cover

ཀཾ་ཚང་བཀའ་བརྒྱུད་ཀྱི་ཉེར་མཁོའི་ཆོ་ག་ཕྱོགས་བསྒྲིགས།

དིལ་ཡག་སྒྲུབ་དཔོན་རིན་པོ་ཆེས་ཕྱོགས་བསྒྲིགས་མཛད།

Nitartha Publications

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྡོ་རྗེ་རྣམ་འཇོམས།

རྡོ་རྗེ་རྣམ་འཇོམས་དང་རྣམ་རྒྱལ་བཞུགས་སོ། །ལོ་གྱོན་མའི་གཟུངས་ནི། ༀ་པི་ཤཱ་ཙི་པརྞ་ཤ་བ་རི་སརྦ་ཛྭ་ར་པྲ་ཤ་མ་ཎི་སྭཱ་ཧཱ། ཅི་འགྲུབ་བཟླ་མཐར་རྣམ་འཇོམས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། བཛྲ་བི་ད་ར་ཎ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོ་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ༀ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གྷཱུརྞ་གྷཱུརྞ། གྷཱུརྞཱ་པ་ཡ་གྷཱུརྞཱ་པ་ཡ། སརྦ་ས་ཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚ་ཀུཊྚ། སཾ་ཀུཊྚ་ཡ་སཾ་ཀུཊྚ་ཡ། སརྦ་ཤ་ཏྲཱུ་ན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ། སཾ་གྷ་ཊ་ཡ། སརྦ་བི་དྱཱི་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲཱ་ཡ་སྭཱ་ཧཱ། ཧེ་ཕུ་ལུ་ནི་རུ་ཕུལླུ། གྲྀ་ཧྣ་ཀུལླུ། མི་ལི་ཙུལླུ། ཀུ་རུ་ཀུལླུ། བཛྲ་བི་ཛཱ་ཡཱ་ཡ་སྭཱ་ཧཱ། ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ཎི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྲ་ཀི་ལི་ཀི་ལི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྜ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏི་སྠི་ར་བཛྲ། ཤྲུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱེ་ཧི་བཛྲ། ཤཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལ་མཱ་བརྟ་ཡ་སྭཱ་ཧཱ། གནོད་བྱེད་འབྱུང་པོ་གྲིབ་གདོན་མཱ་ར་ཡ་ཕཊ། ན་མཿས་མནྟ་བཛྲཱ་ཎཱཾ། སརྦ་བཛྲ་ཀུ་ལ་མཱ་བརྟ་ཡ། མ་ཧཱ་བ་ལེ། ཀ་ཏ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜལ་མཱ་ཡེ། ཨ་ཏི་བཛྲ་མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། ཏིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྲ་ཨཾ་ཀུ་ཤ་ཛྭ་ལཱ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ༀ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་བཟའ་ལ་སོགས་གཙེས་པ་དང་། །ཕན་ཚུན་མཐུན་པ་མ་ཡིན་དང་། །ནོར་འགྲིབ་པས་ནི་གནོད་པ་དང་། །མྱ་ངན་ངལ་དང་གནོད་པ་དང་། །འཇིགས་པ་དང་ནི་ཕོངས་པ་དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །དེས་ནི་རབ་བཀྲུས་གཙང་མ་ཡིན། །མདོ་སྡེ་དམ་པ་ཉན་པར་གྱིས། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོས་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱིས། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་ལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཉུང་ཀར་དུར་བ་དང་། །རིན་ཆེན་རྨ་མེད་ཙན་དན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང་། །ཆུ་ཡིས་གསེར་རབ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲཱི་ལཀྵྨཱི་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བའོ། །དུས་ཕྱིས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་རྒྱ་དཔེ་དག་པ་རྣམས་དང་། རྒྱ་འགྲེལ་བཟང་པོ་རྣམས་ཀྱི་འབྲུ་སྦྱོར་དང་མཐུན་པར་བཅོས་ཏེ་ཤིན་ཏུ་དག་པར་བགྱིས་པའོ། །སླར་ཡང་ལྷུན་པོ་སྒང་གི་ཕོ་བྲང་དུ་མི་ཟད་པར་གྱི་ཆོས་སྦྱིན་བསྒྲུབ་དུས་ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་སྐད་གཉིས་ཀྱི་ཚུལ་སྒྲའི་གཞུང་དང་། རྒྱ་དཔེ་དང་། སྐད་གསར་བཅད་ཀྱི་བརྡ་རྣམས་དང་བསྟུན་ནས་ཞུས་དག་ལེགས་པར་བགྱིས་པའོ། །

རྣམ་རྒྱལ་མ།

དེ་ནས། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ༀ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ། བུདྡྷཱ་ཡ་ཏེ་ན་མཿ ཏདྱ་ཐཱ། ༀ་བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨ་བྷི་ཥཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿ སུ་ག་ཏ་བ་ར་བ་ཙ་ན་ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿ ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུ་སྶཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝརྟ་ཡ་མ་མ་ཨཱ་ཡུར། བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏ། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ། བུདྡྷི་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མ་ཧཱ་བཛྲེ། སུ་བཛྲེ་བཛྲེ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལ་གརྦྷེ། བཛྲོདྦྷ་བེ། བཛྲ་སཾ་བྷ་བེ། བཛྲེ་བཛྲི་ཎི། བཛྲི་བྷ་བ་ཏུ་མ་མ་ཤ་རཱི་རཾ། སརྦ་ས་ཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུདྡྷེ་རྦྷ་བ་ཏུ། མེ་ས་དཱ་སརྦ་ག་ཏི་པ་རི་ཤུདྡྷེ་ཤྩ། སརྦ་ཏ་ཐཱ་ག་ཏཱ་ཤྩ། མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུ་དྷྱ་བུ་དྷྱ། སི་དྷྱ་སི་དྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟ་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟྲ་པཱ་དཻཿསྭཱ་ཧཱ། ༀ་བྷྲཱུྃ་སྭཱ་ཧཱ། ༀ་ཨ་མྲྀ་ཏ་ཨཱ་ཡུརྡ་དཻ་སྭཱ་ཧཱ། གང་ཞིག་བདེ་བར་གཤེགས་རྣམས་ཀྱི། །གཙུག་གཏོར་རབ་ཏུ་རྣམ་པར་རྒྱལ། །མཆོག་ཏུ་ཤིས་པར་མཛད་པ་ལ། །རྣམ་པ་ཀུན་ཏུ་བདག་ཕྱག་འཚལ། །ལྷ་གཅིག་ཁྱོད་ལ་གསོལ་བཏབ་མཐུས། །སངས་རྒྱས་བསྟན་པའི་མངའ་བདག་མཆོག །དཔལ་ལྡན་ཀརྨ་པ་ཆེན་པོའི། །ཕྲིན་ལས་ཕྱོགས་མཐར་ཁྱབ་གྱུར་ཅིག །རྒྱལ་དབང་མཆོག་གི་སྤྲུལ་པའི་སྐུ། །ནོངས་མེད་བརྟན་པའི་གནས་སྐབས་འདིར། །གདུལ་བྱའི་རྒྱུད་ཚོགས་དམ་ཆོས་ཀྱི། །སྣོད་བཟང་ལྡན་པ་ཁོ་ནར་ཤོག །གཤམ་གྱི་ཚིགས་བཅད་གཉིས་པོ་འདི་ཞྭ་དམར་པ་ལྔ་པས་མཛད་པའོ།། བདག་སོགས་རྣལ་འབྱོར་ཆོས་དང་མཐུན་པའི་ཚེ། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ནད་གདོན་བགེགས་ཚོགས་བར་དུ་གཅོད་པའི་ཚེ། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།། ༈ །།འདིའི་མ་དཔེ་ཀཾ་ཚང་ཆོས་སྤྱོད་རབ་གསལ་རུམ་བཏེག་པར་མ་ལྡེབ་གྲངས་༡༧༧ རྒྱབ་ངོས་ཡིག་ཕྲེང་༢ པ་ནས་ལྡེབ་གྲངས་༡༨༡ རྒྱབ་ངོས་ཡིག་ཕྲེང་༤ པའི་བར་དུབཞུགས་ཡོད་ཅིང་། མ་དཔེ་ལ་རྣམ་རྒྱལ་མ་སྔོན་དུ་ཡོད་ཀྱང་། འདིར་དེང་སང་ཕྱག་བཞེས་ལྟར་ལོ་གྱོན་མའི་གཟུངས་ནས་དབུ་བཟུང་ཏེ་བཀོད་པ་ཡིན་ནོ། །རྣམ་འཇོམས་ཀྱི་གཟུངས་སྐབས་༼གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ།༽མ་གཏོགས་༼ གྲིབ་གདོན་༽ཞེས་པའི་ཚིག་གཉིས་པོ་དེ་མ་དཔེའི་ནང་མི་གསལ་ཀྱང་། དཔེ་གཞན་པ་ཕལ་ཆེ་བར་འཁོད་འདུག་པས། ཆད་པ་མིན་ནམ་སྙམ་ཏེ་འདིར་ཡང་བཀོད་ཡོད་དོ། །སརྦ་མངྒ་ལཾ།། །།

གུ་རུའི་ཚིག་བདུན་གསོལ་འདེབས།

ན་མོགུ་རུ༔ གུ་རུ་པདྨའི་ཚིག་བདུན་གསོལ་འདེབས་བྱིན་རླབས་སྤྲིན་སྤུངས་དངོས་གྲུབ་ཆར་རྒྱུན་མྱུར་སྩོལ་ནི། གཏེར་ཞལ་ཕྱེ་དང་ཤོག་སེར་ཕབ༔ གཞན་ཡང་དུས་དང་རྣམ་པ་ཀུན༔ པད་འབྱུང་ཡིད་དང་མི་འབྲལ་ཞིང་༔ གསོལ་བ་རྩེ་གཅིག་འདི་ལྟར་བཏབ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ལན་གསུམ། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ཛ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ ལན་གསུམ་སོགས་ཀྱི་མཐར། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ བདག་ཅག་མོས་པའི་བུ་རྣམས་ལ༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་གསུང་གིས་བྱིན་གྱིས་རློབས༔ ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས༔ དབང་བཞི་བསྐུར་བར་བྱིན་གྱིས་རློབས༔ རྒྱུད་བཞི་དག་པར་བྱིན་གྱིས་རློབས༔ ལམ་བཞི་འབྱོངས་པར་བྱིན་གྱིས་རློབས༔ སྐུ་བཞི་ཐོབ་པར་བྱིན་གྱིས་རློབས༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ༀ༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྟག་རར་འགྲོ་དོན་ཕྱིན་པའི་སྐབས། །བང་རིར་གནས་འབྲེལ་ཞག་བདུན་རྗེས། །ལོ་ཏོག་ཕན་ཕྱིར་ཆར་སློང་སར། །སྟགརྗེ་ཆོས་སྐྱོང་རྒྱལ་པོ་ཡིས། །མོས་གུས་ལྷ་རྫས་བཅས་བསྐུལ་ངོར། །པདྨ་བདེ་ཆེན་གླིང་པ་ངས། །ཤོག་སེར་ངོས་ནས་དག་པར་མོས། །ཡིག་རིས་ཨུ་རྒྱན་གླིང་པས་བགྱིས། །གསོལ་འདེབས་རྒྱལ་པོ་འདིར་འབད་ན། །གནས་སྐབས་མཐར་ཐུག་དགེ་ཀུན་ཐོབ། །གནས་བཟང་བདེ་ཆེན་ཞིང་དུ་སྐྱེ། །ཞེས་ཀྱང་སྨྲས་སོ། །

གུ་རུའི་ཚིག་བདུན་གསོལ་འདེབས་བདེ་གླིང་ལྟར།

ན་མོགུ་རུ༔ གུ་རུ་པདྨའི་ཚིག་བདུན་གསོལ་འདེབས་བྱིན་རླབས་སྤྲིན་སྤུངས་དངོས་གྲུབ་ཆར་རྒྱུན་མྱུར་སྩོལ་ནི། གཏེར་ཞལ་ཕྱེ་དང་ཤོག་སེར་ཕབ༔ གཞན་ཡང་དུས་དང་རྣམ་པ་ཀུན༔ པད་འབྱུང་ཡིད་དང་མི་འབྲལ་ཞིང་༔ གསོལ་བ་རྩེ་གཅིག་འདི་ལྟར་བཏབ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སདྡྷི་ཧཱུྃ༔ ༈ སྐུ་གསུམ་གསོལ་འདེབས་ནི། ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཆོས་ཉིད་དུས་གསུམ་སྐྱེ་འགགས་མེད་པའི་ངང༔ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔ བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོན༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ༔ ཐུགས་རྗེ་ཆེན་པོ་འགྲོ་བའི་དོན་ལ་བྱོན༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་དུ༔ བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ༀ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ༈ ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང༔ སྟོན་པ་རྡོར་སེམས་བཅོམ་ལྡན་ཤཱཀྱའི་རྒྱལ༔ མགོན་པོ་ཚེ་དཔག་མེད་དང་སྤྱན་རས་གཟིགས༔ དབྱེར་མེད་པདྨ་དེ་ལ་གསོལ་བ་འདེབས༔ སྐུ་ཡི་བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད༔ གསུང་གི་བདག་ཉིད་དབང་ཆེན་རྟ་སྐད་འཚེར༔ ཐུགས་ཀྱི་བདག་ཉིད་ཡང་དག་ཧེ་རུ་ཀ༔ གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས༔ ཡོན་ཏན་ཟིལ་གནོན་ཆེ་མཆོག་ཧེ་རུ་ཀ༔ ཕྲིན་ལས་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ མ་མོ་མཁའ་འགྲོའི་གཙོ་བོ་མངོན་རྫོགས་རྒྱལ༔ དཔལ་ཆེན་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ སྐུ་ཡི་དབྱིངས་སུ་སྒྱུ་འཕྲུལ་ཞི་ཁྲོའི་ངང༔ གསུང་གི་གདངས་སྐད་ཡན་ལག་བཅུ་གཉིས་ལྡན༔ ཐུགས་ཀྱི་དགོངས་པ་ཟང་ཐལ་ཡོངས་ལ་ཁྱབ༔ མཁའ་འགྲོའི་གཙོ་བོ་རྗེ་ལ་གསོལ་བ་འདེབས༔ སྐུ་ཚབས་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད༔ བརྩེ་བའི་ཞལ་ཆེམས་བོད་འབངས་ཡོངས་ལ་བཞག༔ དྲིན་ཅན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ བཀའ་དྲིན་དྲན་ནོ་གུ་རུ་རིན་པོ་ཆེ༔ ཐུགས་དམ་ཞལ་བཞེས་དགོངས་པས་བཟུང་དུ་གསོལ༔ དུས་ངན་འདི་ལ་རེ་ལྟོས་གཞན་མ་མཆིས༔ ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་སྤྲུལ་པའི་སྐུ༔ མཐུ་རྩལ་ནུས་པས་དུས་ངན་གཡོ་འཁྲུག་བཟློག༔ བྱིན་རླབས་ཡེ་ཤེས་དབང་ཆེན་བསྐུར་དུ་གསོལ༔ ཉམས་དང་རྟོགས་པའི་རྩལ་ཤུགས་རྒྱས་པ་དང༔ བསྟན་འགྲོར་ཕན་པའི་མཐུ་རྩལ་རབ་ལྡན་ཅིང༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ མཆོག་གླིང་གཏེར་བྱོན་གུ་རུའི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས་ཁོལ་དུ་ཕྱུང་པའོ། ༈ །དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པ་ནས་སྤྱན་དྲངས་པའོ། ༈ །རྒྱལ་ཀུན་བསྐྱེད་ཡུམ་ཆོས་དབྱིངས་ཀུན་བཟང་མོ། །བོད་འབངས་སྐྱོབས་པའི་མ་གཅིག་དྲིན་མོ་ཆེ། །དངོས་གྲུབ་མཆོག་སྩོལ་བདེ་ཆེན་མཁའ་འགྲོའི་གཙོ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བླ་མའི་སྐུ་ཚེ་བརྟན་པར་བྱིན་གྱིས་རློབས། །ནད་མུག་མཚོན་སྐལ་ཞི་བར་བྱིན་གྱིས་རློབས། །བྱད་ཕུར་རྦོད་གཏོང་ཞི་བར་བྱིན་གྱིས་རློབས། །ཚེ་དཔལ་ཤེས་རབ་རྒྱས་པར་བྱིན་གྱིས་རློབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཅེས་པ་འདིའང་ཡེ་ཤེས་མཁའ་འགྲོས་བསྐྱངས་པའི་བུ་མཁའ་ཁྱབ་རྡོ་རྗེས་བྲིས་པ་དགེ་ལེགས་འཕེལ།

གནས་བརྟན་ཕྱག་མཆོད།

གནས་བརྟན་ཕྱག་མཆོད་དང་འབྲེལ་བར་ཆོ་ག་མདོར་བསྡུས་བྱ་ཚུལ་བཞུགས།།

ༀ་སྭསྟི། པན་ཆེན་ཤཱཀྱ་ཤྲཱིས་མཛད་པར་གྲགས་པའི་གནས་བརྟན་ཕྱག་མཆོད་དང་འབྲེལ་བར་ཆོ་ག་མདོར་བསྡུས་ཙམ་བྱ་ཚུལ་གྱི་ངག་དོན་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཆེན་ཞིང་གི་བཀོད་པའི་དབུས། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རིན་ཆེན་སེང་ཁྲི་པད་ཟླའི་གདན་མཆོག་དང་། །དངོས་བཤམས་གཟུངས་རིགས་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་སྔགས་ལན་གསུམ་རོལ་མོ་བཅས་བྱ། སྤོས་བཏུལ་ཞིང་གདངས་དང་བཅས། ལག་མཐིལ་ལྟར་མཉམ་རིན་ཆེན་གྱིས་སྤྲད་པ། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམས་ཤིང་། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པ། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །ཡོན་སྦྱོང་མཆོད་པའི་གནས་སུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་སོ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཅན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་ཅན་འཛིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །དགྲ་བཅོམ་གནས་བརྟན་ཆེན་པོ་དེ་དག་ནི། །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་པ། །ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་བཞུགས། །བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་སྲུང་། །རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ། །གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་པོ། །དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་བརྟན་པ། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་ཞིང་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །རོལ་མོ་བཅས་སྤྱན་དྲངས། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་གསུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །དེ་ནས། མཚུངས་མེད་ལྟ་བས་མི་ངོམས་ཤིང་། །གསེར་གྱི་མདོག་ཅན་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ས་གནོན་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །གངས་རི་ཆེན་པོ་ཏི་སེ་ལ། །འཕགས་པའི་གནས་བརྟན་ཡན་ལག་འབྱུང་། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །དྲང་སྲོང་རི་ཡི་ཤེལ་ནགས་ན། །འཕགས་པའི་གནས་བརྟན་མི་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ལོ་མ་བདུན་པའི་རི་ཕུག་ན། །འཕགས་པའི་གནས་བརྟན་ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིག་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །འཛམ་བུ་གླིང་གི་ཟངས་གླིང་ན། །འཕགས་པའི་གནས་བརྟན་དུས་ལྡན་ནི། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །གསེར་གྱི་རྣ་ཀོར་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །སིངྒ་ལ་ཡི་གླིང་ན་ནི། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་ཆེན་པོ་སྟོང་གིས་བསྐོར། །སྡིག་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཆུ་བོ་ཡ་མུ་ན་གླིང་ན། །འཕགས་པའི་གནས་བརྟན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །ཆོས་འཆད་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །གནས་མཆོག་ཁ་ཆེའི་ཡུལ་ན་ནི། །འཕགས་པའི་གནས་བརྟན་གསེར་བེའུ། །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། ནུབ་ཀྱི་བ་གླང་སྤྱོད་ན་ནི། །བྷ་ར་དྷྭ་ཛ་གསེར་ཅན་ལ། །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པའི་གནས་བརྟན་བ་ཀུ་ལ། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཕྱག་གཉིས་ནེའུ་ལེ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །པྲི་ཡང་ཀུ་ཡི་གླིང་ན་ནི། །འཕགས་པའི་གནས་བརྟན་སྒྲ་ཅན་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བྱ་རྒོད་ཕུང་པོའི་རི་བོ་ལ། །འཕགས་པའི་གནས་བརྟན་ལམ་ཕྲན་བསྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཤར་གྱི་ལུས་འཕགས་གླིང་ན་ནི། །བྷ་ར་དྷྭ་ཛ་བསོད་སྙོམ་ལེན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། ལྷ་གནས་སུམ་ཅུ་རྩ་གསུམ་ན། །འཕགས་པའི་གནས་བརྟན་ལམ་བསྟན་ནི། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཆོས་འཆད་གླེགས་བམ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་ངོས་ཡངས་ལ། །འཕགས་པའི་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །བུམ་པ་མཁར་གསིལ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་བྷེ་ཧུ་ལར། །འཕགས་པའི་གནས་བརྟན་སྦེད་བྱེད་ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་གངས་ཅན་ལ། །འཕགས་པའི་གནས་བརྟན་མི་ཕྱེད་པ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །བྱང་ཆུབ་མཆོད་རྟེན་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །འཕགས་པའི་དགེ་བསྙེན་དྷརྨ་ཏ། །རལ་པ་ཐོད་བཅིངས་གླེགས་བམ་ཁུར། །སྣང་མཐའ་མདུན་གྱི་མཁའ་ལ་གཟིགས། །རྔ་ཡབ་བུམ་པ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བརྩོན་པའི་གོ་བགོས་མཐུ་སྟོབས་ཅན། །སངས་རྒྱས་བསྟན་པ་ལེགས་བསྲུང་བ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །ཞེས་ཚར་གསུམ་སོགས་ཅི་ནུས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པའི་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་དྷ་ན་བཛྲེ་སྭཱ་ཧཱ། སྔགས་དང་རོལ་མོ་བཅས་བྱ། སྤྲོ་ན་མཎྜལ་ཅི་ནུས་དབུལ། ༀ་བཛྲ་ས ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ུཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿ ཀུ་རུ་ཧཱུྃ ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿ ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་འཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ་རི་ཡི་རྒྱལ་པོ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་དེ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེར་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །གཟུངས་བཟླ་བར་སྤྲོ་ན། ཐུབ་དབང་འཁོར་བཅས་ཀྱི་མཚན་ནས་བོས་ཏེ་ཐུགས་དམ་བསྐུལ་བར་བསམས་པས་མོས་གུས་རྩེ་གཅིག་པས། ཏ དྱ་ཐཱ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་དུ་བསྟན་པ་སྐྱོང་མཛད་པ། །དཀོན་མཆོག་གསུམ་དངོས་གནས་བརྟན་བཅུ་དྲུག་གིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་གནས་བརྟན་བཅུ་དྲུག་གིས། །འཁོར་ཚོགས་སྲིད་མཚོ་ལས་བརྒལ་ཉོན་མོངས་མེད། །ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །སེམས་ཅན་ཀུན་གྱི་བསོད་གྱུར་དགྲ་བཅོམ་པ། །རིག་དང་ཞབས་ལྡན་སྐྱེ་དགུའི་སྦྱིན་གནས་ཆེ། །འཕགས་པའི་གང་ཟག་ཆེན་པོ་ཁྱེད་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །བདག་གཞན་དགེ་བའི་རྩ་བ་འདི་ཡིས་ནི། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཞིང་། །སྡུག་བསྔལ་ཀུན་འབྱུང་མ་ལུས་རབ་སྤངས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག །བསོད་ནམས་རྒྱ་མཚོ་ཡོངས་སུ་རྫོགས་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ནས། །སྨོན་ལམ་རྒྱ་མཚོ་མ་ལུས་ཡོངས་རྫོགས་ནས། །ལུས་ཅན་ཀུན་ལ་ཁྱད་པར་འཕགས་པར་ཤོག །ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི། །ཕྲིན་ལས་བསྒྲུབ་ཅིང་ཡོན་ཏན་རྣམ་དབྱེར་མེད། །སྐལ་པ་མཉམ་པའི་གདུལ་བྱ་སྨིན་མཛད་པ། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་དུ་སྲིད་པ་ཇི་སྲིད་བར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ཟབ་ཅིང་རྒྱ་ཆེའི་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ཡི་བཀྲ་ཤིས་ཤོག །ཕན་བདེ་འབྱུང་བའི་གནས་གཅིག་པོ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །སྐུ་ཚེའི་རྒྱལ་མཚན་བསྟན་གྱུར་ཅིག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་བུ་སློབ་དགེ་འདུན་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་ཅི་རིགས་བརྗོད་མཐར་རོལ་མོ་བྱའོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ །སརྦ་མངྒ་ལཾ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ་པོད། ༼ཇ༽ པའི་ནང་དུ་བཞུགས།།

ཟབ་ཏིག་སྒྲོལ་མ་ཚོགས་མཆོད་དང་བཅས་པ།

དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས། མཎྜལ་ཆོ་ག་ཚོགས་གཉིས་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་ཨཱཪྱ་ཏ་རཱ་ཡཻ། །དུས་གསུམ་འདྲེན་པ་སྲས་བཅས་ལས། །ཐུགས་བསྐྱེད་ཕྲིན་ལས་ཕུལ་བྱུང་བ། །ཡུམ་གྱུར་སྒྲོལ་མ་ལ་བཏུད་ནས། །བྱ་སྤྱོད་དང་མཐུན་ཉམས་ལེན་བཤད། །དེའང་ཟབ་ཏིག་འདི་ཉམས་ལེན་ཡང་ཟབ་སྙིང་པོ་བསྡུས་པ་ཡིན་པས་སྤྲོས་བཅས་མང་དུ་མི་དགོས་ཀྱང་། ཅུང་ཟད་སྤྲོས་པ་དང་རྒྱུན་ཁྱེར་དུ་བྱ་བ་སྟེ་རྒྱས་བསྡུས་གཉིས་ལས། དང་པོ་ནི། རྗེ་བཙུན་སྒྲོལ་མའི་སྐུ་བརྙན་བྲིས་འབུར་སོགས་དཀོན་མཆོག་གི་རྟེན་གང་འཛོམ་གྱི་མདུན་དུ། སྟེགས་བུ་གཙང་མར་ཆུ་གཉིས་ཉེར་སྤྱོད། དཀར་ཟླུམ། བསང་ཆུ། མཆོད་པའི་མཎྜལ། འཐོར་ནས་སོགས་འདུ་བྱ། འགྲུབ་ན་ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་དང་ལྡན་པ་བྱ་ཞིང་། མི་ལྕོགས་ན་ཤ་ཆང་མ་འབགས་པའི་སྔ་དྲོའི་ཆ་ལྟ་བུར་སྲིད་ལས་ངེས་པར་འབྱུང་བ་དང་། བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ལྡན་པས་སྐྱབས་སེམས་ནི། མདུན་གྱི་ནམ་མཁར་རྗེ་བཙུན་མ་མངོན་སུམ་བཞུགས་པར་མོས་ལ། ན་མོ། དཀོན་མཆོག་ཀུན་དངོས་རྗེ་བཙུན་མར། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །བྱང་ཆུབ་སྨོན་པའི་སེམས་བསྐྱེད་ནས། །ཟབ་མོའི་ལམ་ལ་འཇུག་པར་བགྱི། །ཚོགས་བསགས་ནི། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག ། ཅེས་པའི་བར་བརྗོད། མཆོད་པ་བྱིན་རླབས་ནི། ༀ་བཛྲ་ཨམྲྀ་ཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་སོགས་ཀྱིས་བསང་སྦྱངས། གནས་ཡུལ་པདྨོ་བཀོད་པའི་ཞིང་། །དབྱིབས་དང་རྒྱན་བཀོད་ཚད་མེད་པར། །ལྷ་རྫས་ཏིང་འཛིན་ལས་གྲུབ་པའི། །མཆོད་རྫས་བསམ་མི་ཁྱབ་པར་གྱུར། །ༀ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། ༀ་བཛྲ་སྥ་ར་ཎ་ཁཾ། དེ་ནས་ཐོག་མར་དཀོན་མཆོག་སྤྱི་ལ་ཕྱག་མཆོད་འབུལ་བ་ནི། ཕྱོགས་བཅུ་དུས་བཞིའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱི འོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཅེས་ཡན་ལག་བདུན་པ་དང་། ༀ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་འཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ༀ་གུ་རུ་དེ་ཝ་དྷཱ་ཀི་ནཱི་སརྦ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་མཎྜལ་ཕུལ། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྲུང་ནོར་ལྷ་གཏེར་གྱི་བདག༔ ཡེ་ཤེས་གཅིག་གི་ངོ་བོ་ལས༔ རང་བཞིན་མ་འགགས་ཅིར་ཡང་སྟོན༔ ཐུགས་རྗེ་ཕྲིན་ལས་རྨད་པོ་ཆེ༔ འགྲོ་ཀུན་སྐྱབས་དང་མགོན་གྱུར་པ༔ མཁྱེན་བརྩེའི་བདག་ཉིད་ཁྱེད་རྣམས་ལ༔ ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྟག་ཏུ་ཐུགས་རྗེས་བསྐྱབ་མཛད་གསོལ༔ ནད་དང་གནོད་པ་ཞི་བ་དང་༔ ཚེ་དང་བསོད་ནམས་འཕེལ་བ་དང་༔ བསམ་པའི་དོན་རྣམས་མ་ལུས་ཀུན༔ ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས༔ ཞེས་འདོད་དོན་གསོལ། དེ་ནས་བྱེ་བྲག་རྗེ་བཙུན་མ་ལ་མཆོད་པ་ལན་གསུམ་འབུལ་ཞིང་བསྟོད་པའི་རྒྱུད་འདོན་པ་ནི། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྗེ་བཙུན་འཕགས་མའི་སྐུར་གསལ་བའི༔ ཐུགས་ཀར་ཟླ་སྟེང་ཏཱྃ་ལྗང་གུ༔ དེ་ལས་འོད་ཟེར་དཔག་ཡས་འཕྲོས༔ འཕགས་མ་རྣམ་འཕྲུལ་ཉེར་གཅིག་དང༔ དཀོན་མཆོག་རྒྱ་མཚོའི་སྤྲིན་འཕྲོ་བ༔ མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔ ཏཱྃ༔ སྐྱེ་མེད་འོད་གསལ་ཆོས་སྐུའི་དབྱིངས༔ འགགས་མེད་འཕགས་མའི་ཡེ་ཤེས་སྐུར༔ གང་འདུལ་སྒྱུ་འཕྲུལ་དྲྭ་བར་ཤར༔ ཚུར་གཤེགས་ཨཱ ཪྱ་ཏཱ་རེ་ཛ༔ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ། ༀ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ འཕགས་མ་སྒྲོལ་མ་འཁོར་བཅས་མཆོད༔ ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སྤྱན་དྲངས་ཤིང་མཆོད་པ་སྤྱིར་འབུལ། ༀ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང་༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཱུཛ་ཧོཿ ཞེས་མཎྜལ་བྱེ་བྲག་ཏུ་ཕུལ་ནས། བསྟོད་པའི་རྒྱལ་པོའི་རྒྱུད། ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཕྱག་འཚལ་ལོ། །ཕྱག་འཚལ་ཏཱ་རེ་མྱུར་མ་དཔའ་མོ། །ཏུཏྟཱ་རེ་ཡིས་འཇིགས་པ་སེལ་མ། །ཏུ་རེས་དོན་ཀུན་སྦྱིན་པའི་སྒྲོལ་མ། །སྭཱ་ཧཱའི་ཡི་གེ་ཁྱོད་ལ་འདུད་དོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བ རྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱིས་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བས་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་ནི་མཛད་མ། །ཕྱག་འཚལ་བསྐལ་པ་མཐའ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ༀ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཅེས་ཚར་གཉིས་བརྗོད། སླར་ཡང་། ༀ་དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ འཕགས་མ་སྒྲོལ་མ་འཁོར་བཅས་མཆོད༔ ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ༀ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཱུཛ་ཧོཿ ཞེས་མཆོད་པ་དང་མཎྜལ་གོང་ལྟར་ཕུལ་ནས། ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཉིད༔ སྐྱབས་སྦྱིན་ཕྱག་རྒྱར་གྱུར་པའི་འོག༔ བདག་དང་བསྲུང་བྱ་ཀུན་ཚུད་ནས༔ འཇིགས་པ་ཀུན་ལས་དབུགས་དབྱུང་གྱུར༔ ཅེས་མོས་ལ་ཕྱག་འཚལ་ཉེར་གཅིག་ཚར་གསུམ་བརྗོད། ཡང་མཆོད་པ་དང་མཎྜལ་ཕུལ་ལ། སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ རང་དང་བསྲུང་བྱའི་སྤྱི་བོ་ནས༔ ཞུགས་ཏེ་ལུས་ཀུན་གང་བ་ཡིས༔ བྱིན་རླབས་མ་ལུས་ཞུགས་པར་གྱུར༔ ཅེས་མོས་ལ་ཕྱག་འཚལ་ཉེར་གཅིག་ཚར་བདུན་ཕན་ཡོན་བཅས་བརྗོད། གཏོར་མ་ཨམྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་ༀ་ཡིག་ལས༔ རིན་ཆེན་སྣོད་མཆོག་ཡངས་པའི་ནང་༔ འབྲུ་གསུམ་ལས་བྱུང་གཏོར་མ་ནི༔ ཟག་མེད་ཡེ་ཤེས་བདུད་རྩིར་གྱུར༔ ༀ་ཨཱཿཧཱུྃ༔ ལན་གསུམ། ༀ་ཨཱཪྱ་ཏཱ་རེ་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཙོ་མོ་དང་། ཨ་ཀཱ་རོ་ལན་གསུམ་གྱིས་མགྲོན་ཐབས་རྣམས་ལ་ཕུལ། ༀ༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ཡེ་ཤེས་ཆེན་པོས་རྗེས་དགོངས་ལ༔ བདེ་བ་ཆེན་པོར་བཞེས་ནས་ཀྱང༔ དངོས་གྲུབ་མ་ལུས་སྩལ་དུ་གསོལ༔ ཞེས་འདོད་དོན་གསོལ། ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་སྔགས་ཙམ་གྱིས་མཆོད། ༀ༔ སྣང་བ་མཐའ་ཡས་པདྨའི་རིགས༔ འཇིག་རྟེན་དབང་ཕྱུག་ཞལ་ལས་བྱུང༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ བསྟོད་པར་འོས་པ་སོགས་ཀྱིས་བསྟོད། ཐལ་མོ་སྦྱར་ལ། རྗེ་བཙུན་འཕགས་མ་འཁོར་དང་བཅས། །དམིགས་མེད་ཐུགས་རྗེས་བརྩེར་དགོངས་ལ། །བདག་གིས་ཇི་ལྟར་གསོལ་བའི་དོན། །གེགས་མེད་འགྲུབ་པར་བྱིན་གྱིས་རློབས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་ཐུགས་མཐུན་ཞབས་པད་བརྟན། །ཉེར་འཚེའི་བར་ཆད་ཀུན་ཞི་ཞིང་། །བཤད་སྒྲུབ་ཕྲིན་ལས་འཕེལ་བར་མཛོད། །ནད་མུག་འཁྲུགས་རྩོད་ཞི་བ་དང་། །ཆོས་ལྡན་དཔལ་འབྱོར་གོང་དུ་འཕེལ། །ཆོས་སྐྱོང་རྒྱལ་པོའི་མངའ་ཐང་རྒྱས། །རྒྱལ་ཁམས་མཐའ་དབུས་བདེ་བར་མཛོད། །འཇིགས་པ་བཅུ་དྲུག་དུས་མིན་འཆི། །རྨི་ལམ་མཚན་ལྟས་ངན་པ་དང་། །འཁོར་བ་ངན་སོང་སྡུག་བསྔལ་སོགས། །གནས་སྐབས་མཐར་ཐུགས་འཇིགས་ལས་སྐྱོབས། །ཚེ་བསོད་དབང་ཐང་ཉམས་རྟོགས་འཕེལ། །མི་དགེའི་རྟོག་པ་མི་འབྱུང་ཞིང་། །བྱང་ཆུབ་སེམས་གཉིས་རྩོལ་མེད་སྐྱེས། །བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །འདི་ནས་བྱང་ཆུབ་སྙིང་པོའི་བར། །བུ་གཅིག་པོ་ལ་མ་བཞིན་དུ། །འབྲལ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཉིད་དང་དབྱེར་མེད་མཛད་དུ་གསོལ། །ཅེས་འདོད་པའི་དོན་ལ་གསོལ་བ་ཁྱད་པར་དུ་བཏབ་ཅིང་ཐུགས་དམ་བསྐུལ་བས། མདུན་བསྐྱེད་འོད་ཞུ་རང་ལ་ཐིམ༔ དབྱེར་མེད་ཉིད་དུ་བྱིན་བརླབས་པས༔ རང་ཉིད་འཕགས་མ་སྒྲོལ་མའི་སྐུ། །སྣང་ལ་རང་བཞིན་མེད་པར་གྱུར། །ཅེས་རང་ཉིད་འཕགས་མའི་གསལ་སྣང་དང་ང་རྒྱལ་ལ་སེམས་བཟུང་སྟེ་ཡི་གེ་བཅུ་པའི་བཟླས་པ་ཅི་འགྲུབ་མཐར། ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པའི། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཅེས་བརྗོད་ལ་ནོངས་པ་བཤགས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ བརྗོད་ལ་མགྲོན་ཐབས་ཀྱི་ལྷ་རྣམས་གཤེགས། ལྷ་དང་རང་སེམས་དབྱེར་མེད་པ༔ ཆོས་དབྱིངས་གཉུག་མའི་ངང་དུ་བཞག༔ ཅེས་གནས་ལུགས་ཀྱི་ལྟ་བ་བསྐྱངས། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས། །སོགས་ཀྱིས་བསྔོ་སྨོན་བྱ། ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར། །བསམ་པའི་དོན་ཀུན་ཐོགས་མེད་སྩོལ་མཛད་པ། །རྗེ་བཙུན་སྒྲོལ་མ་རྒྱལ་བ་སྲས་བཅས་ཀྱིས། །མི་འབྲལ་ཐུགས་རྗེས་སྐྱོང་བའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་ལ་མེ་ཏོག་འཐོར་རོ། །གཉིས་པ་རྒྱུན་ཁྱེར་དུ་བྱ་བའི་ཚེ། འཕགས་མའི་རྟེན་འཛོམས་ན་ལེགས། མ་འཛོམས་ན་ཡིད་ཀྱིས་བསྒོམས་པས་འཐུས། མཎྜལ་དང་མཆོད་པ་བཤམས་ལ། གོང་དུ་སྨོས་པའི་མདུན་གྱི་ནམ་མཁར་སོགས་དང་། སྐྱབས་སེམས། ཚོགས་བསགས། མཆོད་པ་བྱིན་བརླབ་བར་བཏང་། དཀོན་མཆོག་སྤྱི་མཆོད་མི་དགོས་པས། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྗེ་བཙུན་འཕགས་མའི་སྐུར་གསལ་བའི༔ སོགས་ནས། མཆོད་པ། མཎྜལ། བསྟོད་པ་ལན་གསུམ་བསྐྱར་བའི་ཕྱི་མ་ཕྱག་འཚལ་ཉེར་གཅིག་ཚར་བདུན་ཕན་ཡོན་དང་བཅས་པའི་མཐར། སྤྲོ་ན། རྗེ་བཙུན་འཕགས་མ་འཁོར་དང་བཅས། །སོགས་འདོད་དོན་གསོལ། །བསྡུ་ན་མ་བྱས་ཀྱང་ཆོག །མདུན་བསྐྱེད་འོད་ཞུ་སོགས་ནས་བཟླས་པ། ནོངས་བཤགས་བར་སྔར་ལྟར་ལ། གཤེགས་གསོལ་མི་དགོས། ལྷ་དང་རང་སེམས་སོགས་དང་། དགེ་བསྔོ་ཤིས་བརྗོད་བཅས་ཀྱིས་གྲུབ་བོ།། ༈ །།སྒྲོལ་མའི་ཆོ་ག་འདི་ཉིད་རིན་ཆེན་གཏེར་མཛོད་དཔལ་སྤུངས་པར་མ་པོད་༼ ཆི ༽པའི་ནང་བཞུགས་པའི་འཇམ་མགོན་གསུང་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས་ཕྱི་སྒྲུབ་རྒྱས་བསྡུས་རིག་གཏད་དང་བཅས་པའི་ཆོ་ག་ཚོགས་གཉིས་སྙིང་པོ་ཞེས་བྱ་བ་ལས་ཁོལ་དུ་ཕྱུང་བ་དགེའོ། ༈ །འཕགས་མ་སྒྲོལ་མའི་ཚོགས་མཆོད་དངོས་གྲུབ་སྙེ་མ་བཞུགས། ན་མོ་གུ་རུ་ཨཱཪྱ་ཏཱ་རེ་མ༔ རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ལ་ཚོགས་མཆོད་འབུལ་བར་འདོད་ན། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་ཐབས་ཤེས་ཀྱི་རྫས་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་རྣམས་ལ་བསང་ཆུ་དང་བདུད་རྩིས་དྲན་ལ། རྃ་ཡྃ་ཁྃ༔ ཡེ་ཤེས་རིག་རྩལ་མེད་རླུང་ཆུས༔ ཚོགས་རྫས་དངོས་འཛིན་བསྲེགས་གཏོར་སྦྱང་༔ བྷནྡྷའི་སྣོད་དུ་བདུད་རྩིའི་བཅུད༔ འདོད་ཡོན་རྒྱ་མཚོའི་ཕུང་པོར་གྱུར༔ ༀ་ཨཱཿཧཱུྃ༔ ཧྲཱི༔ འོག་མིན་ཆོས་དབྱིངས་ཕོ་བྲང་དང་༔ ལས་རབ་བཀོད་པ་ལོངས་སྐུའི་ཞིང་༔ གནས་ཡུལ་སྤྲུལ་པའི་དཀྱིལ་འཁོར་ནས༔ དམ་ཚིག་སྒྲོལ་མའི་རྣལ་འབྱོར་མ༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས༔ ལོངས་སྤྱོད་རྣམ་པ་ཐམས་ཅད་པའི༔ ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ལོ་བཤགས༔ གཟུང་འཛིན་རྟོག་ཚོགས་དབྱིངས་སུ་སྒྲོལ༔ མཆོག་མཐུན་ཕྲིན་ལས་དངོས་གྲུབ་སྩོལ༔ ༀ་གུ་རུ་ཨཱཪྱ་ཏཱ་རེ་ས་པཱ་རི་ཝཱ་ར་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད། ལྷག་མ་བསྡུས་ཏེ། ༀ་ཨཱཿཧཱུྃ་ཧོ༔ ཞེས་པས་བྱིན་གྱིས་བརླབས། ཕཻཾ༔ ཞེས་པས་མགྲོན་འགུགས་ལ། ༀ་ཨུ་ཙི་ཊ་བྷ་ལིཾ་ཏ་ཁཱ་ཧི༔ ཞེས་བསྔོས། རྗེ་བཙུན་འཕགས་མའི་ལྷ་ཚོགས་ལ༔ རྨད་བྱུང་མཆོད་པ་ཕུལ་བ་ཡིས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ དངོས་གྲུབ་རྣམ་གཉིས་མྱུར་ཐོབ་ཤོག༔ ཅེས་སྨོན་ལམ་འདེབས། རྗེས་སུ་མཆོད་བསྟོད་བྱ། འདོད་གསོལ་ནོངས་པ་བཤགས། ཚོགས་མགྲོན་རྣམས་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བསྔོ་སྨོན་བཀྲ་ཤིས་སྤྱི་ལྟར་བྱའོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ། །།

དཀོན་མཆོག་སྤྱི་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་གཏེར་སྦྱིན།

དཀོན་མཆོག་སྤྱི་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་གཏེར་སྦྱིན་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ གདོད་ནས་བྱང་ཆུབ་སྤྲོས་བྲལ་བདེ་བ་ཆེ། །ཀུན་བཟང་འོད་དཔག་མེད་ལ་གསོལ་བ་འདེབས། །ཚད་མེད་སྙིང་རྗེའི་གཏེར་ཆེན་ཀུན་ཏུ་རྒྱས། །འཕགས་མཆོག་ནམ་མཁའ་རྒྱལ་པོར་གསོལ་བ་འདེབས། །རྒྱལ་ཀུན་ཡེ་ཤེས་འཕྲིན་ལས་གཅིག་བསྡུས་པ། །སངས་རྒྱས་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བདེ་ཆེན་གཉུག་མའི་ཆོས་དབྱིངས་ཞིང་གི་བདག །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ༴ དྲི་མེད་འོད་གསལ་རྒྱས་པའི་རང་གཟུགས་ཉིད། །རིག་འཛིན་འཇའ་ཚོན་སྙིང་པོར་གསོལ༴ ཐོག་མེད་ཟང་ཐལ་བརྟུལ་ཞུགས་སྤྱོད་པའི་དཔལ། །རིག་འཛིན་བདུད་འདུལ་རྡོ་རྗེ་ལ་གསོལ༴ རྒྱུན་མཐའི་སར་བཞུགས་བྱང་སེམས་འགྲོ་བའི་མགོན། །རིག་འཛིན་ཀློང་གསལ་སྙིང་པོར་གསོལ༴ སྲིད་ཞིའི་སྤྱི་དཔལ་ཀུན་བཟང་སྒྱུ་འཕྲུལ་གར། །པདྨ་བདེ་ཆེན་གླིང་པར་གསོལ༴ སྙིགས་དུས་འགྲོ་འདུལ་རྒྱལ་བའི་འཕྲིན་ལས་པར། །རིག་འཛིན་ཚེ་དབང་ནོར་བུར་གསོལ༴ གངས་ཅན་མགོན་པོའི་རྣམ་འཕྲུལ་ཐམས་ཅད་མཁྱེན། །བཀའ་རྒྱུད་འཕྲིན་ལས་ཤིང་རྟར་གསོལ༴ ལུང་བསྟན་མཆོག་གཉིས་ས་བཅུའི་དབང་ཕྱུག་ཆེ། །པདྨ་ཉིན་བྱེད་དབང་པོར་གསོལ༴ བཻ་རོའི་རྣམ་འཕྲུལ་བཀའ་བབས་ལུང་མཆོག་ཐོབ། །པདྨ་གར་དབང་རྩལ་ལ་གསོལ༴ བི་མའི་རྣམ་འཕྲུལ་བཀའ་བབས་ལུང་གི་མཆོག །མཁའ་ཁྱབ་བདེ་བའི་རྡོ་རྗེར༴ པདྨའི་རྒྱལ་ཚབ་རྒྱལ་བའི་བསྟན་པ་སྐྱོང་། །པདྨ་དབང་མཆོག་རྒྱལ་པོ་གསོལ༴ རྒྱལ་བའི་རྒྱལ་སྲས་བཻ་རོའི་བརྒྱུད་འཛིན་ཅན། །འཇམ་དབྱངས་མཁྱེན་བརྩེའི་འོད་ཟེར་གསོལ༴ དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཀརྨ་པ། །རིག་པའི་རྡོ་རྗེའི་ཞབས་ལ་གསོལ༴ བདག་རྒྱུད་སྨིན་གྲོལ་མཛད་པའི་བཀའ་དྲིན་ཅན། །དྲན་མཆོག་རྩ་བའི་བླ་མར་གསོལ༴ ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་མཆོག །གུ་རུ་ཞི་དང་དྲག་པོར་གསོལ༴ གནས་གསུམ་མཁའ་འགྲོ་ཡོངས་ཀྱི་སྤྱི་དཔལ་ཆེ། །ཌཱ་ཀི་སིང་ཧ་མུ་ཁར་གསོལ༴ དེ་ལྟར་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི། །རྩ་རྒྱུད་བླ་མ་ཡི་དམ་མཁའ་འགྲོ་མར། །རྩེ་གཅིག་གསོལ་བ་བཏབ་མཐུས་རྣལ་འབྱོར་བདག །དུས་འདི་ནས་བརྩམས་སྐྱེ་བ་ཇི་སྲིད་དུ། །དད་གུས་ཤེས་རབ་ལས་འབྲས་ཡིད་ཆེས་ལྡན། །དམ་པས་རྗེས་བཟུང་ད བང་ཁྲིད་གདམས་པ་རྫོགས། །དམ་ཚིག་རྣམ་དག་བསྐྱེད་རྫོགས་ཡོན་ཏན་རྒྱས། །མཐོང་ཐོས་དྲན་རིག་འགྲོ་ཀུན་ཐར་ལམ་ལ། །འདྲེན་པའི་དེད་ད པོན་བདག་ཉིད་འགྱུར་བ་དང་། །མཐར་ཐུག་རང་དོན་ཆོས་ཀྱིས་སྐུར་གྲོལ་ནས། །གཞན་དོན་གཟུགས་སྐུ་རྒྱུན་མི་འཆད་པ་ཡིས། །ནམ་མཁའི་མཐའ་ཀླས་འགྲོ་བ་འདྲེན་བྱེད་པ། །མགོན་པོ་འོད་དཔག་མེད་དང་མཚུངས་པར་ཤོག །དེ་ལྟར་བླ་སྒྲུབ་གསོལ་འདེབས་ཡིད་བཞིན་གཏེར་སྦྱིན་ཞེས་པ་འདི་ཡང་། ས་ཕོ་རྟ་ཡི་ཆུ་འཕྲུལ་ལོ་ཟླ་བའི་དམར་ཕྱོགས་གང་བ་ལ། བོད་ཡུལ་དབུས་འགྱུར་བསམ་ཡས་མི་འགྱུ ར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དབུས་རིག་འཛིན་ཚེ་དབང་ནོར་བུས་སྔོ་རལ་རྗེ་འབངས་དད་པ་ཅན་གྱི་དོན་བརྗོད་པ། དགེའོ། །མངྒ་ལཾ། བཀྲ་ཤིས།།

དཀོན་མཆོག་སྤྱི་འདུས་གསོལ་འདེབས།

ཧྲཱིཿ མ་བཅོས་ལྷུན་གྲུབ་ཀ་དག་རང་བྱུང་ལས། །ཅིར་ཡང་ཤར་བའི་རིག་རྩལ་སྒྱུ་འཕྲུལ་ནི། །གསང་སྔགས་རྙིང་མའི་བསྟན་འཛིན་བང་རི་བ། །ཨོ་རྒྱན་ལས་འཕྲོ་གླིང་པར་གསོལ་བ་འདེབས། །དང་པོ་མདོ་རྒྱུད་མན་ངག་ལེགས་པར་སྦྱངས། །བར་དུ་བསྐྱེད་རྫོགས་དབྱེར་མེད་བསྒྲུབ་པ་བཙུགས། །ཡང་དག་དོན་གྱི་རབ་འབྱམས་བང་རི་བ། །རིག་འཛིན་འཇའ་ཚོན་སྙིང་པོར་གསོལ་བ་འདེབས། །རྒྱལ་དབང་པདྨའི་ཡང་སྤྲུལ་དགེ་སྦྱོང་ཚུལ། །བསྐལ་དུས་སྙིགས་མའི་འགྲོ་བའི་དཔལ་དུ་ཤར། །བདག་འཛིན་རུ་ཏྲ་འཇོམས་པའི་བང་རི་བ། །སྔགས་འཆང་ཧཱུྃ་ནག་མེ་འབར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །གནས་སྐབས་མཐར་ཐུག་དངོས་གྲུབ་ཆར་འབེབས་ཤིང་། །མཁྱེན་བརྩེ་ནུས་ལྡན་འཇའ་ལུས་འོད་ཕུང་གྱུར། །བདག་གཞན་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་རིག་འཛིན་འཇའ་ཚོན་སྙིང་པོའི་གསོལ་འདེབས་འདི་ལ་ཉིན་རེ་ཚར་དྲུག་གམ་ལྔའམ་གསུམ་མམ་ཚར་རེ་མ་ཆག་པར་འདོན་ན་ངན་སོང་གསུམ་དུ་མི་འགྲོ། ཀོང་པོ་གཙང་ཕུག་ཏུ་རིག་འཛིན་འཇའ་ཚོན་སྙིང་པོས་སྦྱར་བའོ། །མངྒ་ལཾ། དགེའོ།།

དཀོན་མཆོག་སྤྱི་འདུས་ཆོ་ག

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་དོན་གསལ་ཁྱེར་བདེར་བསྒྲིགས་པ་ཕྲིན་ལས་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །

ཀུན་ཁྱབ་རང་བྱུང་འོད་གསལ་ཆོས་ཀྱི་སྐུ། །ལྷུན་གྲུབ་བདེ་ཆེན་རྣམ་སྣང་ལོངས་སྤྱོད་རྫོགས། །གང་འདུལ་སྒྱུ་འཕྲུལ་དྲྭ་བ་སྤྲུལ་པའི་གར། །དཀོན་མཆོག་སྤྱི་འདུས་མ་ཧཱ་གུ་རུར་འདུད། །ཟབ་ཆོས་མཆོག་འདིས་རྒྱལ་ཁམས་ཕལ་ཆེར་ཁེངས། །ལུགས་གཅིག་རྣམ་པར་བཞག་ཏུ་མ་མཆིས་ཀྱང་། །བླ་མའི་བཀའ་དང་རང་གི་མོས་པ་བཞིན། །དོན་གསལ་ཁྱེར་བདེའི་ལས་བྱང་བཀླགས་ཆོག་བསྡེབ། །གུ་རུ་ཟ་ཧོ ར་མའི་སྒྲུབ་ཐབས་ཕྱིས་བྱོན་ཐམས་ཅད་ཀྱི་ཕྱི་མོའི་ཤིང་རྟར་གྱུར་ཅིང་གཏེར་སྟོན་ཉིད་ཆོས་འདི་ལས་སྣང་བཞི་ཟད་སར་འཁྱོལ་བའི་དབང་གིས་བྱིན་རླབས་དང་ཕྲིན་ལས་བོད་ཀྱི་གཏེར་བྱོན་ཙམ་ལ་འགྲན་ཟླ་དང་བྲལ་བ་ཡང་ཟབ་བླ་མའི་སྒྲུབ་པ་དཀོན་མཆོག་སྤྱི་འདུས་ཀྱི་ཕྲིན་ལས་བྱ་བ་ལ་གཉིས། རྒྱས་པ་དང་། བསྡུས་པའོ། །དང་པོ་ནི། སྒྲུབ་པ་དང་དབང་བསྐུར་སོགས་ཀྱི་དུས་དེ་དག་དང་འབྲེལ་བའི་དཀྱིལ་འཁོར་བུམ་པ་དབང་རྫས་གཏོར་མཆོད་ཕྱི་མཆོད་བསྐོར་ཏེ་བཤམ་པ་སོགས་བྱས་ལ། འོག་ཏུ་སྨོས་པའི་ལས་བྱང་མཐར་ཆགས་སུ་བཏང་ཞིང་། གལ་ཏེ་དྲག་སེང་གི་གཏོར་ཟློག་ལྟ་བུ་དང་འབྲེལ་ན་དེ་དག་གི་བསྐུལ་དང་གདབ་ཁ་ཟོར་ལས་སོགས་སྦྱོར་ཚུལ་སྒམ་པོ་དང་ཆགས་མེད་ཞབས་ཀྱི་གསུང་ལྟར་བྱའོ། །གཉིས་པ་ནི། བསྙེན་སྒྲུབ་ཀྱི་ཐུན་ཕྱི་མ་རྣམས་དང་རྒྱུན་ཁྱེར་ལྟ་བུ་ལ། སྔོན་གཏོ ར། སྨན་མཆོད། ཕྲིན་ལས་བཞི་སྒྲུབ། ཚོགས་རྗེས་འབྲེལ་བཅས་བོར། ཤིན་ཏུ་བསྡུ་ན་བརྒྱུད་འདེབས། སྲུང་འཁོར། སྐྱབས་སེམས། ཡན་ལག་བདུན་པ་ཙམ་ལས་སྔོན་འགྲོ་གཞན་རྣམས་ཀྱང་མི་བྱ་བར་མཆོད་པ་བྱིན་རླབས་ལ་འཇུག་ཀྱང་ཆོག་ཅིང་། ཚེ་སྒྲུབ་དྲག་སེང་བཅས་སྦྱོར་མིན་སྐབས་དང་བསྟུན། ཚེས་བཅུའི་དུས་མཆོད་ལྟ་བུར་ནི་རྒྱས་བསྡུས་གང་བྱེད་དལ་ཁོམས་དང་བསྟུན་པ་ལས་པར་བཀབ་རང་མི་དགོས་སོ། །གང་ལྟར་སྦྱོར་བ་གུང་དུ་གུ་རུ་རིན་པོ་ཆེའི་སྣང་བརྙན་བྲིས་འབུར། འདི་ཉིད་ཀྱི་གླེགས་བམ། རྡོ་རྗེ་བདེ་སྐྱོང་དམ་ཚིག་གི་རྟེན་དུ་བསྒྲུབས་པས་མཚོན་སྐུ་གསུང་ཐུགས་ཀྱི་རྟེན་གང་འཛོམ་དགྲ མ་པའི་མདུན་དུ་སྟེགས་གཙང་མར་སྒམ་པོ་ལུགས་སམ་རང་ལུགས་གང་བདེའི་བླ་མའི་གཏོར་མ་རྒྱན་སྤྲོས་ཅན། དེའི་གཡས་གཡོན་སྨན་རག །དེ་མདུན་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། རྒྱས་པར་སྤྲོ་ན་དྲག་སེང་གཏོར་མ་བླ་གཏོར་གཡས་གཡོན་དུ་བཞག །གཏེར་སྲུང་འབུལ་གཏོར་བསྡུས་པ་དཀར་དམར་གཉིས། བགེགས་གཏོར་ཤ་གཟུགས་མ། ཚོགས་དང་ཆད་བརྟན། ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དངོས་གཞིའི་ཕྲིན་ལས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལའང་བདུན་ལས། ཐོག་མར་བགེགས་བསྐྲད་པ་ནི། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་འབར་བའི་ཉམས་དང་ལྡན་པའི་སྐུར་གྱུར། ༀ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བགེགས་གཏོར་བྲན་ལ། རྃ་ཡྃ་ཁྃ། བགེགས་གཏོར་མི་དམིགས་སྟོང་པའི་ངང་ཉིད་ལས༔ རིན་ཆེན་སྣོད་དུ་བདུད་རྩིའི་རྒྱ་མཚོར་གྱུར༔ སྲེག་སྦྱོང་གཏོར་བ་རྃ་ཡྃ་ཁྃ་གསུམ་འཕྲོས༔ ༀ་ཨཱཿཧཱུྃ་གིས་འདོད་ཡོན་དཔག་མེད་གྱུར༔ ༀ་ཨཱཿཧཱུྃ༔ ལན་གསུམ། དེང་འདིར་དཀྱིལ་འཁོར་མཆོད་པས་འབྱུང་པོ་ཀུན༔ གནས་འདིར་མ་འདུག་གཏོར་མས་ཚིམ་གྱིས་ལ༔ རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་བར་ཆད་བྱེད་པ་ན༔ ང་ཉིད་དབང་ཆེན་པདྨ་རྟ་སྐད་འཚེར༔ ཁམས་གསུམ་སྲིད་གསུམ་ཀུན་ཀྱང་འདར་ཞིང་སྔངས༔ གདོན་བགེགས་འབྱུང་པོ་མ་ལུས་རྡུལ་དུ་བརླག༔ ༀ་པདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་རྦད་ནན་ཟློག་ཅིག༔ ཅེས་གཏོར་མ་དོར། ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། གཉིས་པ་སྲུང་འཁོར་ནི། ཧྲཱིཿ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་གཞལ་ཡས་སྐྱེ་འགྲོ་ལྷ༔ ཕྱོགས་དང་ཕྱོགས་མཚམས་འཇའ་འོད་མཚོན་ཆས་གཏམས༔ རྡོ་རྗེའི་ས་གཞི་རྭ་གུར་མེ་རིས་བསྐོར༔ ༀ་བཛྲ་རཀྵ་ཛྭ་ལ་རཾ༔ གསུམ་པ་སྐྱབས་སེམས་ནི། ༀ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། བཞི་པ་སྡིག་སྒྲིབ་སྦྱོང་བ་ནི། རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིག་འདུས་རྡོར་སེམས་འོད་ཀྱི་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབ༔ སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་གང་བ་ལྟར༔ གསལ་སྟོང་འོད་ཀྱི་རང་བཞིན་གྱུར༔ ཡིག་བརྒྱ་དང་ཡང་སྙིང་ཡིག་དྲུག་ཅི་འགྲུབ་བཟླ། མཐར། རྡོར་སེམས་འོད་ཞུ་རང་ལ་ཐིམ༔ ལྔ་པ་ཚོགས་བསགས་པ་ནི། ཨེ་མ་ཧོཿ རང་ལུས་འོད་ཕུང་རྡོ་རྗེ་རྣལ་འབྱོར་མ། །མདངས་གསལ་མེ་འོད་གསལ་སྟོང་ལྷག་གེའི་ངང་། །ཕྱོགས་མཚམས་ནམ་མཁའ་འཇའ་འོད་ཟེར་གྱི་ཀློང་། །སྤྱི་བོར་བླ་མ་གུ་རུ་ཡིད་བཞིན་ནོར། །བརྒྱུད་པའི་བླ་མ་པད་འབྱུང་སྤྱན་རས་གཟིགས། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་། །གཞན་ཡང་མདོ་རྒྱུད་བསྟན་བཅོས་མན་ངག་སོགས། །རྒྱ་བོད་མཁས་གྲུབ་བླ་མ་ཐམས་ཅད་བཞུགས། །ༀ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ་༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ ཅེས་ཡན་ལག་བདུན་པ་དང་། ༀ་ཨཱ༔ཧཱུྃ༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ༔ རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ༔ རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ༔ གུ་རུ་རཏྣ་མཎྜ་ལ་ཀཾ་ནིཪྻཱ་ཏ་ཡཱ་མི༔ དྲུག་པ་གསོལ་འདེབས་ནི། ༀ་ཨཱ༔ཧཱུྃ༔ ཐོག་མའི་སངས་རྒྱས་ཀུན་བཟང་སྣང་མཐའ་ཡས། །གངས་ཅན་མགོན་པོ་ཁ་སཪྤ་ཎི་དང་། །འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང་། །ཡེ་ཤེས་མཚོ་རྒྱལ་ཉང་བན་ཏིང་འཛིན་བཟང་། །ཡང་སྤྲུལ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་། །བདུད་འདུལ་གླིང་པ་ཀློང་གསལ་སྙིང་པོའི་ཞབས། །བདེ་ཆེན་གླིང་པ་ཚེ་དབང་ནོར་བུའི་དཔལ། །ཕྲིན་ལས་ཤིང་རྟ་ཐུགས་ཀྱི་རྡོ་རྗེ་རྩལ། །པདྨ་ཉིན་བྱེད་གཡུང་དྲུང་གླིང་པའི་ཞབས། །མཁའ་ཁྱབ་རྡོ་རྗེ་པདྨ་དབང་མཆོག་དང་། །མཁྱེན་བརྩེ་འོད་ཟེར་རིག་པའི་རྡོ་རྗེ་སོགས། །དོན་གཉིས་མཐར་ཕྱིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀ་དག་ལྷུན་གྲུབ་གཞི་ཐོག་ཕེབ་པ་དང་། །ཁྲེགས་ཆོད་ཐོད་རྒལ་ལམ་ལ་རྩལ་འབྱོངས་ནས། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཏེ། །མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག །ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཞེས་དབང་ལེན་ཅིང་བླ་མའི་ལྷ་ཚོགས་རང་ལ་བསྟིམ། བདུན་པ་མཆོད་པ་བྱིན་རླབས་ནི། རྃ་ཡྃ་ཁྃ༔ ༀ་ཨཱཿཧཱུྃ༔ རང་གི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ དེ་ལས་ཟེར་མ་ཕྱོགས་བཅུར་རབ་འཕྲོས་པས༔ མཆོད་རྫས་དངོས་འཛིན་རྣམ་རྟོག་བག་ཆགས་དང་༔ ཉེས་སྐྱོན་བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་གྱུར༔ སྨན་རཀ་གཏོར་མཆོད་འོད་ཕུང་ལྡེམས་སེ་ལྡེམ༔ བླ་མེད་མཆོད་པ་དཔག་ཡས་བསམ་མི་ཁྱབ༔ ༀ་བྷྲཱུྃ་ཏྲཱྃ་ཧྲཱིཿཨཱཿ གཉིས་པ་དངོས་གཞི་ལ་བདུན་ལས། དང་པོ་ཕྱི་ཞི་བ་ལྟར་སྒྲུབ་པ་ལ་ཏིང་འཛིན་རྣམ་པ་གསུམ་ནི། ༀ་ཨཱཿཧཱུྃ༔ འདི་ལྟར་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན༔ ཡེ་ནས་སྟོང་ཞིང་ནམ་མཁའ་ལྟ་བུ་ལ༔ གཟུང་འཛིན་སྤང་བླང་བྱ་བྱེད་མཐའ་ལས་འདས༔ པདྨ་སཾ་བྷ་བདག་ནི་དེ་ལྟར་སྨྲ༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཿཧཱུྃ༔ ཧྲཱིཿ བདག་ཉིད་ཐ་མལ་རང་སེམས་བཟོད་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊྭཱཾ་གཡོན་ནས་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཅེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ༀ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་དཔག་ཏུ་མེད་པ་སྤྱན་དྲངས༔ ཡེ་ཤེས་པ་སྤྱ ན་དྲངས་པ་ནི། ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ དམ་ཡེ་གཉིས་མེད་དུ་གྱུར་པ་ལ་ཕྱག་འཚལ་བ་ནི། ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ པདྨ་འོད་འབར་སྐུ་ལ་ཕྱག་འཚལ་ལོ༔ མཆོད་པ་འབུལ་བ་ནི། ༀ་ཨཱཿཧཱུྃཿ མཆོད་འོས་ཕྱི་ནང་སྣོད་བཅུད་ཀུན༔ བློ་ཡིས་སྤྲུལ་ལམ་ལྷུན་གྱིས་གྲུབ༔ ཏིང་འཛིན་མཉམ་ཉིད་ཆེན་པོ་རུ༔ དཀོན་མཆོག་སྤྱི་འདུས་རྒྱལ་བར་འབུལ༔ གཞན་ཡང་མཆོད་རྫས་བྱེ་བྲག་ནི༔ མཛེས་པའི་མེ་ཏོག་དབུ་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ སྣང་གསལ་མར་མེ་སྤྱན་ལ་འབུལ༔ མཆོད་ཡོན་དྲི་ཆབ་སྐུ་ལ་འབུལ༔ རོ་ལྡན་ཞལ་ཟས་ལྗགས་ལ་འབུལ༔ སྙན་པའི་རོལ་མོ་ཐུགས་ལ་འབུལ༔ ཕྱག་རྒྱ་གར་གྱི་མཆོད་པ་འབུལ༔ བསྟོད་དབྱངས་གླུ་ཡི་མཆོད་པ་འབུལ༔ འདོད་ཡོན་མ་སྤངས་ཕྱི་མཆོད་འབུལཿ ཉོན་མོངས་མ་སྤངས་ནང་མཆོད་འབུལཿ འདུ་འབྲལ་མེད་པའི་གསང་མཆོད་འབུལ༔ རྩ་བརྒྱད་སྟོང་སྦྱར་སྨན་མཆོད་འབུལཿ དུག་ལྔ་བསྒྲལ་བའི་རཀྟ་འབུལ༔ བ་ལིཾ་གཏོར་མའི་མཆོད་པ་འབུལ༔ དམ་རྫས་བདུད་རྩིའི་མཆོད་པ་འབུལ༔ བླང་དོར་མེད་པའི་མཆོད་པ་འབུལཿ ཨརྒྷཾ༔ པཱདྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱཱ༔ ཤཔྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བར་འདིར་སྤྲོ་ན་སྨན་མཆོད་བླ་སྒྲུབ་གཞན་ལྟར་ཁ་ཅིག་གིས་སྦྱོར་བར་སྣང་བས། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ དུག་ལྔ་སེལ་ཕྱིར་ཡེ་ཤེས་ལྔ་རྫོགས་རྫས༔ དམ་རྫས་བདུད་རྩི་མཆོག་གི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ༴ སྤྲུལ་སྐུ་པདྨ་འོད་འབར་ཞལ་དུ༴ མ ཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ ཉང་བན་ཏིང་འཛིན་བཟང་པོའི་ཞལ་དུ༴ རིག་འཛིན་འཇའ་ཚོན་སྙིང་པོའི་ཞལ་དུ༴ ཁྲག་འཐུང་བདུད་འདུལ་རྡོ་རྗེའི་ཞལ་དུ༴ གཏེར་ཆེན་ཀློང་གསལ་སྙིང་པོའི་ཞལ་དུ༴ པདྨ་བདེ་ཆེན་གླིང་པའི་ཞལ་དུ༴ རྡོ་རྗེ་ཚེ་དབང་ནོར་བུའི་ཞལ་དུ༴ བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་ཞལ་དུ༴ རིག་འཛིན་ཐུགས་ཀྱི་རྡོ་རྗེའི་ཞལ་དུ༴ པདྨ་ཉིན་བྱེད་དབང་པོའི་ཞལ་དུ༴ འཆི་མེད་གཡུང་དྲུང་གླིང་པའི་ཞལ་དུ༴ རྒྱལ་མཆོག་མཁའ་ཁྱབ་རྡོ་རྗེའི་ཞལ་དུ༴ པདྨ་དབང་མཆོག་རྒྱལ་པོའི་ཞལ་དུ༴ དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ཞལ་དུ༴ རང་བྱུང་རིག་པའི་རྡོ་རྗེའི་ཞལ་དུ༴ དྲིན་ཅན་རྩ་བརྒྱུད་བླ་མའི་ཞལ་དུ༴ བཀའ་བབ་ཆོས་བདག་སྐྱེས་བུའི་ཞལ་དུ༴ བླ་མེད་དཀོན་མཆོག་སྤྱི་འདུས་ཞལ་དུ༴ ཡི་དམ་པདྨ་དྲག་པོའི་ཞལ་དུ༴ མཁའ་འགྲོ་སེང་གེའི་གདོང་ཅན་ཞལ་དུ༴ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཞལ་དུ༴ གཞན་ཡང་མཆོད་འོས་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བསྟོད་པ་ནི། ཧྲཱིཿ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་ཀུན་འདུས་གཞོན་ནུ་ལོ་བརྒྱད་ཚུལ༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་པདྨ་འབྱུང་༔ འགྱུར་མེད་སྐུ་མདོག་གངས་ལ་ཉི་ཤར་ལྟར༔ དམར་མདངས་ཅུང་ཟད་འཚེར་ལ་ཕྱག་འཚལ་བསྟོད༔ ཐབས་ཤེས་དབྱེར་མེད་རྡོ་རྗེ་ཐོད་པ་དང་༔ ཟུང་འཇུག་ཚེ་དང་ཡེ་ཤེས་བུམ་པ་འཛིན༔ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་ཡུམ་གྱི་ཚུལ༔ ཁྲོ་འཛུམ་འགྲོ་འདུལ་མཛད་ལ་ཕྱག་འཚལ་བསྟོད༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན༔ ཤེའུའི་སྙན་ཞུ་རྒོད་ལྡེམ་དར་སྣ་འཕྱང་༔ པདྨའི་གདན་ལ་མཚན་དང་དཔེ་བྱད་འབར༔ ཕྱི་ནང་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ སྐུ་དང་ཞིང་ཁམས་ཡེ་ནས་འདུ་འབྲལ་མེད༔ ཕྱོགས་བཅུ་ཀུན་ཀྱང་རྒྱལ་བའི་ཆོ་འཕྲུལ་ལས༔ ཆེ་ཆུང་མ་ངེས་སྐུ་གསུམ་ངང་དུ་བཞུགས༔ སྤྲུལ་པའི་གློག་སྟོང་འཁྱུག་ལ་ཕྱག་འཚལ་བསྟོད༔ གཟི་བརྗིད་ཉི་མ་འབུམ་གྱི་འོད་ཟེར་གྱིས༔ ཚེ་ཡི་དངོས་གྲུབ་རང་བཞིན་གནས་ནས་འགུགས༔ དགོས་འདོད་རེ་སྐོང་ཡིད་བཞིན་མཆོག་གི་ངང་༔ འཆི་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་མཆོད་དང་བསྟོད་བྱ་མི་དམིགས་ཀྱང་༔ གློ་བུར་དྲི་མའི་རྣམ་རྟོག་སེལ་ཕྱིར་དུ༔ ཐབས་ཤེས་དབྱེར་མེད་ཆུ་ལ་ཆུ་བཞག་ཚུལ༔ གཉིས་མེད་རོལ་པ་ཆེན་པོར་ཕྱག་འཚལ་བསྟོད༔ དེས་བསྐྱེད་པའི་རིམ་པ་རྗེས་འབྲེལ་བཅས་སོང་། གཉིས་པ་བཟླས་པའི་རྣལ་འབྱོར་ལ་ཕྱི་སྒྲུབ་ནི། རང་གི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་མཆོག་གསུམ་རྩ་བ་གསུམ་པོ་ཐམས་ཅད་གུ་རུ་པདྨའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འོད་ཟེར་གྱི་རྣམ་པར་ཁ་བ་བབས་པ་ལྟར་བྱོན། རང་ལ་སིབ་སིབ་ཐིམ་པས་བྱིན་གྱིས་བརླབ་པར་གྱུར། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་དབྱངས་དང་སྟངས་སྟབས་བཅས་བཟླའོ། །ནང་སྒྲུབ་ནི། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོས་མཚན་པ་རྡོ་རྗེའི་མཐའ་བསྐོར་དུ་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་ཐམས་ཅད་ལ་མཆོད་པ་བླ་ན་མེད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ལ་འདུས། བར་དུ་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས། ཅི་བསྒོ་བའི་ལས་ཐམས་ཅད་རྩོལ་མེད་དུ་བསྒྲུབས། མར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། བདེ་བས་ཚིམས་པར་བྱས། འོད་ཟེར་འཕྲོ་འདུས་སྣོད་བཅུད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འདི་བཟླས་པའི་དངོས་གཞི་ཡིན་པས་ཅི་འགྲུབ་བྱ། གསུམ་པ་དེའི་ཡན་ལག་ཏུ་ཚེ་སྒྲུབ་ཉམས་སུ་ལེན་པར་སྤྲོ་ན། ནང་སྒྲུབ་བཟླས་པ་ཁྱུག་ཙམ་སྔོན་དུ་སོང་ནས། བདག་མདུན་སྐད་ཅིག་གིས་རིག་འཛིན་ཚེ་དཔག་མེད་པདྨ་འོད་འབར་དུ་གསལ་བར་གྱུར། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ གསོལ་འདེབས་ལན་གསུམ་བྱ། བདག་མདུན་གྱི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿདཀར་པོ་ནྲྀ་དང་ཨཱཿས་མཚན་པ། དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པས་གཡས་བསྐོར་དུ་འཁོར་བ་དང་། གནས་ལྔར་ཕྱག་མཚན་ལྔ་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་སྤྲོ་བསྡུས་ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷ་སྔགས་སུ་གསལ་བའི་གཟི་བརྗིད་ཀྱིས། སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཚེའི་བྱིན་རླབས་དང་། འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང་། དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས། མདོར་ན་སེམས་ཅན་བསོད་ནམས་ཅན་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་དབང་ཆེ་བ། རྩལ་དྲག་པ། འཁོར་མང་བ། ཡོན་ཏན་ཆེ་བ། སྟོབས་དང་སྙན་གྲགས་ལྡན་པ། གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་ནྲྀའི་རྣམ་པ་དང་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བདག་མདུན་བུམ་པའི་ལྷ་ལ་ཐིམ་པར་གྱུར། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཞེས་ཚེ་བསྙེན་གང་འགྲུབ་བཟླ། མཐར་སྨོན་ལམ་གདབ་པ་ནི། ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཚེ་འགུགས་ནི་མདའ་དར་གཡབ་ལ། ཧྲཱིཿ ཕྱི་ནི་བུམ་པ་ནང་དུ་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧྲཱིཿ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་བདུད་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ འདིར་རྒྱུན་བཟླས་ལྟ་བུ་ལ་མདུན་རྟེན་ཚེ་རྫས་དམིགས་བསལ་བཤམས་པ་མེད་ཀྱང་གངས་བྲག་ནགས་རི་ཉི་ཟླ་གཟའ་སྐར་མཚོ་སོགས་ལ་དམིགས་པའི་རྟེན་བྱ་བ་རྡོ་རྗེའི་གསུང་གི་ངེས་དོན་ཡིན་ནོ། །བཞི་པ་གསང་བ་གུ་རུ་དྲག་པོར་སྒྲུབ་པ་ནི། རང་ཉིད་སྐད་ཅིག་གིས་པདྨ་འོད་འབར་འོད་དུ་ཞུ་བ་ལས་བྱུང་བའི་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་མེ་ཡི་ཕྲེང་བ་ཅན་གྱི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ཁྲོ་བོའི་ཞིང་དང་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། སྤྱན་འདྲེན་ནི། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་པདྨ་འོད་འབར་སྐད་ཅིག་ལ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོགས༔ སྤྲུལ་པ་ཡང་སྤྲུལ་དཔག་ཡས་འཇིགས་ཚུལ་སྟོན༔ ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛཿ ཆོས་ཀྱི་དབྱིངས་ནས་སྒྱུ་མའི་སྐུར་བཞེངས་པ༔ དུག་གསུམ་འབར་བའི་ཁྲོ་གཏུམ་འཇིགས་གཟུགས་ཅན༔ དྲེགས་པ་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་བྲན་དུ་བཀོལ་ཕྱིར་གཤེགས་སུ་གསོལ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ མཆོད་པ་ནི༔ ཧཱུྃ༔ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ སྣང་སྲིད་ཐམས་ཅད་གཏོར་མར་སྦྱར༔ འཁོར་འདས་ཡོངས་སྒྲོལ་ཆེན་པོའི་ཚོགས༔ དབང་དྲག་འབར་བ་ཁྱེད་ལ་འབུལ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ རི་རབ་འབར་བའི་དཔལ་བཤོས་བཙུགས༔ སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས༔ དབང་དྲག་འབར་བ་ཁྱོད་ལ་འབུལ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་ཐོད་ཚིལ་སྤུངས༔ ཞག་དང་རླངས་པ་ཆི་ལི་ལི༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བདུད་རྩི་གཏོར་ཆེན་རཀྟའི་མཚོ༔ སྦྱོར་སྒྲོལ་ཏིང་འཛིན་ཚོགས་མཆོད་དང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབས༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བསྟོད་པ་ནི༔ ཧཱུྃ༔ བདེ་ཆེན་རང་བཞིན་ཁྲོས་པའི་དཀྱིལ་འཁོར་ནས༔ དཀོན་མཆོག་སྤྱི་འདུས་དམར་ནག་འབར་བའི་སྐུ༔ ཟུར་ཞལ་གཡོན་གཟིགས་ཞབས་གཉིས་འདོར་ཐབས་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ དགྲ་བགེགས་ཤ་ཁྲག་རུས་པ་ཀྲུམ་ཀྲུམ་གསོལ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་འཁྱིལ༔ དྲེགས་པ་ཕོ་མོ་འདར་ཞིང་སྔངས་པར་བྱེད༔ ཤངས་ནས་རླུང་འཚུབས་འབྲུག་སྒྲ་ལྡིར་བ་ཡིས༔ ཁམས་གསུམ་སྲིད་གསུམ་དབང་སྡུད་ཟིལ་གྱིས་གནོན༔ རལ་པ་ཁམ་ནག་ནམ་མཁའི་དབྱིངས་ལ་བསྒྲེངས༔ ཁྲོ་ཆུང་མང་པོས་དགྲ་བགེགས་ཐལ་བར་བརླག༔ ཕྱག་གཡས་གསེར་གྱི་རྡོ་རྗེས་མཐའ་དམག་ཟློག༔ གཡོན་པས་ལྕགས་སྡིག་ནག་པོའི་སྤྲུལ་པ་འགྱེད༔ ཀླུ་རྣམས་འདུལ་ཕྱིར་སྦྲུལ་རིགས་ལྔ་ཡིས་བརྒྱན༔ འཁོར་བ་སྟོང་མཛད་མགོ་ཕྲེང་ལྔ་བཅུས་བརྒྱན༔ གླང་ཆེན་ཀོ་རློན་སྟོབས་བཅུ་ལྷུན་གྱིས་རྫོགས༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ རིན་ཆེན་རུས་རྒྱན་མཁའ་འགྲོ་རོལ་དུ་ཁྲིད༔ བ་སྤུའི་རྩེ་ནས་ཁྲོ་ཆུང་ཚྭ་ཚྭ་འཕྲོ༔ མེ་དུད་ཟེར་གྱིས་སྲིད་གསུམ་སྐར་ལྟར་འཁྲུགས༔ གུ་རུ་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དབང་དྲག་འབར་བའི་ཐུགས་དམ་དུས་ལ་བབ༔ རྣལ་འབྱོར་བདག་གི་སྔོན་གྱི་དམ་ཚིག་གིས༔ ལྷ་མཆོག་ཁྱེད་ལ་གདུང་བས་འབོད་ལགས་ན༔ ཁྱེད་ཀྱི་ཐུགས་དམ་གནད་ནས་ད་སྐུལ་ཅིག༔ གདུག་པའི་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ནག་པོ་ཀླུ་གཉན་འདུལ་བའི་དུས་ལ་བབ༔ དྲེགས་པ་གཟའ་རྒོད་འདུལ་བའི་དུས་ལ་བབ༔ སྡེ་བརྒྱད་ལྷ་སྲིན་འདུལ་བའི་དུས་ལ་བབ༔ པེ་ཧར་སྲོག་བདག་འདུལ་བའི་དུས་ལ་བབ༔ མཐའ་ཡི་དམག་དཔུང་བཟློག་པའི་དུས་ལ་བབ༔ མི་ནད་ཕྱུགས་ནད་བཟློག་པའི་དུས་ལ་བབ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཡེ་ཤེས་པ་རང་ལ་ཐིམ་པས། རང་གི་དབུ་གཙུག་ན་རིགས་བདག་གུ་རུ་ཞི་བས་མཚན་པ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་ནག་གི་མཐའ་བསྐོར་དུ་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་དམར་ནག་ཡེ་ཤེས་ཀྱི་མེ་དང་མཚོན་ཆ་ལ་སོགས་པ་འཕྲོས༔ མ་རུངས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ སྣང་སྲིད་ཐམས་ཅད་རིག་འཛིན་དྲག་པོའི་སྐུར་གསལ་བར་གྱུར༔ ༀ་ཨཱཿཧཱུྃཿ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཐར་སྡེ་བརྒྱད་ཤམ་བུ་ནི། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ རྩ་སྔགས་དང་སྦྲེལ་ལ་དེའི་བཅུ་ཆ་བཟླའོ། །ལྔ་པ་ཡང་གསང་མཁའ་འགྲོར་སྒྲུབ་པ་ནི། རང་ཉིད་རིག་འཛིན་དྲག་པོ་འོད་དུ་ཞུ་བ་ལས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས། ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཕོ་བྲང་དང་གནས་ཡུལ་དུར་ཁྲོད་ཀྱི་ཞིང་ནས་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། ཧཱུྃ་བྷྱོ༔ མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ འགྲོ་བའི་དོན་མཛད་ཡེ་ཤེས་མཁའ་འགྲོ་མ༔ ནམ་མཁའི་མདོག་ཅན་དབུ་ནི་སེང་གེའི་གདོང་༔ གཅེར་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངའ་མ༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་འཛིན༔ དུག་ལྔ་གཅོད་ཅིང་སྐྱེ་མེད་དབྱིངས་སུ་རོལ༔ རྩེ་གསུམ་མཆན་དུ་བཟུང་ནས་དུག་གསུམ་སྒྲོལ༔ རུས་རྒྱན་མེ་ལོང་རྒྱན་གྱིས་ཌཱ་ཀི་དབང་དུ་སྡུད༔ ཡེ་ཤེས་མེ་རིས་མ་རིག་མུན་པ་འཇོམས༔ གཡས་བསྐུམ་གཡོན་བརྐྱང་ཐབས་ཤེས་དབྱེར་མེད་ངང་༔ པདྨ་ཉི་ཟླ་བམ་རོའི་གདན་ལ་བཞུགས༔ རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བྷྱོཿ སྐུ་གསུང་ཐུགས་སྤྲུལ་མཁའ་འགྲོའི་ཚོགས༔ ཕྲིན་ལས་སྤྲུལ་པ་མ་མོའི་ཚོགས༔ ཀུན་ཀྱང་ཡང་སྤྲུལ་བསམ་མི་ཁྱབ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ན་མོ༔ ལྕང་ལོ་བཅས་པའི་བྷནྡྷ་རུ༔ དམར་གཏོར་ཁྲག་དང་ཞག་གིས་བརྒྱན༔ ཤ་སྣ་སྙིང་སྣའི་རྒྱལ་མཚན་བཙུགས༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་༔ རཀྟའི་རྦ་ཀློང་ཕྱ་ར་ར༔ འོ་མཚོ་དཀར་དྭངས་ཀྱི་ལི་ལི༔ ཞག་གི་རྒྱ་མཚོ་མེ་རེ་རེ༔ ཞུན་ཆེན་གསུར་དུད་ཆི་ལི་ལི༔ རྔ་དུང་རོལ་མོ་དི་རི་རི༔ རྐང་གླིང་ཐོད་རྔ་ཁྲོ་ལོ་ལོ༔ དགྲ་བོའི་ཤ་ཁྲག་དམར་ཉི་ལི༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་༔ དམ་ཉམས་དགྲ་བགེགས་མྱུར་དུ་སྒྲོལ༔ ཌཱ་ཀི་སིཾ་ཧ་མུ་ཁ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལལིཾ་ཏ་ཁཱ་ཧི༔ ཡེ་ཤེས་པ་བསྟིམས་པས། རང་གི་དབུ་གཙུག་ན་གུ་རུ་ཞི་བ། གྲུ་མོར་རིག་འཛིན་དྲག་པོ་མཚོན་བྱེད་ཁ་ཊྭཱཾ་གས་མཚན་པ། ཕ་ལམ་ལས་གྲུབ་པའི་རྡོ་རྗེ་ལ་སོགས་པ་མཚོན་ཆའི་གུར་དང་ཡེ་ཤེས་ཀྱི་མེ་ཕུང་འཁྲིགས་པའི་དབུས་སུ་རང་འདྲའི་སྤྲུལ་པ་དུ་མ་དང་བཅས་ཏེ་བཞུགས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོའི་མཐར་སྔགས་ཕྲེང་སྔོན་པོ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། དམ་ཆོས་བསྒྲུབ་པའི་བར་ཆད་ཐམས་ཅད་སྤུ་གྲིས་སྐྲ་བཞར་བ་ལྟ་བུ ར་སོང་བར་གྱུར། ཨཿཀཿསཿམཿརཿཙཿ ཤཿདཿརཿསཿམཿརཿཡཿཕཊ༔ སྤྲོས་བཅས་སྤྲོས་མེད་གང་གི་ཚེའང་ཟློག་དམིགས་སྦྱར་བར་སྤྲོ་ན། སྤྱི་བོར་ཨཿཀཿམགྲིན་པར་སཿམཿདང་། །སྙིང་ཁར་རཿཙཿལྟེ་བར་ཤཿདཿསྟེ། །གསང་བར་རཿསཿབརླ་གཉིས་མཿར་ཡཿ ཕཊཿཀྱིས་མཚན་ལས་མེ་འོད་མཚོན་ཆ་འཁྲུགས། །བར་ཆད་ཐམས་ཅད་རྡུལ་བཞིན་བརླག་པར་གྱུར། །ཞེས་མོས་ལ་ཡི་གེ་བཅུ་བཞི་པ་བཟླ། མཐར་ཐལ་རྡེབ་སྤྲོ་ན་ལག་གཉིས་ཉི་ཟླ་གསལ་བ་ཆ་ལང་བརྡབས་པས་གནོད་བྱེད་ཐམས་ཅད་སྒོ་ང་བྲག་བར་དུ་བཅར་བ་བཞིན་སོང་བར་བསྒོམས་ལ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག ལན་གསུམ་བྱ། ཟློག་དམིགས་དང་ཐལ་རྡེབ་འདི་དགོང་མོའི་ཆ་དང་དགུ་གསུམ་དུས་གཉན་ལྟ་བུར་ཆེད་དུ་དགོས་ན་མ་གཏོགས་ཚེས་བཅུའི་ཚོགས་མཆོད་བསྙེན་སྒྲུབ་སྐབས་སོགས་ལ་མི་སྦྱར་རོ། །དྲུག་པ་ཕྲིན་ལས་བཞི་སྒྲུབ་ནི། བསྙེན་སྒྲུབ་མཐར་ཕྱིན་པའི་ལས་སྦྱོར་གྱི་སྐབས་མ་གཏོགས་གཞན་ལ་སྦྱར་མི་དགོས་ཀྱང་། རྒྱུན་ཁྱེར་ལྟ་བུར་སྦྱོར་ཡང་འགལ་བ་མེད་པས་དེ་ལྟར་ན། ཞི་བ་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་དཀར། །སྤྱི་བོར་པད་དཀར་འདབ་མ་སོ་གཉིས་ལྟེར། །ཟླ་སྟེང་ༀ་མཐར་སྔགས་ཕྲེང་འོད་ཟེར་དཀར། །རྒྱུད་བསྐུལ་ནུས་བསྐྱེད་སྡིག་སྒྲིབ་འཇིགས་བརྒྱད་ཞི། །སྣོད་བཅུད་རྡོ་རྗེ་སེམས་དཔའི་ཞིང་དུ་གྱུར། །བཛྲ་གུ་རུའི་ཤམ་དུ། ༀ་ཤཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླ། སྨོན་ལམ་ནི། ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དབལ༔ རྣོ་བའི་མཚོན་དང་སྦྱོར་བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀུན་དང་༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ རྒྱས་པ་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་སེར། །ལྟེ་བར་པད་སེར་འདབ་མ་རེ་བཞིའི་ལྟེར། །རིན་ཆེན་བྷྲཱུྃ་མཚན་སྔགས་ཕྲེང་འོད་ཟེར་སེར། །རྒྱུད་བསྐུལ་ནུས་བསྐྱེད་ཚོགས་གཉིས་འབྱོར་དྲུག་རྒྱས། །སྣོད་བཅུད་རིན་ཆེན་སེམས་དཔའི་ཞིང་དུ་གྱུར། །རྩ་སྔགས་ཤམ་དུ། བྷྲཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླ། སྨོན་ལམ་ནི། ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་སློབ་ཕྲིན་ལས་རྒྱས༔ མངའ་ཐང་ལོངས་སྤྱོད་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ དབང་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་དམར། །མགྲིན་པར་པད་དམར་འདབ་མ་བཅུ་དྲུག་ལྟེར། །ཉི་སྟེང་ཧྲཱིཿམཐར་སྔགས་ཕྲེང་འོད་ཟེར་དམར། །རྒྱུད་བསྐུལ་ནུས་བསྐྱེད་འཁོར་འདས་མོས་བཞིས་བསྡུས། །སྣོད་བཅུད་པདྨ་སེམས་དཔའི་ཞིང་དུ་གྱུར། །རྩ་སྔགས་ཤམ་དུ། ཧྲཱིཿཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླ། སྨོན་ལམ་ནི། རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང་༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ དྲག་པོ་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་མཐིང་། །གསང་བར་པད་ལྗང་འདབ་མ་ཉེར་བརྒྱད་ལྟེར། །རལ་གྲི་ཧཱུྃ་མཚན་སྔགས་ཕྲེང་འོད་ཟེར་ནག །རྒྱུད་བསྐུལ་ནུས་བསྐྱེད་དགྲ་བགེགས་དུག་ལྔ་བརླག །སྣོད་བཅུད་ལས་ཀྱི་སེམས་དཔའི་ཞིང་དུ་གྱུར། །རྩ་སྔགས་ཤམ་དུ། ཧཱུྃ་མཱ་ར་ཡ་ཕཊ༔ ཞེས་བཟླ། སྨོན་ལམ་ནི། དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་ལ་སོགས་པ༔ ཞིང་བཅུ་ལྡན་རྣམས་བརླག་གྱུར་ཅིག༔ ཅེས་ལས་གང་སྒྲུབ་མང་དུ་བཟླ་བའམ་དམིགས་བསལ་མེད་ན་ཆ་སྙོམས་པར་བཟླ། དེ་དག་གི་མཐར་ལྷག་ཆད་ཁ་སྐོང་ཞིང་བྱིན་རླབས་ཀྱི་རྒྱུན་བརྟན་པའི་ཕྱིར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱང་ལན་གསུམ་གསུམ་བཟླའོ། །བདུན་པ་ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། རྃ་ཡྃ་ཁྃ། བདག་ཉིད་པདྨ་འོད་འབར་ཐུགས་ཀ་ནས། །མེ་རླུང་ཆུ་བྱུང་གཏོར་མའི་ཉེས་སྐྱོན་སྦྱངས། །ཨ་ལས་པདྨ་བྷནྡྷ་ཡངས་པའི་ནང་། །འབྲུ་གསུམ་ལས་བྱུང་ཡེ་ཤེས་བདུད་རྩིའི་མཚོ། །ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས། །འདོད་ཡོན་མཆོད་སྤྲིན་དཔག་མེད་འཕྲོ་བར་གྱུར། །ༀ་ཨཱཿཧཱུྃ། ལན་གསུམ། ཧཱུྃ་ཧྲཱིཿ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་རྗེ། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཚོགས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཌཱ་ཀི་སེང་གེའི་གདོང་པ་ཅན། །གནས་གསུམ་དཔའ་བོ་མཁའ་འགྲོ་འཁོར་བཅས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་ཕྲིན་ལས་རྣམ་བཞི་མྱུར་འགྲུབ་མཛོད། །དཔལ་མགོན་ལྕམ་དྲལ་གཟའ་མཆོག་རྡོ་རྗེ་ལེགས། །རྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་སངས་རྒྱས་བསྟན་པ་གཉན་པོ་སྲུངས། །རྡོ་རྗེ་དེ་མོ་བརྟན་མ་བཅུ་གཉིས་སོགས། །དཀར་ཕྱོགས་སྐྱོང་བའི་གཞི་གནས་གཏེར་བདག་གིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་བོད་ཡུལ་མཐའ་དབུས་བདེ་བར་མཛོད། །ཁྱད་པར་གཏེར་སྲུང་དགེ་བསྙེན་མཐུ་སྟོབས་ཆེ། །ཧོམ་འཕྲང་ཀླུ་བདུད་མཚོ་སྨན་འཁོར་བཅས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ལ་ཡང་ཟབ་བསྟན་པ་རྒྱས་པར་མཛོད། །རྩ་བརྒྱུད་བླ་མའི་སྤྱན་སྔར་ཞལ་བཞེས་ཤིང་། །བསྟན་པ་སྐྱོང་མཛད་དམ་ཚིག་ལྡན་རྣམས་ཀྱིས། །གཏོར་མ་འདི་བཞེས་འགལ་རྐྱེན་བར་ཆད་སོལ། །མཆོག་ཐུན་དངོས་གྲུབ་འགྲུབ་པའི་སྡོང་གྲོགས་མཛོད། །ཅེས་པ་ཙམ་མམ། སྤྲོ་ན་རྩེ་ལེ་རིན་པོ་ཆེས་མཛད་པ་སོགས་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལའང་བདུན་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། ཐབས་ཤེས་ཀྱི་རྫས་ཚོགས་པར་བྱས་ཏེ་ཆུ་ཆང་ནང་མཆོད་ཀྱིས་སྦྱངས་ལ། ཧྲཱིཿ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས༔ དངོས་འཛིན་རྣམ་རྟོག་བག་ཆགས་ཀུན༔ བསྲེག་གཏོར་བཀྲུས་ནས་བདུད་རྩིར་གྱུར༔ ༀ་ཨཱཿཧཱུྃ༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ འདོད་ཡོན་ཟག་མེད་སྣང་སྲིད་གང་༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དམ་ཅན་གཏེར་བདག་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་པདྨ་འབྱུང་གནས་ལ༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ གླུ་ལེན་གར་སྟབས་ཁྱུགས་སེ་ཁྱུག༔ ནམ་མཁའ་བར་སྣང་ས་གཞི་གང་༔ གནས་ཁང་འདི་ལ་བྱིན་ཅིག་ཕོབ༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ རྣལ་འབྱོར་ཕོ་མོ་དམ་ཚིག་གཙང་༔ ཚོགས་དང་མཆོད་རྫས་དང་རེ་སྤྲོ༔ ལྷུན་གྲུབ་འོད་ཁྱིམ་བཀྲག་མདངས་མཛེས༔ ༀ་ཨཱཿཧཱུྃ༔ ཚོགས་མཆོད་འོད་ཕུང་འབར་བ་འདི༔ མཆོད་འོས་སྐྱེས་མཆོག་རྣམས་ལ་འབུལ༔ ཉམས་ཆགས་འགལ་འཁྲུལ་ཐམས་ཅད་བཤགས༔ གཉིས་འཛིན་འཁྲུལ་སྣང་རུ་དྲ་འདི༔ ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ ༀ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ སྐོང་བ་ཅུང་ཟད་རྒྱས་པར་སྤྲོ་ན། ཧྲཱིཿ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང་༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང་༔ བཀའ་ལུང་ལྷག་ཆད་མེད་པའི་དཀྱིལ་འཁོར་ནས༔ སྙན་ཁུང་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་༔ བཀའ་བརྒྱུད་གཏེར་དུ་སྦས་པའི་བྱ་ར་མཛད༔ མཁའ་འགྲོ་ག ཏད་རྒྱ་བརྒྱུད་པའི་ཐུགས་དམ་བསྐང་༔ མ་འོངས་ལས་འཕྲོ་ལྡན་པ་ལུང་དུ་བསྟན༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས་དམ་བསྐང་༔ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་༔ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང་༔ ས་དང་ལམ་ལ་གནས་ནས་བསྟན་པ་སྐྱོང་༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས་དམ་བསྐང་༔ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ དངོས་གྲུབ་ཐོ གས་པ་མེད་པར་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ ཕྱི་དང་ནང་གི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང་༔ མ་སྐྱེས་གདོད་ནས་རང་བཞིན་རྣམ་པར་དག༔ སྐྱེ་མེད་མངོན་གྱུར་ཆོས་སྐུའི་ཐུགས་དམ་བསྐང་༔ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་༔ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགས་དམ་བསྐང་༔ ཧྲཱིཿ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས་དམ་བསྐང་༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས་དམ་བསྐང་༔ ཧཱུྃཿ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང་༔ གསུང་མཆོག་འགགས་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགས་དམ་བསྐང་༔ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས་ཐུགས་དམ་བསྐང་༔ ཕྲིན་ལས་དྲག་པོས་བ སྒྲལ་བའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས་དམ་བསྐང་༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས་དམ་བསྐང་༔ ཐུགས་རྗེའི་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས་དམ་བསྐང་༔ དམ་རྫས་རྫ་ལྟར་ལྷགས་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐང་༔ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐང་༔ བསྡུ་ན་འདི་མན་ཆད་ཀྱིས་འཐུས། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བླ་མེད་དཀོན་མཆོག་སྤྱི་འདུས་ཐུགས་དམ་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱད་འདུལ་བའི་དཀྱིལ་འཁོར་ནས༔ གུ་རུ་དྲག་པོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མ༔ མཁའ་འགྲོ་སེང་གེའི་གདོང་ཅན་ཐུགས་དམ་བསྐང་༔ སངས་རྒྱས་ཀུན་གྱི་བསྟན་པ་སྲུང་མཛད་པ༔ ཆོས་སྐྱོང་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་༔ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་ཡོངས་ཀྱི་ཐུགས་དམ་བསྐང་༔ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་འབེབས་པའི༔ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཐུགས་དམ་བསྐང་༔ སྟོང་ཁམས་འདི་ན་དྲག་རྩལ་ལྡན་པ་ཡི༔ གཟའ་བདུད་རཱ་ཧུ་ལ་ཡི་ཐུགས་ཐུགས་དམ་བསྐང་༔ གསང་སྔགས་རྒྱུད་སྡེ་ཀུན་གྱི་གཉེར་ཁ་གཏད༔ དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་ཐུགས་དམ་བསྐང་༔ ཨོ་རྒྱན་པདྨས་བཀའ་ཡི་གཉེར་དུ་བསྐོས༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་༔ ཚུལ་བཞིན་སྒྲུབ་པ་བྱེད་པའི་གྲོགས་མཛད་པའི༔ གཞི་བདག་གཞིས་སྲུང་རྣམས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ གཞན་ཡང་ཐུགས་དམ་སྐོང་བའི་དམ་རྫས་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་༔ པདྨ་མཱཾ་སར་སྦྱར་བའི་རཀྟ་དང་༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་༔ ཚོགས་ཀྱི་ཡོ་བྱད་ལོངས་སྤྱོད་རྒྱ་ཆེན་འདིས༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐ ངས་གྱུར་ནས༔ བདག་གི་གཡར་དམ་གཉེན་པོ་སོར་སྩོལ་ཅིག༔ བསྐང་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ ཚོགས་བཤགས་ནི། ཧོ༔ དཀོན་མཆོག་སྤྱི་འདུས་དགོངས་སུ་གསོལ། །པདྨ་འོད་འབར་ལ་ཕྱག་འཚལ། །རྒྱལ་བའི་བཀའ་དང་བླ་མའི་ལུང་༔ ཇི་བཞིན་མ་སྤྱད་སློབ་དཔོན་སྨདཿ རྡོ་རྗེའི་ཆེད་དང་ལྕམ་དྲལ་ལ༔ ལྟ་ལོག་གནོད་སེམས་ངན་དུ་སྨྲས༔ བརྡེག་བཙོག་གནོད་པ་དངོས་སུ་བགྱིས༔ ལྷ་དང་དཀྱིལ་འཁོར་ཉམས་མ་གསལ༔ འཛབ་བཟླས་མ་དག་ཟུར་ཆག་གཡེལ༔ གསང་བར་འོས་དང་གཉེར་གཏད་སྨྲས༔ གསང་བཅུ་བསྒྲགས་ཤིང་བླ་མ་བསླུས༔ རྩ་བའི་དམ་ཉམས་མཐོལ་ཞིང་བཤགས༔ གཞན་ཡང་སྤྱད་བྱའི་དམ་ཚིག་ལྔ༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ ཡན་ལག་དམ་ཉམས་མཐོལ་ཞིང་བཤགས༔ བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་ཞིང་༔ ཉ་ཤི་དུས་དྲུག་དུས་མཆོད་ཆགས༔ ལེ་ལོ་གསོག་འཇོག་ཚོགས་སྦྱང་བྱས༔ ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ སྒོ་གསུམ་བག་མེད་དམ་འགལ་བཤགས༔ དམ་ཚིག་ཉམས་དང་ཚོགས་འདྲེས་དང་༔ བསྐངས་ཤིང་ཆོས་བཤད་འགྲོགས་ལ་སོགས༔ ཉམས་ཆགས་སྐྱོན་གྱིས་གོས་པ་རྣམས༔ འགྱོད་པས་བཤགས་སོ་དག་གྱུར་ཅིག༔ ཡིད་ཀྱི་དམ་ཉམས་ལྟ་བས་བཤགས༔ དེ་ཡང་ཀུན་གཞི་བྱང་ཆུབ་སེམས༔ ཡིན་པ་མེད་པའི་ལྟ་བ་རྟོགས༔ མིན་པ་མེད་པའི་སྒོམ་ཉམས་ལོན༔ ཡིན་མིན་མེད་པའི་སྤྱོད་པ་རྟོགས༔ རེ་དོགས་མེད་པར་བྱང་ཆུབ་ནས༔ རྩ་བ་ཡན་ལག་ཐམས་ཅད་ཀྱི༔ ཉམས་ཆགས་མ་བྱུང་མ་སྐྱེས་པས༔ བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ༔ ༀ་བཛྲ་ས་ཏྭ་ས་མ་ཡ༔ སོགས་ནས། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ འདིའི་ཚིག་རྐང་དང་པོ་གཉིས་གསུང་རྒྱུན་དང་འཕྲོས་གསང་བ་ཡོངས་རྫོགས་ཀྱི་རྒྱུད་ཚིག་གོ །བདག་ཅག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས༔ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་ཁ་བསྐང་ཞིང་བདེ་ཆེན་ཆོས་ཉིད་ཀྱི་དབྱིངས་སུ་སོར་ཆུད་པར་གྱུར་ཅིག༔ གནམ་ཕུད་འཐོར་ལ། ༀ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཚོགས་ལ་རོལ༔ ཡི་དམ་རྒྱ་མཚོ་ཚོགས་ལ་རོལ༔ མཁའ་འགྲོ་རྒྱ་མཚོ་ཚོགས་ལ་རོལ༔ ཆོས་སྐྱོང་སྲུང་མ་ཚོགས་ལ་རོལ༔ ནོར་ལྷ་གཏེར་བདག་ཚོགས་ལ་རོལ༔ སྣང་སྲིད་ལྷ་འདྲེ་ཚོགས་ལ་རོལ༔ ཡུལ་ལྷ་གཞི་བདག་ཚོགས་ལ་རོལ༔ རིགས་དྲུག་ཕ་མ་ཚོགས་ཚོགས་ལ་རོལ༔ ལན་ཆགས་བགེགས་རིགས་ཚོགས་ལ་རོལ༔ ལ་ལ་ཕྱི་ཡི་ཚོགས་ཚོགས་ལ་རོལ༔ ལ་ལ་ནང་གི་ཚོགས་ལ་རོལ༔ ལ་ལ་གསང་བའི་ཚོགས་ལ་རོལ༔ དེ་ཁོ་ན་ཉིད་ཀྱི་ཚོགས་བདེ་བ་ཆེན་པོ་ལ་རོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ལས་རྡོར་གྱིས། ཧོ༔ ཚོགས་ཀྱི་མཆོད་པ་རྒྱན་ཏུ་རོལ། ཞེས་སྟོབ། ལེན་པ་པོས། ཨ་ལ་ལ་ཧོཿ ཞེས་བླངས་ལ་ནང་གི་སྲེག་བླུགས་ཀྱིས་རོལ། ལྷག་མ་ནི། ༀ་ཨཱཿཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ སྤྲིན་ལྟར་གཏིབས་ཤིང་ཧབ་ཤ་རྒྱུག༔ ཤ་ཁྲག་བརྒྱན་པའི་ཚོགས་ལྷག་བཞེས༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ བསྟན་དགྲ་དམ་ཉམས་ཟས་སུ་ཟོ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ སྒྲུབ་པའི་བར་ཆད་བཟློག་པ་དང་༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཨུཙྪི ཥྚ་བ་ལིཾ་ཏ་ཁཱ་ཧི༔ དྲག་པོའི་ལས་དང་འབྲེལ་བའི་བསྐུལ་བ་དགོས་ན་སྐབས་འདིར་སྦྱར་བར་བྱ་སྟེ་གཞན་དུ་ཤེས་སོ། །གཉིས་པ་གཏོར་སྐྱོང་ལས་ཆད་མདོ་བྱ་བ་ནི། གཏོར་མ་ལ་དགྲ་བགེགས་འགུགས་བསྟིམས་བྱས་ཏེ་བདུད་རྩིར་དམིགས་ལ། ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་དང་༔ སྙིགས་མ་རྩོད་ལྡན་དུས་དང་ལྷ་མིའི་གནས༔ ཀུན་བཟང་སྣང་བ་མཐའ་ཡས་པདྨ་འབྱུང་༔ རྒྱུད་གསུངས་གཏེར་དུ་སྦས་དང་གཏོན་པའི་ཚེ༔ སྣང་སྲིད་སོ་སོས་ཁས་བླང་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ འགོང་པོ་སྤུན་དགུ་རྒྱ་འདྲེའི་གནོད་པ་དང་༔ ཧོར་སོགས་འཇིགས་པའི་དམག་དཔུང་བཟློག་ཏུ་གསོལ༔ བཤལ་ཆུས་བརྟན་མ་སྐྱོང་བ་ནི། ཁྱད་པར་སློབ་དཔོན་པདྨའི་བཀའ་བསྒྲུབ་པ༔ བོད་ཁམས་སྐྱོང་བའི་བསྟན་མ་ཆེན་མོ་ནི༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ འཁོར་དང་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཁམས་དཀར་པོའི་ཆོས་ལ་འགོད་པ་དང་༔ ཡང་ཟབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བར་མཛོད༔ དཀྱུས་ལ་ཕྱག་ལེན་ཏུ་མི་མཛད་ཀྱང་དྲག་ལས་སོགས་ཀྱི་མཇུག་ཏུ་རྟ་བྲོ་བྱ་བ་ནི། གཏོར་གཞོང་འོག་ཏུ་དམིགས་བྱ་བཀུག་ལ། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཞིང་བཅུ་བསྒྲལ་བའི་གདན་སྟེང་དུ༔ དབང་དྲག་ལྷ་ཚོགས་བྲོ་བརྡུངས་པས༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བགེགས་ནི་ཕྱེ་མར་འཐགས་པའི་བྲོ༔ གནོད་བྱེད་དམ་སྲི་འདུལ་བའི་བྲོ༔ བར་ཆད་མེད་པར་བརྡུང་བར་བྱ༔ ༀ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་མཐར། ཧཱུྃ་ཧཱུྃ་ལྃ་ལྃ་སྟམྦྷ་ཡ་ནན༔ གསུམ་པ་མཆོད་བསྟོད་ནི། མཆོད་པ་ཁ་གསོས་སྟེ། ༀ་ཨཱཿཧཱུྃ༔ མཆོད་འོས་ཕྱི་ནང་ནས། རྒྱལ་བར་འབུལ༔ ༀ་བཛྲ་ཨརྒྷཾ་ནས། ཤཔྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱིཿ རྒྱལ་བ་ཐམས་ཅད་སོགས་ཤླཽ་ཀ་གཅིག་གིས་བསྟོད། མཆོད་བསྟོད་འདི་ཚེས་བཅུའི་ཚོགས་མཆོད་སོགས་ལ་མཛད་སྲོལ་མེད་དོ། །བཞི་པ་དངོས་གྲུབ་བླང་བ་ནི། ཨེ་མ་ཧོ༔ བདག་གཞན་བླ་མེད་ཚོགས་མཆོད་འདི་དག་གིས༔ སྡིག་སྒྲིབ་ཉམས་ཆགས་མ་ལུས་ཀུན་བྱང་ནས༔ ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཅིང་༔ བྱིན་རླབས་རྩལ་དབང་གཟི་བྱིན་ནུས་མཐུ་ལྡན༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ནོངས་བཤགས་བརྟན་བཞུགས་གཞུང་འགྲེལ་གང་དུའང་མ་གསུངས་པས་ཚེས་བཅུའི་ཚོགས་མཆོད་སོགས་ལ་ཕྱག་ལེན་མི་མཛད་ཀྱང་། སྒྲུབ་མཆོད་དང་དབང་སྒྲུབ་ཀྱི་སྐབས་སུ་ཡིག་བརྒྱ་བཟླ་ཞིང་ནོངས་བཤགས་དང་། ཚོགས་མགྲོན་སོགས་བརྟན་བཞུགས་སྤྱི་ལྟར་བྱའོ། །ལྔ་པ་སྨོན་ལམ་ནི། ༀ་ཨཱཿཧཱུྃ༔ སྐྱབས་མེད་མགོན་མེད་སྐྱེ་འགྲོ་འདི་དག་ཀུན༔ འཁོར་བའི་འཁྲུལ་འཁོར་ཀུན་གྱི་གཞི་རྟེན་ལ༔ རྟེན་འབྲེལ་བཅུ་གཉིས་ཤིང་རྟ་ལྟ་བུ་ཡི༔ འཕང་ལོ་འདྲ་བ་མྱུར་དུ་ཞིག་གྱུར་ཅིག༔ བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག༔ དྲུག་པ་བཀྲ་ཤིས་ནི། ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ བདུན་པ་བསྐྱེད་རིམ་བསྡུ་ལྡངས་ནི། ༀ་ཨཱཿཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ སྒྱུ་ལུས་གཞལ་ཡས་ཁང་དུ་བསྡུ༔ དེ་ཡང་ཡས་མར་འོད་དུ་ཞུ༔ སྔགས་ཕྲེང་གསེར་གྱི་རྡོ་རྗེར་བསྡུ༔ དེ་ཡང་འཇའ་འམ་ཆུ་བུར་ལྟར༔ དམིགས་མེད་རྒྱ་ཡན་ལྷུག་པར་བཞག༔ རང་བཞིན་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་ཀུན་བཟང་མཇའ་བར་འགྱུར༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གཟུགས་སྣང་ཐམས་ཅད་གསལ་སྟོང་ལྷ་ཡི་སྐུ། །སྒྲ་གྲགས་ཐམས་ཅད་བརྗོད་བྲལ་སྔགས་གྱི་སྒྲ། །དྲན་རྟོག་ཐམས་ཅད་རང་གྲོལ་ངོས་བཟུང་བྲལ། །དམིགས་མེད་ཁྱབ་བརྡལ་ལྷུན་གྲུབ་ཆེན་པོར་ཤོག །ཅེས་བརྗོད་ལ་ཁྱེར་སོ་གསུམ་གྱི་གྲུབ་མཐའ་བསྐྱང་བར་བྱའོ།། །།རྩ་བའི་གཞུང་དང་དཀའ་འགྲེལ་ཡང་འགྲེལ་བཅས། །རིག་འཛིན་བརྒྱུད་པ་དུ་མའི་བཞེད་སྲོལ་གྱི། །སྙིང་པོ་བསྡུད་ཏེ་དད་པས་སྦྱར་ན་ཡང་། །རྨོངས་བློས་ཉེས་ཀུན་རྩ་གསུམ་ལྷ་ལ་བཤགས། །དབང་ལུང་ཐོབ་པས་རྒྱས་བསྡུས་གང་བྱས་ཀྱང་། །འགལ་བ་མེད་པར་རྗེས་སུ་གནང་བའི་མཐུས། །འདིས་ཀྱང་ལུས་ཅན་བྱེ་བ་དུང་ཕྱུར་སྙེད། །པདྨ་འོད་འབར་གོ་འཕང་སྒྲུབ་ནུས་ཤོག །ཆོས་འདིར་འབྲེལ་ཀུན་དག་པའི་ཞིང་གཅིག་ཏུ། །ཐུགས་ཡིད་གཅིག་འདྲེས་འོད་གོང་ཁྱབ་བརྡལ་ཆེ། །ལྷུན་གྲུབ་ཐིག་ལེར་མངོན་པར་འཚང་རྒྱ་བར། །རྡོ་རྗེའི་གསུང་བཞིན་བསླུ་མེད་འགྲུབ་གྱུར་ཅིག ། ཅེས་པ་འདིའང་ཁྱབ་བདག་ཀུན་མཁྱེན་བླ་མ་མཚོ་སྐྱེས་དགྱེས་པའི་ཞབས་ཀྱིས་གསེར་གྱི་མེ་ཏོག་བཅས་བཀའ་ཡི་ཅོད་པན་སྤྱི་བོར་ཕེབས་པ་དད་པས་གཙུག་ཏུ་བཀོད་དེ། པདྨའི་ཞལ་ཚབ་སི་ཏུ་པདྨ་དབང་ཆེན་གྱིས་རྗེས་སུ་བཟུང་ཞིང་ཆོས་འདིའི་རིག་སྔགས་འཆང་བ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྨིན་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅུའི་མཆོད་པ་དང་རྗེས་སུ་འབྲེལ་བར་གྲུབ་པར་བགྱིས་པ་ཟབ་ཆོས་འདི་ཉིད་ནམ་ཡང་མི་ནུབ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།དགེ་ལེགས་འཕེལ།། ༈ །།འདི་ཡི་མ་དཔེ་རིན་ཆེན་གཏེར་མཛོད་དཔལ་སྤུངས་པར་མ་པོད་༼ཉ༽པའི་ནང་བཞུགས་སོ། །བརྒྱུད་འདེབས་ཁག་གཉིས་དང་གཞུང་གི་གསོལ་འདེབས་སྐབས་བརྒྱུད་པའི་ཁ་སྐོང་རྣམས་ནི་མ་གཏོགས་སོ། །དགེའོ། །སརྦ་མངྒ་ལཾ།། །།

