Nitartha Digital Library
Tibetan
ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།


   
   
   
   
   
   
   
   
   
   
གསུང་ཐོར་བུ་ལས་བསྟོད་ཚོགས་བི་ཧ་ར་ཏིསྨ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུང་ཐོར་བུ་ལས་བསྟོད་ཚོགས་བི་ཧ་ར་ཏིསྨ།next

གསུང་ཐོར་བུ་ལས་བསྟོད་ཚོགས་བི་ཧ་ར་ཏིསྨ།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ཐོར་བུ་ཁྲིགས་ཆགས་སུ་བསྡེབས་པ་ལས་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྲུང་གི་བསྟོད་ཚོགས་བི་ཧ་ར་ཏིསྨ། །
ན་མ་ཤྴཱཀྱ་མུ་ན་ཡེ། རྒྱལ་སྲས་དུས་ནས་དཔག་དཀའི་སྙིང་སྟོབས་ལ། །རྒྱལ་བ་རྣམས་ཀྱིས་པད་དཀར་ལྟར་བསྔགས་པའི། །སྙིགས་མའི་མགོན་པོ་དོན་ཀུན་གྲུབ་ཞབས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ། །མགོན་ཁྱོད་གདུལ་བྱ་གང་འདུལ་ལེགས་སྨོན་འབྲས། །གསང་གསུམ་སྤྲུལ་པའི་འོད་སྟོང་རབ་འབར་བས། །སྙིགས་མའི་མུན་ཚོགས་འཐིབས་པ་འདི་བསལ་ནས། །བསྟན་འགྲོའི་བདེ་སྐྱིད་སྣང་བ་སྩོལ་ལ་འདུད། །ཡང་ཡང་བསམས་ཀྱང་དཔག་མེད་བསྐལ་སྔོན་ནས། །མང་མང་ཞིང་ཁམས་དུ་མར་སངས་རྒྱས་ཀྱིས། །སྙན་སྙན་བདུད་རྩིའི་ཆོས་འཁོར་ལེགས་བསྐོར་ནས། །བརྩེ་བརྩེས་མ་རྣམས་དྲངས་ཚུལ་འདི་ཉིད་རྨད། །རྐང་འཐུང་མང་པོའི་དབུས་ན་ཡོངས་འདུ་དང༌། །རི་དྭགས་མང་པོའི་ཁྲོད་ཀྱི་གདོང་ལྔ་དང༌། །སུམ་རྩེན་ལྷ་དབང་དབུས་ན་སྤྱན་སྟོང་བཞིན། །རྒྱལ་བའི་དཀྱིལ་འཁོར་དབུས་ན་ཉི་མའི་གཉེན། །གྲངས་དང་ཚད་ཀྱིས་མ་བཟུང་སྨོན་ལམ་དང༌། །ཐུགས་རྗེའི་འབྲས་བུ་གསང་གསུམ་དཔལ་གང་ལ། །ཡོན་ཏན་ནམ་མཁའི་རྗེས་འགྲོ་མེད་མིན་ན། །ཁྱོད་ཀྱི་ཡོན་ཏན་ཀུན་བརྗོད་སྲིད་ཞིར་སུ། །རྨད་བྱུང་ཕུན་ཚོགས་ནོར་བུའི་ཕོ་བྲང་ལ། །ལན་གཅིག་དྲན་ནམ་དད་དམ་མ་དད་ཀྱང༌། །མཐོང་ཐོས་དྲན་རེག་འདྲེན་པའི་ལྕགས་ཀྱུ་ཡི། །དབང་སོགས་བདག་གི་འདུན་པ་འདི་རྨད་བྱུང། །སྐུ་གསུང་ཐུགས་ཀྱི་མཛད་བཟང་རེ་རེས་ཀྱང༌། །བདུད་སྡེའི་དཔུང་བཅོམ་མི་མཐུན་ནག་པོའི་ཕྱོགས། །ཞི་ཞིང་ཉི་མས་མུན་དང་ཆར་གྱིས་རྡུལ། །ཇི་བཞིན་མཛད་པའི་ཐུགས་རྗེའི་དུས་ལ་བབས། །བསྟན་འགྲོའི་པད་ཚལ་ཕན་བདེར་བཞད་པའི་གེགས། །ནག་པོའི་མཐུ་ལྡན་ལོག་པའི་ལམ་ཞུགས་རྣམས། །མཐུ་དང་ངན་གཡོའི་སྤྲིན་ཕུང་ཀུན་ཞི་བའི། །ཐུགས་རྗེའི་འཐོར་རླུང་དུས་ཀྱི་རླུང་བཞིན་མཛོད། །དེ་ལྟར་མགོན་ཁྱོད་བསྟོད་པའི་ཚེ་རབས་སུ། །རྫོགས་པའི་སངས་རྒྱས་རྣམས་ཀྱི་ཞལ་མཐོང་ཞིང༌། །ལོག་པའི་ལམ་ངན་མུན་ཚོགས་རབ་བསལ་ནས། །འགྲོ་རྣམས་རྒྱལ་བའི་ལམ་དུ་འགོད་པར་ཤོག །ཅེས་འདི་བྱ་ལོའི་ཆོ་འཕྲུལ་དཀར་ཕྱོགས་ཀྱི། །རྫོགས་པ་གསུམ་པར་ལྷ་མིའི་སྟོན་མཆོག་ལ། །དང་བའི་སེམས་ཀྱིས་མང་ཐོས་རྒན་པོས་བྲིས། །སྐྱེ་འགྲོ་ཡོངས་ལ་བཀྲ་ཤིས་པར་གྱུར་ཅིག །ཅེས་ལྷ་མིའི་རྣམ་འདྲེན་ཟླ་མེད་ཐུབ་དབང་དོན་ཀུན་གྲུབ་པའི་བསྟོད་པ་བྱིན་རླབས་མྱུར་འཇུག་བདུད་ལས་རྣམ་པར་རྒྱལ་བའི་བཞད་སྒྲ་ཞེས་བྱ་བ་འདི་ཡང༌། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་ལྷ་སའི་ལྷོ་ཕྱོགས་ན་འདུག་ཚེ་ཆོ་འཕྲུལ་གྱི་ཟླ་བའི་དཀར་ཕྱོགས་རྫོགས་པའི་དུས་བྲིས་པ་ཀུན་ལ་དགེ་བར་གྱུར་ཅིག།། །།
༈ ཟླ་བའི་མཛེས་པས་འགྲན་པར་ནུས་མིན་པའི། །ཡེ་ཤེས་ལང་ཚོ་སྒྱུ་མ་མིག་གི་འཕྲུལ། །ཕྱག་སྟོང་བཅུ་གཅིག་ཞལ་གྱི་མཛེས་སྡུག་སྐུ། །བཞེངས་སྟབས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ། །སྐྱོན་གྱིས་རབ་ཏུ་མཚན་པའི་སྲིད་པ་ཡི། །སྡིག་པའི་དྲི་མ་སྙིང་རྗེས་བཀྲུ་བར་མཛོད། །གཅིག་ཏུ་བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ། །རྣམ་པ་དུ་མས་བསྒྲུབ་འདི་མྱུར་དུ་སྐྱོབ། །ཕན་བདེ་བླ་ན་མེད་པའི་གཏེར་གྱི་སྒོ། །གཞན་ཕན་བྱང་སེམས་མྱུར་དུ་བདག་ལ་སྩོལ། །སྲིད་ཞིའི་འཆིང་བ་མ་ལུས་གཅོད་པའི་མཚོན། །གནས་ལུགས་རྟོགས་པའི་ཤེས་རབ་མྱུར་དུ་སྩོལ། །ངེས་པར་འབྱུང་བའི་ས་གཞི་བརླན་པར་ཤོག །དེར་ནི་བྱང་སེམས་ས་བོན་འདེབས་པར་ཤོག །སྙིང་རྗེའི་ཆུ་ཡིས་རྟག་ཏུ་སྨིན་པར་ཤོག། །
༈ ཡེ་ཤེས་མ་ལུས་འདུས་པའི་སྐུ་ཅན་རྒྱལ་ཀུན་ཡབ། །ཐུགས་རྗེའི་དབང་གྱུར་རྒྱལ་སྲས་ཚུལ་འཛིན་ཁྱོད་མཚན་ཙམ། །རྣ་བར་ཟེགས་ཀྱང་རྨོངས་མུན་འཐོར་བྱེད་རྣམ་དཔྱོད་མ་ལུས་སྐྱེད། །སྐྱེད་མཛད་མཁྱེན་གཏེར་ལ་འདུད་སྙིང་དབུས་ལྷམ་མེར་མཛོད། །གང་ཞིག་ཡིད་ལ་དྲན་པའི་མགྲིན་པའི་སྒྲོག་གྲོལ་གསུང་དབང་མ་ལུས་སྩོལ། །རྟག་པར་ཐུགས་མཚོ་ལས་འོངས་ལེགས་བཤད་གྱེན་མཐོར་རི་མོ་ཡོལ་མེད་འཛིན། །ཞི་དང་དྲག་སོགས་གང་འཚམ་སྐུར་སྟོན་ཡེ་ཤེས་སྒྱུ་འཕྲུལ་དབང་མོ་དེས། །མགྲིན་མཚོ་སྐལ་བཟང་བྱས་སོ་ནམ་ཡང་ལྷན་སྐྱེས་བཞིན་མཛོད་ཚངས་སྲས་ཀྱེ། །རྨད་བྱུང་རྒྱལ་ཀུན་འཕྲིན་ལས་གཟུགས་ཅན་བཞིན་དང་མཐའ་བྲལ་བློ་གྲོས་ཀུན། །ངེས་པར་མཁས་བཙུན་བཟང་པོའི་གཟུགས་སུ་རོལ་པའི་གསང་བ་གསུམ། །ཀུན་གསལ་ཞགས་པས་འཁྱུད་མིན་གྲགས་སྙན་དཀར་པོ་ཕྱོགས་ཀུན་གྱི། །མཁའ་ཁྱབ་རྒྱལ་བ་གཉིས་པའི་ཞབས་སེན་དབང་རྒྱལ་སྤྱི་བོར་ལེན་ལ་སྤྲོ། །མི་དམན་མཁྱེན་པའི་ཚུལ་འདི་ཤིང་རྟའི་སྲོལ། །འབྱེད་མཛད་དཔའ་བོ་དགེ་དབང་དཎྜིའི་ཞབས། །གངས་ཅན་མཁས་པ་ཤོང་དཔང་ནམ་བཟང་ཞབས། །ཞྭ་ལུ་ལོ་ཆེན་ལ་སོགས་བསྔགས་པའི་ཡུལ། །རྒྱལ་བསྟན་ཡོངས་རྫོགས་ཤིང་རྟའི་སྲོལ་ཆེན་པོ། །མི་ནུབ་རྣམ་དཔྱོད་དཔུང་པས་འཛིན་དང་འདིའི། །ཕུལ་བྱུང་དཔལ་ལྡན་མཁས་གྲུབ་ཡབ་སྲས་དང༌། །ཀུན་མཁྱེན་དབྱངས་ཅན་བཞད་སོགས་བསྟན་པའི་སྲོག །དུས་གསུམ་གཟིགས་པ་ཀུན་ཀྱི་ཐུགས་རྗེ་གཅིག་གྱུར་ངག་གི་དབང་ཕྱུག་པད་དཀར་འཛིན། །ངུར་སྨྲིག་རོལ་བའི་བློ་བཟང་རྒྱལ་བ་གཉིས་པའི་བསྟན་པའི་གདུགས་ཀྱིས་འཛིན་མའི་ཁྱོན། །གང་བར་བྱས་དང་ཆབ་གཅིག་གནས་ལྔའི་བསྟན་པའི་རུ་མཚོན་ཆེ་དེ་མཐོར་འདེགས་པའི། །ཞིང་ཁམས་རབ་འབྱམས་རྒྱ་མཚོའི་རྒྱལ་ཀུན་འཕྲིན་ལས་འགྲོ་ལ་བསྒྲུབ་ལ་སྙིང་ནས་གུས། །
༈ ན་མོ་གུ་རུ་སི་ཏ་མཉྫུ་གྷོ་ཥཱ་ཡ། །འོ་མཚོར་པད་དཀར་བདུད་རྩི་སྦྱིན་རྒྱས་ལས། །མཛེས་སྡུག་ཤེལ་དཀར་ཕྱག་གཡས་སྒྲུབ་པ་པོར། །རྣམ་ཀུན་མཁྱེན་མཆོག་སྦྱིན་མཛད་ཨུཏྤལ་རྩེར། །གླེགས་བམ་གཡོན་བསྣམས་ཡབ་ཀྱི་བདག་རྨོངས་ཆོམས། །གནམ་སྔོན་བཞུས་བྱུགས་རལ་པའི་ཟུར་ཕུད་ལ། །ཆགས་ལྡན་ཟོལ་གྱིས་རྨོངས་པའི་དགྲ་འཇོམས་སླད། །རིན་ཆེན་རྩེ་ཕྲན་བཅིངས་ནས་ལྷ་རྫས་གོས། །སྤྲིན་དཀར་དབང་གཞུས་ཀླུབས་ལྟར་གྱོན་ནས་འགྱིངས། །རྒྱལ་བ་མ་ལུས་སྐྱེད་པའི་ཡབ་གཅིག་པོར། །གྱུར་ཀྱང་བགྲེས་པའི་ཉམས་ཀྱིས་དབྱངས་ཅན་མ། །དགྱེས་རོལ་གྲོགས་སུ་ཁུག་པ་མིན་ནོ་ཞེས། །བཅུ་དྲུག་གཞོན་ཆས་མཛེས་འཛུམ་བཞད་དམ་སྙམ། །དཔལ་སྟུག་སྟོབས་སོགས་ཡོན་ཏན་རིན་ཆེན་ཕྲེང༌། །ཆགས་པ་མེད་ཀྱང་མགུལ་བར་རྟག་འཕྱང་བ། །བྱིས་སེམས་སྦྲང་འཐུང་ཀུན་མཁྱེན་ཡེ་ཤེས་སུ། །མགྲོན་སླད་རིན་ཆེན་རྒྱན་བརྒྱ་གཡོ་བར་ངེས། །ཨཏྤལ་སྔོན་པོ་ལྟར་ཡངས་སྤྱན་ཟུང་གིས། །ཤེས་བྱའི་ཕ་མཐའ་མཐོང་སྙམ་ཀུན་གསལ་མ། །མཐའ་བྲལ་གྲགས་པ་ཞིག་དོགས་རང་གི་མཐའ། །སྔོ་བསང་ལང་ཚོ་དང་བཅས་མི་སྣང་བཞིན། །བྱི་རུའི་མཆུ་སྒྲོས་འཛུམ་དབུས་མུ་ཏིག་ཚེམས། །བཞི་བཅུའི་ཕྲག་ནས་ཆོས་ཀུན་གསལ་བའི་དབྱངས། །ཉམས་དང་རོ་བརྒྱས་མྱང་ཡང་ངོམས་མིན་བཅུད། །ཡམས་ནད་གཤེད་དུ་བདུད་རྩི་བཞིན་རྟག་སྤྲོས། །ཁྱོད་སྐུ་ཟླ་མཐོང་སྙིང་མུན་ཀུན་སེལ་ཞེས། །རྨོངས་པས་བཅོམ་ཡང་དད་པའི་ཀུ་མུད་མིག །ཁྱོད་ལ་གཏད་དེས་ཐུགས་རྗེའི་དངོས་པོའི་ཆ། །མཐོང་བ་ཙམ་གྱིས་རྣམ་དཔྱོད་འདབ་མ་བཀྲ། །སྔགས་བཟླས་སྐུ་དྲན་བདུད་རྩིས་རྨོངས་མུན་ཚོགས། །ཟླ་བས་རབ་རིབ་བཞིན་བཅོམ་མཚུངས་མེད་བློའི། །རྒྱུ་སྐར་བྱེ་བའི་རྩེ་དགའ་ལེགས་བཤད་ཀྱི། །ཁྱད་ཆོས་གསར་བའི་མཛེས་སྡུག་འགོག་མེད་འཆར། །དགག་བཞག་ཆབ་དང་རྙོག་པ་འདྲེས་པའི་རྡུལ། །ཐུགས་རྗེ་དྭངས་བྱེད་མ་ཎི་ཀས་ཕྱེ་ལ། །ཡང་དག་ལྟར་སྣང་ཕྲ་འདྲེས་འོ་མ་ཆུ། །འབྱེད་ནུས་རྣམ་དཔྱོད་འཁོར་ལོའི་ལག་ཅན་མཛོད། །དཔུང་པས་ལོན་མིན་ཆུ་བུར་མིག་གིས་མིན། །ཀུན་ལ་ཁྱབ་ཀྱང་ལོང་བས་ནམ་མཁའ་བཞིན། །རྙེད་མིན་མཐའ་བྲལ་ལྟ་དང་བསོད་ནམས་ཚོགས། །ལམ་བཟང་ལ་ཞུགས་ཀུན་མཁྱེན་ཐོབ་པར་མཛོད། །སྒྲ་ཚད་བཟོ་གསོ་ནང་རིག་འོད་སྟོང་གིས། །མི་ཤེས་ཐུན་གསུམ་བཅོམ་དང་ལྷན་ཅིག་ཏུ། །ཐུབ་བསྟན་པད་ཚལ་མ་ལུས་བཞད་པའི་གཉེན། །མཚུངས་མེད་གཟི་འབར་སྲིད་ལས་རྒྱལ་བར་མཛོད། །མདོ་སྔགས་གྲུབ་མཐའི་སྒོ་དང་རིན་ཆེན་ཚོགས། །དཔྱོད་ལྡན་འདུན་ས་ཚོང་འདུས་ལ་འགྲིམ་ཚེ། །ཡིན་མིན་རིན་ཆེན་འཆིང་བུ་སོ་སོ་རུ། །གསལ་བར་སྟོན་པའི་རྣམ་དཔྱོད་འཕྲུལ་ད་སྩོལ། །ཇི་ལྟ་ཇི་སྙེད་ཆོས་ཀྱི་རྣམ་དབྱེ་དང༌། །ངེས་ཚིག་བརྡ་སྤྲོད་མདོ་རྒྱུད་བསྟན་བཅོས་ཀུན། །དུས་ཀུན་ཡིད་ལ་ཉི་མ་ལྟར་གསལ་བློས། །འཆད་རྩོད་རྩོམ་པའི་དབང་པོར་བདག་གྱུར་ཅིག །བདག་གི་ཚིག་སྦྱོར་རེས་ཀྱང་འོད་སྟོང་གིས། །སྨིན་པའི་པདྨ་བྱེ་བ་གཅིག་ཆར་དུ། །བཞད་བཞིན་མཁས་བླུན་བར་མ་མཐའ་དག་གི །ཐེ་ཚོམ་སྦུབས་གྲོལ་རྣམ་དཔྱོད་རྒྱས་བཀྲར་ཤོག །ཚེ་རབས་ཀུན་ཏུ་མགོན་ཁྱོད་མངོན་སུམ་ཞིང༌། །དེ་ཡི་མོད་ལ་ཡིད་མཁར་བཤད་སྒྲུབ་ཀྱི། །ཆོས་ཀྱི་སྒོ་མཐའ་ཡས་རྙེད་མ་ལུས་འགྲོར། །ཟབ་རྒྱས་ཆར་ཕབས་སྨིན་གྲོལ་གཡུར་ཟ་ཤོག །ཏིང་འཛིན་སྔགས་དང་སྦྱིན་སྲེག་རྫས་སྦྱོར་གྱིས། །དག་སྒྲུབ་རལ་གྲི་རིལ་བུ་ལས་བཞི་སོགས། །རྒྱུད་ནས་གསུངས་པའི་མཆོག་ཐུན་དངོས་གྲུབ་ཀུན། །ཐོགས་མེད་སྦྱར་བ་ཙམ་གྱིས་འགྲུབ་པར་ཤོག །ཆོས་རྣམས་མིང་གི་ཚོན་རིས་ཀྱིས་ཕྱེ་བའི། །རྟེན་འབྱུང་མི་བསླུ་གང་ཡང་འཆར་བའི་གཤིས། །ལེགས་སྨོན་སྣ་ཚོགས་འཆར་བའི་མེ་ལོང་དུ། །མཆོག་གསུམ་ཐུགས་རྗེས་འགྲོ་ལ་མངོན་གྱུར་ཤོག །ཅེས་ཡབ་གཅིག་འཇམ་དབྱངས་དཀར་པོའི་བསྟོད་པ་ལེགས་བྱས་རྟེན་འབྱུང་བཀྲ་བའི་མེ་ལོང་དཔྱོད་ལྡན་ཡིད་ཀྱི་འདབ་བརྒྱའི་གཉེན་མཆོག་ཅེས་བྱ་བ་འདི་ཡང༌། གངས་ཅན་གྱི་བྱ་རྒོད་ཕུང་པོའི་རི་བོ་གཉིས་པ་གྲུབ་པའི་དབང་ཕྱུག་དམ་པ་རྣམས་ཀྱི་བསྟི་གནས་དཔལ་རི་བོ་དགེ་འཕེལ་དུ་མང་དུ་ཐོས་པའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སུག་བྲིས་སུ་བགྱིས་པའི་དགེ་བས་སྐྱེ་འགྲོ་ཀུན་གྱིས་ཐམས་ཅད་མཁྱེན་པ་མྱུར་དུ་ཐོབ་པར་གྱུར་ཅིག།། །།
༈ ན་མཿཨཱརྻ་ཏཱ་ར་ཡེ། མྱུར་མྱུར་འགྲོ་ཀུན་འཇིགས་རྣམས་སྐྱོབ་སླད་དུ། །ཡང་ཡང་གཟིགས་ནས་རྒྱལ་རྣམས་འཕྲིན་ལས་ཀུན། །མཛེས་མཛེས་ལྷ་མོའི་སྐུར་བསྟན་རྗེ་བཙུན་མར། །དུང་དུང་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །མར་གད་ཞུན་མཚོའི་དབུས་ནས་ཕྱུང་བའི་སྐུ། །ཞི་བའི་གཏེར་ལས་འཁྲུངས་པའི་མཛེས་སྡུག་ཞལ། །སྤྱན་རས་ཨུཏྤལ་སྔོན་པོ་ཁ་ཕྱེ་བ། །བུང་བའི་ཐེ་ཚོམ་སླད་དུ་འཛུམ་པ་བཞིན། །དམར་བའི་བིམ་པ་ཁོ་ནར་མཚུངས་མིན་མཆུ། །འགྲོ་ལ་རྗེས་ཆགས་འཛུམ་དབུས་མུཀྟི་ཀའི། །འབྲས་བུར་དོག་ལྡན་ཚེམས་ཀྱི་གེ་སར་ཅན། །མཛེས་ལྡན་པདྨ་འགའ་ཡང་ཁྱོད་ཀྱི་དཔེ། །དགེས་པ་བཞིན་དཀར་འོ་འཛིན་ནུ་འབུར་ཟུང༌། །དཔལ་ལྡན་སྒེག་པའི་ཕུན་ཚོགས་ངོམས་བཞིན་དུ། །མཛེས་པ་གཅིག་བསྡུས་རིན་ཆེན་རྒྱན་སོགས་ཀྱིས། །མར་གད་རི་ལ་རྒྱུ་སྐར་བཀྲམ་བཞིན་མཛེས། །ཐུགས་རྗེ་བཞིན་མཉེན་སྙན་ཤལ་རིང་པོ་ཟུང༌། །བུམ་པ་བརྒྱར་སྐྱེས་ཀརྞ་ཀས་སྤྲས་པ། །ཕྱོགས་ཀྱི་སྒེག་མོ་དག་གི་རྣ་བ་ལ། །དྲི་བྲལ་གྲགས་དཀར་གཡོ་ཞིང་འཁོར་བའི་ཆ། །མར་གད་ཞུན་མའི་མཛེས་སྡུག་རྫོགས་པའི་སྐུ། །སྲེད་པ་འགོག་ཕྱིར་བྱེད་པོས་ལྷ་རྫས་གོས། །འཇའ་ཚོན་ལྟར་བཀྲའི་ལྷབ་ལྷུབ་གཡོ་བར་བྱས། །ཚར་ཚར་འོག་པགས་འཕྱང་བའི་རྐེད་སྐབས་འདི། །དབང་གཞུ་ལྟ་བུར་གཡས་ཕྱོགས་ལ་འཁྱོག་པ། །སྙིང་རྗེ་ཁོ་ནས་གཞན་ཕན་ལ་བསྐུལ་ཆ། །དཀྱུས་རིང་པདྨའི་སྤྱན་གྱིས་རབ་ཏུ་སྟོན། །སྲིད་ཞིའི་དཔལ་འབྱོར་ཡོད་དོ་ཅོག་བཟླུམས་པར། །མར་གད་ལྷ་མོ་འཕྲིན་ལས་གཏེར་ཆེན་མས། །འགྲོ་རྣམས་འཇིགས་ཆེན་ཀུན་ལས་སྐྱོབ་མཛད་ན། །ཁྱོད་ཀྱི་གསང་གསུམ་རོལ་པའི་ཆ་གཅིག་དཔེ། །མཐའ་ཡས་སྐུ་ནི་འགྲོ་ལ་ཀུན་ཏུ་སྟོན། །རང་རང་སྐད་ཀྱིས་འགྲོ་ལ་ལེགས་བཤད་སྒྲོགས། །མ་ལུས་ཆོས་རྣམས་མཁྱེན་ངོར་མ་འདྲེས་བཀྲ། །གསང་གསུམ་བརྗོད་འདས་ཁྱོད་ལ་ཕྱག་འཚལ་ལོ། །འདུད་དོ་རྒྱལ་ཀུན་མཁྱེན་པའི་ཡུམ་གཅིག་མ། །དྲན་པས་འདོད་དགུ་སྦྱིན་པའི་དབང་རྒྱལ་མ། །ལྷ་མིའི་གཙུག་གིས་རྟག་མཆོད་རྗེ་བཙུན་མ། །ཀ་ཡེ་ཕོངས་པ་ཀུན་སྐྱོབ་ཏཱ་རེ་མ། །བདེ་བ་ཁོ་ན་ཡིད་ལ་རབ་བརྣག་ཅིང༌། །སྡུག་བསྔལ་བརྒྱས་བཙེས་སྙིགས་མའི་འགྲོ་འདི་ལ། །འཕྲིན་ལས་བཅུ་གཉིས་བདག་པོའི་གཟི་བྱིན་གྱིས། །ཕན་བདེའི་འདབ་བརྒྱ་རྟག་ཏུ་རྒྱས་པར་མཛོད། །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ། །སྦྲུལ་དང་རྐུན་པོ་ལྕགས་སྒྲོགས་མཚོ་འཁྲུགས་དང༌། །རོ་ལངས་ནད་དང་དབང་པོས་འཚེ་དང་དབུལ། །བུད་མེད་བྲལ་དང་མི་བདག་ཁྲོས་ཅན་འཁྲུག །རྡོ་རྗེ་ལྟུང་དང་ནོར་རྣམས་བཅུ་དྲུག་གི །འཇིགས་པའི་རབ་རྨོངས་སྐྱབས་མེད་འགྲོ་འདི་དག །འཇིགས་མེད་བདེ་བའི་ལམ་དུ་ཁྱོད་ཀྱིས་མཛོད། །མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང༌། །མཁས་བཙུན་བཟང་གསུམ་ཐོས་བསམ་སྒོམ་སོགས་ཀྱིས། །འགྲོ་རྣམས་མངོན་མཐོ་ངེས་ལེགས་ལ་འགོད་ཅིང༌། །དེང་ནས་རྟག་ཏུ་ཁྱོད་ཀྱི་ཞལ་མཐོང་ཤོག །གནས་སྐབས་འགྲོ་ལ་ཕན་བཞེད་རེ་བའི་དོན། །མ་ལུས་འབད་མེད་མྱུར་བ་ཉིད་དུ་འདིར། །ལྷུན་གྲུབ་སྩོལ་ཅིང་གང་བྱས་འགྲོ་རྣམས་ལ། །རྟག་ཏུ་ཕན་དང་བདེ་བའི་རྒྱུར་གྱུར་ཅིག །རྟེན་འབྱུང་བསླུ་མེད་མཁའ་ལ་གང་ཡང་འཆར། །རྒྱལ་བ་སྲས་བཅས་བྱིན་རླབས་ཡོལ་བ་མེད། །ལྷག་བསམ་ཉི་མ་བྱེ་བའི་འོད་ཟེར་གྱིས། །སྨོན་འབྲས་སྣ་ཚོགས་ཇི་བཞིན་མངོན་སུམ་ཤོག །ཅེས་སེང་ལྡེང་ནགས་ཀྱི་སྒྲོལ་མ་འཕྲིན་ལས་ཀྱི་གཏེར་ཆེན་མ་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཡིད་བཞིན་དབང་གི་རྒྱལ་པོའི་ཆར་ཆེན་རྫོགས་ལྡན་དགའ་སྟོན་འདི་ཡང༌། འཇམ་དབྱངས་བཞད་པའི་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་བྲིས་པ་སྐྱེ་འགྲོ་ལ་དགེ་བར་གྱུར་ཅིག།། །།
