Nitartha Digital Library
Tibetan
ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རབ་གནས་ཀྱི་ཆོ་ག་དགེ་ལེགས་གཏེར་ཆེན།
   
   
   
   
   
   
   
   
   
   
   
   
   


 
previousརབ་གནས་ཀྱི་ཆོ་ག་དགེ་ལེགས་གཏེར་ཆེན།next

རབ་གནས་ཀྱི་ཆོ་ག་དགེ་ལེགས་གཏེར་ཆེན།

རབ་གནས་ཀྱི་ཆོ་ག་བཀླགས་པའི་དོན་གྲུབ་དགེ་ལེགས་ཀྱི་གཏེར་ཆེན་བཀྲ་ཤིས་རབ་རྒྱས་བཞུགས་སོ། །
བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པའི་ཚུལ་བཤད་པ་ལ། རབ་གནས་བྱེད་དགོས་མི་དགོས་ཀྱི་ཁྱད་པར། །རབ་གནས་ཀྱི་ཆོ་ག་དག་མ་དག་གི་སྐྱོན་ཡོན། རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་གྱི་མཚན་ཉིད། རབ་ཏུ་གནས་པར་བྱེད་པའི་གནས་དང་དུས། རབ་ཏུ་གནས་པར་བྱ་བའི་རྟེན་གྱི་ཁྱད་པར། རབ་གནས་ཀྱི་དོན་དང་སྒྲ་བཤད་པ། རབ་གནས་ལྷ་གང་གི་སྒོ་ནས་བྱེད་པ། རབ་གནས་ཀྱི་ཆོ་གའི་ཁྱད་པར་དང་བཅུ་ལས། དང་པོ་ནི། སྤྱིར་སྐུ་གསུང་ཐུགས་ཀྱི་རྟེན་གྲུབ་ཙམ་ཉིད་ནས་རབ་གནས་མ་བྱས་ཀྱང༌། ཕྱག་མཆོད་ཀྱི་ཡུལ་དུ་འོས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་ལྟར་བདེར་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཇི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་དང༌། དེ་བཞིན་དུ་མདོ་ཕྱོགས་སུ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། ཕྱག་མཆོད་སོགས་བྱས་པས་ཕན་ཡོན་མཐའ་ཡས་པ་ཐོབ་པར་བཤད་ཀྱི། རབ་གནས་བྱ་དགོས་པར་མ་གསུངས་པས། རབ་གནས་མ་བྱས་པར་དུ་རྟེན་དེ་དག་ལ་ཕྱག་མཆོད་མི་འོས་པའི་དོགས་པ་ཙམ་ཡང་ག་ལ་དགོས། དེ་ལྟ་ན་ཡང་རྒྱུད་སྡེ་ལས། སྦྱིན་བདག་གི་བསོད་ནམས་མཐའ་ཡས་པ་སྤེལ་བ། རྟེན་དེ་ཡུལ་གང་དུ་གནས་པ་དེར་བཀྲ་ཤིས་པ་སོགས་ཀྱི་ཆེད་དུ་རབ་གནས་གསུངས་པ་ལྟར། དགོས་པ་དེ་དག་གི་ཆེད་དུ་རབ་གནས་དགོས་ཏེ། རབ་གནས་ཀྱི་རྒྱུད་ལས། སྐྱེ་བོ་རབ་ཏུ་དང་པ་ཡིས། །བརྗོད་པའི་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཞེས་དང༌། སྡོམ་འབྱུང་ལས་ཀྱང༌། ཇི་ལྟར་རབ་ཏུ་མི་གནས་ལྷ། །རབ་ཏུ་གནས་པར་བྱ་བར་ནུས། །སློབ་མ་དད་པས་གསོལ་འདེབས་པའི། །བསོད་ནམས་ཕྱིར་ནི་བྱ་བ་ཡིན། །ཞེས་གསུངས་པ་ལྟར་ཤེས་བྱེད་ཤིན་ཏུ་མང་ངོ༌། །དེ་ལ་མདོ་སྔགས་མང་པོ་ལ་མ་སྦྱངས་ཤིང༌། རབ་གནས་རྒྱུད་ཀྱི་དགོངས་པ་མ་ལོན་པར་དེའི་ཚིག་ཟིན་ཙམ་མཐོང་བའི་བོད་ཀྱི་སྔགས་རྒན་མང་པོ་ཞིག་ན་རེ། དེ་ལྟར་རབ་གནས་མ་བྱས་ཀྱང་སྐུ་གསུང་ཐུགས་ཀྱི་རྟེན་ལ་ཕྱག་སོགས་འོས་ན། འོ་ན་རབ་གནས་ཀྱི་རྒྱུད་ལས། དེ་སྲིད་མཆོད་པར་དེ་མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག །རིག་པའི་མཚན་ཉིད་སྤངས་པ་ལ། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །དོན་དེ་བཞིན་དུ་གཟུགས་བརྙན་ལ། །གང་གིས་མཆོད་ཅིང་ཕྱག་བྱེད་པ། །དམ་ཚིག་བྲལ་ཞིང་སྡིགས་དམན་པས། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །ཞེས་ཕྱག་སོགས་མི་འོས་པར་མ་ཟད་ཕྱག་སོགས་བྱས་ན་དམ་ཚིག་ཉམས་པར་གསུངས་པ་མ་ཡིན་ནམ། ཞེ་ན། དེ་ནི་གཏན་ནས་མིན་ཏེ། མཆོད་འོས་མི་འོས་རབ་གནས་གཞུག་པའི་ལྷ་ལ་ལྟོས་ཏེ། དེ་ཙམ་མཆོད་མི་འོས་ཞེས་པ་ཡིན་གྱི། སྤྱིར་མཆོད་པ་ཙམ་ཡང་མི་འོས་ཞེས་པ་ནི་མ་ཡིན་ཏེ། དཀོན་མཆོག་ལ་སྐྱབས་སུ་སོང་ནས་སྐུ་གསུང་ཐུགས་ཀྱི་རྟེན་གང་ལ་ཡང་མཐོང་བ་བཞིན་དུ་གུས་པ་མ་བྱས་ན་སྐྱབས་འགྲོ་དང་ལྡན་ཕྱིན་སྐྱབས་འགྲོ་དང་འགལ་བར་འགྱུར་ཞིང༌། སྐྱབས་འགྲོ་དང་མི་ལྡན་ན་ནང་པ་སངས་རྒྱས་པར་མི་ཚུད་ལ། རྒྱལ་སྲས་ཞི་བ་ལྷས་ཀྱང༌། དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །ཅེས་སྐུ་གསུང་ཐུགས་ཀྱི་རྟེན་མཐའ་དག་ལ་སྨོན་ལམ་གྱི་སྒོ་ནས་མཆོད་པར་གསུངས་པ་བཞིན། རྒྱུད་སྡེ་གོང་མའི་གསོ་སྦྱོང་གི་སྐབས་སུ་ཡང་དེ་ལྟར་བཤད་པར་མ་ཟད་བདེ་མཆོག་སོགས་སུ་རང་གི་བླ་མ་དང་ལྷའི་སྐུ་སོགས་མཐོང་བ་ན། རྐང་བརྒྱད་ཀྱི་བསྟོད་པ་དང་སྐོར་བ་སོགས་ཡིད་ཀྱིས་བྱ་དགོས་པར་བཤད་པ་སོགས་ཤིན་ཏུ་མང་ལ། འོ་ན་གྲུབ་ཆེན་གྱི་གཞུང་ལས། ས་རྡོ་ཤིང་གི་རང་བཞིན་གྱི། །སྐུ་གཟུགས་དག་ལ་ཕྱག་མི་བྱ། །ཞེས་པ་ཇི་ལྟར་སྙམ་ན། དེ་ནི་སྤྱོད་པའི་སྐབས་སུ་ཁམས་ལ་ལུས་ཀྱི་ཕྱག་སྐོར་སོགས་བཀག་པ་ཡིན་གྱི། ཡིད་ཀྱི་ཕྱག་འགོག་པ་ག་ལ་ཡིན། དམ་ཚིག་གི་སྐད་དོད་ས་མ་ཡ་མཉམ་པ་ལ་འཇུག་པས་ལྷ་རབ་ཏུ་གནས་པ་དང་མཉམ་པ་དང་བྲལ་བ་སྟེ། མཆོད་ཡུལ་དུ་རབ་གནས་བྱས་མ་བྱས་ཀྱི་གཟུགས་བརྙན་གཉིས་མཆོད་སོགས་ཀྱི་ཡུལ་ལ་མི་མཉམ་ཞེས་བསྟན་པ་ཡིན་གྱི། དམ་ཚིག་དང་བྲལ་བ་ཁོ་ནར་བཤད་ག་ལ་དགོས། རྒྱུད་སྡོམ་འབྱུང་ལས་ཀྱང༌། རྣམ་རྟོག་མེད་པའི་རང་བཞིན་གྱིས། རབ་གནས་ལྷ་ནི་གཞུག་པ་ཡིན། །འཇིག་རྟེན་སྐྱོང་བའི་ལྷ་ལ་སོགས། །གང་ཚེ་རྟག་ཏུ་གནས་གྱུར་པ། །མཆོད་དང་མཆོད་བྱ་མཉམ་ལྡན་པར། །དེ་ཚེ་ལྷ་ཡང་ཡང་དག་གཞུག །ཅེས་གསུངས་པས་ཀྱང་ཤེས་ལ། དམ་ཚིག་གི་སྒྲ་སོར་གནས་བྱས་ཀྱང༌། རང་ལ་ལྷའི་ང་རྒྱལ་དང་གསལ་སྣང་བརྟན་པ་འགའ་ཞིག་ལ་དགོངས་སྲིད་ཀྱི། སྐྱེ་བོ་རང་འགའ་བ་དག་ལ་ལྷ་དེར་ཕྱག་འཚལ་བ་ཙམ་གྱིས་དམ་ཚིག་ཉམས་པར་མི་འགྱུར་ཞིང༌། འདི་ལ་ཞིབ་ཆ་དང་བཤད་བྱ་ཤིན་ཏུ་མང་པོ་ཡོད་པས་ལེགས་པར་དཔྱད་དགོས་ཀྱི་ཅལ་ཅོལ་ག་ལ་རིགས།
གཉིས་པ་རབ་གནས་ཚད་ལྡན་བྱས་པ་ལ་ཕན་ཡོན་མཐའ་ཡས་པ་འབྱུང་བ་ནི། རབ་གནས་ཀྱི་རྒྱུད་ལས། ཆོ་ག་འདི་ཉིད་ནུས་པ་ཡིས། །རྟོག་པ་ལས་གསུངས་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་འབྲས་བུ་སྐྱེ། །སྐུ་གཟུགས་ཀྱི་ནི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་གསུངས། དེ་བཞིན་དུ་ཡང་སྔགས་གནས་པས། །མཆོད་ལྡན་མཆོད་པ་བྱེད་པ་དང༌། །དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །སྐྱེ་བ་རུ་ནི་མཆོད་པར་འགྱུར། །ཞེས་གསུངས་པ་ལྟར་འདིས་ནི་སངས་རྒྱས་ཀྱི་སའི་བར་དུ་འབྲས་བུ་མཐའ་ཡས་པ་འབྱུང་ལ། རབ་གནས་མ་བྱས་པ་དང་ཆོ་ག་མ་ལེགས་པའི་ཉེས་པ་ནི། རབ་གནས་ཀྱི་རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་དང༌། །ཞེས་པ་ནས། དེ་སྲིད་མཆོད་པར་དེ་མི་འོས། །ཞེས་སོགས་དང༌། ཡང་དེ་ཉིད་ལས་ཀྱང༌། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་གསུངས་པ་ལྟར་ཡིན་པས་ཆོ་ག་ཁྱད་པར་ཅན་འོང་བ་ལ་འབད་དགོས།
གསུམ་པ་ནི། སྤྱིར་སློབ་དཔོན་གྱི་མཚན་ཉིད་ལ་ཐེག་པ་རང་རང་གི་སྐབས་སུ། ཐེག་པ་འོག་མ་འདུལ་བའི་སྐབས་སུ་མཁན་སོགས་གསུམ་འོས་པའི་མཚན་ཉིད་བསྡུས་ན་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ཕྱེ་བ་ལྔ་ཕྲུག་ཉེར་གཅིག་སོགས་དང་ལྡན་པ་དགོས། ཐེག་ཆེན་ལ་མདོ་ལུགས་ཀྱི་སྐབས་སུ་མཚན་ཉིད་ལྔ་ལྡན་སོགས་བཤད་ལ། སྔགས་ཀྱི་ཐེག་པར་ཆོ་ག་ཉི་ཤུ་སོགས་མང་པོ་ཞིག་བཤད་པ་ལས། འདིར་ནི་དུལ་སོགས་ཀྱི་མཚན་ཉིད་དང་ལྡན་ཞིང༌། དེ་ཉིད་བཅུ་ཤེས་པ་ཞིག་དགོས་པ་ཡིན་ཏེ། རབ་གནས་ཀྱི་རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང༌། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པ་པོ། །ཞེས་གསུངས་པ་དང༌། ཀུན་སྙིང་གིས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་པས། །འདི་ནི་སློབ་དཔོན་ཡིན་ཞེས་བྱ། །དེ་ཡིས་བསྟན་པའི་སློབ་དཔོན་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང༌། རྒྱུད་སྡོམ་འབྱུང་ལས་ཀྱང༌། དེ་ནས་གཞན་ཡང་རབ་གནས་ཀྱི། །ཆོ་ག་ཕ་རོལ་སོན་བཤད་བྱ། །སྔགས་དང་མཚན་ཉིད་དང་ལྡན་པས། །སློབ་དཔོན་དུ་ནི་ཡོངས་སུ་བརྟགས། །ཞེས་གསུངས། སྐུ་གཟུགས་ལ་སོགས་པ་རྣམས་ནི། །རབ་གནས་དོན་དུ་ས་སྦྱང་ཞིང༌། །བླ་རེ་རྒྱལ་མཚན་བ་དན་རྣམས། །བརྒྱན་ཅིང་ས་ནི་ཡོངས་སུ་བཟུང༌། །སྐུ་གཟུགས་སམ་ནི་གླེགས་བམ་མམ། །བྲིས་སྐུ་ཡོངས་སུ་རྫོགས་པ་རྣམས། །མདུན་རོལ་དུ་ནི་བཞག་པར་བྱ། །དཀྱིལ་འཁོར་འཁོར་ལོ་རྣམ་པར་གནས། །ཉེར་སྤྱོད་ལྔ་ཡིས་རྣམ་པར་མཆོད། །ས་མ་ཡ་སྟཾ་ས་མ་ཡ་ཧོ། །ལན་གསུམ་དུ་ནི་བརྗོད་པར་བྱ། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །ཀུན་དགའ་ཡང་དག་བཞུགས་ནས་ནི། །ལྷ་མོ་སྒྱུ་མའི་ལྷུམས་ཞུགས་ལྟར། །ཞེས་སོགས་གསུངས་པའི་ཕྱིར། དེ་ཉིད་བཅུ་ལ་གཉིས་ལས། ཕྱིའི་དེ་ཉིད་བཅུ་ནི། རབ་གནས་ཀྱི་རྒྱུད་ལས། དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟངས་སྟབས་གདན་དང་ནི། །བཟླས་བརྗོད་སྦྱིན་སྲེག་དེ་བཞིན་མཆོད། །ལས་ཀྱི་སྦྱོར་བ་ཉེར་བསྡུས་པ། །དེ་ལྟར་དེ་ཉིད་བཅུ་ཤེས་ཤིང༌། །དམན་པའི་སེམས་ནི་དོར་བའོ། །ཞེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང༌། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང༌། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང༌། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས། གསང་བའི་དེ་ཉིད་བཅུ་ནི། ཕྱིར་ཟློག་གཉིས་ཀྱི་ཆོ་ག་དང༌། །གསང་དང་ཤེས་རབ་ཡེ་ཤེས་དང༌། །ཁ་སྦྱོར་བྱེད་པའི་ཆོ་ག་དང༌། །གཏོར་མ་རྡོ་རྗེའི་བཟླས་པ་དང༌། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང༌། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །གསང་བ་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས་པ་ལྟར་གྱི་དེ་ཉིད་བཅུ་ཚན་གཉིས་ལས། རྒྱུད་སྡེ་འོག་མའི་དབང་བསྐུར་རབ་གནས་བྱེད་པ་སོགས་ལ་ཕྱིའི་དེ་ཉིད་བཅུ་ཚང་བ་ཞིག་དགོས། རྣལ་འབྱོར་བླ་མེད་ཀྱི་དབང་རབ་གནས་སོགས་བྱེད་པ་ལ་གསང་བའི་དེ་ཉིད་བཅུ་ཚང་དགོས་པ་ཡིན་ལ། དེ་ཉིད་བཅུ་ཤེས་པའི་སློབ་དཔོན་ལ་དམན་འབྲིང་མཆོག་གསུམ་ཡོད་པ་ནི། བདེ་མཆོག་བསྟོད་འགྲེལ་ལས། སྔགས་ཀྱི་ཚུལ་ལ་སློབ་དཔོན་རྣམ་གསུམ་སྟེ། ཁྱིམ་གནས་དགེ་ཚུལ་དགེ་སློང་ནི། །དམན་པ་འབྲིང་དང་མཆོག་ཡིན་ནོ། །ཞེས་དང༌། འགྲེལ་ཆེན་དྲི་མེད་འོད་ལས་ཀྱང༌། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང༌། །དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས་པ་ལྟར་ཡིན་ལ། གནས་གཅིག་ཏུ་དེ་གསུམ་ཡོད་ཚེ་རབ་བྱུང་གཉིས་གང་རུང་གིས་བྱེད་དགོས་ཀྱི། །ཁྱིམ་པ་དེ་ཉིད་བཅུ་ཚང་ཡང་བྱེད་མི་འོས་པ་ནི། དུས་འཁོར་རྩ་རྒྱུད་ལས། ལྷ་ཁང་ལ་སོགས་རབ་གནས་པོ། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ཏུ་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ལྡན་པས་མིན། །ཞེས་གསུངས་ཤིང༌། དེའི་རྒྱུ་མཚན་ཡང་སངས་རྒྱས་ཀྱི་བསྟན་པ་བྱུང་བ་དང་དར་བའི་ཐ་སྙད་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆ་ལུགས་འཆང་བའི་དགེ་འདུན་གྱི་སྡེ་བྱུང་བ་དང་དར་བ་ལ་བྱེད་དགོས་པས། ཡུལ་གྱི་རྒྱལ་པོ་ལ་སོགས་པ་བླ་མ་བྱེད་པ་ལ། རྒྱལ་བོ་ཨིནྡྲ་བྷུ་ཏི། རྒྱལ་པོ་ཟླ་བཟང་ལྟ་བུའི་ས་ཐོབ་པ་མ་གཏོགས་ཁྱིམ་པ་བླ་མར་བྱར་མི་རུང་བར་བཤད་དེ། དུས་འཁོར་རྩ་རྒྱུད་ལས། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོ་བླ་མ་མི་བྱ་སྟེ། །དེ་ལ་ཐོས་པ་ཡོངས་ཤེས་པས། །གང་གི་རྟགས་ཅན་བྱ་བ་ནི། །ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་པ་གང་ཚེ་མཆོད་བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར། །ཞེས་གསུངས་པ་དང༌། གཞན་ཡང་ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིར་བཤད་པ་དང༌། འདུལ་བའི་སྡེ་སྣོད་བསྟན་པ་དང་སྟོན་པ་གཉིས་ཀར་བཤད་པ་སོགས་ཀྱི་ཕྱིར་ན། སྦྱིན་བདག་རྣམས་ཀྱིས་ཀྱང་དགེ་འདུན་གྱི་སྡེ་དར་ཐབས་ལ་འབད་པར་བྱ་ལ། དགེ་འདུན་རྣམས་ཀྱིས་ཀྱང་དགེ་འདུན་གྱི་ངང་ཚུལ་རྣམ་པར་དག་པ་འོང་ཐབས་ལ་འབད་པར་བྱ་བ་ནི་བསྟན་པའི་རྩ་བ་འཛིན་པའི་ཐབས་བླ་ན་མེད་པའོ། །
བཞི་པ་གནས་ནི། དུས་འཁོར་རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང༌། །གང་ཞིག་ཁོ་ན་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པའི། །གནས་དེར་རྣལ་འབྱོར་བརྩམས་པར་བྱ། །ཞེས་དང༌། གཞན་ཡང་འདུས་པའི་སྐོར་ལས་ཀྱང༌། ཡང་ཐོག་མཆོད་རྟེན་སོགས་གནས་དང༌། །ཁྱིམ་པ་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཞེས་དང༌། སྤྱི་རྒྱུད་ལས་ཀྱང༌། མཆོད་རྟེན་ཆེན་པོ་ཉམས་དགའ་དང༌། །དབེན་པ་ཡི་ནི་གནས་དག་ཏུ། །རི་ཡི་རྩེ་མོ་རྒྱ་ཆེན་དུ། །དངོས་གྲུབ་དཀྱིལ་འཁོར་བྲི་བར་བྱ། །ཞེས་གསུངས་པ་ལྟར། རྒྱུད་རང་རང་གི་བཤད་པའི་མཚན་ཉིད་ཅི་རིགས་དང་ལྡན་པའི་ཡིད་དང་མཐུན་པའི་བཀྲ་ཤིས་པའི་གནས་སུ་བྱའོ། །
ལྔ་པ་དུས་ལ། དུས་མི་རུང་བ་ལ་བྱས་པའི་ཉེས་དམིགས་ནི། སྤྱི་རྒྱུད་ལས། ཚེས་གྲངས་ངན་དང་དུས་མིན་དང༌། །གནས་མིན་ཆོ་ག་མི་ལྡན་པར། །མཁས་པས་དཀྱིལ་འཁོར་མི་བྲིའོ། །བྲིས་ན་དོགས་པ་མེད་པར་འཆི། །ཞེས་དང༌། རབ་གནས་ཀྱི་རྒྱུད་ལས་ཀྱང་ཟླ་བ་དྲུག་བཤད་དེ། དཔྱིད་ཟླ་ར་བའམ་དཔྱིད་ཟླ་འབྲིང་ཞེས་སོགས་སྤྱིར་གཏང་དང༌། དམིགས་བསལ་ནི་དུས་ཐམས་ཅད་དུ་རབ་གནས་རུང་བ་དང༌། ནུས་ལྡན་ལ་སྐྱོན་མེད་ཚུལ་ནི། །བི་བྷུ་ཏའི་བདེ་མཆོག་དཀྱིལ་ཆོག་ལས། དབྱར་དུས་རབ་གནས་གྲུབ་པའོ། །སྟོན་ནི་བདེ་བ་སྟེར་བར་འགྱུར། །དགུན་སྟོད་ཡེ་ཤེས་འཕེལ་བ་སྟེ། །དགུན་སྨད་དབང་ཕྱུག་ཐམས་ཅད་འབྱུང༌། །དཔྱིད་ཀ་དཔལ་ནི་རབ་ཏུ་སྦྱིན། །སོས་ཀ་རྒྱལ་དང་ཞི་བ་སྟེར། །རབ་གནས་དུས་ནི་ཐམས་ཅད་དུ། །སངས་རྒྱས་བཞུགས་སུ་འཇུག་པར་བཞེད། །ཅེས་དང༌། གུར་ལས་ཀྱང༌། གཙུག་ཏོར་རྟག་ཏུ་སྦྱིན་པར་བྱ། །རྟག་ཏུ་སྦྱིན་སྲེག་བྱེད་དུ་གཞུག །རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ། །རྟག་ཏུ་སངས་རྒྱས་རབ་གནས་བྱ། །ཟིན་པའི་དེ་མ་ཐག་པ་རུ། །རབ་ཏུ་གནས་པ་མཆོག་ཏུ་འགྱུར། །འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཡི། །དབང་ཕྱུག་ཐོབ་པ་ཐེ་ཚོམ་མེད། །དེ་ལ་གཟའ་དང་རྒྱུ་སྐར་མེད། །བགེགས་དང་ལོག་པར་འདྲེན་པའང་མེད། །ཅུང་ཟད་ཡིད་ལ་གང་འདོད་པའི། །སྐྱེ་ནས་སྐྱེ་བར་འགྲུབ་པར་འགྱུར། །ཞེས་གསུངས་ལ། གཞན་ཡང༌། རབ་གནས་ལ་བསྔགས་པའི་ཟླ་བ་དྲུག་སྟེ། རབ་གནས་ཀྱི་རྒྱུད་ལས། དཔྱིད་ཟླ་ར་བའམ་དཔྱིད་ཟླ་འབྲིང༌། །དགུན་དང་དཔྱིད་ཀྱི་ཐ་ཆུང་ངམ། །དབྱར་ར་དེ་བཞིན་དབྱར་འབྲིང་བོ། །ཉི་མ་བྱང་དུ་གནས་པ་ཡི། །ཞེས་གསུངས་ལ། གཟའ་བཀྲ་ཤིས་པ་ནི་ཕུར་བུ་ལ་སོགས་པ་བཞི་དང༌། ཉི་མ་ལ་སོགས་པ་གསུམ་ལ་མི་རུང་བར་བཤད་དེ། རྒྱུད་ལས། ཕུར་བུ་གཟའ་ལྷག་པ་པ་སངས། །ཞི་བའི་གཟའ་རྣམས་ཞེས་བྱ་བ། །འདི་རྣམས་ལས་བྱས་གཟའ་ལྡན་ཏེ། །རབ་ཏུ་གནས་པ་མཆོག་ཏུ་ཤིས། །ཉི་མ་སྤེན་པ་མིག་དམར་ནི། །ནོར་རྣམས་འཇོམས་པས་སྤང་བར་བྱ། །ཞེས་གསུངས། སྐར་མའི་ཁྱད་པར་ལ་ཆུ་སྟོད་སོགས་རུང་བ་བཅུ་གསུམ། དེ་ལས་ལྡོག་པ་ནི་མི་རུང་བར་ཡང་བཤད་དེ། རྒྱུད་ལས། ཐམས་ཅད་དུ་ནི་ཆུ་སྟོད་དང༌། །སྣར་མ་གྲོ་ཞུན་དེ་བཞིན་དབོ། །ལག་པ་སྣུབས་དང་སྣྲོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་དག་ཀྱང་དེ་བཞིན་དུ། །རྒྱུ་སྐར་འདི་རྣམས་ཐམས་ཅད་དུ། །སྐྱེ་དགུ་འཕེལ་ཞིང་དེ་ཡི་ནི། །རབ་ཏུ་གནས་པ་མཆོག་ཏུ་བྱེད། །སྐར་མ་དབོ་ལ་རབ་གནས་བྱ། །དེ་ནི་ཤེས་རབ་ཆེན་པོར་འགྱུར། །ཡིད་ལ་འདོད་པ་ཅི་ཡང་རུང༌། །དངོས་གྲུབ་མེ་བཞིས་སྟེར་བར་འགྱུར། །ལུང་ལས་ཤེས་པའི་ཡང་དག་པ། །སྣུབས་སམ་ཡང་ན་གྲོ་ཞུན་གྱིས། །ལག་གིས་སྐལ་དང་སྣར་མས་ནི། །གཞན་དག་ལས་ནི་རྒྱལ་བར་བྱེད། །མགོ་ཡིས་ཞི་བ་ཉེ་བར་བསྟེན། །ཆུ་སྟོད་ཆུ་སྨད་བུ་འཕེལ་འགྱུར། །རྟག་པར་དངོས་གྲུབ་ཁྲུམས་སྨད་ཀྱིས། །རྒྱལ་གྱིས་རྟག་པར་ཚེ་རིང་འགྱུར། །སྣྲོན་གྱིས་མཆོག་ཏུ་བདེ་བར་བྱེད། །ལྷ་མཚམས་ཀྱིས་ནི་མཆོག་སྟེར་འགྱུར། །ཞེས་གསུངས། ཚེས་གྲངས་ཡང་གཙོ་བོར་ཡར་ངོ་ལ་བྱ་ལ། མར་ངོ་ལའང་རུང་བར་བཤད་དེ། རྒྱུད་ལས། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་རྟག་པར་བྱ། །གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་པས་དེ་ལྟར་བྱ།
དྲུག་པ་རབ་ཏུ་གནས་བྱའི་རྟེན་ནི། མཆོག་སྐུ་གསུང་ཐུགས་ཀྱི་རྟེན་དང༌། དགེ་འདུན་གྱི་ཀུན་དགའ་རྭ་བ་རྡོ་རྗེ་དྲིལ་བུ་བགྲང་ཕྲེང་རྒྱན་དྲུག་སོགས་སོ། །ཕལ་བ་ནི་ཁང་པ་ཁང་བཟང་སྐྱེད་ཚལ་ཁྲོན་པ་ཆུ་མིག་སོགས་ཡིན་ལ། དེ་རེ་རེ་ལའང་སྤྱི་འགྲོའི་རབ་གནས་དང༌། རང་རང་གི་ཐུན་མོང་མ་ཡིན་པའི་རབ་གནས་བྱེད་ཚུལ་གཉིས་གཉིས་རུང་ཞིང༌། སྤྱི་འགྲོའི་རབ་གནས་བྱེད་པ་ལ་ཡང༌། ཐོག་མར་རབ་ཏུ་གནས་བྱ་ལ་དུ་མ་ཡོད་པས། གཙོ་བོ་སྐུ་གསུང་ཐུགས་ཀྱི་རྟེན་ལའང་དེ་དག་སྒྲུབ་ཚུལ་དང༌། ཆགས་ཚད་དང་རིང་བསྲེལ་གྱི་སྙིང་པོ་ཅན་ལ་སོགས་པར་མཁས་པ་དག་གི་ཆགས་ཚད་ཀྱི་ཡི་གེ་དག་དང༌། གཟུངས་འཇུག་གི་རྣམ་བཞག་གསལ་བར་སྟོན་པ་འཁྲུལ་སྤོང་ཉིན་མོར་བྱེད་པ་ལ་སོགས་པའི་བཤད་པ་ལྟར་དགོས་ཏེ། རབ་གནས་ཀྱི་རྒྱུད་ལས། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་རོ་ཡི་ལྡན། །ཚད་ཀྱི་ཚད་ལ་ཕབ་ཅིང་བཟང༌། །དེ་འདྲར་རབ་ཏུ་གནས་པར་འགྱུར། །ཞེས་གསུངས། །སྡོམ་འབྱུང་ལས་ཀྱང༌། བླུག་མའམ་མངོན་པར་འདུ་བྱས་པའི། །སྐུ་གཟུགས་ལ་སོགས་པ་རྣམས་ནི། །རབ་གནས་དོན་དུ། ཞེས་དང༌། སྐུ་གཟུགས་སམ་ནི་གླེགས་བམ་མམ། །བྲིས་སྐུ་ཡོངས་སུ་རྫོགས་པ་རྣམས། །མདུན་རོལ་ཏུ་ནི་བཞག་པར་བྱ། །ཞེས་གསུངས་པ་ལྟར་ཞི་བ་ལ་སོགས་པའི་རོ་སྟེ་ལྷ་རང་རང་གི་ཞི་དྲག་གང་ཡིན་གྱི་ཉམས་ཐོན་ཞིང་ཆགས་ཚད་ལ་ཕེབས་ཏེ་ཚད་དང་ལྡན་པ་དགོས།
བདུན་པ་རབ་གནས་ཀྱི་དོན་ནི། དོན་དམ་པར་རབ་ཏུ་གནས་བྱ་གནས་བྱེད་སོགས་ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་ནམ་མཁའ་ལྟ་བུ་ཞིག་ཡིན་ཀྱང༌། ཐ་སྙད་དུ་རྫས་སྔགས་ཏིང་ངེ་འཛིན་སོགས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཚོགས་པ་དང༌། རྒྱལ་བ་རང་ཉིད་ཀྱི་གསུང་ལྟར་ཐུགས་དམ་བསྐུལ་བ་ལ་བརྟེན་ནས། ཡེ་ཤེས་པའི་ཚོགས་གདུལ་བྱའི་མོས་ངོ་དང་བསྟུན་པར་དམ་ཚིག་པ་ལ་རབ་ཏུ་གནས་པའམ། རབ་ཏུ་གཞུག་པ་གཅིག་ལ་བྱེད་པ་ཡིན་ཏེ། རབ་གནས་ཀྱི་རྒྱུད་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་ཆོས་ཐམས་ཅད་རབ་ཏུ་གནས་པ་ལ་ཇི་ལྟར་རྒྱལ་བ་རྣམས་ཀྱིས་གནས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀུན་གྱིས་རབ་ཏུ་གཞུག །རབ་ཏུ་གནས་པ་གང་ཡང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །ཅིག་ཤོས་ཀྱིས་ནི་རབ་ཏུ་བརྟག །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟག །དམ་པའི་དོན་དུ་དཔྱད་པས་ན། །གང་ཞིག་གང་གིས་གང་དུ་བརླབས། །གཟོད་མ་ནས་ཞི་སྐྱེ་མེད་པས། །ཅི་འདྲས་ཇི་ལྟར་རབ་ཏུ་གནས། །དང་པོའི་ལས་ཅན་སེམས་ཅན་རྣམས། །རྟོག་པའི་རྒྱུ་རུ་བཤད་པར་ཟད། །ཅེས་དང༌། སྡོམ་འབྱུང་ལས་ཀྱང༌། ཇི་ལྟར་རབ་ཏུ་མི་གནས་ལྷ། རབ་ཏུ་གནས་པར་བྱ་བར་ནུས། །སློབ་མ་དད་པས་གསོལ་འདེབས་པས། །བསོད་ནམས་ཕྱིར་ནི་བྱ་བ་སྟེ། །རྣམ་རྟོག་མེད་པའི་རང་བཞིན་གྱིས། །རབ་ནས་ལྷ་ནི་གཞུག་པ་ཡིན། །འཇིག་རྟེན་སྐྱོང་བའི་ལྷ་ལ་སོགས། །གང་ཚེ་རྟག་ཏུ་གནས་གྱུར་པ། །མཆོད་དང་མཆོད་བྱ་མཉམ་ལྡན་པར། །དེ་ཚེ་ལྷ་ཡང་ཡང་དག་གཞུག །ཅེས་དང༌། མདོ་ལས་ཀྱང༌། གང་གི་མོས་པ་གཙོར་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར། དམིགས་རྣམས་དྭངས་ལ་ཤིན་ཏུ་གསལ་བ་གཅིག་རབ་གནས་ཀྱི་གཙོ་བོ་ལ་དགོས་ཤིང༌། དེ་ལྟར་མ་བྱུང་ན་དད་མོས་ཤུགས་དྲག་ཅིག་ཡན་ཆད་རབ་གནས་བྱེད་པ་ལ་ཤིན་ཏུ་དགོས་པར་གོ །