སི་ཏུ་པདྨ་ཉིན་བྱེད་གསུང་གུ་རུའི་བླ་མའི་རྣལ་འབྱོར།

བླ་མའི་རྣལ་འབྱོར་ཚོགས་སྐོང་དང་བཅས་པ་བཞུགས། བླ་མའི་རྣལ་འབྱོར་ཚོགས་སྐོང་བཅས་བཞུགས། ༀ་ཨཱཿཧཱུྃ། །རང་ཉིད་ཡི་དམ་ལྷར་གསལ་མདུན་གྱི་མཁར། །བཀའ་དྲིན་ག སུམ་ལྡན་རྩ་བའི་བླ་མ་སོགས། །སྐྱབས་གནས་ཀུན་འདུས་གུ་རུ་པདྨ་འབྱུང་། །རྩ་གསུམ་ལྷ་ཚོགས་སྤྲིན་ལྟར་གཏིབས་པར་གསལ། །ཧཱུྃ ཨོ་རྒྱན་ཡུལ་གྱི་སོགས། བྱིན་དབབ་ནས་བཛྲ་གུ་རུའི་ཛབྲ་ཅི་ནུས་བཟླ། མཐར་ཚོགས་མཆོད་ནི། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ་ཧྲཱིཿ སྣང་བ་སྣོད་ཀྱི་གཏོར་གཞོང་དུ། །སྲིད་པ་བཅུད་ཀྱི་ཚོགས་རྫས་བཤམས། །གཉིས་འཛིན་དྲི་མ་ཀུན་བསལ་ནས། ཡེ་ཤེས་བདུད་རྩིར་བསྒྱུར་བྱས་ཏེ། །རྒྱལ་བ་ཀུན་འདུས་པདྨ་འབྱུང་། །རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་། །དགྱེས་བཞེས་མཆོག་ཐུན་དངོས་གྲུབ་སྩོལ། །འཁོར་གསུམ་དམིགས་པའི་སྒྲིབ་ཚོགས་ཀུན། །ཡེ་དག་ཀུན་བཟང་ཀློང་དུ་བཤགས། །མ་རིག་གཉིས་སུ་འཛིན་པའི་བགེགས། །སྐུ་གསུམ་རོལ་པར་བསྒྲལ་ནས་ཀྱང་། །མཉམ་ཉིད་ཡངས་པའི་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། སྐོང་བ་ནི། ཧྲཱིཿ དུས་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །པདྨ་ཐོད་ཕྲེང་དཀྱིལ་འཁོར་ལྷ་ཡི་ཚོགས། །བསྐང་ངོ་བསྐལ་པར་ཐུགས་དམ་གཉན་པོ་བསྐང་། །སྡོམ་གསུམ་འགལ་བའི་ཉེས་ལྟུང་ཕྲ་རགས་རྣམས། །དམིགས་མེད་ཀུན་བཟང་ཀློང་དུ་མཐོལ་ཞིང་བཤགས། །དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །རང་བྱུང་ཡེ་ཤེས་གདོད་མའི་ཆོས་ཀྱི་སྐུ། །བདག་རྒྱུད་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་ཚོགས་མཆོད་རིམ་པ་གསུམ་དུ་སྤྲོས་ལ་ཕུལ། སྒྲུབ་པོ་ནང་གི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱོད་པའི་ལྷག་མ་ནི། ཧྲཱིཿ ཀ་དག་ཐིག་ལེ་ཉག་གཅིག་ལས། །ཐབས་ཀྱི་རོལ་པ་གཙོ་དང་འཁོར། །རྣམ་འགྱུར་མི་བཟད་ལྷག་སྡུད་ཚོགས། །ལྷག་གཏོར་བཞེས་ལ་ཕྲིན་ལས་མཛོད། ཆད་མདོ་ནི། ཧཱུྃ་བྷྱོ། དུས་གསུམ་དུས་མེད་ཀ་དག་དུས་ཀྱི་ཚེ། །ཤེས་རིག་གདོད་མའི་མགོན་པོས་རང་སྣང་གི །འཁོར་ཚོགས་རྒྱ་མཚོར་ཇི་ལྟར་བཅོལ་བའི་ལས། །སྒྲུབ་ཕྱིར་གཏོར་མ་འབུལ་གྱིས་བཞེས་སུ་གསོལ། བརྟན་སྐྱོང་ནི། ཁྱད་པར་རིག་འཛིན་པདྨ་སམྦྷ་ཝའི། །ཞལ་མཐོང་བོད་ཡུལ་བརྟན་སྐྱོང་བཅུ་གཉིས་པོ། །འཁོར་བཅས་བཤལ་ཆུའི་གཏོར་མ་འདི་ལོང་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དབང་བླང་བ་ནི། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱིས། །བདག་ཅག་མོས་པའི་བུ་རྣམས་ལ། །ལུས་ལ་སྐུ་ཡིས་བྱིན་གྱིས་རློབས། ངག་ལ་གསུང་གི་བྱིན་གྱིས་རློབས། །ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས། །དབང་བཞི་བསྐུར་བར་བྱིན་གྱིས་རློབས། །རྒྱུད་བཞི་དག་པར་བྱིན་གྱིས་རློབས། །ལམ་བཞི་འབྱོང་བར་བྱིན་གྱིས་རློབས། །སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ ཝ་ཌཱ་ཀི་ནཱི། ཀཱ་ཡ་ཨ་བྷི་ཥི ཉྩ་ༀ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ རྩ་གསུམ་ལྷ་ཚོགས་འོད་ཞུ་རང་ལ་ཐིམ། །སྐྱེ་བ་ཀུན་ཏུ་ཨོ་རྒྱན་པདྨ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །པདྨ་འབྱུང་གནས་གོ་འཕང་མྱུར་ཐོབ་ཤོག །སོགས་བརྗོད་ཅིང་མཐར་བཀྲ་ཤིས་དང་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་ཆོས་ཁྲིམས་དཀར་རིན་ངོར་སྤེལ་བ་དགེ། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་རིན་ཆེན་གཏེར་མཛོད་དཔལ་སྤུངས་པར་མ་པོད་༼ དི ༽པའི་ནང་དུ་བཞུགས་སོ། །སརྦ་མངྒ་ལཾ།། །།

མར་པའི་བླ་སྒྲུབ།

མངའ་བདག་མར་པ་ལོ་ཙཱ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་སྒྲུབ་སྨིན་བྱེད་དང་བཅས་པ་ཟབ་གསང་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་མ་ཧཱ་ལོ་ཙཱ་དྷརྨ་མ་ཏྱཻ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་དངོས་ཀུན་བདག །བདེ་ཆེན་དགྱེས་པ་རྡོ་རྗེའི་གསང་བ་གསུམ། །དངོས་སུ་སྣང་བ་ལོ་ཙཱ་ཆེན་པོ་དང་། །དབྱེར་མེད་ཁྱབ་བདག་པདྨའི་མཚན་ལ་འདུད། །འདུས་པ་ལ་སོགས་དཔལ་ལྡན་ཧེ་རུ་ཀ། །སྙིགས་དུས་འགྲོ་ངོར་གྲུབ་པ་མཆོག་གི་ཚུལ། །ཀ་ཆེན་རྣམ་བཞི་བརྒྱུད་པར་བཅས་རྣམས་ལ། །གུས་པས་བཏུད་ནས་དེ་ཡི་རྣལ་འབྱོར་བྲི། །སྔོན་ཆད་འདི་གཞུང་དམིགས་སུ་མ་བྱུང་ཞིང་། །རང་བཟོ་ཕལ་ཆེར་ལོག་པའི་ལམ་མཁན་ཉིད། །འོན་ཀྱང་སྐལ་ལྡན་སློབ་མས་ནན་བསྐུལ་ཕྱིར། །མངའ་བདག་ཐུགས་བཅུད་གསང་བའི་སྙན་བརྒྱུད་དང་། །ལམ་ཟབ་སོགས་ཀྱི་དགོངས་དོན་བསྒྲིལ་བ་ལ། །བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས་པ་དང་། །ཌཱ་ཀི་ཆོས་སྲུང་ཀོ་ལོང་མི་མཛད་ཅིང་། །གནང་བའི་སྐབས་ཕྱེས་གྲུབ་གཉིས་མཆོག་སྩོལ་མཛོད། །འདིར་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་གསང་སྔགས་རིག་པ་འཛིན་པའི་སྡེ་སྣོད་འཆང་བ་ཐམས་ཅད་ཀྱིས་བསྒྲུབ་པར་བྱ་བའི་གཙོ་བོ་ནི་བླ་མ་དངོས་དང་བརྒྱུད་ནས་མཆོད་ཅིང་སྒྲུབ་པ་ཉིད་ཡིན་ལ། ཁྱད་པར་རྗེ་བཙུན་མར་མི་དྭགས་གསུམ་གྱི་སྒྲུབ་བརྒྱུད་རིན་པོ་ཆེ་འདི་ཉིད་མོས་གུས་ཀྱི་བཀའ་བབས་པ་ཡིན་པས་འདི་ལ་ཆེ་ཐང་དུ་བརྩོན་པར་རིགས་ཤིང་། དེའང་བླ་མ་མཆོད་པའི་ཚུལ་ཐུན་མོང་བ་ནི་ཚིག་གི་སྤྲོས་པ་རྒྱས་བསྡུས་ཙམ་ལས་དོན་དུ་ཡན་ལག་བདུན་པའི་བསགས་སྦྱོང་དང་གསོལ་འདེབས་གུ་རུ་ལུགས་སུ་གདབ་པ་ཙམ་ཡིན་པས་གྲུབ་མཐའ་ཐམས་ཅད་ལ་གྲགས་ཆེ་སྟེ་དེ་ལྟར་ཡང་བླ་མའི་ཡོན་ཏན་ཡོངས་བཟུང་གི་རྒྱུད་ཀྱི་དགོངས་དོན་སོགས་དང་འབྲེལ་བར་མངོན་ལ་རྒྱ་གཞུང་ཕྲན་ཚེགས་ཀྱང་སྣང་། བླ་མ་སྒྲུབ་པའི་ཚུལ་ནི་རྙིང་ལུགས་སུ་གུ་རུ་རིན་པོ་ཆེའི་བླ་སྒྲུབ་དར་རྒྱས་ལྷག་པར་ཆེ་ཞིང་དེའི་ཁུངས་ནི་གཏེར་ཆོས་རྣམས་ཡིན་ལ། གསར་མའི་ཕྱོགས་སུ་དེ་འདྲའི་རྒྱུན་སྲོལ་རྐང་ཚུགས་མ་བྱུང་ཡང་ས་པཎ་དང་རྗེ་རིན་པོ་ཆེ་སོགས་ཀྱི་བླ་སྒྲུབ་དག་སྣང་དུ་བྱུང་བ་ཅི་རིགས་མཆིས་ཤིང་། ལྷག་པར་མི་ལའི་སྙན་བརྒྱུད་ཆེ་ཆུང་གི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་རྣམས་དང་། ཀཾ་ཚང་མོས་གུས་ཆེན་མོ། འབྲུག་ལུགས་ལམ་ཟབ་སོགས་ནི་མཚན་གྱི་བཏགས་ཕྱོགས་ལས་དོན་དུ་བླ་སྒྲུབ་རྐང་ཚུགས་པ་ཡིན་ཅིང་། མཉམ་མེད་དྭགས་པོ་རིན་པོ་ཆེའི་གསང་ལམ་བླ་སྒྲུབ་ནི་ཡོངས་སུ་གྲགས་པ་དང་། དེ་དག་གི་སྨིན་གྲོལ་རྒྱུན་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་སྐལ་པ་བཟང་པོའི་དཔྱིད་དུ་ནོས་ཤིང་ལམ་ཟབ་ལ་རྒྱ་གཞུང་གི་ཁུངས་ཀྱང་བཞུགས་པར་སྣང་བས། འདིར་ཡང་དེ་དག་གི་རྗེས་སུ་འབྲངས་ཏེ་མདོར་དྲིལ་བའི་རྣལ་འབྱོར་འཆད་པ་ལ་གསུམ། ཕྱི་བླ་མ་ཁྲོམ་ཚོགས་ལ་བརྟེན་ཏེ་མོས་གུས་གསོལ་འདེབས་ཀྱི་བསྙེན་པ་དང་། ནང་ཡི་དམ་དཀྱིལ་འཁོར་ལ་བརྟེན་ཏེ་བསྒོམ་བཟླས་རླུང་སྦྱོར་གྱི་སྒྲུབ་པ་དང་། གསང་བ་རྒྱལ་བ་རིགས་ལྔ་ལ་བརྟེན་ཏེ་དོན་གཉིས་ཀྱི་ཕྲིན་ལས་ལ་སྦྱར་བའོ། །དང་པོ་ནི། གནས་དབེན་པར་མཎྜལ་སོགས་མཆོད་པའི་བཀོད་པ་ཇི་ལྟར་འབྱོར་བའམ་ཡིད་སྤྲུལ་ཁོ་ནས་ཀྱང་ཆོག་སྟེ། སྲིད་པ་གསུམ་ལས་ངེས་པར་འབྱུང་བའི་བློས་བསྐུལ། འཁོར་བའི་རྒྱ་མཚོར་མཐའ་མེད་དུ་འཁྱམས་པའི་མ་རྒན་འགྲོ་བ་སྡུག་བསྔལ་ཤ་སྟ ག་གིས་གཟིར་བ་རྣམས་ལ་མི་བཟོད་པའི་སྙིང་རྗེས་དྲང་། རྡོ་རྗེ་འཆང་བཤེས་གཉེན་གྱི་རྣམ་པར་ཤར་བ་ཐར་ལམ་སྟོན་པའི་བླ་མ་དམ་པ་ལ་མི་ཕྱེད་པའི་དད་གུས་ལ་ཐོག་མཐའ་ཀུན་ཏུ་གཞི་བཅས་ཏེ། དང་པོ་མདུན་གྱི་ནམ་མཁར་བླ་མ་འཁོར་བཅས་མངོན་སུམ་བཞིན་བཞུགས་པར་མོས་ལ་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་དངོས། །བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་པ། །རྗེ་བཙུན་མར་པ་ཆོས་ཀྱི་བློ་གྲོས་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ལམ་ཟབ་བླ་མའི་རྣལ་འབྱོར་འདིར་བརྟེན་ནས། །བདག་གིས་ཚེ་གཅིག་བྱང་ཆུབ་མཆོག་བསྒྲུབ་ཅིང་། །ནམ་མཁའི་མཐའ་མཉམ་ཕ་མ་སེམས་ཅན་ཀུན། །དགྱེས་མཛད་རྡོ་རྗེའི་གོ་འཕང་ལ་འགོད་བྱ། །རྒྱུད་དག་པར་བྱེད་པ་ནི། རང་གི་སྤྱི་བོར་པདྨ་ཉི་མའི་སྟེང་། །ཧཱུྃ་ལས་བླ་མ་རྡོར་སེམས་ཧེ་རུ་ཀ །སྐུ་མདོག་དཀར་པོ་ཞལ་གཅིག་སྤྱན་གསུམ་པ། །ཁྲོ་འཛུམ་དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན། །རྡོ་རྗེ་ཕྱར་ཞིང་བནྡྷ་ཐུགས་ཀར་འཛིན། །རུས་རྒྱན་སྟག་ཤམ་གླང་ཀོའི་ཆོས་གོས་གསོལ། །སྙེམས་མ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །ག ཡས་བསྐུམ་གཡོན་བརྐྱང་རང་འོད་མེ་ཀློང་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་སྔགས་ཀྱིས་བསྐོར། །འོད་འཕྲོས་རྩ་བ་གསུམ་པོ་སྤྱན་དྲངས་ཐིམ། །ཡབ་ཡུམ་བདེ་རྒྱས་སྦྱོར་མཚམས་བྱང་སེམས་རྒྱུན། །ཚངས་བུག་ནས་ཞུགས་རང་ལུས་ལྟེམས་ཀྱིས་གང་། །སྡིག་སྒྲིབ་ཀུན་དག་བདེ་སྟོང་སྐྱེས་པར་གྱུར། ༀ་ཤྲཱི་ཧེ་རུ་ཀ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ། ཅེས་ཧེ་རུ་ཀའི་ཡིག་བརྒྱའམ། ༀ་ཨཱཿགུ་རུ་བཛྲ་སཏྭ་ཧཱུྃ། ཞེས་པ་གང་རུང་ཅི་ནུས་བཟླས་པའི་མཐར་སྤྲོ་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་དག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། བླ་མ་རྡོར་སེམས་འོད་ཞུ་རང་ཐིམ་གྱུར། །དེ་ནས་རྟེན་བསྐྱེད་པ་ནི། གཟུང་འཛིན་རྣམ་དག་རང་སྣང་ཆོས་ཀྱི་དབྱིངས། །ཚད་མེད་སངས་རྒྱས་ཞིང་གི་བཀོད་པ་རྫོགས། །ཀུན་བཟང་སྨོན་ལམ་རྒྱ་མཚོའི་སྤྲིན་ཕུང་ལས། །འདོད་རྒུ་ནམ་མཁའ་མཛོད་ཀྱི་ཆར་འབེབས་པའི། །མདུན་མཁར་ཐར་པ་ཆེན་པོའི་གཞལ་མེད་ཁང་། །ཆོས་ཀྱི་འབྱུང་གནས་ཡེ་ཤེས་རང་འོད་ཅན། །རྡོ་རྗེའི་ཁང་བརྩེགས་དཔེ་མེད་རབ་འབྱམས་དབུས། །མི་འཇིགས་སེང་ཁྲི་མ་ཆགས་པདྨའི་གདན། །དཀར་དམར་རྣམ་དག་ཉི་ཟླའི་དཀྱིལ་འཁོར་དུ། །རྩ་བའི་བླ་མ་དགྱེས་མཛད་ཧེ་རུ་ཀ །རྣམ་པ་བཀའ་བརྒྱུད་སྤྱི་མེས་ལྷོ་བྲག་པ། །དམར་སྨུག་སྐུ་ཉམས་རབ་རྒྱས་ཧུར་བག་ཅན། །ཕྱག་གཉིས་ས་གནོན་ཕྱག་རྒྱས་བདུད་ཚོགས་འདུལ། །ལྕང་ལོ་གྱེན་བརྫེས་ཞབས་གཉིས་རོལ་པའི་སྟབས། །ཕྱོགས་བཞིར་པདྨ་ཟླ་བ་རྒྱས་པ་ལ། །ཤར་དུ་མཚུར་སྟོན་དབང་གི་རྡོ་རྗེའི་ཞབས། །ལྷོ་རུ་རྔོག་སྟོན་ཆེན་པོ་ཆོས་རྡོར་བ། །ནུབ་ཏུ་མེས་སྟོན་བསོད་ནམས་རྒྱལ་མཚན་རྣམས། །རྡོ་རྗེ་དྲིལ་འཛིན་སྐྱིལ་མོ་ཀྲུང་གིས་བཞུགས། །གཙོ་འཁོར་ཐམས་ཅད་སྔགས་གྲུབ་རྣལ་འབྱོར་ཆས། །འདུང་མ་དཀར་པོ་བེར་ཕྱམ་དམར་ཟླུམ་གསོལ། །འཛུམ་ཁྲོའི་ཉམས་ལྡན་ལྕང་ལོ་ཟར་བུ་འཕྱངས། །ཧེ་རུ་ཀ་དཔལ་མངོན་སུམ་བྱོན་འདྲ་བ། །རྡོ་རྗེའི་ཟིལ་ཆེན་བརྗིད་ལྡན་ལྷུན་ཆགས་བཞུགས། །གཡོན་དུ་གྲུབ་པའི་དབང་ཕྱུག་མི་ལ་རྗེ། །བཟང་པོའི་སྟབས་ཅན་རས་དཀར་བླ་གོས་འཆང་། །མཐོང་ཐོས་དྲན་པས་གྲོལ་བའི་ངང་ཚུལ་ཅན། །རང་རང་ཐུགས་སྲས་བརྒྱུད་འཛིན་ཚོགས་ཀྱིས་བསྐོར། །དེ་རྒྱབ་མདུན་ཕྱོགས་མཉམ་མེད་འཛམ་གླིང་གྲགས། །ལས་ཅན་ས་ཐོབ་ལྔ་བརྒྱ་དང་བ་སྤྲོ། །གཡས་ཕྱོགས་མཆོག་གི་སྤྲུལ་སྐུ་དུས་གསུམ་མཁྱེན། །སངས་རྒྱས་ཕྲེང་བ་རིམ་བྱོན་ཚར་དུ་དངར། །རྒྱབ་ཕྱོགས་འགྲོ་བའི་མགོན་པོ་རྡོ་རྗེ་རྒྱལ། །ཟུང་བཞི་ཡ་བརྒྱད་གྲུབ་པའི་ཁྱུ་ཆེན་འཁྲིགས། །གཡོན་ཕྱོགས་བྱམས་མགོན་བསྟན་པའི་ཉིན་མོར་བྱེད། །སྒྲུབ་བརྒྱུད་སྐྱེས་མཆོག་དུ་མ་ཉམས་སུ་དགའ། །གཙོ་བོའི་དབུ་གཙུག་རྗེ་བཙུན་ནཱ་རོ་པ། །དེ་སྟེང་ཏེ་ལོ་པ་དང་རྡོ་རྗེ་འཆང་། །བཀའ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་བསྐོར། །བར་ཕྱོགས་ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ། །འོག་ཕྱོགས་མ་ཧཱ་ཀཱ་ལ་ལྕམ་དྲལ་རྣམས། །རང་འཁོར་དང་བཅས་གཟི་བརྗིད་འོད་དུ་འབར། །བྱིན་རླབས་གཟི་མདངས་ཆོས་དབྱིངས་རྒྱས་པར་འགེངས། །རྡོ་རྗེའི་ཆོས་སྒྲ་འགྲོ་དྲུག་སྐད་དུ་སྣང་། །ཐུགས་རྗེའི་དགོངས་པ་སྐལ་ལྡན་བུ་ལ་གཏད། །ཡེ་ཤེས་བྱིན་ཆེན་བརྟན་གཡོ་ཀུན་ལ་འབེབས། །མོས་པའི་སྣང་ངོར་མངོན་སུམ་བཞུགས་པར་གྱུར། །གཤེགས་བཞུགས་སྤྲོས་པ་མེད་པའི་ངེས་པ་བརྟན་པོའི་ངང་སྣང་ཚུལ་ཙམ་དུ་སྤྱན་འདྲེན་པ་ནི། ༀ། ཁྱབ་བདག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ། །བདུད་དཔུང་འཇོམས་མཛད་དཔལ་ལྡན་ཧེ་རུ་ཀ། །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བདག་གིས་དད་པས་དེང་འདིར་གསོལ་འདེབས་ན། །དམིགས་མེད་སྙིང་རྗེའི་དབང་གིས་འདིར་གསལ་མཛོད། །རང་སྣང་འོག་མིན་དག་པའི་ཞིང་རྣམས་དང་། །མཁའ་སྤྱོད་ཐར་པ་མཆོག་གི་ཕོ་བྲང་ནས། །དགྱེས་མཛད་མར་པ་ཐུགས་སྲས་ཀ་ཆེན་བཞི། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྲུང་དམ་ཅན་འཁོར་ལོའི་ཚོགས། །ཁྱབ་བདག་བླ་མའི་ཡེ་ཤེས་རོལ་པའི་གར། །ངོ་བོ་གཅིག་ལ་རྣམ་པ་ཐ་དད་སྟོན། །པྲ་ཕབ་གཟུགས་བརྙན་དབང་པོའི་གུར་ཁྱིམ་བཞིན། །མོས་པའི་ཡིད་མཁར་མངོན་སུམ་སྣང་མཛད་གསོལ། །བཞུགས་པར་གསོལ་ནས་བསགས་སྦྱོང་བྱ་བ་ནི། ཡེ་ཤེས་སྐུ་ལ་འགྲོ་འོང་མ་མཆིས་ཀྱང་། །བདག་ཅག་མོས་པའི་རེ་བ་མ་སྐོང་བར། །འགྲོ་བའི་བླ་མ་ཡེ་ཤེས་སྤྱན་ལྡན་རྣམས། །དགྱེས་པར་བཞུགས་ལ་དམིགས་མེད་ཐུགས་རྗེས་དགོངས། །རིགས་རྣམས་ཀུན་གྱི་ཁྱབ་བདག་ཧེ་རུ་ཀ། །བཅོམ་ལྡན་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །སངས་རྒྱས་དངོས་ཀྱིས་རྗེས་བཟུང་མཆོག་བརྙེས་པ། །གྲུབ་ཆེན་ཏེ་ལོ་པ་ལ༴ བཅུ་གཉིས་དཀའ་སྤྱད་བར་དོར་མཁའ་སྤྱོད་འགྲུབ། །པཎ་ཆེན་ནཱ་རོ་པ་ལ༴ དགྱེས་མཛད་དངོས་བྱོན་བཀའ་བརྒྱུད་སྤྱི་མེས་ཆེ། །རྗེ་བཙུན་ལྷོ་བྲག་པ་ལ༴ འོད་གསལ་བཀའ་བབས་རྡོ་རྗེ་གསུམ་གྱི་དངོས། །མཚུར་སྟོན་དབང་རྡོར་ཞབས་ལ༴ བཤད་རྒྱུད་བཀའ་བབས་མཁའ་སྤྱོད་སྐུ་དངོས་གཤེགས། །རྔོག་སྟོན་ཆོས་རྡོར་ཞབས་ལ༴ གསང་ལམ་བཀའ་བབས་སངས་རྒྱས་དགྱེས་པའི་དཔལ། །མེས་སྟོན་བསོད་རྒྱལ་ཞབས་ལ༴ གཏུམ་མོའི་བཀའ་བབས་གངས་ཅན་འགྲན་ཟླ་བྲལ། །བཞད་པ་རྡོ་རྗེའི་ཞབས་ལ༴ དྭགས་པོ་དུས་མཁྱེན་འགྲོ་མགོན་ཆོས་ཀྱི་འབྱུང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ལ། །ཞིང་རྡུལ་གྲངས་སྙེད་སྒོ་གསུམ་གུས་པ་ཡིས། །ཕྱག་འཚལ་བསྟོད་ཅིང་གསོལ་བ་སྙིང་ནས་འདེབས། །ཕྱི་ལྟར་མཚན་དཔེའི་སྣང་བརྙན་དད་པས་རྟོགས། །ནང་ལྟར་རྡོ་རྗེའི་གསང་གསུམ་གསལ་གདབ་ཅིང་། །གསང་བ་རང་སེམས་བླ་མ་ལྟ་བས་མཇལ། །རྟག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པའི། །རྣམ་ཐར་བསམ་ཞིང་དེ་ཡི་རྗེས་སུ་སློབ། །བླ་མ་སངས་རྒྱས་དངོས་སུ་འགྲུབ་ཀྱི་བར། །མི་ཕྱེད་རྩེ་གཅིག་གུས་པའི་གདུང་ཤུགས་ཀྱིས། །དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆི། །རྗེ་བཙུན་ལྷོ་བྲག་པ་ཡིས་བྱིན་གྱིས་རློབས། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོས་ཐུགས་རྗེས་ཟུང་། །འཁོར་བར་འཁྱམས་པ་རྣམས་ཀྱི་ལམ་སྣ་དྲོངས། །བདག་གིས་རེ་ཞིང་ལྟོས་པ་ཁྱེད་ལ་བཅའ། །སངས་རྒྱས་གཞན་ན་མེད་པའི་ཐག་ཆོད་ཀྱིས། །འདི་ཕྱིའི་སྐྱབས་གནས་གུད་དུ་མི་འཚོལ་བར། །བློ་སྙིང་བྲང་གསུམ་མར་པ་རྗེ་ལ་གཏད། །ལུས་སེམས་རྗེ་བཙུན་བླ་མའི་བྲན་ཏུ་འབུལ། །བདོག་པ་ཐམས་ཅད་བླ་མའི་ཕྱོགས་སུ་བཏང་། །ལེགས་པ་ཅི་མཆིས་རྗེ་ཡི་སྲི་ཞུར་བསྔོ། །བྱ་བ་ཅི་བྱེད་སྐུ་ཡི་རིམ་གྲོར་བགྱི། །བརྗོད་པའི་ཚིག་ཀུན་བཀའ་དྲིན་ཅན་ཁྱོད་བསྔགས། །ལུས་དང་སྲོག་ལའང་ཕོངས་པ་མ་མཆིས་པར། །དཔལ་ལྡན་བླ་མའི་བཞེད་པ་སྐོང་བགྱི་བས། །ཚེ་འདིར་ཁྱེད་ཀྱི་གོ་འཕང་ལ་འཁོད་ནས། །འགྲོ་བའི་དོན་ཀུན་ཁྱེད་བཞིན་འགྲུབ་པར་མཛོད། །ཟག་མེད་སྐུ་ལ་སྲེད་ལེན་སྐྱོན་སྤངས་ཀྱང་། །བདག་སོགས་འགྲོ་ཀུན་བསོད་ནམས་ཚོགས་རྫོགས་ཕྱིར། །ཕྱི་ནང་གསང་བ་དེ་ཉིད་བློས་སྦྱར་བས། །ཡེ་ཤེས་ཚོམ་བུ་བདེ་བས་མཉེས་གྱུར་ཅིག །ཆུ་གཉིས་ཉེར་སྤྱོད་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །བུམ་བཟང་ནོར་བུ་དཔག་བསམ་འདོད་འཇོའི་བ། །སྨན་ལྗོངས་རིན་ཆེན་རི་བོ་མ་རྨོས་འབྲུ། །བདག་པོས་བཟུང་དང་མ་བཟུང་མཁའ་ཁྱབ་ཀྱི། །ལྷ་མིའི་དཔལ་འབྱོར་བདེ་བའི་ཡོ་བྱད་དང་། །བདག་གཞན་ལུས་དང་ལོངས་སྤྱོད་དུས་གསུམ་གྱི། །དགེ་རྩར་བཅས་ཀུན་ཞེན་མེད་དམིགས་མེད་བློས། །ཆོས་ཀྱི་རྒྱལ་པོ་སྲས་དང་བཅས་ལ་འབུལ། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག །སྐབས་འདིར་མཎྜལ་རྒྱས་པ་ལྕོགས་ན་འབུལ་ཞིང་བསྡུས་པ་གྲངས་ཅི་ནུས་བྱ། དཀྱུས་སུ་བསྟན་པ་ནི། རིན་ཆེན་ས་གཞི་ཞིང་གི་བཀོད་པ་ཅན། །རབ་འབྱམས་རྒྱ་མཚོ་རི་གླིང་ཉི་ཟླས་བརྒྱན། །ལྷ་མིའི་དཔལ་འབྱོར་ཕྱུར་བུར་བཀང་བ་འདི། །བླ་མ་སངས་རྒྱས་སྤྲུལ་པའི་སྐུ་ལ་འབུལ། །རང་ལུས་སྲིད་གསུམ་བཀོད་པར་ལྷུན་གྱིས་གྲུབ། །རྩ་རླུང་ཐིག་ལེ་ཕྱི་ནང་སྣོད་བཅུད་རྫོགས། །ཕུང་ཁམས་སྐྱེ་མཆེད་འདོད་ཡོན་སྤྲིན་ཕུང་གཏིབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ། །ཀུན་གཞི་གདོད་ནས་དག་པ་ཆོས་ཀྱི་དབྱིངས། །ཚོགས་བརྒྱད་འཁོར་འདས་ཞིང་ཁམས་ཅི་ཡང་འཆར། །རྟོག་ཚོགས་མི་ཟད་རྒྱན་གྱི་འཁོར་ལོར་འཕྲོ། །བླ་མ་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་འབུལ། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་དང་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །ཅེས་བརྗོད། བླ་མ་མཆོད་པ་རྐྱང་པའི་སྐབས་འདི་དག་ཏུ་ཕྱག་དང་། མཆོད་པའི་ཚིག་ཇི་ལྟར་རིགས་པ་རྒྱས་པར་སྦྱར་ན་ལེགས་སོ། །ཡན་ལག་ལྷག་མ་རྣམས་ནི། བདག་སོགས་འགྲོ་རྣམས་འཁྲུལ་བའི་དབང་གྱུར་པས། །བཅས་དང་རང་བཞིན་ཁ་ན་མ་ཐོ་བ། །ཐོག་མེད་དུས་ནས་ཇི་སྙེད་བསགས་པ་དང་། །ཁྱད་པར་རྡོ་རྗེ་ཐེག་པའི་དམ་ལས་འགལ། །ཐར་པའི་སྲོག་རྩ་བླ་མ་བསྟེན་པ་ལ། །ཚུལ་བཞིན་མ་བགྱིས་ནོངས་པ་གང་མཆིས་པ། །གནོང་འགྱོད་དྲག་པོས་སྙིང་ནས་བཤགས་ཤིང་བསྡམ། །འཁོར་འདས་ཀུན་གྱི་དགེ་བའི་རྩ་བ་དང་། །མཆོག་ཏུ་དཔལ་ལྡན་བླ་མའི་རྣམ་ཐར་ལ། །དད་ཅིང་དགའ་བ་ཆེན་པོས་ཡི་རང་ངོ་། །དབང་པོར་འཚམས་པའི་ཆོས་སྒོ་སྣ་ཚོགས་དང་། །ལྷག་པར་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་དུ་གསོལ། །ཇི་སྲིད་འཁོར་བ་དོང་ནས་མ་སྤྲུགས་བར། །དེ་སྲིད་ཞི་བའི་དབྱིངས་སུ་མི་གཞོལ་བར། །འགྱུར་མེད་རྡོ་རྗེའི་སྐུ་རུ་བཞུགས་སུ་གསོལ། །འདིས་མཚོན་དུས་གསུམ་དགེ་རྩ་ཅི་མཆིས་པ། །བྱང་ཆུབ་རྡོ་རྗེ་བཀའ་བརྒྱུད་སྲས་བཅས་ཀྱི། །རྣམ་ཐར་ཕྲིན་ལས་མྱུར་ཏུ་འགྲུབ་ཕྱིར་བསྔོ། །དེ་ནས་སླར་ཡང་རྗེ་དུས་གསུམ་མཁྱེན་པའི་རྡོ་རྗེའི་གསུང་། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་བཤགས་པར་བྱ། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་མཆོག་གིརྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་ཀུན་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་སྩོལ་ལོངས་སྐུར་རྟོགས་པར་བྱིན་གྱིས་རློབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །ཅེས་ཡན་ལག་བདུན་པ་སྨོན་ལམ་བཅས་ཅི་ནུས་བྱའོ། །དེ་ནས་གསོལ་འདེབས་ཀྱི་བསྙེན་པ་བྱ་བ་ནི། ཡིད་གཞན་དུ་མ་ཡེངས་པར་མོས་གུས་ཀྱི་གདུང་ཤུགས་དྲག་པོས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ༴ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །ཞེས་མ་ནམ་བཞི་སྐོར་ཁོ་ན་ལ་གྲངས་བཟུང་། གཞན་ཡང་གང་ཟག་མཆོག་རྣམས་ཀྱིས་མཛད་པའི་གསོལ་འདེབས་ཇི་ལྟར་རིགས་པ་དང་། ཁོ་བོས་བྱས་པའི་རྗེ་མར་པའི་གསོལ་འདེབས་སོགས་ཀྱང་སྤྲོ་ན་བཀླག་པར་བྱའོ། །མཐར། བདག་དང་སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར༴ ལམ་འཁྲུལ་པ་སེལ་བར༴ འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དང་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་དག་པར༴ ཐུན་འདི་ཉིད་དུ་དག་པར༴ བདག་གི་རྒྱུད་འདི་དག་པར༴ རྒྱུད་འདི་རྣམ་པར་གྲོལ་བར༴ ད་ལྟ་ཉིད་དུ་གྲོལ་བར༴ འདུག་ས་འདི་ཉིད་དུ་གྲོལ་བར༴ ཐུན་འདི་ཉིད་དུ་གྲོལ་བར༴ བདག་གི་རྒྱུད་ལ་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པར་སྐྱེ་བར༴ ད་ལྟ་ཉིད་དུ་སྐྱེ་བར༴ འདུག་ས་འདི་ཉིད་དུ་སྐྱེ་བར༴ ཐུན་འདི་ཉིད་དུ་སྐྱེ་བར༴ ཡེ་ཤེས་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར༴ ད་ལྟ་ཉིད་དུ་སྐྱེ་བར༴ འདུག་ས་འདི་ཉིད་དུ་སྐྱེ་བར༴ ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའང་ལན་ཅི་རིགས་བརྗོད་ལ། ཚད་མེད་ཐུགས་རྗེའི་མངའ་བདག་རིན་པོ་ཆེ། །སྲས་དང་བཅས་ལ་ཞུ་ཞིང་གསོལ་བ་ནི། །བསྟན་པའི་ཡང་སྙིང་སྒྲུབ་བརྒྱུད་རིན་པོ་ཆེ། །དར་རྒྱས་ཡུན་རིང་གནས་པར་མཛད་དུ་གསོལ། །དེར་འཛིན་སྐྱེས་བུ་དམ་པ་མ་ལུས་པ། །སྐུ་ཚེ་བརྟན་ཅིང་མཛད་ཕྲིན་འཕེལ་བ་དང་། །འཇིག་རྟེན་ཁམས་ཀུན་ནད་མུག་འཁྲུགས་རྩོད་ཞི། །སྙིང་པོའི་བསྟན་པས་འདུལ་བར་མཛད་དུ་གསོལ། །བདུད་རིས་འབྱུང་པོའི་ལོག་པའི་བསམ་སྦྱོར་ཞི། །མི་དང་མི་མིན་མཐུ་བོ་ཆེ་རྣམས་ཀྱང་། །ཁྱོད་དང་ཁྱོད་ཀྱི་བསྟན་ལ་དད་ཅིང་འདུན། །འགྲོ་དྲུག་ཐར་པའི་ཁ་ལོ་བསྒྱུར་དུ་གསོལ། །བདག་ཅག་ཚེ་འདིར་བསམ་དོན་ཆོས་བཞིན་འགྲུབ། །ཐར་པ་སྒྲུབ་པའི་འགལ་རྐྱེན་བར་ཆད་ཞི། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་རུ། །རྗེ་བཙུན་ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས། །ཆོས་བརྒྱད་འཆིང་གྲོལ་ཉོན་མོངས་ཟུག་རྔུ་ཞི། །ཚད་མེད་བྱང་ཆུབ་སེམས་ཀྱི་གཏེར་ཁ་བརྡོལ། །ཡེ་ཤེས་ཉི་མ་ཁོངས་ནས་འཆར་བ་ཡི། །མངའ་བདག་ལོ་ཙཱ་ཆེན་པོའི་དངོས་གྲུབ་སྩོལ། །རྡོ་རྗེའི་ལམ་མཆོག་དཀའ་བ་མེད་པར་བགྲོད། །བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །མཆོག་གི་དངོས་གྲུབ་ཚེ་འདིར་མྱུར་ཐོབ་པར། །དགྱེས་མཛད་ཧེ་རུ་ཀ་ཡིས་ཐུགས་རྗེས་ཟུང་། །ཟབ་ལམ་བླ་མའི་མོས་གུས་མཐར་ཕྱིན་ནས། །རང་རིག་ཆོས་སྐུ་གཉུག་མ་མངོན་ཏུ་གྱུར། །སྟན་ཐོག་འདི་རུ་ཟུང་འཇུག་ཡེ་ཤེས་སྐུ། །རྡོ་རྗེ་འཆང་དངོས་འགྲུབ་པར་མཛད་དུ་གསོལ། །དེ་ནས་དབང་བཞི་ལེན་པ་ནི། དཔལ་ལྡན་བླ་མ་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་སྨིན་བྱེད་དབང་བཞི་བསྐུར་དུ་གསོལ། །རྒྱུད་བཞི་མྱུར་ཏུ་སྨིན་པར་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པའི་གསོལ་བ་བཏབ་པའི་མོད་ཉིད་ལ། །འཁོར་རྣམས་འོད་ཞུ་གཙོ་བོ་ཉིད་ལ་ཐིམ། །གཙོ་བོ་དཀོན་མཆོག་ཀུན་འདུས་བདག་ཉིད་ལ། །རྣམ་པ་བླ་མ་དངོས་སུ་གསལ་གྱུར་པའི། །མཛོད་སྤུའི་གནས་ནས་འོད་ཟེར་དཀར་པོ་འཕྲོས། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་པའི་དབང་ཐོབ་བསྐྱེད་རིམ་བསྒོམ་ལ་དབང་། །འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་གྱུར། །མགྲིན་པའི་གནས་ནས་འོད་ཟེར་དམར་པོ་འཕྲོས། །རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསང་བའི་དབང་ཐོབ་རྩ་རླུང་བསྒོམ་ལ་དབང་། །འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་ལྡན་གྱུར། །ཐུགས་ཀའི་གནས་ནས་འོད་ཟེར་སྔོན་པོ་འཕྲོས། །རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཤེར་དབང་ཐོབ་ཅིང་སྙོམས་འཇུག་བསྒོམ་ལ་དབང་། །འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་ལྡན་གྱུར། །གནས་གསུམ་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །གནས་གསུམ་ལ་ཐིམ་སྒོ་གསུམ་དྲི་མ་སྦྱངས། །བཞི་པའི་དབང་ཐོབ་ཕྱག་ཆེན་བསྒོམ་ལ་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །སྐྱེ་འཆི་མེད་པ་ནམ་མཁའི་ཀློང་ཡངས་སུ། །འཕོ་འགྱུར་མེད་པ་ཆོས་སྐུའི་ལུས་མཐོང་འགྱུར། །སྐྱེ་མེད་རང་སྒྲས་གཉུག་མའི་ངོ་སྤྲོད་དུ། །བསྩལ་ནས་བླ་མ་འོད་ཞུ་རང་ལ་ཐིམ། །རང་གི་ལུས་ངག་ཡིད་གསུམ་བླ་མ་ཡི། །རྡོ་རྗེ་གསུམ་པོ་དབྱེར་མེད་རོ་གཅིག་ཅིང་། །ཁྱེར་སོ་སུམ་ལྡན་ལྷུན་གྲུབ་རང་གྲོལ་ལོ། །ཞེས་མོས་གུས་ཀྱི་ནུས་པས་ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཆོས་སྐུའི་རང་ངོ་དེ་ཉིད་བཟོ་མེད་དུ་བསྐྱངས་ལ། ཐུན་མཚམས་སུ་སྣང་གྲགས་རྟོག་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པ་ལམ་དུ་ཁྱེར་བར་བྱའོ། །གཉིས་པ་ལ་གཉིས། ཡི་དམ་བླ་མའི་རྣལ་འབྱོར་དངོས་དང་། སྐུ་གསུམ་ལམ་དུ་ཁྱེར་བའོ། །དང་པོ་ནི། སྟོང་པའི་ངང་ལས་པད་ཉི་བདུད་བཞིའི་སྟེང་། །རང་ཉིད་དགྱེས་པ་རྡོ་རྗེ་སྐུ་མདོག་ནག །ཞལ་བཞི་སྤྱན་གསུམ་ཁྲོ་འཛུམ་ཆགས་པའི་ཉམས། །དབུ་སྐྲ་གྱེན་བརྫེས་སྣ་ཚོགས་རྡོ་རྗེས་མཚན། །གཡས་བརྒྱད་གཡོན་བརྒྱད་བཅུ་དྲུག་ཕྱག་རྣམས་ཀྱི། །ཐོད་པ་བཅུད་ལྡན་བསྣམས་ཤིང་དང་པོ་གཉིས། །བདག་མེད་ནག་མོ་གྲི་ཐོད་འཛིན་ལ་འཁྱུད། །དུར་ཁྲོད་ཆས་གསོལ་གར་གྱི་ཉམས་དང་ལྡན། །ཞབས་བཞི་མདུན་མ་སྐྱིལ་ཀྲུང་ཕྱེད་པའི་གར། །རྒྱབ་མ་གཡས་བརྐྱང་གཡོན་བསྐུམ་སྟབས་ཀྱིས་བཞུགས། །ཡེ་ཤེས་རང་འོད་མེ་ཕུང་འབར་བ་ཡི། །སྤྱི་བོར་སྣ་ཚོགས་པདྨ་འདབ་མ་བཞི། །ཟེའུ་འབྲུ་སྔོན་པོར་ཉི་མའི་དཀྱིལ་འཁོར་ལ། །ངོ་བོ་རྗེ་བཙུན་མར་པ་ལོ་ཙཱ་བ། །རྣམ་པ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །ནམ་མཁའི་མདངས་ཅན་ཐབས་ཤེས་ཕྱག་རྒྱ་བསྣོལ། །རྣལ་འབྱོར་དམར་མོར་བདེ་སྟོང་སྙོམས་པར་འཇུག །འདབ་བཞིར་ངོ་བོ་ཐུགས་སྲས་ཀ་ཆེན་བཞི། །རྣམ་པ་ཧེ་རུ་ཀ་དཔལ་སྐུ་རུ་བཞེངས། །ཤར་དུ་གསང་འདུས་ཨིནྡྲ་ནཱི་ལའི་མདངས། །སྔོ་སངས་རེག་བྱ་རྡོ་རྗེ་མ་དང་སྦྱོར། །ལྷོ་རུ་དགྱེས་པ་རྡོ་རྗེ་བུང་བའི་མདོག །བདག་མེད་ལྷ་མོ་རང་འདྲའི་མདངས་ཅན་འཁྱུད། །ནུབ་ཏུ་དུས་ཀྱི་འཁོར་ལོ་འོད་ལྔའི་མདངས། །གསེར་མདོག་སྣ་ཚོགས་ཡུམ་གྱིས་དགྱེས་པར་འཁྲིལ། །བྱང་དུ་དཔལ་ལྡན་མཁའ་འགྲོ་དྲྭ་བ་སྡོམ། །ལྷན་སྐྱེས་གསང་བ་ཡེ་ཤེས་དམར་མོར་རོལ། །ཡབ་རྣམས་རྡོར་དྲིལ་ཡུམ་རྣམས་གྲི་ཐོད་འཛིན། །གཙོ་འཁོར་ཀུན་ཀྱང་གཅེར་བུ་རུས་པ་དང་། །རིན་པོ་ཆེས་བརྒྱན་ཞབས་གཉིས་བརྐྱང་བསྐུམ་ཚུལ། །ཡེ་ཤེས་རང་འོད་མཁའ་ཁྱབ་མཁའ་ལ་འབར། །བདེ་སྟོང་དྲྭ་བས་འཁོར་འདས་བརྟན་གཡོ་སྡོམ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཀུན་གྱི་བདག །བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་ཚོགས། །སྤྲིན་ལྟར་གཏིབས་པའི་གནས་གསུམ་རྡོ་རྗེ་གསུམ། །འོད་འཕྲོས་ཆོས་ཀྱི་དབྱིངས་ནས་ཡེ་ཤེས་པ། །འཁོར་བཅས་སྤྱན་དྲངས་བཛྲ་ས་མཱ་ཛཿ ༀ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོཿ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། །དངོས་པོ་ཀུན་ལས་རྣམ་གྲོལ་ཞིང་། །སྐྱེ་འགགས་རྟག་ཆད་མཐའ་དབུས་དང་། །འགྲོ་འོང་གནས་པ་མི་མངའ་བའི། །ཕྱག་འཚལ་ཆོས་སྐུ་རྡོ་རྗེ་ལའོ། །ཞི་དང་ཁྲོ་བོའི་སྐུར་སྟོན་ཅིང་། །གར་གྱི་ཉམས་དགུ་ལ་སོགས་པས། །འཁོར་གྱི་སེམས་དཔའ་འདུལ་མཛད་པའི། །ཕྱག་འཚལ་ལོངས་སྐུ་རྡོ་རྗེ་ལའོ། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱིས། །ཇི་སྲིད་འཁོར་བ་དེ་སྲིད་དུ། །འགྲོ་དོན་མཉམ་དུ་མཛད་པ་པོ། །ཕྱག་འཚལ་སྤྲུལ་སྐུ་རྡོ་རྗེ་ལའོ། །ཆུ་ཀླུང་རྒྱ་མཚོར་འབབས་པ་ལྟར། །སངས་རྒྱས་སྐུ་གསུམ་བདག་ཉིད་ཀྱང་། །ཆོས་ཉིད་རྒྱ་མཚོར་གཤེགས་གྱུར་པའི། །ཕྱག་འཚལ་ངོ་བོ་ཉིད་སྐུ་ལའོ། །མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང་། །སྒྲིབ་པའི་ཚོགས་ཀུན་བསལ་གྱུར་ཏེ། །ཡོན་ཏན་རྒྱུད་ལ་སྐྱེད་མཛད་པའི། །ཕྱག་འཚལ་དཔལ་ལྡན་བླ་མ་ལའོ། །སངས་རྒྱས་ཀུན་འདུས་བླ་མའི་དྲུང་། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །འགྲོ་ཚོགས་སྒོ་གསུམ་ལོངས་སྤྱོད་དང་། །དགེ་ཚོགས་འབུལ་གྱིས་བཞེས་སུ་གསོལ། །ཕྱི་ཡི་མཆོད་པ་སྣ་ཚོགས་དང་། །སྟོང་ཆེན་རྟོགས་པར་བྱེད་པའི་རོ། །དྲི་ཆེན་དྲི་ཆུ་རཀྟ་དང་། །ཁུ་ཀླད་བདེ་ཆེན་འབར་བའི་རོ། །མི་རྟ་ཁྱི་བ་གླང་པོའི་ཤ། །ཡེ་ཤེས་བདུད་རྩིར་དག་པ་ཅན། །དཔལ་ལྡན་བླ་མ་མཆོག་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མཆོད་ལྷ་བླ་མའི་ཡུམ་ལ་ཐིམ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ཡིས། །གསང་བ་བདེ་སྟོང་མཆོད་པས་དགྱེས། །མཚར་སྡུག་འོད་དུ་འབར་བར་གྱུར། །ལྟ་བ་འཁོར་འདས་དབྱེར་མེད་ལ། །མ་རིག་དབང་གིས་རིས་སུ་བཟུང་། །གཉིས་མེད་གཉིས་སུ་འཁྲུལ་པ་ཀུན། །སྤྲོས་བྲལ་ཆེན་པོའི་ཀློང་དུ་བཤགས། །སྒོམ་པ་སྣང་སྲིད་ཆོས་སྐུ་ལ། །ཉེ་རིང་བཅོས་མའི་བློ་ཡིས་བསྒྲིབས། །བསྒོམ་འདོད་རྩོལ་བས་བཅིངས་པ་ཀུན། །མ་བཅོས་གཉུག་མའི་ཀློང་དུ་བཤགས། །སྤྱོད་པ་བྱར་མེད་ལྷུན་གྲུབ་ལ། །སྤང་དང་བླང་བྱ་སོ་སོར་འཛིན། །ཨ་འཐས་ཞེན་པའི་རྒྱ་རུ་འཐུམ། །བྱ་བྲལ་བློ་འདས་ངང་དུ་བཤགས། །འབྲས་བུ་སེམས་ཉིད་རིན་ཆེན་གཏེར། །སྤངས་ནས་གཞན་དུ་རྩོལ་སྒྲུབ་བྱས། །ཡང་དག་དོན་ལས་གོལ་བ་རྣམས། །བླ་མ་སངས་རྒྱས་སྤྱན་སྔར་བཤགས། །བཤགས་བྱ་བཤགས་བྱེད་མ་མཆིས་ཀྱང་། །ཀུན་རྫོབ་ཙམ་དུ་བཤགས་བགྱིས་པས། །ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །འགྲོ་ཀུན་སྙིང་ལ་སད་པར་ཤོག །ཅེས་ཕྱག་མཆོད་བཤགས་པ་བཅས་བྱས་ནས། སླར་ཡང་། འོག་མིན་ཆོས་ཀྱི་དབྱིངས་ཀྱི་སོགས་གོང་ལྟར་ཡན་ལག་བདུན་པའང་བྱའོ། །དེ་ནས་གསོལ་བ་གདབ་པ་ནི། ལ་ལཱ་ར་སཱ་དྷཱུ་ཏཱིར་དག་པའི་མཐུས། །དབེན་གསུམ་བདུད་རྩིས་བརླན་པའི་པདྨ་ཅན། །མི་ཤིགས་སྙིང་པོའི་ཆར་ཡང་རྡོ་རྗེའི་སྲོག །ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །སྒྱུ་འཕྲུལ་དྲྭ་བའི་ཆ་ཤས་བཅུ་དྲུག་རྫོགས། །ཉིན་བྱེད་ཉི་ཤུའི་འོད་ཟེར་རྣམ་པར་འཕྲོ། །ཆགས་སྡང་རྨོངས་པ་ཆེན་པོའི་ཕ་རོལ་སོན། །ལོ་ཙཱ་ཱཆེན་པོ་ཞབས་ལ་གསོལ་བ་འདེབས། །དངོས་ཀུན་བྱང་ཆུབ་ཉེ་བར་ཐོབ་པས་སྡུད། །སྐད་ཅིག་མཁའ་སྣང་རྡུལ་མུན་མཆོག་ཏུ་རྫོགས། །ཐིག་རླུང་འགྱུར་མེད་སྣ་ཚོགས་རོ་ཡིས་མྱོས། །ལོ་ཙཱ་ཱཆེན་པོ་ཞབས་ལ་གསོལ་བ་འདེབས། །དགྱེས་མཛད་སྡོམ་པ་དཔལ་ལྡན་འདུས་པ་སྟེ། །ཁྱབ་བདག་དུས་འཁོར་བཅོམ་ལྡན་རྡོ་རྗེ་སེམས། །རྡོ་རྗེ་སློབ་དཔོན་གཟུགས་ཀྱིས་མངོན་སྤྲུལ་པ། །ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །བདག་ཀྱང་ཤེས་རབ་བཅོམ་ལྡན་འདས་མ་དང་། །ཧེ་རུ་ཀ་དཔལ་སྙོམས་པར་འཇུག་པ་ལ། །སྤྱི་བོར་རིགས་བདག་མཆོག་གིས་སྦ་བ་ཡི། །ལོ་ཙཱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་རྗེ་བརྒྱད་པའི་གསུང་ཉིད་ཚར་གྲངས་ཇི་ལྟར་རིགས་པའི་མཐར། ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ བླ་མ་སྤྲུལ་པའི་སྐུ་ལ༴ སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ལ༴ མ་རིག་མུན་སེལ་བླ་མ་རིན་པོ་ཆེ་ལ༴ དུག་ལྔའི་ནད་སེལ་བླ་མ་རིན་པོ་ཆེ༴ དགོས་འདོད་ཀུན་འབྱུང་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་ཁ་ཙམ་ཚིག་ཙམ་མ་ཡིན་པའི་མོས་གུས་དྲག་པོས་གསོལ་བ་ནན་ཏན་དུ་གདབ། གཞན་ཡང་། ཕ་དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཁྱབ་བདག་མར་པ་ལོ་ཙཱ་ལ༴ མཚུར་སྟོན་གསང་བ་འདུས་པ་ལ༴ དགྱེས་མཛད་ཆོས་སྐུ་རྡོ་རྗེ་ལ༴ མེས་སྟོན་དུས་ཀྱི་འཁོར་ལོ་ལ༴ བདེ་མཆོག་བཞད་པ་རྡོ་རྗེ་ལ༴ མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ༴ དུས་གསུམ་བདེ་བར་གཤེགས་པ་ལ༴ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ༴ གནས་གསུམ་དཔའ་བོ་མཁའ་འགྲོ་ལ༴ བསྟན་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །ཞེས་པ་ལན་གསུམ་གྱི་མཐར། རྗེ་དུས་གསུམ་གྱི་སངས་རྒྱས་བླ་མ་རིན་པོ་ཆེ། མགོན་པོ་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་འཆད་པ་མངའ་བ་ལགས་པས་བདག་སོགས་འགྲོ་ཀུན་བློ་ཆོས་དང་མཐུན་པར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་མིན་གྱི་རྣམ་རྟོག་སྐད་ཅིག་ཀྱང་མི་སྐྱེ་བར༴ ཅི་བྱས་ཆོས་སུ་འགྱུར་བར༴ བདག་བས་གཞན་གཅེས་རྒྱུད་ལ་སྐྱེ་བར༴ རྐྱེན་ངན་གྲོགས་སུ་འཆར་བར༴ ཉོན་མོངས་ལམ་དུ་སློང་བར༴ སྣང་བ་ཆོས་སྐུར་འཆར་བར༴ ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་རྟོགས་པར༴ བདག་ཅག་གི་རྒྱུད་སྨིན་ཅིང་གྲོལ་བར༴ སྐུ་བཞིའི་གོ་འཕང་ད་ལྟ་ཉིད་དུ་ཐོབ་སྟེ་ཕྲིན་ལས་ནམ་མཁའ་དང་མཉམ་པས་སེམས་ཅན་ཐམས་ཅད་སྐད་ཅིག་ལ་རྒྱལ་བ་སྐུ་བཞིའི་གོ་འཕང་ལ་འགོད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ལན་ཅི་རིགས་བརྗོད། དེ་ནས་ཐུན་མོང་མ་ཡིན་པའི་ཟབ་དབང་ཞུ་བའི་ཕྱིར་དུ། ཨེ་མ་ཧོ་ཨེ་མ་ཧོ་ཆོས། །ཨེ་མ་ཧོ་ཆོས་ཀྱི་དོན་འབྱུང་བ། །ཆོས་དོན་དག་པ་བདག་མེད་པ། །རྡོ་རྗེ་རྒྱལ་པོར་ཕྱག་འཚལ་འདུད། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །གསོལ་བ་བཏབ་པས་འཁོར་རྣམས་འོད་དུ་ཞུ། །གཙོ་བོ་བླ་མ་རྡོ་རྗེ་འཆང་ལ་ཐིམ། །ཁྱབ་བདག་ཡབ་ཡུམ་སྙོམས་འཇུག་བདེ་བའི་སྒྲས། །རྒྱལ་བ་ནམ་མཁའ་གང་བ་སྤྱན་དྲངས་ཏེ། །ཡབ་རྣམས་ཡབ་དང་ཡུམ་རྣམས་ཡུམ་ཞལ་ཞུགས། །དཀར་དམར་བྱང་ཆུབ་སེམས་ཞུ་ཡབ་ཡུམ་གྱི། །སྦྱོར་མཚམས་ནས་བྱོན་རང་གི་ཚངས་བུག་ནས། །ཞུགས་ཏེ་རྩ་ཀུན་ཁྱབ་པས་རྩ་ཁམས་དག །བུམ་པའི་དབང་ཐོབ་འབྲས་བུ་སྐུ་རྡོ་རྗེ། །མངོན་བྱས་ཆུ་ཞབས་སྤྱི་བོར་བརྟེན་པ་ལས། །བླ་མ་ཡབ་ཡུམ་མཚར་སྡུག་འོད་དུ་འབར། །སླར་ཡང་འདོད་ཆགས་སྒྱུ་རྩལ་ཆེན་པོ་ཡིས། །རྡོ་རྗེས་པདྨ་དཀྲུགས་པས་བྱང་ཆུབ་སེམས། །ཆུ་བོའི་རྒྱུན་བཞིན་བྱོན་ཏེ་མགྲིན་པ་ནས། །ཞུགས་ཤིང་རླུང་ཀུན་ཁྱབ་པས་ལས་རླུང་དག །གསང་བའི་དབང་ཐོབ་འབྲས་བུ་གསུང་རྡོ་རྗེ། །མངོན་བྱས་ཆུ་ལྷག་སྤྱི་བོར་འཕྱུར་བས་དགྱེས། །བླ་མའི་ཡུམ་ལས་ཡུམ་འཕྲོས་རང་ཉིད་ཀྱི། །ཡུམ་ལ་ཐིམ་པ་དེ་དང་སྙོམས་ཞུགས་པས། །སྤྱི་བོའི་ཧཾ་ལས་བྱང་སེམས་འཁོར་ལོ་བཞིར། །རིམ་པར་བབས་པས་དགའ་བཞིའི་ཡེ་ཤེས་མྱོང་། །ནོར་བུའི་རྩེར་བྱོན་སླར་ཡང་གྱེན་ལྡོག་པས། །མས་བརྟན་དགའ་བ་བཅུ་དྲུག་མངོན་ཏུ་བྱས། །གཞོམ་མེད་བདེ་བ་བ་སྤུའི་མཐར་ཐུག་པར། །ཁྱབ་པས་ཐིག་ལེའི་འགྱུར་སྒྲིབ་ཀུན་དག་ནས། །ཤེར་ཡེའི་དབང་ཐོབ་འབྲས་བུ་ཐུགས་རྡོ་རྗེ། །མངོན་བྱས་ཡབ་ཡུམ་དགོངས་པ་བདག་ལ་གཏད། །དཔེ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་མཐོང་། །རང་སེམས་གཉུག་མ་ཆོས་སྐུ་རྗེན་པ་རུ། །རྟོགས་པས་ཤེས་བྱའི་སྒྲིབ་པ་ཕྲ་བ་དག །བཞི་པའི་དབང་ཐོབ་ཡེ་ཤེས་རྡོ་རྗེ་ཉིད། །མངོན་བྱས་ཕྱག་མཚན་རྡོར་དྲིལ་གར་སྟབས་བསྒྱུར། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་སྤྱི་བོ་སྙིང་། །དྲིལ་བུ་གསུང་གི་དམ་ཚིག་ལྟེ་མགྲིན་དང་། །ཕྱག་རྒྱ་སྐུ་ཡི་དམ་ཚིག་དབུ་མ་རུ། །བརྟན་པར་མཛད་ནས་ཡབ་ཡུམ་འོད་དུ་ཞུ། །རང་ལ་ཐིམ་པས་རང་གི་སྤྱི་བོ་རུ། །རྡོ་རྗེ་འཆང་ལ་བཀའ་བརྒྱུད་བླ་མས་བསྐོར། །མགྲིན་པར་གསང་འདུས་སྙིང་གར་ཧེ་བཛྲ། །ལྟེ་བར་བདེ་མཆོག་གསང་གནས་དུས་འཁོར་ལོ། །བ་སྤུ་དུས་གསུམ་སངས་རྒྱས་ཡན་ལག་རྣམས། །དཔའ་བོ་དཔའ་མོ་ཉིང་ལག་ཆོས་སྐྱོང་བའི། །སྲུང་མའི་ཚོགས་རྣམས་གདོད་ནས་གསལ་བར་བཞུགས། །ཞེས་མོས་ལ་འབྲུ་གསུམ་པོ་ཡིད་བཟླས་སམ་རྡོ་རྗེའི་བཟླས་པ་ཇི་ལྟར་འོས་པ་ཅི་ནུས་སུ་བྱ་ཞིང་། ནུས་ན་བུམ་ཅན་ལ་བརྟེན་པའི་རྡོར་བཟླས་གཙོར་བྱ། ཡང་བུམ་ཅན་དྲག་ཏུ་དགང་། འབར་འཛག་ལ་སེམས་གཏད། འཁོར་ལོ་ལྔའི་ལྷ་རྣམས་བདེ་བས་ཚིམས་པར་མོས། མཐར་ལྷ་དང་བླ་མ་རང་གི་སྒོ་གསུམ་དབྱེར་མེད་དུ་འདྲེས། སེམས་དུས་གསུམ་གྱི་སྤྲོས་པ་བཅད་ལ་གསལ་སྟོང་འཛིན་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མ་བཅོས་གཉུག་མ་ཕྱག་རྒྱ་ཆེན་པོའི་རང་མདངས་ཅི་ནུས་སུ་བསྐྱང་ངོ་། །གཉིས་པ་སྐུ་གསུམ་ལམ་ཁྱེར་ལ་གསུམ་ལས། དང་པོ་སྤྲུལ་སྐུའི་བླ་མའི་རྣལ་འབྱོར་ནི། རང་ལུས་བཅོམ་ལྡན་དགྱེས་པ་རྡོ་རྗེའི་སྐུ། །སྣང་ལ་རང་བཞིན་མེད་པའི་ཐུགས་ཀ་རུ། །སེང་ཁྲི་པད་ཉི་ཟླ་བའི་གདན་གྱི་སྟེང་། །དཔལ་ལྡན་བླ་མ་སྤྲུལ་སྐུ་ཤཱཀྱ་ཐུབ། །གསེར་མདོག་ས་གནོན་མཉམ་བཞག་ཕྱག་རྒྱ་ཅན། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གནས་གསུམ་འབྲུ་གསུམ་འོད་འཕྲོས་སྐལ་བཟང་གི །སངས་རྒྱས་སྟོང་སོགས་སྤྲུལ་སྐུ་སྤྱན་དྲངས་ཐིམ། །ཞེས་མོས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །ཞེས སྤྲུལ་སྐུའི་གསོལ་འདེབས་གཅིག་པོ་ཅི་ནུས་བཟླས་ལ། མཐར། བཅོམ་ལྡན་ཤཱཀ་ཐུབ་འོད་ཞུ་རང་ལ་ཐིམ། །དེ་ཡིས་ཚུལ་ཁྲིམས་གཙང་ཞིང་བསྟན་འགྲོའི་དོན་འབྱུང་བའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ། །གཉིས་པ་ལོངས་སྐུ་བླ་མའི་རྣལ་འབྱོར་ནི། །རང་ལུས་བཅོམ་ལྡན་དགྱེས་པ་རྡོ་རྗེའི་སྐུ། །སྣང་ལ་རང་བཞིན་མེད་པའི་ཐུགས་ཀ་རུ། །སེང་ཁྲི་པདྨ་ཟླ་བའི་གདན་གྱི་སྟེང་། །དཔལ་ལྡན་བླ་མ་ལོངས་སྐུ་རྣམ་སྣང་མཛད། །དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས། །གནས་གསུམ་འབྲུ་གསུམ་འོད་འཕྲོས་རིགས་ལྔ་སོགས། །རྒྱལ་བ་ལོངས་སྐུ་ཐམས་ཅད་སྤྱན་དྲངས་ཐིམ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །ཞེས་ལོངས་སྐུའི་གསོལ་འདེབས་བཟླ། རྣམ་སྣང་འོད་ཞུ་རང་ལ་ཐིམ་པར་གྱུར། །ཞེས་བསྒོམས་པས་ས་ནོན་ཞིང་སྡོད་ཚུགས། ཚེ་རིང་ཞིང་བདེ་སྟོང་གི་ཡེ་ཤེས་སྐྱེ་བའི་རྟེན་འབྲེལ་འགྲིག་གོ །གསུམ་པ་ཆོས་སྐུ་བླ་མའི་རྣལ་འབྱོར་ནི། རང་ལུས་བཅོམ་ལྡན་དགྱེས་པ་རྡོ་རྗེའི་སྐུ། །སྣང་ལ་རང་བཞིན་མེད་པའི་ཐུགས་ཀ་རུ། །སེང་ཁྲི་པདྨ་ཟླ་བའི་གདན་གྱི་སྟེང་། །དཔལ་ལྡན་བླ་མ་ཆོས་སྐུ་རྡོ་རྗེ་འཆང་། །རྒྱན་ཆས་ཡོངས་རྫོགས་ནམ་མཁའ་དང་བའི་མདོག །རྡོར་དྲིལ་བསྣོལ་འཛིན་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཆོས་སྐུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཐིམ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །ཞེས་ཆོས་སྐུའི་གསོལ་འདེབས་བྱ་སྟེ། གསོལ་འདེབས་དེ་རྣམས་རྒྱང་འབོད་ཚུལ་དུ་གྲུབ་ན་ལེགས། བླ་མ་འོད་ཞུ་རང་སེམས་དབྱེར་མེད་གྱུར། །ཞེས་མོས་ལ་གང་ཤར་གྱི་རང་ངོར་བཅོས་བསླད་མེད་པར་ཀློད་ནས་བཞག་པས་རིག་པ་དྭངས་སྙིགས་ཕྱེད་ཅིང་གསལ་སྟོང་རྗེན་པའི་ཉམས་རྟོགས་འཆར་བར་འགྱུར་རོ། །གསུམ་པ་ལ་བཞི། རང་དོན་དུ་སྒྲུབ་ཅིང་མཆོད་ལ་བདག་ཉིད་འཇུག་པ་དང་། གཞན་དོན་སློབ་མ་རྗེས་སུ་བཟུང་བ་དང་། རྗེས་ཀྱི་ཆོ་ག་བྱ་བ། འཕྲོས་དོན་ཅུང་ཟད་སྨོས་པའོ། །དང་པོ་ནི། སྦྱོར་བ་གནས་གཙང་ཞིང་བཀོད་པས་མཛེས་པར་མཛོམ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་ལ་འབྲུའི་ཚོམ་བུ་ལྔ་བཀོད་པའི་ཁར་སྤྲོས་བཅས་བྱེད་ན་བུམ་པ་མགུལ་ཆིངས་རྫས་ལྡན་བཀོད་པའི་ཁར་ཐོད་པའི་བདུད་རྩི་དང་། དབུ་རྒྱན་རྡོར་དྲིལ་རིག་ཙཀ་སོགས་ཅི་བདེར་བཞག །འབུལ་གཏོར་ལྔ་ཚར། ཕྱི་མཆོད་ཆུ་གཉིས་དང་། ཉེར་སྤྱོད་འབྱོར་ན་ཆ་ལྔ་བསྐོར། མ་འབྱོར་ན་ཆ་གཅིག་ཕྲེང་ཚར་དུ་བཤམས། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། མིག་དར་མེ་ཏོག །ཌཱ་དྲིལ་སོགས་ཉེར་མཁོའི་ཡོ་བྱད་འཚོགས་པར་བྱས་ལ། སྐྱབས་སེམས་སྔོན་དུ་འགྲོ་བས་བདག་གི་རྣལ་འབྱོར་ནི། ༀ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨ ཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་ལས་ཆོས་འབྱུང་འབྱུང་བ་རིམ་བརྩེགས་རི། །པདྨ་སྲུང་འཁོར་སྣ་ཚོགས་རྡོ་རྗེའི་གཞིར། །ཡེ་ཤེས་གཞལ་ཡས་མཚན་ཉིད་རྫོགས་པའི་ནང་། །སྣ་ཚོགས་པདྨ་འདབ་ལྔའི་ལྟེ་བ་རུ། །སེང་ཁྲི་པདྨ་ཟླ་ཉིའི་གདན་གྱི་སྟེང་། །སེམས་ཉིད་རྒྱུ་དུས་བླ་མ་ཀུན་ཏུ་བཟང་། །ཐུགས་རྗེའི་དབང་གིས་སྲིད་གསུམ་དོན་མཛད་ཕྱིར། །ཧཱུྃ་ལས་འབྲས་བུའི་བླ་མ་རྡོ་རྗེ་འཆང་། །མཐིང་སྔོན་ཞི་འཛུམ་རལ་པའི་ཐོར་ཚུགས་ལ། །སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པས་སྤྲས། །ཕྱག་གཉིས་རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད། །རིན་ཆེན་རྒྱན་དང་ཕྱག་རྒྱ་དྲུག་གིས་སྤྲས། །དར་གྱི་གོས་གསོལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྙེམས་མ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །མདུན་ནས་གཡས་བསྐོར་གྱད་དང་གླང་ཆེན་རྟ། །རྨ་བྱ་ཤང་ཤང་པད་ཉིའི་ཁྲི་གདན་སྟེང་། །གཙོ་བོའི་དབྱིངས་ལས་ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ །འཕྲོས་པ་ཡོངས་གྱུར་རྣམ་སྣང་མི་བསྐྱོད་པ། །རིན་འབྱུང་མཐའ་ཡས་དོན་གྲུབ་ཡབ་ཡུམ་རྣམས། །དཀར་སྔོ་སེར་དམར་ལྗང་གུའི་ཁ་དོག་ཅན། །ཡབ་རྣམས་རྡོར་དྲིལ་ཡུམ་རྣམས་གྲི་ཐོད་འཁྱུད། །འཁོར་ལོས་སྒྱུར་བའི་ཆས་ལྡན་སྐྱིལ་ཀྲུང་བཞུགས། །ཐམས་ཅད་ཡེ་ཤེས་རང་འོད་མུ་མེད་འཕྲོ། །སྤྱི་མགྲིན་ཐུགས་ཀར་ༀ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་བླ་མ་ཡེ་ཤེས་འཁོར་ལོ་ལ། །དཔའ་བོ་རྣལ་འབྱོར་མས་བསྐོར་སྤྱན་དྲངས་གྱུར། །ཕེཾ། ཛཿཧཱུྃ་བྃ་ཧོཿདམ་ཡེ་གཉིས་མེད་གྱུར། །ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་སྔོན་པོ་གསལ། རིགས་ལྔ་ལ་སོ་སོའི་ས་བོན་དང་དེ་དག་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་པར་མོས་ལ། ༀ་བཛྲ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཞེས་བཟླ། སྤྲོ་ན་ཕྲ་ཐིག་གི་རྣལ་འབྱོར་སྤྱི་ལྟར་བསྒོམ། དེ་ནས་མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་ནི། རྡོ་རྗེ་བླངས་ལ། ༀ་མ་ཧཱ་བཛྲ་ཧཱུྃ། དྲིལ་བུ་བླངས་ལ། ༀ་བཛྲ་གྷཎྜེ་ཨཱཿ ཐལ་མོ་མཉམ་པར་སྦྱར། སྔོན་གཏོར། ༀ་ཨཱཿཧཱུྃ་གིས་བྱིན་བརླབ། ༀ་ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །ལུས་སྲུལ་ལ་སོགས་གང་ཡང་རུང་། །བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། །ཅི་སྟེ་ངས་བསྒོ་སུ་ཞིག་འདའ། །རྡོ་རྗེའི་བདག་པོའི་བཀའ་ཡིས་ནི། །ལུས་སྲུལ་ལ་སོགས་འགས་བྱ་སྟེ། །འདིར་ནི་བརླག་འགྱུར་གཞན་དུ་མིན། །ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད་ལ་གཏོར་མ་དོར། བཛྲ་རཀྵ་རཀྵ། ཞེས་པས་སྲུང་འཁོར་བསྒོམ། མཆོད་རྫས་རྣམས། སྭ་བྷཱ་བས་སྦྱངས་། སྟོང་པའི་ངང་ལས་མཆོད་རྫས་ཡེ་ཤེས་ཀྱི། །རང་བཞིན་ཀུན་བཟང་རྣམ་འཕྲུལ་ལས་བྱུང་བ། །ཟག་མེད་བདེ་བསྐྱེད་ནམ་མཁའི་མཐའ་དང་མཉམ། །འཁོར་བ་མ་སྟོང་བར་དུ་འབྱུང་གྱུར་ཅིག །ༀ་ཨཱཿབཛྲ་པུཥྤེ་ཧཱུྃ་ནས། ཤབྡ་ཧཱུྃ་གི་བར་གྱིས་བྱིན་བརླབ། མདུན་རྟེན་དཀྱིལ་འཁོར། སྭ་བྷཱ་བས་སྦྱང་། སྟོང་ལས་ཆོས་འབྱུང་འབྱུང་བ་རིམ་བརྩེགས་རི། །པདྨ་སྲུང་འཁོར་སྣ་ཚོགས་རྡོ་རྗེའི་གཞིར། །ཡེ་ཤེས་གཞལ་ཡས་མཚན་ཉིད་རྫོགས་པའི་ནང་། །སྣ་ཚོགས་པདྨ་འདབ་ལྔའི་ལྟེ་བ་རུ། །སེང་ཁྲི་པདྨ་ཟླ་ཉིའི་གདན་གྱི་སྟེང་། །རྒྱུ་དུས་བླ་མ་ཁྱབ་བདག་ཀུན་ཏུ་བཟང་། །ཐུགས་རྗེའི་དབང་གིས་སྲིད་གསུམ་དོན་མཛད་ཕྱིར། །ཧཱུྃ་ལས་འབྲས་བུའི་བླ་མ་རྡོ་རྗེ་འཆང་། །མཐིང་སྔོན་ཞི་འཛུམ་རལ་པའི་ཐོར་ཚུགས་ལ། །སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པས་སྤྲས། །ཕྱག་གཉིས་རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད། །རིན་ཆེན་རྒྱན་དང་ཕྱག་རྒྱ་དྲུག་གིས་སྤྲས། །དར་གྱི་གོས་གསོལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྙེམས་མ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །མདུན་ནས་གཡས་བསྐོར་གྱད་དང་གླང་ཆེན་རྟ། །རྨ་བྱ་ཤང་ཤང་པད་ཉིའི་ཁྲི་གདན་སྟེང་། །གཙོ་བོའི་དབྱིངས་ལས་ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ །འཕྲོས་པ་ཡོངས་གྱུར་རྣམ་སྣང་མི་བསྐྱོད་པ། །རིན་འབྱུང་མཐའ་ཡས་དོན་གྲུབ་ཡབ་ཡུམ་རྣམས། །དཀར་སྔོ་སེར་དམར་ལྗང་གུའི་ཁ་དོག་ཅན། །ཡབ་རྣམས་རྡོར་དྲིལ་ཡུམ་རྣམས་གྲི་ཐོད་འཁྱུད། །འཁོར་ལོས་སྒྱུར་བའི་ཆས་ལྡན་སྐྱིལ་ཀྲུང་བཞུགས། །ཐམས་ཅད་ཡེ་ཤེས་རང་འོད་མུ་མེད་འཕྲོ། །སྤྱི་མགྲིན་ཐུགས་ཀར་ༀ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་བླ་མ་ཡེ་ཤེས་འཁོར་ལོ་ལ། །དཔའ་བོ་རྣལ་འབྱོར་མས་བསྐོར་སྤྱན་དྲངས་གྱུར། །ཕེཾ་ཞེས་བརྗོད་ཅིང་བསྒོམས་ལ། ཧཱུྃ། འགྲོ་མགོན་ཐུགས་རྗེའི་སྤྱན་ལྡན་རྣམས། །ཆོས་སྐུ་སྤྲོས་དང་བྲལ་བ་ལས། །གཟུགས་སྐུའི་རྣམ་པར་བཞེངས་ནས་ཀྱང་། །འགྲོ་བའི་དོན་དུ་གཤེགས་སུ་གསོལ། །ༀ་གུ་རུ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ཧོཿ ས་མ་ཡ་ཛཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿ ཞེས་དམ་ཚིག་པ་ལ་བསྟིམ། སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ། །སྤྱན་དྲངས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་ཆུ་ལྷག་ཡར་ལུད་པས། །གཙོ་འཁོར་ཀུན་ལ་རྡོར་སེམས་དབུ་བརྒྱན་གྱུར། །ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་པྲ་བ་ར་སཏྐ་ར་མ་ཧཱ་ཨརྠཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱདྱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་དབང་བསྐུར་རྒྱས་གདབ་པ་དང་ཆུ་གཉིས་ཕུལ་ལ་བཞུགས་སུ་གསོལ། དེ་ནས་ཕྱག་བྱ་བ་ནི། གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་འཐོབ་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །དེ་ནས་མཆོད་པ་བཅུ་གཉིས་འབུལ་བ་ནི། ཧཱུྃ། ཡན་ལག་བརྒྱད་ལྡན་དྲི་མ་མེད་པའི་ཆབ། །བཀྲ་ཤིས་སྣ་ཚོགས་འོ་མའི་ཆུ་རྒྱུན་གྱིས། །རྒྱལ་བའི་ཞལ་ལ་ཞལ་བསིལ་འདི་ཕུལ་བས། །འགྲོ་ཀུན་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །སྤོས་དང་ཙནྡན་ལ་སོགས་སྦྱར་བ་ཡི། །ལས་ཀུན་བྱེད་པའི་ཆུ་གཙང་དམ་པ་ཡིས། །རྒྱལ་བའི་ཞབས་ལ་ཞབས་བསིལ་འདི་ཕུལ་བས། །འགྲོ་ཀུན་གློ་བུར་དྲི་མ་དག་པར་ཤོག །ཆུ་སྐྱེས་ཐང་སྐྱེས་ཡིད་ལས་གྱུར་པ་ཡི། །བྱང་ཆུབ་ཡན་ལག་མཛེས་པའི་མེ་ཏོག་འདི། །སྦྱིན་པའི་རང་བཞིན་རྒྱལ་བའི་དབུ་ལ་འབུལ། །འགྲོ་ཀུན་འབྱོར་བ་ཕུན་སུམ་ཚོགས་པར་ཤོག །ལྷན་ཅིག་སྐྱེས་དང་ཡོངས་སུ་སྦྱར་བ་ཡི། །རབ་ཏུ་ཚིམས་བྱེད་བདུག་སྤོས་དམ་པ་འདི། །ཚུལ་ཁྲིམས་རང་བཞིན་རྒྱལ་བའི་ཤངས་ལ་འབུལ། །འགྲོ་ཀུན་དལ་འབྱོར་ཡོན་ཏན་རྫོགས་པར་ཤོག །གསལ་ཞིང་མིག་ལ་མཛེས་པར་སྣང་བ་ཡི། །མ་རིག་མུན་སེལ་སྣང་བྱེད་སྒྲོན་མེ་འདི། །བཟོད་པའི་རང་བཞིན་རྒྱལ་བའི་སྤྱན་ལ་འབུལ། །འགྲོ་ཀུན་མཚན་དང་དཔེ་བྱད་རྫོགས་པར་ཤོག །ཙནྡན་ག་བུར་གུར་གུམ་ལ་སོགས་པའི། །རྣམ་མང་དྲི་ཞིམ་བྱུགས་པ་དམ་པ་འདི། །བརྩོན་འགྲུས་རང་བཞིན་རྒྱལ་བའི་ཐུགས་ལ་འབུལ། །འགྲོ་ཀུན་ཡོན་ཏན་གོང་དུ་འཕེལ་བར་ཤོག །རོ་མཆོག་བརྒྱ་དང་ལྡན་པའི་ཞལ་ཟས་མཆོག །ཕུན་ཚོགས་ཐམས་ཅད་འབྱུང་བ་བདུད་རྩིའི་རིགས། །བསམ་གཏན་རང་བཞིན་རྒྱལ་བའི་ལྗགས་ལ་འབུལ། །འགྲོ་ཀུན་ཏིང་འཛིན་ཟས་ཀྱིས་འཚོ་བར་ཤོག །ཡན་ལག་ལྔ་ལྡན་རོལ་མོ་སིལ་སྙན་འདི། །ཤེས་རབ་རང་བཞིན་རྒྱལ་བའི་སྙན་ལ་འབུལ། །བསོད་ནམས་འདི་ཡིས་ཟག་མེད་ཆོས་རྣམས་ཀུན། །འགྲོ་བ་ཀུན་གྱི་རྒྱུད་ལ་འཆར་བར་ཤོག །ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དབང་པོ་ཚིམས་བྱེད་འདོད་པའི་ཡོན་ཏན་ལྔ། །ཕུན་སུམ་ཚོགས་པ་མཆོག་གི་ལོངས་སྤྱོད་རྣམས། །ཐབས་ཀྱི་རང་བཞིན་རྒྱལ་བ་རྣམས་ལ་འབུལ། །འགྲོ་ཀུན་ཟག་མེད་ཕུང་པོ་ལྔ་ཐོབ་ཤོག །སྔགས་ཐོག་མཐའ་འདྲ་བ་ལས། བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤཪྴེ་ཀཱ་མ་གུ་ཎ༴ ཞིང་སྐྱེས་སྔགས་སྐྱེས་རང་བཞིན་ལྷན་ཅིག་སྐྱེས། །ཡིད་ལས་བྱུང་བ་སྤྲུལ་པའི་ལྷ་མོའི་ཚོགས། །སྟོབས་ཀྱི་རང་བཞིན་རྒྱལ་བའི་གཟུངས་མར་འབུལ། །འགྲོ་བ་ཀུན་གྱིས་བདེ་བ་མཆོག་ཐོབ་ཤོག །བཛྲ་སརྦ་མུ་དྲ༴ རྒྱལ་བའི་ཡོན་ཏན་མ་ལུས་དགེ་བའི་ཚོགས། །དད་པའི་ཡིད་ཀྱིས་བསྐུལ་ཞིང་བརྗོད་པ་འདི། །སྨོན་ལམ་རང་བཞིན་རྒྱལ་བའི་སྙན་ལ་འབུལ། །འགྲོ་ཀུན་སངས་རྒྱས་ཡོན་ཏན་ཐོབ་པར་ཤོག །བཛྲ་སྟུ་ཏི་གཱི་ཏཾ༴ ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཡང་དག་པར་ནི་མཉམ་པར་བཞག་པའི་དོན། །ཡེ་ཤེས་རང་བཞིན་རྒྱལ་བའི་ཐུགས་ལ་འབུལ། །འགྲོ་བ་ཀུན་གྱིས་ཆོས་ཉིད་དོན་རྟོགས་ཤོག །དེ་ནས་བསྟོད་པ་བྱ་སྟེ། ཧཱུྃ། སྐྱེས་མཆོག་ཁྱེད་ཀྱི་སྤངས་པ་དང་། །ཡེ་ཤེས་ཆེ་བའི་བདག་ཉིད་ལ། །སངས་རྒྱས་ལྔ་རུ་གྲགས་པ་སྟེ། །ཕྱག་འཚལ་དཔལ་ལྡན་བླ་མ་ལའོ། །གཏི་མུག་ཆོས་དབྱིངས་ཡེ་ཤེས་ཆེ། །དབྱིངས་ཕྱུག་མ་དང་རྣམ་རོལ་ཞིང་། །གཟུགས་ཀྱི་ཕུང་པོ་རྣམ་དག་པ། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །ཞེ་སྡང་མེ་ལོང་ཡེ་ཤེས་ཆེ། །མཱ་མ་ཀི་དང་རྣམ་རོལ་ཞིང་། །རྣམ་ཤེས་ཕུང་པོ་རྣམ་དག་པ། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལའོ། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ཆེ། །སངས་རྒྱས་སྤྱན་དང་རྣམ་རོལ་ཞིང་། །ཚོར་བའི་ཕུང་པོ་རྣམ་དག་པ། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལའོ། །འདོད་ཆགས་ཀུན་རྟོག་ཡེ་ཤེས་ཆེ། །གོས་དཀར་མོ་དང་རྣམ་རོལ་ཞིང་། །འདུ་ཤེས་ཕུང་པོ་རྣམ་དག་པ། །ཕྱག་འཚལ་སྣང་བ་མཐའ་ཡས་ལའོ། །ཕྲག་དོག་བྱ་གྲུབ་ཡེ་ཤེས་ཆེ། །དམ་ཚིག་སྒྲོལ་དང་རྣམ་རོལ་ཞིང་། །འདུ་བྱེད་ཕུང་པོ་རྣམ་དག་པ། །ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །རྣམ་དག་ཡེ་ཤེས་ལྔ་དང་ལྡན། །ཕུང་པོ་ལྔ་ལ་རྣམ་རོལ་ཞིང་། །ཐབས་ཤེས་ཟུང་འཇུག་རྡོ་རྗེའི་སྐུ། །ཕྱག་འཚལ་ཀུན་འདུས་རྡོ་རྗེ་ལའོ། །དེ་ནས་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་སྤྲོ་ན་གཞན་ནས་འབྱུང་བ་ལྟར་ལ། བསྡུ་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་སོགས་ནས། སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །བར་བྱས། མདུན་བསྐྱེད་ལ་དམིགས་ཏེ་བསྙེན་པ་ཅི་འགྲུབ་བཟླ། དེ་ནས་བུམ་ཐོད། སྭ་བྷཱ་བས་སྦྱང་། སྟོང་ལས་བུམ་ཐོད་མཚན་ཉིད་ཡོངས་རྫོགས་པའི། །འོག་གི་ཆ་ལ་བདུད་རྩིའི་རྒྱ་མཚོ་འཁྱིལ། །དེ་དབུས་རབ་རྒྱས་པདྨའི་སྡོང་པོའི་རྩེར། །ཡེ་ཤེས་གཞལ་ཡས་མཚན་ཉིད་རྫོགས་པའི་ནང་། །སྣ་ཚོགས་པདྨ་འདབ་ལྔའི་ལྟེ་བ་རུ། །སེང་ཁྲི་པདྨ་ཟླ་ཉིའི་གདན་གྱི་སྟེང་། །རྒྱུ་དུས་བླ་མ་ཁྱབ་བདག་ཀུན་ཏུ་བཟང་། །ཐུགས་རྗེའི་དབང་གིས་སྲིད་གསུམ་དོན་མཛད་ཕྱིར། །ཧཱུྃ་ལས་འབྲས་བུའི་བླ་མ་རྡོ་རྗེ་འཆང་། །མཐིང་སྔོན་ཞི་འཛུམ་རལ་པའི་ཐོར་ཚུགས་ལ། །སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པས་སྤྲས། །ཕྱག་གཉིས་རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད། །རིན་ཆེན་རྒྱན་དང་ཕྱག་རྒྱ་དྲུག་གིས་སྤྲས། །དར་གྱི་གོས་གསོལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྙེམས་མ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །མདུན་ནས་གཡས་བསྐོར་གྱད་དང་གླང་ཆེན་རྟ། །རྨ་བྱ་ཤང་ཤང་པད་ཉིའི་ཁྲི་གདན་སྟེང་། །གཙོ་བོའི་དབྱིངས་ལས་ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ །འཕྲོས་པ་ཡོངས་གྱུར་རྣམ་སྣང་མི་བསྐྱོད་པ། །རིན་འབྱུང་མཐའ་ཡས་དོན་གྲུབ་ཡབ་ཡུམ་རྣམས། །དཀར་སྔོ་སེར་དམར་ལྗང་གུའི་ཁ་དོག་ཅན། །ཡབ་རྣམས་རྡོར་དྲིལ་ཡུམ་རྣམས་གྲི་ཐོད་འཁྱུད། །འཁོར་ལོས་སྒྱུར་བའི་ཆས་ལྡན་སྐྱིལ་ཀྲུང་བཞུགས། །ཐམས་ཅད་ཡེ་ཤེས་རང་འོད་མུ་མེད་འཕྲོ། །སྤྱི་མགྲིན་ཐུགས་ཀར་ༀ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་བླ་མ་ཡེ་ཤེས་འཁོར་ལོ་ལ། །དཔའ་བོ་རྣལ་འབྱོར་མས་བསྐོར་སྤྱན་དྲངས་གྱུར། །ཕེཾ་ཞེས་བརྗོད་ཅིང་བསྒོམས་ལ། ཧཱུྃ། འགྲོ་མགོན་ཐུགས་རྗེའི་སྤྱན་ལྡན་རྣམས། །ཆོས་སྐུ་སྤྲོས་དང་བྲལ་བ་ལས། །གཟུགས་སྐུའི་རྣམ་པར་བཞེངས་ནས་ཀྱང་། །འགྲོ་བའི་དོན་དུ་གཤེགས་སུ་གསོལ། །ༀ་གུ་རུ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ཧོཿ ས་མ་ཡ་ཛཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿ ཞེས་དམ་ཚིག་པ་ལ་བསྟིམ། སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ། །སྤྱན་དྲངས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་ཆུ་ལྷག་ཡར་ལུད་པས། །གཙོ་འཁོར་ཀུན་ལ་རྡོར་སེམས་དབུ་བརྒྱན་གྱུར། །དེ་ནས་སྔགས་ཙམ་གྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་སྣང་། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། སྔགས་ཀྱི་འོད་ཟེར་གཟུངས་ཐག་འཁྲིལ་ནས་སོང་། །ཐོད་པའི་ལྷར་ཕོག་འོད་ཞུ་བདུད་རྩིའི་རྒྱུན། །བུམ་ལྷར་ཐིམ་པས་བུམ་ལྷ་ཡེ་ཤེས་ཀྱི། །བདུད་རྩིར་ཞུ་བས་བུམ་པ་ཁེངས་པར་གྱུར། །ཞེས་མོས་ལ་སྔགས་བཟླ། ལས་བུམ་སུམྦྷ་ནིའི་སྔགས་ཀྱིས་བྱིན་བརླབ། དེ་ནས་བདག་ཉིད་འཇུག་པ་ནི། ཁྲུས་བྱས། མཎྜལ་ལམ་ཟབ་མོ་བླ་མའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བཞི་རྫོགས་པར་ཞུ་བའི་ཡོན་དུ་འབུལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ་བདག་སྐྱབས་མཆི། །གཙོ་བོ་མཁའ་འགྲོ་མར་བཅས་པའི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་ལན་གསུམ་གདབ། ༀ་ཨཱཿཧཱུྃ་གིས་མིག་དར་བཅིང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིད་དེ། །བདག་དང་གཞན་དོན་རབ་སྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་ལན་གསུམ་གྱིས་རྒྱུད་སྦྱང་། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་གིས་བརྟན་པར་བྱས། ༀ་ཨཱཿཁཾ་བཱི་ར་ཧཱུྃ། ལག་གཉིས་ཀྱིས་མེ་ཏོག་བཟུང་ལ་དཀྱིལ་འཁོར་དུ་བཅུག །སློབ་མ་རྒྱུ་དུས་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་འཆང་དུ་གྱུར། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་འོད་ཟེར་སྣ་ཚོགས་པ་སློབ་མའི་ལུས་ལ་ཞུགས་པས་ཟུང་འཇུག་འབྲས་བུའི་བླ་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དང་དབྱེར་མི་ཕྱེད་པར་གྱུར། ༀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ གུ་གུལ་ཟླ་མཚན་འདྲེས་པ་བསྲེག །རོལ་མོའི་སྒྲ་དྲག་པོ་བཅས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། པྲ་ཏཱིཙྪ་བཛྲ་ཧོཿས་སློབ་དཔོན་གྱི་སྐུ་ལུས་ལ་མེ་ཏོག་དོར་བས་གནས་ལྔ་སོ་སོའི་རིགས་ངེས་པར་བྱ། པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་པས་ཕྲེང་བ་སྦྱིན། ༀ་ཨཱཿཧཱུྃ་གིས་མིག་དར་དབྱེ། རིག་པའི་དབང་ལྔའི་དོན་ཏུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་གདབ། སློབ་མ་དང་དབང་རྫས་བུམ་ཆུ་ལས་བུམ་གྱི་དྲིའི་ཆུས་བསང་། སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་ལས་པད་ཉིར་སློབ་མ་དབང་གི་རྫས། །ཧཱུྃ་ཡིག་སྔོན་པོ་སོ་སོར་ཡོངས་གྱུར་ལས། །མི་བསྐྱོད་རྡོ་རྗེ་འཆང་ཆེན་སྐུ་མདོག་སྔོ། །རྒྱན་རྫོགས་རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ས་བོན་འོད་ཀྱིས་ཡེ་ཤེས་པ། །ཛཿཧཱུྃ་བྃ་ཧོཿདབང་རྫས་རྡོ་རྗེ་འཆང་། །འོད་དུ་ཞུ་བ་བུམ་པའི་བདུད་རྩིར་གྱུར། །དཀྱིལ་འཁོར་དེ་བཞིན་གཤེགས་རྣམས་དགོངས་པ་མཛད། །རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་ཞིང་། །དབང་ཡུལ་སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད། །ལས་དབང་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་གྱུར། །བུམ་པས་དབང་བསྐུར་བུམ་ཆུ་སྦྱིན་ལ། རྡོ་རྗེ་ཆེན་པོས་དབང་བསྐུར་བས། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་བཛྲ་ཨ་བྷི་ཥིཉྩཱ་མི། ཅོད་པན་བསང་སྦྱང་། སྭ་བྷཱ་བ་སོགས། སྟོང་ལས་པད་ཉིར་སློབ་མ་དབང་གི་རྫས། །ཏྲཱྃ་ཡིག་སེར་པོ་སོ་སོར་ཡོངས་གྱུར་ལས། །རིན་འབྱུང་རྡོ་རྗེ་འཆང་ཆེན་སྐུ་མདོག་སེར། །རྒྱན་རྫོགས་རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ས་བོན་འོད་ཀྱིས་ཡེ་ཤེས་པ། །ཛཿཧཱུྃ་བྃ་ཧོཿདབང་རྫས་རྡོ་རྗེ་འཆང་། །འོད་དུ་ཞུ་བ་རིན་ཆེན་དབུ་རྒྱན་གྱུར། །དཀྱིལ་འཁོར་དེ་བཞིན་གཤེགས་རྣམས་དགོངས་པ་མཛད། །རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་ཞིང་། །དབང་ཡུལ་སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད། །ལས་དབང་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་གྱུར། །རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ༀ་རཏྣ་ཨ་བྷི་ཥིཉྩཱ་མཱི། མགོ་ལ་བཀོན། རྡོ་རྗེ་བསང་སྦྱང་། སྟོང་ལས་པད་ཉིར་སློབ་མ་དབང་གི་རྫས། །ཧྲཱིཿ ཡིག་དམར་པོ་སོ་སོར་ཡོངས་གྱུར་ལས། །མཐའ་ཡས་རྡོ་རྗེ་འཆང་ཆེན་སྐུ་མདོག་དམར། །རྒྱན་རྫོགས་རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ས་བོན་འོད་ཀྱིས་ཡེ་ཤེས་པ། །ཛཿཧཱུྃ་བྃ་ཧོཿདབང་རྫས་རྡོ་རྗེ་འཆང་། །འོད་དུ་ཞུ་བ་རྡོ་རྗེ་རྩེ་ལྔར་གྱུར། །དཀྱིལ་འཁོར་དེ་བཞིན་གཤེགས་རྣམས་དགོངས་པ་མཛད། །རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་ཞིང་། །དབང་ཡུལ་སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད། །ལས་དབང་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་གྱུར། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནི་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ༀ་པདྨ་ཨ་བྷི་ཥིཉྩཱ་མི། ལག་གཡས་པར་གཏད། དྲིལ་བུ་བསང་སྦྱང་། སྟོང་ལས་པད་ཉིར་སློབ་མ་དབང་གི་རྫས། །ཨཱཿཡིག་ལྗང་གུ་སོ་སོར་ཡོངས་གྱུར་ལས། །དོན་གྲུབ་རྡོ་རྗེ་འཆང་ཆེན་སྐུ་མདོག་ལྗང་། །རྒྱན་རྫོགས་རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ས་བོན་འོད་ཀྱིས་ཡེ་ཤེས་པ། །ཛཿཧཱུྃ་བྃ་ཧོཿདབང་རྫས་རྡོ་རྗེ་འཆང་། །འོད་དུ་ཞུ་བ་དྲིལ་བུ་སྒྲ་ལྡན་གྱུར། །དཀྱིལ་འཁོར་དེ་བཞིན་གཤེགས་རྣམས་དགོངས་པ་མཛད། །རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་ཞིང་། །དབང་ཡུལ་སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད། །ལས་དབང་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་གྱུར། །སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནི་རབ་གྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོང་། །ༀ་ཀརྨ་ཨ་བྷི་ཥིཉྩཱ་མི། ལག་གཡོན་དུ་གཏད། སློབ་མ་བསང་སྦྱང་། སྟོང་ལས་པད་ཉིར་སློབ་མ་ༀ་ཡིག་ལས། །རྣམ་སྣང་རྡོ་རྗེ་འཆང་ཆེན་སྐུ་མདོག་དཀར། །རྒྱན་རྫོགས་རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ས་བོན་འོད་ཀྱིས་ཡེ་ཤེས་པ། །ཛཿཧཱུྃ་བྃ་ཧོཿལྷ་རྣམས་དབང་བསྐུར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩཱ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་གསང་མཚན་དྲན་པར་བྱས། དབང་བསྐུར་ཕུང་པོ་ཁམས་ལྔ་མ་རིག་པའི། །དྲི་སྦྱངས་ཡེ་ཤེས་ལྔ་པོ་རྒྱུད་ལ་སྐྱེས། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་ཏུ་མཎྜལ་ཕུལ། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །སློབ་མ་བསང་སྦྱང་། དཀྱིལ་འཁོར་ཤར་ཁྱམས་སེང་གེས་བཏེགས་པའི་ཁྲིར། །སློབ་མ་རིགས་རྣམས་ཀུན་གྱི་བདག་པོར་གྱུར། །རྡོར་དྲིལ་འཁྱུད་རྒྱ་བཅས། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་ཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཐུགས་གསུང་སྐུའི། །བརྟུལ་ཞུགས་གསུམ་དང་འབྲལ་མེད་དོན་གྱིས་ཤིག །དེ་ལྟར་ལུས་ཀྱི་སྒྲིབ་དག་བུམ་དབང་ཐོབ། །བསྐྱེད་རིམ་ལ་དབང་སྤྲུལ་སྐུའི་སྐལ་ལྡན་གྱུར། །དབང་གོང་མ་གསུམ་གྱི་དོན་དུ་མཎྜལ་ཕུལ། ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་གསོལ་བ་གདབ། བླ་མ་ཡབ་ཡུམ་སྙོམས་ཞུགས་རྡོ་རྗེ་བཞིའི། །ལྷ་ཚོགས་ཞུ་བའི་བྱང་སེམས་སྩལ་བར་གྱུར། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨ་ཧོ་མ་ཧཱ་སུ་ཁ། ཞེས་བདུད་རྩི་མྱོང་། དེ་ལྟར་ངག་གི་སྒྲིབ་དག་གསང་དབང་ཐོབ། །བདག་བྱིན་རླབས་དང་ལོངས་སྐུའི་སྐལ་ལྡན་གྱུར། །སློབ་མ་རྡོ་རྗེ་འཆང་དུ་གསལ་བ་ལ། །རིག་མ་སྙེམས་མའི་རང་བཞིན་སྩལ་བར་གྱུར། །ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །དེ་དང་སྙོམས་ཞུགས་དགའ་དང་མཆོག་དགའི་མཐར། །ལྷན་སྐྱེས་དཔེ་ཡི་ཡེ་ཤེས་ཉམས་སུ་མྱོང་། །དེ་ལྟར་ཡིད་ཀྱི་སྒྲིབ་དག་ཤེར་དབང་ཐོབ། །ཕོ་ཉའི་ལམ་དང་ཆོས་སྐུའི་སྐལ་ལྡན་གྱུར། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །དེ་ལྟར་ཆ་སྙོམས་སྒྲིབ་དག་ཚིག་དབང་ཐོབ། །ལམ་དུས་ཕྱག་རྒྱ་ཆེན་པོ་བསྒོམ་ལ་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །འདིར་སློབ་མ་དབང་བསྐུར་སོགས་ལ་ཅུང་ཟད་རྒྱས་པར་སྤྲོ་ན། དབང་གོང་མ་གསུམ་ལ་མཎྜལ་གསོལ་གདབ་སོ་སོ། ཐོག་མཐར་མིག་དར་བཅིང་གྲོལ་ཡང་བྱའོ། །དེ་ནས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །གཞན་གྱི་བུད་མེད་བསྟེན་པར་གྱིས། །ཞེས་ཐུན་མོང་མ་ཡིན་པའི་དམ་ཚིག་འབོགས། རྗེས་དམ་ཚིག་ཁས་ལེན་པ། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱའོ། །གཉིས་པ་གཞན་དོན་དབང་བསྐུར་བའི་ཚུལ་ནི་བདག་བསྐྱེད་ཁོ་ན་ལ་བརྟེན་ནས་དབང་བསྐུར་བ་གཞུང་དོན་ཡིན་ཀྱང་། ལས་དང་པོ་པའི་བླ་སློབ་འཚོགས་སྐབས་བདག་མདུན་སྒྲུབ་མཆོད་བདག་འཇུག་བྱས་ཀྱང་ཆོག་ལ། གང་ལྟར་རྩ་བ་བདག་འཇུག་ཉིད་ལ། མཚམས་སྦྱོར་རྒྱས་པ་དང་དོན་དང་མི་འགལ་བའི་ཚིག་ཕྲེང་ཇི་ལྟར་འོས་པ་བརྗོད་ཅིང་ཉན་བདེ་བར་སྦྱར་བས་འགྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་ཚོགས་མཆོད་བྱ་བར་སྤྲོ་ན་སྐབས་འདིའམ། བདག་འཇུག་དབང་བསྐུར་རྣམས་ཀྱི་ཐོག་མཐའ་གང་དུའང་རུང་ལ་དེའི་ཚུལ་ནི་འོག་ནས་འབྱུང་བ་ལྟར་རོ། །ཚོགས་མཆོད་མ་གྲུབ་ན་གཏོར་འབུལ་ཁོ་ནས་ཀྱང་ཆོག་པས། དེ་ལྟར་ན། གཏོར་མ། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་བརླབ། རང་གི་སྙིང་གའི་འོད་ཀྱིས་བརྟན་གཡོ་ཀུན། །ཐམས་ཅད་བླ་མའི་རྡོ་རྗེ་གསུམ་སྣང་བའི། །ལྗགས་ཀྱི་འོད་ཟེར་རྡོ་རྗེའི་སྦུ་གུ་ཡིས། །གཏོར་མའི་བཅུད་གསོལ་བདེ་བས་དགྱེས་པར་གྱུར། །བསྙེན་སྔགས་ལ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱི་མཐར། བདག་དང་སེམས་ཅན་ཀུན་གྱིས་ཕྱག་རྒྱ་ཆེ། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་སྟེ་ཚོགས་མཆོད་དང་གཏོར་འབུལ་གཉིས་ཀ་བྱེད་ན་འདི་ཉིད་ཚོགས་ཀྱི་གོང་དུ་སྦྱར་བ་ཡིན་ནོ། །ཚོགས་མཆོད་ནི། སྟེགས་བུ་ཞིང་གི་ཁེབས་དང་ལྡན་པའི་དབུས་སུ་ཐོད་པ་མཚན་ལྡན་མྱོས་བྱེད་བདུད་རྩི་རིལ་བུ་སྦྱར་བས་བཀང་བའི་མཐའ་བསྐོར་དུ་མཱཾ་ས་དང་བ་ལ་གཙོ་བོར་གྱུར་པའི་དམ་ཚིག་གི་རྫས་ཇི་ལྟར་འབྱོར་པས་བསྐོར། དུད་སོལ་མའི་མཆོད་གཏོར་སྤོས་མར་མེ་བཅུག་པའང་བཤམས་ཤིང་། བྱིན་གྱིས་བརླབས་པའི་བདུད་རྩིས་བྲན་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་སྭ་བྷཱ་བ་སོགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་རཾ་རླུང་མེའི་སྟེང་། །ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་དང་། །བདུད་རྩི་ལྔ་པོ་ཕྱི་ཡི་རྣམ་པ་ༀ། །སྲོག་ལ་ཨཱཿས་མཚན་དེ་སྟེང་ཟླ་ཕྱེད་དང་། །རྡོ་རྗེ་ཧཱུྃ་མཚན་མགོ་བོ་མཐུར་དུ་བསྟན། །རླུང་གཡོས་མེ་སྦར་རྫས་ཞུ་ༀ་དང་ཨཱཿའི། །འོད་ཀྱིས་ཧཱུྃ་ལས་ཡེ་ཤེས་བདུད་རྩི་བབས། །ༀ་ཨཱཿཧཱུྃ། གསུམ། ཟླ་ཕྱེད་རྡོ་རྗེ་དང་བཅས་ལྟུང་སྟེ་ཞུ། །དམ་ཡེ་གཉིས་མེད་བདུད་རྩིའི་རྒྱ་མཚོར་གྱུར། །ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ལན་གསུམ། གནས་གསང་བ་མཆོག་གི་དགྱེས་པ་ནས། །དཔལ་རྡོ་རྗེ་འཆང་ཆེན་གནས་འདིར་བྱོན། །གནས་ཁ་སྦྱོར་ལོངས་སྐུའི་ཞིང་ཁམས་ནས། །བཀའ་བཞི་བརྒྱུད་པའི་བླ་མ་གནས་འདིར་བྱོན། །གནས་རྡོ་རྗེ་བཙུན་མོའི་བྷ་ག་ནས། །དགྱེས་མཛད་མར་སྟོན་ཆེན་པོ༴ གནས་སྒྱུ་འཕྲུལ་དྲྭ་བའི་ཕོ་བྲང་ནས། །རྗེ་མཚུར་སྟོན་ཡབ་སྲས༴ གནས་མཁའ་སྤྱོད་བཙུན་མོའི་ཚོགས་དབུས་ནས། །རྗེ་རྔོག་སྟོན་ཡབ་སྲས༴ གནས་ཟག་མེད་འོད་གསལ་མཁའ་ཁྱབ་ནས། །རྗེ་མེས་སྟོན་ཡབ་སྲས༴ གནས་མངོན་པར་དགའ་བའི་ཞིང་ཁམས་ནས། །རྗེ་མི་ལ་ཡབ་སྲས༴ གནས་སྣང་སྲིད་ཕྱག་རྒྱ་ཆེན་པོ་ནས། །དགེ་སློང་འཚོ་བྱེད་ཡབ་སྲས༴ གནས་འཁོར་ལོ་གསུམ་གྱི་ཚོགས་ཁང་ནས། །རྗེ་དུས་གསུམ་མཁྱེན་པ༴ དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ནས། །འགྲོ་མགོན་ཕག་གྲུ་ཡབ་སྲས༴ གནས་ཡིད་དགའ་ཆོས་འཛིན་འདུན་ས་ནས། །ཀུན་མཁྱེན་བསྟན་པའི་ཉིན་བྱེད༴ ཨེ་བྃ་ཟུང་འཇུག་དཀྱིལ་འཁོར་ནས། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས༴ གནས་ཡུལ་དུར་ཁྲོད་སོ་སོ་ནས། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་གནས་འདིར་བྱོན། །ཕ་བཀའ་བརྒྱུད་བླ་མ་དབྱིངས་ནས་གཤེགས། །བུ་བཟོད་མེད་གདུང་བའི་མོས་གུས་འབར། །མཆོག་ཡེ་ཤེས་བྱིན་ཆེན་སྤྲིན་ལྟར་འཐིབས། །སྲིད་ཞི་ཀུན་ཆོས་ཀྱི་དབྱིངས་སུ་ཐིམ། །སྣང་གྲགས་རྟོག་ཕྱག་རྒྱ་ཆེན་པོར་ཤར། །གཉུག་མ་འོད་གསལ་གྱི་གཟི་མདངས་ལས། །ཞུ་བདེ་ཡི་བདུད་རྩིས་བརྟན་གཡོ་ཁྱབ། །འཛིན་རྟོག་དག་པའི་མྱང་གྲོལ་ལ། །ལོངས་སྤྱད་པས་ཟུང་འཇུག་བདེ་བ་ཆེ། །ཅིར་སྣང་ཀུན་བླ་མ་ཆོས་ཀྱི་སྐུ། །གྲུབ་གཉིས་ཀློང་བརྡོལ་གྱི་བྱིན་ཆེན་ཕོབ། །ཅེས་བྱིན་རླབས་འབེབས་པ་སྔོན་དུ་འགྲོ་བས་ཚོགས་ཕུད་གཏོར་མ་ལ་སྦྲོན་ཅིང་བདུད་རྩིས་བྲན་ལ། ཕེཾ། བཛྲ་ཨཱ་རལླི་ཧོཿཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱཧོཿ ལན་གཅིག ༀ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པཱ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཧོཿ ཟག་མེད་ཆོས་སྐུའི་ཕོ་བྲང་ནས། །རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ། །བཀའ་བཞི་བརྒྱུད་པའི་བླ་མའི་ཚོགས། །དགྱེས་མཛད་དངོས་བྱོན་ལྷོ་བྲག་པ། །ཐུགས་སྲས་རྣམ་བཞི་བརྒྱུད་པར་བཅས། །ཕ་མ་གཉིས་མེད་རྒྱུད་སྡེའི་ལྷ། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་རྣམས། །སྐུ་ཡི་སྤྲུལ་པས་ཞིང་ཀུན་ཁྱབ། །ཅིར་སྣང་ཡེ་ཤེས་ཚོགས་སུ་འབུལ། །གཞོམ་མེད་རྡོ་རྗེ་ནཱ་དའི་དབྱངས། །སྒྲ་གྲགས་རང་བྱུང་སྔགས་སུ་བསྐང་། །བདེ་སྟོང་དགོངས་པ་མཁའ་དང་མཉམ། །འཁྲུལ་རྟོག་རང་གྲོལ་གཉུག་མར་བཤགས། །དད་མོས་བསམ་ཡས་ཚོགས་ཁང་དུ། །དམ་ཚིག་རྣམ་དག་རྣལ་འབྱོར་པས། །སྣང་སྲིད་ཚོགས་ཀྱི་འཁོར་ལོར་བསྒྱུར། །བཟའ་བཏུང་བདུད་རྩི་ཆེན་པོར་བརླབས། །བླ་མེད་མཆོད་པའི་སྤྲིན་ཕུང་འདིས། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་། །ཉམས་ཆགས་ཉེས་ལྟུང་མཐོལ་ཞིང་བཤགས། །བྱང་ཆུབ་སྒྲུབ་པའི་བར་ཆད་ཞི། །གཟུང་འཛིན་རྣམ་རྟོག་དབྱིངས་སུ་གྲོལ། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །སྣང་སེམས་སྐྱེ་མེད་ཆོས་སྐུར་རྟོགས། །ཚེ་འདིར་ཟུང་འཇུག་མཆོག་ཐོབ་མཛོད། །དུད་སོལ་མའི་གཏོར་མ་ལ་ཚོགས་ཕུད་བསྟབ། བདུད་རྩི་བྲན་ལ། ༀ་བེ་ཏཱ་ལི་བེ་ཏཱ་ལི་ཚེ་ཚེ་ལྷ་མོ་ཞལ་གཅིག་ཕྱག་བཞི་མ་བོང་བུ་གྭ་པ་ལ་ཆིབས་པ་སྤྱན་དྲངས་ཤིང་གཏོར་མ་གསོལ་བར་གྱུར། ༀ་ཧཱུྃ་ཤྲཱི་ཡ་དེ་བཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀི་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གིས་ལས་ནི་གང་བྱེད་པ། །དེ་ལ་ཀུན་གྱིས་གྲོགས་མཛོད་ཅིག །ཧཱུྃ་གྲྀཧྣ་གྲྀཧྣ་སརྦ་དུཥྚན་བྷཀྵ་བྷཀྵ་ཕྲེཾ་ཕྲུཾ་ཕྲིཾ་ཕྲོཾ་ཕཊ་སྭཱ་ཧཱ། ཞེས་སེ་གོལ་གཏོགས། གཏོར་མ་འབུལ། ཚོགས་རྫས་ནང་གི་སྲེག་བླུགས་སུ་ལོངས་སྤྱད་ལ་དོ་ཧ་རྡོ་རྗེའི་གླུ་ཇི་ལྟར་ནུས་པ་བླངས་ཏེ་ཉམས་རྟོགས་སྤར ། གསང་བའི་བདེ་ཆེན་བསྐུལ་བ་ནི། པདྨ་ལ་ནི་རྡོ་རྗེ་གནས། །པདྨ་ཉིད་ནི་ཞིང་ཡིན་ནོ། །རྒྱུན་དུ་ཅང་ཏེའུ་བརྡུང་བྱ་སྟེ། །སྙིང་རྗེས་ཀུ་ཅོ་བསྒྲག་མི་བྱ། །དེ་རུ་སྟོབས་ལྡན་འབད་པས་བཟའ། །ཆང་ཡང་མང་པོ་བཏུང་བར་བྱ། །གྲོགས་པོ་སྐལ་ལྡན་གཞུག་པར་བྱ། །སྐལ་པ་མེད་པ་རྣམ་པར་སྤང་། །བཞི་མཉམ་གླ་རྩི་སིཧླ་དང་། །ག་པུར་རྣམས་ཀྱིས་བྱུགས་པར་བྱ། །རུས་པའི་རྒྱན་གྱིས་ལུས་ལ་བརྒྱན། །དེ་རུ་རོ་ནི་གཞུག་པར་བྱ། །འདུས་ཕྱིར་གཉིས་ནི་སྦྱོར་བར་བྱ། །དེར་ནི་རེག་མིན་སྤང་མི་བྱ། །སྨོན་ལམ་གདབ་པ་ནི། སྣང་སྲིད་བླ་མའི་དཀྱིལ་འཁོར་དུ། །ཕྱི་ནང་གསང་བའི་ཚོགས་ཕུལ་བས། །རྩོལ་མེད་རྡོ་རྗེའི་ལམ་བགྲོད་དེ། །རང་སེམས་ཆོས་སྐུ་མངོན་གྱུར་ཤོག །ལྷག་མ་ཆུ་གཙང་གིས་བྲན་ལ། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཧེ་རུ་ཀ་དཔལ་ཚོགས་ཁང་དུ། །གསང་བའི་འདུ་བར་མི་དབང་བ། །སྲིད་གསུམ་འབྱུང་པོ་མཐུ་ཆེན་རྣམས། །ལྷག་མའི་གཏོར་མས་ཚིམས་གྱིས་ལ། །བར་ཆད་ཀུན་སོལ་ཕྲིན་ལས་སྒྲུབས། །ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་ཙྪིནྡ་བྷིནྡ་པ་ནེ་ཧཱུྃ་སྭཱ་ཧཱ། ཞེས་ལྷག་གཏོར་ཕྱི་རོལ་དུ་དོར་ཞིང་སུམྦྷ་ནིའི་སྔགས་ཀྱིས་མཚམས་བཅད་པར་བྱའོ། །དེ་ནས་མཆོད་པ་ཁ་གསོས། བྱིན་བརླབས་ལ་སྔགས་ཙམ་གྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་སྤྱི་ལྟར་ཤློ་ཀ་གཅིག་གིས་བསྟོད། ཡིག་བརྒྱ་ལན་གསུམ་དང་། བདག་བློ་གཏི་མུག་རྨོངས་པའི་དབང་གྱུར་ཏེ། །ལེགས་སྤྱད་འདི་ལ་ཉེས་པར་གྱུར་པ་རྣམས། །སྐྱེས་མཆོག་རིན་ཆེན་རྣམས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་ཁྱོད་ལ་བཟོད་པར་གསོལ། །ཞེས་བཟོད་པར་གསོལ། བདག་དང་འགྲོ་ལ་སོགས་ཀྱིས་མདུན་བསྐྱེད་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་པ་ༀ་ཨཱཿཧཱུྃ་གིས་བདག་ལ་བསྡུ། བསྒོམས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས། །རིམ་བཞིན་འོད་དུ་ཞུ་ནས་རང་ལ་ཐིམ། །རང་ཉིད་དབྱིངས་ཐིམ་སླར་ཡང་རྡོ་རྗེ་སེམས། །སྣང་ལ་རང་བཞིན་མེད་པའི་སྐུ་རུ་གྱུར། །ཞེས་བདག་བསྐྱེད་བསྡུ་ལྡངས་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་སོགས་དགེ་བསྔོ་དང་། ཤེས་བྱའི་མཁའ་ལ་མཁྱེན་རབ་དཀྱིལ་འཁོར་རྒྱས། །མཛད་པའི་འོད་སྟོང་གདུལ་བྱའི་གླིང་ལ་ཕོག །རྒྱལ་བའི་བསྟན་པ་ཀུན་ནས་གསལ་མཛད་པ། །བཀའ་བརྒྱུད་རིན་པོ་ཆེ་ཡི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པ་བརྗོད་དོ། །བཞི་པ་ནི། འདི་དག་ལ་ལས་ཚོགས་སྦྱར་བར་འདོད་ན་བླ་མའི་ལས་ཚོགས་སྤྱི་གཞུང་གང་ཡང་རུང་བ་སྦྱར་ཆོག །དེ་བཞིན་རྣལ་འབྱོར་གྱི་ཡན་ལག་རྣམས་ཀྱང་སྤྱི་ལྟར་ཤེས་པར་བྱ། འདི་དག་ལ་ཕྱི་ནང་གསང་སྒྲུབ་ཀྱི་ཐ་སྙད་སྦྱར་ཡང་སོ་སོ་གཞུང་རྐང་ཚུགས་པ་རེ་ཡིན་པས་ཉམས་ལེན་སོ་སོར་བྱས་ཀྱང་ཆོག་ལ། དེ་ལྟར་ན་ཐོག་མའི་སྐྱབས་སེམས་དང་རྡོར་སེམས་བསྒོམ་བཟླས། མཇུག་གི་བསྔོ་སྨོན་ཤིས་བརྗོད་ནི་སྤྱི་འགྲོ་ཡིན་ཅིང་། ཡན་ལག་བདུན་པའི་ཚིག་ཕྲེང་དང་གསོལ་འདེབས་རྣམས་ཀྱང་རྩ་བའི་གཞུང་ངམ་རིགས་མཐུན་ནས་བླངས་ཏེ་རྒྱས་པར་སྤྲོས་པས་ཆོག་གོ །ཡང་དཀྱུས་གཅིག་ཏུ་ཉམས་སུ་ལེན་ཚེ་བསྡུ་བར་འདོད་ན་ཕྱི་སྒྲུབ་ལ་དཔེར་མཚོན་ན། སྐྱབས་སེམས། དག་བྱེད། རྟེན་བསྐྱེད། སྤྱན་འདྲེན་ཐོག་མའི་ཤློ་ཀ་གཉིས་ཀྱི་འཕྲོས་སུ་ཡན་ལག་བདུན་པ། འོག་མིན་ཆོས་དབྱིངས་མ་ཁོ་ན། མ་ནམ་བཞི་སྐོར། འདོད་གསོལ་ཚིག་ལྷུག་མཐར་དབང་ལེན་དང་། ནང་སྒྲུབ་རྟེན་བསྐྱེད་ལ་འཇུག་པས་ཆོག་ཅིང་དེ་ཡིས་གཞན་ལའང་མཚོན་པར་བྱའོ། །དེ་སྐད་དག་སྣང་མ་ཡིན་དགོངས་གཏེར་མིན། །གྲུབ་ཐོབ་བརྒྱུད་པའི་གདམས་ངག་གཅིག་ཏུ་བསྡེབས། །བརྡོལ་ཐབས་སྨྲས་མིན་སྨིན་གྲོལ་རྒྱུན་བཟང་མཆིས། །ཆོས་འདོད་རྣམས་ཀྱིས་གཡར་དམ་མཛད་ཀྱང་རུང་། །མཁས་འདོད་ངག་གིས་བཀག་ཀྱང་ཁོང་ཁྲོ་མེད། །འདི་བགྱིས་དགེ་བས་མངའ་བདག་མར་པའི་བསྟན། །ཡངས་པའི་ལྗོངས་སུ་དར་ཞིང་རྒྱས་པ་དང་། །འབྲེལ་ཚད་མར་པ་རྗེ་དང་མཉམ་གྱུར་ཅིག །ཅེས་པ་འདིའང་བསླབ་པ་གསུམ་གྱི་ནོར་ལྡན་གཞུང་ལུགས་རབ་འབྱམས་སྨྲ་བ་སྒྲུབ་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ནས་ཆེད་དུ་བསྐུལ་ངོར། དགྱེས་མཛད་ལོ་ཙཱ་དངོས་སྣང་སི་ཏུ་པདྨའི་མཚན་ཅན་གྱི་གསང་བ་གསུམ་གྱི་བྱིན་རླབས་ཐོབ་ཅིང་བཀའ་བརྒྱུད་རིན་པོ་ཆེ་ལ་མི་འཕྲོགས་པའི་དད་པ་བརྟན་པ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས། མར་པ་རྗེ་ཡིས་ལུང་བསྟན་པའི་གནས་ཆེན་དེ་བཱི་ཀོཊིའི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། ༈ །།སྤྱིར་མར་པ་བླ་སྒྲུབ་འདི་ཡི་མ་དཔེ་ཕྱི་མོ་ནི་རྒྱ་ཆེན་བཀའ་མཛོད་དཔལ་སྤུངས་པར་མ་པོད་༼ཀ༽ནང་བཞུགས་ཡོད་ཀྱང་། མ་དཔེ་དེ་ནི་སོགས་སྒྲ་མང་ཞིང་འདོན་སྟབས་ཤིན་ཏུ་དཀའ་བས། ཕྱག་དཔེ་འདི་ཉིད་གཙོ་བོ་མཚུར་ཕུའི་པར་མ་ལྟར་བྲིས་པ་ཡིན་ལ། འོན་ཀྱང་སྐབས་འགར་ཆད་ལྷག་དང་ནོར་འཁྲུལ་མིན་ནམ་སྙམ་པའི་ཚིག་འགའ་ཞིག་མཆིས་པ་རྣམས། རྒྱ་ཆེན་བཀའ་མཛོད་ནང་བཞུགས་ཀྱི་མ་དཔེ་ཕྱི་མོ་དང་བསྡུར་ཏེ་དགོས་ངེས་ཀྱི་ཞུས་དག་ཕྲན་བུ་རེའང་བྱས་པ་ཡིན་ནོ། །སརྦ་མངྒ་ལཾ།། །།

མི་ལའི་བླ་སྒྲུབ།

རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚོགས་མཆོད་དང་བཅས་པ་ཡེ་ཤེས་དཔལ་འབར་ཞེས་བྱ་བ་བཞུགས་སོ།།

རྡོ་རྗེ་འཆང་གི་གོ་འཕང་ནི། །སྐུ་ཚེ་གཅིག་གིས་མངོན་མཛད་པ། །གངས་ཅན་གྲུབ་པའི་དབང་ཕྱུག་ལ། །བཏུད་ནས་དེ་ཡི་རྣལ་འབྱོར་འཆད། །བསམ་གཏན་དང་རྗེས་སུ་མཐུན་པའི་གནས་སུ་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ། མོས་གུས་དུས་མཐའི་མེའི་ཤུགས་བཞིན་དུ་སྦར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བློ་མངོན་དུ་བཞག་སྟེ། འབྱོར་ན་སྟེགས་གཙང་མར་མཎྜལ་ཚོམ་བུས་སྤྲས་པ་དང་ཉེར་སྤྱོད་མཆོད་པའི་བཀོད་པ་ཇི་ལྟར་ཚོགས་པ་བཤམ། མ་འབྱོར་ན་ཏིང་ངེ་འཛིན་ཁོ་ནས་ཀྱང་འགྲུབ་ལ། ཚོགས་མཆོད་འབྲེལ་ན་དེའི་ཡོ་བྱད་ཐབས་ཤེས་ཀྱི་རྫས་སོགས་ཉེ་བར་བསྡོགས། དེའི་ཚེ་ཐོག་མར་སྔོན་གཏོར་བཤམས་ལ། རང་ཉིད་སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་གྲི་ཐོད་ཕྱག་རྒྱས་སྤྲས་པར་གྱུར། །བདུད་རྩི་རིལ་བུ་དང་ལྡན་པའི་མྱོས་བྱེད་ཀྱིས་གང་བའི་ཀ་པཱ་ལ་མདུན་དུ་བཞག་པ་ལ་དམིགས་ཏེ། ༀ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཀྱིས་བསང་། ༀ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། གིས་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །མཚན་ལྡན་བྷཉྫར་གོ་ཀུ་ད་ཧ་ན། །བི་མུ་མ་ར་ཤུ་ལས་ཤ་ལྔ་དང་། །བདུད་རྩི་ལྔར་གྱུར་རླུང་མེས་ཞུ་ཞིང་བསྐོལ། །འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩི་བཀུག །དམ་ཡེ་གཉིས་མེད་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། གཏོར་མའང་དེ་ལྟར་བརླབས་ལ། འབར་བའི་རྒྱས། ཕེཾ། ཞེས་མགྲོན་བཀུག །ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏཱ་པི་ཤཱ་ཙ་ཨུནྨཱ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚ། བྷུཉྫ་ཐ། ཛི་གྷྲ་ཐ། པི་བ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སཏྶུ་ཁཾ་བི་ཤུདྡྷ་ས་ཧཱ་ཡི་ཀཾ་བྷ་བནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་ལན་གསུམ་གྱིས་བསྔོས་ལ་གཏོར་མ་དོར། གང་དག་ནག་པོའི་ཕྱོགས་གྱུར་པའི། །གསང་སྔགས་ཟབ་མོའི་ཆོ་ག་ལ། །ཉན་དང་ལྟ་བར་མི་དབང་བ། །དེ་དག་ཐམས་ཅད་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་ཁ་ཊྭཱྃ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་འགས་འགྱུར། ༀ་སུམྦྷ་ནི་སོགས་ཀྱིས་བགེགས་བསྐྲད། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཞེས་སྲུང་བའི་འཁོར་ལོ་གསལ་གདབ། རྒྱུན་གྱི་རྣལ་འབྱོར་ལྟ་བུར་དེ་ཡན་ཆད་མི་དགོས་སོ། །སྐྱབས་སེམས་ནི། བདག་གཞན་མཁའ་མཉམ་འགྲོ་བ་ཀུན། །དཀོན་མཆོག་རྩ་བ་གསུམ་གྱི་དངོས། །དབང་ཕྱུག་བཞད་པ་རྡོ་རྗེ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། མ་གྱུར་སེམས་ཅན་མཐའ་དག་རྣམས། །རྗེ་བཙུན་རས་པ་ཆེན་པོ་ཡི། །གོ་འཕང་བླ་མེད་འཐོབ་བྱའི་ཕྱིར། །སྒོ་གསུམ་དགེ་ལ་བཀོལ་བར་བྱ། །ལན་གསུམ། རང་སེམས་བླ་མར་རྟོགས་པས་གུས་ཕྱག་འཚལ། །ཚོགས་དྲུག་ཞེན་པ་བྲལ་བའི་མཆོད་པ་འབུལ། །གཉིས་འཛིན་ཨ་འཐས་རང་རིག་ཀློང་དུ་བཤགས། །ཐུགས་རྗེ་རྒྱུན་ཆད་མེད་ལ་ཡི་རང་ངོ་། །ཁྱབ་བདལ་ཡེ་ཤེས་ཆོས་འཁོར་བསྐོར་དུ་གསོལ། །མཆོག་ཏུ་མི་འགྱུར་ཆོས་སྐུར་བཞུགས་གསོལ་འདེབས། །མཁའ་ཁྱབ་འགྲོ་ཀུན་སྐུ་གསུམ་ཐོབ་ཕྱིར་བསྔོ། །འཁོར་བ་དོང་སྤྲུགས་འགྲོ་དོན་འགྲུབ་པར་ཤོག །ཅེས་ཡན་ལག་བདུན་པ་བྱ། རང་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿཧཱུྃ། རང་སྣང་རྣམ་དག་མཁའ་སྤྱོད་ཨོ་རྒྱན་ཞིང་། །ཆོས་འབྱུང་པད་ཉི་རོ་སྟེང་སྐད་ཅིག་གིས། །རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལི་ཁྲིའི་མདངས། །གྲི་གུག་ཐོད་ཁྲག་ཕྱག་རྒྱ་ལྔ་ཡིས་སྤྲས། ཁ་ཊྭཱྃ་གཡོན་བརྟེན་ཞབས་གཉིས་བརྐྱང་བསྐུམ་ཚུལ། །མེ་དཔུང་དབུས་བཞུགས་ལྟེ་བར་ཨེ་དབུས་སུ། །དོན་ཀུན་སྒྲུབ་བྱེད་འཁོར་ལོ་འོད་འབར་བའོ། །ཞེས་ལྟེ་བར་ཆོས་འབྱུང་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿ འདབ་བཞིར་ཧ་རི་ནི་ས། ཧྲཱིཿམཐར་སྔགས་ཕྲེང་གི་འོད་ཀྱིས་དོན་གཉིས་སྒྲུབ་པར་མོས་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་རླུང་དང་སྦྱར་བའི་འགོག་བཟླས་བྱ། དེ་ནས། རང་གི་ཐུགས་ལས་ཡེ་ཤེས་འོད་ཟེར་འཕྲོས། །དངོས་འཛིན་མཚན་བཅས་འོད་གསལ་དབྱིངས་སུ་སྦྱངས། །ཕྱི་སྣོད་ཆོས་དབྱིངས་འོག་མིན་སྟུག་པོ་བཀོད། །གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་། །མཆོད་པའི་ཡོ་བྱད་ཀུན་བཟང་སྨོན་ལམ་འཕྲུལ། །ཕྱི་ནང་གསང་བ་དེ་ཉིད་བཀོད་པའི་སྤྲིན། །ཟག་མེད་བདེ་སྐྱེད་ནམ་མཁའ་གང་བར་གྱུར། ༀ་ཨཱཿཧཱུྃ་བཛྲ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། རྟེན་བསྐྱེད་པ་ནི། གདོད་ནས་རྣམ་དག་སངས་རྒྱས་ཞིང་། །རླུང་ལྔ་དག་པ་སེང་གེའི་ཁྲི། །རྩ་ལྔ་དག་པ་པདྨའི་གདན། །ཁམས་ལྔ་དག་པ་ཉི་ཟླའི་སྟེང་། །སེམས་ཉིད་སྟོང་པ་བླ་མའི་སྐུ། །ཡེ་ཤེས་ལུས་ཅན་རྡོ་རྗེ་འཆང་། །མངོན་ཤེས་དྲུག་ལྡན་ཏེ་ལོ་པ། །སྒྱུ་འཕྲུལ་དྲྭ་བ་ནཱ་རོ་པ། །དགྱེས་མཛད་རྡོ་རྗེ་ལྷོ་བྲག་པ། །འགྲོ་བའི་མགོན་པོ་འཛམ་གླིང་གྲགས། །བཀའ་བརྒྱུད་ནོར་བུའི་ཕྲེང་བ་རྣམས། །གཅིག་འདུས་འཁོར་ལོའི་མགོན་པོའི་དངོས། །རྗེ་བཙུན་བཞད་པ་རྡོ་རྗེའི་ཞབས། །སྔོ་སངས་རས་དཀར་བླ་གོས་ཅན། །དབུ་སྐྲ་ཕྱིང་བུ་སྐུ་རྒྱབ་གྲོལ། །ཕྱག་གཡས་སྙན་གྱི་ཐད་ཀར་བསྟེན། །གཡོན་པས་མཉམ་བཞག་ཐོད་ཞལ་བསྣམས། །ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་མཛད། །སྟོང་ཉིད་ཤེས་རབ་རྣལ་འབྱོར་མ། །སྒོམ་ཐག་ཚུལ་གྱིས་སྐུ་ལ་འཁྱུད། །ཡེ་ཤེས་འོད་ལྔའི་གཟི་བྱིན་འབར། །གཞོམ་མེད་རྡོ་རྗེའི་མགུར་དབྱངས་སྒྲོགས། །ཐུགས་རྗེས་མོས་པའི་བུ་ལ་དགོངས། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་འཁོར། །སྤྲིན་ལྟར་འཁྲིགས་པའི་དབུས་ན་བཞུགས། །རྡོ་རྗེ་གསུམ་གྱི་འོད་ཟེར་གྱིས། །མངོན་པར་དགའ་སོགས་ཞིང་རྣམས་ནས། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཅང་ཏེའུ་དྲིལ་བུའི་སྒྲས་བསྐུལ། དད་མོས་གདུང་བའི་ཤུགས་བསྐྱེད་ལ། ཧཱུྃ། ཆོས་སྐུ་མཁའ་ཁྱབ་གཤེགས་བཞུད་མི་དམིགས་ཀྱང་། །ཐུགས་རྗེའི་སྒྱུ་འཕྲུལ་གང་འདུལ་གཟུགས་ཀྱི་སྐུ། །མོས་པའི་བློ་དང་འཚམས་པར་རྣམ་རོལ་བ། །དད་ལྡན་བསོད་ནམས་ཞིང་དུ་གཤེགས་སུ་གསོལ། །མངོན་དགའ་ལ་སོགས་དག་པའི་ཞིང་ཁམས་ནས། །དབང་ཕྱུག་བཞད་པ་རྡོ་རྗེ་མཁའ་འགྲོའི་གཙོ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་གཤེགས་སུ་གསོལ། ཨེ་ཨཱ་རལླི་ཕེཾ། བཛྲ་ས་མཱ་ཛཿ རྗེ་བཙུན་རས་པ་རྒྱལ་བ་སྲས་དང་བཅས། །གདུལ་བྱའི་ཡུལ་ལ་སྙིང་རྗེས་བརྩེར་དགོངས་ཏེ། །མཆོད་པའི་ཡུལ་དུ་བརྟན་པར་བཞུགས་ནས་ཀྱང་། །ལུས་ངག་ཡིད་ལ་རྡོ་རྗེའི་བྱིན་ཆེན་ཕོབ། །ཏིཥྛ་བཛྲ་ཧཱུྃ། ས་མ་ཡ་སྟྭཾ་ཧོ། རྡོ་རྗེའི་སྐུ་གསུང་ཐུགས་མཆོག་ཡོན་ཏན་དང་། །ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་བདག །སྐྱབས་གནས་ཀུན་འདུས་རྡོ་རྗེ་རྒྱལ་མཚན་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ན་མོ་ན་མཿཧཱུྃ། ཞིང་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་ཀུན། །ལྷ་རྫས་ཡིད་འོང་ཕྱི་ཡི་མཆོད་པའི་སྤྲིན། །ཀུན་བཟང་རྣམ་པར་རོལ་པས་བཀང་སྟེ་འབུལ། །ཚོགས་གཉིས་ཡོངས་རྫོགས་ཆོས་ཀྱི་རྒྱལ་པོར་ཤོག །ཕུང་ཁམས་སྐྱེ་མཆེད་འདོད་པའི་ཡོན་ཏན་ལྔ། །རང་བཞིན་རྣམ་དག་རྡོ་རྗེའི་ཕོ་ཉ་མོ། །ནམ་མཁའ་གང་བས་བླ་མའི་འཁོར་ལོར་མཆོད། །དུག་ལྔ་རང་གྲོལ་སྐུ་ལྔ་ཐོབ་པར་ཤོག །ཐབས་ཤེས་ཟུང་འཇུག་འགྱུར་མེད་ལྷན་ཅིག་སྐྱེས། །བདེ་སྟོང་ཡེ་ཤེས་ཆེན་པོའི་དགའ་སྟོན་ལ། །ཟག་མེད་ཏིང་འཛིན་རོལ་པས་དབང་བསྒྱུར་ནས། །སྲིད་པའི་སྡུག་བསྔལ་འཆིང་ལས་གྲོལ་བར་མཛོད། །གང་ལ་ཐོག་མཐའ་དབུས་མེད་འཁོར་འདས་མེད། །ཆོས་ཀུན་རང་བཞིན་གཉུག་མ་ཕྱག་རྒྱ་ཆེ། །ཡིད་བྱེད་ལས་འདས་འཁོར་གསུམ་རྣམ་པར་དག །རང་བཞིན་ལྷུན་གྲུབ་མཆོད་པ་ཆེན་པོའོ། །ༀ་བཛྲ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཕྱི་ནང་གསང་བའི་མཎྜལ་ནི། ༀ་ཨཱཿཧཱུྃ། གླིང་བཞིའི་འཇིག་རྟེན་རབ་འབྱམས་རྒྱུད་མཚམས་སྦྱོར། །རབ་འབྱམས་རྒྱ་མཚོའི་ཞིང་གི་འབྱོར་པའི་ཚོགས། །མ་ལུས་བློ་ཡིས་བླངས་ཏེ་འབུལ་ལགས་ན། །དེ་སྙེད་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །བདག་ལུས་ལོངས་སྤྱོད་བདོག་པ་ཅི་མཆིས་དང་། །ཕུང་ཁམས་སྐྱེ་མཆེད་འཕྲལ་ཡུན་འདུན་མར་བཅས། །བདག་ཏུ་བཟུང་བའི་དངོས་པོར་གྱུར་ཚད་ཀུན། །འབུལ་གྱིས་བདག་འཛིན་ཞི་བར་བྱིན་གྱིས་རློབས། །དངོས་དང་དངོས་མིན་མཐའ་ལས་ཡོངས་གྲོལ་ཞིང་། །སྐྱེ་འགག་གནས་གསུམ་འགྲོ་འོང་རྟག་ཆད་ཀྱི། །མིང་མཚན་ལས་འདས་གནས་ལུགས་མཎྜལ་མཆོག །ཕུལ་བས་རྗེ་བཙུན་ཁྱེད་དང་དབྱེར་མེད་ཤོག །ༀ་གུ་རུ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བསྟོད་པ་ནི། གུ་རུ་ན་མོ་ཧཱུྃ། སྙིང་རྗེ་ཆེན་པོ་སེམས་ཆེན་པོ། །དམིགས་པ་ཆེན་པོ་བློ་ཆེན་པོ། །གོ་ཆ་ཆེན་པོ་མཚོན་ཆེན་པོ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དད་པ་ཆེན་པོ་གུས་ཆེན་པོ། །དམ་ཚིག་ཆེན་པོ་བརྟུལ་ཞུགས་ཆེ། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་པོ། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ཐབས་ཆེན་པོ། །བདེ་བ་ཆེན་པོ་གསལ་བ་ཆེ། །སྟོང་པ་ཆེན་པོ་རྒྱ་ཆེན་པོ། །ཐུབ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཐེག་པ་ཆེན་པོ་ས་ཆེན་པོ། །ལམ་ཆེན་ཡེ་ཤེས་ཆེན་པོ་སྟེ། །ཡོན་ཏན་ཆེན་པོ་སྙན་གྲགས་ཆེ། །བདག་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཆེན་པོ་སྣང་བ་ཆེ། །རྫུ་འཕྲུལ་ཆེན་པོ་གདུལ་བྱ་ཆེ། །བྱིན་རླབས་ཆེན་པོ་དོན་ཆེན་པོ། །སྐྱབས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་ཆེན་གཟི་བརྗིད་ཆེན་པོ་པ། །གསུང་དབྱངས་ཆེན་པོ་འོད་པོ་ཆེ། །མཁྱེན་པ་ཆེན་པོ་མཐུ་སྟོབས་ཆེ། །དཔལ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བ། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚལ་བསྟོད། །སླར་ཡན་ལག་བདུན་གྱིས་ཚོགས་བསགས་པ་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་སོ་སོར་བཤགས། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང་། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་རྩོལ་ལོངས་སྐུར་རྟོགས་པར་བྱིན་གྱིས་རློབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །དེ་ནས་བླ་མའི་དཀྱིལ་འཁོར་དང་རང་གི་སེམས། གཉུག་མ་གཤིས་ཀྱི་གནས་ལུགས་གསུམ་པོ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ལྟ་བ་རང་བྱུང་རང་བབ་བཅོས་མེད་དུ་བསྐྱང་ལ། ༀ་ཨཱཿགུ་རུ་ཧཱ་ས་བཛྲ་ཧཱུྃ། ཞེས་ཅི་ནུས་བཟླ། གཞན་ཡང་གསོལ་འདེབས་ཀྱི་བཟླས་པ་བཀའ་བརྒྱུད་རིན་པོ་ཆེའི་གསུང་བྱིན་རླབས་དང་ལྡན་པ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཚིག་འགོ་འགྲེས་སྦྱར་ལ། བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ༴ བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ ཞེས་མ་ནམ་བཞི་སྐོར་ཅི་ནུས་བསགས་ལ་མོས་གུས་ཀྱི་རྩལ་བསྐྱེད། བདག་དང་སེམས་ཅན་ཐམས་ཅད་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས༴ ལམ་འཁྲུལ་པ་སེལ་བར་བྱིན་གྱིས༴ འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས༴ བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །འདུག་ས་འདི་ཉིད་དུ་དག་པར༴ ཐུན་འདི་ཉིད་དུ༴ བདག་གི་རྒྱུད་འདི་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྒྱུད་འདི་རྣམ་པར་གྲོལ་བར༴ ད་ལྟ་ཉིད་དུ་གྲོལ་བར༴ འདུག་ས་འདི༴ ཐུན་འདི་ཉིད༴ བདག་གི་རྒྱུད་ལ་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན༴ ད་ལྟ་ཉིད་དུ་སྐྱེ༴ འདུག་ས༴ ཐུན་འདི་ཉིད༴ ཡེ་ཤེས་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ༴ ད་ལྟ༴ འདུག་ས༴ ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གོང་དང་སྦྲེལ་ལ་ཚར་གྲངས་གང་ནུས་ཀྱིས་གསོལ་བ་གདབ། རྒྱས་པར་སྤྲོ་ན་འདིར་རྗེ་བཙུན་མི་ལའི་གསོལ་འདེབས་དམིགས་གསལ་རྒྱས་བསྡུས་གང་ཤེས་བྱ། སྙིང་པོ་ལྟ་བུ་རྗེ་བརྒྱད་པའི་གསུང་ནི། བྱང་ཕྱོགས་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །མི་ལ་མཆོག་ལ་གསོལ་བ་འདེབས། །བདེ་ཆེན་བརྗོད་མེད་རོ་ཡིས་མྱོས། །སྲིད་གསུམ་དག་པའི་ཕྱག་རྒྱས་བཅིངས། །བསྲེགས་བཞུའི་ལམ་ནས་ལྷན་ཅིག་སྐྱེས། །མི་ལ༴ རགས་སྣང་ཕྲ་ཐིག་ཟབ་མོ་བརྟེན། །ཕྲ་མྱོང་བདག་བྱིན་བརླབ་པར་མཛད། །གསང་བའི་དཀྱིལ་འཁོར་རིགས་ཀྱི་བདག །མི་ལ༴ འཛག་མེད་གཙོ་མོར་ས་བོན་བཀྲོལ། །སྲིད་དག་ལམ་དུ་སྙིང་རྗེས་ལེན། །ནུས་པ་དྲག་པོའི་སྐུར་བཞེངས་པ། །མི་ལ་མཆོག་ལ༴ བདག་ཀྱང་འཁོར་བ་མི་སྤོང་ཞིང་། །མྱང་འདས་ཞི་བར་མི་འཇུག་པར། །མཁའ་སྤྱོད་དབང་ཕྱུག་མི་ལ་ཡི། །མཆོག་གི་དངོས་གྲུབ་འགྲུབ་གྱུར་ཅིག །ཅེས་དང་། རྗེ་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །ཞེས་གདུང་ཤུགས་དྲག་པོས་ཕུར་ཚུགས་གསོལ་བ་ཅི་ནུས་གདབ། མཐར། རྗེ་སྐུ་ཚེ་གཅིག་ལ་སངས་རྒྱས་ནས། །མཚན་ཐོས་ཚད་འཁོར་བ་དོང་སྤྲུགས་པ། །རྣལ་འབྱོར་གྱི་དབང་ཕྱུག་རིན་པོ་ཆེ། །དཔལ་བཞད་པ་རྡོ་རྗེ་སྤྲུལ་པའི་སྐུ། །ཕ་རྗེ་བཙུན་རས་པ་ཆེན་པོ་ལ། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །ཡིད་ཐེ་ཚོམ་མེད་པའི་བློ་གཏད་ཞུ། །དུས་འདི་ཕྱི་ཀུན་ཏུ་ཐུགས་རྗེས་ཟུངས། །ཚེ་ལོང་མེད་མི་རྟག་སྐྱོ་ཤས་སྐྱེས། །བློ་དམ་པའི་ཆོས་སུ་འགྲོ་བ་དང་། །ལམ་དམན་དང་ལོག་པར་མི་གོལ་བར། །ཆོས་བྱས་ཚད་ལམ་དུ་འགྲོ་བ་དང་། །ལས་རྒྱུ་འབྲས་བླང་དོར་མི་འཆོལ་ཞིང་། །རྒྱུད་སྡོམ་པ་དམ་ཚིག་རྣམ་པར་དག །ཚོགས་ཟག་བཅས་ཟག་མེད་ཡོངས་སུ་རྫོགས། །ཕྱི་ཆོས་བརྒྱད་ཉོན་མོངས་འཆིང་ལས་གྲོལ། །ནང་ཞུ་བདེའི་ལམ་གསང་མཐའ་རུ་ཕྱིན། །དོན་རང་རིག་གཉུག་མ་ཕྱག་རྒྱ་ཆེ། །གཤིས་སྐུ་གསུམ་རྩལ་སྣང་ཆོས་ཉིད་རྒྱན། །རྗེ་རས་པ་ཆེན་པོའི་གསང་གསུམ་དང་། །དབྱེར་མི་ཕྱེད་རང་རིག་སྙིང་དབུས་སད། །དུས་སྐད་ཅིག་མངོན་པར་སངས་རྒྱས་ཏེ། །མ་མཁའ་ཁྱབ་འགྲོ་བ་འདྲེན་ནུས་པའི། །མཆོག་ཐུན་མོང་དངོས་གྲུབ་མ་ལུས་པ། །སྟན་འདི་རུ་ཐོབ་པར་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ་གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ། སྐབས་འདིར་སྤྲོ་ན་ཚོགས་ཀྱི་ཡོ་བྱད་གང་འབྱོར་བསང་སྦྱང་། མ་དག་དྲི་སྦྱངས་ཡེ་ཤེས་བྷནྡྷའི་ནང་། །ཚོགས་རྫས་དམ་ཡེ་དབྱེར་མེད་བདུད་རྩིའི་མཚོ། །འདོད་ཡོན་རྣམ་པར་དཔག་མེད་འཆར་བ་ཡིས། །བླ་མེད་བླ་མའི་དཀྱིལ་འཁོར་མཉེས་བྱེད་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། བྱིན་རླབས་འབེབས་པ་ནི། གནས་རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས། །ཡུལ་དངོས་འཛིན་བྲལ་བའི་ཞིང་ཁམས་ནས། །དོན་ཆོས་སྐུ་སྤྲོས་དང་བྲལ་བའི་གདངས། །རྗེ་ཡེ་ཤེས་སྒྱུ་འཕྲུལ་རས་པ་ཆེ། །ཕ་བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །མ་གནས་གསུམ་ཌཱ་ཀི་ཆོས་སྐྱོང་བཅས། །གནས་དམ་ཚིག་གཙང་མའི་ཚོགས་ཁང་འདིར། །བུ་མོས་གུས་གདུང་བས་སྤྱན་འདྲེན་ན། །སྐུ་གསལ་སྟོང་འཇའ་འོད་ལམ་སེ་ལམ། །གསུང་རྡོ་རྗེའི་མགུར་དབྱངས་ཀྱུ་རུ་རུ། །ཐུགས་བདེ་སྟོང་ཏིང་འཛིན་ཡ་ལ་ལ། །མཆོག་ཐུན་མོང་དངོས་གྲུབ་ཤ་ར་ར། །མཆོག་ཡེ་ཤེས་བྱིན་ཆེན་ཐིབས་སེ་ཐིབ། །ཚོགས་འཁོར་ལོའི་འདུ་བར་གཤེགས་སུ་གསོལ། །ཕྱི་གནས་ཁང་འོག་མིན་མཁའ་སྤྱོད་ཞིང་། །ནང་མཆེད་ལྕམ་དཔའ་བོ་རྣལ་འབྱོར་མ། །བཅུད་ཟག་མེད་ཡེ་ཤེས་བདུད་རྩི་ཆེ། །དོན་ལྷན་སྐྱེས་ཆོས་སྐུ་རྗེན་པ་རུ། །དུས་སྟན་ཐོག་འདི་རུ་བྱིན་གྱིས་རློབས། །ཚོགས་རྫས་རྣམས་ཆ་གསུམ་དུ་བགོས་པའི་ཕུད་བླ་མའི་མཎྜལ་གྱི་དྲུང་དུ་ཕུལ་ལ། ཧོ། ཚོགས་མཆོད་ཟག་མེད་བདུད་རྩིའི་མཚོ། །ཡེ་ཤེས་རོལ་པའི་མཆོད་སྤྲིན་འདི། །སྐྱབས་གནས་ཀུན་འདུས་འགྲོ་བའི་མགོན། །མཁའ་འགྲོའི་དབང་ཕྱུག་རས་པ་ཆེ། །རྗེ་བཙུན་བཞད་པ་རྡོ་རྗེ་དང་། །ཡི་དམ་དཔའ་བོ་རྣལ་འབྱོར་མ། །ཆོས་སྲུང་བཀའ་སྡོད་བཅས་ལ་འབུལ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་བསྐང་། །ཚེ་གཅིག་མངོན་འཚང་རྒྱ་བར་མཛོད། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གནས་གསུམ་དཔའ་བོ་མཁའ་འགྲོ་བསྐང་། །ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས། །ཆོས་སྐྱོང་བཀའ་སྡོད་འཁོར་བཅས་བསྐང་། །བསྟན་ལ་གནོད་པའི་དགྲ་བགེགས་སྒྲོལ། །དམ་ཚིག་ཆགས་ཉམས་སོར་ཆུད་ནས། །སྐྱེ་མེད་ཆོས་སྐུ་མངོན་གྱུར་ཤོག །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་དམ་ཚིག་གི་རྫས་སུ་རོལ་ལ། ཧོ། རང་ལུས་གདན་གསུམ་ཚང་བའི་ལྷར། །ནང་གི་སྲེག་བླུགས་ཕུལ་བ་ཡིས། །མྱུར་དུ་རྡོ་རྗེའི་ལམ་བགྲོད་ནས། །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ཅིག །ལྷག་མ་རྣམས། ༀ་ཨཱཿཧཱུྃ། གིས་བྱིན་བརླབས་ནས། ཚོགས་ལྷག་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འདི། །གནས་ཡུལ་དུར་ཁྲོད་འཇིག་རྟེན་ཁམས་ཉུལ་བའི། །བསྟན་སྲུང་རྣལ་འབྱོར་སྐྱོང་བའི་ཚོགས་ལ་འབུལ། །ཐ་ཚིག་མ་བསྙེལ་རྣལ་འབྱོར་གྲོགས་མཛོད་ཅིག །ཅེས་བསྔོའོ། །རྗེས་ཀྱི་བྱ་བ་ནི། རྗེ་བཙུན་རས་པ་རྩ་གསུམ་ལྷ་ཚོགས་ཀྱིས། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གསོལ་བ་བཏབ་པས་འཁོར་རྣམས་འོད་དུ་ཞུ། །གཙོ་བོའི་སྐུར་ཐིམ་དེ་ཡི་གནས་གསུམ་ནས། །བྱིན་རླབས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །བདག་གི་གནས་གསུམ་ལ་ཐིམ་སྒོ་གསུམ་གྱི། །སྒྲིབ་དག་བུམ་གསང་ཤེར་ཡེའི་དབང་མཆོག་ཐོབ། །སྐུ་གསུམ་མངོན་དུ་བྱེད་པའི་སྐལ་ཅན་བྱས། །མོས་གུས་ཤུགས་ཀྱིས་རྗེ་བཙུན་འོད་དུ་ཞུ། །སྤྱི་བོ་ནས་ཞུགས་རང་དང་དབྱེར་མེད་འདྲེས། །ལྷན་སྐྱེས་སྒྲིབ་དག་དོན་གྱི་དབང་བཞི་ཐོབ། །ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག །གསང་གསུམ་སྒོ་གསུམ་དབྱེར་མེད་རོ་གཅིག་གྱུར། །དོན་དམ་ཆོས་སྐུ་བློ་བྲལ་བདེ་བ་ཆེ། །ཡིད་ལ་མི་བྱེད་གཉུག་མ་ལྷན་ཅིག་སྐྱེས། །སྣང་སྲིད་ཕྱག་རྒྱ་ཆེན་པོ་ཨེ་མ་ཧོ། །ཞེས་མ་བཅོས་ཐ་མལ་གཉུག་མའི་ཤེས་པ་ཅི་གནས་སུ་བསྐྱང་ཞིང་། རྗེས་ཐོབ་ཏུ་སྣང་སྲིད་བླ་མ་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར། ཆོས་བརྒྱད་ལ་ཐོག་བརྫིས་བཏང་། འདིར་སྣང་གི་འཁྲི་བ་བཅད། དག་སྣང་དང་མོས་གུས་རྒྱུན་ཆད་མེད་པས་བསྒོམ་མེད་ཡེངས་མེད་ཀྱི་དྲན་ཤེས་ཆུ་བོའི་རྒྱུན་བཞིན་དུ་བརྟེན་ནས། གནས་ལུགས་ཕྱག་རྒྱ་ཆེན་པོའི་གཏན་སྲིད་ཚེ་གཅིག་ལ་ཟིན་པར་བྱའོ། །བསྔོ་སྨོན་ནི། དགེ་བ་འདི་དང་དུས་གསུམ་བསགས་པ་ཡི། །དགེ་ཀུན་སྲས་བཅས་རྒྱལ་བས་བསྔོས་པ་ལྟར། །མི་གནས་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །ཟུང་འཇུག་གོ་འཕང་ཚེ་འདིར་འཐོབ་པར་ཤོག །སྒྲུབ་ལ་བརྩོན་པ་མཐར་ཕྱིན་ཞིང་། །འཁྲུལ་པའི་ས་བོན་རྒྱུན་ཆད་ནས། །རྗེ་བཙུན་རས་པ་ཆེན་པོ་དང་། །རྣམ་ཐར་ཕྲིན་ལས་མཉམ་གྱུར་ཅིག །ཤིས་པ་བརྗོད་པ་ནི། བཀའ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ཆེན་འཁྲིགས། །ཡི་དམ་ལྷ་ཚོགས་དངོས་གྲུབ་ཆར་རྒྱུན་འབེབས། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་འབྲས་བུ་སྨིན། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །དཀྱིལ་འཁོར་ཀུན་གཙོ་བླ་མ་སྒྲུབ་པ་ནི། །རྒྱལ་བས་རྒྱུད་སྡེ་ཀུན་ནས་ཡང་ཡང་བསྔགས། །བླ་མ་གྲུབ་པའི་དབང་ཕྱུག་མི་ལ་རྗེ། །མཚན་ཙམ་ཐོས་ཀྱང་སྐྱེ་བ་བདུན་བརྒྱུད་དུ། །ངན་སོང་སྐྱེ་སྒོ་གཅོད་པར་ཞལ་གྱིས་བཞེས། །ད་ལྟ་ཟུང་འཇུག་ཆེན་པོའི་རྒྱལ་སར་བཞུགས། །འཁོར་འདས་བརྟན་གཡོ་མ་ལུས་བྱིན་གྱིས་བརླབ། །གསོལ་བ་བཏབ་ན་ཐུགས་རྗེས་ངེས་པར་གཟིགས། །བྱིན་རླབས་ཟིལ་ཆེན་དད་ལྡན་ཡོངས་ལ་འབེབས། །དེ་ཕྱིར་སྒྲུབ་བརྩོན་རྣལ་འབྱོར་དབང་ཕྱུག་མཆོག །སྣང་རྩེ་རི་ཁྲོད་ཞབས་ཀྱིས་རིང་མོ་ནས། །བསྐུལ་ངོར་རྗེ་བཙུན་རས་པའི་བཀའ་བརྒྱུད་པ། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཡིས། །དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་ཚལ། །ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ། །སྦྱར་འདིར་འབྲེལ་ཚད་འགྲོ་བ་མ་ལུས་པ། །རྗེ་བཙུན་རས་པ་ཆེན་པོས་རྗེས་འཛིན་ཤོག །དགེ་ལེགས་འཕེལ།། ༈ །།འདིའི་མ་དཔེ་རྒྱ་ཆེན་བཀའ་མཛོད་དཔལ་སྤུངས་པར་མ་པོད་༼ཀ༽ལ་བཞུགས་སོ། །སརྦ་མངྒ་ལཾ།།

སྒམ་པོ་པའི་བླ་སྒྲུབ།

མཁན་ཆེན་ཟླ་བ་བཟང་པོ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཀྱི་གསུང་རྗེ་སྒམ་པོ་པར་བསྟེན་པའི་བླ་མའི་རྣལ་འབྱོར་དང་། དེའི་ཁ་བསྐང་ལྷན་ཐབས་སུ་ཆགས་མེད་ལྔ་པའི་གསུང་ཚོགས་མཆོད་བྱིན་རླབས་སྤྲིན་ཕུང་བཅས་བཞུགས་སོ།།

ན་མོ་གུ་རུ་རཏྣ་ཡེ། འདིར་ཟབ་ལམ་ཕྱག་རྒྱ་ཆེན་པོའི་བོགས་འདོན་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས། སྤྲོས་བཅས་ཀྱི་མཆོད་ཚོགས་ཇི་ཙམ་འབྱོར་ཀྱང་ལེགས་ལ། མ་འབྱོར་ཀྱང་མོས་གུས་ཁོ་ནས་འཐུས་པ་ལགས། དེ་ལ་དང་པོ་སྟན་བདེ་བ་ལ་སྒོ་གསུམ་རྣལ་དུ་གནས་པས། བླ་མ་སྐུ་གསུམ་གྱི་བདག་ཉིད་སྐྱབས་ཡུལ་ཝལ་གྱིས་གསལ་བ་ལ། ན་མོ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །ཞེས་སྐྱབས་འགྲོ་དང་། ན་མོ། བླ་མ་སངས་རྒྱས་ཀུན་འདུས་ཀྱི། །རྗེས་སུ་བདག་འཇུག་གཞན་དག་ཀྱང་། །མོས་གུས་བླ་མའི་རྣལ་འབྱོར་ལ། །བསྟེན་ཏེ་སངས་རྒྱས་སར་འགོད་བྱ། །ཞེས་སེམས་བསྐྱེད་དེ་སྐྱབས་རྒྱུད་ལ་འདྲེས་ངེས་བྱ། ༀ་ཤཱུནྱ་ཏཱས་སྣོད་བཅུད་ཀྱི་དངོས་འཛིན་སྦྱངས་ནས། སྟོང་པ་ཉིད་དུ་གྱུར་བར་མོས། སྟོང་ལས་མདུན་མཁར་རིན་ཆེན་ཁྲིར། །པད་ཉི་ཟླ་བའི་གདན་སྟེང་དུ། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །དྭགས་པོ་ཟླ་འོད་གཞོན་ནུ་ནི། །སྐུ་མདོག་དཀར་དམར་འཛུམ་མདངས་ཅན། །བདེ་སྟོང་ཏིང་འཛིན་རང་འོད་འབར། །རབ་བྱུང་ཆ་ལུགས་སྒོམ་ཞྭ་མཛེས། །མཉམ་གཞག་ཡིད་བཞིན་ནོར་བུ་འཛིན། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡིས། །མཆོད་པ་མཆོག་གིས་མཆོད་ཅིང་བསྐོར། །ཐུགས་ཀར་པད་ཉི་ཟླ་གདན་ལ། །བྲམ་ཟེ་ཆེན་པོ་ས་ར་ཧ། །སྔོ་སྐྱ་རལ་པའི་ཅོད་པན་ཅན། །རྣལ་འབྱོར་སྤྱོད་པའི་ཆ་ལུགས་མཛེས། །ཐབས་ཤེས་བདེ་སྟོང་མདའ་གཞུ་སྦྱོར། །དེ་ཡི་ཐུགས་ཀར་པད་ཟླའི་སྟེང་། །རིགས་དྲུག་ཁྱབ་བདག་རྡོ་རྗེ་འཆང་། །སྐུ་མདོག་སྔོན་པོ་ནམ་མཁའ་ལྟར། །དྭངས་གསལ་ཕྱག་གཉིས་སྣང་སྟོང་ཟུང་། །གཉིས་མེད་རྡོ་དྲིལ་བསྣོལ་ཐབས་འཛིན། །སྟེང་འོག་ཕྱོགས་མཚམས་ཐམས་ཅན་ཀུན། །རྩ་གསུམ་སྲུང་མས་གཏམས་པར་གྱུར། །དེ་ལྟར་གསལ་བ་མོས་གུས་ཀྱིས་རྒྱུད་བསྐུལ་བས། བླ་མའི་སྤྱི་མགྲིན་སྙིང་ག་ཡི། །འབྲུ་གསུམ་འོད་ཀྱི་ཕོ་ཉ་ཡིས། །དག་པ་མཁའ་སྤྱོད་འོག་མིན་དང་། །གར་བཞུགས་ཞིང་ཁམས་རབ་འབྱམས་ནས། །བསྐྱེད་བཞིན་སྤྱན་དྲངས་གཉིས་མེད་གྱུར། །རྒྱལ་ཀུན་སྤྱི་གཟུགས་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་བགྱིའོ། །ཕྱི་ནང་གསང་བ་དེ་བཞིན་ཉིད། །མཆོད་པ་དུ་མས་ཡང་དག་མཆོད། །བདག་རྒྱུད་མ་རིག་ཉེས་པའི་ཚོགས། །གང་མཆིས་རྨི་ལམ་ལྟ་བུར་བཤགས། །བདེ་གཤེགས་སྙིང་པོའི་ཡོན་ཏན་དང་། །བླ་མའི་རྣམ་ཐར་རྗེས་ཡི་རང་། །འཁོར་འདས་ལམ་གསུམ་འཕགས་སྐྱེའི་ཚོགས། །གང་འདུལ་འགྲོ་དོན་མཛད་པར་བསྐུལ། །དོན་དམ་རྟག་པའི་རྡོ་རྗེ་རུ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །སྦྱིན་སོགས་དགེ་བ་གང་མཆིས་ཀུན། །འགྲོ་རྣམས་སངས་རྒྱས་འགྲུབ་ཕྱིར་བསྔོ། །ཞེས་ཡན་ལག་བདུན་པ་ཚར་ཁ་ཤས་དང་། རིན་ཆེན་སེམས་གཟུང་སོགས་མཆོད་ཚིག་གཞན་ཡང་ཚིག་དོན་ཡ་མ་བྲལ་བར་ཇི་ཙམ་འོས་པ་ཉིད་སྤྲོ་ན་བྱའོ། །འབྲུ་གསུམ་རྡོར་བཟླས་ཅུང་ཟད་དང་། བསྐྱེད་རྫོགས་དབྱེར་མེད་ངང་ནས་བླ་མ་གསུམ་སོ་སོ་ལ་དམིགས་ཏེ། ༀ་ཨཱཿམ་ཧཱ་གུ་རུ་བཛྲ་དྷ་ར་ཧཱུྃ། བརྒྱ་སྟོང་ཁྲི་འབུམ་ཅི་རིགས་བཟླས། མཐར་མོས་གུས་དྲག་པོའི་སྒོ་ནས་ཨོ་རྒྱན་ལས་འཕྲོ་གླིང་པས་མཛད་པའི་གསོལ་འདེབས་འདི་ལྟར་འདོན་པས་བྱིན་རླབས་མྱུར་དུ་འཇུག་པའི་དགོས་པ་ཡོད་པས་དབྱངས་སྙན་པོའམ་འོ་དོད་དུ་འབོད་པ་ལྟ་བུས། ན་མོ་གུ་རུ་བཛྲ་དྷ་ར་ཛམྦུ་དཱི་པ་ཀིརྟི་ཡེ། དུས་གསུམ་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པ། །མཚན་ཙམ་ཐོས་ཀྱང་སྲིད་པའི་ཚ་གདུང་ཞི། །དྲན་མཆོག་རྒྱལ་པོ་མཉམ་མེད་སྒམ་པོ་པ། །བྱིན་རླབས་མཚུངས་མེད་དགེ་སློང་འཚོ་བྱེད་ཅེས། །འཛམ་གླིང་གྲགས་པ་དེ་ཉིད་དྲན་པ་ལ། །གང་ནས་བསམ་ཡང་དྭགས་པོ་ལྷ་རྗེ་དྲན། །ཇི་ལྟར་བྱས་ཀྱང་ཟླ་འོད་གཞོན་ནུ་དྲན། །བཀའ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་དེ་རིང་དྲན། །ཐུགས་རྗེས་ཟུང་ཞིག་བསོད་ནམས་རིན་ཆེན་ཞབས། །བྱིན་གྱིས་རློབས་ཤིག་དྭགས་པོ་རིན་པོ་ཆེ། །ད་དུས་ངན་པ་སྙིགས་མའི་སེམས་ཅན་རྣམས། །སྤྲུལ་པས་སྐྱོངས་ཤིག་སྙི་སྒོམ་ཆོས་ཀྱི་རྗེ། །མགོན་ཁྱེད་ཅི་འདྲ་དེ་འདྲའི་གོ་འཕང་ཐོབ། །ཁྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག །ཅེས་དང་། ཀྱེ་ཧོ། དཔལ་ལྡན་བླ་མ་རིན་པོ་ཆེ། །རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག །ཁྱེད་ལས་རེ་ས་གཞན་མེད་པས། །བཅོས་མིན་གསོལ་བ་སྙིང་ནས་འདེབས། །སྐྱིད་རུང་སྡུག་རུང་ཁྱེད་རང་མཁྱེན། །ཐུགས་རྗེས་ཟུང་ཞིག་བཀའ་དྲིན་ཅན། །ལམ་སྣ་དྲོངས་ཤིག་འགྲོ་བའི་མགོན། །བྱིན་གྱིས་རློབས་ཤིག་བླ་མ་རྗེ། །དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ། །བར་ཆད་སོལ་ཞིག་མཁའ་འགྲོའི་ཚོགས། །ལས་ཀུན་སྒྲུབས་ཤིག་ཆོས་སྐྱོང་རྣམས། །སྐྱབས་ཀུན་འདུས་པ་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་རྒྱུ་སྨིན་པར་མཛད་དུ་གསོལ། །བདག་རྒྱུད་གྲོལ་བར་མཛད་དུ་གསོལ། །ཚེ་གཅིག་སངས་རྒྱས་འགྲུབ་པ་དང་། བླ་མ་ཁྱེད་དང་འབྲལ་མེད་ཤོག །ཅེས་པ་གྲངས་ལ་ངེས་པ་མེད་པར་བཅོས་མིན་གྱི་མོས་གུས་རྒྱུད་ལ་མ་སྐྱེས་བར་མིག་མཆི་མ་འཁྲུགས་བཞིན་དུ་གསོལ་བ་གདབ་བོ། །དེ་ལྟ་བུའི་མོས་གུས་གསོལ་གདབ་ལ་བླ་མའི་ཐུགས་ཤིན་ཏུ་དགྱེས་པའི་ཚུལ་གྱིས་རང་ལ་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བར་བསམ་ལ། བླ་མ་རྡོ་རྗེ་འཛིན་པ་ཡི། །དཔྲལ་མགྲིན་སྙིང་ལྟེ་གསང་བ་ནས། །འོད་འཕྲོས་རང་གི་གནས་ལྔར་ཐིམ། །སྒྲིབ་དག་དབང་བཞི་ཐོབ་པ་ལས། །སྐུ་ལྔ་ཡེ་ཤེས་འགྲུབ་པར་གྱུར། །ཞེས་སྤྱི་ཙམ་དང་ཁྱད་པར། བྲམ་ཟེ་ཆེན་པོས་ཐབས་ཤེས་ཀྱི། །བརྡས་མཚོན་མདའ་གཞུ་བཀང་བ་ལས། །མདིལ་རྩེ་འོད་ལྔའི་ཐུར་མ་ཡིས། །རེག་ཙམ་སྙིང་རྩ་སྤར་གྱིས་ཕྱེས། །གཉིས་འཛིན་འགོང་པོ་རྡུལ་དུ་བརླག །མ་རིག་སྦུབས་ནས་བཏོན་པར་བསམ། །དག་པ་འོད་ལྔའི་རྩ་སྒོ་རུ། །རྡོ་རྗེ་འཆང་གི་ཐུགས་ཀ་ནས། །ཡེ་ཤེས་ལྔ་ལྡན་ཐིག་ལེ་བཞིན། །བྱིན་རླབས་འཕོ་བའི་ཚུལ་དུ་བྱོན། །རང་གི་སེམས་དང་དབྱེར་མེད་འདྲེས། །མཆོག་དངོས་འགྲུབ་པའི་གཞིར་གྱུར་ཏེ། །སླར་ཡང་བྱང་ཆུབ་སྙིང་པོའི་བར། །ཡེངས་མེད་རིག་པའི་རྟེན་དུ་བཟུང་། །བསྙེན་སྒྲུབ་རྣམ་བཞིའི་སྲོག་ཆེན་པོ། །འོད་གསལ་ཕྱག་རྒྱ་ཆེན་པོའོ། །མཐར་ནི་མདུན་གྱི་ལྷ་ཚོགས་ཀུན། །འོད་ཞུ་རང་ལ་ཐིམ་པ་ལས། །ལུས་ལྷ་ངག་སྔགས་སེམས་ཏིང་འཛིན། །རྡོ་རྗེ་གསུམ་གྱི་རང་བཞིན་གྱུར། །དེ་ལྟར་བླ་མ་སྒྲུབ་པའི་དགེས། །འགྲོ་རྣམས་སྲིད་མཚོ་ལས་བསྒྲལ་ཏེ། །ཐམས་ཅད་བྱང་ཆུབ་མཆོག་གིས་སར། །རྡོ་རྗེ་འཆང་གི་སྐུ་འགྲུབ་ཤོག །ཅེས་བསྔོ་སྨོན་བྱའོ། །ཞེས་པའང་དད་ནོར་ལྡན་པ་འཕགས་རྒྱམ་ལགས་ཀྱིས་ཁོ་བོའི་བླ་མའི་རྣལ་འབྱོར་ཞིག་དགོས་ཞེས་གསུངས་ཀྱང་། བདག་ལྟ་བུ་དྲེད་པོ་དཀོར་སྲིད་ཅན་སྐྱོན་གྱི་གོང་བུར་གྱུར་པ་ལ་གསོལ་འདེབས་ཀྱི་ཡུལ་དུ་མ་གྱུར་ཀྱང་། བླ་མའི་རྣལ་འབྱོར་སྤྱི་དང་ཁྱད་པར་ཉམས་སུ་བླངས་བདེ་འདི་ལྟར་བྱས་ན་མཉམ་མེད་དྭགས་པོ་རིན་པོ་ཆེ་བྱིན་རླབས་ཀྱི་ཚན་ཆེ་བ་དང་། རང་ཅག་བཀའ་བརྒྱུད་པ་ལ་མོས་གུས་ཕྱག་ཆེན་བཀའ་བབས་ཡིན་པས་སེམས་ངོ་ལྟ་མཁན་རྣམས་ལ་ཅུང་ཟད་ཕན་ནམ་སྙམ། དྭགས་པོ་ཉིད་ཀྱི་ཞལ་བཞེས་དང་ཁོ་བོའི་རྣམ་རྟོག་ཏུ་ཤར་ནས་བྲིས་པ་ལགས་པས་དེ་ལྟར་ལགས། ཞེས་ཟླ་བཟང་སྤྲུལ་མིང་པས་བྲིས་པ་དགེ་ལེགས་འཕེལ། ༈ །ཚོགས་མཆོད་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་རཏྣ་ཡེ། འདིར་ཟབ་ལམ་ཕྱག་རྒྱ་ཆེན་པོའི་བོགས་འདོན་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས་སྤྲོས་བཅས་ཀྱི་ཚོགས་མཆོད་ཅི་འབྱོར་ཙམ་ལེགས་པར་ག་ཎ་ཙཀྲ་ཚོགས་ཀྱི་ཡོ་བྱད་རྣམས་གཙང་ཞིང་དག་པར་བཤམས། ཐོག་མར་བླ་མའི་རྣལ་འབྱོར་གྱི་དབུ་ནས་འབྲལ་མེད་ཤོག །ཅེས་པའི་བར་བཏང་ལ་དངོས་གཞི་ཚོགས་རྫས་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿཧཱུྃ། ངོ་བོ་ཀ་དག་གསལ་མདངས་ལས། །རིག་རྩལ་སྣང་སྟོང་སེམས་ཉིད་འདི། །རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མར། །གསལ་སྟོང་འཇའ་ཚོན་ལྟ་བུར་གསལ། །མདུན་དུ་རང་བྱུང་ཐོད་སྒྱེད་སྟེང་། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ཐབས་ཤེས་ཉི་ཟླའི་སྣོད་ཡངས་པར། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ། །ས་བོན་བཅུ་ཡིས་མཚན་པར་གྱུར། །རང་གི་ཐུགས་ལས་འོད་ཟེར་འཕྲོས། །རླུང་གཡོས་མེ་སྦར་ཐོད་པ་དྲོས། །དམ་ཚིག་རྫས་རྣམས་ཞུ་ཞིང་ཁོལ། །རླངས་པ་ཕྱོགས་བཅུར་རབ་འཕྲོས་པས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དགྱེས་བསྐྱེད་ནུས་ལྡན་ཚོགས་ཀྱི་རྫས། །འདོད་ཡོན་ལྷ་མོའི་ནམ་མཁའ་གང་། །ཀུན་བཟང་མཆོད་པའི་སྤྲིན་ལྟར་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད་ན་ལེགས་པར་མངོན། དེ་ནས་སྤྱན་འདྲེན་ནི། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཔལ་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན། །རྒྱལ་བ་རྡོ་རྗེ་འཆང་ཆེན་གནས་འདིར་བྱོན། །གནས་འཕགས་ཡུལ་སྒྲུབ་གནས་གར་བཞུགས་ནས། །དཔལ་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་ཆེ། །གྲུབ་ཆེན་ས་ར་ཧ་པ་གནས་འདིར་བྱོན། །གནས་དྭགས་ལྷ་དཔལ་གྱི་སྒམ་པོ་ནས། །རྗེ་རྒྱལ་བས་ལུང་བསྟན་འཛམ་གླིང་གྲགས། །དྭགས་པོ་བསོད་ནམས་རིན་ཆེན་གནས་འདིར་བྱོན། །གནས་གར་བཞུགས་ཞིང་ཁམས་རབ་འབྱམས་ནས། །ཆོས་མདོ་སྔགས་སྨིན་གྲོལ་གདམས་པའི་མཛོད། །དྲིན་ཆེན་རྩ་བའི་བླ་མ་གནས་འདིར་བྱོན། །ཁྱོད་མི་མངོན་དབྱིངས་ནས་གཤེགས་པའི་ཚེ། །སྐུ་གཟི་བརྗིད་འོད་ཕུང་ཐིབས་སེ་ཐིབ། །གསུངས་ཚངས་དབྱངས་ཆོས་སྒྲ་འུ་རུ་རུ། །ཐུགས་བདེ་སྟོང་ཏིང་འཛིན་ཡ་ལ་ལ། །བྱིན་ཡ་མཚན་དངོས་གྲུབ་ཉི་ལི་ལི། །ཚོགས་མཆོད་རྫས་རྣམས་ལ་བཅུད་ཅིག་ཕོབ། །ངེད་འདིར་ཚོགས་བུ་ལ་དབང་བཞི་བསྐུར། །རྗེ་ཁྱེད་དང་དགོངས་པ་མཉམ་པ་གཅིག །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ཕེཾ་བཛྲ་ཨ་ར་ལི་ཧོ། ཚོགས་ཕུད་འབུལ་བ་ནི། ཧོ། རྨད་བྱུང་ཚོགས་ཀྱི་མཆོད་པ་འདི། །སྐུ་གསུམ་བླ་མའི་ལྷ་ཚོགས་ཀྱིས། །དགྱེས་པ་ཆེན་པོར་རབ་བཞེས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ག་ཎ་ཙཀྲ་པཱུ་ཛ་ཧོ། བསྐང་བཤགས་ནི། ཧོ། བདག་གཞན་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་དམ་ཚིག་ཆགས་ཉམས་སོགས། །འགལ་འཁྲུལ་ནོངས་པ་ཅི་མཆིས་ཀུན། །ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །བཛྲ་ས་མ་ཡ་ཤུདྡྷེ་ཨཱཿ སྤྲོ་ན་ཡིག་བརྒྱ་བརྗོད། སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ། ཞེས་ཚོགས་ལ་རོལ། ལྷག་མ་བསྔོ་བ་ནི། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཧཱུྃ། རིག་འཛིན་བླ་མའི་བཀའ་ཉན་པ། །ལྷག་ལ་དབང་བའི་བསྟན་སྲུང་ཚོགས། །ལྷག་མའི་གཏོར་མ་འདི་བཞེས་ལ། །བྱང་ཆུབ་སྒྲུབ་པའི་བར་ཆད་སོལ། །ཨུཙྪི་ཏྲ་བ་ལིངྟ་ཁཱ་ཧི། དེ་ནས་བླ་མའི་རྣལ་འབྱོར་གཞུང་གི་དབང་བཞི་ལེན་པའི་དམིགས་པ་ནས་བཟུང་དགེ་བསྔོའི་བར་བརྗོད་པས་འཐུས་སོ། །ཞེས་པ་འདིའང་༧སྐྱབས་མགོན་ཟླ་སྤྲུལ་གྱིས་མཛད་པའི་བླ་མའི་རྣལ་འབྱོར་གྱི་ཁ་བསྐང་ལྷན་ཐབས་སུ་ཤཱཀྱའི་བཙུན་པ་ཀརྨ་དཔལ་བཟང་གིས་བསྐུལ་ངོར་ཆགས་སྤྲུལ་ལྔ་པས་བྲིས་པ་དགེའོ།། །།

རྗེ་ཀརྨ་པཀྴི་ཞལ་གཟིགས་ཀྱི་གསོལ་འདེབས།

རྗེ་ཀརྨ་པཀྴི་ཞལ་གཟིགས་ཀྱི་གསོལ་འདེབས་བཞུགས་སོ།། ༀ་སིདྡྷི་མ་ཧཱ་ཀརྨ་ཀ་དྷརྨཱ་གུ་རུ་ཧཱུྃ་སྭཱ་ཧཱ། །སྐུ་གསུམ་བདག་ཉིད་སྲིད་གསུམ་ཡོངས་ཀྱི་སྐྱབས། །གདུག་པ་འདུལ་མཛད་འགྲོ་ལ་བུ་བཞིན་བརྩེ། །གསང་སྔགས་ཆོས་ཀྱིས་སྨིན་གྲོལ་ལམ་ལ་བཀོད། །པདྨ་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །ཏིང་འཛིན་གནས་ལུགས་རྟོགས་པས་བདུད་དཔུང་བཅོམ། །ཆོས་དོན་རྒྱ་མཚོ་ཇི་བཞིན་ཐུགས་སུ་ཆུད། །འབྲེལ་ཚད་དོན་ལྡན་འགྲོ་བའི་སྐྱབས་གཅིག་པུ། །གྲུབ་ཆེན་ཀརྨ་པཀྴིར་གསོལ་བ་འདེབས། །རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེའི་ངོ་བོ་ནི། །རྣམ་པ་བཞིན་མཛེས་རས་པའི་ཚུལ་འཛིན་ཅིང་། །ཟབ་མོའི་ཆོས་ཀྱི་གླུ་དབྱངས་ཕྱོགས་བཅུར་ལེན། །རྡོ་རྗེ་གྲགས་ཞེས་གང་དེར་གསོལ་བ་འདེབས། །སྐུ་མདོག་སྨུག་ནག་སྤྱན་གཉིས་འབྲུ་ཚུགས་གཟིགས། །གདོན་བགེགས་གདུག་ཅན་བཏུལ་ཏེ་བྱང་ཆེན་བཀོད། །སྙིགས་དུས་འདྲེན་མཆོག་མི་འགྱུར་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གར་གྱི་དབང་ཕྱུག་ཧེ་རུ་ཀ་སྐུ་མདོག །ཐུན་མཚམས་མདོག་མཚུངས་བདུད་བཞིའི་དཔུང་རྣམས་འདུལ། །རྔམ་བརྗིད་ཡོན་ཏན་མ་ལུས་རབ་རྫོགས་པ། །རྟ་མགྲིན་དབང་གི་རྒྱལ་པོར་གསོལ་བ་འདེབས། །ཆོས་ཀུན་ཡུམ་མཆོག་རཱ་གའི་མདངས་འཕྲོ་ཞིང་། །ཁམས་གསུམ་ཆོས་དབྱིངས་ཀུན་ཏུ་རྒྱས་གདབ་མ། །སྣང་སྟོང་དབྱེ་བ་མེད་པའི་བདེ་ཆེན་སྐུ། །རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས། །ཞི་བས་མི་འདུལ་ཐབས་མཁས་དྲག་པོ་ཡིས། །སྐུར་བཞེངས་མ་ཧཱ་ཀ་ལ་བེར་ནག་ཅན། །རང་བྱུང་རྒྱལ་མོ་རྡོ་རྗེ་ལེགས་པ་སོགས། །ཆོས་སྐྱོང་སྲུང་མའི་ཚོགས་ལ་བསྟོད་པར་བགྱི། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་གཞན་མཁའ་མཉམ་ཉེས་བྲལ་མཐུན་རྐྱེན་འཕེལ། །ཁྱད་པར་འཁོར་ཆོས་ཞེན་པ་གཏིང་ནས་ལོག །མི་རྟག་དྲན་ཞིང་འཁྲུལ་པ་རང་སར་དག །སྣང་སྟོང་ལྷ་སྐུ་གྲགས་སྟོང་བརྗོད་དུ་མེད། །རིག་སྟོང་གཞི་མེད་རྩ་བྲལ་དོན་རྟོགས་ཤིང་། །གང་ལའང་འཆིང་མེད་ཅིར་སྣང་ཆོས་སྐུར་འཆར། །གཏུམ་མོ་སྒྱུ་ལུས་རྨི་ལམ་འོད་གསལ་ཟིན། །བདེ་སྟོང་དབྱེར་མེད་ཚེ་གཅིག་འཇའ་ལུས་འགྲུབ། །འབྲེལ་ཚད་འགྲོ་བ་རྫོགས་སངས་རྒྱས་ཐོབ་ཤོག །ཅེས་སོ། །དེ་ཡང་འདིའི་ཟབ་ཆོས་སྙིང་པོ་ནི ། རིག་འཛིན་ཆེན་པོ་ནུས་ལྡན་མི་འགྱུར་རྡོ་རྗེ་དེ་ཉིད་ལ། རྗེ་ཀརྨ་པཀྵི་གཙོ་འཁོར་ཞལ་གཟིགས་ནས། ཐུན་མོང་མ་ཡིན་པའི་ཞལ་གདམས་གསུངས་ཞིང་། དེ་ནས་ལས་བྱང་སོགས་གསུངས་པས། དཀོན་མཆོག་ཀུན་འདུས་རྩ་གསུམ་ཀུན་འདུས་ཏེ། མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བ་ལ་བྱིན་རླབས་ཤིན་ཏུ་ཆེ་བ་ཁྱད་པར་དུ་འཕགས་པ་དང་། གསོལ་འདེབས་གཞུང་དུ་ཡོད་ཀྱང་། ཀརྨ་ཡིད་བཞིན་ནས་ད་དུང་གསོལ་འདེབས་ཞིག་དགོས་ཟེར་ནན་ཏན་ཆེ་སྟབས། ཀརྨ་ཀ་བདུད་ལས་རྣམ་རྒྱལ་གྱིས་ས་སྤྲེལ་ཟླ་བ་ལྔ་པའི་ཚེས་བཅུ་ལ་བྲིས་པ་དགེ །སརྦ་མངྒ་ལཾ།། །།

པཀྴི་བླ་སྒྲུབ།

རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་བཞུགས་སོ༔

གུ་རུ་བུདྡྷ་དྷརྨ་ཀཱ་ཡ་ན་མོ༔ བླ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ དེ་ཡང་ཉམས་ལེན་བླ་མ་སྒྲུབ་པའི་ཚུལ༔ རིག་འཛིན་མི་འགྱུར་རྡོ་རྗེའི་མིང་ཅན་དེས༔ རང་ལོ་ཉེར་ལྔ་ལོན་པའི་སྦྲུལ་ལོ་ལ༔ མགོན་པོ་རྡོ་རྗེ་བེར་ཅན་སྒྲུབ་པའི་ཚེ༔ ཐོ་རང་རྣལ་ལམ་མ་ཡིན་དངོས་ཉམས་སུ༔ མིག་ལམ་འོད་དམར་ཁྱུག་ཁྱུག་ཁྱིམ་ཀུན་ཁེངས༔ གཟའ་ནད་ནའམ་ཆོ་འཕྲུལ་ཡིན་ནམ་བསམ༔ ཅུང་ཟད་དྲན་མེད་ཉིད་དུ་བརྒྱལ་ནས་སོང་༔ དེ་ཚེ་རང་མདུན་ནམ་མཁའི་ཀློང་ལས་ནི༔ འཁྲུལ་སྣང་མངོན་སྣང་བླ་མའི་དཀྱིལ་འཁོར་མཐོང་༔ དེ་ཡི་འཁོར་གྱི་བུད་མེད་གཅིག་གིས་ནི༔ བདག་ལ་ལྟ་ཞིང་མཛུབ་མོ་ལྷ་ལ་བཙུགས༔ གཙོ་བོའི་ཞལ་ནས་བདག་ལ་འདི་སྐད་གསུངས༔ ས་མ་ཡ༔ ཀྱེ་ཧོ༔ རང་རིག་ཡེ་ཤེས་བརྗོད་མེད་ནི༔ ཞེན་པའི་ཡུལ་ལྗོངས་སྣང་བའི་རང་མདངས་ལས༔ འཁྲུལ་པའི་གཞི་འབྱུང་རིག་རྩལ་དེ་རྗེས་འབྲང་༔ ཨ་འཐས་བདེན་འཛིན་བག་ཆགས་ལུ་གུ་རྒྱུད༔ སྣ་ཚོགས་སྣང་བའི་ཆོ་འཕྲུལ་ཅི་ཡང་འཆར༔ གང་ཤར་བདེ་སྡུག་བདེན་མེད་སྣང་བའི་ཡུལ༔ དེ་ལ་གཅེར་ལྟོས་རང་རིག་གཅེར་བུར་ཞོག༔ སྣང་བ་བརྡ་ཡི་བླ་མ་སྣང་བའི་ཡུལ༔ གང་ཤར་ཞེན་མེད་རང་གྲོལ་ཨེ་མ་ཧོ༔ དེ་ནི་གཞི་ཡི་སེམས་ཉིད་ལྟ་ཚུལ་ཡིན༔ སྣང་བ་བརྡ་ཡི་བླ་མ་དེ་ཡིན་ནོ༔ དེ་ནི་སེམས་ཀྱི་གནས་ལུགས་སྒོམ་ཚུལ་ཡིན༔ དེ་ནས་ལམ་ཀྱི་སྤྱོད་ཡུལ་སྦྱོང་ཚུལ་ནི༔ ཀྱེ་ཧོ༔ མ་འགགས་སྣ་ཚོགས་ཆར་བའི་ཚེ༔ འཁྲུལ་ལས་ཡིད་འཕྲེང་གཉིས་འཛིན་རེ་དོགས་ནི༔ གང་ཤར་དུག་ལྔའི་རང་ཞལ་འདི་ལྟར་ལྟོས༔ ཉོན་མོངས་རྒྱུ་ལས་བྱུང་བའི་འཁྲུལ་ཆ་འདི༔ དུག་གསུམ་འདོད་ཆགས་བདེ་བར་ཞེན་པའི་ཡིད༔ ཟས་ནོར་ལོངས་སྤྱོད་མངའ་ཐང་ཟླ་གྲོགས་ལ༔ ཨ་འཐས་རེ་དོགས་མེད་པའི་བྱ་བྲལ་གྱིས༔ བློ་འདས་ཀློང་ཡངས་ཆེན་པོའི་ཀློང་དུ་ཞོག༔ གང་ཤར་མ་ཞེན་གང་ཤར་རང་གྲོལ་ངང་༔ དེ་ལ་མ་ཡེངས་དྲན་རིགས་གཅེར་མཐོང་ལམ༔ དེ་ནི་ལམ་གྱི་སེམས་སྦྱོང་ཚུལ་ཡིན་ནོ༔ ས་མ་ཡ༔ ཀྱེ་ཧོཿ རང་རིག་རང་བྱུང་འཕྲོ་འདུ་ལས༔ གང་ཤར་མ་ཞེན་ཞེན་འཛིན་སྤྲོས་པ་བྲལ༔ སྤྲོས་བྲལ་དེ་ཡི་ངང་ལས་ཉམས་སྣང་སྦྱངས༔ སྣང་བའི་ཡུལ་སྟོང་སྟོང་ཉིད་ནམ་མཁའི་ཀློང༔ དེ་དབུས་བློ་འདས་བརྗོད་མེད་ཡེ་ཤེས་བཞུགས༔ དེ་ཡང་ཡེངས་མེད་འཁྲུལ་མེད་གཅེར་མཐོང་བཞུགས༔ དེ་ལ་དངོས་པོ་མ་མཆིས་སྣ་ཚོགས་འཕྲོ༔ འཕྲོ་འདུའི་བྱེད་ལས་རིག་རྩལ་རྒྱུ་ཡི་ལམ༔ བྱེད་ལས་གང་ཤར་བདེན་མེད་ཤར་གྲོལ་ལམ༔ འདི་དོན་རྟོགས་ན་ཚེ་གཅིག་སངས་རྒྱས་འགྱུར༔ ས་མ་ཡ༔ ཅེས་གསུངས༔ དེ་ནི་ཞལ་གདམས་སླད་མེད་པའོ༔ ས་མ་ཡ༔ དེ་ལ་རྟེན་ནས་རང་འདོད་དུ་བརྩམས་པ༔ དེ་ཡི་ལས་བྱང་བསྟན་པ་ནི༔ དཀྱིལ་འཁོར་པདྨ་འདབ་བརྒྱད་སྟེང་དུ་བླ་མའི་གཏོར་མ་དང་༔ དེའི་མདུན་རྒྱབ་ཏུ་གཏོར་མ་ཟུར་གསུམ་བདུན་གྱིས་བསྐོར༔ སྨན་གཏོར་རཀྟ་མཆོད་རྫས་སྣ་ཚོགས་བཤམས་ཏེ༔ ཡིད་གཉིས་ཐེ་ཚོམ་དང་བྲལ་བས༔ བཅོས་མིན་གྱི་མོས་གུས་དང་ལྡན་པས་བསྒྲུབ་ན་དངོས་སུ་ཞལ་མཐོང་བར་ཐེ་ཚོམ་མེད་དོ༔ དངོས་གཞི་ལས་བྱང་ནི༔ སྐྱབས་འགྲོ་སེམས་བསྐྱེད༔ བདག་མདུན་བསྐྱེད་རིམ༔ སྤྱན་འདྲེན༔ ཕྱག་འཚལ༔ བཞུགས་གསོལ༔ ཕྱི་ནང་གསང་བའི་མཆོད་པ༔ བསྐང་བཤགས༔ བསྟོད་པ༔ གསོལ་གདབ༔ དབང་བླང་སོགས༔ ས་བཅད་བཅུ་པོ་འདི་ལ་མ་བཅོས༔ མ་བསྲེ༔ མ་བསླད་པར་ཉམས་སུ་ལེན་པ་གལ་ཆེ༔ ས་མ་ཡ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ མ་གྱུར་འགྲོ་དྲུག་སེམས་ཅན་རྣམས༔ ངན་སོང་སྡུག་བསྔལ་ཞི་གྱུར་ཅིག༔ བདེ་ལྡན་སངས་རྒྱས་ཐོབ་པར་ཤོག༔ རྟོག་ཚོགས་གཉིས་འཛིན་རང་སར་ཞི༔ རང་གསལ་གཅེར་མཐོང་འགྲུབ་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ནམ་འཁའ་ཡངས་པའི་དཀྱིལ་འཁོར་དུ༔ ཆོས་འབྱུང་དམར་པོ་བསྣོལ་བའི་དབུས༔ པདྨ་འདབ་བརྒྱད་ཁ་བྱེའི་སྟེང་༔ ཆོས་སྐུའི་རང་སྒྲ་ཧཱུྃ་ཡིག་ལས༔ གྲུབ་ཆེན་ཀརྨ་པཀྴི་པ༔ དམར་སྨུག་གཏུམ་རྔམ་འབར་བའི་སྐུ༔ སྤྱན་རྩ་དམར་ཞིང་ལྟ་སྟངས་འདྲིལ༔ ཨག་ཚོམ་ཟུར་གསུམ་ནག་སྣུམ་དཀྱུས༔ ཞྭ་ནག་གསེར་མདངས་དབུ་ལ་གསོལ༔ ཆོས་གོས་རྣམ་གསུམ་སྐུ་ལ་བཀླུབས༔ རྡོ་རྗེ་ཕུར་བུ་ཕྱག་ན་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་ལྷམ་མེར་བརྗིད༔ པདྨ་ཉི་ཟླའི་ཁྲི་སྟེང་གསལ༔ སྤྱི་བོར་པདྨ་འབྱུང་གནས་ནི༔ སྐུ་མདོག་དཀར་ལ་དམར་མདངས་ལྡན༔ པད་ཞྭ་ཕོད་ཀ་ཆོས་གོས་གསོལ༔ རྡོ་རྗེ་ཐོད་པ་ཁ་ཊྭཱྃ་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུགས༔ གཡས་སུ་ཧ་ཡ་གྲཱི་ཝ་དམར༔ ཞལ་མདངས་མཆེ་གཙིགས་སྤྱན་གསུམ་དམར༔ སྤྱི་བོར་རྟ་མགོ་ལྗང་ཞུར་འཚེར༔ གཏུམ་རྔམ་ཁྲོ་བོའི་དབང་རྟགས་རྫོགས༔ ཐོད་དབྱུག་མེ་ཞགས་ཕྱག་ན་བསྣམས༔ ཞབས་གཉིས་འདོར་སྟབས་རུ་དྲ་བརྫིས༔ གཡོན་དུ་རྡོ་རྗེ་ཕག་མོ་དམར༔ དྲག་གཏུམ་ཁྲོས་རྔམ་ཁྲོ་ཆས་རྫོགས༔ སྤྱི་བོར་ཕག་ཞལ་ངུར་སྒྲ་ལྡིར༔ གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ ཁ་ཊྭཱྃ་མཆན་བཅུག་གར་སྟབས་འགྱིངས༔ བམ་རོ་པདྨ་ཉི་ཟླར་གནས༔ རྒྱབ་ཏུ་རས་ཆུང་རྡོ་རྗེ་གྲགས༔ རས་ཞྭ་དཀར་པོ་རྭ་གཟུགས་མནབས༔ ཡིད་འོང་མཛེས་སྡུག་རས་གཟན་གསོལ༔ གཟུགས་མཛེས་ཡིད་འོང་ལྟ་ན་སྡུག༔ རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས༔ རྣལ་འབྱོར་སྤྱོད་པའི་ཆ་ལུགས་ཅན༔ རྡོར་སྐྱིལ་པདྨ་ཉི་ཟླར་གནས༔ མདུན་དུ་རྡོ་རྗེ་བེར་ནག་ཅན༔ མཐིང་ནག་ཁྲོས་རྔམ་སྲིན་པོའི་གཟུགས༔ ཞལ་བསྒྲད་མཆེ་གཙིགས་སྤྱན་གསུམ་གཡོ༔ དུར་ཁྲོད་ཆས་བརྒྱད་ཁྲོ་ཆས་རྫོགས༔ དར་ནག་འཇོལ་བེར་སྐུ་ལ་གསོལ༔ ཟངས་གྲི་ཐོད་ཁྲག་ཕྱག་ན་བསྣམས༔ ཞབས་གཉིས་འདོར་སྟབས་ལོག་འདྲེན་མནན༔ རང་བྱུང་རྒྱལ་མོ་དྲེའུ་ཞོན༔ མཐིང་ནག་ཁྲོ་གཏུམ་འོད་དུ་འབར༔ ཁ་ཊྭཱྃ་ཕུར་བུ་མེ་ལོང་སྦྲུལ༔ ཕྱག་བཞིར་བསྣམས་ཤིང་ཞབས་བཙན་སྐྱིལ༔ རྡོ་རྗེ་ལེགས་པ་ར་སྐྱེས་ཆིབས༔ དམར་ནག་ཐོ་བ་སྦུད་པ་འཛིན༔ དྲག་གཏུམ་སྐུ་ལ་དར་གོས་གསོལ༔ དེ་ལྟར་སྣང་སྟོང་འོད་འབར་གསལ༔ བདག་མདུན་བླ་མའི་དཀྱིལ་འཁོར་ལས༔ འོད་ཟེར་ཕྱོགས་བཅུར་རབ་འཕྲོས་པས༔ སྣང་སྲིད་བླ་མ་ཕྱག་རྒྱ་ཆེ༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ༀ་ཨཱཿཧཱུྃ༔ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧཱུྃ་བྷྱོ་ཏྲི་བཛྲ་ས་མ་ཡ་ཛཿཧཱུྃ་བྃ་ཧོ༔ ཧཱུྃ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རིགས་བདག་པདྨ་འབྱུང་གནས་མཆོག༔ རིག་འཛིན་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྣང་སྲིད་ཆོས་དབྱིངས་དཀྱིལ་འཁོར་ནས༔ གྲུབ་ཆེན་ཀརྨ་པཀྴི་རྗེ༔ བཀའ་བརྒྱུད་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེས་སུ་གསོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ རས་ཆུང་རྡོ་རྗེ་གྲགས་པ་ནི༔ གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཟླ་གམ་དབང་དྲག་གཞལ་ཡས་ནས༔ ཧ་ཡ་གྲཱི་ཝ་རྟ་མཆོག་དཔལ༔ དཔའ་བོ་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོ་རྒྱན་མཁའ་སྤྱོད་ཞིང་ཁམས་ནས༔ རྡོ་རྗེ་ཕག་མོ་རྒྱལ་ཀུན་ཡུམ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་བྱང་ཕྱོགས་དུར་ཁྲོད་མཆོག༔ དྲག་པོ་ཐུགས་ཀྱི་དཀྱིལ་འཁོར་ནས༔ མ་ཧཱ་ཀཱ་ལ་རྡོ་རྗེ་བེར༔ ཆོས་སྐྱོང་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མུ་ལེ་མ ཐིང་གུར་གཞལ་ཡས་ནས༔ ལྷ་མོ་རང་བྱུང་རྒྱལ་མོ་ནི༔ མ་མོ་བྱེ་བའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འཛམ་གླིང་དག་པའི་ཡུལ་ལྗོངས་ནས༔ དམ་ཅན་རྡོ་རྗེ་ལེགས་པ་ཆེ༔ མཆེད་ཟླ་སུམ་བརྒྱ་དྲུག་ཅུར་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྣང་སྲིད་ཟིལ་གནོན་ལྷ་ཚོགས་རྣམས༔ ད་ལྟ་སྙིགས་དུས་བསྐལ་པ་ལ༔ རྣལ་འབྱོར་བདག་ལ་སྲུང་བའི་ཕྱིར༔ མ་ཐོགས་མྱུར་དུ་གནས་འདིར་བྱོན༔ རྩོད་ལྡན་སྙིགས་མ་ལྔ་བདོ་འདིར་༔ བདག་གིས་ལྷང་ལྷང་མི་འབོད་རྒྱུས༔ བར་ཆད་བསལ་ཕྱིར་གཤེགས་སུ་གསོལ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དབང་མཆོག་བསྐུར་ཕྱིར་གཤེགས་སུ་གསོལ༔ ལམ་སྣ་འདྲེན་ཕྱིར་གཤེགས་སུ་གསོལ༔ ཐུགས་རྗེའི་དབང་གིས་འདིར་གཤེགས་ཤིག༔ ༀ་ཨཱཿཧཱུྃ༔ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧཱུྃ་བྷྱོ་ཏྲི་བཛྲ་ས་མ་ཡ་ཛཿཧཱུྃ་བྃ་ཧོཿ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་འབྱུང་གྲུ་གསུམ་བསྣོལ་མ་འདིར༔ ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས༔ པདྨ་ཉི་ཟླ་འབར་བའི་གདན༔ ཐབས་ཤེས་དབྱེར་མེད་ལྷུན་གྱིས་གྲུབ༔ འོད་འབར་བརྗིད་ལྡན་ལྷུན་ཆགས་པའི༔ གདན་མཆོག་འདི་རུ་བཞུགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་དབང་སྒྱུར་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་ཚལ་ལོ༔ དགྱེས་རྫས་མཆོད་པ་འབུལ་བ་ནི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ན་བཟའ་སོགས༔ འདོད་ཡོན་ཕྱི་ཡི་མཆོད་པ་འདིས༔ སྣང་སྲིད་འཁོར་འདས་ཀུན་བཀང་སྟེ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ དགྱེས་རྫས་ཐོད་ཆང་སྔོ་ལ་དྭངས༔ གུར་གུམ་སྦྲང་རྩིའི་བཅུད་ཀྱིས་སྦགས༔ ཐབས་ཀྱི་བདུད་རྩིར་སྤེལ་བ་འདི༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ དམར་ཆེན་རཀྟ་འོད་ཟེར་འབར༔ ཤེས་རབ་བདུད་རྩིར་སྤེལ་བ་འདི༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ རི་རབ་ཙམ་གྱི་གཏོར་ཆེན་ལ༔ དཀར་ཐིག་དམར་རྒྱན་བརྒྱན་པ་འདི༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ སྣང་སྲིད་ཟིལ་གནོན་ལྷ་ཚོགས་རྣམས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ རྩ་བ་ཡན་ལག་དམ་ཚིག་དང༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཉམས་གྱུར་ཐམས་ཅད་མཐོལ་ལོ་བཤགས༔ བྱང་དག་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཟིལ་གནོན་བདུད་བཞི་བཅོམ༔ སྐྱེ་འཆི་མེད་པ་འོད་ཀྱི་སྐུ༔ འཕོ་འགྱུར་མེད་པར་འགྲོ་དོན་མཛད༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ དེ་ཉིད་སྤྲུལ་པའི་གནས་འགྱུར་ལས༔ དགེ་སློང་ཚུལ་འཛིན་ཧེ་རུ་ཀ༔ མཐུ་སྟོབས་རྫུ་འཕྲུལ་དབང་སྒྱུར་བའི༔ ཀརྨ་པཀྴིའི་སྐུ་ལ་བསྟོད༔ རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ༔ མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན༔ རྡོ་རྗེ་ཐེག་པའི་མཛོད་འཛིན་པ༔ རས་ཆུང་རྡོར་གྲགས་སྐུ་ལ་བསྟོད༔ ཧ་ཡ་གྲཱི་ཝ་རུ་དྲའི་གཤེད༔ ང་རྒྱལ་རྣམ་དག་རྟ་གདོང་ལྗང༔ ཁམས་གསུམ་དབང་བསྡུད་སྐུ་མདོག་དམར༔ དབང་ཆེན་རྟ་མགྲིན་སྐུ་ལ་བསྟོད༔ རྡོ་རྗེ་ཕག་མོས་དུས་མཚན་བཏུལ༔ གཏི་མུག་རྣམ་དག་ཕག་ཞལ་ནག༔ རྣམ་དག་རྩད་གཅོད་གྲི་ཐོད་འཛིན༔ རྡོ་རྗེ་ཕག་མོའི་སྐུ་ལ་བསྟོད༔ མ་ཧཱ་ཀཱ་ལ་རྡོ་རྗེ་བེར༔ ཕྲག་དོག་རྣམ་དག་ཁྲོ་གཏུམ་རྔམས༔ དུག་ལྔ་རྩད་བཅོད་ཟངས་གྲི་འཛིན༔ ཀུན་རྟོག་ཀུན་འཇོམས་ཐོད་ཁྲག་རོལ༔ རྡོ་རྗེ་བེར་ཅན་སྐུ་ལ་བསྟོད༔ བསྟན་བསྲུང་ལྷ་མོ་རང་བྱུང་མ༔ སྲིད་གསུམ་ལྷ་འདྲེའི་སྡེ་དཔོན་མཆོག༔ ཉམས་པའི་སྲོད་དབུགས་སྡུད་མཛད་མོ༔ རང་བྱུང་རྒྱལ་མོའི་སྐུ་ལ་བསྟོད༔ བཀའ་སྡོད་ཕོ་ཉ་རྡོ་རྗེ་ལེགས༔ སྟོང་གསུམ་སྐུ་ཡི་སྤྲུལ་པས་གང་ཿ གློག་ལྟར་མྱུར་ཞིང་ཕྲིན་ལས་སྒྲུབ༔ རྡོ་རྗེ་ལེགས་པའི་སྐུ་ལ་བསྟོད༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་ཉིད་བླ་མར་གསལ་བ་ཡི༔ ཐུགས་ཀར་འོད་ཀྱི་ཐིག་ལེའི་དབུསཿ པདྨ་འབྱུང་གནས་གཙོ་འཁོར་གསུམ༔ བཀྲ་གསལ་ལྷམ་མེར་གསལ་བ་ཡི༔ ཐུགས་ཀར་ཧྲཱིཿལ་རིག་སྔགས་བསྐོར༔ གང་བསམ་ཕྲིན་ལས་མྱུར་འགྲུབ་ཤོག༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ༀ་ཨཱཿཀརྨ་པཀྴི་ཧཱུྃ༔ ༀ་བཛྲ་པཱ་ཎི་ཧཱུྃ༔ ༀ་བཛྲ་ཀྲོ་ངྷ་ཧ་ཡ་གྲི་ཝ་ཧཱུྃ༔ ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ༔ ༀ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿཛཿ ༀ་བཛྲ་སཱ་དྷུ་ས་མ་ཡ་ཝཱ་ཀ་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་ངྷུ་ཏྲི་ཛཿཛཿཧཱུྃ་བྃ་ཧོཿ དོན་སྔགས་བྱང་བསྟན་པའོ༔ དབྱང་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ཀྱིས་ཁ་བསྐང་ལ། སྟོང་ཚིག་འབུལ་བ་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་ཛབ་བསྙེན་མཆོད་པར་འབུལ༔ སྐུ་གསུམ་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ ཉམས་ཆགས་འགལ་འཁྲུལ་ཐམས་ཅད་མཐོལ་ལོ་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཧི༔ གསོལ་འདེབས་ནི། ༀ་ཨཱ༔ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ཀློང་ཡངས་ལས༔ མ་འགགས་ཐུགས་རྗེའི་རོལ་པར་ཤར༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མོས་གུས་གདུང་བས་གསོལ་བ་འདེབས༔ བྱིན་བརླབ་མཐུ་དབང་དངོས་གྲུབ་སྩོལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ མ་རིག་བག་ཆགས་སད་པ་ལས༔ རང་སྣང་ཡུལ་དུ་འཁྲུལ་པ་ཡི༔ དངོས་འཛིན་ཨ་འཐས་འདུན་གྲོས་ཀུན༔ སྒྱུ་མར་ཤེས་པར་བྱིན་གྱིས་རློབས༔ ཚེ་འདིའི་རྟག་བརྟན་འདུན་གྲོས་རྣམས༔ འཁྲུལ་པར་ཤེས་པར་བྱིན་གྱིས་རློབས༔ སྔོན་བྱུང་སྲིད་པའི་ཡིད་ལུས་རྒྱུན༔ རང་ངོ་འཕྲོད་པར་བྱིན་གྱིས་རློབས༔ ད་ལྟའི་སྒྱུ་ལུས་གཅེས་འཛིན་མཁར༔ འཇིག་པར་ཤེས་པར་བྱིན་གྱིས་རློབས༔ ཅལ་སྒྲོགས་རྗེས་འཇུག་འཆལ་གཏམ་འདི༔ བྲག་ཆ་ལྟ་བུར་རྟོགས་གྱུར་ཅིག༔ རང་ཆས་དུག་ལྔའི་རླུང་འཚུབས་འདི༔ ཡེ་ཤེས་ལྔ་རུ་རྟོགས་གྱུར་ཅིག༔ སྣང་སྲིད་འཁོར་འདས་ཞིང་ཁམས་འདི༔ རྨི་ལམ་ལྟ་བུར་རྟོགས་གྱུར་ཅིག༔ སྤྱིར་བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྟེན་སྒྱུ་ལུས་དུས་མིན་འཇིགས་པའི་དུས༔ རང་གཅིག་པུར་བར་དོར་འཁྱམས་པའི་དུས༔ གྲོགས་ནོར་རྫས་ཤུལ་དུ་ལུས་པའི་དུས༔ ལས་དགེ་སྡིག་འབྲས་བུ་སྨིན་པའི་དུས༔ གནས་གཤིན་རྗེའི་ཕོ་བྲང་མཐོང་བའི་དུས༔ སེམས་འཁྲུལ་སྣང་སྔངས་སྐྲག་གཡེང་བའི་དུས༔ ཡིད་བཟོད་མེད་ཡི་རེ་མུག་པའི་དུས༔ ཚེ་སྔར་བྱས་དགེ་སྡིག་དྲན་པའི་དུས༔ ཐབས་གང་དྲག་སེམས་ལ་འཕྲེང་བའི་དུས༔ ཚེ་ཕྱི་མའི་གནས་ཁང་བཙལ་བའི་དུས༔ རང་ལག་སྟོང་མཆན་དུ་བཅུག་པའི་དུས༔ སེམས་དབང་མེད་གཡེང་བར་འཕྱོ་བའི་དུས༔ ཕ་པདྨ་འབྱུང་གནས་མཐུ་མ་ཆུང་༔ རྗེ་ཀརྨ་པཀྴིའི་ཐུགས་རྗེའི་རྩལ་སྤྲུགས་ཤིག༔ འཁོར་ཡི་དམ་ཆོས་སྐྱོང་རྩལ་མ་ཞེན༔ དུས་གནས་སྐབས་དེ་ཙམ་ཤར་བའི་དུས༔ ཕ་བླ་མའི་ཐུགས་རྗེ་ཅི་འདུག་ལྟ༔ བདག་ངན་སོང་གསུམ་དུ་མ་བཏང་ཞིག༔ ཞིང་དག་པ་མཁའ་སྤྱོད་ཞིང་ཁམས་སུ༔ ཡིད་སྐད་ཅིག་གློག་འགྱུའི་རྫུ་འཕྲུལ་གྱིས༔ འབྲས་ཕྱིར་མི་ལྡོག་པར་གནས་གྱུར་ཅིག༔ དེ་ལྟར་གདུང་ཤུག་དྲག་པོས་གསོལ་བཏབ་མཐུས༔ མདུན་བསྐྱེད་བླ་མའི་ལྷ་ཚོགས་ཐུགས་ཀ་ནས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་རྣམས༔ ཆར་ལྟར་བབས་ཏེ་རང་ལ་སིབ་སིབ་ཐིམ༔ ལུས་གནས་རྩ་འཁོར་བཞི་པོ་མེར་གྱིས་གང་༔ དབང་བཞི་ཡོངས་རྫོགས་གཅིག་ཆར་ཐོབ་པར་གྱུར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པའི་སྔགས་ཅི་ནུས་བཟླས་རྗེས༔ མདུན་བསྐྱེད་བླ་མ་རང་གི་སྙིང་གར་ཐིམ༔ འཁོར་རྣམས་འོད་ཞུ་རང་ལ་ཐིམ་པར་གྱུར༔ དེ་ཡང་དམིགས་མེད་བློ་འདས་བརྗོད་བྲལ་ངང་༔ ཞེས་དང་། སྣང་བའ ི་ཡུལ་ཀུན་འཛིན་མེད་རང་སར་དག༔ ཞེན་པའི་བློ་རྟོག་སྟོང་ཉིད་རང་སར་གྲོལ༔ བསམ་བརྗོད་མཐའ་བྲལ་ཆོས་སྐུ་དེ་བཞིན་ཉིད༔ ཀ་དག་ཀུན་བཟང་ཀློང་དུ་མཉམ་པར་བཞག༔ ཅེས་པའི་རང་ངོ་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན༔ རྗེས་ཐོབ་འཁོར་འདས་སྣང་བ་སྣ་ཚོགས་ཀུན༔ རང་རྩལ་རོལ་པ་འགག་མེད་ཟང་ཐལ་ཆེ༔ གང་ཤར་རེ་དོགས་འཛིན་མེད་སྤོང་ལེན་བྲལ༔ མཉམ་ཡང་བདེ་བ་ཆེན་པོར་ལམ་དུ་ཁྱེར༔ ཟག་བཅས་ཟག་མེད་དགེ་ཚོགས་སྙིང་པོའི་སྤྲིན༔ མཁའ་མཉམ་འགྲོ་བའི་དཔལ་དུ་གཏིབས་པ་ཡིས༔ ཉེས་བརྒྱའི་ཚ་གདུང་ཀུན་བཅིལ་བྱང་ཆུབ་ཀྱི༔ མྱུ་གུ་རྣམ་པར་འཕེལ་བའི་རྒྱུར་བསྔོའོ༔ ཞེས་དང་། སྨོན་ལམ་ནི། འདིས་མཚོན་དུས་གསུམ་དགེ་བ་ཅི་བསགས་པ། །དཔལ་ལྡན་ཀརྨ་པ་ཡི་སྐུ་གསུང་ཐུགས། །ཡོན་ཏ ན་ཕྲིན་ལས་བདག་ཉིད་མྱུར་འགྲུབ་ནས། །འགྲོ་རྣམས་དེ་ཡི་ས་ལ་འགོད་པར་ཤོག །བློ་རྒྱུད་ལས་རུང་ཟབ་མོའི་ལམ་ལ་ཞུགས། །དམ་ཆོས་སྒྲུབ་ལ་བར་ཆད་མི་འབྱུང་བར། །མྱུར་དུ་སྟོང་ཉིད་སྙིང་རྗེའི་རྩལ་ཆེན་རྫོགས། །ཟུང་འཇུག་རྡོ་རྗེ་འཆང་དབང་འགྲུབ་གྱུར་ཅིག །བཀྲ་ཤིས་ནི། སྲིད་ལས་འདས་ཀྱང་སྲིད་པའི་སྒྱུ་ཐབས་ཀྱིས། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མཛད། །རྩ་གསུམ་ཡོངས་འདུས་གྲུབ་ཆེན་ཀརྨ་པའི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་པ་བླ་སྒྲུབ་འདི་ཉིད་ཀྱི་ཟུར་རྒྱན་དུ་འཇམ་མགོན་པདྨ་གར་དབང་གིས་མཛད་པའོ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་རུམ་བཏེག་པར་མ་ཡིན་ནོ། །སརྦ་མངྒ་ལཾ།། །།

ལྷན་ཐབས།

ཡོངས་དགེ་གཏེར་ཆེན་མི་འགྱུར་རྡོ་རྗེར་ཞལ་གཟིགས་པཀྴི་བླ་སྒྲུབ་ཀྱི་ལས་བྱང་ལྷན་ཐབས་སུ་སྤེལ་བ་ལ། ཐོག་མར་དཀར་གཏོར་གསེར་སྐྱེམས། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར། །གཏོར་རྫས་འདོད་ཡོན་ལོངས་སྤྱོད་ཕུང་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་རླབས། བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ དཀར་ཕྱོགས་སྐྱོང་བ་རྣམས་སྤྱན་དྲངས། བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱི་ལན་གསུམ་གཏོར་མ་ཕུལ་ལ། གང་དག་འདིར་གནས་ལྷ་དང་ཀླུ༔ གནོད་སྦྱིན་སྲིན་པོའམ་གཞན་དག་ལ༔ ལེགས་སྦྱར་མཆོད་གཏོར་འདི་འབུལ་གྱི༔ བཞེས་ལ་དགེ་བའི་སྡོང་གྲོགས་མཛོད༔ དེ་ནས་སྐྱབས་སེམས་འཕྲོས་སུ། བགེགས་གཏོར་གོང་བཞིན་བསང་སྦྱངས་ནས། ཧཱུྃ། བཀའ་གསང་གཉེན་པོའི་དཀྱིལ་འཁོར་འདིར། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །འདོད་ཡོན་མཆོད་སྦྱིན་གཏོར་མ་ལོངས། །འདི་རུ་མ་འདུག་གཞན་དུ་དེངས། ༀ་སུམྦྷ་ནི་སོགས་ཀྱིས་བསྐྲད། ཧཱུྃ༔ སྣང་སྲིད་ལྷ་ཡི་ཕོ་བྲང་འབར༔ མཚོན་ཆ་མེ་དཔུང་ཁྲོ་ཚོགས་འཁྲུགས༔ བགེགས་ཚོགས་ཤ་ཁྲག་དམར་ཉིལ་གཏུབས༔ མིང་ཡང་གྲགས་པ་མེད་ཏ་རེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་བསྲུང་འཁོར་བསྒོམ། དེ་ནས་བྱིན་འབེབས་པ་ནི། ཧྲཱི༔ སྣང་སྲིད་ལྷ་ཡི་དཀྱིལ་འཁོར་ལ༔ འཛིན་མེད་རང་གྲོལ་བྱིན་ཕོབ་ཅིག༔ འཁོར་འདས་བདེན་མེད་སྒྱུ་མའི་གཟུགས༔ ཀློང་ཡངས་དབྱིངས་སུ་རང་གྲོལ་ནས༔ དབྱིངས་རིག་ཡེ་དག་སྤྲོས་བྲལ་ཀློང་༔ བརྗོད་མེད་རང་རིག་ཏིང་འཛིན་གསལ༔ ཧཱུྃཧཱུྃཧཱུྃ༔ དེ་ནས། ཧཱུྃ། རྩ་གསུམ་དཀྱིལ་འཁོར་སྒྲུབ་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་རྣམས། །མ་དག་ཉེས་པའི་ཚོགས་ཀུན་སྦྱངས། །རྣམ་དག་མཁའ་དབྱིིངས་གང་བར་གྱུར། ༀ་སརྦ་པཱུ་ཛཿམེ་གྷ་ས་མཱ་ཡེ་ཧཱུྃ། ཞེས་མཆོད་པ་བྱིན་གྱིས་བརླབས་ནས་གཞུང་གི་བསྐྱེད་རིམ་ལ་འཇུག།

པཀྴིའི་བླ་སྒྲུབ་ཀྱི་ཚོགས་མཆོད།

པཀྴིའི་བླ་སྒྲུབ་ཀྱི་ཚོགས་མཆོད་མདོར་བསྡུས་བཞུགས་སོ།།

ན་མོ་གུ་རུ་ཀརྨ་ཀ་ཡེ། །ལམ་ཟབ་པཀྵིའི་བླ་སྒྲུབ་ཀྱི་ཚོགས་མཆོད་ནི། ཞིང་ལྤགས་ཁར་ཚོགས་རྫས་ཕུན་སུམ་ཚོགས་པ་འདུ་བྱས་ལ། བདག་མདུན་དཀྱིལ་འཁོར་གསལ་བཏབ་ནས་ཚོགས་རྫས་བདུད་རྩིས་བྲན་ལ། རང་ཉིད་བླ་མའི་ཐུགས་ཀ་ནས། །རྃ་ཡྃ་ཁྃ་འཕྲོས་བསྲེགས་གཏོར་བཀྲུས། །ༀ་ཨཱཿཧཱུྃ་གིས་བྱིན་བརླབས་ནས། །འདོད་ཡོན་མཆོད་པའི་སྤྲིན་དུ་གྱུར། །སྤྱན་འདྲེན་ནི། ཧཱུྃ། ལྷོ་ནུབ་རྔ་ཡབ་གླིང་ཕྲན་ནས། གུ་རུ་པདྨ་འབྱུང་གནས་ལ། །གྲུབ་ཐོབ་བརྒྱད་ཅུའི་ཚོགས་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འོག་མིན་མཚུར་ཕུའི་གནས་མཆོག་ནས། གྲུབ་ཆེན་ཀརྨ་པཀྴི་ལ། །རྩ་བརྒྱུད་བླ་མའི་ཚོགས་དང་བཅས། །གནས་འདིར་སྤྱན་འདྲེན༴ ལྕང་ལོ་ཅན་གྱི་གནས་མཆོག་ནས། །རྗེ་བཙུན་བཛྲ་ཀཱིརྟི་ལ། །མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས། །གནས་འདིར༴ རིས་མེད་གྲུབ་པའི་དབེན་གནས་ནས། །གཏེར་ཆེན་མི་འགྱུར་རྡོ་རྗེ་ལ། །བརྒྱུད་གསུམ་བླ་མའི་ཚོགས་དང་བཅས། །གནས་འདིར༴ འཁོར་འདས་རབ་འབྱམས་དཀྱིལ་འཁོར་ནས། །དཔའ་བོ་རྟ་མཆོག་རྒྱལ་པོ་དང་། །གསང་བ་ཡེ་ཤེས་མཁའ་འགྲོ་མ། །གནས་འདིར༴ ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཆོས་སྐྱོང་རྡོ་རྗེ་བེར་ནག་ཅན། །རང་བྱུང་རྒྱལ་མོ་རྡོ་རྗེ་ལེགས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འདིར་ཚོགས་རྣལ་འབྱོར་ཕོ་མོ་རྣམས། །སྐུ་གསུང་ཐུགས་ཀྱིས་བྱིན་ཆེན་ཕོབ། །མཆོག་ཐུན་དངོས་གྲུབ་བདུད་རྩིའི་རླན། །བདེ་ཆེན་མྱུ་གུ་བསྐྱེད་དུ་གསོལ། །བཛྲ་ས་མཱ་ཛཿ ཚོགས་དང་པོ་ནི། དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་རྫས། །ཟག་མེད་བདེ་ཆེན་རྡོ་རྗེའི་བཅུད། །བླ་ན་མེད་པའི་དམ་རྫས་འབུལ། །དབང་དང་བྱིན་རླབས་སྩལ་དུ་གསོལ། །ཚོགས་བདབ། ཧཱུྃ་ཧྲཱིཿ ཚོགས་ཁང་ཡེ་ཤེས་རོལ་པའི་དཀྱིལ་འཁོར་དུ། །ཚོགས་རྫས་འཆི་མེད་ཡེ་ཤེས་བདུད་རྩི་ཆེ། །མཆོད་ཡོན་ཞབས་བསིལ་ལ་སོགས་ཕྱིའི་མཆོད་པ། །གཟུགས་སྒྲ་དྲི་རོ་ནང་གི་འདོད་ཡོན་དང་། །སྨན་རཀ་གཏོར་མ་ཐབས་ཤེས་ཚོགས་ཀྱི་རྫས། །ཀུན་བཟང་མཆོད་པའི་སྤྲིན་ཕུང་རྒྱུན་བཟང་པོ། །ཅིར་ཡང་འཆར་བའི་མཆོད་སྤྲིན་ཆེན་པོ་འདིས། །གུ་རུ་པདྨ་ཀཱ་རའི་ཐུགས་དམ་བསྐང་། །གྲུབ་ཆེན་ཀརྨ་པཀྴིའི་ཐུགས་དམ་བསྐང་། །རས་ཆུང་རྡོ་རྗེ་གྲགས་པའི་ཐུགས༴ རིག་འཛིན་མི་འགྱུར་རྡོ་རྗེའི༴ དཔའ་བོ་རྟ་མཆོག་རྒྱལ་པོའི༴ ཡུམ་མཆོག་གསང་བ་ཡེ་ཤེས༴ ཆོས་སྐྱོང་མ་མགོན་ལྕམ་དྲལ༴ རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཆེ། །ཐུགས་དམ་དགྱེས་པ་སྐོང་བའི་བྱིན་རླབས་ཀྱིས། །མ་རིག་མུན་པའི་སྨག་རུམ་རིང་དུ་བཅིལ། །ཤེས་བྱ་ཐམས་ཅད་གཟིགས་པའི་མཆོག་ཐོབ་ནས། །ལས་ཀྱིས་མནར་བའི་འགྲོ་ཚོགས་དུཿཁ་ལས། །རིང་དུ་བསྒྲལ་ནས་ཆོས་ཀྱི་བདུད་རྩི་ཡི། །ཐར་པའི་ལམ་དུ་དབུགས་འབྱིན་སངས་རྒྱས་ཤོག །སྒྲིབ་གཉིས་མ་རིག་དྲི་མས་སྦགས་པ་ཡི། །ཉེས་ལྟུང་གྱུར་པ་ཁ་ན་མ་ཐོའི་ཚོགས། །སྟོབས་བཞིའི་བཤགས་ཚངས་ཉིད་དུ་མཛད་ནས་ཀྱང་། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་འབད་མེད་སྩོལ། །ཡིག་བརྒྱ་བརྗོད། བསྒྲལ་བསྟབ་ནི། དངོས་འཛིན་འཁྲུལ་པའི་བདག་འཛིན་དགྲ། །ཀ་དག་རྡོ་རྗེ་ཕུར་བུས་བསྒྲལ། །ཆོས་དབྱིངས་ཀློང་དུ་ཚར་བཅད་དོ། །དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ། །དཔོན་སློབ་རྣམས་ཚོགས་ལ་རོལ། ལྷག་མ་བསྔོ་བ་ནི། བྷྱོ། དཔལ་གྱི་བཀའ་ཉན་དབང་ཕྱུག་ཉི་ཤུ་བརྒྱད། །མ་སྲིང་མཁའ་འགྲོ་ཤུགས་འགྲོ་ལ་སོགས་པས། །བཀའ་ཡི་ཕ་འབབ་ཚོགས་ལྷག་གཏོར་མ་བཞེས། །བྱང་ཆུབ་སྒྲུབ་པའི་བར་ཆད་སེལ་བར་མཛོད། །ཆད་ཐོ་ནི། ཧཱུྃ། མ་མགོན་ལྕམ་དྲལ་ཡེ་ཤེས་འཇིག་རྟེན་གྱི། །ཆོས་སྐྱོང་སྲུང་མས་བཀའ་ཡི་གཏོར་མ་ལོངས། །རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་བར་ཆད་སོལ། །ཕྲིན་ལས་རྣམ་བཞིས་དགྲ་བགེགས་ཐལ་བར་རློག །བརྟན་མ་ནི། བྷྱོ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང་། །དྲན་གཡོག་ཡང་འཁོར་བཅས་པས་གཏོར་མ་གཞེས། །མཆོག་ཐུན་དངོས་གྲུབ་སྩོལ་བའི་ཕྲིན་ལས་མཛོད། །དུས་འཁྲུགས་མཐའ་ཡི་དམག་དཔུང་བཟློག་ཏུ་གསོལ། །རྟ་བྲོ་ནི། ༀ་ལཾ་ཨཱཾཿལཾ་ཧཱུྃ་ལཾ་སྟྭཾ་བྷཱ་ཡ་ནན། །ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིད་པ་དང་ནི་བགྱིད་རྩལ་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཡིག་བརྒྱས་ལྷག་ཆད་ཁ་བསྐང་། སྣང་སྲིད་བླ་མའི་སྐུར་གསལ་བའི། །འོད་ཕུང་རང་ཐིམ་མི་དམིགས་པའི། །ཀ་དག་ཆོས་སྐུའི་ཀློང་དུ་བཞག །དགེ་བས་བླ་མའི་སྐུ་འགྲུབ་ཤོག །ཅེས་པའང་ཁམས་སྒིས་སྣའི་གཅོད་བླ་ཀརྨ་དབང་མཆོག་གི་ངོར། ༧ཀརྨ་པ་བཅུ་བཞི་པས་བྲིས་པ་དགེ། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་རུམ་བཏེག་པར་མ་ཡིན་ནོ། །སརྦ་མངྒ་ལཾ།། །།