༈ ན་མཿསྭ་ར་སྭ་སྟྱཻ། སྣ་ཚོགས་ཡེ་ཤེས་སྒྱུ་འཕྲུལ་བརྟན་གཡོའི་གར། །རྨོངས་གཉེན་ཡེ་ཤེས་ཉི་མའི་དངོས་བརྒྱའི་ཆ། །བྱི་རུའི་སྨྲ་སྟོན་ལྷ་མོར་ཤར་བ་ཀྱེ། །མགྲིན་མཚོར་སྙན་ཚིག་གཏམ་གྱིས་སྐལ་བཟང་སྒྲུབས། །རྒྱལ་བ་ཀུན་གྱི་ཡེ་ཤེས་གསང་བ་བཞིན། །སྟོན་མཛད་ཁྱོད་ཀྱི་གསང་གསུམ་བཀོད་པའི་ཆ། །དུས་ཀུན་བརྗོད་ཀྱང་ཆ་གཅིག་མི་རྫོགས་ཀྱང༌། །རྨད་བྱུང་འགའ་བརྗོད་འདིར་གཟིགས་དབྱངས་ཅན་མ། །པད་རག་མཛེས་སྡུག་ཀུན་རྫོགས་རིན་ཆེན་ལྗོན། །འཇའ་ཚོན་གོས་གྱོན་ཨུཏྤལ་ཟུར་མིག་གཡོ། །དབང་སྔོན་ལན་བུ་རྒྱུ་སྐར་ཕྲེང་བས་སྤུད། །རྒྱལ་རྣམས་ཐུགས་འཕྲོག་འགྱུར་ན་ཁྱོད་སྐུའི་དཔེ། །མཚན་དཔེ་ཕན་ཚུན་ང་ལྷག་ང་མཛེས་ཅེས། །འགྲན་བཞིན་དབུ་རྒྱན་ཕྱག་ཞབས་སྐུ་སྐེད་ཀྱི། །རིན་ཆེན་རྒྱན་དྲུག་གཡེར་ཁས་ང་ལྷག་ཅེས། །སིལ་སིལ་སྒྲ་འཁྲོལ་སོར་མོའི་གདུ་བུའང་འགྲན། །མཁས་རྣམས་རེ་སྐོང་རིན་ཆེན་གཡས་པས་འཕྱར། །དྲི་བྲལ་ཀུན་གསལ་ཉིད་ཀྱི་ཐུགས་ཇི་བཞིན། །སྣང་སྲིད་ཀུན་འཆར་མེ་ལོང་གཡོན་བསྣམས་པས། །གདུལ་བྱའི་ཡིད་ལ་ཆོས་ཀུན་བྲིས་བཞིན་གསལ། །ནུ་འབུར་ཟུང་སྒྲིབ་འཇའ་ཚོན་སྟོད་གཡོག་དང༌། །འོག་པགས་འཕྱང་འཕྲུལ་གཡོ་བའི་ཤམ་ཐམས་ཅན། །ལྷབ་ལྷུབ་གཡོ་བའི་ཞབས་ཟུང་རོལ་སྟབས་ཀྱིས། །བུ་ཞེས་ཕེབས་ལ་མངོན་དགྱེས་བྲེལ་བ་བཞིན། །དཔལ་སྟུག་རྫོགས་པའི་སྐུ་དྲན་དགའ་བ་རྒྱས། །ཆགས་པ་མི་སྐྱེད་ཞེ་སྡང་རྨོངས་པའི་གཉེན། །མཁྱེན་རབ་ཀུན་བསྡུས་ཡེ་ཤེས་ཉི་མ་ཡིས། །ཀུན་མཁྱེན་སྣང་བའི་གཏེར་སྦྱིན་ཡུམ་ལ་འདུད། །ཡན་ལག་རེ་རེར་དབྱངས་ཀུན་ཡོངས་རྫོགས་པའི། །ཇི་ལྟ་ཇི་སྙེད་ཀུན་གསལ་སྐྱེ་དགུའི་འགྲོར། །རང་རང་སྐད་ཀྱིས་ཚིམ་པར་མཛད་པ་འདིས། །རྒྱལ་བ་སྲས་བཅས་གསུང་དབྱངས་བསྡུས་སམ་སྙམ། །མཁའ་འདྲའི་ཆོས་དབྱིངས་གཟིགས་པར་སྤྲོས་པའི་ཚོགས། །མ་ལུས་བྲལ་ཡང་ཇི་སྙེད་ཤེས་བྱའི་ཁམས། །རྨ་བྱའི་སྤུ་སྡུག་ལྟར་བཀྲ་མ་འདྲེས་པར། །ལེགས་གཟིགས་ཀུན་མཁྱེན་གྲགས་པ་འོག་མིན་སོང༌། །རིས་མེད་ཀུན་ལ་བུ་གཅིག་ལྟར་བརྩེ་ཡང༌། །ཞིང་བཅུ་བསྒྲལ་བའི་ཁྲག་གིས་ཞལ་ངོམས་པའི། །མ་གཤིན་འཕྲུལ་སོགས་མིང་བརྒྱ་སྐུའི་རྣམ་འགྱུར། །གྲངས་ལ་རྒྱལ་བ་ཀུན་ཀྱང་འཕྱང་མོ་ཉུག །དབང་ཕྱུག་བརྒྱད་ལྡན་སངས་རྒྱས་བདེན་གཉིས་ཆོས། །ཟུང་བཞིའི་དགེ་འདུན་ལ་སོགས་མཆོག་གསུམ་གྱི། །སྒྱུ་འཕྲུལ་དྲ་བས་སྒེག་ཀྱང་སྒྲ་མཁན་གྱི། །ཆུང་མའི་རྣམ་རོལ་དབྱངས་ཅན་མར་སྟོན་རྨད། །མཚོ་དང་རི་བྲག་ཆུ་འགྲམ་ལྗོན་པ་སོགས། །སྣ་ཚོགས་གནས་སུ་སྐལ་ལྡན་རང་རང་ངོར། །དྭངས་པའི་མཚོ་བརྒྱའི་ནང་དུ་ཟླ་བ་བཞིན། །གསང་གསུམ་སྣང་བརྙན་འཆར་བ་ཕན་བདེའི་དཔྱིད། །ཞབས་སེན་རིན་ཆེན་འོད་ཆགས་ཀུ་མུད་ཏ། །རྒྱལ་དང་རྒྱལ་སྲས་ལྷ་མི་ཀླུ་སོགས་ཀྱི། །གཙུག་སྐྱེའི་རྒྱན་དུ་ཉེར་འགོད་ཚིག་གཏེར་མའི། །གསང་གསུམ་རོལ་པར་ལན་བརྒྱར་མགོས་ཕྱག་འཚལ། །ཟླ་ཤར་མཁའ་ལ་རྒྱུ་སྐར་ཚོགས་བཞིན་དུ། །བཀའ་དང་བསྟན་བཅོས་ཀུན་གྱི་ཚིག་དང་དོན། །མ་ལུས་བདག་གི་ཡིད་ལ་རབ་བཀྲ་བའི། །གཟུངས་ཀྱི་དངོས་གྲུབ་སྩོལ་ཞིག་དབྱངས་ཅན་མ། །དབྱངས་ཅན་སྔོན་གྱི་ཐུགས་དམ་ལྟར་བྱོན་ཏེ། །བདག་གི་ལུས་ངག་ཡིད་ལ་མྱུར་ཞུགས་ལ། །ལྕེ་ལ་རྒྱལ་བའི་སྤོབས་པ་ཡིད་ལ་ནི། །ཆོས་ཀུན་སོ་སོར་རྟོག་པའི་ཀུན་མཁྱེན་སྩོལ། །སྔ་ཕྱི་འབྲེལ་ཆགས་མི་ཟློས་དངོས་ཤུགས་གསལ། །མི་འགལ་ངོ་བོ་དབྱེ་སོགས་གནད་དོན་ཚང༌། །མ་ཚང་སྐོང་སོགས་ཚིག་དོན་ཀུན་འབྱེད་པའི། །འཆད་ལ་ཀུན་གཟིགས་ལྟར་མཛོད་དབྱངས་ཅན་མ། །ཚིག་ལ་སྒྲ་དང་དོན་ལ་གཏན་ཚིགས་ཀྱིས། །ཕས་རྒོལ་འཁྲུལ་བ་བཟློག་ཕྱིར་ཕྲ་ཞིབ་ཀྱི། །རྣམ་དཔྱོད་འགྱེད་ལ་སྲིད་ཞིར་ཟླ་མེད་པ། །རྩོལ་ལ་འཇམ་དབྱངས་དངོས་མཛོད་དབྱངས་ཅན་མ། །སྙན་འཇེབས་ཚིག་དོན་ཉམས་རྫོགས་སྡེབ་སྦྱོར་མཁས། །བཅད་ལྷུག་སྤེལ་དང་ཟབ་གསལ་ཟུར་ཕྱིན་ཅིང༌། །རོ་འཛིན་དབྱངས་ཅན་བྱེ་བས་མངོན་རོལ་པའི། །རྩོམ་པའི་ངོ་མཚར་སྒོ་ཕྱེ་དབྱངས་ཅན་མ། །དེ་ལྟར་དད་གདུང་དྲག་པོས་མངོན་བསྟོད་པས། །ཚེ་རབས་ཀུན་ཏུ་སྙིང་གི་པདྨོ་རུ། །ལྷན་སྐྱེས་བཞིན་དུ་དབྱངས་ཅན་ཉེར་ཞུགས་ཏེ། །རྨོངས་བྲལ་མཁས་པའི་ཡང་རྩེ་ཐོབ་པར་ཤོག །རྒྱལ་བ་སྲས་བཅས་ཐུགས་རྗེ་སྨོན་ལམ་དང༌། །དབྱངས་ཅན་ལྷ་མོའི་སྒྱུ་འཕྲུལ་བདེན་ཚིག་མཐུ། །བདག་གིས་བསྒོམ་བཟླས་དད་པས་དུས་ཀུན་ཏུ། །དབྱངས་ཅན་ལྷ་མོས་མངོན་སུམ་རྗེས་འཛིན་ཤོག །
ཅེས་རྒྱལ་བ་ཐམས་ཅད་ཀྱི་ཡུམ་གཅིག་འདི་གསེར་འོད་ལྟར་གསང་གསུམ་གྱི་རོལ་པ་མཐའ་ཡས་ཀྱི་འཕྲིན་ལས་རྣམ་བཞིས་འགྲོ་བ་རྗེས་སུ་འཛིན་པ་མང་དུ་ཡོད་པའི་ནང་ནས་སྒྲ་མཁན་གྱི་ཆུང་མའི་རྣམ་པར་བསྟན་པའི་ལྷ་མོ་དབྱངས་ཅན་མར་གྲགས་པ་དེ་ལའང་རིགས་མང་དུ་ཡོད་པ་ལས་གསང་སྒྲུབ་དབྱངས་ཅན་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མའི་བསྟོད་པ་ངོ་མཚར་རིན་ཆེན་ཕྲེང་མཛེས་མཁས་པའི་མགུལ་རྒྱན་དངོས་གྲུབ་མྱུར་འཇུག་ཅེས་བྱ་བ་འདི་ཡང༌། རང་གི་སློབ་མ་ཚེ་བློས་བཏང་གི་རྣལ་འབྱོར་པ་རི་ཁྲོད་དགའ་ལྡན་ཆོས་འཕེལ་གྱི་བླ་མ་ཡེ་ཤེས་བཟང་པོས་བྱི་རུའི་མེ་ཏོག་དང་བཅས་བསྐུལ་ངོ་དང༌། རང་གི་དད་པས་ཀྱང་ཀུན་ནས་བསླངས་ཏེ། མང་དུ་ཐོས་པའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སུག་བྲིས་སུ་བགྱིས་པ་འདིས་ཀྱང༌། རྒྱལ་བསྟན་སྤྱི་དང་ཁྱད་པར་རྒྱལ་བ་གཉིས་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག།། །།
༈ འགྲོ་ལ་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྐྱངས་བསྐུམས་སྐུ། །ཨུཏྤལ་མདའ་གཞུ་ལྕགས་ཀྱུ་ཨུཏྤལ་.....རྡོ་རྗེའི། ཞགས། །ཁམས་གསུམ་དབང་བྱེད་རིག་བྱེད་ལྷ་མོར་འདུད། །གང་གིས་གཟུགས་.....ཁྱོད་སྐུའི་དཀྱིལ་.....གང་གིས། འཁོར་བློ་གྲོས་ཀྱི། །ཨ་དར་ཤར་མཐོང་མོད་ལ་སྐྱེས་སོ་ཅོག །དྲི་ལྡན་པདྨར་བུང་བས་འདུ་འགོད་བཞིན། །འདུ་བར་མཛད་ངེས་ལྷ་མོར་ཕྱག་འཚལ་ལོ། །ལེགས་པར་བསྟེན་ན་སྲིད་ཞིའི་དབང་ཕྱུག་ཀུན། །དངོས་དང་ཉམས་སྣང་རྨི་ལམ་ཅི་རིགས་པར། །སྒྲུབ་པའི་ཐབས་སྟོན་དེ་བཞིན་མྱུར་སྟེར་མ། །ལྷ་མོ་བཅོམ་ལྡན་.....རིག་བྱེད་མ་ལ་གུས་ཕྱག་འཚལ། །ཀུན་གྱི་དབང་ཕྱུག་རྒྱལ་ཡུམ་ལྷ་མོ་ལ། །རྩེ་གཅིག་གསོལ་བཏབ་བསྟོད་པའི་དགེ་ཚོགས་ཀྱིས། །ཁམས་གསུམ་ཀུན་གྱིས་རབ་ཏུ་བསྔགས་པའི་ཡུལ། །རྟག་ཏུ་དམ་པའི་ཚེ་རབས་.....སྐྱེ་བ་རྟག་ཏུ་ཐོབ་པར་ཤོག །མ་ལུས་སྐྱེ་དགུའི་མགོན་དུ་གྱུར་ནས་ཀྱང༌། །མ་རིག་འཁྲུལ་བར་འཕྱན་པའི་ལུས་ཅན་གྱི། །མ་དད་ཉེས་སྐྱོན་དྲི་མ་ཀུན་སྦྱངས་ཏེ། །མ་ལུས་འགྲོ་འདི་རྒྱལ་བའི་སྐུ་ཐོབ་ཤོག །མ་ལུས་དབང་བྱེད་ལྷ་མོ་གསང་སྒྲུབ་མར། །མཉྫུ་གྷོ་ཥ་ཧ་ས་བཛྲ་གྱིས། །མ་བསྐུལ་བར་ཡང་དད་པ་སྐྱེས་པའི་ཚེ། །མ་མང་ཉུང་ངུའི་བསྟོད་པ་ལེགས་པར་བྲིས། །
༈ མཐའ་བྲལ་ཆོས་ཀྱི་དབྱིངས་ལས་བཞེངས་མིན་ཡང༌། །སྣ་ཚོགས་སྤྲུལ་པའི་ཆུ་འཛིན་སྤྲོ་བསྡུའི་གར། །བསྒྱུར་མཛད་བླ་མ་འཇམ་དཔལ་ཡབ་ཡུམ་གྱིས། །འབྱམས་ཀླས་རྣམ་དཔྱོད་ལྷུག་ལྷུག་དུས་ཀུན་སྩོལ། །འཇིགས་འཇིགས་དྲེགས་ལྡན་སྐྱེ་འཕགས་གང་གིས་ཀྱང༌། །འཇིགས་འཇིགས་ཁྲོ་བོའི་ཞལ་ཙམ་མཐོང་མ་ཐག །འཇིགས་འཇིགས་དྲན་ཉམས་ལག་ཆ་ལྟུང་མཛད་པའི། །འཇིགས་འཇིགས་ཁྲོ་བོས་བདུད་ལས་དེང་རྒྱལ་མཛོད། །ལྷབ་ལྷབ་མེ་འབར་ཁྲོ་བོའི་སྤྱན་རྫི་ཙམ། །ཡང་ཡང་མ་ཡིན་ལན་གཅིག་བསྐྱོད་པས་ཀྱང༌། །རྔམས་རྔམས་དྲེགས་ལྡན་གདུག་ཅན་ཐལ་བྱས་རྡུལ། །ཆུང་ཆུང་ཙམ་ཡང་ལྷག་མིན་ཁྱོད་ཕྱག་འཚལ། །མ་གདེངས་གདེངས་པ་མཁའ་ངོས་འགོག་པའི་སོ། །མ་བཏབ་བཏབ་བཞིན་འབྱུང་པོ་ཀུན་གྱི་སྙིང༌། །མ་བྲོས་བྲོས་བཞིན་ལུས་མེད་གྲོང་བཅས་གཞོམ། །ཆོས་.....ཁྱོད་རྒྱལ་རྒྱལ་ཀུན་ཡབ་ཀྱེ་རིགས་ཀུན་བདག །འཇིགས་ཞལ་ཕེཾ་སྒྲས་ས་གསུམ་མཁའ་འགྲོའི་ཚོགས། །ཚོགས་བཞིན་འདུས་བཞིན་སྒྲུབ་པ་པོ་རྣམས་ལ། །ལ་ལས་གང་འདོད་མཆོག་མཐུན་དང་བཅས་ཀུན། །ཀུན་ཏུ་སྐད་ཅིག་མི་གཡེལ་སྟེར་འདི་རྨད། །རྨད་བྱུང་གསང་གསུམ་མཆོག་གསུམ་ཀུན་འདུས་ལྷ། །ལྷ་མིའི་འདྲེན་མཆོག་ལྷ་མཆོག་ཁྱོད་ཀྱིས་དེང༌། །དེང་ནས་བྱང་ཆུབ་ཀུན་ཆུབ་ཤིང་དྲུང་བར། །བར་ཆད་དང་བྲལ་སྒྲིབ་བྲལ་བཤེས་ཀྱང་བྱེད། །གཏི་མུག་འཆི་བདུད་མུན་པས་བརྫི་མིན་ཉི། །ཉི་མ་སྟོང་ལས་ཆེས་གསལ་ཐུགས་དྲན་གང༌། །གང་ལས་འཆད་རྩོད་རྩོམ་ལ་ཐོགས་མེད་དཔལ། །དཔལ་ལྡན་ཚངས་དབྱངས་ངོ་མཚར་སྐྱེད་པའང་སྟེར། །གནམ་སའི་ངོས་ཀུན་ཀུན་ནས་དྲལ་བ་བཞིན། །བཞིན་རས་ཆེས་འཇིགས་འཇིགས་བཞད་ཧཱུཾ་སོགས་སྒྲ། །སྒྲ་རྣམས་ཀུན་བསྡུས་བསྡུས་ན་མཚུངས་པའི་གསུང༌། །གསུང་དྲན་འཆི་བདག་བདག་གིས་འཛིན་ལས་བརྒལ། །གནག་སྣུམ་ཆར་སྤྲིན་སྐུ་ལ་བསྐལ་པའི་མེ། །མེ་བཞིན་སྤྱན་རྫི་བ་སྤུ་སྨ་ར་གཡོ། །གཡོ་བྲལ་ཚངས་དབང་དྲག་སོགས་ཞབས་བརྫིས་ཕྱག །ཕྱག་མཚན་གར་མཐོང་གར་དེ་དེར་དངོས་གྲུབ། །མ་འདྲིས་འགྲོ་བ་ཀུན་གྱི་མཛའ་བཤེས་ཁྱོད། །མ་བསྐུལ་བར་ཡང་རྗེས་བརྩེས་ཀུན་སྐྱོང་ན། །མ་ཡེངས་སྒྲུབ་ལ་བརྩོན་གང་དེ་མ་ཐག །མ་ལུས་བདུད་ལས་རྒྱལ་ལ་ཡ་མཚན་ཅི། །མ་བཞིན་བརྩེ་ལྡན་ཁྱོད་ལ་བདག་ཅག་ཚུལ། །མ་བརྟགས་ནོངས་ཡུས་མོལ་བ་འགའ་བརྗོད་ཀྱི། །མ་ལུས་ཆོས་ཀུན་གསན་པའི་སྙན་དབང་དེ། །མ་གཡེལ་འདིར་གསོན་བདག་གི་ཡབ་གཅིག་ཀྱེ། །ཁྱོད་སྐུའི་བ་སྤུ་རེ་རེ་གང་གི་དཔལ། །མ་ལུས་ཉལ་བའི་ཚངས་དབང་དྲག་པོས་ཀྱང༌། །དངོས་གྲུབ་སྨྲས་བཞིན་སྟེར་ན་ཡུན་རིང་བར། །བསྙེན་ཀྱང་བདག་ལ་སྤྱན་རས་མི་སྐྱོངས་ཅི། །ཁྲེལ་ལྡན་ཕལ་གྱིའང་ཁས་བླངས་མི་བསླུ་ན། །བརྩེ་བས་འདི་ལྟར་གྱིས་དང་འདི་འོངས་ཞེས། །གསུང་བཞིན་འབད་ཀྱང་མ་བྱུང་བདག་ནོངས་པ། །གཞོམ་ཐབས་ཟད་དམ་ཁྱོད་ཀྱི་ལྡེམ་པོའམ་ཅི། །ཤིན་ཏུ་ཉམས་དམན་འགས་ཀྱང་རང་བུ་ལ། །ཤ་ཁྲག་གདུང་བཞིན་སྟེར་ན་ལྷུན་གྲུབ་ལ། །མངའ་བརྙེས་ཁྱོད་ཀྱིས་བདག་ཅག་བཏང་སྙོམས་སུ། །མཛད་པར་རིགས་སམ་ཞལ་རས་གཟིགས་པ་སྐྱོངས། །དུས་རླུང་གིས་མིན་སྒྲིབ་པའི་མཁའ་གླང་ཀུན། །མཐུ་སྟོབས་རྟག་འགྲོས་མིང་ཙམ་ལྷག་མེད་མཛོད། །ལྷ་དང་བླ་མའི་གསང་གསུམ་སྣང་བ་ཆེ། །འབར་བའི་ཏིང་འཛིན་སྒོ་བརྒྱ་ཕྱེ་བར་མཛོད། །ཞི་བ་བསྒྲུབས་པའི་ཁྲོ་དབང་ཤུགས་ཀྱིས་འགྲུབ། །ཞི་རྒྱས་དབང་དྲག་བསྙེན་པའི་དུས་ཉིད་ནས། །འགྲུབ་མཛད་ཡི་དམ་ལྷ་ཡིས་མཆོག་ཐུན་སྩོལ། །བསམ་གཏན་འཁྲུལ་འཁོར་སྦྱིན་སྲེག་གཏོར་མའི་ལས། །རབ་འབྱམས་རྒྱུད་ལས་གསུངས་བཞིན་ཉམས་མྱོང་བའི། །རྣལ་འབྱོར་དབང་ཕྱུག་བྱེ་བས་བསྟན་འགྲོའི་དོན། །སྒྲུབ་པའི་མཆོག་ཐུན་འབྲས་བུ་གཡུར་ཟ་ཤོག །ཅེས་རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་དབྱངས་ཁྲོས་པའི་གར་མཛད་འཇིགས་མཛད་རྡོ་རྗེ་ལ་བསྟོད་པ་བདུད་ལས་རྣམ་པར་རྒྱལ་བའི་བཞད་སྒྲ་དངོས་གྲུབ་ཀྱི་བང་མཛོད་འདི་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པ་འཇིགས་མཛད་སྙེམས་པའི་དབང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་སྦྱར་བ་འགྲོ་བ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་བར་གྱུར་ཅིག།། །།
༈ ན་མཿསྟྭ་ར་སྭ་སྟྱཻ་སཱ་ར་བ་དཱི་སིདྷི་རསྟུ། རིགས་ཀུན་ཁྱབ་བདག་འཇམ་དབྱངས་ཞི་ཁྲོ་དང༌། །དབྱེར་མེད་རྒྱལ་བ་གཉིས་པ་ཡབ་སྲས་སོགས། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ལ། །གུས་པས་འདུད་དོ་དངོས་གྲུབ་ཆར་དུ་བསྙིལ། །བླ་མ་ལྷ་ལ་རླབས་ཆེན་ཚོགས་བསགས་མཐུས། །གཟུང་འཛིན་འཁོར་འདས་སྣོད་བཅུད་ཀུན་རྟོག་སྤྲིན། །གཡོ་བྱེད་ཆོས་འཁོར་མཁར་ཐིམ་འོད་གསལ་ཆེ། །བརྗོད་བྲལ་ལྷན་སྐྱེས་བདེ་ཆེན་ཆོས་སྐུར་འདུད། །སྨོན་ལམ་དབང་གིས་སྣ་ཚོགས་ནོར་བུ་བཞིན། །བདེ་ཆེན་སེམས་དེ་གཞལ་ཡས་ཁང་དབུས་ན། །རྡུལ་མིན་ཡེ་ཤེས་རང་བཞིན་གསེར་སྦྱངས་སྐུ། །འཇམ་དབྱངས་དང་པོའི་མགོན་པོ་ལོངས་སྐུར་འདུད། །ཆུང་འབྲིང་ཆེ་བའི་ཕྱི་ནང་བདུད་བཅོམ་ནས། །ལྷ་བརྒྱད་ནད་བརྒྱད་གདོན་བརྒྱད་བསྒྱེལ་སྟེང་དུ། །དུས་གསུམ་ཞི་ཁྲོ་སྙེམས་མཛད་དབང་སྔོན་ལྷུན། །མ་ཧེ་ཁྲོས་ཞལ་སྤྲུལ་སྐུ་མཆོག་ཕྱག་འཚལ། །ཞི་རྒྱས་དབང་དྲག་འགུག་སོགས་མཆོག་ཐུན་ཀུན། །ཞལ་ཕྱག་ཕྱག་མཚན་ཞབས་གདན་ང་རོ་ལས། །ལེགས་ཚང་འཇིག་རྟེན་འཇིག་རྟེན་འདས་ཀུན་གྱིས། །མི་གཡེལ་བྲན་བྱེད་མྱུར་དུ་འགྲུབ་ཕྱག་འཚལ། །ཁྲོས་པའི་ཉམས་མཐར་རྫོགས་ཕྱིར་བགེགས་ཀུན་འཇིགས། །ཕེཾ་སྒྲས་ཌཱ་ཀི་ཀུན་འདུད་གདུག་ཅན་.....བསྡིགས་མཛུབ། མྱུར། །སྲོག་བསྡུས་དམ་བཞག་སྔོན་བཀའ་ལྷ་གཞན་ལོར། །བསྒྲུབ་ལས་ཆེས་བརྒྱས་མྱུར་བ་ཁྱོད་ཕྱག་འཚལ། །མཁའ་ཁྱབ་ཧ་ཧེ་ཧི་ཧོ་ཧཱུཾ་ཕེཾ་སྒྲོགས། །བཅུ་དྲུག་ཞབས་བསྐྱོད་ས་ཆེན་མ་ལུས་གཡོ། །མཐོང་བ་ཙམ་གྱིས་སྐྱེ་འཕགས་མ་ལུས་པ། །བརྒྱལ་འགྱེལ་ལག་ཆ་ལྟུང་མཛད་ཁྱོད་ལ་བསྟོད། །རྒྱལ་བ་ཀུན་གྱི་ཟག་མེད་ཆུ་ཀླུང་འབུམ། །སྤྲོ་མཛད་ཌཱ་ཀི་ཀུན་གྱི་དབང་ཕྱུག་མ། །ཆུ་ལ་རླབས་བཞིན་མ་ཧེའི་ཞལ་ཅན་ལ། །བདེ་བ་མཆོག་སྟེར་བྷཻ་ཏ་ལ་ཕྱག་འཚལ། །སྒྲིབ་པ་བཞི་བྲལ་ཡེ་ཤེས་བཞི་རྫོགས་པས། །དྲང་ངེས་ཡ་མ་ཀུན་གྱི་དགྲ་ཆེ་བ། །དཀར་སེར་དམར་ལྗང་ལྷུན་པོ་མེ་ཀློང་ཅན། །གཏི་མུག་གཤིན་རྗེའི་དགྲ་སོགས་བཞིར་ཕྱག་འཚལ། །ཕུང་ཉོན་འཆི་བདག་ལྷའི་བུའི་བདུད་བཅོམ་ཞིང༌། །དད་བརྩོན་དྲན་ཏིང་སྟོབས་རྫོགས་ཆུ་བཞིས་བསྐོར། །སྔོ་སེར་དམར་ལྗང་ཁྲོས་འགྱིང་མེ་དཔུང་འབར། །སྒོ་སྐྱོང་ཐོ་བ་གཤིན་དགྲ་སོགས་ལ་བསྟོད། །ས་ཆུ་མེ་རླུང་ཁམས་དག་བྱམས་སྙིང་རྗེ། །དགའ་དང་བཏང་སྙོམས་ཚད་མེད་རང་བཞིན་ཡུམ། །དཀར་སྔོན་དམར་ལྗང་ཞི་ཁྲོའི་ཉམས་ལྡན་དཔལ། །བཅུ་གཉིས་རིགས་ཀྱི་ཡུམ་རྣམས་ལ་ཕྱག་འཚལ། །ཀུན་རྟོག་གཡོ་བྲལ་རྒྱལ་བའི་ལྷན་སྐྱེས་ཐུགས། །ཐུགས་རྗེའི་རྟག་འགྲོས་སྒྱུ་འཕྲུལ་སྤྲུལ་པའི་རླབས། །གང་འདུལ་ཞི་ཁྲོའི་ལྦུ་འཕྲེང་སྤྲོ་ཞིང་སྡུད། །རྟེན་དང་བརྟེན་པ་མཆོག་ཏུ་ཤར་ལ་འདུད། །ཐམས་ཅད་མིང་གི་རི་མོ་ཙམ་ཡིན་ཀྱང༌། །དད་དང་དམ་ཚིག་བཟླས་བསྒོམ་ཨ་དར་ཤར། །གང་འདོད་སིདྡྷི་རྣམ་གཉིས་མ་ལུས་པ། །མི་བསླུ་གཟུགས་བཞིན་མངོན་སུམ་འཆར་ཕྱག་འཚལ། །དེ་ལྟར་བསྟོད་པས་སྒྱུ་མའི་རྨོངས་འགྲོ་རྣམས། །ཡེ་ཤེས་སྔགས་ཀྱིས་སྲིད་པའི་རྒྱུ་བཅོམ་ནས། །སོ་སོ་རང་གི་རིག་བྱ་མཐར་ཐུག་སྐུ། །འཇམ་དཔལ་ཟུང་འཇུག་མཆོག་ལ་རོལ་གྱུར་ཅིག །ཚེ་རབས་ཀུན་ཏུ་འཇམ་དཔལ་ཞི་ཁྲོའི་ཞལ། །མངོན་མཐོ་ཞི་རྒྱས་དབང་དྲག་གྲུབ་ཆེན་བརྒྱད། །གྲུབ་སྟེ་དབང་ཕྱུག་བརྒྱད་མྱུར་ཐོབ་གྱུར་ཅིག །དེ་ལྟར་ལྷག་བསམ་ཉི་མ་འབར་བའི་གཟིས། །ཡིད་མཁའ་མཆོག་ཏུ་དཀར་བའི་དགེ་ལེགས་ཀྱིས། །འཇིགས་མཛད་རྡོ་རྗེའི་བསྟན་པ་ས་གསུམ་པོ། །གསལ་བྱས་བསྟན་པའི་པད་ཚལ་རྒྱས་གྱུར་ཅིག །ལྷ་འདིར་ཁ་ཙམ་མ་ཡིན་སྙིང་ནས་དད། །དད་པ་ཙམ་མིན་ཉམས་མྱོང་སྙིང་ནས་བསྒྲུབ། །བསྒྲུབས་པས་མངོན་རྟགས་སྣ་ཚོགས་ཨེ་མ་རྒྱས། །རྒྱས་བཞིན་བསྟན་འདི་དུས་ཀུན་རྒྱས་པར་ཤོག །དེ་ལྟར་དེ་ལ་དེ་བཞིན་རབ་གུས་པའི། །ཕྱི་རུ་མངོན་ཆུང་ནང་གི་སེམས་ཉི་མས། །འཇམ་དབྱངས་བསྟན་པའི་པད་ཚལ་བཞད་བྱེད་པ། །རྡོ་རྗེ་འཛིན་པ་གཅིག་གིས་དེ་སྐད་ལོ། །ཞེས་དཔལ་རྡོ་རྗེ་འཇིགས་མཛད་བཅུ་གསུམ་ལྷའི་འཁོར་ལོ་ལ་བསྟོད་པ་འཕྲིན་ལས་རྣམ་བཞི་རྒྱས་པའི་ཉི་མ་གསར་བའི་ཕྲེང་མཛེས་གྲུབ་པའི་བཞད་སྒྲ་འདི་ཡང་མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་མཚམས་ནང་ཞིག་ནས་སྦྱར་བས་འགྲོ་བ་ཀུན་གྱིས་ཀྱང་ཚེ་འདི་ལ་ཟུང་འཇིག་རྡོ་རྗེ་འཆང་ཐོབ་པའི་ཟབ་ཆོས་འདི་ཕྱོགས་དུས་ཐམས་ཅད་དུ་རྒྱས་པར་གྱུར་ཅིག།། །།
