Nitartha Digital Library
Tibetan
ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྔོ་བ་སྨོན་ལམ་གྱི་སྐོར།


 
previousབསྔོ་བ་སྨོན་ལམ་གྱི་སྐོར།no next

བསྔོ་བ་སྨོན་ལམ་གྱི་སྐོར།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་འབུམ་ཁྲིགས་ཆགས་སུ་བསྡེབས་པ་ལས་བསྔོ་བ་སྨོན་ལམ་གྱི་སྐོར་བཞུགས་སོ། །
བླ་མ་རྣམས་དང་རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚལ་ལོ། །དགེ་འདུན་ཡོད་ན་མཐུན་འགྱུར་སྙན་གསན་ཕབ་ལ། །དགེ་འདུན་དང་འབྲེལ་མ་འབྲེལ་གང་ཡིན་ཀྱང༌། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་སྦྱིན་པའི་བདག་པོ་ཆེ་གེ་མོས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་དགོངས་སུ་གསོལ། བདག་ཅག་རྣམས་ཀྱིས་འདི་ལྟར་ཞིང་བསམ་པ་དངོས་པོ་རྣམ་པར་དག་པ་གསུམ་གྱི་སྒོ་ནས་དགེ་བའི་རྩ་བ་འདི་ལྟར་དུ་བསྐྲུན་པ་དང༌། རང་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་གཅིག་ཏུ་བསྡོམ་པའི་མཐུ་ལ་བརྟེན་ནས། ཀུན་མཁྱེན་རྒྱལ་བའི་བསྟན་པ་སྤྱི་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །རྡོ་རྗེའི་སྐུ་བརྙེས་ཀྱང་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་ཞི་བར་གཤེགས་པའི་ཚུལ་བསྟན་པ། སྟོན་པ་ཟས་གཙང་གི་སྲས་པོ་དེ་ཉིད་ནས་ཉེ་བར་བཟུང་སྟེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས། བསྟན་པའི་དཔལ་གྱུར་པདྨ་སམ་བྷ་ཝ་དང་དཔལ་ལྡན་ཞི་བ་འཚོ་ཡབ་སྲས། ལྗོངས་འདིར་བཀའ་དྲིན་ཟླ་མེད་པ་རྒྱལ་བློན་གོང་མ་རྣམས་དང༌། ལྔ་བརྒྱའི་གཙུག་རྒྱན་མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་ཞལ་སྔ་ནས་དང༌། འཕགས་པ་འཇིག་རྟེན་དབང་ཕྱུག་མིའི་གར་གྱི་རྣམ་པར་རོལ་པ་གངས་ཅན་རྒྱལ་བ་ཡོངས་ཀྱི་འབྱུང་གནས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། བསྟན་པའི་གསལ་བྱེད་རྔོག་ལེགས་པའི་ཤེས་རབ་སོགས་ལྷ་གཅིག་ཇོ་བོ་ཡབ་སྲས་རྣམས་དང༌། མཚོ་ལས་སྐྱེས་པའི་དགེ་སློང་དྲི་མ་མེད་པའི་རྣམ་འཕྲུལ་རྗེ་བཙུན་འཇམ་པའི་དབྱངས་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་དུས་གསུམ་རྒྱལ་བ་ཀུན་གྱི་རང་གཟུགས་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་ཞལ་སྔ་ནས་ཡབ་སྲས་རྣམས་དང༌། ཁྱད་པར་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་ཤེས་རབ་སེང་གེ། ཞྭ་སེར་རིང་ལུགས་དྲི་མ་མེད་པ་ས་ཐམས་ཅད་དུ་ཁྱབ་པར་མཛད་པ་གངས་ཅན་རྒྱལ་བ་བདུན་གྱི་ཐོག་མ་ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཡབ་སྲས་རྣམས་དང༌། མགྲིན་མཚོར་དབྱངས་ཅན་བྱེ་བའི་རྣམ་པར་རོལ་པ་སྐྱེ་དགུའི་རེ་བ་སྐོང་བའི་ཡིད་བཞིན་ནོར་བུ་འཕགས་པ་འཇིག་རྟེན་དབང་ཕྱུག་གངས་རིའི་མགོན་པོ་རྒྱལ་བ་དགེ་འདུན་རྒྱ་མཚོ། རྒྱལ་བ་ཀུན་གྱི་གསང་གསུམ་གཅིག་ཏུ་འདུས་པའི་ངོ་བོ་མཐོང་ཐོས་དྲན་རེག་གིས་འགྲོ་བ་མ་ལུས་པ་སྲིད་ཞིའི་བདེ་ལ་འགོད་