རིགས་འདུས་བླ་མ།

གཏོར་སྐྱོང་མཐར་གཏོར་གཞོང་འོག་ཏུ་དམིགས་བྱ་བཀུགས་བསྟིམས་བྱ་ཞིང་རྡོ་རྗེའི་རྒྱས་གདབ་ལ། ཧཱུྃ། རིགས་འདུས་བླ་མའི་དཀྱིལ་འཁོར་འདིར། །སྒྲུབ་ལ་བར་ཆད་འབྱུང་པོའི་ཚོགས། །གཏོར་གཞོང་རི་རབ་འོག་ཏུ་མནན། །བརྟུལ་ཞུགས་རོལ་པའི་བྲོ་བརྡུང་ངོ་། །ༀ་ལྃ་ཨཱཿལྃ་ཧཱུྃ་ལྃ་སྟཱྃ་བྷ་ཡ་ནན། ཞེས་བརྗོད། རྗེས་མཆོད་བསྟོད་ནི། ༀ་ཨཱཿཧཱུྃ། རྒྱ་མཚོ་ལྔ་ཡི་ལྷ་ཚོགས་ལ། །དངོས་བཤམས་ཡིད་ལས་བྱུང་བ་ཡི། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །རབ་འབྱམས་ནམ་མཁའ་གང་བར་འབུལ། །མ་ཧཱ་སརྦ་པཱུ་ཛཿཧོ༔ ཨེ་མ་ཧོ། ངོ་མཚར་རྨད་བྱུང་བླ་མའི་དཀྱིལ་འཁོར་ལྷ། །གང་འདུལ་སྐུར་བཞེངས་མོས་ལྡན་བྱིན་གྱིས་རློབས། །དངོས་གྲུབ་ཆར་འབེབས་རྣམ་བཞིའི་ཕྲིན་ལས་སྒྲུབས། །རིགས་འདུས་བླ་མ་རྩ་གསུམ་ལྷ་ལ་བསྟོད། །ནོངས་བཤགས་སོགས་ཚོགས་མཆོད་ལྟར་བྱ་ཞིང་། དེ་ནས་བཀྲ་ཤིས་ནི། ༀ། བརྡལ་བ་ཆེན་པོ་བློ་ལས་འདས། །ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག །མ་འགགས་རྩལ་སྣང་བདེ་བ་ཆེ། །ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག །ཤར་གྲོལ་འཛིན་མེད་འཁོར་འདས་ཁྱབ། །སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག །འཁོར་འདས་བྱ་རྩོལ་མིང་མདོགས་བྲལ། །ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་བཞིན་བསླབ་གསུམ་ཡོན་ཏན་གྱིས་མངོན་པར་མཐོ་ཞིང། གདན་ས་ཆེན་པོ་མཚུར་མདོའི་སློབ་དཔོན་འོད་ཟེར་འབྱུང་གནས་ཀྱིས་བཀྲ་ཤིས་པའི་རྟེན་འབྱུང་དགེ་བའི་རིན་པོ་ཆེའི་མེ་ཏོག་སོགས་ཀྱི་མཎྜལ་བཅས་གསུང་བསྐུལ་གནང་བ་བཞིན། མཚམས་གཅོད་བྱིན་འབེབས་ནམ་སྙིང་ཚེ་སྒྲུབ་ནས་བླངས་ཤིང་། འཕྲོས་གསར་སྦྱོར་བཅས་འཇམ་མགོན་སྤྲུལ་སྐུར་འབོད་པའི་ཤཱཀྱའི་སྲས་ཀྱི་རྟགས་ཙམ་འཆང་བ་ཀརྨ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་དོན་ལྡན་དུ་གྱུར་ཅིག། །།

ཐུན་བཞིའི་བླ་མའི་རྣལ་འབྱོར།

ཐུན་བཞིའི་བླ་མའི་རྣལ་འབྱོར་བཞུགས་སོ། །དེ་ནས་དུས་ཐམས་ཅད་དང་ཁྱད་པར་ཐུན་ཆེན་པོ་བཞིར་བྱ་བའི་བླ་མའི་རྣལ་འབྱོར་ནི། ད་ནི་ཁོ་བོ་མི་བསྐྱོད་རྡོ་རྗེ་ཁོ་ན་མིན་པ་བསམ་རྒྱུ་མེད་པ་ཀུན་རང་གི་ལུས་ཡེ་ཤེས་ཀྱི་མཁའ་འགྲོ་གཅེར་བུ་ལང་ཚོ་ཕུན་སུམ་ཚོགས་པ། དབུ་སྐྲ་སིལ་མས་རྒྱབ་ནོན་པ། འོད་ཕུང་གི་དབུས་ན་འཆི་མེད་བདུད་རྩིས་གང་བའི་ཀ་པཱ་ལ་ཐོགས་པ། མེ་ཏོག་དམར་པོའི་རྒྱན་ཅན། གཞན་རྒྱན་སྤངས་པ། དེའི་མདུན་དུ་རྗེ་བཙུན་མི་བསྐྱོད་རྡོ་རྗེ་སྟག་ལྤགས་ཀྱི་ཤམ་ཐབས། གླང་ཆེན་གྱི་པགས་པའི་བླ་གོས་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། དབུ་སྐྲ་ཐོར་ཚུགས་སྣ་ཚོགས་རྡོ་རྗེ་ཟླ་བས་བརྒྱན་པ། ཕྱག་གཉིས་ཆོས་འབྱུང་གི་ཕྱག་རྒྱ་སྤྱི་བོར་བཀོད་པ། ཞབས་གཡོན་སྐྱིལ་ཀྲུང་ཕྱེད་པ་དང་། གཡས་བརྐྱང་བས་ཡེ་ཤེས་ཀྱི་མེ་དཔུང་གི་དབུས་ན་བཞུགས་པ། དེ་ལ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོས་བདུད་རྩི་བསྟབས་པ་ཙམ་གྱིས་ཡེ་ཤེས་ཀྱི་མེ་དམར་འུར་གྱིས་འབར་བ། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོའི་བྷ་ག་ནས་སྤྱན་དྲངས། ཐུགས་ཀར་ཞུགས་པར་མོས་ལ། རླུང་དྲག་སྦྱོར་གྱི་ངང་ནས་གསོལ་བ་ཐོབ་ཅིག་དང་། ཁོ་བོ་མི་བསྐྱོད་རྡོ་རྗེས་བྱིན་གྱིས་རློབ་པ་ཡིན་ནོ་ཞེས་བྱིན་དབབ་པར་བྱའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །ན་མོ་གུ་རུ། སྤྱི་བོའི་གཙུག་ན་ཡེ་ཤེས་མཁའ་འགྲོ་མ། །གཅེར་བུ་བྷ་ག་ནུ་མ་རབ་ཏུ་རྒྱས། །སྐྲ་གྲོལ་སྤྱན་གསུམ་ནམ་མཁའི་མཐོངས་ལ་གཟིགས། །བདེ་བ་མི་བཟོད་འགྱུར་བའི་གར་སྟབས་སྟོན། །དེ་འདྲ་གྲངས་མེད་གཞལ་མེད་བུན་ལོང་ནང་། །རྩ་བའི་བླ་མ་མི་བསྐྱོད་རྡོ་རྗེ་ནི། །དགེ་སློང་ཆ་ལུགས་ཞྭ་ནག་གསེར་མདངས་ཅན། །ཐབས་ཤེས་དབྱེར་མེད་རྡོ་རྗེ་དྲིལ་བུ་འཛིན། །བདེ་སྟོང་དབྱེ་བ་མེད་པའི་ལྟ་སྟངས་མཛད། །གསོལ་བ་བཏབ་པ་ཙམ་གྱིས་མོས་གུས་འབར། །མོས་གུས་འབར་བ་ཙམ་གྱིས་བྱིན་རླབས་འུར། །བྱིན་རླབས་འུར་བ་ཙམ་གྱིས་ཐུན་མོང་དང་། །མཆོག་གི་དངོས་གྲུབ་ནོར་བུ་འབར་བ་བསྣམས། །གནམ་ས་བླ་འོག་མེད་པར་ཆར་ལྟར་འབབ། །ད་ནི་སྙིང་ནས་གསོལ་བ་འདེབས་པའི་དུས། །ཀྱེ། སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །སྣང་སྟོང་དབྱེར་མེད་བླ་མའི་སྐུ། །བླ་མའི་སྐུ་ལ་གསོལ་བ་འདེབས། །བླ་མའི་སྐུ་ཡིས་བྱིན་གྱིས་རློབས། །གྲག་ཅིང་སྟོང་ལ་སྟོང་ཞིང་གྲག །གྲག་སྟོང་དབྱེར་མེད་བླ་མའི་གསུང་། །བླ་མའི་གསུང་ལ་གསོལ་བ་འདེབས། །བླ་མའི་གསུང་གིས་བྱིན་གྱིས་རློབས། །བདེ་ཞིང་སྟོང་ལ་སྟོང་ཞིང་བདེ། །བདེ་སྟོང་དབྱེར་མེད་བླ་མའི་ཐུགས། །བླ་མའི་ཐུགས་ལ་གསོལ་བ་འདེབས། །བླ་མའི་ཐུགས་ཀྱིས་བྱིན་གྱིས་རློབས། །ཀྱེ། གུ་རུ་རཏྣ་བྱོན་པའི་ཚེ། །ནམ་མཁའ་འཇའ་དང་འོད་ཀྱིས་གང་། །སྤྲུལ་པའི་ཕོ་ཉ་འགྱེད་མཛད་ཅིང་། །བྱིན་རླབས་མེ་དཔུང་འུ་རུ་རུ། །ཉམས་དང་རྟོགས་པ་ཤ་ར་ར། །ཀྱེ། བླ་མ་ཆེན་པོ་ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་དང་བར་ཆད་སོལ། །དགྲ་བགེགས་མ་ལུས་ཞི་བར་མཛོད། །ཡེ་ཤེས་མཁའ་འགྲོ་ལྗང་ཁུ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་སེར་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་དམར་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་དཀར་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་ནག་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་སྔོན་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་ཁྲ་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ནམ་མཁའ་གང་བའི་མི་བསྐྱོད་རྡོ་རྗེ་ཨཱཿ འོད་ཟེར་དགྱེས་པའི་རྡོ་རྗེ་དགའ་བ་ཧོཿ ཕོ་ཉ་འབར་བའི་དབྱངས་ཅན་ནུས་པ་ཧཱུྃ། །དྲི་མ་སེལ་བའི་ཕྲིན་ལས་དྲག་པོ་ༀ། །རྗེ་བཙུན་དམ་པ་སྐུ་བཞིའི་དབང་ཕྱུག །ཅི་མཛད་ཡེ་ཤེས་ཀྱི་རོལ་པར་འཆར་བ། །ཁྱབ་བདག་རྒྱལ་དབང་ཀརྨ་པ་ཆེན་པོ། །སངས་རྒྱས་བྱིན་རླབས་ཀྱི་རྒྱ་མཚོ་མཁྱེན་ནོ། །ཡོན་ཏན་གྱི་ཕུང་པོ་ཉེས་པ་ཀུན་ཟད། །སངས་རྒྱས་ཀྱི་སྙིང་པོ་བླ་མར་སྣང་བ། །ཐུགས་རྗེའི་དབང་པོ་མཆོག་གི་སྤྲུལ་སྐུ། །རྗེ་བཙུན་རྡོ་རྗེའི་དབྱངས་ཅན་མཁྱེན་ནོ། །ནམ་གཞག་གཏན་གྱི་འདུན་མའི་རེ་ས། །སྐུ་བཞིའི་བདག་ཉིད་དྭགས་པོ་བཀའ་བརྒྱུད། །སྐལ་ལྡན་གྱི་སེམས་རྒྱུད་བྱིན་གྱིས་རློབ་པ། །འགྲན་ཟླ་དང་བྲལ་བའི་བརྒྱུད་པ་མཁྱེན་ནོ། །ཐ་མལ་གྱི་འཁྲུལ་པ་རང་གར་ཞིག་སྟེ། །ཆོས་དབྱིངས་དྲི་མེད་ཀྱི་རང་གཟུགས་གསལ་བ། །ཕྲིན་ལས་ཀྱི་མངའ་བདག་དུས་གསུམ་མཁྱེན་པ། །བརྩེ་བ་ཆེན་པོའི་བདག་ཉིད་མཁྱེན་ནོ། །སྙིགས་མའི་དུས་འདིར་སྣ་ཚོགས་ཚུལ་གྱིས། །སེམས་ཅན་འདུལ་མཛད་རྒྱལ་བའི་དབང་པོ། །རེ་ས་ལྟོས་ས་དང་བཅས་པ་ཡིན་པས། །དངོས་གྲུབ་ཀྱི་འབྱུང་ཁུངས་དམ་པ་མཁྱེན་ནོ། །རྗེ་རྒྱལ་བ་ཐམས་ཅད་གཅིག་ཏུ་བསྡུས་ནས། །སྐལ་ལྡན་སྨིན་པར་མཛད་པའི་ནུས་ཅན། །བདེ་བར་གཤེགས་པ་ཀརྨ་པའི་ཀཾ་ཚང་། །སྒྲིབ་གཉིས་རྙོག་པ་དང་བྲལ་བ་མཁྱེན་ནོ། །རྗེ་ཕྲིན་ལས་བཞི་ལ་རང་དབང་ཐོབ་ནས། །ཡེ་ཤེས་གཏད་ཙམ་གྱིས་བྱིན་རླབས་འཕོ་བ། །སྒྲུབ་བརྒྱུད་གཅིག་བསྡུས་རྡོ་རྗེའི་དབྱངས་ཅན། །དཔལ་ལྡན་ཀརྨ་པ་ཆེན་པོ་མཁྱེན་ནོ། །རྡོ་རྗེ་འཆང་ཆེན་ཡོན་ཏན་བརྒྱད་ལྡན། །ཧེ་རུ་ཀ་དཔལ་ནི་ཡན་ལག་བདུན་ལྡན། །རྒྱལ་བའི་དབང་པོ་སངས་རྒྱས་འདུས་པའི་སྐུ། །རྗེ་རྒྱལ་དབང་མི་བསྐྱོད་རྡོ་རྗེ་མཁྱེན་ནོ། །རྒྱལ་བ་གཅིག་བསྡུས་ཀརྨ་པ་མཁྱེན་ནོ། །སངས་རྒྱས་གཅིག་བསྡུས་ཀརྨ་པ་མཁྱེན་ནོ། །བདེ་གཤེགས་གཅིག་བསྡུས་ཀརྨ་པ་མཁྱེན་ནོ། །ཐམས་ཅད་མཁྱེན་པ་ཀརྨ་པ་མཁྱེན་ནོ། །ཀརྨ་པ་མཁྱེན་ནོ། །ཞེས་གྲངས་མེད་བརྗོད། ཐུགས་རྗེ་གཅིག་བསྡུས་མཁྱེན་ནོ། །སངས་རྒྱས་གཅིག་བསྡུས་མཁྱེན་ནོ། །ཀུན་འདུས་ཆོས་རྗེ་མཁྱེན་ནོ། །མི་བསྐྱོད་རྡོ་རྗེ་ལ་གསོལ་བ་འདེབས་སོ། །ཆོས་གྲགས་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །དྭགས་པོ་བཀའ་བརྒྱུད་ལ་གསོལ་བ་འདེབས་སོ། །ཀརྨ་ཀཾ་ཚང་ལ་གསོལ་བ་འདེབས་སོ། །རྗེ་བཙུན་ཁྱེད་རང་ལྟ་བུར་ཤོག་ཅིག །ཆོས་རྗེ་ཁྱེད་རང་ལྟ་བུར་ཤོག་ཅིག །བླ་མ་ཁྱེད་རང་ལྟ་བུར་ཤོག་ཅིག །འགྲོ་མགོན་ཁྱེད་རང་ལྟ་བུར་ཤོག་ཅིག །ཕ་གཅིག་ཐམས་ཅད་མཁྱེན་པ། སངས་རྒྱས་མཉན་པ་གྲུབ་ཐོབ། རྒྱལ་དབང་མི་བསྐྱོད་རྡོ་རྗེ། གསོལ་བ་ང་ཡིས་མི་འདེབས་སུ་ཡིས་འདེབས། ཐུགས་རྗེ་ཁྱོད་ཀྱིས་མི་གཟིགས་ན་སུ་ཡིས་གཟིགས། གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྤྱིར་དུ་སེམས་ཅན་ཐམས་ཅད། སྒོས་སུ་སྙིགས་མའི་གདུལ་བྱ། ལྷག་པར་རེ་ལྟོས་གཅིག་ཆོག་ཏུ་བཅས་པའི། བློ་གཏད་འགྱུར་བ་མེད་པ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ་ཅིག །བྱིན་རླབས་ཁྱོད་ལ་མེད་ན་སུ་ལ་ཡོད། བྱམས་པས་བདག་ལ་མི་སྐྱོང་ན་སུ་ལ་སྐྱོང་། སྐུ་དྲིན་ང་ཡིས་མི་གཞལ་ན་སུ་ཡིས་གཞལ། གདུལ་བྱ་ཁྱོད་ཀྱིས་མི་འདུལ་ན་སུ་ཡིས་འདུལ། ལས་ངན་ང་རྗེ་ལ་མི་རེ་ན་སུ་ལ་རེ། མཐུ་སྟོབས་ཅན་ཁྱོད་བདག་མི་སྐྱོབ་ན་སུ་ལ་སྐྱོབ། བདག་གི་གཏན་འདུན་སྐྱེ་བ་ཀུན་གྱི་སྐྱེལ་མ། ཐེ་ཚོམ་རྩད་ནས་ཟད་པའི་གཏན་ནོར། བློ་གཏད་ལིངས་སྐྱུར་ཐུབ་པའི་མགོན་པོ། སྲིད་མཚོ་གཏན་སྐེམས་སུ་གནས་པའི་སངས་རྒྱས། ཡོན་ཏན་གཞལ་བར་མི་ནུས་པའི་རྒྱ་མཚོ། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་མ་གཅིག །ཐུགས་རྗེ་གཏུགས་པ་མེད་པའི་གཏེར་ཆེན། སྙིགས་དུས་འགྲོ་བ་མི་དགོངས་ན་སུ་དགོངས། བརྩེ་བས་ད་ལྟ་མི་སྐྱོང་ན་ནམ་སྐྱོང་། དངོས་གྲུབ་དིང་སང་མི་སྩོལ་ན་ནམ་སྩོལ། ཐུགས་ཡིད་གཅིག་འདྲེས་སུ་ཐོང་ལ། འཁྲུལ་གྲོལ་མདུད་པ་ཤིག་དང་། མཁའ་ཁྱབ་སྨིག་རྒྱུའི་འགྲོ་བ། ད་ལྟ་གཏན་གྲོལ་དུ་མཛོད་ཅིག །བླ་མ་དམ་པ། མཐའ་མེད་སེམས་ཅན་ལ་གཟིགས་དང་། གསོལ་བ་འདེབས་པོ་ལ་སྐྱོབས་དང་། མི་བཟད་གདུངས་པའི་དུས་འདིར། ཅི་བྱ་ཚང་རླག་སྐབས་ན། མྱ་ངན་འཇིགས་སྔངས་ཀྱི་དུས་སུ་གཟིགས་ཤིག །བླ་མ་རིན་པོ་ཆེ། དོན་གྱི་བརྒྱུད་པ་ཅན། བྱིན་རླབས་ཀྱི་འཕོ་བ་མཁན། རྟོགས་པའི་གདེང་ཚད་ཅན། མངོན་ཤེས་སྤྱན་དང་ལྡན་པ། རྫུ་འཕྲུལ་བཀོད་པ་བསྟན་ཏེ། བཟོད་མེད་བཀའ་དྲིན་སྩོལ་བ། སངས་རྒྱས་ལག་བཅངས་སུ་གཏོད་པ། ཐ་མལ་སྣང་བ་བསྒྱུར་ཏེ། དག་པ་རབ་འབྱམས་སྟོན་པ། འཕགས་པ་འཇིག་རྟེན་དབང་ཕྱུག །སྙིང་ཁོང་རུས་པའི་གཏིང་ནས། གཅིག་ཐུབ་གསོལ་བ་འདེབས་སོ། །ཐུགས་རྗེས་འཛིན་པར་ཞུ་དང་། དངོས་གྲུབ་ཀྱི་ཚན་ཁ་ཅན། བཀའ་བརྒྱུད་རྩོད་པ་མེད་པ། དམུ་རྒོད་འདུལ་བར་ནུས་པའི། འཕྲིན་ལས་འགྲན་ཟླ་བྲལ་བ། རྫོགས་པའི་སངས་རྒྱས་དམ་པ། སྒོ་གསུམ་དགེ་རྩ་དང་བཅས་པ། མཐའ་མེད་སེམས་ཅན་དོན་དུ། ད་ལྟ་ཉིད་དུ་འབུལ་ལོ། །བརྩེ་བ་ཆེན་པོས་བཞེས་ཤིག །བཞེས་ནས་འགྲོ་བ་ཀུན་གྱི། གཏན་སྐྱབས་ཐུབ་པའི་བླ་མ། རྗེ་བཙུན་ཁྱེད་རང་ལྟ་བུར། སྙིང་ནས་བྱིན་གྱིས་རློབས་ཤིག །དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །ཅི་མཛད་ལེགས་པར་མཐོང་བར་བྱིན་གྱིས་རློབས་ཤིག །ཅི་གསུང་ཚད་མར་འཛིན་པར་བྱིན་གྱིས་རློབས་ཤིག །ཐུགས་ཡིད་གཅིག་ཏུ་འདྲེ་བར་བྱིན་གྱིས་རློབས་ཤིག །སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་དཔལ་ལྡན་བླ་མ་དམ་པ་དགྱེས་པའི་བྱ་བ་དང་མི་འབྲལ་བར་བྱིན་གྱིས་རློབས་ཤིག །མི་དགྱེས་པའི་བྱ་བ་རྣམ་པ་ཐམས་ཅད་དུ་མི་འབྱུང་བར་བྱིན་གྱིས་རློབས་ཤིག །སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་བློ་གཏད་བླ་མ་ལ་བཅས་ནས་ཆོས་བཞིན་གྱི་བཀའ་སྩལ་གང་གནང་བ་དེ་ལག་ཐོག་ཏུ་ལེན་ནུས་པར་བྱིན་གྱིས་རློབས་ཤིག །ལྟོ་གོས་ཀྱི་ངོ་བསྲུང་དང་ཆོས་བརྒྱད་ཀྱི་འབྲེལ་ཐག་ཆོད་པར་བྱིན་གྱིས་རློབས་ཤིག །སྙིང་ལ་རུས་པ་དུམ་བུ་རེ་ཡོད་པར་བྱིན་གྱིས་རློབས་ཤིག །ངེས་པར་འཆི་བ་སྙིང་ནས་དྲན་པ་དང་། །མོས་གུས་རྣལ་མ་རྒྱུད་ལ་སྐྱེ་བ་ནས། །ཞེན་ལོག་མཐའ་རུ་ཕྱིན་པའི་ངེས་འབྱུང་གིས། །མི་བསྐྱོད་དགའ་བའི་བྱིན་རླབས་འཇུག་གྱུར་ཅིག །སྐྱེ་བ་ཀུན་ཏུ་དཔལ་ལྡན་ཀརྨ་པ། །མི་བསྐྱོད་རྡོ་རྗེ་བླ་མར་བསྟེན་བྱས་ནས། །གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ཀྱི། །བསྐྱེད་རྫོགས་ལམ་གྱི་ཟུང་འཇུག་སྐུ་འགྲུབ་ཤོག །སྐྱེ་བ་ཀུན་ཏུ་ཡོངས་འཛིན་དམ་པ་མཆོག །ཞྭ་ནག་ཅོད་པན་འཛིན་པ་ཁོ་ན་དང་། །ཡི་དམ་སྙིང་པོ་དཔལ་ལྡན་བདེ་བ་མཆོག །འཁོར་ལོ་སྡོམ་པའི་རྗེས་སུ་འཛིན་གྱུར་ཅིག །ལམ་གྱི་སྙིང་པོ་མོས་གུས་ཕྱག་རྒྱ་ཆེ། །ཞེན་ལོག་ངོ་བོ་དཔལ་ལྡན་བླ་མའི་སྐུ། །ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཉིད། །རྣལ་འབྱོར་ལྡན་མ་གྲུབ་ཐོབ་སངས་རྒྱས་རྗེའི། །གོ་འཕང་བདེ་བླག་སེམས་ཅན་ཐམས་ཅད་ཀྱིས། །འགྲུབ་ཕྱིར་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དགེ་ཚོགས་འབད་པ་དེ་ཡི་ཕྱིར་དུ་བསྔོ། །དཔལ་ལྡན་སངས་རྒྱས་མཉན་པ་ཡབ་སྲས་དང་། །སྐྱེ་དང་ཚེ་རབས་ཀུན་ཏུ་མི་འབྲལ་ཤོག །མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ་གསོལ་བ་འདེབས་སོ། །མི་མཆོག་དུས་གསུམ་མཁྱེན་པ་ལ་གསོལ་༴ སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་༴ ཐུགས་རྗེ་ཅན་རང་བྱུང་ཀུན་མཁྱེན་ལ་༴ ནུས་པ་ཅན་སངས་རྒྱས་མཉན་པ་ལ༴ བྱིན་རླབས་ཅན་དགའ་བའི་དབྱངས་ཅན་ལ་༴ རྗེ་བཙུན་རྡོ་རྗེ་དབྱངས་ཅན་ལ་༴ མཚུངས་མེད་རྡོ་རྗེ་དགའ་བ་ལ་༴ ཟླ་མེད་དབྱངས་ཅན་བཟང་པོ་ལ་༴ འགྲན་མེད་མི་བསྐྱོད་བཟང་པོ་ལ་༴ མཁྱེན་རབ་མཚུངས་མེད་ལ་༴ ཐུགས་རྗེ་མཚུངས་མེད་ལ་༴ ནུས་པ་མཚུངས་མེད་ལ་༴ འཆི་བ་སྙིང་ནས་གཟེར་བར་བྱིན་གྱིས་རློབས་ཤིག །ཞེན་པ་གཏིང་ནས་ལོག་པར་༴ ཅིས་ཀྱང་དགོས་མེད་རྟོགས་པར་༴ མི་རྟག་ངེས་ཤེས་སྐྱེ་བར་༴ ཉེ་རིང་མེད་པའི་ཐུགས་རྗེ་ཅན་ལ་གསོལ་བ་འདེབས་སོ། །ཕྱོགས་ལྷུང་མེད་པའི་ཕྲིན་ལས་ཅན་ལ་གསོལ་༴ སྔ་ཕྱི་མེད་པའི་བྱིན་རླབས་ཅན་ལ་༴ མཐོང་ཐོས་དོན་ལྡན་གྱི་མཛད་པ་ཅན་ལ་༴ རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལ་༴ ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་ལ་༴ རྒྱལ་དབང་དཀོན་མཆོག་ཡན་ལག་ལ་༴ རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ་༴ གར་དབང་ཆོས་ཀྱི་དབང་ཕྱུག་ལ་༴ རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་ལ་༴ དཔལ་ལྡན་ཡེ་ཤེས་སྙིང་པོ་ལ་༴ མཚུངས་མེད་ཡེ་ཤེས་རྡོ་རྗེ་ལ་༴ དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལ་༴ རྒྱལ་དབང་བྱང་ཆུབ་རྡོ་རྗེ་ལ་༴ སི་ཏུ་ཆོས་ཀྱི་འབྱུང་གནས་ལ་༴ རྗེ་བཙུན་བདུད་འདུལ་རྡོ་རྗེ་ལ་༴ མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ་༴ པདྨ་ཉིན་བྱེད་དབང་པོ་ལ་༴ རྒྱལ་དབང་ཐེག་མཆོག་རྡོ་རྗེ་ལ་༴ རྗེ་བཙུན་བློ་གྲོས་མཐའ་ཡས་ལ་༴ ཀུན་བཟང་མཁའ་ཁྱབ་རྡོ་རྗེ་ལ་༴ པདྨ་དབང་མཆོག་རྒྱལ་པོ་ལ་༴ དཔལ་ལྡན་མཁྱེན་བརྩེ་འོད་ཟེར་ལ་༴ རང་བྱུང་རིག་པའི་རྡོ་རྗེ་ལ་༴ དྲིན་ཆེན་རྩ་བའི་བླ་མ་ལ་༴ ཞིང་ཁམས་སྤྲུལ་པས་ཁྱབ་པ་ལ་༴ རབ་འབྱམས་ཞིང་གི་བདག་པོ་ལ་༴ བསམ་བརྗོད་རེ་བ་ལས་འདས་པ་ལ་གསོལ་བ་འདེབས་སོ། །ཞེས་བྱ་བ་འདི་ནི་འབྲེལ་བ་ཐོགས་ཆོག་མའི་གསོལ་འདེབས་སུ་གྲགས་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་ཆུད་པའི་རྣ་ལམ་དུ་ལན་ཅིག་བསྒྲགས་ཀྱང་ངན་སོང་གི་སྐྱེ་སྒོ་དུ་མ་ཆོད་ནས། ཐར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན་རྗེ་བཙུན་རྡོ་རྗེའི་དབྱངས་ཅན་དེ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤིན་ཏུ་དཀར་བའི་འོད་ཟེར་གྱི་ཕྱག་རིང་པོ་བརྐྱངས་ནས། སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ལ་འདྲེན་པར་ཞལ་གྱིས་བཞེས་པ་ཡིན་ནོ། །མི་འཇིགས་པའི་དབུགས་ཆེན་པོ་འབྱིན་པའི་ཆོས་རྗེ་སྟོབས་པོ་ཆེ་ལ་གསོལ་བ་འདེབས་སོ། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པའི། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། ༈ །།དེ་ནས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གསོལ་འདེབས་ནི། གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །སེམས་དཔའ་རང་བྱུང་རྡོ་རྗེ་ལ། །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་རློབ་ཏུ་གསོལ། །དབུས་མི་འགྱུར་རྡོ་རྗེའི་གདན་སྟེང་ན། །བཅོམ་ལྡན་ཐུགས་རྗེ་ཆེན་པོ་ལ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས༴ སྣང་སྲིད༴ གཡས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་ལ། །དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས༴ སྣང་སྲིད༴ གཡོན་མཁའ་སྤྱོད་དག་པའི་གཞལ་ཡས་ན། །ཡུམ་གསང་བ་ཡེ་ཤེས་ཌཱ་ཀི་ལ། །མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས༴ སྣང་སྲིད༴ སྟེང་དག་པ་ལྷའི་གཞལ་ཡས་ན། །སློབ་དཔོན་པདྨ་འབྱུང་གནས་ལ། །གྲུབ་ཐོབ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས༴ སྣང་སྲིད༴ འོག་དམ་ཚིག་ཆེན་པོའི་གཞལ་ཡས་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་རློབ་ཏུ་གསོལ། །རྩ་བ་བརྒྱུད་པར་བཅས་རྣམས་ལ། །དད་ཅིང་གུས་པར་གསོལ་བཏབ་པས། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྣམ་པ་ཀུན་མཁྱེན་ཐོབ་པར་ཤོག །སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །འཛམ་གླིང་བདེ་བར་མཛད་དུ་གསོལ། །ཞེས་གྲུབ་ཆེན་ཀརྨ་པས་མཛད་པའོ།། ༈ །།ཐུན་བཞི་བླ་མའི་རྣལ་འབྱོར་དང་རྒྱལ་རྒྱམ་ལྷ་ལྔའི་གསོལ་འདི་གཉིས་ཀྱི་མ་དཔེ་ཀཾ་ཚང་ཆོས་སྤྱོད་རབ་གསལ་རུམ་བཏེག་པར་མ་ལྡེབ་གྲངས་༡༦༢ མདུན་ངོས་ཡིག་ཕྲེང་༦ པ་ནས་ལྡེབ་གྲངས་༡༦༩ རྒྱབ་ངོས་ཡིག་ཕྲེང་༢ པའི་བར་དུ་བཞུགས་ཡོད་ཅིང་། མ་ནམ་བཞི་སྐོར་གྱི་གསོལ་འདེབས་ནི་མ་གཏོགས་སོ། །སརྦ་མངྒ་ལཾ།། །།

གསོལ་འདེབས་བར་ཆད་ལམ་སེལ།

གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ༀ་ཨཱཿཧཱུྃ་བཛྲ་གུ་ུརུ་པདྨ་སིདྡྷི་ཧཱུྃ༔ སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔ ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱཿཧཱུྃ༴ དམ་ཆོས་རིན་ཆེན་གསན་པའི་ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔ གཡོན་པས་ཕུར་པའི་པུ སྟི་བསྣམས༔ ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད༔ ཡང་ལེ་ཤོད་ཀྱི་པཎྜི་ཏ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱཿཧཱུྃ༴ དམ་ཅན་དམ་ལ་བཏགས་པའི་ཚེ༔ དྲི་མེད་གནས་མཆོག་ཉམས་རེ་དགའ༔ རྒྱ་གར་བོད་ཡུལ་ས་མཚམས་སུ༔ བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔ དྲི་བསུང་སྤོས་ངད་ལྡན་པའི་རི༔ མེ་ཏོག་པདྨ་དགུན་ཡང་སྐྱེ༔ ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔ བདེ་ལྡན་དེ་ཡི་གནས་མཆོག་ཏུ༔ སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ རཀྟ་བདུད་རྩིས་ནང་དུ་གཏམས༔ མཁའ་འགྲོ་དམ་ཅན་དམ་ལ་བཏགས༔ ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱཿཧཱུྃ༴ རྒྱལ་བའི་བསྟན་པ་བཙུགས་པའི་ཚེ༔ གཡའ་རིའི་ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕང་༔ རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་བསྒྲིལ༔ བསྒྲིལ་ཞིང་ཙནྡན་ནགས་སུ་འཕང་༔ མེ་འབར་འཁྲུགས་ཤིང་མཚོ་ཡང་སྐེམ༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྴ་ནག་པོ་རྡུལ་དུ་བརླག༔ འགྲན་གྱི་དོ་མེད་བདུད་ཀྱི་གཤེད༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱཿཧཱུྃ༴ སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ ཁྱེའུ་ཆུང་སྤྲུལ་སྐུའི་ཆ་ལུགས་ཅན༔ ཡ་མཚན་གཟུགས་བཟང་ཁ་དོག་ལེགས༔ ཚེམས་འགྲིགས་དབུ་སྐྲ་སེར་ལ་མཛེས༔ དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔ བདུད་དང་སྲིན་པོའི་ཁ་གནོན་མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམས༔ མོས་པའི་བུ་ལ་སྲུང་སྐྱོབས་མཛད༔ མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱཿཧཱུྃ༴ འདྲེ་ཡི་ཡུལ་དུ་ུདགོངས་པའི་ཚེ༔ མེ་དཔུང་ཤོད་ཀྱི་ས་གཞི་ལ༔ མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་དུ་བསིལ་བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛད༔ མཚན་ཡང་པདྨ་འབྱུང་གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱཿཧཱུྃ༴ བོད་ཀྱི་ཉི་མ་མཛད་པའི་ཚེ༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདུལ་སྐུར་བསྟན་ནས༔ གཙང་ཁ་ལ་ཡི་ལ་ཐོག་ཏུ༔ དགྲ་ལྷའི་དགེ་བསྙེན་དམ་ལ་བཏགས༔ ཡུལ་ནི་ཚ་བའི་ཚ་ཤོད་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་བཞི་ལ་དངོས་གྲུབ་གནང་༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱཿཧཱུྃ༴ དཔལ་མོ་ཐང་གི་དཔལ་ཐང་དུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བོད་ཡུལ་ཁ་ལའི་ལ་ཐོག་ཏུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ འདམ་ཤོད་ལྷ་བུའི་སྙིང་དྲུང་དུ༔ ཐང་ལྷ་ཡར་བཞུད་དམ་ལ་བཏགས༔ ཧས་པོ་རི་ཡི་ཡང་གོང་དུ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ལ་ལས་སྲོག་གི་སྙིང་པོ་ཕུལ༔ ལ་ལས་བསྟན་པ་བསྲུང་བར་བྱས༔ ལ་ལས་བྲན་དུ་ཁས་བླངས་བྱས༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱཿཧཱུྃ༴ དམ་པ་ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔ བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སམྦྷ་ཝ༔ གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱཿཧཱུྃ༴ བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔ རྐྱེན་ངན་ཟློག་ཅིང་དངོས་གྲུབ་གནང་༔ རྗེ་བློན་ཐར་པའི་ལམ་ལ་བཀོད༔ གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱཿཧཱུྃ༴ དེ་ནས་ཨོ་རྒྱན་ཡུལ་དུ་བྱོན༔ ད་ལྟ་སྲིན་པོའི་ཁ་གནོན་མཛད༔ མི་ལས་ལྷག་གྱུར་ཡ་མཚན་ཆེ༔ སྤྱོད་པ་རྨད་བྱུང་ངོ་མཚར་ཆེ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱཿཧཱུྃ༴ སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན༔ དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ངེས་པར་སེལ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྤྲུལ་པའི་གཏེར་སྟོན་ཆེན་པོ་མཆོག་གྱུར་བདེ་ཆེན་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་པོའི་ཞབས་འོག་ལས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས། ཕྱི་གསོལ་འདེབས་ཀྱི་སྒྲུབ་པ་ལས་ཁོལ་དུ་ཕྱུང་བའོ།།

གསོལ་འདེབས་བསམ་པ་ལྷུན་གྲུབ།

གསོལ་འདེབས་བསམ་པ་ལྷུན་གྲུབ་བཞུགས་སོ། །ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོང་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་དུག་ལྔ་རང་རྒྱུད་སྤྱོད་པའི་ཚེཿ དེ་འདྲའི་དུས་ན་གུ་རུའི་ཐུགས་རྗེས་སྐྱོབས༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ ཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན༴ བསམ་པ༴ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམས་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས༴ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སྦས་ཡུལ་ནགས་ཁྲོད་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས༴ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་གྱིས་བསྐོར༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ ཡིད་གཉིས༴ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་གཡར་པོ་འཇིགས་ལ་ཐུག་པའི་ཚེ༔ ཡིད་གཉིས༴ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙཽ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད༔ ཨོ་རྒྱན༴ བསམ་པ༴ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན༴ བསམ་པ༴ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨོ་རྒྱན༴ བསམ་པ༴ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས༴ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་པ་རྩད་ནས་གཞིག་པར་བྱེད༔ ཨོ་རྒྱན༴ བསམ་པ༴ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང་༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས༴ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན༴ བསམ་པ༴ ཨོ་རྒྱན་རྗེས་འཇུག་འཁོར་བ་སྤོང་འདོད་རྣམས༔ རྩེ་གཅིག་གདུང་བས་གདུང་ཤུགས་དྲག་པོ་ཡིས༔ ཁྱེ འུས་ཕ་མར་འབོད་འདྲའི་གདུང་དབྱངས་ཀྱིས༔ ཉིན་མཚན་དུས་དྲུག་ནམ་བྱུང་གསོལ་བ་ཐོབ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་གཏེར་ལས་སོ།། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པ་ནས་སྤྱན་དྲངས་པའོ།། ༈ རྒྱལ་ཀུན་བསྐྱེད་ཡུམ་ཆོས་དབྱིངས་ཀུན་བཟང་མོ། །བོད་འབངས་སྐྱོབས་པའི་མ་གཅིག་དྲིན་མོ་ཆེ། །དངོས་གྲུབ་མཆོག་སྩོལ་བདེ་ཆེན་མཁའ་འགྲོའི་གཙོ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བླ་མའི་སྐུ་ཚེ་བརྟན་པར་བྱིན་གྱིས་རློབས། །ནད་མུག་མཚོན་སྐལ་ཞི་བར་བྱིན་གྱིས་རློབས། །བྱད་ཕུར་རྦོད་གཏོང་ཞི་བར་བྱིན་གྱིས་རློབས། །ཚེ་དཔལ་ཤེས་རབ་རྒྱས་པར་བྱིན་གྱིས་རློབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཅེས་པ་འདིའང་ཡེ་ཤེས་མཁའ་འགྲོས་བསྐྱངས་པའི་བུ་མཁའ་ཁྱབ་རྡོ་རྗེས་བྲིས་པ་དགེ་ལེགས་འཕེལ། མངྒ་ལཾ།། པདྨ་འབྱུང་གནས་ཁྱེད་སྐུ་སོགས་མཐའ་བརྒྱན་བྱའོ།།

སྒྲོལ་དཀར་སྔོན་བསྟོད་པ

སྒྲོལ་དཀར་སྔོན་བསྟོད་པ་བཞུགས་སོ། །པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་། །ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག ། ཅེས་པ་དགེ་སློང་མ་དཔལ་མོས་མཛད་པར་གྲགས་སོ། ༈ །རྒྱ་གར་སྐད་དུ། ན་མཿཏཱ་རཱ་ཨེ་ཀ་བིཾ་ཤ་ཏི་སྟོ་ཏྲ་གུ་ཎ་ཧི་ཏ་སཱ་ཀ །བོད་སྐད་དུ། སྒྲོལ་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་བསྟོད་པ་ཕན་ཡོན་དང་བཅས་པ། ༀ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བ རྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱིས་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བས་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་ནི་མཛད་མ། །ཕྱག་འཚལ་བསྐལ་པ་མཐའ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམ་ཀུན་ནས་བསྐོར་དགའ། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ༀ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཕན་ཡོན་ནི། ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དྭང་བརྗོད་པས། །སྲོད་དང་ཐོ་རངས་ལངས་པར་བྱས་ཏེ། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་འཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བརྟན་ལ་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་འཐོབ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་འདི་ནི་རྣམ་པར་སྣང་མཛད་ཆེན་པོས་གསུངས་པ་སྟེ་རྒྱུད་ལས་བྱུང་བའོ། །བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟོད་པ་གསུངས་པ་རྫོགས་སོ། །རྒྱུད་ཅ་བའི་ནང་ཞུགས། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྟོད་པ་ནི། ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་བསྟོད། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེའི་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །སྟོན་ཀའི་ཟླ་བའི་མདོག་འདྲ་ཞིང་། །ཟླ་བ་ལ་ནི་རྒྱབ་བ རྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་མོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་འཁོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ངག་དབང་གྲགས་པའི་རྒྱ་གཞུང་ངོ་། །ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ།། ཚིགས་བཅད་འདི་སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་ལས་གསུངས་སོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱོད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱོད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །ལྷ་མོའི་སྐུ་མདོག་ཟླ་འདྲའི་མདོག །སྒེག་ཅིང་དུལ་བའི་ཆ་བྱད་ཅན། །གཟུགས་བཟང་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པའི་དར་གྱིས་སྨད་གཡོགས་ཅན། །པདྨ་ཟླ་བའི་གདན་དབུས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱོད་ལ་བག་ཙམ་བསྟོད་པ་ནི། །བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར། །མི་མཐུན་ཕྱོགས་རྣམས་ཞི་གྱུར་ཅིག །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །ༀ་དགེ་བ་མ་ནི་གཟི་བརྗིད་ཅན། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །མཚོ་ལྡན་མ་དང་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །བརྟེན་སྦྱིན་གསོ་སྦྱིན་མ་སྭཱ་ཧཱ། །ༀ་ཡིག་འདོད་པའི་གཟུགས་ཆེན་མ། །སེམས་ཅན་ཀུན་ལ་ཕན་བརྩོན་མ། །གཡུལ་ལས་སྒྲོལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ཕར་ཕྱིན་མ། །འཕགས་མ་སྒྲོལ་མ་ཡིད་འོང་མ། །གར་མ་རྔ་ཆེན་དུང་ཅན་མ། །རིག་པའི་རྒྱལ་མོ་ཚིག་སྙན་མ། །ཟླ་བའི་གདོང་ཅན་དཀར་མོ་ཆེ། །མི་ཕམ་མ་དང་གོས་སེར་མ། །སྒྱུ་མ་ཆེན་མོ་དཀར་ཆེན་མོ། །སྟོབས་ཆེན་ཕ་རོལ་གནོན་པ་མོ། །དྲག་མོ་ཆེན་མོ་གཏུམ་ཆེན་མོ། །སྡང་བའི་སེམས་ཅན་རླག་བྱེད་མ། །རབ་ཏུ་ཞི་མ་ཞི་གཟུགས་མ། །རྣམ་པར་རྒྱལ་མ་འབར་འོད་མ། །གློོག་གི་ཕྲེང་མ་རྒྱལ་མཚན་མ། །རལ་གྲི་འཁོར་ལོ་གཞུ་ཐོགས་མཚོན། །སྨུག་བྱེད་རིངས་བྱེད་ནག་མོ་དང་། །དུས་མཚན་མ་དང་མཚན་སྤྱོད་མ། །སྲུང་བྱེད་རྨོངས་བྱེད་ཞི་བ་མོ། །ཞུ་མ་དགེ་མ་སུ་སྒྲོལ་མ། །ཚངས་རིག་མ་དང་རིག་བྱེད་ཡུམ། །གསང་ལེན་མ་དང་ཕུག་གནས་མ། །བཀྲ་ཤིས་བདེ་བྱེད་ཞི་བྱེད་མ། །སྐྱེས་པ་རིག་བྱེད་ཡིད་མགྱོགས་མ། །ཐོད་པ་ཅན་མ་ཤུགས་ཆེན་མ། །མཚམས་མ་བདེན་མ་གཞན་ལས་རྒྱལ། །དེད་དཔོན་ཆེན་མོ་སྙིང་རྗེས་འཇུག །ཉམས་ལ་ལམ་ནི་རབ་སྟོན་མ། །མཆོག་སྟེར་འཆོས་བྱེད་སྟོན་པ་མོ། །བུད་མེད་གཟུགས་ལ་དཔག་མེད་གནོན། །གྲུབ་མ་རི་ཁྲོད་རྣལ་འབྱོར་མ། །གདོལ་མ་ངེས་མ་བདུད་རྩི་མ། །ནོར་ཆེན་བསོད་ནམས་སྐལ་ཆེན་མ། །སྐལ་བཟང་མ་དང་གྲོགས་སྟོན་མ། །གཤིན་རྗེ་སྐྲག་བྱེད་འཇིགས་བྱེད་མ། །དྲག་ཤུལ་དྲག་ཤུལ་དཀའ་ཐུབ་ཆེ། །འགྲོ་ལ་གཅིག་ཏུ་ཕན་བརྩོན་མ། །སྐྱོབ་མ་གུས་ལ་གཉེན་གཤིན་མ། །ཞི་མ་ཕྲ་མོ་ངག་དབང་ཕྱུག །རྟག་མ་ཀུན་གྱི་མར་གྱུར་མ། །དོན་ཀུན་སྒྲུབ་བྱེད་བཟང་པོ་མ། །སྦས་མ་མ་མ་ནོར་སྦྱིན་མ། །འཇིགས་མེད་གཽ་ཏམ་མཱ་རབ་བཤད། །དཔལ་ལྡན་འཇིག་རྟེན་དབང་སྲས་མོ། །ཡོན་ཏན་མཐའ་ཡས་སྒྲོལ་མའི་མཚན། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །ༀ་ཏཱ་རེ་ཀྲྀ་པཱ་བ་ལཾ་བ་ན། །མཻ་ཏྲ་ཡཱཏྨ་ཀེ་ཤྲ་པ་ཎཱི་ཡེ་སྭཱ་ཧཱ། །ཞེས་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ་སྤྱན་རས་གཟིགས་ཀྱིས་གསུངས་པའོ། །སེངྒེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང་། །ལྕགས་སྒྲོགས་རྒྱ་མཚོ་ཤ་ཟའི་འཇིགས་པ་རྣམས། །ཞི་མཛད་ཟླ་བའི་འོད་ལྟར་མཛེས་པའི་སྐུ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཞབས་ཀྱི་པདྨ་གཉིས་ལ་ནི། །ཡན་ལག་མཆོག་གིས་རབ་ཏུ་གཏུགས་གྱུར་ན། །མངོན་འདོད་བདེ་བའི་འབྲས་བུ་སྨིན་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །འདབ་མ་བརྒྱ་ལྡན་ཡངས་པའི་སྙིང་པོ་ནི། །གསེར་ཞུན་ཉི་མ་འཆར་ཀའི་མདོག་འདྲ་ཞིང་། །རྡུལ་བྲལ་སྟོན་ཀའི་ཟླ་ལྟར་དྲི་མེད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །དྲང་སྲོང་གཙོ་དང་གྲུབ་པ་ལྟོ་འཕྱེ་ཆེ། །གཤིན་རྗེ་སྲིན་པོ་གནོད་སྦྱིན་ལྷ་མིན་དང་། །ལྷ་ཚོགས་རྣམས་ཀྱིས་ཞབས་ལ་ཕྱག་བྱས་པའི། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །གླིང་དང་ནགས་ཚལ་སྟུག་པོ་རི་ཁྲོད་དང་། །ཕུག་དང་ཆུ་ཀླུང་རི་བོའི་རྩེ་རྣམས་སུ། །དུས་རྣམས་ཀུན་ཏུ་བཞུགས་པར་གྱུར་པ་ཡི། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་༴ །སེངྒེ་སྟག་དང་གླང་པོ་མཚོ་ཆེན་དང་། །མེ་དང་འཆིང་བ་རྐུན་པོ་སྦྲུལ་གདུག་གི །གནོད་པ་ཐམས་ཅད་རབ་ཏུ་འཇོམས་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་༴ །ཏཱ་རེ་ཏུཏྟཱ་རེ་དང་ཏུ་རེ་ཡིས། །གཡུལ་གྱི་མཚོན་ཆ་ཟློག་མཛད་ཕན་པར་དགོངས། །འཇིགས་དང་རྨི་ལམ་ངན་པ་འཇོམས་མཛད་མ། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་༴ །ཐུགས་རྗེས་ནོན་པའི་ཐབས་ཀྱིས་གང་དང་གང་། །སེམས་ཅན་གཟིགས་གྱུར་དེ་ཡི་དཔལ་འཕེལ་མ། །སྒྲོལ་མས་མི་བསླུའི་འབྲས་བུ་མྱུར་ཐོབ་མཛད། །བཅོམ་ལྡན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྒྲོལ་མ་ལ་བསྟོད་པ་ཚིགས་བཅད་བརྒྱད་པའོ། །རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བའི་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱོད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་གསུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོན་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སུ། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །མདོ་སྡེ་ལས་ཚིག་བསྒྱུར་བའོ། །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཆོས་རྒྱལ་ཁྲི་སྲོང་གིས་གསུངས་པར་གྲགས་སོ། །

བསངས་མཆོད་བདུད་རྩི་སྤྲིན་ཕུང།

ཤོ དྷི ཀཱ པཱུ ཛཱ མྲྀ ཏ མེ གྷ ཀཱ ཡ མངྒ ལ བ ཪྵ ཏི ནཱ མ བི ཧ ར ཏི སྨ། །༄༅། །བསངས་མཆོད་བདུད་རྩི་སྤྲིན་ཕུང་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

སྤྲོས་བྲལ་ཆོས་དབྱིངས་གདོད་ནས་དག་པའི་ཐུགས། །བདེ་ཆེན་མ་འགགས་ལོངས་སྤྱོད་ཡོངས་རྫོགས་པ། །དུ་མའི་གར་མཁན་བླ་མེད་སྤྲུལ་པའི་སྐུ། །རིག་འཛིན་པདྨ་ཀ་རས་རྟག་སྐྱོངས་ཤིག །གང་ཞིག་ཆོས་ཀུན་གདོད་ནས་དྲི་བྲལ་ཡང་། །གློ་བུར་རབ་རིབ་དྲི་མ་བསལ་བའི་ཕྱིར། །སྣ་ཚོགས་ཆོས་ཚུལ་དཔག་མེད་སྟོན་པ་ལས། །ཕྲིན་ལས་བསངས་མཆོད་རིམ་པ་བརྩམ་པར་བྱ། །དེ་ཡང་བདག་གཞན་བྱང་ཆུབ་སྒྲུབ་པ་ཡི། །མི་མཐུན་རྐྱེན་རྣམས་ཡོངས་སུ་ཞི་ཕྱིར་དང་། །གྲིབ་དང་མི་གཙང་ནད་གདོན་སེལ་བ་དང་། །འཛམ་གླིང་བདེ་དང་ཚེ་བསོད་སྤེལ་བ་དང་། །དབང་དུ་བྱེད་དང་བྱེས་སུ་འགྲོ་བ་དང་། །ལྷ་ངོ་བསྟོད་དང་ཉམ་ང་ཞི་ཕྱིར་སོགས། །མདོར་ན་ཕྲིན་ལས་རྣམ་བཞི་ཅི་སྒྲུབ་ཀྱང་། །བསངས་མཆོད་བརྔན་གྱི་རིམ་པ་བགྱིད་པར་བཤད། །དེ་ལ་དང་པོ་གཙང་མའི་ས་ཕྱོགས་སུ། །བླ་མ་དཀོན་མཆོག་ཆོས་སྐྱོང་རྟེན་བཀྲམ་པའི། །དྲུང་དུ་གཞི་དཀར་སྟེང་དུ་སྣོད་གཙང་མར། །བླ་མ་ཡི་དམ་ཆོས་སྐྱོང་གཏོར་མ་དང་། །བརྔན་དང་གཞི་བདག་ལ་སོགས་ཅི་དགོས་པའི། །མཆོད་གཏོར་ཀུན་དང་རིན་ཆེན་འབྲུ་སྨན་སྤོས། །དར་ཟབ་ཕྱེ་མར་ཆང་དང་ཟས་སྣའི་ཚོགས། །སྤྱན་གཟིགས་ཅི་འབྱོར་མ་ལུས་ཀུན་ཏུ་བཤམ། །བསང་ཁང་ཟླུམ་པོ་ཡིད་འོང་མེ་སྒོ་ཅན། །དུག་ཤིང་ལ་སོགས་མི་གཙང་མ་ཡིན་པའི། །ཤིང་སྣ་ཚོགས་ཚད་སྤུངས་པའི་ཕུང་པོར་བཅས། །རོལ་མོའི་བྱེ་བྲག་རྣམས་ཀྱང་ལེགས་པར་བཤམས། །དེ་ལྟར་བཅས་རྣམས་ཚོགས་པར་བྱས་ནས། ཆོ་གའི་རིམ་པ་ནི། བླ་མེད་བླ་མ་ཕྱོགས་བཅུ་དུས་གསུམ་གྱི། །བདེ་གཤེགས་རྒྱལ་བ་དམ་ཆོས་དགེ་འདུན་དང་། །ཡི་དམ་ཌཱ་ཀི་ཆོས་སྐྱོང་ཚོགས་བཅས་ལ། །བདག་གཞན་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ནམ་མཁའི་མཐའ་མཉམ་སེམས་ཅན་མ་ལུས་པ། །གློ་བུར་འཁྲུལ་རྟོག་མ་རིག་གིས་ལྡོངས་པའི། །ཉམ་ཐག་འགྲོ་ཀུན་སྒྲོལ་ཞེས་དེང་ཉིད་ནས། །རབ་བརྟན་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདེ་ལྡན་སྡུག་བསྔལ་བྲལ། །དགའ་དང་ལྡན་ཞིང་བཏང་སྙོམས་ཆེར་གནས་ཤོག །ཞེས་སྐྱབས་སེམས་དང་ཚད་མེད་བཞི་བསྒོམས་པ་སྔོན་དུ་འགྲོ་བས། མཆོད་གཏོར་ལ་སོགས་པ་བསངས་སྦྱངས། ༀ་བཛྲ་ཨ་མྲྀ་ཏ༴ ༀ་སྭ་བྷ་ཝ༴ སྟོང་པའི་ངང་ལས་རིན་ཆེན་སྣོད་ཀྱི་ནང་། །ལྷ་རྫས་དམ་པའི་མཆོད་ཡོན་ཞབས་བསིལ་བ། །མེ་ཏོག་བདུག་སྤོས་སྣང་གསལ་མར་མེ་དྲི། །ཞལ་ཟས་རོལ་མོ་ཛ་གད་བདུད་རྩིའི་མཚོ། །དམར་ཆེན་རཀྟ་དཀར་དམར་བ་ལིཾ་ཚོགས། །འདོད་ཡོན་རྒྱལ་སྲིད་རྣམ་མང་སྤྱན་གཟིགས་དང་། །བསངས་མཆོད་བརྔན་གྱི་ཡོ་བྱད་ལ་སོགས་པ། །རྒྱ་ཆེན་ཟད་མེད་ཀུན་བཟང་མཆོད་པའི་སྤྲིན། །སོ་སོའི་ཡིད་བཞིན་བདེ་སྐྱིད་མཐུན་རྫས་ཚོགས། །དཔག་མེད་ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །རྣམ་པར་འཕྲུལ་པའི་ལོངས་སྤྱོད་རྨད་བྱུང་བ། །མཁའ་མཉམ་རྒྱུན་མི་ཆད་པ་ཉིད་དུ་གྱུར། །ༀ་ཨཱཿཧཱུྃ། ཨ་ཀཱ་རོས་བྱིན་གྱིས་བརླབ། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་གྱི་ནམ་མཁར་རིན་ཆེན་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ནམ་མཁའི་སྐུ་ཅན། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་སྟབས་སུ་འཛིན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་སྤྲས་པ། མཚན་དང་དཔེ་བྱད་མཆོག་ཏུ་འབར་བ། དེའི་སྟེང་དང་འོག་དང་བར་གྱི་ཆ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་བཀའ་བརྒྱུད་ཀྱི་བླ་མ། རྒྱལ་བ་ཤཱཀྱའི་དབང་པོ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ། ཆོས་སྐུ་ཡུམ་ཆེན་མོ་ལ་སོགས་པ་དམ་ཆོས། ཉེ་བའི་སྲས་ཆེན་བརྒྱད། མཆོག་ཟུང་ལ་སོགས་པ་དགེ་འདུན་གྱི་ཚོགས་རྣམས་དང་། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་གྱི་ལྷ་རབ་འབྱམས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་བེར་ཅན་ཀུན་དགའ་གཞོན་ནུ་ལ་སོགས་པ་དཔལ་མགོན་ཆོས་སྐྱོང་བའི་སྲུང་མའི་ཚོགས་རྣམས་དང་། གཞན་ཡང་ཡེ་ཤེས་དང་ལས་ལས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ། དམ་ཅན་རྒྱ་མཚོ་ལྷ་སྲིན་སྡེ་བརྒྱད། གློ་བུར་བ་དང་གཉུག་མར་གནས་པའི་ཡུལ་ལྷ་གཞི་བདག་ལ་སོགས་པའི་བསངས་མགྲོན་གྱི་ཚོགས་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་སྤྲིན་ཕུང་གཏིབས་པ་ལྟ་བུས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ བདེ་ཆེན་ཆོས་དབྱིངས་རབ་འབྱམས་ཀློང་ཡངས་ནས། །འགགས་མེད་ཐུགས་རྗེའི་སྒྱུ་འཕྲུལ་གར་རོལ་བ། །རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས། །ཞི་བ་བསངས་མཆོད་འབུལ་གྱི་གཤེགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ རིན་ཆེན་རབ་བཀོད་ཡིད་འོང་ཁྲིར། །པད་ཟླ་ཉི་གདན་རབ་བརྗིད་པ། །བམ་ཆེན་མེ་རི་འབར་བའི་ཀློང་། །ཅི་བདེའི་གདན་ལ་བཞུགས་སུ་གསོལ། །ༀ་བཛྲ་ཨཱ་ས་ན་པདྨ་ཀ་མ་ལཱ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །ལྷ་རྫས་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེ། །དག་ཅིང་དྲི་མེད་མཆོད་ཡོན་ཞབས་བསིལ་དང་། །ཡིད་འོང་མེ་ཏོག་རྨད་བྱུང་དྲི་ངད་བཟང་། །རབ་གསལ་སྒྲོན་མེ་ཚིམ་བྱེད་བྱུག་པའི་ཚོགས། །ཕུན་ཚོགས་རོ་ལྡན་བཟའ་བཅའ་རབ་སྙན་སྒྲ། །འདོད་ཡོན་རྣམ་མང་རིན་ཆེན་མཆོད་པའི་སྤྲིན། །ས་དང་བར་སྣང་མ་ལུས་ཡོངས་ཁྱབ་པ། །བློ་ཡིས་བླངས་ཏེ་རྒྱལ་བ་སྲས་བཅས་ལ། །ཀུན་ཏུ་གུས་པའི་སྒོ་ནས་མཆོད་པར་བགྱི། །བརྩེ་བ་ཆེན་པོས་དགོངས་ཏེ་བཞེས་ནས་ཀྱང་། །བྱིན་རླབས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། སོགས་ཀྱིས་མཆོད། དཀོན་མཆོག་རྒྱལ་བ་རྒྱ་མཚོའི་ངོ་བོ་ཉིད། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་གཏེར། །བྱིན་རླབས་རྨད་བྱུང་རྡོ་རྗེ་འཛིན་རྒྱལ་པོ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ཀུན་རྟོག་མ་རིག་འཁྲུལ་པས་བསླད་པ་རྣམས། །ཡོངས་སུ་འདུལ་ཕྱིར་ཁྲོ་ཆགས་ཞི་བའི་ཉམས། །དཔག་མེད་རྣམ་རོལ་དངོས་གྲུབ་ཀུན་སྩོལ་བའི། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཞེ་སྡང་སྙིང་རྗེ་ཆེར་ཁྲོས་པའི། །གར་གྱི་ཉམས་ལྡན་བསྟན་སྲུང་རྣལ་འབྱོར་སྐྱོང་། །ཕྲིན་ལས་ཀུན་སྒྲུབ་མ་ཧཱ་ཀཱ་ལའི་ཚོགས། །ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། ཧཱུྃ། རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ནས། །བླ་མ་དཀོན་མཆོག་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །དག་པ་རབ་འབྱམས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་སྤྱན་འདྲེན་གཤེགས། །མངའ་གསོལ༴ བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་གཉན་པོའི་ཕོ་བྲང་ནས། །ཆོས་སྐྱོང་སྲུང་མ་སྤྱན་འདྲེན༴ མངའ་གསོལ༴ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བྱ་རོག་མཚན་ཅན་སྤྱན་འདྲེན་གཤེགས། །མངའ་གསོལ༴ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རབ་འཇིགས་དུར་ཁྲོད་གནས་མཆོག་ནས། །ཀུན་དགའ་གཞོན་ནུ་སྤྱན་འདྲེན་གཤེགས། །མངའ་གསོལ༴ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རང་རང་སོ་སོའི་གནས་མཆོག་ནས། །ཡུལ་ལྷ་གཞི་བདག་སྤྱན་འདྲེན་གཤེགས། །མངའ་གསོལ༴ རྣལ་འབྱོར་འདོད་དོན་བསྒྲུབ་པར་མཛོད། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དང་། །དམར་ཆེན་རཀྟ་གཏོར་མ་དང་། །བདུད་རྩི་སྨན་དང་རྩི་བཅུད་དང་། །རིན་ཆེན་སྨན་སྣ་མཐུན་རྫས་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡིས། །རྩ་བརྒྱུད་བླ་མ་མངའ་གསོལ་ལོ། །ཡི་དམ་ལྷ་ཚོགས་མངའ་གསོལ་ལོ། །དཔའ་བོ་མཁའ་འགྲོ་མངའ་གསོལ་ལོ། །ཆོས་སྐྱོང་སྲུང་མ་མངའ༴ དཔལ་ལྡན་མགོན་པོ༴ མ་ཧཱ་ཀཱ་ལ༴ བྱ་རོག་མཚན་ཅན༴ སེང་གེའི་གདོང་ཅན༴ དཔལ་ལྡན་ལྷ་མོ༴ དྲེགས་པའི་གཙོ་བོ༴ སྡེ་བརྒྱད་མཐུ་ཆེན༴ ཡུལ་ལྷ་གཞི་བདག༴ མཆོད་འོས་རྒྱ་མཚོ་མངའ་གསོལ་ལོ། །གསོལ་ཞིང་མཆོད་པའི་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་པ་རྒྱས་པར་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་རྣམས་ཞི་བ་དང་། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཞེས་མངའ་གསོལ་བྱ་ཞིང་འདིར་ཆོས་སྐྱོང་སོགས་ཀྱི་གསོལ་མཆོད་དང་རྟེན་འཛུགས་སོགས་སྤྲོ་ན་བྱའོ། ༈ །དེ་ནས་ཕྱེ་མར་གྱི་སུམ་ཆ་དར་ཚོན་འབྲུ་སྨན་སོགས་བསངས་ཁང་ཐོག་ཏུ་ཕུལ་ཞིང་མེ་སྦར། ཆང་ཕུད་སོགས་བྲན་ནས་འདི་སྐད་དོ། །ཀྱཻ། ཆོས་དབྱིངས་བདེ་ཆེན་ལྷུན་གྲུབ་གཞལ་ཡས་ཁང་། །གདོད་ནས་སྤྲོས་བྲལ་བྱང་ཆུབ་ཕྱོགས་ཀྱིས་མཛེས། །རྣམ་དག་ཞིང་འདིར་བྱིན་གྱིས་བརླབས་པ་ཡི། །རྩ་བརྒྱུད་བླ་མ་དངོས་གྲུབ་ཀུན་སྩོལ་བའི། །ཡི་དམ་ལྷ་ཚོགས་ཕྲིན་ལས་སྟང་འཛིན་པ། །དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས། །བརྩེ་བས་འདིར་བྱོན་དགྱེས་པར་བཞུགས་ནས་ཀྱང་། །དེ་རིང་གཙང་མའི་བསངས་མཆོད་འདི་བཞེས་ཤིག །དཔག་མེད་བསྐལ་པ་དང་པོ་ཤར་བའི་ཚེ། །སྐབས་གསུམ་པ་དང་ཕ་རོལ་འཁྲུགས་པ་ན། །དཔག་བསམ་རྐང་འཐུང་དྲི་བཟང་སྤྲོས་པ་ཡིས། །གདུག་པའི་སེམས་བྲལ་བདེ་བ་ལྡན་པར་བྱས། །བར་དུ་རིག་འཛིན་མཚོ་སྐྱེས་རྒྱལ་པོ་ཡིས། །གངས་ཅན་སྐྱེ་དགུ་རྣམ་གྲོལ་ལམ་བཟང་པོར། །འགོད་ཚེ་རྡོ་རྗེའི་ཚུལ་ཁྲིམས་དྲི་བསུང་གིས། །མ་རིག་དུག་ལྔའི་དྲི་མ་བཅོམ་པར་མཛོད། །ད་ལྟ་རྣལ་འབྱོར་རིག་འཛིན་བདག་ཅག་གིས། །དངོས་གྲུབ་ཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར། །ཞི་བ་བསངས་ཀྱི་མཆོད་པ་འདི་འབུལ་བས། །བདེ་ལེགས་ཡིད་བཞིན་འདོད་དོན་ཀུན་འགྲུབ་མཛོད། །ཀྱཻ། སྐྱབས་གནས་དམ་པ་ཁྱེད་རྣམས་ལ། །དེ་རིང་ཕྱག་འཚལ་མཆོད་པ་འབུལ། །མཆོད་འོས་རྒྱ་མཚོ་ཁྱེད་རྣམས་ལ། །དེ་རིང་དམ་རྫས་མཉེས་མཆོད་འབུལ། །དེ་རིང་གཙང་མའི་བསངས་མཆོད་ནི། །སྐྱེ་འགགས་སྤྲོས་བྲལ་འབྱུང་བ་ལྔ། །རྣམ་དག་བདེ་ཆེན་ཡུམ་ལྔའི་ཀློང་། །ཁམས་ལྔ་འདུས་པའི་རང་བཞིན་ལས། །ཕྱི་སྣོད་འཇིག་རྟེན་སྣོད་ཀྱི་ཚུལ། །ནང་ཅུད་སེམས་ཅན་ཚོགས་སུ་འཁྲུངས། །འཁོར་འདས་རབ་འབྱམས་ཀློང་ཡངས་ཤར། །སྤོས་དྲི་ངད་ལྡན་འཛམ་གླིང་རིར། །འབྱུང་ལྔ་དག་པའི་མེ་ཏོག་འཁྲུངས། །བདུད་རྩི་ཤིང་གི་འབྲས་བུ་སྨིན། །དྲི་ཞིམ་སྤོས་ཀྱི་ངད་ལྡན་པའི། །བལ་བུ་གསེར་སྟག་ཙནྡན་དང་། །ལོ་བཟང་མུ་ལེ་གྲམ་ཤིང་དང་། །སྦ་སྨྱུག་དེ་བ་དཱ་རུ་དང་། །མཁན་དཀར་དཔག་བསམ་ལྗོན་ཤིང་སོགས། །དག་བྱེད་གཙང་མར་གྱུར་པ་ཡི། །ཤིང་སྣ་ཚོགས་པའི་དུད་པ་དང་། །ཕྱེ་མར་ཟས་ཕུད་སྐྱེམས་དང་ནི། །གཡག་ལུག་ར་གསུམ་གཟུགས་འགྲོས་དང་། །དཀར་དམར་མདངས་ལྡན་བ་ལིཾ་ཏ། །རིན་ཆེན་དར་ཟབ་འབྲུ་སྨན་དང་། །རོལ་མོ་སིལ་སྙན་སྒྲ་དབྱངས་སོགས། །ས་གཞི་བར་སྣང་ཀུན་གང་བའི། །དགེ་དང་མཐུན་པའི་དམ་རྫས་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡི། །ཕྱི་ནང་གསང་བའི་འདོད་ཡོན་ཚོགས། །བསངས་ཀྱི་མཆོད་སྤྲིན་རྒྱ་མཚོ་འདིས། །དེ་རིང་མཆོད་པ་རབ་ཏུ་འབུལ། །ཀྱཻ། སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །སྐྱབས་གནས་དགེ་ལེགས་ཡོན་ཏན་ཞིང་། །དྲིན་ཆེན་རྩ་བའི་བླ་མ་བསངས། །ཤཱཀྱ་ཐུབ་པ་ལ་སོགས་པའི། །དུས་གསུམ་སངས་རྒྱས་ཐམས་ཅད་བསངས། །སྡེ་སྣོད་རྒྱུད་སྡེ་ལ་སོགས་པའི། །ལུང་རྟོག་དམ་ཆོས་ཐམས་ཅད་བསངས། །ཉན་ཐོས་བྱང་སེམས་ལ་སོགས་པའི། །འཕགས་པའི་དགེ་འདུན་ཐམས་ཅད༴ རྡོ་རྗེ་འཆང་ཆེན་ལ་སོགས་པའི། །བཀའ་བརྒྱུད་བླ་མ་ཐམས་ཅད༴ ཀུན་ཏུ་བཟང་པོ་ལ་སོགས་པའི། །བླ་མ་སྐུ་གསུམ་ཐམས་ཅད༴ དཔལ་མཆོག་ལཱུ་ཧི་པ་ལ་སོགས། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི༴ ཨིནྡྲ་བོ་དྷི་ལ་སོགས་པའི། །རྣལ་འབྱོར་གྲུབ་ཆེན་བརྒྱད་པོ༴ འཕགས་པ་ཀླུ་སྒྲུབ་ལ་སོགས་པའི། །འཛམ་གླིང་རྒྱན་དྲུག་མཆོག་གཉིས༴ མར་པ་ལོ་ཙཱ་ལ་སོགས་པའི། །ལོ་པཎ་སྐྱེས་མཆོག་ཐམས་ཅད༴ ས་ར་ཧ་ལ་སོགས་པ་ཡི། །རྒྱ་གར་པཎ་གྲུབ་ཐམས་ཅད༴ མི་ལ་རས་པ་ལ་སོགས་པའི། །བོད་ཀྱི་གྲུབ་ཆེན་ཐམས་ཅད༴ དྭགས་པོ་ལྷ་རྗེ་ལ་སོགས༴ བསྟན་འཛིན་སྐྱེས་མཆོག་ཐམས་ཅད༴ དུས་གསུམ་མཁྱེན་པ་ལ་སོགས༴ སྤྲུལ་པའི་བརྒྱུད་འཛིན་ཐམས་ཅད༴ པདྨ་འབྱུང་གནས་ལ༴ རིག་འཛིན་བརྒྱུད་པའི་བླ་མ༴ དམ་པ་སངས་རྒྱས་ལ༴ ཞི་བྱེད་བརྒྱུད་པ་ཐམས་ཅད༴ དཱི་པཾ་ཀཱ་ར་ལ༴ ལམ་རིམ་བརྒྱུད་པའི་བླ་མ་བསངས། །ཤཱཀྱ་ཤྲཱི་ལ་སོགས་པའི། །བཀའ་གདམས་བརྒྱུད་པའི་བླ་མ༴ ཡེ་ཤེས་མཁའ་འགྲོ་ལ་སོགས༴ གཅོད་ཡུལ་བརྒྱུད་པའི་བླ་མ༴ ནཱ་རོ་པཎ་ཆེན་ལ་སོགས་པའི། །ཆོས་དྲུག་བརྒྱུད་པའི་བླ་མ་བསངས། །ཕྱག་ཆེན་བརྒྱུད་པའི་བླ་མ༴ རྫོགས་ཆེན་བརྒྱུད་པའི་བླ་མ༴ དབུ་མ་བརྒྱུད་པའི་བླ་མ༴ ལམ་འབྲས་བརྒྱུད་པའི་བླ་མ༴ མན་ངག་བརྒྱུད་པའི་བླ་མ༴ བྱང་སྡོམ་བརྒྱུད་པའི་བླ་མ༴ སོ་ཐར་བརྒྱུད་པའི་བླ་མ༴ བློ་སྦྱོང་བརྒྱུད་པའི་བླ་མ༴ མཚན་ཉིད་བརྒྱུད་པའི་བླ་མ༴ བསྟན་སྲུང་བརྒྱུད་པའི་བླ་མ༴ བརྒྱུད་པ་སོ་སོའི་བླ་མ༴ ཀཾ་ཚང་བརྒྱུད་པའི་བླ་མ༴ སངས་རྒྱས་བྱང་སེམས་སྤྲུལ་པའི་སྐུ། །ཐབས་མཁས་འགྲོ་དོན་མཛད་པའི་ཕྱིར། །རང་རང་སོ་སོའི་སྐུར་སྟོན་པའི། །རྩ་བརྒྱུད་བླ་མ་ཐམས་ཅད་བསངས། །ཞི་བ་བསངས་ཀྱི་མཆོད་པ་འདིས། །ནད་གདོན་བར་ཆད་ཞི་གྱུར་ཅིག །གྲིབ་དང་མི་གཙང་བསངས་གྱུར་ཅིག །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཀྱཻ། དག་པ་ལོངས་སྐུའི་གཞལ་ཡས་ནས། །གར་དགུའི་ཉམས་ཀྱིས་རབ་དཔའ་བ། །ཞི་ཁྲོ་རབ་འབྱམས་རྒྱ་མཚོ་ཡི། །ཡི་དམ་ལྷ་ཚོགས་ཐམས་ཅད་བསངས། །དང་པོའི་སངས་རྒྱས་ལ་སོགས་པའི། །གཉིས་མེད་དུས་འཁོར་ལྷ་ཚོགས༴ བདེ་དགྱེས་ཕག་མོ་ལ་སོགས༴ མ་རྒྱུད་ལྷ་ཚོགས་ཐམས་ཅད༴ གསང་འདུས་གཤེད་དམར་ལ་སོགས༴ ཕ་རྒྱུད་ལྷ་ཚོགས་ཐམས་ཅད༴ རྡོར་དབྱིངས་དཔལ་རྩེ་ཀུན་རིག་སོགས། །རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས༴ རྣམ་སྣང་མངོན་བྱང་ལ༴ སྤྱོད་རྒྱུད་ལྷ་ཚོགས་ཐམས་ཅད༴ དམ་ཚིག་གསུམ་བཀོད་ལ་སོགས་པའི། །བྱ་རྒྱུད་ལྷ་ཚོགས་ཐམས་ཅད༴ རྡོ་རྗེ་སེམས་དཔའ་ལ་སོགས༴ ཞི་བའི་ལྷ་ཚོགས་ཐམས་ཅད༴ ཆེ་མཆོག་ཁྲག་འཐུང་ལ་སོགས༴ ཁྲོ་བོའི་ལྷ་ཚོགས་ཐམས་ཅད༴ ཡང་དག་རྟ་མགྲིན་ལ་སོགས༴ བཀའ་བརྒྱད་བཀའ་གཏེར་ལྷ་ཚོགས༴ རྣམ་སྣང་མི་བསྐྱོད་ལ༴ རྒྱལ་བ་རིགས་ལྔའི་ལྷ་ཚོགས༴ རྡོ་རྗེ་དབྱིངས་ཕྱུག་ལ་སོགས་པའི། །ཡུམ་ལྔའི་ལྷ་ཚོགས་ཐམས་ཅད༴ འཕགས་པ་འཇམ་དབྱངས་ལ༴ བདེ་གཤེགས་རིགས་ཀྱི་ལྷ་ཚོགས༴ སྤྱན་རས་གཟིགས་དབང་ལ་སོགས་པའི། །པདྨ་རིགས་ཀྱི་ལྷ་ཚོགས༴ ཕྱག་ན་རྡོ་རྗེ་ལ་སོགས༴ རྡོ་རྗེ་རིགས་ཀྱི་ལྷ་ཚོགས༴ འཕགས་མ་སྒྲོལ་མ་ལ༴ རིགས་ཀྱི་ཡུམ་ཆེན་ལྷ་ཚོགས༴ ནམ་མཁའི་སྙིང་པོ་ལ་སོགས༴ བྱང་སེམས་ཉེ་སྲས་བརྒྱད་པོ༴ བྷ་ར་དྷྭ་ཛ་ལ་སོགས༴ ཉན་ཐོས་གནས་བརྟན་ཐམས་ཅད༴ རྡོ་རྗེ་རིན་ཆེན་པདྨ་སོགས། །རིགས་ལྔའི་དཔའ་བོ་མཁའ་འགྲོ༴ གནས་མཆོག་ཉེར་བཞི་ལ༴ དཔའ་བོ་མཁའ་འགྲོ་ཐམས་ཅད༴ རི་རབ་རྡུལ་ཕྲན་མཉམ་པ་ཡི། །མཁའ་འགྲོའི་ལྷ་ཚོགས་ཐམས་ཅད༴ མདོར་ན་རྒྱུད་སྡེ་བཞི་ལ་སོགས། །དག་པ་རབ་འབྱམས་ལོངས་སྐུ་ཡི། །ཡི་དམ་ཞི་ཁྲོ་དཔག་མེད་དང་། །དཔའ་བོ་མཁའ་འགྲོ་ཐམས་ཅད་བསངས། །ཞི་བ་བསངས་ཀྱི་མཆོད་པ་འདིས། །ནད་གདོན་བར་ཆད་ཞི་གྱུར་ཅིག །གྲིབ་དང་མི་གཙང་སངས་གྱུར་ཅིག །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཀྱཻ། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །རྡོ་རྗེ་ཞེ་སྡང་རབ་ཁྲོས་པས། །དྲག་པོ་འཇིགས་བྱེད་སྐུར་སྟོན་པའི། །ཡེ་ཤེས་མགོན་པོ་འཁོར་བཅས་བསངས། །དཔལ་ཆེན་སྡོམ་པ་ཆེར་ཁྲོས་པ། །དུས་གསུམ་སངས་རྒྱས་མངའ་གསོལ་ཞིང་། །ཞལ་གཅིག་ཕྱག་བཞིའི་སྐུར་བསྟན་པའི། །བླ་མ་མགོན་པོ་དབྱེར་མེད་བསངས། །བྱ་རོག་གདོང་ཅན་ལ་སོགས༴ ནག་པོ་སྟོང་གི་ལྷ་ཚོགས༴ སེང་གེའི་གདོང་ཅན་ལ༴ ཤ་ཟ་འབུམ་གྱི་ལྷ་ཚོགས༴ ཡུམ་ཆེན་རྩ་འཇིབས་དམར་མོ་སོགས། །མ་མོ་བྱེ་བའི་ལྷ་ཚོགས༴ མཁའ་འགྲོ་བརྒྱད་དྲུག་ལ་སོགས༴ སྤྲུལ་པའི་ཕོ་ཉ་ཐམས་ཅད༴ དྲག་ཤུལ་གཏུམ་རྔམ་འཇིགས་རུང་བའི། །ལས་བྱེད་འཁོར་ཚོགས་ཐམས་ཅད༴ དཔལ་ཆེན་ཐུགས་སྤྲུལ་བཀའ་ཉན་པ། །ཉི་ཤུ་རྩ་བཞིའི་ཞིང་སྐྱོང་ཞིང་། །ཤ་ཟ་ཁྲག་འཐུང་ཟ་བྱེད་ཆེ། །བདུད་མགོན་ག་ཡ་དྷ་ར༴ སི་ན་ར་མ་ལ་སོགས༴ ཡུམ་ཆེན་བདུད་མོ་ཐམས་ཅད༴ བམ་རོ་ཕོ་མོ་ལ་སོགས༴ ལས་བྱེད་སྤྲུལ་པ་ཐམས་ཅད༴ རྡོ་རྗེ་ལེགས་པ་ལ་སོགས༴ བཀའ་ཉན་སྡེ་བརྒྱད་ཐམས་ཅད༴ བདུད་དམག་སྟོང་སྡེ་ལ༴ ཡང་འཁོར་དམག་ཚོགས་ཐམས་ཅད༴ མྱུར་མཛད་ཕྱག་དྲུག་ཡེ་ཤེས་མགོན། །ལེགས་ལྡན་བེང་དང་བེར་ནག་ཅན། །གུར་མགོན་ཞལ་བཞི་མ་ནིང་སོགས། །དཔལ་མགོན་དྲག་པོ་ཐམས་ཅད༴ འདོད་ཁམས་དབང་ཕྱུག་རེ་མ་ཏི། །རེ་མ་ཛ་དང་རེ་མ་ཛུ། །དུད་སོལ་ཙཎྜི་ཀ་ལ་སོགས། །དམ་ཅན་མོ་རྒྱུད་ཐམས་ཅད༴ ཞིང་སྐྱོང་མ་མོ་མཁའ་འགྲོ་སོགས། །གསང་སྔགས་རྒྱུད་ཀྱི་སྲུང་མ་བསངས། །རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་དང་། །ཞིང་སྐྱོང་ཆེན་པོ་ལ་སོགས་པའི། །བཀའ་སྲུང་མགོན་པོ་འཁོར་བཅས༴ ཇོ་མོ་བཀྲ་ཤིས་ཚེ་རིང་སོགས། །ཡུམ་ཆེན་མ་མོ་ཐམས་ཅད༴ རྨུགས་འཛིན་དབང་པོ་ལ༴ ནོར་ལྷ་གཏེར་སྲུང་ཐམས་ཅད༴ ཚངས་པ་བརྒྱ་བྱིན་ལ༴ གཙང་རིགས་མགོན་པོ་ཐམས་ཅད༴ སྟོན་པ་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །ཆོས་སྐྱོང་སྲུང་མ་ཐམས་ཅད་བསངས། །ཞི་བ་བསངས་ཀྱི་མཆོད་པ་འདིས། །ནད་གདོན་བར་ཆད་ཞི་གྱུར་ཅིག །གྲིབ་དང་མི་གཙང་སངས་གྱུར་ཅིག །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཀྱཻ། རང་རང་ཕྱོགས་སུ་ལེགས་བཞུགས་ཤིང་། །ཕས་རྒོལ་འཇོམས་པའི་ནུས་པ་ཅན། །རྣལ་འབྱོར་སྟོང་གྲོགས་མཛད་པ་ཡི། །དཀར་ཕྱོགས་གཞི་བདག་ཐམས་ཅད༴ སྟོང་གསུམ་ཁམས་ན་གནས་པ་ཡི། །གཞི་བདག་མ་ལུས་ཐམས་ཅད༴ རི་རབ་ལྷུན་པོའི་གཞི་བདག༴ གསེར་རི་བདུན་གྱི་གཞི་བདག༴ རོལ་པའི་མཚོ་བདུན་གཞི་བདག༴ གླིང་བཞི་གླིང་ཕྲན་ས་བདག༴ འཛམ་བུའི་གླིང་གི་ས་བདག༴ རྒྱ་གར་ཡུལ་གྱི་ས་བདག༴ ཤམ་བྷ་ལ་ཡི་ས་བདག༴ རྒྱ་ནག་ཡུལ་གྱི་ས་བདག༴ གངས་ཅན་ལྗོངས་ཀྱི་ས་བདག༴ ལི་དང་བལ་པོའི་ས་བདག༴ ཀློ་དང་མོན་གྱི་ས་བདག༴ མངའ་རིས་སྐོར་གསུམ་ས་བདག༴ དབུས་གཙང་རུ་བཞིའི་ས་བདག༴ མདོ་ཁམས་སྒང་དྲུག་ས་བདག༴ བོད་ཀྱི་མགུར་ལྷ་བཅུ་གསུམ༴ སྲིད་པ་ཆགས་པའི་ལྷ་དགུ༴ བོད་ཁམས་བརྟན་མ་བཅུ་གཉིས༴ ཉི་ཤུ་རྩ་བཞི་ལ་སོགས༴ གནས་ཆེན་ཡོངས་ཀྱི་སྲུང་མ༴ རྡོ་རྗེ་གདན་ལ་སོགས་པ་ཡི། །གཙུག་ལག་ཡོངས་ཀྱི་སྲུང་མ༴ པུཥྤ་ཧ་རི་ལ་སོགས༴ གདན་ས་ཡོངས་ཀྱི་སྲུང་མ༴ ལ་ཕྱི་ཆུ་བར་ལ་སོགས༴ དབེན་གནས་ཡོངས་ཀྱི་སྲུང་མ༴ གནས་གསུམ་སྐྱོང་བར་ཞལ་བཞེས་པའི། །གཞི་བདག་གཉུག་མར་གནས་པ༴ རྡོ་རྗེ་གཡུ་སྒྲོན་ལ་སོགས༴ ཞིང་སྐྱོང་མཁའ་འགྲོ་ཐམས་ཅད༴ ཁྱད་པར་ཡུལ་འདིར་གནས་པ་ཡི། །ཕྱོགས་སྐྱོང་གཞི་བདག་ཐམས་ཅད༴ རང་ལ་འགོ་བའི་ལྷ་སྲུང་བསངས། །ཕ་མས་བརྒྱུད་ཀྱི་སྲུང་མ༴ སློབ་དཔོན་བརྒྱུད་ཀྱི་སྲུང་མ༴ བཀའ་བརྒྱུད་ཡོངས་ཀྱི༴ ས་གཞི་ཡུལ་མཁར་ཁྱིམ་ལྷ༴ མཐོ་བ་གནམ་ལ་གནས་པ༴ དམའ་བ་ས་ལ་གནས་པ༴ བར་སྣང་ཁམས་ལ་གནས་པ༴ ཉིན་རི་དཀར་ལ་གནས་པ༴ སྲིབ་རི་ནགས་ལ་གནས་པ༴ སྲ་བ་བྲག་ལ་གནས་པ༴ བརྟན་པ་ས་ལ་གནས་པ༴ གཤེར་བ་ཆུ་ལ་གནས་པ༴ ཚ་བ་མེ་ལ་གནས་པ༴ གཡོ་བ་རླུང་ལ་གནས་པ༴ སྐྱེ་བ་ཤིང་ལ་གནས་པ༴ འགྲོ་བ་ལམ་ལ་གནས་པ༴ སྡོད་པ་གཞི་ལ་གནས་པ༴ སྟེང་གི་ལྷ་གཉན་ཐམས་ཅད༴ བར་གྱི་བཙན་གཉན་ཐམས་ཅད༴ འོག་གི་ཀླུ་གཉན་ཐམས་ཅད༴ ཕོ་ལྷ་དགྲ་ལྷ་ཐམས་ཅད༴ མགོན་སྐྱབས་བྱེད་པའི་ལྷ་རྣམས༴ ནམ་ཟླ་དུས་བཞིའི་ལྷ་རྣམས༴ ལོ་ཟླ་ཞག་དུས་ས་བདག༴ སྤར་ཁ་སྨེ་བའི་ས་བདག༴ གཟའ་སྐར་དུས་སྦྱོར་ཐམས་ཅད༴ མདུན་ནས་བསུ་བའི་ལྷ་རྣམས༴ རྒྱབ་ནས་སྐྱེལ་བའི་ལྷ་རྣམས༴ རྒྱབ་བརྟེན་བྱེད་པའི་ལྷ་རྣམས༴ འཁོར་འདས་གཉིས་ལ་གཏོགས་པ་ཡི། །ས་འོག་ས་སྟེང་ས་བླ་ལ། །གནས་པའི་འབྱུང་ཚོགས་ཅི་མཆིས་པའི། །གཞི་བདག་སྲུང་མ་ཐམས་ཅད༴ ཞི་བ་བསངས་ཀྱི་མཆོད་པ་འདིས། །ནད་གདོན་བར་ཆད་ཞི་བར་མཛོད། །གྲིབ་དང་མི་གཙང་སངས་གྱུར་ཅིག །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །དེ་ནས་ཚོགས་གཏོར་གསེར་སྐྱེམས་འབུལ་བ་ནི། ཀྱཻ། བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་ཚོགས། །རྩ་གསུམ་རིག་འཛིན་བླ་མེད་སྤྲུལ་པའི་སྐུ། །མཉམ་མེད་ཐུགས་རྗེའི་སྤྱན་ལྡན་རིན་པོ་ཆེ། །མཆོད་འོས་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ། །ཕྱི་ནང་གསང་བའི་དམ་རྫས་རྨད་བྱུང་བ། །དངོས་འབྱོར་ཡིད་སྤྲུལ་ཚོགས་གཏོར་བདུད་རྩི་དང་། །རིན་ཆེན་འབྲུ་སྨན་གསེར་སྐྱེམས་རྒྱ་མཚོའི་ཚོགས། །བློ་ཡིས་ལེགས་པར་བླངས་ཏེ་འཕུལ་བར་བགྱི། །དམ་ཚིག་ཉམས་ཆག་སྡིག་སྒྲིབ་མ་ལུས་བཤགས། །བསངས་སོ་དག་གོ་ཚངས་པའི་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་ཞི་བདེ་ལེགས་དཔལ་འབྱོར་རྒྱས། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བཀྲ་ཤིས་སྩོལ། །ཞེས་དང་། གཞན་ཡང་བསངས་མཆོད་དམིགས་གསལ་གང་འོས་ཡོད་ཚེ་འདིར་སྦྱར་བར་བྱས་ལ། ཀྱཻ། གཞན་ཡང་བསངས་དང་མཆོད་འོས་པ། །སོ་སོའི་མཚན་ནས་མ་ཐོན་པའི། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཉན་རང་ཚོགས། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན། །ཡུལ་ལྷ་གཞི་བདག་གཉན་པོའི་ཚོགས། །ཆེ་དགུ་གཉན་དགུ་ཐམས་ཅད་དང་། །མཆོག་དམན་བར་མའི་མགྲོན་གྱི་ཚོགས། །ཡུལ་ལྷ་ནོར་ལྷ་རིགས་དྲུག་མགྲོན། །ལན་ཆགས་གློ་བུར་ལྷགས་པའི་མགྲོན། །བསངས་དང་མཆོད་བརྔན་བྱེད་འོས་པའི། །བསངས་མགྲོན་ཚོགས་རྣམས་ཐམས་ཅད་བསངས། །དྲི་ཞིམ་སྤོས་ཀྱི་ངད་ལྡན་པའི། །བསངས་དུད་ལྷོ་སྤྲིན་ལྟ་བུ་དང་། །སྡོམ་པ་དམ་ཚིག་མ་རྨས་པ། །འཕོ་མེད་ཚུལ་ཁྲིམས་དྲི་བསུང་གིས། །སྣོད་ཀྱི་འཇིག་རྟེན་དྲི་མ་བསངས། །རྣམ་དག་བདེ་ཆེན་ཞིང་དུ་གྱུར། །བཅུད་ཀྱི་སེམས་ཅན་དྲི་མ་བསངས། །དྲི་མེད་སྐུ་གསུམ་མངོན་གྱུར་ཤོག །སྡིག་སྤྱོད་མི་དགེའི་དྲི་མ་བསངས། །དཀར་ཕྱོགས་ཡོན་ཏན་རྒྱས་གྱུར་ཅིག །འཆལ་བའི་དྲི་མ་ཐམས་ཅད་བསངས། །ཀུན་ཀྱང་ཚུལ་ཁྲིམས་དྲི་ལྡན་ཤོག །བསངས་དང་མཆོད་པ་འདི་ཕུལ་བས། །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དབང་དང་བྱིན་རླབས་དངོས་གྲུབ་སྩོལ། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཡི་དམ་ལྷ་ཚོགས་དགྱེས་གྱུར་ཅིག །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཆོས་སྐྱོང་ཐུགས་དམ་བསྐངས་གྱུར་ཅིག །ཕྲིན་ལས་རྣམ་བཞི་བསྒྲུབ་པར་མཛོད། །སྣང་སྲིད་གཞི་བདག་མགུ་གྱུར་ཅིག །རྣལ་འབྱོར་སྟོང་གྲོགས་མ་ལུས་མཛོད། །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །སྡུག་བསྔལ་ཀུན་ཞི་བདེ་ལྡན་ཤོག །དྲི་ཞིམ་ངད་བཟང་བདུག་པའི་ཚོགས། །ཆར་སྤྲིན་འཁྲིགས་པ་ལྟ་བུ་དང་། །བསྐལ་པའི་མེ་ཆེན་འབར་བ་ལྟར། །ནམ་མཁའ་ས་གཞི་ཀུན་ཁྱབ་པས། །ནད་གདོན་སྡིག་སྒྲིབ་འགལ་རྐྱེན་སྲེགས། །ཉམས་གྲིབ་བྱིང་རྨུག་ཐམས་ཅད་སོལ། །བསངས་ཀྱིས་མི་ཚངས་གང་ཡང་མེད། །མཆོག་ཏུ་དག་པ་ཉིད་གྱུར་ཅིག །འགལ་རྐྱེན་བར་ཆད་མ་ལུས་ཞི། །མཐུན་རྐྱེན་ཡིད་ལ་ཅི་མཆིས་པའི། །འདོད་པའི་དོན་ཀུན་འགྲུབ་པ་དང་། །བཀྲ་ཤིས་དཔལ་འབྱོར་ཆེར་རྒྱས་མཛོད། །ཅེས་བརྗོད་དོ། །དེ་ནས་མཆོད་ཅིང་བརྔན་བྱ་བ་ལ། ཕྱེ་མར་ལ་སོགས་བྲན་ཅིང་། ཧཱུྃ། དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་དང་། །གཞི་བདག་ལ་སོགས་མགྲོན་རྣམས་ཐམས་ཅད་ལ། །ཅི་བཅོལ་ཕྲིན་ལས་དཔག་མེད་བསྒྲུབ་པའི་ཕྱིར། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོ་དམ་པ་བཞེས། །དཔལ་ལྡན་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །ཕྱག་འཚལ་སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། །ཕྱག་འཚལ་སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ། །ཕྱག་འཚལ་སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །དཔའ་བོ་དཔའ་མོ་མཁའ་འགྲོ་ཐམས་ཅད་ལ། །ཕྱག་འཚལ་སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །མྱུར་འགྲོ་གཡག་ལུག་རྟ་ཁྱི་བྱ་ནག་སོགས། །མཉེས་རྫས་མཆོད་སྤྲིན་དཔག་ཏུ་མེད་པ་ཡིས། །དཔལ་ལྡན་ཡེ་ཤེས་མགོན་པོ་ཐམས་ཅད་བརྔན། །བདུད་རྩི་གསེར་སྐྱེམས་མཁའ་ལྡིང་ལ་སོགས་པས། །དཔལ་ལྡན་ལྷ་མོ་ཡུམ་ཆེན་ཐམས་ཅད༴ འདོད་ཡོན་མེ་ཏོག་སྟག་གཟིག་གསེར་དངུལ་གྱིས། །ལྷ་དང་ལྷ་མིན་ཚོགས་རྣམས་ཐམས་ཅད༴ རིན་ཆེན་གཏེར་བུམ་འབྲུ་སྨན་དཀར་གཏོར་གྱིས། །ས་བདག་ཀླུ་གཉན་མ་ལུས་ཐམས་ཅད༴ ཤ་ཆང་སྦ་སྨྱུག་ར་ཡི་རྣམ་ལྔ་སོགས། །ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་ཐམས་ཅད༴ མཐུན་རྫས་བཤོས་བུ་སྙིང་དང་གཏོར་མ་ཡིས། །བོད་སྐྱོང་བརྟན་མ་བཅུ་གཉིས་ཐམས་ཅད༴ དྲི་གསུར་ཆངས་བུ་བགེགས་གཏོར་ལ་སོགས་པས། །དྲི་ཟ་ལན་ཆགས་བགེགས་ཚོགས་ཐམས་ཅད༴ མདོར་ན་སོ་སོའི་ཡིད་དང་མཐུན་པ་ཡི། །མཁོ་དགུའི་ལོངས་སྤྱོད་མཐུན་རྫས་དཔག་མེད་ཀྱིས། །ས་ཕྱོགས་འདི་སོགས་ཀུན་ལ་གནས་པ་ཡི། །གཞི་བདག་མགྲོན་རྣམས་ཐམས་ཅད་བརྔན་པར་བགྱི། །དེ་ལྟར་མཆོད་བརྔན་རྒྱ་ཆེན་བགྱིས་པ་ཡིས། །མཆོད་སྦྱིན་ཡུལ་རྣམས་དགའ་ཞིང་མགུ་བ་དང་། །རྣལ་འབྱོར་བདག་ཅག་བར་ཆད་ཀུན་སེལ་ཞིང་། །ཕྲིན་ལས་རྒྱ་ཆེན་འགྲུབ་པའི་སྟོང་གྲོགས་མཛོད། །ཞེས་འབུལ། ༈ །དེ་ནས་ལམ་ལྷ་གསོལ་བ་ནི། ཕྱེ་མར་གསེར་སྐྱེམས་སོགས་ཕུལ་ནས། ཀྱཻ། རྩ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ། །ཡུལ་ལྷ་གཞི་བདག་ཚོགས་བཅས་ལ། །ཞི་བ་བསངས་ཀྱི་མཆོད་པ་འབུལ། །ཁྱེད་རྣམས་ཡེ་ཤེས་སྤྱན་དང་ལྡན། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན། །བསླུ་མེད་སྩོལ་བའི་ལམ་ལྷ་ཡིན། །ལམ་ལྷ་མཛོད་ལ་འགལ་རྐྱེན་སོལ། །ཀུན་ཏུ་དགེ་བའི་སྟོང་གྲོགས་མཛོད། །ལམ་ལྷ་གཉན་པོ་ཁྱེད་རྣམས་ལ། །དྲི་ཞིམ་བསངས་མཆོད་བདུད་རྩི་འབུལ། །བདག་ཅག་འཁོར་བཅས་གར་འགྲོ་ཡང་། །ལ་ཆུ་འཕྲང་གསུམ་དག་ལས་སྒྲོལ། །འཇིགས་སར་དགྲ་ཇག་ཆོམ་རྐུན་སྐྱོབས། །མྱ་ངན་ལམ་གོལ་ལམ་ལོག་ཏུ། །སྐད་ཅིག་ཙམ་ཡང་མི་འཁྱམས་ཤིང་། །བདེ་ལྡན་བདེ་བའི་ལམ་བགྲོད་ནས། །ཉམ་ངའི་བར་ཆད་གཡུལ་ལས་རྒྱལ། །གནས་གྲོགས་ལོངས་སྤྱོད་ཕུན་ཚོགས་པའི། །མཐུན་རྐྱེན་བཀྲ་ཤིས་འདོད་དོན་ཀུན། །བདེ་བླག་ཉིད་དུ་འགྲུབ་པར་མཛོད། །ཅེས་བརྗོད། དེ་ནས་སླར་ཡང་འདོད་དོན་གསོལ་བ་ནི། ཀྱཻ། གསོལ་ལོ་མཆོད་དོ་བསྟོད་དོ། །བསངས་སོ་བརྔན་ནོ། །བསྒྲུབ་བོ་བརྟེན་ནོ། །ཀྱཻ། བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། རྒྱུད་སྡེ་རབ་འབྱམས་དང་འབྲེལ་བའི་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་དང་། ལྷ་ཀླུ་འབྱུང་པོ་སྡེ་བརྒྱད་མཐུ་བོ་ཆེ་ཁྱེད་རྣམས་དགོངས་སུ་གསོལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་ཀུན་དང་། ཁྱད་པར་དུ་རྒྱལ་དབང་དམ་པ་དཔལ་ལྡན་ཀརྨ་པ་ཡབ་སྲས་བརྒྱུད་པར་བཅས་པའི་ཐུགས་ཀྱི་བཞེད་པའི་དོན་ཀུན་བདེ་བླག་ཏུ་འགྲུབ་ཅིང་། ཞབས་པད་བརྟན་པ་དང་ཕྲིན་ལས་གཡེལ་བ་མེད་པའི་སྡོང་གྲོགས་མཛད་དུ་གསོལ། རྣལ་འབྱོར་པ་བདག་ཅག་རྣམས་ཀྱི་ནད་གདོན་བར་ཆད་ཀྱི་རྐྱེན་རྣམས་ཞི་ཞིང་། ཚེ་བསོད་དཔལ་འབྱོར་སྙན་གྲགས་ཡོན་ཏན་ཐམས་ཅད་རྒྱས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་དབང་དུ་སྡུད་པ་དང་། གནོད་པར་བྱེད་པའི་དགྲ་བོ་ཅི་མཆིས་པ་ཚར་གཅོད་པའི་ཕྲིན་ལས་མཛད་དུ་གསོལ། དུས་ཀུན་ཏུ་ཡང་སྲུང་ཞིང་སྐྱོབ་པ་དང་། སྦེད་པ་དང་། གཞི་བྱེས་ལ་སོགས་པའི་བྱ་བ་གང་བརྩམས་པ་ཐམས་ཅད་ཀྱང་སྐད་ཅིག་གིས་འགྲུབ་ཅིང་། འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་། ཉམ་ང་བའི་ནད་མཚོན་མུ་གེ་ལ་སོགས་པའི་རྐྱེན་དང་བྲལ་ནས་དུས་རྟག་ཏུ་རྫོགས་ལྡན་གྱི་དཔལ་ལ་སྤྱོད་པའི་བཀྲ་ཤིས་བདེ་ལེགས་ཀྱི་དཔལ་འབྱོར་ཆེན་པོས་ཁྱབ་པར་མཛད་དུ་གསོལ། ཞེས་བརྗོད། ༈ །དེ་ནས་གཡང་ལེན་ནི། ཕྱེ་མར་གྱི་ལྷག་མ་བསངས་ཁང་གི་སྟེང་དུ་བསྐོར་ཞིང་མདའ་དར་གཡབས་ནས་འདི་སྐད་དོ། །ཀྱཻ། བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི། །ཡོན་ཏན་སྨིན་གྲོལ་བྱིན་རླབས་མ་ལུས་པ། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །སངས་རྒྱས་བསྟན་པ་དར་རྒྱས་དཔལ་འབར་ཤོག །རྩ་བརྒྱུད་དཔལ་ལྡན་བླ་མ་ཐམས་ཅད་ཀྱི། །རྡོ་རྗེ་བཞི་ཡི་བྱིན་རླབས་རྨད་བྱུང་བ། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །ཉམས་དང་རྟོགས་པའི་མཛོད་སྒོ་དར་བར་ཤོག །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི། །དངོས་གྲུབ་དཔལ་འབྱོར་རྟེན་འབྲེལ་དམ་པ་རྣམས། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་ཤོག །བཀའ་སྲུང་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ཡི། །ཕྲིན་ལས་ཐོགས་མེད་མཐུ་རྩལ་ནུས་པ་ཀུན། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །གཏེར་བདག་ནོར་འཛིན་ལྷ་ཚོགས་ཐམས་ཅད་ཀྱི། །རིན་ཆེན་མི་ཟད་མཛོད་སྒོ་མ་ལུས་པ། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །ལོངས་སྤྱོད་མངའ་ཐང་དཔལ་འབྱོར་ཆེར་རྒྱས་ཤོག །མདོར་ན་སྲིད་ཞི་བརྟན་གཡོ་སྣོད་བཅུད་ཀྱི། །བཀྲ་ཤིས་དཔལ་འབྱོར་ཀུན་ཚོགས་རྒྱ་མཚོ་ཀུན། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །བསམ་དོན་ཀུན་འགྲུབ་བཀྲ་ཤིས་དཔལ་འབར་ཤོག །དེ་ནས་ཕྱེ་མར་དྲངས་ལ། རྗེས་ཀྱི་ཆོ་ག་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། བདག་ཅག་མ་རིག་དབང་གྱུར་པས། །ཆོ་ག་ཏིང་འཛིན་འཆོལ་བ་དང་། །མཆོད་གཏོར་གཡེལ་སོགས་མ་དག་པའི། །ཚོགས་རྣམས་མགོན་པོས་བཟོད་པར་གསོལ། །ཡིག་བརྒྱ་བརྗོད་དེ་བཟོད་པར་གསོལ། ཡེ་ཤེས་འཇིག་རྟེན་ལྷ་ཚོགས་ཀུན། །རང་རང་གནས་སུ་གཤེགས་ནས་ཀྱང་། །བདག་སོགས་སེམས་ཅན་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ སརྦ་བྷཱུ་ཏ་གཙྪཿ ཞེས་གཤེགས་སུ་གསོལ། ཆོས་དབྱིངས་མཆོག་གི་དཀྱིལ་འཁོར་དུ། །མཆོད་སྤྲིན་རྒྱ་མཚོ་འདི་ཕུལ་དགེས། །བདག་དང་མཁའ་ཉམས་སེམས་ཅན་ཀུན། །སྲིད་ཞི་ཀུན་གྲོལ་བྱང་ཆུབ་ཤོག །བཀྲ་ཤིས་རབ་རྒྱས་རྩ་གསུམ་ལྷ་ཚོགས་ཀྱི། །བཀྲ་ཤིས་དཔལ་འབར་མི་མཐུན་གཡུལ་ལས་རྒྱལ། །བཀྲ་ཤིས་ཡིད་བཞིན་དགོས་འདོད་ཀུན་སྩོལ་བའི། །བཀྲ་ཤིས་མཆོག་གིས་ཀུན་ཁྱབ་བཀྲ་ཤིས་ཤོག །ཞེས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱའོ། །ཞེས་བསངས་མཆོད་བཀྲ་ཤིས་བདུད་རྩི་ཆར་འབེབས་འདི་ཡང་དྷཱི་ཚ་དབོན་པོའི་སྤྲུལ་སྐུ་རྗེ་བཙུན་བླ་མ་ཀརྨ་བསྟན་འཛིན་གྱི་དགོངས་དོན་ལྟར། གར་དབང་བྱང་ཆུབ་སྐུ་བཞིའི་དབང་ཕྱུག་གིས་རང་གཞན་ཀུན་ལ་ཕན་པའི་བློས་འོག་མིན་དཔལ་གྱི་མཚུར་ཕུར། རྒྱལ་བ་ཞེས་པ་ཤིང་ཕོ་རྟ་ལོའི་རང་ཞལ་ཐོག་མར་ཚེས་པའི་དུས་དག་པར་བྲིས་པ་བཀྲ་ཤིས་དཔལ་འབར་མི་མཐུན་གཡུལ་ལས་རྒྱལ་བའི་ཕུན་ཚོགས་མཆོག་གིས་ཁྱབ་པར་གྱུར་ཅིག། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་མཚུར་ཕུ་བླ་བྲང་གོང་གི་པར་མ་ཡིན་ནོ། །སརྦ་མངྒ་ལཾ།། །།

བསངས་མཆོད་དགེ་ལེགས་སྤྲིན་ཕུང་།

རྒྱུན་གྱི་བསངས་མཆོད་དགེ་ལེགས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།།