༈ ན་མཿཤྲཱི་གུ་རུ་བཛྲ་བྷཻ་ར་ཝཱ་ཡ། རྒྱལ་བ་ཀུན་གྱི་འཕྲིན་ལས་གང་འདུལ་སྐུར། །སྟོན་པའི་སྣ་ཚོགས་སྒྱུ་འཕྲུལ་ཟློས་གར་ལ། །བཀའ་སྡོད་ཆོས་ཀྱི་རྒྱལ་པོར་མཚན་གསོལ་བའི། །བསྟན་སྲུང་གཙོ་བོ་ཉི་མའི་སྲས་ཁྱོད་བསྟོད། །པད་ཉིར་དགྲ་བགེགས་བསྒྱེལ་བའི་སྙིང་ཁ་ནས། །རབ་བརྗིད་དྲག་ཁྲོས་མ་ཧེའི་གདན་སྟེང་དུ། །བཻཌཱུར་ལྷུན་པོ་ལྟར་བརྗིད་བརྐྱངས་བསྐུམས་ཀྱིས། །དྲེགས་ལྡན་ཚོགས་ཀུན་བསྙེངས་མཛད་ཁྱོད་ལ་བསྟོད། །འཕྱར་བ་ཙམ་གྱིས་བདུད་སྡེ་བྱེ་བའི་མགོ། །འགེམས་བྱེད་ཞིང་དབྱུག་གཡས་པའི་ཕྱག་ན་གདེངས། །བཏབ་པས་ལས་ཉོན་གྱིས་བཞིན་དགྲ་བགེགས་རྣམས། །འཆིང་བྱེད་དུས་ཞགས་གཡོན་བསྣམས་དགྲ་ལ་བྲེལ། །དུས་མཐའི་མེ་བཞིན་གཡོ་བའི་དམར་ཟླུམ་སྤྱན། །དུས་གསུམ་ཆོས་བཞིན་གཟིགས་ཕྱིར་ཕྱོགས་བཅུར་གཡོ། །དགྲ་བགེགས་ཁྲག་བཏུང་ངོམས་མིན་མ་ཧེའི་ཞལ། །དྲག་ཁྲོས་དམར་བ་གནམ་སའི་ངོས་གཉིས་ལྟར། །གདངས་པར་གདུག་པའི་བླ་སྲོག་ཟ་བའི་ཚེམས། །ཁྲག་སྦགས་གངས་རི་ལྟར་གཙིགས་ཧ་ཧར་བཞད། །ཤངས་ནས་དམར་ནག་དབུགས་ཀྱི་ཚོགས་འཕྲོ་བ། །ཕོ་ཉ་མཆོག་བཞིན་གློག་གི་འགྱུ་བ་བཞིན། །ལེགས་ཉེས་ཆོས་བཞིན་འབྱེད་པ་འབྲེལ་བའི་ལྗགས། །སྣང་སྲིད་ཆོས་ཀུན་གསལ་སྟོན་མེ་ལོང་ཆ། །ཉམས་པའི་སྙིང་གི་ཁྲག་འགུག་ལྕགས་ཀྱུ་དངོས། །དབུ་སྐྲ་སྨིན་རྫི་སྨ་ར་བ་སྤུ་ལས། །ཚ་ཚ་དམར་འཕྲོའི་མེ་བཅས་སྤྲིན་གྱི་སྒྲ། །འབུམ་ཕྲག་དུས་གཅིག་ལྟར་སྒྲོགས་སྤྲུལ་པའི་ཚོགས། །དཔག་ཏུ་མེད་སྤྲོས་རབ་འབྱམས་ལས་ཀུན་བསྒྲུབ། །བདུད་སྲིན་བསྒྲལ་བའི་ཐོད་སྐམ་དབུ་རྒྱན་དང༌། །རུས་པའི་རྣ་གོར་ཟླ་བ་རྒྱས་པའི་ཆ། །རུས་རྒྱན་རྒྱུ་སྐར་ཕྲེང་བས་མགུལ་སོགས་སྤྲས། །ཁྲག་གི་ཞམ་ཆུ་རྒྱུན་འབབ་མགོ་ཕྲེང་འཕྱང༌། །མཐོང་བ་ལྟ་ཅི་ཐོས་པས་དགྲ་དང་བགེགས། །དུས་ཀྱི་ཞུགས་ཕྲད་ཤིང་བཞིན་ཐལ་བར་བརླགས །སྒྲུབ་པ་པོ་ལ་འོད་དང་ཉི་བཞིན་དུ། །འབྲལ་མེད་གང་བཅོལ་བྲན་ལྟར་སྐྱོང་ལ་འདུད། །སྐབས་འགར་ཐོད་དབྱུག་བསྣམས་ནས་དགྲ་བགེགས་འཇོམས། །ལ་ལར་གྲི་ཐོད་འཆང་ནས་ལས་བཞི་བྱེད། །ཟླ་ཚེས་ལྟར་དཀར་མི་མཐུན་ཀུན་ཞི་མཛད། །གསེར་རི་ལྟར་བརྗིད་ཚེ་བསོད་བརྟན་རྒྱས་བྱེད། །པད་རག་ལྟར་བཞད་བརྟན་གཡོ་ཀུན་དབང་སྡུད། །ས་འོག་ས་སྟེང་ས་བླའི་འཇིག་རྟེན་དུ། །རྒྱབ་དང་འཇིགས་མཛད་རྡོ་རྗེས་ཆོས་རྒྱལ་ཞེས། །མངའ་གསོལ་དབང་བསྐུར་བསྟན་སྲུང་མཆོག་ཁྱོད་བསྟོད། །ཁྱོད་ཀྱི་ཡུམ་ནི་མིང་བརྒྱ་མཚན་སྟོང་མ། །མ་མོ་འབུམ་གྱི་འཁོར་ལྡན་ཙ་མུཎྜི། །པགས་རློན་གོས་གྱོན་རྩེ་གསུམ་ཐོད་ཁྲག་བསྣམས། །དབྱངས་ཅན་སྒྱུ་འཕྲུལ་དྲག་མོ་དེ་ལ་བསྟོད། །རྒྱལ་པོའི་ཚུལ་བཞུགས་ཡ་བ་ཏིས་བེ་ཅོན། །ཕྱ་སངས་བློན་པོའི་ཚུལ་གྱིས་འཁོར་ལོ་འཛིན། །རྨིག་པ་གསལ་ཤིང་འཛིན་པ་སྡེ་དཔོན་ཚུལ། །མདུང་བསྣམས་རལ་བ་ཚར་དགུ་ཕོ་ཉ་བཞིན། །ཁྲག་སྐྱུགས་ལས་བྱེད་ཏེལ་བ་ཆོས་ཀྱི་རྒྱལ། །སྨྱོ་འབོག་ལས་མཛད་བཀའ་སྡོད་གླང་མགོ་ཅན། །གསོད་ལ་མཆོག་དགའ་གཤིན་རྗེ་མིག་དམར་སྟེ། །མཐུ་སྟོབས་མཆོག་ལྡན་དྲེགས་པ་ཕོ་བརྒྱད་ལ། །ཕོ་ཉ་མིག་གི་མེ་འབར་གཤིན་རྗེའི་ཚོགས། །སྣ་ཚོགས་མཚོན་ཐོགས་འབུམ་འབུམ་འཁོར་ལྡན་པའི། །ནང་གི་བཀའ་སྡོད་བྲན་གཡོག་བཅས་རྣམས་བསྟོད། །དྲེའུ་གཞོན་ཕོ་ཉ་ནག་མོས་ལྕགས་ཀྱུས་འགུག །བོང་ཞོན་དུས་ཞགས་ནག་མོས་ཞགས་པས་འཆང༌། །རླུང་ཞོན་དམ་སྲིས་བེ་ཅོན་གདེངས་ན་གསོད། །ཆུ་བྱ་ལ་ཞོན་དཾ་ཥྚིས་མཆེ་གཙིགས་ཟ། །དུས་མཚན་མེ་ལོང་ཐོགས་ནས་མཚན་མོར་རྒྱུ། །ཆུ་རྒྱུ་གསོད་མས་ནད་རྐྱལ་དགྲ་ལ་འཕྱོ། །ཉི་ཟེར་ལ་རྒྱུ་ནག་མོས་མཚོན་དྲུ་ཐོགས། །ནམ་གྲུས་ཁྲམ་བམ་ཐོགས་ནས་ཁྲམ་ལས་བྱེད། །ཤ་ཀ་ལི་ཡིས་དགྲ་སྲོག་སྤར་བས་ཟ། །གཤིན་རྗེ་ལུ་གུ་རྒྱུད་མ་འབེབས་མ་གཉིས། །མདོག་ནག་དགྲ་བོ་མགོ་འཁོར་ལས་ལ་བརྩོན། །གསོད་པའི་ལས་བྱེད་མཚན་མོ་ནག་མོ་སྟེ། །བར་གྱི་བཅུ་གཉིས་ལྕགས་ཁང་ལ་གནས་པའི། །བཅུ་གཉིས་གཤིན་རྗེ་མ་ཚོགས་འཁོར་བཅས་བསྟོད། །ཕྱི་ཡི་ལྕགས་མཁར་སྒོ་མེད་བཅུ་དྲུག་ནང༌། །ཅི་བགྱིའི་གཤིན་རྗེ་ཕྱོགས་སྐྱོང་འཁོར་དང་བཅས། །ཀུན་ཀྱང་བཟློག་དཀའ་དུས་ཀྱི་ཕོ་ཉས་བསྐོར། །གནམ་སའི་ཁྱོན་འགེངས་བཀའ་སྡོད་འཁོར་བཅས་ཀྱིས། །འཇིགས་མཛད་རྡོ་རྗེའི་བཀའ་དང་དམ་ཚིག་བཞིན། །སྒྲུབ་པ་པོ་ཡི་ཅི་བགྱིའི་ལས་མཛོད་ཅིག །མ་གཡེལ་མ་གཡེལ་ཆོས་ཀྱི་རྒྱལ་པོའི་ཚོགས། །དགོངས་ཤིག་དགོངས་ཤིག་ཐ་ཚིག་གཉན་པོ་བཞིན། །སྒྲུབས་ཤིག་སྒྲུབས་ཤིག་རྣལ་འབྱོར་གང་བཅོལ་བ། །མཛོད་ཅིག་མཛོད་ཅིག་ཐོགས་མེད་འཕྲིན་ལས་མཛོད། །གཞན་ཡང་ནད་ཡམས་འཐབ་རྩོད་མུ་གེ་དང༌། །བྱད་ཁ་ཆོ་འཕྲུལ་རྨི་ལྟས་ངན་པ་སོགས། །མནན་གཏད་རྫས་སྦྱོར་ལ་སོགས་མི་མཐུན་རྐྱེན། །མ་ལུས་མྱུར་དུ་ཞི་བའི་འཕྲིན་ལས་མཛོད། །རྒྱལ་བའི་བསྟན་འཛིན་དགོན་གནས་དགེ་འདུན་སྡེ། །བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་བཅས་ཀྱི། །ཚེ་དང་བསོད་ནམས་འཕེལ་རྒྱས་གང་བསམ་ཀུན། །ཡར་ངོའི་ཟླ་ལྟར་རྒྱས་ཤིང་མྱུར་འགྲུབ་མཛོད། །སྲིད་ཞིའི་དཔལ་འབྱོར་ཆོས་དང་སྲིད་འཛིན་པར། །ཉེ་བར་མཁོ་བའི་ཆེ་དགུ་བརྟན་གཡོར་བཅས། །རྒྱ་མཚོར་ཉལ་འགྲོ་རྣམས་ཀྱི་ཚོགས་བཞིན་དུ། །འབད་མེད་ལྷུན་གྲུབ་འདུ་བའི་ལས་མཛོད་ཅིག །རྒྱལ་བ་གཉིས་པའི་བསྟན་དང་བསྟན་འཛིན་བཅས། །རྣལ་འབྱོར་དཔོན་སློབ་མི་ནོར་འཁོར་བཅས་ལ། །སྡང་བའི་དགྲ་བགེགས་ཚོགས་ལ་ཆོ་འཕྲུལ་དང༌། །ལྟས་ཀྱིས་སྤ་སྐོང་བསད་བསྐྲད་དབྱེ་བར་མཛོད། །དཔལ་ལྡན་གངས་ཅན་སྟོད་སྨད་མཁས་གྲུབ་ཀྱི། །ཆུ་ཀླུང་བྱེ་བའི་ཐུགས་ཟབ་འཁྱིལ་བའི་གནས། །མདོ་སྔགས་སྤྱི་དང་རྒྱུད་རྒྱལ་གསང་འདུས་ཀྱི། །ཐོས་བསམ་སྒོམ་པའི་གྲྭ་རྒྱས་བཤད་སྒྲུབ་རླབས། །མང་གཉེར་རྒྱ་མཚོར་ལྷག་བསམ་དག་པའི་དང༌། །འཆད་རྩོད་རྩོམ་པའི་རི་མོ་མང་བཀྲ་བ། །ལེགས་བཙུགས་ཐར་འདོད་དོན་མཐུན་མ་ལུས་པའི། །དེད་དཔོན་བདག་གྱུར་འགྲོ་རྣམས་སྐུ་གསུམ་གྱི། །རིན་ཆེན་གླིང་དུ་གེགས་མེད་མྱུར་ཕྱིན་མཛོད། །བླ་མའི་བཀའ་བཞིན་སྒོ་གསུམ་ཁྱོད་བསྒྲུབ་པར། །བརྩོན་པར་བྱས་སོ་རྩ་བརྒྱུད་བླ་མའི་བཀའ། །ཇི་བཞིན་བདག་ཅག་སྒོ་གསུམ་བར་ཆད་སོལ། །མཐུན་རྐྱེན་ཐམས་ཅད་འབད་མེད་མྱུར་འགྲུབ་མཛོད། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན། །དུས་འདིར་བདག་ལ་ཐོགས་མེད་མྱུར་དུ་སྩོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམ་དཀར་ལས། །ཐམས་ཅད་ཡར་ངོའི་ཟླ་བ་ལྟར་རྒྱས་མཛོད། །ཕྱི་སྒྲུབ་མ་ཧེའི་ཞལ་ཅན་འཁོར་བཅས་ལ། །བསྟོད་ཚིག་མི་མཐུན་མཐར་བྱེད་དབང་རྒྱལ་ཕྲེང༌། །གྲུབ་པའི་བཞད་སྒྲ་བླ་ན་མེད་ཅེས་པ། །ལྷ་དང་བླ་མར་གུས་པས་གསོལ་འདེབས་ཀྱིས། །མཚན་མ་རྨད་བྱུང་རྙེད་ཚེ་མངའ་གསོལ་དུ། །ས་མཐར་སྐྱེས་པའི་ཐོས་ལྡན་བྷུ་སུ་ཀུ། །འཇིགས་མཛད་རྡོ་རྗེའི་རྣལ་འབྱོར་ལ་དགའ་བ། །འཇམ་དབྱངས་བཞད་པའི་རྡོ་རྗེ་བྱ་བས་བྲིས། །ཞེས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟན་སྲུང་ཐམས་ཅད་ཀྱི་མངའ་བདག་ཆེན་པོ་ཕྱི་སྒྲུབ་མ་ཧེའི་ཞལ་ཅན་འཁོར་བཅས་ཀྱི་བསྟོད་པ་མི་མཐུན་མཐར་བྱེད་ཡིད་བཞིན་དབང་གི་རྒྱལ་པོའི་འཕྲེང་མཛེས་གྲུབ་པའི་བཞད་སྒྲ་བླ་ན་མེད་པ་འདི་ཡང༌། བླ་མ་དམ་པ་ཐམས་ཅད་ཀྱི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་འཛིན་པ་མང་དུ་ཐོས་པའི་དགེ་སློང་རྡོ་རྗེ་འཇིགས་མཛད་ཀྱི་རྣལ་འབྱོར་པ་ྋའཇམ་དབྱངས་བཞད་པའི་རྡོ་རྗེས་མཚན་ལྟས་ལེགས་པ་ཞིག་གི་དུས་མངའ་གསོལ་དུ་གཞན་ཕན་བསམ་པས་བྲིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག ། །།
༈ ན་མོཿཤྲཱི་བཛྲ་བྷཻ་ར་ཝ་ཡ། བརྐྱངས་བསྐུམས་ཞབས་ནི་ཚམ་རྔམ་ཅུང་ཟད་ཙམ་གྱིས་ས་གསུམ་གཡོ་ཞིང་ཞབས་ཀྱི་མཐེ་བོས་ཚངས་པའི་རྩེ་ཡང་གནོན། །མ་ཧེའི་ཞལ་གདངས་ཁམས་གསུམ་ཟ་ཞིང་ནམ་མཁའི་ཁམས་ཁྱབ་ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཆེར་བཞད་པས། །འདས་དང་མ་འདས་སྐྱེ་འཕགས་དགྲ་བཅོམ་སངས་རྒྱས་མཐའ་དག་འཇིགས་པའི་ཚུལ་མཛད་བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དང༌། །གང་དེའི་རྣམ་འཕྲུལ་མི་ཡི་གར་མཛད་རྒྱལ་བ་གཉིས་པ་ཟུང་བཅས་ལ་འདུད་བདུད་ཀུན་གཞོམ་པའི་བཀའ་དྲིན་སྩོལ། །མེ་རླུང་དྲག་པོ་རབ་འདྲེས་འུར་འུར་རབ་འཁྱིལ་ཀློང་དུ་ཆོས་འབྱུང་ཁྲག་ཞག་འཁྲུག་པར་པདྨ་ཉི་མ་ལ། །གནོད་བྱེད་དགྲ་བགེགས་ཐལ་མདོག་གན་རྐྱལ་སྟེང་ན་དབང་སྔོན་ལྷུན་པོ་འགྱིང་ལྟར་གཡས་བརྐྱངས་གཡོན་བསྐུམས་ས་གསུམ་གཡོ། །མིག་སྨན་ལྟར་ནག་སྐུ་ནི་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ་སྟག་ལྤགས་སྡེར་ཕྲེང་གཡོ་བའི་ཤམ་ཐབས་ཅན། །རལ་པ་སེར་སྐྱ་མེ་སྟག་མང་འཕྲོ་འཛིངས་པ་གྱེན་འགྲེང་ཐོད་སྐམ་ལྔས་བརྒྱན་དྲག་པོའི་རྡོ་རྗེས་སྤྱི་བོར་མཚན། །ཁྲག་འཛག་མགོ་རློན་ཕྲེང་བ་མགྲིན་འཕྱང་ཉི་མ་ལྟར་འབར་སྤྱན་གསུམ་དམར་ལ་ཟླུམ་པའི་སྡང་མིག་དགྲ་ལ་གཡོ། །ཁྲག་སྦགས་གངས་རིའི་མཆེ་བ་རྣོན་པོ་གཙིགས་པས་གདུག་པ་ཀུན་ཟ་ལྗགས་ཀྱི་གློག་འཁྱུག་དུག་གི་ཞལ་སྤྲིན་འཐིབས། །ནམ་མཁའི་ངོས་ལ་ལན་གཅིག་གདེངས་པ་ཙམ་གྱིས་དགྲ་བགེགས་ཀུན་འཇོམས་ཕྱག་གཡས་གྲི་གུག་ནག་ཕྱོགས་རྣམས་ལ་འཕྱར། །རབ་ཡངས་ཁ་ནི་གདེངས་པ་ཙམ་གྱིས་གདུག་པའི་སྙིང་ཁྲག་ལྷུང་ལྷུང་སྒྲ་འབྱུང་ཐོད་ཁྲག་གཡོན་པས་ཐུགས་ཀར་རོལ། །སྐྱེ་འགྲོའི་སྲོག་བདག་དགེ་བའི་སྟངས་འཛིན་ཆོས་ཀྱི་རྒྱལ་པོར་གཤིན་རྗེའི་གཤེད་ཀྱིས་དབང་བསྐུར་ཁྱོད་ཀྱིས་ཐུབ་པའི་བཀའ། །གཤིན་རྗེའི་གཤེད་ལ་ཇི་ལྟར་ཞལ་བཞེས་བཞིན་དུ་མ་གཡེལ་མ་གཡེལ་མྱུར་བ་མྱུར་བར་དམ་བཅས་དྲན་མཛོད་ལ། །རྒྱལ་བ་གཉིས་པ་ཡབ་སྲས་ཇི་ལྟར་བཀའ་བསྒོས་དེ་བཞིན་སོགས་དང་ད་ལྟ་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །གང་ཞིག་བསྒོས་པའི་ལས་རྣམས་འདི་དག་ཀུན་ཀྱང་སོ་སོར་མྱུར་སྒྲུབས་ཁྱོད་ཀྱི་འཕྲིན་ལས་དམ་ཚིག་དུས་ལ་བབས། །རྒྱལ་བའི་བསྟན་པ་བསྟན་འཛིན་བསླབ་གསུམ་སྡེ་སྣོད་གསུམ་དང་རྒྱུད་སྡེ་འཆད་ཉན་དབང་བསྐུར་རིམ་གཉིས་རྣལ་འབྱོར་སོགས། །བཤད་སྒྲུབ་འཁོར་ལོ་གསུམ་དང་ཉམས་མྱོང་ཏིང་འཛིན་བར་ཆད་ནད་གདོན་དགྲ་བགེགས་སྡིག་སྒྲིབ་ཚོགས་རྣམས་ཞི་བར་མཛོད། །སྐལ་ལྡན་བློ་གྲོས་ཡངས་པའི་འཁོར་དང་ལོངས་སྤྱོད་བཤད་སྒྲུབ་དགེ་འདུན་ཆོས་སྤྱོད་ཐོས་བསམ་སྒོམ་གསུམ་འཕེལ་རྒྱས་སོགས། །དཀར་ཕྱོགས་ཆོས་དང་སྲིད་ཀྱི་ཕུན་ཚོགས་དགེ་ལེགས་ཐམས་ཅད་ཡར་ངོའི་ཟླ་ལྟར་ཕྱོགས་དུས་ཀུན་ཏུ་རྒྱས་པར་མཛོད། །འཁོར་འདས་ཕུན་ཚོགས་སྡེ་བཞིས་བསྡུས་པའི་བརྟན་གཡོ་གང་དང་གང་དག་བསྟན་དང་འགྲོ་ལ་ཉེ་བར་ཕན་པ་ཀུན། །བསམ་པ་ཙམ་གྱིས་བསྐུལ་བ་མེད་པར་རྒྱ་མཚོར་ཆུ་བོ་མཐའ་དག་རྒྱུག་བཞིན་འབད་མེད་ལྷུན་གྲུབ་དབང་དུ་བསྡུས། །ཞིང་བཅུ་ཚང་བའི་བསྟན་དགྲ་སྤྱི་དང་ཐུབ་བསྟན་རིང་ལུགས་མཆོག་གྱུར་མདོ་སྔགས་ཞྭ་སེར་བསྟན་པ་ཟླ་བྲལ་འདིར། །གནོད་པར་བྱེད་པ་རྣམས་དང་སྡང་བའི་སེམས་འཆང་མི་དང་མི་མིན་ནག་ཕྱོགས་སྡེ་བཅས་རྩད་ནས་འཇོམས་པར་གྱིས། །
ཧཱུཾ་ཛཿཆོས་ཀྱི་རྒྱལ་པོའི་ཤར་གྱི་བཀའ་ཉན་གཙོ་བོ་མ་ཧེ་དཀར་པོའི་ཞལ་གདངས་སྤྱན་གསུམ་བགྲད་ཅིང་སྨིན་མ་འབར། །མཆེ་གཙིགས་ལྗགས་འདྲིལ་རུས་བརྒྱན་མགོ་ཕྲེང་འཕྱང་ལ་ལིངྒ་གྱེན་འགྲེང་ཕྱག་གཡས་ཅང་ཏེའུ་མདའ་དར་མེ་ལོང་གཡོན། །རྭ་དང་རྨིག་པས་ས་རྐོ་ང་རོ་འབྲུག་ལྟར་སྒྲོག་པའི་མ་ཧེའི་སྟེང་འགྱིང་འཆི་བདག་འབུམ་གྱི་འཁོར་བཅས་པའི། །བགེགས་དཔུང་འཇོམས་ལ་མཐུ་སྟོབས་རྡོ་རྗེའི་ཐོག་གི་རྗེས་འགྲོ་འཕྲིན་ལས་གང་བཅོལ་མྱུར་བར་སྒྲུབ་མཛད་ཁྱོད་ལ་བསྟོད། །འཇམ་དཔལ་གཤིན་རྗེའི་གཤེད་སོགས་རྩ་བརྒྱུད་བླ་མའི་ཚོགས་ཀྱི་བཀའ་བཞིན་དམ་ཆོས་སྒྲུབ་པའི་ཕྱི་ནང་བར་ཆད་གེགས། །དགྲ་བགེགས་ཉེར་འཚེ་ནད་གདོན་འཇིགས་པ་བརྒྱད་སོགས་ཞི་བར་མཛོད་ལ་ཆོས་མཐུན་དོན་ཀུན་སྒྲུབས་ཤིག་ས་མ་ཡ། །
ཧཱུཾ་ཛཿཆོས་ཀྱི་རྒྱལ་པོའི་ལྷོ་ཡི་བཀའ་སྡོད་གཙོ་བོ་མ་ཧེ་སེར་པོའི་ཞལ་གདངས་སྤྱན་གསུམ་བགྲད་ཅིང་སྨིན་མ་འབར། །མཆེ་གཙིགས་ལྗགས་འདྲིལ་རུས་བརྒྱན་མགོ་འཕྲེང་འཕྱང་ལ་ལིངྒ་གྱེན་འགྲེང་ཕྱག་གཡས་རལ་གྲི་གཡོན་ན་རྒྱལ་མཚན་བསྣམས། །རྭ་དང་རྨིག་པས་ས་རྐོ་ང་རོ་འབྲུག་ལྟར་སྒྲོག་པའི་མ་ཧེའི་སྟེང་འགྱིང་འཆི་བདག་འབུམ་གྱི་འཁོར་བཅས་པའི། །བགེགས་དཔུང་འཇོམས་ལ་མཐུ་སྟོབས་རྡོ་རྗེའི་ཐོག་གི་རྗེས་འགྲོ་འཕྲིན་ལས་གང་བཅོལ་མྱུར་བར་སྒྲུབ་མཛད་ཁྱོད་ལ་བསྟོད། །འཇམ་དཔལ་གཤིན་རྗེའི་གཤེད་སོགས་རྩ་བརྒྱུད་བླ་མའི་ཚོགས་ཀྱི་བཀའ་བཞིན་རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཆོས་དང་མཐུན་པའི་ཚེ་དང་བསོད་ནམས་བཤད་སྒྲུབ་ལོངས་སྤྱོད་འཁོར་སོགས་རྒྱས་པའི་མཐུན་རྐྱེན་ཀུན་སྒྲུབས་ས་མ་ཡ། །
ཧཱུཾ་ཛཿཆོས་ཀྱི་རྒྱལ་པོའི་ནུབ་ཀྱི་བཀའ་སྡོད་གཙོ་བོ་མ་ཧེ་དམར་པོའི་ཞལ་གདངས་སྤྱན་གསུམ་བགྲད་ཅིང་སྨིན་མ་འབར། །མཆེ་གཙིགས་ལྗགས་འདྲིལ་རུས་བརྒྱན་མགོ་འཕྲེང་འཕྱང་ལ་ལིངྒ་གྱེན་འགྲེང་ཕྱག་གཡས་ནོར་བུ་གཡོན་ན་ཐོད་པ་བསྣམས། །རྭ་དང་རྨིག་པས་ས་རྐོ་ང་རོ་འབྲུག་ལྟར་སྒྲོགས་པའི་མ་ཧེའི་སྟེང་འགྱིང་འཆི་བདག་འབུམ་གྱི་འཁོར་བཅས་པའི། །བགེགས་དཔུང་འཇོམས་ལ་མཐུ་སྟོབས་རྡོ་རྗེའི་ཐོག་གི་རྗེས་འགྲོ་འཕྲིན་ལས་གང་བཅོལ་མྱུར་བར་སྒྲུབ་མཛད་ཁྱོད་ལ་བསྟོད། །འཇམ་དཔལ་གཤིན་རྗེའི་གཤེད་སོགས་རྩ་བརྒྱུད་བླ་མའི་ཚོགས་ཀྱི་བཀའ་བཞིན་བཤད་སྒྲུབ་མཐུན་པའི་རྐྱེན་རྣམས་མ་ལུས་པ། །ལྷ་མིའི་ཕུན་ཚོགས་ཆེ་དགུ་འབངས་དང་ལོངས་སྤྱོད་བཅས་པ་མཐའ་དག་འབད་མེད་དབང་དུ་བསྡུས་ཤིག་ས་མ་ཡ། །
