་ལའོས། ཛ་ལ་བཞག །གྷ་ཉ་རྐྱེན། གྷ་དང་ཉ་དབྱི། ཨ་རྐྱེན་དུ་བྱིན། སི་རྣམ་བཅད། ཛ་ལཿ.....དྲ་བའམ་ཉ་རྒྱ། བྲྀ་ཉ྄་སྒྲིབ་པ་ལ་འོས། བྲྀ་ཉ྄་བཞག །སཾ་སྔོན། ཨཙ྄་རྐྱེན། སམ྄་བྲྀ། ཨ། ཞེས་གནས་པར། ར྄ྀ་ཨར྄་བྱས། སཾ་བ་རཾ་སྭཱཧཱ། སྔོན་དུ་འཆི་མེད་མཛོད་ལས། ཛཱ་ལཾ་ཚོགས་པ་ཉ་རྒྱ་དང༌། །སྐར་ཁུང་དང་ནི་དྲ་པ་ལའང༌། །ཞེས་པས། ཛཱ་ལཾ། སཾ་བ་ར་སྭཱ་ཧཱ།.....དྲ་བ་སྡོམ་པ་ལ་མཆོད་དོ། །གྲུབ། མ་སྨོས་པས། མ་མིན་ན་གསལ་བྱེད་ཕ་རོལ་ལ་ཀླད་སྐོར་དུ་མི་འགྱུར་ཏེ། བྷ་ཝ་ན྄། ཏ་མ་ཏེ། བྷ་ཝ་ནྟ་མ་ཏེ།.....ཁྱོད་རྩེ་བར་བྱེད། ཚིག་མཐའ་མིན་ནའང་མི་འགྱུར་ཏེ། གམླྀ། ཏེ། ཞེས་གནས་པར། ལྀ་རྗེས་འབྲེལ། བྱིངས་ཐམས་ཅད་ལ་ཡ་ཎ་རྐྱེན་བར་དུ་བྱིན། གམ྄་ཡ་ཎ྄ཏེ། ཞེས་གནས་པར། ག་མྱ་ཏེ། གྲུབ། གསལ་བྱེད་ཅེས་པའང་དེ་ཕ་རོལ་མིན་ན་མི་བྱེད་དེ། ཨ་སུ་འཕེན་པ་ལའོས། ཨ་སུ་བཞག །ཨུ་རྗེས་འབྲེལ། མ་དིཀ་རྐྱེན། ཀ་རྗེས་འབྲེལ། ཨི་བརྗོད་དོན་ཕྱིས། སྦྱར་བས། ཨ་སྨད། གྲུབ། གཉིས་ཚིག །ཨཾ་བྱིན། ཏཱ་མཱ་ནི་གཉིས་པ་ལའོ། །ཞེས་པས། ཨསྨད་མཱ་རུ་བསྐྱུར། ཨཾ་དང་ཨཽའང་ཨམ྄འོ། །ཞེས་པས། ཨཱཾ་བྱིན། མཚུངས་པ་རིང་པོ། མཱཾ།.....བདག་ལ། གྲུབ། ཨཱ་ས་ཉེ་བར་སྡོད་པ་ལའོ། །ཞེས་པས། ཨཱ་ས་བཞག །བྱེད་པ་དང་གཞི་ངག་ལའང་ངོས། ཡུཊ྄་རྐྱེན། ཊ྄་རྗེས་འབྲེལ། ཡུ་ཨ་ན། ངི་། ང྄་ཕྱིས། ཨི་བྱིན། ཨ་ཨི་ལ་ཨེ་བྱས། མཚམས་སྦྱར། མཱ་མཱ་ས་ནེ།.....བདག་ལ་གདན་ས། ཞེས་གྲུབ། ཏྭཱི་ཨ་ཏྲ། ཏྭཱ་མ་ཏྲ།.....ཁྱོད་ལ་འདིར། སམ྄་གྱི་མ་ཡིག་གི་ཕ་རོལ། རཱ་ཛྲི་གསལ་བ་ལའོ། ། ཞེས་པར། ཀྭིཔ྄་མཐའ་ཅན་ཕ་རོལ་རྗེས་སུ་ང་རོ་མི་འདོད་དེ། དབྱངས་ཀྱི་དམན་པ་ཕ་རོལ་ཏུ་དྲངས། སམྲཱ་ཛྲ། ཡང་དག་པར་གསལ་བྱེད་པའོ། །ཞེས་པས་ཀྭི་པ྄་དབྱི། སི་ཧ་ཤ་ཥ྄་ཚ་ཞེས་པས། ཛའི་ཌ་བྱས། རྫོགས་པ་ལ་ཡང་ནའོས། ཌའི་ཊ་བྱས།.....ཡང་དག་པར་གསལ་བྱེད། སམ། གྲུབ། ཀྭི་པ྄་མཐའ་མིན་ན་ང་རོ་བྱེད། སཾ་རཱ་ཛ྄། ཤསྟཱ་ནཱིའི། ཏཱ་རྐྱེན། བྱིངས་དམ་པ་མིན་པའི་ཨིཊ྄་ཨཱ་ག་མའོས། བར་དུ། ཨི་ཊ྄་བྱིན། ཊ྄་དབྱི། སམ྄་རཱ་ཛི་ཏཱ།.....ནང་པར་ཡང་དག་པར་གསལ་བར་བྱེད། འདིས་མ྄་ཀླད་སྐོར་བྱས། སཾ་རཱ་ཛི་ཏཱ།.....ནང་པར་ཡང་དག་པར་གསལ་བར་བྱེད། གྲུབ། སཾ་བྷ་ར།.....ཚོགས། ཀཾ་ཀ་ནི་ལ།.....སྡིག་པ་བཤགས་པ། ཀཾ་ཀ་ནི།.....སྡིག་པ་བཤགས་པ། གྲུབ།
༈ བརྒྒེ་ཏངྦ་རྒྒེ་པཉྩ་མཱཾ་བཱ། སྡེ་པ་ལ་དེའི་སྡེ་པའི་ལྔ་པར་ཡང་ནའོ། །ཞེས་པ་ཚིག་མཐར་གནས་པའི་མ་ཡིག་གི་ཕ་རོལ་ཏུ་སྡེ་པའི་ཡི་གེ་གང་བྱུང་ཡང་མ་སྡེ་པ་དེའི་ལྔ་པར་འགྱུར་ཏེ། བུདྡྷ་དང༌། བྷ་ག་ཝནྟ་ལ་རྣམ་དབྱེ་གཉིས་པའི་ཨཾ་བྱིན། ཨ་ཡིག་ལ་དབྱིའོས། རྟགས་མཐའི་ཨ་ཡིག་དབྱི། བུདྡྷ་མ྄།.....སངས་རྒྱས་ལ། བྷ་ག་ཝནྟ་མ྄།.....བཅོམ་ལྡན་འདས་ལ། གྲུབ། ཤྲྀ་འཚེ་བ་ལའོས། ཤྲྀ། ཡུཊ྄། ཊ྄་ཕྱིས། ཡུ་ཨ་ན། ནཱ་མི་མཐའི་བྱིངས་ཡོན་ཏན། རྀ་ཨར྄། ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པས། ནའི་ཎ་ལས་ཀྱི་ཨཾ། ཨ་ཡིག་ལ་དབྱིའོས། རྟགས་མཐའི་ཨ་ཕྱིས་ནས། ཤ་ར་ཎམ་གཙྪཱ་མི།.....སྐྱབས་སུའམ་སྐྱབས་ལ། ཞེས་གནས་པར། འདིས་མ྄་ཀླད་སྐོར། བུདྡྷཾ་བྷ་ག་ཝནྟཾ་ཤ་ར་ཎཾ་གཙྪཱ་མི།.....སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །ངྷྲྀཉ྄་འཛིན་པ་ལའོས། ངྷྲྀཉ྄་བཞག།།ཉ྄་ཕྱིས། མ་རྐྱེན། ཡོན་ཏན་རི་ཨར྄། ཨཾ་བྱིན། དྷརྨཾ། གྲུབ། དྷརྨཾ་ཤ་ར་ཎཾ་གཙྪཱ་མི།.....ཆོས་ལ་སྐྱབས་སུ་མཆིའོ། །ཧ་ན་འཚེ་བ་ལའོས། ཧ་ན་བཞག །སཾ་སྔོན། སཾ། ཨུཏ྄་དག་ལས་ཚོགས་པ་དང་བསྔགས་པ་དག་ལའོ། །ཞེས་པས། ཊ་རྐྱེན། བྱིངས་གྷ་རུ་བསྒྱུར། སཾ་གྷ། ཨཾ་བྱིན། རྟགས་ཀྱི་ཨ་དབྱི། སཾ་གྷན྄།.....དགེ་འདུན་ལ། གྲུབ། གམླྀ། འགྲོ་བཞག།།ཝརྟའི་མི་རྐྱེན། ཨན྄་བི། གམ྄་གྱི་མ་ཚ། གཚ྄། མི། ཞེས་པར་དབྱངས་ལས་ཕ་རོལ་ཚ་ཡིག་གཉིས་སུ་འགྱུར། སྒྲ་མེད་པ་རྣམས་ལ་ཤི་ཊ་མ་ཡི་གེ་པ་རྣམས་ཀྱི་དང་པོའོ། ཚ་དང་པོ་ཙགཙྪ། མི། ཞེས་པར། ཨའི་བ་མ་དག་ལ་རིང་པོའོས། ཀུན་བཤད་ཏི་སོགས་ཀྱི་བ་མ་དག་ལ་བྱིངས་ཀྱི་མཐའི་ཨཱ་རིང་པོ་བྱས། ཤ་རཎཾ་གཙྪཱ་མི།.....སྐྱབས་སུ་མཆིའོ། གྲུབ། སཾ་གྷཾ་ཤ་ར་ཎཾ་གཙྪཱ་མིའམ་སངྒྷཾ་ཤ་ར་ཎ་ངྒཙྪཱ་མི།.....དགེ་འདུན་ལ་སྐྱབས་སུ་མཆིའོ། །ལྟ་བུའོ། ཚིག་མཐའི་མ་ཡིག་མཐར་གནས་ཕ་རོལ་ལ་སྔ་མར་རྗེས་སུ་ང་རོ་དང་ཕ་རོལ་གྱི་འདྲ་བའི་ཡི་གེ་གཉིས་པར་འགྱུར་བ་ཡང་ན་བྱའོ། །ཝ་ས་ངེས་པར་གནས་པ་ལའོས། ཝ་ས་བཞག །སཾ་སྔོན། སམ྄་ཝ་ས། ཞེས་པར། མ་དི་ཨ་ཤི་བ་སི་རྣམས་ལས་ས་རའོ། །ཞེས་པའི་རྐྱེན་ས་ར་བྱིན། སའི་ས་ལ་བྱིངས་ཐམས་ཅད་པ་མིན་པ་ལ་ཏའོ། །ཞེས་པས། ས྄འི་ཏ་བྱས། སི་རྣམ་བཅད། སཝྺ་ཏ་ས་རཿ.....ལོ། གཉིས་ཀ་བྱས་པའོ། །མ་བྱས་ན། སམྺ་ཏ་ས་རཿ.....ལོ། ལོ་ཀྲྀ་ལྟ་བ་ལའོས། ཞེས་པའི་ལོ་ཀྲྀ་བཞག །རྀ་རྗེས་འབྲེལ། ཏཾ་སྔོན་དུ། ཏཾ་ལོ་ཀ྄། ཨཙ྄་རྐྱེན་གཉིས་པའི་ཨམ྄། ཨ་ཡིག་ལ་ཕྱིས། ཏམ྄་ལོ་ཀཾ།.....དེ་འཇིག་རྟེན་ལ།.....ཏཾ་ལློ་ཀཾ ། ཙནྡྲ་པར། ཧ་ལ། མ། ན། ཡ། ཝ། ལ། ཕ་རོལ་ལ་དེ་རྣམས་ཡང་ནའོ། །ཧ་ཡིག་ལ་མ་ཡིག་ལ་སོགས་པ་ཕ་རོལ་ལ་མ་ན་ཡ་ཝ་ལ་ལྔ་པོ་གང་རུང་རྣམས་སུ་བསྒྱུར་བར་ཡང་ན་འགྱུར་རོ། །ཧྭ་ལ་དང་ཧྨ་ལ་གཡོ་བ་ལའོས། ཧྨ་ལ་བཞག །ཀིམ྄་སྔོན། ཀིམ྄། ཧྨ་ལ། བྱིངས་ལས་ཀྱང་རྒྱུ་ལའོས། ཨིན྄། མ་རྗེས་སུ་འབྲེལ་བ་རྣམས་ཀྱི་ཐུང་ངུ༌། བརྟའི་ཏི་ཨན྄་བི། ཀིམ྄་ཧྨ་ལི། ཨན། ཏི་གནས་པར་ནཱ་མི་མཐའི་དབྱངས་ཡོན་ཏན་ཨེ་བྱས། ཨེ་ཨཡ྄་མཚམས་སྦྱར་བས། ཀིམྷྨ་ལ་ཡ་ཏི།.....ཅི་གཡོ་བར་བྱེད། ཡང་ན་ཀིཾ་ཧྨ་ལ་ཡ་ཏི།.....ཅི་གཡོ་བར་བྱེད༌། ཧྣུང྄་སེལ་བ་ལ་འོས། ཧྣུང་བཞག།།ཏེ་རྐྱེན། ཨན྄་བི། ཨང྄་སོགས་ལས་འཇིག །ཀིནྷྣུ་ཏཻ།.....ཅི་སེལ་བར་བྱེད་ཀིཾ་ཧྣུ་ཏེ། ཧྣུང྄་སེལ་བ་ལ་འོས། ཧྣུང྄་བཞག །ཊ་རྐྱེན། ཊ་ཕྱིས་ཨ་བཞག་སི་བྱིན། ཀིམ྄་སྔོན། ཀིནྷྣཿ.....ཅི་སེལ་བར་བྱེད།.....ཀིཾ་ཧྣཿ ཧྭ་ལ་དང་ཧྨ་ལ་གཡོ་བ་ལའོས། ཧྭ་ལ་བཞག །ཀིམ྄་སྔོན་དུ་བྱིངས་ལས་ཀྱང་རྒྱུ་ལའོས། ཨིན྄། ཨན྄་བི། ནཱ་མི་མཐའི་བྱིངས་ཡོན་ཏན་ཨིའི་ཨེ་བྱས། ཨེ་ཨཡ྄། མཚམས་སྦྱར། ཀིམ྄་ཧྭ་ལ་ཡ་ཏི།.....ཅི་གཡོ་བར་བྱེད། ཞེས་གནས་པར། ཏི་དི། ཧ་ཡིག་ལ་མ་ཡིག་སོགས་ཡང་ན་བྱས་པས། ཀི་ཝྷྭ་ལ་ཡ་ཏི།.....ཅི་གཡོ་བར་བྱེད། ཀིཾ་ཧྺ་ལ་ཡ་ཏི། ཧླཱ་དཱི་བདེ་བ་ལ་ཡང་ངོས། ཧླཱ་དཱི་བཞག །ཨཱི་རྗེས་འབྲེལ། བྱིངས་ལས་ཀྱང༌། ཞེས་པས། ཨིན྄། ན་དབྱི། ཏི། ཨན྄་བི། ནཱ་མི་མཐའི་བྱིངས་ཡོན་ཏན་ཨི་ཨེ། ཨེ་ཨཡ྄། མཚམས་སྦྱར། འདི་ཡང་ན་བྱས་པས། ཀིཝྷླཱ་ད་ཡ་ཏི།.....སུ་བདེ་བར་བྱེད། ཀིཾཧླཱ་ད་ཡ་ཏི། ཞེས་གྲུབ། ཧ་ལ་མིན་ན་དེ་ལྟར་མི་འགྱུར་ཏེ། ཛྭ་ལ་འབར་བ་ལའོས། ཛྭ་ལ་བཞག །ཨིན྄། ཏི་རྐྱེན། ཨན་བི། ཀིམ྄་སྔོན། ཀིཾ་ཛྭ་ལ་ཡ་ཏི།.....ཅི་འབད་པར་བྱེད། མ་ལ་སོགས་པ་ཕ་རོལ་མིན་ན་དེ་མི་འགྱུར་ཏེ། ཧ་སེ་རྒོད་པ་ལའོས། ཧ་སེ་བཞག །ཨེ་ཡིག་ནི། ཙནྡྲ་པར། ཤ་ས་ཀྵ་ཎ་ཧ྄་མ྄་ཡ྄། ཨིདི་ཏ་མ་ཡིན་པའི་ཧ་ལ་དང་པོའི་མཐའ་ཉེ་བའི་ཨཏ྄་ཀྱིའོ། །ཞེས་པའི་རྟགས་དོན་ནོ། །ཝ་ཡཾ་ཧ་ས་ཏི།.....ངེད་རྣམས་དགོད་པར་བྱེད། གྲུབ། ཀ་ལཱ་པའི་མཚམས་སྦྱོར་བཞི་པའི་ཊཱིཀྐ་རྫོགས་སོ། །
༈ གཉིས་པ་རྣམ་བཅད་ཀྱི་མཚམས་སྦྱོར་ལ། སྒྲ་མེད་ལ་མཚམས་སྦྱོར་དང༌། སྒྲ་ལྡན་ལ་མཚམས་སྦྱོར་ཚུལ་གཉིས། དང་པོ་ལ་ཤ་ཥ་ས་རུ་འགྱུར་ཚུལ་དང༌། ལྕེ་རྩ་ཅན་དང་མཆུ་ཅན་དུ་འགྱུར་ཚུལ། ཕ་རོལ་གྱི་གཟུགས་སུ་འགྱུར་ཚུལ་གསུམ་ལས། དང་པོ་ནི་མདོ་གསུམ་གྱིས་སྟོན་ཏེ།
༈ བི་སརྫ་ནཱི་ཡ་ཤྩེ་ཚེ་བཱ་ཤཾ། རྣམ་པར་བཅད་བྱ་ཙའམ་ཚ་ལ་ཤའོ། །ཞེས་པ་ཚེག་དྲག་གི་ཕ་རོལ་ཏུ་ཙའམ་ཚ་གང་རུང་བྱུང་ན་ཚེག་དྲག་ཤ་རུ་འགྱུར་རོ། །ཙུ་ད་ཡང་དག་པར་བསྐུལ་བ་ལའོས། ཙུ་ད་བཞག །ཙུ་ར་སོགས་ལས་ཀྱང་ངོས། ཨིན྄། སྦྱིན། ཚིག་ཕྲད་ལས་ནུ་ཨཱ་ག་མ་བྱིན། ཙུནྡིན། གྷཉ྄་རྐྱེན། ཀཱ་རི་ཏ་དབྱི། ཙུནྡ། མོ་རྐྱེན། ཨཱཔ྄་བྱིན། ཙུནྡཱ།.....སྐུལ་བྱེད་མ། གྲུབ། ངེ་བྱིན། ང་ལྡན་ཡཻ་ཡས་ཞེས་པས། ཡཻ་བྱས། མཚམས་སྦྱར། ན་མཿ སྔོན། ན་མཤྩུནྡཱ་ཡི།.....སྐུལ་བྱེད་མ་ལ་ཕྱག་འཚལ་ལོ། །ཚ་ང་སྒྲིབ་པ་ལའོས། ཚ་ད། ཚ་བི་ལ་སོགས་པ་རྣམས་སོས། ཀྭིན་རྐྱེན། ན་དབྱངས་དོན། ཀ་ནི། ཀ་ལ་ཡ་ཎ་སོགས་ཀྱི་དོན། ཚ་དའི་ད་དབྱི། ཀཿ སྔོན་དུ། ཀཤྪ་བི།.....ཅིའི་པགས་པ། ཧ་རིའི་སྒྲའི་ཙནྡྲའི་སྒྲ་ཕ་རོལ་ལ་ཤ་ཡིག་ཨཱ་ག་མ་དྲང་སྲོང་བརྗོད་པ་ལ་འགྱུར་ཏེ། ཙ་དི་ཀུན་ཏུ་ཚིམ་པར་བྱེད་པ་ལ་སྟེ་འབར་བ་ལ་ཡང་ངོ་ཞེས་པས། ཙ་དི། དེའི་ཨི་ཨི་ཏིཏ྄་ཀྱི་ནུམའོ་ཞེས་པའི་རྟགས་དོན། འདིས་ནུམ྄་ཨཱ་ག་མ་གནས་དོན་ཡིན་པས་དབྱངས་མཐར། ཨུ་བརྗོད་དོན་ཙནྡ། ཞེས་པར། སྥ་ཡི། ཏཉྩི། པཉྩི། ཤ་ཀཾ། ཀྵི་པི། ཀྵུ་དི། རུ་ཏི། མན་དི། ཙན་དི། ཨུན་དི་རྣམས་ལས་རཀ྄འོས། རཀ྄་རྐྱེན། སི་རྣམ་བཅད། ཧ་རིཿསྔོན། ཧ་རི་ཤྩནྟྲཿ.....དྲང་སྲོང་ཟླ་བ། གཞན་དུ་ཧ་རི་ཙནྟྲཿའོ།.....སེང་གེ་ཟླ་བ།
༈ ཊེ་ཋེ་པཱ་ཥ། ཊའམ་ཋ་ལཥའོ། །ཞེས་པ་ཚིག་མཐའི་རྣམ་བཅད་ཕ་རོལ་ཏུ་ཊ་དང་ཋ་བྱུང་ན་ཚེག་དྲག་ཥ་ཡིག་ཏུ་འགྱུར་རོ། །ཀཥྚཱིཀ་ཏི།.....སུ་འགྲེལ་བར་བྱེད། ཀཥྛཀྐུ་རཿ.....སུ་ཕྱུགས་པོ། གོའི་པ་དའི་སྒྲ་ཕ་རོལ་ཥ་ཨཱ་ག་མ་བཤད་པར་བྱ་སྟེ་གལ་ཏེ་བརྟེན་པ་དང་ཚད་ཡིན་ནའོ། །པ་ད་འགྲོ་བ་ལའོས། པ་ད། གོ་སྔོན། གོ། པད྄། ཨཙ྄་རྐྱེན། སི་རྣམ་བཅད། གོ་པ་དཿ དི་ཤ་ཤིན་ཏུ་འདོར་བ་ལའོས། དི་ཤ། གྷཉ྄་རྐྱེན། སི་རྣམ་བཅད། གོ་པ་དཿ དེ་ཤཿ ཞེས་པར། གོཥྤ་དོ་དེ་ཤཿ.....ས་རྣམས་ཀྱི་བརྟེན་པ། ཚད་ལ་ནི། ཀུ་ལ་ཚོགས་པ་ལ་སྟེ་གཉེན་རྣམས་ལ་ཡང་ངོས། ཀུ་ལ། ནཉ྄་སྔོན། ཉ་དབྱི། དེའི་སྐྱེས་བུ་ལ་ནའི་དབྱིའོ། །ན་མི་ཨུ་བ་དྷཱ་ཞེས་པས། ཀ་རྐྱེན། ཀ་རྗེས་འབྲེལ། མོ་རྐྱེན། ཨཱཔ྄་བྱིན། སི། མ་ཥ་འཚེ་བའི་དོན་ལའོས། མ་ཥ་བཞག །ཨཙ྄་རྐྱེན། སི་རྣམ་བཅད། གོ་པ་དཿ ཀུ་ལཱཿ མ་ཥཿ ཞེས་པར། ཥ་ཨཱཾ་ག་མ་བྱིན། གོཥྤ་དོ་ཀུ་ལཱ་མ་ཥཿ གྲུབ། པཱུ་རཱི་ཚིམ་པ་ལ་འོས། པཱུ་རཱི་བཞག །ཨཱི་རྗེས་འབྲེལ། གྷཉ྄་རྐྱེན། གྷཉ྄་དབྱི། ཨ་བྱིན། སི། མུ། པཱུ་རཾ།.....གང་བ། དི་བུ་རྩེ་བ་ལའོས། དི་བུ། ཨུ་བརྗོད་དོན། ཨཙ྄་རྐྱེན། ཡོན་ཏན། སི་རྣམ་བཅད། དེ་བཿ.....ལྷ། བྲྀ་ཥུ་བཀྲུ་པ་ལའོས། བྲྀ་ཥུ། ཨུ་རྗེས་འབྲེལ། ནིཥྛའོས། ཀྟ་རྐྱེན། ཀ་རྗེས་འབྲེལ། ཥ་ལས། ཏའིཊ། སི་རྣམ་བཅད། པྲྀ་ཥྚཿ.....ཆར་བབ། གོཥྤ་ད་པཱུ་ར་དེ་ཝ་བྲྀ་ཥྚཿ.....བ་ལང་གི་རྨིག་རྗེས་གང་ཙམ་གྱི་ལྷའི་ཆར་བབ། གཞན་ལ་གོ་པ་དཾའོ། ངག་ཚིག །
༈ ཏ་ཐ་ཡོཿ སཾ་ཀཱ་རཾ། ཏ་ཐ་དག་ལ་སའོ། །ཞེས་པ། རྣམ་བཅད་ཀྱི་ཕ་རོལ་ཏ་ཐ་དག་གང་བྱུང་ཡང་ས་རུ་འགྱུར་ཏེ། ནཱ་མསྟཱ་རཱ་ཡཻ།.....སྒྲོལ་མ་ལ་ཕྱག་འཚལ་ལོ། ཀསྠུ་ཊ་ཏི།.....ཅི་ཐུ་བར་བྱེད། ཨཱང྄་ལས་པ་དའི་སྒྲ་ཕ་རོལ་ལ་ས་ཡིག་ཨཱ་ག་མ་བཤད་པར་བྱ་སྟེ། གལ་ཏེ་གནས་ཡིན་ནའོ། །གནས།.....ཨཱསྤ་དམའོ། །གཞན་ལ་ཨཱ་པ་ཚིག་ཀུན་དམའོ། །རྟད་དང་པྲྀ་ཧད། འདི་དག་གི་རིམ་པ་ཇི་ལྟར། ཀ་ར་དང༌། པ་ཏི་དག་ཕ་རོལ་ལ་ས་ཡིག་ཏུ་བསྒྱུར་བར་བཤད་པར་བྱ་སྟེ། རིམ་བཞིན་ཆོམ་རྐུན་དང་ལྷ་དག་གི་དོན་ལའོ། །ཊུ་ཀྲྀཉ྄་བྱེད་པ་ལའོས། ཊུ་ཀྲྀཉ྄་བཞག །རྗེས་འབྲེལ་དབྱི། ཏཏ་སྔོན། ཏཏ་ཀྲྀ། ཨཙ྄་རྐྱེན། རྀ་ཨར྄་མཚམས་སྦྱར། སི་རྣམ་བཅད། ཏསྐ་རཿ.....ཆོམ་རྐུན་པ། བྲྀ་ཧཱུ་བརྩོན་པ་ལའོས། བྲྀ་ཧཱུ་བཞག །ཤནྟྲྀང྄་རྐྱེན། ང་ནི་ང་ལ་ཡོན་ཏན་མ་ཡིན་པའི་དོན། རྀ་ནི་ཨུཏ་རྀ་ཡིག་རྗེས་སུ་འབྲེལ་བ་ལས་ནི་ཨཱིའོ། །ཞེས་པའི་དོན། ཤ་ནི་བྱིངས་ཐམས་ཅད་པ་བཞིན་ནོ། །ཞེས་པའི་དོན་ཏེ། དེས་ན་བྱིངས་ཐམས་ཅད་པ་བཞིན་དུ་བྱེད་པ་པོ་ལ་ཨན྄་བི་སྟེར། ན་ནི། བི་ཀ་ར་ན་ལ་ཨན་ཉིད་ལའོས་དོན་ཏུད་སོགས་ཀྱི་ཨན་ལ་ཡོན་ཏན་མེད་དོ། །ཞེས་པས་འདིར་ཡོན་ཏན་མི་བྱེད། སི་གསལ་བྱེད་ལས་ཀྱང་ངོས། དབྱི། བྲྀ་ཧནྟ། པཱ་སྲུངས་པ་ལའོས། པཱ་བཞག །པཱ་ཏི་ལས་ཊ་ཏི་འོས། ཊ་ཏི་རྐྱེན་ཊ་ནི། ཊ་རྗེས་སུ་འབྲེལ་བ་ལ་མཐའི་དབྱངས་ལ་སོགས་པ་དབྱིའོ། །ཞེས་པའི་རྟགས་དོན། འདིས་བྱིངས་ཀྱི་ཨཱ་དབྱི། དབྱངས་མེད་ཕ་རོལ་གྱི་ཡི་གེར་དྲངས། པ་ཏི། སི་རྣམ་བཅད། པ་ཏིཿ གྲུབ། དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོས། རྣམ་དབྱེ་རྣམས་དབྱི། དབྱངས་མཐའི་རང་བཞིན་འང་ངོ༌། །ཞེས་པས་འང་སྒྲས་གསལ་བྱེད་མཐའི་ཡང་རང་བཞིན་དུ་འགྱུར་བས། བྲྀ་ཧནྟ། ཞེས་གནས་པར། གསལ་བྱེད་མཐའི། གང་སུ་བྷ་དག་ལའོ། །ཞེས་པས། བརྩེགས་པའི་མཐའ་དབྱི་བའམ། ཨ་ནུ་ཥངྒ་དབྱི་བ་འཐོབ་པ་ཨ་གུ་ཥངྒ༌། དབྱི་བའི་སྒྲུབ་པ་སྟོབས་དང་ལྡན་པས། ཨུ་ནུ་ཥངྒ་དབྱི། སི། ལྷའི་བླ་མ།.....བྲྀ་ཧ སྦ་ཏིཿབྲྀ་ཧ་ར་པ་ཏིཿ.....བརྩོན་བྱེད་བདག་པོ།
༈ གཉིས་པ་ནི། ཀ་ཁ་ཡོ་རྫཱི་ཧྭ་མཱུ་ལི་ཡནྣ་བཱ། ཀ་ཁ་དག་ལྕེ་རྩ་ཅན་ཏེ་ཡང་ན་མ་ཡིན་ནོ། །ཞེས་པ་ཚེག་དྲག་གི་ཕ་རོལ་ཏུ་ཀ་ཁ་དག་བྱུང་ན་ཌ་མ་རུའི་རྣམ་པ་ཅན་གྱི་ཡི་གེ་ལྕེ་རྩ་ཅན་དུ་འགྱུར་ཏེ། ཡང་ན། མིན་པར་རྣམ་བཅད་ཀྱི་གཟུགས་སུ་གནས་ཀྱང་རུང་ངོ༌། །ཀ་མུ་མཛེས་པ་ལའོས། ཀ་མུ། ཨུ་རྗེས་འབྲེལ། གྷཉ་རྐྱེན། ཨུ་པ་དྷཱ་རིང་པོ། ཨཱཔ྄་རྐྱེན། ཀཱ་མཱ་ལ་ངས྄་བྱིན། ཀཱ་མཱ་ཡཱཿ.....འདོད་མའི། ཨཱི་ཤ་དབང་ཕྱུག་ཉིད་ལའོས། ཨཱི་ཤ་བཞག །ཀ་པི། པ་སི། བྷཱ་སི། ཨཱི་ཤ། ཞེས་པས། ཝ་ར་རྐྱེན། ཨི་ཤྭ་ར། གྲུབ། ཀཱ་མཱ་ཡཱཿ སྔོན། དེ་ཡིས་དེ་ཡི་སོགས་ཀྱི་རྣམ་དབྱེ། ན་མཿ ཀཱ་མེ། ཤྭརྻཻའམ། ན་མ་฿་མེ་ཤྭརྻཻ།.....ཕྱག་འཚལ་འདོད་པའི་དབང་ཕྱུག་མ་ལ། གྲུབ། ཁ་ཏྲྀ་ཟ་བ་ལའོས། ཁ་ཏྲྀ་བཞག །རྀ་ནི། ཤ་སུ་དང་རྀཏ་རྗེས་སུ་སོགས་ཀྱི་དོན། ཙནྟྲ་པར་ལྔའོ། །ཞེས་པས། ཊ་རྐྱེན། ཊ་ལས་མཐའི་དབྱངས་སོགས་ཕྱིས། ཊ་རྗེས་འབྲེལ་ཁ། ངས྄་བྱིན། ངས྄་སྱ། གྲཱྀ་གསལ་བར་བྱེད་པ་ལའོས། གྲཱྀ་བཞག །ཏྲི་གྲཱྀ་ལས་ཀྱང་ངོ་ཞེས་པས། བྷ་རྐྱེན། གྲཱྀ། བྷ་ཞེས་པར། ནཱ་མའི་མཐའི་དབྱངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་ནོ་ཞེས་ནཱ་མའི་མཐའི་བྱིངས་རྀའི་ཡོན་ཏན་ཨཱར྄། མཚམས་སྦྱར་བས། གརྦྷ། ངེ་བྱིན། ངེ་ཡ་བྱས། གརྦྷཱ་ཡ་ཞེས་པར། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ། །ཞེས་པས་རྟགས་མཐའི་ཨཱ་རིང་པོ། གརྦྷཱ་ཡ།.....སྙིང་པོའམ། ན་མཿསྔོན་དུ། དེའི་བསྡུ་བ་སོགས་ཀྱིས་རྣམ་དབྱེ་བསྡུས། ན་མཿ ཁ་གརྦྷཱ་ཡ།.....ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ།.....ན་མ་เ་གརྦྷཱ་ཡ། ན་མ฿་མེ་ཤྭ་རྱཻ།.....ཕྱག་འཚལ་འདོད་པའི་དབང་ཕྱུག་མ་ལ། གྲུབ།
༈ པ་ཕ་ཡོ་རཱ་པ་དྷྨཱ་ནཱི་ཡནྣ་བཱ། པ་ཕ་དག་ལ་མཆུ་ཅན་ཏེ་ཡང་ན་མ་ཡིན་ནོ། །ཞེས་པ། རྣམ་བཅད་ཀྱི་ཕ་རོལ་ཏུ་པ་ཕ་དག་གང་བྱུང་ནའང་རྣམ་བཅད་གླང་པོ་ཆེའི་བུམ་པའམ་ཐོད་པའི་དབྱིབས་ཅན་གྱི་ཡི་གེ་མཆུ་ཅན་དུ་འགྱུར་ཏེ་ཡང་མ་ཡིན་པར་རྣམ་བཅད་རང་དུ་གནས་སོ། །པྲྀ་སྐྱོངས་པ་དང་རྫོགས་པར་བྱེད་པ་དག་ལའོ། །ཞེས་པས། པྲྀ་བཞག །ཨཙ྄་རྐྱེན། བྱིངས་ཡོན་ཏན། པར྄། ངས྄་བྱིན། ངས྄་སྱ་བྱིན། པ་ར་སྱ། མ་ཏྲི་གསང་ཏེ་འཆད་པ་ལའོས། མ་ཏྲི། ཨི་རྗེས་འབྲེལ། ནུ་ཨཱ་ག་མ། ཨུ་རྗེས་འབྲེལ། མནྟྲ། ཙུ་ར་སོགས་ལས་ཨིན། མནྟྲི་ན྄། གྷ་ཉ་རྐྱེན། ཀ་རི་ཏ་དབྱི། མནྟྲ། དེ་ཡིས་ངེས་སོགས་ཀྱིས་གོང་གི་རྣམ་དབྱེ་བསྡུས། སི་རྣམ་བཅད། ཀཿསྔོན། ཀโར་མནྟྲཿ ཀཿཔ་ར་མནྟྲཿ ཛྙཱ་ཁོང་དུ་ཆུད་པ་ལའོས། ཛྙཱ། པྲ་སྔོན། ཉེར་བསྒྱུར་ལ་ནི་ཨཱཏ་ལས་ཊ་རྐྱེན། ཊ་རྗེས་འབྲེལ། མཐའི་དབྱངས་དབྱི། ཨཱཔ྄་བྱིན། པྲ་ཛྙཱ། ངས་བྱིན། ཨཱས྄་བྱས། པྲཛྙཱ་ཡཱཿ པྲཾ་སྐྱོངས་པ། དངོས་པོ། གྷཉ྄། བཱ་མི་རྣམས་ཀྱི་འཕེལ་བ་རཱྀ། ཨཱར་བྱས། པྲཛྙཱཡཱཿ པཱ་ར་དེ་ཡི་སོགས་ཀྱི་རྣམ་དབྱེ་གོང་མ་བསྡུས། གཉིས་པའི་ཨམ་བྱིན། ཨ་ཡིག་ལ་དབྱིའོས། རྟགས་མཐའི་ཨ་ཕྱིས། པྲ་ཛྙཱ་པཱ་རཾ། ཨི་འགྲོ་བ་ལའོས། ཨི་བཞག །ནིཥྛ་འོས། ཀྟ་རྐྱེན། ཨིཏ྄། ཨཱཔ྄་བྱིན། ཨིཏཱ། དེ་བྱིན། ང་ལྡན་རྣམས་ཞེས་པས། ཡཻ། ཨི་ཏཱ་ཡཻ། ན་མ་โཛྙཱ་པཱ་ར་མཱི་ཏཱ་ཡཻ།.....ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ།.....ན་མཿ པྲཛྙཱ་པཱ་ར་མི་ཏྲ་ཡཻ། གྲུབ། ཀโལ་ཏི།.....ཅིའི་འབྲས་བུ།.....ཀཿཕ་ལ་ཏི། ཤི་ཊ་ཕ་རོལ་ཅན་གྱི་པ་ཕ་དག་ལ་མི་འདོད་དོ། །ཨཱ་པླྀ་ཁྱབ་པའི། ཨཱ་པླྀ་བཞག །ཀྭིཔ྄་རྐྱེན། ཚིག་ཕྲད་ལས་ཨ་ཐུང་ངུ༌། ཨཔ྄། བྷིས྄། བྱིན། ཨཔ་རྣམས་ཀྱི་བྷ་ལ་དའོ། །ཞེས་པས། པའི་ད་བྱས། ཨདྦྷིཿ པྶཱ་ཟ་བ་ལའོ། །ཞེས་པས། པྶཱ་བཞག།། མ་ནིང་ལ་ཀྟ་རྐྱེན། སི་དབྱི། མུ། ཨུ་ཕྱིས། མ་གསལ་བྱེད་ལ་རྗེས་སུ་ང་རོ་ཨཏྦḎིཿཔྶཱ་ཏཾ།
༈ གསུམ་པ་ནི། ཤེ་ཥེ་སེ་པཱ་པ་ར་རཱུ་པཾ། ཤ་ཥ་ས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ནའོ། །ཞེས་པ། མཐའི་རྣམ་བཅད་ཤ་ཥ་ས་ཕ་རོལ་ལ་ཕ་རོལ་གྱི་གཟུགས་སུ་འགྱུར་ཏེ། ཡང་ན་མི་འགྱུར་བར་རྣམ་བཅད་དུ་གནས་སོ། །ཤ་ཀླྀ་ནུས་པ་ལའོས། ཤཀླྀ། ལྀ་རྗེས་འབྲེལ། ཤ་ཀི། ས་ཧི། པ་སྡེའི་མཐའ་ལས་ཀྱང་ངོ༌། །ཡ་རྐྱེན། བུ་རྒྱུད་ལ་ཨཎ་ཡང་ན་འོས། ཨཎ྄། ཎ་ནི་ཎ་དང་བཅས་པ་ལ་དང་པོར་འཕེལ་བའོ། །ཞེས་པའི་རྟགས་དོན། འདིས་ཤའི་ཨ་ཡིག་གི་འཕེལ་བ་ཨཱ་བྱས། སི་རྣམ་བཅད། ཤཱཀྱཿ མ་ན་ཤེས་པ་ལའོས། མན྄། མ་ནི་ལིས་ཀི་སྟེ་ཨ་ཏཨུ་ཉིད་ཀྱང་ངོས། ཀི་རྐྱེན། བྱིངས་ཀྱི་ཨཏ྄་བྱས། མུ་ནི། ཐུབ་པ། དེ་བྱིན། དེ་ཨའོ། ཞེས་པས་རྟགས་མཐའ་ཨེ། ཨེ་ཨཡ྄། མཚམས་སྦྱར། མུན་ཡེ། གྲུབ། ན་མ་ཤྴཱཀྱ་མུ་ན་ཡེ།.....ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ན་མཿཤཱཀྱ་མུ་ན་ཡེ། ཥ་ཧ་བཟོད་པ་ལའོས། ཥ་ཧ་བཞག །ཥཥ྄་ཀྱི་རྐྱེན་བྱིན། བྱིངས། འཇིག །ཥཥ྄། སི་གསལ་བྱེད་ལས་འཇིག །ཧ་ཤ་ཥ་ཚ་མཐའ་དང་ཡ་ཛ་སོགས་རྣམས་ཀྱི་ཌའོ། །ཞེས་པས། ཌ་རྐྱེན། རྫོགས་པ་ལ་ཡང་ནའོས། ཌ་ཊ། ཥ་ཊ། དནྴ་ཤ་ན་ཆེ་བ་ལའོས། དནྴ་བཞག །བཱུ་ཥ་ན་ལ་སོགས་པ་རྣམས་སོས། ཀ་ནི་རྐྱེན། ཨི་བརྗོད་དོན། ཀ་རྗེས་འབྲེལ། ཨིཏ་རྗེས་འབྲེལ་བ་མེད་པ་རྣམས་ཀྱི་ཨ་ནུ་ཥངྒ་དབྱིའོ། །ཞེས་པས། དནྵའི་ཨ་ནུ་ཥངྒ་དབྱིས། ཥཊ་ད་ཤ་ན། སི་ཞེས་པར། ན་མཐའ་ཡིའང་ཨུ་པདྷཱ་ཡིའོ། །ཞེས་པའི། ནའི་སྔོན་གྱི་ཨ་རིང་པོའོ། །གསལ་བྱེད་ལས་སི་དབྱི། རྟགས་མཐའི་ན་ཡིག་གིའོ། །ཞེས་པས། ན་དབྱི། ཥ་ཊ་ད་ཤཱ། གནས་པར། པྲྀ་ཥོ་ད་ར་ལ་སོགས་པ་རྣམས་སོ། །ཞེས་པས། ཥཊ་ད་ཤཱ། ཥོཌ་ཤ་རུ་བསྒྱུར་ཏེ། དབྱངས་ཅན་མ་ལས། ཡི་གེ་རྣམ་པར་འགྱུར་དང་ཉམས་དག་གི །ཞེས་སོགས། བཅུ་དྲུག་སོགས་ནི་རྣམ་པར་འགྱུར་བ་སྟེ། །ཞེས་སོ། བྷུ་ཛ་སྐྱོངས་པ་དང་བཟའ་བར་བྱེད་པ་དག་ལའོ། །ཞེས་པས། བྷུ་ཛ་བཞག །ན་མི་ཨུ་པ་དྷཱ་དང༌། ཞེས་པས། ཀ་རྐྱེན། ཀ་རྗེས་འབྲེལ། ངེ༌། ངེ་ཡའོས། ཡ་རུ་བསྒྱུར། ཨ་ཡིག་སྒ་ལྡན་ལ་རིང་པོའོ། །ཞེས་པས། རྟགས་མཐའ་རིང་པོ། །བྷུ་ཛཱ་ཡ། གྲུབ། ན་མཥྵཱོཌཱ་ཤ་བྷུ་ཛཱ་ཡ།.....ཕྱག་བཅུ་དྲུག་པ་ལ་ཕྱག་འཚལ་ལོ། །ན་མཿཥོཌ་ཤ་བྷུ་ཛཱ་ཡ།.....ཕྱག་བཅུ་དྲུག་པ་ལ་ཕྱག་འཚལ་ལོ། །ཨམ྄་འགྲོ་བ་ལའོས། ཨམ྄་བཞག །ཨ་མི་ལས་ཏའོ། །ཞེས་པས། ཏ་རྐྱེན། ཨམ་ཏ྄་གནས་པར། སྡེ་པ་ལ་སྡེ་པའི་མཐའ་འོས། །བྱིངས་མཐའི་མའི་ན་བྱས། སཾ་སྔོན་ས་མནྟཿཀུན་ཏུ། བྷདི་དགེ་ལེགས་ལའོས། བྷ་དི་བཞག །ཨི་བརྗོད་དོན། ཙནྟྲས་ཨུནར་བྷ་ཏྲ་ལ་སོགས་པ་རྣམས་སོས། རན྄་རྐྱེན། ན་དབྱངས་དོན། ཚིག་ཕྲད་ལས། ནུཾ་ཨཱ་ག་མ། དབྱི། དེ་ཡི་དེ་ཡིས་བསྡུས་པའོས། རྣམ་དབྱེ་རྣམས་དབྱི། ངེ་ཡ་བྱས། མཚམས་སྦྱར་བས། ན་མསྶ་མནྟ་བྷ་ཏྲཱ་ཡ།.....ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ན་མཿས་མནྟ་བ་ཏྲཱ་ཡ།.....ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །
༈ གཉིས་པ་དབྱངས་དང་སྒྲ་ལྡན་ལ་སྦྱོར་ཚུལ་ལ། ཨ་ལས་ཨུ་རུ་འགྱུར་ཚུལ་དང༌། ཨ་ལས་དབྱངས་གཞན་ལ་འགྱུར་ཚུལ་དང༌། ཨ་བྷོ་དག་ལས་འགྱུར་ཚུལ་དང༌། ནཱ་མི་ལས་འགྱུར་ཚུལ་དང༌། ཨེ་ཥ་སོགས་ཀྱི་དབྱི་བ་སོགས་བཤད་པ་ལྔ་ལས། དང་པོ་ནི། ཨུ་མ་ཀཱ་ར་ཡོ་རྨ་དྷྱེ། ཨ་ཡིག་དག་གི་བར་དུ་ཨུའོ། །ཞེས་པ་ཨ་ཡིག་གཉིས་དག་གི་བར་དུ་ཚེག་དྲག་ཨུ་རུ་འཐོབ་པོ། །མཱ་ཚད་ལའོས། མཱ་བཞག །ན་ཉ་སྔོན་དུ། ཉ་རྗེས་འབྲེལ། འགྲོ་བའི་དོན་དང་ལས་མེད་པ། །ཞེས་པས། ཀྟ་རྐྱེན། དྱ་ཏི། མ། སྦ་རྣམས་ཀྱི་ཏ་ལ་ཡོན་ཏན་མེད་པ་ལའོ། །ཞེས་པས། བྱིངས་ཀྱི་ཨཱཏ྄། ཨིཏ྄་དུ་བྱས། ནཉ྄འི་ནའང་ཕྱིས། ཨ་བཞག་པའམ་དབྱངས་ཅན་མ་ལས། ནཉ྄་ལའོ། ན་ཨའོ་དབྱངས་ལ་ཨན྄འོ། ཞེས་པ་ལྟར། ན་ཨ་བྱས། ཨ་མི་ཏ། གྲུབ། སི་ཤྲདྡྷཱ་ལས་དབྱི། བྷཱ་འབར་བ་ལ་འོས། བྷཱ་བཞག །ཉེར་བསྒྱུར་མེད་པའི་ཨཱཏ྄་ལ་ཀའོས། ཀ་རྐྱེན། ཀ་རྗེས་འབྲེལ། བྱིངས་ཐམས་ཅད་མིན་པ་ཨཱ་དབྱིའོ། །ངེ། ཡ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོས། རིང་པོ། བྷཱ་ཡ་.....འོད་དམ་སྣང་བ། གྲུབ། ན་མཿ ཨ་མི་ཏ་དྷཱ་ཡ། འདིས་ནཱ་མའི་ཨ་དང་ཨ་མིའི་བར་གྱི། རྣམ་བཅད་ཨུ། ཨ་ཨུ་ལ་ཨོ། ཨེཏྲ་ཨོཏྲ་ལས་ཕ་རོལ་གྱི་ཨ་ཕྱིས། འཇིག་རྟེན་པའི་ཉེར་སྤྱོད་ལས་པླུ་ཏ་བྱས། ན་མོཉ྄མི་ཏཱ་བྷཱ་ཡ།.....འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། གྲུབ། མུ་ཧ་རྣམ་པར་རྨོངས་པ་ལ་འོས། མུ་ཧ་བཞག །ནཉ་སྔོན། ཉ་རྗེས་འབྲེལ། ན་ཨ་བྱས། ཨ་མུ་ཧ། དངོས་པོ་ལ་གྷཉ྄་རྐྱེན། ཉ་ཡིག་གྲུབ་པ། ཉ་ཎ་རྗེས་སུ་འབྲེལ་བ་ལ་ཨིཙ྄་བཞིན་དུའོ། །ཞེས་པའི་རྟགས་དོན། ཨིན྄་ཨིཙ྄་ཨཊ྄་རྣམས་ལ་ཨོའི་ཨུ་པ་རིང་པོ་སྟེ་ནཱ་མི་རྣམས་ཀྱི་འཕེལ་བའོ། །གྷ་ཡིག་ཙ་ཛ་དག་གི་སོགས་ཀྱི་རྟགས་དོན། བྱངྐྲུ་ལ་སོགས་པ་རྣམས་ཀྱི་ཧའི་འང་གྷའོ། །ཞེས་པས། བྱིངས་མཐའི་ཧ་གྷ་བྱས། ཧའི་ཨུ་བ་དྷཱ་ཡོན་ཏན་བྱས། ཨ་མོ་གྷ།.....དོན་ཡོད་པ། གྲུབ། ཥིདྷུ་བསྟན་བཅོས་ལ་དང༌། བཀྲ་ཤིས་ལའང་ངོས། ཥི་དྷུ་བཞག །བྱིངས་ཀྱི་ཥིསི་བྱས། ཨུ་བརྗོད་དོན། ཀྟི་རྐྱེན། ཀ་རྗེས་འབྲེལ། སི་དྷ། ཞེས་པར། གྷ་དྷ་དྷ་བྷ་རྣམས་ལས་དྷཱ་མིན་པ་ལས་ཏ་ཐ་དག་གི་དྷའོ། །ཞེས་པས། རྐྱེན་ཏ་དེ་ཉིད་དྷ་བྱས། དྷུཊ྄་རྣམས་ཀྱི་བཞི་བ་རྣམས་གསུམ་པའོས། བྱིངས་ཀྱི་དྷ་ད་རུ་བྱས། སྒྲ་བས་དབྱངས་མེད་དབྱངས་དང་སྦྱོར། ཞེས་པས། ང་དྷའི་སྟེང་དུ་དྲངས་པས། སིདྡྷྱ།.....དངོས་གྲུབ་བམ་གྲུབ་པ། གྲུབ། དེ་ལ། དེ་བྱིན། དེ་ཡེ། ན་མོཉ྄མོ་གྷ་སིདྡྷ་ཡཻ་འམ།.....དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ།.....ན་མཿཨ་མོ་གྷ་སིདྡྷ་ཡཻ། གྲུབ།
༈ ཨ་གྷོ་ཥ་བ་དོཤྩ། ཨ་དང་སྒྲ་ལྡན་དག་གིའང་ངོ༌། །ཞེས་པ་རྣམ་བཅད་ཨ་དང་སྒྲ་ལྡན་དག་གི་བར་དུའང་ཨུ་རུ་འགྱུར། པི་ཙ་གསུངས་པ་ལའོས། པི་ཙ་བཞག །དེ་བ་སྔོན། དེ་བ། པི་ཙ། ཨ་པ་ཥྠུ་ལ་སོགས་པ་རྣམས་སོ། །ཞེས། ཀུ་རྐྱེན། ཀ་རྗེས་འབྲེལ། སི་རྣམ་བཅད། ན་མོ་དེ་བ་པི་ཙུ་བཛྲཱ་ཡ།.....ལྷ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དྷྲྀཉ་འཛིན་པ་ལའོས། ངྷྀཉ་བཞག །ཉ་རྗེས་འབྲེལ། ཨཱང་སྔོན། གྷཉ་རྐྱེན། ཉ་ཡིག་ལས་རྟགས་མཐའི་རྀ་ཨཱར། གྷ་རྗེས་འབྲེལ། མཚམས་སྦྱར་བས། ཨཱ་དྷཱ་ར། ངེ་བྱིན། ངེ་ཡ་བྱས། སྒྲ་ལྡན་ལ་རིང་པོ། ན་མོ་ཛི་ནཱ་དྷཱ་རཱ་ཡ།.....རྒྱལ་བའི་གཞི་ལ་ཕྱག་འཚལ་ལོ། །
༈ གཉིས་པ་ནི། ཨ་པ་རོ་ལོ་ཕྱོཉ྄ནྱ་སྭ་རེ་སམྦཱ། ཨ་ལས་ཕ་རོལ་དབྱངས་གཞན་ལ་དབྱི་བའམ་ཡང་ན་ཡའོ། །ཞེས་པ་ཨ་ལས་ཕ་རོལ་གྱི་རྣམ་བཅད་ནི་ཨ་ཐུང་མིན་པའི་དབྱངས་གཞན་ལ་དབྱི་བའམ་ཡང་ན་ཡ་ཡིག་ཏུ་འགྱུར་རོ། །ཀཱ་ཤྲྀ་གསལ་བ་ལའོས། ཀཱ་ཤྲྀ་བཞག །རྀ་རྗེས་འབྲེལ། ཨཱང་སྔོན། གྷཉ྄་རྐྱེན། སི། ཨཱ་ཀ་ཤཿ.....ཀུན་གསལ་ལམ་ནམ་མཁའ། ན་མ་ཨཱ་ཀ་ཤ་བྷ་ཏྲཱ་ཡ།.....ནམ་མཁའ་བཟང་པོ་ལ་ཕྱག་འཚལ་ལོ། །ན་མ་ཡཱ་ཀ་ཤ་བྷ་ཏྲཱ་ཡ།.....ནམ་མཁའ་བཟང་པོ་ལ་ཕྱག་འཚལ་ལོ། །ཨི་དི་མཆོག་གི་དབང་ཕྱུག་གི་བྱིངས། ཨི་དི་བཞག །ནུ་ཨཱ་ག་མ། ཤུ་ཏྲ་སོགས་ལས་རཀ྄་རྐྱེན། དེ་སྔར་ལྟར། ན་མ་ཨིནྡྲཡ།.....དབང་པོ་ལ་ཕྱག་འཚལ་ལོ།།.....ན་མ་ཨིནྡྲ་ཡ། ཙཀ྄་ཚིམ་པ་ལའོས། ཙཀ྄་བཞག །རཀ྄་རྐྱེན། སི་རྣམ་བཅད། ཙཀྲཿ བྲྀ་ཏུ་འཇུག་པ་ལའོས། བྲྀ་ཏུ་བཞག །བྱིངས་ཐམས་ཅད་པ་ལས་ཨི་འོས། ཨི་རྐྱེན། ཨིན྄་ཨིཙ྄་སོགས་ལས་ནཱ་མའི་འཕེལ། རྀ་ཨཱར། ཙཀྲཿཝཱརྟི།.....འཁོར་ལོ་བསྒྱུར་བ། གྲུབ། ངེ་བྱིན། ངེ་ལའོ། །ཞེས་པས་ཨི་ཨེཏ྄། ཨེ་ཨ་ཡ྄། ང་དབྱི། ཨེ་བཞག །ན་མ་ཨུཥྞཱི་ཥ་ཙཀྲ་བཱརྟ་ཡེ།.....གཙུག་ཏོར་འཁོར་ལོ་སྒྱུར་བ་ལ་ཕྱག་འཚལ་ལོ། གྲུབ། ན་མ་ཡུཥྞཱི་ཥ་ཙཀྲ་ཝཱརྟ་ཡེ།.....གཙུག་ཏོར་འཁོར་ལོ་སྒྱུར་བ་ལ་ཕྱག་འཚལ་ལོ། ཨུརྡྷ་ཚད་ལ་སྟེ་རྩ་བ་ལ་ཡང་ངོ༌། །ཞེས་པས། ཨརྡྷ་བཞག །གྷཉ྄་རྐྱེན། ཨས྄་བྱིན། པདྱཿསོགས་ཚིག་ཕྲད་དོ། །ཞེས་པའི་འགྲེལ་བ་སློབ་ཕན་ལས། ཨརྔྷའི་རི། རིཥྚཱ་ཏ྄་འདི་དག་ཚིག་ཕྲད་དེ། ཨུ་པ་ཅེས་པར་ཡང་བསྒྱུར་རོ། །ཞེས་པས། རྐྱེན་རི་དང༌། ཨུརྡྷ་ཨུ་པ་ཉིད་དུ་བྱས་པས། ན་མ་ཨུ་པ་རི་དེ་བཱ་ཡ་.....སྟེང་གི་ལྷ་ལ་ཕྱག་འཚལ་ལོ་.....ན་མ་ཡུ་པ་རི་དེ་བཱ་ཡ། དབྱངས་གཞན་མིན་ན་ཨ་ཐུང་ལ། ཀཿ ཨརྠ། རྣམ་བཅད་ཨུ་བྱས། ཨ་ཨུ་ལ་ཨོ། །ཀོརྠ།
༈ གསུམ་པ་ནི། ཨཱ་བྷོ་བྷྱཱཾ་བཱ་སྭ་རེ། ཨཱ་བྷོ་དག་ལས་དབྱངས་ལ་དེ་ལྟ་ཉིད་དོ། །ཞེས་པ་ཨཱ་དང་བྷོ་དག་ལས་ཕ་རོལ་གྱི་རྣམ་བཅད་ནི་དབྱངས་ཕ་རོལ་ལ་བཤད་མ་ཐག་དེ་ལྟར་དབྱེ་བའམ་ཡང་ན་ཡ་ཡིག་ཏུ་བསྒྱུར་བ་ཉིད་དོ། །པཱུཉ྄་དག་པར་བྱེད་པ་ལའོས། པཱུཉ྄་བཞག །ཉ་རྗེས་འབྲེལ། དབྱི། ཨཱད་པ་ར་དག་ལ་ཁ་ནི་ཤྲཱི་དག་ལས་ཊུའོ། །ཞེས་པས། ཊུ་རྐྱེན། ཊ་མཐའི་དབྱངས་སོགས་དབྱི་བའི་རྟགས་དོན་དབྱི། འདིས། བུ། སི། བུཿ གུང྄་སྒྲ་ལའོ། །ཞེས་པས། གུང྄་བཞག །ང྄་རྗེས་འབྲེལ། བདག་ཉིད་ཁ་ཤའང་ངོས། ཁ་ཤ་རྐྱེན། ཤ་རྗེས་འབྲེལ། ཨན྄་བི། ཁ་ཡིག་ནི། རིང་པོའི་ཉེ་བའི་ཚིག་གྲངས་མེད་པ་མིན་པའི་ཁ་རྗེས་སུ་འབྲེལ་བ་ལའོས། རྟགས་དོན་དབྱི། ཐུང་ངུ་དང་ཨ་རུཥ྄་དག་གི་མ་མཐའོ། །ཞེས་པས། མ་ཨཱ་ག་མ་སྟེ། པུམ་གུ། ཞེས་པར། སྡེ་པ་ལ་སྡེ་པའི་མཐའ་འོས་མ་ད་ཡིག་བྱས། ནཱ་མི་མཐའི་བྱིངས་ཡོན་ཏན་གུའི་ཨུ་ཨོ། གོ། ཨན྄། ཨ་ཞེས་ཨན྄་གྱི་ཨ་དང་ཁའི་ཨ་གཉིས་ཡོད་པ་ལས་ཨ་དང་མཚམས་སྦྱོར་ཡི་གེ་ཞེས་པས། ཨ་ཕྱི་མ་དབྱིའོ། །ཨོཨབ྄་བྱས། མཚམས་སྦྱར་བས། ག་བ། གྲུབ། ཛས྄་བྱིན། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ། །ཛས྄་ལའོ། །རྟགས་མཐའི་ཨཱ་རིང་པོ། ག་བཱ་གྲུབ། ཤཱཀྱ་པུངྒ་བཱཿ.....ཤཱཀྱའི་སྐྱེས་བུ་མཆོག །བྲཱུ་ཉ་གསལ་བར་བརྗོད་པ་ལའོ། །ཞེས་པས། བྲཱུ་ཉ། བརྟ་མ་ནའི། ཨནྟི་རྐྱེན། ཨན྄་བི། ཨཱད྄་སོགས་ལས་འཇིག །བྲཱུའི་དང་པོ་ལྔ་ལ་ཨཱ་ཧར་བསྒྱུར་བའང་ངོ༌། །ཞེས་པས། བྲཱུ་ཨཱ་ཧ་དང་འང་སྒྲས་ཨིནྟིའང༌། ཨུས་སུ་བསྒྱུར་ས་རྣམ་བཅད། ཤཱཀྱ་པུངྒ་བཱ་ཨཱ་ཧུཿ.....ཤཱཀྱའི་སྐྱེས་མཆོག་གསུངས། ཤཱཀྱ་པུངྒ་བཱ་ཡ་ཧུཿ སྔ་མར་རྣམ་བཅད་ཕྱིས། ཕྱི་མར་ཡ་བྱས། བྷུ་ཡོད་པའི་བྱིངས། བྷུ་བཞག །ཊ་རྐྱེན། ཊ་ལ་དབྱངས་སོགས་དབྱི། ཊ་རྗེས་འབྲེལ། བྷ། དེ་འདི་ལ་ཡོད་ཅེས་པའི་བནྟུ་བྱིན། ཨུ་རྗེས་འབྲེལ། སཾ་བུདྡྷིའི། སི། བྷ་ཝནྟའི་བ་ལ་སོགས་པའི་སཾ་བུདྡྷི་ལ་ཨུ་ཉིད། ཝནྟའི་ཨུ་བྱས། ཨ་ཨུ་ལ་ཨོ་བྱས་པས་བྷོ། ར་དང་ས་དག་གི་རྣམ་པར་བཅད་པའོས། སི་རྣམ་བཅད། བྷོཿ.....ཀྱེ༌། གྲུབ། བྷོ་ཨི་ཧ།.....ཀྱེ་འདིར་བྷོ་ཡི་ཧ། དབྱངས་ལས་ཅི་ཞེ་ན་དབྱངས་མིན་ན་ཆོ་ག་དེ་མི་འགྱུར་ཏེ། པྲཱྀ་སྐྱོངས་པ་དང་རྫོགས་པར་བྱེད་པ་དག་ལའོས། པྲཱྀ་བཞག །པྲཱྀཎ་རི་ལས། ཀུཥ྄འོས། ཀུཥ྄་རྐྱེན། ཀ་རྗེས་འབྲེལ། མཆུ་གྱུར་ཨུ་པ་དྷཱའིའང་ཨུརའོ། །ཞེས། བར྄་ཞེས་པའི། མཆུ། པའི་པུ་བྱས། ཨུ་ཥ་ལ་ར་དྲངས་པས། པུ་རུ་ཥ། ཛས྄་བྱིན། ཛས྄་ལའོས། ཥཱ། ཛ་རྗེས་འབྲེལ། ས་རྣམ་བཅད། པུ་རུ་ཥཱཿ.....སྐྱེས་བུ་རྣམས། གྲུབ། ཤཱིང་ཉལ་བ་ལའོས། ཤཱིང་བཞག། བརྟའི། ཨནྟེ། རྐྱེན། ཨན྄་བི། ཨང྄་སོགས་ལས་འཇིག །ཤཱིང྄་བའི། བྱིངས་དམ་པ་ལའོས། ཡོན་ཏན་ཨི་ཨེ་བྱས། ཤེ་ཏི་ལས། ཨནྟའི་རོའོ། །ཞེས་པས་རི་ཨཱ་ག་མ་རིའི་ཨི་བརྗོད་དོན། ཨ་ཡིག་མ་ཡིན་པ་ལས་ཨཱདྨ་ནེ་ལའང་ངོ༌། །ཞེས་པས་ཨནྟེའི་དབྱི། ཤེ་ར་ཏེ། ཉལ་བར་བྱེད། པུ་རུ་ཥཱཿ ཤེ་ར་ཏ།.....སྐྱེས་བུ་རྣམས་ཉལ། བྷ་གོ་དང་ཨ་གྷོའི་སྒྲ་དག་ལས་ཀྱང་རྣམ་བཅད་དབྱི་བའམ་ཡང་ན་ཡ་ཉིད་བྱེད་དོ། །ཨ་གྷ་སྡིག་པ་བྱེད་པ་ལའོས། ཨ་གྷ་བཞག །ཨིན྄། ཨའི་འང་དབྱི། དབྱངས་དང་ཞེས་པས་ཨཱལ྄། ཨ་གྷ། དེ་འདི་ལ་ཡོད་པ་ཞེས་པའི། བནྟུ་བྱིན། སཾ་བྷུདྡྷའི་ཨུ་རུ་བསྒྱུར། ཨ་གྷོཿ སིའི་རྣམ་བཅད། བྷགོཿ ཨ་ཏྲ། བྷ་གོ་ཨ་ཏྲ།.....ཀྱེ་བཅོམ་ལྡན་འདས་འདི། བྷ་གོ་ཡ་ཏྲ། ཨ་གྷོ་ཨ་ཏྲ།.....ཀྱེ་སྡིག་ལྡན་འདིར། ཨ་གྷོ་ཡ་ཏྲ། དབྱངས་གཞན་ལ་སྨོས་པས་ཨ་ཡིག་གི་ཕ་རོལ་ལམ་འགྱུར་རོ། །
༈ གྷོ་ཥ་བ་དི་ལོ་བ་མ། སྒྲ་ལྡན་ལ་དབྱིའོ། །ཞེས་པ། ཨཱ་དང་བྷོ་ལས་ཕ་རོལ་རྣམ་བཅད་སྒྲ་ལྡན་ཕ་རོལ་ལ་དབྱི་བ་ཉིད་དེ། པཱུང྄་དག་བྱེད་ལའོས། པཱུང་བཞག །ང྄་རྗེས་འབྲེལ། པཱུང྄་བའི་ཐུང་ངུ་ཡང་ངོ༌། །ཞེས་པས། ཏྲ་ཀའི་རྐྱེན་དང༌། པཱུ་ཐུང་ངུ་བྱས། པུཏྲ་.....སྲས་སམ་བུ། ཛི་ན་པུཏྲ། ཛས྄། སྒྲ་ལྡན་ལ་རིང་པོ། ཛ་རྗེས་འབྲེལ། ཨས་བྱིན། ས྄་རྣམ་བཅད། ཛི་ན་པཱུ་ཏྲཱཿམི་ཙླ་ཐར་བ་ལའོས། མུཙླྀ་བཞག བུད་མེད་ལ་ཀྟི། རྐྱེན། ཀ་ཡིག །ཙ་ཚ་དག་གི་ཀ་ག་བྱེད་པའི་དོན་འདིས། ཙ་ཀ།།མུཀྟི། བྷཱ་འབར་བ་ལའོས། བྷཱ་བཞག །པྲ་ཏི་སྔོན། བྱེད་པ་དང་གཞི་དག་ལའང་ངོས། ཡུཊ྄་རྐྱེན། ཊ྄་རྗེས་འབྲེལ། ཡུ་ཨན། མཚུངས་འདྲ་རིང་པོ། ཛི་ན་པུཏྲཱ་མུཀྟི་པྲ་ཏི་བྷཱ་ནཿ.....རྒྱལ་སྲས་རྣམས་སྤོབ་པ་གྲོལ་བ། སི་རྣམ་བཅད་བྱས་སོ། །བུདྷ་ཁོང་དུ་ཆུད་པ་ལའོས། བུདྷ་བཞག་བྱིངས་ཐམས་ཅད་པ་ལས། ཨི་རྐྱེན། ཡོན་ཏན་བྱས། བོ་དྷིཿ སི་རྣམ་བཅད་བྱས། ཥདླི་འཇིག་པ་ལའོས། ཥདླི་བཞག །ཙནྡྲ་པ་ལས། ཥྛི་བུ་དང་ཥྭཀ་མིན་པའི་ཥའི་སའོ་ཞེས་པས། བྱིངས་ཀྱི་ཥ་ས་བྱས། ཀྭཱིབ྄་རྐྱེན། སྔར་བཞིན་དབྱི། དངོས་པོ་ལ་ཏཱ་ཏྭ་དག་གོ། ཞེས་པ། ཏྭ་རྐྱེན། སྒྲ་མེད་ལ་དང་པོའོ། །ཞེས་པས་ད་ཏ་རུ་བསྒྱུར། བོད་པ་ཐུང་ངུ་ན་དྭི་ཤྲདྡྷཱ་རྣམས་ལས་སི་དབྱི་འོས། སི་ཕྱིས། བྷོ་བོ་དྷི་ས་ཏྟྭ་.....གྱེ་བྱང་ཆུབ་སེམས་དཔའ། གྲུབ།
༈ བཞི་པ་ནི། ནཱ་མི་པ་རོ་རཾ། ནཱ་མིན་གྱི་ཕ་རོལ་རའོ། །ཞེས་པ། ཨིན་ཨོའི་བར་ནཱ་མིན་གྱི་ཕ་རོལ་གྱི་རྣམ་བཅད་ར་རུ་འགྱུར་བ་ཕ་རོལ་ལ་མ་ལྟོས་པ་ཡོད་དེ། པི་སྲྀ། ཞེས་པའི་དབྱིངས་བཞག །ཉེར་བསྒྱུར། སུ་སྔོན། བྱིངས་ཀྱི་རྀ་རྗེས་འབྲེལ། མཛེས་པཔི་པ་ཏི་ཞེས་པས། ཀྭིཔ྄་རྐྱེན། ཀྲིཏ྄་དང་པོར་སྦྱར་བ་མ་ཡིན་པའི་བའི་དབྱིའོ། །ཀྭིཔ྄་ཕྱིས། སུཔིས། ཞེས་པར། སི་བྱིན། གསལ་བྱེད་ལས་འཇིག །སི་དབྱི། སུ་པིས྄། ཞེས་གནས་པར་ར་དང་ས་དག་གི་རྣམ་བཅད་བྱས། སུ་པིཿ གྲུབ། མདོ་འདིས་ཚེག་དྲག་གི་ར་བྱས། སུ་པིར། མིང་ལེ་གསུམ་པར། ཨིར་ཨུར་དག་གི་ཨཱིར་ཨཱུར་དག་གོ །ཞེས་པས། སུ་པཱིར྄། ཞེས་པར། སར་དག་གིས་རྣམ་པར་བཅད་བྱའོས། སུ་པཱིཿ.....ལེགས་པར་འཐུང༌། སུ་སྔོན་མའི་བྱིངས། ཏུ་ར་ལ། ཀྭིཔ྄་རྐྱེན། ཀྭིཔ྄། དབྱི། དེ་ནས། སི་བྱིན། གསལ་བྱེད་ལས་འཇིག །ར་རྣམ་བཅད། སུ་ཏུཿ མདོ་འདིས་རྣམ་བཅད་ཀྱི་ར་བྱས། སུ་ཏུར྄་ཞེས་པར། མིང་ལེ་གསུམ་པར། ཨིར་ཨུར་དག་གི་ཨཱིར་ཨཱུར་དག་གོས། སུ་ཏཱུར་ར་རྣམ་བཅད་བྱས། སུ་ཏཱུཿ .....ལེགས་པར་ཚིམ། གྲུབ། འདིས་ཨཱིར་ཨཱུར་འཇུག་པའི་ཆེད་དུ་ར་ཉིད་དུ་སྒྲུབ་པོ། །དུར྄་སིང྄་ལས། ནཱ་མི་ཅན་གྱི་ཕ་རོལ་ཏུ་ཚེག་དྲག་རར་འཐོབ་སྟེ་ལྟོས་པ་མེད་པར་རོ། །ཞེས་པའི་དགོངས་པའོ། །
༈ གྷོ་ཥ་པཏྶྭྭ་ར་པ་རཿ སྒྲ་ལྡན་དང་དབྱངས་ཕ་རོལ་ཅན་ནོ། །ཞེས་པ། ནཱ་མིན་གྱི་མཐའི་ཚེག་དྲག་ནི་དེའི་ཕ་རོལ་ཏུ་སྒྲ་ལྡན་དང་དབྱངས་གང་བྱུང་ཡང་ཚེག་དྲག་ར་ཁོ་ནར་འགྱུར་ཏེ། ཨིཎ྄་འགྲོ་བ་ལའོས། ཨིཎ྄་བཞག །ཎ་རྗེས་འབྲེལ། ཨེ་རིའི་ཨི་ཙ་བཞིན་ནོ། །ཞེས་པས། ཨུས་རྐྱེན། ཨིཙ྄་བཞིན་དུ་འགྱུར་བས་ན་ཨིན་ཨིཙ་ཨིཊ྄་རྣམས་ལ་ཨའི་ཨུ་པ་དྷཱ་རིང་པོ་སྟེ། ནཱ་མི་རྣམས་ཀྱིའང་འཕེལ་བའོ། །ཞེས་པས། འདིར་ནཱ་མིའི་ཨི་ཡིག་གི་འཕེལ་བ། ཨཻ་བྱས། ཨཻ་ཨཱཡ྄་བྱས། ཨུས་དང་སྦྱར་བས་ཨཱ་ཡུས྄། སི་གསལ་བྱེད་ལས་དབྱི། རེ་ཕ་དང་ས་དག་གི་རྣམ་པར་བཅད་བྱའོས། རྟགས་མཐའི་ས་རྣམ་བཅད། ཨཱ་ཡུཿ ཛྙཱ་ཁོང་དུ་ཆུད་པ་ལའོས། ཛྙཱ་བཞག །བྱེད་པ་དང་གཞི་དག་ལའང་ངོས། ཡུཊ྄་རྐྱེན། ཊ་རྗེས་འབྲེལ། ཡུ་བུ་ཛྷ་རྣམས་ཀྱི་ཨ་ན་ཨ་ཀ་ཨནྟ་རྣམས་སོས་ཡུ་ཨ་ནར་བསྒྱུར། རིང་པོ་ལས་ཕ་རོལ་གྱི་འདྲ་བའི་ཡི་གེ་དབྱི་བ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །ཞེས་པས་ཕ་རོལ་ཨ་དབྱི། སི་རྣམ་བཅད། ཨཱ་ཡུརྫྙཱ་ནཿ.....ཚེ་ཡེ་ཤེས། མུརྦྣི་འཆིང་བ་ལའོ། །ཞེས་པའི། མུརྦྣི་བཞག །ཀྟི་རྐྱེན། ཀ་རྗེས་འབྲེལ། ར་ལས་དབྱི་བར་བྱ་བ་དག་གོས། ཝ་ནི་དག་དབྱི་བར་བྱས་པས་མུརྟི། ཞེས་པར། ནཱ་མིའི་ར་བ་དག་གི་གསལ་བྱེད་ལ་སྟེ་ཀུར་ཚུར་དག་གི་མ་ཡིན་ནོ། །ཞེས་པས་ར་བ་དག་གི་ཨུ་པ་དྷ་གསལ་བྱེད་ལ་རིང་པོར་བཤད་པ་རའི་ཨུ་པ་དྷཱ་རིང་པོ། ཛྙཱ་ན་སྔོན། སི་རྣམ་བཅད། ཛྙཱ་ན་མཱུརྟིཿ.....ཡེ་ཤེས་ལུས་ཅན་ནམ་སྐུ་ཅན། གྲུབ། ཨསྨད། སི། སི་ལ་རྣམ་དབྱེ་དང་བཅས་པ་དག་གི་ཏྭཾ་ཨ་ཧམ྄་མོ་ཞེས་པས་ཨསྨད་རྣམ་དབྱེ་དང་བཅས་པ་ཨ་ཧམ་དུ་བསྒྱུར། ཛྙཱ་ན་མཱུརྟི་ར་ཧཾ། གྲུབ། རྣམ་བཅད་ནཱ་མིན་གྱི་ཕ་རོལ་དང་དེའི་ཕ་རོལ་དབྱངས་དང་སྒྲ་ལྡན་གང་རུང་ཡིན་ན་ར་ཡིག་ཏུ་ངེས་ལ་མིན་ན་མི་འགྱུར་ཏེ། ཡ་ཛ་ལྷ་མཆོད་པ་ལའང་ངོས། ཡ་ཛ་བཞག །སམ྄་སྔོན། སམ྄་ཡཛ྄་ཞེས་པར། ཨཱཏ྄་ལས་མ་ནིན྄། ཀྭ་ནིབ྄། བ྄ནི་པ྄། བིཙ྄་རྣམས་ཀྱང་ངོ༌། །གཞན་ལས་ཀྱང་མཐོང་ངོ༌། །ཞེས་པས། ཀྱང་སྒྲས་ཨཱཏ྄་མིན་པའི་བྱིངས་གཞན་ལ་མ་ནིན་སོགས་རྐྱེན་འཇུག་པར་བཤད་པས། བཞི་པ་བི་ཙ་རྐྱེན། སམ྄་ཡ་ཛ྄། བིཙ྄། ཞེས་གནས་པར་ཙ་དབྱངས་དོན་ཨི་བརྗོད་དོན། སྦྱར་བ་མིན་པའི་བའི་དབྱི། སི་གསལ་བྱེད་ལས་འཇིག །ཙ་སྡེ་དང་ཏྲི་ཤ་སོགས་རྣམས་ཀྱིའང་ངོས། ཛ྄འི་ག་རྫོགས་པ་ལ་ཡང་ནའོས། གའི་ཀ །ས་མྱ་ཀ྄།.....ཡང་དག་པར། གྲུབ། གྀམླ་བཞག །ཙནཱ་པ་ལས་ཊའོ། །ཞེས་པས། ཊ་རྐྱེན། མཐའི་དབྱངས་སོགས་དབྱི། ཊ་རྗེས་འབྲེལ། འགྲོ་བའི་དོན་ཀྱང་སོགས་ཀྱིས། ཀྟ་རྐྱེན། བྱེད་པ་པོ་དང་ལས་དག་ལས་ཀྲྀཏ྄་ལ་རྟག་ཏུ་འོས། དྲུག་པའི་ཨཱམ྄་བྱིན། ག་ད༌། ཨཱམ྄་ཞེས་པར། ཨཾ་ལའང་ནུའོས། ནུ་ཨཱ་ག་མ་བྱིན། ཨུ་བརྗོད་དོན། ག་ཏ་ནཱཾ། ཞེས་པར། ནུ་དང་བཅས་པའི་ཨཱཾ་ལ་རིང་པོ་འོས། ཏཱ་རིང་པོ། ན་མཿ སམྱགྒ་ཏཱ་ནཱཾ། ཨད྄་བྷིཿསྦཱ་ཏཾ། ར་བྲེ་ཀྲྀ་ཏི་ནཱ་མི་པ་རོཉ྄སི། རའི་རང་བཞིན་ཅན་ནི་ནཱ་མིན་གྱི་ཕ་རོལ་མ་ཡིན་པའང་ངོ༌། །ཞེས་པ་ར་ལས་བསྒྲུབ་པའི་ཚེག་དྲག་ནི་སྒྲ་ལྡན་དང་དབྱངས་བྱུང་ན་སྔ་མའི་ཡི་གེ་ནཱ་མིའི་མིང་ཅན་མིན་པའང་ར་ཉིད་དུ་འཐོབ་པོ། །ཨ་ཏི་དང་ཨ་དི་འཆིང་བ་ལའོས། ཨ་ཏི་བཞག །དེ་བི། བ་ཋི། བྷྲ་མི། བཱ་སི་རྣམས་ལས་ཨ་ར྄འོ་ཞེས་པས། མང་པོ་ཉིད་ལ། ཨ་ར྄་རྐྱེན་བྱས་པས། ནུ་ཨཱ་ག་མ་བྱིན། ཨནྟར྄། ཞེས་པར། བྱིངས་དོན་ལ་ཨིན་བྱིན། ཀྭི་བ྄་རྐྱེན། ཀཱ་རི་ཏ་དབྱི། སི། མི་ཟད་པ་ལས་འཇིག །ཨནྟར྄། གྲུབ། རེ་ཕ་དང་ས་དག་གི་རྣམ་པར་བཅད་བྱའོས། རྟགས་མཐའི་ར་རྣམ་བཅད། ཨནྟཿ.....མཐའ་འམ་ནང༌། གྲུབ། རྣམ་བཤད་རིགས་པར། ཨནྟ་ཟད་དང་མཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་ལ། །ཞེས་གསུངས་པ་ལྟར་དོན་བདུན་ལ་འཇུག །མཁས་གྲུབ་ཆེན་པོ་འཇམ་གྲགས་ཀྱིས། ཨནྟར྄་ནི་ཕྱི་རོལ་དང༌། སྦྱོར་བ་དང༌། འགེབ་པ་དག་ལའོ། །ཞེས་དང༌། འཆི་མེད་མཛོད་ལས། ཨནྟ་རཾ་ནི་གོ་སྐྲབས་མཚམས། །ཤམ་ཐབས་ཐིབ་པོ་དབྱེ་བ་དང༌། །དེ་དོན་བུ་ག་བདག་གི་བ། །མེད་པ་དང་ནི་ཕྱི་རོལ་སྐབས། །དབུས་དང་ནང་གི་བདག་ཉིད་ལ། །ཞེས་དོན་བཅོ་ལྔ་ལ་བཤད་པ་སྐབས་སུ་གང་བབས་ལ་རུང༌། སྦྲྀ་སྒྲ་དང་ཉེ་བར་གདུང་བ་དག་ལའོས། སྦྲྀ་བཞག ། གཞན་རྣམས་ལས་ཀྱང་མཐོང་ངོས། མ་ནིན྄་སོགས་ལས། བིཙ྄་རྐྱེན། ཙ྄་དབྱངས་དོན། ཨི་བརྗོད་དོན། སྦྱར་བ་མིན་པའི་བའི་དབྱི་འོས། ཝ་དབྱི། ནཱ་མི་མཐའི་བྱིངས་ཡོན་ཏན་བྱས་པས། སྭར྄།.....མཐོ་རིས། གྲུབ། འདིས་སྒྲ་ལྡན་དང་དབྱངས་ལ་ར྄་བྱས། དཔེར་ན། ཨནྟ་རྒ་ཏཿ.....བར་དུ་སོང༌། ཨནྟ་ར་ཏྲཿ.....བར་འདི་ལ། སྭརྒ་ཏཿ.....མཐོ་རིས་སུ་གཤེགས། སྭ་ར་ཏྲཿ.....མཐོ་རིས་འདི་ལ། པྲ་ཙེ་དས྄་ཀྱི་རཱ་ཛན྄་ཕ་རོལ་ལ་ར་ཉིད་ཡང་ན་བྱ་སྟེ། ཙི་ཏི་མིང་ལའོས། ཙི་ཏི་བཞག །པྲ་སྔོན། པྲ་ཙི་ཏ། ཞེས་པར། ཨ་སུན྄་རྐྱེན། ཨུན྄། རྗེས་འབྲེལ། པ྄་ཙི་ཏསྲ། བོད་སི། ཧེ་སྔོན། སི་དབྱི། ས་རྣམ་བཅད། ཧེ་པ྄་ཙི་ཏར྄་རཱ་ཛན྄།.....ཀྱཻ་ཆུ་ལྷའི་རྒྱལ་པོོ་ཧེ་པ྄་ཙི་ཏཱ་རཱ་ཛན྄། འདིར་རའི་ར་ལ་དབྱི་ཞིང་དབྱངས་སྔ་མ་རིང་པོ་འོས། ཕ་རོལ་དབྱི་བ་དང་རིང་པོ་བྱས། ཨོ་ཧཱཀ྄་གཏོང་བ་ལའོས། ཨོ་ཧཱཀ྄་བཞག །ནཉ྄་སྔོན་ནའི་དབྱི་བ་སོགས་གོང་བཞིན། ནཉ྄་ཛ་ཧ་ཧི་ལས་སོ་ཞེས་པས། ཀ་ནི་རྐྱེན། ཀ་དང༌། ཨི་རྗེས་འབྲེལ། ཨཱཾ། ན་མཐའི་ཨུ་བ་དྷཱ་ཡི་འོས། ཨུ་པ་དྷཱ་རིང་པོ། ཨ་ཧར྄་པ་ཏི།.....ཉིན་མོའི་བདག་པོ། ཨ་ཧ་ནའི་སའོ། །ཞེས་པས། དེ་རྣམ་བཅད་བྱས་ན་རེ་ཕ་ཡང་ན་སྟེ། ཨ་ཧཿཔ་ཏི།.....ཉིན་མོའི་བདག་པོ། ཨ་ཧར྄་པ་ཏི། དེ་བཞིན་དུ་ཨ་ཧར྄་བུ་ཏྲཿཉིན་མོའི་བུ། ཨ་ཧཿཔུ་ཏྲཿགྲཱྀ་གསལ་བར་བྱེད་པ་ལའོ། །གྲཱྀ་དང་དྷཱུ་རྦྦཱི་འཚེ་བ་ལའོ། །དྷཱུརྦྦཱི་སོ་སོར་བཞག །ཀྭིབ྄། རྐྱེན་རེ་སྦྱར་བས། གྲཱྀ། ཀྭིབ྄། ངྷཱུརྦྦཱི། ཀྭིབ྄། གནས་པར་སྔ་མར། རྀ་ཏ྄་མཐའི་ཡོན་ཏན་མེད་པ་ལ་ཨི་རུའོ། །ཞེས་རྀ་ཨིར྄་བྱས་ཏེ། གིར྄། ར་ལས་དབྱི་བར་བྱ་བ་དག་གོས། དྷཱུ་རྦྦཱའི་བ་ཡིག་ཀྭིབ྄་དང་དྷཱུཊ྄་ཡོན་ཏན་མེད་པ་དག་ལ་དབྱི་བར་བཤད་པས་བ་དབྱི་བས། དྷུར྄། སི་འཇིག །ཨིར྄་ཨུར྄་དག་གི་ཨཱིར྄་ཨཱུར྄་དག་གོས། གཱིར྄་དྷཱུར྄་བྱས། གཱིར྄་པ་ཏིཿ.....ཚིག་བདག། །.....གཱིཿཔ་ཏིཿ གཱིར྄་པ་ཏྲཿ.....ཚིགས་བདག་བུ་.....གཱིཿཔ་ཏྲཿ དྷཱུར་པ་ཏིཿ.....མ་རུང་བའི་བདག་པོ.....་དྷཱུཿཔ་ཏིཿ དྷཱུརུ་བུ་ཏྲཿ.....མ་རུང་བའི་བུ་.....དྷཱུཿབུ་ཏྲཿ
༈ ལྔ་པ་ཨེ་ཥ་སོགས་ཀྱི་དབྱེ་བ་སོགས་བཤད་པ་ལ། དབྱི་བ་བཤད་པ། ཚའི་གཉིས་སུ་འགྱུར་བ་བཤད་པ་གཉིས། དང་པོ་ནི། ཨེ་ཥ་ས་ཕ་རོ་བྱཉྫ་ནེ་ལོ་བྱིཿ ཨེཥ་དང་ས་ལས་ཕ་རོལ་གསལ་བྱེད་ལ་དབྱིའོ། །ཞེས་པ་སརྦ་ནཱ་མའི་ཨེ་ཏད྄་ལས་སི་བྱིན་པས་ཚིག་ཨེཥ་དང༌། ཏཏ྄་ཡ་སི་བྱིན་ནས་ས་རུ་བྱས་པའི། ས་ལས་ཕ་རོལ་གྱི་རྣམ་བཅད་གསལ་བྱེད་ཕ་རོལ་ལ་དབྱིའོ། །ཨེ་ཏ་ད྄་ལ། སི་བྱིན། ཏྱད་སོགས་ཀྱི་རྣམ་དབྱེ་ལ་ཨའོས། ང་ཨ་ཡིག་ཏུ་བསྒྱུར། ཏ་ཨ། སི་གནས་པར། ཨ་ཡིག་ལ་དབྱིའོས། ཏའི་སྲོག་གི་ཨ་དབྱི། མིང་ལེ་གསུམ་པར་སི་ལ་སའོ་ཏའི་འང་ངོ༌། །ཞེས་པས། ཏས་ཡིག་ཏུ་བསྒྱུར། མིང་ལེ་བཞི་པར། ནཱ་མིན་དང་ཀ་དང་ར་ལས་ཕ་རོལ་རྐྱེན་དང༌། རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་ས་ཥ་སྟེ་ནུ་དང་རྣམ་པར་བཅད་པ་དང་ཥ་དང་བར་ན་ཡོད་ཀྱང་ངོ༌། །ཞེས་པས། ས་ཡིག་ཨེ་ཕ་རོལ་ལས་ཥ་ཡིག་ཏུ་བསྒྱུར་རོ། །ད་ཡིག་ཨ་ཡིག་ཏུ་བསྒྱུར་བ། ཥའི་སྲོག་ཏུ་བྱིན། ཨེ་ཥཿསི་རྣམ་བཅད། ཡང་ཏད྄་ལ། སི་བྱིན། ཏྱད་སོགས་ཀྱི་རྣམ་དབྱེ་ལ་ཨའོས། ད་ཨ་ཡིག་ཏུ་བསྒྱུར། ཨ་ཡིག་ལ་དབྱིའོས། ཏའི་སྲོག་གི་ཨ་དབྱི། མིང་ལེ་གསུམ་པར་སི་ལ་སའོ་ཏའི་འང་ངོས། ཏ་ཡིག་ས་ཡིག་ཏུ་བསྒྱུར། སཿསི་རྣམ་བཅད། ཀྲྀ་ཏཱི་སྤྱོད་པ་ལའོས། ཀྲྀཏཱི་བཞག །ཨཱི་རྗེས་འབྲེལ། ཨུཎ྄འི་རྐྱེན། ཨ་ར་བྱིན། ཀྲྀཏ྄། ཨ་ར་ཞེས་པར། རྀ་ཨར་བྱས། ཀརྟ་ར། ཞེས་གནས་པར། ནཱ་ད་སོགས་ལས། ཞེས་པས། ཨཱི་རྐྱེན། ཨཱི་ཡིག་ལ་ཨ་དབྱི། བཛྲ་སྔོན། ཀརྟ་རཱི། སི། ཨཱི་ཡིག་མཐའ་ལས་སིའོས། སི་དབྱི། ཨཱི་དང་ཨ་ཡིག་བུད་མེད་དུ་བྱས་པ་དག་ལ་ལ་ར་ཐུང་ངུ་འོས། ཨི་ཐུང་ངུ་བྱས། ཨེ་ཥ་བཛྲ་ཀརྟ་རི་.....འདི་རྡོ་རྗེ་གྲི་གུག །སུ་ཁ་དང་དུཥྑ་དེའི་བྱ་བ་ལ་འོས། སུ་ཁ། ཨིན྄་ཨའི་འང་དབྱི། ཨལ྄། རྐྱེན། ཀ་རི་ཏ་དབྱི། སི་རྣམ་བཅད། སུ་ཁཿསྤྲྀ་ཤ་གནོད་པ་དང་རིག་པར་བྱེད་པ་དག་ལ་འོས། སྤྲྀ་ཤ་བཞག། སམ་སྔོན། གྷཉ྄་རྐྱེན། ཡོན་ཏན་རྀ་ཨར་བྱས། སྤརྴ། .....རེག ། དེ་རིག་དེ་བརྗོད་དེ་ཡི་འདི། །འདི་ལྟར་སོགས་ཀྱི་ཨེ་ཎ྄ར་འདོད། ཅེས་པས། ཨཎ྄་རྐྱེན། ཎ྄་དང་བཅས་པར་དང྄་པོ་འཕེལ་བའོས། སྤཱ་རྴཿསི་རྣམ་བཅད། ས་སུ་ཁ་ས་སྤཱརྴཿ.....དེ་བདེ་བ་ལ་ཡང་དག་པར་རེག །ཨེ་ཥ་ཙར་ཏི།.....འདི་རྒྱུ་བར་བྱེད། ས་ཙ་ར་ཏི།.....དེ་རྒྱུ་བར་བྱེད། ཨེ་ཥ་དདཱ་ཏི།.....འདི་སྦྱིན་པར་བྱེད། ས་ད་དཱ་ཏི། .....དེ་སྦྱིན་པར་བྱེད། ཨེ་ཥ་དང་ས་དག་གང་རིགས་མིན་ན་མི་འགྱུར་ཏེ། སརྦ་ནཱ་མེའི་ཡ་ཏ྄། སི། ཏ་ཨ། ཨ་ལ་དབྱི། སི་རྣམ་བཅད། ཡཿ.....གང༌། གྲུབ། སྨྲྀ་དང་ངྷྱཻ་སེམས་པ་ལའོས། ངྷྱཻ་བཞག། ཀྭི་པ྄་རྐྱེན། མཐར་གནས་པ་ཕ་རོལ་གྱི་དབྱངས་དང་བཅས་པའི་སམ་པྲ་སྭ་ར་ཎ། དྷཱི། དེ་མཐའ་རིང་པོ། དེ་འདི་ལ་ཡོད་པས། མནྟུ། སི་ཨུ་བརྗོད་དོན། ཨནྟུ་དང་ཨས྄་མཐའི་འང་བྱིངས་མིན་པའི་སི་ལའོས། ཨནྟུའི་ཨཱ་རིང་པོ། བརྩེགས་པའི་མཐའ་དབྱི། དྷཱིམཱན྄། བསལ་བྱེད་ལས། སི་དབྱི། ཡཿདྷཱི་མཱན།.....གང་བློ་ལྡན།.....ཡོ་དྷཱི་མཱན། ཡཿཙ་ར་ཏི།.....གང་རྒྱུ་བར་བྱེད།.....ཡཤྩ་ར་ཏི། ཨེ་ཥ་དང་ས་དག་སྨོས་པ་ནི་ཀའི་རྐྱེན་དང༌། ནཉ྄འི་ཚིག་སྡུད་ཀྱི་དབྱི་བ་མིན་པར་སྟོན་པའི་ཆེད་ཡིན་ཏེ། ཨེ་ཥ་ཀོ་ད་དཱ་ཏི།.....འདི་སྦྱིན་པར་བྱེད། ས་ཀོ་ད་དཱ་ཏི།.....དེ་སྦྱིན་པར་བྱེད། མི་ཟད་པ་དང་སརྦ་ནཱ་མའི་ཞེས་པས། འདི་ལ། ཨ་ཀའི་རྐྱེན་ནོ། །དེས་ན་ནཉ྄འི་བྱས་ན། ཨེ་ཥཿག་ཏཿ ཞེས་པར། ཨ་ནེ་ཥོ་ག་ཏཿ.....འདིར་མ་སོང༌། ཨ་ནེ་ཥོ་ད་དཱ་ཏི།.....འདི་མི་སྟེར། དབྱངས་ལན་ཉ྄་ཨན྄་བྱས་པའོ། །ཨ་སོ་ད་དཱ་ཏི།.....དེ་མི་སྟེར། འོ་ན། ཨེ་ཥ་ཀ་དང་ས་ཀ་དག་གི་དབུས་སུ་ལྷུང་བ་ནི་དེ་སྨོས་པས་བཟུང་བར་བྱའོ། །ཞེས་པའི་ཚིག་ལས་ཨེ་ཥ་དང་ས་དག་དོན་དང་ལྡན་པ་བཟུང་བར་བྱ་སྟེ། དོན་དང་ལྡན་པ་འཛིན་པ་ན་དོན་མེད་པའི་མ་ཡིན་ནོ། །ཞེས་སོ། །དེས་ན་མི་འགྱུར་ཏེ། མཱིཉ྄། དྲཱུཉ྄་འཚེ་བ་ལའོས། མཱིཉ྄་བཞག །ཨུཎ྄འི་ས་རྐྱེན། ནཱ་མི་མཐའི་བྱིངས་མཱི་ཡོན་ཏན་ཨེ་བྱས། ནཱ་མི་དང་ཀ་དང༌། ཞཻས་པས། ཕ་རོལ་རྐྱེན་ལ་གནས་པའི། ས་ཥའོ། །སི། རྣམ་བཅད། མེ་ཥཿ ཨས྄་ཡོད་པ་ལའོས། ཨས྄་བཞག །ནཉ྄་སྔོན། ཏི་རྐྱེན། ཨན྄་བི། ཨད྄་སོགས་ལས་འཇིག །མེ་ཥཿན་སྟི།.....འཚེ་བ་མེད། །
༈ དཱ་སྲྀ་སྦྱིན་པ་ལའོས། དཱ་སྲྀ་བཞག །རྀ་རྗེས་འབྲེལ། ཨཙ྄་རྐྱེན། སི་རྣམ་བཅད། དཱ་སཿ པཏཱྀ་ལམ་ལ་ཡང་སྟེ་འགྲོ་བ་ལའོས། རྐྱེན་ཨན྄་བི། པ་ཏ་ཏི།.....ལྟུང་བར་བྱེད། དཱ་སཿཔ་ཏ་ཏི།.....ཟན་ལྟུང་བར་བྱེད། །
༈ ན་བི་སརྫ་ནཱི་ཡ་ལོ་བྱ་པུ་ནཿ སནྡྷིཿ རྣམ་པར་བཅད་བྱ་ཕྱིས་པ་ལ་སླར་མཚམས་སྦྱོར་མིན་ནོ། །ཞེས་པ། རྣམ་བཅད་ཕྱིས་པ་ལ་སླར་ཡང་མཚུངས་པ་འདྲ་བ་ལ་རིང་བ་ལ་སོགས་པའི་བྱ་བར་མི་འགྱུར་རོ། །གུ་ཎ་བོད་པ་ལའོས། གུ་ཎ་བཞག །ཨིན྄་ཨའི་འང་དབྱིའོས། བྱིངས་ཀྱི་ཨ་དབྱི། གུ་ཎིན྄། ཨལ྄་རྐྱེན། སི། ཀ་རི་ཏ་དབྱི། གུ་ཎཿ.....ཡོན་ཏན། བྷཱ་སྲྀ་གསལ་བ་ལའོས། བྷཱ་སྲྀ་བཞག །ཨ་བ་སྔོན། གྷ་ཉ྄་རྐྱེན། ཨ་བ་བྷཱ་ས། གྷཉ྄། ཉ྄་དང་པོ་འཕེལ་བ། གྷཉ྄་རྗེས་འབྲེལ། ཨཱ་བ་བྷཱ་སཿ སི་རྣམ་བཅད་བྱས་པ། གུ་ཎཿ ཨཱ་བ་བྷཱ་སཿ ཞེས་གནས་པར། གུ་ཎ་ཨཱ་ཝ་བྷཱ་སཿ.....ཡོན་ཏན་སྣང་བ༌། ཞེས་ཎ་དང་ཨཱ་གཉིས་མཚམས་མི་སྦྱོར་བ་ལྟ་བུ། རྀ་འགྲོ་བ་ལའོས། རྀ་བཞག །ཨུ་ལཱུ་ཀ་ལ་སོགས་པ་རྣམས་སོ། །ཞེས་པས། ཨཱུ་ཀན྄་རྐྱེན། ཨརྟིའི་ཨུ་དང་ར་ཕ་རོལ། ཉིད་ཀྱང་ངོ༌། །ཀ་པི་རི་ཀ་ལ་སོགས་པ་རྣམས་སོ། །ཞེས་པས། རྀ་ཨར྄་དང་ཨརྟིའི་ཨུ་ཞེས་པས། ཨར྄་གྱི་ཨ་ཨུ་བྱས། ར྄་ཕ་རོལ་ཞེས་པས། ར྄་ལ྄་བྱས། ཨུལ྄། ཨཱུ་ཀཉ྄། ཞེས་པར། མཚམས་སྦྱར་བས། ཨུ་ལཱུ་ཀ་བུད་མེད་ལ་ཨ་ལས་ཨཱཔ྄། ཨུ་ལཱུ་ཀཱ། སི། ཤདྡྷཱ་ལས་དབྱི། ཨ་སུ་འཕེན་པ་ལའོས། ཨ་སུ་བཞག །ཨུ་རྗེས་འབྲེལ། རྀ་ཡིག་དང་གསལ་བྱེད་མཐའ་ལས་Ἐ་ཎའོས། Ἐ་ཎ་རྐྱེན། ཎ་བྱིངས་ཀྱི་དང་པོ་འཕེལ་བ་ཨཱ་སྱ་ཨཱཔ྄་རྐྱེན། ཨཱ་སྱཱ། དེ་བྱིན། ང་ལྡན་རྣམས་ཞེས་པས་ཡཻ། ན་མ་ཨུ་ལཱུ་ཀཱ་སྱཱཡཻ།.....འུག་གདོང་མ་ལ་ཕྱག་འཚལ་ལོ། །རྀ་འགྲོ། Ἐ་ཎ྄་རྐྱེན། རྀ་ཨར། ཎཉ་དག་གི་དང་པོ་འཕེལ་བ། གྷ་རྗེས་འབྲེལ། ཨཱརྻཿ.....འཕགས་པ། སི་རྣམ་བཅད། ཛི་རྒྱལ་བ་ལའོས། ཛི་བཞག །ནཉ྄་དང་པ་ར་སྔོན། ཨ་བྱས། ཨ་པ་ར་ཛི་ནིཥྛ་འོས། ཀྟ་རྐྱེན། ཀ྄་རྗེས་འབྲེལ། ཨ་པ་ར་ཛི་ཏཱ།.....གཞན་གྱིས་མི་ཐུབ་པ། དེ་ཨ་ཡིག་སྒྲ་ལྡན་ལ། རིང་ངོས། ཏཱ་རིང་པོ། དེ་ཡ་བྱས། ན་མ་ཨཱརྻ་ཨ་པ་ར་ཛི་ཏཱ་ཡ། སླར་སྨོས་པ་མཚམས་སྦྱོར་བཀག་པ་མི་རྟག་པའི་དོན་ཏེ། ཏད྄་སི། སཿབྱས། ཨེ་ཏད྄་སི། ཨེ་ཥཿ བྱས། བྲྀ་ཧཱུ་བརྩོན་པ་ལའོས། བྲྀ་ཧཱུ་བཞག །ཨུ་ཎ྄འི་མ་རྐྱེན། ཚིག་ཕྲད་ལས་ཨ་ཡིག་ཨཱ་ག་མ་བྱིན། རྀའི་ཡི་གེ་རའོ། །བྲཧྨཿ ཙར་འགྲོ་བ་ལའོས། ཙར྄་བཞག །ཨཙ྄་རྐྱེན། ཙར྄། ཨུ་དང་གོ་སོགས་ལས་ཡཏ྄འོས། ཡཏ྄་རྐྱེན། ཨཱིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་ཡའི་རྐྱེན་ལས་དབྱིའོས། ཙ་རའི་ཨ་ཕྱིས། ཙརྻཿ སི་རྣམ་བཅད་བྱས་སོ། །སཿཨེ་ཥཿཙརྻཿ སའི་རྣམ་བཅད་ཕྱིས། མཚམས་སྦྱར་བས། ས་ཨེཥཿ ཨེ་ཡིག་ལ་ཨཻ་ཕ་རོལ་ལའང་དབྱི། ས་ཨེ་གནས་པར་ཨ་ཡིག་ཨཻ་སྟེ། ཞེས་པས། སཻ་ཥ། གྲུབ། ཡང་ན། ས། ཨེ་ཥཿ མཚམས་སྦྱར་བ་བྱའོ། །སཻ་ཥ་བྲཧྨ་ཙརྻཿ.....དེ་འདིར་ཚངས་པར་སྤྱོད། སཻ་ཥ་རཱ་ཛཱ་ཡུ་དྷི་ཥྛིརཿ.....དེ་འདིར་རྒྱལ་པོ་གཡུལ་ངོར་བརྟན་པ། ཞེས་སོ། །
༈ རོ་རེ་ལོ་པཾ་སྭ་རཤྩ་པཱུརྺ་དཱིརྒྷཿ རའི་ར་ལ་དབྱི་ཞིང་དབྱངས་སྔ་མའང་རིང་པོའོ། །ཞེས་པ། རའི་ཕ་རོལ་ཏུ་ར་ཡིག་སྔ་མ་དབྱི་ཞིང་སྔ་མའི་དབྱངས་དེ་ཡང་རིང་པོར་འགྱུར་རོ། །ཨག྄་གྱ་གྱུར་འགྲོ་བ་ལའོས། ཨག་བཞག།།ཨ་གི། ཤཱུ། ཤྲཱྀ།ཡུ་བ་ཧི་རྣམས་ལས་ནི་འོས། ནི་རྐྱེན། སི་རྣམ་བཅད། ཨགྣིཿ.....མེ། རཀྵ་བསྲུངས་པ་ལའོས། རཀྵ། ཏི་རྐྱེན། ཨན྄་བི། རཀྵ་ཏི། སྲུང། བ་.....ཨགྣིར྄་རཀྵ་ཏི་ལ་འདིས་ར་སྔ་མ་དབྱི་ཞིང་སྔ་མའི་དབྱངས་རིང་པོ་བྱས། ཨགྣཱི་རཀྵ་ཏི། ཨིནྡྷུར྄་ར་མ་ཏི།.....ཟླ་བར་དགའ་བར་བྱེད་རོལ་ཟེར་བ། སྨྲྀ་སེམས་པ་ལའོས། སྨྲྀ་བཞག།།བུདྡྷ་དང་ཨ་ནུ་སྔོན། བུདྡྷ་ཨ་ནུ། སྨྲྀ། བུད་མེད་ལ་ཀྟི་རྐྱེན། བུདྡྷཱ་ནུ་སྨྲྀ་ཏིཿ སི་རྣམ་བཅད་དོ། །ར་མུ་རྩེ་བ་ལ་འོས། ར་མུ། ཀྟི་རྐྱེན། ལྔ་པའི་ཨུ་བདྷཱའི་དྷཊ྄་ལའོས། ཡོན་ཏན་མེད་པ་ལའོ། །ཞེས་པས། རིང་པོ། ཝན་རི་ཏ་ནོ་ཏི་སོགས་ཨ྄ིཊ་བཀག་པ་རྣམས་ཀྱི་དྷུཊ྄་ལ་ལྔ་པོ་སྟེ། ཨཱཏ་ཀྱི་ཨཱཏའང་ངོ་ཞེས་པའི་ལྔ་པ་སྟེ། ཞེས་མ་ཡིག་དབྱི། ར་ཏིཿ སི་རྣམ་བཅད་དོ། །བུདྡྷཱ་ནུ་སྨྲྀ་ཏཱི་ར་ཏིཿ གསར་དུ་སྔ་མར་རིང་པོ་མི་འགྱུར་བ་ནི་མི་ཟད་པའི་ཨུཙྩཻས། སི། མི་ཟད་པ་ལས་འཇིག །ས་རྣམ་བཅད། ཨུཙྩཻཿར་མ་ཏི།.....མཐོན་པོ་ལ་དགའ་བར་བྱེད། གོ། སི། གོའི་གྷུཊ྄་ལ་ཨཽ་བྱས་གཽཿསར་དག་གི་རྣམ་བཅད་དོ། །རམུ་རྩེ་བ་ལའོས། རམུ། ཏེ་ཨན྄་བི། གཽ་ར་མ་ཏེ།.....འོད་ཟེར་དགའ་བར་བྱེད། །
༈ གཉིས་པ་ཚ་ཡིག་གི་འཕེལ་བ་ནི། དྭིརྦྷཱ་བཾ་སྭ་ར་པ་ར་ཤྪ་ཀཱ་རཿ དབྱངས་ལས་ཕ་རོལ་ཚ་ཡིག་གཉིས་སུ་འགྱུར་རོ། །ཞེས་པ་དབྱངས་ཡིག་གི་ཕ་རོལ་གྱི་ཚ་ཡིག་ནི་གཉིས་སུ་འགྱུར་རོ། དེ་བ། ལ། ངས྄་རྐྱེན། ངས྄་སྱ། དེ་བ་སྱ། ཚོ་གཅོད་པ་ལའོས། ཚོ་བཞག །མཱ་ཚྭ། པ་སི། རྣམས་ལས་ཡའོས། ཡ་རྐྱེན། ཚོ། ཡ། ཞེས་པར། མཚམས་སྦྱར་གྱི་ཡི་གེའི་མཐའ་རྣམས་ཀྱི་བི་ཀར་ཎ་མ་ཡིན་པ་ལ་ཨཱ་ཡིག་གོས། བར་རྐྱེན། ཨཱ་ཡིག་བྱིན། ཚ་ཡ། ཞེས་པར། ཨཔ྄་རྐྱེན། དེ་ཝ་སྱ་ལ་དེ་ཡི་བསྡུ་བ་ཐོབ། དེ་ཝཙྪཱ་ཡཱ།.....ལྷའི་གྲིབ་མ། རིང་པོ་ལས་ཚིག་མཐའ་ལ་ཡང་ན་འདོད་དེ། དེ་བ་ད་སོགས་ཀྱི། ཨཱི་སི་དབྱི། དེ་ཝཱི་ཚཱ་ཡཱ།.....ལྷ་ཚོའི་གྲིབ་མ།.....་དེ་ཝི་ཙྪཱ་ཡཱ། ཨཱང྄་ལས་ཕ་རོལ་རྟག་ཏུ་འདོད་དེ། ཚ་ང་དང་ཁཌྜ་ཀུན་སྒྲིབ་ལའོ། །ཚ་ད་བཞག །ཨཱང྄་སྔོན། ཨིན྄་ཏི། ཨན྄་བི་བྱིན། ཨཱཙྪད་ཡ་ཏི། ཙནྟྲ་པ་ལས། ཨ་ཙ་ལས་ར་ཧ་ལས། གཉིས་སོ། །ཞེས་པ་ནི། ཨརྐ་དང་ཨི་ཊ་བསྟོད་པ་ལའོས། ཨརྐ་བཞག །ཨིན྄། ཨལ྄། སི། ཨརྐྐཿ.....ཉི་མའམ་ཤེལ། བྲྀ་ཧཱུ་བརྩོན་པ་ལའོ། །བྲྀ་ཧུ་བཞག །ཨུ་བརྗོད་དོན། གཞན་རྣམས་ཀྱང་མཐོང་ངོ༌། །ཞེས་པས། མ་ནིན྄་རྐྱེན། ཨིན྄་བརྗོད་དོན། ཚིག་ཕྲད་ལས་ཨཱ་ཡིག་ཨཱ་ག་མ་རྀའི་ཡི་གེ་རའོ། །བྲ་ཨ་གནས་པར་དྲངས་བྲཧྨྨཱ་བྲཧྨཱ།.....ཚངས་པ། ཨཙ྄་མེད་པ་ལའོ། །ཨཙ྄་མེད་པ་ཕ་རོལ་གྱི་གཉིས་སུ་ཡང་ན་འགྱུར་ཏེ། ཐཱཀྐ།.....ངག།།.....་ཐཱཀ ཡཎ་ལས་མཡ྄འི་འོ། ཡཎ྄་དང་མཡ྄་ཐོག་མཐའི་བསྡུ་བ་ཡིན་པས། ཡ་ཎ྄་ལས་ཕ་རོལ་གྱི་མཡ྄འི་གཉིས་ཉིད་དུ་ཡང་ན་འགྱུར་ཏེ། ཨུལྐྐཱ།.....སྐར་མདའི།.....ཨུལྐཱ། བལྨྨཱི།.....གྲོག་མཁར།.....བལྨཱི། ཤར་ལས་ཁ་ཡའིའོ། །ཐོག་མཐའི་བསྡུ་ཚིག་གོ། ཤར་ལས་ཕ་རོལ་ཁ་ཡའི་གཉིས་ཉིད་དུ་ཡང་ན་འགྱུར། སྠྠཱ་ནཾ།.....གནས།.....སྠཱ་ནཾ། ལ་སོགས་པ་ཤེས་པར་བྱའོ། །ཨ་ཏི་སནྡྷཽ་སུ་ཏྲ་ཏཿ བཉྩ་མཿ སནྔྷི་ས་མཱཔྟཿ ཞེས་པ་མཚམས་སྦྱོར་གྱི་མདོ་ལས་མཚམས་སྦྱོར་ལྔ་པ་རྫོགས་སོ། །
༈ མིང་འདི་ལྟར་ལ་ལར་མི་སྣང་ཡང་ཕྱིས་སུ་རྒྱ་བོད་ལ་ལས་བྱས། མཚམས་སྦྱོར་ལྔའི་ཊཱིཀ་རྫོགས་པར་གྲུབ། མཚམས་སྦྱོར་ལྔ་དང་མིང་ལེ་དྲུག །ཀུན་བཤད་རྐང་བརྒྱད་ཀྲྀཏ་རྐང་དྲུག །རྒྱ་བོད་འགྲེལ་པ་ཕལ་ཆེར་ལུགས། །མཚམས་སྦྱོར་དྲུག་དང་མིང་ལེ་བདུན། །མཚམས་སྦྱོར་དྲུག་པ་མི་ཟད་དེ། །མིང་ལེ་བདུན་པ་མོ་རྟགས་ཏེ། །ལྷག་མ་སྔར་བཞིན་སློབ་ཕན་ལུགས། །ཞེས་པ་འགྲེལ་བ་སོ་སོའི་བཤད་གཞིའི་ཁྱད་པར་བཤད་ཟིན་ཏོ། །
སྨྲས་པ།
ལེགས་བཤད་དཀྱིལ་འཁོར་རྫོགས་པའི་ཉ་རྒྱས་ཟླ། །
དབང་ཕྱོགས་སིནྡྷའི་རི་བོའི་རྩེར་འཛེག་པའི། །
གཉིས་སྐྱེས་ཐལ་མོའི་པདྨ་ཟུམ་པ་དང༌། །
སྒྲ་རིག་ཀུ་མུད་བྱེ་བ་ཅིག་ཅར་བཞད། །
ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
༈ གཉིས་པ་མིང་ལེ་ལྭ། རྣམ་དབྱེའི་ལེའུ། དེའི་དམིགས་གསལ་ལེའུ། སརྦ་ནཱ་མའི་ཁྱད་པར་ལེའུ། ཡུ་སྨ་ད་དང་ཨ་སྨད་སོགས་ཀྱི་ལེའུ། བྱེད་པ་ཅན་གྱི་ལེའུ། ཚིག་སྡུད་ལེའུ། དེ་ཕན་རྐྱེན་གྱི་ལེའུ་དྲུག་ལས། དང་པོ་རྟགས་བཤད་པ། རྟགས་ཚིག་ཏུ་སྒྲུབ་པའི་རྣམ་དབྱེ་ཉེར་གཅིག་བཤད་པ། དེའི་རྣམ་འགྱུར་བཤད་པ་གསུམ། དང་པོ་ནི། དྷཱ་ཏུ་ཕི་བ་ཀྟི་བརྫ་མརྠ་བ་ལླིངྒ་མ། བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་རྟགས་སོ། །ཞེས་པ། བྱིངས་མདོ་ལས། བྷཱུ་ཡོད་པ་ལའོ། །ནས། ཀྲྀཉ་ཚིམ་པ་ལོའི་བར་གྱི་བྱིངས་དང༌། རྣམ་དབྱེ་ཏི་སོགས། སི་སོགས་བོར་བ་སྟེ་དེ་དག་དང་བྲལ་བའི་བརྗོད་བྱའི་དོན་དང་ལྡན་པའི་སྒྲའི་ཆ་ཤས་བྱིངས་ལ་ཀྲྀཏ྄་རྐྱེན་སྦྱར་བ་རྣམས་ལོ་འདིར་རྟགས་སམ་མིང་དམ་ཤབྟའམ། བྲཱ་ཏཱི་པ་དི་ཀཾ་ཞེས་བྱ་ཞིང༌། རྟགས་དེ་ལ་དབྱེ་ན་ཕོ་མོ་མ་ནིང༌། རྟགས་གསུམ་འདྲེས་པའི་མིང་དང་བཞི་ཡོད་དེ། པཎ་ཆེན་འཇམ་དཔལ་གྲགས་པས། གྲགས་པའི་སྒྲ་རྣམས་བཤད་བྱ་སྟེ། །སྐྱེས་པ་མ་ནིང་བུད་མེད་ལའང༌། །ཡོན་ཏན་བྱ་བ་རྫས་སྦྱོར་ལས། །རྟགས་གསུམ་ཅན་རྣམས་དེ་མཐར་རོ། །ཞེས་པ་མཁས་སོགས་ཡོན་ཏན་དང༌། །ཨུཏྤལ་དཀར་དམར་སྔོ་སོགས་ལྟ་བུ་རྫས་དང༌། ཆུ་འཐུང་ངོ་དང་ལེགས་པར་སེམས་པར་བྱེད་སོགས་བྱ་བ་བརྗོད་པའི་སྒོས་རྟགས་གསུམ་ཀ་ལ་འཇུག་པ་ཡོད་པའི་ཕྱིར། སི་སོགས་བྱ་བ་ལས་ཡོན་ཏན། རྗོད་པར་བྱེད་པ་རྣམས་ནི་ཡོན་ཏན་སྦྱོར་བ་ལས་ཡོན་ཏན་དང་ལྡན་པ་ལ་འཇུག་ལ། པ་ཊུ་ཉིད་ལ་སོགས་པའི་ཡོན་ཏནའང་བུད་མེད་ཁོ་ནར་ལྡན་པ་འོན་ཀྱང་སྐྱེས་པ་རྣམས་ཀྱང་ངོ༌། །ཞེས་དང༌། ཇི་ལྟར་ཨུཏྤལ་སྔོན་པོ་ཞེས་པ་ཨུཏྤ་ལའི་སྒྲ་འདི་ཨུཏྤལའི་རིགས་བརྗོད་པ་སྟེ། དཀར་པོ་དང་སྔོན་པོ་དང་དམར་པོ་ལ་སོགས་པའི་རྫས་རྣམས་ལའང་འཇུག་མོད། ཅེས་དང༌། རང་ཉིད་འཇུག་པ་དེ་ལའང་རྒྱུ་མཚན་ཨུཏྤལའི་རིགས་སྲིད་པའི་ཕྱིར་རོ། །དེ་དང་འདྲ་བར་འདིར་པ་ཊི་ལ་སོགས་པ་རྣམས་མཁས་པ་ཉིད་དང་ལྡན་པ་ལས་བུད་མེད་དང་སྐྱེས་པ་དང༌། མ་ནིང་ལ་འཇུག་པ་རྣམས་ཞེས་དང༌། འཆི་མེད་མཛོད་ལས། ཤེས་བྱ་ཕོ་མོ་མ་ནིང་ལ། །ཞེས་དང༌། འདིར་ནི་རྟགས་རྣམས་མེད་པ་དང༌། །གསུམ་གྱི་རྟགས་ལ་གསུམ་ཞེས་བྱ། །འཁྲིག་པའི་ཚིག་ལ་གཉིས་ཞེས་བྱ། །རྟགས་བཀག་ལྷག་མའི་དོན་ལ་ཡང༌། །ཞེས་པ་དང༌། འགྲེལ་བ་འདོད་འཇོ་ལས། ཕོའི་རྟགས་ཅན་དང་མོའི་རྟགས་ཅན་དང་མ་ནིང་གི་རྟགས་ཅན་དང་གསུམ་སྟེ་དེ་ཤེས་པར་བྱ་བའི་གཞིའོ། །ཞེས་དང་གསུམ་གྱི་རྟགས་ལ་གསུམ་ཞེས་བྱ་བ་ནི། ཕོ་མོ་མ་ནིང་གསུམ་གྱི་རྟགས་དང་ལྡན་པ་ཏྲིཥྚ། ཞེས་འབྱུང་སྟེ་གསུམ་ཞེས་བྱའོ། །ཞེས་སོ། །མོ་མིན་ན་བྱས་ཚེ་ཕོ་དང་མ་ནིང་དུ་ཤེས་ལ་དེས་ཕོའི་རྟགས་ལའང་ཤེས་པར་བྱ་སྟེ། འདོད་འཇོ་ལས། མོའི་རྟགས་བཀག་པས་ལྷག་མ་ཕོ་དང་མ་ནིང་དུ་ཤེས་པར་བྱའོ། །ཞེས་སོ། །ཕོའི་རྟགས་ནི། གྷ་ཊ།.....བུམ་པ། མ་ཋ། ཀ་ཊ།.....རེ་ལྡེ། བཱ་ཊ།.....དར། གྲཱ་མ།.....གྲོང༌། སཾ་གྲཱ་མ།.....ཡང་དག་གྲོང༌། ཀཱ་མ།.....འདོད་པ། པྲ་ཧ་ར།.....འཕྲོག །ཀ་ར་ས་མཱི་ར།.....བྱེད་པ། སརྒྒ།.....ལེའུ།.....སརྒ། ཨ་པ་བརྒ་རྣམས་དང༌། པ་ཏྲ།.....སྣམ་བུ། པ་ཏྲ་ཧ། ཙ་ཀོ་ར།.....བྱ་ཙ་ཀོ་ར། སྭཱ་ད་དེ་བ་སོགས། བུད་མེད་ཀྱི་རྟགས་ཛཱ་ཡཱ། ཛ་རཱ། ན་དཱི། ལཀྵྨཱི། ཤྲཱི། སྷྲཱཱི། བྷུ་མི། བངྷཱུ། བྷྲཱུ།.....གསལ་བར་བརྗོད་མ། པུ་ནརྦྷཱུ། དྷེ་ནུ། སྭ་སྲྀ། མཱ་ཏྲྀ། ནཽ། ཝཱཀ྄། སྲཀ྄། ཡོ་ཥིཏ྄། ཤ་རད྄། ཀྵུད྄་དང༌། པཱ་མས྄། ཨ་ཡས྄། ཀ་ཀུ་བྷ྄། ཀཱི་རཱ། དྷུར྄། དིཤ྄། པྲཱ་བྷྲིཥ྄། སུ་མ་ནས྄། ཨུཥྞཱིཧ྄་རྣམས་དང༌། མ་ནིང་གི་རྟགས་ཝ་ན་དང༌། ཝ་རི་དང༌། ཨསྠི། བསྟུ། བི་པད྄། སཱ་མན྄། ཨ་ཧན྄། ཀརྨ་ན྄། སརྦི་ཥ྄། ཝ་པུཥ྄་རྣམས་དང༌། ཕོ་ལ་དབྱངས་རྀ་དང་ལྀ་གཉིས་དང་ཨེ་མཐའ་མེད་ཅིང་གཞན་གྱི་མཐའ་ཡོད་ལ། གསལ་བྱེད་མཐའ་ལ་ཀུ་ཊུ་པུ་རྣམས་དང༌། ཚ་དང་ཛྙ་དང་ཉ་དང་མཐར་གནས་ཀྱི་མཐའ་མེད་ཅིང་གཞན་རྣམས་ཡོད། མོ་ལ་ཨ་དང་རཱྀ་ལྀའི་མཐའ་མ་གྲགས་ཤིང༌། ཀུ་དང་ཚ་དང་ཛྙ་ཉ་ཊུ་དང་ཐ་ཕ་བ་མ་ཡ་ལའི་མཐའ་མི་སྲིད་ཅིང་གཞན་རྣམས་ཡོད། མ་ནིང་ལ་དབྱངས་རིང་པོ་མེད་ཅིང་རྀ་ལྀ་མ་བཤད། གསལ་བྱེད་ཀུ་ཊུ་ཙ་ཚ་ཛྙ་ཉ་དང་ཐ་ད་དྷ་དང་པུ་ལ་ཡ་བ་དང༌། ཤ་ཥ་མ་བཤད་ཧ་ཀྵའི་མཐའི་ཡང་མེད་པར་བཤད་ལ། རྟགས་གསུམ་ཅན་ལ་རཱྀ་རྀང་དང་ལྀ་མཐའ་མ་གྲགས་གཞན་དུ་བཤད། གསལ་བྱེད་ཡ་མཐའ་མ་གྲུབ། གཞན་ཧ་དང་ཀྵའི་མཐའི་བར་ཀུན་འཇམ་དཔལ་གྲགས་པས་ཡོད་པར་བཤད་པས་མིང་གཞིའི་ཁྱད་པར་ངེས་པར་བྱས་ལ་འཇུག་པར་བྱའོ། །དེས་ན་བྲྀཀྵཿ ཀུཎ྄་ཊཾ། ཀུམ་རཱྀ་སོགས། བྱིངས་དང་རྣམ་དབྱེ་སྤངས་པ་སྟེ་བྲལ་བ་མིན་ན། ཊུ་ཀྲྀ་ཉ྄་ལྟ་བུ་བྱིངས་ཡིན་པས། མིང་ཚིག་གང་ཡང་མིན་ལ། རྐྱེན་བྱིན་པས། ཀཱ་ར་ཀ་ལྟ་བུ་མིང་དུ་གྲུབ། རྣམ་དབྱེ་དང་མ་བྲལ་ན། ཀཱ་ར་ཀཱཿལྟ་བུ་ཚིག་ཡིན་ལ་མིང་ངམ་རྟགས་མིན། དོན་དང་ལྡན་པ་སྨོས་པས། བྲྀཀྵ། ཞེས་པའི། བུ་རྀ་ཀྲ་ཥ་རྣམས་ཀྱི་རེ་རེ་ལ་རྟགས་ཞེས་པར་མི་འགྱུར་བ་ལྟ་བུའོ། །
༈ གཉིས་པ་རྐྱེན་བཤད་པ་ལ། རྣམ་དབྱེ་དངོས་བཟུང་བ་དང༌། རྣམ་དབྱེའི་བྱ་བ་བཤད་པ་དང༌། ཉེར་མཁོའི་བརྡའ་བཤད་པ་གསུམ། དང་པོ་ནི། ཏསྨཱ་ཏྤ་རཱ་བི་བྷ་ཀྵ་ཡ། དེ་ལས་ཕ་རོལ་རྣམས་རྣམ་དབྱེའོ། །ཞེས་པ་རྟགས་དེ་ལས་ཕ་རོལ་ཏུ་སྟེར་རྒྱུའི་རྐྱེན་སི་སོགས་ཉེར་གཅིག་རྣམས་ལ་རྣམ་དབྱེ་ཞེས་བྱའོ། །
༈ གཉིས་པ་རྣམ་དབྱེའི་བྱ་བ་སྟོན་པ་ནི། སི་ཨཽ་ཛས྄་པྲ་ཐ྄་མཱ། སི་ཨཽ་ཛས྄་དང་པོའོ། །ཞེས་པ་རྣམ་དབྱེ་ལ་གནས་བདུན་ལས་སི་ཨཽ་ཛས྄་དང་པོ་ངོ་བོ་བརྗོད་པའི་རྐྱེན་ཏེ། གནས་རེ་རེ་ལའང་གསུམ་གསུམ་འབྱུང་བ་ནི་གཅིག་ཚིག་གཉིས་ཚིག་མང་ཚིག་གོ །
༈ ཨམ྄་ཨཽ་ཤྭས྄་དྭི་ཏཱི་ཡཱ། ཨམ྄་ཨཽ་ཤས྄་གཉིས་པའོ། །ཞེས་པ་ཨམ྄་ཨཽ་ཤས྄་གཉིས་པ་ལས་སུ་བྱ་བའི་རྣམ་དབྱེའོ། །
༈ ཊཱ་བྷྱཱ་མ་བྷིས྄་ཏྲི་ཏཱི་ཡཱ། ཊཱ་བྷྱཱམ྄་བྷིས྄་གསུམ་པ་བྱེད་པའོ། །
༈ དེ་བྷྱམ྄་བྷྱས྄་ཙ་ཏུསྠི། དེ་བྷྱམ྄་བྷས྄་བཞི་པ་ཆེད་དུ་བྱ་བའོ། །
༈ ང་སི་བྷྱཱམ྄་བྷྱས྄་པཉྩ་མཱི། ང་སི་བྷྱཱམ྄་བྷྱས྄་ལྔ་པ་འབྱུང་ཁུངས་སོ། །
༈ འདས྄་ཨོས྄་ཨཱམ྄་ཥཥྛི། འདས་ཨོས྄་ཨཱམ྄་དྲུག་པ་འབྲེལ་བའོ། །
༈ ངི་ཨོས྄་སུབ྄་ས་པྟ་མཱི། ངི་ཨོས་སུབ྄་བདུན་པ་གནས་བཞིའོ། །
༈ གསུམ་པ་ནི། པཉྩཱ་དཽ་གྷུཊ྄། དང་པོ་ལྔ་གྷུཊ྄འི་མིང་ཅན་ནོ། །སི་ཨཽ་ཛས྄་ཨམ྄་ཨཽ་ལྔ་ནི་འདིར་གྷུཊ྄འི་མིང་ཅན་ནོ། །ཛསྴ་སཽ་ན་པུནྶ་ཀེ། མ་ནིང་ལ་ཛས྄་ཤས྄་དག་གོ །ཞེས་པ་མ་ནིང་གི་ཛས྄་ཤས྄་དག་ཁོ་ན་གྷུཊ྄འི་མིང་ཅན་ནོ། །
༈ ཨཱ་མནྚ྄ི་ཏེ་སིཿ སམྦུ་དྡྷིཿ བོད་པ་ལ་སི་སམྦུ་དྡྷིའོ། །ཞེས་པ་བོད་པའི་་དོན་ལ་རྣམ་དབྱེ་དང་པོའི་ཚིག་གསུམ་གྱི་སི་བྱིན་པ་ན་སིའི་མིང་ལ་སམྦུ་དྡྷི་ཞེས་བྱའོ། །
༈ ཨཱ་ག་མ་ཨུ་ད་ནུ་བནྡྷཿ སྭ་རཱ་དནྟཱཏྤ་རཿ ཨཱ་ག་མ་ཨུཏ྄་རྗེས་སུ་འབྲེལ་བ་དབྱངས་མཐའ་ལས་ཕ་རོལ་ཏུའོ། །ཞེས་པ་ཨུ་ཡིག་རྗེས་སུ་འབྲེལ་བའི་ཨཱ་ག་མ་རྟགས་ཀྱི་དབྱངས་ཀྱི་མཐའ་ལས་ཕ་རོལ་ཏུ་སྟེར་གྱི་རང་བཞིན་ནམ་རྟགས་དང་རྐྱེན་གྱི་བར་དུ་སྟེར་བའི་ངེས་པ་མེད་དེ། རྣམ་དབྱེ་གཉིས་ལ་བརྟེན་ནས་བྱུང་བའི་ནུ་ཨཱ་ག་མ་རྟགས་ཀྱི་ཆར་གཏོགས་པ་གསལ་བྱེད་མཐའ་ཅན་གྱི་རྟགས་ཀྱི་གསལ་བྱེད་ཐ་མ་དང་དབྱངས་ཀྱི་བར་དུ་སྦྱིན་ཏེ་ཨ་ན་ཊྭཱ།.....གླང་ཐུག། །ནུཧ྄་སི་ལྟུ་ལ་ཨ་ན་ཊྭཱན྄་ལྟ་བུ་དང༌། རྣམ་དབྱེ་གསུམ་པ་སོགས་ལ་ནི་ཨུཏ྄་རྗེས་སུ་འབྲེལ་བའི་ཨཱ་ག་མ་སྟེར་ན། ཕྱི་མ་སྟེ། རྣམ་དབྱེའི་དང་པོར་དང་རྟགས་ཀྱི་ཕ་རོལ་ཏུ་སྟེར་གྱི་རྟགས་ཀྱི་དབྱངས་མཐའ་གསལ་བྱེད་ཀྱི་གོང་དུ་སྟེར་བ་མིན། དཔེར་ན། སརྦ་ལ་ཨཱཾ་བྱིན། འདི་ཉིད་དུ། ཐམས་ཅད་དུ་ཨཱཾ་ལས་སུའོ། །ཞེས་པས་སུ་ཨཱ་ག་མ་རྟགས་དང་རྣམ་དབྱེའི་བར་དུ་སྦྱིན། སུའི་ཨུ་བརྗོད་དོན། སརྦས྄་ཨཱཾ་ཞེས་པར། དྷུཊ྄་མང་པོ་ཉིད་ལ་ཨེ་བྱས། སརྦས྄་ཨཱམ་ཞེས་པར། མིང་ལེ་བཞི་པར་ནཱ་མི་དང་ཀ་དང་ར་ཕ་རོལ་ཞེས་པས། སའི་ཥ་བྱས། མཚམས་སྦྱར་བས། སརྦེ་ཥཱམ྄། སྒྲ་བསྒྲུབ་ན། ཨ་ན་ཡང་ངོས། ཨ་ན་བཞག །ཨ་སུན྄་རྐྱེན། ཨུན྄་བརྗོད་དོན། སི་འཇིག །ཨ་ནས྄། ཞེས་པར། ཝ་ཧ་ཐོབ་པ་ལའོས། ཝ་ཧ་བཞག །ཨ་ནས྄་ཀྱི་ཊའང་ངོ༌། །ཞེས་པས་ཨ་ནས྄་ཀྱི་སའང་ཊ་བྱས། བིཎ་རྐྱེན། ཎ྄་རྗེས་འབྲེལ། ཨི་བརྗོད་དོན། སྦྱར་བ་མིན་པའི་དབྱིའོས། པའང་དབྱི། ཨ་ནཊ྄་ཝཧ྄། སི་ཞེས་པར། སི་ལ་ནུ་འོས། ནུ་ཨཱ་ག་མ་བྱིན། ཨུ་ནི་ཨཱ་ག་མའི་རྟགས་དོན། ཨཱ་ག་མ་ཨུཏ྄། ཞེས་པས། རྟགས་ཀྱི་དབྱངས་མཐར་ནུ་ཨཱ་ག་མ་བྱིན་གསལ་བྱེད་ལས་སི་དབྱི། མཚམས་སྦྱར་བས། ཨ་ན་ཊྭཱནྷ་ཞེས་པར། བརྩེགས་པའི་མཐའ་དབྱི་འོས། ཧ་ཕྱིས། ཨ་ན་ཊྭཱན྄།.....གླང་ཁྱུ་བ། བཱ་ད་མཱིན྄།.....རྐང་ལྡན། པ་ཡཱཾ་སི།.....ཆུ་རྣམས་སམ་འོ་མ། མ་ན་དག་གི་དྷུཊ྄་ལ་རྗེས་སུ་ང་རོ་བྱས་སོ། །