ༀ་སྭསྟི། བདེ་ཆེན་དགྱེས་པའི་གར་གྱིས་ནི། །ས་གསུམ་འགྲོ་ལ་ཀུན་དགའ་སྟེར། །སངས་རྒྱས་ཀུན་དངོས་ཐོད་ཕྲེང་རྩལ། །དབྱེར་མེད་བླ་མ་ལ་བཏུད་ནས། །རྩ་གསུམ་དགྱེས་ཤིང་མགྲོན་རིགས་སྐོང་། །མི་མཐུན་གདུག་རྩུབ་ཞི་བ་དང་། །སྣང་སྲིད་ཞི་བདེ་སྒྲུབ་པའི་མཆོག །རྒྱུན་གྱི་བསངས་མཆོད་ཁྱེར་བདེ་སྤེལ། །ལེགས་པའི་དོན་མྱུར་དུ་བསྒྲུབ་པར་འདོད་པ་དག་གིས་རྒྱུན་གྱི་བསངས་མཆོད་བགྱིད་པ་ན། དུས་ཀྱི་དང་པོ་ནམ་ལངས་སམ་སྔ་དྲོའི་ཆར་གཙང་སྦྲ་དང་ལྡན་པས་མཁན་ཤུག་བལ་བུ་སོགས་དྲི་བཟང་པོ་ཅན་གྱི་ཤིང་དང་། བཙོག་ནལ་དམར་གྱིས་མ་སྦགས་པའི་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་པ་བསྲེགས་ཤིང་གཙང་མའི་ཆབ་ཀྱིས་བྲན། དཀར་མཆོད་སྐྱེམས་ཕུད་རིན་པོ་ཆེ་དང་འབྲུའི་རྔོན་ཆ་ལྡན་པ་བཤམས་ལ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོར་སྐྱབས་སུ་མཆི། །མཁའ་མཉམ་འགྲོ་ཀུན་བྱང་ཆུབ་འཐོབ་བྱའི་ཕྱིར། །བདག་གིས་སྒོ་གསུམ་དགེ་ལ་བཀོལ་བར་བྱ། །སེམས་ཅན་ཐམས་ཅད་བདེ་ལྡན་སྡུག་བསྔལ་བྲལ། །བདེ་ལས་མི་ཉམས་བཏང་སྙོམས་ངང་གནས་ཤོག །བདག་བྱིན་གྱིས་བརླབ་པ་ནི། ཧྲཱིཿ ཆོས་དབྱིངས་ངང་ལས་སྙིང་རྗེ་སྒྱུ་མའི་རྩལ། །རང་སེམས་ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས། །རང་སྣང་རྣམ་དག་པདྨ་བཀོད་པའི་ཞིང་། །འཇའ་ཟེར་ཐིག་ལེའི་དྲྭ་བ་འཁྲུགས་པའི་ཀློང་། །བདག་ཉིད་རྒྱལ་ཀུན་སྤྱི་གཟུགས་ཐོད་ཕྲེང་རྩལ། །དཀར་དམར་མདངས་ལྡན་ཁྲོ་འཛུམ་བརྗིད་པའི་ཉམས། །པད་ཞུ་བེར་ཕོད་ཆོས་གོས་རིན་ཆེན་བརྒྱན། །གྲུ་མོར་ཁ་ཊྭཱཾ་གས་མཚན་གཡས་གཡོན་ཕྱག །རྡོ་རྗེ་བནྡྷ་ཚེ་བུམ་བདུད་རྩིས་བཀང་། །པད་དཀར་ཟླ་བ་རྒྱས་པའི་གདན་སྟེང་དུ། །སྣང་སྲིད་ཟིལ་གྱིས་གནོན་པའི་སྐུ་རུ་གསལ། །གདོད་ནས་དམ་ཡེ་དབྱེར་མེད་ལྷུན་གྱིས་རྫོགས། །ཐུགས་དཀར་ཟླ་སྟེང་ཧྲཱིཿམཐར་སྔགས་ཕྲེང་ལས། །འོད་འཕྲོས་སངས་རྒྱས་མཛད་པ་ལྷུན་གྲུབ་གྱུར། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་བཟླ། དེ་ནས་བསང་རྫས་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ་གིས་མི་གཙང་འབགས་བཙོགས་སྦྱངས། །སྟོང་པའི་ངང་ལས་དྷཾ་ཡིག་ལས་སྐྱེས་པའི། །བདུག་སྤོས་ལྷ་མོ་སྔོན་མོ་ཤིན་ཏུ་མཛེས། །སངས་རྒྱས་ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་དང་། །སྣང་སྲིད་ཚིམས་བྱེད་བརྔན་ཡོན་ཟད་མེད་སྤྲོ། །ཟེགས་མའི་ཁྲུས་ཀྱིས་ཉམས་གྲིབ་མི་གཙང་འཁྲུད། །དངོས་བཤམས་མཆོད་རྫས་རྒྱ་ཆེན་ཟད་མེད་འཕེལ། །ཡིད་སྤྲུལ་ནམ་མཁའ་མཛོད་ཀྱི་ཆར་འབེབས་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། མཆོད་མགྲོན་སྤྱན་དྲངས་ཤིང་བསངས་བརྔན་འབུལ་བ་ནི། ཀྱེ། ཀ་དག་སྤྲོས་བྲལ་དབྱིངས་ཀྱི་ངང་། །ལྷུན་གྲུབ་རིག་རྩལ་འགག་མེད་ཤར། །འཁོར་འདས་བཀོད་པ་ཅི་ཡང་སྣང་། །དབྱིངས་ལ་བཟང་ངན་དབྱེར་མེད་ཀྱང་། །རིག་དང་མ་རིག་ལས་བྱུང་བ། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་དང་། །མགོན་པོ་ཡོན་ཏན་ལན་ཆགས་མགྲོན། །རིགས་དྲུག་སྙིང་རྗེའི་མགྲོན་གྱི་ཚོགས། །སྟོང་གསུམ་འཛམ་གླིང་བོད་ཀྱི་ཡུལ། །ཁྱད་པར་ཡུལ་རིས་གཞི་གནས་བདག །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མཆོད་པའི་རྫས་ལ་སྤྱན་གྱིས་གཟིགས། །གདུང་བའི་དབྱངས་ལ་སྙན་གྱིས་གསོན། །རང་མཐུན་དགྱེས་པའི་གདན་ལ་བཞུགས། །བསངས་དང་ཞི་བའི་མཆོད་པ་བཞེས། །བྱམས་པའི་ཐུགས་ཀྱིས་རྗེས་སུ་དགོངས། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཀྱེ། འཛམ་གླིང་བྱང་ཕྱོགས་ཁ་བ་ཅན། །རི་མ ཐོ་ས་གཙང་ཉམས་དགའི་ཡུལ། །སྔོན་བྱོན་རྩ་བརྒྱུད་བླ་མ་ཡིས། །དོན་གཉིས་བསྒྲུབ་ཕྱིར་མགྲོན་རིགས་བཞི། །ཇི་ལྟར་བསངས་ཤིང་བརྔན་པ་ལྟར། །དེ་རིང་རྣལ་འབྱོར་བདག་ཅག་གིས། །གཙང་ཞིང་དག་པར་སྦྱར་བ་ཡི། །བཟང་ཤིང་བདུད་རྩི་ཅན་གྱི་ཚོགས། །གཙང་བྱེད་འབར་བའི་མེ་ལ་བསྲེགས། །དྲི་ཞིམ་དུད་པས་བར་སྣང་ཁེངས། །ཉེར་སྤྱོད་འདོད་ཡོན་ཆར་དུ་འབེབས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་། །གོས་རྒྱན་ནོར་དབྱིག་བཟའ་བཏུང་དང་། །འབྲུ་སྨན་དཀོར་ནོར་ས་གཞི་ཁྱབ། །མདོར་ན་དངོས་འབྱོར་ཡིད་སྤྲུལ་གྱི། །བསངས་མཆོད་བརྔན་ཡོན་རྒྱ་ཆེན་འདིས། །མགྲོན་བཞི་བསང་ཞིང་བརྔན་བགྱིད་ན། །དཀོན་མཆོག་རྩ་གསུམ་བདེན་པ་དང་། །སྔགས་རྒྱ་ཏིང་འཛིན་ལྷག་བསམ་མཐུས། །དགྱེས་རྒུ་ཟད་མི་ཤེས་པའི་སྤྲིན། །ཐུགས་ལ་གང་བཞེད་འཆར་གྱུར་ཅིག །ཀྱེ། ཀུན་བཟང་རྡོ་རྗེ་འཆང་ཆེན་ནས། །དྲིན་ཅན་རྩ་བའི་བླ་མའི་བར། །དགོངས་བརྡ་སྙན་ནས་བརྒྱུད་པ་ཡི། །རྩ་བརྒྱུད་བླ་མ་རིག་འཛིན་བསངས། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང་། །ལུང་རྟོགས་གཉིས་བསྡུས་དམ་པའི་ཆོས། །བྱང་སེམས་ཉན་ཐོས་འཕགས་པའི་ཚོགས། །སྐྱབས་གནས་དཀོན་མཆོག་གསུམ་པོ་བསངས། །སྐུ་གསུམ་སྐུ་ལྔ་མཚན་མཆོག་བརྒྱད། །འཕྲུལ་མཚན་བཞི་བཅུ་མདོ་སྔགས་ཀྱི། །སྟོན་པ་རིགས་བརྒྱ་ལ་སོགས་པ། །བླ་མ་དགོངས་འདུས་ལྷ་ཚོགས་བསངས། །རྒྱན་དྲུག་གྲུབ་ཆེན་བརྒྱད་ཅུ་བཞི། །མར་མི་དྭགས་པོ་དུས་མཁྱེན་སོགས། །བཤད་བརྒྱུད་སྒྲུབ་བརྒྱུད་འཛིན་པ་ཡི། །འཕགས་བོད་པཎ་གྲུབ་ལོ་ཙཱ་བསངས། །འདུས་པ་མདོ་དང་སྒྱུ་འཕྲུལ་རྒྱན། །སྒྲུབ་སྡེ་ཆེན་པོ་བརྒྱད་ལ་སོགས། །གསང་སྔགས་རྒྱུད་ལུང་མན་ངག་གི །ཡི་དམ་དགོངས་འདུས་ལྷ་ཚོགས་བསངས། །དུས་འཁོར་བདེ་དགྱེས་སྒྱུ་ཐོད་གདན། །གསང་འདུས་དགྲ་གདོང་འཇིགས་བྱེད་སོགས། །རིགས་དྲུག་རིགས་གསུམ་རིགས་བརྒྱ་ཡི། །ཕ་མ་གཉིས་མེད་ལྷ་ཚོགས་བསངས། །དཔལ་རྩེ་རིགས་བསྡུས་རྡོ་རྗེ་དབྱིངས། །རྣམ་སྣང་མངོན་བྱང་ཚེ་དཔག་མེད། །འདས་དང་མ་འདས་རིགས་དྲུག་སོགས། །བྱ་སྤྱོད་རྣལ་འབྱོར་ལྷ་ཚོགས་བསངས། །དབྱིངས་ཕྱུག་ཕག་མོ་ཁྲོས་མ་ནག །གསང་ཡེ་སྒྲོལ་མ་རིག་བྱེད་མ། །འབུམ་ཕྲག་ཡངས་པའི་མ་མོ་སོགས། །མཁའ་འགྲོ་དགོངས་འདུས་ལྷ་ཚོགས་བསངས། །ལེགས་ལྡན་ཚོགས་བདག་མ་ནིང་ནག །ཕྱག་བཞི་ཕྱག་དྲུག་གུར་གྱི་མགོན། །རྡོ་རྗེ་བེར་ཅན་ཞལ་བཞི་པ། །མགོན་པོ་ཕོ་རྒྱུད་ལྷ་ཚོགས་བསངས། །སྨུག་ནག་རལ་གཅིག་དུད་སོལ་མ། །རང་བྱུང་སྲིད་རྒྱལ་དཔལ་ལྷ་མོ། །རེ་ཏི་དུས་བཞིའི་སྐྱོང་མ་སོགས། །མོ་རྒྱུད་མ་མོའི་ལྷ་ཚོགས་བསངས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མགོན། །དུར་ཁྲོད་བདག་པོ་ཡབ་དང་ཡུམ། །ཞང་བློན་ཁྱབ་འཇུག་ཞིང་སྐྱོང་སོགས། །ཆོས་སྐྱོང་དགོངས་འདུས་འཁོར་བཅས་བསངས། །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔ་སྤྲུལ་འཁོར་བཅས་པ་བསངས། །སྨན་གྱི་དྲང་སྲོང་ལྷ་མོའི་ཚོགས། །སྡེ་དཔོན་སུམ་ཅུ་སྤུ་གྲི་མཆེད། །སྔགས་བདག་དྲེགས་པ་བཅོ་བརྒྱད་སོགས། །བཀའ་བརྒྱད་བཀའ་གཏེར་སྲུང་མ་བསངས། །ཚངས་པ་དབང་ཕྱུག་འབྱུང་བའི་ལྷ། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །ལྷ་ཀླུ་ས་བདག་གཟའ་རྒྱུ་སྐར། །དཔལ་མགོན་བདུན་ཅུ་རྩ་ལྔ་བསངས། །རྣམ་མང་ཐོས་སྲས་རྟ་བདག་བརྒྱད། །དཔལ་ཆེན་མ་སོགས་ལྷ་མོ་དགུ། །ཛམ་ལ་རིགས་ལྔ་ཀུན་འཁྱིལ་མཆེད། །གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་བསངས། །ལོ་ཟླ་ཞག་དུས་ས་ཡི་བདག །སྤར་སྨེ་ཚེས་དང་དབྱུ་གུའི་ལྷ། །སྤྱན་རྣོ་དྲང་མཁན་རྫིའུ་སོགས། །མོ་བོན་རྩིས་ཀྱི་ལྷ་རྣམས་བསངས། །ཕྱི་ནང་གསང་གསུམ་གབ་ཅིང་སྦས། །བསྟན་སྐྱོང་བཏགས་ཆགས་ལས་མྱུར་བའི། །ཕན་གནོད་མཐུ་ལྡན་ལྷ་མ་སྲིན། །སྡེ་བརྒྱད་མཐུ་བོ་ཆེ་རྣམས་བསངས། །སྟོང་གསུམ་འཇིག་རྟེན་འཛམ་བུའི་གླིང་། །རྒྱ་དཀར་རྒྱ་ནག་སྟག་གཟིག་ཕྲོམ། །ཨོ་རྒྱན་མོན་བལ་ལི་ཧོར་གྱི། །ཆེ་གཉན་གཞི་བདག་ཐམས་ཅད་བསངས། །ཏི་སེའི་ལྷ་བཙན་ཐང་ལྷ་གཉན། །རྨ་རྒྱལ་སྤོམ་ར་མཆེད་འཁོར་སོགས། །མངའ་རིས་དབུས་གཙང་མདོ་ཁམས་ཀྱི། །གཞི་གནས་ཡུལ་བདག་ཐམས་ཅད་བསངས། །བརྟན་སྐྱོང་ཡ་མ་བཅུ་གཉིས་དང་། །མགུལ་ལྷ་བཅུ་གསུམ་སྲིད་ལྷ་དགུ། །དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། །གཉན་ཆེན་སྡེ་བཞི་ལ་སོགས་བསངས། །རྟགས་གཉིས་བར་འདི་ཀར་ལུགས་པ་མ་གཏོགས་གཞན་ནས་བསྐྱུར་ཆོག། ༼ ཀྱེ། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་ཆེ། །འོག་མིན་མཚུར་ཕུའི་གནས་མཆོག་ན། །བཞུགས་པའི་རྩ་གསུམ་ཆོས་སྐྱོང་དང་། །གཞི་གནས་ཡུལ་གྱི་བདག་པོ་བསངས། །མ་ཧཱ་ཀཱ་ལ་རྣམ་ཐོས་སྲས། །རྒྱ་ལྷ་གངས་བཟང་བྱང་ལྷ་བཙན། །ཕྱ་རྒྱལ་མེ་ཏྲི་ལ་སོགས་པ། །འགོ་ཞིང་གྲོགས་མཛད་ལྷ་རྣམས་བསངས། །ཀྱེ། ས་སྤྱོད་གསུང་གི་འཁོར་ལོ་ཆེ། །འོག་མིན་ཀརྨའི་གནས་མཆོག་ན། །བཞུགས་པའི་རྩ་གསུམ་ཆོས་སྐྱོང་དང་། །གཞི་གནས་ཡུལ་གྱི་བདག་པོ་བསངས། །དཔལ་ལྡན་ཤེས་རབ་བློན་འཁོར་བཅས། །དམག་དཔོན་དབྱི་རྒྱལ་སྤྲག་གི་བཙན། །རྡོ་རྗེ་སྨན་དཔལ་ནག་ཕྱི་སོགས། །རྒྱུད་སྲུང་མགོན་བྱེད་ལྷ་རྣམས་བསངས། །ཀྱེ། རྡོ་རྗེ་དེ་བཱི་ཀོ་ཊི་ཞེས། །ཡོན་ཏན་ཐུགས་ཀྱི་གནས་མཆོག་ན། །བཞུགས་པའི་རྩ་གསུམ་ཆོས་སྐྱོང་དང་། །གཞི་གནས་ཡུལ་གྱི་བདག་པོ་བསངས། །ཐུགས་རྗེ་ཆེན་པོ་ཞི་ཁྲོ་སོགས། །དབུས་ཕྱོགས་གནས་ལ་བཞུགས་པ་བསངས། །བཛྲ་ཧེ་རུ་ཀ་ལ་སོགས། །ཤར་ཕྱོགས་གནས་ལ་བཞུགས་པ་བསངས། །ཆོས་འཁོར་རྟེན་བཅས་སྐྱོང་ལ་སོགས། །ལྷོ་ཕྱོགས་གནས་ལ་བཞུགས་པ་བསངས། །ཚེ་དཔག་མེད་མགོན་སྒྲོལ་མ་སོགས། །ནུབ་ཕྱོགས་གནས་ལ་བཞུགས་པ་བསངས། །རྣམ་སྲས་རྟ་བདག་བརྒྱད་ལ་སོགས། །བྱང་ཕྱོགས་གནས་ལ་བཞུགས་པ་བསངས། །བདུད་མགོན་ག་ཡ་དྷ་ར་སོགས། །མཚམས་ཀྱི་གནས་ལ་བཞུགས་པ་བསངས། །རྡོ་རྗེ་འོད་ལྡན་ཡབ་དང་ཡུམ། །ལྷན་ཅིག་སྐྱེས་མ་མཁའ་འགྲོའི་ཚོགས། །མགར་བ་དམར་ནག་ཕྱོགས་བཞི་ཡི། །སྲུང་མ་བཀའ་འཁོར་བཅས་པ་བསངས། །མྱུར་མཛད་མགོན་པོ་སྔགས་སྲུང་མ། །ཕྱག་བཞི་པ་དང་བྱ་རོག་གདོང་། །དགེ་བསྙེན་རྡོ་རྗེ་དཔལ་འབར་སོགས། །གནས་སྲུང་གཏེར་བདག་འཁོར་བཅས་བསངས། ༽ །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་ས་བདག་བཙན་དང་བདུད། །དམུ་སྨན་གཏོད་ལ་སོགས་པ་ཡི། །འབྱུང་པོ་ཡིད་ཀྱི་གཟུགས་ཅན་བསངས། །ཀྱེ། འོད་གསལ་ལྷ་ཡི་ཕོ་བྲང་ནས། །སྲིད་པ་རྒྱུད་ལས་གྲོལ་བའི་ལྷ། །ལེགས་ལྡན་མགོན་པོའི་དམག་ཚོགས་བསངས། །ཕྲག་ལྷ་མ་ལྷ་ཁྱིམ་གྱི་ལྷ། །ཐབ་ལྷ་ཟས་ལྷ་ཛམྦྷ་ལ། །རྣམ་སྲས་ཚོང་ལྷ་མགྲོན་གྱི་ལྷ། །དགྲ་ལྷ་ཇག་ལྷ་ལམ་གྱི་ལྷ། །སྲོག་ལྷ་རང་འཁོར་འབུམ་བཅས་བསངས། །ཆེ་བ་དཔལ་བརྟན་ཟློག་མེད་དང་། །འབྲིང་བ་དོམ་མགོ་གླང་གི་སྙིང་། །ཆུང་བ་རྣོ་གཅོད་སྙིང་འབྱིན་དང་། །སྲིང་མོ་ན་ཆུང་གཟི་བྱིན་ཏེ། །མཐུ་ཆེན་དགྲ་ལྷ་ལྕམ་དྲལ་བསངས། །འགོ་བའི་ལྷ་ལྔ་སྐྱོབ་བྱེད་དགུ། །ཕ་དང་མེས་པོ་ཡང་མེས་མཚུན། །རང་ཕྱོགས་སྲུང་ཞིང་རྒྱལ་བྱེད་པའི། །དགྲ་ལྷ་གཉན་པོ་ཐམས་ཅད་བསངས། །ཀྱེ། །ཛམ་བུའི་གླིང་གི་སྐྱེས་གཅིག་པུ། །རྒྱ་བོད་གཉིས་ཀྱི་དགྲ་ལྷ་ཆེ། །སེང་ཆེན་ནོར་བུ་དགྲ་འདུལ་ནི། །མགྲོན་ཡག་དར་མ་བཅུ་གསུམ་དང་། །དགྲ་ལྷ་ཝེར་མའི་ཚོགས་བཅས་བསངས། །དཔའ་བརྟུལ་ཕུ་ནུ་སུམ་ཅུ་སོགས། །རུས་ཆེན་སྡེ་ལྔའི་མི་མཆོག་དང་། །འཛང་མ་མོ་སྨན་རྐང་མགྱོགས་སོགས། །གླིང་རྗེའི་གྲོགས་དང་འཁོར་གྱུར་བ། །མཆོད་འོས་དགྲ་ལྷ་ཐམས་ཅད་བསངས། །ཀྱེ། བསང་ངོ་ལམ་ལྷ་གཉན་པོ་བསངས། །མཆོད་དོ་ལམ་ལྷའི་རྒྱལ་པོ་མཆོད། །ཕྱོགས་བཅུའི་མུན་པ་སེལ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ་བསངས་དང་མཆོད་པ་འབུལ། །ཐུགས་རྗེའི་སྟོབས་ཀྱིས་བསྐྱབ་ཏུ་གསོལ། །བདེ་གཤེགས་རིགས་ལྔ་ཡབ་ཡུམ་དང་། །པད་འབྱུང་རིགས་ལྔའི་དྷཱ་ཀི་མ། །དབང་བྱེད་ཀུ་རུ་ཀུལླེ་བསངས། །མཐུན་རྐྱེན་སྒྲུབ་པའི་ལམ་ལྷ་མཛོད། །སྤྱན་རས་གཟིགས་དབང་སྒྲོལ་མ་ཡུམ། །སྣ་ཚོགས་ཡུམ་དང་འོད་ཟེར་ཅན། །དུར་ཁྲོད་བདག་པོ་ཡབ་ཡུམ་བསངས། །འཇིགས་པ་སྐྱོབ་པའི་ལམ་ལྷ་མཛོད། །ལམ་ལྷའི་རྒྱལ་པོ་བདེ་མཛད་པ། །དཔལ་ལྡན་ཨཱཪྱ་རེ་མནྟ། །འཁོར་ཚོགས་ལྔ་བརྒྱ་བཅས་པ་བསངས། །རྔོག་ཆགས་སྲུང་བའི་ལམ་ལྷ་མཛོད། །མགར་བ་དམར་ནག་མཆེད་འཁོར་བཅས། །སྲིང་ལྕམ་བརྟན་མ་བཅུ་གཉིས་དང་། །སྐུ་རྗེ་གེ་སར་དགྲ་བླའི་དམག །འཁོར་དང་བཅས་ལ་བསངས་མཆོད་འབུལ། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོགས། །སྟེང་གི་ལྷ་དང་འོག་གི་ཀླུ། །བར་གྱི་གཉན་དང་བོད་ཡུལ་གྱི། །སྟོད་སྨད་བར་གྱི་གཞི་བདག་ཚོགས། །འཁོར་དང་བཅས་ལ་བསངས་མཆོད་འབུལ། །ལམ་ལྷ་མཛོད་ལ་སྒྲོན་མེད་ཁྱོགས། །བདག་ཅག་དཔོན་སློབ་འཁོར་གཡོག་བཅས། །ཕྱོགས་བཞི་མཚམས་བརྒྱད་རང་གནས་སུ། །འདུག་པའི་ཚེ་ན་སྲུང་སྐྱོབ་མཛོད། །ལེགས་ལམ་བློ་ཡི་རྩ་སྒོ་ཕྱེས། །འགྲོ་བའི་ཚེ་ན་སྡོང་གྲོགས་མཛོད། །འཇིགས་དང་ལམ་དགྲ་ཀུན་ལས་སྐྱོབས། །ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །གནས་སྐབས་མཐར་ཐུག་ཐམས་ཅད་དུ། །བསམ་དགུ་ཡིད་བཞིན་འགྲུབ་པར་མཛོད། །ཀྱེ། བདུད་རྩི་བསང་གི་མཆོད་སྤྲིན་གྱི། །དུ་བས་ནམ་མཁའི་ལྷ་རྣམས་བསངས། །ངད་པས་བར་གྱི་གཉན་རྣམས་བསངས། །ཟེགས་མས་འོག་གི་ཀླུ་རྣམས་བསངས། །རི་མཚོ་རིན་ཆེན་གླིང་གནས་པའི། །དྲང་སྲོང་གནོད་སྦྱིན་བདེན་ཚིག་གྲུབ། །ཕན་གནོད་ལེགས་ཉེས་བྱེད་རྣམས་བསངས། །དྲི་ཟ་བར་དོའི་ཡིད་ལུས་སོགས། །སྐྱེ་བཞི་རྒྱུད་ལྔའི་འཁོར་བ་པ། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་བསངས། །སྡུག་བསྔལ་ཀུན་ཞི་བདེ་ལྡན་ཤོག །བདག་གི་ཚེ་སྲོག་ལོངས་སྤྱོད་འཁོར། །རྐུ་འཕྲོག་བར་དུ་གཅོད་བྱེད་ཅིང་། །དུས་འཁྲུགས་དལ་ཡམས་བདག་པོ་སོགས། །ཐོགས་མེད་དུས་ནས་ལན་ཆགས་པའི། །གནོད་བྱེད་བགེགས་ཀྱི་ཚོགས་རྣམས་བསངས། །ཕྱིན་ཆད་བྱང་ཆུབ་སེམས་ལྡན་ཤོག །ཀྱེ། དག་བྱེད་བདུད་རྩིའི་བསངས་མཆོད་འདིས། །བདག་ཅག་མི་ཤེས་བག་མེད་པས། །སྡོམ་གསུམ་འགལ་ཞིང་ཉམས་པའི་གྲིབ། །རྩ་གསུམ་ཆོས་སྲུང་དཀར་ཕྱོགས་ཀྱི། །ལྷ་ལ་ཕོག་རྣམས་དག་ནས་ཀྱང་། །རྨུ་གབ་མནོལ་འཐིབས་སངས་གྱུར་ཅིག །ཟས་ངན་ཟོས་ཤིང་གོས་ངན་གྱོན། །རོ་བག་རྨེ་མནོལ་བཙོགས་དང་མཁོན། །ཐབ་གཞོབ་མཛེ་ཡུག་གྲིབ་གོས་པ། །ཐམས་ཅད་བསངས་ཤིང་དག་གྱུར་ཅིག །སྣོད་བཅུད་འཇིག་རྟེན་དྲི་མ་སངས། །རྣམ་དག་སྐུ་དང་ཞིང་ཁམས་གྱུར། །འཁྲུལ་རྟོག་ཉོན་མོངས་དྲི་མ་དག །རང་བྱུང་ཡེ་ཤེས་ཀློང་དུ་གྱུར། །ཀུན་ཀྱང་མཉམ་ཉིད་བདེ་ཆེན་ཞིང་། །ཕུན་ཚོགས་བཀྲ་ཤིས་དཔལ་འབར་ཤོག །དེ་ནས་གསེར་སྐྱེམས་འབུལ་བར་སྤྲོ་ན། ༀ་ཨཱཿཧཱུྃ། བརྒྱུད་པ་དྲུག་ལྡན་རྩ་བརྒྱུད་བླ་མ་དང་། །སྐྱབས་ཀྱི་མཆོག་གྱུར་ཕྱོགས་དུས་དཀོན་མཆོག་གསུམ། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཚོགས་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་བྱིན་གྱིས་རློབས། །ཡུལ་ཆེན་ཉེར་བཞིའི་ཞིང་སྐྱོང་ཡབ་དང་ཡུམ། །གནས་མཆོག་སོ་གཉིས་དཔའ་བོ་མཁའ་འགྲོ་མ། །རི་རབ་སུམ་ཅུ་རྩ་གཉིས་རྡུལ་མཉམ་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཉམས་རྟོགས་སྤོར། །མ་ཧཱ་ཀཱ་ལ་ཡབ་ཡུམ་ལྕམ་དྲལ་དང་། །སྔགས་སྲུང་མགར་བ་དམར་ནག་ཞིང་སྐྱོང་སོགས། །ཡེ་ཤེས་ལས་དང་འཇིག་རྟེན་ཆོས་སྐྱོང་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །རྒྱལ་ཆེན་རྣམ་མང་ཐོས་སྲས་རིགས་ཆེན་བརྒྱད། །ཛཾ་ལྷ་དཀར་སེར་དམར་ནག་ལྷ་མོ་དཔལ། །གནོད་སྦྱིན་ནོར་ལྷ་གཏེར་བདག་ཐམས་ཅད་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་དངོས་གྲུབ་སྩོལ། །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །ཕྱི་ནང་གསང་བའི་སྡེ་བརྒྱད་འཁོར་དང་བཅས། །ཕྱོགས་སྐྱོང་བཅུ་དང་དཔལ་མགོན་བདུན་ཅུ་ལྔར། །གསེར་སྐྱེམས་མཆོད་པ་འབུལ་ལོ་མཐུ་དཔུང་སྐྱེད། །སྲིད་པའི་ས་བདག་དབང་ཆེན་ཡབ་ཡུམ་སྲས། །འབྱུང་བ་ལོ་ཟླ་ཞག་དུས་སྤར་སྨེའི་བདག །སྟོང་གསུམ་འཛམ་གླིང་ཡུལ་དྲུག་གཞི་བདག་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་འགལ་རྐྱེན་སོལ། །གངས་བྲག་སྒྲུབ་གནས་གྲགས་པའི་མཚོ་ཆེན་དང་། །ལུང་ལྔ་ལྗོངས་གསུམ་གླིང་དང་སྦས་པའི་ཡུལ། །གནས་ཆེན་ཉེར་ལྔའི་གཞི་གནས་གཏེར་བདག་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་མཐུན་རྐྱེན་སྒྲུབས། །མགུལ་ལྷ་བཅུ་གསུམ་སྲིད་པའི་ལྷ་ཆེན་དགུ། །བརྟན་སྐྱོང་ཡ་མ་ཁྱད་པར་ཡུལ་འདི་ཡི། །ཕུ་མདའ་ཉིན་སྲིབ་གཉུག་མར་གནས་རྣམས་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་འདོད་དོན་སྒྲུབས། །ཁྱད་པར་༼ཀ༽ གདན་ས་གོང་འོག་བར་གསུམ་གྱི། །༼ཁ༽སྲིད་པ་རྒྱུན་ནས་ཆགས་པ་ཡི། །ཆོས་སྐྱོང་གནས་སྲུང་འགོ་ཞིང་གྲོགས་མཛད་དང་། །ནོར་བུ་དགྲ་འདུལ་ཝེར་མའི་ཚོགས་བཅས་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་སྡོང་གྲོགས་མཛོད། །འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་དང་། །ཕ་མེས་རྒྱུད་སྲུང་རིགས་མཚུན་དགྲ་བླ་སོགས། །མགོན་སྐྱོབ་སྡོང་གྲོགས་བྱེད་པའི་ལྷ་རྣམས་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཁ་འཛིན་མཛོད། །འཇིགས་བརྒྱད་ཞི་ཞིང་འབྱོར་དྲུག་ལེགས་ཚོགས་རྒྱས། །སྣང་སེམས་དབང་འདུས་དགྲ་བགེགས་ཚར་ཆོད་ཅིང་། །གཞི་བྱེས་ལམ་གསུམ་གནས་སྐབས་མཐར་ཐུག་ཀུན། །བསམ་དོན་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །དེ་ནས་བརྔན་བྱ་བར་སྤྲོ་ན། ཧཱུྃ། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །རྩ་གསུམ་དཀོན་མཆོག་སྲིད་ཞུའི་མགྲོན་རིགས་རྣམས། །དད་པ་དམ་ཚིག་ཀུན་བཟང་མཆོད་པས་བརྔན། །ཚོགས་རྫོགས་སྒྲིབ་བྱང་བྱིན་རླབས་དབང་བསྐུར་སྩོལ། །ཆོས་སྐྱོང་དམ་ཅན་ནོར་ལྷ་གཏེར་གྱི་བདག །དཔལ་མགོན་ཕྱོགས་སྐྱོང་ཡོན་ཏན་མགྲོན་རིགས་རྣམས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་བརྔན། །ཆོས་འཁོར་བསྟན་སྐྱོངས་ཕྲིན་ལས་རྣམ་བཞི་སྒྲུབས། །སྟོང་གསུམ་ཛམ་གླིང་བོད་ཡུལ་གཞི་གནས་བདག །དགྲ་བླ་ཝེར་མ་འགོ་ཞིང་གྲོགས་མཛད་རྣམས། །གསེར་སྐྱེམས་ཤེལ་ཚིག་ཟས་ཕུད་འབྲུ་སྣས་བརྔན། །རྒྱལ་ཁམས་བདེ་སྐྱིད་ཁ་འཛིན་སྡོང་གྲོགས་མཛོད། །སྡེ་བརྒྱད་འབྱུང་པོ་དྲེགས་པ་མཐུ་བོ་ཆེ། །ཚེ་རབས་མང་པོའི་ལན་ཆགས་མགྲོན་རིགས་རྣམས། །རང་རང་ཡིད་ལ་འདོད་རྒུའི་སྦྱིན་པས་བརྔན། །གནོད་སེམས་གདུག་རྩུབ་ཞི་ཞིང་ཕན་བདེ་སྤེལ། །སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་མཁའ་ཁྱབ་ཀྱི། །མར་གྱུར་འགྲོ་བ་སྙིང་རྗེའི་མགྲོན་རིགས་རྣམས། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་བརྔན། །སྡུག་བསྔལ་ཀུན་ཞི་མྱུར་དུ་འཚང་རྒྱ་ཤོག །མཐར་ཕྲིན་ལས་བཅོལ་བ་ནི། ཀྱེ། དེ་ལྟར་བསངས་མཆོད་བརྔན་པའི་མཐུས། །མགྲོན་རིགས་མ་ལུས་མཉེས་ཚིམས་ཏེ། །སྐྱབས་གནས་རྣམས་ཀྱིས་བྱིན་གྱིས་རློབས། །མཆོད་འོས་རྣམས་ཀྱིས་དངོས་གྲུབ་སྩོལ། །ལྷ་དང་སྲུང་མས་ཕྲིན་ལས་སྒྲུབས། །གཞི་གནས་བདག་པོས་ཁ་འཛིན་མཛོད། །འཇིགས་བརྒྱད་ལ་སོགས་མི་མཐུན་ཞི། །འབྱོར་པ་དྲུག་སོགས་མཐུན་རྐྱེན་རྒྱས། །རླུང་སེམས་སྣང་བ་དབང་དུ་འདུས། །འགལ་རྐྱེན་དགྲ་བགེགས་ཚར་ཆོད་མཛོད། །སངས་རྒྱས་བསྟན་པ་དར་བ་དང་། །བསྟན་འཛིན་ཐུགས་མཐུན་སྐུ་ཚེ་བརྟན། །འདུས་པའི་སྡེ་རྒྱས་བསླབ་གསུམ་དང་། །ཐོས་བསམ་སྒོམ་པ་འཕེལ་བར་མཛོད། །དུས་ཀྱི་རྒུད་པ་མཐའ་དག་ཞི། །བདེ་སྐྱིད་རྫོགས་ལྡན་དཔལ་འབྱོར་རྒྱས། །ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི། །སྣང་བས་རྟག་ཏུ་ཁྱབ་པར་མཛོད། །བདག་ཅག་གར་འགྲོ་གར་འདུག་ཀྱང་། །ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །ཡིད་ལ་ཇི་ལྟར་འདོད་པའི་དོན། །བདེ་བླག་ཉིད་དུ་འགྲུབ་པར་མཛོད། །གཡང་ལེན་སོགས་རྗེས་ཀྱི་རིམ་པ་ནི། ཀྱེ། འཁོར་འདས་ཕྱོགས་བཅུའི་ཞིང་ཁམས་དང་། །ལྷ་གནས་གླིང་བཞི་བོད་ཁམས་ཀྱི། །ཚེ་བསོད་སྙན་གྲགས་འབྲུ་ནོར་བཅུད། །བཙན་ཕྱུག་འཕན་དར་མངའ་ཐང་སོགས། །མི་ཡི་གཡང་དང་ཕྱུགས་ཀྱི་རྩི། །སྣོད་བཅུད་དཔལ་འབྱོར་བདེ་ལེགས་ཀུན། ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དགོས་འདོད་ཕུན་སུམ་ཚོགས་པར་ཤོག །མ་འབྱོར་མ་དག་ཉམས་པ་སོགས། །ནོངས་པ་གང་མཆིས་བཟོད་བཞེས་ལ། །ལས་དང་དངོས་གྲུབ་ཐོགས་མེད་ཅིང་། །དགྱེས་པས་རྟག་ཏུ་དགོངས་པར་མཛོད། །ཡེ་ཤེས་ལྷ་རྣམས་དབྱིངས་སུ་མུཿ །འཇིག་རྟེན་པ་རྣམས་རང་གནས་གཤེགས། །དུས་སུ་མཆོད་པའི་ཡུལ་དུ་བྱོན། །གནས་སྐབས་མཐར་ཐུག་འདོད་པའི་དོན། །བུམ་བཟང་ནོར་བུ་དཔག་བསམ་བཞིན། །འབད་མེད་ལྷུན་གྱིས་འགྲུབ་པ་ཡི། །དགེ་ལེགས་བཀྲ་ཤིས་དཔལ་འབར་ཤོག །མདོ་རྒྱུད་ཁུངས་དང་མི་འགལ་ཞིང་། །ལྷ་སྲུང་དགྱེས་སྐྱེད་ཡུལ་གྱི་ཆོས། །བྱ་སླ་ཕན་བདེ་འཕྲལ་སྟོན་པ། །འདུས་གསལ་བསང་གི་རིམ་པ་བཤད། །སྣང་སྲིད་གདུག་རྩུབ་ཀུན་ཞི་ཞིང་། །གནས་སྐབས་མཐར་ཐུག་བདེ་སྐྱིད་ཀྱི། །དཔལ་དང་ཕུན་སུམ་ཚོགས་པས་འབྱོར། །འཇིག་རྟེན་གསུམ་པོ་དགེ་ལེགས་ཤོག །ཅེས་པ་འདིའང་ལུགས་ཟུང་གི་མཁྱེན་པའི་སྒོ་བརྒྱ་ཡངས་པ་རྗེ་དབོན་མཛོད་པ་རིན་པོ་ཆེ་ཚེ་རིང་བསམ་གྲུབ་ནས་བཀྲ་ཤིས་པའི་རྟེན་དང་བཅས་ཆེད་དུ་བསྐུལ་མ་གནང་བས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་གཙུག་ལག་ཁང་དུ་བགྱིས་པ་དགེ་ལེགས་འཕེལ།། ༈ །།འདི་ཡི་མ་དཔེ་ནི་རྒྱ་ཆེན་བཀའ་མཛོད་དཔལ་སྤུངས་པར་མ་པོད་༼ཇ༽པའི་ནང་བཞུགས་སོ། །དགེའོ། །སརྦ་མངྒ་ལཾ།། །།

བཅོམ་ལྡན་འདས་གསེར་ལྡན་རྔ་སྒྲའི་བསངས་མཆོད།

བཅོམ་ལྡན་འདས་གསེར་ལྡན་རྔ་སྒྲའི་བསངས་མཆོད་ཚངས་ཆེན་སྤྲིན་གྱི་རྒྱལ་རྔ་ཞེས་བྱ་བ་བཞུགས་སོ།།

ཤྲཱི་བཛྲཱ་སྲ་པ་སུ་ུབརྞ་པྲ་བྷཱ་དུནྡུ་བྷི་སྭ་རཱ་ཱཡ་ནཱ་མཿ རིན་པོ་ཆེའི་སྣོད་དམ་ཐབ་གང་རུང་དུ་བཟང་ཤིང་ཕྱེ་མར་སྤོས་སྨན་དཀར་མངར་འབྲུ་སྣ་སོགས་གཙང་མའི་མེ་ལ་བསྲེག་པ་བ་མཆོག་གི་འོ་ཆབ་བྲན་པ་བསངས་ཀྱི་རྫས། ༀ་ཨཱཿཧཱུྃ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱེད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བ སྒྲལ་ཕྱིར་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང་༔ ཐུགས་ཀྱི་ཐིག་ལེར་ལྷུན་གྲུབ་སྣང་བཞིའི་ངང་༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ ལན་གསུམ། ཡན་ལག་བདུན་པ་ནི། གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང་༔ གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པ་འབུལ༔ འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་གཤགས༔ བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང་༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔ འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོ༔ བདག་བསྐྱེད་ནི། ཨཿ ཆོས་དབྱིངས་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ༔ འོད་གསལ་ཐིག་ལེ་ཟང་ཐལ་ཀློང་ཡངས་པར༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ སྣང་སྲིད་ཐམས་ཅད་མེར་མེར་ཤིག་ཤིག་གསལ༔ དེ་ཀློང་པད་ཉིའི་གདན་སྟེང་ཁྱོན་ཡངས་པར༔ ཟག་བཅས་མི་སྣང་སྐད་ཅིག་དྲན་རྫོགས་སུ༔ རྒྱལ་ཀུན་འདུས་གཞི་བཅོམ་ལྡན་གསེར་རྔ་སྒྲ༔ ཆུ་ལས་ཆུ་བུར་རྡོལ་འདྲ་མཚན་དཔེའི་སྐུ༔ ལོ་བརྒྱད་ལང་ཚོ་ཁྲོ་འཛུམ་འགྱིང་བག་ཅན༔ གཉེན་ལྕུགས་འཁྲིལ་ལྡེམ་རྗེས་ཆགས་ཟིམ་བུའི་སྤྱན༔ ཨུཏྤལ་རྒྱས་འདྲ་ཆུ་སྐྱེས་བུན་པས་བཏུད༔ རིན་ཆེན་རྒྱན་མཛེས་དར་གྱི་སྨད་དཀྲིས་དང་༔ ཐོར་ཚུགས་རིན་ཆེན་འབར་བའི་རྩེ་བྲན་ཅན༔ བདེ་ཆེན་འོད་ལྔའི་གུར་ཁང་འཁྱིལ་བ་དེའི༔ རང་སྣང་གཞི་དབྱིངས་དྭངས་མའི་མཁའ་སྤྱོད་དུ༔ རྒྱལ་བའི་དཀྱིལ་འཁོར་ལྷུན་གྲུབ་བཀོད་འབར་བ༔ ཉི་ཟླ་འབུམ་གྱི་ཟེར་ལྟར་འོད་འཕྲོ་ཞིང་༔ རང་རང་སྐུ་ལས་སྤྲུལ་པའི་འཁོར་ལོངས་སྤྱོད༔ གསང་མཆོག་གསུང་གི་གསང་བ་མི་ཟད་དང་༔ མཁྱེན་བརྩེ་ཐུགས་རྗེ་རོལ་པའི་རྒྱན་འཁོར་གྱིས༔ ཁམས་གསུམ་རིགས་དྲུག་འགྲོ་བ་འདི་དང་འདི༔ གདུལ་བྱའི་ལྷག་མ་མ་ལུས་ཡོངས་སྒྲོལ་བའི༔ སྣང་སྲིད་མ་ཧཱ་གུ་རུར་གསལ་བར་བསྐྱེད༔ དེ་ནས་བསང་རྫས་རྣམས། རྃ་ཡྃ་ཁྃ། གིས་བསང་སྦྱང་། སྟོང་པའི་ངང་ལས་བསང་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། འབྲུ་གསུམ་དང་ནམ་མཁའ་མཛོད་སྔགས་ལན་གསུམ་སོགས་ཀྱིས་བྱིན་བརླབ་ལ། བྷྲཱུྃ༔ རིན་ཆེན་སྣ་ཚོགས་དྭངས་མའི་སྣོད་ཡངས་སུ༔ འཇིག་རྟེན་སྲིད་པའི་འདོད་རྒུ་དམ་ཚིག་རྫས༔ འབྲུ་གསུམ་ཡེ་ཤེས་བདུད་རྩིར་བྱིན་བརླབས་པས༔ སྣང་སྲིད་མཆོད་པའི་འདོད་རྒུར་འཁྲུགས་པ་འདི༔ བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་དང་༔ ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་དང་༔ འཛམ་གླིང་གཞི་བདག་རིགས་དྲུག་ལན་ཆགས་མགྲོན༔ ཁྱད་པར་བདག་གི་ཚེ་འཕྲོག་སྲོག་རྐུ་ཞིང་༔ ནད་གཏོང་བར་ཆད་རྩོམ་པའི་འབྱུང་པོ་དང་༔ རྨི་ལམ་རྟགས་མཚན་ངན་དང་ལྟས་ངན་རིགས༔ སྡེ་བརྒྱད་མ་རུང་ཆོ་འཕྲུལ་བདག་པོ་དང་༔ ཟས་དང་གནས་དང་ནོར་གྱི་ལན་ཆགས་ཅན༔ གྲིབ་བདག་སྨྱོ་འདྲེ་ཕོ་གཤིན་མོ་གཤིན་དང་༔ གྲི་བོ་ཐེ་རང་གྲོང་སྲིན་འདྲེ་མོ་བཅས༔ ལན་ཆགས་དམར་པོའི་མེ་ལ་བསྲེགས་ཏེ་འཇལ༔ རང་རང་ཡིད་ལ་གང་འདོད་འདོད་རྒུའི་ཆར༔ ཇི་སྲིད་ནམ་མཁའ་གནས་ཀྱི་བར་ཉིད་དུ༔ འདོད་པའི་ཡོན་ཏན་ཟད་པ་མེད་པར་བསྔོོ༔ བདག་གི་དུས་གསུམ་བསགས་པའི་སྡིག་སྒྲིབ་དང་༔ དཀོན་མཆོག་དད་གཤིན་དཀོར་ལ་སྤྱད་པ་རྣམས༔ སྦྱིན་སྲེག་མེ་མཆོད་འདི་ཡིས་དག་གྱུར་ཅིག༔ མེ་ལྕེ་སྣང་སྲིད་གང་བའི་རྡུལ་ཕྲེང་རེས༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་མི་ཟད་པ༔ རྒྱལ་བའི་ཞིང་ཁམས་ཡོངས་ལ་ཁྱབ་གྱུར་ཅིག༔ མེ་ལྕེ་ཡེ་ཤེས་འོད་ལྔའི་མཆོད་སྦྱིན་ཟེར༔ རིགས་དྲུག་མནར་མེད་གནས་སུ་ཁྱབ་གྱུར་པས༔ ཁམས་གསུམ་འཁོར་བ་འཇའ་ལུས་འོད་སྐུར་གྲོལ༔ འགྲོ་ཀུན་བྱང་ཆུབ་སྙིང་པོར་སངས་རྒྱས་ཤོག༔ ༀཨཱཿཧཱུྃ༔ ཞེས་འབྲུ་གསུམ་བརྒྱ་སྟོང་སོགས་གང་འགྲུབ་མཐར། སྐུ་གསུམ་དག་པ་སྣོད་ཀྱི་གཞལ་ཡས་སུ༔ ཆོས་ལོངས་སྤྲུལ་གསུམ་སྣང་སྲིད་གཟུགས་ཕུང་རྣམས༔ བདུད་རྩིར་ཞུ་ུབས་འཇའ་འོད་བར་སྣང་གང་༔ འཁོར་བ་མྱང་འདས་ཟག་མེད་བདུད་རྩིའི་བཅུད༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ སྣང་སྲིད་མགྲོན་དུ་གྱུར་པ་ཡོངས་ལ་བསྔོ༔ ས་ལམ་འབྲས་བུའི་ཡོན་ཏན་མཐར་ཕྱིན་ཞིང་༔ ལྟ་སྒོམ་སྦྱོད་པའི་བར་ཆད་ཀུན་བསལ་ནས༔ རྨད་བྱུང་ཀུན་བཟང་ཐུགས་ཀྱི་མཁའ་དབྱིངས་སུ༔ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག༔ འཁོར་བའི་རྒྱ་མཚོ་ཆེན་པོ་སྟོངས་པའི་མཐར༔ འོག་མིན་པདྨ་དྲྭ་བར་སངས་རྒྱས་ཤོག༔ ཕུང་ཁམས་བསྲེག་རྫས་བཀྲག་མདངས་གཟི་བརྗིད་འབར༔ དཀར་དམར་བྱང་སེམས་བསྲེག་རྫས་བདེ་སྟོང་འབར༔ སྟོང་ཉིད་སྙིང་རྗེའི་བསྲེག་རྫས་ཆོས་དབྱིངས་གང་༔ སྣང་སྲིད་འཁོར་འདས་རྡོ་རྗེའི་འོད་ལྔའི་གཞིར༔ ལྷུན་གྲུབ་རྫོགས་སངས་རྒྱས་པའི་བསྲེག་རྫས་འབུལ༔ སྔོན་གྱི་ལན་ཆགས་ཐམས་ཅད་བྱང་གྱུར་ཅིག༔ ད་ལྟ་རྒྱུད་ལ་མི་གནས་མཐོལ་ལོ་བཤགས༔ མ་འོངས་སྒྲིབ་པའི་འཁོར་ལོར་མ་གྱུར་ཅིག༔ སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི༔ སྡོམ་བཅས་བསླབ་པ་གསང་སྔགས་དམ་ཚིག་རིགས༔ ཚོར་དང་མ་ཚོར་ཉམས་པ་མཐོལ་ལོ་བཤགས༔ ནད་གདོན་གྲིབ་དང་མི་གཙང་དག་གྱུར་ཅིག༔ ནད་མུག་མཚོན་གྱི་བསྐལ་པ་ཞི་གྱུར་ཅིག༔ མཐའ་མི་དབུས་སུ་འོང་བའི་བསུན་མ་ཟློག༔ ཆོས་མཛད་བླ་མ་གདན་འདྲེན་བར་ཆད་ཟློག༔ བོད་ཡུལ་བཀྲ་མི་ཤིས་པའི་ལྟས་ངན་ཟློག༔ གཟའ་ཀླུ་རྒྱལ་པོས་སྲོག་དབུགས་བསྡུད་པ་ཟློག༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཟློག༔ བདག་ཅག་འཁོར་བཅས་བཀྲ་མི་ཤིས་པ་ཟློག༔ དམ་སྲི་འགོང་པོའི་མཐུ་སྟོབས་ནུས་པ་ཟློག༔ ས་མ་ཡ༔ གྲངས་གསོག་ཚེ་སླར་ཡང་། བྷྲཱུྃ༔ རིན་ཆེན་སྣ་ཚོགས་སོགས་ནས། འབྲུ་གསུམ་གང་མང་དང་། སྐུ་གསུམ་སོགས་ཅི་རིགས་མཐར། གཡང་འགུགས་བྱ་བ་ནི། ཀྱཻ༔ འཇའ་ལུས་རྡོ་རྗེ་ཆོས་སྐུའི་གཡང་ར་འདིར༔ འོད་ལྔ་མ་འགགས་འཇའ་ཟེར་ཐིག་ལེའི་གཡང་༔ སྣང་སྲིད་འོད་གསལ་མཁའ་སྤྱོད་དབྱིངས་ནས་ཁུག༔ འཇའ་ལུས་འཕོ་བ་ཆེན་པོའི་དངོས་གྲུབ་སྩོལ༔ གུ་རུའི་སྦས་ཡུལ་དཔའ་བོ་ཌཱ་ཀིའི་ཀློང་༔ འཁོར་ཡུག་ཐམས་ཅད་ལྷ་དང་ལྷ་མོས་གང་༔ མཆོག་ཐུན་དངོས་གྲུབ་ཅི་བསམ་གཡང་ཁུག་ཅིག༔ ཚེ་དཔལ་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ༔ སྲིད་ཞི་འདོད་རྒུར་དཔུང་པའི་གཡང་ར་འདིར༔ རྒྱན་ལྡན་གཅེས་ཕྲུག་གཞོན་ནུས་ལྷ་གསོལ་གང་༔ བུ་ནོར་ཅི་བསམ་འདོད་རྒུའི་གཡང་ཁུག་ཅིག༔ ཕུན་ཚོགས་དཔལ་འབྱོར་དངོས་གྲུབ་ཐམས་ཅད་སྩོལ༔ གཡང་ཆར་བཀྲ་ཤིས་མདའ་དར་ཕྱེ་མར་དང་༔ སྲིད་པའི་ལྷ་ཆེན་དགྱེས་པའི་མཆོད་རྫས་འབུལ༔ ཕུ་ནས་གནོད་སྦྱིན་མཆེད་ལྔས་ནོར་གཡང་ཁུག༔ མདའ་ནས་མཚོ་སྨན་བརྟན་མས་དངོས་གྲུབ་སྩོལ༔ བར་ན་བདུད་བཙན་བར་བ་སྤུན་བདུན་དང་༔ སྐྱེས་མཆོག་རྡོ་རྗེ་ལེགས་པས་བསམ་དོན་གྲུབ༔ ཡུལ་ཕྱོགས་འདི་ལ་བཀྲ་ཤིས་དཔལ་འབར་དང་༔ དཀར་པོའི་དམ་ཆོས་དར་བའི་ཕྲིན་ལས་མཛོད༔ ཞི་བའི་ལས་མཛད་བྱང་སེམས་ལྡན་རྣམས་ཀྱིས༔ ནད་གདོན་སྡིག་སྒྲིབ་ཞི་བའི་ཕྲིན་ལས་མཛོད༔ རྒྱས་པའི་ལས་མཛད་རིན་ཆེན་རིགས་རྣམས་ཀྱིས༔ ཚེ་དང་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ༔ དབང་གི་ལས་མཛད་པདྨ་རིགས་རྣམས་ཀྱིས༔ ཁམས་གསུམ་དབང་དུ་འདུས་པའི་དངོས་སྒྲུབ་སྩོལ༔ དྲག་པོའི་ལས་མཛད་ལས་ཀྱི་རིགས་རྣམས་ཀྱིས༔ དགྲ་བགེགས་ཚར་གཅོད་ནུས་པའི་དངོས་གྲུབ་སྩོལ༔ བསམ་དོན་མ་ལུས་འགྲུབ་པའི་དངོས་གྲུབ་སྩོལ༔ བཀྲ་ཤི་ནི། ཧྲཱི༔ བཀྲ་ཤིས་དཔལ་འབར་འཛམ་གླིང་སྲིད་ཞིའི་ཁྱོན༔ དཔའ་བོ་བྱིན་ཆགས་ཌཱ་ཀིའི་ལྟ་ན་སྡུག༔ བདེ་ཆེན་ཉམས་དགའ་འོད་ཟེར་ལྷུག་པར་བསྐྱེད༔ ཟག་མེད་དགའ་བ་གཞིར་རྫོགས་བཀྲ་ཤིས་ཤོག༔ ཕྱི་ནང་གསང་བའི་རིགས་དང་མཚན་བཟང་པོ༔ རྟགས་ཀྱི་ལང་ཚོ་རྫོགས་ལྡན་སྲིད་ཞི་ཡི༔ ཁམས་གང་མཐོང་ཐོས་དྲན་རེག་འགྲོ་བ་ཀུན༔ དྭངས་མ་འཇའ་སྐུར་སྨིན་པའི་བཀྲ་ཤིས་ཤོག༔ གཏིང་ཟབ་ཀུན་ཏུ་བཟང་མོའི་བྷ་གའི་དབྱིངས༔ གདོད་མའི་རྒྱལ་བ་ཡོངས་ཀྱི་མཐུ་སྟོབས་དང་༔ ནུས་པར་མངའ་དབང་རྫོགས་པའི་ཕྲིན་ལས་ཀྱིས༔ འདོད་རྒུ་དཔལ་དུ་འཁྱིལ་བའི་བཀྲ་ཤིས་ཤོག༔ བསྔོ་སྨོན་ནི། ཀྱཻ༔ སྲིད་ཞི་ཁམས་ཀྱི་དམིགས་ཚད་མི་དམིགས་དགེ༔ རྨད་བྱུང་བླ་མེད་ཐེག་གསང་ཆེན་པོར་བསྔོ༔ འབྲས་བུ་མི་ནུབ་ཕྱོགས་དུས་རྒྱལ་བ་ཡི༔ ཞིང་དུ་ཁམས་གསུམ་འཁོར་བ་ཀུན་གྲོལ་ནས༔ རྡོ་རྗེ་སྙིང་པོ་མཁའ་སྤྱོད་རྣམ་བཀྲ་ཞིང་༔ ངོ་མཚར་བཀོད་སྤྲིན་འཁྲུགས་པའི་པདྨོ་འོད༔ ས་ལེར་མཐོང་ནས་ཌཱ་ཀིས་འཇམ་འཁྱུད་ཅིང་༔ རྩེ་དགར་རོལ་པའི་དབང་ཕྱུག་ཐོབ་པར་ཤོག༔ དཔལ་ལྡན་ཧེ་རུ་ཀ་དང་རིག་པ་འཛིན༔ དཔའ་བོ་དབང་ཕྱུག་ཚོགས་པའི་གུ་ཡང་གེར༔ དུས་གསུམ་སངས་རྒྱས་ཀུན་གྱིས་དབུགས་དབྱུང་ཞིང་༔ ཌཱ་ཀིའི་དབང་ཕྱུག་ཆེན་པོར་བདག་གྱུར་ཅིག༔ དེ་ལྟར་སྐྱེ་རྒུ་རྣམས་ཀྱི་མ་འདྲེས་པའི་མཛའ་ཤེས། བདེ་བར་གཤེགས་པ། ཟླ་མེད་པ། རིག་པ་དང་ཞབས་སུ་ལྡན་པ། དཔལ་ཐུབ་པའི་དབང་པོ་ཀུན་མཁྱེན་གཟིགས་པ་གསེར་གྱི་འོད་དྲི་མེད་དགྱེས་པའི་ཞི་བསིལ་གྱི་རྔ་སྒྲའི་རྒྱལ་པོའི་གསང་མཆོག་ཡེ་ཤེས་མཆོག་གི་མྱུར་ལམ་ལ་རྟེན་པའི་ཀུན་ཏུ་བཟང་པོའི་བསངས་ཀྱི་མཆོད་པ་ཚངས་ཆེན་སྤྲིན་གྱི་རྒྱལ་རྔ་ཞེས་བྱ་བ་འདི་ནི་ཚེ་རབས་ཀྱི་ཕྲེང་བ་དུ་མར་བདེ་བར་གཤེགས་པའི་འདྲེན་མཆོག་གང་གི་ཀློང་གསལ་ཐུགས་རྗེའི་འཇུག་པའི་གྲིབ་བསིལ་དུ་ངལ་འཚོ་བའི་གྱི་ན་བ། ༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པའི་མཚན་གྱི་ཡི་གེས་བརྗིད་པ་ཀརྨཀཨུཌྜཡནཀརྨསམནྟེནྡྲབཛྲཱ་ཞེས་བགྱི་བས་འཕགས་ཡུལ་སཱ་ར་ནཱ་ཐ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་འདབས། རིག་པའི་རྡོ་རྗེའི་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་གཟིམ་སྤྱིལ་ཀུན་བཟང་ཡངས་རྩེའི་བ་གམ་དུ། རང་བྱུང་པདྨ་ཀ་རའི་ཟབ་གཏེར་གྱི་གདུང་འཚོབ་ལྷ་བཙུན་ནམ་མཁའ་འཇིགས་མེད་པའི་དག་སྣང་བྱིན་ཅན་གྱི་གསུང་ཁ་བསྒྱུར་བའི་ཚུལ་གྱིས་བོད་རབ་གནས་ལྕགས་སྦྲུལ་ལོའི་ཟླ་བ་དང་པོའི་དཀར་ཕྱོགས་ཀྱི་སྟོང་པ་གཉིས་པར་རྫོགས་པར་བགྱིས་པ་ཤིན་ཏུ་བཀྲ་ཤིས་པའི་ལམ་བཟང་དུ་གྱུར་ཅིག །མངྒ་ལཾ།། །།

ཐའི་ཝན་ཡུལ་ལྷའི་བསང་མཆོད།

ཀྱེ། །འཛམ་གླིང་ཤར་ལྗོངས་ཀུན་གསལ་འཛིན་མའི་ལྟོར། །སྲིད་ཞིའི་ངོ་མཚར་འཆར་བའི་ཐའི་ཝན་ཞེས། །གྲགས་དཀར་རྣ་བའི་བདུད་རྩིར་སྤུད་པ་ཡི། །ཡུལ་སྐྱོངས་རྗེ་བཙན་ལྷ་ཀླུ་ལྷ་མིན་ཚོགས། །གནོད་སྦྱིན་སྡེ་བརྒྱད་འབྱུང་པོ་མ་ལུས་དང་། །གཉུག་གནས་གློ་བུར་ལྷགས་པའི་མགྲོན་རིགས་རྣམས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཉེས་གྱུར་ཅིག །དབུས་ཕྱོགས་ཐའི་ཀྲུང་ཡུན་གླིང་ཞིང་གི་ཆར། རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །གྲོང་དང་གྲོང་ཁྱེར་འདུས་གཞིར་གནས་པ་ཡི། །ལྷ་བཙན་སྡེ་བརྒྱད་འབྱུང་པོ་མ་ལུས་བསངས། །ཙང་ཧཱ་མེའུ་ལྀ་ནན་ཐོ་ཡུལ་གྱི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསང་། །ཤར་ཕྱོགས་ཐའི་ཏོང་ཧཱོ་ལེན་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསང་། །ལྷོ་ཕྱོགས་ཐའི་ནན་ཅ་ཡི་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ནུབ་ཕྱོགས་ཀའུ་ཞུང་ཕིན་ཏོང་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསང་། །བྱང་ཕྱོགས་ཐའི་པེ་ཐའོ་ཡོན་ཞིང་གི་ཆར། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསང་། །ཁྱད་པར་ཤིན་ཀྲུའུ་ཨི་ལའན་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསང་། གཞན་ཡང་གྲོང་དང་གནས་ཁར་རི་བྲག་ལམ། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གླིང་དང་ཉེ་བའི་གླིང་དུ་གནས་པ་ཡི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསང་། །མདོར་ན་བདག་སོགས་འཁོར་དང་བཅས་རྣམས་ལ། །ལུས་དང་གྲིབ་མ་བཞིན་དུ་རབ་འགྲོགས་ནས། །སྡོང་གྲོགས་དཔུང་གཉེན་བྱེད་པའི་ལྷ་ཚོགས་རྣམས། །བསང་གི་མཆོད་པས་མཉེས་ཤིང་ཚིམ་གྱུར་ཅིག །ཁྱད་པར་ཤར་ལྗོངས་ནོར་གླིང་ཐའི་ཝན་དུ། །རྒུད་ཚོགས་ཉེར་འཚེའི་སྨག་མུན་རྣམས་བསལ་ནས། །ཆོས་འབྱོར་ཞི་བདེའི་ལང་ཚོའི་རྟ་ལྗང་དབང་། །ཕུན་ཚོགས་སྡེ་བཞིའི་འོད་རྣོན་བསྐྱེད་པར་མཛོད། །འཛམ་གླིང་སྤྱི་དང་ཁྱད་པར་ཡུལ་ཕྱོགས་དེར། །ཕན་དང་བདེ་བའི་འབྱུང་གནས་ཐུབ་པའི་བསྟན། །བསྟན་འཛིན་སྐྱེས་བུ་འགྲོ་བའི་བདེ་སྐྱིད་ཀུན། །ཀུན་ནས་འཕེལ་ཞིང་རྒྱས་པ་དབྱར་གྱི་ཆུ། །ཆུ་གཏེར་ཆེན་པོའི་དཔལ་ལ་འགྲན་པར་མཛོད། །དེས་མཐུས་འཛམ་གླིང་ཡངས་པའི་རྒྱལ་ཁབ་ཀུན། །ཕན་ཚུན་དམག་འཁྲུགས་དུག་མཚོན་ནད་མུག་ཞི། །ཚེ་གཡང་སྐྱིད་ཀྱི་ཉི་མ་དགུང་ལ་ཤར། །ཟད་མེད་དགའ་བ་རྒྱས་པའི་བཀྲ་ཤིས་མཛོད། །དུང་དུང་སྙིང་ནས་མི་ཕྱེད་གསོལ་འདེབས་ཤིང་། །ཡང་ཡང་མཆོད་ཅིང་བསྟོད་ན་བདག་སོགས་ཀུན། །འཇིགས་འཇིགས་བར་ཆད་དགྲ་ལས་རྣམ་རྒྱལ་ཞིང་། །འཛུམ་འཛུམ་དགྱེས་པའི་སྒོ་ནས་དངོས་གྲུབ་སྩོལ། །ཅེས་པ་འདི་རྒྱལ་མཆོག་བཅུ་བདུན་པ་ཆེན་པོ་༧ ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་གསུང་ངོ་།།

ཀླུ་བསང་ནོར་བུ་ཆར་འབེབས།

ཀླུ་བསང་ནོར་བུ་ཆར་འབེབས་བཞུགས་སོ།། ཀྱེ། རྒྱ་མཚོ་ཆེ་དང་རོལ་མཚོ་བདུན། །ཀླུ་ཐོའི་ཆུ་མིག་དམ་པ་ནས། །ཀླུ་རྒྱལ་གཙུག་ན་རིན་ཆེན་ནི། །རིན་པོ་ཆེ་ཡི་ཁྲི་སྟེང་དུ། །སྐུ་སྟོད་མཚན་ལྡན་མི་ཡི་ལུས། །སྐུ་སྨད་སྦྲུལ་གྱི་མཇུག་མ་ཅན། །སྦྲུལ་མགོ་སྟོང་གི་གདེངས་ཀ་ཅན། །ཕྱག་ན་དགོས་འདོད་ནོར་བུ་བསྣམས། །ཀླུ་ཚོགས་མང་པོའི་འཁོར་གྱིས་བསྐོར། །སེམས་ཅན་དབུལ་བ་སེལ་མཛད་པ། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུལ་ཤུག་ཕྱེ་མར་གསུར་གྱི་བསང་། །ཀླུ་ཡི་ཕྱུགས་གཡང་འཕེལ་གཡང་དང་། །ཀླུ་ཡི་ཟས་གཡང་ནོར་གཡང་དང་། ཀླུ་ཡི་དཔལ་དང་འབྱོར་པའི་གཡང་། །དེ་རིང་བདག་ལ་བསྩལ་དུ་གསོལ། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་ཡི་དྭགས་ཤ་ཟ་དང་། །སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོ་མ། །མ་མོ་རྒྱལ་པོ་གཟའ་དང་བཙན། །ཀླུ་དང་ཐེའུ་རང་སྨན་དང་གཟའ། །གཞོན་ནུ་སྐེམ་བྱེད་བྱ་ཡི་ཚོགས། རླུང་ལྷ་སྲུལ་པོ་ལུས་སྲུལ་པོ། །མཚུན་དང་དགྲ་བླ་བྲག་སྲིན་སོགས། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ཀུན། །འདིར་གཤེགས་བསངས་དང་མཆོད་པ་བཞེད། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཐམས་ཅད་དགྱེས་ཤིང་ཚིམས་གྱུར་ཅིག །སྔོན་ཚེ་རྒྱལ་བའི་བཀའ་མ་ཅག །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བར་མཛོད། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །ཟས་ནོར་སྣང་སྲིད་དབང་དུ་སྡུས། །དགྲ་འདྲེ་གདོན་གསུམ་ཚར་ཆོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་རཱ་ག་ཨ་སྱས་མཛད་པའོ། །དགེ་ལེགས་འཕེལ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ ཐི ༽པའི་ནང་བཞུགས་སོ། །སརྦ་མངྒ་ལཾ།། །

སྡེ་བརྒྱད་གསེར་སྐྱེམས།

སྡེ་བརྒྱད་བཅོས་ཐབས་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གནས་གཙང་མར་ལྷ་བཤོས། རི་རབ། འོ་ཕུད། མེ་ཏོག་སྣ་ཚོགས། རྩི་སྨན། མངར་གསུམ། ཤ་སྣ། སྨན་སྣ། འབྲུ་སྣ། དར་སྣ། ཟས་སྣ་གང་འབྱོར་བཤམས་ལ། སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས་རང་ཉིད་ཡི་དམ་གང་བྱས་བསྒོམས་ལ། རྫས་རྣམས། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷ རྨཱཿ སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ༀ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ནམཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ༀ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རཱསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷཉྫཱ་ན་མ་ཧཱ་ས་མ་ཡ་སྭཱ་ཧཱ། སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས་ནས་ཏིང་ངེ་འཛིན་གྱིས་འདི་སྐད་དོ། །ཧཱུྃ། སྐུ་གསུམ་བརྒྱུད་གསུམ་བླ་མ་དང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། །སྐྱབས་གནས་དཀོན་མཆོག་གསུམ་པོ་དང་། །མཁའ་འགྲོ་ནོར་ལྷ་ཆོས་སྲུང་སོགས། །མཆོད་ཡུལ་གོང་མ་ཐམས་ཅད་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །ལྷ་མིན་དབང་པོ་ཐག་བཟང་རིས། །མིའམ་ཅི་ལྗོན་རྟ་མགོ་ཅན། །གནོད་སྦྱིན་གང་བ་བཟང་པོ་དང་། །མཁའ་ལྡིང་གསེར་མིག་འཁྱིལ་བ་དང་། །སྲིན་པོ་ལང་ཀ་མགྲིན་བཅུ་དང་། །ཆོས་སྐྱོང་མ་ཧཱ་ཀཱ་ལ་དང་། །དྲི་ཟ་ཟུར་ཕུད་ལྔ་པ་སོགས། །ཕྱི་ཡི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ཡབ་གཅིག་བདུད་རྗེ་ནག་པོ་དང་། །བཙན་རྒྱལ་ཡམ་ཤུད་དམར་པོ་དང་། །ཡུལ་ལྷ་ཕྱ་སངས་ཀླུ་སྲས་དང་། །སྲོག་བདག་རྒྱལ་པོ་སྙིང་འབྱིན་དང་། །ཆོས་སྐྱོང་གནོད་སྦྱིན་དམར་པོ་དང་། །ལྷ་མོ་འཇིགས་པའི་གློག་འབྱིན་དང་། །དགེ་བསྙེན་རྡོ་རྗེ་ལེགས་པ་དང་། །དཀར་མོ་ཉི་ཟླ་ཐོད་ཕྲེང་སོགས། །ནང་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །བདུད་པོ་ཁ་ཐུན་རཀྴ་དང་། །གཤིན་རྗེ་གཤེད་པོ་དམར་ནག་དང་། །ཀླུ་བདུད་ནཱ་ག་རཱ་ཛ་དང་། །གནོད་སྦྱིན་ཤན་པ་གྲི་ཐོགས་དང་། །མ་མོ་སྲིད་པ་ཁྲོམ་འདེབས་དང་། །བཙན་པོ་ཡམ་ཤུད་སྲོག་ལེན་དང་། །བདུད་པོ་རེ་ཏེ་མགོ་ཡག་དང་། །སྲོག་བདག་དུང་གི་ཐོར་ཚུགས་སོགས། །གསང་བའི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ། །དཀར་མཆོག་ཁྲམ་ཤིང་ཁ་ཐོར་དང་། །བདུད་མཆོག་མ་ནུ་རཀྴ་དང་། །བཙན་མཆོག་གྲི་བཙན་མཐུ་བོ་དང་། །མ་མཆོག་ལྕེ་སྤྱང་མདུང་འཛིན་དང་། །ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་དང་། །མགོན་མཆོག་ནག་པོ་ལྟེ་དཀར་དང་། །རྒྱལ་མཆོག་ལི་བྱིན་ཧ་ར་སོགས། །མཆོག་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །དཔུང་གཡས་དགྲ་ལྷར་སྤྲུལ་པ་དང་། །དཔུང་གཡོན་མ་མོར་སྤྲུལ་པ་དང་། །ཆུ་སོ་བདུད་དུ་སྤྲུལ་པ་དང་། །མགོ་བོ་སྲིན་པོར་སྤྲུལ་པ་དང་། །མཇུག་མ་དམུ་རུ་སྤྲུལ་པ་དང་། །ལག་གཡས་གཤིན་རྗེ་སྤྲུལ་པ་དང་། །ལག་གཡོན་ཀླུ་བཙན་སྤྲུལ་པ་དང་། །མིག་དང་སྙིང་དང་མཚན་པ་གསུམ། །གཟའ་བདུད་ཉིད་དུ་སྤྲུལ་པ་སོགས། །སྤྲུལ་པའི་སྡེ་བརྒྱད་ཐམས་ཅད་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ས་བདག་ཧལ་ཁྱི་ནག་པོ་དང་། །ཀླུ་བདུད་གདོལ་པ་ནག་པོ་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང་། །མགོན་པོ་བདུན་ཅུ་རྩ་ལྔ་དང་། །ཡུལ་འདིའི་གཞི་བདག་ཐམས་ཅད་དང་། །ཕོ་ལྷ་དགྲ་ལྷ་སྲོག་ལྷ་དང་། །མོ་ལྷ་མོ་སྨན་ལ་སོགས་པ། །སྣང་སྲིད་སྡེ་བརྒྱད་ཐམས་ཅད་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །སེར་བ་སྲུང་བ། སྲིའུ་གསོ་བ། མདོས་གླུད་བཏང་བ ། ཟོར་འཕེན་པ་ལ་སོགས་ལས་གང་བྱེད་ཀྱང་སྔོན་དུ་འགྲོ་བའི་སྡེ་བརྒྱད་མཆོད་པ་འདི་མེད་ན། བྱིས་པས་མཁར་ལས་བྱེད་པ་དང་འདྲ་ཞེས་གསུངས། ལས་གང་གི་ཡང་སྔོན་དུ་འགྲོ་བ་སྡེ་བརྒྱད་བཅོས་ཐབས་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་རིན་ཆེན་གཏེར་མཛོད་དཔལ་སྤུངས་པར་མ་པོད་༼ པི ༽པའི་ནང་དུ་བཞུགས་སོ། །སརྦ་མངྒ་ལཾ།། །།

རླུང་གནོན་གསེར་སྐྱེམས

རླུང་གནོན་གསེར་སྐྱེམས་སམ་བསང་བཞུགས་སོ། །འགྱུར་མེད་རྡོ་རྗེའི་སྐུ་བསྙེས་པདྨ་འབྱུང་། །སྣང་སྲིད་ཟིལ་གནོན་ཀརྨ་པཀྴི་ལ། །མཆོད་སྤྲིན་རྒྱ་མཚོའི་བསང་གི་མཆོད་པ་འབུལ། །ལམ། གསེར་སྐྱེམས་ཕུད་ཀྱིས་མཆོད། །ཅེས་ཁ་བསྒྱུར་བར་བྱ། འབྱུང་བ་རླུང་གི་གནོད་པ་ཞི་བར་མཛོད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དཔའ་བོ་དང་། །མཁའ་འགྲོ་ནོར་ལྷ་ཆོས་སྐྱོང་རྒྱ་མཚོ་ལ། །མཆོད་སྤྲིན་རྒྱ་མཚོའི་བསང་གི་མཆོད་པ་འབུལ། །འབྱུང་བ་རླུང་གི་གནོད་པ་ཞི་བར་མཛོད། །ཁྱད་པར་རྡོ་རྗེ་བེར་ནག་ལྕམ་དྲལ་དང་། །འཁོར་ཚོགས་ལྷ་སྲིན་སྡེ་བརྒྱད་ཚོགས་བཅས་ལ། །མཆོད་སྤྲིན་རྒྱ་མཚོའི་བསང་གི་མཆོད་པ་འབུལ། །འབྱུང་བ་རླུང་གི་གནོད་པ་ཞི་བར་མཛོད། །ཡུལ་ཕྱོགས་འདིར་གནས་གཞི་བདག་མཐུ་བོ་ཆེ། །གཉུག་མར་གནས་དང་གློ་བུར་ལྷག་རྣམས་ལ། །མཆོད་སྤྲིན་རྒྱ་མཚོའི་བསང་གི་མཆོད་པ་འབུལ། །འབྱུང་བ་རླུང་གི་གནོད་པ་ཞི་བར་མཛོད། །བརྟན་མ་བཅུ་གཉིས་ས་བདག་རྒྱལ་བློན་དང་། །རླུང་ལྷའི་རྒྱལ་པོ་འཁོར་དང་བཅས་རྣམས་ལ། །མཆོད་སྤྲིན་རྒྱ་མཚོའི་བསང་གི་མཆོད་པ་འབུལ། །འབྱུང་བ་རླུང་གི་གནོད་པ་ཞི་བར་མཛོད། །བདག་ཅག་རྣམས་ཀྱི་ཡིད་ལ་གང་འདོད་པའི། །འདོད་དོན་རེ་བ་འགྲུབ་ལ་བགེགས་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་གོང་ནས་གོང་འཕེལ་མཛོད། །ཅེས་པའང་ཀརྨ་པ་བཅུ་བཞི་པས་བྲིས་པ་དགེ།

ཁྲུས་ཀྱི་ཆོ་ག་ཟླ་བའི་བདུད་རྩི།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྲུས་ཀྱི་ཆོ་ག་ཟླ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྲུས་ཀྱི་ཆོ་ག་ཟླ་བའི་བདུད་རྩི་ཞེས་བྱ་བ། གང་ཞིག་སྲིད་པའི་མུན་པ་འཇོམས། །ཕན་དང་བདེ་བའི་བདུད་རྩི་སྦྱིན། །བླ་མ་ལྷ་ལ་གུས་བཏུད་ནས། །ཁྲུས་ཀྱི་ཆོ་ག་བཤད་པར་བྱ། །དེ་ལ་བཞི། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ། འཕྲོས་དོན་ནོ། །སྔོན་འགྲོ་ལ་གསུམ། སྦྱོར་བ། བདག་གི་རྣལ་འབྱོར། བུམ་པ་སྒྲུབ་པའོ། །དང་པོ་ནི། བུམ་པ་རྒྱུན་བབ་ཀྱི་ཆུས་བཀང་ལ་རྫས་ཉེར་ལྔ་བཏབ། མགུལ་ཆིངས། དུང་ཞལ་དྲི་བཟང་གི་ཆུས་བཀང་བའི་སྟེང་རྡོ་རྗེ་གཟུངས་ཐ ག་གིས་སྤྲས་པ་སྟེགས་ཀྱི་ཁར་བཤམས། ཁ་རྒྱན་དེའི་ཉེ་ལོགས་སུ་བཞག །མཆོད་པ་སྣ་བདུན་གྱིས་བསྐོར་ལ། ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཧོ༔ མར་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེར་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ མཆོད་པ་རྣམས་སྭ་བྷཱ་ཝས་སྦྱང་། བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཀུན་བཟང་མཆོད་སྤྲིན་དུ་སྤེལ། གཉིས་པ། ཨ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ ཀུན་ཏུ་བཟང་པོའི་རོལ་པ་ལས༔ ཐབས་ཤེས་ཟུང་འཇུག་རྩ་བའི་ལྷ༔ སེམས་དཔའ་དཀར་པོ་རྡོར་དྲིལ་བསྣམས༔ རང་འོད་ཡུམ་འཁྱུད་བདེ་སྟོང་སྦྱོར༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ མ་བཅོས་ལྷུག་པའི་ངང་དུ་གསལ༔ ༀ་བཛྲ་སཏྭ་ཨཱཿ ཞེས་ཅུང་ཟད་བཟླ། གསུམ་པ་བུམ་པ་བསྒྲུབ་པ་ནི། ༀ་མ་ཧཱ་ཤཱུནྱ་ཏཱ་སོགས། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་༔ བྷྲཱུྃ་གྱི་ཡི་གེ་ཡོངས་གྱུར་སྐད་ཅིག་གིས༔ མཚན་ཉིད་ཡོངས་རྫོགས་རིན་ཆེན་བུམ་པ་ནི༔ བདུད་རྩི་ཆུ་ཡིས་ཡོངས་སུ་གང་བའི་དབུས༔ པཾ་ལས་པདྨའི་སྡོང་པོའི་གེ་སར་ལ༔ ཧཱུྃ་ལས་ལས་སྒྲིབ་ཀུན་སྦྱོང་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས༔ ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུ༔ ཤར་དུ་ངན་སོང་ཀུན་འདྲེན་གསང་བའི་བདག༔ དཀར་པོ་ཞི་ཚུལ་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་དམ་གྲིབ་ཀུན་སེལ་སྨེ་བ་བརྩེགས༔ དུད་ཁ་ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ནུབ་ཏུ་རིག་སྔགས་ཀུན་རྒྱལ་རྣམ་པར་འཇོམས༔ མཐིང་གསལ་ཁྲོ་འཛུམ་རྡོ་རྗེ་དྲིལ་བུ་འཛིན༔ བྱང་དུ་ལས་ཀུན་བདག་པོ་བདུད་རྩི་འཁྱིལ༔ ལྗང་སྔོན་སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིན༔ ཀུན་ཀྱང་རང་རང་རྒྱན་རྫོགས་འདོར་སྟབས་བཞེངས༔ གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་དབྱེར་མེད་གྱུར༔ ༀ༔ ངོ་བོ་ཆོས་སྐུ་སྤྲོས་དང་བྲལ་བའི་དབྱིངས༔ གཤེགས་དང་བཞུགས་པའི་མཚན་མ་མི་དམིགས་ཀྱང་༔ རང་བཞིན་ཐུགས་རྗེ་གཟུགས་ཀྱི་སྐུར་བཞེངས་པ༔ བཅོམ་ལྡན་དཀྱིལ་འཁོར་ལྷ་ཚོགས་གཤེགས་སུ་གསོལ༔ ༀ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བྃ་ཧོ༔ པདྨ་ཀ་མ་ལཱ་ཡ་སྟྭཾ༔ སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས༔ བཀྲ་ཤིས་གླུ་ལེན་མེ་ཏོག་ཆར་འབེབས་བཞིན༔ འཆི་མེད་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན་བསམ༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་སོགས། ཧཱུྃཿ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ ༀབཛྲ་ཨརྒྷ྄ཾ་སོགས་ནས། ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ སྒྲིབ་མེད་རོལ་པའི་སྐུ་གསུང་ཐུགས༔ སེམས་ཅན་ཁམས་ལ་རྗེས་བརྩེ་བས། གང་འདུལ་འགྲོ་བའི་དོན་མཛད་པའི༔ མགོན་པོ་ཁྱོད་ལ་བདག་ཕྱག་འཚལ༔ གཟུངས་ཐག་ལ་འཇུས་ཏེ། རང་གི་ཐུགས་ནས་འོད་ཟེར་འཕྲོས༔ གཟུངས་ཐག་ལ་འཁྲིལ་བུམ་ནང་སོང་༔ བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན༔ བབ་པས་བུམ་པ་ཡོངས་གང་གྱུར༔ ༀ་བཛྲ་སཏྭ་ས་མ་ཡ་སོགས། བསྡུ་ན། ༀ་བཛྲ་སཏྭ་ཨཱཿ ༀ་བཛྲ་པཱ་ཎི་སྥོཊ་ཡ༔ སརྦ་ཨ་པཱ་ཡ་བྷནྡྷ་ནི་པྲ་མོཀྵ་ཡ༔ སརྦ་ཨ་པ་ཡ་ག་ཏི་བྷྱ༔ སརྦ་སཏྭ་ནཱཾ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ༔ བསྡུ་ན། ༀ་བཛྲ་པཱ་ཎི་ཧཱུྃ༔ ༀ་བྷུར་ཀུར་མ་ཧཱ་པྲ་ཎ་ཡ༔ བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ ན་མཥྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ༀ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞེས་པ་རྣམས་གང་ནུས་བཟླ། ལྷ་འདི་རྣམས་རྡོ་རྗེའི་རིགས་ཡིན་པས་རྡོ་རྗེ་རིགས་རྣམས་ཀྱི་རྒྱུད་དོ་ཅོག་གི་རྩ་བ་རྣམ་འཇོམས་ཀྱི་རྒྱུད་ཀྱང་ངེས་པར་བཀླག་གོ །དེ་ནས་དུང་ཆུ་མེ་ཏོག་བཅས་ཕུལ་ལ། ༀ་ཨཱཿཧཱུྃ༔ ལྷ་རྣམས་འོད་དུ་ཞུ་བས་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པས་དངོས་པོ་གང་ལ་འཐོར་བས་ཉེས་པ་ཐམས་ཅད་སྦྱོང་བའི་བདུད་རྩིར་གྱུར་བར་བསམ། གཉིས་པ་དངོས་གཞི་ལ་བཞི། བགེགས་སྦྱང་བ། རྟེན་ལ་ཁྲུས་བྱ་བ། སྣོད་བཅུད་སྤྱི་ལ་ཁྲུས་བྱ་བ་དང་། གང་ཟག་བྱེ་བྲག་ལ་ཁྲུས་བྱ་བའོ། དང་པོ་ནི། གཏོར་མ་རྣམས། སྭ་བྷཱ་ཝས་སྦྱང་། ༀ་ཨཱཿཧཱུྃ་གིས་འདོད་ཡོན་དུ་བྱིན་གྱིས་བརླབས། གཏོར་མ་གཡས་སུ་བསྐོར་ཞིང་། སརྦ་བིགྷྣཱན་ན་མཿསོགས། ཨི་དཾ་བ་ལིཾ་དེ་སྭཱ་ཧཱ༔ ཞེས་ཞི་བས་སྦྱང་། ཆངས་བུ་ཏིང་ལོ་གཡོན་དུ་བསྐོར་ལ། ༀ་སུམྦྷ་ནི་སོགས། ཧཱུྃ་བཞི་བརྗོད་པས་ཞི་དྲག་ཕྱེད་མས་སྦྱོང་བའོ། །བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ རང་ཉིད་ཁྲོ་བོའི་རྒྱལ་པོ་ཞེ་སྡང་རྡོ་རྗེ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་མི་མཐུན་པའི་ཕྱོགས་སྦྱང་ཞིང་ལེགས་པའི་ཚོགས་སྤེལ་བ་ལ་བར་དུ་གཅོད་པའི་འབྱུང་པོ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གཞན་དུ་འགྲོ་བར་གྱིས། གང་དག་མི་འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་ཞིང་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཅིག ། ཅེས་གཏོར་མ་རྒྱང་རིང་དུ་དོར་ཞིང་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག །དྲག་སྔགས་རོལ་མོ་ཚམ་རྔམ་དང་བཅས་པས་ཕྱིར་བཀྲད། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་སྲུང་བའི་འཁོར་ལོ་བསྒོམ་མོ། །གཉིས་པ་རྟེན་ལ་ཁྲུས་བྱེད་ན། རྟེན་རྣམས་མེ་ལོང་ངོས་སུ་འཆར་བར་བྱས་ནས། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ༀ༔ བཀྲ་ཤིས་བུམ་པ་བདུད་རྩིའི་ཆུས༔ བདེ་བར་གཤེགས་པའི་གསང་གསུམ་ལ༔ གུས་པའི་བསྙེན་བཀུར་བགྱིས་པ་ཡིས༔ བདག་ཅག་ཉོན་མོངས་དག་གྱུར་ཅིག༔ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ ཇི་ལྟར་བཅོམ་ལྡན་བལྟམས་པའི་ཚེ༔ ལྷ་རྣམས་བདུད་རྩིས་ཁྲུས་གསོལ་ལྟར༔ ཡེ་ཤེས་དག་པའི་ཆུ་རྒྱུན་གྱིས༔ དེང་འདིར་བདག་གིས་སྐུ་ཁྲུས་གསོལ༔ ༀ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་མྲྀ་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ རྒྱལ་བ་རྣམས་ཀྱི་རྟེན་མཆོག་ལ༔ གཙང་ཞིང་བཀྲུ་བ་མི་མངའ་ཡང་༔ བདག་ཅག་སྒོ་གསུམ་སྒྲིབ་སྦྱང་ཕྱིར༔ རྡོ་རྗེ་བདུད་རྩིས་ཁྲུས་གསོལ་ལོ༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ དྲི་བཟང་སྦག་ཅིང་ཡིག་འབྲུ་ལྔ་བྲིས་པས་ཕྱི་ཞིང་། གཙང་ཞིང་མཛེས་པ་ལྷ་ཡི་གོས༔ བཟང་པོའི་དྲི་དང་ལྡན་པ་འདིས༔ རྒྱལ་བའི་རྟེན་མཆོག་ཕྱིས་པ་ཡིས༔ བདག་ཅག་སྒྲིབ་གཉིས་དག་གྱུར་ཅིག༔ ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཛྙཱ་ན་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ ༀ༔ ཕུན་སུམ་ཚོགས་པ་སོགས་ཀྱི་ཤིས་བརྗོད་བྱ། འདི་སྐབས་རབ་གནས་བསྡུས་པ་བྱེད་ན། ༀ་མ་ཧཱ་ཤཱུནྱ་ཏཱ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས༔ ལྷ་སྐུའི་ཕྱག་རྒྱའི་རྣམ་པ་ཀུན༔ སེངྒེས་བཏེགས་པའི་རིན་ཆེན་ཁྲི༔ སྣ་ཚོགས་པད་ཉི་ཟླ་བའི་སྟེང་༔ ༀ་ལས་འཁོར་ལོ་ༀ་གྱིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཕྱོགས་དུས་རྒྱལ་བ་སྲས་བཅས་ཀུན༔ སྐུ་ཡི་རྡོ་རྗེའི་ལྷ་ཚོགས་ཀྱི༔ རྣམ་པར་སྤྱན་དྲངས་དབྱེར་མེད་ཐིམ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ རྣམ་པར་སྣང་མཛད་བཅོམ་ལྡན་འདས༔ དཀར་གསལ་འཁོརལོ་དྲིལ་བུ་འཛིན༔ རང་འོད་སྙེམས་མ་ཡུམ་དང་སྦྱོར༔ གསུང་རྟེན་རིག་པ་གླེགས་བམ་ཀུན༔ རྨ་བྱས་བཏེགས་པའི་རིན་ཆེན་ཁྲི༔ སྣ་ཚོགས་པད་ཉིད་ཟླ་བའི་སྟེང་༔ ཧྲཱིཿལས་པདྨ་ཧྲཱིཿཡིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཕྱོགས་དུས་རྒྱལ་བ་སྲས་བཅས་ཀུན༔ གསུང་གི་རྡོ་རྗེའི་ལྷ་ཚོགས་ཀྱི༔ རྣམ་པར་སྤྱན་དྲངས་དབྱེར་མེད་ཐིམ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ སྣང་བ་མཐའ་ཡས་བཅོམ་ལྡན་འདས༔ དཀར་དམར་པདྨ་དྲིལ་བུ་འཛིན༔ རང་འོད་གོས་དཀར་ཡུམ་དང་སྦྱོར༔ ཐུགས་རྟེན་ཕྱག་མཚན་མཆོད་རྟེན་སོགས༔ གླང་པོས་བཏེགས་པའི་རིན་ཆེན་ཁྲི༔ སྣ་ཚོགས་པད་ཉི་ཟླ་བའི་སྟེང་༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས། ཕྱོགས་དུས་རྒྱལ་བ་སྲས་བཅས་ཀུན༔ ཐུགས་ཀྱི་རྡོ་རྗེའི་ལྷ་ཚོགས་ཀྱི༔ རྣམ་པར་སྤྱན་དྲངས་དབྱེར་མེད་ཐིམ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ མི་བསྐྱོད་རྡོ་རྗེ་བཅོམ་ལྡན་འདས༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ རང་འོད་དབྱིངས་ཕྱུག་ཡུམ་དང་སྦྱོར༔ ཀུན་ཀྱང་དར་དང་རིན་ཆེན་བརྒྱན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ སྣང་སྟོང་འོད་ལྔའི་ཀློང་ན་བཞུགས༔ གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་གྱི་ངོ་བོ་རུཿ གདོད་ནས་དག་ཅིང་ལྷུན་གྱིས་གྲུབ༔ ལངས་ལ་སྤོས་བསྲེག །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཕྱོགས་བཅུ་དུས་བཞིར་བཞུགས་པ་ཡི༔ རྩ་གསུམ་རྒྱལ་བ་རབ་འབྱམས་ལྷ༔ ནམ་མཁའ་གང་བར་སྤྱན་དྲངས་བསམ༔ ༀ༔ རང་བཞིན་ཆོས་སྐུའི་ངང་ཉིད་ལས༔ རྣམ་རོལ་མ་འགགས་ཅིར་ཡང་འཆར༔ བདེ་གཤེགས་པདྨ་རྡོ་རྗེ་རིགས༔ མ་ལུས་ལུས་པ་མེད་པ་དང་༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན༔ དོན་དམ་གཤེགས་བཞུད་ལས་འདས་ཀྱང་༔ ཀུན་རྫོབ་སྒྱུ་འཕྲུལ་དྲྭ་བའི་ཚུལ༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ དམ་ཚིག་ཕྱག་རྒྱའི་རྟེན་མཆོག་ཀུན༔ ཡེ་ཤེས་ཆེན་པོར་བྱིན་གྱིས་རློབས༔ དབྱེ ར་མེད་ལྷག་པར་གནས་པ་ཡི༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་མཛོད༔ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཞེས་རོལ་མོ་རྒྱ་ཆེར་བྱ། རཏྣ་པདྨ་སཱུཪྱ་ཙནྡྲ་ཨཱ་ས་ན་ཏིཥྛ་ལྷན༔ བཞུགས་སུ་གསོལ། ཛཿཧཱུྃ་བྃ་ཧོ༔ ཕྱག་རྒྱ་དང་བཅས་པས་བསྟིམ། རྟེན་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །དེའི་འོད་ཟེར་གྱིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ནས་ཡིག་འབྲུ་གསུམ་ལ་ཐིམ་པས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པར་བསམ་ལ། རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་རེག་པའམ། མེ་ལོང་དུ་ཤར་བའི་གཟུགས་ལ་རེག་ཅིང་། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾཿ དེ་བཞིན་དུ། ཝཱ་ཀ་ཙིཏྟ་སོགས་ཀྱིས་རྒྱས་གདབ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བར་གྱུར། ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཞེས་དབང་བསྐུར་རོ། །ༀ་བཛྲ་ཨརྒྷཾ་སོགས་ནས། ཤབྟ་ཨཱཿཧཱུྃ། ཞེས་མཆོད། གསེར་གྱི་ཐུར་མའམ་རྡོ་རྗེ་ཐོགས་ལ། ཧོ༔ སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྤྱན༔ སྒྲིབ་པའི་དྲི་མ་ཀུན་བྲལ་ཡང༔ སེམས་ཅན་དོན་དུ་རབ་དབྱེ་བས༔ འགྲོ་ཀུན་ཡེ་ཤེས་སྤྱན་ལྡན་ཤོག༔ ༀ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཡེ་ཤེས་སྤྱན་གྱིས་སེམས་ཅན་ཐམས་ཅད་ལ་གཟིགས་པར་གྱུར་ཅིག །ༀ༔ སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ༔ འཕོ་འགྱུར་མཚན་མ་ལས་འདས་ཀྱང་༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ གང་འདུལ་གཟུགས་སུ་སྣང་མཛད་གསོལ༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་རྡོ་རྗེས་རེག་ཅི ང་། ལྷ་ཐ མས་ཅད་སོ་སོའི་རྟེན་གྱི་རྣམ་པ་ཇི་ལྟ་བ་བཞིན་གྱུར་བར་བསམ། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་འབུལ། རྟེན་འབྲེལ་སྙིང་པོས་བྱིན་གྱིས་བརླབས་པའི་མེ་ཏོག་འཐོར་ཞིང་། ༀ༔ མི་འགྱུར་ཡེ་ཤེས་ཐུགས་རྗེའི་ལྷ༔ དམིགས་མེད་ཡེ་ཤེས་རྡོ་རྗེའི་སྐུ༔ བདག་དོན་རྟེན་འདི་གནས་ཀྱི་བར༔ ཡེ་ཤེས་བརྟན་པར་བཞུགས་པ་དང་༔ གཞན་དོན་ཡེ་ཤེས་ཇི་སྲིད་བར༔ དམ་ཚིག་ཡེ་ཤེས་གཉིས་མེད་པའི༔ ཕྱག་རྒྱའི་ཡེ་ཤེས་ལ་བརྟེན་ནས༔ འགྲོ་ཀུན་ཡེ་ཤེས་དབྱིངས་སུ་སྦྱོར༔ དངོས་གྲུབ་ཡེ་ཤེས་རྒྱས་པ་དང་༔ ལྷུན་གྲུབ་ཡེ་ཤེས་འཆར་མཛད་གསོལ༔ རྟེན་འབྲེལ་སྙིང་པོ་བཟླས་ཤིང་བཀྲ་ཤིས་བརྗོད་ཅིང་རོལ་མོ་བྱའོ། །གསུམ་པ་སྣོད་བཅུད་སྤྱི་ལ་ཁྲུས་བྱ་བ་ནི། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ནམ་མཁའ་གང་བས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་སྣོད་བཅུད་ཐམས་ཅད་ལ་ཁྲུས་མཛད་པས་དག་པ་རྡོ་རྗེའི་ཞིང་ཁམས་སུ་གྱུར་པར་བསམ་ལ། ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས་ཀྱི་རྫིང༔ མེ་ལོང་ཡེ་ཤེས་རང་བཞིན་གྱིས༔ ཉོན་མོངས་ཞེ་སྡང་ལས་གྱུར་པའི༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ སྔགས་མཐར། ཉོན་མོངས་པ་ཞེ་སྡང་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས་ཀྱི་རྫིང་༔ ཆོས་དབྱིངས་ཡེ་ཤེས་རང་བཞིན་གྱིས༔ ཉོན་མོངས་གཏི་མུག་ལས་གྱུར་པའི༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ ཉོན་མོངས་པ་གཏི་མུག་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས་ཀྱི་རྫིང་༔ མཉམ་ཉིད་ཡེ་ཤེས་རང་བཞིན་གྱིས༔ ཉོན་མོངས་ང་རྒྱལ་ལས་གྱུར་པའི༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ ཉོན་མོངས་པ་ང་རྒྱལ་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས་ཀྱི་རྫིང་༔ སོར་རྟོག་ཡེ་ཤེས་རང་བཞིན་གྱིས༔ ཉོན་མོངས་འདོད་ཆགས་ལས་གྱུར་པའི༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ ཉོན་མོངས་པ་འདོད་ཆགས་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས་ཀྱི་རྫིང་༔ བྱ་གྲུབ་ཡེ་ཤེས་རང་བཞིན་གྱིས༔ ཉོན་མོངས་ཕྲག་དོག་ལས་གྱུར་པའི༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ ཉོན་མོངས་པ་ཕྲག་དོག་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ རང་བྱུང་ཡེ་ཤེས་བདུད་རྩིའི་ཆུས༔ བརྟན་གཡོའི་རྒུད་པ་ཀུན་སྦྱངས་ནས༔ ཀློང་ལྔའི་དབྱིངས་ལས་རིག་པའི་གདངས༔ རྟག་ཏུ་བཀྲ་ཤིས་འཕེལ་གྱུར་ཅིག༔ རྩ་སྔགས་དང་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་བཀྲུའོ། །བཞི་པ་གང་ཟག་བྱེ་བྲག་ལ་ཁྲུས་བྱེད་ན། བསྒྲུབ་བྱ་གོང་ལྟར་བགེགས་དང་ཕྲལ་ནས། སློབ་དཔོན་རྡོ་རྗེ་སེམས་དཔར་གསལ་བའི་ཕྱག་གི་བུམ་པས་ཁྲུས་བྱས་པས་བསྒྲུབ་བྱའི་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས་ལུས་ཤེལ་སྒོང་ལྟར་དག་ཅིང་དྲི་མ་མེད་པར་གྱུར་པར་བསམ་ལ། ཧཱུྃ༔ བདུད་ལས་རྣམ་རྒྱལ་བྱང་ཆུབ་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ རྣམ་རྟོག་དྲི་མ་ཀུན་བྱང་སྟེ༔ མི་མཐུན་ཕྱོགས་རྣམས་ཞི་གྱུར་ཅིག༔ སྔགས་མཐར། སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད༴ གདོན་བགེགས་ཐམས་ཅད༴ དུས་མ་ཡིན་པའི་འཆི་བ༴ རྨིས་ལྟས་མཚན་མ་ངན་པ༴ གྲིབ་དང་མི་གཙང་བ༴ བྱད་ཕུར་རྦོད་གཏོང་ཐམས་ཅད༴ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱབ་པ་ནི། རྨ་བྱའམ་ཀུ་ཤའི་སྒྲོ་གཡབ་ཀྱི་དབུས་སུ་ཟླ་བ་ལ་གནས་པའི་ཧཱུྃ་ལ་གཟུངས་སྔགས་རྣམས་ཀྱིས་བསྐོར་བ་ལས་འོད་དང་རླུང་བྱུང་བས་བསྒྲུབ་བྱའི་སྒོ་གསུམ་གྱི་ནད་གདོན་ཐམས་ཅད་དུ་བ་རླུང་གིས་བདས་པ་ལྟར་ཁྲུས་ཆུ་ལ་ཤར་བའི་གཟུགས་ལ་སྤོ་བའི་ཚུལ་དུ་ཐིམ་པར་གྱུར་བར་བསམ། ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་བ་གསུམ་གྱི་བྱིན་རླབས་ཀྱིས༔ བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་དང་༔ གྲིབ་དང་མི་གཙང་དུས་མིན་འཆི༔ བྱད་ཕུར་རྦོད་གཏོང་ལ་སོགས་པ༔ མི་མཐུན་ཕྱོགས་ཀུན་དག་གྱུར་ཅིག༔ ཉི་ཟླ་གཟའ་ལས་གྲོལ་བ་བཞིན༔ ཞི་དང་བཀྲ་ཤིས་བདེ་ལེགས་ཤོག༔ སྔགས་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ༔ ནད་རིམས༴ གདོན་བགེགས༴ དུས་མ་ཡིན་པའི་འཆི་བ༴ རྨིས་ལྟས་མཚན་མ་ངན་པ༴ གྲིབ་དང་མི་གཙང་བ་ཐམས་ཅད་༴ བྱད་ཕུར་རྦོད་གཏོང་ཐམས་ཅད༴ མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ༔ ཞེས་བཏགས་པས་བྱབ་བོ། །སྲུང་བ་བྱ་བ་ནི། ཕྱག་མཚན་རྡོ་རྗེ་ལས་རྡོ་རྗེ་གྲངས་མེད་པ་འཕྲོས། ལུས་ཕྱི་ནང་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་གཏམས་པས་ཅིས་ཀྱང་མི་ཚུགས་པའི་རང་བཞིན་དུ་གྱུར་པར་བསམ་མོ། །ཧཱུྃ༔ མ་སྐྱེས་འཇིགས་པ་མེད་པ་ཡིས༔ ལུས་ངག་ཡིད་ལ་རྒྱས་གདབ་པས༔ མི་མཐུན་ཕྱོགས་ཀུན་སྲུང་གྱུར་ཅིག༔ སྔགས་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ ནད་རིམས་ཐམས་ཅད༴ གདོན་བགེགས་ཐམས་ཅད༴ དུས་མ་ཡིན་པའི་འཆི་བ༴ རྨིས་ལྟས་མཚན་མ་ངན་པ༴ གྲིབ་དང་མི་གཙང་བ༴ བྱད་ཕུར་རྦོད་གཏོང་ཐམས་ཅད༴ མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ ཞེས་གནས་གསུམ་དུ་རྡོ་རྗེ་རྒྱ་གྲམ་དུ་གཏུག་གོ ། གསུམ་པ་རྗེས་ཀྱི་བྱ་བ་བདེན་སྟོབས་ཤིས་པ་བརྗོད་པ་ནི། ཁྲུས་གང་ཡིན་ཚར་བའི་རྗེས་སུ། ནམ་མཁའ་མེད་པར་གྱུར་ན་ཡང་༔ སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིག་སྔགས་བསླུ་བར་མི་འགྱུར་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུ་བ་ནི༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ སྔགས་དང་རྟེན་འབྲེལ་མི་བསླུ་ཞིང་༔ ཏིང་འཛིན་ནུས་པ་བསམ་མི་ཁྱབ༔ དཀོན་མཆོག་གསུམ་དང་རྩ་གསུམ་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བྱད་ཕུར་རྦོད་གཏོང་སྦྱོར་བ་ལས༔ དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ གང་སེར་མའམ། ༀ། སྟོན་མཆོག་དམ་པ་སོགས་ཞལ་ནས་གསུངས་པའི་ཤིས་པ་བརྗོད་དོ། །བུམ་པའི་ལྷ་ནི་འོད་ཞུ་སྔར་ནས་ཚར་བས་འཐུས་ལ། བདག་བསྐྱེད་ནི་བསྡུ་བ་སོགས་དམིགས་བསལ་མི་དགོས་རྫོགས་རིམ་ངང་ལ་བཞག་ནས་དགེ་བ་བསྔོའོ། །བཞི་པ་འཕྲོས་དོན་ནི། བུམ་པའི་ནང་དུ་ཆུ་གཙང་ཙམ་བཤམས། མཆོད་པ་སོགས་མ་འབྱོར་ན་ལྷ་བསྐྱེད་བཟླས་ཙམ་ལས་སྤྱན་དྲངས་མཆོད་བསྟོད་མ་བྱས་ཀྱང་ཆོག ། ལྷ་བསྐྱེད་པ་མ་གྲུབ་ཀྱང་ཆུ་གཙང་ལ་སྔགས་བཟླས་བྱིན་གྱིས་བརླབས་པའམ། ཐོག་མ་ཉིད་ནས་ཁྲུས་བྱེད་ཅིང་གཟུངས་སྔགས་བཟླས་ན་ཡང་གཟུངས་སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པས་དོན་འགྲུབ་པ་ཡིན་ནོ། །ལྷ་དང་སྙིང་པོ་འོད་དཀར་ཅན། །ཐབས་ཀྱི་བདུད་རྩི་སྦྱིན་པ་དེས། །རྒུད་པའི་གདུང་བ་ཀུན་བསལ་ནས། །ཕན་བདེའི་ཀུ་མུད་རྒྱས་བྱེད་ཤོག །ཅེས་པ་གཏེར་གཞུང་ལས་ཁོལ་དུ་ཕྱུངས་ཏེ་མན་ངག་གིས་གསལ་བར་བྱས་ནས་མཆོག་གྱུར་གླིང་པས་བཀོད་པའོ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་རིན་ཆེན་གཏེར་མཛོད་དཔལ་སྤུངས་པར་མ་པོད་༼ པི ༽པའི་ནང་དུ་བཞུགས་སོ། །སརྦ་མངྒ་ལཾ།། །།

གཟུངས་སྒྲུབ་ཀྱི་ཆོ་ག

གཟུངས་སྒྲུབ་ཀྱི་ཆོ་ག་མདོར་བསྡུས་བཀོད་པ་བཞུགས། །སྭསྟི། རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ། །འོད་སྣང་མཐའ་ཡས་ལ་བཏུད་ནས། །ཆོས་ཀྱི་རིང་སྲེལ་གླེགས་བམ་རྣམས། །བསྒྲུབ་པའི་ཆོ་ག་མདོར་བསྡུས་བཤད། །འདིར་སྐྱེས་བུ་ལ་ལ་དག་ཆོ་གའི་བྱ་བ་རྒྱས་པར་མི་ལྕོག་ཅིང་། བསྡུས་པའི་ཚུལ་གྱིས་གཟུངས་བསྒྲུབ་མཚན་ཉིད་པར་བྱ་བར་འདོད་ན། དང་པོ་ནི། གཟུངས་གཞུག་རྣམས་མཚན་ཉིད་དང་ལྡན་པར་བྲིས་ཤིང་ན་བཟའ་བཀླུབས་པ་སྣོད་གཙང་མར་མ་འཁྲུགས་པར་བཤམས་པའི་མདུན་དུ་ཉེར་སྤྱོད་རྣམས་དང་། ཁྲུས་བུམ་སྦྱོང་ཆས། ཁྲུས་གསོལ་ཆས་རྣམས་ཚོགས་པར་འདུ་བགྱིས་ཏེ། བདག་གི་རྣལ་འབྱོར་རང་རང་གི་ཡི་དམ་གྱི་བསྒོམ་བཟླས་མཐར་ཐུག་པའི་བར་དང་། ཁྲུས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་འོད་ཞུ་བཅས་གྲུབ་ནས། ཞི་དྲག་གི་སྦྱོང་བ། ཁྲུས་གསོལ། ན་བཟའ་འབུལ་བའི་བར་དང་། རབ་གནས་རྒྱས་བསྡུས་ཇི་ལྟར་འོས་པ་བྱའོ། །གཉིས་པ་དངོས་གཞི་གཟུངས་སྒྲུབ་དངོས་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། མཆོད་རྫས་རྣམས། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་ལས་དག་པའི་ཞིང་གི་དབུས། །ཐར་པ་ཆེན་པོའི་ཞལ་མེད་ཁང་། །ལྷ་རྫས་དམ་པའི་མཆོད་སྤྲིན་བཅས། །ཀུན་བཟང་རྣམ་འཕྲུལ་ལྟ་བུར་གྱུར། །མཆོད་པའི་སྤྲིན་གྱི་གཟུངས་སྔགས་ལན་གསུམ་བརྗོད་པས་བྱིན་གྱིས་བ རླབ། གཟུངས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ས་གཞི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡངས་ཤིང་རྒྱ་ཁྱོན་ཚད་མེད་པའི་དབུས་སུ། རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་རྐང་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ། སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་ཀྱི་གསང་སྔགས་རིགས་སྔགས་གཟུངས་སྔགས་ཐམས་ཅད་འདུས་པའི་ངོ་བོ་གསུང་གི་རྡོ་རྗེའི་རང་བཞིན་ༀ་ཨཱ་རོ་ལི ཀ་ཧཱུྃ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ཕྲེང་བ་པདྨ་རཱ་གའི་ཁ་དོག་ལ་ཉི་མ་འཆར་ཀའི་ཟེར་ཕྲེང་འཁྲིགས་པའི་ཕུང་པོ་མཐའ་ཡས་པ་ལས་འོད་ཟེར་གྱི་སྤྲིན་ཕུང་དཔག་ཏུ་མེད་པ་འཕྲོས། མཁའ་ཁྱབ་ཏུ་བཞུགས་པའི་མཆོག་གསུམ་རྩ་གསུམ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཐུགས་བརྒྱུད་བསྐུལ། དེ་དག་གི་གནས་གསུམ་ནས་གསང་བ་གསུམ་གྱི་བྱིན་རླབས་དང་། ཁྱད་པར་གསུང་དབྱངས་ཡན་ལག་དྲུག་ཅུའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་བཅུད་ཐམས་ཅད་གསུང་གི་རྡོ་རྗེ་སྔགས་ཀྱི་ཕྲེང་བ་འོད་ཟེར་འབར་བའི་རྣམ་པར་ནམ་མཁའ་གང་བ་ཙམ་དུ་བྱོན་ནས། དམ་ཚིག་པའི་ཡིག་འབྲུ་རྣམས་ལ་ཐིམ་པས། གཟི་བྱིན་རབ་ཏུ་འབར་ཞིང་སྔགས་ཀྱི་རང་སྒྲ་འུ་རུ་རུ་སྒྲོག་པར་གྱུར་པར་མོས་ལ། ༀ་ཨཱ་རོ་ལིཀ་ཧཱུྃ་སྭཱ་ཧཱ། ཞེས་འབུམ་ཕྲག་སོ་གཉིས་སམ། ཉེར་བཞི། བརྒྱད་དམ། བཞི་ལ་སོགས་པ་ཅི་ནུས་བཟླ་ཞིང་། ནུས་ན་ནང་གཞུག་གི་གཟུངས་རྣམ་ཀྱང་ཇི་ལྟར་རིགས་པར་བཟླས་ན་ལེགས་པའི་ཡན་ལག་ཏུ་འགྱུར། གང་ལྟར་ཡང་། ཐུན་མཐར། དབྱངས་གསལ། རྟེན་རྙིང་། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ བྷུ་ཁཾ་བཛྲཱི་བྷ་ཝ་དྲྀ་ཌྷ་ཏིཥྛ་བྷུ་ཁཾ་སྭཱ་ཧཱ། ཞེས་པ་རྣམས་དང་། རིག་པ་ཕུག་རོན་གྱི་གཟུངས་ནི། ན་མཿས་མནྟ་བྷུདྡྷ་ནཱ་མ་ཙིནྟྱ་བྷཱུ་ཏ་རཱུ་པི་ཎཾ། ༀ་ཏཱ་རེ་སྭཱ་ཧཱ། ཞེས་དང་སྲོག་ཤིང་བརྟན་པའི་སྔགས། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་དང་། ཚེ་སྙིང་། ཚེ་གཟུངས་རྣམས་སོ་སོར་བརྒྱ་རྩ་ནས་ཉེར་གཅིག་སོགས་ཅི་རིགས་པ་བཟླ། མཐར། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བའི་གསུང་རབས་མཆོག་ལ་མཆོད་པར་བགྱི། །རིན་ཆེན་དུ་མ་ལས་གྲུབ་སེངྒེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་རྣམས་རྡོ་རྗེའི་གདན་ལ་འཁོད་པར་ཤོག །སྣ་ཚོགས་དབང་པོ་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང་། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དག་བྱ་བ། །ཕུལ་བས་སྐྱེ་བོ་ཟུང་འཇུག་ཐོབ་པར་ཤོག །སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོ་གཅིག་ཏུ་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་རྣམས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ཐེག་མཆོག་བླ་བྲེ་གདུགས་དང་བ་དན་སྦྲེང་། བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་དར་ཕན་དང་། བསྟོད་དབྱངས་རོལ་མོ་མཆོད་པའི་མཆོག་རྣམས་ཀྱིས། །བདེ་བཤེགས་གསུང་གི་དཀྱིལ་འཁོར་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བའི་གསུང་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་པས་མཆོད། ༀ་རྡོ་རྗེ་རྣོན་པོ་སྡུག་བསྔལ་གཅོད། །ཤེས་རབ་ཡེ་ཤེས་སྐུ་ཅན་སྟེ། །དུས་གསུམ་སངས་རྒྱས་ཐུགས་ལ་གནས། །མི་ཕྱེད་རྡོ་རྗེའི་གསུང་ལ་བསྟོད། །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །དམ་པའི་ཆོས་ལ་བསྟོད་པར་བགྱི། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །མ་རིག་མུན་སེལ་སྒྲོན་མེའི་མཆོག །སྡུག་བསྔལ་ནད་འཇོམས་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ལུས་ངག་ཡིད་གསུམ་གུས་པས་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་གཟུངས་དང་སྔགས་ཀྱི་གླེགས་བམ་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་ཆེན་པོ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང་། ༀ་ཡེ་དྷརྨ་ཧེ་ཏུ་པྲབྷཱ་བ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨཻ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། དང་། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་ཅིང་མངའ་དབུལ་གྱིས་མེ་ཏོག་ཕུལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་འོས་པས་བདེ་ལེགས་སུ་སྤེལ། སླར་ཐུན་ལ་འཇུག་པ་ན་མཆོད་པ་བྱིན་བརླབ་ནས་བསྐྱར། ཐུན་ཐ་མར་བདག་བསྐྱེད་བསྡུ་ལྡངས། དགེ་བསྔོ། བཀྲ་ཤིས། སྨོན་ལམ་བཅས་ཀྱིས་མཐའ་བརྒྱན། ཉིན་གྲངས་སྒྲུབ་སྐབས། ཐུན་དང་པོའི་མགོར་ཆོས་སྤྱོད་གསོལ་འདེབས་རང་རང་ལུགས་སྔོན་དུ་འགྲོ་བས། བདག་བསྐྱེད་བཟླས་པའི་བར་བཏང་། དེ་ནས་གོང་གི་མཆོད་པ་བྱིན་བརླབ་ལ་འཇུག་པས་འཐུས་སོ། །ཞེས་པའང་བྱ་སླ་ཁྱེར་བདེ་ཉེར་མཁོར་དམིགས། དམ་པའི་གསུང་གཙོ་བོར་བཟུང་སྟེ་དུས་ཞབས་ཀྱི་སྔགས་བཙུན་མཁའ་ཁྱབ་རྡོ་རྗེས་བྲིས་པ་དགེ། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་རྒྱལ་དབང་མཁའ་རྡོ་རྗེའི་བཀའ་འབུམ་༼ཨ༽པའི་ནང་བཞུགས་སོ། །སརྦ་མངྒ་ལཾ།། །།

རབ་གནས་བསྡུས་པ།

རབ་གནས་བསྡུས་པ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ནས། ཕྱིར་བསྔོའོ་བར་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། འབྲུ་སྒྲུབ་པ་ནི། འབྲུ་ཡི་ཕུང་པོ་ཟླ་དཀྱིལ་ལ༔ རྟེན་འབྲེལ་སྙིང་པོའི་སྔགས་ཕྲེང་བཀོད༔ དེ་ལས་འོད་འཕྲོས་རྒྱལ་ཀུན་གྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་བསྡུས༔ སྔགས་ཀྱི་ཕྲེང་བ་ལ་ཐིམ་ནས༔ བདུད་རྩིའི་རྒྱུན་བབ་འབྲུ་ལ་ཐིམ༔ བརྟན་བྱེད་ནུས་པ་ལྡན་པར་གྱུར༔ ༀ་ཡེ་དྷརྨ་ཧེ་ཏུ་པྲ་བྷཱ་བ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད ཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨཻ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཅི་འགྲུབ་དང་། སྔགས་ཕྲེང་འོད་ཞུ་འབྲུ་ལ་ཐིམ༔ རེ་རེ་བཞིན་དུ་སྟོན་པའི་སྐུ༔ འོད་ཟེར་གཟི་བརྗིད་འབར་བ་ཉིད༔ ཡོངས་གྱུར་ཡེ་ཤེས་རྡོ་རྗེར་གྱུར༔ ཞེས་བྱིན་གྱིས་བརླབས་མཐར། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་ཆེན་པོ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང་། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོ་སངྒྷཱ་ཡ། ༀ་ཡེ་དྷརྨ་ཧེ་ཏུ་པྲབྷཱ་བ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨཻ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་འོས་པས་བདེ་ལེགས་སུ་སྤེལ།། །།

རབ་གནས་མདོར་བསྡུས།

རབ་གནས་མདོར་བསྡུས་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། རབ་གནས་མདོར་བསྡུས་ལ། སྐྱབས་སེམས་སྔོན་དུ་སོང་ནས། ལས་བུམ་བསྐྱེད་ཆོག་ནི། སྭཱ་བྷཱ་ཝས་སྦྱངས། ལས་བུམ་མི་དམིགས་སྟོང་པའི་ངང་ཉིད་ལས། །རིན་ཆེན་ལས་གྲུབ་མཚན་ཉིད་ཡོངས་རྫོགས་དབུས། །པདྨ་ཉི་མའི་སྟེང་དུ་ཧཱུྃ་ཡིག་ལས། །ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་ཡི་མདོག །ལྗང་སྔོན་ཕྱག་གཡས་རྡོ་རྗེའི་དབྱུག་པ་དང་། །གཡོན་པ་སྡིག་མཛུབ་ཁྲོ་ཆས་ཡོངས་སུ་རྫོགས། །ཐུགས་ཀར་ཉི་དཀྱིལ་ལྟེ་བར་ཧཱུྃ་ཡིག་གི །མཐའ་མར་སྔགས་ཀྱི་འཕྲེང་བས་བསྐོར་བར་གྱུར། །ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཅི་འགྲུབ་བཟླས། ཁྲོ་བོ་ཁྱོད་ཀྱིས་བགེགས་བཟློག་མཛད་ནས་ནི། །འོད་ཞུ་བདུད་རྩིས་བུམ་པ་གང་བར་གྱུར། །སྙམ་དུ་བསམ། དེ་ནས་རྟེན་གསར་པ་རྣམས། གུ་གུལ་གྱི་དུད་པ་དང་ཡུངས་ཀར་བྲབ་སྟེ་སུམྦྷ་ནི་སོགས་ཀྱི་དྲག་སྔགས་བརྗོད་ནས་བགེགས་བསྐྲད། ལས་བུམ་གྱི་ཆུས་འཐོར་ཞིང་། ཨ་མྲྀ་ཏའི་སྔགས་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ནས་རྟེན་རྣམས་སྐད་ཅིག་གིས། །སེང་གེའི་ཁྲི་མཆོག་མཐོ་ཞིང་རྒྱ་ཆེའི་སྟེང་། །པད་ཟླའི་གདན་ལ་བསྟན་པའི་བདག་པོ་མཆོག །གསེར་སྦྱངས་བཙོ་མའི་མདངས་ལས་ལྷག་པའི་མདོག །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཕྱག་གཡས་ས་གནོན་གཡོན་པ་མཉམ་བཞག་མཛད། །ངུར་སྨྲིག་རྣམ་གསུམ་ན་བཟའ་རྒྱན་གྱིས་མཛེས། །འོད་ཀྱིས་སྟོང་གསུམ་ཁྱབ་པ་དེའི་དཔྲལ་བར། །ༀ་དང་མགྲིན་ཨཱཿཐུགས་ཀར་ཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་ནི། །ཐོགས་མེད་སྤྱན་དྲངས་བཛྲ་ས་མཱ་ཛཿ དེ་ནས་ཐམས་ཅད་འགྲེང་སྟེ་གུས་པ་ཆེན་པོས་སྤོས་རོལ་དང་བཅས་ཏེ། ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ན། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུ། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་བཞིས་འཛམ་བུའི་གླིང་གཟིགས་ཏེ། །གླང་ཆེན་ཐལ་དཀར་ལྟར་གཤེགས་ལྷུམས་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །ལན་གསུམ་མམ་བདུན་ནམ་ཉེར་གཅིག་ཙམ་བརྗོད་དོ། །ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། །སླར་ཡང་ཐུགས་ཀའི་ས་བོན་དེ་དག་ལས། །འོད་འཕྲོས་རིགས་ལྔ་ཡབ་ཡུམ་སྤྱན་དྲངས་ཏེ། །ༀ་ཨ་བྷི་ཥཱིཉྩ་ཏུ་མཱཾ། ༀ་བཛྲི་བྷ་ཝ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་གསུངས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་རྣམ་སྣང་དབུ་བརྒྱན་པའི། །དཔྲལ་བར་ༀ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་དག་གིས་མཚན་པར་གྱུར། །ཅེས་བརྗོད་ཅིང་སྤྱན་དབྱེ་བའི་དམིགས་པས། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་ནས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ༀ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད། སྐབས་འདིར་ཁྲུས་གསོལ་དང་མཎྜལ་རྒྱས་བསྡུས་གང་འགབ་ཞིག་བྱུང་ན་ལེགས་འདུག སྟོང་གསུམ་གང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱ། ཤཔྡ་སྭཱ་ཧཱ། ཞེས་པས་མཆོད། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་སྤྱན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི། །སངས་རྒྱས་བྱང་སེམས་ཐམས་ཅད་པ། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བཅོམ་ལྡན་ཐུབ་པ་ཆེན་པོ་ཉིད། །ཇི་སྲིད་ནམ་མཁའི་མཐའ་མཉམ་པའི། །འགྲོ་བ་སེམས་ཅན་མཐའ་དག་ནི། །མི་གནས་མྱང་འདས་མ་ཐོབ་བར། །བརྟན་པར་བཞུགས་ནས་བྱེ་བྲག་ཏུ། །འབྱུང་བཞིའི་གནོད་པས་མ་གོས་པར། །བརྟན་པར་མཛད་དེ་བཞུགས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་འོད་དུ་ཞུ་བ་ལས་བྱུང་བའི་ཐུབ་དབང་གསེར་སྐུའི་རྣམ་པར་གྱུར། ཞེས་སམ། བྲིས་སྐུའི་རྣམ་པར་གྱུར། ཞེས་སམ། འཕགས་མ་སྒྲོལ་མ་སྨན་སྐུ་དང་ལོགས་བྲིས། ཞེས་པ་དང་། གདུང་རྟེན་དང་གསུང་རབ་སོགས་གསང་གསུམ་རྟེན་རྣམས་ལ་དེ་བཞིན་གྱུར་བར་བསམ་ནས། དེ་ནས་མེ་ཏོག་འཐོར་ཞིང་། ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ། ཧྱ་ཝ་ད་ཏ། ཏཻ་ཥཉྩ་ཡོ་ནི། རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ལན་བདུན་ནམ་བརྒྱ་སྟོང་བཟླས། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད། དེ་ནས་བཅོམ་ལྡན་འདས་ཀྱི་ཁྱིམ་བདག་དེས་པ་ལ་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་བཅད་འདི་ཉིད་བརྗོད་པར་བྱ་སྟེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །ཅེས་པ་འདི་ཤཱཀྱའི་དགེ་སྦྱོང་ཀརྨ་པ་བདུད་ཚོགས་འདུལ་བའི་རྡོ་རྗེས། གནས་མདོ་བའི་དགེ་བཤེས་ལུང་རྟོགས་ཡོན་ཏན་དུ་མའི་མངའ་བདག་ཤེས་བྱ་ལ་བློ་གྲོས་རྒྱས་པ་ཏེ། དེ་ཕྱིར་ཡོན་ཏན་བློ་གྲོས་ཞེས་བྱས་བསྐུལ་བའི་དོན་བཞིན་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་མཉམ་མེད་སྟོན་པ་མཆོག་གིས་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་བྲིས་པ་ཤུབྷཾ་པུཥྚཱི།། །།

ས་སློང་།

ས་དང་ལྟོ་འཕྱེ་བརྟག་པ་སོགས་སྔོན་དུ་སོང་ནས། བདག་སྐྱེད་བཟླས་པའི་བར་བྱ་ཞིང་གཞི་བདག་ལས་ས་བསླང་བ་ནི། མཆོད་གཏོར་བསང་སྦྱང་། ཨ་ཀཱ་རོས་བྱིན་གྱིས་བརླབས། ཡུལ་བདག་གྲོང་བདག་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ། སོགས་ལན་གསུམ་གྱིས་འབུལ། ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་ཡང་རུང་། །ས་འདི་བདག་གིས་སློང་བགྱིད་ན། །གཙུག་ལག་ཁང་བཞེངས་སླད་དུ་སྩོལ། །ལན་གསུམ། གསོལ་བཏབ་གནང་བྱིན་རང་གནས་འཁོད་པར་གྱུར། དེ་ནས་ས་སྦྱང་པ་ནི་དབུས་སུ་འདུག་ལ་གཙོ་བོའི་ང་རྒྱལ་གྱིས་སྙིང་པོ་བརྒྱ་རྩ་བཟླས་ནས། ༀ་བྷུ་ཁཾ། ས་ཡི་གཞི་འདི་ནམ་མཁའི་རང་བཞིན་གྱུར། །ཧཱུྃ་ལཾ་ཧཱུྃ་གིས་གསེར་གྱི་ས་གཞིར་གྱུར། །རྡོར་བསྡོམས་བརྐྱང་པ་ས་ལ་བཞག་སྟེ། ༀ་མེ་དི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུྃ། རྡོ་རྗེའི་ས་གཞིའི་རང་བཞིན་ཉིད་དུ་གྱུར། །ཧེ་རུ་ཀའི་ཡིག་བརྒྱས་བརྟན་པར་བྱ། དེ་ནས་ས་ལྷ་ལས་བསླང་བ་ནི། དྲིའི་མཎྜལ་མེ་ཏོག་གི་ཚོམ་བུ་མཆོད་གཏོར་དང་བཅས་པ་བཤམས། ལག་གཡས་ས་གནོན་གྱི་ཕྱག་རྒྱ་ས་ལ་རེག་ནས། ཊཀྐི་ཧཱུྃ་ཛཿཨ་ཧཾ། ལག་གཡས་ཟླ་བ་ཧཱུྃ་གསུམ་མཚན་པ་ཡིས། །ས་ལ་བསྣུན་སྒྲ་ཧཱུྃ་དང་འོད་ཟེར་གྱིས། །བསྐུལ་ལས་ཡེ་ཤེས་པ་དང་ཚུལ་གཅིག་པའི། །བཾ་ལས་ས་ལྷ་གསེར་མདོག་ཞལ་གཅིག་ཕྱག །གཉིས་མ་ཞི་ཉམས་རལ་པའི་ཐོར་གཙུག་འཆང་། །སྣ་ཚོགས་རྒྱན་ཅན་ན་བཟའ་དཀར་པོས་སྤྲས། །གཡོན་པ་གསེར་བུམ་གཡས་པ་མི་འཇིགས་པ། །སྦྱིན་པའི་ཕྱག་རྒྱས་པདྨ་དཀར་ལ་གནས། །བདག་གི་བཀའ་ནོད་བཞིན་དུ་གནས་པར་གྱུར། །ༀ་པྲི་ཐི་ཝི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཀྱིས་མཆོད། ན་མཿསརྦ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། སྤོས་སྣོད་རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབས་པ་ཤཱཀྱ་སེ་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་ཕྱིར་གཙུག་ལག་ཁང་བཞེངས་བྱ། །ལན་གསུམ། ས་ལྷས་གནང་བྱིན་ས་དེར་ཐིམ་པར་གྱུར། །ཆོས་ཀྱི་དབང་ཕྱུག་གིས་བསྩལ་བའི་ཉེར་མཁོ་སྣ་ཚོགས་ཀྱི་དཔེ་བུམ་ཕན་བདེ་ར བ་སྟེར་ལས་ཁོལ་དུ་ཕྱུང་བ་དགེའོོ།།

བུམ་གཏེར་སྦ་བ།

བུམ་གཏེར་སྦ་བའི་ཆེད་དུ། བུམ་གཏེར་རྡོའི་སྒྲོམ་བུར་བཅུག་ནས། བསངས་སྦྱངས། སྟོང་པའི་ངང་ལས་བུམ་པ་ནང་། རྫས་དང་བཅས་པ་འདོད་དགུ་ཐམས་ཅད་ཡིད་བཞིན་དུ་འབྱུང་བའི་གཏེར་ཆེན་པོའི་བུམ་པར་གྱུར། བུམ་པ་ལ་དམིགས་ནས་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླ། ཕྱོགས་སྐྱོང་ཞིང་སྐྱོང་ལ་གཏོར་མ་སྔོན་འགྲོ་ལྟར་བྱས་ནས། ས་ཡི་ཕྱོགས་འདིར་གནས་པའི་འབྱུང་པོ་ཐམས་ཅད་དེ་བཞིན་གཤེགས་པའི་བཀའ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་དང་འགྲོ་བ་ཐམས་ཅད་ལ་ཕན་བདེ་རྒྱུན་མི་ཆད་པར་འབྱུང་བའི་ཆེད་དུ། གཙུག་ལག་ཁང་དང་གནས་གཞི་དང་སྐྱེད་མོའི་ཚལ་དང་མཆོད་རྟེན་ལ་སོགས་བཞེངས་པའི་གཞི་འདི་ཉིད་དུ་མི་ཟད་པའི་གཏེར་ཆེན་པོར་གྱུར་ནས་ཕྱོགས་འདིར་གནས་པའི་སྐྱེ་བོ་ཐམས་ཅད་མི་ཟད་པའི་གཏེར་ལ་ལོངས་སྤྱོད་འབྱུང་བའི་སྟོང་གྲོགས་མཛོད་ཅིག །ཅེས་ལན་གསུམ་གྱི་བཀའ་བསྒོ་ཤིས་པ་བརྗོད་དེ་སྦ་བར་བྱའོ། །ཆོས་ཀྱི་དབང་ཕྱུག་གིས་བསྩལ་བའོ།། ༈ །།ཉེར་མཁོ་སྣ་ཚོགས་ཀྱི་དཔེ་བུམ་ཕན་བདེ་རབ་སྟེར་ལས་སོ།།

སྨན་བླའི་ཆོ་ག་བཻཌཱུཪྱའི་ཆུ་རྒྱུན།

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་གནམ་ཆོས་ཉིད་ནས་ཟུར་དུ་བསྒྲིགས་པ་སྨན་བླའི་ཆོ་ག་བཻཌཱུཪྱའི་ཆུ་རྒྱུན་བཞུགས་སོ། །ན་མོ་མ་ཧཱ་བྷཻ་ཥ་ཛྱཻ། འདི་ལ་འཛོམ་ན་སྨན་བླའི་ཞལ་ཐང་མདུན་དུ་ཞི་བའི་མཆོད་པ་མཎྜལ་སོགས་ཅི་འབྱོ ར་བཤམས་པས་ཚོགས་རྫོགས། མེད་ན་མདུན་བསྐྱེད་ནམ་མཁར་དམིགས། མཆོད་པ་ཡིད་ཀྱིས་སྤྲུལ་ཆོག་པས་ཅི་ཡང་མི་དགོས་སོ། །འདི་བླ་མེད་ལུགས་ཡིན་པས་འདོན་མཁན་ཤ་ཆང་སྤང་བ་དང་། ཁྲུས་དང་ཆབ་ལེན་སོགས་གཙང་སྦྲ་མི་དགོས། འོན་ཀྱང་འདི་ཡི་དབང་ལུང་ནི་ངེས་པར་ཐོབ་དགོས་ཏེ། བླ་མེད་གསང་སྔགས་ལུགས་ཡིན་པའི་ཕྱིར་རོ། །བདག་མདུན་དུས་གཅིག་ལ་བསྐྱེད་པ་སྙིང་མའི་ལུགས་ཡིན་པས་སོ་སོར་མི་དགོས། སྙིང་མ་གྱེར་བསྒོམ་ཡིན་པས་ཚིག་དོན་ཡིད་ཀྱིས་བསྒོམ་ཞིང་། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ མཎྜལ་རྒྱལ་སྲིད་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ༔ བདེ་ལས་ཉམས་མེད་བཏང་སྙོམས་ཤོག༔ ༀ་སྭ་བྷཱ་ཝ་ཤུདྡྷཱཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུ དྡྷོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྟོང་གསུམ་འདི་ལྟ་ན་སྡུག་གི་ཕོ་བྲང་དུ་གྱུར་པའི་ནང་དུ་སེངྒེའི་ཁྲི་པད་ཟླ་སོ་སོའི་སྟེང་དུ༔ རང་ཉིད་དང་མདུན་བསྐྱེད་ཀྱི་གཙོ་བོའི་ས་བོན་ཧཱུྃ་མཐིང་ག་ལས༔ སྨན་བླ་སྐུ་མདོག་བཻ་ཌཱུཪྱ་ལྟ་བུ་འོད་ཟེར་འཕྲོ་བའི་སྐུ་ཅན་ཆོས་གོས་གསུམ་གྱིས་བཀླུབས་པ༔ ཕྱག་གཡས་མཆོག་སྦྱིན་གྱི་ཨ་རུ་ར་དང་༔ གཡོན་མཉམ་བཞག་ལྷུང་བཟེད་འཛིན་པ༔ མཚན་དཔེ་རྫོགས་ཤིང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ༔ ཁྱད་པར་དུ་མདུན་བསྐྱེད་ཀྱི་འདབ་མ་རྣམས་ལ༔ ཐུབ་དབང་ལ་སོགས་པའི་སངས་རྒྱས་བདུན་དང་ཆོས་པུསྟི༔ དེ་རྒྱབ་སེམས་དཔའ་བཅུ་དྲུག༔ དེ་རྒྱབ་འཇིག་རྟེན་སྐྱོང་བ་བཅུ་དང་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་སོ་སོའི་འཁོར་དང་བཅས་པ༔ སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་དང་བཅས་པའི་གནས་གསུམ་ཡི་གེ་གསུམ་དང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས༔ ཤར་ཕྱོགས་ཀྱི་སངས་རྒྱས་སོ་སོའི་ཞིང་ཁམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བདག་མདུན་རྣམས་ལ་ཐིམ་པར་གྱུར༔ ཧཱུྃ༔ སྨན་བླ་མཆེད་བརྒྱད་ལྷ་ཚོགས་མ་ལུས་རྣམས་༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ན་མོ་མ་ཧཱ་བྷཻ་ཥ་ཛྱེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མེ་ཏོག་བདུ ག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ཅག་ཚོགས་གཉིས་རྫོགས་པར་ཤོག༔ ཨརྒྷཾ་སོགས་ནས། རཱུ་པ་ཤབྡ་གནྡྷེ་ར་ས་སྤཪྴེ་པྲ་ཏཱིཙྪ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྫས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་ཡུངས་དཀར་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ མངྒ་ལཾ་ཨརྠ་སིདྡྷི་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྟགས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་བུམ་པ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ མངྒ་ལཾ་ཀུམྦྷ་ཧཱུྃ༔ ཧཱུྃ༔ འདོད་ཡོན་རྩ་བ་རིན་ཆེན་བདུན༔ གཙོ་མཆོག་རྒྱལ་པོ་ནོར་བུ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ནི་ཚོགས་གཉིས་རྫོགས་པར་ཤོག༔ ༀ་མ་ཎི་རཏྣ་ཧཱུྃ༔ ཧཱུྃ༔ ཀུན་གྱི་གཙོ་བོ་རི་རབ་གླིང་༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོ ག༔ ༀ་རཏྣ་མཎྜལ་ཧཱུྃ༔ ཧཱུྃ༔ བདག་གིས་དྲི་ལྡན་དྲི་ཆབ་ཀྱིས༔ བདེ་གཤེགས་སྐུ་ལ་སྐུ་ཁྲུས་གསོལ༔ ལྷ་ལ་དྲི་མ་མི་མངའ་ཡང་༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ ཧཱུྃ༔ རས་དཀར་འཇམ་དྲི་ལྡན་པ་ཡིས༔ རྒྱལ་བའི་སྐུ་ཉིད་ཕྱི་བར་བགྱི༔ སྐུ་ལ་དྲི་མ་མི་མངའ་ཡང་༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ༀ་ཀཱ་ཡ་བི་ཤྭ་དྷ་ནི་ཧཱུྃ༔ ཧཱུྃ༔ ན་བཟའ་མཛེས་ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་ལ་གསོལ་བར་བགྱི༔ སྐུ་ལ་བསིལ་བ་མི་མངའ་ཡང་༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ ༀ་བཛྲ་ཝསྟྲ་ཨཱཿཧཱུྃ༔ ཧཱུྃ༔ སྐུ་མདོག་བཻ་ཌཱུཪྱ་ཡི་རི་བོ་འདྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་འཛིན་ལྷ་ལ་ཕྱག་འཚལ་བསྟོད༔ མཚན་ལེགས་རིན་ཟླ་གསེར་བཟང་མྱ་ངན་མེད༔ ཆོས་བསྒྲགས་རྒྱ་མཚོ་ཆོས་བློ་ཤཱཀྱ་ཐུབ༔ དམ་པའི་ཆོས་དང་སེམས་དཔའ་བཅུ་དྲུག་སོགས༔ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་བསྟོད༔ ཚངས་དང་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ༔ གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་དང་བཅས༔ ལྷ་མི་སྨན་གྱི་རིག་འཛིན་དྲང་སྲོང་ཚོགས༔ བདུད་རྩི་སྨན་གྱི་ལྷ་ལ་ཕྱག་འཚལ་བསྟོད༔ བདག་མདུན་ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་བར་དམིགས་ལ། ཏདྱ་ཐཱ༔ ༀ་བྷཻ་ཥཛྱེ་བྷཻ་ཥ ཛྱེ་མ་ཧཱ་བྷཻ་ཥཛྱཻ་ར་ཛཱ་ས་མུཏྒ་ཏེ་སྭཱ་ཧཱ༔ ཞེས་པ་ཅི་ནུས་བཟླས་ནས་འཇུག་ཏུ། སྡིག་ལྟུང་ཀུན་བཤགས་དགེ་བ་བྱང་ཆུབ་བསྔོ༔ ནད་གདོན་སྡུག་བསྔལ་བྲལ་བའི་བཀྲ་ཤིས་ཤོག༔ འཇིག་རྟེན་པ་རྣམས་རང་གནས་བཛྲ་མུཿ ཡེ་ཤེས་དམ་ཚིག་ལྷ་རྣམས་བདག་ལ་ཐིམ༔ ཀ་དག་ཀུན་བཟང་ཀློང་དུ་ཨེ་མ་ཧོ༔ ཞེས་པ་དགོངས་གཏེར་གྱི་ཟུར་རྒྱན་དུ་གནམ་ཆོས་ཉིད་ནས་བསྡུས་ཏེ་རཱ་ག་ཨ་སྱས་བསྒྲིགས་པ་ལ་འགལ་བ་མཆིས་ན་ལྷ་ལ་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་ནད་ལས་ཐར་ནས་མྱུར་དུ་སྨན་བླའི་གོ་འཕང་ཐོབ་པར་གྱུར་ཅིག །མདོ་ཆོག་ལ་ཁྲུས་གསོལ་སྟོད་ན་ཡོད་ཀྱང་། དེ་ལས་མཐོ་བ་རྣལ་འབྱོར་བླ་མེད་རྒྱུད་ལ་འཇུག་ཏུ་ཡོད་པས་མི་འགལ་ལོ། །དེ་ལྟར་ཆོ་ག་འདི་ལ་ཐུགས་དམ་བྱས་ན་ཕན་ཡོན་ནི། བཙུན་པ་ཡིན་ན་ཚུལ་ཁྲིམས་མི་ཉམས་ཤིང་། །གལ་ཏེ་ཉམས་པ་ཞིག་ཡིན་ཀྱང་དེའི་སྒྲིབ་པ་བྱང་ནས་ངན་སོང་དུ་མི་ལྟུང་བ་དང་། དམྱལ་བ་དང་ཡི་དྭགས་དུད་འགྲོར་སྐྱེ་བའི་ལས་ངན་ཐམས་ཅད་དག་ནས་དེར་མི་སྐྱེ། གལ་ཏེ་སྐྱེས་ཀྱང་དེ་མ་ཐག་ཏུ་ཐར་ནས་བདེ་འགྲོ་མཐོ་རིས་ཀྱི་མཆོག་ཏུ་སྐྱེ་ཞིང་རིམ་གྱིས་སངས་རྒྱས་ཐོབ་པ་དང་། ཚེ་འདིར་ཡང་ཟས་གོས་ཚེགས་མེད་པར་འབྱོར་བ་དང་། ནད་དང་གདོན་དང་བྱད་ཀ་དང་རྒྱལ་པོའི་ཆད་པ་ལ་སོགས་པའི་གནོད་པ་ཞི་བ་དང་། ཕྱག་ན་རྡོ་རྗེ་དང་ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་གཡོག་བདུན་འབུམ་བདུན་འབུམ་དང་བཅས་པས་བསྲུང་ཞིང་བསྐྱབས་ཏེ། དུས་མ་ཡིན་པའི་འཆི་བ་བཅོ་བརྒྱད་དང་། དགྲ་དང་གཅན་གཟན་ལ་སོགས་པའི་གནོད་པ་ཐམས་ཅད་ལས་ཐར་ཞིང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་སོགས་རྒྱས་པར་སྨན་བླའི་མདོ་གཉིས་ནས་ཕན་ཡོན་བསམ་ལས་འདས་པ་གསུངས་ཤིང་། ཆོས་ཕལ་ཆེར་ལ་སྐྱོན་འདོགས་ཤིང་མགུ་དཀའ་བ་མཁས་པའི་གྲྭ་ས་ཆེན་པོ་བྱང་ངམ་རིམ་དཔལ་འཁོར་ཆོས་སྡེ་ལ་སོགས་མཚན་ཉིད་ཀྱི་གྲྭ་ས་ཐམས་ཅད་ནས་གསོན་པོའི་སྐུ་རིམ་དང་ཤི་བའི་སྒྲིབ་སྦྱོང་ལ་སྨན་བླ་མ་གཏོགས་གཞན་ཆོ་ག་མི་དར་ཞིང་། བོད་ཡུལ་རྡོ་རྗེ་གདན་ལྷ་ས་ཇོ་བོའི་མདུན་དང་། བསམ་ཡས་བྱང་ཆུ བ་ཆེན་པོའི་མདུན་དུ་བཏང་རྒྱུའི་ཆོ་ག་ཡང་སྨན་བླའི་ཆོ་ག་ཡིན། དེ་ལྟར་བཀའ་གསར་རྙིང་མདོ་སྔགས་གང་ལ་ཡང་སྨན་བླའི་ཆོ་ག་བས་ཕན་ཡོན་ཆེ་བ་མེད་པས་ཡིད་ཆེས་པར་གྱིས། དེ་ལ་རྒྱས་བསྡུས་མང་ཡང་འདི་ཚིག་ཉུང་དོན་འཐུས་པ་དང་། བླ་མེད་ལུགས་ཡིན་པས་གཙང་སྦྲ་མི་དགོས། འདི་ཡིད་སྤྲུལ་ཡིན་པས་གཏོར་མཆོད་མེད་ཀྱང་ཆོག་པས་ཀུན་གྱིས་ཉམས་སུ་ལོངས་ཤིག །ཤུ་བྷཾ།། །།༈ ཕྱག་དཔེ་འདི་ཡི་མ་དཔེ་ཕྱི་མོ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ནི༽པའི་ནང་བཞུགས་སོ།།

ཚེ་གཡང་འགུགས་པ་འདོད་རྒུའི་དཔལ་སྟེར།

ཚེ་གཡང་འགུགས་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཚེ་བསོད་འདོད་རྒུའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །བླ་མ་རྩ་བ་གསུམ་ལ་ཕྱག་འཚལ་ལོ། །གུ་རུ་ཡིད་བཞིན་ནོར་བུ་རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་ལ་བརྟེན་ནས་ཚེ་དང་གཡང་གི་དངོས་གྲུབ་ལྷན་ཅིག་ཏུ་བསྒྲུབ་པར་འདོད་པས་གནས་གཙང་ཞིང་དབེན་པར། གོང་དུ་བདག་བསྐྱེད་གང་ལ་བརྟེན་པའི་མཆོད་གཏོར་དང་། དེའི་འོག་ཏུ་འབྲུ་དཀར་གྱི་གཡུང་དྲུང་བྲིས་པའི་ཁར་འབྱོར་ན་གཏེར་བུམ་ཚད་ལྡན་དང་། ཉིན་ཆོག་ལྟ་བུ་འཇུག་བདེར་གཏོར་མ་རིན་ཆེན་འབར་བའམ། གཡང་བཤོས་ནོར་བུའི་དབྱིབས་ཅན་ཁ་ཟས་བཟང་རྒུས་བསྐོར་བ་བཀོད་བའི་གཡས་སུ་ཕྱེ་མར། གཡོན་དུ་གཡང་ཆང་། ཚེ་སྒྲུབ་གཙོ་བོར་བྱེད་ན་ཚེ་འབྲང་། ཚེ་ཆང་། ཚེ་རིལ། གཞན་ཡང་མཆོད་ཚོགས་དང་གཏོར་མ་སོགས་བག་གྲོ་བྱིན་ཆགས་བཀོད་མཛེས་སུ་བཤམ། རང་གི་མདུན་དུ་མདའ་དར་དང་། རོལ་མོའི་བྱེ་བྲག་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། བདག་བསྐྱེད་གུ་རུ་ཞི་བའི་ལས་གཞུང་ལྟ་བུ་རྒྱས་བསྡུས་གང་རུང་བསྲངས་ནས་བཟླས་པ་དང་སྟོང་ཚིག་གི་མཆོད་བསྟོད་བཅས་གྲུབ་རྗེས། མཆོད་རྫས་བརླབ་པ་ནི། རྃ་ཡྃ་ཁྃ། བདག་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་མཆོད་རྫས་བཟུང་འཛིན་སྦྱངས། །དངོས་འབྱོར་ཡིད་སྤྲུལ་ལོངས་སྤྱོད་ཚོགས། །མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར། །ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་སྥར་ཎ་ཁཾ ། མདུན་རྟེན་རྣམས་ལ་ཆབ་བྲན་ཏེ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་གིས་སྦྱང་། སྟོང་གསལ་རང་རིག་འདུས་མ་བྱས་པའི་དབྱིངས། །འགག་མེད་ཅིར་ཡང་འཆར་བའི་རོལ་མོ་ལས། །ངོ་མཚར་འཇའ་ཚོན་རྣམ་བཀྲ་དག་པའི་ཞིང་། །ཡེ་ཤེས་འོད་ལྔར་འབར་བའི་ཀློང་ཆེན་པོར། །ནོར་བུའི་བ་གམ་བརྩེགས་པའི་གཞལ་མེད་ཁང་། །བཀོད་པ་རབ་རྫོགས་འདོད་རྒུའི་སྤྲིན་ཕུང་འཁྲིགས། །དེ་དབུས་རིན་ཆེན་པདྨ་ཉི་ཟླའི་ཁྲིར། །རྩ་བའི་བླ་མ་ཨོ་རྒྱན་ཚེ་དཔག་མེད། །རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ། །རབ་འབྱམས་ནོར་ལྷ་འདུས་པའི་ངོ་བོ་ཉིད། །གསེར་མདོག་བརྗིད་ཆགས་སྒེག་འཛུམ་ཁྲོ་བོའི་ཉམས། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །ཕྱག་གཡས་མདའ་དར་སྲིད་ཞིའི་ཚེ་བསོད་འགུགས། །གཡོན་པས་མཉམ་བཞག་འཆི་མེད་ཚེ་བུམ་ནི། །བདུད་རྩིས་གང་བ་ནོར་བུས་མཚན་པ་ཡིས། །འཁོར་འདས་ཀུན་གྱི་ཚེ་དཔལ་དངོས་གྲུབ་སྩོལ། །རང་འོད་བདེ་སྟེར་རིན་ཆེན་མཁའ་འགྲོ་མ། །སེར་མོ་མདའ་དར་བུམ་འཛིན་ཡབ་ལ་འཁྲིལ། །བདེ་སྟོང་ཟག་མེད་རྡོ་རྗེའི་སྐྱིལ་ཀྲུང་གིས། །སྣང་སྲིད་ཀུན་ཁྱབ་འཇའ་ཟེར་ཀློང་ན་བཞུགས། །སྤྱི་བོར་ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་། །རིགས་ཀྱི་བདག་པོ་འཆི་མེད་ཚེ་མཐའ་ཡས། །དམར་གསལ་མཉམ་བཞག་བདུད་རྩིའི་ཚེ་བུམ་བསྣམས། །ལོངས་སྐུའི་རྒྱན་རྫོགས་རང་འོད་ཡུམ་དང་སྦྱོར། །ཕྱོགས་མཚམས་དགོངས་བརྡ་སྙན་བརྒྱུད་བླ་མ་དང་། །རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུ་རྣམས་ཀྱི། །ཡི་དམ་ཞི་ཁྲོ་དཔའ་བོ་རྣལ་འབྱོར་མ། །ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་ཚོགས། །གྲངས་མེད་སྣང་སྟོང་ཉི་ཟེར་རྡུལ་ལྟར་འཁྲིགས། །དེ་འོག་སྲིད་ཞིའི་འབྱོར་པས་མངོན་མཐོ་བའི། །དབུས་སུ་གནོད་སྦྱིན་སྡེ་དཔོན་རྣམ་ཐོས་སྲས། །སེར་གསལ་རིན་ཆེན་རྒྱལ་མཚན་ནེའུ་ལེ་བསྣམས། །སེང་གེ་ལ་ཆིབས་ལྷ་ཡི་གོ་ཁྲབ་བརྗིད། །གཡས་སུ་ནོར་གྱི་བདག་པོ་ཛམྦྷ་ལ། །གསེར་མདོག་བགྲང་ཕྲེང་དང་ནི་ནེའུ་ལེ་འཛིན། །གཡོན་དུ་འཕགས་མ་ནོར་རྒྱུན་ལྷ་མོ་སེར། །ཕྱག་གཡས་མཆོག་སྦྱིན་གཡོན་པས་འབྲས་སྙེ་བསྣམས། །ཀུན་ཀྱང་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །པད་ཟླའི་སྟེང་ན་ཕྱེད་སྐྱིལ་རོལ་པས་འགྱིང་། །མཐའ་སྐོར་གནོད་སྦྱིན་ནོར་ལྷ་གཏེར་བདག་དང་། །རྡོ་རྗེའི་ཆོས་སྲུང་དཀར་ཕྱོགས་སྐྱོང་བའི་ཚོགས། །མ་ལུས་ལུས་པ་མེད་པས་ཡོངས་བསྐོར་བའི། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར། །ཧཱུྃ་ཧྲཱིཿ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བ། །འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོ་ནི། །རིགས་ནི་ཨོ་རྒྱན་རྒྱལ་པོའི་སྲས་སུ་འཁྲུངས། །ཟ་ཧོར་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བ་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས། །ཁ་བ་ཅན་འདིར་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་རྔ་ཡབ་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ །མཉམ་མེད་བླ་མ་མཆོག་ཁྱོད་དུས་འདིར་དྲན། །རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་ནས། །བདེ་གཤེགས་རྩ་གསུམ་ཆོས་སྲུང་རྒྱ་མཚོ་དང་། །གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས་དང་བཅས། །ཐོགས་མེད་ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །བཀྲ་ཤིས་གཞལ་ཡས་འདི་ལ་བྱིན་ཆེན་ཕོབ། །ཚེ་དང་ལོངས་སྤྱོད་འདོད་རྒུའི་དངོས་སྒྲུབ་སྩོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧཱུྃ་ཧྲཱིཿ ཡིད་འཕྲོག་ནོར་བུ་བརྩེགས་པའི་གཞལ་མེད་ཁང་། །བཀོད་པ་ཁྱད་འཕགས་རིན་ཆེན་མཛེས་པའི་ཁྲིར། །འཆི་མེད་རྩ་གསུམ་ནོར་ལྷ་རབ་འབྱམས་ཚོགས། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛནྟུ། ན་མོ། སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ། །ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབས་པའི། །རྩ་གསུམ་ནོར་ལྷའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ༀ་ཨཱཿཧཱུྃ། དངོས་འབྱོར་ཡིད་སྤྲུལ་སྣོད་བཅུད་དཔལ་འབྱོར་དང་། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ཀུན་བཟང་མཆོད་པའི་སྤྲིན། །འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ༀ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ། ཧཱུྃ་ཧྲཱིཿ བདེ་གཤེགས་ཀུན་འདུས་འཆི་མེད་པདྨ་འབྱུང་། །དགོས་འདོད་ཆར་འབེབས་རཏྣ་ཐོད་ཕྲེང་རྩལ། །རྩ་གསུམ་ནོར་ལྷ་འདུས་པའི་དཀྱིལ་འཁོར་ལ། །གུས་པས་བསྟོད་དོ་འདོད་རྒུའི་དངོས་གྲུབ་སྩོལ། །མདུན་བསྐྱེད་ཀྱི་གཙོ་བོ་རྣམས་ཀྱི་ཐུགས་ཀར་པད་ཟླའི་གདན་ལ་ཐུགས་སྲོག་ས་བོན་རཏྣ་ཐོད་ཕྲེང་ཐུགས་ཀར་ཧྲཱིཿ རྣམ་སྲས་ཀྱི་ཐུགས་ཀར་བཻ། ཛམྦྷ་ལའི་ཐུགས་ཀར་ཛཾ། ནོར་རྒྱུན་མའི་ཐུགས་ཀར་བཾ་རྣམས་ཁ་དོག་སེར་པོའོ། །མཆན། གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་ཁྱབ། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་ཟེར་ཐིག་ལེ་ལ་སོགས་པའི་རྣམ་པར་སྤྱན་དྲངས། བདག་མདུན་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་གྱུར། ༀ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་རྩ་སྔགས་དང་། ཚེ་སྒྲུབ་གཙོ་བོར་བྱེད་ན་ཚེ་དཔག་མེད་ཀྱི་གཟུངས་རིང་ཡང་བཟླ། ནོར་ལྷའི་སྔགས། ༀ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ༀ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ༀ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། ཞེས་དང་། སྤྲོ་ན། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ༀ་ཨེ་ཧྱེ་ཧི། ཏིཥྠ་ཏིཥྠ། སརྦ་ཨརྠ་མེ་སཱ་དྷ་ནི། ཏདྱ་ཐཱ། སུ་དྷ་ནི། སུ་ར་སྱ། སུ་མ་ཏི། སུ་པུ་ཥི། ཧི་ལི་མི་ལི་སྭཱ་ཧཱ། ཞེས་ནོར་ལྷ་སྤྱིའི་གཟུངས་ཀྱང་ཅི་རིགས་པ་བཟླ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་བརྟན་པར་བྱ། ཐུན་མཚམས་སུ་གཏོར་མ། རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་ༀ་ཡིག་ལས། །བྱུང་བའི་རིན་ཆེན་སྣོད་ཡངས་སུ། །ཁྃ་ལས་གཏོར་མ་བདུད་རྩིའི་བཅུད། །འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར། །ༀ་ཨཱཿཧཱུྃ་གིས་བརླབ། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ༀ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ་ས་པ་རི་སོགས། ༀ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ་སོགས། ༀ་བ་སུ་དྷ་རི་ཎི་སྭཱ་ཧཱ༴ ༀ་སརྦ་བ་སུ་དེ་བ་ས་པ་རི་ཝཱ་ར་སོགས་ཀྱིས་ཕུལ། གོང་བཞིན་མཆོད་ཅིང་བསྟོད། བླ་མ་རྩ་གསུམ་ནོར་ལྷའི་ཚོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་གསོལ། དེ་ནས་སྤྲོ་ན་ལས་གཞུང་གང་ལ་བརྟེན་པ་ལྟར་ཚོགས་སྐོང་རྒྱས་པར་གཏང། གང་ལྟར་ཡང་ཚེ་གཡང་འགུགས་པའི་ཕྲིན་ལས་དངོས་ལ་གཉིས་ལས། དང་པོ་ཚེ་འགུགས་པ་ནི། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བྱིན་རླབས་ཀྱི་གཟི་བྱིན་འབར། རང་དང་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང་། བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་མ་ལུས་པ་འཆི་མེད་བདུད་རྩིའི་རྣམ་པར་སྤྱན་དྲངས། བདག་དང་བསྒྲུབ་བྱ་རྟེན་རྫས་རྣམས་ལ་ཐིམ་པས་རྡོ་རྫེ་ཚེའི་དངོས་གྲུབ་ཐོབ་ཅིང་ནུས་པ་དང་ལྡན་པར་གྱུར། ཅེས་དམིགས་ཤིང་མདའ་དར་གཡབ་ལ། ཧཱུྃ་ཧྲཱིཿ སྣང་སྲིད་གདོད་ནས་ཆོས་སྐུ་སྐྱེ་མེད་གཤིས། །ལྷུན་གྲུབ་སྣང་སྟོང་བདེ་བ་ཅན་གྱི་ཞིང་། །འཇའ་འོད་རྡོ་རྗེ་འབར་བའི་གཞལ་ཡས་ནས། །ཆོས་སྐུ་སྣང་བ་མཐའ་ཡས་བྱིན་ཕོབ་ཅིག །སྐྱོན་གྱིས་མ་གོས་མདངས་ལྡན་པདྨའི་རྩེར། །སྐྱེ་འཆི་རང་དག་དུས་གསུམ་རྒྱལ་བའི་སྐུ། །དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས། །རིག་འཛིན་པདྨ་འབྱུང་གནས་བྱིན་ཕོབ་ཅིག །སྟོང་ཉིད་ཡེ་ཤེས་དུས་གསུམ་རྒྱལ་བའི་ཡུམ། །བདེ་སྟོང་ཟག་མེད་འཇའ་ལུས་རྡོ་རྗེའི་ངང་། །ངོ་མཚར་གནས་ཡུལ་དུར་ཁྲོད་རྣམ་བརྒྱད་ནས། །འཚོ་རྒྱལ་པདྨ་གསལ་གྱིས་བྱིན་ཕོབ་ཅིག །རྒྱ་གར་རྒྱ་ནག་བོད་ཡུལ་གངས་ཅན་གྱི། །ངོ་མཚར་གནས་ཆེན་གཙུག་ལག་མ་ལུས་དང་། །ཁྱད་པར་ཟབ་ཡངས་དཔལ་གྱི་བསམ་ཡས་ནས། །པཎ་གྲུབ་རྗེ་འབངས་ཡོངས་ཀྱིས་བྱིན་ཕོབ་ཅིག །ཆོས་ཀྱི་དབྱིངས་དང་ལོངས་སྤྱོད་སྤྲུལ་པའི་ཞིང་། །ཁམས་གསུམ་འགྲོ་བ་འདུལ་བའི་ཞིང་ཁམས་ནས། །ད ཀྱིལ་འཁོར་གཙོ་བོ་ཐོད་ཕྲེང་སྡེ་ལྔ་དང་། །རིག་འཛིན་རྩ་བརྒྱུད་བླ་མས་བྱིན་ཕོབ་ཅིག །ཕུང་ཁམས་རྣམ་དག་རིག་འཛིན་འདུས་པའི་ལྷ། །འབྱུང་ལྔ་རྣམ་དག་མཁའ་འགྲོའི་སྤྲིན་ཕུང་འཐིབས། །སྣང་སྲིད་རྣམ་དག་འོག་མིན་གཞལ་ཡས་འདིར། །རྩ་གསུམ་འདུས་པའི་ཐུགས་རྗེས་བྱིན་ཕོབ་ཅིག །འབྱུང་ལྔ་ཁམས་གསུམ་སྲིད་གསུམ་མཁའ་སྤྱོད་ཀྱི། །འོག་མིན་རྒྱལ་བ་ཡོ ངས་ཀྱི་བྱིན་རླབས་བཅུད། །སྐུ་དང་ཡིག་འབྲུ་ཕྱག་མཚན་རྣམ་པ་རུ། །ངོ་མཚར་འཇའ་འོད་ཐིག་ལེར་བྱིན་ཕོབ་ཅིག །སྲིད་ཞིའི་ཁམས་ཀྱི་ཕུན་ཚོགས་སྣང་བའི་བཅུད། །ཉི་མ་ཟླ་བ་ཡིད་བཞིན་ནོར་བུ་དང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །རྡོ་རྗེ་ལྷུན་པོའི་བཅུད་རྣམས་འདིར་ཁུག་ཅིག །དབང་ཐང་བཀྲག་མདངས་བུ་འཁོར་ལོངས་སྤྱོད་དང་། །སྟོབས་དཔལ་གཟི་བརྗིད་མཁས་གྲུབ་ཀུན་མཁྱེན་གྱི། །ཚོགས་དང་གྲུབ་མཆོག་དབང་པོ་རྟོགས་པར་ལྡན། །ཀུན་གྱི་ཐུགས་རྗེ་འདུས་པའི་ཚེ་ཁུག་ཅིག །བདག་ཚེ་གས་ཡོ་ཉམས་འཁྱར་ཆད་པ་དང་། །ལོ་ཟླ་ཞག་དུས་ཕྱི་ནང་སྡེ་བརྒྱད་ཀྱིས། །བརྐུས་དང་མི་གཙང་གྲིབ་ཀྱིས་ནོན་པ་སོགས། །ཚེ་སྲོག་དབང་ཐང་ཉམས་རྣམས་འདིར་གསོས་ཤིག ། གདོན་བགེགས་ལྟས་ངན་ནད་རིགས་མི་མཐུན་བདུད། །ཕ་རོལ་བྱས་ཀྱིས་གནོད་དང་སྡང་དགྲས་འཚེ། །འཆི་བདག་ཕོ་ཉའི་ལག་ཏུ་ཚུད་པ་དང་། །གློ་བུར་འཆི་བའི་ཉེས་པ་ཀུན་ཟློག་ཅིག །མི་འགྱུར་རྡོ་རྗེ་རི་རབ་ལྟ་བུའི་ཚེ། །གཏིང་མཐའ་མེད་པ་རྒྱ་མཚོའི་ཀློང་ལྟ་བུ། །མི་ནུབ་གསལ་བ་ཉི་ཟླ་ལྟ་བུ་ཡི། །སྙིང་པོའི་ཚེ་མཆོག་བདག་ལ་སྩལ་དུ་གསོལ། །གཟི་བརྗིད་བཀྲག་མདངས་མི་ནུབ་མཚན་དཔེར་གསལ། །ངོ་མཚར་སྙན་དང་གྲགས་པའི་དཔལ་འ ཁྱིལ་ཞིང་། །བྱིན་འོད་འཇའ་གུར་འཁྲུགས་པའི་གཡང་ར་འདིར། །མཆོག་ཐུན་ཚེ་ཡི་དངོས་གྲུབ་མ་ལུས་ཁུག །སྟོང་གསལ་སྙིང་པོ་རང་བྱུང་འགྱུར་མེད་དོན། །གདོད་ནས་དག་པའི་ཆོས་སྐུ་འོད་མི་འགྱུར། །རང་རིག་རང་གསལ་ངང་དུ་འདིར་མཇལ་བས། །སྐྱེ་འཆི་གཞི་ལ་དག་པའི་ཚེ་ཁུག་ཅིག །བགྲེས་རྒུད་འཕོ་འགྱུར་བྲལ་བའི་པདྨ་འོད། །བདེ་ཆེན་འཇའ་འོད་འཁྲུགས་པ་ཌཱ་ཀིའི་ཞིང་། །རྒྱལ་བ་འདུས་པའི་རིག་འཛིན་གཞལ་ཡས་ནས། །འཆི་བདག་བདུད་དཔུང་འཇོམས་པའི་ཚེ་ཁུག་ཅིག །བཛྲ་གུརུ་པདྨ་ཐོད་ཕྲེང་རྩལ་ཧྲཱི་མ་ཧཱ་རི་ནི་ས་ཨཱ་ཡུར་སིདྡྷི་ཕ་ལ་ཧཱུྃ། ཞེས་པས་ཚེ་བཀུག་པའི་མཐར་ཚེ་གཏའ་སྡོམ་པ་ནི། ཧཱུྃ་ཧྲཱིཿ ཆོས་སྐུ་མི་འགྱུར་ཡེ་ཤེས་འོད་ཀྱི་ཀློང་། །སྲིད་ཞིའི་ཉེས་དག་སྐྱེ་འཆི་བྲལ་བའི་སྐུ། །གཞོན་ནུ་བུམ་སྐུ་ཐིག་ལེ་ཉག་གཅིག་རྩེ། །གཏིང་གསལ་ཡེ་ཤེས་འཁོར་ལོར་ཚེ་སྦའོ། །ཞེས་པས་སྦས་ཤིང་། ཡེ་དྷརྨཱ་བརྗོད་པས་རྒྱས་གདབ་པར་བྱའོ། །གཉིས་པ་ཕྱྭ་གཡང་འགུགས་པ་ནི། སླར་ཡང་བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་ཁྱབ། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་ཟེར་ཐིག་ལེ་ལ་སོགས་པའི་རྣམ་པར་སྤྱན་དྲངས། བདག་མདུན་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་གྱུར་པའི་མོས་པས་མདའ་དར་གཡབ་ཅིང་། ཧྲཱིཿ ཆོས་དབྱིངས་ཁྱབ་བརྡལ་ཡངས་པ་རྒྱལ་བའི་ཞིང་། །ཕྱོགས་དུས་རྒྱལ་བ་རྩ་གསུམ་རིག་པ་འ ཛིན། །མཁའ་སྤྱོད་འཇའ་འོད་འཁྲུགས་པའི་གུར་ཁང་ནས། །རིག་འཛིན་བླ་མས་བྱིན་རླབས་གཡང་ཁུག་ཅིག །འོག་མིན་རྡོ་རྗེ་དབྱིངས་ཀྱི་གཞལ་ཡས་ནས། །ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔ་ལ། །ཐེ ག་དགུའི་ཡི་དམ་ལྷ་ཡིས་བསྐོར་རྣམས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག །ཉི་ཤུ་རྩ་བཞིའི་གནས་ཡུལ་དུར་ཁྲོད་ནས། །དཔའ་བོ་མཁའ་འགྲོ་ཆོས་སྲུང་རྒྱ་མཚོ་ལ། །ལས་བྱེད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ཡིས། །ཕྲིན་ལས་རྣམ་བཞི་འགྲུབ་པའི་གཡང་ཁུག་ཅིག །སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་ནས། །བསྟན་པའི་བདག་པོ་དུས་གསུམ་རྒྱལ་བ་དང་། །བསྟན་འཛིན་སྐྱེས་བུ་འགྲོ་བའི་དཔལ་མགོན་གྱི། །སངས་རྒྱས་བསྟན་པ་རྒྱས་པའི གཡང་ཁུག་ཅིག །སྲིད་པའི་ལྷ་རབས་དགེ་བསྙེན་གཞི་བདག་དང་། །སྤར་སྨེ་ལོ་འགྲོས་བདག་པོ་འབྱུང་བ་འདིའི། །ཕྱི་དང་ནང་དང་གསང་བའི་ལྷ་རྣམས་ཀྱིས། །རང་རང་ལས་ལ་དབང་བའི་གཡང་ཁུག་ཅིག །ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་ཆེན་པོ་དགུ། །ལྷ་ཀླུ་བཟའ་དང་རྒྱུ་སྐར་ཉེར་བརྒྱད་ལྷ། །གཙང་རིས་དཔལ་མགོན་ཆེན་པོ་བདུན་ཅུ་ཡིས། །སྟོབས་དང་གཟི་བརྗིད་རྒྱས་པའི་གཡ ང་ཁུག་ཅིག །ལོ་དང་ཟླ་བ་ཞག་དང་དུས་ཚོད་དང་། །རྟེན་འབྲེལ་ཚེས་ལ་དབང་པའི་ལྷ་རྣམས་དང་། །མཁར་གྱི་རྩེ་ལྷ་ཞིང་གི་ཚངས་པ་ཡིས། །འབྲུ་ནོར་ལོངས་སྤྱོད་དཔལ་ཕུན་གཡང་ཁུག་ཅིག །གཡང་གི་བདག་པོ་ཨཱཪྱ་ཛམྦྷ་ལ། །རྒྱལ་ཆེན་རྣམ་ཐོས་སྲས་དང་གནོད་སྦྱིན་རིགས། །ཁམས་གསུམ་དབང་འདུས་དབང་ཕྱུག་ཆེན་པོ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་གཡ ང་ཁུག་ཅིག །གཡང་གི་ལྷ་མོ་ནོར་རྒྱུན་དཔལ་ལྷ་མོ། །གཡང་ཅན་ཚེ་རིང་མ་དང་བརྟན་མའི་ཚོགས། །ཁམས་གསུམ་དབང་དུ་སྡུད་པའི་ཌཱ་ཀི་མས། །བུ་ནོར་ལོངས་སྤྱོད་རྒྱས་པའི་གཡང་ཁུག་ཅིག །ངོ་མཚར་ལྷ་ཡི་མེ་ཏོག་སྤོས་སྤྲིན་དང་། །བཀྲ་ཤིས་རྫས་རྟགས་སྣང་སྲིད་རོལ་མོའི་སྒྲ། །བུམ་པ་བཟང་དང་དཔག་བསམ་ཡིད་བཞིན་ནོར། །སྲིད་པའི་ངོ་མཚར་དཔལ་གྱི་གཡང་ཁུག་ཅིག །ཕུན་ཚོགས་གཡང་རའི་དབུས་ན་འོད་འབར་ཞིང་། །གཡང་ཆང་ཚེ་རིལ་བདུད་རྩི་དཔལ་གྱི་བཤོས། །རབ་འབྱམས་འཇའ་གུར་འཁྱིལ་བའི་ཟེར་ཕྲེང་སྦྲེལ། །སྟོབས་ཕུན་མངའ་ཐང་རྒྱས་པའི་གཡང་ཁུག་ཅིག །གཡང་འདིས་སྒྲུབ་གནས་ཀུན་གྱི་བྱིན་འོད་ཕོབ། །གཡང་འདིས་ཚེ་དཔལ་ཉམས་པ་ཡར་ལ་གསོས། །གཡང་འདིས་རྒས་ཤིང་རྒུད་པ་མལ་ནས་སློངས། །གཡང་འདིས་དབུལ་པོ་ཐམས་ཅད་ནོར་དང་སྤྲོད། །གཡང་འདིས་འོན་ལོང་ཞ་བོའི་དབང་པོ་སྟོན། །གཡང་འདིས་ཆག་ཆེ་ཉམ་ང་ཕྱིར་ལ་སྒྱུར། །གཡང་འདིས་ཕོ་བྲང་དབུས་སུ་བྱིན་འོད་ཕོབ། །གཡང་འདིས་ཁམས་གསུམ་སྲིད་གསུམ་དབང་དུ་སྡུས། །གཡང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤྲོད། །གཡང་འདིས་མཐུ་རྩལ་ནུས་པ་མེ་ལྟར་སྤོ ར། །གཡང་འདིས་འཁོར་དང་ལོངས་སྤྱོད་དབུས་སུ་ཆུག །གཡང་འདིས་ཕ་རོལ་རྩོད་ལས་རྒྱལ་བར་མཛོད། །གཡང་འདིས་བདག་ཅག་དཔོན་སློབ་མཐུན་ཞིང་འགྲོགས། །གཡང་འདིས་ཉམས་ཆག་འགལ་འཁྲུལ་ཞིག་པ་གསོས། །གཡང་འདིས་གྲིབ་དང་མི་གཙང་གཡེངས་ལས་སྐྱོབས། །གཡང་འདིས་སྡེ་བརྒྱད་འབྱུང་པོའི་སྲུང་འཁོར་མཛོད། །གཡང་འདིས་དངོས་གྲུབ་ཡར་བ་ཐམས་ཅད་ཁུག །གཡང་འདིས་སྙན་དང་གྲགས་པས་ས་སྟེང་ཁོངས། །གཡང་འདིས་ངོ་མཚར་འབྲུག་སྒྲ་རྟག་ཏུ་སྒྲོགས། །གཡང་འདིས་བྱས་ཚད་ཆོས་སུ་འགྲོ་བར་མཛོད། །གཡང་འདིས་རིགས་དང་ཆོས་ཀྱི་བརྒྱུད་པ་སྤེལ། །གཡང་འདིས་སྡེ་འདི་མི་གཡོ་བརྟན་པར་མཛོད། །གཡང་འདིས་རང་བྱུང་རིག་པ་མ་དང་སྤྲོད། །གཡང་འདིས་འཁོར་འདས་གཞི་ཟད་ས་ལ་སྐྱོལ། །གཡང་འདིས་ཚེ་གཅིག་རྫོགས་སངས་རྒྱས་པར་མཛོད། །གཡང་འདིས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས། །གཡང་འདིས་འགྲོ་ཀུན་ཕྱིར་མི་ལྡོག་པར་མཛོད། །གཡང་འདིས་འབྲེལ་ཚད་པདྨ་འོད་དུ་སྐྱོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བརྗོད་ཅིང་དངོས་གྲུབ་རྟེན་རྫས་ལ་བསྟིམས་པ་མེ་ཏོག་འཐོར་བཞིན་ཡེ་དྷརྨཱའི་སྔགས་ཀྱིས་བརྟན་པར་བྱའོ། །ཚར་གྲངས་གསོག་ན་རྒྱས་པར་མདུན་བསྐྱེད་མཆོད་པ་བྱིན་རླབས་ནས་བཟུང་འདི་ཡན་ཆད་དང་། འབྲིང་དུ་ཚོགས་སྐོང་། བཟླས་པ་བཅས་ཚེ་གཡང་འགུགས། བསྡུ་ན་བཟླས་པ་ཅུང་ཟད་རེ་བཅས་ཚེ་གཡང་འགུགས་པ་ཁོ་ན་ལ་གྲངས་བཟུང་། གྲངས་རྫོགས་པ་ན་ལས་གཞུང་གི་ལྷག་མ་སོགས་བཏང་། རྗེས་སུ་བཏང་རག་གི་མཆོད་བསྟོད་དང་། ཐུན་ཐ་མར་དངོས་གྲུབ་ལེན་པ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན། །འཆི་མེད་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱི། །སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་ནི། །ཕྲིན་ལས་ཡིད་བཞིན་ལྷུན་གྱིས་གྲུབ་པའི་དཔལ། །བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ། །ད་ལྟ་ཉིད་དུ་སྩལ་ཞིང་བརྟན་པར་མཛོད། །འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ། །འཁྲུལ་མེད་ཐུགས་གྱི་དངོས་གྲུབ་སྩལ་དུ་གསོལ། །ཡོན་ཏན་རེ་སྐོང་དངོས་གྲུབ་སྩལ་དུ་གསོལ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩལ་དུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །འཛད་མེད་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །ཐུན་མོང་ཡིད་བཞིན་དངོས་གྲུབ་སྩལ་དུ་གསོལ། །བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཀཱ་ཡ་ཝཱ་ཱཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། གཏེར་བུམ་མམ་གཏོར་མ་གནས་གསུམ་དུ་བཞག །ཕྱེ་མར་སོགས་ཅུང་ཟད་མྱང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པས། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ༀ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ༀ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭ་ཧཱ། ཞེས་དང་། ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་ཉེར་བསྡུ་དང་བསྔོ་སྨོན་ཤིས་བརྗོད་སོགས་ལས་གཞུང་ལྟར་བྱའོ། ༈ ། སྦྱིན་བདག་ལ་གཡང་རྫས་གཏད་ན། གོང་གི་བརྟན་བཞུགས་གྲུབ་མ་ཐག་སྦྱིན་བདག་ཁྲུས་བྱ། རྒྱན་གྱིས་བརྒྱན་པ་སྟན་དཀར་ལ་འཁོད་པར་བགེགས་བསྐྲད། སྲུང་འཁོར་བསྒོམ། དམིགས་པ་དང་བཅས་གཡང་འགུགས་ཚར་གཅིག་བཏང་། དེ་ནས་རྟེན་རྫས་རྣམས་ཐོགས་ལ་དངོས་གྲུབ་སྐུལ་བའི་ཚིག་དང་བཅས་གནས་གསུམ་དུ་རེག་ཅིང་ལག་ཏུ་གཏད། ལས་གཞུང་གང་ལ་བརྟེན་པའི་བཀྲ་ཤིས་ཀྱིས་མཚོན་བཀྲ་ཤིས་རྒྱས་པར་བརྗོད་པའི་མཐར། འབད་དང་རྩོལ་བས་མ་གོས་སོགས་དང་། གནས་འདིར་ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་མེ་ཏོག་འཐོར་བས་དགེ་ལེགས་སུ་བྱ་ཞིང་རང་གནས་སུ་བཏང་ངོ་། ༈ །ཡང་ཚེའི་དངོས་གྲུབ་བདག་འཇུག་གི་ཚུལ་དུ་ལེན་ན། གོང་གི་དངོས་གྲུབ་བླང་བ་གྲུབ་རྗེས། ཚེ་འབྲང་སྤྱི་བོར་བླངས་ལ། ཨ། སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ། །འོད་སྣང་དཔག་མེད་སྣང་སྲིད་ཁམས། །ཨཱ་ཡུར་ཚེ་ཡི་དཀྱིལ་འཁོར་དུ། །བདུད་རྩི་བུམ་པས་དབང་བསྐུར་རོ། །འཆི་མེད་ལུས་མཆོག་དེང་འདིར་སྩོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་དང་ཚེ་གཟུངས་མཐར། ཀཱ་ཡ་སིདྡྷི་ༀ། ཞེས་བརྗོད། བདུད་རྩི་མྱང་ལ། ཨཱཿ སྟོང་པའི་དབྱིངས་ལས་ལྷུན་གྲུབ་པའི། །སྣང་བ་ལྷུན་གྲུབ་འཇའ་སྐུར་འབར། །ཟག་མེད་བདུད་རྩི་གྲགས་སྟོང་རྫས། །འགག་མེད་ནུས་པའི་དབང་བསྐུར་བས། །སྙིང་པོ་གསུང་དབང་ཐོབ་པར་ཤོག །ཝཱ་ཀ་སིདྡྷི་ཨཱཿ ཚེ་རིལ་མྱང་ལ། ཨཱཿ མི་ཤིགས་ཐུགས་ཀྱི་ཐིག་ལེ་ནི། །བདེ་སྟོང་དབྱེར་མེད་བྱང་སེམས་བཅུད། །ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་པའི། །ཟག་མེད་སྐྱེ་འཆི་སྤངས་པའི་སྐུ། །ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག །ཙིཏྟ་སིདྡྷི་ཧཱུྃ། གཏོར་མ་སྤྱི་བོར་བླངས་ལ། ཨཱཿ བདེ་ཆེན་རྣམ་ཀུན་མཆོག་ལྡན་པའི། །ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་། །འཇའ་ཟེར་འོད་མི་འགྱུར་བའི་སྐུ། །ཀ་དག་ལྷུན་གྲུབ་དབྱེར་མེད་པའི། །རྡོ་རྗེའི་ཚིག་དབང་ཐོབ་པར་ཤོག །སརྦ་སིདྡྷི་ཧྲཱིཿ ཞེས་བརྗོད་རྗེས། ཧཱུྃ་ཧྲཱིཿ ཆོས་སྐུ་མི་འགྱུར་སོགས་ཀྱིས་ཚེ་སྦ་ཞིང་རྒྱས་གདབ། དེ་ནས་ནོངས་བཤགས་སོགས་གོང་ལྟར་རོ། ༈ །སྦྱིན་བདག་ལ་ཚེའི་དངོས་གྲུབ་སྦྱིན་ན། སྲུང་འཁོར་ཡན་གོང་གི་གཡང་གཏད་སྐབས་ལྟར་བྱས་ནས། དམིགས་པ་དང་བཅས་ཚེ་འགུགས་བསྐུལ་རྗེས་ཚེའི་འབྲང་རྒྱས་སོགས་གོང་ལྟར་བརྗོད་ཚིག་གི་སྒོ་ནས་དངོས་གྲུབ་སྦྱིན་ཅིང་རྒྱས་གདབ། དེ་ནས་དམིགས་པ་དང་བཅས་གཡང་འགུགས་བསྐུལ་བ་སོགས་གཡང་གཏད་ལྟར་བྱའོ། ༈ །འདིའི་རྟེན་རྫས་གཏེར་བུམ་བཅའ་ཚུལ་ནི། རིན་པོ་ཆེའམ་རྫའི་བུམ་པ་སྐྱོན་དང་བྲལ་བ་ཁ་དོག་དཀར་པོའམ་སེར་པོར་བ སྒྱུར། བཀྲ་ཤིས་པའི་རྟགས་སམ་ནོར་བུ་འབར་བ་བྲིས་པའི་ནང་དུ་བུམ་རྫས་ཉེར་ལྔ་གཙོ་བོར་གྱུར་པའི་རིན་ཆེན་འབྲུ་སྨན་དང་གོས་ཟས་སྣ་སོགས་གཡང་ཅན་གྱི་རྫས་དང་། ཅོང་ཞི། བྲག་ཞུན། རྩ་བ་ལྔ་སོགས་ཚེའི་རྫས་ཀྱིས་ཕྱུར་བུར་གཏམས་པའི་དབུས་སུ། འབྱོར་ན་རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་བྲིས་འབུར་གང་རིགས་ན་བཟའ་སེར་པོ་དང་བཅས་བརྟན་པར་བཞུགས། གང་ལྟར་ཡང་རྒྱ་ཤོག་ལ་གསེར་རམ་མཚལ་གྱིས་གོང་གི་བཟླས་སྔགས་རྒྱས་བསྡུས་གང་རིགས་ཀྱི་མཐར། བླ་མ་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱི་ཚོགས་འཁོར་དང་བཅས་པ་རྣམས་བཀྲ་ཤིས་པའི་རྟེན་རྫས་འདི་རྣམས་ལ་ཇི་སྲིད་འ བྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་པ་ལྟ་བུའི་འདོད་གསོལ་དང་། འབད་དང་སྩོལ་བས་མ་གོས་སོགས་ཤིས་བརྗོད། སུ་པྲཏིཥྛ་དང་། ཡེ་དྷརྨཱ་བཅས་སྦྲེལ་ལ་བྲིས་པར་དྲི་བཟང་གིས་བྱུགས་པའི་ཤོག་དྲིལ་ན་བཟའ་སེར་པོ་དང་བཅས་པ་བཅུག །ཁས་སྦྱིན་ལྟ་བུས་དམ་པར་བཅད་ཅིང་རས་དཀར་རམ་སེར་པོས་གཡོགས། ཚོན་སྐུད་ཀྱིས་བཅིངས་པར་རང་ངམ་སྦྱིན་བདག་གི་རྟགས་ཀྱིས་རྒྱས་གདབ། སྦྱོང་ཁྲུས་རྒྱས་བསྡུས་གང་རིགས་བྱའོ། །དངོས་གཞིའི་སྐབས་ཕྱི་གཏེར་ཆེན་པོའི་བུམ་པ་ལ་ན ང་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་ལྷ་རྣམས་གསལ་གདབ་པ་ཡིན་ནོ། །ལེགས་པར་བསྒྲུབས་པའི་བུམ་པ་ཉིད་སླར་གནས་ཁང་སོགས་ཀྱི་ཕུགས་སུ་སྦས་པའི་ཚེའང་ཆོ་ག་ཚར་གཅིག་བསྐྱར་ན་ལེགས་ཤིང་། མ་གྲུབ་ན་བརྟན་བཞུགས་དང་ཤིས་བརྫོད་ཙམ་བྱས་པས་ཀྱང་རུང་ངོ་། །ཞེས་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་མི་ཏྲའི་རྣམ་པར་འཕྲུལ་པ། ཕྱི་མའི་དུས་འདིར་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་བླ་མ་རིག་འཛིན་སྲོག་སྒྲུབ་ཀྱི་ཚེ་འགུགས་དང་། གཡང་འགུགས་མེ་ཏོག་ཆར་སིལ་གཞིར་བཞག །ཟིན་བྲིས་སོགས་ཀྱི་དགོངས་པའི་དམིགས་རིམ་རྣམས་ཚིགས་བཅད་དུ་བསྡེབས་ཏེ་ངག་འདོན་བཀླག་ཆོག་སྙིང་པོར་དྲིལ་བ་འདིའང་། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་འགྲོ་ཀུན་ཚེ་དཔལ་འབྱོར་བས་འདོད་རྒུའི་དངོས་གྲུབ་རྒྱ་མཚོར་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། ༈ །།ཕྱ་དཔེ་འདི་ཡི་མ་དཔེ་རིན་ཆེན་གཏེར་མཛོད་དཔལ་སྤུངས་པར་མ་པོད་༼ ཞི ༽པའི་ནང་བཞུགས་སོ།།

བརྟན་བཞུགས་བསྡུས་པ།

བརྟན་བཞུགས་བསྡུས་པ་བཞུགས་སོ། །བརྟན་བཞུགས་བསྡུས་པ་འབུལ་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བར་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུཪྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡ ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གི་རྭ་བས་ཡོངས་སུ་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་པ་འདི་ཉིད། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་དགོངས་པ་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧དཔལ་ཁྱབ་བདག་རང་བྱུང་ཨོ་རྒྱན་རྒྱལ་བའི་མྱུ་གུ་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་རྩལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་༧ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་པ་རྒྱུན་དུ་བསྐོར་བར་གསོལ་བ་འདེབས་པའི་སླད་དུ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་གཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེར་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། སྐུ་རྟེན་ལ། བསྟན་འགྲོའི་གཙུག་རྒྱན་རྗེ་བཙུན་བླ་མ་ལ། །ངོ་མཚར་མཚན་དཔེའི་སྣང་བརྙན་འདི་ཕུལ་བས། །གང་སྐུ་བསྐལ་པ་རྒྱ་མཚོར་འཚོ་གཞེས་པའི། །དགེ་མཚན་སྣང་བ་རྟག་ཏུ་འབར་གྱུར་ཅིག །གསུང་རྟེན་ལ། ཆོས་ཀྱི་དབང་ཕྱུག་རྗེ་བཙུན་བླ་མ་ལ། །ཐེག་མཆོག་བདུད་རྩིའི་གླེགས་བམ་འདི་ཕུལ་བས། །གང་གསུང་ཡན་ལག་དྲུག་ཅུའི་སྤྲིན་ཆེན་ལས། །ཟབ་རྒྱས་དམ་ཆོས་ཆར་ཆེན་དབབ་ཏུ་གསོལ། །ཐུགས་རྟེན་ལ། ཡེ་ཤེས་མཆོག་བརྙེས་རྗེ་བཙུན་བླ་མ་ལ། །རྒྱལ་བའི་ཆོས་སྐུའི་རྟེན་མཆོག་འདི་ཕུལ་བས། །གང་ཐུགས་སྟོང་དང་སྙིང་རྗེ་ཟུང་འཇུག་པའི། །གཟིགས་པས་བདག་སོགས་འགྲོ་ལ་ལྷག་པར་དགོངས། །ཡོན་ཏན་རྟེན་ལ། ཡོན་ཏན་རྨད་བྱུང་རྗེ་བཙུན་བླ་མ་ལ། །འདོད་དགུ་འཇོ་བའི་བུམ་བཟང་འདི་ཕུལ་བས། །བྲལ་སྨིན་ནོར་བུའི་དགའ་སྟོན་མི་ཟད་པས། །ས་གསུམ་འགྲོ་བའི་རེ་བསྐོང་མཛད་དུ་གསོལ། །ཕྲིན་ལས་རྟེན་ལ། ཕྲིན་ལས་མཐའ་ཡས་རྗེ་བཙུན་བླ་མ་ལ། །སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་འདི་ཕུལ་བས། །གང་འདུལ་ཕན་དང་བདེ་བའི་མཛད་པ་མཆོག །རྟག་ཅིང་ཁྱབ་གདལ་ལྷུན་གྱིས་གྲུབ་གྱུར་ཅིག །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེར་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཐུབ་བསྟོད་དང་སྐུ་བསྟོད་སོགས་གང་འོས་དང་དེ་རྗེས་༧རྒྱལ་བའི་༧ཞབས་བརྟན་སོགས་གསུངས་མཐར་བསྟན་རྒྱས་སྨོན་ལམ་སོགས་ཀྱིས་ལེགས་པར་གྲུབ་བོ།།

ཚེ་ཐར་གཏོང་ཐབས་ཕན་བདེའི་སྙིང་པོ།

ཚེ་ཐར་གཏོང་ཐབས་ཕན་བདེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། འདུས་བྱས་ཀྱི་དགེ་རྩ་མཆིས་སོ་ཅོག་ལས་ཕན་ཡོན་ཁྱད་པར་དུ་ཆེ་བ་སེམས་ཅན་གྱི་སྲོག་བསླུ་ཞིང་སྐྱོབ་པ་ཉིད་ཡིན་ལ། དེའི་བྱེ་བྲག་ནོར་ཕྱུགས་སོགས་ཚེ་ཐར་བཏང་བས་དུད་འགྲོ་དེ་ཉིད་འཕྲལ་དུ་སྲོག་གི་འཇིགས་པ་ལས་གྲོལ་ཅིང་། དཀོན་མཆོག་ལ་ཕུལ་བ་དང་མཚན་དང་གཟུངས་སྔགས་ཐོས་པའི་བྱིན་རླབས་ཀྱིས་མཐར་ཐུག་ངན་འགྲོའི་སྐྱེ་གནས་ལས་ཐར་བར་འགྱུར་བ་དང་། དེའི་མཐུ་དང་རྒྱུ་མཐུན་གྱི་འབྲས་བུས་བྱེད་པ་པོ་རང་ཉིད་ཚེ་རིང་དུ་འཕེལ་བ་སོགས་ཕན་ཡོན་ཆེན་པོ་ཐོབ་པ་ཐེ་ཚོམ་མེད་ལ། དེའང་ཆོ་ག་དང་འབྲེལ་ན་འགྱུར་སྟོབས་ལྷག་པར་ཆེ་བས། སྐབས་འདིར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ཆོས་སྐུའི་ལས་ཚོགས་ལས་འབྱུང་བ་ལྟར་བཀོད་ན། ཚེ་ཐར་གང་ཡོད་ཀྱི་རྣ་བ་ལ་སོགས་པར་དར་རས་ཀྱིས་བརྒྱན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཞེས་སྐྱབས་སེམས་སྔོན་དུ་འགྲོ་བས། སྲོག་ཆགས་རྣམས་ལ་ཆུ་གཙང་འཐོར། ༀ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། ཆོས་རྣམས་མི་དམིགས་སྟོང་པའི་ངང་༔ ཤ་ཁྲག་དྲོད་དབུགས་སེམས་དང་བཅས༔ ཡོངས་སུ་རྫོགས་པའི་སྲོག་ཆགས་རྣམས༔ ངོ་བོ་གདོད་ནས་ཡུམ་ལྔའི་དངོས༔ རྣམ་པ་རིགས་ལྔའི་ཕུང་པོ་ནི༔ རང་རང་བྱད་གཟུགས་ཡོངས་རྫོགས་པ༔ འདོད་ཡོན་དཔག་མེད་འཕྲོ་བ་ཡི༔ མདུན་གྱི་ནམ་མཁར་གཞལ་ཡས་ཁང་༔ མཚན་རྫོགས་རྒྱན་གྱིས་སྤྲས་པའི་ནང་༔ སྣ་ཚོགས་པདྨ་འདབ་བཞིའི་སྟེང་༔ གླང་ཆེན་སེང་གེ་རྟ་མཆོག་དང་༔ རྨ་བྱ་ཤང་ཤང་གིས་བཏེགས་པའི༔ རིན་ཆེན་ཁྲི་རྐང་པདྨ་དང་༔ ཉི་མ་ཟླ་བའི་གདན་གྱི་དབུས༔ བཅོམ་ལྡན་རིགས་ལྔ་ཚེ་དཔག་མེད༔ དཀར་མཐིང་སེར་དམར་ལྗང་བའི་མདོག༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་གིས༔ འཆི་མེད་ཚེ་ཡི་བུམ་པ་འཛིན༔ རང་འོད་ཡུམ་མཆོག་དབྱིངས་ཕྱུག་ལྔ༔ རང་རྟགས་ཚེ་བུམ་བསྣམས་པས་འཁྲིལ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ འོད་ཟེར་འཁྲུགས་པའི་ཀློང་ན་བཞུགས༔ ཕྱི་རོལ་པདྨ་འདབ་བརྒྱད་ལ༔ སྒེག་སོགས་མཆོད་པའི་ལྷ་མོ་དང་༔ སྒོ་བཞིར་རྡོ་རྗེའི་མགྱོགས་མ་བཞི༔ བར་མཚམས་རྩ་གསུམ་ཚེ་ཡི་ལྷ༔ བྱིན་རླབས་གཟི་བྱིན་འབར་བ་ཡི༔ གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ ༀ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ འཆི་མེད་ཚེ་ཡི་ལྷ་ཚོགས་མཆོད༔ ༀ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་ༀ་ཨཱཿཧཱུྃ༔ ཤ་ཁྲག་དྲོད་དབུགས་སེམས་དང་བཅས༔ ཡོངས་སུ་རྫོགས་པའི་སྲོག་ཆགས་རྣམས༔ ངོ་བོ་གདོད་ནས་ཡུམ་ལྔའི་དངོས༔ རྣམ་པ་རིགས་ལྔའི་ཕུང་པོ་ནི༔ རང་རང་བྱད་གཟུགས་ཡོངས་རྫོགས་པ༔ འདོད་ཡོན་དཔག་མེད་འཕྲོ་བ་རྣམས༔ རིགས་ལྔ་ཚེ་ཡི་དཀྱིལ་འཁོར་ལྷར༔ གུས་པའི་ཚུལ་གྱིས་འབུལ་ལགས་ན༔ དགྱེས་པ་ཆེན་པོས་རབ་བཞེས་ནས༔ གནས་སྐབས་འཆི་བའི་འཇིགས་པ་དང་༔ མཐར་ཐུག་འཁོར་བ་ངན་སོང་གི༔ སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ༔ ཅེས་དང་། ཚེ་དཔག་མེད་རིགས་ལྔའི་སྔགས། ༀ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ། ༀ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ། ༀ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ། ༀ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ། ༀ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ། ཞེས་དང་ཚེ་གཟུངས་བཟླ། བདག་གིཐུགས་ནས་འོད་འཕྲོས་པས༔ མདུན་བསྐྱེད་རྒྱུད་བསྐུལ་འོད་ཟེར་གྱིས༔ སྲིད་ཞིའི་ཁམས་ཀྱི་ཚེ་བཅུད་དང་༔ ཁྱད་པར་འབྱུང་ལྔའི་དྭངས་བཅུད་ཀུན༔ བསྡུས་ཏེ་བདག་དང་བསྒྲུབ་བྱར་ཐིམ༔ ཁམས་ལྔ་ཉམས་པ་སོར་ཆུད་ནས༔ རིགས་ལྔའི་ཚེ་དབང་ཐོབ་པར་གྱུར༔ ཅེས་བརྗོད་ཅིང་བསམ། མཐར། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ བཅོམ་ལྡན་རིགས་ལྔ་ཚེ་དཔག་མེད༔ ཁམས་ལྔ་རྣམ་དག་ཡུམ་དང་སྦྱོར༔ ཚེ་བདག་རིགས་ལྔའི་ཚོགས་ལ་བསྟོད༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ཀྱིས༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཚེ་བསོད་ཉམས་པ་སོར་ཆུད་ནས༔ རིགས་ལྔའི་ཚེ་དབང་དངོས་གྲུབ་སྩོལ༔ ཅེས་བསྟོད་ཅིང་གསོལ་བ་གདབ་མཐར། མདུན་གྱི་ནམ་མཁར་བཞུགས་པའི་འཆི་མེད་ཚེ་ཡི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ། རང་དང་བསྒྲུབ་བྱ་ལ་ཐིམ་པས་ཁམས་ལྔ་ཉམས་པ་སོར་ཆུད། རིགས་ལྔའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར། ཅེས་བརྗོད་ཅིང་ངེས་ཤེས་བསྐྱེད། འདི་ནི་གང་ཟག་གང་ཞིག་ཁམས་ལྔའི་སྒོ་ནས་ཚེ་ཉམས་པ་ཅིག་ཅར་དུ་གསོ་བའི་ཐབས་ཁྱད་པར་དུ་འཕགས་པ་ཡིན་ལ། དེའང་བསྒྲུབ་བྱ་དུས་མིན་གྱི་འཆི་བ་ཟློག་ཅིང་ཚེའི་རིམ་གྲོ་གཙོར་བྱེད་ན། དུད་འགྲོ་གསོད་དུ་ཉེ་བའམ་གསོད་པར་འོས་པ་ལོ་གྲངས་སམ་དེའི་སུམ་འགྱུར་ལ་སོགས་པ་ཆོ་ག་འདི་ཉིད་ཀྱིས་ཚར་གྲངས་གང་འགྲུབ་འབུལ་ལ་དམིགས་བཟླས་ནན་ཏན་བྱ། དཔྲལ་བར་མར་གྱི་ཉི་ཟླས་བརྒྱན། མཐར་སྨོན་ལམ་དང་ཤིས་བརྗོད་རྒྱས་པར་སྤེལ་ལ་མེ་ཏོག་འཐོར་རོ། །སྤྱིར་ཚེ་ཐར་གྱི་རིགས་ཐམས་ཅད་ལ་མཐོང་གྲོལ་ཙཀྲ་མིག་ལམ་དུ་བསྟན། ཚོར་གྲོལ་སྤོས་དུད་སྣར་བདུག །རེག་གྲོལ་བྱེ་མ་འཐོར། རྟེན་བྱིན་རླབས་ཅན་དང་བཏགས་གྲོལ་མགོར་བཞག །མྱོང་གྲོལ་དམ་རྫས་ཆུར་སྦྱངས་ནས་བླུད། ཐོས་གྲོལ་ཞི་ཁྲོ་དང་བཏགས་གྲོལ་སྙིང་པོ། ཡིག་བརྒྱ། ཤོ་དྷ་ནི། ཀཾ་ཀ་ནི། པདྨ་གཙུག་ཏོར་སོགས་གསར་རྙིང་གི་གཟུངས་སྔགས་རྣམས་དང་། རྡོར་སེམས། འོད་དཔག་མེད། མི་འཁྲུགས་པ། རིན་ཆེན་གཙུག་ཏོར་ལ་སོགས་པ་སངས་རྒྱས་ཀྱི་མཚན་རྣམས་རྣ་བར་ཐོས་ངེས་སུ་བརྗོད་ལ་སྨོན་ལམ་འདེབས་པ་ཤིན་ཏུ་གལ་ཆེ། དུད་འགྲོ་དེའང་ཕྱིན་ཆད་ཅི་བདེར་འཇོག་པ་དང་ཁྱད་པར་གསོད་གཅོད་བྱས་ན་ཉེས་པ་བརྒྱ་འགྱུར་དུ་ཆེ་བས་ཚེ་ཐར་ངེས་བྱའོ། །འདིའང་ཉེ་བར་མཁོ་བ་རྣམས་ལ་ཕན་པར་བསམས་ནས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེར་འདུས་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།། ༈ །།འདི་ཉིད་ཀྱི་མ་དཔེ་ཕྱི་མོ་རིན་ཆེན་གཏེར་མཛོད་དཔལ་སྤུངས་པར་མ་པོད་༼ ཛི་༽པ་ནང་དུ་བཞུགས་སོ།།

ཚེ་ཐར་སྐབས་ཉེར་མཁོའི་གཟུངས།

གཟུངས་སྔགས་རྣམས་ནི། ཀུན་རིག་རྣམ་པར་སྣང་མཛད། ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། མི་འཁྲུགས་པ། ན་མོ་རཏྣ་ཏྲཱ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི། རོ་ཙ་ནི། ཏྲོ་ཊ་ནི། ཏྲོ་ཊ་ནི། ཏྲཱ་ས་ནི། ཏྲཱ་ས་ནི། པྲ་ཏི་ཧ་ན། པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱ་ཉྩཱ་སྭཱ་ཧཱ། དོན་ཞགས་པདྨ་གཙུག་ཏོར་གྱི་སྙིང་པོ། ༀ་པདྨ་ཨུཥྞི་ཥ་བྷི་མ་ལེ་ཧཱུྃ་ཕཊ། འོད་དཔག་མེད། ༀ་ཨཱཿམི་དྷེ་ཝ་ཧྲཱིཿ འཁོར་བ་དོང་སྤྲུགས། ༀ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ༀ་བི་པུ་ལ་གརྦྷེ་མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏ་དྷ་རི་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ་བི་མ་ལེ་སཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞི་ཁྲོ། ༀ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རྡོ་རྗེ་སེམས་དཔའ། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷྲོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ བཏགས་གྲོལ་སྙིང་པོ། འཿཨཿཤཿསཿམཿཧཿ ༈ སངས་རྒྱས་ཀྱི་མཚན་རྣམས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་གཤེགས་སྨན་བླ་མཆེད་བརྒྱད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་རིག་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་མཆོག་རིན་ཆེན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་རིག་དབང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཆེར་རྒྱས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འབྲེལ་པ་ཐོགས་ཆོག་མའི་གསོལ་འདེབས་ནི། མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ་གསོལ་བ་འདེབས་སོ། །མི་མཆོག་དུས་གསུམ་མཁྱེན་པ་ལ་༴ སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་༴ ཐུགས་རྗེ་ཅན་རང་བྱུང་ཀུན་མཁྱེན་ལ་༴ ནུས་པ་ཅན་སངས་རྒྱས་མཉན་པ་ལ༴ བྱིན་རླབས་ཅན་དགའ་བའི་དབྱངས་ཅན་ལ་༴ རྗེ་བཙུན་རྡོ་རྗེ་དབྱངས་ཅན་ལ་༴ མཚུངས་མེད་རྡོ་རྗེ་དགའ་བ་ལ་༴ ཟླ་མེད་དབྱངས་ཅན་བཟང་པོ་ལ་༴ འགྲན་མེད་མི་བསྐྱོད་བཟང་པོ་ལ་༴མཁྱེན་རབ་མཚུངས་མེད་ལ་༴ ཐུགས་རྗེ་མཚུངས་མེད་ལ་༴ ནུས་པ་མཚུངས་མེད་ལ་༴ འཆི་བ་སྙིང་ནས་གཟེར་བར་བྱིན་གྱིས་རློབས་ཤིག །ཞེན་པ་གཏིང་ནས་ལོག་པར་༴ ཅིས་ཀྱང་དགོས་མེད་རྟོགས་པར་༴ མི་རྟག་ངེས་ཤེས་སྐྱེ་བར་༴ ཉེ་རིང་མེད་པའི་ཐུགས་རྗེ་ཅན་ལ་གསོལ་བ་འདེབས་སོ། །ཕྱོགས་ལྷུང་མེད་པའིཕྲིན་ལས་ཅན་ལ་༴ སྔ་ཕྱི་མེད་པའི་བྱིན་རླབས་ཅན་ལ་༴ མཐོང་ཐོས་དོན་ལྡན་གྱི་མཛད་པ་ཅན་ལ་༴ རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལ་༴ ཀུན་མཁྱེན་མི་བསྐྱོད་རྡོརྗེ་ལ་༴ རྒྱལ་དབང་དཀོན་མཆོག་ཡན་ལག་ལ་༴ རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ་༴ གར་དབང་ཆོས་ཀྱི་དབང་ཕྱུག་ལ་༴ རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་ལ་༴ དཔལ་ལྡན་ཡེ་ཤེས་སྙིང་པོ་ལ་༴ མཚུངས་མེད་ཡེ་ཤེས་རྡོ་རྗེ་ལ་༴ དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལ་༴ རྒྱལ་དབང་བྱང་ཆུབ་རྡོ་རྗེ་ལ་༴ སི་ཏུ་ཆོས་ཀྱི་འབྱུང་གནས་ལ་༴ རྗེ་བཙུན་བདུད་འདུལ་རྡོ་རྗེ་ལ་༴ མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ་༴ པདྨ་ཉིན་བྱེད་དབང་པོ་ལ་༴ རྒྱལ་དབང་ཐེག་མཆོག་རྡོ་རྗེ་ལ་༴ རྗེ་བཙུན་བློ་གྲོས་མཐའ་ཡས་ལ་༴ ཀུན་བཟང་མཁའ་ཁྱབ་རྡོ་རྗེ་ལ་༴ པདྨ་དབང་མཆོག་རྒྱལ་པོ་ལ་༴ དཔལ་ལྡན་མཁྱེན་བརྩེ་འོད་ཟེར་ལ་༴ རང་བྱུང་རིག་པའི་རྡོ རྗེ་ལ་༴ དྲིན་ཆེན་རྩ་བའི་བླ་མ་ལ་༴ ཞིང་ཁམས་སྤྲུལ་པས་ཁྱབ་པ་ལ་༴ རབ་འབྱམས་ཞིང་གི་བདག་པོ་ལ་༴ བསམ་བརྗོད་རེ་བ་ལས་འདས་པ་ལ་གསོལ་བ་འདེབས་སོ། །ཞེས་བྱ་བ་འདི་ནི་འབྲེལ་བ་ཐོགས་ཆོག་མའི་གསོལ་འདེབས་སུ་གྲགས་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་ཆུད་པའི་རྣ་ལམ་དུ་ལན་ཅིག་བསྒྲགས་ཀྱང་ངན་སོང་གི་སྐྱེ་སྒོ་དུ་མ་ཆོད་ནས། ཐར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན་རྗེ་བཙུན་རྡོ་རྗེའི་དབྱངས་ཅན་དེ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤིན་ཏུ་དཀར་བའི་འོད་ཟེར་གྱི་ཕྱག་རིང་པོ་བརྐྱངས་ནས། སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ལ་འདྲེན་པར་ཞལ་གྱིས་བཞེས་པ་ཡིན་ནོ། །མི་འཇིགས་པའི་དབུགས་ཆེན་པོ་འབྱིན་པའི་ཆོས་རྗེ་སྟོབས་པོ་ཆེ་བ་གསོལ་བ་འདེབས་སོ། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པའི། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །

ཆབ་གཏོར་བསྡུས་པ།

ཆབ་གཏོར་བསྡུས་པ་བཞུགས་སོ། །འདིར་སྔ་དྲོའི་ཆ་ལ་བྱ་དགོས་པའི་ཆུ་གཏོར་ནི། གསར་རྙིང་རང་ལུགས་རྒྱས་བསྡུས་གང་རུང་བྱ་བ་ལས་ཟུར་དུ་སྨོས་མ་དགོས་ཀྱང་། རྒྱས་འབྲིང་རྣམས་མི་འགྲུབ་པས་བསྡུས་པར་མོས་ན། དེ་ཡང་དོན་བཞི་སྟེ། བདག་བསྒྲུབ་པ། རྫས་བསྒྲུབ་པ། མགྲོན་བསྒྲུབ་པ། མགྲོན་ལ་འབུལ་བའི་རིམ་པའོ། །བདག་བསྒྲུབ་པ་ནི་ཐུགས་རྗེ་ཆེན་པོར་བསྒོམ་པའོ། །རྫས་བསྒྲུབ་པ་ནིི་མངར་གསུམ་དཀར་གསུམ་ལ་སོགས་པ་ཤ་ཆང་སྒོག་གསུམ་མ་འདྲེས་པ་དང་། གཏོར་མའི་རྒྱུ་རྩམ་པ་ལ་སོགས་པ་རིན་པོ་ཆེའི་སྣོད་དམ། གང་ཡང་རུང་བའི་སྣོད་དུ་བཅའ་ཞིང་སྟེགས་ཀྱི་ཁར་བཞག་ནས་གཞུང་བཞིན་བསྒོམ་པའོ། །མགྲོན་བསྒྲུབ་པ་ནི། མཆོད་སྦྱིན་གྱི་ཡུལ་བརྗོད་པའི་སྐབས་སུ། དཀོན་མཆོག་སྲི་ཞུའི་མགྲོན་དང་། མགོན་པོ་ཡོན་ཏན་གྱི་མགྲོན། རིགས་དྲུག་སྙིིང་རྗེའི་མགྲོན། ལན་ཆགས་བུ་ལོན་གྱི་མགྲོན་ཏེ། སོ་སོར་མདུན་གྱི་ནམ་མཁའ་དང་ས་གཞིར་བྱོན་པར་བསམ་པ་ཉིད་དོ། །བཞི་པ་མགྲོན་ལ་འབུལ་བའི་རིམ་པ་ནི། དཀོན་མཆོག་སྲི་ཞུའི་མགྲོན་རྣམས་སྤྱན་འདྲེན་བཞུགས་གསོལ་གྱི་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་འབུལ་བར་བྱ་ཞིང་། གཞན་རྣམས་སོ་སོའི་མཚན་ནས་བརྗོད་པའི་ཚེ། སྐད་ཅིག་གིས་མདུན་དུ་བྱོན་པར་བསམ་པ་ཉིད་དོ། །དེ་ནས་ལྟུང་བཤགས་སྔོན་དུ་འགྲོ་བས་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག ། ཅེས་ཚད་མེད་བཞི་བཅས་སྔོན་དུ་བཏང་ནས། ཆོས་རྣམས་ཐམས་ཅད་སྟོང་པར་གྱུར། །སྟོང་པའི་ངང་ལས་སྐད་ཅིག་གིས། །པད་ཟླའི་སྟེང་དུ་རང་ཉིད་ནི། །ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །མཆོག་སྦྱིན་གཡོནཔས་ཨུཏྤལ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །ཡིད་འོང་རྒྱན་དང་ལྡན་པར་གྱུར། །ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་སྭ་བྷ་ཝས་སྦྱངས། རིན་ཆེན་སྣོད་ཀྱི་ནང་དུ་ནི། །གཏོར་མ་དམ་ཚིག་བདུད་རྩིར་རྒྱུར། ༀ་ཨཱཿཧཱུྃ། རང་གི་ལག་མཐིལ་ཟླ་བ་དང་། འབྲུ་གསུམ་ཞུ་བའི་བདུད་རྩིའི་རྒྱུན། བབས་པས་ཡེ་ཤེས་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས་ནས་གཏོར་མགྲོན་སྤྱན་འདྲེན་པ་ནི། ཧཱུྃ་བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་བླ་མེད་དཀོན་མཆོག་གསུམ། །དངོས་དང་ཡིད་ཀྱིས་བཤམས་ཤིང་མཆོད་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལཱ་ཡ་སྟྭཾ། དེང་སང་ཕྱག་བཞེས་ལྟར། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ལ་སོགས་པའི། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། ད་ེསྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱི ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །མགྲོན་ཚན་གོང་མ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར་པ་ལ་ཟུག་ཏེ་གསོལ་བར་བསམ་པ་དང་། མགྲོན་དམན་པ་རྣམས་སོ་སོར་ཅི་འདོད་པ་བཞིན་སྦྱིན་པས་མགུ་ཞིང་ཚིམ་པར་བསམ་ལ། བླ་མ་ཡི་དམ་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བཅས། །རང་བྱུང་རྒྱལ་མོ་འཁོར་བཅས་ལ། །བདུད་རྩི་གཏོར་མ་འདི་དག་འབུལ། །ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ལ་རེ་མ་ཏི་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱི ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན་གྱིས་ཐུན་མོང་དུ་བྱིན་གྱིས་བརླབས། བྱིན་རླབས་དངོས་གྲུབ་སྩོལ་བ་དང་། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཞེས་པ་དང་པོ་དང་གཉིས་པ་བླ་མ་ཡི་དམ་སོགས་དང་ཆོས་སྐྱོང་ལ་འབུལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཆལ་ལོ། དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཚངས་སོགས་འཇིག་རྟེན་སྐྱོང་རྣམས་དང་། །བདེན་པ་གྲུབ་པ་མ་ལུས་དང་། །རང་ལ་འགོ་བའི་ལྷ་དང་བདུད། །རིགས་དྲུག་མགྲོན་དང་ཀླུ་རྣམས་དང་། །ཡི་དྭགས་ལན་ཆགས་བུ་ལོན་དང་། །འཇིག་རྟེན་འདིར་གནས་གཞི་ཡི་བདག །ཁྱད་པར་གཉུག་མར་གནས་རྣམས་དང་། །ཁས་ཞན་དབང་ཆུང་ཐམས་ཅད་ལ། །བདུད་རྩི་གཏོར་མ་སོ་སོར་འབུལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། བདུན་ནམ་ཉེར་གཅིག་གིས་བྱིན་གྱིས་བརླབས། མཉེས་ཤིང་ཚིམ་པར་གྱུར་ནས་ཀྱང་། །འཇིག་རྟེན་སྐྱོང་བས་དངོས་གྲུབ་སྩོལ། །གྲུབ་པ་རྣམས་ཀྱིས་སྨོན་ལམ་མཛོད། །མཉམ་པར་འོང་བས་བར་ཆད་གསོལ། །མཁའ་མཉམ་སེམས་ཅན་སྡུག་བསྔལ་ཞི། །ཀླུ་རྣམས་བྱེ་ཚན་ཆར་སོགས་མེད། །ཡི་དྭགས་བཀྲེས་དང་སྐོམ་པ་སེལ། །བུ་ལོན་ཤ་ཁོན་ཐམས་ཅད་བྱང་། །ཡུལ་ཕྱོགས་བདེ་ལེགས་ཕུན་སུམ་ཚོགས། །ཁྱད་པར་རྣལ་འབྱོར་མཐུན་རྐྱེན་སྒྲུབས། །རང་རང་སྡུག་བསྔལ་ལས་གྲོལ་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཞེས་པས་འདོད་དོན་གསོལ་བར་བྱས་ཏེ། དེ་ནས་བསྔོ་བ་དང་ཆོས་སྦྱིན་བྱ་ཞིང་སྨོན་ལམ་གདབ་པ་ནི། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོག་པ་མེད་པར་འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག ༈ །

འབྲུལ་གཏོར།

འབྲུལ་གཏོར་ཆ་ལྔའི་རིམ་པ་ནི། གཏོར་ཐེབ་ལྔའི་དང་པོ་དང་གཉིས་པར་རིལ་བུ་ཉེར་གཅིག་རེ་གཞན་གསུམ་ལ་བདུན་རེ་བླུགས་ཆུས་བཀང་ལ། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། རང་བཞིན་སྟོང་པའི་ངང་ཉིད་ལས། །པད་སྣོད་ལ་སོགས་སོ་སོའི་ནང་། །དང་པོ་རང་ལུས་སྟོད་ཀྱི་ཆ། །འཕར་ནས་ལྷུང་བའི་བདུད་རྩི་དང་། །གཉིས་པ་རང་ལུས་བར་གྱི་ཆ། །འཕར་ནས་ལྷུང་བའི་དཀར་གསུམ་སོགས། །དེ་རྗེས་རང་ལུས་སྨད་ཀྱི་ཆ། །འཕར་ནས་ལྷུང་བ་ལས་བྱུང་བའི། །སོ་སོའི་ཡིད་མཐུན་ལོངས་སྤྱོད་གྱུར། །ༀ་ཨཱཿཧཱུྃ། མདུན་གྱི་ནམ་མཁའ་སྟེང་གི་ཆ། །བླ་མ་ཡི་དམ་ལོངས་སྐུའི་ཚོགས། །དེ་འོག་སྤྲུལ་སྐུ་སྲས་དང་བཅས། །ས་གཞིར་གདོནབགེགས་ཐམས་ཅད་དང་། །ཀླུ་རྒྱལ་ཕྱག་བཞི་འཛུམ་མདངས་ཅན། །ཐལ་སྦྱར་སྙེ་མ་ཞགས་པ་འཛིན། །ཆུ་བདག་འཁོར་དང་བཅས་རྣམས་དང་། །དབང་མེད་བར་དོའི་སེམས་ཅན་རྣམས། །བུ་ཡུག་འཚུབ་པ་ལྟ་བུར་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ཨོོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཐུན་མོང་དུ་སྔགས་སེ་གོལ་སྦྲགས་པ་ལན་བདུན་གྱིས་འབུལ། ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱི ཙྪ་སྭཱ་ཧཱ། ཞེས་མཆོད། དེ་ལྟར་ཕུལ་བའི་དགེ་བ་འདིས། །བླ་མའི་དམ་ཚིག་ཆགས་ཉམས་དང་། །མཆོད་འོས་ཆོས་སྤངས་དཀོར་གླུད་ཟོས། །སྡིག་སྒྲིབ་ཉེས་ལྟུང་དག་པར་ཤོག །གདོན་བགེགས་རྣམས་ཀྱི་ལན་ཆགས་འཁོར། །གནོད་སེམས་ཞི་ནས་སངས་རྒྱས་ཤོག །སྤྱན་རས་གཟིགས་སྔར་ཁས་བླངས་བཞིན། །ཀླུ་རྒྱལ་སངས་རྒྱས་བསྟན་པ་སྲུངས། །བར་དོའི་འཁྲུལ་སྣང་འཇིགས་སྐྲག་ཞི། །དག་པའི་ཞིང་དུ་སྐྱེ་བར་ཤོག ། ཅེས་སོ། །

འབྱུང་བཞིའི་གཏོར་མ།

༈ འབྱུང་བཞི་གཏོར་མ་ནི། གཏོར་སྣོད་རྣམས་སུ་རླུང་མེ་ཆུ་སའི་དབྱིབས་ཀྱི་གཏོར་མ་ཟླ་གམ་གྲུ་གསུམ་ཟླུམ་པོ་གྲུ་བཞིའི་ཟན་དང་གླུད་ཆངས་བུ་བཅས་པ་ལ་ཆུས་བྲན། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་ལས་རིན་ཆེན་སྣོད་ཀྱི་ནང་། །འབྲུ་གསུམ་ལས་བྱུང་གཏོར་མ་ནི། །འབྱུང་བཞིའི་རྣམ་པ་བདུད་རྩི་དངོས། །བྱེད་ལས་ཟག་མེད་བདེ་བསྐྱེད་གྱུར། །ༀ་ཨཱཿཧཱུྃ། རང་ཉིད་དམ་པ་སངས་རྒྱས་སྐུ། །སྨུག་ནག་སེང་ལྡེང་ཌཱ་རུ་འཁྲོལ། །དངུལ་དཀར་དྲིལ་བུ་དཀུར་བརྟེན་ཞིང་། །རྟེན་འབྲེལ་གལ་ཏ་ཕྲག་ལ་གཟར། །མདོ་རྒྱུད་བསྟན་བཅོས་དགོངས་པ་རྟོགས། །ཨཱ་ལི་ཀཱ་ལིའི་སྒྲ་སྒྲོགས་གྱུར། ཡཾ་ཨི་ཨཱི་ཙ་ཚ་ཛ་ཛྙ་ཉ། རཾ་རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ། བཾ་ཨུ་ཨཱུ་པ་ཕ་བ་བྷ་མ། ལཾ་ལྀ་ལཱྀ་ཏ་ཐ་ད་དྷ་ན། ཞེས་འབུལ་ཞིང་། ཨརྒྷཾ་སོགས། སྲ་ཤེར་དྲོ་དང་གཡོ བའི་ལྷ་རྫས་འདི་དག་རྣམས། །བླ་མ་རྡོར་སེམས་རིན་འབྱུང་སྣང་མཐའ་འདོན་གྲུབ་སོགས། །ཤར་ལྷོ་ནུབ་བྱང་རིགས་བཞིའི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་རྒྱུ་དང་འབྲས་བུ་ནད་གདོན་སྣང་བ་རྣམས། །ཐམས་ཅད་སྲུངས་ཤིག་ཟློག་ཅིག་བསྒྱུར་བར་མཛད་དུ་གསོལ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་ནས། །འགྲོ་དོན་ཕྱོགས་མེད་རྟེན་འབྲེལ་སྒོ་ནས་འགྲུབ་པར་ཤོག །གླུད་ནི། སམྦྷ་རའི་སྔགས་དང་། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཆལ་ལོ། དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཤ་སོགས་ཐོགས་བཅས་ལུས་ཀྱི་གླུད། །ས་སོགས་ཐོགས་བཅས་ཁམས་ལ་གཏོང་། །སེམས་ཉིད་གླུད་འདི་མཁའ་ལ་གཏོང་། །ཐོགས་བཅས་ཐོགས་མེད་ལྷ་འདྲེ་རྣམས། །གླུད་དང་ཆང་བུ་འདི་ཁྱེར་ལ། །སུ་ལ་གནོད་པ་མ་བྱེད་ཅིག །གཞན་གྱི་བྱད་ཀ་ཕུར་ཀ་སོགས། །གནོད་པ་ཐམས་ཅད་བཟློག་ཏུ་གསོལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པར་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འདིར་ཕྱག་བཞེས་སུ་ལན་ཆགས་གཏོར་མ་སྦྱར་བར་སྣང་བས་སྤྲོ་ན།

ལན་ཆགས་གཏོར་མ།

༈ དམ་པ་སངས་རྒྱས་ཀྱིས་མཛད་པའི་ལན་ཆགས་གཏོར་མ་ནི། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གླུད་གཏོར་འདོད་དགུ་འབྱུང་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ༀ་ཨཱ་ག་བྷི་ག་ཧཱུྃ་པྲ་ཐཱ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་མཛོད་སྔགས་དང་རྒྱས་བརླབ། སམྦྷ་རས་བསྔོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་སོགས། མཆོད་སྦྱིན་གྱི་གཏོར་མ་གཟུགས་གླུད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བུ་ལོན་དང་ལན་ཆགས་ཀྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་སྦྱིན་ནོ། །མཐོ་བ་མཁར་གྱི་ལན་ཆགས་པ། དམའ་བ་ཞིང་གི་ལན་༴ ཕ་མ་བུ་ཚའི་ལན་༴ གཉེན་ཉེ་རིང་གི་ལན་༴ གྲོགས་མཛའ་བའི་ལན་༴ བསད་པ་སྲོག་གི་ལན་༴ བརྡུང་བ་ན་བའི་ལན་༴ བརྐུས་པ་ནོར་གྱི་ལན་༴ ཁལ་བཀལ་བའི་ལན་༴ རྨོ་རྨོས་པའི་ལན་༴ ཞོ་བཞོས་པའི་ལན་༴ སྤུ་བྲེག་པ་ལ་སོགས་པའི་ལན་ཆགས་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ན་མོ་བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པ། །ཐོག་པ་མེད་པ་འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་འབྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཞེས་བརྗོད།

ཆུ་གཏོར།

༈ ཆུ་གཏོར་གྱི་རིམ་པ་ནི། ཛམ་དཀར་ལ། ༀ་སྭ་བྷ་ཝ་སོགས། རིན་ཆེན་ལྔ་ལས་གྲུབ་པ་ཡི། །གཞལ་མེད་ཁང་པའི་དབུས་སུ་ནི། །ཛམ་ལ་སྐུ་མདོག་དཀར་པོ་སྟེ། །ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན། །ཕྱག་གཡོན་ནེའུ་ལེ་བསྣམས་པ་སྟེ། །གྲུ་མོར་ཁ་ཊྭཱྃ་ག་ལྡན་པ། །དབུ་སྐྲ་དཀར་སེར་གྱེན་དུ་བརྫེས། །སྤྱན་གསུམ་ཞལ་གདངས་རིན་ཆེན་གྱི། །རྒྱན་ལྡན་འབྲུག་ལ་ཆིབས་པའོ། །ཤར་དུ་རྡོ་རྗེ་ཌཱ་ཀི་མ། །མཐིང་ནག་གཡས་ན་རྡོ་རྗེ་དང་། །གཡོན་པས་རྟེན་འབྲེལ་ནོར་རྫས་འཛིན། །ལྷོ་རུ་རིན་ཆེན་ཌཱ་ཀི་མ། །སེར་མོ་གཡས་ན་ནོར་བུ་དང་། །གཡོན་པས་རིན་ཆེན་བུམ་པ་འཛིན། །ནུབ་ཏུ་པདྨ་ཌཱ་ཀི་མ། །དམར་མོ་གཡས་ན་པདྨ་དང་། །གཡོན་པས་འགུགས་བྱེད་ལྕགས་ཀྱུ་འཛིན། །བྱང་དུ་ལས་ཀྱི་ཌཱ་ཀི་མ། །ལྗང་གུ་རྡོ་རྗེ་རྒྱ་གྲམ་གཡས། །གཡོན་པས་ནེའུ་ལེའི་རྐྱལ་པ་འཛིན། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ཞིང་། །ཕྱེད་བསྐུམ་ཚུལ་གྱིས་བཞུགས་པར་གྱུར། །རང་ཉིད་སྤྱན་རས་གཟིགས་གྱུར་པའི། །ཕྱག་གི་བུམ་པའི་ཆུ་བླུག་གྱུར། །ༀ་པདྨ་ཀྲོ་དྷ་ཨཱཪྱ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། བརྒྱ་རྩ་བརྗོད། དེ་ནས་གཏོར་མ་དཀར་གསུམ་ཅི་འབྱོར་བཤམས་ནས། ༀ་ཨཱཿཧཱུྃ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ༀ་པདྨ་ཀྲོ་དྷ་སོགས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས་ཀྱིས་མཆོད། འགྲོ་བ་དབུལ་བའི་སྡུག་བསྔལ་གཟིགས་གྱུར་ནས། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་པའི། །གངས་རི་ལྟར་དཀར་ནོར་འཆང་ཀུན་གྱི་རྗེ། །མཁའ་འགྲོ་བཞི་ཡིས་བསྐོར་ལ་ཕྱག་འཚལ་ལོ། །སེར་སྣའི་ལས་ཀྱི་མེ་ཡིས་གདུང་བ་བདག །སྐྱེ་དང་སྐྱེ་བར་ཁྱེད་ལ་གསོལ་འདེབས་ཀྱི། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆུ་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ལྷ་ལྔ་རང་གི་ཐུགས་ཀར་ཐིམ། །ལོངས་སྤྱོད་སྤྲིན་བཞིན་འདུས་པར་གྱུར། །ཛཾ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ཆུ་མྱོང་བ་དང་། ཕྱོགས་བཞིར་གཏོར་ལ། ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། ༈ །ཛཾ་སེར་ནག་གི་ཆུ་གཏོར་བསྡུས་པ་ནི། རང་ཉིད་ཐུགས་རྗེ་ཆེན་པོ་ནི། །ཞལ་གཅིག་ཕྱག་གཉིས་རྣམ་པར་གྱུར། །མདུན་དུ་རིན་ཆེན་སྣོད་ཟུང་དུ། །པད་ཟླ་པད་ཉིའི་དཀྱིལ་འཁོར་སྟེང་། །ཛཾ་ལས་ཛམྦྷ་ལ་སེར་པོ། །རྒྱན་ལྡན་འབྲས་བུ་ནེའུ་ལེ་འཛིན། །སྐྱིལ་ཀྲུང་དུང་དང་གཏེར་བདག་མནན། །ཧཱུྃ་ལས་ཛམྦྷ་ལ་ནག་པོ། །ཀླུས་བརྒྱན་ཐོད་ཁྲག་ནེའུ་ལེ་འཛིན། །གཡོན་བརྐྱང་ནོར་བདག་སེར་པོ་མནན། །གནས་གསུམ་ༀ་ཨཱཿཧཱུྃ་འོད་ཀྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་ཅིང་། །དབང་ལྷས་དབང་བསྐུར་ཆུ་ཡི་ལྷག །སོ་སོར་ལུད་པས་རིན་འབྱུང་དང་། །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །ཨརྒྷཾ་སོགས། ལག་མཐིལ་ཟླ་སྟེང་ས་བོན་ལྔ། །ས་བོན་ནི་བྷྲཱུྃ་ཨཱྃ་ཛྲཱིཾ་ཁཱྃ་ཧཱུྃ་བཅས་མཆན། ཡོངས་གྱུར་དེ་བཞིན་གཤེགས་པ་ལྔ། །ཞུ་བའི་ཡེ་ཤེས་བདུད་རྩིར་གྱུར། །ཆུ་རྒྱུན་དབུལ་ཞིང་། ༀ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་དང་། ༀ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་ནི་སྭཱ་ཧཱ། ༀ་ཛམླུཾ་སྭཱ་ཧཱ། གང་ནུས་བརྗོད། ཨརྒྷཾ་སོགས། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་རྗེ་བོ་མགོན་པོ་ཛམྦྷ་ལ། །གཅིག་ནི་གསེར་མདོག་ཅིག་ཤོས་ནམ་མཁའ་འདྲ། །ཕྱག་འཚལ་མཆོད་འབུལ་འབྲས་བུ་མཆིས་པར་མཛོད། །སེར་སྣའི་ལས་ཀྱི་མེ་ཡིས་གདུང་བ་རྣམས། །སྐྱེ་དང་སྐྱེ་བར་ཁྱེད་ལ་སྐྱབས་སུ་མཆི། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ཛཾ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ཅེས་སོ། ༈ །རང་ཉིད་ཐུགས་རྗེ་ཆེན་པོ་ནི། །ཞལ་གཅིག་ཕྱག་གཉིས་རྣམ་པར་གྱུར། །རང་གི་ཕྱག་ནས་བདུད་རྩིའི་རྒྱུན། །བབས་པས་ཡི་དྭགས་ཀུན་ཚིམ་གྱུར། །ༀ་མ་ཎི་པདྨེ་ཧཱུྃ། ༀ་ཨཱཿཧྲིཿཧཱུྃ། ཆུ་སྤྱིན་ཞིང་སེ་གོལ་དང་བཅས་ནས། ༀ་ཛ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་བབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ཤིིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲཱ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། །ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པཱ་རཾ་པཱ་ར་ནི་མེ་སརྦ་སཏྭ་ནཉྩ་སྭཱ་ཧཱ། བར་དོའི་སེམས་ཅན་ཀུན་ཚིམ་ནས། །བཀྲེས་སྐོམ་འཇིགས་སྐྲག་ཞི་གྱུར་ཅིག །དེ་ལྟར་ཆུ་ཡི་སྦྱིན་པ་འདིས། །ཀླུ་རྒྱ་དགའ་བོ་ལ་སོགས་པ། །ཆུ་ཀླུང་བདག་པོ་མ་ལུས་པའི། །སྦྱིན་པ་དམ་པར་འགྱུར་བར་ཤོག །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་པ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་རྣམས་དག་ཚངས་ལ་སོགས། །འཇིག་རྟེན་སྐྱོང་བའི་གཏོར་མགྲོན་རྣམས། །མ་ཚང་བ་དག་བཟོད་པར་གསོལ། །ༀ་བཛྲ་སཏྭ་ས་མ་ཡ་མ་ནུ་སོགས་ཡིག་བརྒྱས་ལྷག་ཆད་བསྐང་། ༀ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་པས་ཡེ་ཤེས་པ་དང་། མཆོད་སྦྱིན་གནས་འདིར་གང་ལྷག་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪ། ཞེས་བརྗོད་ནས་འཇིག་རྟེན་པ་རྣམས་གཤེགས་སུ་གསོལ། བཀྲ་ཤིས་རིགས་གང་འོས་དང་བསྔོ་སྨོན་ཀྱང་བྱའོ། །སརྦ་མངྒ་ལཾ། དགེའོ།། །།སྟོན་མཆོག་དམ་པ་སོགས།།