པའི་རྣམ་འདྲེན་དམ་པ་སངས་རྒྱས་གཞན་གྱིས་གདུལ་བར་དཀའ་བའི་མཐའ་འཁོབ་མུན་པའི་གླིང་དུ་ལེགས་བྱས་ཀྱི་སྣང་བ་མི་ཟད་པ་འབྱིན་པའི་བསྟན་པའི་ཉི་མ་ཆེན་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་ངུར་སྨིག་གར་གྱིས་རྣམ་པར་རོལ་པ་གངས་ཅན་མགོན་པོ་རྒྱལ་བ་བསོད་ནམས་རྒྱ་མཚོ། མཁྱེན་བརྩེ་ནུས་པས་ནག་ཕྱོགས་བདུད་སྡེ་མིང་གི་ལྷག་མར་མཛད་ནས་ཞྭ་སེར་རིང་ལུགས་ཀྱིས་ས་ཀུན་ཁྱབ་མཛད་བདེ་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་ས་གསུམ་ན་གྲགས་པ། མཐོང་ཐོས་དྲན་རེག་གིས་སྐྱེ་དགུའི་དོན་གཉིས་གྲུབ་མཛད་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ངུར་སྨིག་གར་གྱིས་རྣམ་པར་རོལ་པ་གངས་ཅན་མགོན་པོ་རྒྱལ་བ་ཡོན་ཏན་རྒྱ་མཚོ། སྐྱེ་དགུ་མ་ལུས་པ་སྲིད་ཞིའི་བདེ་ལ་འགོད་པ་ལ་སྲིད་ཞིའི་ཁམས་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་མཁྱེན་བརྩེ་ནུས་པ་མཐའ་དག་གི་གཏེར་ཆེན་ལུང་རྟོགས་ཀྱི་བསྟན་པ་མ་ལུས་པ་གསལ་བར་བྱེད་པའི་བསྟན་པའི་བདག་པོ་རིགས་དང་དཀྱིལ་འཁོར་མ་ལུས་པ་སྤྲོ་བར་མཛད་པའི་ཁྱབ་བདག་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་རིན་པོ་ཆེ་འཇིག་རྟེན་དབང་ཕྱུག་ངུར་སྨིག་གར་གྱིས་རྣམ་པར་རོལ་པ་གངས་ཅན་མགོན་པོ་རྒྱལ་བ་ཐམས་ཅད་ཀྱི་བདག་པོ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའི་ཞལ་སྔ་ནས་དང༌། བསྟན་པའི་མངའ་བདག་ཆེན་པོ་རིགས་ལྡན་གྲགས་པའི་རྣམ་འཕྲུལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་དང༌། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བླ་མ་དམ་པ་ཆེ་གེ་མོའི་ཞལ་སྔ་ནས་ལ་སོགས་པའི་དཔལ་ལྡན་བླ་མ་དམ་པ་དགོངས་པ་ཆོས་དབྱིངས་སུ་ཞི་བར་གཤེགས་པའི་ཚུལ་བསྟན་པ་དེ་དག་གི་ཐུགས་ཟག་མེད་ཀྱི་དགོངས་པ་ཁྱད་པར་ཅན་དང་མཛད་ཕྲིན་བཟང་པོ་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ད་ལྟ་ཡང་བསྟན་པ་རིན་པོ་ཆེའི་དཔལ་དུ་བཞུགས་པ་སྤྱི་དང་ཁྱད་པར་རྒྱལ་བ་མ་ལུས་པ་གཅིག་ཏུ་བསྡུས་པའི་ངོ་བོ་ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལྷ་དང་མི་རྣམས་ཀྱི་གཙུག་རྒྱན་གཅིག་པུ་བ་མཐོང་བ་དང༌། ཐོས་པ་དང༌། ཞབས་སེན་ཡིད་བཞིན་ནོར་བུའི་འོད་ཟེར་དྲན་པ་དང༌། རེག་པས་ཀྱང་གནས་སྐབས་དང་མཐུར་ཐུག་གི་འགྲོ་དོན་མ་ལུས་པ་འགྲུབ་པར་བྱེད་པའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་བློ་བཟང་ཡེ་ཤེས་པའི་ཞལ་སྔ་ནས་ལ་སོགས་པའི་རང་ཅག་རྣམས་ལ་དམ་པ་ཆོས་ཀྱི་བཀའ་དྲིན་མཛད་པའི་དཔལ་ལྡན་བླ་མ་དམ་པ་བསྟན་པའི་དཔལ་དུ་ཞབས་སེན་རྡོ་རྗེའི་རང་བཞིན་དུ་བརྟན་པར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཐུགས་དམ་མཛད་འཕྲིན་རྣམས་ཀྱང་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དགེ་འདུན་གྱི་སྡེ་འདིས་མཚོན་པའི་ཕྱོགས་བཅུའི་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་སྒོ་ནས་ལམ་བསླབ་པ་གསུམ་གྱི་ཉམས་ལེན། ལུང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་འཆད་ཉན་ལ་སོགས་པའི་བཤད་སྒྲུབ་བསྟན་པའི་བྱ་བ་རྒྱ་ཆེན་པོ་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །སྦྱིན་བདག་ཆེ་གེ་ལ་སོགས་པའི་སྦྱིན་བདག་ཞི་བར་གཤེགས་པ་སྤྱི་དང༌། ཁྱད་པར་དུ་ཡངས་པའི་ས་ཆེན་པོ་ལ་གནས་པ་རྣམས་བདེ་བར་འགོད་པའི་ཕྱག་མཛོད་བསོད་ནམས་རབ་བརྟན། བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སོགས་བསྟན་པའི་སྦྱིན་བདག་ཞི་བར་གཤེགས་པ་རྣམས་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་སྟེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་མ་རྒྱས་པའི་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་དུ་མཐོང་ཞིང༌། དེའི་གསུང་གི་བདུད་རྩི་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །གཞན་ཡང་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་རྣམ་སྨིན་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་རྟེན་ཁྱད་པར་ཅན་ཐོབ་སྟེ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་བཅུ་ལྡན་སྒྲ་དབྱངས་སྲས་པོ་དང༌། རྒྱལ་སྲས་ནོར་བཟང་ལྟ་བུར་ཚུལ་བཞིན་དུ་བསྟེན་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་བརྟེན་ནས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། སྐྱབས་འགྲོ་ལས་འབྲས་སོགས་ཀྱི་ལག་ལེན་དྲི་མ་མེད་པ་རྣམས་བདེ་བླག་ཏུ་རྒྱུད་ལ་སྐྱེ་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །སྡུག་བདེན་གྱི་ཉེས་དམིགས་མཐོང་སྟེ་ཁམས་གསུམ་འཁོར་བ་མེའི་འོབས་ལྟ་བུ་ལ་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་སྐྱེས། ཀུན་འབྱུང་ལ་སྤོང་འདོད་ནད་ཀྱིས་ཉེན་པས་སྨན་འདོད་པ་ལྟ་བུ་བསྐྱེད་དེ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་བརྩོན་པ་ཤུགས་དྲག་པོས་ཞུགས་ཏེ་ལམ་གྱི་རིམ་པ་རྣམས་ཉམས་འོག་ཏུ་ཆུད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །རྒྱུ་འབྲས་མན་ངག་བདུན་དང༌། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་བས་བྱམས་པ་དང་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་ཁྱད་པར་བཞི་དང་ལྡན་པ་རྒྱུད་ལ་བསྐྱེད་ནས་ཐེག་ཆེན་གྱི་ལམ་གྱི་གཞུང་ཤིང་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རང་གཞན་གྱི་དོན་གཉིས་འགྲུབ་པའི་ཕན་ཡོན་ཁྱད་པར་ཅན་སྒྲུབ་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དེ་ནས་རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག །གཞན་རྒྱུད་སྨིན་བྱེད་བསྡུ་བའི་དངོས་པོ་བཞིའི་སྒོ་ནས། འཕགས་པ་ཀུན་ཏུ་བཟང་པོའི་མཛད་པ་ལྟར་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་ཚུལ་བཞིན་དུ་སློབ་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དེ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་ཏེ། དགེ་བའི་བཤེས་གཉེན་དེ་ཉིད་བཅུ་ཤེས་ཤིང་ཞི་དུལ་ལ་སོགས་པ་མཚན་ཉིད་དང་ལྡན་པ་ཞིག་བསམ་སྦྱོར་གཉིས་ཀྱི་སྒོ་ནས་མཉེས་པར་བྱས་ཏེ། རྒྱུད་སྡེ་ནས་བཤད་པའི་སྐུ་བཞིའི་ས་བོན་ཐེབས་ངེས་ཀྱི་དབང་རྣམ་པར་དག་པ་བསྐུར། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བས་སྨིན་བྱེད་ལམ་གྱི་རིམ་པ་མཐའ་དག་རྒྱུད་ལ་སྐྱེ་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །སྨིན་བྱེད་ཐ་མལ་གྱི་སྐྱེ་འཆི་བར་དོ་སྐུ་གསུམ་དུ་བསྒྱུར་བའི་ལམ་བསྐྱེད་རིམ་ཟབ་མོ་ལ་སྦྱངས་ཏེ། ཐ་མལ་གྱི་སྣང་ཞེན་དབྱིངས་སུ་དག་སྟེ་སྣོད་བཅུད་དག་པའི་རྟེན་དང་བརྟེན་པར་འཆར་བའི་ང་རྒྱལ་དང་གསལ་སྣང་འགྲོ་འདུག་སོགས་དང་བསྲེ་ནུས་པས་ཕྲ་རགས་ཐམས་ཅད་མཐར་ཕྱིན་ཏེ། ཞི་རྒྱས་དབང་དྲག་གི་འཕྲིན་ལས་བཞི་དང༌། གྲུབ་ཆེན་བརྒྱད་ལ་སོགས་པ་འབད་མེད་ལྷུན་གྲུབ་ཏུ་སྒྲུབ་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །གྲོལ་བྱེད་རྫོགས་པའི་རིམ་པ་ལུས་དབེན་གྱིས་སྐུ་རྡོ་རྗེ་སྦྱངས། ངག་དབེན་སྲོག་སྩོལ་གྱིས་སྙིང་ཀའི་རྩ་མདུད་རྫོགས་པར་གྲོལ་ཏེ་གསུང་རྡོ་རྗེ་སྦྱངས། སེམས་དབེན་ཕྱི་ནང་གི་ཐབས་མཁས་གཉིས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་ཐུགས་རྡོ་རྗེ་སྦྱངས། སྣང་གསུམ་རྣམ་པར་དག་པ་མངོན་དུ་བྱས་ཏེ། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཉེར་ལེན་དག་པ་དང་མ་དག་པའི་རྡོ་རྗེའི་སྐུ་ཐོབ་སྟེ་རྫོགས་པའི་རིམ་པ་མ་ལུས་པ་རྒྱུད་ལ་སྐྱེ་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །དེ་ལྟར་ལམ་བསྐྱེད་རྫོགས་ཀྱི་རྟོགས་པ་མ་ལུས་པ་རྒྱུད་ལ་སྐྱེས་ཏེ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་བྱས། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གདུལ་བྱ་གང་ཡོད་ཀྱི་སར་གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུའི་རྣམ་པ་བསྟན་ནས་མཁའ་ཁྱབ་ཀྱི་མར་གྱུར་སེམས་ཅན་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་བདེ་བླག་ཏུ་འགོད་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །སྦྱིན་པའི་བདག་པོ་ཞལ་དངོས་སུ་བཞུགས་པ་སྤྱི་དང༌། ཁྱད་པར་དུ་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་འཁོར་དང་བཅས་པ་རྣམས་དང༌། གཞན་ཡང་སྦྱིན་པའི་བདག་པོ་ཆེ་གེ་མོ་ལ་སོགས་པས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟན་པ་བསྟན་འཛིན་དང་བཅས་པ་ལ་གུས་མཆོད་ལྷུར་ལེན་པ་རྣམས་ཀྱི་སྐུ་ཚེ་བསོད་ནམས་འཁོར་དཔལ་འབྱོར་སྙན་གྲགས་ལ་སོགས་པ་མང་བཀུར་ཆབ་སྲིད་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེ་དག་ལ་ཉེར་འཚེའི་ཕ་རོལ་གྱི་བསམ་ངན་སྦྱོར་རྩུབ་མི་དང་མི་མ་ཡིན་པས་བྱས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །གཞན་ཡང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི། དམ་ཅན་ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། སྤྲུལ་པའི་ཆོས་རྒྱལ་ལ་སོགས་པའི་སྲུང་མ་ཁྱད་པར་ཅན་རྣམས་ཀྱིས་དེ་དག་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་འགལ་རྐྱེན་ཐམས་ཅད་སེལ་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པའི་གྲོགས་མཛད་པར་གྱུར་ཅིག །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པའི་དགོན་གནས་གཙུག་ལག་ཁང་ཡུལ་ཕྱོགས་འདི་དག་བསྲུང་ཞིང་སྐྱོང་བར་བྱེད་པའི་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་དང་བཅས་པ་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས་དཀར་ཕྱོགས་སྐྱོང་བའི་མཐུ་སྟོབས་གཟི་བརྗིད་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །མདོར་ན་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས། སྒྲིབ་གཉིས་སྦྱངས་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །འཇམ་དཔལ་དཔའ་བོ་སོགས་དང༌། ཕན་བདེའི་འབྱུང་གནས་སོགས། གངས་རིའི་རྭ་བ་སོགས། རྨད་བྱུང་སྲས་བཅས་སོགས་བྱ། བསྔོ་བ་རྒྱས་པའོ། །དགོངས་གསོལ་འདྲ། འདི་ལྟར་དུ་བསྐྲུན་པའི་དགེ་ཚོགས་རྣམས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །རྡོ་རྗེའི་སྐུ་བརྙེས་ཀྱང་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་དོན་དུ་ཞི་བར་གཤེགས་པའི་ཚུལ་བསྟན་པ་བསྟན་པའི་བདག་པོ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་ནས་ཉེ་བར་བཟུང་སྟེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་རྣམས་དང༌། བསྟན་པའི་རྩ་ལག་མཁན་ཆེན་ཞི་བ་འཚོ། ལྔ་བརྒྱའི་གཙུག་རྒྱན་མཉམ་མེད་ཇོ་བོ་ཡབ་སྲས། བསྟན་པའི་བདག་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་གཉིས་པ་ཡབ་སྲས་རྣམས་དང༌། འཇམ་དབྱངས་ཆོས་ཀྱི་རྗེ་བཀྲ་ཤིས་དཔལ་ལྡན་པ། མཐོང་ཐོས་དྲན་རེག་གི་འགྲོ་བ་སྨིན་གྲོལ་ལམ་ལ་འགོད་པའི་གངས་ཅན་མགོན་པོ་འཕགས་པ་སྤྱན་རས་གཟིགས་ཉིད་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་གོང་མ་རྣམས་པ་ལྔ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ། དྲིན་ཅན་རྩ་བའི་བླ་མ་ཆེ་གེ་མོ་ལ་སོགས་པའི་དཔལ་ལྡན་བླ་མ་སྐུ་ཟག་པ་མེད་པའི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་ཐམས་ཅད་ཀྱི་ཐུགས་ཀྱིས་བཞེད་པའི་མཛད་པ་རྒྱ་ཆེན་པོ་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ད་ལྟར་ཡང་བསྟན་པའི་དཔལ་དུ་ཞལ་བཞུགས་པ་སྤྱི་དང༌། ཁྱད་པར་ཡང་ཁམས་གསུམ་གྱི་བླ་མ། སྲིད་པ་གསུམ་གྱི་རྣམ་འདྲེན། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་རང་གཟུགས། འཕགས་པ་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་ཐམས་ཅད་མཁྱེན་དངོས་མཆོག་གི་སྤྲུལ་པའི་སྐུ་རྒྱལ་བའི་དབང་པོ་གོང་ས་རིན་པོ་ཆེའི་ཞལ་སྔ་ནས་དང༌། མཆོག་གི་སྤྲུལ་པའི་སྐུ་བློ་བཟང་ཡེ་ཤེས་ཀྱི་ཞལ་སྔ་ནས་དང༌། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་ཆེ་གེ་མོའི་ཞལ་སྔ་ནས་ལ་སོགས་པའི་དཔལ་ལྡན་བླ་མ་དམ་པ་བསྟན་པའི་དཔལ་དུ་ཞལ་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཐུགས་དམ་མཛད་འཕྲིན་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །བསྟན་པ་རིན་པོ་ཆེར་བཀུར་སྟི་བླ་ལྷག་ཏུ་བགྱིད་པའི་བསྟན་པའི་སྦྱིན་བདག་ཞི་བར་གཤེགས་པ་རྣམས་དང༌། ཆེ་གེ་དང་ཆེ་གེ་མོ་ལ་སོགས་པའི་སྦྱིན་བདག་ཚེ་ལས་འདས་པ་ཇི་སྙེད་ཅིག་ཡོད་པ་དེ་དག་གི་ཚེ་ཐོག་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །འདི་ལྟར་དུ་བསྐྲུན་པའི་དགེ་ཚོགས་རྣམས་དེ་དག་གི་ཕྱི་བཞིན་དུ་རྗེས་སུ་ཞུགས་ཏེ་འཁོར་བ་སྤྱི་དང༌། རིགས་དྲུག་སོ་སོའི་སྡུག་བསྔལ་དང་ཀུན་འབྱུང་གི་ཉེས་དམིགས་ཅི་ཡོད་པ་ལས་གྲོལ་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་མ་རྒྱས་པའི་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། དེ་དང་མཐུན་པའི་རྒྱལ་བའི་སྲས་པོ་ས་ཆེན་པོ་ལ་བཞུགས་པ་ལ་སོགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་དུས་རྟག་ཏུ་དགྱེས་བཞིན་དུ་རྗེས་སུ་འཛིན་པར་གྱུར་ཅིག །དེ་དག་གི་དགྱེས་བཞིན་དུ་རྗེས་སུ་བཟུང་སྟེ་སྒྲ་དབྱངས་སྲས་པོ་དང༌། ནོར་བཟང་བཞིན་དུ་བཤེས་གཉེན་དམ་པའི་གདམས་ངག་ཟབ་མོ་ལ་བསླབ་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་རྒྱུད་སྦྱངས། རྡོ་རྗེ་ཐེག་པའི་སྨིན་བྱེད་དབང་གི་སྒོར་ཞུགས། ལམ་རིམ་པ་གཉིས་ཆ་ལག་དང་བཅས་པ་མཐར་ཕྱིན་ཏེ་ཚེ་འདི་ཉིད་ལ་མཐོང་ཐོས་དྲན་རེག་གིས་སྐྱེ་འགྲོ་རྣམས་སྨིན་གྲོལ་ལམ་ལ་འགོད་ནུས་པའི་ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །བསྟན་པ་བསྟན་འཛིན་དང་བཅས་པ་བཀུར་སྟི་རིམ་གྲོ་སྲི་ཞུའི་སྒོ་ནས་བླ་ནས་བླར་འདེགས་པའི་བསྟན་པའི་སྦྱིན་བདག་སྤྱི་དང༌། ཁྱད་པར་དུ་མཆོད་ཡོན་ཉི་ཟླ་ཟུང་བློན་འབངས་འཁོར་དང་བཅས་པ་རྣམས་དང༌། སྦྱིན་པའི་བདག་པོ་ཆེ་གེ་མོ་ལ་སོགས་པ་རྣམས་ཀྱི་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེ་དག་ལ་གནོད་ཅིང་འཚེ་བར་བྱེད་པའི་མི་དང་མི་མ་ཡིན་པ་རྣམས་ཀྱི་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ལ་སོགས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྐད་ཅིག་ཀྱང་གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་པར་གྱུར་ཅིག །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པའི་གཞི་བདག་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱི་དཀར་ཕྱོགས་སྐྱོང་བའི་མཐུ་ནུས་ཐམས་ཅད་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །མདོར་ན་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་སྒྲིབ་གཉིས་སྦྱངས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །རྨད་བྱུང་སྲས་བཅས་སོགས་བྱ། འབྲིང་པོའོ། །ཤིན་ཏུ་བསྡུས་པ་ནི་དགོངས་གསོལ་སྔར་དང་འདྲ། འདི་ལྟར་དུ་བསྐྲུན་པའི་རང་གཞན་རྣམས་ཀྱིས་དུས་གསུམ་ན་བསགས་ཤིང་གཞི་གསུམ་དང་འབྲེལ་བའི་དགེ་ཚོགས་རྣམས་གཅིག་ཏུ་བསྡོམ་པའི་མཐུ་ལ་བརྟེན་ནས་སྦྱིན་པའི་བདག་པོ་ཚེ་ལས་འདས་པ་ཅི་སྙེད་ཅིག་ཡོད་པ་སྤྱི་དང༌། ཁྱད་པར་དུ་ཆེ་གེ་མོ་ལ་སོགས་པ་ལས་ངན་པའི་སྡིག་སྒྲིབ་བག་ཆགས་ཀྱི་དབང་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དང༌། དེའི་དབང་གིས་སྡུག་བསྔལ་མྱོང་འགྱུར་ཐམས་ཅད་བྱང་ཞིང་དག་སྟེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །གཞན་ཡང་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་མཉེས་པར་བྱས་ཏེ་ལམ་ཐུན་མོང་བས་རྒྱུད་སྦྱངས། ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་བྱས། དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་ལྟར་བསྲུང་ནས་གྲོལ་བྱེད་ཀྱི་ལམ་མཚན་བཅས་མཚན་མེད་དང་རིམ་གཉིས་སོགས་ལ་བརྟེན་ནས་ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་ནས་ཁ་སྦྱོར་ཡན་ལག་ །བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་སྐུར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སྦྱིན་པའི་བདག་པོ་ཚེ་དང་ལྡན་པ་རྣམས་ཀྱི་གནས་སྐབས་སུ་ནད་གནོད་པ་ཕྱི་ནང་གི་རྐྱེན་བར་ཆད་ཉེ་བར་ཞི་བར་གྱུར་ཅིག །ཚེ་བསོད་ནམས་དཔལ་འབྱོར་མངའ་ཐང་ལ་སོགས་པ་ལེགས་ཚོགས་ཐམས་ཅད་དབྱར་དུས་ཀྱི་ཆུ་བོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་ཀྱང་དེ་དག་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་གྲོགས་མཛད་པར་གྱུར་ཅིག །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པའི་ས་ཕྱོགས་དགོན་གནས་ཡུལ་འཁོར་འདི་དག་བསྲུང་ཞིང་སྐྱོང་བའི་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱི་དཀར་ཕྱོགས་སྐྱོང་བའི་མཐུ་སྟོབས་ནུས་པ་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག།།སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་སྒྲིབ་གཉིས་སྦྱངས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ལྷག་བསམ་རྣམ་པར་དག་པའི་སོགས་དང༌། ལེགས་བཤད་རི་མོ་བཀྲ་བའི་ལུང་གི་གོས། །སོགས་དང༌། སངས་རྒྱས་སྐུ་གསུམ་མཉེས་པའི་བྱིན་རླབས་དང༌། །སོགས་བྱ། ཞེས་བསྔོ་བའི་ཡི་གེ་ཐར་པར་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི་མཐུ་སྟོབས་ནུས་པའི་དབང་ཕྱུག་པད་གནུབ་ལྟ་བུའི་འདུས་གྲྭ་ཆེན་པོ་སྐུ་ཕྱོགས་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་པ་རྭ་ལོ་གཉིས་པ་ལྟ་བུའི་མཐུ་སྟོབས་ནུས་པའི་མངའ་བདག་ཕྱག་རྡོར་དབང་ཕྱུག་གིས་བཀའ་སྩལ་པ་ལྟར། མང་ཐོས་སྤོང་བ་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་མྱུར་བར་སུག་བྲིས་སུ་བྱས་པ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག། །


previousབསྔོ་བ་སྨོན་ལམ་གྱི་སྐོར།no next