༈ ཏྲྀ་ཏཱི་ཡཱ་དཽ་བ་རཱ་དིཿ གསུམ་པ་སོགས་ལ་ནི་ཕ་རོལ་གྱི་དང་པོར་རོ། །ཞེས་པ་ཨཱ་ག་མ་དེ་ཉིད་རྣམ་དབྱེ་གསུམ་པ་སོགས་ལ་བརྟེན་པ་ནི། ཕ་རོལ་རྣམ་དབྱེའི་དང་པོར་འགྱུར་ཞིང་རྣམ་དབྱེའི་ཆ་ཤས་སུ་འགྱུར་ཏེ། ལུང་ལས། དེའི་ནང་དུ་ལྟུང་བ་ནི་དེའི་དབུས་སུ་བཟུང་བར་བྱའོ། །ཞེས་སོ། །དེས་ན་སྔ་མས་རྟགས་ཀྱི་ཆ་ཤས་ཐོབ་ལ་གསུམ་པ་སོགས་ལས་རྐྱེན་གྱི་ཆ་ཤས་སུ་ངེས་པར་བྱའོ། །ཨ་མ་འགྲོ་བ་ལའོས། ཨ་མ་བཞག །སཾ་སྔོན་དུ་མྲྀ་གྲི་ཝཱ་ཧ་པི་ཨ་མི་ད་མཱུ་པཱུ་རྣམས་ལས་ཏའོ་ཞེས་པས། ཨ་མི་ལས་ཏ་རྐྱེན། སཾ་ཨམ྄་ཏ། ཞེས་པར། སྡེ་པ་སྡེ་པའི་མཐའོས། མའི་ན་བྱས། སཾ་ཨནྟ།.....མཐའ་ཀུན་ལས། ན་མཿསམནྟ་བུདྡྷཱ་ནཱཾ།.....སངས་རྒྱས་ལ་ཀུན་ཏུ་ཕྱག་འཚལ་ལོ། །ན་མཿ ས་མནྟ་དྷཱརྨཱ་ཎཱཾ། ན་མཿས་མནྟ་སཾ་གྷཱ་ནཱཾ། བུདྡྷཱ། དྷཱརྨཱ། སཾ་གྷཱ་གསུམ་ལ། བྱེད་པ་པོ་དང་ལས་ལ་ཀྲྀཏ྄་ལ་རྟག་ཏུ་འོས། ལས་ལ་དྲུག་པའི་ཨམ་བྱིན། བུདྡྷ། ཨཱམ྄། དྷཱརྨ། ཨཱཾ། སཾ་གྷཱ། ཨཱཾ། ཞེས་པར། ཨཱམ྄་ལའང་ནུའོས། ནུ་ཨཱ་ག་མ་བྱིན། ཨུ་རྟགས་དོན་ཕྱིས། མཚམས་སྦྱར་བས། ནཱཾ་ཞེས་པར་ནུ་དང་བཅས་པའི་ཨཱམ྄་ལ་རིང་པོ་འོས། རྟགས་མཐའ་རིང་པོ་བྱས། བུདྡྷཱ་ནཱཾ།.....སངས་རྒྱས་རྣམས་ལ། དྷཱརྨཱ་ཎཱཾ།.....ཆོས་རྣམས་ལ། སཾ་གྷཱ་ནཱཾ།.....དགེ་འདུན་རྣམས་ལ། འདིར་ལས་ལ་དྲུག་པ་བྱིན་པས་སངས་རྒྱས་རྣམས་ཀྱི་སོགས་མི་ཐོབ་ཅིང་ཀྲྀཏ྄་ཅེས་པའང་བྱེད་པ་ཡིན་པས། བྱེད་པ་པོ་དང་ལས་སུ་བྱ་བ་དང་བྱེད་པ་གསུམ་སོ་སོར་ཤེས་ཀྱང་དབུ་ཚད་མི་ཤེས་པས་རགས་པ་ལས་ཞིབ་མོ་ཤེས་དཀའ་བར་སྣང་བས་སྒྲ་ཚད་སེང་གེ་འཇིང་བསྣོལ་འདི་འདྲ་ལ་དགོས་སོ། །
༈ ཨིཏ྄་ཨུཏ྄་ཨགྣིཿཨིཏ྄་ཨུཏ྄་ཨགྣིའོ། །ཞེས་ཙནྟྲ་པར། དེ་ཡི་དེའི་དུས་ཀྱིའོ་ཞེས་པས། ཨི་དང་ཨུ་ཐུང་ངུ་ཅན་གྱི་རྟགས་རྣམས་ཨགྣིའི་མིང་ཅན་ནོ། །དགོས་པ་ཨགྣི་ལས་ཨམ྄་གྱི་ཨ་ཡིག་གོ་ཞེས་པ་ལ་སོགས་རྣམས་སུ་ཤེས་པར་བྱའོ། །ཝཧ྄་ཐོབ་པ་ལའོ་ཞེས་པས། ཝཧ྄་བཞག །ཝ་ཧི་ལས་ནི་འོས། རྐྱེན། ནི་བྱིན། ཝཧྣི། རྣམ་དབྱེ་ཨམ྄་བྱིན། ཨགྣི་ལས་ཨམ྄་གྱི་ཨ་ཡིག་གོས། ཨམ྄་གྱི་ཨ་དབྱི། ཝཧྣིམ྄། གྲུབ། ཡཱ་ཐོབ་པ་ལ་འོས་བྱིངས། ཡཱ་བཞག །མི་ཏྲ་སྔོན། མི་ཏྲ་ཡཱ། ཞེས་པར། ཤཾ་ཀུ་ལ་སོགས་པ་རྣམས་སོས། ཀུ་རྐྱེན། ཀ་རྗེས་འབྲེལ། བྱིངས་ཐམས་ཅད་པ་མིན་པ་ལ་ཨཱ་དབྱི། རྣམ་དབྱེ་ཨམ྄་བྱིན། ཨགྣི་ལས་ཞེས་པས། ཨམ྄་གྱི་ཨ་དབྱི། མི་ཏྲ་ཡུམ྄། གྲུབ།
༈ ཨཱི་དཱུ་ཏ྄སྟྱཱ་ཁྱཽ་ན་དཱི། ཨཱིཏ྄་ཨཱུཏ྄། བུད་མེད་བརྗོད་པ་དག་ན་དཱིའོ། །ཞེས་པ། ལཀྵྨཱི་ལྟ་བུ་ཨཱིཏ྄་མཐའ་ཅན་དང༌། པུ་ནརྦྷཱུ་ལྟ་བུ་ཨཱུཏ྄་མཐའ་ཅན་གྱི་རྟགས་དག་ནི་ན་དཱིའི་མིང་ཅན་དུ་འགྱུར། དགོས་པ་ན་དཱི་ཨཻ་ཨཱཔ྄་ཨཱས྄་ཨམ྄འོ་ཞེས་སོགས་རྣམས་སུའོ། །བྲྀཉ྄་སྒྲིབ་པ་ལ་འོས། བྲྀ་ཉ྄་བཞག །ཉ྄་རྗེས་འབྲེལ། བཛྲ་སྔོན། བཛྲ་བྲྀ། ཞེས་པར། དངོས་པོ་ལའོས། གྷཉ྄་རྐྱེན། རྗེས་འབྲེལ་དབྱི། ཨིན྄་ཨིཙ྄་ཨཊ྄་རྣམས་ལ་ཨ་ཡི་ཨུ་པ་དྷཱ་རིང་པོ་སྟེ། ནཱ་མི་རྣམས་ཀྱིའང་འཕེལ་བའོས། རཱྀ་ཨཱར྄། བཛྲ་བཱར྄། ཨཱཔ྄་རྐྱེན། བཛྲ་བ་རཱ། སི་ཤྲངྡྷཱ་ལས་སི་དབྱི་འོས། སི་ཕྱིས། ཨ་ཧི་འགྲོ་བ་ལའོས། ཨཧ྄་བཞག །ན་ཨཱ་ག་མ་བྱིན། ཨནྷ། ཞེས་པར། ཨཾ་ཧི་ཀཾ་སི་དག་གི་ན་དབྱི་བ་ཡང་ངོ༌། །ཞེས་པར། ཀི་རྐྱེན། ཨ་ནུ་ཥངྒའང་དབྱི། ཨ་ཧི། ནཱ་ད་སོགས་ཨཉྩ། ཧ། ཨུ་ཨི་ཞེས་པས། ཨཱིའོ་མཚུངས་པ་འདྲ་བའི་རིང་པོ་དང་ཕ་རོལ་འང་དབྱི། དེ་བྱིན། ན་དཱི་ལས། ཞེས་པས། ཨེ། ན་མཿསྔོན། ན་མོ་བཛྲ་བཱ་རཱ་ཧྱཻ།.....རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། གྲུབ། ཛ་མུ་ཟ་བ་ལའོས། ཛམ྄་བཞག །ཛམྦཱུ་ལ་སོགས་པ་རྣམས་སོས་ཨཱུ་རྐྱེན། ཛམ྄། ཨཱུ་གནས་པར་ཛ་མི་ལས་བུཀ྄འོ། །ཞེས་པས། བུཀ྄་ཨཱ་ག་མ་སྟེར། ཀ་ནི། ཙནྟྲ་པར། ཌ་ཀིཏ྄་དག་དང་པོ་དང་ཐ་མ་དག་གོ་ཞེས་པའི་གནས་ཀྱི་རྟགས་དོན། ཨུ་ཨཱ་ག་མའི་རྟགས་དོན་བརྗོད་དོནའང་ཡིན། ཛམྦཱུ། དེ་བྱིན། ན་དཱི་ལས་ཨཻ་བྱས། ཛམྦཱུ། ཨཻ་གནས་པར། ཨུ་ཝའོས། བུའི་ཨུ་བ་བྱས། ཛམྦཻབ། གྲུབ། ཨཱིཏ྄་ཨཱུཏ྄་མིན་ན། མཱ་ཏྲ། ངེ་། མཱ་ཏྲེ་ལྟ་བུ། བུད་མེད་ལ་བརྗོད་པ་སྨོས་པ་ནི་རྟག་ཏུ་བུད་མེད་ཀྱི་ཡུལ་ཡིན་པ་གཅིག་ན་དཱིའི་མིང་ཅན་གྱི་དོན་ཏེ། སརྦ་ལྟ་བུའི་རྟགས་གསུམ་པ་སོགས་ན་དཱི་ཡིན་པ་འགོག་གོ །དེ་འདྲ་མིན་ན་ནཱ་དཱིའི་ཆོ་ག་མི་འཇུག་སྟེ། གྲ་སུ་ཟ་བ་ལའོས། གྲས྄་བཞག །གྲས྄འི་ཨཱང྄་ཡང་ངོ༌། །ཞེས་པས། མ་རྐྱེན། གྲས྄། མ་གནས་པར། སའི་ཨཱའོས། ས་ཨཱ་བྱས། ཨཱ་ཡིག་ལ་བྱིངས་ཀྱི་ཨ་དབྱི། གྲཱ་མ། སི། རྣམ་བཅད། གྲཱ་མཿ ཎིཉ྄། ཐོབ་པ་ལའོས། ཎིཉ྄་བཞག། རྗེས་འབྲེལ་ཕྱིས། ཎཱིའི་ནཱི། ཀིཔ྄་རྐྱེན། དེ་ཡི་བསྡུ་བས་རྣམ་བཅད་དབྱི། ར་ཥ་རྀའི་ཞེས་པས། ནིའི་ཎཱི། གྲ་མ་ཎཱི། ངེ། ང་རྗེས་འབྲེལ། གྲ་མ་ཎཱི། ཨཱཻ། ཨི། ཡ་བྱས། གྲ་མ་ཎྱཻ།.....གྲོང་གི་འདྲེན་པ་སྟེ་གྲོང་གི་གཙོ་བོའོ། གྲུབ། ཚིག་གྲོགས་ལས་བུད་མེད་ལ་འཇུག་པ་མ་གཏོགས་སྐྱེས་པའི་རྟགས་ཁོ་ན་ཡིན་པའི་ཕྱིར། སི་སོགས་བྱ་བ་ལས། གྲཱ་མ་ཎྱཱིའི་སྒྲ་འབའ་ཞིག་པ་ལས་བུད་མེད་ཉིད་ཤིན་ཏུ་མ་གྲགས་ཏེ། སྐྱེས་པ་ཁོ་ན་ལ་འཇུག་པ་ཡིན་པའི་ཕྱིར་རོ། །བུད་མེད་ལ་འཇུག་པ་ནི་སྒྲ་གཞན་གྱི་བྱ་བའམ། ཡང་ན་གྲཱ་མ་ཎཱིའི་དོན་སྐྱེས་པ་བུད་མེད་ལ་སྒྲོ་བཏགས་པ་སྟེ། ཞེས་དང༌། བུད་མེད་ལའང་འདི་སྐྱེས་པ་དང་འདྲ་བར་དྲང་བར་བྱའོ། །དེས་ན་གྲཱ་མ་ནྱཻ་སྟྲི་ཡི་གེ་ལྟ་བུའོ། །ཡུ་སྤེལ་བ་ལའོས། ཡུ་བཞག །དབྱངས་དང་བྲྀ་ཏྲི། ཞེས་པས། ཨལ྄་རྐྱེན། ཡོན་ཏན་བྱས། ཡོ། ཨལ྄་གནས་པར། ཨོ་ཨ་བ་བྱས། ཡ་བ།.....ནས། གྲུབ། ལཱུཉ྄་གཅོད་པ་ལའོས། ལཱུཉ྄་བཞག །ཀྭིཔ྄། ཀ྄་སོགས་དབྱི། ལཱུ། ངེ་གནས་པར་ངང་ལྡན་རྣམས་ཞེས་པའི་རྟགས་དོན། ལཱུ། ཨེ། ཞེས་པར། ཨུ་བའོས། བ་བྱས། མཚམས་སྦྱར་བས། ཡ་བ་ལྭེ་སྟྲྀ་ཡཻ།.....ནས་གཅོད་པའི་བུད་མེད་ལ། གྲུབ། སྟྲཱྀཉ྄་འགེབ་པ་ལའོས། སྟྲྀ་བཞག །སྟྲྀ་ནོ་ཏི་ལས། ཌ྄ཊ྄འོ་ཞེས་པས། ཌ྄ཊ྄་རྐྱེན། ཌ་ནི་ཌ་རྗེས་སུ་འབྲེལ་བས་མཐའི་དབྱངས་སོགས་ཕྱིས་པའི་རྟགས་དོན་འདིས་རཱྀ་དབྱི། ཊ་ནི་ཥ་ཊ་རྗེས་སུ་འབྲེལ་བ་ལས་ནི། ཨཱིའོས་པའི་རྟགས་དོན། འདིས་ཨཱི་རྐྱཻན། བུད་མེད་དུ་བྱས་པའི་ཨཱི་ཡིག་ལ་ཨ་དབྱིའོ། །ཞེས་པས། རའི་ཨ་དབྱིའོ། །སྟྲཱི།.....མོའམ་བུད་མེད། དེ་བྱིན། སྟྲཱི་ན་དཱི་འདྲའོ་ཞེས་པས། ངེ་ཨཻ་བྱས། སྟྲཱིའང་ངོ་ཞེས་པས་ཨཱི་ཉིད་ཨི་ཡ྄་རུ་བསྒྱུར་ཏེ། སྦྱར་བས། སྟྲི་ཡཻ།.....བུད་མེད་ལ། གྲུབ་བོ། །བྷ་ཛ་དང་ཤྲི་ཉ་བསྟེན་པ་ལ་འོས། ཤྲི་ཉ་བཞག །ཝ་ཙི་པྲཙྪི་ཤྲི་ཞེས། ཀྭིཔ྄་སྟེ། རིང་པོ་ཡང་ངོ༌། །སཾ་བུདྡྷིའི་སི། ཧེ་སྔོན། ཧེ་ཤྲཱིཿ བྷྲ་མུ་གཡོ་བ་ལ་འོས། བྷྲ་མུ་བཞག།།ཨུ་བརྗོད་དོན། བྷྲ་མི་ལས་ཊཱུ་འོས། ཊཱུ་རྐྱེན། བྷྲམ྄། ཊཱུ། ཞེས་པར། ཊ་ནི། ཊ་རྗེས་སུ་འབྲེལ་བ་ལ་མཐའི་དབྱངས་ལ་སོགས་དབྱིའོས། མ྄་ཡིག་ཕྱིས། ཊ་ཡང་ཕྱིས། བྷྲཱུ་བོད་སི། བྱིན། སཾ་བུདྡྷི་ལ་ལ་ཐུང་ངུ་དབྱི་བ་དག་མི་འགྱུར། ཀྱེ་སྨིན་མ།.....ཧེ་བྷྲུཿཐུང་ངུ་ན་དཱི་ཤྲད་དྷཱ་རྣམས་ལས་སི་དབྱིའོ། །ཞེས་པས། སྟྲིའི་སྒྲའི་ཐུང་ངུ༌། ཀྱེ་བུད་མེད།.....ཧེ་སྟི་དང་སིའང་དབྱི་བར་འགྱུར།
༈ ཨཱ་ཤྲདྡྷཱ། ཨཱ་ཤྲ་དྡྷཱའོ། །ཨཱ་ཡིག་གི་མཐའ་ཅན་བི་ཛཱ་ཡཱ་ལྟ་བུ་བུད་མེད་བརྗོད་པ་ནི་ཤྲད྄་དྷའི་མིང་ཅན་དུ་འགྱུར་ཞིང༌། དགོས་པ་ནི། ཤྲད྄་དྷ་ལས་སི་དབྱིའོ་ལ་སོགས་པར་དྲན་པར་བྱ་བའི་ཆེད་དོ། །ཎཱ་སྲྀ་དང་རཱ་སྲྀ་སྒྲ་ལའོ། །ཞེས་པས། བྱིངས། ཎཱསྲྀ་བཞག །བྱིངས་ཀྱྀ་ཎའི་ནའོ། །རྀ་རྗེས་འབྲེལ། མ་ཧཱ། ཨཙ྄་རྐྱེན། མོ་རྟགས་ཨཱཔ྄འོ། །མཧཱ་ནཱ་སཱ། ཨ་མ་དང་དྲམ་དང༌། ཧརྨྨ་དང༌། མཱིམྲྀ་དང་ཧ་ཡ་འགྲོ་བ་ལའོས། དྲ་མ་བཞག །ཨུ་ཎ་ལས་ཨཱང྄་པ་རང་དག་ལ་ཁ་ནི་ཤྲི་དག་ལས་ཊུའོས། ཊུ་རྐྱེན། ཊ་ནི། ཊ་རྗེས་སུ་འབྲེལ་བ་ལ་མཐའི་དབྱངས་ལ་སོགས་པ་དབྱིའོས། དྲ་མ྄འི་ཨ་དང་མ྄་དབྱི། དྷྲུ་དྲུ་དག་ལ་མའོ་ཞེས་པའི་ཙནྟྲ་པའི་དེ་ཕན་གྱི་མ་རྐྱེན་དུ་སྟེར། དྲུ་མ། ཤིང་། གྲུབ། ཚོ་གཅོད་པ་ལའོས། ཚོ་བཞག །མཱ་ཚ་པ་སི་རྣམས་ལས་ཡའོ། །ཞེས་པས། ཡ་རྐྱེན། མཚམས་སྦྱོར་གྱི་ཡི་གེའི་མཐའ་བི་ཀ་ར་ཎ་མ་ཡིན་པ་ལ་ཨཱ་ཡིག་གོ་ཞེས་པས། ཚོ་ལ་ཨཱཔ྄་བྱིན། དྲུ་མ་ཚཱ་ཡ་ཞེས་པར་དབྱངས་ཕ་རོལ་གྱི་ཚ་ཡིག་གཉིས་སུ་འགྱུར། དྲུ་མ། ཚ྄་ཚཱ་ཡ། ཞེས་པར། སྒྲ་མེད་པ་རྣམས་ལ་ཤིཊ྄་མ་ཡིན་པ་རྣམས་ཀྱི་དང་པོའོ། །ཞེས་པས་ཚ་དང་པོ་ཙ་བྱས། དྲུ་མ་ཙྪཱ་ཡ།.....ཤིང་གྲིབ་མ། གྲུབ། ཨཱ་སྨོས་པས་དེ་མིན་ན་ཤྲདྡྷཱའི་ཆོ་ག་མི་བྱེད་དེ། མན་ཤེས་པ་ལའོས། མན྄་བཞག །བུད་མེད་ལ། ཀྟི། ཀ་རྗེས་འབྲེལ། ཨ་ནུ་ཥངྒ་ཕྱིས། སི་རྣམ་བཅད། མ་ཏིཿ ཤྲདྡྷཱ་ལ་དབྱི་བ་མ་བྱས་སོ། །བུད་མེད་བརྗོད་པ་སྨོས་པས་བུད་མེད་བརྗོད་པ་མིན་ན་ཤྲདྡྷཱའི་ཆོ་ག་མི་བྱེད། ཀཱི་ལ་བཅིང་བ་ལའོས། ཀཱི་ལ྄་བཞག །པ་ཏི། ཙཎྚི། དག་ལས་ཨ་ལཉ྄འོ། །ཞེས་པས། ཨཱ་ལཉ྄་རྐྱེན། ཉ྄་འཕེལ་བའི་དོན་དབྱི། ཀཱི་ལཱ་ལ། ཆུ། གྲུབ། པཱ་བཏུང་བ་ལའོས། པཱ་བཞག །ཨཏ྄་ལས་མ་ནིན྄་ཀྭ་ནིས྄་བིཙ྄་རྣམས་ཀྱང་ངོ༌། །ཞེས་པས། བིཙ྄་རྐྱེན། ཙ྄་དབྱངས་དོན་དབྱི། ཨི་བརྗོད་དོན་དབྱི། སྦྱར་བ་མིན་པའི་དབྱི་འོས། བ་ཡང་དབྱི་སྟེ། སི་སོགས་བྱ་བ་ལས་ཀོ་ནིས་ཞེས྄་པ་ལ་སོགས་བིཙ྄འོ། །དེའི་ཐམས་ཅད་མ་ལུས་པར་དབྱིའོ། །ཞེས་སོ། བཱ།.....འཐུང།.....སི། ཨི་བརྗོད་དོན། ས་ར་དག་གི་རྣམ་བཅད། ཤྲདྡྷཱ་ལས་སི་འཇིག་ཀྱང་བུད་མེད་མ་བརྗོད་པས་ཤྲདྡྷཱ་ཡིན་པའོ། །ཀཱི་ལཱ་ལ་བཱཿ གྲུབ།
༈ ཨནྟཱ་ཏྦཱུ་རྦྦ་ཨུ་པ་དྷཱ། མཐའ་ལས་སྔ་མ་ཨུ་པ་དྷཱའོ། །ཞེས་པ། དུར྄་སིང་ལས། རྟགས་སམ་ཁམས་ཀྱི་མཐའ་ལས་ཡི་གེ་གང་སྔོན་མའི་ཡི་གེ་དེ་ཨུ་པ་དྷཱའི་མིང་ཅན་ཡིན་ཏེ། ཞེས་གསུངས་པས། འགྲེལ་པ་འགྲེལ་བཤད་ཁ་ཅིག་རྟགས་མཐའ་ཁོ་ནའི་སྔ་མ་ཞེས་པ་འཁྲུལ་ཏེ། བྱིངས་ལའང་ཨུ་པ་དྷཱ་ཡོད་པའི་ཕྱིར། ཕྱིས་ཀྱི་མཁས་པར་གྲགས་པ་དག་ཀྱང་དཔྱད་ན་དྲོད་ཆེ་སའི་དབྱར་ཆུ་ཙམ་མོ། །པ་ཙི་རྒྱས་པར་བརྗོད་པ་ལའོས། པཙ྄་བཞག །ཙུ་ར་སོགས་ལས་ཀྱང་ངོས། ཨིན྄་རྐྱེན། ནུ་ཨཱ་ག་མ་བྱིན་པས། པན་྄ཙ྄། ཞེས་པར། པཱུ་ཥན྄་ལ་སོགས་པ་ཞེས་པས། ཀ་ནི་རྐྱེན། ཀ྄་དང་ཨི་རྗེས་འབྲེལ། པན྄་ཙ་ན྄། གནས་པར། ཨཱམ྄་བྱིན། གྲངས་ལས་ཥ་ནའི་མཐའ་ལས་སོ། །ཞེས་པས། ནུ་བྱིན་པས། བཾ་ཙན྄། ནཱཾ་གནས་པར། ན་མཐའི་ཡང་ཨུ་པ་དྷཱའིའོ། །ཞེས་པས། ཨུ་པ་དྷཱ་རིང་པོ། པཾ་ཙཱན྄་ནཱཾ་ཞེས་པར་རྟགས་མཐའི་ན་དབྱིའོ། །པཾ་ཙཱ་ནཱཾ།.....ལྔ་རྣམས་ཀྱི། ཥཔ་ཚོགས་པ་ལའོས། ཥཔ་བཞག །བྱིངས་ཀྱི་དང་པོའི་ཥའི་སའོས། ཥ་ས་བྱས། པུ་ཥན྄་སོགས་ཀྱིས། ཀ་ནི་རྐྱེན། ཨི་དང་ཀ་དབྱི། ཚིག་ཕྲད་ལས། ཏ་ཨཱ་ག་མ་བྱིན། དྲུག་པའི་ཨཱཾ་བྱིན། ཨཱཾ་ལ་ནུ་བྱིན་པས་སསྟྰ་ནཱཾ།
༈ བྱེཉྫ་ནནྩོཉ྄་ཨ་ནུ་ཥཾ་གཿ གསལ་བྱེད་ལས་ན་ཨ་ནུ་ཥཾ་གའོ། །ཞེས་པ། རྟགས་སམ་ཁམས་ཀྱི་མཐའི་གསལ་བྱེད་སྲོག་མེད་ལས་སྔ་མར་གྱུར་པའི་ན་ཡིག་སྲོག་མེད་ནི་ཨ་ནུ་ཥཾ་གའི་མིང་ཅན་ཡིན་ནོ། །བི་དུ་ཤེས་པ་ལ་འོས། བིད྄་བཞག །བརྟ་མཱནཱ་ལ་དང་པོ་དང་གཞི་གཅིག་མིན་པ་དང༌། བོད་པ་དག་ཤནྟྲྀང྄་ཨཱ་ན་ཤ྄་དག་གོ །ཞེས་པས། ཤནྟྲྀང྄་རྐྱེན། ང་ནི་ད་ལ་ཡོན་ཏན་མ་ཡིན་ནོ་ཞེས་པའི་དོན་ཕྱིས། རྀ་ནི་ཨུཏ྄་དང་རྀ་ཡིག་རྗེས་སུ་འབྲེལ་བ་ལས་ནི་ཨཱིའོ་ཞེས་པའི་ཁྱད་དོན་དབྱི། ཤ་ནི་ཤ་ལ་བྱིངས་ཐམས་ཅད་པ་བཞིན་ནོ་ཞེས་པའི་རྟགས་དོན་དབྱི། འདིས། ཨན྄་བི། བིད྄། ཨན྄་ཨནྟ། ཞེས་པར། ཨད྄་སོགས་ལས་འཇིག་གོས་ཨན྄་བི་དབྱི། བིདེ་ལས་ཤནྟྲིང་གི་བནྶུའོས། ཨནྟ། བནྶུབྱས། ཨུ་བརྗོད་དོན། གཉིས་པའི་ཤས྄། ཤ྄་ནི་མ་ནིང་ལ་ཛས྄་ཤས྄་དག་གི་ཤིའོས། རྟགས་དོན་བིང྄། བནྶ། ཨས྄། ཞེས་པར། གྷུཊ྄་མིན་པའི་དབྱངས་དང་པོ་ལ་ཨིཊ྄་དང་བཅས་པའིའང༌། བན྄་བའི་ཝ་སྒྲའི་ཨུ་ཉིད་དོ། །ཞེས། ཝ་དབྱངས་བཅས། ཨུ་བྱས། བི་དུནྶ། ཞེས་པར། ཨ་ནུ་ཥངྒ་དབྱིའོས། བནྶའི་ཨ་ནུ་ཥཾ་ག་ན་དབྱི། བི་དུས྄། ཨས྄་གནས་པར། ནཱ་མི་དང་ཞེས་པས་རྣམ་འགྱུར་གྱི་སའི་ཥའོ། །རྣམ་དབྱེའི་ས་རྣམ་བཅད། བི་དུ་ཥཿ.....མཁས་པ། ཨརྷ་དང༌། མ་ཧ་མཆོད་པ་ལའོས། ཨརྷ་དང་དང་མ་ཧ་བཞག །ཨརྷ་ལས་བསགས་པ་ལའོས། ཞེས་པ་དང༌། མ་ཧ་ལ་བརྟམཱ་ན་ལ་ཞེས་པས། རྐྱེན། ཤནྟྲིང྄༌། སོ་སོར་བྱིན། ཨརྷ། ཤནྟྲིང྄༌། མ་ཧ། ཤནྟྲིང་ཞེས་པར། ང་ནི་ཡོན་ཏན་མིན་པའི་དོན་དབྱི། རྀ་ནི། ཨུཏ྄་དང་རྀ་སོགས་ཀྱི་དོན་དབྱི། ཤ་ནི་བྱིངས་ཐམས་ཅད་པའི་དོན་དབྱི། འདིས། ཨན྄་བི། ཨརྷནྟ། མ་ཧནྟ། ཞེས་པར། དང་པོ་ལ། རྣམ་དབྱེ་ཊཱ། གཉིས་པར་བཞི་པའི་དེ་བྱིན་པས། ཨརྷནྟ།.....དགྲ་བཅོམ་པའམ་མཆོད་པ། ཊཱ། མ་ཧནྟ། དེ་གནས་པར། གསལ་བྱེད་ལས་ན་ཨ་ནུཥངྒའོ། ཨ་ནུ་ཥངྒ་དབྱི། ཨརྷ་ཏཱ།.....དགྲ་བཅོམ་པའམ་མཆོད་པས། མ་ཧ་ཏེ། ཆེན་པོ་ལ། གྲུབ། ན་ཨ་ནུཥངྒ་མིན་ན་མི་དབྱི་སྟེ། ཨཱུར྄་ཛ་ལས་ཙུ་ར་སོགས་ཉིད་ཀྱི་ཕྱིར། ཨིན྄་བྱིན་སྟོབས་བྱེད་དོ། །ཞེས་པའི། ཀྭིཔ྄་རྐྱེན། ཀ་རི་ཏ་དབྱི། ཙ་སྡེ་དང་ཏྲི་ཤ་སོགས་རྣམས་ཀྱིའང་ངོས། ཛ྄འི་ག྄་བྱས། རྣམ་དབྱེ་བཞི་པ། བྷྱཱམ྄། བྱིན་པས། ཨཱུརྒྦྷྱཾ།.....སྟོབས་དག་ལ། མིང་ལྕི་བའི་བྱེད་པ་ལས་ཨ་ནུ་ཥཾ་གའི་མིང་གི་རྒྱུ་མཚན་ཅན་གྱི་དབྱེ་བ་ནི་ཆེས་སྟོབས་དང་ལྡན་པ་ཉིད་ཀྱི་དོན་ནོ། །གསུངས། དེས་ན། བྷ་ཝད྄་བྷྱཾ། དོན་དང་ལྡན་པ་སོགས་ཀྱི་བརྩེགས་པའི་མཐའ་དབྱི་བ་བཀག་ཨ་ནུ་ཥཾ་ག་དབྱི་གསུངས་ཏེ། གཉིས་ཀ་ཚང་ཡང་སྤྱི་བཏང་ལས་དམིགས་བསལ་སྟོབས་ཆེ་བའི་དོན་ནོ། །
༈ དྷཱུཊྦྱ་ཉྫན་མ་ནནྟ་སྠཱ་ནུ་ནཱ་སི་ཀམ྄། མཐར་གནས་དང་རྗེས་སུ་སྣ་ལྡན་མ་ཡིན་པའི་གསལ་བྱེད་དྷུཊའོ། །ཞེས་པ་མཐར་གནས་ཡ་ར་ལ་ཝ་དང་རྗེས་སུ་སྣ་ལྡན་ང་ཉ་ཎ་ན་མ་རྣམས་མ་གཏོགས་པའི། ཀ་ཁ་ག་གྷ། ཙ་ཚ་ཛ་ཛྙ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། པ་ཕ་བ་བྷ། ཤ་ཥ་ས་ཧ། རྣམས་དྷུཊ྄འི་མིང་ཅན་དུ་འགྱུར་རོ། །དགོས་པ་དྷུཊ་རྣམས་ཀྱི་གསུམ་པའོ་ལ་སོགས་པར་དྲན་པའི་ཆེད་དོ། །ཡུདྷ྄་འཁྲུགས་པ་ལ་འོས། ཞེས་པས། ཡུདྷ྄་བཞག །ནིཥྛའོས། ཀྷ་རྐྱེན། ཀ་དབྱི། ཡུདྷ྄་ཏ། ཞེས་པར། གྷ་ཌྷ་དྷ་བྷ་ཞེས་པས། ཏའི་དྷ྄་བྷུ་ཊ་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པའོས། བྱིངས་ཀྱི་དྷ་ད་བྱས། ཡུད྄་དྷ། ཏྲཱྀ། རྐྱལ་བ་དང་སྒྲོལ་བར་བྱེད་པ་དག་ལའོས། ཏྲཱྀ་བཞག །ཨུ་ཏ྄་སྔོན། བྱིངས་ལས་ཀྱང་དྷུ་ལའོས། ཨིན྄་བྱིན། ཨིན྄་ཨིཙ྄་ཞེས་པས་ནཱ་མི་འཕེལ་བ། རྀ་ཨཱར྄། ཨིཥ་ཤྲནྩི། ཨཱ་སི། པནྡི། བི་དི་ཀ་རི་ཏིའི་མཐའ་རྣམས་ལས་ཡུའོ། །ཞེས་པས། ཀ་རི་ཏའི་མཐའ་ལས། ཡུ་རྐྱེན། ཨི་ཀ་རི་ཏ་དབྱི། ཡུ་བུ། ཞེས་པས། ཡུ་ཨ་ན། ར་ཥ་རྀའི། ཞེས་པས། ན་ཎ་ཡུད྄་དྷོ་ཏ྄་ཏཱ་ར་ཎཱི།.....གཡུལ་ལས་བསྒྲལ་བ། ན་ད་སོགས་ཀྱི་ཨཱི་བྱིན་པའོ། །བོད་པ་ལ་སི་བྱིན། སཾ་བུདྡྷཾ་ལས་ཐུང་ངུ་འོས། ནཱ་དཱིའི་མཐའ་ཐུང་ངུ་བྱས། ཡུདྡྷོཏ་ཏཱ་ར་ཎི།.....གཡུལ་ལས་གྲོལ་བ་ཀྱེ། གྲུབ། བྲཱྀཉ྄་ལ་རྐྱེན། ཨིན྄་བྱིན། ཨིན྄་ཨིཙ྄་ཞེས་པས། ནཱ་མི་འཕེལ། རྀ་ཨཱར། ཡུདྡྷ་དང༌། བི་སྔོན། ཨི་ཥི་སོགས་ཀྱིས། ཡུ་རྐྱེན། ཡུ་ཨ་ན། ནཱ་ད་སོགས་ཀྱི་ཨཱི། བོད་པའི་སི་བྱིན། སི་བུདྡྷི་ལ་ཐུང་ངུ་འོས་ཐུང་ངུ༌། ཨཱི་མཐའ་ལས་སི་དབྱི། ཡུདྡྷ་ནི་ཝཱ་ར་ཎི།.....གཡུལ་ཟློག་མ།
༈ གསུམ་པ་རྣམ་འགྱུར་བཤད་པ་ལ། རྣམ་དབྱེའི་བྱེད་པ་སྤྱིར་བཤད་པ་དང༌། བྱེ་བྲག་སོ་སོར་བཤད་པ་དང༌། དམིགས་གསལ་བཤད་པ་གསུམ་ལས། དང་པོ་ནི། ཨ་ཀཱ་རོ་དཱིརྒྷ་གྷོ་ཥ་པ་ཏི། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ། །ཞེས་པ་ཨ་ཡིག་མཐའ་ཅན་གྱི་རྟགས་སྒྲ་ལྡན་དང་པོ་ཅན་གྱི་རྣམ་དབྱེ་ཕ་རོལ་ལ་རིང་པོར་འགྱུར་རོ། །ཤིཥླྀ་འགྲོ་བ་ལའོས། ཤིཥླྀ་བཞག །པྲ་ཏི་དང་བི་སྔོན། འགྲོ་བའི་དོན་ལས་མེད་པ་ཞེས་པས། ཀྟ་རྐྱེན། ཀ྄་དབྱི། ཥ་དང་ཊ་སྡེ་ལས། ཞེས་པས། ཏ་ཊ་བྱས། པྲ་ཏི་བི་ཤི་ཥྚ། ངེ་ཞེས་པར། ངེ་ཡ་འོས། ཡ་བྱས། སྒྲ་ལྡན་ལ་རིང་པོ། པྲ་ཏི་བི་ཤིཥྚཱ་ཡ། གྲུབ། བུདྡྷ། ངེ་ཞེས་པར་ཨ྄་ཡིག་སྒྲ་ལྡན་ལ་རིང་པོའོས། བུདྡྷཱ་ཡ།.....སངས་རྒྱས། ངེ་ཡའོ་ལྟར་རོ། །ཡུཥྨད྄་ལ་བཞི་པའི་ངེ་བྱིན། ཏེ་མེ་ཏྭཱ་མཱ་ནི་གཉིས་པ་ལའོས། ཡུཥྨད྄། རྣམ་དབྱེ་བཅས་པ། ཏེ་རུ་བསྒྱུར་བ་ན་མཿ སྦྱར་བས། བུདྡྷཱ་ཡ་ཏེ་ན་མཿ.....སངས་རྒྱས་ཁྱོད་ལ་ཕྱག་འཚལ་ལོ། །ན་མོ་དྷརྨཱ་བྷྱཾ།.....ཆོས་དག་ལ་ཕྱག་འཚལ་ལོ། ན་མཿསཾ་གྷཱ་བྷྱཱཾ།.....དགེ་འདུན་དག་ལ་ཕྱག་འཚལ་ལོ། །ཨ་ཡིག་མིན་ན་ཆོ་ག་མི་འཇུག་སྟེ། རུ་པ་དང་ཧྲ་ས་དང་ཧླ་ས་དང་ར་ས་སྒྲ་ལ་འོས། རས྄་བཞག། ས་མནྟ་སྔོན་དུའོ། །ཨཱུརྨཱི་བྷཱུ་མི་རསྨི་རྣམས་སོ། །ཞེས་པས། མི་རྐྱེན། ས་མནྟ་རསྨི་བྷྱཱཾ།.....ཀུན་ལས་འོད་ཟེར་དག་ལ། སྒྲ་ལྡན་མིན་ནའང་རིང་པོར་མི་བྱེད་དེ། མ་ཊི་རྒྱན་ལའོས། མ་ཊ་བཞག །ནུ། ཨུ་དབྱངས་མཐར་སྟེར་བའི་གནས་དོན་རྗེས་འབྲེལ། མན྄་ཊ། ཞེས་པར། ཏ་སྡེའི་ཙ་ཊའི་སྡེ་པར་སྦྱོར་བ་ལ་ཙ་ཊའི་སྡེ་པ་དག་གོས། ན྄་ཎ྄་བྱས་པ་ཙ་སོགས་རྣམས་ལས། ཨཙ་འོས། ཨ་ཙ྄་རྐྱེན། མཚམས་སྦྱར་བས། མཎྜ། གཉིས་པའི་ཨམ྄་བྱིན། ཨ་ཡིག་དབྱིའོས། རྟགས་ཀྱི་ཨ་དབྱི། བོ་དྷིམཎྚཾ།.....བྱང་ཆུབ་སྙིང་པོ་ལ། གྲུབ། པ་ཊི་འགྲོ་བ་ལའོས། པ་ཊི་བཞག །ཨི་རྗེས་འབྲེལ། ནུ་ཨཱ་ག་མ་བྱིན། ཨུ་རྗེས་འབྲེལ། འགྲོ་བའི་དོན་དང༌། ཞེས་པས། ཀྟ་རྐྱེན། པ། ཎ྄། ཊ྄། ཏ྄། ཞེས་པར། བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་དང་པོ་ཡ་ཡིག་དང་པོ་མིན་པའི་དང་པོར་ཨིཊ྄་ཨཱ་ག་མའོ། །ཞེས་པས། ཨིཊ྄་རྐྱེན། ཊ་ཡིག་ནི་ཨིཊ྄་ལས་ཀྱང་ཨིཊ྄་ལའོ། །ཞེས་པས། རྟགས་དོན། པ་ཎ་ཊ་ཨི་ཏ། ཞེས་པར། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར། ཞེས་སྦྱར་བས། ཊ་ཨི་ལ་སྦྱར་བས། ཊི། ཎ་ཊི་ལ་དྲངས་པས་པཎྚི་ཏ། ཉེ་བར་འཇལ་བ་ལ་བ་ཏིའོས། བ་ཏི་བྱིན། ཏིའི་ཨི་བརྗོད་དོན། ཕྱིས། པཎྚི་ཏ་བཏ྄།.....མཁས་པར་ལྡན། སི་གསལ་བྱེད་ལས་འཇིག །དེ་བ་ལ། དེ་འདི་ལ་ཡོད་དོ་ཞེས་པའི། ཝནྟུ་བྱིན། ཨུ་དབྱི། སི་འཇིག་བརྩེགས་པའི་མཐའ་དབྱི། ནཱ་མའི་མཐའ་ཡང་ཨུ་པ་དྷཱ་ཡིའོས། ནའི་ཨུ་པ་དྷཱ་རིང་པོ། དེ་བ་ཝཱན྄། གྲུབ། གཞན་ཡང་བུདྡྷ་ལ་དེ་བྱིན་སྔར་ལྟར། བུདྡྷཱ་ཡ། བུདྡྷ་ལ། བྷྱཾ་བྱིན། འདིས་རིང་པོ་གསུམ་པར། བུདྡྷཱ་བྷྱཱཾ།.....སངས་རྒྱས་དག་གིས། བཞི་པ་བུདྡྷཱ་བྷྱཱཾ།.....སངས་རྒྱས་དག་ལ། ལྔ་པར་བུདྡྷཱ་བྷྱཱཾ།.....སངས་རྒྱས་དག་ལས། ཞེས་གཟུགས་གཅིག་ཀྱང་ཚིག་གྲོགས་ཀྱིས་འབྱེད་དགོས། ཨ་ཡིག་གི་རྟགས་མཐའ་ཅན། གྷ་ཊ།.....བུམ་པ། མ་ཋ། ཀ་ཊ།.....རེ་ལྡེ། བཱ་ཊ།.....དར། གྲཱ་མ།.....གྲོང༌། སཾ་གྲཱ་མ།.....ཡང་དག་གྲོང༌། ཀཱ་མ།.....འདོད་པ། པྲ་ཧ་ར། ཀ་ར། ས་ར་མཱི་ར། སརྒྒ།.....ལེའུ།.....སརྒ། ཨུ་པ་པརྒ།.....ལེའུ་ཆུང༌། པ་ཏྲ།.....སྣམ་བུ། པ་ཏྲ་ཧ།.....རྔ༌། ཙ་ཀོ་ར། སྭཱ་ད། དེ་བ། ཨུ་ད་ཡ། ཨཀྵ་ཡ། བྷུ་ཛ་ག།།.....ལག་འགྲོ། བྷུ་ཛམ྄ག།།ཨཱ་རཱ་མ།.....དགའ་བྱེད། ཀུམྦྷཱི་ར།.....ཆུ་སྲིན། ཀུམྦྷ།.....བུམ་པ། ཤཱར་དུ་ལ། ཀྲ་མ།.....གོམ་པ། སཱི་ཀ་ར། དྲཱུ་མ།.....དུད་པ། སྨྲ་ར།.....དྲན་པ། སུ་ར།.....བཅུད་ཅན། ཨུནྨཱ་ད།.....སྨྱོ་བྱེད། པྲ་མཱ་ད།.....བརྗེད་བྱེད། བྱ་ཡ།.....ཟད་པ། བྱཱ་དྷ། བྲཱཧྨ་ཎ། མཱ་ར།.....གཞུང་པ། ཤང་ཀ་ར། ཤ་ར། ཀྲོ་ཤ།པྲ་ཀྲོ་ཥ། གྲ་ཧ། སིང་ཧ།.....སེང་གེ། བྱཱ་བ།.....སྟག །ཏུ་རཾ་ག་.....མྱུར་མགྱོགས། བྷང་ག།།སུ་བྷཊཱ། ཤྭཱ་ས་.....སྲོག །ཨ་ཤྭ།.....རྟ། དཎྚ།.....ཁྲལ་ལམ་དབྱུག་པ། ཨཱཊྷ་ཀ།།ཏྭོ་ཧ། ཀྲོ་དྷ།.....ཁྲོ་ཆེ། ཀུ་ཋཱ་ར།.....ཤང་པ། ཀཎ྄་ཋ།.....མགྲིན་པ། ཀ་མ་ཋ། གྲཱ་ས། པྲ་བཱ་ས། ཨ་ཤྲཱ་མ། པཎྜི་ཏ། པླ་ལྭ་ག།།ཀཱུ་པ། ཀུ་བེ་ར། ཤླཽ་ཀ། བྷེ་ཀ།།.....ལྟེ་བ། ཤུ་ཀ། སྭཱ་བ་ཀ།།ལ་སོགས་པ་ལ་ཆོ་ག་དེ་བཱ་ག་ལྟར་འཇུག་གོ །