ཀླུ་གཏོར།

ཀླུ་གཏོར་མདོར་བསྡུས་བཞུགས་སོ། །དེ་ནས་ཀླུ་གཏོར་བྱེད་ན། ཟངས་གཞོང་གཙང་མའི་ནང་དུ་ཀླུ་སྨན་རིལ་བུ་བཞག་ལ། རང་ཁ་བྱང་ཤར་དུ་བལྟས་ཏེ། ༀ། ཡན་ལག་བརྒྱད་ལྡན་མཚོ་ཡི་དབུས། །ཀླུ་ཆེན་བརྒྱད་ཀྱིས་གཙོར་བྱས་པའི། །ཀླུ་རིགས་ཀུན་གྱིས་གང་བའི་དབུས། །རང་ཉིད་སར་པཱ་ཎི་དཀར། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ཀླུ་རྒྱལ་འཁོར་བཅས་སྤྱན་དྲངས་ནས། །དམ་ཚིག་རྣམས་ལ་གཉིས་མེད་ཐིམ། །ནཱ་ག་ར་ཙ་ས་པཱ་རི་ཝཱ་ར་ཛཿཧཱུྃ་བྃ་ཧོཿ ཆུ་དཀར་བསིལ་ཞིང་། མཆོད་སྦྱིན་ཕྱག་རྒྱ་ཁོང་སེང་གི །ཟླ་དཀྱིལ་ཧྲཱིཿཡིག་དཀར་པོ་ལས། །བདུད་རྩི་སྨན་དང་འདོད་རྒུའི་རྒྱུན། བབས་པས་ཀླུ་རིགས་ཀུན་ཚིམས་ནས། །བྱམས་ལྡན་ཕྲིན་ལས་བསྒྲུབ་པར་གྱུར། །ༀ་བ་སུ་ཀི་མཾ་སྭཱ་ཧཱ། བརྒྱ་རྩ་བཟླ། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་དཔག་མེད་བྱོས། །འོན་ཀྱང་སྐྱོབས་པའི་སྲས་སུ་སྐྱེ། །ཀླུ་རྒྱལ་འཁོར་བཅས་ཐམས་ཅད་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །གནོད་སེམས་སྤོངས་ལ་བསྟན་པ་སྲུངས། །ཀླུ་སྨན་རྩི་སྨན་ཐམས་ཅད་ཀྱིས། །ཀླུ་ཡི་ནད་རིགས་སོས་གྱུར་ཅིག །དཀར་དམར་ལོངས་སྤྱོད་ཐམས་ཅད་ཀྱིས། །ཀླུ་ཡི་ཁ་ཟས་འདོད་དགུ་ཚིམས། །རིན་ཆེན་འབྲུ་ནོར་ཐམས་ཅད་ཀྱིས། །ཀླུ་ཡི་བང་མཛོད་འབྱོར་པ་འཕེལ། །ལྷག་བསམ་མཆོད་སྦྱིན་བསོད་ནམས་ཀྱིས། །ཀླུ་ཡི་ལས་སྒྲིབ་ཀུན་དག་ནས། །ཁྱད་པར་མ་ཉེས་གནོད་པའི་ཚོགས། །ཐམས་ཅད་ཞི་ཞིང་བདེ་ལེགས་ཤོག །བསམ་པའི་དོན་རྣམས་འགྲུབ་པ་དང་། །ཆར་ཆུ་དུས་སུ་འབབས་པ་དང་། །ལོ་ཕྱུགས་རྟག་ཏུ་ལེགས་པར་མཛོད། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་དང་། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པ་འབྱུང་གྱུར་ཅིག །ནཱ་ག་ཤིག་ཁྲོལ་བྱེར་ནཱ་ག་མུཿ གཙྪཿ དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་པ་འདི་ནི་རཱ་ག་ཨ་སྱས་སྦྱར་བའོ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ ཐི ༽པའི་ནང་བཞུགས་སོ། །སརྦ་མང་ལཾ།། །།

ཀླུ་གཏོར་བསྡུས་པ།

ཀླུ་གཏོར་བསྡུས་པ་ནི། །རང་ཉིད་འཕགས་པ་ཀླུ་སྒྲུབ་ནི། །སངས་རྒྱས་སྤྲུལ་སྐུའི་ཆ་ལུགས་ཅན། །མདུན་དུ་ཀླུ་ཆེན་བརྒྱད་པོ་ནི། །རབ་མཛེས་ཐལ་སྦྱར་སྤྲུལ་མཇུག་ཅན། །ཀུན་ཀྱང་སྦྲུལ་མགོ་བདུན་བདུན་ལྡན། །རྒྱ་མཚོ་ཆེན་པོའི་ཀློང་དུ་གསལ། །སངས་རྒྱས་ཕྱག་ནས་བདུད་རྩིའི་རྒྱུན། བབས་པས་ཀླུ་རིགས་ཐམས་ཅད་ཚིམ། །རྒྱལ་མཚོ་དང་འདྲེས་ཀླུ་ནད་ཞི། །གང་འདོད་དངོས་གྲུབ་སྩོལ་བར་བསམ། ༀ་ནཱ་ག་ར་ཙ་བཱ་སུ་ཀི་མཾ་སྭཱ་ཧཱ། །རྒྱ། ཨརྒྷཾ་སོགས། སངས་རྒྱས་ཐུགས་རྗེས་ཀླུ་རྣམས་བདེ་སྐྱིད་ལྡན། །ནད་ཞི་དངོས་གྲུབ་དེ་འདྲ་འཇིག་རྟེན་ལ། །རྒྱ་ཆེན་རྒྱུན་མི་འཆད་པ་འབྱུང་བར་གྱུར། །སངས་རྒྱས་སྲས་དང་བཅས་པས་བཀྲ་ཤིས་ཤོག །ཀླུ་གཏོར་ཉུང་བསྡུས་རཱ་ག་ཨ་སྱས་སྦྱར་བ་དགེ་ལེགས་འཕེལ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ ཐི ༽པའི་ནང་བཞུགས་སོ། །སརྦ་མང་ལཾ།། །།

མགོན་པོའི་རྒྱུན་ཁྱེར་བསྡུས་པ།

མགོན་པོའི་རྒྱུན་ཁྱེར་བསྡུས་པ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། སྒྲུབ་བརྒྱུད་བསྟན་པའི་བརྩས་སུ་བསྔགས་པའི་གསོལ་འདེབས་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །སྙིང་སྟོབས་ཆེན་པོས་འཕགས་ཡུལ་ལན་མང་བགྲོད། །བློ་གྲོས་ཆེན་པོས་ཆོས་ཀུན་དེ་ཉིད་གཟིགས། །གྲུབ་པ་ཆེན་པོས་ཆོ་འཕྲུལ་ཅི་ཡང་སྟོན། །ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ནུས་མཐུ་ཆེན་པོས་སྐུ་དགྲ་རྩད་ནས་བཅད། །དཀའ་སྤྱད་ཆེན་པོས་བླ་མ་མཉེས་པར་མཛད། །བརྩོན་འགྲུས་ཆེན་པོས་སྒྲུབ་པའི་རྒྱལ་མཚན་བཙུགས། །རས་པ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ཐེག་པ་ཆེན་པོའི་རིགས་མཆོག་ཡོངས་སུ་སད། །ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། །ཕྲིན་ལས་ཆེན་པོ་མཁའ་དང་མཉམ་པར་བརྡལ། །སྙི་སྒོམ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །དམ་པ་རྣམས་ལ་གུས་པས་གསོལ་བཏབ་མཐུས། །སྒྲུབ་བརྒྱུད་བསྟན་འཛིན་མཆོག་རྣམས་ཞབས་བརྟན་ཅིང་། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང་། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པར་ཤོག །ཅེས་པ་ནི་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་སྣང་གི་ཆོས་སྡེ་ལས་བྱུང་བའོ། །གང་ཞིག་ནག་པོ་ཆེན་པོ་ལྕམ་དྲལ་སྒྲུབ་པར་འདོད་པའི་རྣམ་འབྱོར་པས་བསྡུས་པའི་ཚུལ་གྱིས་རྒྱུན་ཁྱེར་བྱེད་ན། མགོན་པོ་ཡབ་ཡུམ་གྱི་སྐུ་རྟེན་བཤམས་པའི་མདུན་དུ་གཏོར་མ་མཆོད་རྫས་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་གཙང་ཞིང་དྲི་མ་མེད་པ་བཤམས་ཤིང་དེ་དག་ལ་བདུད་རྩི་འཐོར་ལ། ༀ་དཾ་ཥྚྲོཏྐ་ཊ་བྷཻ་ར་ཝཱ་ཡ་སཾ་སཾ་སཾ་རུ་རུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཁྃ་ཡིག་ཡོངས་གྱུར་ལས། །རྡོ་རྗེའི་བྲག་ཆེན་མཐིང་ནག་གྲུ་གསུམ་སྟེང་། །དུར་ཁྲོད་བརྒྱད་དབུས་གཞལ་ཡས་གྲུ་གསུམ་ནང་། །འཁོར་ལོ་བཞི་རིམ་ལྟེ་བར་པད་ཉི་ལ། །དྲེལ་རྟའི་སྟེང་དུ་འདོད་ཁམས་དབང་ཕྱུག་དང་། །རྡོ་རྗེ་བེར་ཅན་ཡབ་ཡུམ་འཁྲིལ་སྦྱོར་ཚུལ། །རྒྱན་དང་ཆ་ལུགས་ཡོངས་རྫོགས་གསལ་བར་བསྒོམ། །རིམ་པ་བཞི་ལྡན་འཁོར་ལོ་ལ་གནས་པའི། །ལྷ་རྣམས་ཉི་དང་འོད་ཟེར་ཚུལ་དུ་བསྐྱེད། །གཙོ་འཁོར་རྣམས་ཀྱི་གནས་གསུམ་འབྲུ་གསུམ་དང་། །ཁྱད་པར་གཙོ་བོ་ཡབ་ཡུམ་ཐུགས་སྲོག་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། །ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་དེ་ཝ་རཀྵ་ཛཿཧཱུྃ་བྃ་ཧོཿ འདིར་ཤོག འདིར་ཤོག ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཿཧཱུྃ་ཡ་ཛཿ སྤྱན་འདྲེན་གྱི་སྔགས་བརྗོད་ཅིང་། སྤོས་བསྲེགས་རོལ་མོ་དབྱངས་དང་བཅས་པས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །ཐུགས་རྗེའི་ཐུགས་དམ་དབང་གིས་ནི། །བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །རྡོ་རྗེ་ནག་མོ་རེ་མ་ཏི། །འཁོར་ཚོགས་རྒྱ་མཚོ་ཐམས་ཅད་ཀུན། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་དེ་ཝ་རཀྵ། ཛཿཧཱུྃ་བྃ་ཧོཿ འདིར་ཤོག འདིར་ཤོག ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཿ ཧཱུྃ་ཡ་ཛཿ ༀ་མ་ཧཱ་ཀཱ་ལི་ཏྲག་རཀྵ་ཏིཾ་ལཾ་ས་མ་ཡ། ཛཿཧཱུྃ་བྃ་ཧོཿ ནག་མོ་ཏིཾ་ལཾ་མ་མ་དུན་བྷྱོ། ཛཿཧཱུྃ་བྃ་ཧོཿ ཀཱ་ལི་དུན་བྷྱོ། ཨེ་ཨཱ་རལླི་ཧོཿ ཛཿཧཱུྃ་བྃ་ཧོཿ མ་ཏི་མ་ཧཱ་ས་མ་ཡ། ཕེཾ་ཕེཾ་ཕེཾ། མ་མ་པ་ཤ་ར། ཤ་ཀཱ་ལ། ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ཨ་ལ་ལ་ཧོ། མ་མོ་ནག་མོ་ཏིང་ལམ། མ་མོ་ནག་མོ་དུན་ཏིཾ་བྷྱོ། ཛཿཧཱུྃ་བྃ་ཧོཿ ནག་མོ་དུན་བྷྱོ། ༀ་ཨཱཿཧཱུྃ། ས་མ་ཡ། ཨེ་ཧྱེ་ཧི་ཛཿ ཨ་རལླི་ཧོཿ ཧྲིཾ་ཧྲིཾ། ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝ་ར་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདིར་ནི། །དྲག་པོ་འཁོར་བཅས་བཞུགས་སུ་གསོལ། །ༀ་མ་ཧཱ་ཀཱ་ལི་ཏྲག་རཀྵ་ཐུན་བྷྱོ་ས་མ་ཡ། ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ས་མ་ཡ་མ་ནུ་ུསྨ་ར་ཡ་ས་ཡ་མ་ཏི་ཀྲ་མ་ཏི་ས་མ་ཡ་རཀྵན་ཏུ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ༀ་ཀཱ་ལ་ཤ་ཨ་བྷི་ཥེ་ཀ་ཏ་ཧཱུྃ། ༀ་ཤུནྱ་ཏ་ཏིཥྛ་ཏེ་སྭཱ་ཧཱ། ཧཱུྃ། ཆོས་ཀྱི་དབྱིངས་ལས་ཁྲོ་བོའི་སྐུར་སྟོན་པ། །ཆོས་ཉིད་ངང་ལས་མ་གཡོས་བསྟན་སྲུང་ཚུལ། །རྡོ་རྗེ་གཏུམ་པོའི་ཐུགས་ལས་རབ་སྤྲུལ་པ། །ཡེ་ཤེས་མགོན་པོའི་ཚོགས་ལ་ཕྱག་འཚལ་ལོ། །བྷྱོ། མཁའ་ལ་དབང་བསྒྱུར་ཡིད་བཞིན་སྤྲུལ་པའི་སྐུ། །ཡ་མཚན་རྨད་བྱུང་ལུས་ལ་ཏིལ་མར་བྱུགས། །དབང་ཕྱུག་ནག་མོ་གསང་བའི་རེ་མ་ཏི། །ནག་མོ་སྟོང་གི་གཙོ་ལ་ཕྱག་འཚལ་བསྟོད། །ༀ་མ་ཧཱ་ཀཱ་ལ་ཀཱ་ལི་ཡེ་ན་མཿ ༀ་ཁྲག་གི་རྒྱ་མཚོ་མེ་ཏོག་ཨུ་པཱཀྵ། །ཚིལ་ཆེན་བསྲེགས་དང་མར་ནག་ཆེན་པོའི་མེ། །ཐལ་ཆེན་ཁྲག་ཞག་བདུད་རྩི་ཤ་ཆེན་ལྔ། །དུར་ཁྲོད་སྒྲ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། །ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཆོད་གཏོར་བདུད་རྩིས་བྲན་ལ། ༀ། མ་དག་སྣོད་བཅུད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་སྒྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བའི་དམ་ཚིག་པའི། །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ༀ་དང་ཨཱཿཧཱུྃ་གིས། །བྱིན་རླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །མདུན་གྱི་ནམ་མཁར་སྤྲིན་བཞིན་གཏིབས་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། །ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་པ་མཆོད་པར་བགྱི། །རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་ཞིང་སྐྱོང་དང་། །མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པའི། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་གི །གཏོར་མ་རྩ་བརྒྱད་པཉྩ་ཨ་མྲྀ་ཏ། །ཛ་གད་རཀྟའི་ཡོན་ཆབ་མཆོད་པར་བཞེས། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་དང་། །དེ་ཁོ་ན་ཡི་ཀུན་བཟང་མཆོད་པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་དེའི། །གནས་ཚུལ་ཇི་བཞིན་རྟོགས་པའི་སྒོ་གསུམ་གྱིས། །བསྟོད་པ་མ་ལུས་པ་ཡིས་བསྟོད་པར་བགྱི། །ཁྱོད་ལ་འདོད་དོན་གསོལ་བ་བཏབ་པ་ནི། །བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང་། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་ཚད་སྐད་ཅིག་ཙམ་ཉིད་ལ། །གྲུབ་ནས་ཀརྨ་པ་ཡི་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་དང་། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་བཞིན་དུ་རློག་པ་ཡི། །ནུས་པ་ད་ལྟ་ཉིད་དུ་སྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་དད་པའི་དགེ་བ་དེས། །མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་རིན་ཆེན་དཔལ་མོས་གསོལ་བ་བཏབ་པའི་ངོར། རྗེ་བཙུན་ཀརྨ་པ་མི་བསྐྱོད་རྡོ་རྗེས་གསུངས་པའོ། །ཧཱུྃ་ཛཿ ཡེ་ཤེས་མགོན་པོ་ལྕམ་དྲལ་འཁོར་ཚོགས་རྣམས། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་ཀྱི། །གཟུགས་ཅན་མི་དང་གཟུགས་མེད་དམ་སྲི་ཡིས། །གནོད་ཅིང་འཚེ་བར་བྱེད་པའི་བདུད་དཔུང་དང་། །གདུག་པའི་སེམས་འཆང་ད་དགྲ་ཕོད་བཙུག་རྣམས། །མ་རུང་གཏུམ་པོ་ཆེན་པོའི་ཞལ་དུ་སྟོབས། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་བཞིན། །དམ་བཅའ་མ་གཡེལ་བསྲུང་སྐྱོབ་ཕྲིན་ལས་མཛོད། །བློ་གྲོས་བྱེ་བའི་སྟོབས་ལས་རབ་འབར་ཞིང་། །དཀར་ཕྱོགས་བསྟན་སྲུང་གང་དུ་ཕྱོགས་བཅུར་དག །ཐུགས་བསྐྱེད་དམ་བཙན་ཡལ་མེད་འདོར་རམ་ཀྱེ། །སྒྲུབ་བསྟན་འདི་ཉིད་སྲུང་ཞིང་སྐྱོབས་མཛོད་ལ། །འདའ་མེད་གྲོ་བོར་ཐ་ཚིག་རྗེས་དྲན་མཛོད། །ཅེས་ཀརྨ་པ་བཅུ་དྲུག་པས་ཤར་མར་བྲིས་པའོ། །ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །འཁོར་དུ་ནག་པོ་སྟོང་གིས་སྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །སངས་རྒྱས་བསྟན་པའི་རྒྱལ་མཚན་དེ། །ཉི་མ་གུང་ལ་ཤར་བ་བཞིན། །དགེ་འདུན་དབུ་འཕང་དགུང་ལ་བསྟོད། །སྡང་བའི་དགྲ་བོ་ལས་ངན་རྣམས། །རྗེས་ཤུལ་ཙམ་ཡང་མེད་པར་མཛོད། །དྲག་པོའི་འཕྲིན་ལས་མྱུར་དུ་སྒྲུབས། །ཧཱུྃ་བྷྱོཿ བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་མ་མགོན་ལྕམ་དྲལ་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སངས་རྒྱས་བསྟན་པ་དར་བ་དང་། །མཆོག་ཐུན་ལས་རྣམས་འགྲུབ་པར་མཛོད། །ཅེས་པ་འདི་གཉིས་འོག་མིན་མཚུར་གྱི་གདན་ས་ནས་༧རྒྱལ་བའི་དབང་པོ་བཅུ་བདུན་པ་༧ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེས་གསུངས་སོ། །འདིར་གནས་ལྷ་མོ་རིན་ཆེན་གསེར་མདོག་ཅན། །ཕྱག་གཡས་ལྕགས་ཀྱུ་གཡོན་གྱིས་ནོར་གཞོང་འཛིན། །སྔོན་གྱི་དམ་ཚིག་གཉན་པོ་དགོངས་ནས་སུ། །ད་སྐབས་ཕྲིན་ལས་སྒྲུབ་པའི་དུས་ལ་བབས། །རིན་ཆེན་ནོར་ཆར་འབེབས་པའི་དུས་ལ་བབས། ཁམས་གསུམ་དབང་དུ་བསྡུས་པའི་དུས་ལ་བབས། །གང་བསམ་དོན་རྣམས་བསྒྲུབ་པའི་དུས་ལ་བབས། །བདག་གིས་ཅི་བཅོལ་ཕྲིན་ལས་སྒྲུབས་པར་མཛོད། །ཅེས་ཀརྨ་པ་བཅུ་དྲུག་པས་སོ། །ཆོས་སྐྱོང་སྤྱི་ལ་འབུལ་བ་ནི། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །བྱིན་རླབས་ཀློང་ཡངས་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་སྤྲིན་འཁྲིགས་ཡི་དམ་ཞི་ཁྲོའི་ལྷ། །དགོས་འདོད་ཆར་འབེབས་དཔའ་བོ་མཁའ་འགྲོའི་ཚོགས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །མཁའ་ལྟར་ཁྱབ་པའི་ལེགས་ལྡན་ཚོགས་ཀྱི་བདག །ཡེ་ཤེས་མགོན་པོ་ཕྱག་བཞི་ཕྱག་དྲུག་པ། །ཞལ་བཞི་མ་ནིང་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་མགོན་པོ་ཡབ་ཡུམ་འཁོར་དང་བཅས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །མཐུ་སྟོབས་དུས་མཐའི་རླུང་དང་བསྐལ་པའི་མེ། །རྡོ་རྗེ་བེར་ཅན་ལྷ་མོ་རང་བྱུང་མ། །སྔགས་སྲུང་ཨེ་ཀ་ཛ་ཊཱི་སྲོག་སྒྲུབ་མ། །ཤན་པ་དམར་ནག་ལས་བྱེད་དྲེགས་པའི་ཚོགས། །མཆོད་གཏོར་འདིར་བཞེས༴ སྲིད་པའི་རླུང་ཞགས་དབང་ཕྱུག་ལྷ་ཆེན་ཡབ། །ཨུ་མ་དེ་ཝཱི་ཡུམ་བཅས་མཁའ་འགྲོའི་ཚོགས། །ལྷ་སྲིན་ཀུན་གྱི་དམག་དཔུང་སྤྲིན་ལྟར་སྡུད། །དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །མཆོད་གཏོར་འདིར་བཞེས༴ གཏུམ་ཆེན་རྔམས་པའི་ང་རོ་འབྲུག་ལྟར་སྒྲོགས། །ཞིང་སྐྱོང་སེང་གེ་གདོང་ཅན་ཡབ་དང་ཡུམ། །རྒྱལ་ཆེན་རྣམ་མང་ཐོས་སྲས་རྟ་སྔོན་ཅན། །དུར་ཁྲོད་བདག་པོ་བདག་མོ་ངེས་ནུས་མ། །ལས་ཀྱི་གཤིན་རྗེ་དམ་ཅན་རྡོ་རྗེ་ལེགས། །མཆོད་གཏོར་འདིར་བཞེས༴ ཕྲིན་ལས་དངོས་གྲུབ་ཐོགས་མེད་གློག་ལྟར་འཁྱུག །ཚེ་རིང་མཆེད་ལྔ་ཨ་ཕྱི་གཡུ་སྒྲོན་མ། ཁ་རག་ཁྱུང་བཙུན་ལ་སོགས་བརྟན་མའི་ཚོགས། །གནོད་སྦྱིན་ཞང་བློན་བེག་རྩེ་ཚོགས་ཀྱི་བདག །ཛམ་ལྷ་རིགས་ལྔ་རྟ་བདག་ཀུ་བེ་ར། །ཀུན་འཁྱིལ་མཆེད་གསུམ་ལ་སོགས་ནོར་བདག་རྣམས། །མཆོད་གཏོར་འདིར་བཞེས༴ དྲག་སྔགས་མཐུ་རྩལ་ཐོག་སེར་བཞིན་དུ་འབེབས། །རྟ་ནག་དྲེགས་པ་ཤ་ཟ་ཁ་མོ་ཆེ། །སྡེ་དཔོན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང་། །ཤྭ་ན་ས་བདག་བདག་ཉིད་སྐྱེས་བུ་སོགས། །གཟའ་གདོང་གིང་ལྔ་བདུད་ཤན་རྩིས་ཀྱི་བདག །མཆོད་གཏོར་འདིར་བཞེས༴ དགྲ་བོའི་སྟེང་དུ་རླུང་ལྟར་ཇག་པ་རྒྱུག །སྤུ་གྲི་མཆེད་གསུམ་སྔགས་བདག་སྨྱོ་ཁ་དང་། །ཇག་པ་མེ་ལེན་ཀླུ་བཙན་སྤུན་བདུན་དང་། །དྲེགས་པ་སྡེ་ལྔ་པེ་ཧར་ཙི་མ་ར། །ཟབ་གཏེར་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས། །མཆོད་གཏོར་འདིར་བཞེས༴ སྒྲུབ་པའི་མཐུན་རྐྱེན་དབྱར་གྱི་དཔལ་ལྟར་སྤེལ། །ཐང་ལྷ་སྤྲག་གི་བཙན་རྒོད་སྤོམ་ར་ཆེ། །མགུལ་ལྷ་བཅུ་གསུམ་དགེ་བསྙེན་ཉེར་གཅིག་དང་། །ཆོས་འཁོར་སྒྲུབ་གནས་དབེན་གནས་ཆོས་བཞིན་སྐྱོང་། །གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི། །གཞི་བདག་ཕོ་མོ་འཁོར་དང་བཅས་པ་རྣམས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་རྒྱས་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །ཞི་རྒྱས་དབང་དྲག་ལས་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །མགོན་དཀར་རྒྱུན་ཁྱེར་ནི། ཧཱུྃ་ཛཿ བདེ་མཆོག་རྣམ་སྤྲུལ་མགོན་དཀར་ཡབ་ཡུམ་ནི། །ཀེང་རུས་ཆེན་པོ་དབྱུག་ཐོ་ཐོད་ཁྲག་འཛིན། །དུར་ཁྲོད་ཀུན་ནས་འདིར་གཤེགས་མདུན་འདིར་བཞུགས། །དཀར་གསུམ་མངར་གསུམ་མཆོད་པ་འདི་བཞེས་ལ། །རང་འདྲའི་སྤྲུལ་པའི་འཇིག་རྟེན་ཐམས་ཅད་གང་། །གནོད་བྱེད་དགྲ་ཇག་ཆོམ་ཀུན་གཅན་གཟན་རྣམས། །དབྱུག་ཐོའི་བརྡུང་ཞིང་སྦྲུལ་གྱི་ཞགས་པས་འཆིང་། །ཐོད་ཁྲག་རླངས་པས་གདུག་པ་མྱོས་ཤིང་རིང་། །ཐམས་ཅད་ཚུར་འདུས་བདག་ཅག་མི་ནོར་གྱི། །མཐའ་ནས་བསྐོར་ཞིང་ཉིན་མཚན་རྒྱུན་དུ་བསྲུང་། །གནོད་བྱེད་དཔག་ཚད་ཙམ་དུ་སྐྲད་པར་གྱུར། །ༀ་གྷྲི་ར་ཛ་གྷྲི་ར་ཛ་རྐུ་མ་རྐུ་མ་ཁུམ་ཐིས་སྭཱ་ཧཱ། ༀ་གྷྲི་ར་ཛ་སོགས་ནས། ༀ་ཁུམ་ཐིས་མ་ཧཱ་མཐར་ནུ་གནོད་བྱེད་དགྲ་རྐུན་ཇག་གསུམ་གཅན་གཟན་ཙག་ཀྱུ་བྷནྡྷ་བྷནྡྷ་སྭཱ་ཧཱ། ཧཱུྃ། འཁོར་ལོ་སྡོམ་པ་ཡབ་དང་ཡུམ། །པདྨ་བཛྲ་སྤྱན་སྔ་རུ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་བསྲུང་། །སོ་ས་གླིང་གི་ཞིང་སྐྱོང་བ། །དུར་ཁྲོད་བདག་པོ་ཡབ་དང་ཡུམ། །ཁྱོད་ནི་སྲུང་མ་མཐུ་རྩལ་ཅན། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །བདག་ཅག་འཁོར་དང་ལོངས་སྤྱོད་བཅས། །བསྲུང་བའི་སྲུང་མ་ཁྱོད་བཅོལ་ལོ། །དེ་ལ་གནོད་བྱེད་དགྲ་རྐུན་ཇག །བཅིང་བའི་ཞགས་པ་ཁྱོད་བསྐོས་སོ། །མ་གཡེལ་མ་འདའ་མཐུ་རྩལ་ཅན། །ཇ་ཆང་ཕུད་དང་མཆོད་གཏོར་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀཾ་ཚང་རིང་ལུགས་མགོན་ཕྲིན་བསྡུས་པར་འཁོར་ལྔ་རྗེས་འབྲངས་བཅས་ཀྱི་གཏོར་འབུལ་སྔགས་བསྔོས་སྦྱར་སྐབས། ཕྱག་བཞི་པར། ༀ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀ་ལ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དུད་སོལ་མར། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨི་དཾ་བཱ་ལིཾ་ཏ༴ ཞེས་བཀའ་བརྒྱུད་འདི་ཉིད་ཀྱི་ཕྱིའི་བསྟན་སྲུང་དང་། ༈ །མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་ཉེར་བསྡུས་བཞུགས་སོ། །ༀ་སྭ་སྟི། བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ལོ། ནང་མཆོད་གཏོར་མ་བྱིན་རླབས་ཡི་དམ་ལྟར་བྱ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝཱ་ཤུདྡྷཱཿ སརྦ་དྷརྨཱ༔སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེའི་སྟེང་དུ་ཨ་ལས་ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ་ཧཱུྃ་བྷྲཱུྃ་ཨཱྃཿཛྲིཾ་ཁྃ་རྣམས་ཀྱིས་མཚན་པ་རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་སྤྱན་དྲངས་ཏེ་བསྟིམས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་པད་ཉི་ལ་ཧཱུྃ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐུ་མདོག་མཐིང་ནག་དང་པོ་གཉིས་གྲི་ཐོད། བར་པ་གཉིས་མི་མགོའི་ཕྲེང་བ་དང་རྩེ་གསུམ། ཐ་མ་གཉིས་ཌཱ་མ་རུ་དང་ཞགས་པ། སྟག་སྤགས་དང་མགོ་ཕྲེང་རུས་པ་དང་སྦྲུལ་དང་། ཕྱག་ཞབས་ལ་དྲིལ་བུ་གཡེར་ཁའི་ཕྲེང་བས་བརྒྱན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པས་ཚོགས་ཀྱི་བདག་པོ་མནན་པ། སྤྱན་གསུམ་མཆེ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་གྱེན་དུ་བརྫེས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། སིནྡྷཱུ་རའི་ཐིག་ལེ་དཔྲལ་བར་བྱུག་པ། ཙནྡན་གྱི་སྡོང་པོ་ལ་རྒྱབ་བརྟེན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་གཡོན་དུ་བྷྱོ་ལས་དཔལ་ལྡན་ལྷ་མོ་ནག་མོ་དྲེའུ་ལ་ཞོན་པ་ཁྲམ་ཤིང་དང་ནད་རྐྱལ་ཐོགས་པ། མདུན་དུ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྨུག་ནག་གྲི་ཐོདའཛིན་པ། དོམ་ནག་སྨྱོན་པ་ལ་ཞོན་པ། གཡས་སུ་ཛི་ན་མི་ཏྲ་དམར་ནག་ཅང་ཏེའུ་དང་འཁོར་ལོ་འཛིན་པ། རྒྱབ་ཏུ་ཊཱ་ཀི་རཱ་ཛ་ནག་པོ་སྤུ་གྲི་དང་ཐོད་ཁྲག་འཛིན་པ། གཡོན་དུ་བདུད་མགོན་ཏྲཀྴད་རུ་མཚོན་དང་ཐོད་སྙིང་འཛིན་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། དར་ནག་གི་འཇོལ་བེར་དང་སྭག་ལྷམ་གསོལ་བ། དེའི་ཕྱི་རོལ་དུ་དཔལ་མགོན་བདུན་ཅུ་རྩ་ལྔ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཤར་ལྷོ་བསིལ་བའི་ཚལ་ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང་། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ། ༀ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཀྵིཾ། ཉེར་གཅིག །བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོ། ༀ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་མང་དུ་བཟླའོ། །སྔགས་དེ་ཀའི་མཐར། ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ། དེ་བཞིན་དུ། བྷྱོ་མ་མོ་ནག་མོ་བེ་ཏཱ་ལི་སིནྡྷ་ཀུ་ལུ་ཀུ་ལུ་ཧཱུྃ་ཕཊ། ༀ་ཀྵེ་ཏྲ་པཱ་ལ་བིགྷྣཱན་ཧཱུྃ་ཕཊ། ༀ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཧཱུྃ་ཕཊ། ༀ་ཊཱ་ཀི་རཱ་ཛ་ས་མ་ཡ་བྷྱོ་དུ་ཛཿཧཱུྃ་ཕཊ། ༀ་དུ་ཡོ་ག་ཛཿམ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ། ཞེས་འཁོར་རེ་རེ་ལ་ཨི་དཾ་སོགས་བཏགས་པ་གསུམ་གསུམ། ༀ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎཱི་ཨེ་ཥོ་ཨ་པཤྩི་མ་ཀཱ་ལོ྅་ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎི་ཡ་དི་པྲ་ཏི་ཛྙཱ་སྨ་ར་སི་ཏ་ད་ཨི་དཾ་དུཥྚ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྣ་གྲྀཧྣ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དམ་ཅན་སྤྱི་ལ་འབུལ། ༀ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནེ་ཝཻེདྱ་ཤབྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ༀ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ས་པཱ་རི་ཝ་ར་ༀ་ཨཱཿཧཱུྃ། གིས་ནང་མཆོད་འབུལ། ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་ནས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷཱུ་ར་ཡིས་ལེགས་པར་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོའི་རྒྱས་བཏབ་བརྟེན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་པར་མཛོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །འདོད་དོན་གསོལ་བ་བཏབ། བླ་མགོན་དབྱེར་མེད་ཀྱི་གསོལ་འདེབས་དང་གྲིབ་སེལ་ལ་སོགས་པ་རྗེས་འདི་ཀར་བྱས་ཀྱང་རུང་། ཡིག་བརྒྱ་བཟོད་གསོལ་སྨོན་ལམ་དང་བཀྲ་ཤིས་བརྗོད། །ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་བསྡུས་པ་ཁྱེར་བདེ་བ་འདི་ནི། གངས་དཀར་རྡོ་རྗེ་གདན་གྱི་སྐུ་གཉེར་བ་ཉི་མ་རྣམ་རྒྱལ་གྱིས་བསྐུལ་ངོར། ཏཱ་ར་ནཱ་ཐས་ཕོ་བྲང་གངས་དཀར་དུ་སྦྱར་བའོ།། རྣམ་སྲས་ལ། ༀ་བཻ་ཤྲ་བ་ཎ་ཡ། ཨི་དཾ་བ་ལིཾ་གྲྀཧྣནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷ་སྭ་ཧཱ། དེའི་འཁོར་ལ། ༀ་ཨཥྚ་ནཱ་ག་ཤ་དྷུ་ཏ་སཱ་ཧ་སྲ་ཀོ་ཊི་ཡཀྵ་རཀྵ་སཱ་སྭཱ་ཧཱ། ཨི་དཾ་བ་ལིཾ་གྲྀཧྣནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ། སྔགས་བདག་ལ། ༀ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུྃ་ཕཊ། ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་ཅན་ལ། ༀ་བཛྲ་ས་དྷཱུ་ས་མ་ཡ་ཝ་ཀ་ཏྲྃ་ཏྲྃ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷཱུ་ཏྲི་ཛཿ ཛཿཧཱུྃ་བྃ་ཧོཿ ཨི་དཾ༴ སྲིན་མགོན་ལ། བྷ་ག་ཝ་ཏི་ཏིཥྛ་རཀྵ་རཀྨོ་ས་མ་ཡ་ཧཱུྃ་ཛཿཛཿ ཨི་དཾ༴ ཞིང་སྐྱོང་ལ། ༀ་མ་ཧཱ་ཀཱ་ལ་སིང་ཧ་མུ་ཁ་ཧཱུྃ་ཕཊ། ཏྲི་ཧྲཱིཾ་ཛཿ ཌཱ་ཀི་ཎི་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲཱིཾ་ཛཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། ཨི་དཾ༴ ཞེས་ཀརྨ་པའི་ཆོས་སྐྱོང་འཁོར་ལྔ་དང་། མཁར་ནག་ལ། ༀ་ནཱ་ག་རཱ་ཛ་བཛྲ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཨི་དཾ༴ ཨ་ཕྱིར། ༀ་གྷཱ་མུ་ཨ་ཛི་ཏི་དྷརྨ་དི་པེ་ས་པ་རི་ཝཱ་ར་ཨི་དམ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཚེ་རིང་མཆེད་ལྔར། ༀ་ཨཉྫི་དྷ་རི་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝ་ར་ཨི་དཾ༴ དེའི་རྗེས་འབྲངས། རྟ་ལྷར། ༀ་ཨཱཪྱ་རེ་མཱནྟ་ས་པ་རི་ཝཱ་ར་ཨི་དཾ༴ གཟའ་ལ། ༀ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སྭཱ་ཧཱ། ཨི་དཾ༴ སྤོམ་རར། ༀ་ཨཱཿབཛྲ་ཀུ་ལི་མིལ་མན་ས་པ་རི་ཝ་ར་ཨི་དཾ༴ བྲག་བཙན་ལ། ཡ་མ་རཱ་ཛ་ཙ་མུནྟྲི་ཁྲག་རྒལ་མུན་ཙེ་ས་མ་ཡ་ཛཿཛཿ ཨི་དཾ༴ རཀྟ་པི་པ་ཏོ་སརྦ་ཤ་ཏྲཱུྃ་མཱ་ར་ཡ་ཙིཏྟ་ཁ་ཧི། ཐང་ལྷར། ༀ་ཨཱཿམ་ནུ་ཥེ་གནྡྷརྦྷ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༈ དམ་ཅན་འབར་བ་རྩལ་གྱི་རྒྱུན་ཁྱེར་བཞུགས་སོ།། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། བྱིན་གྱིས་བརླབས། ༀ། དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག །སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར། །འཁོར་གཡོག་དང་བཅས་བརྒྱ་བྱིན་སྲས་མོ་ནི། །མཚོ་སྨན་བཅས་པ་འདིར་གཤེགས་གཏོར་མ་བཞེས། །བདག་གི་བསམ་པ་ཐམས་ཅད་བསྒྲུབ་པ་དང་། །བསྟན་པ་འཕེལ་ཞིང་འདོད་དགུ་རྒྱ་ཆེར་ལྡན། །གདུག་འདྲེའི་ནད་དང་གནོད་པ་ཞི་བ་དང་། །ཐམས་ཅད་བདེ་དགར་སྤྱོད་པའི་བཀྲ་ཤིས་སྩོལ། །ༀ་ཨཱཿམ་ནུ་ཥེ་གནྡྷརྦྷ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་ཐང་ཀ་ར་མུན་ཉི་ཁུ་ཤ་ལི་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི། བཛྲ་འབར་བ་རྩལ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། ཞེས་གཏོར་མ་བསྔོའོ། །ཧཱུྃ། ཡང་ཅིག་བཞེངས་ཤིག་ནག་པོ་ཏི་པ་རཱ་ཙ་ཁྱོད། །བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་སྟོན་པ། །གཉེན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་རིག་འཛིན་འཁོར་དང་བཅས་པ་ཡི། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །སྤྲུལ་པ་དུང་གཡག་དུང་གི་བྱ་ཁྲ་དང་། །ལྕགས་སྡིག་མགོ་དགུའི་ཚུལ་དུ་འདིར་བྱོན་ལ། །གནོད་བྱེད་རྒྱལ་འགོང་སྨྱོ་འདྲེ་རྡུལ་དུ་རློག །དམ་བཅའ་དམ་ལས་མ་འདའ་ས་མ་ཡ། །ༀ་ཨཱཿཧཱུྃ་ཧྲཱིཿ བཛྲ་འབར་བ་རྩལ་བིགྷྣཱན་རཱ་ཛ་མཱ་ར་ཡ་ཕཊ། གེ་སར་ལ། ༀ་མ་ཎི་ཨ་རིན་དྷརྨ་དཱི་པེ་ས་པ་རི་ཝ་ར་ཨི་དམ༴ བྲག་བཙན་ལ། ༀ་ཙནྟྲ་པྲ་མ་ནི་དྷ་ར་དྷ་ར་ས་པ་རི་ཝཱ་ར་ཨི་དམ༴ དབྱི་རྒྱལ་ལ། ༀ་བ་སུ་རཱ་ཛ་ས་པ་རི་ཝཱ་ར་ཨི་དམ༴ དཔལ་ལྡན་ཤེས་རབ་ལ། ༀ་ཤྲཱི་མན་པྲ ཛྙཱ་ས་པ་རི་ཝཱ་ར་ཨི་དམ༴ རྡོ་རྗེ་སྨན་དཔལ་ལ། ༀ་བཛྲ་ཧིསྟ་ཤཱི་ལ་ས་པ་རི་ཝཱ་ར་ཨི་དམ༴ གནོད་སྦྱིན་གང་བཟང་ལ། ༀ་ཡཀྵ་པུརྞ་བྷ་དྲ་ས་པ་རི་ཝཱ་ར་ཨི་དམ༴ སྐུ་རྒྱལ་ལ། ཕྱག་རྒྱལ་མཻ་ཏྲི་ས་པ་རི་ཝཱ་ར་ཨི་དམ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གྱང་རྗེ་ལ། ༀ་ཤཱུ་ལ་ཏྲི་ཛ་ས་པ་རི་ཝ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༈ ན་མོ་རཏྣ་ཏྲ་ཡཱ་ཡ། འདིར་དཔལ་ལྡན་ཀརྨ་པ་ཆེན་པོའི་སྒྲུབ་གནས་གདན་ས་མཚུར་ཕུའི་བཀའ་སྲུང་མཐུ་རྩལ་མཆོག་ཏུ་དཔའ་བ་གྱང་རྗེ་བཙན་པོའམ་གྱང་རྩེའི་གསོལ་མཆོད་བྱ་བར་སྤྲོ་ན། དམར་གཏོར་ཤ་ཁྲག་གིས་བརྒྱན་པ་གཅིག་ལ་འཁོར་གཏོར་ཆུང་འོས་མཚམས་ཀྱིས་བསྐོར་བའམ། ཡང་ན་གཅིག་གིས་ཆོག་པར་བྱ། གཞན་ཡང་ཉེར་སྤྱོད་སོགས་རིགས་པས་དཔྱད་དེ་བཤམས། སྐྱབས་སེམས་སྔོན་དུ་སོང་ནས་རང་ཉིད་ཡི་དམ་ལྷར་གསལ་བའི་ངང་ནས་འདི་སྐད་དོ། །སྣང་སྟོང་སྤྲོས་བྲལ་ངང་ཉིད་ལས། །མདུན་དུ་རྔམ་བརྗིད་རྡོ་རྗེའི་བྲག །གཏུམ་པའི་གཅན་གཟན་བྱ་ཁྱིའི་ཚོགས། །མི་བཟོད་ང་རོའི་སྒྲ་སྒྲོགས་ཅིང་། །མེ་རླུང་དྲག་ཏུ་འཁྲུགས་པའི་ནང་། །ཏྲི་ལས་གྱང་རྗེ་བཙན་པོ་ནི། །སྐུ་མདོག་དམར་ནག་ཁྲག་གི་མདོག །ཁྲོས་པའི་སྐྱེས་བུ་མི་སྲུན་པ། །ཞལ་གཅིག་ཕྱག་གཉིས་གཡས་མདུང་དར། །གཡོན་པས་བཙན་ཞགས་གློག་ལྟར་འཁྱུག །བསེ་རྨོག་བསེ་ཁྲབ་མི་ཟད་འོད། །ཉི་མ་འབུམ་གྱིས་གཟི་བརྗིད་འབར། །ཞབས་གཉིས་རྟ་དམར་རྟིང་དཀར་ཆིབས། །འཇའ་རིས་ཕུབ་ཆུང་རལ་གྲི་སོགས། །དཔའ་བོའི་ཆས་རྣམས་ཡོངས་སུ་རྫོགས། །ཡུམ་སྲས་བཙན་དམག་འབུམ་སྡེའི་ཚོགས། །བཀའ་ཉན་ཚུལ་དུ་འཁོད་པར་གྱུར། །རྔ་རོལ་དབྱངས་དང་སྤོས་འཐུལ་ཞིང་། ཧཱུྃ། གྱང་རྗེ་བཙན་པོ་དམ་ཚིག་ཅན། །བརྩེ་བའི་སྙན་གྱིས་ཚུར་གསོན་དང་། །སློབ་དཔོན་པདྨ་འབྱུང་གནས་དང་། ཁྱད་པར་དཔལ་ལྡན་དུས་གསུམ་མཁྱེན། །རྩ་བ་བརྒྱུད་པར་བཅས་པ་ཡི། །བཀའ་དང་དམ་ལས་མ་འདའ་བར། །གནས་ཆེན་སྟོད་ལུང་མཚུར་ཕུ་ཡི། །བསྟན་དང་བསྟན་འཛིན་ཕྲིན་ལས་སྤེལ། །བདག་ཅག་རྣལ་འབྱོར་རྒྱུ་སྦྱོར་བཅས། །རྟག་ཏུ་བསྲུང་ཞིང་སྐྱོབ་པར་མཛོད། །ཐ་ཚིག་གཉན་པོ་མ་བོར་བར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དེ་ནས་མཆོད་པ་འབུལ་བ་ནི། ༀ་ཨཱཿཧཱུྃ། མཆོད་པའི་ཡོ་བྱད་ཐམས་ཅད་གཙང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཧཱུྃ། དགྲ་བགེགས་ཁྲག་གི་རཀྟའི་ཨརྒྷཾ་དང་། །དབང་པོ་ལྔ་ཡི་རང་བཞིན་པུཥྤེ་བཀྲམ། །ཙནྡན་དཀར་དམར་དྷུ་པེའི་དུད་སྤྲིན་འཐིབ། །ཚིལ་ཆེན་ཨ་ལོ་ཀེ་ཡིས་སྟོང་གསུམ་གསལ། །སི་ལ་ག་བུར་གྷནྡྷེས་ཡོངས་སུ་བྱུགས། །རོ་མཆོག་བརྒྱད་ལྡན་ནཻ་ཝིདྱ་ཡིས་མཆོད། །རྔ་བསིལ་ཤབྟའི་སྒྲ་ཡི་ཕྱོགས་ཀུན་འགེངས། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན་གྱི་ཆབ། །ཞིང་བཅུའི་ཁྲག་གི་སྦུ་འཕྲེང་རྣམ་པར་གཡོ། །མངོན་པར་མཛེས་པའི་སྤྱན་གཟིགས་སྣ་ཚོགས་དང་། །ཁྱད་པར་བསྒྲུབ་པའི་བརྟེན་རྫས་སྙིང་པོ་ནི། །སྙུག་རྒོད་ཚིག་གསུམ་དར་སྣས་བརྒྱན་པ་འབུལ། །ཐོད་པས་གཏམ་པའི་སྐུ་མཁར་གྲུ་བཞི་པ། །ཤ་རུས་བརྒྱན་པའི་རབ་འཇིགས་ཕོ་བྲང་འབུལ། །གླང་ཆེན་རྟ་སོགས་རྐང་བཞིའི་ཚོགས་རྣམས་དང་། །བྱ་རྒོད་འུག་སོགས་འདབ་གཤོག་མཐུ་རྩལ་ཅན། །མ་ཚང་མེད་པའི་མཆོད་པས་མཆོད་ལགས་ན། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་། །བདག་ཅག་དཔོན་སློབ་འགལ་རྐྱེན་ཀུན་ཞི་ཞིང་། །འགྲོ་ཀུན་བདེ་སྐྱིད་རྫོགས་ལྡན་དཔལ་ཆེན་པོར། །ཡོངས་སུ་སྤྱོད་པའི་སྐལ་བཟང་རབ་ཐོབ་ཤོག །ༀ་ཤཱུ་ལ་ཏྲི་ཛ་ས་པ་རི་ཝ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། སླར་གསེར་སྐྱེམས་གཏོར་མ་བདུད་རྩི་ཐོགས་ལ་དྲག་ཏུ་གནད་ནས་བསྐུལ་བ་ནི། ཧཱུྃ། སྟོབས་ལྡན་ཆེན་པོ་གྱང་ལྷ་བཙན། །ཁྱོད་ནི་སྤྲུལ་པ་སྣ་ཚོགས་འགྱེད། །རེས་འགའ་ཞི་བའི་ཚུལ་བཟུང་ནས། །སྐུ་མདོག་དཀར་པོ་འོད་དུ་འཚེར། །སྒྲུབ་པའི་ཚེ་བསོད་ལོངས་སྤྱོད་སྤེལ། །རེ་འགའ་ཨ་ཙ་ར་ཡི་གཟུགས། །དམ་ཉམས་རྣམས་ཀྱི་སྙིང་ཁྲག་རྔུབས། །རྟག་ཏུ་སྐྱེས་བུ་བཙན་ཆས་ཅན། །བསྟན་པའི་མེལ་ཚེ་མཛད་པའི་ཕྱིར། །ཉིན་མཚན་དུས་དྲུག་བསྐོར་ཞིང་ཉུལ། །མཐུ་རྩལ་དྲག་པོའི་ཐོག་རྒོད་ལྟར། །མི་བཟད་ནུས་པའི་རྣོ་སོ་ཅན། །དཔའ་བོ་སྟོབས་ལྡན་དབང་ཕྱུག་ཁྱོད། །སྤྱིར་དུ་སངས་རྒྱས་བསྟན་པ་བསྲུང་། །སྒོས་སུ་ཀཾ་ཚང་བསྟན་པ་བསྲུང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །མི་མཐུན་དགྲ་བགེགས་མ་ལུས་ཞི། །མཐུན་རྐྱེན་ཡིད་བཞིན་འཕེལ་བར་མཛོད། །དེ་ལྟར་ལྷ་མཆོག་ཁྱོད་ཉིད་ལ། །ངོ་ཆེའི་ཡུས་ཀྱི་ཁྱོད་བསྐུལ་ན། །དུས་ལ་བབས་པོ་མཐུ་རྩལ་སྟོན། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །གྱང་རྗེ་བཙན་པོ་འཁོར་བཅས་སོགས། །ཡུལ་ལྷ་གཉན་པོ་ཐམས་ཅད་ལ། །མཆོད་སྤྲིན་རྒྱ་མཚོས་ལེགས་མཆོད་ན། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །དེ་ནས་བཤགས་པ་བྱ་བ་ནི། རབ་ཏུ་རྨོངས་པས་ཉེས་བྱས་ཅི་མཆིས་པ། །དོན་དམ་སྤྲོས་བྲལ་ཆོས་ཉིད་ཀློང་དུ་བཤགས། །དགེ་བས་སྒྲུབ་བརྒྱུད་སྙིང་པོ་ཀརྨ་པའི། །བསྟན་པ་ཕྱོགས་བཅུར་འཕེལ་ཞིང་རྒྱས་པར་ཤོག །དེ་ལྟར་གྱང་རྗེའི་གསོལ་མཆོད་མདོར་བསྡུས་ཙམ་བརྗོད་པ་འདི་རིམ་གཉིས་ཀྱི་རྣལ་འབྱོར་པ་མཚུར་ཕུའི་བསྐང་བ་ཁང་པ་རྣམས་ཀྱི་འདོད་དོན་ལྟར། དཔལ་ཀརྨ་པ་མ་ར་དཱ་མ་ཀ་བཛྲ་གྱིས་སྤེལ་བའོ། །རྫིང་བཙན་ལ། ཏྲི་ཤཾ་བྷ་ནི་བཛྲ་སཱ་དྷཱུ་ས་མ་ཡ་བྷེ་ཏྲི་ཛཿཛཿ ཨི་དམ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་མགྲོན་ཐབས་ཀྱི་ལྷ་དང་བཅས་པ་སོ་སོར་འབུལ་ལོ། །གཞི་བདག་དཀར་གཏོར་དང་མཁའ་འགྲོ་སྤྱི་གཏོར་བསྡུས་པ་ནི། ༀ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཨ་ལས་ཀ་པཱ་ལའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར། ༀ་ཨཱཿཧཱུྃ། གནས་ཉི་ཤུ་རྩ་བཞི་ཡུལ་ཆེན་གསུམ་ཅུ་སོ་གཉིས་རྒྱ་གར་རྒྱ་ནག་བལ་བོད་མདོ་ཁམས་སོགས་མདོར་ན་སྟོང་གསུམ་གྱི་སྟོང་ཆེན་པོར་གནས་པའི་དཔའ་བོ་མཁའ་འགྲོ་གཞི་བདག་ཡུལ་ལྷ། ལོ་ཟླ་ཞག་དུས་ལ་དབང་བ་སོགས་མཆོད་འོས་རྒྱ་མཚོ་རྣམས་ལ་མཆོད་དོ། །འབུལ་ལོ། །མཉེས་ཤིང་ཚིམས་ནས་བདག་ཅག་འཁོར་བཅས་ཉེར་འཚེ་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ལེགས་ཚོགས་འཕེལ་བ་སོགས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །བསྟོད་པ་ནི། ༀ་ཨཱཿཧཱུྃ་ཧོཿ བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྒྱ་མཚོར་བསྟོད་པར་བགྱི། །མཆོག་ཐུན་ལས་བཞི་གྲུབ་པ་དང་། །ནད་གདོན་བགེགས་རིགས་ཞི་བར་མཛོད། །ༀ་དཾ་ཥྚྲོཏྐ་ཊ་བྷཻ་ར་ཝཱ་ཡ་སཾ་སཾ་སཾ་རུ་རུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཕྱི་ནང་གསང་བའི་མཆོད་རྫས་བསམ་གྱིས་མི་ཁྱབ་པར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱེ། ཤབྟ་སོགས་འགྲེའོ། །ཧཱུྃ། བསྟན་སྲུང་མཐར་ཐུག་རྡོ་རྗེ་བེར་ཅན་དང་། །ཡུམ་ཆེན་དཔལ་ལྡན་ལྷ་མོ་རང་བྱུང་མ། །ནག་པོ་ཡབ་ཡུམ་ཕྱོགས་བཅུའི་མགོན་པོ་དང་། །དྲེགས་པ་དོན་གཉིས་བདུད་བཙན་ཀླུ་ཡི་མགོན། །རྣམ་སྲས་སྔགས་བདག་སྐྱེས་བུ་རྡོ་རྗེ་ལེགས། །སྲིན་མགོན་ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་། །མ་བདུན་སྲིང་བཞི་འབར་མ་དགུ་རྣམས་དང་། །དུས་བཞི་ལྷ་མོ་དམག་གི་རྒྱལ་མོ་བཞི། །དབང་ཕྱུག་ཉེར་བརྒྱད་བརྟན་མ་བཅུ་གཉིས་དང་། །མཁར་ནག་རྡོར་རྒྱལ་བཀྲ་ཤིས་ཚེ་རིང་སོགས། །ལྷ་ཀླུ་གཞི་བདག་མཐུ་བོ་ཆེ་རྣམས་དང་། །ཕོ་ཉ་ལས་མཁན་བསམ་ཡས་གྲངས་འདས་ལ། །མཉེས་རྫས་དྲག་པོའི་གཏའ་གཏོར་ཆེན་པོ་དང་། །སྨན་དང་རཀྟ་གསེར་དངུལ་དར་ཟབ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་རྫས་འབུལ། །དགྱེས་པར་བཞེས་ལ་ཅི་བསམ་ཕྲིན་ལས་སྒྲུབ། །ༀ་མ་ཧཱ་ཀཱ་ལ་ཀཱ་ལི་མ་ཧཱ་མཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། དེ་བཞིན་དུ། ཙིཏྟ། བ་སུ་ཏ། མཉྩ། མཉྩི། གོ་རོ་ཙ་ན། ཨ་མྲྀ་ཏ། སུ་ར་ཏ། བ་ལིཾ་ཏ། མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། གཙོ་འཁོར་ཡོངས་རྫོགས་ཀྱི་གསོལ་བསྡུས་དབང་ཕྱུག་རྡོ་རྗེས་མཛད་པའོ། །རྒྱལ་དབང་བཅུ་བཞི་པས་འཁོར་ལྔ་རྗེས་འབྲངས་བཅས་ཁ་འགེངས་མཛད་པ་དང་། ཧཱུྃ། བཀའ་བརྒྱུད་བླ་མ་ཡི་དམ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཁྱད་པར་རྡོ་རྗེ་བེར་ནག་ཅན། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཕྱི་ནང་བར་ཆད་ཞི་བ་དང་། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །སྔོན་གྱི་སྒྲུབ་བརྒྱུད་གསེར་རིའི་ཕྲེང་ཚོགས་ཀྱིས། །ཇི་ལྟར་བཀའ་བསྒོས་ཐ་ཚིག་མ་གཡེལ་བར། །ཡེ་ཤེས་མགོན་པོའི་ལྷ་ཚོགས་འཁོར་བཅས་རྣམས། །ཕྱི་ནང་གསང་བའི་མཆོད་གཏོར་འདི་བཞེས་ལ། །དྭགས་བརྒྱུད་བསྟན་དགྲའི་ཆོ་འཕྲུལ་ཞི་བར་མཛོད། །ༀ་མ་ཧཱ་ཀཱ་ལ་ཀ་ལི་མ་ཧཱ་མཾ་ས་ཁ་རཾ་ཁཱ་ཧི། དེ་བཞིན་དུ་འགྲེའོ། རཀྟ། ཙིཏྟ། བ་སུ་ཏ། མཉྩ། མཉྩི། གོ་རོ་ཙ་ན། ཨ་མྲྀ་ཏ། སུ་ར་ཏ། བ་ལིཾ་ཏ། མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ༀ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ༀ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བཻ་ཏ་ལི་ཧཱུྃ་ཛཿ ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཚེ་རབས་ཀུན་ནས་རྒྱལ་བས་དབང་བསྐུར་ཅིང་། །ཚེ་རབས་ཀུན་ཏུ་བསྟན་པ་སྲུང་མཛད་པའི། །མགོན་པོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ན་མོ་ཨཱ་ཀྲི་ནི། ན་མོ་ཡོ་ཀྲི་ནི། ན་མོ་ཏ་ཀྲི་ནི། ཏདྱ་ཐཱ། ༀ་ཧི་ལི་ཧི་ལི། ཀི་ཏི་ཙི་ཏི་ནི་ཏི་པ་ཏ་ཡེ་སྭཱ་ཧཱ། ཚེ་རབས་སྔོན་ནས་ད་ལྟ་ཕན་ཆད་དུ། །རྒྱལ་བའི་བསྟན་པ་བསྲུང་བར་དམ་བཅས་པ། །ད་ལྟ་དེང་འདིར་བསྟན་པ་རྒྱས་པ་དང་། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི། །ཕྱི་ནང་བར་ཆད་ཐམས་ཅད་ཞི་བར་ཤོག །རྒྱལ་དབང་བཅུ་གསུམ་པས་མཛད་པའི་འཁྲུགས་བསྐང་བསྡུས་པ་ནི། བྷྱོ། དུས་ངན་སྙིགས་མའི་མཐར་ཐུག་ལ། །བནྡེ་བླ་མའི་དམ་ཚིག་ཉམས། །སྐྱེ་བོ་ཁྲེལ་དང་ངོ་ཚ་བོར། །དེ་ཚེ་མ་མོ་ཐུགས་ཁྲོས་ནས། །ནད་མུག་འཁྲུགས་གསུམ་སྤྲིན་ལྟར་གཡོ། །དེ་དག་ཁྱོད་ཀྱི་ཆོ་འཕྲུལ་ཏེ། །དེ་ཕྱིར་དམ་རྫས་གཏོར་བདུད་རྩི། །རྟེན་བསྐང་སྒྲུབ་པ་གསུམ་གྱི་རྫས། །མ་མོ་འཁྲུགས་པའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་བའི་མཐུས། །བདག་སོགས་མཁའ་མཉམ་འགྲོ་ཚོགས་ཀྱི། །ནད་གདོན་བར་ཆད་བཟློག་ཏུ་གསོལ། །མི་མཐུན་ཕྱོགས་ཀུན་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བདག་གཞན་མི་ཤེས་ལེ་ལོ་ཡིས། །ས་ལམ་བགྲོད་ལ་འགལ་བ་རྣམས། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །རྗེ་མི་ལའི་སྒྲུབ་བརྒྱུད་པའི་བསྟན་སྲུང་ལྷ་སྨན་མཆེད་ལྔའི་གསོལ་བསྐང་ཉུང་བསྡུས་ནི། ཧྲཱིཿ ཆོས་དབྱིངས་རང་བྱུང་ཀུན་ཏུ་བཟང་། །བདེ་ཆེན་དབྱིངས་ཕྱུག་རྡོ་རྗེའི་ཡུམ། །སྤྲུལ་སྐུ་བསྟན་སྲུང་མཁའ་འགྲོ་ལྔ། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །མཆེད་བཞི་རིགས་འཁོར་སྤྲུལ་པ་འབུམ། །སྣང་སྲིད་མ་མོའི་དཀྱིལ་འཁོར་རྣམས། །གདུང་བའི་སེམས་ཀྱིས་འབོད་ལགས་ན། །ཐུགས་དམ་དབང་གིས་གཤེགས་ནས་ཀྱང་། །དགྱེས་ཤིང་མཉེས་པའི་མདངས་ཕྱུངས་ཤིག །ཁྱོད་མཆོད་ཕྱི་ནང་གསང་བའི་རྫས། །འབོད་རྟེན་སྐོང་སྒྲུབ་མཆོད་པའི་སྤྲིན། །རྨད་བྱུང་རྡོ་རྗེའི་ལོངས་སྤྱོད་མཆོག །མཁའ་མཉམ་དགྱེས་པར་བསྐང་བ་འདིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །དམ་ཚིག་ཉམས་ཆགས་འགལ་འཁྲུལ་བཤགས། །མཆོག་ཐུན་དངོས་གྲུབ་ཆེན་པོ་སྩོལ། །ཀཾ་ཚང་བསྟན་པ་གཉན་པོ་སྲུངས། །བསྟན་འཛིན་སྐུ་ཚེ་ཕྲིན་ལས་སྤེལ། །མི་མཐུན་དུས་ཀྱི་རྒུད་པ་དང་། །མཐའ་དམག་ནད་ཡམ་རྩུབ་འགྱུར་སོགས། །མ་མོ་འཁྲུགས་པའི་ཆོ་འཕྲུལ་ཟློག །བདག་འཁོར་ཡོན་བདག་བུ་བཞིན་སྐྱོངས། །བདེ་སྐྱིད་དཔལ་ཡོན་གོང་དུ་སྤེལ། །རྣལ་འབྱོར་གསང་བའི་གྲོགས་མཛོད་ལ། །མཐུ་རྩལ་རྫུ་འཕྲུལ་ནུས་པ་སྤོར། །གཟུགས་ཅན་གཟུགས་མེད་དབང་དུ་བསྡུས། །ཕྱི་ནང་གསང་བའི་དགྲ་གསུམ་སོད། །རྩ་རླུང་ཐིག་ལེའི་མདུད་པ་ཁྲོལ། །བདེ་ཆེན་ཡེ་ཤེས་མངོན་གྱུར་ནས། །དོན་གཉིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་བསྐང་བའི་རིམ་པ་རྣམས་བྱའོ། །ༀ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བཻ་ཏཱ་ལི་ཧཱུྃ་ཛཿ ཞེས་ཅི་ནུས་བཟླས། དེ་ནས་ཐུན་གཏོར་བྲན་ལ། ན་མོ། རྩ་བ་གསུམ་དང་ཁྱད་པར་དུ། །མགོན་པོ་འཁོར་བཅས་བདེན་པའི་མཐུས། །དཀོན་མཆོག་བསྟན་ལ་གནོད་བྱེད་པའི། །སྡང་དགྲ་གནོད་བྱེད་འདིར་ཁུག་ཅིག །ༀ་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷནྜེ་ཧོ། ཀཱ་ལ་རུ་པ་ནི་ཀུ་རུ་ཨ་ཀཪྵ་ཡ། ཨ་ཀཪྵ་ཡ། ཐེང་མ་ཐེང་མ་ཧྲི་སྟི་ག་ཡེ། ཨུ་ནི་ཨུ་ནི་ལ་ར་ཛ་ཛ། ༀ་ཏྲཀ་རཀྵ་དུན་ཏིཾ་མ་བྷྱོ། ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་ཤ་ས་ནཾ་ཨུ་པ་ཀ་རི་ཎི་ཨེ་ཥ་པཉྩི་མ་ཀ་ལོ་ཡཾ། དུམ་དུམ་རཀྵ་ཚལ་པ་ཧ་ལ་དུཥྚཾ་ཤ་ཏྲཱུྃ་ཏ་ཐ་རུ་ཏྲི་པི་ཏཱ་དྷ་མི་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎི། ཡ་ཏི་པྲ་ཏིཛྙཱ། སྨ་ར་སི་ཏ་དྭ། ཨི་དཾ་མ་མ་དུཥྚཾ་ཤ་ཏྲཱུྃ་དགྲ་བགེགས་བྱེད་མ་ལྷ་སྲུང་དང་བཅས་པ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། གནོད་བྱེད་དགྲ་བགེགས་མ་ར་ཡ་ཧཱུྃ་ཕཊ། ༀ་ཨེ་ཨཱ་རལླི་ཧོ། ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲཀ་རཀྵ་ཁཱ་ཧི། ཏྲཀ་རཀྵ་དུན་བྷྱོ་ཁཱ་ཧི། ཏྲཀ་རཀྵ་རྦད་བྷྱོ་ཁཱ་ཧི། དམ་ཅན་མགོན་པོ་ནག་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། བཞེས་སུ་གསོལ་ཁཱ་ཧི། མ་མ་དགྲ་བོའི་སྙིང་ཁྲག་ཚལ་པ་དུན་ཏིཾ་ཧ་ལ་དུན་བྷྱོ། གནོད་བྱེད་དགྲ་བགེགས་བྱད་མའི་ཤ་ཁྲག་ལ་ཁཱ་རཾ་ཁཱ་ཧི། འགུགས་སྔགས་དང་སྤྱི་དྲིལ་རྦད་སྔགས་རྣམས་ཀྱི་མཐར། ༈ །མགོན་པོའི་དགྲ་ཆོས་ཤིན་ཏུ་བསྡུས་པ་དམ་ཅན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་ནི། ཧཱུྃ། མཐར་བྱེད་གདོང་ལྔའི་དབྱངས་ཀྱི་ང་རོ་ནི། །མི་བསྲུན་དྲག་པོར་ཁྲོས་པའི་གཟུགས་འཆང་བ། །རྡོ་རྗེ་སྲིན་པོ་མ་ཧཱ་ཀཱ་ལ་ཆེ། །བཀའ་འཁོར་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །ཆིལ་ཆིལ་རྣམ་པར་མི་བསྲུན་དུས་ཀྱི་རྔ། །ཁྲག་ཞག་བདུད་རྩིའི་དགའ་བ་འཐོར་བའི་རྒྱུན། །རབ་འབྱམས་ཁྱོན་ཀུན་འགེངས་པའི་མཆོད་པའི་ཚོགས། །མ་ལུས་རྣམ་དག་བློ་ཡིས་སྤྲུལ་ནས་ཀྱང་། །རྨད་བྱུང་བསྟོད་པའི་དབྱངས་ཀྱིས་དགྱེས་བསྐང་བས། །ས་གསུམ་ཕན་བདེའི་འདོད་འཇོ་དཔག་བསམ་ཤིང་། །རྒྱལ་བསྟན་ཟླ་དཀར་བསིལ་བའི་རྔ་གཡབ་ནི། །སྲིད་གསུམ་དུཿཁའི་མུན་པ་སེལ་སླད་དུ། །བསོད་ནམས་ཀུན་གསལ་ཡངས་པོར་རྟག་འཆར་ཞིང་། །དེ་འཛིན་ཐུབ་བསྟན་གསལ་བའི་སྒྲོན་མེ་རྣམས། །རབ་བརྟན་མཚན་བཟང་ཉིན་བྱེད་སྣང་བའི་ཟེར། །གཡོ་མེད་གདུལ་བྱའི་པདྨོ་འཛུམ་སླད་དུ། །ཞབས་སེན་རྡོ་རྗེའི་ཕྲེང་བས་མཛེས་གྱུར་ཅིག །འདུས་ཚོགས་མ་དྲོས་རླབས་འཕྲེང་འཐོར་བའི་རྒྱུན། །ངུར་སྨྲིག་བསླབ་གསུམ་མཚོན་གྱིས་བགོས་པ་ཡི། །བསོད་ནམས་ཞིང་གི་ཡོན་ཏན་སྤྲིན་དཀར་མཛེས། །ཐར་པའི་སྦྲང་ཆར་སིལ་མས་ཁྱབ་པར་མཛོད། །གཏུམས་ཤིང་མི་བསྲུན་སྤྱོད་པའི་དྲག་ཤུལ་ཅན། །ཡིད་བསྲུབས་སྙིང་ལ་ཉལ་བའི་དཔུང་གི་ཚོགས། །དོན་དམ་སེམས་ཀྱི་རྡོ་རྗེའི་མེ་ལྕེ་ཡིས། །ཀུན་རྟོགས་ཞེན་འཛིན་ནགས་ཚལ་སྲེག་པར་མཛོད། །མཐའ་ཡས་སྐྱེ་རྒུ་མར་གྱུར་འགྲོ་བའི་ཚོགས། །གཞན་ཕན་རྒྱལ་སྲས་སྤྱོད་པའི་དབྱངས་སྙན་གྱིས། །འཚེ་མེད་དྭངས་བ་འདྲེན་པའི་དགའ་སྟོན་ལ། །ནུབ་མེད་སྤྱོད་པའི་དགེ་ལེགས་འབར་གྱུར་ཅིག །ཅེས་པ་འདི་མགོན་པོ་གང་ཉིད་ཀྱི་མཚན་བཟང་གི་བདུད་རྩི་སྣང་བའི་གོ་སྐབས་སུ་ཐོབ་པའི་སྐལ་བཟང་ཅན་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཞེས་བོད་ཡུལ་ནས་མཆེད་པའི་བཙན་བྱོལ་པ་རྫབ་ཆེན་ནོར་སྐྱོང་ལྟར་རྒྱུ་བ་དེས་དམར་ཕྱོགས་མཚུར་ཟླ་དང་པོའི་ཚེས་ཉེར་དགུར་སྨོན་པ་དགེ་ལེགས་འཕེལ། ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །བསྟན་ལ་སྡང་བའི་དགྲ་བགེགས་རྣམས། །མྱུར་དུ་བསྒྲལ་བའི་ཤ་ཁྲག་རུས། །སྲོག་དབུགས་བླ་ཚེ་ཞལ་དུ་བཞེས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ༀ་ཨེ་ཨ་ར་ལི་ཧོ། ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲཀ་རཀྵ་ཁཱ་ཧི། ཏྲཀ་རཀྵ་དུན་བྷྱོ་ཁཱ་ཧི། ཏྲཀ་རཀྵ་རྦད་བྷྱོ་ཁཱ་ཧི། དམ་ཅན་མགོན་པོ་ནག་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། བཞེས་སུ་གསོལ་ཁཱ་ཧི། ཚེ་བདག་བཟློག་པ་ནི། ༀ་ཧཱུྃ་ཏྲིག་ཁྲོཾ་བྷྱོཿ མ་ཎི་མཱ་ར་ནི་བྷྱོཿ མ་ར་དུན་བྷྱོཿ རག་མོ་རཀྵ་ནི། ཏིང་ཡ་རཀྵ་བྷྱོ། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ། ཡ་མ་ར་ཛ་ཀི་ལ་ཡ་བྷྱོཿ ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ བླ་མ་རྡོ་རྗེ་འཛིན་པའི༴ ཡི་དམ་ལྷ་ཚོགས་རྣམས་ཀྱི༴ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི༴ སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི༴ དཔལ་མགོན་མ་ནིང་ནག་པོའི༴ ཁྱད་པར་དུ་འཇམ་དཔལ་ཚེ་བདག་ནག་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི༴ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི༴ སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་ཆགས་ཆེ་བ་ཉམས་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། ཕ་རོལ་གྱི་རྨིས་ལྟས། རྦོད་གཏོང་རྦད་འདྲེ། བྱད་ཁ་ཟོར་ཁ་ཕུར་ཁ་གཏད་ཁ། ཁྱད་པར་དུ་བཟློག་པར་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་བཟློག་མཁན་ཁོ་རང་གི་སྟེང་དུ་བཟློག་ཅིག །རང་གཤེད་རང་ལ་ཕོབ་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཞིག །རང་ཁྲག་རང་གིས་འཐུངས་ཤིག ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག །བདག་གི་ཆོས་སྐྱོང་ཐམས་ཅད་ཁོའི་གཤེད་དུ་ཕོབ་ཅིག །མཱ་ར་ཡ་བྷྱོ་བྷྱོ། ཟློག་ཟློག །ཞེས་དམོད་མོ་བརྗོད་ཅིང་ཐལ་མོ་བརྡབ། འཇམ་དཔལ་བདེན་པའི་དམོད་པ་ཡིས། །དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ཁྱོད་ཀྱི་རིགས་སྔགས་བཟླས་པའི་མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །དེ་ནས་དངོས་གྲུབ་བླང་བ་ནི། ཧཱུྃ། མགོན་པོ་ལྕམ་དྲལ་འཁོར་བཅས་རྣམས། །ཆོས་དབྱིངས་གནས་ནས་སྐུ་བསྐྱོད་ལ། །བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ནོངས་པ་མཆིས་ཀུན་བཟོད་བཞེས་ལ། །དག་ཚངས་མཆོག་གི་དངོས་གྲུབ་སྩོལ། །ༀ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ༀ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བཻ་ཏ་ལི་ཧཱུྃ་ཛཿ ༀ་བཛྲ་ས ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ུཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿ རྒྱུད་ལས་བྱུང་བའི་གཟུངས་ནི། ཚེ་རབས་ཀུན་ནས་རྒྱལ་བས་དབང་བསྐུར་ཞིང་། །ཚེ་རབས་ཀུན་ཏུ་བསྟན་པ་སྲུང་མཛད་པ། །མགོན་པོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ན་མོ་ཨཱཿ ཀྲི་ནི། ན་མོ་ཡོ་ཏྲི་ནི། ན་མོ་ཏ་ཀྲི་ནི། ཏདྱ་ཐཱ། ༀ་ཧི་ལི་ཧི་ལི། ཀི་ཏི་ཙི་ཏི། ནི་ཏི་པ་ཏ་ཡེ་སྭཱ་ཧཱ། ཚེ་རབས་སྔོན་ནས་ད་ལྟ་ཕན་ཆོད་དུ། །རྒྱལ་བའི་བསྟན་པ་སྲུང་བར་དམ་བཅས་པ། །ད་ལྟ་དེང་འདིར་བསྟན་པ་རྒྱས་པ་དང་། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི། །ཕྱི་ནང་བར་ཆད་ཐམས་ཅད་ཞི་བར་ཤོག །སྨོན་ལམ་གདབ་པ་ནི། བདག་ནི་མངོན་པར་བྱང་ཆུབ་སྟེ། །རང་རིག་ཡེ་ཤེས་མངོན་གྱུར་ནས། །སངས་རྒྱས་བསྟན་པ་སྲུང་སླད་དུ། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །མདུན་བསྐྱེད་རྟེན་ལ་བརྟེན་པར་བཞུགས་སུ་གསོལ་བ་ནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །དགེ་རྩ་བསྔོ་ཞིང་སྨོན་པ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཀྲ་ཤིས་བརྗོད་པ་ནི། ༀ། བདག་ཅག་རྣལ་འབྱོར་མཆེད་ལྕམ་རྣམས། །དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ནས། །སྐྱེ་ཤི་ཕོ་འགྱུར་མེད་པ་དང་། །བླ་མེད་སྐུ་གསུང་ཐུགས་འགྲུབ་ཤོག །ཧཱུྃ། དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོཿ བསྔོ་སྨོན་གང་རིག་གིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་གློ་བོ་རྒྱལ་སྲས་བླ་མ་རྡོར་སློབ་ཀརྨ་བསྟན་འཛིན་བཟང་པོ་སོགས་དོན་གཉེར་ཅན་མང་པོས་བསྐུལ་བ་ལྟར། ཀརྨ་པ་བཅུ་བཞི་པས་བྲིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། བདག་ནི་སྐྱེ་བ་ཐམས་ཅད་དུ། །བླ་མ་མི་བསྐྱོད་རྡོ་རྗེ་དང་། །ཡི་དམ་རྡོ་རྗེ་རྣལ་འབྱོར་མ། །ཆོས་སྐྱོང་རྡོ་རྗེ་བེར་ཅན་སོགས། །ནམ་ཡང་དབྱེར་མེད་གོ་འཕང་ཤོག །

རྩ་གསུམ་གསེར་སྐྱེམས།

རྩ་གསུམ་ལྷ་ཚོགས་ཡུལ་ལྷ་གཞི་བདག་རྣམས་ཀྱི་གསེར་སྐྱེམས་བཞུགས་སོ། །ན་མོ་པདྨ་ཀ རྨ་ཀ་ཡེ་ན་མཿ འདིར་རྩ་གསུམ་ལྷ་ཚོགས་ཡུལ་ལྷ་བཞི་བདག་རྣམས་ལ་གསེར་སྐྱེམས་མཆོད་པར་བྱ་བར་འདོད་པས་གཙང་ཞིང་རྒྱ་ཆེ་བའི་མཆོད་རྫས་རྣམས་འདུ་བྱས་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་ངྷ རྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ༀ་ཨཱ་ཧཱུྃ། ལན་གསུམ་གྱིས་མཆོད་རྫས་བྱིན་གྱིས་བརླབས་ལ། ཀྱཻ། རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །དབྱེར་མེད་སྣང་སྲིད་ཟིལ་གནོན་ཀརྨ་ཀ །སྣ་ཚོགས་སྒྱུ་འཕྲུལ་བཀའ་བརྒྱུད་བླ་མ་ལ། ཡེ་ཤེས་བདུད་རྩིའི་གསེར་སྐྱེམས་ཕུད་ཀྱིས་མཆོད། །འཁོར་ལོ་བདེ་མཆོག་འཇིག་རྟེན་དབང་ཕྱུག་དང་། །གུ་རུ་དྲག་པོ་རྡོ་རྗེ་གྲོ་བོ་ལོད། །ཕག་ཁྲོས་སེང་སོགས་ཡི་དམ་ལྷ་ཚོགས་ལ། །ཡེ་ཤེས་བདུད་རྩིའི་༴ ལེགས་ལྡན་ནག་པོ་རྡོ་རྗེ་བེར་ནག་ཅན། །ཕྱག་གཞི་ཕྱག་དྲུག་གུར་མགོན་མ་ནིང་དང་། །རང་བྱུང་རྒྱལ་མོ་དུད་སོལ་ལྷ་མོ་ལ། །ཡེ་ཤེས༴ རྒྱལ་ཆེན་རྣམ་སྲས་ཀླུ་རྒྱལ་སྔགས་ཀྱི་བདག །མགར་བ་དམར་ནག་སྲིན་མགོན་ཞིང་སྐྱོང་དང་། །ཏྲཀྴད་ཁྱབ་འཇུག་མཁར་ནག་དུག་གདོང་ལ། །ཡེ་ཤེས༴ ཚེ་རིང་མཆེད་ལྔ་རྡོ་རྗེ་གཡུ་སྒྲོན་མ། །ཆོས་ཀྱི་སྒྲོན་མ་ཨཱཪྻ་རེ་མནྟ། །རྟ་བདག་གནོད་སྦྱིན་ཆེན་པོ་ཀུ་བེ་ར། །ཡེ་ཤེས༴ ལྷ་ཆེན་ཐང་ལྷ་རྨ་རྒྱལ་སྤོམ་ར་དང་། །སྐུ་རྒྱལ་ཤེན་ནེ་རྡོ་རྗེ་བྲག་བཙན་དང་། །རྡོ་རྗེ་རྫིང་བཙན་གྱང་ལྷ་བཙན་པོ་ལ། །ཡེ་ཤེས༴ རྒྱ་ལྷ་གང་བཟང་གངས་དཀར་ཤ་མེད་དང་། །ལག་སོར་ཕྱུག་མོ་ཁྱོར་བ་རྩེ་གསུམ་དང་། །ཁུང་ཁྱིམ་ཞལ་དཀར་གཡའ་མ་སྟག་ལག་དང་། །བཙན་རྒོད་ཆེན་པོ་ཇག་པ་མེ་ལེན་ལ། །ཡེ་ཤེས༴ སྤྲག་བཙན་དབྱི་རྒྱལ་དཔལ་ལྡན་ཤེས་རབ་དང་། །རྡོ་རྗེ་སྨན་དཔལ་གཙང་རྨེ་ནག་ཕྱི་སོགས། །སྐྱེས་ལྷ་ཡུལ་གཞིའི་གནས་བདག་ཚོགས་རྣམས་ལ། །ཡེ་ཤེས༴ རྒྱུད་སྲུང་མ་གཅིག་རྡོ་རྗེ་རབ་བརྟན་མ། །སྐུ་ལྷ་ཧ་བོ་གང་བཟང་སྲས་བློན་འཁོར། །ཤེལ་གིང་དཀར་པོ་ཙིའུ་དམར་པོ་ལ། །ཡེ་ཤེས༴ མ་གཟའ་དམ་ཅན་ལྷ་བཙན་ཐོག་རྒོད་ཆེ། །དགེ་བསྙེན་པདྨ་བཙུན་སྲས་བློན་འཁོར་བཅས། །བཀའ་སྡོད་སེངྒེ་བོན་ཆུང་འཁོལ་པོ་ཁ། །ཡེ་ཤེས༴ དགྲ་ལྷ་ཡེ་བརྫུ་མཆེད་གསུམ་རྫོང་ཆེན་བརྒྱད། །ངམ་རྒྱལ་ལྷ་བཙན་རྐྱང་སྨུག་སྤུན་བདུན་དང་། །ཞམ་མཚོ་ཕྱུག་མོ་ཨ་ཞེ་ལན་ཚེ་དཔལ། །དགེ་འཕེལ་ལྷ་རྩེ་རྒྱལ་མོ་རི་ཕྱུག་ལ། །ཡེ་ཤེས༴ ཤླཽ་ཀ་འདི་བཞིན་རྒྱལ་མཆོག་བཅུ་བདུན་པའི་གསུང་། གཞན་ཡང་ཡུལ་ཕྱོགས་འདིར་གནས་གཞི་བདག་དང་། །ལོ་ཟླ་ཞག་དུས་གཟའ་སྐར་སྤར་སྨེེའི་ལྷ། །ས་བདག་རྒྱལ་བློན་ཕྱོགས་སྐྱོང་སྡེ་བརྒྱད་ཚོགས། །གཉུག་མར་གནས་དང་གློ་བུར་ལྷག་རྣམས་ལ། །ཡེ་ཤེས་བདུད་རྩིའི་གསེར་སྐྱེམས་ཕུད་ཀྱིས་མཆོད། །མཆོད་ཡུལ་ཚོགས་རྣམས་མཉེས་ཤིང་ཚིམས་གྱུར་ནས། །རྒྱལ་བསྟན་སྤྱི་དང་ཀ རྨ་བཀའ་བརྒྱུད་ཀྱི། །བསྟན་པ་དར་ཞིང་བསྟན་འཛིན་ཞབས་པད་བརྟན། །འཇིག་རྟེན་ཁམས་ཀུན་བདེ་སྐྱིད་ཕུན་སུམ་ཚོགས། །ཀུན་ཀྱང་དཀར་པོའི་ཆོས་ལ་སྤྱོད་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་ཀུན་ཞི་ཚེ་དཔལ་འབྱོར་པ་རྒྱས། །མི་མཐུན་འགལ་རྐྱེན་ཕྱི་ནང་བར་ཆད་ཞི། །གཞིས་བྱེས་བྱ་བ་གང་དང་གང་བརྩམ་པ། །ལེགས་ཁ་རྒྱལ་ཁ་དང་བཅས་བདེ་བླག་ཏུ། །བསམ་དོན་མ་ལུས་མྱུར་དུ་འགྲུབ་པར་མཛོད། ཁྱད་པར་གདན་ས་ཆེན་པོ་འདི་ཉིད་ཀྱི། །ཆོས་སྲིད་མངའ་ཐང་གོང་ནས་གོང་འཕེལ་ཞིང་། །དགེ་འདུན་སྡེ་ཆེན་རབ་ཏུ་རྒྱས་པ་དང་། །འདུས་པ་མཐུན་ཞིང་ཐོས་བསམ་བསྒོམ་པ་འཕེལ། །ཚེ་རིང་ནད་མེད་འབྱོར་པ་རྒྱས་པར་མཛོད། །སྒྲུབ་བརྒྱུད་སྙིང་པོ་དཔལ་ལྡན་ཀརྨ་པའི། །བསྟན་དང་བསྟན་འཛིན་སྐྱེས་བུ་ལ་འཚེ་ཞིང་། །ལོག་པར་བལྟ་ཞིང་བསམ་ངན་སྦྱོར་རྩུབ་ཀྱི། །གནོད་བྱེད་མི་དང་མི་མིན་གང་ཡིན་ཀྱང་། །སྲུང་མ་ལས་མཁན་ཕོ་ཉའི་ཚོགས་རྣམས་ཀྱིས། །སྲོག་ཆོད་སྙིང་ཕྱུངས་ལྟས་ངན་སྣ་ཚོགས་ཐོང་། །མིང་རུས་རྗེས་ཤུལ་ཙམ་ཡང་མེད་པར་མཛོད། །མདོར་ན་ལེགས་པའི་ཕུན་ཚོགས་ཀུན་འཕེལ་ཞིང་། །མི་མཐུན་ཉེས་ཚོགས་རིང་བཅིལ་དུས་རྟག་ཏུ། །བཀྲ་ཤིས་བདེ་ལེགས་སྣང་བ་འབར་གྱུར་ཅིག །ཅེས་པ་འདིའང་རྗེ་དབོན་ཀརྨ་བསྟན་པ་རབ་རྒྱས་ནས་བསྐུལ་བའི་ངོར་༧ཀརྨ་པ་བཅུ་བཞི་པས་བྲིས་པ་ས རྦ་མངྒ་ལཾ། ༈ །བསྟན་སྲུང་དཔལ་ལྡན་ལྷ་མོ་འཁོར་བཅས་ལ་གསེར་སྐྱེམས་འབུལ་བར་སྤྲོ་ན། འབྲུ་སྣ་ཆང་ཕུད་གཙང་མ་སོགས་འདུ་བགྱིས་ལ། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། བྷྱོཿ པདྨ་འབྱུང་གནས་ཞང་བཙུན་དར་མའི་མཚན། །ཁྱུང་པོ་སྟག་ཤམ་རྒྱལ་བ་ཡེ་ཤེས་དང་། །བླ་ཆེན་མགོན་པོ་སྟོང་དཔོན་ཤེས་རབ་མགོན། །དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པའི། །ཡུམ་རྐྱང་བརྒྱུད་པའི་རྩ་རྒྱུད་བླ་མ་ལ། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་འབུལ་ལོ། །ཡི་དམ་ཁྲོ་བོའི་དབང་པོ་གཤིན་རྗེ་གཤེད། །དམར་ནག་འཇིགས་གསུམ་ཕྱག་རྒྱ་ཟིལ་གནོན་དང་། །བདེ་མཆོག་དགྱེས་རྡོར་རྟ་མགྲིན་དབང་གི་རྒྱལ། །རྡོ་རྗེ་ཕག་མོ་སེང་གདོང་ཁྲོས་མ་ནག །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ། །གསེར་སྐྱེམས༴ རྒྱལ་བའི་བསྟན་པ་རིན་ཆེན་སྲུང་མཛད་ཅིང་། །དམ་ལྡན་རྣལ་འབྱོར་བུ་གཅིག་མ་བཞིན་སྐྱོངས། །འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་ལ། །གསེར་སྐྱེམས༴ རང་བྱུང་རྒྱལ་མོ་དུད་སོལ་ལྷ་མོ་དང་། །རྩ་འཇིབས་དམར་མོ་དམག་ཟོར་རྒྱལ་མོ་སོགས། །ཞི་རྒྱས་དབང་དྲག་སྤྲུལ་པ་ཡང་སྤྲུལ་ལ། །གསེར་སྐྱེམས༴ ཆོས་འཁོར་སྐྱོང་བའི་སྲུང་མ་དཔལ་ལྷ་མོ། །ཚེ་རིང་མཆེད་ལྔ་ཨ་ཕྱི་ཆོས་ཀྱི་སྒྲོན། །རྡོ་རྗེ་གཡུ་སྒྲོན་སྨན་མོ་འབུམ་སྡེ་ལ། །གསེར་སྐྱེམས༴ ཆུ་སྲིན་གདོང་ཅན་ཁྲི་སྨན་མདོག་ལྡེམ་དང་། །མ་བདུན་སྲིང་བཞི་འབར་མ་དགུ་རྣམས་དང་། །དུས་བཞི་ལྷ་མོ་དམག་རྒྱལ་ཆེན་མོ་བཞིར། །གསེར་སྐྱེམས༴ དབང་ཕྱུག་ཉེར་བརྒྱད་བརྟན་མ་བཅུ་གཉིས་དང་། །ཨེ་ཀ་ཛ་ཏི་ཤ་ཟ་ཁ་མོ་ཆེ། །བཀའ་གཏེར་སྐྱོང་མཛད་མ་སྲིང་རྒྱ་མཚོ་ལ། །གསེར་སྐྱེམས༴ འདོད་པའི་ཁམས་རྣམས་ཀུན་ལ་དབང་བསྒྱུར་བ། །སྲིད་པ་མོ་རྒྱུད་མ་མོའི་ལྷ་ཚོགས་རྣམས། །ཤེས་རབ་རང་བཞིན་བསྟན་སྐྱོང་ཐམས་ཅད་ལ། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་འབུལ་ལོ། །དེ་ལྟར་བདུད་རྩི་སྨན་གྱི་མཆོད་པ་དང་། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་དཔག་མེད་པ། །ཀུན་ཏུ་བཟང་པོའི་རྣམ་ཐར་ཇི་བཞིན་དུ། །འབུལ་འདི་དགྱེས་བཞེས་ཐུགས་དམ་གཉན་པོ་བསྐང་། །བདག་ཅག་དམ་ཚིག་ལྡན་པའི་རྣལ་འབྱོར་དང་། །བསྟན་པའི་སྦྱིན་བདག་ཆེ་ཕྲ་ཐམས་ཅད་ཀུན། །མི་མཐུན་ཉེར་འཚེའི་ཚོགས་རྣམས་ཞི་བ་དང་། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །འདུ་བ་རྣམ་བཞིའི་ནད་རྣམས་ཞི་བ་དང་། །འགོ་ཡམས་རིམས་ནད་དུས་འཁྲུག་མཐའ་དམག་བཟློག །བསྟན་འཛིན་ཞབས་བརྟན་ཕྲིན་ལས་རྒྱ་ཆེར་རྒྱས། །འཇིག་རྟེན་ཁམས་ཀུན་བདེ་བའི་ཕྲིན་ལས་མཛོད། །ཅེས་གསེར་སྐྱེམས་མཆོད་ཅིང། བྷྱོཿ སེམས་ཉིད་ཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ལས་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད། །ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་ཞི་བའི་དཔལ་ལྷ་མོ། །ཞི་མཛད་ཞི་གྱུར་ཞི་བའི་ངང་ཚུལ་ཅན། །ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་ཞི་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་དགྲ་དང་ནད་རྣམས་ཞི་བར་མཛོད། །མཐུན་པར་བསྟན་པའི་རྒྱས་པའི་དཔལ་ལྷ་མོ། །རྒྱས་མཛད་རྒྱས་གྱུར་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་རྒྱས་མཛད་ཁྱོད་ལ་ཕྱག༴ བདག་གི་ཚེ་དང་བསོད་ནམས་རྒྱས་པར་མཛོད། །མཐུན་པར་བསྟན་པའི་དབང་གི་དཔལ་ལྷ་མོ། །དབང་མཛད་དབང་གྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་དབང་མཛད་ཁྱོད་ལ་ཕྱག༴ བདག་གི་འཁོར་དང་ལོངས་སྦྱོད་དབང་དུ་བསྡུས། །མཐུན་པར་བསྟན་པའི་དྲག་པོའི་དཔལ་ལྷ་མོ། །དྲག་མཛད་དྲག་གྱུར་དྲག་པོའི་ངང་ཚུལ་ཅན། །དྲག་པོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་བརྗིད། །ཀུན་ཏུ་དྲག་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་དགྲ་དང་ནད་རྣམས་དྲག་པོས་སོད། །ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ལ། །འདི་ལྟར་མཚན་ཉིད་ཅིར་ཡང་སྣང་བ་ནི། །ཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན་པའི་རྟགས། །ཉོན་མོང་བདུད་བཞིའི་དཔུང་རྣམས་བརླག་པར་མཛད། །བདག་ཀྱང་ལས་བཞིའི་རང་བཞིན་ལྷུན་གྲུབ་ནས། །ཁྱོད་ལྟར་གཞན་གྱི་དོན་ལ་བརྩོན་གྱུར་ཅིག །འགྲོ་བ་སྒྲོལ་བའི་མཐུ་དང་ལྡན་པར་ཤོག །དེ་ཕྱིར་མཐུན་པའི་དམ་རྫས་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། །ཅེས་བསྟོད། སངས་རྒྱས་བསྟན་བསྲུང་སོགས་ཀྱིས་ཕྲིན་ལས་བཅོལ་ཞིང་ཇི་ལྟར་བསྟོད་པའི་དོན་ཐམས་ཅད་སྨོན་ལམ་རྩེ་གཅིག་དུ་བྱའོ། །ཅེས་པ་མཚུར་ཕུའི་མགོན་ཁང་སྒྲུབ་པ་པོ་རྣམས་ཀྱིས་བསྐུལ་ངོར་དཔལ་ཀརྨ་པ་བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེ་མཛད་པའོ། །འདིར་བསྟན་སྲུང་དགེ་བསྙེན་ཆེན་པོ་སྐྱེས་མཆོག་བཛྲ་ས་དྷཱུ་ལ་གསེར་སྐྱེམས་འབུལ་བར་འདོད་པས། སྣོད་གཙང་མར་མྱོས་བྱེད་བདུད་རྩི་སྙིང་ཁུའི་ཇའམ། གསེར་སྐྱེམས་ཕུད་དག་གཙང་ལ་འབྲུ་སྨན་རིན་ཆེན་གང་འབྱོར་བཏབ་ཏེ། རྃ་ཡྃ་ཁྃ་གྱིས་བསང་། ༀ་ཨཱཿཧཱུྃ་ཧ་ཧོཿཧྲི ཿས་སྦྱངས་རྟོགས་སྤེལ་ནས་འདི་སྐད་དོ། །ཧཱུྃ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཡོངས་ཀྱི་གཙོ། །བྱིན་རླབས་དངོས་གྲུབ་རྒྱ་མཚོའི་འབྱུང་གནས་ཆེ། །དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །གསེར་སྐྱེམས་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འབུལ། །སྤྲོས་བྲལ་བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས། །གང་འདུལ་ཞི་ཁྲོ་ཉམས་དགའི་རོལ་གར་ཅན། །བསམ་ཡས་ཡིད་དམ་རྒྱུད་སྡེའི་ལྷ་ཚོགས་ལ། །གསེར་སྐྱེམས༴ ཞིང་སྔགས་ལྷན་སྐྱེས་ལ་སོགས་མཁའ་འགྲོའི་ཚོགས། །ཡེ་ཤེས་ལས་དང་འཇིག་རྟེན་དྲེགས་བྱེད་ཀྱི། །དམ་ཅན་ཆོས་སྐྱོང་སྲུང་མ་རྒྱ་མཚོ་ལ། །གསེར་སྐྱེམས༴ ཁྱད་པར་དབང་ཆེན་རྟ་མཆོག་ཧེ་རུ་ཀའི། །ཐུགས་སྤྲུལ་བསྟན་སྲུང་དྲེགས་བྱེད་ཡོངས་ཀྱི་གཙོ། །འཛམ་གླིང་ཉི་མ་ནུབ་ལ་མངའ་མཛད་པའི། །གནམ་ས་ཕྱེད་ཀྱི་བདག་པོ་རྡོ་རྗེ་ལེགས། །སྐུ་གཅིག་མཚན་དང་རྣམ་འགྱུར་སྣ་ཚོགས་སྟོན། །མ་ངེས་སྤྲུལ་པ་སྣ་ཚོགས་ཅིར་ཡང་འགྱེད། །དབེན་གནས་ཆོས་འཁོར་ཡོངས་ཀྱི་སྲུང་མ་རུ། །སྔོན་ཚེ་དེ་བཞིན་གཤེགས་པས་བྱིན་རླབས་ཤིང་། །གསང་བདག་རྡོ་རྗེ་འཛིན་དང་པད་འབྱུང་གིས། །དབང་བསྐུར་དམ་བཞག་རྡོ་རྗེའི་ཐ་ཚིག་ཅན། །སྐྱེས་མཆོག་དམ་ཅན་རྡོ་རྗེ་ལེགས་པ་ལ། །གསེར་སྐྱེམས༴ དམ་ཅན་སྐྱེས་བུའི་ཐུགས་ཀྱི་དགྱེས་སྡེ་མོ། །གངས་དཀར་རྡོ་རྗེ་དཔལ་གྱི་ཡུམ་མཆོག་དང་། །མཁའ་རེག་ཁྱུང་བཙུན་ལ་སོགས་བསྟན་སྐྱོང་ལ། །གསེར་སྐྱེམས༴ སྐུ་ཡི་མཆེད་ཟླ་ལྷ་བཙན་བདུད་ཀྱི་རིགས། །དགེ་བསྙེན་ཆེན་པོ་སུམ་བརྒྱ་དྲུག་བཅུ་དང་། །ཟ་བྱེད་མཆེ་བ་ཅན་དང་བཅས་རྣམས་ལ། །གསེར་སྐྱེམས༴ གཞན་ཡང་ལྷ་དང་གཤིན་རྗེ་བདུད་དང་བཙན། །ཀླུ་དབང་གནོད་སྦྱིན་ས་ཡ་ཕྲག་བདུན་དང་། །འབུམ་ཕྲག་སུམ་ཅུ་རྩ་བཞི་འཁོར་ཚོགས་ལ། །གསེར་སྐྱེམས་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འབུལ། །སྐྱེས་བུ་འཁོར་བཅས་བདུད་རྩི་གསེར་སྐྱེམས་ཀྱི། །མཆོད་སྤྲིན་རྒྱ་མཚོས་མཉེས་ཤིང་ཚིམ་གྱུར་ནས། །རྒྱལ་བསྟན་སྤྱིི་དང་སྒྲུབ་བརྒྱུད་སྙིང་པོ་ཡི། །བསྟན་པ་རིན་ཆེན་ཕྱོགས་ཀྱི་ཐ་གྲུ་ཀུན། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ཡུན་དུ་བསྲིང་། །དེ་ཡི་བཞེད་དོན་ཇི་བཞིན་འགྲུབ་པ་དང་། །རྒྱལ་ཁམས་ཀུན་ཀྱང་བདེ་སྐྱིད་རྫོགས་ལྡན་གྱི། །དཔལ་ལ་ལོངས་སུ་སྤྱོད་པའི་ཕྲིན་ལས་མཛོད། །ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་རྣམས། །མ་རུང་བདུད་དགྲའི་ཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་དཔལ་ལོངས་སྤྱོོད་མངའ་ཐང་སྙན་གྲགས་སྤེེལ། །ཕྲིན་ལས་རྒྱ་མཚོ་ཡིད་བཞིན་འབྱོར་པར་མཛོད། །གཞི་ལ་རྟག་ཏུ་སྲུང་སྐྱོབ་མ་ཡེལ་བར། །ལེགས་སྤེལ་ཉེས་བསྲུབ་འདོད་དགུའི་ཡིད་བཞིན་སྒྲུབ། །བྱེས་སུ་འཇིགས་དང་ལམ་དགྲ་ཀུན་ལས་སྐྱོབས། །གང་འདོད་དོན་གཉེར་ལྷུན་གྱིས་འགྲུབ་པར་མཛོད། །མདོར་ན་ཆོས་དང་སྲིད་ཀྱི་ཕུན་ཚོགས་དཔལ། །དབྱར་གྱི་མ་དྲོས་མཚོ་ལྟར་རབ་རྒྱས་ནས། །འཕྲལ་ཡུན་དགེ་མཚན་ཉི་འོད་སྟོང་འབར་བས། །ཕྱོགས་དུས་ཀུན་ཁྱབ་བཀྲ་ཤིས་དགེ་ལེགས་མཛོད། །ཅེས་པའང་དོན་གཉེར་ཅན་འགས་སྔ་མོ་ནས་བསྐུལ་བ་དང་། ཉེ་ཆར་གཞལ་ཡས་མཚམས་པ་བླ་མ་རིན་པོ་ཆེས་གསུངས་བསྐུལ་ངོར་ཤཱཀྱའི་དགེ་སློང་ཀརྨ་སྒྲུབ་བརྒྱུད་ཆོས་ཀྱི་སེངྒེས་བྲིས་པ་དགེ་ལེགས་འཕེལ། །མགོན་པོ་དང་ལྷ་མོ་དམ་ཅན་གསུམ་གྱི་ཀ་བསྟོད་ནི། ཧཱུྃ། ཀ་དག་འཛིན་པ་བྲལ་བའི་ཀློང་ཡངས་ནས། ཁ་དོག་རབ་བརྗིད་དབྱར་གྱི་ཆར་སྤྲིན་འདྲ། །གངས་རི་ལྟར་རྔམས་མཆེ་བ་ཟངས་ཡག་གཙིགས། །ངར་འཛིན་བསྟན་དགྲའི་དཔུང་ཚོགས་མ་ལུས་རོལ། །ཅ་རེ་གཟིགས་པའི་ཉི་ཟླའི་སྤྱན་མིག་གཡོ། །ཆ་ལུགས་གཅིག་ཏུ་མ་ངེས་སྣ་ཚོགས་སྟོན། །ཇ་ཆང་ཁྲག་གི་གཏམས་པའི་ཐོད་པ་འཛིན། །ཉམས་པ་རྩད་གཅོད་གྲི་གུག་མཁའ་ལ་གདེངས། །ཏ་ཐཱ་ག་ཏའི་བསྟན་པ་བསྲུང་སླད་དུ། །ཐ་ཚིག་གཉན་པོ་མ་གཡེལ་རྗེས་སུ་དགོངས། །དམ་ཚིག་ལྡན་པའི་རིག་འཛིན་བདག་ཅག་གིས། །ན་མར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །པ་སངས་ལྟར་དཀར་ཐོད་སྐམ་ལྔ་ཡིས་བརྒྱན། །ཕ་རོལ་ཕྱིན་དྲུག་རྫོགས་ཕྱིར་རུས་རྒྱན་སྤྲས། །བ་སྤུ་མཚོན་ཆ་ཁྲོ་ཆུང་སྐར་ལྟར་འཁྲུགས། །མ་ལུས་དབང་དུ་སྡུད་མཛད་ཁྱོད་ལ་འདུད། །ཙ་ར་མཁའ་ལྡིང་ཤེལ་ནག་སྤྱི་དཀར་དང་། །ཚ་བ་གསུམ་སོགས་སྦྱར་བའི་ལ་དུའི་རྫས། །ཛབ་བཟླས་བསྙེན་སྒྲུབ་ཏིང་འཛིན་མཆོད་བསྟོད་སོགས། །ཝལ་ལེར་དངོས་བཤམས་ཡིད་སྤྲུལ་མཆོད་རྫས་དང་། །ཞག་དང་ཁྲག་གི་མཆོད་ཡོན་མཚོ་ལྟར་བསྐྱིལ། །ཟ་བེར་གཡང་གཞི་རུ་མཚོན་སྤྲིན་ལྟར་གཏིབས། །འ་འུར་དུང་ཆེན་རྐང་གླིང་རོལ་མོའི་སྒྲ། །ཡ་མཚན་མཆོད་པའི་བྱེ་བྲག་དུ་མ་འབུལ། །རཱ་ཧུ་ལ་སོགས་འཁོར་ཚོགས་རྒྱ་མཚོས་བསྐོར། །ལས་ལ་ཐོགས་མེད་རྫུ་འཕྲུལ་ཤུགས་དང་ལྡན། །ཤ་ཟ་སྲིན་པོའི་ཚོགས་ཀྱང་འདར་བྱེད་པའི། །ས་བཅུའི་དཔའ་བོ་ཁྱོད་ལ་བདག་བསྟོད་དོ། །ཧ་ཧའི་གད་མོས་ས་གསུམ་གཡོ་བྱེད་ཅིང་། །ཨཱ་རལླི་ཞེས་བསྟན་དགྲའི་དཔུང་ཚོགས་རྣམས། །མ་ལུས་རོལ་མཛད་ནག་པོ་ཆེན་པོའི་སྐུ། །སངས་རྒྱས་བསྟན་པ་རྒྱས་པའི་ལས་མཛོད་ཅིག །ཅེས་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ཁམས་དྭང་བ་དང་བཅས་རྩེད་མོའི་ཞོར་དུ་རང་ལོ་བཅུ་གསུམ་པར་བྲིས་པའོ། །ཛཿབྷྱོཿ ཀ་ལ་དེ་ཝཱི་མཁའ་དབྱིངས་བདེ་ཀློང་ཡུམ། །ཁ་དོག་མཛེས་སྡུག་སྣ་ཚོགས་གར་མཁན་མ། །གང་ཞིག་སྒྲུབ་མཆོད་སྐྱོང་བའི་མ་གཅིག་གཉེན། །ང་བདག་དགྲ་བོ་འདུལ་ཕྱིར་འདིར་གཤེགས་ནས། །ཅང་ཤེས་དྲེལ་རྟ་མི་རོ་བརྗིད་པའི་ཁྲིར། །ཆགས་མེད་འགྲོ་དོན་མཛད་ཕྱིར་དགྱེས་བཞུགས་ནས། །ཇག་ཀུན་བསྟན་འགྲོར་འཚེ་བའི་ཀླ་ཀློ་སོགས། །ཉམས་པ་བདུན་ལྡན་སྙིང་ཁྲག་མཆོད་ཡོན་རོལ། །ཏ་ལེར་འཛུམ་པའི་ཞལ་བཟང་བདག་ལ་སྟོན། །ཐ་དད་མ་དམིགས་མཆོད་སྤྲིན་རྣམ་མང་ཡང་། །དད་མོས་གུས་པས་སྤྱན་གཟིགས་གཅལ་དུ་བཀྲམ། །ནད་མཚོན་མུ་གེའི་གཡུལ་ངོ་ཞི་བར་མཛོད། །པ་ར་མི་ཏ་བདེ་གཤེགས་དགྱེས་པའི་ཡུམ། །ཕ་རོལ་ཕྱིན་མ་ཉིད་ཀྱང་བསྟན་བསྲུང་ཕྱིར། །བ་མཆོག་བཞིན་དུ་འདོད་པའི་དཔལ་ཡོན་འཇོ། །མ་གཅིག་ལྷ་མོ་རྣམ་པར་འཕྲུལ་ལ་བསྟོད། །ཙཱ་རི་ཏྲ་སོགས་ཉེར་བཞི་སོ་གཉིས་ཀྱི། །ཚལ་དང་ཞིང་སྐྱོང་རྣམ་སྤྲུལ་བསམ་མི་ཁྱབ། །ཛ་ལང་དགྲ་བོའི་རོ་ཟན་ཤཱནྟི་མ། །ཝ་སྤྱང་དྲེད་སོགས་ཆོ་འཕྲུལ་དུ་མའི་ཚོགས། །ཞང་ཞུང་བོན་གྱི་སྲིད་པའི་རྒྱལ་མོར་འབོད། །ཟབ་མོ་སྔགས་ཀྱི་བསྟན་སྲུང་རལ་གཅིག་མ། །འ་ཅག་སྒྲུབ་བརྒྱུད་སྐྱོང་བའི་རེ་མ་ཏི། །ཡ་མཚན་དུད་པའི་སོལ་བ་མར་ཡང་གྲགས། །རང་བཞིན་རྟག་པའི་རྒྱལ་མོ་མུ་ཁ་ལེ། །ལམ་མཆོག་སྒྲུབ་པའི་གྲོགས་གཅིག་གཡུ་ཡི་སྒྲོན། །ཤ་ཟ་མཁའ་འགྲོ་ཀུན་གཙོ་ཚེ་རིང་མ། །ས་གསུམ་དབང་བའི་མཁའ་འགྲོ་ཁྱོད་འབོད་ན། །ཧ་ཅང་ཞི་བས་མི་ཐུལ་ལུས་མེད་དཔུང་། །ཧ་ལའི་ཡིད་ཅན་བསྟན་དགྲ་སྡེར་བཅས་པ། །ཨ་ལ་ལ་ཞེས་བཞད་པའི་གད་རྒྱང་གིས། །ཨ་དོན་སྐྱེ་མེད་ཀློང་དུ་སྐད་ཅིག་སྒྲོལ། །རྟག་ཏུ་ཁྱོད་མཆོད་ཁྱོད་བསྟེན་ཁྱོད་འབོད་ན། །དམ་ཚིག་གཉན་དགོངས་སྙིང་པོའི་བསྟན་པ་སྐྱོང་། །འཇིག་རྟེན་བདེ་ཞིང་སྲིད་ཞིའི་དཔལ་འབྱོར་རྒྱས། །སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཅེས་མཆོད་བསྟོད་ཕྲིན་ལས་བཅོལ་ལོ། །དམ་ཅན་རྡོ་རྗེ་ལེགས་པར་བསྟོད་ཅིང་ཕྲིན་ལས་བསྐུལ་བ་ནི། ཏྲི་བྷྱོཿ ཀང་ཀ་དུར་བྱ་འཁྲིགས་པའི་ཚལ། །ཁང་བརྩེགས་ཕ་ཝང་ལོང་བུའི་མཁར། །ག་ན་པ་ཏི་རྒྱུ་བའི་གནས། །ང་རྒྱལ་དྲེགས་པའི་ཚོགས་དབུས་ནས། །ཅ་ཅོ་འབོད་པའི་གདུང་དབྱངས་དང་། །ཆ་ལང་རོལ་མོས་སྤྱན་འདྲེན་ན། །ཇ་ཆང་ཕུད་ལ་དགྱེས་རོལ་ཕྱིར། །ཉམས་པའི་གཤེད་མ་རྡོ་རྗེ་ལེགས། །ཏ་ལའི་འདབ་བཞིན་ཡངས་པའི་འཕྲུལ། །ཐབས་ཤེས་མཆེད་འཁོར་གྲངས་མེད་བཅས། །དམ་ཚིག་གནས་འདིར་གཤེགས་ནས་ཀྱང་། །ན་ཐའི་གཡར་དམ་རྗེས་དགོངས་ལ། །པགས་རིགས་དར་ཟབ་ཁྲི་འབོལ་རྩེགས། །ཕས་རྒོལ་སྙིང་ཁྲག་མཆོད་ཡོན་བསྒྲེང་། །བ་ར་གླང་རྟ་ཤ་སྣའི་ཟས། །མ་ལུས་མཆོད་པའི་རྫས་སུ་སྦྱར། །ཙ་རུའི་བཟའ་བཅའ་ར་སྐྱེས་ཁྱུ། །ཚ་གདུང་འཇིགས་སྐྱོབས་གོ་མཚོན་རིགས། །ཛ་གད་ཇ་རྒོད་འབྲུ་སྣའི་ཕུད། །ཝ་སྐྱེས་ཀླད་འགེམས་སེང་གེ་སོགས། །ཞྭ་ཐེབ་འོབ་ཞུ་བེར་ལྷབ་ལྷུབ། །ཟ་འོག་མནྜའི་རིན་ཆེན་རིགས། །འ་ཞའི་ཡུལ་གྱི་ཉེར་སྤྱད་སོགས། །ཡངས་པའི་ཁྱོན་ཀུན་བཀང་སྟེ་འབུལ། །ར་སྐྱེས་གདོང་ལྔ་དབང་པོའི་ཁྲི། །ལས་བྱེད་མགར་བ་དམར་ནག་མཚན། །ཤ་ལང་ཐོ་བ་རླུང་གཏེར་བསྣམས། །ས་ལ་གནས་ཁྱོད་བསྟོད་པར་བགྱི། །ཧ་ཧ་རྒོད་སོགས་དྲག་པོའི་གནས། །གང་དུ་བཞུགས་ཀྱང་ཁྱོད་འབོད་ན། །ཨ་ཏིའི་བསྟན་ལ་སྡང་བའི་དགྲ། །སྐད་ཅིག་བརླག་པའི་ཕྲིན་ལས་མཛོད། །དེ་ལྟར་རྒྱལ་བས་བཀའ་གནང་ནས། །གང་གི་བཀའ་འབངས་དྷརྨེ ནྡྲས། །ཆོས་སྐྱོང་ཟུང་ལ་ཕྲིན་བཅོལ་དུ། །ཀཱ་ལིའི་ཕྲེང་བར་སྤེལ་ཏེ་བྲིས། །དེ་ཡིས་རྒྱལ་དབང་ཀརྨ་པའི། །སྐུ་ཚེ་མཛད་ཕྲིན་ཕྱོགས་མཐར་ཁྱབ། །བསྟན་ལ་འཚེ་བའི་དགྲ་སྡེའི་དཔུང་། །རྨེག་མེད་ཞི་བའི་རྒྱུར་གྱུར་ཅིག །སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོངས་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོའི་དགའ་བ་དང་། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་པས་རོ་འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང་། །ཟག་མེད་བདེ་བས་ནམ་ཡང་ངོམ་པར་མཛོད། །ཁྱོད་གསོལ་ཁྱོད་མཆོད་ཁྱོད་བསྟེན་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་བ་བསྐྱོབ། །མདོར་ན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྗོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །མཐུན་རྐྱེན་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོཿ གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འདོད་པའི་དངོས་གྲུབ་མ་ལུས་སྩོལ་མཛད་པའི། །ཆོས་སྲུང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །བདག་སོགས་བསམ་དོན་འགྲུབ་པའི་གྲོགས་མཛོད་ཅིག །བླ་མ་དམ་པས་བྱིན་གྱིས་རློབས་པ་དང་། །ཡི་དམ་ལྷ་ཡིས་དངོས་གྲུབ་སྩོལ་མཛད་ཅིང་། །ཆོས་སྐྱོང་སྲུང་མས་བར་ཆད་ཞི་བ་དང་། །བསྟན་པ་དར་ཞིང་བཀྲ་ཤིས་ཆོས་འཕེལ་ཤོག །ཨི་ཤྭ་པུཎྱེ་པས་བྲིས་པ་མངྒ་ལཾ། །ཧཱུྃ། རྡོ་རྗེ་འཆང་དངོས་འགྲོ་མགོན་བླ་མ་ཡི། །ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལའི་ཞབས། །ཡུལ་ཆེན་ལས་མཁན་སྡེ་བརྒྱད་བཅས་པ་ལ། །ཀུན་བཟང་མཆོད་སྤྲིན་སྤུངས་པའི་ཞལ་ཟས་དང་། །སྒོ་གསུམ་ལོངས་སྤྱོད་བཅས་པ་ཕུད་ཀྱིས་མཆོད། །ཕྱི་ཡི་མཆོད་པ་ངོ་མཚར་སྣང་བ་དང་། །ནང་གི་མཆོད་པ་ཤ་ཁྲག་ཨམྲྀཏ། །གསང་བའི་མཆོད་པ་བདེ་སྟོང་ཙཀྲ་དང་། །དེ་ཁོ་ནའི་ཐུགས་དམ་གཅིག་བསྡོམ་པའི། །རང་རིག་ཡེ་ཤེས་དག་པའི་མཆོད་གཏོར་འདི། །དགྱེས་པ་ཆེན་པོར་བཞེས་ལ་བྱིན་གྱིས་རློབས། །དབང་བཞི་རྫོགས་ནས་ཕྲིན་ལས་རྣམ་བཞི་སྒྲུབས། །མཁའ་མཉམ་སེམས་ཅན་བདེ་ལ་འགོད་ནུས་པའི། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་སྩོལ། །སྟན་ཐོག་འདིལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་འགྲོ་མགོན་རས་ཆེན་པས་སྦྱར་བའོ། །ༀ་བེ་ཏ་ལི་བེ་ཏ་ལི་ཚེ་ཚེ་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། །བོང་བུ་གྭ་པ་ལ་ཆིབས་པ་སྤྱན་དྲངས་ཤིང་གཏོར་མ་གསོལབར་གྱུར། ༀ་ཧཱུྃ་ཤྲཱི་ཡ། དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཨི་དཾ་བ་ལིང་ཏ་ཁ་ཁཱ་ཧི་ཁཱ་ཧི། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀཱི་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་བསྒུབ་པར་མཛོད། །བདག་གིས་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཁྱོད་ཀྱིས་གྲོགས་མཛོད་ཅིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མར་པའི་སྙན་བརྒྱུད་ཤོག་དྲིལ་ལོ། །