ཧཱུཾ་ཛཿཆོས་ཀྱི་རྒྱལ་པོའི་བྱང་གི་བཀའ་སྡོད་གཙོ་བོ་མཐིང་ནག་མ་ཧེའི་ཞལ་གདངས་སྤྱན་གསུམ་བགྲད་ཅིང་སྨིན་མ་འབར། །མཆེ་གཙིགས་ལྗགས་འདྲིལ་རུས་བརྒྱན་མགོ་འཕྲེང་འཕྱང་ལ་ལིངྒ་གྱེན་བགྲེང་ཕྱག་གཡས་ཐོད་དབྱུག་དུས་ཀྱི་ཞགས་པ་གཡོན། །རྭ་དང་རྨིག་པས་ས་རྐོ་ང་རོ་འབྲུག་ལྟར་སྒྲོགས་པའི་མ་ཧེའི་སྟེང་འགྱིང་འཆི་བདག་འབུམ་གྱི་འཁོར་བཅས་པའི། །བགེགས་དཔུང་འཇོམས་ལ་མཐུ་སྟོབས་རྡོ་རྗེའི་ཐོག་གི་རྗེས་འགྲོ་འཕྲིན་ལས་གང་བཅོལ་མྱུར་བར་སྒྲུབ་མཛད་ཁྱོད་ལ་བསྟོད། །འཇམ་དཔལ་གཤིན་རྗེའི་གཤེད་སོགས་རྩ་བརྒྱུད་བླ་མའི་ཚོགས་ཀྱི་བཀའ་བཞིན་མདོ་སྔགས་བཤད་སྒྲུབ་དམ་ཆོས་འཕེལ་བ་ལ། །བར་ཆད་དགྲ་དགེགས་ནག་ཕྱོགས་སྡེ་བཅས་གང་ཡིན་དེ་ཀུན་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག་ས་མ་ཡ། །
ཡ་བ་ཏི་སོགས་གེང་ཆེན་གཤིན་རྗེ་བརྒྱད་དང་ཕོ་ཉ་མོ་སོགས་མྱུར་མགྱོགས་བཅུ་གཉིས་གཤིན་རྗེ་མོ་ཚོགས་བཅས། །དཔལ་མགོན་བདུན་ཅུ་ས་གསུམ་འབྱུང་པོ་སྡེ་བརྒྱད་འཁོར་དང་བཅས་པས་རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །རྒྱལ་བ་གཉིས་པའི་བཀའ་བཞིན་མདོར་ན་དེང་གི་དུས་འདི་ནས་ནི་སེམས་ཅན་ཀུན་གྱི་དོན་དུ་རྒྱལ་བའི་ཡབ་གཅིག་པུ། །འཇམ་དབྱངས་གོ་འཕང་མཆོག་དེ་ཇི་སྲིད་བདག་གིས་མ་མནན་དེ་སྲིད་འཇམ་དཔལ་གཤིན་རྗེ་གཤེད་དང་རྒྱལ་བ་ཙོང་ཁ་པའི། །བཀའ་ནི་གུས་པས་ལྷུར་ལེན་ཆོས་རྒྱལ་གཤིན་རྗེ་འཁོར་དང་བཅས་པས་ཡང་དག་ལམ་གྱི་ནོར་མཆོག་འཕྲོག་ལ་བརྩོན་པ་ཡི། །ནག་པོའི་རྩ་ལག་སྡེ་དང་དཔུང་བཅས་ཕྱོགས་དུས་གང་ན་གནས་ཀྱང་མ་ལུས་སྐད་ཅིག་ཐོགས་མེད་མྱུར་དུ་གཞོམ་པར་མཛོད། །ཅེས་བཀའ་སྡོད་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནང་སྒྲུབ་འཁོར་བཅས་ལ་བསྟོད་པ་བདུད་དཔུང་རི་བོ་འཇོམས་པའི་རྩེ་བརྒྱ་སྐལ་ལྡན་རེ་སྐོང་ནོར་བུའི་དོ་ཤལ་ཞེས་བྱ་བ་འདི་ནི། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་བཅས་པ་ལ་མི་ཕྱེད་པའི་དད་པ་ཅན། དགེ་སློང་ཨ་ཝ་དྷུ་ཏི་བ་འཇམ་དབྱངས་བཞད་པའི་རྡོ་རྗེས་ལྔ་མཆོད་ཆེན་མོའི་དུས་བསྟན་པའི་ཞབས་འདེགས་སུ་སྦྱར་བ་ཀུན་ལ་བཀྲ་ཤིས་པར་གྱུར་ཅིག།། །།
༈ ཧཱུཾ་གདུག་པ་འདུལ་ཕྱིར་ཡབ་གཅིག་འཇམ་དཔལ་དབྱངས། །མཆོག་ཏུ་ཁྲོས་པ་རྡོ་རྗེ་འཇིགས་མཛད་ཀྱིས། །ངུར་སྨྲིག་གར་མཛད་རྒྱལ་བ་གཉིས་པའི་ཞབས། །ཟླ་མེད་བླ་མ་ལྷ་ཡིས་དགེ་ལེགས་མཛོད། །མཚལ་ལྷུན་མ་ཧེའི་ཞལ་ཅན་བཻཌཱུར་རྭ། །ཉི་མའི་སྤྱན་དང་ལྡན་ན་ཁྱོད་སྐུའི་དཔེ། །སྐྱེ་དགུར་མཆོག་ཐུན་ཅི་འདོད་སྩོལ་བའི་ལྷ། །བཀའ་སྡོད་དབང་རྒྱལ་ཡ་མ་རཱ་ཛར་བསྟོད། །པདྨོའི་གཉེན་དང་སར་ཉལ་དམར་པོའི་སྟེང༌། །ནམ་མཁའི་གོས་གྱོན་རུས་རྒྱན་སྐར་ཕྲེང་འཁྲོལ། །ལྷུན་པོའི་གཏོས་ལྟར་གསུམ་འཕྱང་ཞབས་གཡས་བསྐུམས། །གཡོན་བརྐྱངས་མེ་དཔུང་ཀློང་ནས་འགྱིང་ལ་འདུད། །ལྷུང་ལྷུང་ཁྲག་གི་ཆུ་འབབས་མགོ་འཕྲེང་འཕྱང༌། །འཇིགས་རུང་བདུད་སྲིན་ཐོད་སྐམ་དབུ་ལ་བརྒྱན། །སྐྱེ་འགྲོའི་རེ་སྐོང་དབང་རྒྱལ་ཕྱག་གཡས་བསྣམས། །གཡོན་ན་ཁྲག་འཁྱིལ་ཐོད་པ་རོལ་ཁྱོད་བསྟོད། །ཁྲག་གིས་བགོས་པའི་གནམ་སའི་ཞལ་གདངས་པར། །མི་བཟད་གངས་རིའི་མཆེ་བ་དགྲ་ལ་གཙིགས། །དུད་པའི་རལ་ཅན་མེ་བཞིན་གཡོ་བའི་ལྗགས། །ལེགས་ཉེས་འབྱེད་ལ་ཆེས་བྲལ་ཁྱོད་ལ་བསྟོད། །མཚམས་སྤྲིན་བྱེ་བའི་མདངས་གྱོན་སེར་སྐྱ་ཡི། །གཙུག་སྐྱེས་གཏི་མུག་ཐུན་གསུམ་སྲོག་ལ་ཟ། །ཧཱུཾ་ཧཱུཾ་ཧ་ཧའི་བཞད་པ་སྤྲིན་གྱི་སྒྲས། །ས་གསུམ་མཆོག་ཏུ་འགུལ་མཛད་ཁྱོད་ལ་བསྟོད། །ཆོས་སྲིད་དཔལ་འབྱོར་རྡོར་དྲིལ་ཀ་པཱ་ལ། །བུམ་བཟང་དཔག་བསམ་ཤིང་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྟགས་དང་རྫས་བརྒྱད་སྣ་ཚོགས་ཀྱི། །རྣམ་པའི་ཆར་བ་འབེབས་མཛད་ཁྱོད་ལ་བསྟོད། །རྡོ་རྗེའི་བཀའ་དམ་གཡེལ་མེད་ལྷུར་ལེན་པའི། །བཀའ་སྡོད་མཆོག་ཁྱོད་གསར་བསྐུལ་མི་དགོས་མོད། །སྙོམས་ལས་འདོད་རིངས་རྣལ་འབྱོར་རེ་བསྐོང་སླད། །ཞལ་བཞེས་བསྒྲུབ་ཕྱིར་བསྐུལ་ལོ་མ་གཡེལ་ཞིག །འཇམ་པའི་དབྱངས་དང་བླ་མ་གཤིན་རྗེ་གཤེད། །དཔའ་བོ་རྡོ་རྗེ་རྒྱལ་བ་གཉིས་པའི་ཞབས། །ཡབ་སྲས་བརྒྱུད་པའི་བཀའ་བསྒོས་དམ་བཅས་བཞིན། །རྣལ་འབྱོར་ལས་བཅོལ་མྱུར་སྒྲུབ་དུས་ལ་བབས། །འཇམ་དབྱངས་ཞལ་རླངས་ངད་ལྡན་མདོ་སྔགས་ཀྱི། །བཤད་སྒྲུབ་བདུད་རྩི་འགྱེད་སླད་ལྷ་བསྒོམ་སྔགས། །བཟླས་པའི་མོད་ལ་མཁས་དང་འཇིག་རྟེན་གྱི། །དྲེགས་ལྡན་སྐྱེ་དགུ་བུ་བཞིན་དབང་དུ་བསྡུས། །མཁས་བཙུན་བཟང་པོར་འཆད་རྩོད་རྩོམ་པའི་དར། །ལྷབ་ལྷུབ་གཡོ་བ་རྣལ་འབྱོར་གྲགས་སྙན་གྱིས། །སྐལ་ལྡན་ཀུན་གྱི་ཡིད་དབང་ཚིམ་བྱས་ཏེ། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བར་མཛོད། །རྣལ་འབྱོར་དཔོན་སློབ་རིགས་རྒྱུད་འཁོར་བཅས་ལ། །ཟས་ནོར་འབྲུ་དང་རྐང་འགྲོ་བང་མཛོད་སོགས། །ཇི་ལྟར་འཁོ་དགུ་ཡིད་ལ་བསམ་པ་ལྟར། །རྨུགས་འཛིན་དབང་པོའི་དཔལ་ཡང་འབྱོར་པར་གྱིས། །ཕྱོགས་ཀུན་རྒྱལ་བའི་ཚོགས་ཀྱིས་གང་དེ་སྲིད། །ཁོ་བོས་བསྟན་འགྲོའི་དོན་བྱེད་མཐའ་དག་ལ། །འོད་དང་ཉི་བཞིན་འགྲོགས་ནས་གང་བཅོལ་ལས། །མཆོག་མཐུན་དངོས་གྲུབ་ཐམས་ཅད་ལྷུན་གྲུབ་མཛོད། །གསར་བཤད་རྒྱུད་སྟོང་སྤྲས་པའི་འཇམ་དབྱངས་མིའི། །རྣམ་རོལ་སེང་གེའི་ང་རོའི་མདོ་སྔགས་ཀྱི། །བཤད་སྒྲུབ་རྒྱུད་ལ་རྣམ་དཔྱོད་སོར་བསྣུན་དབྱངས། །དུས་ཀུན་སྐྱེ་དགུའི་སྙིང་ལ་འཇུག་པར་མཛོད། །ཆོས་ཀུན་མངོན་མཁྱེན་རྒྱལ་རྣམས་བྱིན་རླབས་དང༌། །སྙིང་རྗེས་རབ་གང་རྒྱལ་སྲས་མཐུ་དང་སྟོབས། །རྟེན་འབྲེལ་དམ་ཚིག་མི་བསླུའི་ཆོས་ཉིད་གཤིས། །གང་བསམ་མྱུར་འགྲུབ་འབྲས་བུ་གཡུར་ཟ་ཤོག །ཅེས་འཇམ་དབྱངས་ཞི་ཁྲོའི་བཀའ་སྡོད་གསང་སྒྲུབ་དབང་རྒྱལ་གྱི་བསྟོད་པ་ཁམས་གསུམ་དབང་དུ་སྡུད་པའི་ཕོ་ཉ་མྱུར་མགྱོགས་ཞེས་བྱ་བ་འདི། འཇམ་དབྱངས་ཞི་ཁྲོའི་རྣལ་འབྱོར་བ་གང་ཤར་བདེ་སྡོམ་འཇམ་དབྱངས་བཞད་པའི་རྡོ་རྗེས་ལྷག་བསམ་དག་པས་རྗེས་ཀྱི་རྣལ་འབྱོར་པ་གཞན་ལ་ཕན་སྲིད་སྙམ་ནས་བྲིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་རྒྱས་པའི་རྒྱུར་གྱུར་ཅིག།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། པདྨོའི་གཉེན་དང་སར་ཉལ་དམར་པོའི་སྟེང༌། །མཚལ་གྱི་ལྷུན་པོ་མ་ཧེ་ཁྲོས་པའི་ཞལ། །ཉི་མའི་སྤྱན་འབར་དབང་སྔོན་འབར་བའི་རྭ། །ཐོད་སྐམ་དབུ་རྒྱན་མགོ་འཕྲེང་འཕྱང་ཁྱོད་བསྟོད། །གསུས་ཁྱིམ་ཆེར་འཕྱང་རུས་རྒྱན་སྐར་འཕྲེང་འཁྲོལ། །ཕྱག་གཡས་འདོད་དགུ་ཀུན་སྟེར་ནོར་བུ་འབར། །གཡོན་པར་ཁྲག་འཁྱིལ་ཐོད་པར་རོལ་མཛད་ཉིད། །བརྟན་གཡོའི་དཔལ་འབྱོར་ཀུན་སྩོལ་ཁྱོད་ལ་བསྟོད། །འཇིགས་པའི་སྐུ་དང་བཞད་པའི་གད་རྒྱང་གིས། །གནམ་སའི་ངོས་ཀུན་གཡོ་ཞིང་འབྲུག་སྟོང་གིས། །གཅིག་ཆར་ང་རོ་བསྒྲགས་ལྟར་ཧ་ཧ་དང༌། །ཧཱུཾ་ཧཱུཾ་ཕེཾ་སྒྲས་ས་གསུམ་འདུལ་ཁྱོད་བསྟོད། །དྲན་པ་ཙམ་གྱིས་མཆོག་ཐུན་ཀུན་སྩོལ་པའི། །དམ་ཅན་དབང་གི་རྒྱལ་པོའི་འོད་ཟེར་གྱིས། །ཆོས་དང་སྲིད་ཀྱི་དཔལ་འབྱོར་མ་ལུས་ཀུན། །ལྷུན་གྲུབ་འབད་མེད་གནས་འདིར་འདུ་བར་མཛོད། །རྡོ་རྗེ་འཇིགས་བྱེད་ཉིད་ཀྱི་བཀའ་བཞིན་དུ། །རྒྱལ་བ་གཉིས་པའི་བསྟན་དང་བསྟན་འཛིན་གྱི། །སྟོབས་འབྱོར་མངའ་འབངས་དབང་ཐང་ཐོས་བསམ་སྒོམ། །སྲིད་མཐའི་བར་དུ་ཆེས་ཆེར་རྒྱས་པར་མཛོད། །བདག་ཅག་དཔོན་སློབ་སྦྱིན་བདག་བཅས་པ་ཀུན། །བསྲུང་སྐྱོབས་འཕེལ་རྒྱས་རྣམ་ཐོས་བུར་འགྲན་ཞིང༌། །ཞྭ་སེར་རིང་ལུགས་འཛམ་གླིང་ཡོངས་སུ་འགེངས། །མི་ནུབ་བསྟན་པའི་རྒྱལ་མཚན་ཚུགས་པར་ཤོག །ཅེས་ཆོས་ཀྱི་རྒྱལ་པོ་གསང་སྒྲུབ་ཡིད་བཞིན་ནོར་བུའི་བསྟོད་པ་རིན་ཆེན་དབང་གི་རྒྱལ་པོའི་འཕྲེང་བ་འདི་ནི་མང་བཀུར་རྒྱལ་པོར་འགྲན་པའི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་བརྒྱུད་སྟོབས་འབྱོར་གྱིས་དྲེགས་པའི་བྱང་ཕྱོགས་འཛིན་མའི་བདག་པོ་ཨེར་ཏི་ནི་ཐའི་ཇིས་བསྐུལ་བ་ལྟར། བླ་མ་དམ་པ་རྣམས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པས་ཀུན་ལ་དགེ་བར་གྱུར་ཅིག།། །།
༈ ངག་གི་དབང་ཕྱུག་བློ་གྲོས་ཐུགས་རྗེའི་མཚོ་ཆེན་ལས་རབ་སྐྱེས། །རིགས་ཀུན་འདུས་སྐུ་རྡོ་རྗེ་འཛིན་པའི་ལམ་བཟང་གསང་སྔགས་གཏེར། །མཁས་དང་གྲུབ་བརྙེས་གྲགས་པའི་དཔལ་བཟང་རབ་ཏུ་ལྡང་བའི་མགོན། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྣམ་གསུམ་དབྱེར་མེད་དེ་ལ་འདུད། །བྱང་ཆུབ་ཕྱོགས་ཆོས་འཕྲིན་ལས་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཆེ། །ཀུན་མཁྱེན་མཁས་མང་རོལ་མཚོ་དཔལ་ལྡན་དྷཱ་ན་ཀ་ཌ་ཀའི། །ཆོས་སྲིད་བསྟན་པ་སྐྱོང་མཛད་མཐུ་སྟོབས་རྡོ་རྗེའི་འོད་ཆེན་པོ། །ས་གསུམ་ལས་རྒྱལ་དཔལ་ལྡན་དཀར་ཕྱོགས་རྒྱལ་མཚན་རྒྱལ་གྱུར་ཅིག །གང་འདུལ་ཞི་ཁྲོ་སྒྱུ་མའི་གར་ཆེན་པོས། །ཉམས་པའི་ཁྲག་རྒྱུན་བཏུང་ཡང་ངོམས་མིན་ཞལ། །ཁྲོ་གཉེར་བསྡུས་ཀྱང་ཐུགས་རྗེའི་གཏིང་མི་འཁྲུགས། །ཆུ་གཏེར་སྲུང་མར་འཁྱིལ་བ་ཨེ་མ་མཚར། །ཉོན་མོངས་དྲི་མས་དབེན་ཀྱང་ཡེ་ཤེས་རྒྱས། །རྟག་ཏུ་བསིལ་ཡང་ཞིང་བཅུ་མ་ལུས་བསྲེགས། །གཡོ་བ་བྲལ་ཀྱང་ལས་བཞིའི་རྦ་རླབས་ཅན། །ཅི་ཁྱོད་སྒྱུ་མའི་ཟླ་བའི་མ་མ་ཅི། །འཇིགས་འཇིགས་མང་པོའི་དཔུང་གི་འཁོར་ཚོགས་རྒྱས། །རྔམ་རྔམ་དམ་ལྡན་ཁྲོ་བོའི་དཀྱིལ་འཁོར་རྫོགས། །མྱུར་མྱུར་དགྲ་སྲོག་ལེན་པའི་ཕོ་ཉ་འཁྱུག །ཆེ་ཆེ་ཐམས་ཅད་ཁྱོད་ལ་འཁོར་རམ་སྙམ། །ལྷ་མིའི་གཅེས་གཅེས་ཡོ་བྱད་སྤྲིན་དུ་ཆགས། །དཔལ་གྱིས་མཛེས་མཛེས་ལྷུན་གཡང་འབུམ་དུ་འཁོར། །བརྗིད་ལྡན་སྙན་སྙན་སྒྲ་དབྱངས་ཀུན་ཏུ་སྒྲོགས། །མ་ལུས་ལེགས་ལེགས་དཔལ་འབྱོར་འདུ་བ་བཞིན། །འཇིགས་འཇིགས་དྲེགས་པ་ཕོ་མོའི་དཀྱིལ་འཁོར་ཆེ། །རྔམ་རྔམ་སྐུ་དང་གསུང་གིས་བསྐུལ་ཙམ་གྱིས། །རིངས་རིངས་དགྲ་སྲོག་འཕྲོག་པའི་དམ་ཅན་ཚོགས། །ལིང་ལིང་གར་དང་བཅས་ཏེ་ལས་ཀུན་བསྒྲུབ། །བཏབ་པ་ཙམ་གྱིས་རྡོ་རྗེའི་ལྷུན་པོ་ཡང༌། །བྱེ་མའི་དཔེར་འགོད་ཤཀྟི་རལ་གྲི་དང༌། །མདའ་དང་དགྲ་སྟ་ཐོ་བ་ལ་སོགས་འདི། །ཉམས་པ་རྣམས་ལ་གནམ་ལྕགས་བུ་ཡུག་བཞིན། །ཆོས་བཞིན་སྒྲུབ་པའི་རེ་སྐོང་དབང་གི་རྒྱལ། །ཞྭ་སེར་ཆོས་སྲིད་སྐྱོང་བའི་དགྲ་ལྷ་ཆེ། །བསྟན་འདིར་སྡང་ལྡན་སྲོག་འཕྲོག་བཤན་ནག་བདུད། །རྒྱལ་བའི་བཀའ་ཉན་བསྟན་སྲུང་མཆོག་གཅིག་པུ། །སྐྱེ་འགྲོ་སྐྱོངས་དང་འཆི་དང་གསོད་དང་སྐྱེད། །རྗེས་འཛིན་ལྷ་མིའི་མགོན་བྱེད་སྦྱིན་སྐྱེས་དགྲ། །ཆེ་མཆོག་ལྷ་ཆེན་པདྨ་ལས་འཁྲུངས་པ། །འཇུག་པ་བཅུ་ལྡན་འདི་ལས་གཞན་པ་སུ། །འགྲོ་བའི་སེམས་ཀྱི་རྒྱུ་བ་ཇི་སྙེད་པར། །གསང་གསུམ་རོལ་པ་འཇུག་པའི་མཐའ་རྫོགས་པར། །རྒྱལ་རྣམས་མཁྱེན་པའི་ཚད་དུ་མི་གཞལ་ན། །གང་དེར་ངལ་བ་ཀུན་གསལ་ཕ་མཐའ་ཚོལ། །འཇིག་རྟེན་ནད་ཡམ་འཐབ་རྩོད་སོགས་ཀུན་ཞི། །ཆོས་མཐུན་དཔལ་འབྱོར་ལེགས་ཚོགས་དབྱར་སྤྲིན་ལྟར། །ཡོངས་སུ་འདུས་ཏེ་ཐུབ་བསྟན་སྲོག་གཅིག་པུ། །མདོ་སྔགས་བཤད་སྒྲུབ་ཕྱོགས་བཅུར་རྒྱས་པར་མཛོད། །ཀུན་གཟིགས་མཁས་མང་འཆད་རྩོད་རྩོམ་པའི་དབྱངས། །སྐྱེ་དགུའི་སྙིང་དུ་འཕོས་པའི་དད་པ་ཡིས། །མཐའ་དག་བློ་བཟང་བསྟན་པའི་སྡེ་ཆེན་འདིར། །རྒྱ་མཚོར་ཆུ་བོ་རྣམས་བཞིན་འདུ་བར་མཛོད། །བློ་བཟང་བསྟན་དང་རྣལ་འབྱོར་བདག་ཅག་ལ། །སྡང་ལྡན་མཐུ་དང་དཔུང་པས་གདུག་རྩུབ་ཆེར། །འབད་པའི་དམ་ཉམས་མ་ལུས་མྱུར་ཁུག་ལ། །བདུན་བརྒྱུད་ཚུན་ཆད་ཐལ་བའི་རྡུལ་དུ་མཛོད། །བསྟན་འདི་ཕྱོགས་བཅུར་རྒྱས་མཛད་མཆོག་གཅིག་པུ། །རྒྱལ་བའི་དབང་པོའི་ཞབས་པད་བསྐལ་བརྒྱར་བརྟན། །དེ་མཐུས་སྐྱེ་དགུའི་མངོན་མཐོ་ངེས་ལེགས་ཀུན། །རྫོགས་ལྡན་གསར་བའི་དགའ་སྟོན་ལ་སྤྱོད་ཤོག །ཅེས་པ་འདི་ནི་བློ་བཟང་བསྟན་ལ་ཞུགས། །མཐའ་ཡས་ཆོས་ཀྱི་སྙིང་པོ་ཅི་ཡང་བཏུང༌། །བླ་མ་ལྷ་སྲུང་དག་ལ་གུས་ལྡན་པ། །འཇམ་དབྱངས་བཞད་པ་མཆོག་གི་རྡོ་རྗེས་སྨྲས། །ཞེས་བསྟན་སྲུང་ཆེན་པོ་རྡོ་རྗེའི་འོད་ལྡན་དཀར་པོ་ལ་བསྟོད་པ་ཞི་ཁྲོའི་རང་བཞིན་རབ་གསལ་རྫོགས་ལྡན་དཔྱིད་དུ་དར་བའི་ལང་ཚོ་ཞེས་པ་འདི་ཡང། ཐོས་ལྡན་རིགས་སྔགས་འཆང་བའི་རྣལ་འབྱོར་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་དྭངས་པའི་མཚོ་ཆེན་པོས་རྣམ་དཔྱོད་ཀྱི་མཆོད་སྤྲིན་སྤུངས་པ་ལས་བྱུང་བའོ། །འདི་ཡང་ཐམས་ཅད་ལ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།། །།
༈ རབ་འབྱམས་ལོངས་སྤྲུལ་རྒྱལ་བ་སྲས་བཅས་ཀྱི། །འཕྲིན་ལས་གཟུགས་སུ་གྲུབ་པ་དྲེགས་བྱེད་དཔོན། །སྤྲུལ་པའི་ཆོས་རྒྱལ་ཆེན་པོར་མཚན་གསོལ་བ། །ཡིད་བཞིན་དབང་གི་རྒྱལ་པོ་ཁྱོད་ལ་བསྟོད། །ནང་དུ་རྒྱལ་ཀུན་མཁྱེན་བརྩེ་ལས་གྲུབ་ཀྱང༌། །ཕྱི་རོལ་ཁོ་ནར་དགྲ་དགེགས་ཀུན་གྱི་གཤེད། །གསང་བར་ཡི་དམ་ཆེ་མཆོག་ཧེ་རུ་ཀ། །སྒྱུ་འཕྲུལ་ཁོ་བོའི་དབང་པོ་ཁྱོད་ལ་བསྟོད། །ཁྱོད་ནི་ནམ་མཁའ་མཛོད་ལ་མངའ་བརྙེས་ཀྱང༌། །སྔོན་གྱི་ཐུགས་དམ་བཀའ་བསྒོས་ཞལ་བཞེས་རྣམས། །དྲན་པར་གྱིས་ལ་རྣལ་འབྱོར་བཅོལ་བའི་ལས། །ཆོས་བཞིན་མཐུན་རྐྱེན་འཕྲིན་ལས་ཀུན་འགྲུབ་མཛོད། །ཅེས་པའང་ལྷ་དང་བླ་མ་ཆོས་སྐྱོང་རྣམས་ལ་དང་བ་མཉྫུ་གྷོ་ཥཱ་ཧ་ས་སྱ་བཛྲ་གྱིས་བྲིས།།
༈ མཚོ་སྐྱེས་ཞབས་དང་རྒྱལ་བ་གཉིས་པའི་ཞབས། །ཐམས་ཅད་མཁྱེན་པ་གོང་མ་རིམ་བཞིན་གྱིས། །བཀའ་བསྒོས་དམ་བཞག་སྲུང་མ་མཐུ་རྩལ་ཅན། །བོད་སྐྱོང་རྡོ་རྗེ་གྲགས་ལྡན་འཁོར་བཅས་བསྟོད། །ཁྱེད་རྣམས་འཁོར་བཅས་སྔོན་གྱི་བཀའ་དམ་བཞིན། །རྗེས་དགོངས་སྐྱེས་ཆེན་གོང་མ་དེ་དག་གི །རྗེས་འཇུག་རྣལ་འབྱོར་བདག་ཅག་གསོལ་མཆོད་བགྱི། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །ཆོས་མཐུན་ཐམས་ཅད་ཁྱེད་ཅག་ལ་རེ་བས། །ནད་གདོན་བགེགས་ཞི་ཚེ་དཔལ་སྟོབས་འབྱོར་རྒྱས། །ཁམས་གསུམ་དབང་བསྡུས་བསྟན་དགྲ་ཚར་ཆོད་ལ། །བསམ་དོན་ཆོས་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །མཉྫུ་གྷོ་ཥཱ་ཧ་ས་སྱ་བཛྲ་གྱིས་བྲིས་པ་དགེ་ལེགས་འཕེལ། ། མངྒ་ལཾ།


previousགསུང་ཐོར་བུ་ལས་བསྟོད་ཚོགས་བི་ཧ་ར་ཏིསྨ།next