༈ ཛ་སི་ཤ་སི་ས་སྱ་ཙ་ན། ཛས྄་ལའོ། །ཤས྄་ལ་སྟེ་སའི་འང་ནའོ། །ཞེས་པ་རྟགས་མཐའི་ཨ་ཡིག་ཛས྄་ཕ་རོལ་རིང་པོར་འགྱུར་ལ། དེར་མ་ཟད་རྟགས་མཐའི་ཨ་ཡིག་ཤས྄་ཕ་རོལ་ལའང་རིང་པོར་འགྱུར་ཞིང་ཤས྄་ཀྱི་སའི་ན་སྲོག་མེད་དུ་འགྱུར་རོ། །ཨ་ཡིག་མཐའ་ཞེས་པ་གཞན་སརྦའི་མིང་གཞན་མ་ཡིན་པའོའི་གོང་གི་བར་དུ་འཇུག་གོ །ཎཱི་ཉ་ཐོབ་པ་ལའོས། ནཱི་ཉ་བཞག །ཉ་རྗེས་འབྲེལ། པ་རི་སྔོན། བུཎ྄་ཏྲིཙ྄་དག་གོས། རྐྱེན། བུཎ྄། ཡུ་བུ་ཞེས་པས། བུའི་ཨ་ཀ་བུ་ཎའི་དང་པོ་འཕེལ། ཨཻ་ཨཱཡ྄། མཚམས་སྦྱར་བས། པ་རི་ཎཱ་ཡ་ཀ། །ཛས྄་བྱིན། ཛ་ཡིག་ཛས྄་ལའོས། རྟགས་མཐའ་རིང་པོ། པ་རི་ཎཱ་ཡ་ཀཱ། ཨས྄་ཞེས་པར། ཨ་ཡིག་ལ་དབྱི་བ་འགོག་ཆེད་ཛ྄་ཡིག་གོ་ཞེས་གསུངས་པ་ལེགས་སོ། །མཚུངས་པ་འདྲ་བའི་ཡི་གེ་ལས་རིང་པོ་དང་ཕ་རོལ་ལའང་དབྱི། པ་རི་ཎཱ་ཡ་ཀཱཿ ཨ་ཡིག་མིན་ན་དེ་མི་འགྱུར་ཏེ། ཀི་དང་ཀི་ཏ་ཤེས་པ་ལའོས། ཀི་བཞག །ཀེ་ཏུ་ལ་སོགས་པ་རྣམས་སོས། ཏུ་རྐྱེན། རཏྣཱ་སྔོན། རཏྣཱ་ཀེ་ཏུ།.....རིན་ཆེན་ཏོག །ཛས྄་བྱིན། ཨི་ཨེཏ྄་ཨུ་ཨོཏ྄་ཛས྄་ལའོས། ཨུ་ཨེཏ྄་བྱས། ཨོ་ཨབ྄་བྱས། རཏྣ་ཀེ་ཏ་བཿ.....རིན་ཆེན་རྒྱལ་མཚན། ཤཱི་ལ་ཏིང་འཛིན་ལའོས། ཤཱིལ྄་བཞག །ཨ་དྷི་སྔོན། ཨ་དྷི་ཤྲཱིལ྄། ཨཙ྄་རྐྱེན། ཙ྄་དབྱངས་དོན་ཕྱིས། ཤས྄་བྱིན། ཤས྄་ལ་སྟེ་སའི་འང་ནའོས། རྟགས་མཐའ་རིང་པོ། ཤ་ཡིག་ནི། ཤས྄་ཀྱི་ཨ་ཡིག་སྟེ་སའི་འང་བུད་མེད་མ་ཡིན་པ་ལནའོ། །ཞེས་པའི་ཁྱད་པར་གྱི་དོན་ཏོ། །ཨ་དྷི་ཤཱི་ལཱན྄།.....ལྷག་པའི་ཚུལ་ཁྲིམས་རྣམས་ལ། རྣམ་དབྱེ་སྨོས་པ་མང་པོ་ཐམས་ཅད་ལ་འཇུག་ཆེད་མིན་ཏེ། མང་པོ་མང་པོ་སྟེར་རོ་ཞེས་པ། བཧ྄་ཐོབ་པ་ལའོས། བཧ྄་བཞག །བ་ཧི་ལས་ཨ་ཙའོ། །ཨཱ་ཁྱཱ་ཏ་ལས་ཀྱང་ཏ་མ་ལ་སོགས་པ་རྣམས་སོ། །ཤས྄་རྐྱེན། པ་ཧ་ཤས་སི། མི་ཟད་པ་ལས་འཇིག །ས྄་རྣམ་བཅད། བ་ཧ་ཤཿ ད་དཱ་ཏི། ཞེས་པར། བ་ཧ་ཤོ་ད་དཱ་ཏི།.....མང་པོ་མང་པོར་སྟེར།
༈ ཨ་ཀཱ་རེ་ལོ་པཾ། ཨ་ཡིག་ལ་དབྱིའོ། །ཞེས་པ་རྟགས་མཐའི་ཡི་གེ། རྣམ་དབྱེ་ཨ་ཡིག་དང་པོ་ཅན་ཕ་རོལ་ལ་དབྱིའོ། །ཙི་ཏི་མིང་ལའོས། ཙི་ཏི་བཞག །ཨི་རྗེས་འབྲེལ། ཨ་དྷི་སྔོན། ཀྟ་རྐྱེན། ཀ་དབྱི། ཨམ྄་སྟེར། ཨ་དྷི་ཙིཏྟ། ཨམ྄་ཞེས་པར། ཨ་ཡིག་ལ་དབྱིའོས། རྟགས་མཐའི་ཨ་ཕྱིས། ཨ་དྷི་ཙིཏྟཾ།.....ལྷག་པའི་སེམས་ལ། གྲུབ། རྣམ་དབྱེའི་རྒྱུ་མཚན་ཅན་གྱི་ཨ་ཡིག་ལའང་རྟགས་མཐའི་ཨ་དབྱི་སྟེ། སྔར་བཤད་པ་དག་དང༌། སརྦ་ནཱ་མའི། ཡཏ྄། ཛས྄་བྱིན། ཏྱཏ྄་སོགས་ཀྱི་རྣམ་དབྱེ་ལ་ཨའོས། ཏའི་ཨ་ལ་དབྱིའོས། ཡའི་ཨ་ཡང་དབྱི། ཡ་ཛས྄། ཞེས་པར། ཛས྄་ཐམས་ཅད་ཨཱིའོས། ཛ྄་དབྱི། ཨས྄། ཨཱི་བྱས། ཡ་ཨཱི་ཞེས་པར། ཨ་ཨི་ལ་ཨེ་བྱས། ཕ་རོལའང་དབྱི། ཡེ་དྷརྨཱཿ.....གང་རྣམས་ཆོས་རྣམས། གྲུབ། རྣམ་དབྱེའི་ཨ་མིན་ན་མི་དབྱི། པད་འགྲོ་བ་ལའོས། པ་ད་བཞག །ཨ་ནུ་དང་པྲ་ཏི་སྔོན། ཀྟི་རྐྱེན། སྒྲ་མེད་པ་རྣམས་ལ་ཞེས་པས་དའི་ཏ། སི། མ་ནིང་ལ་དབྱི། དྷརྨཱ་ནུ་པྲ་ཏི་པཏྟི།.....ཆོས་ཐམས་ཅད་རྗེས་སུ་སོ་སོར་འགྲོ། དྷུཊ་ལས་ཀྱང༌། སརྦ་ཛྙཱ་ཛྙཱ་ན་ཀཱ།.....ཡཾ། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང༌། དི་ན་ཀར་ཝ་པུ་ཥཾ།.....ཉིན་མོར་བྱེད་པའི་སྐུ་སྟེ། པདྨ་པཏྟྲ་ཡ་ཏཱཀྵཾ།.....པདྨའི་འདབ་མ་རྒྱས་པའི་སྤྱན། །ལྟ་བུའོ། བྱིངས་སྒྲུབ་བོ། །
༈ བྷི་སཻསྭཱ་བྷིས་ཨཻས་ཡང་ནའོ། །ཞེས་པ། ཨ་ཡིག་མཐའ་ཅན་གྱི་རྟགས་ཀྱི་ཕ་རོལ་ཏུ་བྱུང་བའི་བྷིས་ཨཻས་སུ་ཡང་ན་འགྱུར་ཏེ། གཞན་བྷིས་སུ་གནས་པ་གསུངས་སོ། །པུཥྤ། རྣམ་པར་རྒྱས་པ་ལའོས། པུཥྤ་བཞག །ཨཙ྄་རྐྱེན། བྲྀཉ྄་ལའང༌། ཨཙ྄་རྐྱེན། པུཥྤ་པ་ར།.....མེ་ཏོག་མཆོག །བྷིས་བྱིན། ཨེའོས། བྷས་མང་པོ་ལ་རྟགས་མཐའ་ཨེ་པུཥྤ་བརཻཿ པུཥྤ་བ་རེ་བྷིཿ.....མེ་ཏོག་མཆོག་མ་རྣམས། དེ་བཻཿདེ་ཝི་བྷིཿ.....ལྷ་རྣམས་ཀྱིས། བྷུདྡྷཻཿ.....སངས་རྒྱས་རྣམས་ཀྱིས་.....བུདྡྷེ་བྷིཿ ལྟ་བུའོ། །ཡང་མ་ལ་འཛིན་པ་ལའོས། མ་ལ་བཞག །Ἐཎ྄་རྐྱེན། གྷྲ྄་རྗེས་འབྲེལ། ཎ་འཕེལ་བའི་དོན། མ྄་ལ། ཡ། ཞེས་བྱིངས་ཀྱི་དང་པོ་འཕེལ་བ། མཱ་ལྱ་བ་རེ་བྷིཿ.....ཕྲེང་མཆོག་རྣམས་ཀྱིས། ཨེསུ་ཞེས་བརྗོད་པར་བྱ་བ་ལ་ཨེསུ་ཞེས་བརྗོད་པ་ནི། གསལ་བྱེད་མཐའ་ཅན་གྱི་དོན་དུ་སྟེ། དེས་ན་རྒ་བ་ལས་ཤིན་ཏུ་འདས་པ་ནི། ཨ་ཏི་ཛ་ར་སེཿ དབྱངས་ཐུང་ངུ་ཞེས་པས་ཛ་རའི་སྒྲའི་ཐུང་ངུའོ། །དེས་ན་བྷིས་རྟགས་ཀྱི་ཨཻསའོ། །ཕྱོགས་གཅིག་རྣམ་པར་འགྱུར་བ་ནི་གཞན་མིན་པ་དང་འདྲའོ། །ཚིག་ལས་ཛར་དབྱངས་ལ་ཛ་རས་ཡང་ནའོ་ཞེས་པས་ཛ་རཱའི་སྒྲའི་ཛ་རས་སུ་བསྒྱུར་བའོ། །གསུངས་པ་ཡིན་ཏེ། དུར྄་སིང྄་ལས། ཡང་ན་སྒྲས་ཕྱོགས་གཞན་མཚོན་པར་བྱེད་པ་སྟེ། ཨེས་སམ་ཡང་ན་ཨཻ་བུའོ། །ཨཻསུའི་བྱེད་པ་ནི། ཨ་ཏི་ཛ་ཏཱ་སུ་ལ་སེ། ཞེས་འབའ་ཞིག་ཏུའོ། །ཞེས་སོ། །དཀྵ་འཕེལ་བ་ལའོས། དཀྵ་བཞག །ཨཙུ་རྐྱེན། ཨཏུ་ལས་ཨིཎ྄་འོས། ཨིཎ྄་བྱིན། ཎ྄་འཕེལ་བའི་རྟགས་དོན། དེས་ན། བྱིངས་ཀྱི་དང་པོ་འཕེལ་བ་བྱས། དཱཀྵིཿ.....ལྷ་མོའམ་མཁས་པ། གྲུབ། སི་རྣམ་བཅད་བྱས་སོ། །
༈ དྷུ་ཊི་བ་ཧུ་ཏྭེ་ཏྭེ། དྷུཊ྄་མང་པོ་ཉིད་ལ་ཨེའོ། །ཞེས་པ་རྟགས་མཐའི་ཨ་ཡིག་ནི་རྣམ་དབྱེའི་ཡི་གེ་དྷུཊུ་དང་མིང་ཚིག་གི་གཞི་མཐུན་ཉིད་ལ་ཨེ་རུ་བསྒྱུར་རོ། །ཚད྄་ལ། ཙུ་ར་སོགས་ལས་ཨིན྄། ཨུ་པ་དྷཱ་རིང་པོ། ཥྚཱན྄། རྐྱེན། ཥ་ནི་ཥྚ་རྗེས་སུ་འབྲེལ་བ་ལས་ནི་ཨཱིའེའི་དོན། རྒྱུ་མཚན་ཐམས་ཅད་ན་ཞེས་པས་ཊ྄འི་ཏ྄། ན་དབྱངས་དོན། མཚམས་སྦྱར་བས། ཚཱ་ཏྟྲ་.....གདུགས། གྲུབ། ཚཱ་ཏྟྲ་བ་རེ་བྷིཿ.....གདུགས་མཆོག་རྣམས་ཀྱིས། དེ་བེ་བྷིཿ.....ལྷ་རྣམས་ཀྱིས། དེ་བེ་བྷྱཿ.....ལྷ་རྣམས་ལས་སམ་ལྷ་རྣམས་ལ། དེ་བེ་ཥུ་དྷུ་ཊ྄། ལྷ་རྣམས་ལ། མིན་ན་མང་ཚིག་ཡིན་ཀྱང་ཨེར་མི་འགྱུར་ཏེ། དེ་བཱ་ནཱཾ། དྲུག་པའི་ཨཱཾ་བྱིན་པའོ། །མང་ཚིག་མིན་ན་ཡི་གེ་དྷུཊ྄་ཡིན་ཀྱང་མི་འགྱུར་ཏེ། སུ་ག་ཏ་སྱ། བདེ་བར་གཤེགས་པའི། དས྄་སྱ་བྱས་པའོ། །
༈ ཨོ་ས་ཙི། ཨོས་ལའང་ངོ༌། །ཞེས་པ་ཨ་ཡིག་མཐའ་ཅན་གྱི་རྟགས་ཨོས྄་ཕ་རོལ་ལ་ཨེ་ཉིད་དུ་འགྱུར་རོ། །བུཎ྄་དགེ་བ་ལའོས། བུཎ྄་བཞག །ནཱ་ནི་ཨུ་བ་དྷཱ་དང༌། ཞེས་པས། ཀ་རྐྱེན། ཀ྄་རྗེས་འབྲེལ། བུཎ྄། ཨུ་དང་གོ་སོགས་ལས་ཡཏ྄་འོས། ཡཏ྄་རྐྱེན། བུ་ཎྱ། ཨོས྄་བྱིན། ཨོས྄་ལའང་ངོས། རྟགས་མཐའི་ཨེ་ཨཡ྄། མ་ཧཱ་བུ་ཎྱ་ཡོཿ.....བསོད་ནམས་ཆེན་པོ་དག་གིའམ་བསོད་ནམས་ཆེན་པོ་དག་ལ། གྲུབ། དེ་བ་ཨོས྄། དེ་བ་ཡོཿ.....ལྷ་དག་གིའམ་ལྷ་དག་ལ། ཏ་ཨོས྄། ཏ་ཡོཿ.....དེ་དག་གིའམ་དེ་དག་ལ། ལྟ་བུ། གྲུབ།
༈ ད་སི་རཱ་ཏ྄། ད་སྶྱ། ཨིན་ཊཱ། དེ་ཡཿདེ་སི་ཨཱ་ཏའོ། དས྄་སྱའོ་ཊཱ་ཨི་ནའོ་དེ་ཡའོ། །ཞེས་པ། རྟགས་མཐའི་ཨ་ཡིག་ལས་ཕ་རོལ་གྱི་རྣམ་དབྱེ་ང་སི་ནི་ཨཱཏ྄་དུ་བསྒྱུར། དེ་བཞིན་དུ་ངས྄་ནི་སྱ་དང༌། ཊཱ་ནི་ཨི་ན་དང༌། དེ་ནི་ཡ་རུ་བསྒྱུར་བ་རྣམས་བྱ་སྟེ། དྷརྨཱ་ལ། ཙནྟྲ་པ་ལས། གཞན་ལ་ཋན྄་ཡང་ངོ་ཞེས་པས། ཋན྄་རྐྱེན། ན྄་དབྱངས་དོན། ཋའི་ཨི་ཀ་རུ་བསྒྱུར། ང་སི་བྱིན། ཨཱཏ྄། དྷཱ་རྨི་ཀཱཏ྄།.....ཆོས་ལྡན་ལས། བྲྀཀྵཱཏ།.....ཤིང་ལས། ཨ་ཏི་ཛ་ར་སཱཏ྄།.....རྒས་པ་ལས་ཤིན་ཏུ་འདས་པ་ལས། ཨཏ་བྱས་ན། ས་ཡིག་དབྱི་བར་མི་འགྱུར། ཞེ་ན་མི་འགྱུར་ཏེ་བསྒྱུར་བའི་ཨ་ཡིག་བརྗོད་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་སློབ་ཕན་དུ་གསུངས་སོ། །ཎཱི་ཉ་བཞག །སམནྟ་སྔོན། ཥྚཱན྄རྐྱེན། ཥ་ནི་ཥྚ་རྗེས་སུ་འབྲེལ་བ་ལས་ནི་ཨཱིའོ་ཞེས་པའི་རྟགས་དོན། རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་གྱིའང་མེད་དོ་ལས། ཊའི་ཏ། ན་དབྱངས་དོན། ནཱ་མིའི་མཐའི་དབྱངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་ནའོས། ཨཱི་ཨེ། ས་མནྟ་ནེ་ཏ྄་སྱ།.....ཡང་དག་པའི་སྤྱན་གྱི། ངས྄་བྱིན་པའོ། །བ་ད་འགྲོ་བ་ལའོས། བ་ད་བཞག །པད་ལས་མ་འོས། མ་རྐྱེན་དུ་བྱིན། པདྨ་ནེ་ཏྲ། ཊཱ་བྱིན། ཨི་ན་བྱས། པདྨ་ནེ་ཏྲེ་ཎ།.....པདྨའི་སྤྱན་གྱིས། དེ་བ་ཊཱ། དེ་བེ་ན།.....ལྷ་ཡིས། ཀ།། ཊཱ། ཀེ་ན།.....ཅི་ཡིན། བུདྡྷ། ང་སི། བུདྡྷ། ངས྄། བུདྡྷ། ཊཱ། བུདྡྷ། ངེ་། རྣམས་རིན་བཞིན་བུདྡྷཱ་ཏ྄། བུདྡྷ་སྱ། བུདྡྷེ་ན། བུདྡྷཱ་ཡ། ལྟ་བུ་སོགས་སོ། །
༈ གཉིས་པ་སོ་སོར་བཤད་པ་ལ། ཨ་ཡིག་མཐའ་ཅན་གྱི་རྟགས་ལ་བརྟེན་པའི་རྣམ་འགྱུར། ཤྲདྡྷཱའི་རྟགས་ཀྱི་རྣམ་འགྱུར། ནཱ་དིའི་རྟགས་ཀྱི་རྣམ་འགྱུར། ཨགྣིའི་རྟགས་ཀྱི་རྣམ་འགྱུར། རྀ་མཐའི་རྟགས་ཀྱི་རྣམ་འགྱུར། དེ་རྣམས་ཀྱི་ཐུན་མོང་གི་བྱ་བའི་རྣམ་འགྱུར་བཤད་པ་དྲུག་ལས། དང་པོ་ནི། སྨཻ་སརྦ་ནཱ་མྣཿ ང་སི་སྨཱ་ཏ྄་དི་སྨིན། སརྦ་ན་མ་ལས་དེ་སྨཻའོ། །ང་སི་སྨཏ྄འོ། །ངི་སྨིན་ནའོ། །ཞེས་པ། སརྦ་ན་མའི་མིང་ཅན་ཨ་ཡིག་མཐའ་ཅན་ལས་ཕ་རོལ་གྱི་ངེ་ནི་སྨཻ་དང༌། ང་སི་ནི་སྨཱ་ཏ྄་དང༌། ངི་ནི་སྨིན་དུ་བསྒྱུར་བ་རྣམས་བྱའོ། །སརྦ་ནཱ་མ་རྣམས་ནི། སརྦ།.....ཐམས་ཅད། བི་ཤྭ།.....ཀུན་ནམ་སྣ་ཚོགས། ཨུ་བྷ།.....གཉིས། ཨུ་བྷ་ཡ།.....གཉིས་ཀ། །ཌ་ཏ་ར།.....ཙམ་ཞིག ། ཌ་ཏ་མ།.....གང་ཞིག །ཨ་ནྱ།.....གཞན། ཨ་ནྱ་ཏ་ར།.....གང་ཡང་རུང་བ། ཨི་ཏ་ར།.....གཅིག་ཤོས། ཀ་ཏ་ར།.....གང་ཞིག །ཀ་ཏ་མ།.....ཅི་ཞིག །ཏྭཏ྄།.....ཕྱིར། ཏྭ།.....ཕྱིར། ནེ་མ།.....དུས་སམ་ངེས་པ། སམ།.....མཉམ་པ། སཱི་མ།.....མཚམས། ཏྱད྄།.....དེ། དེ།.....ཏད྄། ཡང྄་།.....གང༌། ཨེ་ཏད྄།.....འདི། ཨ་དས྄།.....འདི། ཨེདཾ།.....འདི། ཨེ་ཀ།།.....གཅིག །ཏྭི།.....གཉིས། ཡཥྨད།.....ཁྱོད། ཨསྨད།.....བདག།།བྷ་ཝནྟ།.....ཁྱོད། ཀིམ།.....ཅི། བཱུརྦ།.....སྔ་མའམ་ཤར། པ་ར།.....ཕྱི་མའམ་ཕ་རོལ་གཞན། ཨ་ཝ་ར།.....ནུབ། དཀྵི་ཎ།.....ལྷོའམ་གཡས། ཨུཏྟ་ར།.....འདས་པ་ཕྱི་མ་བྱད། ཨ་བ་ར།.....མཆོག །ཨ་དྷ་ར།.....འོག།།སྭ།.....རང༌། ཨནྟ་ར།.....ནང། རྣམས་སོ། །སྲྀ་འགྲོ་བ་ལའོས། སྲྀ་བཞག །བརྟི་བའོས། བ་བྱིན་པས། རྀ་ཡོན་ཏན་བྱས། སརྦ། གྲུབ་སྟེ། སརྦ་སོགས་ལ་རྟགས་གསུམ་ཀའི་ཆོ་ག་འཇུག་པར་བཤད་དོ། །བི་ཤ་འཇུག་པ་ལའོས། པི་ཤ་བཞག །ཨ་ཤི། ལཊི། ཁཊི། བི་ཤ་རྣམས་ལས་ཀྭའོས། ཀྭ་རྐྱེན། ཀ་རྗེས་འབྲེལ་དབྱི། བ་བྱིན་པས། བི་ཤྭ། གྲུབ། ཨ་ད་དང་པྶཱ་ཟ་བ་ལའོས། ཨད྄་བཞག །ཨ་སུན྄་རྐྱེན། ཨུན྄་བརྗོད་དོན་དབྱི། ཨ་དས྄། ཨུ་བྷ་དང༌། ཨུན྄་བྷ་རྫོགས་པར་བྱེད་པ་ལའོས། ཨུབྷ་བཞག །ཀྭིཔ྄་རྐྱེན། དབྱི་ཨུ་བྷ། ཨུ་བྷ་བཞག །ཨུཎ྄་ལ་སོགས་མང་པོར་རོ། །ཞེས་དང༌། ཨུཎ྄་ལས་མཱ་ཚཱ་ས་པི་རྣམས་ལས་ཡའོ། །ཞེས་པས། ཡ་བྱིན་ཨུ་བྷ་ཡ་ལ་སོགས་པའི་བྱིངས་ལས་སྒྲུབ་ཚུལ་ཤེས་པར་བྱ་ཞིང༌། སརྦ་སོགས་ལ་བྱིངས་སྒྲུབ་མི་འདོད་པ་དང་འདོད་པ་གཉིས་ཡོད་སྐད། སྤྱིར་རྣམ་དབྱེ་ཉེར་གཅིག་ལ་དབྱངས་ཀྱི་རྣམ་དབྱེ་བཅུ་གསུམ་སྟེ། ཨཽ་ཛས྄། ཨཾ་ཨཽ་ཤས྄། ཊཱ། ངེ༌། ང་སི། ངས྄། ཨོས྄། ཨཱཾ། ངི༌། ཨོས་རྣམས་སོ། །གསལ་བྱེད་ཀྱི་རྣམ་དབྱེ་བརྒྱད་དེ། སི། བྷྱཱཾ། བྷིས྄། བྷྱཾ། བྷྱས྄། བྷྱཾ། བྷྱས྄། སུཔ྄་རྣམས་སོ། །ཏྱད྄་། ཏད྄། ཡད྄། ཨེཏད྄། ཨ་དས྄། ཨི་དཾ། ཨེ་ཀ།།བདུན་དང༌། ཨསྨད། ཡུསྨད་སྐབས་དབྱངས་ལ་བཅུ་སྟེ་ཨཽ་ཛས྄། ཨཾ་ཨཽ་ཤས྄། ཊཱ། ངས྄། ཨོས྄། ཨཱམ྄། ཨོས྄་རྣམས་སོ། །གསལ་བྱེད་ལ་བཅུ་གཅིག་སྟེ། སི། བྷྱཱཾ། བྷིས྄། བྷྱཱ། བྷྱས྄། བྷྱཱཾ། བྷྱས། སུ་པ྄་བརྒྱད་ཀྱི་སྟེང་དུ། ངེ༌། ང་སི། ངི་། གསུམ་བསྣན་ཏེ། བཅུ་གཅིག་ཅེས་བློ་བརྟན་བཞི་པ་གསུངས་ཏེ་ལེགས་པར་སེམས། སརྦ་སོགས་སུམ་ཅུ་རྩ་བདུན་ལས་ཨ་བྱས་བཅོ་ལྔ་དང༌། ཏྱད྄་སོགས་བརྒྱད་དང༌པཱུརྺ་སོགས་དགུ་ཞེས་དེ་དག་ལ་ཆོ་ག་སོ་སོར་བྱའོ། །སརྦ་སི། སརྦཿ སརྦཽ། སརྦ། ཛས྄། ཐམས་ཅད་ཨིའོས། ཛས྄་ཨི། སརྦེ། སརྦཾ། སརྦཽ། སརྦཱན྄། སརྦཎ། སརྦཱ་བྷྱཾ། སརྦཻཿ སརྦ་སྨཻ། སརྦཱ་བྷྱཱཾ། སརྦེ་བྷྱཿ སརྦ་སྨཱཏ། སརྦཱ་བྷྱཱཿ སརྦེ་བྷྱཱཾཿ སརྦ་སྱ། སརྦ་ཡོཿ ཐམས་ཅད་ལ་ཨཱཾ་ལ་སུ་འོས། དྲུག་པའི་ཨཱཾ་ལ་སུ་ཨཱ་ག་མ་སྟེར། དྷུཊ྄། མང་པོ་ཉིད་ལ་ཨེའོས། རྟགས་མཐའ་ཨེ། སརྦེཥཱཾ། ངི་སྨིན་འོས། ངའི་གནས་སུ་སྨིན་དུ་བསྒྱུར། སརྦ་སྨིན། སརྦ་ཡོཿ ནཱ་མི་དང་ཀ་དང་ར་ལས་ཕ་རོལ་སོགས་ཀྱིས་སའི་ཥ། སརྦེ་ཥུ།
༈ བི་བྷཱ་ཥྱ་ཏེ་པཱུརྺཱ་དེཿ པཱུརྺཱ་སོགས་ལས་ཁྱད་པར་དུ་བཤད་པར་བྱ་བ་དག་གོ །ཞེས་པ་པཱུརྺ། པ་ར། ཨ་དྷ་ར། དཀྵི་ཎ། ཨུཏྟ་ར། ཨ་པ་ར། ཨ་ཝ་ར། སྭ། ཨནྟ་ར་རྣམས་ཀྱི་ཕ་རོལ་ཏུ་རྣམ་དབྱེ་ངས྄ི་སྨཱཏ྄། ངི་སྨིན་དུ་འགྱུར་བ་ཁྱད་པར་སྟེ། བྱེ་བྲག་ཏུ་འཆད་ལ་ཡང་ན་མི་འགྱུར་བར་ཨ་ཡིག་གི་མཐའ་སྤྱི་དང་མཐུན་པར་བྱའོ། །པཱུརྦྦ་དང་སརྦྦ་རྫོགས་པར་བྱེད་པ་ལའོས། པཱུརྦྦ་ལ། ཨ་ཙ྄་རྐྱེན། པཱུརྦྦ། གྲུབ། པཱུརྦྦ། ང་སི། པཱུརྦྦ་སྨཱཏ྄། པཱུརྦྦ་ངི་། པཱུརྦྦ་སྨིན། མི་འགྱུར་བའི་ཕྱོགས་ལ་པཱུར྄་བཱཏ྄། པཱུར྄་བེ། དེ་བཞིན་དུ། སྭ་སྨཱཏ྄། སྭཱཏ྄། ཨནྟ་རསྨཱཏ྄། ཨནྟ་རཱ་ཏ྄། ཨནྟ་ར་སྨིན། ཨནྟ་རེ་རྣམས། གྲུབ། ཏཱི་ཡའི་རྐྱེན་མཐའ་ལའང་ཡང་ན་འགྱུར་ཏེ། དྭི་ཏཱི་ཡ་སྨཱད྄། དྭི་ཏཱི་ཡཱཏ྄། དྭི་ཏཱི་ཡ་སྨིན། དྭི་ཏཱི་ཡེ། །
༈ སུ་རཱ་མི་སརྦ་ཏཿ ཐམས་ཅད་ལས་ཨཱམ྄་ལ་སུའོ། །ཞེས་པ་སརྦ་ནཱ་མའི་རྟགས་ལས་ཕ་རོལ་ཏུ་རྣམ་དབྱེ་ཨཱམ྄་བྱུང་བ་ལ་བར་རྐྱེན། སུ་ཨཱ་ག་མ་འགྱུར་ཏེ། ཨུ་ཡིག་ནི་གསུམ་པ་སོགས་ལ་ནི་ཕ་རོལ་གྱི་དང་པོར་རོ་ཞེས་པའི་རྟགས་དོན་དབྱི་སྟེ། སརྦ་ཨཱཾ། སརྦེ་ཥཱམ྄། ཡ་ཨཱཾ། ཡེ་ཥཱམ། ཀ་ཨཱཾ། ཀེ་ཥཱམ྄། དྷུཊ྄་མང་པོ་ཉིད་ལ་ཨེའོས་རྟགས་མཐའ་ཨེར་བསྒྱུར་བའོ། །ན་མི་སོགས་ཀྱི་མདོ་ལས་ས་ཥ་རུ་བསྒྱུར་ཏེ། མཚམས་སྦྱར་བས་གྲུབ་བོ། །
༈ ཛསྶརྦ་ཨཱི། ཛས྄་ཐམས་ཅད་ཨཱིའོ། །ཞེས་པ་ཛས྄་སརྦ་ལ་ཨཱིའོ་དག་དགོས་རྒྱུ་ལ་སརྦའི་འགྱུར་ཐལ་བ་སྟེ། དུར྄་སིང྄་ལོ་གྲགས་འགྱུར་ལས། སརྦ་ནཱ་མའི་རྟགས་ལས་ཕ་རོལ་ཏུ་ཛས྄་ནི། སརྦ་ལ་ཨཱིའོ། །ཞེས་སོ། དེ་ནས་ཨ་ཡིག་གི་མཐའ་ལས་སརྦ་ནཱ་མའི་རྟགས་ལས་ཕ་རོལ་ཏུ་ཛས྄་ཐམས་ཅད་པ་སྟེ་སརྦ་བི་ཤྭ་སོགས་ལ་ཨཱིར་འགྱུར་ཏེ། སརྦ། ཛས྄་བྱིན། ཛས྄་ཨཱི། སརྦ་ཨཱི། ཨ་ཨི་ལ་ཨེ། སརྦེ།.....ཐམས་ཅད་རྣམས། བི་ཤྭེད།.....སྣ་ཚོགས་རྣམས། སོགས་དང༌། ཡད྄་དང་ཏད྄་ལ། ཛས྄། ཏྱ་ད྄་སོགས་ཀྱི་རྣམ་དབྱེ་ལ་ཡད྄་ཏད྄་ཀྱི་ད྄་གཉིས་ཨ་རུ་བསྒྱུར། ཨ་ཡིག་ལ་དབྱིའོས། ཡ་དང་ཏི་གཉིས་ཀྱི་ཨའང་དབྱི། ཡ། གྲུབ། ཏ། གྲུབ། འདིས་ཛས྄་ཨཱི། ཨ་ཨི་ལ་ཨེ་བྱས། ཕ་རོལའང་དབྱི། ཡེ། ཏེ། གྲུབ།
༈ ཨལྤཱ་དཽ་བཱ། ཨལྤ་སོགས་ལ་ཡང་ནའོ། །ཞེས་པ་ཨལྤ།.....ཆུང་ངུ༌། པྲ་ཐ་མ།.....དང་པོའམ་ཐོག་མ། ཙ་ར་མ།.....པགས་པ། ཨ་ཡཊ།.....འདི་གཉིས་རྐྱེན་ཡིན་ཀྱང་འདྲ་བའི་དོན།.....ཏ་ཡ། ཨར྄་དྷ།.....ཕྱེད། ཀ་ཏི་པ་ཡ།.....ཅི་ཙམ་བྱུང༌། ནེ་མ།.....བྲི་མ་འམ་ལུང། རྣམས་ཀྱི་ཕ་རོལ་ཏུ་བྱུང་བའི་ཛས྄་ཨཱིར་འགྱུར་བ་དང་མི་འགྱུར་བ་གཉིས་ཡང་ན་སྟེ་འདམ་ཀ་བྱེད་པ་རྟག་ཏུ་ཡིན་ཏེ། དུར྄་སིང྄་ལས། པྲ་ཐ་མེ། པྲ་ཐ་མཱཿ ཙ་ར་མེ། ཙ་ར་མཱཿ ཨུ་བྷ་ཡེ། ཞེས་པ་ནི་རྟགས་སུ་བཤད་དོ། །ཞེས་སོ། །པྲ་ཐ་མ། ཛས྄་བྱིན། འདིས་བསྒྱུར་ཨ་ཨི་ལ་ཨེ་བྱས། པྲ་ཐ་མེ། པྲ་ཐ་མ་ཛས྄། ཛ་དབྱི། མཚུངས་འདྲ་རིང་པོས་རྣམ་བཅད། པྲ་ཐ་མཱཿ གྲུབ། ཞཱ་ལུ་དང་ཀར་ཊིཀ྄་ཏུ་པཱུར྄་སོགས་ཀྱི་མདོ་མ་བྱུང་ཡང༌། དཔང་བློ་བརྟན། ཐུགས་རྗེ་དཔལ་བ། སྙེ་ཐང་བློ་བརྟན་གྱི་བརྗེད་བྱང་ཀུན་ཏུ་འབྱུང་བས་དེ་ཡོད་པར་བྱ། དུར྄་སིང྄་དུ་ཨལྤ་སོགས་ཀྱི་ནང་དུ་བཤད་པས་འཁྲུལ་ལོ། །དུར྄་སིང྄་དུ་ཨལྤ། པྲ་ཐ་མ། ཙ་ར་མ། ཏ་ཡ། ཨ་ཡཊ྄། ཀ་ཏི་བ་ཡ། ནེ་མ། ཨརྔྷ། པཱུར྄་ཝ་ལ་སོགས་པ་རྣམས་སོ། །ཞེས་གསུངས་སོ། །
༈ པཱུརྦཱདེ་ཙྪ། པཱུར྄་སོགས་ཀྱིས་ཀྱང་ངོ༌། །ཞེས་པ་པཱུརྦ། པ་ར། ཨ་ཝ་ར། དཀྵི་ཎ། ཨུཏ྄་ཏ་ར། ཨ་པ་ར། ཨ་དྷ་ར། སྭ། ཨནྟར་དང་དགུ་པོ་རྣམས་ཀྱི་ཕ་རོལ་གྱི་ཛས྄་ཡང་ན་ཨཱི་ཉིད་དུ་བྱེད་པ་དང་མི་བྱེད་པ་གཉིས་ཡོད་དེ་བྱེད་ན། ཨཝ་ཛས྄། ཨལྤེ། པྲ་ཐ་མ་ཛས྄་པྲ་ཐ་མེ་ལྟ་བུ་སོགས་སོ། །མི་བྱེད་ན་ཨལྤ་ཛས྄། ཨལྤཱཿཔྲ་ཐ་མཱཿལྟ་བུ། སྭའི་སྒྲ་ནི་གཉེན་དང་ནོར་དག་ལ་སརྦའི་མིང་ཅན་དུ་མི་འདོད་དེ། ཉི་ཥྭས྄་ཉལ་བ་ལའོས། ཉི་ཥྭས྄་བཞག །ཉི་ནི། ཉི་རྗེས་སུ་འབྲེལ་བ་དང་འདོད་པ་བློ་མཆོད་པའི་དོན་རྣམས་ལ་ཀྟའོ། །ཞེས་པའི་རྟགས་དོན་དབྱི། བྱིངས་ཀྱི་ཥའི་སའོ། །སྭས྄། ཊ྄་རྐྱེན། ཊ་ཡིག་མཐའི་དབྱངས་སོགས་དབྱི་བའི་དོན་ཡིན་པས་མཐའ་དབྱི། སྭ། གྲུབ། སྭ་དེ། སྭཱ་ཡ། གཉེན་གྱི་ཚད། སྭཱ་ཡ། ནོར་གྱི་ཆེད། གཉེན་དང་ནོར་དག་གི་མིན་ན་སརྦའི་མིང་ཅན། སྭ་དེ། སྭ་སྨཻ། བདག་ཉིད་ཀྱི་ཆེད་དུའོ། །དེ་ཚིག་གྲོགས་དང་སྦྱར་ན། སྭ་སྨཻ་པུ་ཏྲ་ཡ།.....རང་གི་བུའི་ཆེད་ལ། སྭ་སྨཻ་ག་བེ།.....རང་གི་བ་གླང་ཆེད་དུ། འདི་དག་བདག་གི་བའི་ཆེད་ལ་བདག་ཆེད་དུ་བྱེད་དེ། འཇམ་གྲགས་ཀྱིས་བདག་གི་བའི་ཆེད་དུ་བའོ། །ཞེས་པའི་དོན་ཏོ། །པུ་ཏྲ་དང་གོ་བའི་སྒྲ་དག་ཉེ་བའི་ཕྱིར་གཉེན་དང་ནོར་ཡང་སྭའི་སྒྲ་ལས་བདག་གི་བ་ཙམ་དུ་རྟོགས་པར་བྱའོ། །ཞེས་སོ། །གཉེན་དང་ནོར་བརྗོད་པ་མིན་པ་ལ་ཞེས་པ་ཅི་ཞེ་ན། དེ་མིན་པ་མིན་ན་སརྦ་ནཱ་མའི་མིང་ཅན་བྱ་བར་མི་འགྱུར་ཏེ། སྭཱ་ཡཛྙཱ་ཏ་ཡེ། ཞེས་པའི་དང༌། སྭཱ་ཡ་དྷ་ན་ཡ་ཞེས་པའི་དོན་ཏོ། །སྒྲ་གཞན་ལ་ལྟོས་པ་མེད་པ་ཁོ་ནར་སྭཱའི་སྒྲའི་གཉེན་དང་ནོར་བརྗོད་པར་བྱེད་པས། དེ་ལྟ་ན་གཉེན་དང་ནོར་དག་སྦྱོར་མི་རིགས་ཏེ། དེ་དག་གི་རྣམ་གྲངས་ཉིད་ཀྱི་ཕྱིར་ཞེ་ན། དེ་ལྟ་མ་ཡིན་ཏེ། རྣམ་གྲངས་ཀྱི་སྒྲ་གང་དུ་དོན་དུ་མ་ཅན་ལ་གཞན་དུ་དོགས་པ་སེལ་ཆེད་དུ་དོན་དེ་སྦྱོར་བར་བྱེད་དེ།
དཔེར་ན། ཧ་རི་ནི་སེང་གེའོ། །པི་ཀ་ནི་ཁུ་བྱུག་གོ །ཞེས་པ་བཞིན་ནོ། །ཨནྟར྄་ལའང་དེ་འདྲ་བཤད་ཀྱང་མང་དོགས། སྒྲ་ཚད་ཀྱི་འཕྲང་ལ་དཔྱད་ན་སྒྲ་ལའང་དེ་ལྟར་དཔྱད་དགོས། རྩ་བ་ཁོ་ནས་ཅི་ཡང་མི་འོངས། རྒྱུད་ཆེན་དཀོན་མཆོག་གསུངས་པར་བླ་མ་རྡོ་རྗེ་འཆང་གསུངས་ཏེ། གསུང་རབ་ཀྱི་སྲོག་ཏུ་སྣང་ངོ༌། །བར་སྐབས་སུ་སྐད་དོད་ཙམ་དང་སྦྱོར་ཤེས་པ་ལ་སྒྲ་ཤེས་ཁུལ་བྱས་སྣང་བ་ཐོ་ཡོར་ལ་མིར་སེམས་སམ།
༈ དཱཾ་དྭ་སྠཱཙྪ། ཟླས་དབྱེ་ལ་གནས་པ་ལས་ཀྱང་ངོ༌། །ཞེས་པ་ཟླས་དབྱེའི་ཚིག་སྡུད་ཀྱང་ཡོད་ལ་ཨ་ཡིག་གི་མཐའ་ཅན་ཡང་ཡིན་ཐམས་ཅད་པའི་མིང་ཅན་ཡང་ཡིན་པའི་རྟགས་ཀྱི་ཕ་རོལ་གྱི་ཛས྄་ཨཱི་ཡིག་ཏུ་མི་འགྱུར་བ་དང་བསྒྱུར་བ་ཡང་ན་བྱ་སྟེ། ཀི་དང་ཀི་ཏ་ཤེས་པ་ལའོས། ཀི་བཞག །ཊ་རྐྱེན། དབྱངས་སོགས་དབྱི། ཊ྄་རྗེས་འབྲེལ། ཀ་ཏ་མ་ལ་སོགས་པའི་ཏ་ར་དང་ཏ་མ་བྱིན། ཀ་ཏ་ར། ཀ་ཏ་མ། ཛས྄་རེ་བྱིན། ཛས྄་ཨཱི། རང་དོན་ཙ་རེ་བྱིན། ཀ་ཏ་རེ་ཙ་.....གང་ཞིག་རྣམས་དང༌། ཀ་ཏ་མེ་ཙ་.....ཅི་ཞིག་རྣམས་དང༌། དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོ། །དབྱངས་མཐའི་རང་བཞིན་འང་ངོ༌། །ཞེས་པས་རྣམ་དབྱེ་དང་མི་ཟད་པའི་ཙ་རྣམས་བསྡུས་པས། ཀ་ཏ་ར་ཀ་ཏ་མ་སྟེ། དེ་ལ་ཛས྄་བྱིན་པས། ཀ་ཏ་རེ། ཀ་ཏ་མེ། ལྟ་བུའོ། །མི་འགྱུར་བའི་དཔེ་ཀ་ཏ་རེ་ཙ། ཀ་ཏ་མེ་ཙ། ཞེས་པར། རྣམ་དབྱེ་མི་ཟད་པ་དང་བཅས་པ་བསྡུས་ཏེ། ཀ་ཏ་ར་ཀ་ཏ་མ་ཞེས་པར་ཛས྄་བྱིན། ཀ་ཏ་ར་ཀ་ཏ་མཱཿ ལྟ་བུ་སྟེ། ཟླས་དབྱེ་བའི་དོན་ནི་མིང་སིལ་པུ་བ་གཉིས་སམ་མང་པོ་རྣམས་ཀྱི་མིང་རེ་རེ་ལ་རྣམ་དབྱེ་འདྲ་བ་རེ་རེ་དང་ཙ་རེ་རེ་སྦྱིན་དགོས་པ་ལ་མིང་གཉིས་སམ་མང་པོ་དེ་དག་གི་མཐར་རྣམ་དབྱེ་གཅིག་སྟེར་བར་བསྡུས་པ་སྟེ་ཙ་ཀུན་བསྡུས་པས་དང་དོན་གྱི་བསྡུ་བར་ཡང་གྲགས་ཏེ། ཙནྟྲ་པ་ཐར་ལོའི་འགྱུར་ལས། ཙའི་དོན་ལའོ། །ཞེས་སོ། །དཔེར་བརྗོད་གཞན་དང༌། ཀིཾ། དེ་ཕན་གྱི་རྐྱེན། ཊ་ཏ་ར་དང་ཊ་ཏ་མ་དག་བྱིན། དེ་ཕན་ལེའུ་ལས། ཊ་རྗེས་སུ་འབྲེལ་བ་ལ་མཐའི་དབྱངས་ལ་སོགས་པ་དབྱིའོས། ཀིམ྄་གྱི་ཨི་མ་དབྱི། ཊའི་ཨ་བཞག །ཊ་དབྱི། ཀ་ཏ་ར་ཛས྄་བྱིན། ཨཱི་བྱས། ཀ་ཏ་རེ་ཙ་སྦྱར། ཡང་ཀིཾ་ལ་དེ་ཕན་གྱི་རྐྱེན་ཊ་ཏ་མ་སྦྱིན། ཊ་རྗེས་སུ་འབྲེལ་ཞེས་པས་ཀའི་ཨི་དང་མ་དབྱི། ཊ་ཡང་དབྱི། ཨ་ཀ་ལ་བྱིན། ཀ་ཏ་མ། ཛས྄་ཨཱིར་བསྒྱུར། ཀ་ཏ་མེ་ཙ། དེར་གནས་རྣམ་དབྱེ་སོགས་ཀྱིས་རྣམ་དབྱེ་ཙ་བཅས་བསྡུས། མིང་གཉིས་བསྡོམ་པར་རྣམ་དབྱེ་གཅིག་སྟེར་བ། ཀ་ཏ་ར་ཀ་ཏ་མེ།.....གང་ཞིག་ཅི་ཞིག་རྣམས། ཡང་ན་ཨ་ཡིག་མཐའ་ཅན་གྱི་རྟགས་སྤྱི་དང་མཐུན་པས་ཀ་ཏ་ར་ཀ་ཏ་མཱཿ.....གང་ཞིག་ཅི་ཞིག་རྣམས། དཏྟ་ཀ་ཏ་མེ།.....སྦྱིན་པ་ཅི་ཞིག །སྦྱིན་པ་ཅི་ཞིག།།.....དཏྟ་ཀ་ཏ་མཱཿ །
