Nitartha Digital Library
Tibetan
ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།


   
   
   
   
ཀུན་མཁྱེན་བླ་མའི་རྣམ་ཐར་དང་དྲིས་ལན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུན་མཁྱེན་བླ་མའི་རྣམ་ཐར་དང་དྲིས་ལན།next

ཀུན་མཁྱེན་བླ་མའི་རྣམ་ཐར་དང་དྲིས་ལན།

ཀུན་མཁྱེན་བླ་མའི་རྣམ་ཐར་དང༌། བྱ་ཀ་ལན་ཏ་ཀའི་དྲིས་ལན་ལེགས་པར་བཤད་པ་ཨེ་མ་ཧོ།
ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ་ཤྩ་སྭ་ར་སྭ་སྟྱཻ། འབིགས་བྱེད་སྐྱོང་གཏད་འདི་ནི་མ་ར་ཎ། །ཀུན་བསྲུང་སྲིང་མོ་བཅུ་གསུམ་ཡིན་ད་ཟུངས། །མཱུ་ལ་ངེས་ཆོག་སླར་ན་ཛ་པཀྟོ། །ཀུན་འདུས་ཕྱོགས་བཅུར་ནས་སམ་འབྲས་སྤུངས་ལྟར། །ཨུཥྞཱི་ཥ་ལྡན་དཔག་མེད་སྤྲིན་བཞིན་འཁྲིགས། །གང་གང་བལྟས་བལྟས་མང་པོ་དེ་དེ་རང༌། །གསང་རྣམ་འདོན་དུས་དེ་དེ་བྲིས་བཞིན་དུ། །ཆུང་དུས་འབྱུང་འདུལ་སོགས་ཀྱི་བསྙེན་དུས་ཡིན། །དགའ་དང་དད་རྣམས་རྨི་ལམ་ཉམས་དང་འདྲེས། །ལམ་དུ་འགྲོ་དུས་གང་བབས་དེ་དག་དང༌། །ལྡང་ལར་ཙིཏྟ་ཨིཥྚ་དེ་བ་ཆར། །དཔལ་ལྡན་འབྲས་སྤུངས་ཐོག་མར་མཇལ་སྐབས་སུ། །བསོད་ནམས་རྒྱ་མཚོས་བཞེངས་པའི་རྗེ་ཡི་སྐུས། །གསུང་བྱོན་རྗེར་གྱུར་དུས་ཚོད་ལུང་བསྟན་གནང༌། །ལམ་རིམ་ལྷ་ཁང་གོང་མའི་སྐུ་དངོས་གྱུར། །ཨ་ཛྙཱ་ཏཱ་ཨུག་ཉུང་མིན་ཉིད་ཀྱང་དངོས། །འཇམ་དབྱངས་སྐོར་བསྙེན་ཨཥྚ་ཅི་ཧྣཾ། །མང་པོ་ནམ་མཁར་དན་འབག་སྟེང་སོགས་ནས། །ཁྲིད་སྐབས་དང་མཐུན་གསང་ཕུར་བྱཱ་ཀར་ཨུག །སྐྱོར་ལུང་བྲག་ཏུ་འཇའ་བཞིན་གྲགས་ཆེན་འབར། །ཇོ་ཁང་ཇོ་དང་འཇམ་དབྱངས་སྙན་དར་བཞེས། །རྩ་སྒྱེར་མེ་ཏོག་ཆར་བཞིན་གསལ་སྣང་དང༌། །ཕ་རྒན་ལན་འགའ་མཐོང་འདྲ་ཨེ་མ་ཧོ། །བི་ཥྩིའི་ཀྲྀ་ཧར་འོད་སྔོན་དབུས་སུ་ཡབ། །འདོད་པའི་ལྷ་མཐོང་ཤར་གྱི་རྭ་མཁན་གནས། །ཤིང་ཟུར་ནོར་སྐྱོང་སྟེང་སར་མི་ཉལ་མིན། །མུ་ཁ་ཀ་ར་ཡོངས་རྫོགས་འོད་འབར་ལོ། །སྙེ་གྲུར་འཇིགས་རུང་ཆུ་འཁོར་འཁོར་བ་ལས། །སྒྲོལ་བའི་མཉན་པར་རྟའི་དགྲའི་ཤི་རེ་ཧ། །སྔར་བཞིན་བྱུང་བས་མ་འཁོར་མ་ནུབ་པར། །ཆུ་བརྒལ་དགའ་དང་དད་པའི་ཆུ་གཏེར་རྒྱས། །ཟམ་པར་ར་གཏེར་འདོན་པའི་མཚན་མ་སོགས། །རྒྱུད་དོན་ལེགས་རྙེད་དམ་པ་དེའི་དྲིན་གྱིས། །རྒྱུད་བཤད་མཁའ་འགྲོའི་གསང་མཛོད་ཡིད་ཆེས་གནས། །ལེགས་ཟུངས་དངོས་གྲུབ་རྒྱ་མཚོའི་དགའ་སྟོན་ཡིན། །འདི་བཀོད་དགེ་བས་མ་རྒན་འགྲོ་བ་ཀུན། །སྐྱེ་བར་འཇམ་དཔལ་ཞི་ཁྲོས་རྗེས་འཛིན་ཤོག །ཅེས་བྱ་བཏང་བ་ཞིག་གིས་རང་གི་བརྗེད་བྱང་དུ་བྲིས་པས་བཀྲ་ཤིས་པར་གྱུར་ཅིག།།
༈ སྤྲུལ་སྐུ་རིན་པོ་ཆེའི་ཞབས་དྲུང་དུ། ཞུ་བ། མདངས་སང་ཕྱག་བྲིས་རྗེ་བཙུན་བཞད་པ་རྡོ་རྗེའི་ཆེ་བརྗོད་དང་སྐུ་ཉིད་ཀྱི་གནས་ཚུལ་དང་ཁོ་བོ་ལ་ཡང་ཕྲལ་ཕུགས་ཀྱི་བསླབ་དོན་སྡེབས་ལེགས་ཀྱི་ཚིགས་བཅད་དུ་སྤེལ་བ་ཞིབ་འཁོད་དང་བཅས་གནང་བ་ཕེབས་པས་ཤིན་ཏུ་སྤྲོ་བར་གྱུར་ལགས། དེ་ལ་ཞུ་ལན་ཞིག་འཕྲལ་དུ་འབུལ་བར་འདོད་ཀྱང༌། ངེད་རང་བློ་གྲོས་ཀྱི་རྩལ་ཞན་པ་དང༌། སུག་བྲིས་ཀྱི་འདུ་བྱེད་བུལ་བས་འཕྲལ་དུ་འབུལ་མ་ཐུབ་པར་བརྟེན། སླར་ཕྱག་བྲིས་དེ་ཁ་ལས་བརྩམས་ནས་རྗེ་བཙུན་གྱི་ཆེད་བརྗོད་དང་རང་གི་གནས་ཚུལ། སྐུ་ཉིད་ལ་ཡང་ངེད་རང་གི་ཕུང་པོར་ཤར་ཚོད་ཀྱིས་དགེ་བསྐུལ་གསལ་འདེབས་ཀྱི་ཞུ་དོན་ཞིག་འབུལ་དགོས་པར་འདུག་པས་ཚུལ་ཇི་ལྟར་དྲག་སྙམ་དུ་རང་ཉིད་གཅིག་པུར་སེམས་ཤིང་ཡོད་པའི་ཚེ། མདུན་དུ་བྱིའུ་མཛེས་ཤིང་ཡིད་དུ་འོང་བ་སྔོན་ཆད་མཐོང་ཐོས་མ་མྱོང་བ་སྤུ་དང་གཤོག་པ་ཐམས་ཅད་འཇའ་ཚོན་རིས་སུ་ཡོད་པ། སྤུའི་ཐོག་ནས་འོད་འབྱུང་བ་བློ་བརྟན་ཅིང་བག་དང་ལྡན་པ་ཞིག་བཟའ་འབྲུ་ཚོལ་བའི་ཚུལ་དུ་བྱུང་སྟེ་ཁོ་བོ་ལ་མགྲིན་པ་སྐྱོགས་ཏེ་འདི་སྐད་ཅེས་ཟེར། ཀ་ཅིག་ཉོན་དང་བན་གཟུགས་ཆོས་མ་ནུས། །ཁ་ཏ་འཆད་མཁས་རང་ལ་ཉམས་ལེན་ཞན། །ག་ལེར་ལོང་ཡོད་རེ་བའི་རྟག་འཛིན་མཁན། །ང་ལ་ཉན་ན་ལེགས་བཤད་སྨྲ་རྒྱུ་ཡོད། །ཅེས་ཟེར་བས་བདག་གི་བསམ་པ་ལ། བྱིའུ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་མི་སྐད་དུ་སྨྲ་བ་ནི་ཤིན་ཏུ་ངོ་མཚར་ཆེ། འདི་ལ་མཐུན་པའི་གླེང་མོ་བྱས་ན་སེམས་ལ་ཕན་པའི་གཏམ་སྨྲ་བའི་རིགས་སུ་འདུག་པས། ཐོག་མར་རེ་ཞིག་གཞན་དུ་མི་འཕུར་བའི་གྲོས་ཞིག་འདེབས་དགོས་སྙམ་སྟེ། སྨྲས་པ། ཀ་ལན་ཏ་ཀ་འཕྲུལ་གྱི་གཤོག་པ་ཅན། །ཁ་ནས་ལེགས་བཤད་སྨྲ་བའི་ངོ་མཚར་བྱ། །ག་ཞིག་གཞན་ལ་དར་ཅིག་མ་འཕུར་བར། །ང་ཡི་ས་ལ་བག་ཕེབས་གླེང་མོ་བྱ། །ཞེས་སྨྲས་པས། བྱིའུ་ན་རེ། ཀ་ཤིའི་རྒྱལ་མཚན་འཛིན་པའི་གྲུབ་མཆོག་ལ། །ཁ་ཞེ་མེད་པར་གུས་པས་མཇལ་འདོད་ན། །ག་ཞིག་དབེན་པའི་གནས་སུ་རྩེ་གཅིག་ཏུ། །ང་འཛིན་དགྲ་བོ་འདུལ་བ་གདམས་པའི་ཕུལ། །ཞེས་ཟེར་ཞིང་ལུས་སྤུག་ཅིང་ཕན་ཚུན་དུ་བལྟ་བ་སོགས་འཕུར་འདོད་པའི་རྣམ་འགྱུར་དུ་འདུག་པ་ལ། བདག་གི་བསམ་པ་ལ་བྱིའུ་འདིས་རྗེ་བཙུན་གྱི་ཆེ་བ་བརྗོད་འདོད་པས། ང་ཡི་བསམ་པ་དེ་ཡང་ཤེས་འདུག་ཅིང༌། བྱིའུ་བག་ཡོད་གཙང་སྦྲ་དང་ལྡན་པ་ཞིག་འདུག་པས། ཟན་དང་ཤ་སོགས་བྱིན་ཡང་མི་འདོད་ཅིང་ཚུར་ཐུགས་ཁྲེལ་བྱེད་པའི་རིས་སུ་འདུག་པས། ཤིང་ཐོག་དང་འབྲུ་སོགས་སྦྱིན་རྒྱུ་ནི་མི་འདུག་པས། རེ་ཞིག་ཇ་གཅིག་བསྐོལ་ནས་གཏམ་བྱའོ་སྙམ་སྟེ།
སྨྲས་པ། ཅ་ཅོའི་ངག་ལས་ཟབ་དོན་སྟོན་མཁས་ཤིང༌། །ཆ་ལུགས་མཛེས་ལྡན་འདབ་ཆགས་ཁྱོད་ལ་བདག །ཇ་སོགས་རྙེད་བཀུར་ཅུང་ཟད་བགྱིད་སྤྲོ་བས། །ཉ་བཞིན་མ་འཁྱུག་ལྷོད་ལ་རྒྱུན་དུ་བཞུགས། །ཞེས་སྨྲས་པས། བྱིའུ་ན་རེ། ཅ་རེ་གཅིག་ཏུ་འཇུག་པར་བདག་མི་ཁོམ། །ཆ་ཆེའི་གོས་སོགས་ཚེ་འདིའི་ཆེ་ཐབས་དང༌། །ཇ་སོགས་འདོད་ལ་སྲེད་པ་མ་སྤངས་ན། །ཉ་བཞིན་གཅེར་བུར་འགྲོ་ཚེ་འཕྲང་བའི་རྒྱུ། །ཞེས་ཟེར་བ་ལ། བདག་གི་བསམ་པ་ལ་བྱིའུ་འདི་ཡུན་རིང་སྡོད་པའི་རིས་སུ་མི་འདུག་པས་ད་ལན་བཞིན་དུ་ཡང་ཡང་འཕྲད་ན་སྙམ་ཏེ་སྨྲས་པ། ཏ་ལའི་ལྗོན་པ་རྒྱས་པའི་ནགས་ཚལ་ནས། །ཐ་མལ་ཚུལ་དོར་བག་ལྡན་བྱིའུ་ཁྱོད། །ད་ལན་བཞིན་དུ་མཛའ་.....འབེལ་.....བའི་གཏམ་བགྱིད་ཕྱིར། །ན་མ་རེ་བཞིན་ཕྱོགས་འདིར་འབྱོན་པར་མཛོད། །ཅེས་སྨྲས་པས། བྱིའུ་ན་རེ། ཏ་ཐཱ་ག་ཏའི་བསྟན་ལ་ཐོས་བསམ་གྱིས། །ཐ་སྙད་དོན་དམ་ཚུལ་ལ་སྒྲོ་འདོགས་ཆོད། །ད་ལྟའི་ཆོས་བརྒྱད་བྱ་བ་རིང་དུ་སྤོངས། །ན་འཆི་བྱུང་ཡང་དེ་ཚེ་འགྱོད་པ་མེད། །ཅེས་ཟེར་ཞིང་འཕུར་བར་བརྩམས་བྱུང་བ་ལ། བདག་གི་བསམ་པ་ལ། འདི་ཟས་སྐོམ་སོགས་ལ་འདོད་པ་མི་འདུག་པས། ཁོ་རང་ལ་ཅུང་ཟད་བསྟོད་དེ་སྨྲས་ན་དྲག་གམ་སྙམ་སྟེ་སྨྲས་པ། པ་སངས་ལྟར་དཀར་གཞན་ཕན་སེམས་དང་ལྡན། །ཕ་མཐར་བསྒྲོད་པའི་ཐབས་ཤེས་གཤོག་ཟུང་ཅན། །བ་སྤུ་གཡོ་བའི་ངེས་འབྱུང་གཏམ་ལ་མཁས། །མ་འཕུར་མ་འཕུར་ཅུང་ཟད་བདག་ལ་གསོན། །ཞེས་སྨྲས་པས། བྱིའུ་ན་རེ། པ་ཊའི་མཇུག་ལྡན་གནས་འདྲའི་འཁོར་བ་འདིའི། །ཕ་རོལ་བསྒྲོད་ཕྱིར་བརྩོན་པས་མི་འབད་ན། །བ་ལང་ལུས་དང་དལ་འབྱོར་རྟེན་འདི་ཉིད། །མ་ཐོབ་ཐོབ་ལ་ཁྱད་པར་ཅི་འདུག་སོམས། །ཞེས་ཟེར་བ་ལ། ཡང་བྱིའུ་ལ་སྨྲས་པ། ཙ་ལའི་སེམས་ལྡན་གཉིས་སྐྱེས་གཞོན་ནུ་ཁྱོད། །ཚ་ཟེར་ཅན་གྱིས་པདྨོའི་ཚལ་ལ་བཞིན། །ཛ་ལང་ཅན་བདག་དགེ་བའི་བློ་རྒྱས་ཕྱིར། །ཝ་ལེར་མ་བསྐྱོད་སླར་ཡང་ལེགས་བཤད་སྨོས། །ཞེས་སྨྲས་པས། བྱིའུ་ན་རེ། ཙ་ཏུར་གྲངས་ལྡན་རིན་ཆེན་རྡུལ་བརྩེགས་ཀྱང༌། །ཚ་ཟེར་འོད་ཀྱིས་དུས་མཐར་སྐད་ཅིག་འཇིག །ཛ་ལང་རྟག་འཛིན་བློ་འདིས་བླུན་པོ་རྣམས། །ཝ་བཞིན་འཁོར་བའི་གྲལ་དུ་འཁྲིད་པར་བྱས། །ཞེས་ཟེར་ཞིང་འཕུར་གྲབས་འདུག་པས་བདག་གི་བསམ་པ་ལ། རི་ཁྲོད་འདིར་བྱིའུ་འདིའི་ཡིད་དང་མཐུན་པའི་ཟས་སྦྱིན་རྒྱུ་ཡང་དཀའ་བ་འདུག་པས། སླར་འབྲས་སྤུངས་རང་དུ་སྡོད་དུས་ཞིག་ཕྲད་བྱུང་ན་སྙམ་སྟེ་སྨྲས་པ། ཞྭ་སེར་ངུར་སྨྲིག་འཛིན་པའི་ཁྲིམས་ལྡན་གྱི། །ཟ་མ་ཏོག་འདྲའི་རབ་རྒྱས་ཆོས་སྡེ་ཆེར། །འ་ཅག་མཐུན་པའི་གསུང་གླེང་བགྱིད་པའི་ཕྱིར། །ཡ་མཚན་བྱ་ཁྱོད་ཡང་ཡང་འབྱོན་པར་རིགས། །ཞེས་སྨྲས་པས། བྱིའུ་ན་རེ། ཞྭ་གོས་རྒྱན་སོགས་ནོར་རྫས་ལོངས་སྤྱོད་དང༌། །ཟ་མ་འདོད་ཡོན་སོགས་ལ་ཆོག་ཤེས་རྟེན། །འ་ཅག་ཡང་ཡང་འཕྲད་པའི་ངེས་མེད་པས། །ཡ་མཚན་འཆད་ཉན་ལས་ལ་བརྩོན་འགྲུས་ཀྱིས། །ཞེས་ཟེར་བ་ལ་ཡང༌། བྱིའུ་ལ་སྨྲས་པ། རྭ་ལྟར་གྱོང་བའི་རང་གི་ཤེས་རྒྱུད་འདི། །ལ་གོར་འདུལ་བར་འདོད་ཀྱང་ལེ་ལོས་ཁྱེར། །ཤ་ཚའི་སྙིང་གཏམ་སྨྲ་བའི་བྱ་ཁྱོད་ཀྱིས། །ས་ལམ་མྱུར་དུ་བགྲོད་པའི་གདམས་པ་སྟོན། །ཞེས་སྨྲས་པས། བྱིའུ་ན་རེ། རྭ་བཅུ་རྒྱས་པའི་ཤ་བ་ནག་པོ་དང༌། །ལ་ལུང་བསྐོར་བའི་གློག་སྤྱང་དམར་མོ་དང༌། །ཤ་ཟའི་གདོང་ཅན་མགོན་པོ་རྡོ་རྗེ་གསུམ། །ས་ཐོབ་དམ་པ་གང་ལས་བྱུང་བ་ལྟོས། །ཞེས་ཟེར་བ་ལ་ཡང༌། བྱིའུ་ལ་སྨྲས་པ། ཧ་ས་བཛྲ་ཐུགས་ཀྱི་བུམ་བཟང་ལས། །ཨམྲྀ་ཏ་འདྲའི་ཟབ་དོན་གདམས་པའི་བཅུད། །མྱོང་བའི་སྐལ་ལྡན་རྣམས་ལ་དེ་སྐད་མོད། །བདག་སོགས་སྙིགས་དུས་འགྲོ་ལ་ཇི་ལྟར་འགྱུར། །ཞེས་སྨྲས་པས། བྱིའུ་ན་རེ། ཧ་ཅང་བརྩོན་པ་ཆེན་པོས་བསྒྲུབ་ནུས་ན། །ཨ་དོན་སྐྱེ་མེད་རྟོགས་པའང་དཀའ་བ་མིན། །བཏང་སྙོམས་ལེ་ལོས་དབང་གྱུར་སྐྱེ་བོ་ལ། །འདི་སྣང་འཕྲལ་གྱི་བྱ་བའང་དཀའ་མོར་མཆིས། །མང་དུ་སྨྲས་ཀྱང་ཚིག་ལ་འཛད་པ་མེད། །དེ་རིང་ངེད་ཅག་མཐུན་པར་སྨྲ་བ་ཡང༌། །སྔོན་བསགས་ལས་སྨོན་དག་པའི་རྒྱུ་ལས་བྱུང༌། །དེ་བཞིན་རྒྱུ་འབྲས་ཆོས་ལ་ཡིད་ཆེས་ཀྱིས། །སྔོན་སྨྲས་ཚིག་རྣམས་མ་བརྗེད་སེམས་ལ་ཞོག །ཡུན་རིང་བསྡད་ན་ལོང་གཏམ་འཕེལ་བའི་རྒྱུ། །མི་སྡོད་དགྲ་བོ་ནམ་ཡོང་ཆ་མེད་པས། །བྱིའུ་བདག་ནི་ནགས་མའི་གསེབ་ཏུ་འགྲོ། །ཞེས་བདག་ལ་སེམས་འཕྲང་བའི་ཚུལ་གྱིས། ཕྱི་མིག་བལྟ་བཞིན་ཤར་ཕྱོགས་ཀྱི་ནམ་མཁའ་ལ་འཕུར་སོང་བས། སེམས་ལ་ཤིན་ཏུ་འཕྲང་ཞིང་ཡིད་སྐྱོ་བ་སྨྲ་མི་ཤེས་པ་ལྟ་བུ་ཞིག་བྱུང་སྟེ་བརྗེད་ཀྱིས་དོགས་ནས་འཕྲལ་དུ་ཡི་གེར་བཀོད་པའོ། །ལེགས་པར་བཤད་པ་བྱ་ཀ་ལན་ཏ་ཀའི་དྲིས་ལན་ཞེས་བྱ་བ་རྫོགས་སོ། །
སྨྲས་པ།
སྡེབ་སྦྱོར་གཞུང་ལ་ཐོས་ཆུང་བདག་འདྲ་དང༌། །འདབ་ཆགས་དུད་འགྲོས་སྨྲས་པའི་ཕལ་ཚིག་འདི། །མཁས་རྣམས་དགའ་བ་བསྐྱེད་པར་མི་ནུས་མོད། །འོན་ཀྱང་ཀ་སོགས་སྡེ་ཚན་ལས་རྩོམ་ཚེ། །འདོགས་དང་སྔོན་འཇུག་མཐའ་རྟེན་བྱེད་པ་དང༌། །ཐོབ་བཏང་དོར་ནས་ཚིག་ཙམ་བསྒྲིགས་པ་འདི། །མི་རིགས་ཞེས་པ་དཔྱོད་ལྡན་ཕལ་ལ་གྲགས། །དེའི་ཕྱིར་འདི་ལ་ནོངས་པའི་ཚོགས་མཆིས་ན། །མཁྱེན་ལྡན་མཁས་པའི་ཚོགས་ཀྱིས་མི་ཁྲེལ་འཚལ། །
དེས་ན་ཁ་སང་གི་ཕྱག་བྲིས་དེ་ལ་དངོས་ལན་ཞིག་འབུལ་དགོས་རྒྱུ་ཡིན་རུང༌། ཕལ་ཆེར་དྲིས་ལན་གྱི་ཚིག་འདི་རྣམས་ཀྱིས་སྟོན་པར་འདུག་པ་དང༌། རེ་ཞིག་བྱིའུའི་ཚིག་འདི་རྣམས་ལ་ཡ་མཚན་པར་འདུག་པས་སྔ་མགྱོགས་སུ་ཕུལ་བ་ལགས། བྱིའུ་དེ་ཕྱོགས་སུ་ཡང་བྱུང་ནས་གསུང་གླེང་བྱུང་ན་འདིར་ཡང་སྐད་ཆ་གནང་བ་ཞུ་ལགས། གོང་གི་འབུལ་ཡུལ་གྱི་སྤྲུལ་བའི་སྐུ་ནི། བསྟན་པའི་མངའ་བདག་ལྕང་སྐྱ་རིན་པོ་ཆེ་ྋངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོ་དང༌། འབུལ་བ་པོ་ནི་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའོ། །གནས་ནི་ཡུལ་དབུས་འབྲས་སྤུངས་ཀྱི་ཉེ་འདབས་རི་བོ་དགེ་འཕེལ་དུ་གྲགས་པ་དེ་ཡིན་ནོ། །


previousཀུན་མཁྱེན་བླ་མའི་རྣམ་ཐར་དང་དྲིས་ལན།next