བརྒྱད་པ་སྒྲ་བཤད་ནི། རབ་གནས་ཀྱི་སྐད་དོད་སུ་པྲ་ཏི་ཥྛའི་སུ་ལེགས་པ། པྲ་ཏི་རབ་ཏུའམ་སོ་སོར་ཥྛ། གནས་པ་སྟེ་ལེགས་པར་རབ་ཏུ་གནས་པས་ན་རབ་གནས་ཞེས་བྱ་སྟེ། ལྷ་ཡེ་ཤེས་པ་དམ་ཚིག་པ་ལ་རབ་ཏུ་གནས་བྱེད་ཅེས་པའི་དོན་ཡིན་པའི་ཕྱིར། ཡང་ལེགས་པར་སོ་སོར་གནས་པར་བྱེད་པས་ན་རབ་ཏུ་གནས་ཞེས་བྱ་སྟེ། ལྷ་ཡེ་ཤེས་པ་སོ་སོ་དམ་ཚིག་པ་སོ་སོ་ལ་གནས་པར་བྱེད་པའམ། ལྷ་ཡེ་ཤེས་པའི་སྐུ་སོགས་ཀྱི་ཆ་དམ་ཚིག་པའི་སོ་སོ་ལ་གནས་པར་བྱེད་པས་ན་རབ་གནས་ཞེས་བརྗོད་པའི་ཕྱིར། ཡང་ངེས་ཚིག་གིས་བཤད་ན་དངོས་པོ་ཕལ་བ་ཡེ་ཤེས་སེམས་དཔའི་དངོས་པོ་གྲུབ་སྟེ་གནས་པར་བྱེད་པས་ན་རབ་གནས་ཞེས་བྱ་སྟེ། པྲ་ཀ་རཱ་ཎ་ན་ཏི་ཥྛ་མཆོག་ཏུ་གནས་པར་བྱེད་པས་ན་རབ་གནས་སུ་ཅི་ལྟར་པྲ་ཏི་ཥྛ་ཤིན་ཏུ་ཡུན་རིང་དུ་གནས་པར་བྱེད་པས་ན་རབ་གནས་ཞེས་འཇུག་པའི་ཕྱིར།
དགུ་པ་ལྷ་གང་གི་སྒོ་ནས་རབ་ཏུ་གནས་པ་ནི། འཇིགས་བྱེད་གསང་བདེ་གསུམ་ལྟ་བུའི་དཀྱིལ་འཁོར་ཡོད་པས་ལྷ་དེ་དང་དེའི་དཀྱིལ་འཁོར་བསྐྱེད་ནས་བྱ་བའམ། ཡང་ན་སློབ་དཔོན་རང་གི་ལྷག་པའི་ལྷ་གང་ཡིན་པ་དེར་བསྐྱེད་ནས་བྱེད་པའམ། ཡང་ན་སྐུའི་རྟེན་སྐུ་རྡོ་རྗེའི་རིགས་གསུང་གི་རྟེན་གསུང་རྡོ་རྗེའི་རིགས། ཐུགས་ཀྱི་རྟེན་ཐུགས་རྡོ་རྗེར་བསྐྱེད་པ། དེ་ལྟ་བུའི་རིགས་ཀྱི་དབྱེ་བ་མཐོང་པས་ཤེས་པར་བྱ་ལ། དེ་བཞིན་དུ་དངོས་པོ་གནས་ཁང་བཟང་སོགས་ཀྱང་རིགས་སོ་སོ་བ་བསྐྱེད་པའམ། རིགས་དྲུག་པ་ལྟ་བུའི་རིགས་གཅིག་པར་བསྐྱེད་ནའང་རུང་སྟེ། རབ་གནས་ཀྱི་རྒྱུད་ལས། སྐུ་གང་རབ་ཏུ་གནས་བྱ་བ། །དེ་ལ་དེ་ཡི་དཀྱིལ་འཁོར་བྱ། །ཡང་ན་རང་གི་ལྷག་པའི་ལྷ། སློབ་དཔོན་རང་གི་གང་ཡིན་པ། དེ་ནི་དབྱེ་བ་མཐོང་བས་བྱ། ཞེས་གསུངས་སོ། །བཅུ་པ་ཆོ་ག་ལ་དེ་གཞུང་གང་ལ་བརྟེན་པ་ནི། དུས་འཁོར་གྱི་རབ་གནས་ཀྱི་རྒྱུད། ཀྱཻ་རྡོ་རྗེ། སྡོམ་འབྱུང༌། རྡོར་འཕྲེང་། དེའི་འགྲེལ་པ་རྣམས་དང༌། དུས་ཞབས་ཆེ་ཆུང་དང༌། སཱ་དྷུ་པུ་ཏྲས་མཛད་པའི་དུས་འཁོར་གྱི་རབ་གནས། ནག་པོ་བས་མཛད་པའི་གསང་འདུས་དང་ཀྱཻ་རྡོར་རབ་གནས། མི་འཇིགས་པའི་ཕྱག །སྣང་མཛད་ཟླ་བ། ཟླ་འོད་རྣམས་ཀྱིས་མཛད་པའི་གསང་འདུས་ཀྱི་རབ་གནས། རིན་ཆེན་འབར་བ། ངག་དབང་གྲགས་པ། སུ་མ་ཏི་ཀརྟིས་མཛད་པའི་རབ་གནས། སློབ་དཔོན་ཀུན་སྙིང་དང་པྲ་ཛྙ་ཝ་ལི་ཏིས་མཛད་པའི་རྣལ་འབྱོར་རྒྱུད་ཀྱི་རབ་གནས། སློབ་དཔོན་ཞི་བ་སྙིང་པོས་མཛད་པའི་མཆོད་རྟེན་བསྒྲུབ་པའི་ཆོ་ག།།དཀྱིལ་ཆོག་རྡོར་ཕྲེང༌། སྐུ་ཁྲུས་ཀྱི་ཆོ་ག། །རབ་གནས་ཀྱི་རྒྱལ་པོ་རྣམས་སོ། །དེ་དག་རྣམས་ཅི་རིགས་ཀྱི་དོན་རྣམས་བསྡུས་ཏེ། །ཕྱི་དར་གྱི་མཁས་པ་ཆེན་པོ་ལོ་ཙྪ་བ་རིན་ཆེན་བཟང་པོས་སྡོམ་གྱི་སྒོས་རྒྱས་འབྲིང་བསྡུས་གསུམ་མཛད་པ་འདི་ས་ཞྭལ་དགེ་གསུམ་མཁས་གྲུབ་ཆེན་པོ་མཐའ་དག་གིས་དག་ཁུངས་སུ་གནང་བས། འདི་ཡང་དེའི་སྟེང་ནས་རྒྱས་འབྲིང་གསུམ་བཤད་པར་བྱའོ། །
དང་པོ་རྒྱས་པ་ལ། སྔོན་འགྲོ། དངོས་གཞི། མཇུག་གི་རིམ་པ་གསུམ་ལས། དང་པོ་ལ། སྡོམ་ལས། ལེགས་བཤམས་བདག་བསྐྱེད་བུམ་པ་བཟླས། །རྟེན་སྦྱངས་བཀྲུ་ཞིང་ཕྱི་བ་དང༌། །རྟེན་བསྐྱེད་ཡེ་ཤེས་སྤྱན་དྲངས་ལ། །བགེགས་བསྐྲད་མཆོད་པ་དགུག་གཞུག་བྱ། །རྒྱས་བཏབ་མཆོད་བསྟོད་གཏོར་མ་བཏང༌། །སྙན་གསན་དབབ་ཅིང་མཆོད་བསྟོད་བྱ། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །རྟེན་དབབ་བདག་བསྲུང་སྟ་གོན་བྱ། །ཞེས་གསུངས་པ་ལྟར། རྟེན་ལེགས་པར་བཤམས་པ་དང༌། བདག་བསྐྱེད་བུམ་པ་སྟ་གོན་དང༌། རྟེན་སྦྱངས་པ། བཀྲུ་ཞིང་དབྱི་བ། རྟེན་བསྐྱེད་པ། ཡེ་ཤེས་པ་སྤྱན་དྲངས་ཤིང་གཞུག་པ། རྒྱས་གདབ་པ་དང༌། མཆོད་ཅིང་བསྟོད་དེ་གཏོར་མ་བཏང་བ་དང༌། སྙན་གསན་དབབ་ལ་མཆོད་པ་དང༌། བཟོད་པར་གསོལ་ཏེ་གཤེགས་པ་དང༌། རྟེན་དབབ་པ་དང༌། བདག་གི་གནས་གསུམ་བསྲུང་བ་སྟེ་དོན་བཅུ་གསུམ་པོ་འདི། རབ་གནས་ཀྱི་སྟ་གོན་དང༌། རབ་གནས་ཀྱི་ལྷ་ལྷག་གནས་ཞེས་བྱ་སྟེ། རྒྱུད་སྡོམ་འབྱུང་ལས། བླུགས་མའམ་མངོན་པར་འདུ་བྱས་པའི། །སྐུ་གཟུགས་ལ་སོགས་པ་རྣམས་ནི། །རབ་གནས་དོན་དུ་ས་སྦྱངས་ཤིང༌། །བླ་བྲེ་རྒྱལ་མཚན་བ་དན་རྣམས། །བརྒྱན་ཅིང་ས་ནི་ཡོངས་སུ་བཟུང༌། །སྐུ་གཟུགས་སམ་ནི་གླེགས་བམ་མམ། །བྲིས་སྐུ་ཡོངས་སུ་རྫོགས་པ་རྣམས། །མདུན་རོལ་ཏུ་ནི་བཞག་པར་བྱ། །དཀྱིལ་འཁོར་འཁོར་ལོ་རྣམ་པར་གནས། །ཉེར་སྤྱོད་ལྔ་ཡིས་ཡང་དག་མཆོད། །ས་མ་ཡ་སྟྭཾ་ས་མ་ཡ་ཧོ། །ལན་གསུམ་དུ་ནི་བརྗོད་པར་བྱ། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་ཡང་དག་བཞུགས་ནས་ནི། །ལྷ་མོ་སྒྱུ་འཕྲུལ་ལྷུམས་འཇུག་ལྟར། །དེ་བཞིན་འདིར་ནི་གཤེགས་སུ་གསོལ། །ཆེ་གེ་ཞེས་བྱའི་དོན་དུ་ནི། །བྱང་ཆུབ་སེམས་ནི་ཡོངས་འཕེལ་ཕྱིར། །མེ་ཏོག་ལ་སོགས་འདི་བཞེས་ཏེ། །མགོན་པོ་འདིར་ནི་རྟག་བཞུགས་མཛོད། །ཚིག་འདིས་དེ་བཞིན་གཤེགས་པ་རྣམས། །ལྷག་པར་གནས་པར་བྱས་ན་ནི། །མཁས་པ་ཡིས་ནི་བསྟོད་བྱས་ནས། །ཡུངས་དཀར་གྱི་ནི་བསྐོར་ནས་སུ། །ལན་གསུམ་དུ་ནི་སྦྱང་བར་བྱ། །ཞེས་གསུངས། གྲུབ་ཆེན་དཔལ་འཛིན་གྱི་དགྲ་ནག་གི་དཀྱིལ་ཆོག་ལས་ཀྱང༌། དེ་ནས་རབ་གནས་ཀྱི་ས་གཞི་ནི་གདུགས་སྣ་ཚོགས་པ་དང༌། ཞེས་པ་ནས། གཏི་མུག་རྡོ་རྗེའི་ངོ་བོ་ཞེས་བྱ་བ་ལ་སོགས་པས་བསྟོད་པར་བྱའོ། །ཞེས་བྱ་བ་ནི་ལྷ་ལྷག་པར་གནས་པའོ། །ཞེས་སོགས་ཀྱི་སྟ་གོན་ཚང་བར་བཤད་པའི་ཕྱིར།
གཉིས་པ་དངོས་གཞི་ལ་སྡོམ་ནི། ཐོ་རངས་བདག་བསྐྱེད་མདུན་བསྐྱེད་མཆོད། །རྟེན་སྦྱངས་བཀྲུ་ཞིང་དབྱི་བ་དང༌། །རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲངས་དགུག་རྒྱས་གདབ། །དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། །གསོལ་གདབ་མངའ་དབུལ་རྒྱས་པར་བྱེད། །ཡང་ན་མཆོད་བསྟོད་བྱེ་བྲག་དང༌། །སྦྱིན་སྲེག་སྔགས་དེ་དངོས་གཞིའོ། །ཞེས་གསུངས་ལ། བདག་བསྐྱེད་བསྒྲུབ་པ། གང་དུ་ལྷ་ལ་དབང་བསྐུར་པ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང༌། རྟེན་སྦྱངས་པ་དང༌། བཀྲུ་ཞིང་དབྱི་བ་དང༌། རིང་བསྲེལ་སོགས་གཞུག་དགོས་ན་གཞུགས་པ་དང༌། ལྷ་ལ་གསོལ་བ་གདབ་པ་དང༌། རབ་ཏུ་གནས་བྱའི་ལྷ་བསྐྱེད་པ་དང༌། ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ་དགུག་གཞུག་བྱ་བ་དང༌། བྱ་སྤྱོད་ལྟར་ན་ཆུ་ཅོད་པན་གྱི་དབང་བསྐུར་བ་དང༌། རྣལ་འབྱོར་རྒྱུད་ལྟར་ན་རིགས་ལྔའི་དབང་ལྔ་སློབ་དཔོན་གྱི་དབང་སོགས་དང་བཅས་པ་དང༌། རྣལ་འབྱོར་བླ་མེད་ལྟར་ན་དབང་བཞི་ཀའང་སྐབས་འདིར་སློབ་མ་ལ་བསྐུར་བ་ལྟར་ཡང་རུང་བས། དབང་བསྐུར་ཏེ་རིགས་བདག་གིས་རྒྱས་བཏབ་པ་དང༌། རབ་གནས་ཀྱི་ལྷ་ལ་མཆོད་པ་དང༌། བསྟོད་པ་དང་སྤྱན་དབྱེ་བ་དང༌། བརྟན་པར་བཞུགས་སུ་གསོལ་བ་དང༌། མངའ་དབུ་ལ་རྒྱས་པར་བྱ་བ། སྦྱིན་སྲེག་དང་རབ་གནས་ཀྱི་བརྟན་བཞུགས་དང༌། ཤིས་པ་བརྗོད་པ། གཏང་རག་གི་མཆོད་བསྟོད་བྱ་བ་སྟེ་ཁྱད་པར་བཅུ་བདུན་ཚང་དགོས་ཏེ། སྡོམ་འབྱུང་ལས། དྲི་ཞིམ་ལྡན་པའི་མར་གྱིས་བྱུགས། །འདག་ཆལ་གྱིས་ནི་ཁྲུས་ཀྱང་བྱ། །སླར་ཡང་བུམ་པ་སོ་སོ་ཡིས། །སྐུ་གཟུགས་རྣམས་ནི་ཁྲུས་ཀྱང་བྱ། །ཕྱི་ནས་ནམ་མཁར་གནས་པ་ཡི། །དཀྱིལ་འཁོར་འཁོར་ལོ་བཅོམ་ལྡན་འདས། །བླུགས་མ་ལ་སོགས་རབ་གཞུག་བྱ། །ཡུལ་ཆོས་ལ་སོགས་ཇི་བཞིན་དུ། །ལས་བཅུ་ཡི་ནི་བྱ་བ་བྱས། །སྤྱན་ནི་དབྱེ་བ་བྱས་ནས་སུ། །རྡོ་རྗེའི་སྤྱན་ནི་བྱིན་གྱིས་བརླབས། །དེ་བཞིན་མེ་ཏོག་སྤོས་མར་མེ། །བྱུག་པ་ཞལ་ཟས་དེ་བཞིན་ཏེ། །དེ་ལྟར་ལས་ནི་ཀུན་བྱའི་ཕྱིར། །སྦྱིན་སྲེག་ལས་ཀྱི་རྫོགས་པར་བྱས། །ལྷ་ཀུན་ཞལ་ནི་མེ་ཡིན་པས། །མཁས་པས་རབ་ཏུ་གནས་པར་བྱ། །རབ་གནས་ཡང་དག་རྫོགས་དུས་སུ། །བསྟོད་དང་བཀྲ་ཤིས་བརྗོད་བྱ་ཞིང༌། །མྲྀ་དང་ག་སོགས་སིལ་སྙན་དང༌། །ཇི་ལྟར་མཉེས་པས་རབ་ཏུ་མཆོད། །ཅེས་གསུངས། དཔལ་འཛིན་གྱི་དགྲ་ནག་གི་དཀྱིལ་ཆོག་ལས་ཀྱང༌། ཐོ་རངས་ཀྱི་དུས་སུ་སྐུ་གཟུགས་གོས་སེར་པོས་གཡོགས་ལ་ཤར་དུ་བསྟན་ཏེ་ཁྲུས་བྱའོ། །ཞེས་པ་ནི་རབ་ཏུ་གནས་པའི་ཆོ་གའོ། །ཞེས་པའི་བར་དང་མཐུན་ནོ། །གསུམ་པ་མཇུག་གི་ཆོ་ག་ནི། སྡོམ་ལས། གཏོར་མ་སྦྱིན་དང་ཆོས་སྐྱོང་བསྒོ། །དཀྱིལ་འཁོར་མཆོད་ཅིང་དངོས་གྲུབ་བླངས། །བཟོད་པར་གསོལ་ཏེ་གཤེགས་སུ་གསོལ། །ཡོན་བདག་བསྒོ་ཞིང་ཤིས་པ་བརྗོད། །རྟེན་མཆོད་བསོད་ནམས་ཡོངས་སུ་བསྔོ༌། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་བསྡུས་སྦྱིན་སྲེག་མཇུག་དོན་ནོ། །ཞེས་གསུངས་པ་ལྟར། གཏོར་མ་སྦྱིན་པ། ཆོས་སྐྱོང་བསྒོ་བ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་གསོལ་བ་གདབ་པ། བཟོད་གསོལ། གཤེགས་གསོལ། ཡོན་བདག་བསྒོ་བ། བཀྲ་ཤིས་པར་བྱེད་པ། རྟེན་ལ་མཆོད་པ། བསོད་ནམས་བསྔོ་བ། སློབ་དཔོན་ལ་མཆོད་པ། དགེ་འདུན་དང་སྐྱེ་བོའི་དགའ་སྟོན་བྱ་བ། ཤིས་བརྗོད་རྒྱས་པར་བྱ་བ། ལས་ཀྱི་རྗེས་བསྡུ་བ། ཆོ་གའི་ལྷག་ཆད་དང་ཡོན་བདག་གི་འབྱོར་བ་རྒྱས་པའི་སླད་དུ་སྦྱིན་སྲེག་བྱ་བ་སྟེ། ཁྱད་པར་ཞིབ་པར་ནི། རྒྱུད་སྡོམ་འབྱུང་ལས། སྟོན་མོ་དང་ནི་ཡོན་འབུལ་བས། །སྐྱེ་བོ་ཚིམ་ཞིང་དགྱེས་པར་བྱ། །དགྱེས་པའི་སྐྱེ་བོ་སྐལ་བ་བཟང༌། །བཀྲ་ཤིས་ཞི་བར་བཅས་གྱུར་ཏེ། །ཞེས་གསུངས། ནག་པོ་བའི་དཀྱིལ་ཆོག་ལས་ཀྱང༌། གལ་ཏེ་འབྱོར་བར་གྱུར་ན་དེ་རྣམས་ཀྱི་མཐེ་བོང་གཡས་པ་ལག་པ་གཡོན་པས་བཟུང་སྟེ་ཞི་བའི་སྦྱིན་སྲེག་བྱ་སྟེ། དགང་བླུགས་དང་བསྲེག་བླུགས་ལན་གཅིག་གམ་ལན་གསུམ་མམ། བདུན་ཕུལ་ནས་ཡོན་བླང་བར་བྱའོ། །དེས་ཀྱང་དགའ་བའི་ཡིད་ཀྱིས་ཇི་ལྟར་འབྱོར་པའི་ས་གཞི་དང༌། གླང་པོ་དང༌། རྟ་དང༌། གསེར་དང༌། རྒྱན་དང༌། བུ་དང༌། ཆུང་མ་ལ་སོགས་པ་འབུལ་ཞིང༌། བདག་ཉིད་ཐོས་པ་ལ་སོགས་ཡོན་ཏན་བསྔགས། དངོས་གྲུབ་ཀྱིས་སྦྱོར་འབངས་སུ་དབུལ་བར་བྱའོ། །དེ་ལྟར་སློབ་དཔོན་ལ་རབ་ཏུ་དགའ་བའི་ཡོན་ཕུལ་ནས། ཁ་ཟས་དང་སྤྱོད་པ་ཀུན་གྱིས་རང་དང་གནས་ཀྱི་འཁོར་ལོ་མཆོད་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། ལུང་དེ་རྣམས་རྒྱས་འབྲིང་བསྡུས་གསུམ་གའི་ཤེས་བྱེད་དུ་འགྲོའོ། གཉིས་པ་འབྲིང་པོ་ལ། སྡོམ་འབྱུང་ལས་བཤད་པ་ལྟར་ས་སྦྱངས་གཟུངས་རྣམས་སྔོན་དུ་བཏང་ནས། དེ་རྗེས་དགྲ་ནག་གི་དཀྱིལ་ཆོག་ལས་གསུངས་པ་ལྟར་བྱེད་དགོས་པས། དེ་ལ་སྔོན་འགྲོ། དངོས་གཞི། མངའ་དབུལ་སོགས་ཀྱི་རིམ་པ་གསུམ་ལས། དང་པོ་ལ་ཐོག་མར་བྱ་བའི་རིམ་པ། སྦྱངས་པའི་རིམ་པ། ཁྲུས་ཀྱི་རིམ་པ་གསུམ་ལས། དང་པོ་ལ། སྡོམ་ནི། བདག་བསྐྱེད་བུམ་པ་ལྷག་གནས་བྱ། །ཁྲུས་སྟེགས་རྒྱན་བྲི་མངའ་དབུལ་བྲི། །གསོལ་གདབ་སེམས་སྐྱེད་རྟེན་བསྐྱེད་ཅིང༌། །གདན་ལ་རྟེན་བཞག་ཆུ་གཞི་འབུལ། །ཞེས་པའི་རིམ་པ་ལྟར་ཐོག་མར་གསང་བདེ་འཇིགས་གསུམ་སོགས་དཀྱིལ་འཁོར་གང་ལ་བརྟེན་པའི་བདག་བསྐྱེད་ལྷ་བུམ་ཁྲུས་བུམ་ལྷག་གནས་བྱ་དགོས་ཤིང༌། དེ་ལ་ཡང་ཐོག་མར་གནས་བརྒྱན་ཅིང་རྟེན་བཤམས་པའི་ཚུལ་ནི། དགྲ་ནག་གི་དཀྱིལ་ཆོག་ལས། དེས་ན་རབ་གནས་ཀྱི་ས་གཞི་ནི། གདུགས་སྣ་ཚོགས་པ་དང༌། རྒྱལ་མཚན་དང༌། བ་དན་སྣ་ཚོགས་པ་དང༌། རོལ་མོའི་སྒྲ་སྣ་ཚོགས་པ་ལ་སོགས་པས་ཡིད་དུ་འོང་བར་བྱས་ལ། སློབ་དཔོན་ཇི་ལྟར་འབྱོར་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས། སྐུ་གཟུགས་སམ། རས་བྲིས་སམ། གླེགས་བམ་མདུན་དུ་བཞག་སྟེ། ཞེས་གསུངས་པ་ལྟར། ས་རྒྱན་གནམ་རྒྱན་ཡོལ་བ་སོགས་མཛེས་པར་བཤམས། དཀྱིལ་འཁོར་སྒྲུབ་པ་དང་འབྲེལ་ན་ལྷ་གང་ཡིན་གྱི་དཀྱིལ་འཁོར་མཆོད་རྫས་སོགས་རང་རང་གི་གཞུང་ལྟར་བཤམས། དེ་ནས་ཁྲུས་སྟེགས་དང་མངའ་དབུལ་སོགས་འགོད་པ་ལ། ཁྲུས་སྟེགས་ནི། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པའི་ཕྱི་ནས་རིམ་པ་བཞིན་དཀར་དམར་ནག་པའི་རྩིག་པ་རིམ་པ་གསུམ་པ། འཕར་མ་གཉིས་དང་ལྡན་པ། དེའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ལ་ཤར་དུ་འཁོར་ལོ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲིས་མཚན་པ་བརྩིགས་པའམ་རྡུལ་ཚོན་གྱིས་བྲིས་པའམ། ཆུ་ཚོན་གྱིས་བྲིས་པའི་རས་བྲིས་སམ། མ་འབྱོར་ན་བསྒོམ་པ་ཙམ་གྱིས་ཀྱང་རུང་ངོ༌། །དེའི་སྟེང་དུ་ཤིང་སྟན་ལ་ཟླ་བའིདཀྱིལ་འཁོར་བྲིས་པའི་རས་སོགས་ཀྱི་གདན་བཤམས། བུམ་པ་ནི་རྒྱས་པ་ལྷ་གྲངས་དང༌། འབྲིང་པོ་ལྔ་ལ་སོགས་པ་དང༌། བསྡུ་ན་ལྷ་བུམ་དང་ལས་བུམ་ཙམ་དང་དྲི་མ་འཁྲུད་པའི་ཁྲུས་བུམ་བརྒྱད་དགོས་ལ་ཁྲུས་བུམ་དེ་དག་ལེགས་པར་བཀྲུས། ཁ་རྒྱན་དང་མགུལ་ཆིངས་དང་ལྡན་པ་དཀྱིལ་ཆོག་ལྟར་བྱས་ལ་གུ་གུལ་གྱི་དུད་པས་བདུག །ཁྲོ་བོའི་སྔགས་བཟླས་པའི་ཡུངས་ཀར་གྱིས་བྲབ། རྟ་བོང་སོགས་ཀྱིས་མ་བགྲོད་པའི་ཆུ་གཙང་མས་སུམ་གཉིས་བཀང༌། ལྷའི་བུམ་པར་སྨན་ལྔ༌། རིན་པོ་ཆེ་ལྔ། དྲི་ལྔ། འབྲུ་ལྔ༌། སྙིང་པོ་ལྔ་སྟེ་བུམ་རྫས་ཉེར་ལྔ་གཞུག །ཁྲུས་བུམ་དྲི་མ་འཁྲུད་པ་བརྒྱད་དྲི་སྣ་ཚོགས་དང༌། མངར་གསུམ་དང༌། ཞོ་དང༌། ཨ་ཀ་རུ་དང༌། ཁམ་ལྟར་སོགས་འབྲུ་སྣ་ཚོགས་དང༌། འབྲས་ཡོས་དང༌། སྨན་སྣ་ཚོགས་དང༌། རིན་པོ་ཆེ་སྣ་ཚོགས་པ་རྣམས་བུམ་པ་བརྒྱད་དུ་བླུག་པར་བྱའོ། ཁྲུས་བུམ་གཅིག་ལས་མེད་ན་རྫས་དེ་བརྒྱད་ཀ་གཅིག་ཏུ་བླུག་པར་བྱ་ཞིང༌། ཁྲུས་བུམ་ལ་བུམ་མཚན་མི་དགོས། ལྷ་བུམ་ལ་བུམ་མཚན་དཀྱིལ་ཆོག་ལྟར་བྱ། ཁྲུས་བུམ་རྣམས་ཁྲུས་དཀྱིལ་གྱི་འདབ་མ་བརྒྱད་ལ་འགོད། མངའ་དབུལ་ལ་གླིང་བཞི་རི་རབ་དང་བཅས་པ་ཐིག་གདབ། ཕྱོགས་ཀྱི་ཚངས་ཐིག་རྣམས་ཆ་གཉིས་སུ་བཏང༌། ཆ་ནང་མ་དེ་ནི་ཆ་རེ་རེ་ལའང་ཆ་ལྔ་ལྔ་སྟེ་ཕྱོགས་གཉིས། ཆ་སྡོམ་ནས་ཚངས་ཐིག་བཅུ་པར་བྱ། དབུས་ཀྱི་ཆ་གཉིས་པདྨ་བྱ། ལྷག་མའི་ཕྱོགས་རེ་རེའི་ཆ་ལ་ཚངས་ཐིག་གི་སྟེང་ནས་ཟུར་ཐིག་ཅུང་ཟད་ཐལ་ཞིང་ཕྱོགས་གཞན་གྱི་དངོས་ཐིག་ལ་རེག་པའི་ཐིག་དྲང་པོ་བཞི་བཏབ་སྟེ། ཕྱོགས་བཞི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་བང་རིམ་ལྟར་ཇེ་ཆུང་ཇེ་ཆུང་བྱས་པ། མཚམས་དེའི་ཟུར་ཐིག་གི་དཀྱིལ་ནས་བཅད་པའི་གྲུ་བཞི་པ་བཞི་བྱེད། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཕྱི་རོལ་གྱི་ཟུར་ཀུན་ཏུ་པདྨས་བསྐོར་བ་ལ། ཕྱོགས་བཞིར་རིའི་རྒྱལ་པོ་རི་རབ་བང་རིམ་བཞིའི་ཤར་དཀར། ལྷོ་སྔོ༌། ནུབ་དམར། བྱང་སེར་པོ། ཟུར་བཞི་ན་སྔོན་པོ་གྲུ་བཞིའི་ཕྲེང་བ། རི་རབ་དེའི་ཕྱི་རོལ་ལྕགས་རིའི་ནང་གི་བར་དུ་མཚོ་རིས་བྱས་པ་ལ་མཚོའི་དབུས་ནས་ཐོན་པ་ལྟ་བུའི་གླིང་བཞི་གླིང་ཕྲན་བརྒྱད། ཤར་དུ་གླིང་གསུམ་ཟླ་གམ། ལྷོར་གླིང་གསུམ་སོག་ཁ། ནུབ་ཏུ་གླིང་གསུམ་ཟླུམ་པོ། བྱང་དུ་གླིང་གསུམ་གྲུ་བཞི། དེས་ན་ཤར་དུ་དཔལ་བེའུ་དང་འཁོར་ལོ། ལྷོར་པདྨ་དང་རྒྱལ་མཚན། ནུབ་ཏུ་གདུགས་དང་བུམ་པ། བྱང་དུ་དུང་དང་ཉ་བྲིས། དེའི་མཐའ་སྐོར་དུ་མངའ་དབུལ་གྱི་མཆོད་པ་རྣམས་བཤམས། གཞན་ཡང་རང་གི་ཡི་དམ་གྱི་ལྷའི་གཏོར་མ་དང༌། ཆོས་སྐྱོང་གཏོར་མ་འབྱུང་པོ་ཐམས་ཅད་པའི་གཏོར་མ་དང༌། གཞི་བདག་གཏོར་མ་རྣམས་བཤམས་ལ་རྡོར་དྲིལ་དང་དུང་རྔ་རོལ་མོ་ལ་སོགས་པའི་སྒྲ་དང་བཅས་པས་བྱིན་དབབ། བདག་བསྐྱེད་བཟླས་གཏོར་དང་བཅས་པ་བསྒྲུབ་རྗེས། ལྷ་བུམ་དཀྱིལ་མཆོག་ལྟར་བསྒྲུབ། ཁྲུས་ཀྱི་བུམ་པ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་བཾ་ལས་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་བཅུད་སྣ་ཚོགས་པས་བཀང་བར་བསམ་ལ། ཞོའི་བུམ་པ་ལ་ད་དྷི་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས། དེ་བཞིན་དུ་སྔགས་ཀྱི་ཐོག་མཐའ་གཉིས་འདྲ་ལ་འབྲས་བུ་སྣ་ཚོགས་ཀྱི་བུམ་པ་ལ་ཕ་ལ་སྣ་ན་དང༌། འབྲུ་སྣ་ཚོགས་ཀྱི་བུམ་པ་བྲུ་ཧི་སྣ་ན་དང༌། འབྲས་ཡོས་ཀྱི་བུམ་པ་ལ་ལབྫ་སྣ་ན་དང༌། སྨན་སྣ་ཚོགས་ཀྱི་བུམ་པ་ལ་ཨོ་ཥ་དྷི་སྣ་ན་དང༌། དྲིའི་བུམ་པ་ལ་གྷནྡྷེ་སྣ་ན་དང༌། མངར་གསུམ་གྱི་བུམ་པ་ལ་ཏྲི་མ་དྷུ་སྣ་ན་དང༌། རིན་ཆེན་སྣ་ཚོགས་ཀྱི་བུམ་པ་ལ་མ་ཎི་སྣ་ན་ལ་ཐོག་མཐའ་བཏགས་པ་བརྗོད་ལ་བྱིན་གྱིས་བརླབས། འདིར་ཁྲུས་ཀྱི་བུམ་པ་ལ་ལྷ་བསྐྱེད་མི་དགོས། རབ་གནས་རྒྱས་འབྲིང་བསྡུས་གསུམ་གང་བྱེད་ཀྱང་ཁྲུས་བུམ་དགོས་ཏེ། ལྷ་ལ་ཕལ་ཁྲུས་དང་མཆོག་ཁྲུས་གཉིས་ཀ་དགོས་པར་བཤད་པའི་ཕྱིར། གཞན་ཡང་འཇུག་པ་བདེ་ཁྱད་ཀྱིས་མེ་ཏོག་ནི་སྐབས་འདིར་བླངས་ནས་བསྒྲུབ་ན་ལེགས། དེ་ནས་གསོལ་བ་གདབ་པ་ནི། སོ་སོའི་ལག་ཏུ་མེ་ཏོག་ཐོགས་ཏེ། ཡོན་ཏན་དྲན་པའི་སྒོ་ནས། གང་འདིར་བཅོམ་ལྡན་འདས་ཞེས་པ་ནས། འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་སོ་སོའི་མཇུག་ཏུ་རབ་ཏུ་གནས་བྱའི་རྟེན་ལ་མེ་ཏོག་འཐོར། སྤོས་ཀྱི་བདུག་རོལ་མོ་འབུལ་ཞིང༌། ཨོཾ་ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱཧཱ། ཞེས་གསུངས། རབ་ཏུ་གནས་བྱའི་ལྷ་སྒྲོལ་མ་ལྟ་བུ་ཡིན་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་ལྟ་བུ་ལྷ་སོ་སོ་རང་རང་གིས་ངོ་ཤེས་པའི་སྔགས་ཡོད་པ་དེ་དང༌། ཨོཾ་བཛྲ་ས་ཏྭ་ཧཱུཾ་ཞེས་པ་རང་གི་ཡི་དམ་གྱི་ལྷའི་སྔགས་ཀྱང་བརྗོད་དོ། །སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ལ། ངག་ནས་ཀྱང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ངོ་མཚར་ཆེན་པོ་གྲངས་མེད་ཅིང༌། བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཞེས་པ་ནས། དངོས་གྲུབ་ཀྱི་མཆོག་སྩོལ་ཞིང་གནང་བ་མཛད་དུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་འཐོར། རྟེན་བསྐྱེད་པ་ནི། ལས་བུམ་གྱི་ཆུས་རྟེན་ལ་གཏོར་ལ། བིགྷཱན་ཏཀྲིཏ་དམ་ཧྲཱིཿཥྚྲཱིཿའམ་བཛྲ་ཡཀྵ་ལྟ་བུའི་རང་རང་གི་ལས་སྔགས་ཀྱིས་བསངས། སྭ་བྷ་ཝའམ་ཤཱུནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་གསུང་རབ་ཀྱི་པོ་ཏི་རྣམས་པད་ཉིའི་སྟེང་དུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་ལ་རང་འདྲའི་ཡུམ་གོས་དཀར་མོས་འཁྱུད་པ་དང༌། མཆོད་རྟེན་དང་གཙུག་ལག་ཁང་དང་ཁང་བཟང་སོགས་ལ་པད་ཟླའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་ལ་རང་འདྲའི་ཡུམ་སྤྱན་མས་འཁྱུད་པར་བསྐྱེད་པའམ། ཡང་ན་དཀྱིལ་འཁོར་གང་ལ་བརྟེན་པའི་སྐབས་དང་སྦྱར་བའི་གསུང་དང་སྐུ་རྡོ་རྗེར་བསྐྱེད་ཀྱང་རུང༌། སྐུ་གཟུགས་རྣམས་རབ་ཏུ་གནས་བྱའི་ལྷ་དེ་དང་དེར་བསྐྱེད་པའམ། ཡང་ན་ཐམས་ཅད་ལ་རྡོ་རྗེ་འཆང་དཀྱིལ་འཁོར་རང་རང་གི་གཙོ་བོར་བསྐྱེད་པ་སོགས་ཇི་ལྟར་འདོད་པ་བྱ་ལ། དེ་ཡང་གཙོ་བོར་འཇིགས་བྱེད་ཀྱི་སྒོ་ནས་ཡིན་ན་སྟོང་པའི་ངང་ལས་རབ་ཏུ་གནས་བྱའི་རྟེན་རྣམས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཞེས་པ་ནས། གཡོན་པས་ཡབ་ལ་འཁྱུད་པ་རེ་རེར་གྱུར། ཞེས་བརྗོད་ལ་རྟེན་བསྐྱེད། དེ་ནས་གདན་ལ་རྟེན་བཞག །ཆུ་བཞི་དབུལ་བ་ནི། རབ་ཏུ་གནས་བྱའི་རྟེན་རྣམས་ཁྲུས་དཀྱིལ་གྱི་སྟེང་དུ་དངོས་སུ་བཞག་པའམ། བཞག་པར་མོས་ལ་ཚིགས་བཅད་དམ། ཡང་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་པའི་སྔགས་ཙམ་ཕྱག་རྒྱ་དང་བཅས་པས་མཆོད་ཡོན། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པཱ་ཏྱཾ་དང༌། ཨཉྩ་མ་ཎཾ་པྲོཀྵ་ཎཾ་དང་སྦྱར་ལ། སོ་སོའི་ཕྱག་རྒྱ་དང་བཅས། ཞབས་བསིལ། ཞལ་བསིལ། བསང་གཏོར་རྣམས་འབུལ་ལོ། །གཉིས་པ་སྦྱངས་པ་ནི། སྡོམ་ནི། གཏོར་མ་ཡུངས་ཆུ་ཁམ་ཕོར་ལྕི། །ཟན་ཆང་རས་ཀྱིས་བྱབས་ནས་ནི། །ཉེ་རེག་མཆོད་བདུག་སྦྱངས་པའོ། །ཞེས་གསུངས་པ་ལྟར། སྦྱངས་པ་ལ་བགེགས་སྦྱངས་པ། སྡིག་པ་སྦྱངས་པ་གཉིས། དང་པོ་ལ། ཐོག་མར་ཁྲོ་བོ་སྤྱན་དྲངས་པ་ནི། ཧཱུཾ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །ནས། གཤེགས་སུ་གསོལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཁྲོ་བོའི་ཚོགས་ཐམས་ཅད་བཛྲ་ས་མ་ཛཿས་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། དེ་ནས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷརཱ་ཛཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ། བླ་མེད་ཀྱི་སྐབས་སུ་ནང་མཆོད་འབུལ། ཧཱུཾ་ཆོས་ཉིད། ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་གྱིས་བསྟོད་ལ། གཏོར་མ་བསང་སྦྱངས། སྐྱེ་མཆེད་བྱིན་གྱིས་བརླབ་པའམ། བསྡུ་ན། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷཱརྨཱ་ཎཾ་ཨཏྱ་ནུཏྤན་ན་ཏྭ་ད་ཨོཾ་ཨཱ་ཧཱུཾ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རབ་ཏུ་གནས་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་རྣམས་བཀུག་པར་གྱུར། སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭོ་མུ་ཁེ་བྷྱཿ སརྦ་དཏ་ཁཾ་ཨུད་ག་ཏི་སྥ་ར་ན་ཧི་མཾ་ག་ག་ན་ཁཾ་གྷྲི་ཧ་ན་ཏཾ་བ་ལིཾ་ཏ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ་རྔན་པ་བྱིན་ཏེ་བགེགས་བསྐྲད་པ་ནི་ཞི་བའི་སྦྱངས་པའོ། །ཏིང་ལོ་ཆང་བུ་དང་བཅས་པ་རྟེན་ལ་ཕྱིར་བསྐོར་ཞིང༌། སྔགས་སུམྦྷ་ནི་བཟླས་ལ་ཕྱིར་དོར་ཏེ་བགེགས་བསྐྲད་དང་བཅས་པ་ནི་ཞི་དྲག་ཕྱེད་མའི་སྦྱངས་པ་སྟེ། རྫས་ཞི་བ་དང་སྔགས་དྲག་པོ་ཡིན་པས་སོ། །དེ་ནས་སངས་རྒྱས་ཀྱི་བདེན་པ་དང༌། ཞེས་པ་ནས། བདེན་པའི་བྱིན་རླབས་ཀྱིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ། ཞི་བའི་སེམས་དང་ལྡན་པས་རང་རང་གི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་ནས་མགོ་བོ་རྣམ་པ་བརྒྱར་འགས་པར་འགྱུར་རོ། །སུམྦྷ་ནི་དང་ཧྲཱིཿཥྚྲཱིཿསོགས་དྲག་ཏུ་བརྗོད་ལ་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། ཚམས་རྔམ་དང་རོལ་མོའི་སྒྲ་དྲག་ཏུ་བྱས་ཏེ། གཏོར་མ་བྱིན་ཀྱང་འགྲོ་བར་མི་འདོད་པའི་བགེགས་རྣམས་ནམ་མཁར་བཞུགས་པའི་ཁྲོ་བོ་དང་རྣལ་འབྱོར་བ་ལས་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་ཚར་བཅད་པར་བསམ་པ་ནི། དྲག་པོའི་སྦྱངས་པ་སྟེ། རྫས་སྔགས་ཏིང་ངེ་འཛིན་གསུམ་ག་དྲག་པོ་ཡིན་པས་སོ། །
གསུམ་པ་སྡིག་པ་སྦྱངས་པ་ལ། ཡུངས་ཀར་དང་ཆུ་དང་ཁམ་ཕོར་དཀར་པོ་དང༌། དུར་བའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆང་བུ་དང༌། ཟན་ཆང་དང་སེད་རས་དེ་རྣམས་ལ་ཧཱུཾ་ལན་བདུན་བཟླས་ལ། ཐོག་མར་ཡུངས་ཀར་ལག་པ་གཡས་གཡོན་གྱི་ཁུ་ཚུར་གཉིས་ཀྱིས་རྟེན་ལ་གཡོན་དུ་བསྐོར་ཞིང༌། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཡེ་བཛྲ་ས་ཏྭསྱ་སརྦ་བཱ་བཾ་ད་ཧ་སྭཱཧཱ། ཞེས་བརྗོད་ཅིང་མེ་ནང་དུ་དོར། དེ་བཞིན་དུ་ལག་པ་གཉིས་ཀྱིས་ཡུངས་ཀར་ཡང་བླངས་ཏེ། གཡས་སུ་ལན་གཉིས་བསྐོར་ཏེ་མེར་དོར། དེ་བཞིན་དུ་ཆུ་ནས་སེང་རས་ཀྱི་བར་རྣམས་ཁུ་ཚུར་གཉིས་ཀྱིས་གཡོན་དུ་བསྐོར་ནས་བྱབས་ཏེ་འདོར་བ་དང༌། དེ་རྗེས་ཡང་ཁུ་ཚུར་གྱིས་དེ་དག་གཉིས་པ་རྣམས་བླངས་ཏེ། གཡས་སུ་ལན་གཉིས་བསྐོར་བས་བྱབས་ཏེ་དོར་རོ། འོན་ཀྱང་ཁམ་ཕོར་མན་ཆད་མེར་མི་དོར་ཞིང༌། ཁམ་ཕོར་ནས་སེང་རས་ཀྱི་བར་བཞི་བཞི་ཚང་བར་བྱ་ལ། དེ་དག་གི་དང་པོ་གཉིས་རྣམས་ནི་གཡོན་བསྐོར་གཉིས་བྱས་ནས་དོར་བ་ལྟ་བུ་ཡིན་གྱིས་དེ་དག་སྔ་ཕྱི་གཉིས་གཉིས་ཀྱིས་གཡོན་བསྐོར་གཉིས་གཉིས་དང་གཡས་བསྐོར་གཉིས་གཉིས་གཉིས་ཀ་ལ་བྱེད། བྱབས་པ་ཡང་ཡུལ་གང་ཡིན་པ་ལ་བྱབས་པའི་རྣམ་པར་དགོས་ཀྱི། རང་གི་ལག་ནས་ཟན་ཆང་དོར་བ་ལྟར་ནི་མི་བྱ། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས་འདི་ལྟར་བསྐོར་བར་བཤད་ལ། སྡོམ་འབྱུང་ལས་ཀྱང༌། ཡུངས་ཀར་གྱིས་ནི་བསྐོར་ནས་སུ། །ལན་གསུམ་དུ་ནི་སྦྱང་བར་བྱ། །ཞེས་དང༌། དཔལ་འཛིན་གྱི་དགྲ་ནག་དཀྱིལ་ཆོག་ལས། གཡོན་པ་དང་གཡས་པའི་ཁུ་ཚུར་དག་ཏུ་ཡུངས་ཀར་བཟུང་ལ། སྐུ་གཟུགས་ལ་སོགས་པའི་མདུན་དུ་གཡོན་པ་དང་གཡས་པས་བསྐོར་ཞིང་མེའི་ནང་དུ་བླུགས་ཏེ། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཡ་བཛྲ་ས་ཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱཧཱ། ཞེས་པའི་སྔགས་འདིས་བཏབ་པའི་ཁམ་ཕོར་ལན་གསུམ་གྱི་བར་དུ་བསྐོར་ལ་བསྐུར་བར་བྱའོ། །ཞེས་གསུངས་པ་ལྟར་ལན་གསུམ་བསྐོར་ནའང་རུང་བར་མངོན་ནོ། །སྦྱང་བའི་དོན་ཡང་སྡིག་པ་དང་བྱུར་དང་མི་གཙང་བ་སྦྱང་བར་འདོད་པའི་ཚུལ་གསུམ་བཤད་པའི་སྐབས་ཐོབ་ཤེས་དགོས་པར་མངོན། དེ་ནས་ལག་པ་གཡོན་ཆུ་གཙང་བཟུང༌། གཡས་པའི་གུང་མོ་དང་སྲིན་ལག་གིས་ཆུ་བླངས་ཏེ། རྟེན་སྐུ་གཟུགས་རྣམས་ཀྱི་ཁ་རྣ་བ་མིག་སྣ་ལག་ལྟེ་བ་མགོ་བོ་རྣམས་སུ་དངོས་སུ་རེག་པའམ། མེ་ལོང་ལ་གཟུགས་རྙན་ཤར་བ་དེ་ལ་དེ་ལྟར་བྱ་ལ། རྟེན་གླེགས་བམ་སོགས་སྐུ་གཟུགས་མ་ཡིན་པ་དག་ལ་རྟེན་དེ་ལྟར་གསལ་བའི་གནས་དེ་དག་ཏུ་རེག་པར་བསམ་ལ་རྟེན་ནམ་མེ་ལོང་ལ་རེག །དེ་ནས་ཧྲཱིཿཥྚྲཱིཿའམ། བཛྲངྷྲིཀ་ལྟ་བུ་དཀྱིལ་འཁོར་གྱི་གཙོ་བོའི་སྔགས་བརྗོད་ཅིང་རྟེན་རྣམས་ཀྱི་ཐུགས་ཀར་དྲི། དབུ་ལ་མེ་ཏོག །མདུན་དུ་མཆོད་ཡོན་འབུལ། མར་མེ་བསྐོར་བཞིན་པར། ཨོཾ་བཛྲ་ཨམྲི་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་དང༌། ཧཱུཾ་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ། །སྦྱང་བའི་དོན་བཤད་ཟིན་ཏོ། །
གསུམ་པ་ཁྲུས་ཀྱི་རིམ་པ་ལ་སྡོམ་ནི། སྙན་གསན་བདུད་རྩི་བ་བྱུང་ཆུ། །ཤིང་ཤུན་འབྲུ་མང་སྐྱུ་རུ་ར། །ཡུངས་པ་དྲི་ལྔའི་ཕྱེ་མ་རྣམས། །དུར་སྔོན་བིར་གྱིས་བྱུགས་ནས་སུ། །ལྷ་རྣམས་སྤྱན་དྲངས་བཀྲ་ཤིས་གླུ། །སྔོན་བྱས་ལྷ་ཡི་བུམ་པའི་ཆུས། །བཀྲུ་དབྱི་དྲི་དང་གོས་རྒྱན་ཁྲུས། །ཞེས་པ་ལྟར་ལས། སྤྲོས་པ་ལ་དགའ་ན། ཁྲུས་བུམ་ལག་ཏུ་ཐོགས་ཏེ། ཐམས་ཅད་འགྲེང་སྟེ་བྱ་བའམ་འདུག་ཀྱང་རུང་སྟེ་མགྲིན་གཅིག་ཏུ། བཅོམ་ལྡན་འདས་ནས། ཁྲུས་འདི་གསོལ་བར་བགྱིའོ། །ཞེས་པ། བསྡུ་ན་འདི་ཙམ་གྱི་སྙན་གསན་དབབ། སྤྲོ་ན་དབྱངས་དང་བཅས་པས། ནག་པོ་བས་མཛད་པ་ལས། རི་བོ་ལྟར་ནི་མཛེས་པ་ཡི། །ཞེས་པ་ནས། བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཞེས་པའི་བར་བརྗོད་ལ། ཚིག་རྐང་བཞི་པ་ལ་བུམ་པ་གཡོ་བ་དང༌། རོལ་མོ་བྱེད་པའི་ཕྱག་ལེན་བླ་མ་དམ་པ་འགའ་ཞིག་གིས་བྱེད་པ་མཐོང༌། དེ་ལྟར་སྙན་གསན་རྒྱས་བསྡུས་ཅི་རིགས་བྱས། དེ་ནས་ཁྲུས་རྫས་ལ་ཞོ་འོ་མ་མར་སྦྲང་རྩི་ཀ་ར་སྟེ་བདུད་རྩི་ལྔ་དང༌། བའི་འོ་མ་ཞོ་མར་ལྕི་བ་ཆུ་སྟེ་བ་བྱུང་ལྔ་དང༌། ནྱ་གྲོ་ཏ། ཨུ་ཏུཾ་ཝཱ་ར། པཱ་ལ་ཤ། བི་བི་ལི། གྷནྜ་མུ་ཏྲ་སྟེ། འོ་མ་ཅན་གྱི་ཤིང་ལྔ་ཞེས་བཤད་ཀྱང༌། མ་རྙེད་ན་འོ་མ་ཅན་གྱི་ཤིང་ཇི་ལྟར་རིགས་པའི་ཕྱེ་མ་དང་ཙན་དན་དཀར་དམར། ཨ་ཀ་རུ། གུར་གུམ། གྲན་ཐི་ཀ་སྟེ་ལྔའམ། གུར་གུམ། ཨ་ཀ་རུ། གླ་རྩི། ག་བུར། ཙན་དན་སྟེ་དྲི་ལྔའི་ཕྱེ་མ་རྣམས་མཁར་པའི་སྣོད་དུ་སྦྱར་བ་ལ་ལས་ཐམས་ཅད་པ་དང༌། ཧཱུཾ་ལན་བདུན་བཟླ་བར་ཡང་བཤད། ཁྲུས་བྱེད་ཚུལ་ཕྱག་ལེན་མི་འདྲ་བ་འདུག་ཡང༌། དཔལ་འཛིན་གྱི་དཀྱིལ་ཆོག་ལས། ཐོ་རངས་ཀྱི་དུས་སུ་སྐུ་གཟུགས་གོས་སེར་པོས་གཡོགས་ལ་ཤར་དུ་བསྟན་ལ་ཁྲུས་བྱའོ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཨོཾ་ཧཱུཾདྲཱཾ་ཧྲཱིཿཨཱཿཞེས་བྱ་བའི་ས་བོན་གྱིས་བའི་རྣམ་པ་ལྔ་ལ་མངོན་པར་བསྔགས་ལ་བྱུགས་པར་བྱའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སཱ་ཧཱ། ཞེས་བྱ་བས་མར་ཁུ་དྲི་ཞིམ་པོ་ལ་མངོན་པར་བསྔགས་ལ་དུར་བའི་ཆུན་པོས་བྱུགས་པར་བྱའོ། །དེ་ནས་ཤུན་པ་ལྔ་མཁར་བའི་སྣོད་དུ་བཞག་མར་ཁུ་ཕྱི་བར་བྱའོ། །དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་སོ་སོའི་ཆུས་སྐུ་ཁྲུས་གསོལ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང༌། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་འདི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤཱི་ཡེ་ཧཱུཾ། ཞེས་བྱ་བས་སྔགས་ཀྱིས་སོ། །དེའི་རྗེས་ལ་ནམ་མཁའ་ལ་བཞུགས་པའི་ཙརྩི་ཀ་ལ་སོགས་པའི་རིག་པའི་ཚོགས་རྣམས་སྤྱན་དྲངས་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་བཀང་པའི་བུམ་པ་བསྣམས་པས་དབང་བསྐུར་བར་བསམ་ལ། དེ་ནས་རས་ཀྱིས་རླན་མེད་པར་ཕྱིས་ལ་སྔར་གྱི་རང་རང་གི་གནས་སུ་བཞག་པར་བྱའོ། །རས་བྲིས་སམ་གླེགས་བམ་མམ། མཆོད་རྟེན་རྣམས་ལ་ནི་མེ་ལོང་ལ་སྔར་གྱི་རིམ་པས་ཁྲུས་གསོལ་བར་བྱའོ། །ཞེས་བྱ་བ་ནི་ཁྲུས་ཀྱི་རིམ་པའོ། །ཞེས་གསུངས་པ་ལྟར། དྲི་ཞིམ་དང་ལྡན་པའི་མར་གྱིས་བྱུགས་ལ། འདག་ཆལ་ལ་སོགས་པའི་ཕལ་ཁྲུས་དང༌། དེའི་རྗེས་ལྷ་བུམ་གྱི་ཁྲུས་དགོས་ཏེ། རྒྱུད་སྡོམ་འབྱུང་ལས། དྲི་དང་ལྡན་པའི་མར་གྱིས་བྱུགས། །འདག་ཆལ་གྱིས་ནི་ཁྲུས་ཀྱང་བྱ། །སླར་ཡང་བུམ་པ་སོ་སོ་ཡིས། །སྐུ་གཟུགས་རྣམས་ནི་ཁྲུས་ཀྱང་བྱས། །ཞེས་པས་ཀྱང་སྒྲ་སྔ་མས་འདག་རྫས་ཀྱིས་བྱུག་དགོས་པར་མ་ཟད། འདག་ཆལ་གྱིས་ཕལ་ཁྲུས་ཀྱང་བསྟན། ཕྱི་མའི་སླར་ཡང་གི་སྒྲས་ཕལ་ཁྲུས་སུ་མ་ཟད་ལྷ་བུམ་སོ་སོས་སླར་ཡང་ཁྲུས་དགོས་པར་བསྟན། ཀྱང་སྒྲ་ཕྱི་མས་ཁྲུས་གཉིས་ཀྱི་ཚེ་དབྱི་དགོས་པར་ཡང་བསྟན། དེ་ལ་ལག་ཏུ་བླངས་པའི་རིམ་པ་ནི། སྐུ་གཟུགས་སོགས་དངོས་སུ་བཀྲུ་དབྱི་འོས་པ་རྣམས་ལ་དངོས་སུ་བྱ་ལ། དངོས་སུ་བཀྲུ་དབྱི་མི་འོས་པའི་རས་བྲིས་གླེགས་བམ་ལ་སོགས་པ་རྣམས་ནི་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བཀྲུ་དབྱི་བྱ་དགོས་ལ། དེ་ཡང་ཐོག་མར། ཨོཾ་ཧཱུཾ་དྲཱཾ་ཧྲཱིཿཨཱཿཞེས་བརྗོད་ལ་དུར་བའི་པིར་གྱིས་པའི་རྣམ་ལྔ་བྱུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱཧཱ། ཞེས་བརྗོད་ལ་དུར་བའི་ཆུན་པོས་དྲི་ཞིམ་དང་ལྡན་པའི་མར་བྱུགས། འོ་མ་ཅན་གྱི་ཤིང་ཤུན་གྱི་ཕྱེ་མས་མར་དབྱི། དེ་ནས་སྤྲོ་ན་ཁྲུས་བུམ་བརྒྱད་པོ་སོ་སོར་བསྒྲུབ་ཡོད་ན། དྲི་སྣ་ཚོགས་ཀྱི་བུམ་པ་ཐོགས་ཏེ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། ྾། ཨོཾ་སརྦ་ཏ་ཐཱ་ག་ཏ༌྾ཧཱུཾ་ཞེས་བརྗོད་ལ་བཀྲུ། ཁྲུས་རས་དཀར་པོ་སོགས་ལ་དྲི་ཞིམ་གྱི་ཆུས་མན་ངག་ལྟར་ཨོཾ་ཧཱུཾ་དྲཱཾ་ཧྲཱིཿཨཱ་བྲིས། དེ་ལྔ་བརྗོད་ཅིང་དྲིའི་ཐིག་ལེ་ལྔ་བྱས་པ་ཕྲག་པ་ནས་བསྐོར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱཧཱ། ཞེས་བརྗོད་ལ་སྐུ་དབྱི། དེ་ནས་ཡང་བ་བྱུང་མར་ཁུ་ཤིང་ཤུན་ཕྱེས་མཉེ་ང་གསུམ་བྱས་ལ། མངར་གསུམ་གྱི་བུམ་པ་ཐོགས་ཏེ། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་བརྗོད་ཅིང་བཀྲུ། ཡང་སྔར་ལྟར་རས་དཀར་པོས་དབྱི། འོག་མ་རྣམས་ལ་ཡང་རྫས་གསུམ་གྱིས་བཀྲུ་བ་དང༌། དེ་ནས་བུམ་ཆུས་བཀྲུ་ཞིང༌། དབྱི་བ་རྣམས་མཚམས་ཀུན་ཤེས་པར་བྱ། རྫས་གསུམ་བསྐུ། ཞོའི་བུམ་པ་ཐོགས་ཏེ། འདི་ནི་སྦྱིན་པའི་ནས། སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ད་དྷི་སྣ་ན་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་ཡ་ཤཱི་ཡེ་ཧཱུཾ། ཞེས་བརྗོད་ལ་བཀྲུ། སྔར་ལྟར་དབྱི། རྫས་གསུམ་བྱུགས། འབྲས་བུ་སྣ་ཚོགས་ཀྱི་བུམ་པ་ཐོགས་ཏེ། འདི་ནི་ཚུལ་ཁྲིམས༌྾གསོལ། སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། ད་དྷིའི་གནས་སུ་ཕ་ལ་སོགས་བརྗོད་ལ་བཀྲུ་དབྱི། འབྲུ་སྣ་ཚོགས་ཀྱི་བུམ་པ་ཐོགས་ཏེ། འདི་ནི་བཟོད་པའི༌྾ བྲུ་ཏི་སྣ་ན༌྾ཧཱུཾ་བཀྲུ་དབྱི་རྫས་གསུམ་བྱུགས། འབྲས་ཡོས་ཀྱི་བུམ་པ་ཐོགས་ཏེ། འདི་ནི་བརྩོན་འགྲུས༌྾གསོལ། ཨོཾ་སརྦ༌྾ལབྫ་྾བཀྲུ་དབྱེ་རྫས་གསུམ་བྱུགས། སྨན་སྣ་ཚོགས་པའི་བུམ་པ་ཐོགས་ཏེ། འདི་ནི་བསམ་ཏན༌྾གསོལ། ཨོཾ་སརྦ༌྾ཨོཾ་ཥདྷི་ཤྲཱི་ཡེ་ཧཱུཾ། བཀྲུ་དབྱི། རྫས་གསུམ་བྱུགས། རིན་པོ་ཆེའི་བུམ་པ་ཐོགས་ཏེ། འདི་ནི་ཤེས་རབ༌྾གསོལ། ཨོཾ་྾མ་ཎི་྾ཧཱུཾ་བཀྲུ་དབྱི། དེ་དག་སྐུ་ལ༌྾སྐུ་དབྱིའོ། །ཨོཾ་ཧཱུཾ་དྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཧཱ། གཞན་ཡང་ཚིགས་བཅད་ཅི་རིགས་ཀྱིས་བཀྲུ་དབྱི་བྱས། བཀྲུ་བའི་ཚེ་རོལ་མོ་ཡང་བྱ། དེ་ནས་མཆོག་ཁྲུས་ལ་དབང་བསྐུར་མཁན་གྱི་ལྷ་སྤྱན་དྲངས་དབང་བསྐུར་པར་བསམས་ནས་མཆོག་ཁྲུས་བྱ་དགོས་ཏེ། དགྲ་ནག་གི་དཀྱིལ་ཆོག་ལས། དེའི་རྗེས་ལ་ནམ་མཁའ་ལ་བཞུགས་པའི་ཙརྩི་ཀ་ལ་སོགས་པའི་རིག་པའི་ཚོགས་རྣམས་སྤྱན་དྲངས་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་བཀང་བའི་བུམ་པ་བསྣམས་པ་དེ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །ཞེས་གསུངས་པས། ལྷ་སྤྱན་དྲངས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོའི་ཚོགས་བཛྲ་ས་མ་ཛཿ མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་ནས། བགེགས་བསྐྲད་པར་བསམ་ལ། རྟེན་ལ་མངོན་དུ་ཕྱོགས་པར་ལས་ཀྱི་བུམ་པ་བཏེགས། མེ་ཏོག་གི་ཆར་འབེབས་བཞིན་པས། བཀྲ་ཤིས་གང་ཞིག་སོགས་བཀྲ་ཤིས་ཀྱི་གླུ་བླངས། ཚིག་རྐང་བཞི་པའི་ཚེ་རོལ་མོ་བཀྲོལ་ཞིང༌། མེ་ཏོག་གི་ཆར་འབེབས་པའི་ཤིས་པ་བརྗོད་པ་སྔོན་དུ་བཏང་སྟེ་ལྷའི་བུམ་པ་བླངས་ལ། ཇི་ལྟར་བལྟམས་པ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་བཛྲ་ས་ཏྭ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་བརྗོད་ཅིང་བུམ་ཆུས་བཀྲུ། ཕྱིན་དྲུག་ཅི་རིགས་ཀྱི་ཚིགས་བཅད་བརྗོད་ལ་ཁྲུས་བྱ། གང་ལ་ཉེས་པ་མི་མངའ་ཞིང༌། ྾ ཁྲུས་གསོལ། །ཞེས་བརྗོད་ལ་ཁྲུས་བྱ། དེ་ནས་སྐུ་མཆོག༌྾ཤོག །ཅེས་བརྗོད། སྐུ་དབྱི་བ་ནི། དེ་དག་སྐུ་ལ༌྾སྭཱཧཱ། སྔར་ལྟར་རས་ཀྱིས་དབྱི། བདེར་གཤེགས༌྾ཤོག །དེ་ནས་སྟོང་གསུམ༌྾བ་བུ་ཥ་ཎེ་སྭཱཧཱའི་བར་གྱིས་དྲི་བྱུགས་པ་ན་བཟའ་རྒྱན་འབུལ་བ་རྣམས་དངོས་སུ་བྱ།
གཉིས་པ་དངོས་གཞི་ལ། སྡོམ་ནི། མིག་དང་སྐུ་སོགས་བྱིན་གྱིས་བརླབས། །ཡེ་ཤེས་སྤྱན་དྲངས་མཆོད་ནས་ནི། །གསོལ་བཏབ་དམ་ཚིག་པ་ལ་གཞུག །དབང་ལྷ་སྤྱན་དྲངས་མཆོད་ནས་ནི། །དབང་བསྐུར་རིགས་བདག་གིས་རྒྱས་བཏབ། །མཆོད་བསྟོད་གོས་རྒྱན་མེ་ལོང་བསྟན། །སྦྱིན་སྲེག་འབུལ་ཞིང་སྤྱན་དབྱེ་སོགས། །ཞལ་བསིལ་མཆོད་ཡོན་སོ་རྩི་འབུལ། །དམ་བསྒྲག་ནས་ནི་གཟུགས་བསྒྱུར་བྱ། །ཞེས་པ་ལྟར་ལས། བསྡུ་ན། ལྷ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། ཞེས་པ་དང༌། འབྲིང་དུ་བྱེད་ན་སྐྱེ་མཆེད་སྐུ་གསུང་ཐུགས་གསུམ་ལ་ས་བོན་འགོད་པར་བྱའོ། །རྒྱས་པར་བྱེད་ན་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་རླབས་རང་རང་གི་གཞུང་ལྟར་བྱེད། འཇིགས་བྱེད་ལ། རབ་ཏུ་གནས་བྱའི་ལྷ་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵཾ་དང་འཁོར་ལོ་ལས་རྡོ་རྗེ་མིག་དཀར་པོ་དཀར་སྔོ་ཞེས་པ་ནས། ཐུགས་རྡོ་རྗེའི་ལྟེ་བའི་ནང་དུ་ཧཱུཾ་དང་རྡོ་རྗེ་ལས་ཐུགས་རྡོ་རྗེ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པར། ཟ་མ་ཏོག་ལྟར་ཕྱག་མཚན་དང་བཅས་པ་བསྐྱེད། དེ་ནས་ཡེ་ཤེས་པ་སྤྱན་དྲངས་པ་ནི། ལག་ཏུ་སྤོས་ཐོགས་ཏེ་རྡོར་དྲིལ་རོལ་མོ་དང་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། ནས། མདུན་གྱི་ནམ་མཁར་བཞུགས་པར་གྱུར་པར་བསམ་ལ། བཅོམ་ལྡན་ཐུགས་རྗེའི་བློ་དང་ལྡན་པར་མཛོད། ཅེས་བརྗོད་ལ་སྤྱན་དྲངས་ནས་བཞུགས་སུ་གསོལ་ནས། མཆོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གསོལ་བ་གདབ་པ་ནི། བདག་ཉིད་ཀྱི་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་གྱུར་བར་བསམ་ལ། གཡས་སྤོས་ཕོར་ཐོགས་ཏེ། གཡོན་དྲིལ་བུ་དཀྲོལ་ཞིང༌། ཐུགས་རྗེས་ཡིས་ནི་྾ མཛད་པར་འོས། ལན་གསུམ་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་བྱིན་པར་གྱུར་པར་བསམ་ལ། དམ་ཚིག་པ་ལ་གཞུག་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ་ཛཿ ཞེས་བརྗོད་པས་ཡེ་ཤེས་པ་དམ་ཚིག་པ་སོ་སོའི་སྟེང་དུ་བཀུག །འདོད་རྒྱལ་གྱི་ཕྱག་རྒྱ་བྱས་ལ་ཧཱུཾཿཞེས་བརྗོད་པས་དམ་ཚིག་པ་སོ་སོ་ལ་ཞུགས། ལྕགས་སྒྲོག་གི་ཕྱག་རྒྱ་བྱས་ལ་བཾ་ཞེས་བརྗོད་པས་དེ་དག་ལ་ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་དུ་འདྲེས། དྲིལ་བུ་དཀྲོལ་པའི་རྣམ་པ་བྱས། ཧོཿཞེས་བརྗོད་པས་དགྱེས་བཞིན་དུ་བཞུགས་པར་བསམ་ལ། དེ་ནས་དབང་ལྷ་སྤྱན་དྲངས་པ་ནི། རང་གི་ཐུགས་ཀའི་ཁྲོ་བོ་དང་ཁྲོ་མོའི་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿས་སྤྱན་དྲངས་མཆོད། དེ་བཞིན་གཤེགས་པ༌྾ དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས། ཞེས་པ་ནས་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས་རབ་གནས་ཀྱི་ལྷ་སོ་སོ་ལ་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་སོགས་ཀྱིས་དབུ་བརྒྱན་པར་གྱུར། ཐམས་ཅད་རྡོ་རྗེ་འཇིགས་བྱེད་དུ་བསྐྱེད་པ་ཡིན་ན། མི་བསྐྱོད་པས་དབུ་བརྒྱན་པར་བསམ་དགོས་ཀྱིས། རྡོ་རྗེ་སེམས་དཔའ་ཞེས་པ་དོར། དེ་ནས་རབ་གནས་ཀྱི་ལྷ་ལ་མཆོད་པ་ནི། རང་རང་གི་དཀྱིལ་འཁོར་དང་འབྲལ་བར་བྱིན་གྱིས་རླབས་ལ་ཆུ་བཞི་ཉེར་སྤྱོད་རོལ་མོ་རྣམས་ཕྱག་རྒྱ་དང་བཅས་པས། དག་ཅིང་དྲི་མེད་སོགས་དང༌། ལྷ་ཡི་མེ་ཏོག་སོགས་ཀྱིས་འབུལ། བླ་མེད་ཀྱི་སྐབས་སུ་ནང་མཆོད་ཀྱང་འབུལ། བསྟོད་པ་ནི། གསང་འདུས་ལྟར་ན་མི་བསྐྱོད་རྡོ་རྗེ་སོགས་དང༌། འཇིགས་བྱེད་ལྟར་ན་འཇམ་དཔལ་གསེར་མདོག་མ་ལྟ་བུས་བསྟོད། གོས་ཟུང་བཏེགས་ལ། སྲབ་འཇམ་ཧཱ་སྭཱ་ས་གོས་ཕུལ། རིན་པོ་ཆེའི་རྒྱན་དྲུག་ལ་སོགས་བཏེགས་ལ། རྒྱལ་བ་མཚན་དཔེ་སོགས་ཀྱིས་རྒྱན་ཕུལ། མེ་ལོང་བསྟན་ལ། ཨ་ལས་སྐྱེས་པའི་མེ་ལོང༌། ྾ས་ཏྭཨཿ དེ་ནས་གྲུབ་ན་རབ་གནས་ཀྱི་ལྷ་སོ་སོ་ནས་མེ་ཏོག་གིས་ཐབ་ཏུ་སྤྱན་དྲངས་ལ། སྦྱིན་སྲེག་འབུལ་བར་བྱ་དགོས་ཏེ། སྡོམ་འབྱུང་ལས། དེ་ལྟར་ལས་ནི་ཀུན་བྱའི་ཕྱིར། །སྦྱིན་སྲེག་ལས་ཀྱིས་རྫོགས་པར་བྱས། །ལྷ་ཀུན་ཞལ་ནི་མེ་ཡིན་པས། །མཁས་པས་རབ་ཏུ་གནས་པར་བྱ། །ཞེས་གསུངས་སོ། འདིར་རྟེན་སོ་སོ་ལྷ་སོ་སོར་བསྐྱེད་ན་རྟེན་དེ་དང་དེའི་མདུན་ནས་ལྷ་དེ་དང་དེའི་སྔགས་བརྗོད་ལ་མེ་ཏོག་ལེན་ལ། ལྷ་གཅིག་ཏུ་བསྐྱེད་ན་དེ་དང་དེའི་མདུན་དུ་ལྷ་གཅིག་པོ་དེའི་སྔགས་བརྗོད་ནས་མེ་ཏོག་བླངས་ནས། ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་ལེན་ལྟར་འབུལ་དགོས་པའི་ཁྱད་པར་དེ་ཤེས་དགོས་ལ་གཞན་སླའོ། །སྤྱན་དབྱེ་ནི། དངུལ་གྱི་ཀོང་བུར་མར་དང་སྦྲང་རྩི་སྦྱར་བའི་མིག་སྨན་གསེར་ཐུར་སོར་བཞི་ཙམ་ལས་མི་ཆུང་བས་བླངས་ཏེ། ཇི་ལྟར༌྾ ལྷུར་མཛད་པར་གྱུར་བརྗོད། སྦྱིན་སྲེག་དང་འབྲེལ་ན་སྐབས་འདིར་འོ་ཐུག་བསྒྲུབ། མ་བསྒྲུབ་ན་དེ་དང་སྣོད་བཟང་པོར་ལྷ་བཤོས་ཆེན་པོ་ཟས་སྣ་ཚོགས་དང་རྒྱན་གྱིས་བརྒྱན་པ་ཙ་རུར་གྲགས་པ་ཡང༌། རྒྱུད་སྡེ་འོག་མ་ལྟར་ན། ཨ་ཀ་རོ་དང་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། བླ་མེད་ལྟར་ན་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། གཟུགས་སྒྲ༌྾ཆོས་ལ་སྤྱོད་པར་ཤོག་གི་བར་བརྗོད་ལ། བྱུང་ན་ཚོགས་འཁོར་དང་གླུ་གར་གྱི་མཆོད་པ་སོགས་ཀྱང་རུང་སྟེ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལས། བསོད་ནམས་ཚོགས་ཀྱི་རྒྱུན་དོན་དང༌། །ཡེ་ཤེས་ཚོགས་རྫོགས་བྱ་ཕྱིར་རོ། །དེ་ནས་ཙ་རུར་བསྒྲུབ་བྱ་སྟེ། །མེ་ལ་བཤོས་བུ་དབུལ་བྱ་ཞིང༌། །ཅུང་ཟད་བདག་ཉིད་ཀྱིས་སྤྱད་དང༌། །སྦྱིན་བདག་རྣམས་ལའང་སྦྱིན་པར་བྱ། །ཞེས་པ་ནས། ཏཾ་བུ་ལ་ཀུན་ཐམས་ཅད་ལ། །དགྱེས་བྱེད་སྦྱིན་པར་བྱ་བ་ཡིན། །ལྷག་མ་གོས་དང་སོ་རྩི་དང༌། །གང་པའི་སྲེག་བླུག་སྦྱིན་པར་བྱ། །རྡོ་ཞོ་དང་འབྲེལ་སོ་རྩི་དང༌། །ཞབས་བསིལ་བ་ནི་མཇུག་ཏུའོ། །ཡེ་ཤེས་མེ་ནི་གཤེགས་གསོལ་ཏེ། །སྔགས་བརྗོད་པ་ཡིས་བཤོས་གསོལ་བྱ། །ཞེས་གསུངས་པས་སོ། །ཚིག་རྐང་ཕྱི་མ་གཉིས་ཀྱིས་འོ་ཐུག་དང༌། ཙ་རུ་བཞེས་དུས་བསྟན་པར་སེམས་སོ། །དེ་ནས་སྔར་གྱི་སྔགས་ཀྱིས་ཞལ་བསིལ་དང་མཆོད་ཡོན་འབུལ། བུ་རམ་དང་མར་ཁུ་གོ་ཡུ་སྦྱར་བའི་སོ་རྩི། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱཧཱས་དབུལ། དམ་བསྒྲག་ནི་བྱིན་རླབས་ཅན་གྱི་རྡོ་རྗེ་ལག་ཏུ་ཐོགས་ལ། གནས་གསུམ་དུ་རེག་གམ། གནས་ལྔར་རེག་ལ། ཨོཾ་ཧཱུཾདྲཱཾ་ཧྲཱིཿཨཱཿཞེས་བརྗོད་ལ་དམ་ཚིག་བསྒྲགས། དེ་ནས་གཟུགས་བསྒྱུར་ནི། ལྷ་རང་རང་གི་སྔགས་དང༌། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་ལ་ལྷའི་གཟུགས་དེ་ཡོངས་སུ་གྱུར་པ་ལས། རབ་ཏུ་གནས་བྱའི་རྟེན་སོ་སོའི་རྣམ་པ་ཅན་དུ་གྱུར་པར་བསམ་པར་བྱ་སྟེ། དཔེར་ན་དེ་རྣམས་འཇིགས་བྱེད་ཡབ་ཡུམ་དུ་བསྐྱེད་ཡོད་ན། ཨོཾ་ཧྲཱིཿཥྚྲཱིཿའམ་ཡ་མཱནྟ་ཀ་དང་འབྲུ་གསུམ་བརྗོད་ལ། རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་རབ་ཏུ་གནས་བྱའི་རྟེན་སོ་སོའི་རྣམ་པ་ཅན་དུ་གྱུར། ཞེས་བརྗོད་ཅིང་བསམ་ལ་གཟུགས་བསྒྱུར་བྱ། དངོས་གཞིའི་ཆོ་ག་བརྗོད་ཟིན་ཏོ། །གསུམ་པ་མཇུག་གི་བྱ་བ་ལ་གསུམ། མངའ་དབུལ་དང༌། རབ་གནས་ཀྱི་གཙོ་བོ་བརྟན་བཞུགས་དང༌། ཡོན་བདག་དང་ཆོས་སྐྱོང་བསྒོ་བའོ། །
དང་པོ་ལ་སྤྱི་དང་བྱེ་བྲག་གི་མངའ་དབུལ་གཉིས། དང་པོ་སྡོམ་ནི། ཆུ་བཞི་ཉེར་སྤྱོད་འདོད་ཡོན་ལྔ༌། །ནང་མཆོད་དབུལ་ཞིང་བསྟོད་པ་བྱ། །དཀྱིལ་འཁོར་རྟགས་བརྒྱད་ཁྲུས་གོས་རྒྱན། །འདོད་ཡོན་རིན་ཆེན་བདུན་དང་བཅུད། །གདུགས་སོགས་འབྲུ་དང་རིན་ཆེན་སྣ། །སྨན་དང་བཀྲ་ཤིས་སྤྱི་ཡི་འོ། །ཞེས་པའི་རིམ་པ་ལས། མཆོད་པ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཀྱིས་ཚིགས་བཅད་སོ་སོའི་སྔགས་དང་བཅས་པའི་ཆུ་བཞི་ཉེར་སྤྱོད་རོལ་མོ་དང་བཅས་པ་དང༌། རིན་ཆེན་དབང་གི་རྒྱལ་པོ་སོགས་ཀྱིས་འདོད་ཡོན་ལྔ༌། ནང་མཆོད་ལྷ་རང་རང་གི་སྔགས་མཐར་འབྲུ་གསུམ་སྦྱར་བའམ། ཨོཾ་གུ་རུ་བུདྡྷ་བོདྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ་གིས་དབུལ། བསྟོད་པ་ནི། གང་གི་དྲིན་སོགས་བླ་མའི་བསྟོད་པ་དང༌། མགོན་པོ་ཐུགས་རྗེ་སོགས་སངས་རྒྱས་བྱང་སེམས་སོ་སོའི་བསྟོད་པའམ། ཀུན་རིག་ལ་ཀུན་རིག་རིག་ལྔ་ཡུམ་བཞི་སོགས་དང༌། འདུད་ཉི་ཤུ་སོགས་ཀྱིས་བསྟོད། དཀྱིལ་འཁོར་དབུལ་བ་ནི། གླིང་བཞི་རི་རབ་དང་བཅས་བྲིས་པའམ། མཎྜལ་ལ་ཚོམ་བུ་བཀོད་པ་ལ་དམིགས་ཏེ་མཎྜལ་རྒྱས་པའམ། ས་གཞི་སྤོས་ཀྱིས་མས་དབུལ། བཀྲ་ཤིས་རྟགས་བརྒྱད་འབུལ་བ་ནི། བཀྲ་ཤིས་རྟགས་བརྒྱད་སོ་སོ་ནས་ཐོགས་ཏེ་རབ་ཏུ་གནས་བྱའི་རྟེན་ལ་འབུལ་བའི་ཚུལ་བྱས་ལ་ཇི་ལྟར་སྔོན་གྱི། ཞེས་པ་ནས། ཕྱོགས་དུས་ཀུན་ཏུ་དགེ་ལེགས་འཕེལ་ཕྱིར་འབུལ། །ཞེས་པའི་བར་གྱི་རྒྱས་བསྡུས་གང་རུང་གིས་འབུལ། ཁྲུས་ནི་ཁྲུས་བུམ་ཐོགས་ཏེ། དེ་བཞིན་གཤེགས་དང་ཞེས་སོགས་སྔགས་བཅས་ཀྱིས་ཁྲུས་གསོལ། གོས་འབུལ་བ་ནི། གོས་ཐོགས་ཏེ། སྲབ་འཇམ་ཡངས་པ་ནས། སྭཱཧཱའི་བར་གྱིས་གོས་འབུལ། རྒྱན་ཐོགས་ཏེ། རྒྱལ་བ་མཚན་དཔེ་སོགས་ཀྱིས་རྒྱན་འབུལ། རྒྱལ་བ་ཟག་མེད་སོགས་ཀྱིས་འདོད་ཡོན་ལྔ་དང༌། མི་དབང་རིན་ཆེན་སོགས་སམ། སྤྲོ་ན་འཛམ་བུའི་ཆུ་བོ་མས་རྒྱལ་སྲིད་སྣ་བདུན་དང༌། གང་བུམ་མམ། རྣམ་རྒྱལ་བུམ་པ་བཏེགས་ཏེ། རྒྱལ་བ་མགོན་པོ་སོགས་ཀྱིས་བཅུད་ཉེར་ལྔ་དང༌། གདུགས་འབྲུ་རིན་ཆེན་བདུན་སྨན་རྣམས་དངོས་སམ་བྲིས་པ་སོ་སོ་ནས་བཏེགས་ལ། བརྩེ་བའི་ཁོར་ཡུག་ཅེས་པ་ནས། ཐུགས་རྗེའི་སྨན་གྱིས་འདུལ་གྱུར་ཅིག །ཅེས་པའི་བར་གྱིས་འབུལ། བཀྲ་ཤིས་ཀྱི་མངའ་དབུལ་འབུལ་བ་ནི། བཀྲ་ཤིས་གང་ཞིག་སོགས་ཀྱི་ཤླཽ་ཀ་གཅིག་གམ་ཡོངས་རྫོགས་མེ་ཏོག་འཐོར་བ་དང་བཅས་པས་འབུལ། བསྡུ་ན་སྤྱིའི་མངའ་དབུལ་དེ་ཙམ་གྱིས་ཀྱང་རུང། བྱེ་བྲག་གི་མངའ་དབུལ་བྱེད་ན་གསུམ་ལས། སྐུ་གཟུགས་ཀྱི་མངའ་དབུལ་ལ་སྡོམ་ནི། སྤུ་གྲི་འདྲེག་སྤྱད་སོ་མང་དང༌། །ཤངས་དབྱེ་ཚེམས་ཤིང་སྙན་ཞལ་དབྱེ། །ཞེས་གསུངས་པ་ལྟར། སྤུ་གྲི་སོགས་བཏེགས་ལ། སྐྲ་འདྲེག་པའི་ཚུལ་བྱེད་པ་ནས་ཞལ་ཐུར་གྱིས་ཞལ་དབྱེ་པའི་ཚུལ་བྱས་ལ། ཇི་ལྟར་རང་བྱུང་མཆོད་རྟེན་དུ། །ཞེས་པ་ནས། ཨོཾ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པའི་བར་གྱིས་ཚིགས་བཅད་གཉིས་སྔགས་དང་བཅས་པའམ། བསྡུ་ན་སྔ་ཕྱི་གང་རུང་སྔགས་དང་བཅས་པས་འབུལ། གསུང་རབ་མངའ་དབུལ་ལ་སྡོམ་ནི། ཁྲི་གོས་གླེགས་ཤིང་གླེགས་ཐག་གོ །ཞེས་གསུངས་པ་ལྟར། ཁྲི་སོགས་བྲིས་པ་སོ་སོ་ནས་བཏེགས་ལ། རིན་ཆེན་དུ་མ་ལས་གྲུབ་ཞེས་པ་ནས། ཨོཾ་བཛྲ་པུསྟ་ཀ་བན་དྷ་ཨཱཿཧཱུཾ་སྭཱཧཱའི་བར་གྱིས་དབུལ། མཆོད་རྟེན་མངའ་དབུལ་ལ་སྡོམ་ནི། སྲོག་ཤིང་འཁོར་ལོ་ཅོད་པན་འཕན། །རྒྱལ་མཚན་གདུགས་དང་ཕྲེང་བ་གདན། །ཞེས་གསུངས་པ་ལྟར། གསེར་གྱི་སྲོག་ཤིང་སོགས་དངོས་སམ་བྲིས་པ་སོ་སོ་ནས་བཏེགས་ལ། ཨོཾ་བཛྲ་ཨཱ་ཡུཿཥེ་ནས། བུན་དྷ་རི་ཛ་ཡེ་སྭཱཧཱ། ཞེས་པའི་བར་སྔགས་དང་ཚིགས་བཅད་ཀྱིས་དབུལ། མཆོད་རྟེན་སོགས་མེད་ཚེ་སོ་སོ་པ་གང་མེད་པ་དེ་དང་དེའི་མངའ་དབུལ་ནི་མི་དགོས་སོ། །གཉིས་པ་ཤིས་པ་བརྗོད་ཅིང་བརྟན་བཞུགས་བྱ་བའི་ཚུལ་ལ། ཤིས་བརྗོད་ནི་མེ་ཏོག་འཐོར་རྒྱུ་རྣམས་བུམ་པའི་ཆུས་སྦྲུས། དེའི་སྟེང་དུ་མེ་ལོང་ལ་ཙན་དན་དཀར་པོ་དང་གྷི་ཧང་སོགས་སྦྱར་པའི་སྣག་ཚས་དབུས་སུ་ཧཱུཾ་དང༌། མགོར་ཨོཾ། མཐར་སྭཱཧཱ་སྦྱར་བའི་ཡེ་དྷརྨཱ་ཡིག་མགོ་ཕྱིར་བསྟན་ལ་གཡས་བསྐོར་དུ་སྦྲུལ་འཁྱིལ་ལུགས་སུ་བྲིས། སྟེང་དུ་གཟུངས་ཐག་རྡོ་རྗེ་བཞག །གཟུངས་ཐག་ནས་བཟུང་ལ། དམིགས་པ་ནི། ཡེ་དྷརྨཱའི་སྔགས་འཕྲེང་གྱེན་དུ་འགྲེང་ཞིང་འོད་ཟེར་དང་བཅས་པར་གྱུར་པའི་འོད་ཟེར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཐམས་ཅད་དང་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་བསྡུས། སྔགས་ཕྲེང་མེ་ཏོག་དང་བཅས་པ་ལ་ཐིམ་པར་གྱུར་པར་བསམ་ལ་ཡེ་དྷརྨཱ་བརྒྱ་རྩ་སོགས་ཅི་འགྲུབ་བཟླས་ལ་མེ་ཏོག་བསྒྲུབ། དེ་ནས་ཡེ་དྷརྨ་བྲིས་པ་དེ་བུམ་པའི་ཆུས་བཀྲུས་པས་མེ་ཏོག་ལ་བྲན། བུམ་ཆུ་འདིའི་གསོལ་བཏབ་ཀྱི་སྐབས་ཀྱི་མེ་ཏོག་ལའང་བྲན་དགོས་པས། ལག་ལེན་གྱི་ཚེ་བུམ་པ་ལྷག་གནས་ཀྱི་རྗེས་སུ་བྱེད་དོ། དེ་ནས་སོ་སོ་ནས་མེ་ཏོག་ཕྲེང་བ་བཏེགས་ལ་ཀུན་གྱིས་བཟུང་བའམ་ཡང་ན་རེག་པར་བྱ་བའམ། མ་རེག་ཀྱང་རུང་སྟེ། རེག་པར་དམིགས་ལ། ཐམས་ཅད་ཀྱི་ལག་ཏུ་མེ་ཏོག་བཟུང་སྟེ་ཡེ་དྷརྨཱ་བརྗོད་པ་སྔོན་དུ་འགྲོ་བས། དཀྱིལ་འཁོར་སོ་སོ་དང་འབྲེལ་བའི་ཤིས་བརྗོད་རབ་ཡངས་མ་ལྟ་བུའམ་འཆི་མེད་ལམ་ཀུན་མ་ལྟ་བུ་སྐབས་སུ་གང་བབ་བྱས་ལ་རོལ་མོ་དང་བཅས་པའི་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །
གཉིས་པ་བརྟན་བཞུགས་ནི། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ་ཞེས་བརྗོད་པས་མེ་ཏོག་འཐོར་ཐལ་མོ་སྦྱར་ལ། སྡོམ་འབྱུང་ལས། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །ཞེས་པ་ནས། འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་པའི་བར་ལན་གསུམ་དང༌། ཕྱོགས་བཅུ་ན་བཞུགས་ཞེས་པ་ནས། བརྟན་པར་བཞུགས་སུ་གསོལ། ཞེས་པའི་བར་ལན་གསུམ་བྱ་སྟེ། རབ་གནས་ཀྱི་གཙོ་བོའོ། །བདེར་གཤེགས་ཀུན་བཟང་མཐོང་བའི། ཞེས་སོགས་བརྗོད་ལ། གསོལ་བ་བཏབ་ཅིང་ཡིག་བརྒྱ་ལན་བདུན་བཟླས་ཏེ། ལྷའི་ཐུགས་རྒྱུད་མཉེས་པར་བསམ་ལ། མགོན་པོ་བསྐལ་བ་ཇི་བཞིན་དུ། ནས། དོན་ཀུན་མཛོད་ཀྱི་བར་བརྗོད་ལ་ཤིས་པ་བརྗོད་གསོལ་བ་གདབ། དེ་ནས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་པ་ལྟ་བུའི་བསྟོད་པ་ཅི་རིགས་བྱས་ལ། ལྷག་ཆད་ཁ་བསྐང་པའི་ཡིག་བརྒྱ་བཟླས་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་དང༌། མ་རྙེད་ཅེས་སོགས་ཀྱིས་བཟོད་པར་གསོལ། རབ་གནས་ཀྱི་དངོས་གཞི་བརྗོད་ཟིན་ཏོ། གསུམ་པ་ཆོས་སྐྱོང་དང༌། ཡོན་བདག་བསྒོ་ཚུལ་ལ། ཆོས་སྐྱོང་བསྒོ་ཚུལ་ནི། རང་གི་ཆོས་སྐྱོང་དང༌། གནས་དེའི་ཡོན་བདག་གི་ཆོས་སྐྱོང་གང་ཡིན་དེའི་མངོན་རྟོགས་ལྟར་སྤྱན་དྲངས་ཏེ། བསྐང་གསོ་བཟླས་པ་དང་བཅས་རྒྱས་པར་བྱེད་པའམ། བསྡུས་པ་གང་རུང་བྱས། དེ་ནས་ཆོས་སྐྱོང་དེ་ལ་གཏོར་མ་བསྔོ། ཕྱོགས་སྐྱོང་དང༌། བདེ་མཆོག་ནས་འབྱུང་བ་ལྟར་འབྱུང་པོ་ཐམས་ཅད་པའི་གཏོར་མ་དང༌། གཞི་བདག་གི་གཏོར་མ་བཏང་ལ། ཆོས་སྐྱོང་སོ་སོའི་བསྟོད་པ་རྒྱས་བསྡུས་གང་རུང་དུས་སྐབས་དང་བསྟུན་པར་བཏང༌། འཕྲིན་ལས་བཅོལ་བའི་ཚེ་ཆོས་སྐྱོང་ལ་བཀའ་བསྒོ་བར་འདོད་ན། རྡོ་རྗེ་མགོར་བཞག་པར་དམིགས་ལ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །གལ་ཏེ་འདི་ལས་འདའ་གྱུར། །འཇིགས་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་དང༌། ཨོཾ་ས་མ་ཡ་མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང༌། མགོ་བོར་རྡོ་རྗེ་བཞག་པའི་ཚུལ་དུ་བྱས་ལ་དམ་ལ་བཞག་སྟེ་བཀའ་བསྒོ་བ་ནི། རང་ཡི་དམ་ལྷས་བཀའ་བསྒོས་པར་བསམ་པས། མེ་དང་ས་ཆུ་རླུང་རྣམས་ལས། །སྐུ་གཟུགས་ཡུན་རིང་བསྲུང་དུ་གསོལ། །ཡོན་བདག་འདི་ནི་དེ་སྲས་སོགས། །སློབ་མ་རྣམས་དང་བདག་ལ་ཡང༌། །ཀུན་ནས་ཞི་དང་རྒྱས་པ་དང༌། །རྟག་ཏུ་བཀྲ་ཤིས་མཛད་དུ་གསོལ། །མཆོད་ཚོགས་རྒྱ་མཚོས་དུས་ཀུན་ཏུ། །སྐུ་གཟུགས་འདི་དག་མཆོད་པར་མཛོད། །ཅེས་བརྗོད་ལ་བཀའ་བསྒོས་པས། ཆོས་སྐྱོང་རྣམས་ཀྱིས་དགྱེས་བཞིན་དུ་ཞལ་གྱིས་བཞེས་པར་བསམ་ན་ཁྱད་ཆེ་ལ། མི་སྤྲོ་བའམ་བྱེད་མི་འདོད་ན། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །ཞེས་སོགས་སྔགས་བཅས་ཀྱི་དམ་བཞག་དོར་ལ། མེ་དང་ས་ཆུ་ཞེས་པ་མན་ཆད་ཀྱིས་འཕྲིན་ལས་བཅོལ་བས་ཞལ་གྱིས་བཞེས་པར་བསམ་ནའང་ཤིན་ཏུ་རུང༌། ཡོན་བདག་བསྒོ་བ་ནི། དེ་དག་གི་མདུན་དུ་མཆོད་པ་ཚར་གཅིག་བཤམས་ལ། ཡོན་བདག་གྲལ་ལ་འཁོད་དུ་བཅུག །དེ་ནས། བཅོམ་ལྡན་འདས་ཀྱིས་དང་པོར་སེམས་བསྐྱེད། བར་དུ་ཚོགས་བསགས། མཐར་སངས་རྒྱས་ཚུལ་གྲུབ་མཐའ་གོང་འོག་སོ་སོའི་ལུགས་དང༌། མདོ་སྔགས་སོ་སོའི་ལུགས་ཀྱི་སངས་རྒྱས་ཚུལ་རྒྱས་བསྡུས་སྐབས་དང་བསྟུན་ནས་བཤད། ཁྱད་པར་དུ་སངས་རྒྱས་ནས་འཕགས་པ་ཡུལ་འཁོར་སྐྱོང་གི་མདོ་ལས་བཤད་པ་ལྟར་གདུལ་བྱའི་ཁམས་དང་བསམ་པ་སོགས་དང་མཐུན་པར་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་གསུང་བ་རྣམས་བརྗོད་བྱའི་སྒོ་ནས་སྡེ་སྣོད་གསུམ་དང༌། དྲང་ངེས་ཀྱི་མདོ་གཉིས་སོགས་དང༌། གསུང་ཚུལ་གྱི་ཁྱད་པར་དང༌། གསུང་ཡུལ་གྱི་གདུལ་བྱའི་ཁྱད་པར། སྐྱེས་རབས་སོགས་ཅི་རིགས་ཀྱི་སྒོ་ནས་གསུང་རབ་ཡན་ལག་བཅུ་གཉིས་དང་དགུར་དབྱེར་རུང་ཞིང༌། མདོ་སྔགས་གང་གི་ལུགས་ལའང་གདུལ་བྱའི་ཉོན་མོངས་ཀྱི་སྤྱོད་པའི་གཉེན་པོ་སྟོན་ཚུལ་གྱི་སྒོ་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འབྱེད་པ་གྲགས་ཆེ་ལ། དེ་ལྟར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡོད་པ་ལས། དེའི་ནང་ནས་རབ་དང་ཕུལ་དུ་གྱུར་པ་ནི་གསང་སྔགས་ཀྱི་སྐོར་ཡིན་ལ། གསང་སྔགས་ཀྱི་སྐོར་ནས་ཀྱང་གདུལ་བྱའི་ཚོགས་རྫོགས་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་མཐའ་ཡས་པ་བཤད་པ་ལས། འདི་ནི་རབ་གནས་ཞེས་བྱ་བ། ལྷ་ལ་དབང་བསྐུར་བ་དང༌། དམ་ཚིག་པ་ལ་ཡེ་ཤེས་པ་གཞུག་པ་དང༌། རྟེན་དམ་ཚིག་པ་ལ་ཡེ་ཤེས་པ་རིང་དུ་གནས་པར་བྱེད་པའི་ཆོ་ག་ཞེས་བྱ་བ་མིང་གི་རྣམ་གྲངས་མང་པོ་ཅན་དེའི་སྐབས་ཡིན་པས། དེ་རབ་ཏུ་གནས་པར་བྱེད་པ་ལ། སློབ་དཔོན། རྟེན། དུས། གནས་སོགས་ནས་ཆོ་གའི་ཕན་ཡོན་གྱི་བར་རྒྱས་བསྡུས་ཅི་རིགས་བཤད་ལ། ཁྱོད་ཀྱིས་ངེད་ལ་གང་གསོལ་བའི། །ཞེས་སོགས་དྲངས་ལ། ཞེས་གསུངས་པ་ལྟར་བྱེད་དགོས། དེ་ནས་དཀོན་མཆོག་ལ་མཆོད་པའི་ཕན་ཡོན་བརྗོད་ལ་དམིགས་རྣམ་བརྡའ་སྤྲད། དེས་ན། ངེད་རྣམས་ཀྱིས་བྱིན་གྱིས་བརླབས་ནས། དེ་ལྟ་བུའི་མཆོད་པ་དེར་གྱུར་སོང་སྙམ་པ་གྱིས། ཞེས་བརྗོད་ལ་བྱིན་རླབས་བྱ། དེ་ནས་སྤྲོ་ན་མཆོད་པ་རེ་རེ་ནས་དེ་དང་དེ་ཕུལ་བའི་ཕན་ཡོན་གྱི་ཤེས་བྱེད་སོ་སོ་ནས་འབུལ་དུ་གཞུག ཡང་ན་བསྡུས་ཏེ་མཆོད་པ་འདི་རེ་རེ་ཕུལ་བའི་ཚེའང་མཆོད་པ་དེས་ནམ་མཁའི་ཁྱོན་ཐམས་ཅད་གང་ཞིང་རྟེན་འདི་དག་གིས་གཙོ་བྱས་པའི་དུས་གསུམ་གྱི་དཀོན་མཆོག་གསུམ་དང༌། དེའི་རྟེན་ཐམས་ཅད་ལ་མཆོད་པའི་ཆར་འབེབས་པར་བསམ་པ་གྱིས། ཞེས་བརྗོད་ལ། དེ་ནས་དཀྱུས་གཅིག་ལ་དབྱངས་དང་བཅས་པའམ་སྔགས་ཅི་རིགས་ཀྱིས་འབུལ་དུ་བཅུག་པའམ། འབུལ་པར་མོས་སུ་གཞུག །དེ་ནས་མཆོད་པ་འདིས་མཚོན་པས་དུས་རྟག་ཏུ་མཆོད་པ་དང༌། ཁྱད་པར་དུ་ཞག་བདུན་དུ་མཆོད་པ་རྒྱུན་མི་འཆད་དུ་གྱིས། ཞེས་བརྗོད་དེ། དེ་ནས་སློབ་དཔོན་གྱིས་བཀྲ་ཤིས་ཀྱི་རྫས་རྣམས་བསངས་སྦྱངས་ནས་བྱིན་གྱིས་བརླབས་ལ། སྔོན་བཅོམ་ལྡན་འདས་ལ་ལྷ་དེ་དང་དེས་རྫས་དེ་དང་དེ་ཕུལ་ཏེ། དེ་བཞིན་གཤེགས་པའི་བགེགས་སོགས་དེ་དང་དེ་ཞི་བ་དང༌། མཐུ་སྟོབས་ཕུན་སུམ་ཚོགས་པ་སོགས་དེ་དང་དེ་འཕེལ་ཞིང་རྒྱས་པར་བཀྲ་ཤིས་པའི་རྫས་སུ་རང་རང་གི་ཚིག་བཅད་ལྷུག་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་པས། འདི་དག་མཐོང་བ་དང་རེག་པ་སོགས་ལ་དགེ་མཚན་གྱིས་བཀྲ་ཤིས་པ་དེ་དང་དེ་འབྱུང་བའི་རྫས་ཡིན་པས་ལྷ་ལ་འབུལ་བ་དང༌། རེག་པས་ཀྱང་བཀྲ་ཤིས་དང་དགེ་ལེགས་རྒྱ་ཆེན་པོ་འབྱུང་བར་བསམ་པ་གྱིས་ཞེས་བརྗོད་ལ། ཆོ་གའི་ཚིག་རིས་ལྟར་བརྗོད་ལ་བཀྲ་ཤིས་པའི་རྟེན་འབྲེལ་བསྒྲིགས། དགེ་བ་བསྔོ་བ་སྨོན་ལམ་གྱིས་རྒྱས་བདབ། ཡོན་བདག་རྣམས་རང་གནས་སུ་བཏང༌། དེ་ནས་ཆོ་གའི་མཇུག་ཆོ་ག་མཆོད་བསྟོད་བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་རྒྱས་པར་བྱའོ། །དེ་ལྟར་དམིགས་པ་ཕྱེད་པའི་སྒོ་ནས་རབ་ཏུ་གནས་པ་བྱས་ན་གནས་སྐབས་སུ་ཡུལ་ཁམས་སུ་བཀྲ་ཤིས་ཤིང་ལོ་ཕྱུགས་སོགས་ལེགས་ཤིང་རྟེན་དེ་དག་གར་གནས་སུའང་དགེ་མཚན་རྒྱ་ཆེན་པོ་འབྱུང་བར་མ་ཟད་མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་སྟེ་འགྲོ་བའི་རེ་བ་སྐོང་བ་ལ་རིན་པོ་ཆེའི་དབང་གི་རྒྱལ་པོ་ལྟ་བུར་བདེ་བླག་ཏུ་འགྱུར་རོ། །
སྨྲས་པ།
དགེ་མཚན་སྒོ་བརྒྱ་ཕྱེ་བཞིན་ཐུབ་དབང་ཞལ། །འཛུམ་ལྡན་དྲུག་ཅུའི་དབྱངས་ཀྱིས་ཡིད་ཅན་འགྲོར། །རང་རང་སྐལ་བར་མཚམས་པའི་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་ཕྱེ་བསྟན་འདིར་འབད་ཞུགས། །ཐུབ་བསྟན་སྒོ་བརྒྱ་གདེངས་ཡང་ཐོས་སོགས་ཀྱིས། །འཇུག་བློས་མིག་བྲལ་དེས་ཀྱང་རྟེན་བཞེངས་པར། །ཡེ་ཤེས་མངོན་སུམ་རབ་ཏུ་གནས་པ་ལྟར། །བྱས་པའི་རྣམ་དཀར་ནོར་བུས་བསམ་ཀུན་འགྲུབ། །དཔག་ཡས་བསོད་ནམས་རྩ་བ་རབ་བརྟན་པའི། །ཕན་བདེའི་མཁོ་དགུ་འཕྱུར་སྤུངས་དཔག་བསམ་ལྗོན། །ལུས་ཅན་རྣམ་སད་ཀུན་གྱི་དགའ་སྟོན་དུ། །ལྷག་བསམ་དག་པས་བསྐྲུན་འདི་དར་དྲག་ཤོག །དགེ་ཚོགས་བསམ་ཀླས་རི་མོ་མང་གཉེར་རྒྱུན། །སྐྱེ་དགུའི་ཉེར་འཚོར་ཉིན་མཚན་དུས་ཀུན་ཏུ། །ཆད་མེད་རྟག་འབབས་མཁའ་ཁྱབ་འགྲོ་རྒྱུད་ཞིང༌། །རབ་བརླན་ཕན་བདེའི་སྙེ་མ་གཡུར་ཟར་ཤོག །འགྲོ་བ་ཇི་སྲིད་གནས་པར་གྱུར་གྱི་བར། །ནམ་མཁའ་མཛོད་འཛིན་ཟབ་རྒྱས་ཆོས་ཀྱི་སྒོ། །འབྱེད་ལྡན་མངོན་ཤེས་ལྔ་ལྡན་སྤྱན་ཐོབ་ནས། །མཐོང་ཐོས་དྲན་རེག་རྫོགས་སངས་རྒྱས་གྱུར་ཅིག །ཅེས་རབ་གནས་ཀྱི་ཆོ་ག་ཀླགས་པས་དོན་གྲུབ་དགེ་ལེགས་ཀྱི་གཏེར་ཆེན་བཀྲ་ཤིས་རབ་རྒྱས་འདི་ཡང་སྔ་མོ་ནས་གསང་སྔགས་རབ་འབྱམས་སྨྲ་བ་ངག་དབང་རྒྱལ་མཚན་སོགས་དོན་གཉེར་ཅན་མང་པོས་བསྐུལ་ཞིང༌། སླད་ནས་གཞུང་ལུགས་རབ་འབྱམས་སྨྲ་བ་བསྟན་པ་ལྷུན་གྲུབ་ཀྱིས་བྱང་ཕྱོགས་ཧོར་གྱི་ཡུལ་གྲུབ་ཆེན་པོར་བླ་མ་དང་ཆོས་སྐྱོང་རིན་པོ་ཆེའི་བཀའ་སྤྱི་བོར་བླངས་ནས་བགྲོད་སྐབས་འདི་ལྟ་བུ་ཞིག་དགོས་ཞེས་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་ཀུན་མཁྱེན་བླ་མ་ཁྲི་རིན་པོ་ཆེ་ཡབ་སྲས་གཉིས་དང་རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིར་པ་གསང་ཆེན་རྒྱུད་སྡེའི་མངའ་བདག་སྲེ་རྡོ་རྗེ་འཆང་གི་ཕྱག་ལེན་མཐོང་བརྒྱུད་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པའི་དོན་མཐུན་པར་མདོར་བསྡུས་ཉུང་གསལ་དུ། མདོ་སྔགས་མང་དུ་ཐོས་པའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་ཨོ་ཌི་ཡ་ན་དང་མཚུངས་པའི་དཔལ་རི་བོ་དགེ་འཕེལ་གྱི་རི་རྩེར་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།། །།


previousརབ་གནས་ཀྱི་ཆོ་ག་དགེ་ལེགས་གཏེར་ཆེན།next