༈ ནཱ་ནྱ་ཏྶརྦ་ནཱ་མི་ཀིཾ །གཞན་སརྦའི་མིང་ཅན་མ་ཡིན་ནོ། །ཞེས་པ་ཟླས་དབྱེ་བའི་བསྡུ་བ་གནས་པ་འདི་ལ་ཛས྄་ལས་གཞན་པའི་ངེ་སོགས་བྱུང་ན་སརྦའི་མིང་ཅན་མ་ཡིན་ཏེ། ངེ་སྨཻ་དང༌། ང་སི་སྨཱཏ྄་དང༌། ངི་སྨིན་དང་ཨཱཾ་ལ་སུ་ཨཱ་ག་མ་སྟེར་བ་རྣམས་སུ་མི་འགྱུར་ཞིང༌། རྟགས་སྤྱི་དང་མཐུན་པའི་བྱ་བར་འགྱུར་ཏེ། པཱུར྄་བ། སི་རྣམ་བཅད། ཙ། པ་ར། སི་རྣམ་བཅད། ཙ་བྱིན་པས། པཱུ་རྦཿཙ། པ་ར་ཤྩ། ཞེས་ཟླ་དབྱེའི་བསྡུ་བ་བྱས་པུརྦ་པ་ར་སྟེ།.....སྔ་མ་ཕྱི་མ་སྟེ། དེ་ལ་རྣམ་དབྱེ་བྱིན་ན། པཱུར྄་པ྄་ར་ང྄ི་། པཱུརྦ་པ་རཱ་ཡ།.....སྔ་མ་ཕྱི་མའི་ཆེད་དུ། པཱུརྦ་པ་ར་ང་སི།.....སྔ་མ་ཕྱི་མ་ལ། པཱུརྦ་པ་རཱཏ྄། པཱུརྦ་པ་ར་ངི་། པཱུརྦ་པ་རེ།.....སྔ་མ་ཕྱི་མ་ལ། པཱུརྦ་པ་ར་ཨཱཾ་.....སྔ་མ་ཕྱི་མ་རྣམས་ཀྱི། པཱུརྦ་པ་རཱ་ཎཱཾ། དག་གྲུབ་བོ། །
༈ ཏྲྀ་ཏཱི་ཡ་པ་ས་མཱ་སི་ཙ། གསུམ་པའི་ཚིག་སྡུད་ལའང་ངོ༌། །ཞེས་པ་མཱ་སེ་ན་པཱུརྦ་ལ་རྣམ་དབྱེ་གསུམ་པའི་རྗེས་ཕྱིས་ནས་མཱ་ས་པཱུརྦ་ལྟ་བུའི་ཐམས་ཅད་པའི་མིང་ཅན་རྟགས་ཀྱི་ཕ་རོལ་ཏུ་རྣམ་དབྱེ་གང་བྱུང་ཡང་ཐམས་ཅད་མིང་ཅན་གྱི་བྱ་བ་མི་འགྱུར་ཏེ། དུར྄་སིང྄་ལས། གསུམ་པའི་བསྡུ་བའམ་བསྡུ་བ་མ་ཡིན་པ་ལ་ཡང་བཤད་པ་ལས་གཞན་དུ་མིང་ཐམས་ཅད་པའི་བྱ་བར་མ་གྱུར་ཏེ་ཞེས་སོ། །ཛས྄་ཐམས་ཅད་ཨཱིའོ་དང༌། པ་ཎི་ལས་ཟླས་དབྱེ་ལའོ་ཛས྄་ལ་གདམ་ངའོ། །ཞེས་པས་ཛས྄་ལ་ཨཱི་ཡང་རུང་བ་ཙམ་མོ། །མ་སཱི་ཡོངས་སུ་འཇལ་བ་ལའོས། མ་སཱི་བཞག །དངོས་པོ་ལའོས། གྷཉ྄་རྐྱེན། ཉ་འཕེལ་བའི་དོན། དེས་ན་སའི་ཨུ་པ་དྷཱ་རིང་པོའོ། །བྱེད་པ་ལ་ཊཱ་སྟེར། ཊཱ་ཨི་ན། མཱ་སེ་ན་པཱུརྺཿ.....ཟླ་བས་སྔ་མ། བཞི་པ་དགོས་ཆེད་ནི། མཱ་ས་པཱུརྦཱཿཡ།.....ཟླ་བ་སྔ་མའི་ཆེད་ལ། མཱ་ས་པཱུར྄་བཱཏ྄།.....ཟླ་བ་སྔ་མ་ལས། མཱ་ས་པཱུར྄་བསྱ།.....ཟླ་བ་སྔ་མའི་ལས། མཱ་ས་པཱུར྄་པཱ་ཎཱཾ།.....ཟླ་བ་སྔ་མ་རྣམས་ཀྱི། མཱ་ས་པཱུར྄་བ་ཛས྄། མཱ་ས་པཱུར྄་བཱཿ དག་ལ་ཡང་མི་འདོད་དེ། མཱ་སེ་ན་པཱུར྄་བཱ་ཡ།.....ཟླ་བ་སྔ་མ་ལ། དུར྄་སིང྄་ལས། བསྡུ་བ་མ་ཡིན་པ་ལ་ཡང་ཞེས་སོ། །མཧ྄་ལྷག་མ་ལའང་ཤནྟྲིང་དང་ཨ་ན་དག་སྱ་ལྷག་ཅིག་པ་དགོས། ཤནྟྲ྄ང།རྐྱེན། ཨ་ན་བཞག །ཤ་རྗེས་འབྲེལ། མཧན྄། སི། མི་ཟད་པའི་ཙ། སརྦ་ནཱ་མའི་ཨ་དས྄་སི། མ་ཧཾ་ཙཱ་སཽ་པཱུརྦ་ཤྩ།.....ཆེན་པོ་འདི་སྔ་མ་ཡང་ངོ༌། །དེར་གནས་རྣམ་དབྱེ་སོགས་ཀྱིས་རྣམ་དབྱེ་ཙ་བཅས་བསྡུས། མ་ཧཱ་པཱུ་རྦ་ངེ།.....ཆེན་པོ་ཤར་ཆེད། མ་ཧཱ་པཱུརྦ་སྨཻ།.....ཆེན་པོ་ཤར་གྱི་ཆེད་དུ། །
༈ བ་ཧུ་བྲཱི་ཧོ། །འབྲུ་མང་པོ་ལའང་ངོ༌། །ཞེས་པ་འབྲུ་མང་པོའི་ཚིག་སྡུད་གནས་པའི་སརྦ་ནཱ་མ་ནི་ཕ་རོལ་ཏུ་རྐྱེན་རྣམ་དབྱེ་ལ་སརྦ་ནཱ་མའི་བྱ་བ་མི་བྱེད་དེ། ཛས྄་བྱིན་ན་ཡང་མི་བྱེད་པའོ། །དུར྄་སིང྄་ལས། འབྲུ་མང་པོ་བསྡུ་བའམ་བསྡུ་བ་མ་ཡིན་པ་ལའང་བཤད་པ་གཞན་དུ་ཐམས་ཅད་པའི་བྱ་བ་མ་ཡིན་ཏེ། ཞེས་སོ། །འབྲུ་མང་པོ་ནི། བརྗོད་པ་ལས་གཞན་གཙོ་བོར་སྟོན་པ་སྟེ། ཚིག་གཉིས་སམ་མང་པོ་རྣམས་བསྡོམས་པས་དོན་གཞན་གོ་ནུས་པ་འབྲུ་མང་པོ་སྟེ། ནོར་བུ་པདྨ་ཅན་ལྟ་བུའམ་ཐམས་ཅད་དག་པ་ལྟ་བུ་སྟེ། ཡང྄༌། ངས྄་བྱིན། ཏྱད྄་སོགས་ཀྱིས་རྣམ་དབྱེ་ལ་རྟགས་མཐའི་ད་ཨ་བྱས། ཨ་ཡིག་ལ་ཡང྄་ཀྱི་ཡའི་ཨ་ཡང་དབྱི། དས྄་སྱ་བྱས། ཡ་སྱ། བྲཱི་ཉ྄་ཚི་མ་པ་ལ་སྟེ་མཛེས་པ་ལ་ཡང་ངོས། བྲཱིཉ྄་བཞག །ན་མི་ཨུ་པ་དྷཱ་དང་པྲཱི་ཀྲཱྀ་གྲཱྀ་ཛྙཱ་རྣམས་ཀྱི་ཀ་འོས། ཀ་རྐྱེན། ཀྲ་རྗེས་འབྲེལ། པྲཱི། ཨ་ཞེས་པར་བྱིངས་ཀྱི་ཨའི་ཡི་གེ་དང་ཨུའི་ཡི་གེ །མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་ཝ་དག་གོས། པྲཱིའི་ཨི་ཡ་བྱས། རིམ་པར་དྲངས། པྲིཡ། སི་རྣམ་བཅད། པྲི་ཡཿ.....དགའ་བ། གྲུབ། སྲྀ་འགྲོ་བ་ལའོས། སྲྀ་བཞག །པརྟི་ལས་བའོས། བ་རྐྱེན། རྀ་ཨར྄་བྱས། སརྦ་གྲུབ། སི་རྣམ་བཅད། སརྦཿ ཡ་སྱ་པྲི་ཡཿ བིད྄་ཡོད་པ་ལའོས། བིད྄་བཞག །དི་བ་སོགས་ལས་ཡན྄་འོས། ཡན་རྐྱེན། པི་ཏྱ་ཨཱན྄་ཤའོས། ཨཱན྄་བྱིན། ཨ་ལས་ཨཱ་ན་ལ་མཐའ་འོས། བིདྱཾ་བྱས། ཨཱན་དང་སྦྱར་བས། བིདྱ་མཱན྄། སི་རྣམ་བཅད། བིདྱ་མཱནཿ ཏཏ། སིད། དྱ་སོགས་ཀྱིས་རྣམ་དབྱེ་ལ་ཨ་བྱས། ཨ་ཡིག་ལ་དབྱིའོས། ཏེའི་ཨེ་ཡང་དབྱི། ཏའི་འང་ངོས། ཏའི་ས་དང༌། སི་རྣམ་བཅད། སཿགྲུབ། ཡ་སྱ་པྲི་ཡཿསརྦ་བིདྱ་མཱ་ན་སྶེཿ.....གང་གི་ཐམས་ཅད་དགའ་བར་ཡོད་པ་ཡིན་པ་དེ་ནི། ཞེས་པར་དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོས། འབྲུ་མང་གི་བསྡུ་བ་བྱས། པྲི་ཡ་སརྦ་སྟེ། དེ་ལ་རྣམ་དབྱེ་བྱིན་པས། པྲི་ཡ་སརྦ་དེ། པྲི་ཡ་སརྦཱ་ཡ།.....ཐམས་ཅད་དགའ་བའི་ཆེད་དུ། པྲི་ཡ་སརྦ་ང་སི།.....ཐམས་ཅད་དགའ་བ་ལས།.....པྲི་ཡ་སརྦཱཏ྄། པྲི་ཡ་སརྦ་ངི།.....ཐམས་ཅད་དགའ་བ་ལ།.....པྲི་ཡ་སརྦེ། པྲི་ཡ་སརྦ་ཨཱཾ། པྲི་ཡ་སརྦཱ་ཎཱཾ།.....ཐམས་ཅད་དགའ་བ་རྣམས་ཀྱི། པྲི་ཡ་སརྦ་ཛས྄། པྲི་ཡ་སརྦཿ ལྟ་བུའོ། །
༈ དི་ཤཱམྦཱ། ཕྱོགས་རྣམས་ཀྱི་ཡང་ནའོ། །ཞེས་པ་འབྲུ་མང་པོ་བའི་བསྡུ་བ་གནས་པའི་སརྦ་ནཱ་མའི་ཕྱོགས་བརྗོད་པ་རྣམས་ཀྱི་མཐར་ཛས྄་སོགས་བྱིན་པའི་ཚེ་སརྦ་ན་མའི་བྱ་བ་འཇུག་པ་དང་ཡང་ན་མི་འཇུག་པ་གཉིས་ཡོད་པས་གང་རུང་བྱའོ། །དཀྵ་འཕེལ་བ་ལ་སྟེ། མྱུར་བའི་དོན་ལ་ཡང་ངོས། དཀྵ་བཞག །ཤྱཱ་ཧྲྀ་ཉ་ཨ་ཝི་དྲུ། དཀྵི་རྣམས་ལ་ཨི་ནའོས། ཨི་ན་རྐྱེན། མཚམས་སྦྱར་བས། སི་རྣམ་བཅད། དཀྵི་ཎཿ ཙ། ཙ་ཚ་དག་ལ་ཤའོས། རྣམ་བཅད་ཤ །དཀྵི་ཎཱ་ཤྩ། པཱུརྦཱ་ངས྄། ང་ལྡན་རྣམས་ཞེས་པས། ཡས྄། དཀྵི་ཎཱ་ཤྩ་པཱུརྦཱ་ཡཿ དི་ཤ་ཤིན་ཏུ་འདོར་བ་ལའོས། དིཤ྄་བཞག །ཀྭིཔ྄་བྱིན། ཀ་སོགས་ཕྱིས། སི་བྱིན། ཙ་སྡེ་དང་ཏྲི་ཤ་སོགས་རྣམས་ལས་ཀྱང་ངོས། ཤའི་ག།།རྫོགས་པ་ལ་ཡང་ནའོས། གའི་ཀ། དིཀ །སརྦ་ན་མའི་ཡད྄། ཨཱང྄་སྔོན། སི། དི་གཱ་ཡཿ དི་ཤ་ལ་བི་སྔོན་བྱས་སྔར་བཞིན་སྒྲུབ་པས་བི་དིཀ྄་པཿ དེའི་སྔོན་དུ་བིདྱ་མཱ་ནོ་བཞག །དི་གཱཿ ཡོ་བིདྱ་མཱ་ནོ་བི་དིཀ྄་པཿ གྲུབ། དེར་གནས་རྣམ་དབྱེ་དབྱིའོས། དཀྵི་ཎ་པཱུརྦཱཿངེ། དཀྵི་ཎ་པཱུརྦ་སྱཻ། དཀྵི་ཎ་པཱུ་རྦཱཿང་སི། དཀྵི་ཎ་པཱུརྦ་སྱཱཿ དཀྵི་ཎ་པཱུརྦཱ་ངས། དཀྵི་ཎ་པཱུརྦ་སྱཱཿ དཀྵི་ཎ་པཱུརྦཱཿངི་། དཀྵི་ཎ་པཱུ་རྦ་སྱཱཾཿ ལྟ་བུའོ། །འདིར་ཐམས་ཅད་པའི་མིང་ལས་སུ་དང་བཅས་པ་སྟེ་སྔ་མ་ཐུང་ངུའོས། བར་དུ་སུ་ཨཱ་ག་མ་དང་པཱུརྦཱའི་ཨ་ཡིག་ཐུང་ངུར་བྱས་པ་ཐམས་ཅད་པའི་མིང་ཅན་གྱི་བྱ་བའོ། །མི་འགྱུར་བའི་དཔེ་དཀྵི་ཎ་པཱུརྦཱ་དེ། དཀྵི་ཎ་པཱུརྦ་ཡཻ། དཀྵི་ཎ་པཱུརྦཱ་ང་སི། དཀྵི་ཎ་པཱུརྦཱ་ཡཱཿ། དཀྵི་ཎ་པཱུརྦཱ་ངས྄། དཀྵི་ཎ་པཱུརྦཱ་ཡཱཿ དཀྵི་ཎ་པཱུརྦཿ ངི་། དཀྵི་ཎ་པཱུརྦཱ་ཡཱཾཿལྟ་བུ་སྟེ། སྔ་མ་དང་འདི་གཉིས་ཀར་ང་ལྡན་རྣམས་ཡཻ། ཡཱས྄་ཡཱས྄་ཡཱམ྄འོ། །ཞེས་པས་ངེ་ཡཻ། ང་སི་ཡཱས྄། ངས྄་ཡཱས྄། དི་ཡཱམ྄་རྣམས་སུ་བསྒྱུར་བའོ། །དེ་བཞིན་དུ་ཨུཏ྄་ཏ་ར་པཱུརྦ་སྱཻ།.....བྱང་ཤར། ཨུཏ྄་ཏ་ར་པཱུརྦཱ་ཡཻ།.....བྱང་ཤར། ཞེས་སོགས་རྣམས་སུའོ། །ཀ་མུ་མཛེས་པ་ལའོས། ཀུ་མུ་བཞག། ཨུ་རྗེས་འབྲེལ། བུད་མེད་ལ་ཀྟིའོས། ཀྟི་རྐྱེན། ཀ་རྗེས་འབྲེལ། ཀམ་ཏི་ཞེས་པར། ལྔ་པའི་ཨུ་པ་དྷཱའི་དྷུཊ྄་ལའང་ཡོན་ཏན་མེད་པ་ལའོ། །ཞེས་དང༌། ཨུ་པ་དྷཱ་རིང་པོ་དག་གོས། ཀཱ་རིང་པོ། ཀཱམ྄་ཏི། ཞེས་པར། སྡེ་པ་ལ་སྡེ་པའི་མཐའ་འོས། མ྄་ན྄་བྱས། སི་རྣམ་བཅད། ཀཱནྟིཿ ཡད྄་ངས྄། ཞེས་པར། ཏྱད྄་སོགས་ཀྱི་རྣམ་དབྱེ་ལ་ཨའོས། ཡད྄་ཀྱི་ང་ཨ་བྱས། ཨ་ཡིག་ལ་དབྱིའོས། ཡའི་ཨ་དབྱི། དའི་ཨ་དྲངས། ཡ་ངས྄་ཞེས་པས། ངས྄་སྱ་བྱས། ཡ་སྱ་པཱུརྦཱ། མི་ཟད་པའི་བཱ་བྱིན། ཀཱནྟིར྄་ཡ་སྱ་པཱུརྦཱ་བཱ། གྲུབ། ཏྲྀ་རྐྱལ་བ་དང༌། སྒྲོལ་བར་བྱེད་པ་དག་ལའོས། ཏྲྀ་བཞག །ཨུཏ྄་སྔོན། རྐྱེན་ཨཙ྄་བྱིན། ཨུཏ྄་ཏྲྀ། ཨཙ྄། ཞེས་པར་རྀ་ཨར྄་བྱས་པས། ཨུཏ྄་ཏ་ར། ཨཔ྄་རྐྱེན། ཨུཏྟ་རཱ་གྲུབ། ཚིག་གྲོགས་སྦྱར་བས། ཀཱནྟིར྄་ཡ་སྱ་པཱུརྦཱ་བོཏྟ།.....མཛེས་མ་གང་གི་ཤར། མ་བྱང་ཡིན་པ་དེ་ནི།.....རཱ་བིཏྱ་མ་ནཿསཿགྲུབ། དེར་གནས་རྣམ་དབྱེ་སོགས་ཀྱིས་ཚིག་སྡུད་བྱས། པཱུརྦོཏྟ་རཱ་.....བྱང་ཤར། དེའི་ཆེད་དུ་ནི། པཱུརྦོཏྟ་རཱ་ཡཻ། ཞེས་པ་འདིར་ཅིའི་ཕྱིར་མི་འགྱུར་ཏེ། གལ་ཏེ་ཚིག་གཉིས་ཞེས་པ་འདིས་འབྲུ་མང་པོ་བ་ཡིན་པས་སོ། །ཞེ་ན། བརྗོད་པར་བྱ་སྟེ། ཕྱོགས་རྣམས་ཀྱི་དངོས་གང་ཡིན་པ་ཕྱོགས་བྲལ་རྣམས་དེ་བཞིན་ཞེས་པ་འདིའི་འབྲུ་མང་པོ་པ་སྟེ། གལ་ཏེ་ཚིག་གཉིས་ཞེས་པ་འདི་ལ་མིན་ཏེ། བཏགས་པ་བ་དང་དངོས་དག་ལས་དངོས་ཡིད་ཆེས་པའོ། །ཞེས་སོ། །ཕྱོགས་བྲལ་རྣམས་དེ་བཞིན་ཞེས་པ་དངོས་དང༌། གལ་ཏེ་ཚིག་གཉིས་ཞེས་པ་འདི་ཕལ་པའོ། །ཞེས་པ་ཅི་ལྟར་སྙམ་ན། སྨྲས་པ་ཕྱོགས་བྲལ་རྣམས་དེ་བཞིན་ཞེས་པ་འདིས་འབྲུ་མང་པོར་བསྟན་པས་རྣམ་རྟོག་དེ་དག་མེད་དོ། །ཞེས་ལེགས་པར་བཤད་པས་དབུགས་འབྱུང་ངོ༌། །
༈ གཉིས་པ་ཤྲདྡྷཱའི་རྟགས་ལ་བརྟེན་པའི་རྣམ་འགྱུར་ནི། ཤྲདྡྷཱ་ཡཱཿསི་ལོ་པཾ། ཤྲདྡྷཱ་ལས་སི་དབྱིའོ། །ཞེས་པ་ཤྲདྡྷཱ་མིང་ཅན་གྱི་རྟགས་ཨཱ་མཐའ་ཅན་ལས་རྣམ་དབྱེ་དང་པོའི་སི་དབྱིའོ། །ཏྲྀ་རྐྱལ་བ་དང་སྒྲོལ་བར་བྱེད་པ་དག་ལའོས། ཏྲྀ་བཞག །ཨཙ྄་རྐྱེན། རྀ་ཨར་བྱས། ཏར། ཨཱཔ྄་བྱིན། ཏ་རཱ་.....སྒྲོལ་མ། སི་དབྱི། བྲཛྙཱ་.....ཤེས་རབ་མ། ལོ་ཙ་ནཱ་.....སྤྱན་མ། དེ་དག་སྒྲུབ་ཟིན། བཱ་འགྲོ་བ་དང་ཏྲི་དག་ལའོས། བཱ་བཞག །ཀྲྀ་བཱ་པཱ་ཛི་མི་སྭ་དི་སཱ་དྷི་ཨ་ཤཱུ་ཏྲྀ་ས་ནི་ཛ་ནི་ཙ་རི་ཙ་ཊི་རྣམས་ལས་ཨུ་ཎ྄འོས། ཨུཎ྄་རྐྱེན། ཎ་རྗེས་འབྲེལ། ཨཱཏ྄་མཐའ་རྣམས་ཀྱི་ཨི་ཙ་ལ་ཨཱ་ཡི་འོས། ཨཱཏ྄་མཐའི་དབྱངས་རྐྱེན་ལ་ཨཱ་ཡི་རྐྱེན། ཡའི་ཨི་བརྗོད་དོན་དབྱི། མཚམས་སྦྱར། བཱ་ཡུ། གྲུབ། སི་ཤྲཱདྡྷ་ལ་དབྱི། བཱི་རབ་ཏུ་སྐྱེ་བ་དང་མཛེས་པ་དང་འདུག་ས་དང་ཟ་བ་རྣམས་ལ་ཡང་ངོ༌། །ཞེས་པས། བཱི་བཞག །ཨུ་ཎའི། ག་བྱིན། ནཱ་མའི་བྱིངས་ཡོན་ཏན་བྱས། བེ་གཱ །ཨཱཔ྄་རྐྱེན་བྱིན། བེ་གཱ། སི་འཇིག །བཱ་ཡུ་བེ་གཱ་.....རླུང་ཤུགས་མ། ཤྱཻང྄་འགྲོ་བ་ལའོས། བྱིངས། ཤྱཻང྄་བཞག།།ང྄་རྗེས་འབྲེལ་ཕྱིས། ཤྱཱ་ལས་མ་ཀའོས། རྐྱེན་མཀ྄་བྱིན། ཀ་རྗེས་འབྲེལ་ཕྱིས། མཚམས་སྦྱར་བས། ཤྱཻ་མ། མཚམས་སྦྱར་གྱི་ཡི་གེའི་མཐའ་རྣམས་ཀྱི་བི་ཀ་ར་ཎ་མ་ཡིན་པ་ལ་ཨཱ་ཡིག་གོས། ཨཱ་བྱས། ཨཱཔ྄་བྱིན། པ྄་རྗེས་འབྲེལ་ཕྱིས། མཚམས་སྦྱར་བས། ཤྱཱ་མཱ། པུ་བྷ་ཏྲཱ། ཧ་ཡ་འགྲོ་བ་ལའོས། བྱིངས། ཧ་ཡ་བཞག །ཨཙ྄་རྐྱེན། མཚམས་སྦྱར་བས། ཧ་ཡ་.....རྟ། སི་འཇིག །ཊུཀྲྀཉ྄་བྱེད་པ་ལ་འོས། བྱིངས། ཊུཀྲྀཉ྄་བཞག །ཊུ་ཉ་དག་གོས་རྗེས་འབྲེལ་ཕྱིས། ཀྲྀ་བཞག །དྷཱ་པ་སི་དྲུ་རྣམས་ལས་ནའོ། །ཞེས་པས་མང་པོ་ཉིད་ལས། ན་རྐྱེན་བྱིན། རྀ་ཡོན་ཏན་ཨར་བྱས། ཀ྄་ཨར། ར་ཥ་རྀ་ལས་མཐའ་མིན་པའི། ནའི་ཎ་བྱས། དབྱངས་མེད་དབྱངས་དང་སྦྱར་ཏེ། མཚམས་སྦྱར་བས། ཧ་ཡ་ཀརྞཱ་.....རྟ་རྣ་མ། ཤྲངྔྷཱ་ལས་སི་འཇིག །ཁ་ནུ་ངེས་པར་འཇོམས་པ་ལ་འོས། བྱིངས། ཁ་ནུ་བཞག །ཨུ་རྗེས་འབྲེལ་ཕྱིས། ཁན྄། ཊ་རྐྱེན། ཊ་རྗེས་སུ་འབྲེལ་བ་ལས། མཐའི་དབྱངས་ལ་སོགས་པ་དབྱི། ཊ྄་རྟགས་དོན་ཕྱིས། མཚམས་སྦྱར་བས། ཁ། གྲུབ། གམླྀ་འགྲོ་བ་ལ་འོས། བྱིངས། གམླྀ། ལྀ་རྗེས་འབྲེལ་ཕྱིས། ཊ་རྐྱེན་བྱིན། ཊ་ལས་མཐའི་དབྱངས་སོགས་ཕྱིས། ཊ་ཕྱིས། ཨ་བཞག །མཚམས་སྦྱར་བས། ཁ་ག།།གྲུབ། ཨ་ན་ཡང་ངོ༌། །བྱིངས་ལས་དྷུ་ལའོས། ཨིན྄་བྱིན་ཕྱིས། ཀཱ་རི་ཏའི་མཐའ་རྣམས་ལས་ཡུའོས། ཡུ་རྐྱེན། ཡུ། ཨན་བྱས། ཨཱཔ྄་བྱིན། རྗེས་འབྲེལ་ཕྱིས། མཚམས་སྦྱར་བས། ཁ་ག་ཨཱ་ན་ནཱ།.....མཁའ་འགྲོའི་གདོང་མ། ཙཀྲ་བེ་གཱ་.....འཁོར་ལོའི་ཤུགས་ཅན་མ། འདི་སྔར་སྒྲུབ་ཟིན། ཁ་ཊི་སྲུབ་པ་ལའོས། བྱིངས། ཁ་ཊི་བཞག །རྗེས་འབྲེལ་ཨི་ཕྱིས། ཁ་ཊ་ཨི་དིཏ྄་ཀྱི་ནུམ྄་འོས། ནུམ྄། ཨུ་བརྗོད་དོན། མ྄་དབྱངས་མཐར་སྟེར་བའི་དོན་ཡིན་པས། ཁན྄ཊ྄། ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ། ཞེས་པས། ནའི་ཎ། ཁཎྚ། ཨཙ྄་རྐྱེན་སྦྱར་བས། ཁཎྜ་.....དུམ་བུ། གྲུབ། རུ་ཧ་ཛ་ནི་རབ་ཏུ་སྐྱེ་བ་ལའོས། བྱིངས། རུ་ཧ་བཞག །དངོས་པོ་ལའོ། །ཞེས་གྷཉ྄་རྐྱེན། གྷ་ཡིག་ཙ་ཛ། དག་གིའོ། །ཞེས་པས། གྷ་ཕྱིས། ཨ་བཞག །ཉ་གྲུབ། པ་ཉ་ཎ་སོགས་ཀྱིས་ཕྱིས། ཨུ་པ་དྷཱ་ན་མི་དང་ཡང་ཡང་བའོས། ཨུ་པ་དྷཱ་ཡོན་ཏན་ཨོ་བྱས་པས། རོ་ཧ། ཨཱཔ྄་བྱིན། རྗེས་འབྲེལ་ཕྱིས་པས། ཁཎྚ་རོ་ཧཱ་.....དུམ་སྐྱེས་མ། ཤྲཱངྔྷ་ལས་སི་འཇིག །ཤྲཱངྔྷཱ་མིན་ན་ཨཱ་རིང་ཡིན་ཀྱང་སི་མི་འཇིག་སྟེ། ཀཱི་ལ་བཅིངས་པ་ལའོས། བྱིངས། ཀཱི་ལ་བཞག །ཨུ་ཎ྄འི། ཨཱ་ལཉ྄་རྐྱེན། ཉ྄་ཕྱིས། མཚམས་སྦྱར་བས། ཀཱི་ལཱ་ལ།.....ཅ་ཅོ་ཅན་ཏེ་ཆུ། གྲུབ། པཱ་བཏུང་བ་ལའོས། བྱིངས། པཱ་བཞག །ཀྭིཔ྄་རྐྱེན། ཀ།།ཀ་ལ་ཡ་ན་བཞིན་གྱི་དོན་དང༌། པ྄་རྗེས་འབྲེལ་ཡིན་པས་ཕྱིས། སྦྱར་བ་མིན་པས། བི་དབྱི། པཱ། སི་རྣམ་བཅད་བྱས་པས། ཀཱི་ལཱ་ལ་པཱཿ.....ཆུ་བཏུང་བ། མལ྄་འཛིན་པ་ལ་འོས། བྱིངས། མལ྄་བཞག །གྷ་ཉ་རྐྱེན་བྱིན། ཉ་ཡིག་གྲུབ་པ། ཉ་ཎ་རྗེས་སུ་འབྲེལ་བ་ལ་ཨིཙ྄་བཞིན་དུའོ། །ཞེས་པའི་ཁྱད་དོན་ཡིན་པས་ཕྱིས། བྱིངས་ཀྱི་དང་པོ་འཕེལ་བས། མཱལ྄། གྷ྄་ཙ་ཛ་དག་གི །དྷུཊ྄་གྷ་རྗེས་སུ་འབྲེལ་བ་ཀ་ག་དག་གོ །ཞེས་པའི་ཁྱད་དོན་ཡིན་པས་ཕྱིས། མཚམས་སྦྱར་བས། མཱ་ལ། གྲུབ། ཨཱཔ྄་བྱིན། པ྄་ཕྱིས། མཱ་ལཱ། ཛས྄་བྱིན། ཛ྄་ཕྱིས། ས་རྣམ་བཅད། མཱ་ལཱཿགྲུབ། ཊཽ་སོ་རེ་ཌ། ཊཱ་ཨོས྄་དག་ལ་ཨེའོ། །ཞེས་པ་ཤྲདྡྷཱའི་རྟགས་མཐའི་ཕ་རོལ་ཏུ་རྣམ་དབྱེ་ཊཱའམ་ཨོས྄་བྱུང་ན། སྔ་མའི་རྟགས་མཐའི་ཨཱ་ཡིག་རིང་པོ་དེ་ཨེ་རུ་འགྱུར་ཏེ། ཎ་མ་རབ་ཏུ་འདུད་པ་དང་སྒྲ་ལའོས། བྱིངས། ཎ་མ་བཞག །མའི་ཨ་བརྗོད་དོན་ཡིན་པས་དབྱི། བྱིངས་ཀྱི་ཎ་ནར་བསྒྱུར། ནམ྄། གྲུབ། ཨ་སུན྄་རྐྱེན། ཨུན྄་བརྗོད་དོན་དབྱི། མཚམས་སྦྱར་བས། ནམ྄། ཨས྄། གནས་པ་མཚམས་སྦྱར། ས་རྣམ་བཅད། ན་མཿ.....ཕྱག་འཚལ་ལོ། གྲུབ། ཏྲཱྀ་རྐྱལ་བར་བྱེད་པ་དང༌། སྒྲོལ་བར་བྱེད་པ་ལའོས། བྱིངས། ཏྲཱྀ་བཞག །དངོས་པོ་ལའོས། གྷཉ྄་གྷ། ཙ་ཛ་དག་གི །དྷུཊ྄་གྷ་རྗེས་སུ་འབྲེལ་བ་ལ་ཀ་ག་དག་གོ །ཞེས་པའི་ཁྱད་དོན་དབྱི། ཨ་བཞག །ཉ་ནི། གྲུབ་པ། ཉ་ཎ་རྗེས་སུ་འབྲེལ་བ་ལ། ཨིཙ྄་བཞིན་དུ་འོས། ཁྱད་དོན་ཡིན་པས་དབྱི། ཏྲཱྀའི། རཱི། ཨཱར་བྱས། ན་མཿཏཱ་རཱ།.....སྒྲོལ་མ་ལ་ཕྱག་འཚལ་ལོ། གྲུབ། ན་མཱཿ སྭ་སྟི། སྭཱཧཱ། སྭཱདྷ྄། ནུས་པ། བ་ཥཊ྄་སྦྱོར་བ་ལ་བཞི་པའོས། རྣམ་དབྱེ་བཞི་པའི་ངེ་བྱིན། ང་ཡིག་ནི། ང་ལྡན་རྣམས་ཡཻ། ཡཱས྄་ཡཱས྄་ཡཱམ྄འོ། །ཞེས་པའི། ཁྱད་དོན་ཡིན་པས་དབྱི། ཤྲདྡྷཱ་ལ་བཞི་བའི་རྣམ་དབྱེ། ངེ་ནི་ཡཻ། ན་མཿཏཱ་རཱ་ཡཻ། གྲུབ། རྣམ་པར་བཅད་བྱ་ཏའམ། ཐ་ལ་སའོ། །ཞེས་པས། གོང་གི་རྣམ་བཅད་ས་བྱས། དབྱངས་མེད་དབྱངས་དང་སྦྱོར་ཞེས་པས། ན་མསྟཱ་རཱ་ཡཻ།.....སྒྲོལ་མ་ལ་ཕྱག་འཚལ་ལོ།། གྲུབ་སྟེ། པྲ་ཛྙེ།.....ཤེས་རབ་མ། ལོ་ཙ་ནེ།.....སྤྱན་མ། ཁཎྜ་རོ་ཧེ།.....དུམ་སྐྱེས་མ། པུཥྤེ།.....མེ་ཏོག་མ། མཱ་ལེ།.....འཕྲེང་བ་མ། ཛ་ཡེ།.....རྒྱལ་མ། པུཎྱེ།.....བསོད་ནམས་མ། བཛྲེ།.....རྡོ་རྗེ་མ། ཤུདྡྷེ།.....དག་མ། ཤོ་དྷ་ནེ།.....སྦྱོང་བྱེད་མ། དྷུ་པེ།.....བདུག་སྤོས་མ། ཨཱ་ལོ་ཀེ།.....སྣང་གསལ་མ། གནྔྷེ་སོགས།.....དྲི་ཆབ་མ། གཟུངས་དང་མཆོད་སྔགས་སོགས་ལ་འདིའི་མཐའ་ཅན་ཤིན་ཏུ་མང་བར་སྣང༌།

ལོ་ཆེན་བློ་བཟང་འོད་ཟེར་གྱི་དྲི་ལན།

ལོ་ཆེན་བློ་བཟང་འོད་ཟེར་གྱི་དྲིས་ལན་ཀུན་མཁྱེན་འཇམ་དབྱངས་བཞད་པས་གསུངས་པ་བཞུགས་སོ། །
ན་མསྶྭ་ར་སྭསྟྱཻ། ཟླ་ཟེར་བྱེ་བའི་ཉིང་ཁུ་བདུད་རྩིའི་མཚོར། །ལེགས་སྨོན་ལྷས་བསྲུབ་ཟླ་བའི་བཞིན་ལྡན་མ། །དུས་གསུམ་རྒྱལ་བའི་ཡུམ་གཅིག་དབྱངས་ཅན་ལྷར། །ཕྱག་བྱས་ལེགས་སྦྱར་ཀུ་མུད་བཞད་པས་བྲེལ། །དྲི་ཚིག་ནི། ཀ་ལཱ་པའི་ཀུན་བཤད་ཀྱི་ལེའུ་གསུམ་པར། མཚུངས་པ་མ་ཕྱིས་ན་ཡང་བ་ལ་ཨིན྄་ལས་ཙཎ྄་ཕ་རོལ་ལ་སན྄་བཞིན་ནོ། །ཞེས་པ་དེའི་དཔེར་བརྗོད་ཀྱི་རི་མོ་ཐོན་ནའང་མཚུངས་པའི་མིང་ཅན་གྱི་ཡི་གེ་ཕྱིས་མ་ཕྱིས་པའི་དོན་མ་གོ་བས། དེའི་དོན་གོ་བདེ་བའི་དཔེར་བརྗོད་དང་བཅས་བཀའ་གསལ་པོ་གནང་བ་དང༌། ཞེས་གསུངས་པའི་ལན་ནི། དེའི་དཔེར་བརྗོད་ཀྱི་རི་མོ་ཐོན་ནའང་མཚུངས་པའི་མིང་ཅན་ཕྱིས་མ་ཕྱིས་མ་དགོངས་གསུངས་པ་འདི་དཔེ་བཤད་པའི་རི་མོ་ཐོན་ན་མཚུངས་པ་ཕྱིས་མ་ཕྱིས་གང་རུང་གི་རི་མོ་བྱེད་དགོས་པས་དེ་ཕྱིས་མ་ཕྱིས་ཀྱི་དོན་མི་དགོངས་རྒྱུ་མི་འདུག་པས་འགལ་བ་ལྟར་སྣང་ཡང༌། འདི་ལ་དོགས་པ་གཞན་ཡོད་པས་དེར་དགོངས་པ་ཡིན་འགྲོ་བས་ལོ་ཆེན་གྱི་ཊཱིཀ་ཆུང་གི་དཔེར་བརྗོད། ཨ་ཙཱི་ཀ་རཏ྄། ཨ་པཱི་པ་ཋཏ྄། གཉིས་ནི་མཚུངས་པ་མ་ཕྱིས་པའི་དཔེར་བརྗོད་ཡིན་ཏེ། ཨཌ྄་སྔོན་མ་ཅན་གྱི། ཌུ་ཀྲྀཉ྄་དང༌། པཋ྄་ལ་ཨིན྄་དང༌། ཤྲི་དྲུ་སྲུ་སོགས་ཀྱིས་དེ་མཐར་ཙཎ྄་བྱིན། ཙ྄་དང་ཎ྄་རྗེས་འབྲེལ་ཡིན་པས་ཕྱིས། པ་རོཉ྄ཀྵའི། དི་བྱིན། ཨི་གསལ་བྱེད་ལས། དི་སི་དག་གིའོས། དོན་ཡིན་པས་ཨི་ཕྱིས། ཨུ་པདྷཱ་རིང་པོ་དང༌། ནཱ་མི་འཕེལ་བ། ཀཱ་ར྄་དང་པཱ་ཋ་གྲུབ་པས་མཚུངས་པ་མ་ཕྱིས་སོ། །དེས་ན་ཁ་ཅིག་ཀྲཱི་དང་ལ་ལས་རྀ་ཨ་བྱས་ཟེར་བ་ཡང་འཁྲུལ་ལོ། །ཨིན྄་ཀཱ་རི་ཏ་ཕྱིས། ཨིན྄་དང་ཙཎ྄་ལ་ཀཱ་དང་པཱ་ཐུང་ངུ༌། བྱིངས་གཉིས་སུ་བཞག །སན྄་དང་འདྲ་བཱི་དོན་ཡིན་ནོ། །རི་མོ་ལྷག་མ་སླ། དེ་ན་སློབ་ཕན་ལས་ཀྱང་བྱིངས་པཋ྄་དང་པཙ྄་དག་ལ་བསྒྲུབ་པ་མི་འཐད་དེ། ཡང་བ་ཞེས་པ་མི་འགྲུབ་པའི་ཕྱིར། དེས་ན་མཚུངས་པའི་མིང་ཅན་མ་ཕྱིས་པ་དང༌། ཡང་བའི་ཡི་གེ་ཕ་རོལ་ཏུ་ཡོད་པ་ཅན་གྱི་བྱིངས་ལ། ཨིན྄་དང་ཙཎ྄་ཕ་རོལ་དང་པ་རོཉ྄ཀྵའི་རྐྱེན་སྦྱར་བ་ལྔ་ཚང་དགོས་ཏེ། སློབ་ཕན་ལས་ཀྱང༌། མཉམ་པའི་ཡི་གེའི་མིང་ཅན་ཕྱིས་པར་མ་གྱུར་པ་ཡོད་ལ། ཕ་རོལ་ན་ཡང་བའི་ཡི་གེ་ཡོད་ན། ཞེས་པ་ནས། ཨིན྄་དང་ཙཎ྄་དག་ཕ་རོལ་ན་ཡོད་པར་གྱུར་ནའོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་ཊིཀ་ཆུང་འདི་དང་ཀར་ཊཱིཀ་ལས་མ་ཐོན་ནོ། །མཚུངས་པ་མ་ཕྱིས་ཞེས་པ་ཅི་ཞེ་ན། ཀ་ཐ་ངག་གི་རྒྱུན། ཙུར྄་སོགས་ལས། ཨིན྄། དབྱངས་དང་གིས྄་ཀཱ་རི་ཏྲ་དབྱི། ཨལ྄། མཚུངས་འདྲ་རིང་པོ་དང་ཕ་རོལ་ཕྱིས། ཀཱ་ཐཱ། དྲྀར་མ་གུས་པཱི། བྱིངས། ཨ་དི་རྐྱེན། ཨི་རྗེས་འབྲེལ་ཕྱིས། ཀ་ཐཱ། དྲྀ་ཥད྄་ཞེས་པ་ལ་ཨིན྄། ཨིན྄་ལ་རྟགས་སོགས་ཀྱིས། མཐའི་དབྱངས་སོགས་ཕྱིས། དི་རྐྱེན། དང་པོ་ཨཊ྄། ཙཎ྄། ཀཱ་རི་ཏ྄་ཕྱིས། གཉིས་བརྗོད། ཀ་ཙ་རྀ་ཡིག་ཨ་བྱས་པས། ཨ་ཙ་ཀ་ཐ་ཏ྄། ཨ་ད་དྲྀ་ཥད྄། གང་ཨིན྄་ཕ་རོལ་ལ་ཨིན྄་ལ་དབྱི་བ་དེ་ལ་མཚུངས་པ་ཕྱིས་པས་སན྄་བཞིན་མི་ཐོབ་པོ། །ཡང༌། པད྄་སྨྲ་པ། ཨིན྄། སྨྲ་རུ་འཇུག་པ་སོགས་ཀྱིས། སླར་ཡང་ཨིན྄། ཀཱ་རི་ཏ་སྔ་མ་དབྱི། དི། ཨཊ྄། ཙཎ྄། ཀཱ་རི་ཏ་དབྱི། ཨིན྄་དང་ཙཎ྄་ལ། མཚུངས་པ་མ་ཕྱིས་པའི་སོགས་ཀྱིས། ཐུང་ངུ་གཉིས་བརྗོད། ཨ་བཱི་པད་ཏ྄། གྲུབ་བོ། །ཡང་པ་ལ་ཅི་ཞེ་ན། རཀྵ་བསྲུང༌། ཨན྄། དི། ཨཊ྄། ཙཎ྄་རྣམས། བརྩེགས་པ་ལྕི་བའོས། ཨ་ཡིག་ལྕི་བའོ། །ཨར་རཀྵ྄ཏ། གྲུབ། ཡང༌། ཙཎ྄་ཕ་རོལ་ཞེས་པ་ཅི་ཞེ་ན། ན་ཊ་ག་ར། ཛྭལ྄་འབར། ཨིན྄། ཨུ་པ་དྷཱ་རིང༌། མ་རྗེས་འབྲེལ་སོགས་ཀྱིས། ཨ་ཧཾ་སྔོན། ངེད་ལ་ཕྱི་མའོས། པ་རོ་ཉ྄ཀྵའི་སྐྱེས་བུ་ཕྱི་མའི་གཅིག་ཚིག་ཨཊ྄། ཨ་ཧཾ་ནཱ་ནཊ྄། ཨཧཾ་ཛ་ཛྭཱ་ལ་གྲུབ་པ་ལེགས་ཏེ། འདིའང་རི་མོ་རགས་པ་ལས་གོ་བ་དང་རྒྱུ་མཚན་ཞིབ་པར་བྱ་བྱེད་ལས་དངོས་གཞི་དུས་གསུམ་རྣམ་དབྱེ་ཕྱེད་ནས་སྨྲ་དགོས་མོད་ཀྱང༌། རི་མོ་ཙམ་ལས་ཚིག་སྤྱི་གོ་བ་ཡང་བར་སྐབས་ནས་མ་བྱུང་བར་སྣང་ལ། ཕྱོགས་རེས་དེ་དག་ག་ལ་གོ་སྟེ། སྒྲ་ཚད་གཉིས་ཀྱི་སྐྱ་བར་ནས་བཤད་དགོས་པའི་ཕྱིར། ཉིད་ཀྱིས་ནན་ཆེར་འདུག་པས་བྲི་ལོང་མི་སྣང་ཡང་གཞན་ལ་ཕན་སྲིད་སྙམ་ནས་བྲིས། ཚིག་གི་ཆུ་གཏེར་རི་མོ་སུ་ཡིས་ཟིན། །དོན་གྱི་གནད་བསྡུས་ཐར་དང་རྣམ་མཁྱེན་ལམ། །དལ་འབྱོར་འདིར་འབད་ཕྱིས་འདི་ག་ལ་རྙེད། །ཉིན་མཚན་ཆོས་ལ་ཐོས་བསམ་བསྒོམ་པར་སྨོན། །ཞེས་འདི་ཀ་ཙཎ྄་སྒྲ་རིག་ལ་མཁས་པའི། །ལོ་ཆེན་བློ་བཟང་འོད་ཟེར་གྱིས་བསྐུལ་ཚེ། །སྒྲ་ཚད་སྨྲ་བ་འཇམ་དབྱངས་བཞད་པ་ཞེས། །རྡོ་རྗེ་ཚིག་སྨྲ་དེ་ཡིས་དེ་སྐད་ལོ། །

སྒྲ་མདོའི་དཀའ་གནད་དོགས་གཅོད།

སྒྲ་མདོ་ཆེན་པོ་བཞི་ལས་བརྩམས་པའི་དཀའ་གནད་ཀྱི་དོགས་གཅོད་འཇམ་དབྱངས་དགྱེས་པའི་རོལ་མོ་ཞེས་བྱ་བཞུགས་སོ། །
ན་མསྶྭར་སྭ་སྟྱཻ། བླ་མ་དང་ལྷག་པའི་ལྷ་ཐམས་ཅད་ཀྱི་ཕྱག་ན་པདྨ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ། ཆ་བསག་གི་དྲི་བའི་ལན་ལ་པཱ་ཀཿའཚེད་པ་སྒྲུབ་ན། འཚེད་པའི་བྱིངས་པ་ཙལ་གྷ་ཉ྄་བྱིན། གྷའི་ཨ་མ་གཏོགས་པ་ཕྱིས། ཙ་ཛ་དག་གིས་ཀ་ག་དག་གོས་བྱིངས་ཀྱི་ཙ་ཀ་དང༌། ཨིཙ྄་བཞིན་དུ། ཨའི་ཨུ་པ་དྷཱ་རིང་པོ། སི་བྱིན་པས། པཱ་ཀཿའཚེད་པ་གྲུབ། ཀྲིཏ྄་དང་པོས། ཤྲི་བི། ཨ་བི། མ་བི། ཛྭ་རི། ཏྭ་ར་རྣམས་ཀྱི་ཨུ་པ་དྷཱ་དང་ངོ༌། །ཞེས་པའི་འགྲོ་བ་དང་སྐེམ་པའི་བྱིངས་ཤྲྀབ྄ལ་ཀྭིབ྄་ཕྱིན། ཀྲིཏ྄་འདི་ཉིད་ལས། ཚ་བ་དག་གིས་བ་ཨུཊ྄་བྱས་པས། ཤྲཱུཿ ཡང་བྱིངས་དེ་ལ། དྷུ་ཌ་ཡོན་ཏན་མེད་པ་ལ་ཞེས་པས། ཀྟ་བྱིན་པས། ཤྲུ་ཏཿ དེ་ལ་ཀྟ་བནྟུ་བྱིན། ཤྲུ་ཏ་བཱན྄། ལྔ་བ་ལ་ཞེས་པས་བྱིངས་དེ་ལ་མན྄་སྦྱར། ན྄་རྗེས་འབྲེལ། ཨུ་ཨོ་དང༌། སི་བྱིན་པས། ཤྲོ་མཱཿསྐེམ་པར་བྱེད། སྲུང་བའི་བྱིངས་ཨ་བི་ལའང་རྐྱེན་དེ་དག་ལས། མན྄་བྱིན། ན྄་རྗེས་འབྲེལ་ཕྱིས། མཐའི་དབྱངས་དང་པོ་དབྱིའོ་ཞེས་པས་མའི་སྲོག་ཕྱིས། མ྄་ནི་རྗེས་སུ་ང་རོ་བྱས་པས། ཨོཾ་.....སྲུང་སོགས་ལའོ། །གྲུབ་སྟེ། འདི་ལ་སྒྲུབ་ཚུལ་དང་དོན་ཤིན་ཏུ་མང་ལགས། ཀྲིཏ྄་དྲུག་པ་ལས། གམ྄། ཧན྄། བིད྄། བི་ཤ།། ཏྀ་ཤ་རྣམས་ཀྱིས་ཞེས་སོགས་ཀྱིས། གམླྀ་འགྲོས་ལྀ་ཕྱིས། ཀྭནྶུ་ནྶུ་རྐྱེན། ཀ་དང་ཨུ་ཕྱིས། ཡང་ནའོས་ཨིཌ྄་བྱིན། གཉིས་བརྗོད། གསལ་ལྷག །ཀ་སྡེ་ཙ་སྡེས་ག་ཛ། ཨིཊ྄་ལ་ཨུ་པ་དྷ་ཕྱིས། ཛགྨི་ཝཱན།.....འགྲོ་བ། གྲུབ། ཀ་ལ་པའི་དྲི་བའི་ལན་རགས་པ་སོང༌།
༈ ཙནྡྲ་པའི་གཉིས་པའི་བཞི་པ་ལས་བུ་རྒྱུད་སྐབས་སུ་ཐར་ལོ་ཉི་མ་རྒྱལ་མཚན་འགྱུར་ལས། ཏི་ཀ་ལ་སོགས་པ་རྣམས་ལ་ཕཀ྄འོ་ཞེས་དང༌། ཐུགས་རྗེ་དཔལ་གྱི་འགྲེལ་འགྱུར་ལས། ཕིཉ྄་འབྱུང་ལ། ཏི་ཀ་དང་ཀི་ཏ་ལ་སོགས་པ་རྣམས་ལས། དང་གི་དོན་དོན་གཅིག་པ་ལའོ། །ཏི་ཀྲྀ་འགྲོ་བའི་དོན། ཨིཀ྄་མཐའ་ཉེ་ལས་ཀ྄ །ཏིཀ྄། ཕིཉ྄འམ། ཕཀ྄འོས། ཚ་དང་ཕིཉ྄འམ་ཕཀ྄་ཀ྄་ཉ྄་འཕེལ་བའི་དོན་གྱིས་འཕེལ་བ། ཕི་ཨཱ་ཡན། ཏཻ་ཀཱཡན་གྲུབ། ཛས྄་བྱིན། གྲངས་མེད་པའི་ཙ། ཏཻ་ཀཱཡན་ཡཤྩ་གྲུབ།
༈ ཙནྡྲ་པའི་བཞི་པའི་དང་པོས། རྣམ་པར་འགྱུར་བ་ལས་རང་བཞིན་ལའོ་ཞེས་པའི། སོལ་བའི་ཆེད་དུ་ཤིང་རྣམ་པར་འགྱུར་བ་ནི། ཨ་གི་འགྲོ་བའི་དོན་ལ་ཚ་བྱིན། བར་རྐྱེན་ནུམ྄། ཨུ་དང་མ་ཕྱིས། ཛྷ་ས་ལ་མཐའ་མིན་པའི་ནའི་འོས། ན྄་རྗེས་སུ་ང་རོ། ཡཔ྄་ལ་རྗེས་སུ་ང་རོའི། ཡམ྄་མོས། རྗེས་སུ་ང་རོ་ང་ཉིད་དོ། །ཨངྒི་གྲུབ། ཨངྒི༌། མ་དི། མནྡི། ཀ་ཌི་སོགས་ཀྱིས། ཨཱརན྄་བྱིན། ཚ་ཨཱི་ཡ྄། སོགས་བསྒྲུབ་པས། ཨངྒཱ་རཱི་ཡ་ཎི་གྲུབ། ཙནྡྲཔའི་དྲི་བ་རགས་པ་སོང༌།
༈ འཇམ་གྲགས་པའི་སི་སོགས་བྱ་བ་ན་རཱ་ག་བཱི་ཡ་ཎི་མ་རྙེད། གཞན་འཇམ་དབྱངས་སྒྲ་མདོ་མེད། ཡང་དྲི་བ། པཱ་ཎི་བའི། ཤྲཐྣ་ཱཏི་གསུང་འདུག་པ་རྙེད་མ་བྱུང༌། པཱ་ཎི་བའི་ཀུན་བཤད་ཀྱི་དངོས་པོ་དང་ལས་ཀྱི་སྐབས་སུ། ཎི། ཤྲནྠི། གྲནྠི། བྲཱུཉ྄་སོགས་ཀྱིས། ཤྲནྠ་ལ། ལས་ཀྱི་དོན་ལ། ལཌ྄་བྱིན་པས། ཤྲཐྣིའ་རེ། གྲུབ་པ་ཡིན་ནམ། ཨིནྡྲ་སོགས་ཀྱི་སྡེབ་སྦྱོར་ཞིབ་དཔྱོད་མ་ཐུབ། སྐད་དོད་སོ་སོར་སྦྱར་ན། དབང་པོ།.....ཨིནྡྲཱ།.....ཨཱ་དི་ལ་རྣམ་དབྱེ་སྦྱར་བས་ཨཱ་ད་ཡ་སྟེ་ཡང་ན།.....ད་ཡཿ.....ལ་སོགས་ཀྱིས། མཚམས་སྦྱར་ཚུལ་སླ། ཨ་པིཿ.....ཀྱང༌། ཡ་སྱ།.....གང་གི །ཨནྟཾ།.....མཐའ། ན།.....དགག་ཚིག །ཡ་ཡུཿ་.....ཐོབ་པ་སྟེ་ཚིག་གྲོགས་ཀྱིས་མ་དཔོག་པར་བྱས། ཤབྡ།.....སྒྲ། བཱ་རི་དྷིཿ.....ྋཆུ་གཏེར། པྲ་ཀྲྀ་ཡཾ།.....རབ་ཏུ་བྱ་བ། ཏ་སྱ།.....དེ་ཡི། ཀྲྀཏྶ་སྱ།.....རྫོགས་པའམ་མཐའི་དག །ཀྵ་མཿ.....བཟོད་པའམ་ནུས། བཱ་ཀྟུཾ།.....སྨྲ་བའམ་གཏམ། ན་རཿ.....མི། ཀ་ཐ་མ།.....ཇི་ལྟར། བྱིངས་ནི། ཨི་དི་མཆོག་གི་དབང་ཕྱུག་སོགས་ཏེ་ཤིན་ཏུ་སླ། ཤབྡ་སྤྱིར་བཏང་བ་ལ་སྦྱིན་པ་དང་སྨྲ་བ་ལ་ཡང་ངོས། ཤབྡ། ཨིན། ཨམ། ཀ་རི་ཏ་དབྱི། མོ་རྐྱེན། ཨཱཔ྄། ཤབྡཱ་.....སྒྲ་མའམ་རོལ་མོ་མ། ནྲཱྀ་ཚུལ་ལའོས། ནྲཱྀ། དབྱངས་དང་ཞེས་པས་ཨལ྄། ཡོན་ཏན། ན་ར། .....མི། གྲུབ།
༈ འདི་ཉིད་ལས། དེས་གསུངས་ཆོ་ག་ལྔ་པོ་ངེས་པར་བཤད། ཅེས་པའི་ལྔ་ནི། པྲྀ་ཥོ་ད་ར་ལ་སོགས་ཞེས་པའི་ནང་ཚན་ཏེ། ཡི་གེ་བསྣོལ་བ་ནི། འཚེ་བའི་བྱིངས་ལས་བསྒྲུབ་པའི་ཧིང྄་ས་ཞེས་པའི་དབྱངས་བྲལ་ཏེ། ཧ྄་ཨིང྄༌། ས྄་ཨ། ཞེས་བྲིས་ནས། ས་གོང་དང་ཧ་འོག་ཏུ་བྱས། མཚམས་སྦྱར་བས། སིངྷ། ཡི་གེ་འགྱུར་བ་ནི། མ་ཡུ་རཿསྟེ། རུའམ་རཻ་སྒྲ་ལ་འོས། རུ་རཻ་གང་རིགས་བཞག ། རྐྱེན་ཌ། ཌ་ལ་ཊིཏ྄་ཕྱིས། ཌ྄་ཕྱིས། ཨ་བཞག །དབྱངས་ཀྱི་དམན་པ་ཕ་རོལ་ཏུ་སྦྱར་བས། ར། སི། ཨི་བརྗོད་དོན། ས་ར་དག་གིས་རྣམ་བཅད་བྱས། རཿས་གཞིའི་སྐད་དོད་མ་ཧཱི་གོང་དུ་བཞག །མ་ཧཱི་རཿ ཞེས་པ་ལས་ཧཱི་སྲོག་བཅས་ཡཱུ་བྱས་པ། མ་ཡཱུ་རཿསྟེ། ས་ལ་སྒྲ་སྐད་ཕུལ་ཕྱུང་སྒྲོགས་པའི་དོན། ཡི་གེ་ཉམས་པའི་དཔེར་འདིར་བཤད་པའི། བྷྲ་མ་རཿདང༌། པཱ་ཙ་ན་དག་ལས་བཤད་པའི་པྲྀ་ཥོ་ད་ར་དང༌། ཀཔི་ཏྠ་དང༌། ཨཤྭརྠ་སོགས་ཀྱིས་བྷྲ་མཏ྄། རཿབཞག ། པྲྀ་ཥོ་ད་ར་སོགས་དང༌། འཇིག་རྟེན་པའི་སོགས་དང༌། འདི་ཉིད་ལས། ཡི་གེ་རྣམ་པར་འགྱུར་དང་ཉམ་དག་གིས། །ཏ྄་ཕྱིས། བྷྲ་མརཿསྟེ། བྷ་མུ་གཡོ་བྱིངས་ལས་བསྒྲུབ་པས་ན། གཡོ་བའམ། འཁོར་བའམ། འཁྱམ་པ་སོགས་ཏེ། ཆེས་གཡོ་ཞིང་སྒྲ་སྐད་འབྱིན་པའི་ཕུལ་བྱུང་གི་དོན་ཏེ། གཞན་ཡང༌། ར་ཏི་མེ་ནཿ ཞེས་པའི་ཨི་དང་མ་སྲོག་བཅས་ཕྱིས། རིན་ཆེན་ནམ་དཀོན་མཆོག་སོགས་ཏེ་ཡིད་དགའ་བ་ཞེས་པའི་དོན་ནོ། །ལྷག་མ་སླ། ཞེས་པ་འདི་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དྲིས་ལན་དུ་ཕུལ་བའོ། །མངྒ་ལཾ་བྷ་ཝནྟུ།།

རྟགས་གསུམ་སྒྲ་རིགས་མཛེས་རྒྱན།

ཏྲིལིངྒསྱབྷེདསཱུཏྲལགུམཏྱཱགཤཏཱིརྠཾཤཔྟབིཏྱསུཨལཾཀརནཱམབིཧརཏིསྨ། །
རྟགས་གསུམ་གྱི་དབྱེ་བ་མདོར་བསྡུས་བློ་གསལ་འཇུག་ངོགས་སྒྲ་རིགས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །
ས ཧཿ ཛཱ རུ བྷྱཾ སཽ ཁ པྲཱ ཛྙཱ ནི དྷིཿ ། སྭ ར སྭ སྟཱི པྲཱི ཡཱ གམྦྷཱིར སཽ ཁེ། །
ལྷན་སྐྱེས་བདེ་ཆེན་མཁྱེན་རབ་གཏེར། ། དབྱངས་ཅན་དགའ་མའི་བདེ་བ་ཆེར། །
པྲ ད རྵཱི མ ཉྫོ ཤྴྲཱི པི ཏྲཾ མཏཱ ཎཱཾ། །པྲ སཱ དཿ ཀཱརྟཱ རྒ ཏྱོ སཱུ རྱ ཡོཿ བཾ། །
དགྱེས་ལྡན་འཇམ་དཔལ་ཡབ་ཡུམ་གྱིས། །བཀའ་དྲིན་འགྲོ་ལ་ཉིན་བཞིན་མཛོད། །
འཆད་དང་རྩོད་དང་རྩོམ་པ་འདི། །མཁས་པའི་འཇུག་ངོགས་རྨད་བྱུང་སྟེ། །དེ་སྒྲུབ་སླད་དུ་སྒྲ་རིགས་དབྱིག །རྟགས་ཀྱི་དབྱེ་བ་མདོར་བསྡུས་བྱ། །རྟགས་སམ་མིང་ལ་ཕོ་མོ་དང༌། །མ་ནིང་འདྲེས་པ་བཞི་རུ་བཤད། །དེ་དག་དབྱངས་གསལ་མཐའ་ཡིས་གཉིས། །ཕོ་ལ་དབྱངས་གསལ་མཐའ་ཅན་ལས། །རཱྀ་ལྀ་.....རཱི་རིང་མཐའ་མ་བཤད་ཅིང་འཇམ་གྲགས་ཀྱིས་ལྀ་དང་ཨེ་མཐའ་ཕོ་ལ་མེད་གསུངས། ཨེ་མཐའ་ཕོ་ལ་དོར། །ཨ་མཐའ་དེ་བ་.....ལྷ། གྷ་ཊ་.....བུམ་པ་འེ། སོགས། །ཞི་བ་བཏུང་ངམ་ཟླ་བ་འཐུང།.....སོ་མ་པཱ་སོགས་ཨཱ་རིང་མཐའ། །ཨགྨི་.....མེ་ཧ་རི་.....འཕྲོག་བྱེད། སོགས་མཐའ་ཨི། །སུ་ངྷཱི་.....བློ་བཟང། ལ་སོགས་ཨཱི་རིང་མཐའ། །ཨཾ་ཤུ་ཨི་ཥུ་.....འདོད་པ། སོགས་ཨུ་མཐའ། །པ་ཏི་བྷུ་.....སོ་སོར་འབྱུང་བ། སོགས་ཨཱུ་རིང་མཐའ། །པི་ཏྲི་.....ཕ། ལ་སོགས་རྀ་ཐུང་མཐའ། །ྋའདི་ཕོ་དང་མོ་གཉིས་ལ་གཟུགས་གཅིག་སྟེ་འབྱོར་བ་དང་རང་ཤེས་དང་གསེར་དང་རི་མོ་ལ་འཇུག་པར་དྲག་པོ་འབངས་ཀྱིས་འདོད་དོ།.....རཻ་སོགས་ཨཻ་རིང་མཐའ་ཅན་འང་ཡོད། ༸དྲག་འབངས་ཀྱིས།..... གོ་སོགས་ཨོ་དང་གླཽ་སོགས་ཨཽ། ༈ འཇམ་གྲགས་ལྟར་ན་བཅུའམ་བཅུ་གཅིག་གང་རུང།.....བཅུའམ་མཐོ་རིས་འོད་ཟེར་རྡོ་རྗེ་དང༌། །ཕྱུགས་ལ་གོ་ནི་སྐྱེས་པ་སྟེ། །མིག་ཕྱོགས་ངག་ས་ཆུ་རྣམས་ལ། །བུད་མེད། ཅེས་སོ། །མཐོ་རིས་དང་འོད་ཟེར་དང་རྡོ་རྗེ་དང་ཕྱུགས་ཀྱི་མིང་ཕོ་དང༌། སྣར་མ་དང་མདའ་དང་མིག་དང་ཕྱོགས་དང་ངག་དང་ས་དང་ཆུ་ལ་མོ་ཡིན་ནོ། །བཅུ་གཅིག་དབྱངས་མཐའ་ཕོར། །བཤད་དེ་ལྷག་མ་དོར་བར་གྱིས། །སྐྱེས་པའི་དབྱངས་ཀྱི་མཐའི་རབ་བྱེད་དེ་དང་པོའོ། །
༈ དབྱངས་བྲལ་ཡིག་མཐའ་གསལ་བྱེད་མཐའ། །དེ་ལ་ཀུ་མཐའ་ཕོ་ལ་མིན། ། ..... མཉྫུ་ཀིརྟས་དེ་ལ་ཀ་སྡེའི་མཐའ་ཅན་རབ་ཏུ་གྲགས་པ་མེད་དོ་ཞེས་སོ།། ཀུ་མུ་ཙ྄་ལ་སོགས་ཙ྄་ཡི་མཐའ། །ཚ྄་མཐའ་མ་གྲུབ་ཛ་ཡི་མཐའ། །བྷུ་ཛ྄་ ..... ཟ་འམ་སྤྱོད་བྷཱུ་བྷུ་ཛ྄་ ..... ས་གཞི་ལ་སྤྱོད་ལ་སོགས་པ་བཤད། །ཛྷ྄་དང༌ཉ྄་དང་ཊུ་མཐའའང་མེད་ ..... དེ་ཉིད་ལས། ཛྷ་མཐའ་དང་ཉ་མཐའ་དང་ཊ་སྡེའི་མཐའ་ཅན་རྣམས་རབ་ཏུ་གྲགས་པ་མེད་དོ་ཞེས་སོ། ། ཉུང་། ..... མ་རུ་ཏ྄་ས་ནཏ྄་སོགས་མཐའ་ཏ྄། །ཉུང༌། ཐ྄་མཐའ་མ་གྲུབ་ད྄་མཐའ་ཅན། །སུ་ཧྲིད྄་བེ་ད྄་བི་ད྄་སོགས་འདོད། །ངྷ྄་མཐའ་མྲྀ་གཱ་བིངྷ྄་ལ་སོགས། །ཨཱདྨན྄་ལ་སོགས་ན྄་མཐའ་འདོད། །པ྄་སྡེ་མཐར་གནས་དག་གི་མེད། །ཤ྄་མཐའ་བིཤ྄་ལ་སོགས་པར་བཤད། །དྭིཥ྄་ལ་སོགས་པ་ཥ྄་མཐའ་ཅན། །བེདྷས྄་ལ་སོགས་ས྄་མཐའ་སྟེ། །དབྱངས་མདོར་ར྄་ཡིག་ཙ་ཏུར྄་དང༌། །ཚ྄་མཐའ་ཏ་ཏྭ་པྲཚ྄་སྟེ། །ཐ྄་མཐའ་ཨགྣི་མཐ྄་འདོད། །ཕོ་ལ་ཨ་ཙ྄་ཧལ྄་གྱི་མཐའ་ཅན། །མཉྫུ་ཀིརྟའི་གསུངས་བཞིན་བཀོད། །སྐྱེས་པ་ལས་ཧ་སའི་མཐའ་ཅན་གྱི་རབ་བྱེད་དེ་གཉིས་པའོ། །
༈ མ་ནིང་རིང་པོའི་མཐའ་ཅན་དོར། །ཝ་ན་ལ་སོགས་ཨ་ཡིག་མཐའ། །ཝ་རི་ལ་སོགས་ཨི་མཐའ་ཅན། །བ་སྟུ་བ་སུ་སོགས་མཐའ་ཨུ། །འདིར་ནི་རྀ་ལྀ་མ་བཤད་ལ། །འོན་ཀྱང་ཨ་ནུ་བྷུ་ཏི་ཡིས། །ཨ་མཐའ་ཀུ་ལ་མུ་ལ་སོགས། །ཨཱ་རིང་སོ་མ་པཱ་སོགས་དང༌། །ཨི་མཐའ་ད་དྷི་ཨཀྵི་སོགས། །ཨཱི་རིང་གྲ་མ་ཎཱི་སོགས་ཏེ། །ཨུ་མཐའ་མ་དྷུ་ལ་སོགས་བཤད། །ཨཱུ་རིང་མཐའ་ནི་ཁ་ལ་པཱུ། །རི་ཡིག་མཐའ་ཅན་ཀརྟྲྀའོ། །རཱྀ་ཨེ་ཨོ་ལྀ་གཉིས་མ་བཤད། །ཨཻ་རིང་ཨ་ཏི་རཻ་ཞེས་བཤད། །ཨཽ་རིང་ཨ་ཏི་ནཽ་ངོས་བཟུང༌། །དེ་ལྟར་མི་མཐུན་ཚུལ་གཉིས་ཀྱི། །ཕྱི་མ་ཕལ་ཆེར་འདྲེས་པ་ཡང༌། །མ་ནིང་བྱས་སམ་དཔྱད་པར་བྱ། །མ་ནིང་གི་རྟགས་ལས་དབྱངས་མཐའི་རབ་བྱེད་དེ་གསུམ་པའོ། །
༈ མ་ནིང་ཀུ་ཊུའི་མཐའ་མ་གྲགས། །ཙ྄་ཚ྄་ཛྷ྄་ཉ྄འང་འདིར་མ་བཤད། །ཨ་སྲྀ་ཛ྄་ཛ྄་ཡིག་མཐའ་ཅན་ཏེ། །ཏ྄་མཐའ་བི་ཡཏ྄་ཤ྄་ཀྲྀཏ྄་སོགས། །ཐ྄་ད྄་དྷ྄་མཐའ་མ་གྲུབ་གསུངས། །ན྄་མཐའ་སུ་མན྄་དུ་མན྄་སོགས། །པུ་ལ་ཡ་ཝའི་མཐའ་མེད་གསུངས། །ར྄་མཐའ་བཱར྄་དང་ཙ་ཏུར྄་སོགས། །རོ་ཙིས྄་ཤོ་ཙིས྄་ས྄་ཡིག་མཐའ། །ཤ྄་ཥ྄་མ་བཤད་ཧ྄་ཀྵ྄་ཡི། །མཐའ་ཅན་མེད་པར་འདི་རུ་བཤད། །དབྱངས་ཅན་མདོ་རུ་མ་ནིང་ལ། །ད྄་མ྄་གཉིས་མཐའ་ད྄་ཡིག་མཐའ། །ཏྱད྄་སོགས་མཐའ་ཨི་དམ྄་ཀིམ྄། །ཙ྄་མཐའ་པྲ་ཏྱཙ྄་ཏ྄་ཡི་མཐའ། །ཛ་གཏ྄་ས྄་མཐའ་ས་ཡས྄་སོགས། །ཥ྄་མཐའ་བིཥ྄་ཙམ་བཤད་དེ། །སྔ་ཕྱིའི་རྒྱུ་མཚན་དཔྱད་པ་གཅེས། །འོན་ཀྱང་མ་ནིང་ཙམ་པོ་ལ། །མཉྫུ་ཀིརྟི་ལྟར་ཡིན་ཏེ། །ཕོ་མོ་མ་ནིང་འདྲེས་པའི་རྟགས། །བཞི་ཡི་དབྱེ་བ་མཛད་པའི་ཕྱིར། །མི་འགལ་དབྱངས་ཅན་སྲས་པོས་ཀྱང༌། །འདྲེས་པ་མ་ནིང་དབྱེ་བར་དགོངས། །ཞེས་པ་མ་ནིང་གི་རྟགས་ལས་ཧལ྄་གྱི་མཐའི་རབ་ཏུ་བྱེད་པ་སྟེ་བཞི་པའོ། །
༈ ཀྟི་ལ་སོགས་ཀྲྀ་ཏ་སོགས་ཀྱི། །མོ་རྐྱེན་ངོ་བོ་ཉིད་འགའ་ལས། །གཞན་པའི་ཀྲིཏ་དང་དེ་ཕན་སོགས་རྐྱེན། །རྐྱེན་བྱིན་རྗེས་སུ་མོ་རྟགས་རྐྱེན། །ཨཱིཔ྄་ཨཱཔ྄་སོགས་བྱིན་མཐའ་ཅན་མོ། །.....མོ་ལ་ཨ་མཐའ་མི་སྲིད་གསུངས། །ཛཱ་ཡཱ་ལ་སོགས་ཨཱ་རིང་མཐའ། །ཨི་མཐའ་བྷུ་མ་ཀྵ་ཏི་སོགས། །ནཱ་དཱི་ཀཱ་ལཱི་སོགས་ཨཱི་མཐའ། །དྷེ་ནུ་ཀཱ་ཀུ་སོགས་ཨུ་མཐའ། །ཨཱུ་མཐའ་བདྷཱུ་དྷ་ནཱུ་སོགས། །མ་ཏྲྀ་ཡ་ཏྲྀ་སོགས་མཐའ་རྀ། །རཱྀ་དང་ལྀ་མཐའ་མ་གྲགས་གསུངས། །ཨེ་མཐའ་སེ་དང་ཨཻ་མཐའ་རཻ། །ཨོ་མཐའ་གོ་དང་ཨཱཽ་མཐའ་གླཽ། །བུད་མེད་ཀྱི་རྟགས་ཨཙའི་མཐའི་རབ་ཏུ་བྱེད་པ་སྟེ་ལྔ་པའོ། །
༈ མོ་ལའང་ཀུ་མཐའ་མ་གྲུབ་གསུངས། །ཙ྄་མཐའ་ཝཱཙ་྄ཤུཙ྄་རིཙ྄་སིཙ྄་སོགས། །ཚ྄་ཡི་མཐའ་ཡང་མེད་པར་བཤད། །ཛ྄་མཐའ་ད་ངྷྲྀ་ཛ྄་ལ་སོགས་ཧེ། །ཛྷ྄་ཉ྄་ཊུ་མཐའ་མེད་པར་བཤད། །ཏ྄་མཐའ་ཡོ་ཥིཏ྄་བེ་ཧ་ཏ྄་སོགས། །ཐ྄་ཡི་མཐའ་ཡང་མེད་པར་བཤད། །ད་྄མཐའ་ཤ་རད྄་ཨཱ་བད་྄སོགས། །ཀྵུ་དྷ྄་དང་ཀྲུ་དྷ྄་སོགས་དྷ྄་ཡིག་མཐའ། །ན་྄མཐའ་སཱ་མན྄་སཱི་མན྄་སོགས། །པ྄་ཡི་མཐའ་ཅན་ཨཔ྄་ཡིན་ནོ། །ཕ྄་དང་བ྄་མཐའ་མེད་པར་བཤད། །བྷ྄་མཐའ་ཀ་ཀུ་བྷ྄་ལ་སོགས་ཏེ། །མ་དང་ཡ྄་མཐའ་མི་སྲིད་གསུངས། །གིར྄་དྷུར྄་སཱུར྄་སོགས་ར྄་ཡིག་མཐའ། །ལ྄་ཡིག་མཐའ་ཡང་མེད་པར་བཤད། །ཝ྄་ཡིག་མཐའ་ཅན་དིཝ྄་སྟེ། །དིཤ྄་དྲྀཤ྄་པིཤ྄་སོགས་ཤ྄་ཡིག་མཐའ། །པྲ་བྲྀ་ཥ྄་དུཥ྄་བིཥ྄་སོགས་མཐའ་ཥ྄། །ས྄་མཐའ་སུ་མ་ནས྄་ལ་སོགས། །ཧ྄་མཐའ་ཨུཥྣི་ཧ྄་ལ་སོགས་ཏེ། །བུད་མེད་ཀྱི་རྟགས་ལས་མིང་གཞིའི་རབ་ཏུ་བྱེད་པ་སྟེ་དྲུག་པའོ། །
༈ ཕོ་མོ་མ་ནིང་རྟགས་གསུམ་གྱི། །མཐའ་ཅན་འདྲེས་པར་གྲགས་པ་དབྱེ། །ཤུཀླ་ཨུ་ཙྪ་སོགས་མཐའ་ཨ། །ཨཱ་མཐའ་ཀཱི་ལཱ་ལ་པཱ་སོགས། །ཤུ་ཙི་ཧ་རི་སོགས་མཐའ་ཨི། །ཨ་གྲཱ་བཱི་སོགས་ཨཱི་རིང་མཐའ། །ཨུ་མཐའ་པ་ཊུ་སྭ་གུ་སོགས། །ཤ་ར་ལཱུ་སོགས་ཨཱུ་རིང་མཐའ། །རྀ་མཐའ་ཀྀརྟ་ཧོ་ཏྲྀ་སོགས། །རཱྀ་རིང་ལྀ་མཐའ་མ་གྲགས་གསུངས། །ཨེ་ཡིག་མཐའ་ཅན་ཨ་རྩིཏེ། །ཨཻ་མཐའ་སྭ་རཻ་བ་ཧུ་རཻ། །ཨོ་མཐའ་ཨ་ཏི་དྱོ་སོགས། །སུ་ནཽ་ཨ་ཏི་ནཽ་སོགས་ཨཽ། །རྟགས་གསུམ་གྱི་མཐའ་ཅན་ལས་དབྱངས་མཐའ་ཅན་གྱི་རབ་ཏུ་བྱེད་པ་སྟེ་བདུན་པའོ། །
༈ རྟགས་གསུམ་གསལ་བྱེད་མཐའ་ཅན་ལས། །བ་ཧུ་རཀ྄་སོགས་ཀ་ཡིག་མཐའ། །ཙི་ཏྲ་ལིཁ྄་སོགས་མཐའ་ཁ྄། །ཨངྒ྄་ལག྄་སོགས་ག྄་མཐའ་ཅན། །གྷ྄་ཡིག་མཐའ་ཅན་སུ་ལཱགྷ྄་སོགས། །ང྄་མཐའ་པ་ཐི་ཏ་ལིང྄་སོགས། །ཙ྄་མཐའ་སུ་ཝཙ྄་སུ་ཏྲཙ྄་སོགས། །ཚ྄་མཐའ་སཾ་པྲཱ་ཙྪ྄་ལ་སོགས། །སརྦ་བྷཱཛ྄་སོགས་ཛ྄་མཐའ་ཅན། །ལི་ཁི་ཏཛྷ྄་སོགས་ཛྷ྄་ཡིག་མཐའ། །པ་ཋི་ཏཉ་྄སོགས་ཉ་྄མཐའ་ཅན། །བྷི་ཀྵཱཊ྄་གྲོ་མཊ྄་སོགས་མཐའ་ཊ྄། །ས་ཏྲ་པཋ྄་སོགས་ཋ྄་མཐའ་ཅན། །རོ་གྲ་ངྷྱུཌ྄་སོགས་ཌ྄་ཡིག་མཐའ། །ཌྷ྄་ཡིག་མཐའ་ཅན་ལི་ཁི་ཏ་ཏ་ཌྷ྄། །པུ་གཎ྄་གྲཱ་མ་རཎ྄་སོགས་ཎ྄། །ཏ྄་མཐའ་ཨགྣི་ཙིཏ྄་ལ་སོགས། །བྷི་ཀྵ་ནཱཐ྄་ལ་སོགས་ཐ྄། །ད྄་མཐའ་ཀཱཥྛ་བྷིད྄་ལ་སོགས། །དྷ྄་མཐའ་མ་ནོ་ཝཱ་དྷ྄་ལ་སོགས། །ན྄་མཐའ་གུ་ཎི་ན྄་པཱལིན྄་སོགས། །མཎྜ་པ་ལི་པ྄་སོགས་པ྄་མཐའ་ཅན། །ཨ་རི་དུ་ཕ྄་སོགས་མཐའ་ཕ྄། །ཀྵཱིབ྄་དང་ཀླིའབ྄་ལ་སོགས་མཐའ་བ྄། །གརྡ་བྷྲ་ལ་སོགས་བྷྲ་མཐའ་ཅན། །པྲ་བྷམ྄་པྲ་དཱམ྄་ལ་སོགས་མ྄། །ཡ྄་མཐའ་འདིར་ཡང་མ་གྲུབ་གསུངས། །མཉྫུ་གིར྄་སོགས་ར྄་ཡིག་མཐའ། །པ་ཋི་ཏ་ཧལ྄་སོགས་མཐའ་ལ྄། །སུ་དེ་ཝ྄་ལ་སོགས་ཝ྄་མཐའ་ཅན། །དིཤ྄་དང་ས་ངྷྲིཤ྄་སོགས་མཐའ་ཤ྄ །ཀ་བྱཱ་མུཥ྄་སོགས་ཥ྄་ཡིག་མཐའ། །བིདྭན་ས྄་སོགས་ས྄་མཐའ་ཅན། །ཧ྄་མཐའ་ཨནུ་པཱ་ནཧ྄་སོགས། །བྷཀྵ྄་གོ་རཀྵ྄་སོགས་ཀྵ྄། །ཀྵ྄་མཐའ་ཅན་ཡང་འདི་རུ་བཤད། །རྒྱུད་ལས་མ་རྩེ་ཧ་སའི་མཐའ། །གསུངས་ཕྱིར་དེར་ནི་ཡ྄་མཐའ་གྲུབ། །ཀྵ྄་ཡིག་མཐའ་ཅན་དེར་མི་འདོད། །གང་ལྟར་འདི་དག་རང་རང་གི །མཐར་འདོད་ཚུལ་ཡང་དཔྱད་པར་བྱ། །མིང་མཐའ་གསལ་བྱེད་སྲོག་མེད་ཅན། །གསལ་བྱེད་མཐའ་འོ་དེ་བཟློག་དབྱངས། །ཨ་སྲོག་ཞུགས་ཀྱང་གསལ་བྱེད་མཐའ། །ས་མུཙྪ་ཡ་ཡ་མཐའ་ཞེས། །ཐུབ་དབང་དགོངས་པར་མགྲིན་གསེང་སྟེ། །མདོ་དང་དཔལ་ལྡན་རྒྱུད་དོན་ཡིན། །སྒྲ་རིག་མཁན་ཀྱང་འདོད་དེ་དཔེར། །ཀ་྄མཐའ་ནཱ་ཀ་྄ལོ་ཀ་྄དང༌། །ཡ྄་མཐའ་ཨཱརྻ྄་ཀྵ་ཡ྄་དང༌། །ཨ་ནུ་ཤ་ཡ྄་སོགས་ཡིན་པར། །པཎ་ཆེན་འཆི་མེད་སེང་གེ་ཡིས། །བཤད་ཅིང་རྒྱ་དཔེའི་ཁུངས་མཐོང་ཕྱིར། །མཁས་བླུན་བྱེ་བའི་རྨོངས་པའི་སྒྲོག །གཅིག་ཆར་བཅད་དོ་ཀྭ་ཡེ་གཟིགས། །རྟགས་གསུམ་གྱི་མཐའ་ལས་ཀ་སོགས་ཀྱི་མཐའི་རབ་ཏུ་བྱེད་པ་སྟེ་བརྒྱད་པའོ། །བྱེད་པོ་འཇམ་དཔལ་དྷཱིཿཞུན་འཁྱིལ་བའི་མཚོར། །དབྱངས་ཅན་དགྱེས་པའི་སྒྲ་སྙན་ལྷང་ལྷང་གིས། །འཆད་རྩོད་རྩོམ་པའི་རྦ་རླབས་བྱེ་བ་འབུམ། །བླ་མེད་བཞད་པའི་མཆོག་གི་རྡོ་རྗེ་ཡིན། །རྣམ་དཀར་དགེ་བས་སྐྱེ་བར་འཇམ་དཔལ་གྱིས། །བསྐྱངས་པའི་ལྕེ་རྩེ་དབྱངས་ཅན་རབ་དགའི་ཚལ། །ལེགས་བཤད་གསར་བ་འབུམ་བཞད་བཅུད་མྱང་འགྲོ། །ཀུན་འོད་རྡོ་རྗེའི་ས་ལ་ཕྱིན་གྱུར་ཅིག །ཅེས་རྟགས་ཀྱི་དབྱེ་བ་མདོར་བསྡུས་བློ་གསལ་འཇུག་ངོགས་སྒྲ་རིག་མཛེས་རྒྱན་ཞེས་པ་འདི་ཡང་སྒྲ་རིག་སྨྲ་བ་ཐོས་ལྡན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་བགྱིས་པའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་ཀླུ་སྒྲུབ་ཡབ་སྲས་ཀྱི་ལམ་སྲོལ་འཇམ་དབྱངས་བླ་མ་ཙོང་ཁ་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག །

བསྔོ་བ་སྨོན་ལམ་གྱི་སྐོར།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་འབུམ་ཁྲིགས་ཆགས་སུ་བསྡེབས་པ་ལས་བསྔོ་བ་སྨོན་ལམ་གྱི་སྐོར་བཞུགས་སོ། །
བླ་མ་རྣམས་དང་རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚལ་ལོ། །དགེ་འདུན་ཡོད་ན་མཐུན་འགྱུར་སྙན་གསན་ཕབ་ལ། །དགེ་འདུན་དང་འབྲེལ་མ་འབྲེལ་གང་ཡིན་ཀྱང༌། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་སྦྱིན་པའི་བདག་པོ་ཆེ་གེ་མོས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་དགོངས་སུ་གསོལ། བདག་ཅག་རྣམས་ཀྱིས་འདི་ལྟར་ཞིང་བསམ་པ་དངོས་པོ་རྣམ་པར་དག་པ་གསུམ་གྱི་སྒོ་ནས་དགེ་བའི་རྩ་བ་འདི་ལྟར་དུ་བསྐྲུན་པ་དང༌། རང་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་གཅིག་ཏུ་བསྡོམ་པའི་མཐུ་ལ་བརྟེན་ནས། ཀུན་མཁྱེན་རྒྱལ་བའི་བསྟན་པ་སྤྱི་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །རྡོ་རྗེའི་སྐུ་བརྙེས་ཀྱང་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་ཞི་བར་གཤེགས་པའི་ཚུལ་བསྟན་པ། སྟོན་པ་ཟས་གཙང་གི་སྲས་པོ་དེ་ཉིད་ནས་ཉེ་བར་བཟུང་སྟེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས། བསྟན་པའི་དཔལ་གྱུར་པདྨ་སམ་བྷ་ཝ་དང་དཔལ་ལྡན་ཞི་བ་འཚོ་ཡབ་སྲས། ལྗོངས་འདིར་བཀའ་དྲིན་ཟླ་མེད་པ་རྒྱལ་བློན་གོང་མ་རྣམས་དང༌། ལྔ་བརྒྱའི་གཙུག་རྒྱན་མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་ཞལ་སྔ་ནས་དང༌། འཕགས་པ་འཇིག་རྟེན་དབང་ཕྱུག་མིའི་གར་གྱི་རྣམ་པར་རོལ་པ་གངས་ཅན་རྒྱལ་བ་ཡོངས་ཀྱི་འབྱུང་གནས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། བསྟན་པའི་གསལ་བྱེད་རྔོག་ལེགས་པའི་ཤེས་རབ་སོགས་ལྷ་གཅིག་ཇོ་བོ་ཡབ་སྲས་རྣམས་དང༌། མཚོ་ལས་སྐྱེས་པའི་དགེ་སློང་དྲི་མ་མེད་པའི་རྣམ་འཕྲུལ་རྗེ་བཙུན་འཇམ་པའི་དབྱངས་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་དུས་གསུམ་རྒྱལ་བ་ཀུན་གྱི་རང་གཟུགས་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་ཞལ་སྔ་ནས་ཡབ་སྲས་རྣམས་དང༌། ཁྱད་པར་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་ཤེས་རབ་སེང་གེ། ཞྭ་སེར་རིང་ལུགས་དྲི་མ་མེད་པ་ས་ཐམས་ཅད་དུ་ཁྱབ་པར་མཛད་པ་གངས་ཅན་རྒྱལ་བ་བདུན་གྱི་ཐོག་མ་ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཡབ་སྲས་རྣམས་དང༌། མགྲིན་མཚོར་དབྱངས་ཅན་བྱེ་བའི་རྣམ་པར་རོལ་པ་སྐྱེ་དགུའི་རེ་བ་སྐོང་བའི་ཡིད་བཞིན་ནོར་བུ་འཕགས་པ་འཇིག་རྟེན་དབང་ཕྱུག་གངས་རིའི་མགོན་པོ་རྒྱལ་བ་དགེ་འདུན་རྒྱ་མཚོ། རྒྱལ་བ་ཀུན་གྱི་གསང་གསུམ་གཅིག་ཏུ་འདུས་པའི་ངོ་བོ་མཐོང་ཐོས་དྲན་རེག་གིས་འགྲོ་བ་མ་ལུས་པ་སྲིད་ཞིའི་བདེ་ལ་འགོད་པའི་རྣམ་འདྲེན་དམ་པ་སངས་རྒྱས་གཞན་གྱིས་གདུལ་བར་དཀའ་བའི་མཐའ་འཁོབ་མུན་པའི་གླིང་དུ་ལེགས་བྱས་ཀྱི་སྣང་བ་མི་ཟད་པ་འབྱིན་པའི་བསྟན་པའི་ཉི་མ་ཆེན་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་ངུར་སྨིག་གར་གྱིས་རྣམ་པར་རོལ་པ་གངས་ཅན་མགོན་པོ་རྒྱལ་བ་བསོད་ནམས་རྒྱ་མཚོ། མཁྱེན་བརྩེ་ནུས་པས་ནག་ཕྱོགས་བདུད་སྡེ་མིང་གི་ལྷག་མར་མཛད་ནས་ཞྭ་སེར་རིང་ལུགས་ཀྱིས་ས་ཀུན་ཁྱབ་མཛད་བདེ་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་ས་གསུམ་ན་གྲགས་པ། མཐོང་ཐོས་དྲན་རེག་གིས་སྐྱེ་དགུའི་དོན་གཉིས་གྲུབ་མཛད་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ངུར་སྨིག་གར་གྱིས་རྣམ་པར་རོལ་པ་གངས་ཅན་མགོན་པོ་རྒྱལ་བ་ཡོན་ཏན་རྒྱ་མཚོ། སྐྱེ་དགུ་མ་ལུས་པ་སྲིད་ཞིའི་བདེ་ལ་འགོད་པ་ལ་སྲིད་ཞིའི་ཁམས་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་མཁྱེན་བརྩེ་ནུས་པ་མཐའ་དག་གི་གཏེར་ཆེན་ལུང་རྟོགས་ཀྱི་བསྟན་པ་མ་ལུས་པ་གསལ་བར་བྱེད་པའི་བསྟན་པའི་བདག་པོ་རིགས་དང་དཀྱིལ་འཁོར་མ་ལུས་པ་སྤྲོ་བར་མཛད་པའི་ཁྱབ་བདག་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་རིན་པོ་ཆེ་འཇིག་རྟེན་དབང་ཕྱུག་ངུར་སྨིག་གར་གྱིས་རྣམ་པར་རོལ་པ་གངས་ཅན་མགོན་པོ་རྒྱལ་བ་ཐམས་ཅད་ཀྱི་བདག་པོ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའི་ཞལ་སྔ་ནས་དང༌། བསྟན་པའི་མངའ་བདག་ཆེན་པོ་རིགས་ལྡན་གྲགས་པའི་རྣམ་འཕྲུལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་དང༌། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བླ་མ་དམ་པ་ཆེ་གེ་མོའི་ཞལ་སྔ་ནས་ལ་སོགས་པའི་དཔལ་ལྡན་བླ་མ་དམ་པ་དགོངས་པ་ཆོས་དབྱིངས་སུ་ཞི་བར་གཤེགས་པའི་ཚུལ་བསྟན་པ་དེ་དག་གི་ཐུགས་ཟག་མེད་ཀྱི་དགོངས་པ་ཁྱད་པར་ཅན་དང་མཛད་ཕྲིན་བཟང་པོ་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ད་ལྟ་ཡང་བསྟན་པ་རིན་པོ་ཆེའི་དཔལ་དུ་བཞུགས་པ་སྤྱི་དང་ཁྱད་པར་རྒྱལ་བ་མ་ལུས་པ་གཅིག་ཏུ་བསྡུས་པའི་ངོ་བོ་ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལྷ་དང་མི་རྣམས་ཀྱི་གཙུག་རྒྱན་གཅིག་པུ་བ་མཐོང་བ་དང༌། ཐོས་པ་དང༌། ཞབས་སེན་ཡིད་བཞིན་ནོར་བུའི་འོད་ཟེར་དྲན་པ་དང༌། རེག་པས་ཀྱང་གནས་སྐབས་དང་མཐུར་ཐུག་གི་འགྲོ་དོན་མ་ལུས་པ་འགྲུབ་པར་བྱེད་པའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་བློ་བཟང་ཡེ་ཤེས་པའི་ཞལ་སྔ་ནས་ལ་སོགས་པའི་རང་ཅག་རྣམས་ལ་དམ་པ་ཆོས་ཀྱི་བཀའ་དྲིན་མཛད་པའི་དཔལ་ལྡན་བླ་མ་དམ་པ་བསྟན་པའི་དཔལ་དུ་ཞབས་སེན་རྡོ་རྗེའི་རང་བཞིན་དུ་བརྟན་པར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཐུགས་དམ་མཛད་འཕྲིན་རྣམས་ཀྱང་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དགེ་འདུན་གྱི་སྡེ་འདིས་མཚོན་པའི་ཕྱོགས་བཅུའི་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་སྒོ་ནས་ལམ་བསླབ་པ་གསུམ་གྱི་ཉམས་ལེན། ལུང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་འཆད་ཉན་ལ་སོགས་པའི་བཤད་སྒྲུབ་བསྟན་པའི་བྱ་བ་རྒྱ་ཆེན་པོ་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །སྦྱིན་བདག་ཆེ་གེ་ལ་སོགས་པའི་སྦྱིན་བདག་ཞི་བར་གཤེགས་པ་སྤྱི་དང༌། ཁྱད་པར་དུ་ཡངས་པའི་ས་ཆེན་པོ་ལ་གནས་པ་རྣམས་བདེ་བར་འགོད་པའི་ཕྱག་མཛོད་བསོད་ནམས་རབ་བརྟན། བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སོགས་བསྟན་པའི་སྦྱིན་བདག་ཞི་བར་གཤེགས་པ་རྣམས་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་སྟེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་མ་རྒྱས་པའི་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་དུ་མཐོང་ཞིང༌། དེའི་གསུང་གི་བདུད་རྩི་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །གཞན་ཡང་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་རྣམ་སྨིན་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་རྟེན་ཁྱད་པར་ཅན་ཐོབ་སྟེ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་བཅུ་ལྡན་སྒྲ་དབྱངས་སྲས་པོ་དང༌། རྒྱལ་སྲས་ནོར་བཟང་ལྟ་བུར་ཚུལ་བཞིན་དུ་བསྟེན་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་བརྟེན་ནས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། སྐྱབས་འགྲོ་ལས་འབྲས་སོགས་ཀྱི་ལག་ལེན་དྲི་མ་མེད་པ་རྣམས་བདེ་བླག་ཏུ་རྒྱུད་ལ་སྐྱེ་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །སྡུག་བདེན་གྱི་ཉེས་དམིགས་མཐོང་སྟེ་ཁམས་གསུམ་འཁོར་བ་མེའི་འོབས་ལྟ་བུ་ལ་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་སྐྱེས། ཀུན་འབྱུང་ལ་སྤོང་འདོད་ནད་ཀྱིས་ཉེན་པས་སྨན་འདོད་པ་ལྟ་བུ་བསྐྱེད་དེ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་བརྩོན་པ་ཤུགས་དྲག་པོས་ཞུགས་ཏེ་ལམ་གྱི་རིམ་པ་རྣམས་ཉམས་འོག་ཏུ་ཆུད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །རྒྱུ་འབྲས་མན་ངག་བདུན་དང༌། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་བས་བྱམས་པ་དང་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་ཁྱད་པར་བཞི་དང་ལྡན་པ་རྒྱུད་ལ་བསྐྱེད་ནས་ཐེག་ཆེན་གྱི་ལམ་གྱི་གཞུང་ཤིང་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རང་གཞན་གྱི་དོན་གཉིས་འགྲུབ་པའི་ཕན་ཡོན་ཁྱད་པར་ཅན་སྒྲུབ་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དེ་ནས་རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག །གཞན་རྒྱུད་སྨིན་བྱེད་བསྡུ་བའི་དངོས་པོ་བཞིའི་སྒོ་ནས། འཕགས་པ་ཀུན་ཏུ་བཟང་པོའི་མཛད་པ་ལྟར་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་ཚུལ་བཞིན་དུ་སློབ་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དེ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་ཏེ། དགེ་བའི་བཤེས་གཉེན་དེ་ཉིད་བཅུ་ཤེས་ཤིང་ཞི་དུལ་ལ་སོགས་པ་མཚན་ཉིད་དང་ལྡན་པ་ཞིག་བསམ་སྦྱོར་གཉིས་ཀྱི་སྒོ་ནས་མཉེས་པར་བྱས་ཏེ། རྒྱུད་སྡེ་ནས་བཤད་པའི་སྐུ་བཞིའི་ས་བོན་ཐེབས་ངེས་ཀྱི་དབང་རྣམ་པར་དག་པ་བསྐུར། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བས་སྨིན་བྱེད་ལམ་གྱི་རིམ་པ་མཐའ་དག་རྒྱུད་ལ་སྐྱེ་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །སྨིན་བྱེད་ཐ་མལ་གྱི་སྐྱེ་འཆི་བར་དོ་སྐུ་གསུམ་དུ་བསྒྱུར་བའི་ལམ་བསྐྱེད་རིམ་ཟབ་མོ་ལ་སྦྱངས་ཏེ། ཐ་མལ་གྱི་སྣང་ཞེན་དབྱིངས་སུ་དག་སྟེ་སྣོད་བཅུད་དག་པའི་རྟེན་དང་བརྟེན་པར་འཆར་བའི་ང་རྒྱལ་དང་གསལ་སྣང་འགྲོ་འདུག་སོགས་དང་བསྲེ་ནུས་པས་ཕྲ་རགས་ཐམས་ཅད་མཐར་ཕྱིན་ཏེ། ཞི་རྒྱས་དབང་དྲག་གི་འཕྲིན་ལས་བཞི་དང༌། གྲུབ་ཆེན་བརྒྱད་ལ་སོགས་པ་འབད་མེད་ལྷུན་གྲུབ་ཏུ་སྒྲུབ་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །གྲོལ་བྱེད་རྫོགས་པའི་རིམ་པ་ལུས་དབེན་གྱིས་སྐུ་རྡོ་རྗེ་སྦྱངས། ངག་དབེན་སྲོག་སྩོལ་གྱིས་སྙིང་ཀའི་རྩ་མདུད་རྫོགས་པར་གྲོལ་ཏེ་གསུང་རྡོ་རྗེ་སྦྱངས། སེམས་དབེན་ཕྱི་ནང་གི་ཐབས་མཁས་གཉིས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་ཐུགས་རྡོ་རྗེ་སྦྱངས། སྣང་གསུམ་རྣམ་པར་དག་པ་མངོན་དུ་བྱས་ཏེ། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཉེར་ལེན་དག་པ་དང་མ་དག་པའི་རྡོ་རྗེའི་སྐུ་ཐོབ་སྟེ་རྫོགས་པའི་རིམ་པ་མ་ལུས་པ་རྒྱུད་ལ་སྐྱེ་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །དེ་ལྟར་ལམ་བསྐྱེད་རྫོགས་ཀྱི་རྟོགས་པ་མ་ལུས་པ་རྒྱུད་ལ་སྐྱེས་ཏེ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་བྱས། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གདུལ་བྱ་གང་ཡོད་ཀྱི་སར་གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུའི་རྣམ་པ་བསྟན་ནས་མཁའ་ཁྱབ་ཀྱི་མར་གྱུར་སེམས་ཅན་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་བདེ་བླག་ཏུ་འགོད་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །སྦྱིན་པའི་བདག་པོ་ཞལ་དངོས་སུ་བཞུགས་པ་སྤྱི་དང༌། ཁྱད་པར་དུ་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་འཁོར་དང་བཅས་པ་རྣམས་དང༌། གཞན་ཡང་སྦྱིན་པའི་བདག་པོ་ཆེ་གེ་མོ་ལ་སོགས་པས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟན་པ་བསྟན་འཛིན་དང་བཅས་པ་ལ་གུས་མཆོད་ལྷུར་ལེན་པ་རྣམས་ཀྱི་སྐུ་ཚེ་བསོད་ནམས་འཁོར་དཔལ་འབྱོར་སྙན་གྲགས་ལ་སོགས་པ་མང་བཀུར་ཆབ་སྲིད་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེ་དག་ལ་ཉེར་འཚེའི་ཕ་རོལ་གྱི་བསམ་ངན་སྦྱོར་རྩུབ་མི་དང་མི་མ་ཡིན་པས་བྱས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །གཞན་ཡང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི། དམ་ཅན་ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། སྤྲུལ་པའི་ཆོས་རྒྱལ་ལ་སོགས་པའི་སྲུང་མ་ཁྱད་པར་ཅན་རྣམས་ཀྱིས་དེ་དག་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་འགལ་རྐྱེན་ཐམས་ཅད་སེལ་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པའི་གྲོགས་མཛད་པར་གྱུར་ཅིག །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པའི་དགོན་གནས་གཙུག་ལག་ཁང་ཡུལ་ཕྱོགས་འདི་དག་བསྲུང་ཞིང་སྐྱོང་བར་བྱེད་པའི་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་དང་བཅས་པ་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས་དཀར་ཕྱོགས་སྐྱོང་བའི་མཐུ་སྟོབས་གཟི་བརྗིད་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །མདོར་ན་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས། སྒྲིབ་གཉིས་སྦྱངས་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །འཇམ་དཔལ་དཔའ་བོ་སོགས་དང༌། ཕན་བདེའི་འབྱུང་གནས་སོགས། གངས་རིའི་རྭ་བ་སོགས། རྨད་བྱུང་སྲས་བཅས་སོགས་བྱ། བསྔོ་བ་རྒྱས་པའོ། །དགོངས་གསོལ་འདྲ། འདི་ལྟར་དུ་བསྐྲུན་པའི་དགེ་ཚོགས་རྣམས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །རྡོ་རྗེའི་སྐུ་བརྙེས་ཀྱང་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་དོན་དུ་ཞི་བར་གཤེགས་པའི་ཚུལ་བསྟན་པ་བསྟན་པའི་བདག་པོ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་ནས་ཉེ་བར་བཟུང་སྟེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་རྣམས་དང༌། བསྟན་པའི་རྩ་ལག་མཁན་ཆེན་ཞི་བ་འཚོ། ལྔ་བརྒྱའི་གཙུག་རྒྱན་མཉམ་མེད་ཇོ་བོ་ཡབ་སྲས། བསྟན་པའི་བདག་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་གཉིས་པ་ཡབ་སྲས་རྣམས་དང༌། འཇམ་དབྱངས་ཆོས་ཀྱི་རྗེ་བཀྲ་ཤིས་དཔལ་ལྡན་པ། མཐོང་ཐོས་དྲན་རེག་གི་འགྲོ་བ་སྨིན་གྲོལ་ལམ་ལ་འགོད་པའི་གངས་ཅན་མགོན་པོ་འཕགས་པ་སྤྱན་རས་གཟིགས་ཉིད་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་གོང་མ་རྣམས་པ་ལྔ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ། དྲིན་ཅན་རྩ་བའི་བླ་མ་ཆེ་གེ་མོ་ལ་སོགས་པའི་དཔལ་ལྡན་བླ་མ་སྐུ་ཟག་པ་མེད་པའི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་ཐམས་ཅད་ཀྱི་ཐུགས་ཀྱིས་བཞེད་པའི་མཛད་པ་རྒྱ་ཆེན་པོ་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ད་ལྟར་ཡང་བསྟན་པའི་དཔལ་དུ་ཞལ་བཞུགས་པ་སྤྱི་དང༌། ཁྱད་པར་ཡང་ཁམས་གསུམ་གྱི་བླ་མ། སྲིད་པ་གསུམ་གྱི་རྣམ་འདྲེན། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་རང་གཟུགས། འཕགས་པ་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་ཐམས་ཅད་མཁྱེན་དངོས་མཆོག་གི་སྤྲུལ་པའི་སྐུ་རྒྱལ་བའི་དབང་པོ་གོང་ས་རིན་པོ་ཆེའི་ཞལ་སྔ་ནས་དང༌། མཆོག་གི་སྤྲུལ་པའི་སྐུ་བློ་བཟང་ཡེ་ཤེས་ཀྱི་ཞལ་སྔ་ནས་དང༌། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་ཆེ་གེ་མོའི་ཞལ་སྔ་ནས་ལ་སོགས་པའི་དཔལ་ལྡན་བླ་མ་དམ་པ་བསྟན་པའི་དཔལ་དུ་ཞལ་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཐུགས་དམ་མཛད་འཕྲིན་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །བསྟན་པ་རིན་པོ་ཆེར་བཀུར་སྟི་བླ་ལྷག་ཏུ་བགྱིད་པའི་བསྟན་པའི་སྦྱིན་བདག་ཞི་བར་གཤེགས་པ་རྣམས་དང༌། ཆེ་གེ་དང་ཆེ་གེ་མོ་ལ་སོགས་པའི་སྦྱིན་བདག་ཚེ་ལས་འདས་པ་ཇི་སྙེད་ཅིག་ཡོད་པ་དེ་དག་གི་ཚེ་ཐོག་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །འདི་ལྟར་དུ་བསྐྲུན་པའི་དགེ་ཚོགས་རྣམས་དེ་དག་གི་ཕྱི་བཞིན་དུ་རྗེས་སུ་ཞུགས་ཏེ་འཁོར་བ་སྤྱི་དང༌། རིགས་དྲུག་སོ་སོའི་སྡུག་བསྔལ་དང་ཀུན་འབྱུང་གི་ཉེས་དམིགས་ཅི་ཡོད་པ་ལས་གྲོལ་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་མ་རྒྱས་པའི་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། དེ་དང་མཐུན་པའི་རྒྱལ་བའི་སྲས་པོ་ས་ཆེན་པོ་ལ་བཞུགས་པ་ལ་སོགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་དུས་རྟག་ཏུ་དགྱེས་བཞིན་དུ་རྗེས་སུ་འཛིན་པར་གྱུར་ཅིག །དེ་དག་གི་དགྱེས་བཞིན་དུ་རྗེས་སུ་བཟུང་སྟེ་སྒྲ་དབྱངས་སྲས་པོ་དང༌། ནོར་བཟང་བཞིན་དུ་བཤེས་གཉེན་དམ་པའི་གདམས་ངག་ཟབ་མོ་ལ་བསླབ་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་རྒྱུད་སྦྱངས། རྡོ་རྗེ་ཐེག་པའི་སྨིན་བྱེད་དབང་གི་སྒོར་ཞུགས། ལམ་རིམ་པ་གཉིས་ཆ་ལག་དང་བཅས་པ་མཐར་ཕྱིན་ཏེ་ཚེ་འདི་ཉིད་ལ་མཐོང་ཐོས་དྲན་རེག་གིས་སྐྱེ་འགྲོ་རྣམས་སྨིན་གྲོལ་ལམ་ལ་འགོད་ནུས་པའི་ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །བསྟན་པ་བསྟན་འཛིན་དང་བཅས་པ་བཀུར་སྟི་རིམ་གྲོ་སྲི་ཞུའི་སྒོ་ནས་བླ་ནས་བླར་འདེགས་པའི་བསྟན་པའི་སྦྱིན་བདག་སྤྱི་དང༌། ཁྱད་པར་དུ་མཆོད་ཡོན་ཉི་ཟླ་ཟུང་བློན་འབངས་འཁོར་དང་བཅས་པ་རྣམས་དང༌། སྦྱིན་པའི་བདག་པོ་ཆེ་གེ་མོ་ལ་སོགས་པ་རྣམས་ཀྱི་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེ་དག་ལ་གནོད་ཅིང་འཚེ་བར་བྱེད་པའི་མི་དང་མི་མ་ཡིན་པ་རྣམས་ཀྱི་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ལ་སོགས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྐད་ཅིག་ཀྱང་གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་པར་གྱུར་ཅིག །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པའི་གཞི་བདག་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱི་དཀར་ཕྱོགས་སྐྱོང་བའི་མཐུ་ནུས་ཐམས་ཅད་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །མདོར་ན་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་སྒྲིབ་གཉིས་སྦྱངས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །རྨད་བྱུང་སྲས་བཅས་སོགས་བྱ། འབྲིང་པོའོ། །ཤིན་ཏུ་བསྡུས་པ་ནི་དགོངས་གསོལ་སྔར་དང་འདྲ། འདི་ལྟར་དུ་བསྐྲུན་པའི་རང་གཞན་རྣམས་ཀྱིས་དུས་གསུམ་ན་བསགས་ཤིང་གཞི་གསུམ་དང་འབྲེལ་བའི་དགེ་ཚོགས་རྣམས་གཅིག་ཏུ་བསྡོམ་པའི་མཐུ་ལ་བརྟེན་ནས་སྦྱིན་པའི་བདག་པོ་ཚེ་ལས་འདས་པ་ཅི་སྙེད་ཅིག་ཡོད་པ་སྤྱི་དང༌། ཁྱད་པར་དུ་ཆེ་གེ་མོ་ལ་སོགས་པ་ལས་ངན་པའི་སྡིག་སྒྲིབ་བག་ཆགས་ཀྱི་དབང་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དང༌། དེའི་དབང་གིས་སྡུག་བསྔལ་མྱོང་འགྱུར་ཐམས་ཅད་བྱང་ཞིང་དག་སྟེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །གཞན་ཡང་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་མཉེས་པར་བྱས་ཏེ་ལམ་ཐུན་མོང་བས་རྒྱུད་སྦྱངས། ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་བྱས། དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་ལྟར་བསྲུང་ནས་གྲོལ་བྱེད་ཀྱི་ལམ་མཚན་བཅས་མཚན་མེད་དང་རིམ་གཉིས་སོགས་ལ་བརྟེན་ནས་ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་ནས་ཁ་སྦྱོར་ཡན་ལག་ །བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་སྐུར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སྦྱིན་པའི་བདག་པོ་ཚེ་དང་ལྡན་པ་རྣམས་ཀྱི་གནས་སྐབས་སུ་ནད་གནོད་པ་ཕྱི་ནང་གི་རྐྱེན་བར་ཆད་ཉེ་བར་ཞི་བར་གྱུར་ཅིག །ཚེ་བསོད་ནམས་དཔལ་འབྱོར་མངའ་ཐང་ལ་སོགས་པ་ལེགས་ཚོགས་ཐམས་ཅད་དབྱར་དུས་ཀྱི་ཆུ་བོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་ཀྱང་དེ་དག་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་གྲོགས་མཛད་པར་གྱུར་ཅིག །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པའི་ས་ཕྱོགས་དགོན་གནས་ཡུལ་འཁོར་འདི་དག་བསྲུང་ཞིང་སྐྱོང་བའི་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱི་དཀར་ཕྱོགས་སྐྱོང་བའི་མཐུ་སྟོབས་ནུས་པ་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག།།སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་སྒྲིབ་གཉིས་སྦྱངས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ལྷག་བསམ་རྣམ་པར་དག་པའི་སོགས་དང༌། ལེགས་བཤད་རི་མོ་བཀྲ་བའི་ལུང་གི་གོས། །སོགས་དང༌། སངས་རྒྱས་སྐུ་གསུམ་མཉེས་པའི་བྱིན་རླབས་དང༌། །སོགས་བྱ། ཞེས་བསྔོ་བའི་ཡི་གེ་ཐར་པར་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི་མཐུ་སྟོབས་ནུས་པའི་དབང་ཕྱུག་པད་གནུབ་ལྟ་བུའི་འདུས་གྲྭ་ཆེན་པོ་སྐུ་ཕྱོགས་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་པ་རྭ་ལོ་གཉིས་པ་ལྟ་བུའི་མཐུ་སྟོབས་ནུས་པའི་མངའ་བདག་ཕྱག་རྡོར་དབང་ཕྱུག་གིས་བཀའ་སྩལ་པ་ལྟར། མང་ཐོས་སྤོང་བ་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་མྱུར་བར་སུག་བྲིས་སུ་བྱས་པ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག། །