བསྟན་སྲུང་མཐར་ཐུག

ཧཱུྃ། བསྟན་སྲུང་མཐར་ཐུག་རྡོ་རྗེ་བེར་ཅན་དང་། །ཡུམ་ཆེན་དཔལ་ལྡན་ལྷ་མོ་རང་བྱུང་མ། །སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་དང་། །ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུ་སོགས། །ཕོ་ཉ་ལས་མཁན་བསམ་ཡས་གྲངས་འདས་ལ། །མཉེས་རྫས་དྲག་པོའི་གཏའ་གཏོར་ཆེན་པོ་དང་། །སྨན་དང་རཀྟ་གསེར་དངུལ་དར་ཟབ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་རྫས་འབུལ། །དགྱེས་པར་བཞེས་ལ་ཅི་བསམ་ཕྲིན་ལས་སྒྲུབ། །རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་གསུང་ངོ་། ༈ །དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ཆེ། །ཡབ་ཡུམ་སྲས་འཁོར་དྲེགས་བྱེད་ལས་མཁན་དང་། །ཡང་འཁོར་ཕོ་ཉའི་ཚོགས་རྣམས་མ་ལུས་ཀུན། །རྣལ་འབྱོར་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ནི་དྲི་མེད་རྒྱལ་བའི་བསྟན་པ་ལ། །མཆོག་ཏུ་འཛིན་ཅིང་རྒྱ་ཆེར་སྤེལ་ལ་བརྩོན། །རྡོ་རྗེའི་དམ་ཅན་ཁྱེད་རྣམས་མཐའ་ཚིག་ཀྱང་། །ཐུབ་བསྟན་རིན་ཆེན་སྲུང་ལས་གཞན་མེད་ཕྱིར། །བསྟན་པའི་བྱ་བ་རླབས་ཆེན་གང་དང་གང་། །སྒྲུབ་ལ་ཉེར་འཚེ་མ་ལུས་ཞི་བ་དང་། །བྱང་ཆུབ་སྒྲུབ་པའི་སྡོང་གྲོགས་མ་གཡེལ་ཅིག །ཁྱེད་རྣམས་ཡེ་ཤེས་སྤྱན་ལྡན་མངོན་ཤེས་མངའ། །དེས་ན་བདག་གི་འདོད་པའི་དོན་འདི་དག །མྱུར་བ་ཉིད་དུ་ཇི་བཞིན་འགྲུབ་པ་དང་། །འགལ་རྐྱེན་བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །ཆོས་སྐྱོང་ཁྱོད་དང་བདག་ཅག་དམ་ཚིག་གཅིག །ཚེ་རབས་སྔོན་ནས་ད་བར་སྒྲུབ་ཅིང་བསྟེན། །དེ་ཕྱིར་མས་གདུང་བུ་ལ་བརྩེ་བ་ལྟར། །སྒྲུབ་པ་པོ་ཡི་རེ་འདོད་སྐོང་བར་མཛོད། །འདི་གཏན་འདུན་མ་ཐམས་ཅད་ཁྱོད་ལ་བཅོལ། །དཔུང་གྲོགས་རྒྱབ་བརྟེན་རྒྱལ་མཚན་བཞིན་ཕྱར་ཞིང་། །འབྱོར་བའི་སྟོབས་བསྐྱེད་ཁྱོད་གསོལ་ཁྱོད་རྦད་ན། །བཏང་སྙོམས་ཡལ་བར་འདོར་དུ་རུང་ངམ་ཅི། །ཁྱད་པར་མི་མཆོག་དུས་གསུམ་མཁྱེན་པ་དང་། །གྲུབ་ཆེན་པཀྴི་འགྲོ་མགོན་རས་ཆེན་སོགས། །བསྟན་འཛིན་སྐྱེས་བུ་རིམ་པར་བྱོན་རྣམས་ཀྱིས། །བཀའ་བསྒོས་དམ་ཚིག་གཉེན་པོ་དེང་དགོངས་ལ། །ལས་བཞིའི་ཕྲིན་ལས་ཐོགས་པ་མེད་པར་བསྒྲུབ། །མཐའ་བཞིའི་སྐྱེ་བོའི་བློ་ཁ་ཆོས་སུ་བསྒྱུར། །བསྟན་པའི་སྙིང་པོ་འདི་ཡི་གདུལ་བྱར་མཛོད། །བསྟན་དང་བདག་ལ་ཐབས་ཀྱིས་འཚེ་བྱེད་ཅིང་། །རྣམ་དཀར་དགེ་བའི་འཁོར་ལོའི་རྒྱུན་གཅོད་པའི། །ལོག་པར་སེམས་པའི་དགྲ་བོ་སྡེ་རིས་བཅས། །མིང་ཙམ་མེད་པར་བརླག་པར་མཛད་དུ་གསོལ། །མདོར་ན་དཔལ་ལྡན་ཡེ་ཤེས་མགོན་པོ་དང་། །སྐྱེ་དང་ཚེ་རབས་ཀུན་ཏུ་འབྲལ་མེད་ཅིང་། །ས་བཅུ་ལམ་ལྔ་འཕགས་པའི་ཡོན་ཏན་རྫོགས། །སྟོང་ཉིད་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདིའང་བསྟན་ལ་སྨན་རེའི་ལྷག་བསམ་གྱིས་རང་གི་གསོལ་བསྐང་འདོད་གསོལ་ཕྲིན་བཅོལ་གྱི་ཚུལ་དུ་ཟླ་མིང་པས་ས་ཟླའི་ཚེས་ལ་བྲིས་པ་དགེ། །།

གསོལ་བསྐང་འདོད་གསོལ།

དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ཆེ། །ཡབ་ཡུམ་སྲས་འཁོར་དྲེགས་བྱེད་ལས་མཁན་དང་། །ཡང་འཁོར་ཕོ་ཉའི་ཚོགས་རྣམས་མ་ལུས་ཀུན། །རྣལ་འབྱོར་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ནི་དྲི་མེད་རྒྱལ་བའི་བསྟན་པ་ལ། །མཆོག་ཏུ་འཛིན་ཅིང་རྒྱ་ཆེར་སྤེལ་ལ་བརྩོན། །རྡོ་རྗེའི་དམ་ཅན་ཁྱེད་རྣམས་མཐའ་ཚིག་ཀྱང་། །ཐུབ་བསྟན་རིན་ཆེན་སྲུང་ལས་གཞན་མེད་ཕྱིར། །བསྟན་པའི་བྱ་བ་རླབས་ཆེན་གང་དང་གང་། །སྒྲུབ་ལ་ཉེར་འཚེ་མ་ལུས་ཞི་བ་དང་། །བྱང་ཆུབ་སྒྲུབ་པའི་སྡོང་གྲོགས་མ་གཡེལ་ཅིག །ཁྱེད་རྣམས་ཡེ་ཤེས་སྤྱན་ལྡན་མངོན་ཤེས་མངའ། །དེས་ན་བདག་གི་འདོད་པའི་དོན་འདི་དག །མྱུར་བ་ཉིད་དུ་ཇི་བཞིན་འགྲུབ་པ་དང་། །འགལ་རྐྱེན་བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །ཆོས་སྐྱོང་ཁྱོད་དང་བདག་ཅག་དམ་ཚིག་གཅིག །ཚེ་རབས་སྔོན་ནས་ད་བར་སྒྲུབ་ཅིང་བསྟེན། །དེ་ཕྱིར་མས་གདུང་བུ་ལ་བརྩེ་བ་ལྟར། །སྒྲུབ་པ་པོ་ཡི་རེ་འདོད་སྐོང་བར་མཛོད། །འདི་གཏན་འདུན་མ་ཐམས་ཅད་ཁྱོད་ལ་བཅོལ། །དཔུང་གྲོགས་རྒྱབ་བརྟེན་རྒྱལ་མཚན་བཞིན་ཕྱར་ཞིང་། །འབྱོར་བའི་སྟོབས་བསྐྱེད་ཁྱོད་གསོལ་ཁྱོད་རྦད་ན། །བཏང་སྙོམས་ཡལ་བར་འདོར་དུ་རུང་ངམ་ཅི། །ཁྱད་པར་མི་མཆོག་དུས་གསུམ་མཁྱེན་པ་དང་། །གྲུབ་ཆེན་པཀྴི་འགྲོ་མགོན་རས་ཆེན་སོགས། །བསྟན་འཛིན་སྐྱེས་བུ་རིམ་པར་བྱོན་རྣམས་ཀྱིས། །བཀའ་བསྒོས་དམ་ཚིག་གཉེན་པོ་དེང་དགོངས་ལ། །ལས་བཞིའི་ཕྲིན་ལས་ཐོགས་པ་མེད་པར་བསྒྲུབ། །མཐའ་བཞིའི་སྐྱེ་བོའི་བློ་ཁ་ཆོས་སུ་བསྒྱུར། །བསྟན་པའི་སྙིང་པོ་འདི་ཡི་གདུལ་བྱར་མཛོད། །བསྟན་དང་བདག་ལ་ཐབས་ཀྱིས་འཚེ་བྱེད་ཅིང་། །རྣམ་དཀར་དགེ་བའི་འཁོར་ལོའི་རྒྱུན་གཅོད་པའི། །ལོག་པར་སེམས་པའི་དགྲ་བོ་སྡེ་རིས་བཅས། །མིང་ཙམ་མེད་པར་བརླག་པར་མཛད་དུ་གསོལ། །མདོར་ན་དཔལ་ལྡན་ཡེ་ཤེས་མགོན་པོ་དང་། །སྐྱེ་དང་ཚེ་རབས་ཀུན་ཏུ་འབྲལ་མེད་ཅིང་། །ས་བཅུ་ལམ་ལྔ་འཕགས་པའི་ཡོན་ཏན་རྫོགས། །སྟོང་ཉིད་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདིའང་བསྟན་ལ་སྨན་རེའི་ལྷག་བསམ་གྱིས་རང་གི་གསོལ་བསྐང་འདོད་གསོལ་ཕྲིན་བཅོལ་གྱི་ཚུལ་དུ་ཟླ་མིང་པས་ས་ཟླའི་ཚེས་ལ་བྲིས་པ་དགེ། །།

གསེར་སྐྱེམས་འཕྲིན་བསྐུལ།

དཔལ་མགོན་པོ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་དགྱེས་པ་སྐྱེད་པའི་གསེར་སྐྱེམས་དང་འཕྲིན་ལས་ཀྱི་སྐུལ་མ་བདུད་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ་བཞུགས་སོ། །

དཔལ་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་རིགས་ཀྱི་བདག་པོ་བླ་མ་ཀརྨ་པ་མགོན་པོ་ནག་པོ་ཆེན་པོ་དབྱེར་མེད་པའི་ཞབས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་གང་ཞིག་གསེར་སྐྱེམས་མཆོད་ནས་དྲག་པོའི་ལས་སྒྲུབ་པར་འདོད་པས་རིན་པོ་ཆེའི་སྣོད་དུ་བཏུང་བའི་རིགས་གང་འབྱོར་དང་འབྲུ་སྨན་རིན་པོ་ཆེ་དུ་མས་གཏམས་པ་ལ། ༀ་དཾ་སོགས་ཀྱིས་བསངས་ཞིང་། སྭ་བྷཱ་ཝས་སྦྱངས་ནས། སྟོང་ལས་རིན་ཆེན་སྣ་བདུན་གྱི། །རང་བཞིན་བྷནྡྷའི་སྣོད་མཆོག་ཏུ། །བདུད་རྩི་ཛ་གད་རཀྟའི་མཚོ། །འདོད་ཡོན་རྣམ་པ་བྱེ་བའི་དངོས། །ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་པོ། །སྲིད་པ་ཞི་བའི་ཁམས་ཇི་སྲིད། །དཔག་ཏུ་མེད་པ་འཆར་བར་གྱུར། །ཞེས་ཏིང་ངེ་འཛིན་དང་བཅས་པས་བྱིན་བརླབས་ནས། བདུད་རྩིའི་རྒྱུན་གཟེད་ཞལ་དུ་སྦྲེང་ལ་རོལ་མོ་སྣ་ཚོགས་པའི་སྒྲ་དང་ཡི་དམ་ལྷ་ཡི་ང་རྒྱལ་དང་ལྡན་པས་འདི་སྐད་དུ་བརྗོད་དོ། །ཧཱུྃ། ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཕོ་བྲང་ནས། །རིགས་ཀུན་ཁྱབ་བདག་དཔལ་ལྡན་ཀརྨ་པ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས་བཅས་ལ། །བདེ་ཆེན་ཡེ་ཤེས་བདུད་རྩིའི་མཆོད་སྤྲིན་འབུལ། །འཇིག་རྟེན་དབང་ཕྱུག་དཔལ་ལྡན་དྲྭ་བ་སྡོམ། །དུས་ཀྱི་འཁོར་ལོ་རྡོ་རྗེ་རྣལ་འབྱོར་མ། །རིགས་ལྔ་དཔའ་བོ་མཁའ་འགྲོ་ཐམས་ཅད་ལ། །འདོད་ཡོན་རྣམ་དག་བདུད་རྩིའི་མཆོད་སྤྲིན་འབུལ། །ཆོས་དབྱིངས་འབར་བ་ཆེན་པོའི་ཀློང་ཡངས་ནས། །མངོན་སྤྱོད་དྲག་པོའི་ལས་ཀྱི་འཁོར་ལོའི་མགོན། །མ་ཧཱ་ཀ་ལ་རྡོ་རྗེ་བེར་ཅན་ལ། །ཛ་གད་རཀྟའི་མཆོད་སྤྲིན་རྒྱ་མཚོ་འབུལ། །ཆོས་ཀུན་ཡུམ་མཆོག་སྣང་སྲིད་མ་མོའི་གཙོ། །རྒྱལ་བའི་བསྟན་སྲུང་དགྲ་བགེགས་སྒྲོལ་བའི་གཤེད། །རང་བྱུང་ཁྲག་འཐུང་རྒྱལ་མོ་བཻ་ཏ་ལིར། །ཛ་གད༴ ལྕམ་དྲལ་བདེ་ཀློང་གཉིས་མེད་རོལ་པའི་གཟུགས། ཁམས་གསུམ་ཟ་བྱེད་དབུགས་ལེན་ཤན་པའི་རྒྱལ། །ནག་པོ་ཡབ་ཡུམ་བཅུ་དྲུག་འཁོར་བཅས་ལ། །ཛ་གད༴ རྫུ་འཕྲུལ་ཐོགས་མེད་འཕྲིན་ལས་ཀུན་གྱི་བདག །སྟོང་གསུམ་འཇིག་རྟེན་ཀུན་ཏུ་དབང་བའི་ལྷ། །ཕྱོགས་བཅུ་མགོན་པོའི་དམག་ཚོགས་ཐམས་ཅད་ལ། །ཛ་གད༴ གཏུམ་རྔམས་དྲག་པོའི་ཆོ་འཕྲུལ་མི་ཟད་པས། །ཉམས་པའི་དགྲ་དཔུང་འཇིགས་བྱེད་ཁྲོ་བོའི་རྒྱལ། །དྲེགས་པ་དོན་གཉིས་སྤྲུལ་པ་ཡང་སྤྲུལ་ལ། །ཛ་གད༴ མི་བསྲུན་དྲག་པོར་ཁྲོས་པ་བསྐལ་པའི་མེ། །འབར་བའི་གཟུགས་ཅན་དུས་མཐའི་རླུང་གི་ཤུགས། །མྱུར་མགྱོགས་རྩལ་ལྡན་དྲེགས་པ་སྐྱ་གསུམ་ལ། །ཛ་གད༴ འགུགས་བྱེད་གཏུམ་པའི་ལས་མཛད་མ་མོ་བདུན། །མཁའ་ལ་ཁྱུང་ལྡིང་མ་སོགས་སྲིང་མོ་བཞི། །ཕྱི་ནང་འབར་མ་ཕོ་ཉའི་ཚོགས་བཅས་ལ། །ཛ་གད༴ སྲིད་པ་དུས་བཞིའི་ལྷ་མོ་དམག་རྒྱལ་བཞི། །འབྱུང་པོའི་བཀའ་ཟློག་དབང་ཕྱུག་ཉི་ཤུ་བརྒྱད། །བརྟན་མ་བཅུ་གཉིས་སྡེ་བརྒྱད་དཔུང་བཅས་ལ། །ཛ་གད༴ རྒྱལ་ཆེན་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་དང་། །སྲིན་མགོན་ཞིང་སྐྱོང་ཆེན་པོ་ཡབ་ཡུམ་ལ། །ཛ་གད༴ མཁར་ནག་ལྡེང་ཅན་དབང་པོ་གཡུ་ཡི་སྒྲོན། །ཚེ་རིང་མཆེད་ལྔ་འགོ་བའི་ལྷ་བཙན་གཉན། །མཛོད་ལྔ་གནས་ཡུལ་བདག་པོ་འཁོར་བཅས་ལ། །ཛ་གད་རཀྟའི་མཆོད་སྤྲིན་རྒྱ་མཚོ་འབུལ། །དེ་ནས་སྐབས་སུ་བབ་པའི་ཕྲིན་ལས་བཅོལ་བ་ནི། དཔལ་ལྡན་མགོན་པོ་ནག་པོ་ལྕམ་དྲལ་དང་། །བཀའ་འཁོར་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །ལྷ་སྔགས་ཏིང་འཛིན་མཆོད་པའི་སྤྲིན་ཆེན་པོ། །བདེ་ཆེན་རོལ་པས་ཐུགས་རྒྱུད་གང་གྱུར་ནས། །མ་གཡེལ་དམ་ཚིག་གཉེན་པོ་རྗེས་དགོངས་ལ། །ཁྱབ་བདག་རྡོ་རྗེ་འཆང་ཆེན་ཀརྨ་པའི། །ཕྲིན་ལས་མཆོག་གསུམ་རིན་ཆེན་འབྱུང་བའི་གནས། །གྲངས་མེད་གདུལ་བྱའི་ཞིང་དུ་སྣང་བར་མཛོད། །ཅེས་དང་། གང་ཞིག་རྒྱལ་བའི་བསྟན་པ་ལ་འཚེ་ཞིང་། །ལས་ཀྱི་སྨོན་ལམ་ལོག་སྒྲུབ་གཟུགས་ཅན་དགྲ། །དམ་སྲི་རྒྱལ་འགོང་རྒྱབ་རྟེན་དཔུང་བཅས་ལ། །ཐུགས་རྗེ་མི་ཟད་ཁྲོས་པའི་ཤུགས་ཕྱུང་ནས། །ཕྱག་བརྙན་ལྟས་ངན་སྣ་ཚོགས་ཆར་དུ་ཕོབ། །མེ་རླུང་འཇིག་པའི་ཆོ་འཕྲུལ་དུ་མ་ཐོངས། །བདེན་ཚིག་སྨོད་པ་དྲག་སྔགས་མཐུན་ཟོར་རྒྱོབ། །ལས་མཁན་དྲེགས་པ་ཕོ་མོས་དམག་སྣ་དྲོངས། །ཟངས་གྲི་རྩེ་གསུམ་འབར་བས་སྲོག་རྩ་ཆོད། །དབང་པོ་ལྔ་དང་སྙིང་ཁྲག་ཞལ་དུ་གསོལ། །དབུགས་བྲལ་བམ་རོའི་ཕུང་པོ་གདན་དུ་ཐིང་། །རྣམ་ཤེས་རྣམ་དག་ཆོས་ཀྱི་དབྱིངས་སུ་སྤོར། །དགྲ་བོའི་ཡུལ་ཁམས་ཐམས་ཅད་རྡུལ་དུ་རློགས། །རྗེས་ཤུལ་ཙམ་ཡང་མེད་པའི་ལས་མཛོད་ཅིག །ངེས་དོན་རིང་ལུགས་ཀརྨའི་བཀའ་བརྒྱུད་ཆེའི། །མི་ནུབ་ཆོས་ཀྱི་རྒྱལ་མཚན་སྲིད་རྩེར་འ ཕྱོར། །འགྲོ་ཁམས་རྡོ་རྗེའི་ས་ལ་དབུགས་ཕྱུང་ནས། །སྐུ་ལྔའི་བདེ་བ་མཆོག་ལ་འཁོད་པར་མཛོད། །ཅེས་བརྗོད་དེ་མེ་ཏོག་སྣ་ཚོགས་པ་ཐོར་རོ། །ཡང་རྒྱུན་དུ་བྱེད་པའམ། དུས་བཟང་རྣམས་སུ་ཞི་རྒྱས་ཀྱི་ལས་གཙོ་བོར་སྟོན་པར་མོས་པས་ཕྲིན་བཅོལ་གྱི་ཚིག །གྲངས་མེད་གདུལ་བྱའི་ཞིང་དུ་སྣང་བར་མཛོད། །ཅེས་པའི་མཚམས་ནས་འདི་ལྟར་སྦྱར་རོ། །མ་རུང་ལྷ་མིན་ཁྲོས་པའི་གཡུལ་ངོ་དང་། །ལུས་མེད་དགྲ་དང་རྒྱལ་བསེན་འབྱུང་པོའི་འཁྲུལ། །ཉོན་མོངས་ལས་རླུང་འཁྲུགས་པའི་རྒུད་པ་རྣམས། །ཞི་བའི་ཕྲིན་ལས་འགྲུབ་པར་མཛད་དུ་གསོལ། །ཙིཏྟ་ཆོས་ཀྱི་འཁོར་ལོའི་ཕོ་བྲང་ནས། །ལྷན་སྐྱེས་གཉུག་མའི་ཡེ་ཤེས་ཡོངས་ཤར་བས། །སྒྲུབ་བསྟན་ཉིན་མོར་བྱེད་པའི་གྲུབ་པ་རྣམས། །འཛིན་མའི་གནས་ཡུལ་ཀུན་ཏུ་གང་བར་མཛོད། །བསྟན་འདིར་རབ་བཞུགས་ཡང་དག་གསལ་བའི་བློས། །འཆད་རྩོད་རྩོམ་པ་བཟང་པོའི་ཕྲིན་ལས་ཆེས། །སྡེ་སྣོད་གསུམ་དང་གསང་སྔགས་རྒྱུད་བཞིའི་ཚུལ། །རྒྱས་མཛད་འདུས་པའི་སྡེ་རྣམས་འཕེལ་བར་མཛོད། །ལྷ་མི་གདེངས་ཅན་སྒོ་གསུམ་ལོངས་སྤྱོད་བཅས། །དབང་སྡུས་གདུག་པའི་དགྲ་བགེགས་ཐལ་བར་རློགས། །སྲིད་པ་ཀུན་ཏུ་སྙན་པའི་བ་དན་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་ཚོན་འཕྱོར། །འདོད་འབྱུང་ཡིད་བཞིན་ནོར་དང་བུམ་པ་བཟང་། །དཔག་བསམ་ཤིང་ཆེན་རྒྱས་པ་ཇི་བཞིན་དུ། །ཆོས་མཐུན་བསམ་པ་མཐའ་དག་ལྷུན་འགྲུབ་ནས། །བཀྲ་ཤིས་བྱེ་བའི་དཔལ་དང་ལྡན་པར་མཛོད། །ཅེས་བརྗོད་པར་བྱའོ། །ཞེས་དཔལ་མགོན་པོ་འཁོར་དང་བཅས་པ་ལ་མཉེས་བྱེད་གསེར་སྐྱེམས་དྲག་པོའི་ཕྲིན་ལས་དང་འབྲེལ་བ་འདི་ནི། དྲུག་པ་སེང་གེ་དཔལ་ཀརྨ་པའི་བསྟན་པ་ལ་རབ་ཏུ་དཀར་བའི་མཛད་ཕྲིན་གྱི་འོད་རླབས་མཆོག་ཏུ་གཡོ་བ། དིལ་ཡག་སྒྲུབ་དཔོན་མཆོག་སྤྲུལ་ཀརྨ་གཞན་ཕན་བློ་གྲོས་ནས། ༧རྒྱལ་དབང་བཅུ་བདུན་པ་ཆེན་པོའི་སྐུ་ཡི་འགལ་རྐྱེན་ཞི་ཕྱིར་གསུང་བསྐུལ་སྔ་ཕྱིར་མཛད་པ་ལྟར་རང་ཉིད་ནས་འབྲས་ལྗོངས་དཔལ་ཀརྨའི་སྒར་ཆེན་དུ་མ་མགོན་མགར་གསུམ་གྱི་འཆམ་སྐུ་ཆེན་མོ་གསར་བཞེངས་གྲུབ་པའི་དུས་བཟང་ཉིན་གཽ་ཤྲཱི་རྒྱལ་ཚབ་བཅུ་གཉིས་པས་བྲིས་པ་དགེ་བས་དཔལ་ཀརྨ་པའི་ཕྲིན་ལས་འཛམ་གླིང་མཐའ་གྲུ་ཀུན་ཏུ་སྣང་བའི་རྒྱུར་གྱུར་ཅིག །བྷི་ཛ་ཡནྟུ།

གསེར་སྐྱེམས་འདོད་དོན་མྱུར་འགྲུབ།

ༀ་དཾ་སོགས་ཀྱིས་བསངས་ཞིང་། སྭ་བྷཱ་ཝས་སྦྱངས་ནས། སྟོང་ལས་རིན་ཆེན་འབར་བའི་སྣོད། །རབས་འབྱམས་འཇིག་རྟེན་ཁྱོན་མཉམ་པར། །ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེ། །འདོད་ཡོན་ནམ་མཁའི་མཛོད་ཀྱི་སྤྲིན། །སྲིད་པ་ཞི་བའི་ཁམས་ཇི་སྲིད། །དཔག་ཏུ་མེད་པ་འབྱུང་བའི་དངོས། །རྩ་གསུམ་ཌཱ་ཀི་སྲུང་མར་བཅས། །དགྱེས་བསྐྱེད་མཆོག་གི་རང་བཞིན་གྱུར། །ཞེས་བྱིན་བརླབས་པས་མཁའ་ཁྱབ་ཏུ་སྤེལ་ནས་དབྱངས་དང་བཅས་ཏེ། ཧཱུྃ། ཆོས་དབྱིངས་རྣམ་པར་རྒྱལ་བའི་ཕོ་བྲང་ནས། །སྣང་སྲིད་ཟིལ་གནོན་དཔལ་ལྡན་ཀརྨ་པ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་འཁོར་བཅས་ལ། །བདུད་རྩི་ནམ་མཁའི་ཀློང་ཡངས་གང་བས་མཆོད་། །བཅོམ་ལྡན་འཁོར་ལོ་སྡོམ་མཛད་རྣལ་འབྱོར་མ། །དགྱེས་པ་རྡོ་རྗེ་སྒྱུ་འཕྲུལ་ཡབ་ཡུམ་དང་། །དུས་ཀྱི་འཁོར་ལོ་འཇིག་རྟེན་དབང་ཕྱུག་ལ། །བདུད་རྩི་ནམ་མཁའི་ཀློང་ཡངས་གང་བས་མཆོད། །གདོད་ནས་རྔམ་པ་དྲག་པོའི་དཀྱིལ་འཁོར་ནས། །ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱི་འཁོར་ལོ་བསྒྱུར། །དཔལ་ཆེན་རྡོ་རྗེ་མ་ཧཱ་ཀ་ལ་ཆེར། །བདུད་རྩི་ནམ་མཁའི་ཀློང་ཡངས་གང་བས་མཆོད། །བདེ་གཤེགས་དགྱེས་མཛད་ཤེས་རབ་ཕར་ཕྱིན་ཡུམ། །ཁྲོ་མོའི་གཟུགས་ཅན་སྲིད་པ་གསུམ་གྱི་བདག །རང་བྱུང་རྟག་པའི་རྒྱལ་མོ་བེ་ཏ་ལིར། །བདུད་རྩི་ནམ་མཁའི་ཀློང་ཡངས་གང་བས་མཆོད། །རྡོ་རྗེའི་རང་བཞིན་འབར་བ་སྲིན་པོའི་གཟུགས། །ཁམས་གསུམ་འཇིགས་བྱེད་དབུགས་ལེན་ཤན་པའི་རྒྱལ། །ལས་མགོན་ནག་པོ་ཡབ་ཡུམ་བཅུ་དྲུག་ལ། །བདུད་རྩི་ནམ་མཁའི་ཀློང་ཡངས་གང་བས་མཆོད། །རྫུ་འཕྲུལ་ཐོགས་མེད་སྟོང་གསུམ་འཇིག་རྟེན་ཀུན། །འདོད་དགུར་བསྒྱུར་བའི་མཐུ་ལྡན་ལྷ་ཡི་གཙོ། །ཕྱོགས་བཅུ་མགོན་པོ་འཁོར་དང་བཅས་རྣམས་ལ། །བདུད་རྩི་ནམ་མཁའི་ཀློང་ཡངས་གང་བས་མཆོད། །དྲག་པོར་ཁྲོས་པའི་ཆོ་འཕྲུལ་མི་སྲུན་པས། །ཉམས་པ་བདུན་ལྡན་དགྲ་བགེགས་སྒྲོལ་བའི་གཤེད། །དྲེགས་པ་དོན་གཉིས་སྤྲུལ་པ་ཡང་སྤྲུལ་ལ། །བདུད་རྩི་ནམ་མཁའི་ཀློང་ཡངས་གང་བས་མཆོད། །དབྱིངས་ལས་སྤྲུལ་པའི་མ་བདུན་སྲིང་མོ་བཞི། །འབར་མ་མཆེད་དགུ་དུས་ཀྱི་ལྷ་མོ་བཞི། །དམག་གི་རྒྱལ་མོ་དབང་ཕྱུག་མ་རྣམས་ལ། །བདུད་རྩི་ནམ་མཁའི་ཀློང་ཡངས་གང་བས་མཆོད། །བརྟན་མ་བཅུ་གཉིས་གབ་སྦས་ལྷ་ཚོགས་དང་། །ཕྱི་ནང་གསང་བ་ཡང་གསང་སྡེ་བརྒྱད་དཔུང་། །ཕོ་ཉ་ལས་མཁན་ཕྱག་བརྙན་ཚོགས་རྣམས་ལ། །བདུད་རྩི་ནམ་མཁའི་ཀློང་ཡངས་གང་བས་མཆོད། །རྣམ་མང་ཐོས་སྲས་ཀླུ་དབང་སྔགས་ཀྱི་བདག །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་དང་། །སྲིད་མགོན་ཞིང་སྐྱོང་ཆེན་པོ་ཡབ་ཡུམ་ལ། །བདུད་རྩི་ནམ་མཁའི་ཀློང་ཡངས་གང་བས་མཆོད། །མཁར་ནག་གདེངས་ཅན་རྒྱལ་པོ་གཡུ་ཡི་སྒྲོན། །ཚེ་རིང་མཆེད་ལྔ་འགོ་བའི་ལྷ་བཙན་གཉན། །མཛོད་ལྔ་གནས་གཏེར་སྐྱོང་བའི་ཚོགས་རྣམས་ལ། །བདུད་རྩི་ནམ་མཁའི་ཀློང་ཡངས་གང་བས་མཆོད། །ཅེས་པས་ཕུལ་ནས་ཀ་བསྟོད་ཀྱི་རིམ་པ་ལ་སོགས་པས་ཕྲིན་ལས་བཅོལ་ཏེ་ཤིས་པ་བརྗོད་པའང་གྱེར་རོ། །ཞེས་རྒྱལ་ཚབ་བཅུ་གཉིས་པས་རུམ་བཏེག་ཀརྨའི་སྒར་ཆེན་གཙུག་ལག་ཁང་དུ་རྟེན་འབྱུང་དགེ་ལེགས་ཀྱི་སྣང་བ་གསར་དུ་འབྱུང་བའི་ཆེད་དུ་སྐལ་བཟང་སངས་རྒྱས་དྲུག་པ་སེང་གེ༧རྒྱལ་མཆོག་བཅུ་དྲུག་པ་ཆེན་པོ་སྤྱི་བོའི་རྒྱན་དུ་བཀོད་ནས་ཤར་མར་བྲིས་པའོ།། །།

རྒྱུན་ཁྱེར་ལུས་སྦྱིན་བསྡུས་པ།

རྒྱུན་ཁྱེར་ལུས་སྦྱིན་བསྡུས་པ་བཞུགས་སོ། །རྒྱུན་ཁྱེར་སོགས་ལ་ལུས་མཆོད་སྦྱིན་བསྡུས་པ་བྱེད་པར་སྤྲོ་ན། སྐྱབས་ཡུལ་གསལ་བཏབ་ནས། བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། འཆི་བདག་གི་བདུད། གནས་གདོན་ལུས་གདོན་དྲིན་ཅན་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཅད་བླ་ན་མེད་པའི་ཡུམ་ཆེན་མོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་ཉམས་སུ་བླང་བར་བྱའོ། །དེ་ནས་དབང་སྡུད་ཞི་སྡུད་ནི། ཕཊཿ རང་ཉིད་སྐད་ཅིག་གིས་ཡུལ་ཆེན་མོ་གསེར་གྱི་མདོག་ཅན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། ཕྱག་བཞིའི་དང་པོས་རྡོ་རྗེ་གླེགས་བམ། འོག་མ་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པར་གྱུར། རྐང་དུང་གི་ཁ་ལག་མཐིལ་དུ་ལན་གསུམ་བརྡབ་ཅིང་། འབྱུང་པོ་ཕྲན་བུ་ཉམ་ཆུང་བ་རྣམས་མ་སྐྲག་ཅིག །མ་སྔངས་ཤིག །ཤིན་ཏུ་མ་སྔངས་ཤིག །དེ་ནས་རྐང་དུང་ལན་གསུམ་འབུད་པའི་དང་པོ། ཡུམ་ཆེན་མོའི་སྐྱེ་མེད་ཆོས་ཀྱི་རང་སྒྲས་ཁམས་གསུམ་དུ་ཐོས་པར་བསམས་ལ། ཀྱཻ། ཡ་གི་སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཉོན་ཅིག །ཐམས་ཅད་ཀྱིས་དུང་ངེར་ཉན་པར་བསམས་ལ་གཅིག་འབུད། འཻ། ཐམས་ཅད་འདིར་འདུས་ཤིག །ཐམས་ཅད་འུབས་སེ་འདུས་པར་བསམ་ལ་གཅིག་འབུད། ཐམས་ཅད་མྱུར་དུ་འདུས་ཤིག །མྱུར་དུ་དཔུང་ངེར་འདུས་པར་བསམ་ལ་གཅིག་འབུད། བདེ་རིམ་ལ་ནི་དེས་ཆོག ། སྨྱོན་པ་སོགས་ནད་གདོན་དྲག་པོ་འདུལ་ན་དྲག་སྡུད་བྱ་སྟེ། སྐྱབས་འགྲོ་སེམས་བསྐྱེད་ནི། བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། འཆི་བདག་གི་བདུད། གནས་གདོན་ལུས་གདོན་དྲིན་ཅན་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །མ་གནས་གསུམ་གྱི་མཁའ་འགྲོ་རྣམས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་གསུམ་གྱི་མགོན་པོ་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །བཀའ་བརྒྱུད་པའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དྲིན་ཅན་རྩ་བའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བསྐྱབ་ཏུ་གསོལ། སྐྱབས་འོག་དམ་པ་ན་ཚུད་པར་མཛད་དུ་གསོལ། བདག་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བརྟེན་ནོ། །ཆོས་ལ་བརྟེན་ནོ། །དགེ་འདུན་ལ་བརྟེན་ནོ། །སེམས་ཅན་རྣམས་ཀྱི་ལུས་དགེ་བར་གྱུར་ཅིག །ངག་དགེ་བར་གྱུར་ཅིག །ཡིད་དགེ་བར་གྱུར་ཅིག །ནད་རིགས་བཞི་བརྒྱ་རྩ་བཞི་བྱང་བར་གྱུར་ཅིག །གློ་བུར་དགུ་བཅུ་གོ་གཅིག་ལས་ཐར་བར་གྱུར་ཅིག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུས་མི་ཚུགས་པར་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རང་སར་ཞི་བར་གྱུར་ཅིག །རང་སར་དག་པར་གྱུར་ཅིག །རང་སར་སྟོངས་པར་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསྐྱེད་པ་རྣམས་ནི་དྲན་པར་བགྱི། །དྲན་པ་རྣམས་ནི་རྒྱ་ཆེར་གཟུང་། །མདུན་གྱི་ནམ་མཁའི་གནས་སུ་དྲིན་ཅན་རྩ་བའི་བླ་མ་དང་མ་ཅིག་ལབ་ཀྱི་སྒྲོན་མ་ཐ་དད་མེད་པ། སྐུ་མདོག་དཀར་མོ་དུང་ཕྱིས་པའི་མདོག་ཅན། ཞལ་གཅིག་ཕྱག་གཉིས། གཡས་པས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་བ། གཡོན་པས་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་བར་སྣང་ལ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་དུ་བཅིངས་ཤིང་ལྷག་མ་སྐུ་རྒྱབ་ཏུ་གྲོལ་བ། སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེ་རྒྱན་གྱིས་བ རྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་གར་སྟབས་ཀྱིས་བཞུགས་པ་ལ་བཀའ་རྒྱུད་ཉམས་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། གཡས་སུ་དམ་པ་སངས་རྒྱས་ལ་ཕ་རྒྱུད་ཐབས་ཀྱི་བརྒྱུད་པས་བསྐོར་བ། གཡོན་དུ་རྗེ་བཙུན་མ་ལྷ་ལྔ་ལ་མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པས་བསྐོར་བ། སྟེང་དུ་བསྟན་པའི་གཙོ་བོ་ལ་གཉིས་མེད་དོན་གྱི་བརྒྱུད་པས་བསྐོར་བ། དེའི་དབུ་ཐོག་ཏུ་ཆོ་སྐུ་ཡུམ་ཆེན་མོ་ལ་གྲུབ་ཐོབ་གཅོད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མ་ཅིག་གི་གདན་འོག་ཏུ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པ། ལྷ་ཚོགས་དེ་དག་གི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་གཅོད་ཡུལ་བརྒྱུད་པའི་སྐྱབས་གནས་ཐམས་ཅད་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཅེས་དང་། ཚོགས་བསགས་ཡན་ལག་བརྒྱད་པ་བྱ་སྟེ། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཤཱཀྱའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཐུབ་པ་དེ་ལ་ཕྱག་འཚལ་ལོ། །སྐྱེ་བ་བདུན་དུ་འགྲོ་དོན་མཛད། །དམ་པ་དེ་ལ་ཕྱག་འཚལ་ལོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་སྐུ་ལ་ཕྱག་འཚལ་ལོ། །རང་རིག་ཡེ་ཤེས་སྟོན་མཛད་པའི། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་ཆོས་རྣམས་ལ་ཕྱག་འཚལ་ལོ། །གང་ལ་ཕུལ་བ་དོན་ཡོད་པའི། །དགེ་འདུན་རྣམས་ལལ་ཕྱག་འཚལ་ལོ། །གཞོན་ནུའི་མཛེས་ཚུལ་ཡོན་ཏན་ལྡན། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྙིང་རྗེས་ངེས་པར་གང་བ་ཡི། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བགེགས་དང་ལོག་འདྲེན་འཇོམས་མཛད་པ། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། །ཁྱེད་རྣམས་ལ་ནི་གསོལ་བ་འདེབས། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །བཀའ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སྐུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་སེམས་ཅན་གྱི་དོན་དུ་བསྔོ། །ཞེས་བརྗོད། དེ་ནས་སྡིག་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དམིགས་པ་བཅས། ག་ཏེའི་སྔགས་བཟླ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། དེ་ནས་གཞུང་དོན་ལྟར་ན། ལུས་ཤེལ་གོང་ལྟར་ཡོངས་སུ་དག་པའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྤྲོས་ལ། སྐུ་གསུང་ཐུགས་ཡོན་ཏན་གྱི་ཕྱག་རྒྱའི་མཆོད་པ་འབུལ་བ་ནི། སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །སྐུ་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །གསུང་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །གསུང་འགག་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །ཐུགས་འཁྲུལ་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །བཀྲ་ཤིས་ཕྱག་རྒྱའི་མཆོད་པ་འབུལ། །བདེ་ན་བདེ་བ་ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་ཁྱབ་པར་ཤོག །སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག །ཕཊ། དེ་ནས་འཕོ་བ་ནམ་མཁའ་སྒོ་འབྱེད་རྒྱས་བསྡུས་གང་རུང་བྱས་ལ། ལུས་མཎྜལ་དུ་འབུལ་བའི་དམིགས་པ་གཞུང་ལྟར་གསལ་བཏབ་ནས། པགས་པ་གསེར་གྱི་ས་གཞི་ལ། །སོར་མཛུབ་ལྕགས་རིས་བསྐོར་བའི་དབུས། །མགོ་བོ་ཁོག་ཟོམ་རི་རབ་ལ། །མིག་གཉིས་ཉི་མ་ཟླ་བས་བརྒྱན། །ལྡེབ་བཞི་གླིང་བཞིར་བཅས་པ་སོགས། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །བྱིན་གྱིས་བརླབ་ཕྱིར་བཞེས་སུ་གསོལ། །སྦྱིན་གཏོང་དཀར་འགྱེད་ཀྱི་དམིགས་པ་སྐོར་གསུམ་དང་། དམར་འགྱེད་ཀྱི་སྐབས་སུ་འབོད་ཐུང་དུ་གྲགས་པ་ནི། ན་མོ། གནས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང་། །སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་བྱེད་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་པ་བཞིན་དུ་བབས་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཅེས་པ་ཙམ་མམ། ལུས་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུའི་མཆོད་པ་འབུལ། །ཐེག་པ་རིམ་དགུ་ཐོབ་པར་ཤོག །དབང་པོ་རྣམ་ལྔའི་མཆོད་པ་འབུལ། །སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཁྱོད་རིངས་པ་རྣམས་ཀྱིས་རློན་པ་ཟོ། །དལ་བ་རྣམས་ཀྱིས་ཚོས་ལ་ཟོ། །རིངས་དང་མི་རིངས་བྱེ་བྲག་གིས། །བཙོས་བསྲེགས་རློན་པ་གང་བདེར་ཟོ། །ལྟོ་བོ་ཆེ་རྣམས་འགྲངས་ཚད་ཟོ། །ཤེད་པོ་ཆེ་རྣམས་ཁྱག་ཚད་ཁུར། །སེང་གེ་ཤ་ལ་རོལ་བ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །ཕཊ། ཅེས་སོ། །དེ་ནས་བརྒྱུད་པ་ཡོངས་རྫོགས་ཀྱི་གསོལ་འདེབས་བསྡུས་པ། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གཉིས་མེད་དོན་གྱི་བརྒྱུད་པ་ལ་གསོལ་ལ་གསོལ་བ་འདེབས། །སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པ་ལ་གསོལ་བ་འདེབས། །འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །འབྱུང་བཞིས་བསྡུས་པའི་སྒྱུ་ལུས་ལ། །གཅེས་འཛིན་བྲལ་བར་བྱིན་གྱིས་རློབས། །འགལ་རྐྱེན་ནད་གདོན་བར་ཆད་ལ། །རོ་སྙོམས་ནུས་པར་བྱིན་གྱིས་རློབས། །སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ། །རང་ངོ་ཤེས་པར་བྱིན་གྱིས་རློབས། །རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །རང་དབང་ཐོབ་པར་བྱིན་གྱིས་རློབས། །སྤྱིར་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྒྱུ་གཉིས་འཛིན་གྱི་དྲི་མ་ཀུན་སྤངས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཕཊ། གནས་བསྲེ་བ་གསུམ་བྱས་ལ། ལུས་ཚོགས་སུ་འབུལ་བ་ནི། ༀ་མ་གཅིག་མ་ལ་གསོལ་བ་འདེབས། །ཨཱཿམ་གཅིག་མ་ལ་གསོལ་བ་འདེབས། །ཧཱུྃ་མ་གཅིག་མ་ལ་གསོལ་བ་འདེབས། །ཡི་གེ་གསུམ་གྱིས་བྱིན་གྱིས་རློབས། །ཡི་གེ་གསུམ་གྱི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་ཀྱིས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །ཅེས་བྱིན་གྱིས་བརླབས་ལ། རང་ལུས་ཤ་ཁྲག་ཕུང་པོ་འདི། །བདག་ཏུ་འཛིན་པའི་བློ་སྤངས་ནས། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །ཟག་མེད་བདུད་རྩིར་སྤེལ་བ་འདིས། །དྲིན་ཅན་རྩ་བའི་བླ་མ་མཆོད། །ཕྱི་ནང་བརྒྱུད་པའི་བླ་མ་མཆོད། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་མཆོད། །བྱང་སེམས་ཉན་རང་ཆེ་རྣམས་མཆོད། །བསྟན་སྲུང་མ་མགོན་ལྕམ་དྲལ་མཆོད། །ཕོ་ཉ་བྱེ་བ་དུང་ཕྱུར་མཆོད། །འཇིག་བརྟེན་སྐྱོང་བའི་མཐུ་ཆེན་མཆོད། །སྣང་སྲིད་ལྷ་འདྲེ་དྲེགས་བྱེད་མཆོད། །སྟོང་གསུམ་སྟོང་གི་གཞི་བདག་མཆོད། །ཁྱད་པར་འདིར་གནས་ལྷ་འདྲེ་མཆོད། །འགྲོ་བ་རིགས་དྲུག་གི་སེམས་ཅན་མཆོད། །ཐོག་མེད་དུས་ཀྱི་ལན་ཆགས་མཆོད། །རྒྱ་ཆེན་མཆོད་པ་འདི་ཡི་མཐུས། །སངས་རྒྱས་བསྟན་པ་དར་གྱུར་ཅིག །བླ་མའི་ཐུགས་དགོངས་རྫོགས་གྱུར་ཅིག །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །དྲེགས་ཅན་དམ་ལ་གནས་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་འཁོན་འབྲེལ་ཐག་ཆོད་གྱུར་ཅིག །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕཊ། ཅེས་རང་བྱུང་ཞབས་ཀྱི་གསུང་ལུས་སྦྱིན་ལ་ཁ་བསྒྱུར་བ་འདིས་བསྟབ་པར་བྱ། སྲིད་གསུམ་བྷཉྫ་འབར་བའི་གཏོར་གཞོང་དུ། །ལྷག་མའི་གཏོར་མ་གླིང་བཞིའི་རི་རབ་ཙམ། །གཏི་མུག་ཤ་ཡི་རྩིག་པ་ཉི་ལི་ལི། །འདོད་ཆགས་ཁྲག་གི་རྒྱ་མཚོ་མེ་རེ་རེ། །ཞེས་སྡང་རུས་པའི་ཕུང་པོ་ཁྲ་ལ་ལ། །བདུད་རྩི་རྣམ་ལྔའི་ལོངས་སྤྱོད་བསམ་མི་ཁྱབ། །འཁོར་དུ་གཏོགས་པའི་ཌཱ་ཀི་དམ་ཅན་དང་། །སྡོང་གྲོགས་བྱེད་པའི་ལྷ་སྲིན་སྡེ་བརྒྱད་དང་། །ཕྱི་ནང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས། །བཀའ་ཡི་ཕ་འབབ་རྒྱ་ཆེན་འདི་ལོངས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕཊ། ཅེས་ལྷག་ལ་དབང་བ་རྣམས་ལ་ལྷག་མ་བྱིན། དེ་ནས་བསྔོ་སྨོན་གྱི་རིམ་པ་ནི། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །བདག་གིས་ལུས་མཆོད་སྦྱིན་བྱས་པའི་དགེ་བའི་རྩ་བ་དང་། །བདག་གིས་བྱང་ཆུབ་ཀྱི་སེམས་ཀྱིས་ལྷ་འདྲེ་རྣམས་རྗེས་སུ་བཟུང་བའི་དགེ་བའི་རྩ་བ་དང་། གཞན་ཡང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་ཅིག་བྱས་པ་དེ་ཐམས་ཅད་ལྷ་འདྲེ་གདུག་པ་ཅན་ལ་སོགས་པའི་ཁམས་གསུམ་སེམས་ཅན་གྱི་དོན་དུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པའི་མཐུ་ུལ་བརྟེན་ནས་ལྷ་འདྲེ་གདུག་པ་ཅན་ལ་སོགས་པ་ཁམས་གསུམ་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག །སྐྱེ་བ་མེད་པ་ཡུམ་གྱི་དགོངས་པ་ལ་མངའ་བརྙེས་ནས་རྒྱལ་བ་ཐམས་ཅད་ཀྱི་ཡབ་རིགས་རྣམས་ཀུན་གྱི་བདག་པོ་ཁྱབ་བདག་རྡོ་རྗེ་འཆང་གི་ས་ཐོབ་པར་གྱུར་ཅིག །དེ་ལྟ་བུའི་གོ་འཕང་ཐོབ་ནས་ཀྱང་ཕྲིན་ལས་ཀྱི་སྒོ་སྣ་ཚོགས་ཀྱི་སྒོ་ནས་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །གཅོད་ཡུལ་ཉམས་སུ་ལེན་པའི་གང་ཟག་གིས། །རང་སེམས་བདུད་དུ་མི་ལྟ་བར། །སྙེམ་ཐག་མ་ལུས་ཆོད་པར་ཤོག །བཟང་པོའི་ཡོན་ཏན་ཅི་བྱུང་ཡང་། །དེ་ལ་རློམས་སེམས་མེད་པར་ཤོག །ངན་པའི་རྣམ་རྟོག་ཅི་བྱུང་ཡང་། །དེ་ལ་སྙེམ་བྱེད་མེད་པར་ཤོག །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཉི་མ་ཤར་བ་ལྟར། །ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཕཊ། ཅེས་བརྗོད། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ཀྱི་བཀྲ་ཤིས་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་བུ་སློབ་དར་ཞིང་རྒྱས་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །འགྲོན་རྣམས་དགའ་མགུ་དང་ལྡན་པས་རང་གནས་སུ་གཤེགས་པར་བསམ། ཚོགས་ཞིང་གི་ལྷ་ཚོགས་རང་ལ་བསྡུ། རང་གཞན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ལ་ཁྱེར་སོ་གསུམ་གྱིས་རྒྱས་གདབ་ཅིང་ཡིག་དྲུག་མང་དུ་བགྲང་། ཇོ་བོ་སྐྱོན་གྱི་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེ་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ༀ་མ་ཎི་པདྨེ་ཧཱུྃ། ཞེས་གྲངས་མང་བརྗོད་ལ། ཕཊཿཕཊཿ བདག་གི་ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་ཁ་རག་པ་ཙམ། དྲི་ཚོར་བ་ཙམ་གྱིས་ན་བ་ལ་ཕན། ཤི་བ་སོས། རྒས་པ་དར། ཕོ་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག །ཕཊཿ ཕཊཿ ལན་ཆགས་གདོན་བགེགས་དང་རིགས་དྲུག་སྙིང་རྗེའི་མགྲོན་ཐམས་ཅད་མགྲོན་པོ་རང་ཁྱིམ་དུ་སོང་བ་ལྟར་རང་རང་གི་གནས་སུ་སོང་བར་དམིགས། ཕཊཿ ཕཊཿ སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཕཊཿ ཕཊཿ ཕཊཿ ན་མོ་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བར་ཆད་མེད་པའི་ལམ་བགྲོད་ནས། །མ་ཡུམ་ཆེན་གྱི་གོ་འཕང་ཐོབ་པར་ཤོག །ཕཊཿ ཕཊཿ འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །ས་རྦ་བྷུ་ཏ་གཙྪ་གཙྪ། །དགེ་བ་འདི་ཡིས་མྱུར་དུ་བདག །གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །འགྲོ་ཀུན་དེའི་གོ་འཕང་ལ་དབུགས་དབྱུང་བའི་སྨོན་ལམ་ཡང་བྱའོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ༀ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩིཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་ས མྦྷ་རོ་པ་ཙི་ཏེ། ༀ་སརྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གཟུངས་བསྡུས་པ་ནི། ༀ་ཨ་མཱ་ར་ཎི་ཛི་ཝནྟ་ཏེ་སྭཱཧཱ། ཅི་ནུས་བཟླས། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཚུལ་ཁྲིམས་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བཟོད་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བཟོད་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །བརྩོན་འགྲུས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བརྩོན་འགྲུས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བརྩོན་འགྲུས་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །བསམ་གཏན་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བསམ་གཏན་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བསམ་གཏན་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཤེས་རབ་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཤེས་རབ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་པ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སརྦ་མངྒ་ལཾ།།

གདོན་ཚོགས་དགུ་མ།

གདོན་ཚོགས་དགུ་མ་བཞུགས་སོ། །ཡང་གཅོད་ཀྱི་ཚོགས་མཆོད་སྐབས་སུ་ནད་པ་སོགས་གལ་ཆེན་ལ་དགོས་པ་བྱུང་ན་ཚོགས་ཀྱི་བསྟབ་པའི་མཐར་སྦྱར་བའམ། ལུས་སྦྱིན་ཙམ་གྱི་སྐབས་སུའང་རུང་བའི་ཅུང་ཟད་དྲག་པོའི་ཚུལ་གྱི་དམར་འགྱེད་བྱེད་པར་སྤྲོ་ན་བསྲེ་འཕོ་སོགས་མན་ངག་ལྟར་བྱས་ནས། དབང་སྡུད་ནི། ཕཊ། སྐད་ཅིག་གིས་བདག་ཉིད་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་རབ་ཏུ་གཙིགས་པ། སྤྱན་གཡས་ཉི་མའི་དཀྱིལ་འཁོར་དམར་སྒ་ར་ར་བྱེད་པ། གཡོན་ཟླ་བའི་དཀྱིལ་འཁོར་ངང་ཀྱི་ལི་ལི་བྱེད་པ། དབུས་ཉི་ཟླ་གའུ་དམར་ནག་ཁྲུག་ཁྲུག་ཏུ་འདུག་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། གནམ་ལྕགས་ཀྱི་རལ་པ་ནག་པོས་ས་གཞི་ཁྱབ་པ། རལ་པའི་གསེབ་ནས་ཕག་ཞལ་ནག་པོ་གྱེན་དུ་ངུར་བས་ཁམས་གསུམ་གྱི་ལྷ་འདྲེ་དབང་དུ་སྡུད་པ། ཕག་ཟེ་ལ་ཡེ་ཤེས་ཀྱེ་མེ་འབར་བས་བདུད་དཔུང་ཐམས་ཅད་སྲེག་པར་བྱེད་པ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་ཁྲག་དམར་ཙ་རེ་བ་ནམ་མཁའི་དབྱིངས་སུ་གཡུག་པས་ཁམས་གསུམ་གྱི་ལྷ་འདྲེ་དབང་དུ་སྡུད་པ། གཡོན་པས་མི་རྐང་གི་གླིང་བུ་འབུད་པས་སྲིད་པ་གསུམ་གྱི་ལྷ་འདྲེ་ཟིལ་གྱིས་གནོན་པ། གྲུ་མོ་ན་ཁ་ཊྭཱྃ་ག་བཅུག་པ་གླང་ཆེན་ཀྱི་ཀོ་རློན་གྱིས་སྟོད་གཡོགས་པ། ཞིང་ལྤགས་ཀྱི་གཡང་གཞི་སྐེད་པར་དཀྲིས་པ། སྟག་གི་པགས་པས་ཤམ་ཐབས་བྱས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པདྨ་ཉི་མ་རོའི་གདན་ལ་གར་སྟབས་ཀྱིས་བཞུགས་པ། དབུ་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་སླེབས་པ། ཞབས་ན་རག་རྡོ་རྗེའི་གདན་ལ་ཐུག་པ། ལྟོ་བ་ནས་ཉི་མ་དང་ཟླ་བ་ཤར་བ། སྐུ་སྟོད་ཀྱིས་ལྷ་ཁམས་དབང་དུ་སྡུད་པ། སྐུ་སྨད་ཀྱིས་ཀླུ་ཁམས་དབང་དུ་སྡུད་པ། སྐེད་པས་གཉན་ཁམས་དབང་དུ་སྡུད་པ། དེའི་ཐུགས་ཀ་ནས་སྤྲུལ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་མ་དཀར་མོ། ཞགས་པ་མ་སེར་མོ། ལྕགས་སྒྲོག་མ་དམར་མོ། དྲིལ་བུ་མ་ལྗང་གུ། གཞན་ཡང་ཁྲོས་མ་ནག་མོ་མི་ལྤགས་ཀྱི་གཡང་གཞི་དང་མི་རྐང་གི་གླིང་བུ་འབུད་པ་ཉི་ཟེར་གྱི་རྡུལ་འཚུབ་པ་ལྟར་ཕྱོགས་བཅུར་འཕྲོས་པས་འགུགས་པའི་ལས་མཛད་པར་གྱུར། དེ་ནས་ཅུང་ཟད་སྤྲོ་ན། བདེན་སྟོབས་ཀྱིས་གདོན་དགུག་པ་ནི། ན་མོ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམ་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཁྱད་པར་དུ་བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བཀའ་བདེན༴ མ་གཅིག་ཁྲོས་མ་ནག་མོ་རིགས་བཞི་མཁའ་འགྲོའི་ལྷ་ཚོགས་རྣམས་ཀྱི་བཀའ༴ དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་བདག་འཛིན་རྣམ་པར་རྟོག་པའི་དགྲ་བོ། ཕོ་གདོན་རྒྱལ་པོ། མོ་གདོན་འདྲེ་མོ། ཟ་འདྲེ་ཤི་གཤེད། རོ་པགས་གཤེད་འཁྱམས། མགོ་གཡོགས་མགོ་སྐོར། མཇུག་ལོག་འཕར་ལྡང་བྱེད་པ་ཐམས་ཅད་འདིར་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། རྐང་གླིང་འབུད། དེ་ལྟར་བདེན་སྟོབས་བརྗོད་པའམ་མི་བརྗོད་ཀྱང་རུང་འབོད་རབ་ཏུ་གྲགས་པ་འདི་བྱ་སྟེ། ཀྱེ། འདུས་ཤིག་འདུས་ཤིག་ཤ་ཟ་འདུས། །དབུགས་ལེན་ཐམས་ཅད་འདིར་འདུས་ཤིག །བཤའ་བཞུར་རོ་ཡི་རྩ་འདིར་འདུས། །ཤ་བགོས་རོག་ལ་སླེབ་པར་གྱིས། །ཁྱེད་རྣམས་ང་ཡི་ཕ་མ་སྟེ། །བུ་ཡི་ཤ་ཁྲག་རོལ་དུ་བྱོན། །ཁྱེད་རྣམས་དྲིན་ཆེན་ཕ་མ་སྟེ། །ད་ལན་བཟང་ལན་ལེན་དུ་བྱོན། །སྔོན་ཆད་ལུས་འདི་གཅེས་པར་བཟུང་། །རྒྱུ་དེས་ད་རུང་འཁོར་བར་འཁྱམས། །ད་ནི་མི་ཆགས་སྟོན་མོར་འགྱེད། །མགྲོན་རིགས་སྲིད་རྩེ་མན་ཆད་ནས། །ན་རག་དམྱལ་བ་ཡན་ཆད་ལ། །གནས་པའི་ལྷ་དང་ལྷ་མ་ཡིན། །ཕོ་བདུད་ལས་ཀྱི་རྒྱལ་འགོང་འདུས། །མོ་བདུད་ལས་ཀྱི་བསེན་མོ་འདུས། །ཕོ་བདུད་ས་བདག་ཀླུ་གཉན་འདུས། །མོ་བདུད་འདྲེ་མོ་སྲིན་མོ་འདུས། །སྲིད་པ་ཡི་ནི་འདྲེ་དགུ༴ གཙུག་ལག་ཁང་གི་གདོན་བཅུ༴ བྱིས་པའི་གདོན་ཆེན་བཅོ་ལྔ༴ གཙོ་བོའི་གདོན་ཆེན་བཅོ་བརྒྱད༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ༴ གློ་བུར་དགུ་བཅུ་རྩ་གཅིག་འདུས། །འདིར་ཤོག་འདིར་འདུས་ཤ་ཁྲག་རོལ། །སྤྱི་བོ་ཚངས་བུག་མན་ཆད་ནས། །རྐང་མཐིལ་སེན་མོ་ཡན་ཆད་ལ། །ཁོ་བོས་ཆགས་ཞེན་མི་བྱེད་པས། །ཤ་ཟོ་ཁྲག་འཐུང་རུས་པ་མུར། །མགོ་བོ་ཡན་ལག་དོན་སྙིང་ཁྱེར། །ལུས་འདིའི་ཕྱི་ནང་ཐམས་ཅད་ཀྱི། །བཟའ་ཉན་བཅའ་ཉན་གང་གདའ་ལ། །ཐམས་ཅད་བག་ཕོབ་ཚིམ་པར་གྱིས། །ཞི་བར་གྱིས་ཤིག་བརླག་པར་གྱིས། །ཕུང་བར་གྱིས་ཤིག་རྩད་ནས་ཆོད། །ཐུལ་ཅིག་ཆོམ་ཞིག་བདག་ལ་ཡ། །ཕཊ། ཅེས་བློ་སྦྱོང་མཚོན་ཆ་འཁོར་ལོ་ནས་བྱུང་བ་འདིའམ། ཡང་ན་འབོད་ཐུང་དུ་གྲགས་པ། ན་མོ་གནས་གཉན་ས་སོགས་བརྗོད། དེ་ནས་ས་བདག་དྲུག་སྦྱོར་གྱི་དམིགས་པ་གཞིར་བཞག་ནས། གཡག་སྡེ་པཎ་ཆེན་གྱིས་མཛད་པའི་གདོན་ཚོགས་དགུ་མར་གྲགས་པའི་བསྟབ་པ་བྱ་བ་ནི། མདུན་དུ་བྱད་མ་ལྷ་སྲུང་དང་བཅས་པ། དེའི་གཡས་སུ་རྒྱལ་པོའི་ངོ་བོ་བནྡེ་སག་ཞུ་ཅན་ལ། རྒྱལ་པོའི་དམག་ཚོགས་ཀྱིས་བསྐོར་བ། གཡོན་དུ་འདྲེན་མོ་གཡུའི་རལ་པ་གསེར་གྱི་སྨིན་མ་དུང་གི་མཆེ་བ་ཅན་ལ། འདྲེ་མོའི་དམག་ཚོགས་ཀྱིས་བསྐོར་བ། མདུན་དུ་ས་བདག་གི་རྒྱལ་པོ་སྦལ་པ་ལག་པ་དགུ་པ་ལ་ས་བདག་གི་དམག་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་ཉ་ལྕགས་ཀྱི་ཟེ་བ་ཅན་ལ་ཉ་རིགས་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། འོག་ཏུ་ཀླུ་བདུད་སྦྲུལ་མགོ་དགུ་པ་ལ་ཀླུ་རིགས་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། སྟེང་དུ་གཟའ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལ་གཟའ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། དེའི་ཕྱི་རོལ་དུ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་ཚོགས་ཀྱིས་བསྐོར་བར་བསམས་ལ། ཧཱུྃ། མ་བན་ཆེན་བརྒྱ་དང་མི་རིགས་འབུམ། །ཤན་པ་སྤུ་གྲི་ཐོགས་པ་སྟོང་། །ལས་བྱེད་བསམ་གྱིས་མི་ཁྱབ་པའི། །མི་བདག་ལ་གནོད་བྱེད་ཀྱི་བྱད་མ་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། རྒྱལ་པོ་པེ་དཀར་བེ་ནག་དང་། །ཁྱི་སྐྱ་ཁྱི་དམར་བྱ་རྒན་དང་། །སྲིད་པ་ཡི་ནི་འདྲེ་དགུ་དང་། །གཙུག་ལག་ཁང་གི་གདོན་བཅུ་སོགས། །མི་བདག་ལ་གནོད་བྱེད་ཀྱི་རྒྱལ་འགོང་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་སོགས། འགྲེ། ཕཊ། དཔལ་ལྡན་ལྷ་མོ་ནག་མོ་དང་། །བརྟན་མ་བཅུ་གཉིས་ལ་སོགས་པའི། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང་། །དམ་སྲི་ལྟེ་ཕུར་ནག་མོ་སོགས། །མི་བདག་ལ་གནོད་བྱེད་ཀྱི་འདྲེ་མོ་དང་། །སྤྱིར་སྣང་ཞིང་སྲིད་པའི་སོགས། ཕཊ། གཟའ་བདུད་ནག་པོ་མགོ་དགུ་དང་། །ཉི་མ་ལ་སོགས་གཟའ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བཀའ་སྡོད་གདོང་མོ་མཆེད་བཞི་སོགས། །མི་བདག་ལ་གནོད་བྱེད་ཀྱི་གཟའ་བདུད་དང་། །སྤྱིར་སྣང་ཞིང་སྲིད་སོགས། ཕཊ། །ཀླུ་བདུད་ནག་པོ་སྲོག་ཟན་དང་། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དང་། །དམངས་རིགས་གདོལ་པ་ལ་སོགས་པའི། །མི་བདག་ལ་གནོད་བྱེད་ཀྱི་ཀླུ་དམག་དང་། །སྤྱིར་སྣང་ཞིང་སྲིད་པའི་སོགས། ཕཊ། བདུད་རྗེ་ནག་མོ་བཀྲག་མེད་དང་། །བདུད་པོ་རེ་ཏེ་མགོ་ཉག་དང་། །ཁྭ་ཏ་འདྲེ་ཡུག་འཁོར་དང་བཅས། །བདུད་དམག་བྱེ་བ་དུང་ཕྱུར་སོགས། །མི་བདག་ལ་གནོད་བྱེད་ཀྱི་བདུད་དམག་དང་། །སྤྱིར་སྣང་ཞིང་སོགས། ཕཊ། བཙན་རྗེ་ཤུ་བ་སྲོག་ལེན་དང་། །བཙན་རྒོད་ཧུར་པ་སྡེ་བཞི་དང་། །མགྱོགས་པའི་མི་བརྒྱད་ཁ་ཤོ་དང་། །ཁ་བཞི་གདོང་བརྒྱད་ལ་སོགས་པའི། །མི་བདག་ལ་གནོད་བྱེད་ཀྱི་བཙན་དམག་དང་། །སྤྱིར་སྣང་ཞིང་སོགས། ཕཊ། དམ་སྲི་མེ་སྟག་དམར་པོ་དང་། །སྒབ་འདྲེ་ཡུལ་འདྲེ་འཁྱམས་པོ་དང་། །ཆུང་སྲི་གནོད་བྱེད་རྨུག་འདྲེ་སོགས། །མི་བདག་ལ་གནོད་བྱེད་ཀྱི་དམ་སྲི་དང་། །སྤྱིར་སྣང་ཞིང་སོགས། ཕཊ། རྡོ་རྗེ་ལེགས་པ་མན་ཆད་དང་། །ཐེའུ་རང་ཕྲ་མོ་ཡན་ཆད་དང་། །མང་སྣ་ཨུ་ཝེར་འཁོར་དང་བཅས། །ཐེལ་མོ་རྣ་རྡུམ་ལ་སོགས་པ། །མི་བདག་ལ་གནོད་བྱེད་ཀྱི་ཐེའུ་རང་དང་། །སྤྱིར་སྣང་ཞིང་སོགས། ཕཊ། མ་གིང་ཆེན་གིང་ཆུང་ལྕམ་དྲལ་རྣམས། །ཧ་སྒྲ་ཕཊ་སྒྲ་དི་རི་རི། །དྲག་པོའི་སྐད་སྒྲ་ཆེམས་སེ་ཆེམ། །ཤ་ཟན་ཅབ་སྒྲ་དི་རི་རི། །ཁྲག་འཐུང་ཧུབ་སྒྲ་ཀྱུ་རུ་རུ། །རྐང་རྡུང་ལྷ་བ་ལྗིབས་སེ་ལྗིབ། །དགྱེས་པའི་གད་མོ་ཤ་ར་ར། །གསང་བའི་གླུ་ལེན་ཀྱུ་རུ་རུ། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཅེས་བརྗོད་དོ། །འདིར་མ་གིང་ཆེན་གིང་ཆུང་སོགས་བརྗོད་པའི་ཚེ་ཁྱིམ་གཏད་ཀྱི་དམིགས་པ་བྱེད་ན་ཚོགས་གཞུང་དང་མཆོད་སྦྱིན་ཙམ་ལའང་ལྷག་མའི་རྗེས་སུ་དམར་འགྱེད་རྒྱས་པ་འདི་བྱ་བ་ཡིན་ཞིང་། དེ་ལྟར་མ་བྱེད་ཚེ་ལྷག་མའི་གོང་དུ་བསྟབ་པའི་མཐར་བྱ་དགོས་པ་སྐབས་ཐོར་གྱིས་འཕྲུལ་ཤེས་པར་བྱའོ། །རང་གཞན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཁྱེར་སོ་གསུམ་གྱིས་རྒྱས་གདབ་ཅིང་ཡིག་དྲུག་མང་དུ་བགྲང་། འགྲོ་ཀུན་དེའི་གོ་འཕང་ལ་དབུགས་དབྱུང་བའི་སྨོན་ལམ་ཡང་བྱའོ། །དེ་ལྟར་ཡུམ་གྱི་དགོངས་དོན་ཟབ་མོའི་གཅོད་གཞུང་ནས། ཞི་དང་དྲག་གཅོད་རང་གཞན་འགའ་ལ་ཉེར་མཁོའི་གྱིས། དྷརྨ་ཤཱསྟྭཾ་ཀརྨ་དེ་བཿཤ་ར་ཎ་ཞེས་པས་ལྷག་བློའི་འདུན་པས་ཆོས་སྦྱིན་ཚུལ་དུ་བགྱིས། སརྦ་མངྒ་ལཾ།། །།

ཆངས་བུ་བརྒྱ་རྩ།

གཅོད་ལུགས་ཉེར་མཁོ་ཆངས་བུ་བརྒྱ་རྩའི་ཕྱག་ལེན་འགྲིགས་ཆགས་སུ་བཀོད་པ་བཞུགས་སོ། །ན་མོ་པྲ་ཛྙཱ་པཱ་ར་མི་ཏ་ཡེ། ཡུམ་ཆེན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཆངས་བུ་བརྒྱ་རྩའི་འདོན་འགྲིགས་བཀོད་པ་ལ། དགོངས་པས་ཁྲོལ་ལ་བཀའ་གནང་བྱིན་གྱིས་རློབས། དེ་ལ་དང་པོ་ནད་པའི་ལུས་བཀྲུས་པའི་ཆངས་བུ་བརྒྱ་རྩ་བརྒྱད་བྱས་ལ། དེ་ལ་ཤ་དུམ་ལྷན། སྣོད་གཅིག་ཏུ་ནད་པའི་ཁྲུས་ཆུ་བཞག་ལ། དེ་ནས་གཅོད་ཚོགས་ཡིན་ན་བསྟབ་པའི་སྐབས་སུ་བྱ། འཕྲལ་དུ་ཡིན་ན་ལུས་སྦྱིན་དཀར་འགྱེད་དམར་དགྱེད་མང་ཞིག་གི་མཐར། ཕཊ། སྐད་ཅིག་གིས་སྟོང་གསུམ་འདི་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་གྱུར་པའི་དབུས་སུ། རང་ཉིད་རིག་པའི་ངོ་བོ་མ་ཅིག་ཁྲོས་མ་ནག་མོ་ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་རྡེབ་པས་སྣང་སྲིད་དབང་དུ་སྡུད་པ། གཡོན་པས་མི་རྐང་གི་གླིང་བུ་འབུད་པས་སྲིད་གསུམ་ཟིལ་གྱིས་གནོན་ཅིང་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་གྱུར། མདུན་གྱི་ནམ་མཁར་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དར་དཀར་གྱི་རལ་ག་གསོལ་བ། དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ། ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་གཡོན་དྲིལ་བུ་བཀུར་བརྟེན་པ། པདྨ་དང་ཟླ་བའི་གདན་ལ་གར་སྟབས་ཀྱིས་བཞུགས་པ། དེ་ལ་མ་ཅིག་རིགས་ལྔ་ལ་སོགས་གཅོད་ཡུལ་བརྒྱུད་པའི་བླ་མས་བསྐོར་བ། དེའི་མཐའ་སྐོར་དུ་ནད་པ་འདི་ཡི་ལུས་གདོན་གནས་གདོན། ནད་ནད་བདག་དང་བཅས་པ། གདོན་སྣ་འདྲེན་དང་བཅས་པ། བགེགས་རིགས་ལན་ཆགས་ཤ་འཁོན་ཡུལ་འདྲེ་དང་བཅས་པ་ས་གཞི་གང་ནས་འཁོད་པར་གྱུར། ཕཊ་ཕཊ་ཕཊ། ནད་པའི་སྙིང་གར་རྣམ་པར་ཤེས་པའི་ངོ་བོ་ཨཱཿདཀར་པོ་གསལ་བ་དབུ་མའི་ལམ་ནས་ཐོན། རང་ཉིད་ཁྲོས་མའི་ཐུགས་ཀར་ཐིམ་པར་གྱུར ། ཕཊ་ཕཊ་ཕཊ། ན་མོ་གྲུ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་ཁྲོས་མ་ནག་མོའི་བདེན་པ་དང་། མ་ཅིག་ལབ་ཀྱི་སྒྲོན་མ་རིགས་ལྔའི་བདེན་པ་དང་། རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེ་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ནད་པ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པ། ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། ཡིད་ལ་རློམ་པ། བླ་ལ་ཁྱེར་བར་བྱེད་པའི་ལུས་གདོན་རྒྱབ་རྟེན་དང་བཅས་པ། ནད་ནད་བདག་དང་བཅས་པ་གདོན་སྣ་འདྲེན་དང་བཅས་པ་ཐམས་ཅད་ནད་པའི་བེམ་པོ་དང་དབྱེར་མེད་པའི་དྲི་ཆུ་ཆངས་བུ་ཤ་དུམ་ཁྲུས་ཆུ་དང་བཅས་པ་འདི་རྣམས་ལ་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བྃ་ཧོཿ ཕཊ་ཕཊ་ཕཊ། རྐང་གླིང་འབུད། ཌཱ་དྲིལ་དྲག་ཏུ་བྱ། ཕཊ། ནད་པའི་བེམ་པོ་དང་དབྱེར་མེད་པའི་དྲི་ཆུ་ཆངས་བུ་ཤ་དུམ་འདི་ཉིད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ། རྣམ་པ་ནད་པ་དངོས་དང་འདྲ་བ། དངོས་ལས་ལྷག་པ། ཕུང་ཁམས་སྐྱེ་མཆེད་ཚང་བ་རེ་རེ་ལའང་བརྒྱ་སྟོང་གྲངས་མེད་པ་འཕྲོ་བ་འདི་ཉིད། མ་ཅིག་རིགས་ལྔ་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པ་ཕྱོགས་བཅུའི་ལྷ་འདྲེ་འབྱུང་པོ་ལན་ཆགས་ཀྱི་བདག་པོ་བདག་མོ་ཐམས་ཅད་ལ་སྦྱིན་ནོ། །འབུལ་ལོ། །བསྔོའོ། །ཕཊ་ཕཊ་ཕཊ། མཉེས་ཤིང་ཚིམས་ནས་འཁོར་བ་ཐོག་མེད་ནས་བསགས་པའི་ལན་ཆགས་བུ་ལོན་ཤ་འཁོན་ཐམས་ཅད་བྱང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཕཊ་ཕཊ་ཕཊ། །དེ་ནས་ཁྱིམ་དུ་ཡིན་ན་ཕུད་སྐྱོགས་ཀྱི་ནང་དུ་ཆངས་བུ་ཤ་དུམ་ཁྲུས་ཆུས་བྲན་ནས། མཆོད་གཡོག་པས་བཟུང་ལ། ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི། །ཤ་ཁྲག་བདུད་རྩིའི་རྒྱ་མཚོ་འདི། །མཁའ་འགྲོ་འབུམ་སྡེའི་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ལུས་གདོན་ཕྲོལ། །གླུད་ཟན་དྲི་ཁུའི་རྒྱ་མཚོ་འདི། །ལྷན་ཅིག་སྐྱེས་པའི་བདུད་རྣམས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །ཕོ་མོ་ནད་བདག་རིམས་ཡམས་བདག །གྲེ་བོ་གྲེ་མོ་ཐེའུ་རང་འགོང་། །ལན་ཆགས་བདག་པོ་ཐམས་ཅད་ལ། །དགོས་འདོད་མཁོ་དགུར་གྱུར་ནས་ཀྱང་། །ཟད་མེད་ལོངས་སྤྱོད་ཐོབ་གྱུར་ཅིག །ཕཊ་ཕཊ་ཕཊ། དེ་ནས་ཁྲུས་ཆུ་དང་ཆངས་བུ་སྣོད་གཅིག་ཏུ་གསོག །དེ་ལྟར་ལན་བརྒྱ་རྩ་བརྒྱད་སོང་ནས། ཕཊ། མདུན་གྱི་མ་ཅིག་མི་དམིགས་འཇའ་ལྟར་ཡལ། །རང་དང་བསྲུང་བྱའི་སེམས་དང་མ་ཅིག་ཐུགས། །དབྱེར་མེད་ཆོས་དབྱིངས་ནམ་མཁའི་ངང་དུ་ཐིམ། །སྐྱེ་མེད་ཡུམ་ཆེན་དགོངས་པ་མངོན་གྱུར་ཅིག །ཕཊ་ཕཊ་ཕཊ། དེ་ནས་ཁྲུས་ཆུ་ཆངས་བུ་དུར་ཁྲོད་གཅིག་ཏུ་གཏོར། །གཉན་ས་ཡིན་ན་འཕྲལ་དུ་ཕྱོགས་ཕྱོགས་གཏོར། །དེ་ཡང་མཐའ་གཏད་སྤུར་གཟུགས་བསྲེག་པ་དང་། མེའི་མཐའ་གཏད་སོགས་ལ་ཆངས་བུ་བརྒྱ་རྩ་དགོས་པས། དེ་ཉིད་ཆངས་བུ་བརྒྱ་རྩ་ཡིན་པར་འདོད་པ་མི་འཐད་དེ། གཉན་ཆེན་མཐའ་གཏད་མེ་ཆུ་མཐའ་གཏད། འབྱུང་བའི་གཟེར་བུ་དང་བཞི་ནི་མཐའ་གཏད་ཡིན། ཚོགས་ཀྱི་བསྟབ་པ་དྲག་པོ་དང་། ཆ་དྲུག་དང་། ཆངས་བུ་བརྒྱ་རྩ་རྣམ་གསུམ་ནི་བསྟབ་པ་ཡིན་ལ། དེ་ཡང་རང་རེའི་ན་ཚ་སྡུག་བསྔལ། སྔོན་གྱི་ལན་ཆགས་ཤ་མཁོན་བྱང་ཞིང་ལྷ་འདྲེའི་འཁུ་ལྡོག་ཞི། གཉན་སར་རུང་ཞིང་ཕན་ཡོན་ཆེ། ཟུར་མང་ལུགས་ཀྱི་དམིགས་འབུམ་ཆེན་མོ་ན། འདི་ཡི་རྩ་བ་ཡོད་ཀྱང་། ཕྱག་ལེན་གྱི་བརྒྱུད་འདྲ་མིན་མང་པོ་འདུག་ཅིང་། འདོན་ཆ་གསལ་པོ་མ་བྱུང་བས། འཕྲལ་དགོས་ཞིག་གི་ཆེད་དུ། དགེ་སློང་རཱ་ག་ཨ་སྱེས་བསྒྲིགས་པ་ཉེས་འགལ་མཆིས་ན། མ་ཅིག་མཁའ་འགྲོའི་ཚོགས་ལ་བཤགས། དགེ་བས་འགྲོ་ཕན་རྒྱ་ཆེན་འབྱུང་བར་ཤོག །གངྒ་ལཾ།།

ཟླ་གསང་འཆི་བསླུ།

ཟླ་གསང་ཚེ་སྒྲུབ་འཆི་བདག་འཇོམས་པའི་ཉེར་མཁོ་འཆི་བསླུའི་རིམ་པ་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། །ཚེ་སྒྲུབ་འཆི་བདག་འཇོམས་པའི་ཉེར་མཁོ་འཆི་བསླུའི་ཆོ་ག་ནི་བཞི། ཕྱི་ནང་གསང་བ་དེ་ཁོ་ནའོ། །དང་པོ་ཕྱི་ཡི་འཆི་བསླུ་ནི། གཏོར་མ་སཱཙྪ་སྲོག་འདོན་སོགས་བྱ་ཞིང་། གཞན་ཡང་རིག་འཛིན་སངས་རྒྱས་གླིང་པའི་ཟབ་གཏེར་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་ལས། རང་ཉིད་ཁ་སྣའི་ཆུ་དག་དང་། །མིག་རྣག་དྲི་ཆེན་དྲི་ཆུ་དང་། །སྐྲ་སེན་ལུས་བཀྲུས་ཁུ་བ་ཡིས། །འབྲུ་སྣའི་དར་ཕྱེ་སྦྲུས་པ་ལས། །མི་གཟུགས་དཀར་སེར་དམར་ལྗང་དང་། །ཁྲ་བོ་གཅིག་དང་ལྔ་བྱས་ལ། །དར་ཚོན་བལ་ཚོན་འབྲུ་སྣ་གཟུགས། །ཟན་ཆང་རང་གི་ལོ་གྲངས་བྱ། །གཙང་མའི་སྣོད་དུ་འབྲུ་སྣའི་ཁར་། །བཞག་ལ་རང་གི་གོས་དུམ་བཀོན། །སྔགས་དྲུག་ཕྱག་རྒྱའི་ཏིང་འཛིན་གྱིས། །བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཧཱུྃ། བཅོམ་ལྡན་ཤཱཀྱ་ཐུབ་པའི་བྱིན་རླབས་དང་། །ཐལ་མོ་ཁོང་སྟོང་ཨ་དཀར་འོད་ཟེར་གྱིས། །གླུད་གཏོར་ཉེས་སྐྱོན་དྲི་མ་དག་པར་གྱུར། །ༀ་སྭ་བྷཱ་སོགས། མདུན་དུ་བགེགས་ཆེན་སྡེ་བཞི་ལ། །ལྷ་ཀླུ་བདུད་བཙན་རྒྱལ་བསེན་དང་། །ཚེ་རབས་འཁོར་བ་ཐོག་མེད་ནས། །ཚེ་སྲོག་བར་དུ་གཅོད་པ་ཡི། །ལན་ཆགས་གླུད་ཀྱི་བདག་པོ་རྣམས། །དཔག་མེད་ཁྲོམ་ཚོགས་བཞིན་དུ་གསལ། །བྷྲཱུྃ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བ། །སྟོང་གསུམ་ཙམ་གྱི་ནང་དུ་ཁཾ་ཡིག་ལས། །ངར་གྱི་མི་ཆེན་ཁོག་སྟོད་གསེར་ལས་གྲུབ། །ཁོག་སྨད་དངུལ་དང་སྐེད་པ་མཆོང་ལས་གྲུབ། །ལག་པ་གསེར་དངུལ་རྐང་པ་ཟངས་དང་ལྕགས། །ཞོ་ཤའི་སྙིང་དང་མུ་ཏིག་ཀླད་པ་དང་། །ལུང་ཐང་མིག་དང་ཟེར་མོའི་སྒྲོ་ཡི་སྐྲ། །བྱེ་རུའི་ལྗགས་ལ་མགྲོན་བུའི་སོ་བྱས་པ། །ཁམས་དང་སྐྱེ་མཆེད་དབང་པོ་ཡོངས་སུ་རྫོགས། །སྨྲ་མཁས་ལྗགས་ལྗགས་འགྲོ་མཁས་ལྡེམ་ལྡེམ་བྱེད། །གཅིག་ལས་བརྒྱ་སྟོང་བྱེ་བ་དུང་ཕྱུར་འཕྲོ། །སྣང་སྲིད་ལྷ་འདྲེ་བགེགས་རིགས་སྤྱན་ལམ་དུ། །མི་བས་གླུད་བཟང་ལྷ་ཡི་བུ་ཕོ་འདྲ། །གླུད་གཏོར་སོ་སོར་ཡིད་མཐུན་འདོད་ཡོན་ལྔ། །ཟད་མེད་སྟོང་གསུམ་འཇིག་རྟེན་གང་བར་གྱུར། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས། །མཆོག་སྦྱིན་ཕྱག་རྒྱ་ཏྲཱྃ་སེར་འོད་འཕྲོས་པས། །མགྲོན་རྣམས་ཀུན་ལ་ཟད་མེད་ལོངས་སྤྱོད་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་ས་ཕ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཅོམ་ལྡན་སྣང་བ་མཐའ་ཡས་བྱིན་རླབས་ཀྱིས། །པདྨའི་ཕྱག་རྒྱ་ཧྲཱིཿདམར་འོད་ཟེར་འཕྲོས། །གླུད་གཏོར་འཆི་གསོས་སྨན་གྱི་བདུད་རྩིར་གྱུར། །ༀ་བཛྲ་ཨམྲྀ་ཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བཅོམ་ལྡན་དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས། །སྐྱབས་སྦྱིན་ཕྱག་རྒྱ་ཧ་ལྗང་འོད་ཟེར་གྱིས། །བསྔོས་པ་ཙམ་གྱིས་མགྲོན་རྣམས་ཚིམ་པར་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། བཅོམ་ལྡན་མི་བསྐྱོད་པ་ཡི་བྱིན་རླབས་ཀྱིས། །ས་གནོན་ཕྱག་རྒྱ་ཧཱུྃ་སྔོན་འོད་ཟེར་གྱིས། །འཐབ་རྩོད་ཕམ་རྒྱལ་མེད་པར་ཐོབ་པར་གྱུར། །ༀ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། བཅོམ་ལྡན་རྣམ་པར་སྣང་མཛད་བྱིན་རླབས་ཀྱིས། །བྱང་ཆུབ་ཕྱག་རྒྱ་ༀ་དཀར་འོད་ཟེར་གྱིས། །མགྲོན་རྣམས་བདག་གི་དབང་དུ་འདུས་པར་གྱུར། །ༀ་ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧྱེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཅིང་། །བགེགས་རྣམས་མ་ལུས་འཇོམས་བྱེད་པ། །དངོས་གྲུབ་མ་ལུས་རྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །ནམ་མཁའ་སྟོང་པ་འགུགས་བྱེད་ན། །སེམས་ཅན་རྣམས་ལ་སྨོས་ཅི་དགོས། །སེམས་མེད་པ་ཡང་འགུགས་བྱེད་ན། །ལུས་སེམས་ལྡན་པ་སྨོས་ཅི་དགོས། །འདི་རུ་གནོད་བྱེད་འགུགས་ཏུ་གསོལ། །ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་གཟུགས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་དེ་བཞིན་ཉིད་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། བདག་དང་སྦྱིན་བདག་གི་ཚེ་སྲོག་ལ་བར་དུ་གཅོད་པའི་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་གླུད་ཀྱི་གཏོར་མ་ལེན་པའི་སླད་དུ་འདིར་མཆིས་པར་གྱུར་ཅིག །ལན་གསུམ། རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤིགས་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་བྱིན་བརླབས་ནས། ཧཱུྃ། འཆི་བདག་གཤིན་རྗེའི་རྒྱལ་པོ་དང་། །སྟེང་འོག་བར་གསུམ་གདོན་ཚོགས་དང་། །ཕོ་འདྲེ་མོ་འདྲེ་མ་ནིང་གདོན། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས། །མི་བས་ལྷག་པའི་གླུད་གཏོར་འདི། །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །འདོད་སྲེད་ཆགས་དང་ཞེན་པ་དང་། །དྲན་དང་མཐོང་རིག་བཟུང་བ་ཀུན། །བརྟུལ་ཞིག་ལྷོད་ཅིག་ད་ཁྲོལ་ཞིག །སྔོན་གྱི་ལན་ཆགས་ཤ་འཁོན་དང་། །བུ་ལོན་འཕྲལ་གྱི་རྐྱེན་ལ་སོགས། །གང་ཡིན་མ་ལུས་འཁོར་བར་མཛོད། །དེ་རིང་ཡོན་གྱི་བདག་པོ་ཡི། །འཆི་རྐྱེན་མ་ལུས་བསྒྱུར་དུ་གསོལ། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་གྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །གདོན་བགེགས་འབྱུང་པོ་མ་ལུས་པའི། །བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །ཧཱུྃ། ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས། །བྱང་ཆུབ་སྒྲུབ་ལ་མི་དགའ་ཞིང་། །ལུས་སེམས་སྦྱོར་བ་ངན་པ་ཡི། །མི་ལ་གནོད་ཅིང་འཚེ་བྱེད་པ། །ཚེ་ལ་རྐུ་ཞིང་སྲོག་ལ་འཇབ། །གཤེད་དང་ལྕགས་དང་བླ་ཁྱེར་བྱེད། །འབྱུང་པོའི་རིགས་རྣམས་གང་ཡང་རུང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །ནད་ཡམས་དལ་གྱི་བདག་མོ་སོགས། །ཚེ་དང་སྲོག་ལ་གནོད་བྱེད་པའི། །བདུད་སྡེ་དཔུང་བཅས་ཕྱིར་དེངས་ཤིག །ལན་ཆགས་གླུད་གཏོར་བྱིན་ནས་ཀྱང་། །བསྒོ་བའི་བཀའ་ལ་མི་ཉན་ན། །དབང་ཆེན་ཁྲོས་པའི་ང་རྒྱལ་གྱིས། །རྟ་སྐད་འཚེར་ཞིང་མཚོན་ཆས་བཏུབ། །རྡོ་རྗེ་འཛིན་ཡང་འཇིག་ནུས་ན། །བགེགས་ཚོགས་རྣམས་ལ་སྨོས་ཅི་དགོས། །ལུས་ངག་ཐལ་བར་བརླག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །དེ་བས་མ་རུང་གདུག་པའི་ཚོགས། །སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག །ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀ་ཧ་ན་གྲྀ་ཧ་ན་ཧཱུྃ། གྲྀ་ཧ་ན་པ་ཡ་གྲྀ་ཧ་ན་པ་ཡ་ཧཱུྃ། ཨ་ན་ཡ་ཧོ་བྷ་ག་ཝན་བིདྱ་ར་ཛ་ཀྲོ་དྷ་ཡ་ཧཱུྃ་ཕཊ། ཚེ་དང་སྲོག་ལ་བར་དུ་གཅོད་པ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ། །ཅེས་བརྗོད་ཕྱི་མིག་མི་བལྟ་བར། །ཆུ་ཆེན་གཞུང་དུ་བསྒྱུར་ལ་བཏང་། །ལོ་གསུམ་འཆི་བ་བཟློག་པར་འགྱུར། །འཆི་ལྟས་ཕྲ་མོ་མ་བྱུང་ཡང་། །ལོ་ཟད་ཟླ་ཟད་འདི་བྱས་ན། །རིམ་འགྲོ་ཀུན་གྱི་མཆོག་ཏུ་འགྱུར། །ཞེས་པ་འདི་ནི་ཧྱ་གྲྀ་ཝ་ནཱ་ཐས་ཁྱེར་བདེར་བསྒྲིགས་པ་འདིས་ཀྱང་སྐྱེ་འགྲོ་མཐའ་དག་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག།

ཤེར་སྙིང་བདུད་ཟློག

བཀའ་འཁོར་ལོ་བར་པའི་ཡང་བཅུད་ཤེས་རབ་སྙིང་པོའི་མདོ་ལ་བརྟེན་པའི་བདུད་ཟློག་བར་ཆད་ཀུན་སེལ་ལག་ལེན་བལྟས་ཆོག་ཏུ་བཀོད་པ་རྣམ་ཐར་སྟོབས་བསྐྱེད་ཅེས་བྱ་བ་བཞུགས་སོ།། །།

སྤྲོས་པའི་མཐའ་བྲལ་སྨྲ་བསམ་བརྗོད་ལས་འདས། །རྒྱལ་བའི་ཡུམ་གྱུར་དེ་ལ་གུས་བཏུད་ནས། །གསུང་རབ་ཡང་བཅུད་ཤེས་རབ་སྙིང་པོ་ཡི། །བདུད་ཟློག་ལག་ལེན་བལྟས་པས་ཆོག་པ་བྲིས། །འཕགས་ཡུལ་ནས་འགྱུར་པའི་གཏོ་དཀར་བཞི་ཞེས་གྲགས་པ་ཁུང་དང་ལྡན་ཅིང་བྱིན་བརླབས་ནུས་མཐུ་རྨད་དུ་བྱུང་བའི་ཡ་གྱལ་ཤེར་སྙིང་བདུད་ཟློག་འདི་ལ་སྤྱི་དོན་གཉིས། ལོ་རྒྱུས་དང་། གཞུང་གི་ཉམས་ལེན་ནོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། སྤྱན་རས་གཟིགས། ཐུགས་རྗེ་ཆེན་པོ་བློ་གྲོས་རིན་ཆེན། གསེར་གླིང་པ། ཇོ་བོ་ཨ་ཏི་ཤཱ། དགེ་བཤེས་སྟོན་པ། པུ་ཏོ་བ་རིན་ཆེན་གསལ། རིང་མོ་འབྱུང་གནས་རྡོ་རྗེ། གྱི་ལྗང་དབུ་དཀར་བ། མཆིམས་ཆེན་ནམ་མཁའ་གྲགས་པ། འཁོར་ཀུ་མཱ་ར་བུདྡྷ་ནས་རིམ་བཞིན་བརྒྱུད་པའི་ཟམ་མ་ཆད་པར་བྱུང་བའི་གདམ་ངག་སྟེ། ཡིད་ཆེས་པའི་ལོ་རྒྱུས་ཀྱང་། གྱི་ལྗང་དབུ་དཀར་བས་འདི་ཉིད་ཡི་དམ་མཛད་ཅིང་ཡིད་ཆེས་པར་ཡོད་པ་ལས། ཡུལ་དེར་གྱི་ལྗང་ཀུ་ལོ་ཞེས་བྱ་བ་ཡོད་པས་དེས་གཤིན་རྗེ་དམར་ནག་དང་མོན་པ་དམར་ནག་ལ་སོགས་པ་མངོན་དུ་རྒྱུག་བཏུབ་པར་མཁྱེན་པས་ཁོང་གིས་མི་མང་པོ་མཐུས་བསྒྲལ་བ་ལ། ཉིན་གཅིག་གྱི་ལྗང་དབུ་དཀར་བས་ཀུ་ལོ་ལ་ཞལ་སྐྱེམས་དྲངས་གོས་བཀོན། བསླབ་བྱ་བྱས་ནས། ཁྱོད་ཀྱིས་མཐུ་མྱུར་པོ་དགོངས་ཀྱང་ཕྱི་མ་རྣམ་སྨིན་ཤིན་ཏུ་ལྕི་བ་ཡོད་ཚུལ་སོགས་ཞུས་པས། ཁོང་གི་མཚང ས་ལ་ཕོག་ནས་ཁྲོས་ཏེ་ཁྱོད་ཞག་བདུན་བས་ཕན་ཆད་དུ་མི་བཞག་ཟེར་ནས་མནའ་བསྐྱལ་ཏེ་ཀུ་ལོ་ཁྲོས་ནས་སོང་བས། དབུ་དཀར་བས་འདི་ཉིད་ཀྱི་སྒྲུབ་པ་མཛད་པས། ཞག་བདུན་ནས་ཁོ་རང་གི་མཐུ་ཁོ་རང་ལ་ལྡོག་སྟེ་འཆིའོ། །དེས་ན་བྱད་ཟློག་ཀྱང་ཁྱད་པར་དུ་འཕགས་སོ། །ཡང་རྒྱ་ནག་ཕ་ཅོ་ཞིག་ལ་རྒྱལ་པོས་གནོད་པ་ལ། རྩིས་མཁན་གྱི་རྩིས་བྱས་པས། བུ་ཆུང་གི་རོ་ལ་གཏོ་བྱས་ཏེ་ཇ་སིག་གཅིག་གི་ནང་དུ་བཅུག་ནས་དབུས་སུ་བསྐུར་ན་ཕན་ཟེར་དེ་ལྟར་བྱས་ནས་དབུས་སུ་བསྐུར། འཕན་ཡུལ་དུ་དབུས་པ་དགེ་སེར་གྱིས་ཉོས་པ་ལ། རྒྱལ་པོས་དགེ་སེར་ལ་གནོད་ནས་རྟ་དྲེལ་བོང་གསུམ་ཐམས་ཅད་མེད་པར་བྱས་སོ། །རྒྱལ་པོ་དངོས་སུ་མཐོང་རྒྱུ་ཡོད་པར་འདུག་པས། དགེ་སེར་གྱིས་རྒྱལ་པོ་ལ་དྲིས་ནས་ཁྱོད་སུ་ལ་འཇིགས་བྱས་པས། ང་གྱི་ལྗང་དབུ་དཀར་ལ་འཇིགས། དེ་བས་སུ་ལ་མི་འཇིགས་ཟེར། དགེ་སེར་གྱིས་རྒྱལ་པོ་ལ་སྨྲས་པ། གྱི་ལྗང་དབུ་དཀར་བ་ངས་བསད་པས་ཆོག དབུ་དཀར་བ་འདུག་པ་ལ་ལམ་རྒྱུས་གྱིས་ཤིག་བྱས་ནས་ཁོ་བསླུས་པས། རྒྱལ་པོ་དེས་ཀྱང་ལམ་མཁན་བྱས་ནས་དབུ་དཀར་བའི་རྩ་རུ་ཕྱིན་ཏེ། དགེ་སེར་གྱིས་སྔར་གྱི་ལོ་རྒྱུས་རྣམས་ཞུས་པས། རྒྱལ་པོ་བསྐྲད་པའི་མན་ངག་འདི་ཉིད་སྒྲུབ་ཐབས་བཅས་གནང་། དགེ་སེར་གྱིས་བདུད་ཟློག་བྱས་པས་དེ་ཕྱིན་ཆད་རྒྱལ་པོའི་གནོད་པ་ཞི་ཞིང་། བློ་ཆོས་སུ་བཀོལ་བཏུབ་པ་བྱུང་ངོ་། །དེ་ནས་རྒྱལ་པོ་སྔར་བཞིན་རྒྱ་ནག་ཡུལ་དུ་ལོག་ནས་སྔར་གྱི་ཕ་ཅོའི་རྩར་སོང་བས། ཕ་ཅོས་རྒྱལ་པོ་ཁྱོད་ལོ་མང་པོའི་བར་གར་ཕྱིིན་བྱས་པས་དབུས་སུ་ཕྱིན་པས་དང་པོ་སྐྱིད་པོ་བྱུང་། ཕྱིས་སུ་སྡུག་པོ་རང་བྱུང་ཟེར། སུ་ལ་འཇིགས་ནས་འོང་དྲིས་པས། ང་གྱི་ལྗང་དབུ་དཀར་བ་དང་དགེ་སེར་ལ་འཇིགས་ནས་འོང་། ད་བར་དགེ་སེ ར་རྩ་རུ་བསྡད་ཟེར། ཕ་ཅོས་ཡང་དབུས་སུ་འགྲོ། ཁྱོད་ཀྱི་ལམ་མཁན་གྱིས། དགེ་སེར་གྱི་རྩ་རུ་ངེད་རང་གཉིས་འགྲོ་ལ་འདུག་བྱས་ཏེ། ཁོ་རང་གིས་ལམ་མཁན་བྱས་ནས་འོང་བས། དགེ་སེར་དང་ཕ་ཅོ་འཕྲད་དེ་སྔར་གྱི་ལོ་རྒྱུས་རྣམས་ཞུས་ཤིང་འབུལ་བ་བཟང་པོ་ཕུལ་ནས། རྒྱལ་པོ་བསྐྲད་པའི་ཐབས་གྱི་མན་ངག་ཞུས་འདི་ཉིད་གནང་ནས་སྒྲུབས་གསུང་བར། ཕ་ཅོས་བསྒྲུབ་པས་དེ་ཕྱིན་ཆད་རྒྱལ་པོའི་གནོད་པ་མ་བྱུང་ངོ་། །དེ་སོགས་ཐུན་མོང་གི་དངོས་གྲུབ་གང་འདོད་འབྱུང་ཤིང་། ཁྱད་པར་དུའང་མཆོག་གི་དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད་དོ། །གཉིས་པ་ཉམས་ལེན་དངོས་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བ་ནི། གཞི་དཀར་པོའི་སྟེང་དུ་མེ་ཏོག་སིལ་མ་བཀྲམ་ལ། དབུས་སུ་སྟེགས་བུ་མཐོ་བའི་སྟེང་དུ་གདན་བཟང་པོ་ལ་ཐུབ་པའི་སྐུ་བརྙན་བྲིས་འབུར་གང་རུང་རབ་གནས་མ་ཉམས་པར་ཞལ་རང་ལ་བསྟན་ནས་བཞུགས་སུ་གསོལ་བའི་མཐར་མཚམས་འཛིན་མེ་ཏོག་ནས་བཟུང་སྟེ་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཤམས། དེ་ལས་དམའ་བའི་སར་མདུན་ངོས་སུ་སྡེར་སྣོད་ལྟ་བུར་ཡོན་བདག་གི་འདྲ་གླུད་སྐྱེ་མཆེད་ཚང་ཞིང་རྒྱན་གྱིས་བརྒྱན་པ་གོས་དྲི་ཅན་བཀོན་ལ་དར་ཟབ་གསེར་གཡུ་འབྲུ་སྣ་སོགས་གླུད་རྫས་ཚང་བས་བསྐོར་བ་ཁ་ཕར་གྱུ་སྟེ་བཞག དེའི་ཕྱི་རོལ་དུ་ཤར་དུ་ཞལ་ཟས། ལྷོར་གཏོར་མ་མེ་ཏོག་གི་དབྱིབས་ཅན། ནུབ་ཏུ་དཀར་གཏོར། བྱང་དུ་དམར་གཏོར་རྣམས་ཐེབ་ཙེ་སོགས་སུ་བཤམས། དེ་དག་གི་ཕྱི་རོལ་དུ་ཕྱོགས་བཞིའི་གླུད་དང་འདོད་ཡོན་རྣམས་གྲུ་བཞིར་བཅད་དེ་བཞག་དགོས་པས། དེའང་ཤར་ངོས་གླུད་ཡོད་པའི་ཕྱི་རོལ་དུ་ཁལ་བདུན། དེའི་ཕྱིར་ཁྱི་བདུན། དེའི་ཕྱིར་ཆང་བུ་བདུན། དེའི་ཕྱིར་ཐེབ་སྐྱུ་བདུན། དེའི་ཕྱིར་ཤ་དུམ་བདུན། དེའི་ཕྱིར་ཟན་ཆད་བདུན། དེའི་ཕྱིར་ལྷའི་བུའི་བདུད་མི་རྟ་དཀར་པོ་གཡས་མེ་ཏོག་དང་གཡོན་ཞགས་པ་བསྣམས་པ་བདུན་ཁ་ནང་བསྟན་དུ་བཀོད། དེ་འགྲེས་ཏེ། ལྷོ་དང་། ནུབ་དང་། བྱང་ངོས་ལའང་རང་ནང་ནས་ཕྱི་རིམ་བཞིན། ཁལ། ཁྱི། ཆང་བུ། མཐེབ་སྐྱུ། ཤ་དུམ། ཟན་ཆད་རྣམས་བདུན་རེ་དང་། ལྷོར་ཉོན་མོངས་པའི་བདུད་མི་རྟ་སེར་པོ་གཡས་རལ་གྲི་དང་གཡོན་ཞགས་པ་བསྣམས་པ་བདུན། ནུབ་ཏུ་ཕུང་པོའི་བདུད་མི་རྟ་དམར་པོ་གཡས་མདུང་དར་དང་གཡོན་ཞགས་པ་བསྣམས་པ་བདུན། བྱང་དུ་འཆི་བདག་གི་བདུད་མི་རྟ་ནག་པོ་གཡས་ཁྲམ་ཤིང་དང་གཡོན་ཞགས་པ་བསྣམས་པ་བདུན་རེ་ཁ་ནང་བསྟན་དུ་བཞག དེའི་གཡོན་ནམ་བདུན་ཕྱོགས་གང་བདེར་བདུད་ཟློག་གི་མར་གཞི་ནག་པོ་རེ་ཕྱར་ལྟ་བུ་བཏིང་། འཛོམ་ན་རྐང་གསུམ་མམ་སྟེགས་ཆུང་ངུ་ཞིག་བཞག གཞན་ཡང་ཆོས་སྲུང་གཏོར་འབུལ་བྱེད་ན་རང་ལུགས་རྒྱས་བསྡུས་གང་བྱེད་ཀྱི་གཏོར་མ་དང་། རྗེས་ཆོག་སྐབས་མཆོད་ཁ་གསོ་རྒྱུའི་ཞལ་ཟས། བརྫོང་འདེབས་འབྲུ་དཀར་ནག སྒོ་དབྱེའི་གསེར་སྐྱེམས་དང་དཀར་གཏོར། སྒྲུབ་པ་པོའི་རོལ་ཆ་སོགས་འཚོགས་པར་བྱའོ། །འདོན་མཁན་དགེ་སློང་བཞི་སྡེ་ཞིག་ཡོད་ན་མཆོག་ཡིན་ལ། མ་འཛོམ་ན་དགེ་སློང་གཅིག་གིས་ཀྱང་ཆོག་གོ །གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད། མདུན་བསྐྱེད། བདུད་ཟློག་དངོས་སོ། །དང་པོ་ནི། ཁ་ཅིག་གིས་བདག་བསྐྱེད་ཡི་དམ་གང་མོས་ལ་བྱ་བར་བཤད་པ་དང་། ཐུབ་པ་རྡོ་རྗེ་གདན་ལ་བྱེད་པ་དང་། བདག་བསྐྱེད་གཏན་མ་ཤེས་པ་སོགས་འདུག་ཀྱང་། གང་ལས་བྱུང་བའི་ཁུངས་དང་བརྒྱུད་པ་གོང་མའི་ཕྱག་ལེན་གྱི་འགྲེལ་ལས་བཀའ་གདམས་ལྷ་བཞིའི་ཐུབ་པའི་བདག་བསྐྱེད་ཉིད་ལེགས་པས་དེ་ལྟར་ན། ཐོག་མར་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ཡན་ལག་བདུན་པའི་ཚིགས་བཅད་ཚང་བར་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམས། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་སེར་པོ། དེའི་འོད་ཀྱིས་ལུས་གང་། འོད་ཀྱི་ཕུང་པོར་གྱུར། དེ་ལས་རང་ཉིད་ཐུབ་པའི་དབང་པོའི་སྐུར་གྱུར་པ་ནི། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་། གཡོན་མཉམ་བཞག་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རབ་ཏུ་བྱུང་བའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་། ཆོས་གོས་རྣམ་གསུམ་གསོལ་བ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང་། ཐུགས་མཉམ་པར་བཞག་པའི་བདག་ཉིད་དུ་གྱུར། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ། དེ་ལས་འོད་འཕྲོས་ཐུབ་པ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཡིད་ཀྱིས་ཕྱག་མཆོད་བྱ། ཛཿཧཱུྃ་བྃ་ཧོཿ སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམས་ལ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཅི་ནུས་བཟླས་ལ་མཐར། རང་གི་ཡེ་ཤེས་པ་མདུན་དུ་བཞུགས་པར་གྱུར། ༀ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱི་ཙྪ་ཨཱཿཧཱུྃ། ཞེས་པས་མཆོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་འདོད་དོན་གསོལ་བ་གདབ། དགེ་བ་འདི་ཡིས་མྱུར་དུ་བདག །ཐུབ་པའི་དབང་པོ་སོགས་ཀྱིས་དགེ་བ་བསྔོ། ༀ་མུཿ ཞེས་བརྗོད་ལ་གཤེགས་སོ། །རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་སོ། །གཉིས་པ་མདུན་བསྐྱེད་ཐོག་མར་མཆོད་པ་བྱིན་བརླབས་པ་ནི། ༀ་ཨཱཿམྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང་། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཞེས་དང་། སོ་སོའི་ཕྱག་རྒྱ་དང་བཅས་པས། ༀ་བཛྲ་ཨརྒྷཾ་སྭཱ་ཧཱ། ཐོག་མཐའ་དེས་འགྲེས་ཏེ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་སྦྱར། ༀ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲ་ཛྙཱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་ཝེ་ན། བཛྲ་དྷརྨཱ་ཧྲཱིཿ ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་རོལ་མོ་དང་བཅས་པས་བྱིན་དབབ་བོ། །དེ་ནས་མདུན་བསྐྱེད་ཀྱི་རྟེན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ་ལས་བསྟན་པའི་བདག་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དབུ་ལ་གཙུག་གཏོར་དང་ཞབས་ལ་འཁོར་ལོ་ལ་སོགས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ན་བཟའ་ཆོས་གོས་རྣམ་པ་གསུམ་གསོལ་ཞིང་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་འཁོར་དུ། གཡས་ཕྱོགས་ནས་འཕགས་པ་སྤྱན་རས་གཟིགས་དཀར་པོ་པདྨ་དང་དྲིལ་བུ་འཛིན་པ། འཇམ་དཔལ་དབྱངས་གུར་གུམ་གྱི་མདོག་ཅན་རལ་གྲི་དང་པུསྟི་འཛིན་པ། ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། སའི་སྙིང་པོ་སེར་པོ་རལ་གྲི་དང་དྲིལ་བུ་འཛིན་པ། སྒྲིབ་པ་རྣམ་སེལ་དཀར་པོ་རིན་པོ་ཆེའི་སྙེ་མ་དང་དྲིལ་བུ་འཛིན་པ། བྱམས་པ་སེར་པོ་ཀླུ་ཤིང་དང་དྲིལ་བུ་འཛིན་པ། ཀུན་ཏུ་བཟང་པོ་སྔོན་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ནམ་མཁའི་སྙིང་པོ་སྔོན་པོ་རལ་གྲི་དང་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་རང་གི་གདན་ལ་བཞུགས་པ། གཡོན་ཕྱོགས་ནས་འཕགས་པ་ཤཱ་རིའི་བུ། མཽའུ་གལ་གྱི་བུ། འོད་སྲུང་། ཀུན་དགའ་བོ། ནོར་སྦྱིན་འཛིན། ཉེ་བར་འཁོར། མ་འགགས་པ། རབ་འབྱོར་ཏེ་ཐམས་ཅད་ཀྱང་ལྷུང་བཟེད་དང་མཁར་གསིལ་འཛིན་པ། ཆོས་གོས་རྣམ་གསུམ་བཀླུབས་ཤིང་པུས་མོ་གཡས་པའི་ལྷ་ང་གདན་ལ་བཙུག་པའི་ཚུལ་གྱིས་བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་ཞིང་བཞུགས་པ། འཁོན་གཞོན་ནུ་སངས་རྒྱས་ཀྱི་གཞུང་དུ་སྟོན་པའི་གཡས་སུ་སྤྱན་རས་གཟིགས་དང་གཡོན་དུ་ཤཱ་རིའི་བུ་གཙོ་འཁོར་བཀོད་པ་འདི་ཤེས་རབ་སྙིང་པོའི་གླེང་གཞི་དང་མཐུན་པར་གོ །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་སྟོན་པ་ཤཱཀྱའི་རྒྱལ་པོ་ལ། འཁོར་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་རང་གི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་པའི། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ༀ་ཛཿཧཱུྃ་བྃ་ཧོཿ བྷ་ག་ཝཱན་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡཱསྟྭཾ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིག་གནང་བར་མཛོད། ༀ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ། དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝི་དྱའི་བར་འགྲེས་སྦྱར། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་བཞུགས་པར་མོས། མདོ་འདོན་པའི་དམིགས་པ་ནི། གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་དུ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་བ། ཡུམ་ཆེན་མོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨཱཿ དེའི་མཐར་ཤེས་རབ་ཀྱི་སྙིང་པོའི་མདོའི་ཡིག་འབྲུ་རྣམས་གསལ་བ་ལས་རང་སྒྲ་དང་བཅས་འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ། བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་རང་དང་བསྲུང་བྱ་རྣམས་ཀྱིས་གཙོར་བྱས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག །ནད་གདོན་བར་ཆད་ཐམས་ཅད་ཞི་ནས་སྟོང་ཉིད་བཅོ་བརྒྱད་ཀྱི་དོན་རྒྱུད་ལ་སྐྱེས་པར་གྱུར། ཅེས་པའི་སྤྲོ་བསྡུ་དང་། གཙོ་འཁོར་ཀུན་གྱིས་མགྲིན་གཅིག་ཏུ་གསུང་བར་མོས་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་སོགས་ནས། མངོན་པར་བསྟོད་དོའི་བར་ཅི་འགྲུབ་འདོན། དེ་ནས་མཆོད་པ་བྱིན་རླབས་གོང་བཞིན་བྱས་ལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཚིགས་བཅད་དང་སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། མེ་ཏོག་ཇི་སྙེད་དང་། པུཥྤེ། བདུག་སྤོས་དང་། དྷཱུ་པེ། སྣང་གསལ་དང་། ཨཱ་ལོ་ཀེ། དྲི་ཆབ་དང་། གནྡྷེ། ཞལ་ཟས་དང་། ནཻ་ཝཱི་དྱ། རོལ་མོ་ཇི་སྙེད་ཡོད་པ་དང་། སོགས་ནས ། ༀ་སརྦ་ཏ་ཐཱ་ག་ཏ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ༀ་བཛྲ་དྷརྨཱ་ར་ཎི་ཏ། སོགས་བརྗོད། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱའི་མཐར་སེ་གོལ་དང་། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ རྒྱས་པར་སྤྲོ་ན། བདེ་བར་གཤེགས་པ་སོགས་རྒྱལ་སྲིད། ཁ་དོག་དབྱིབས་ལེགས་སོགས་ཀྱིས་འདོད་ཡོན་འབུལ། བསྡུ་ན། མི་དབང་རིན་ཆེན་རྣམ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་པ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་འབུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ༀ་སཔྟ་མ་ཧཱ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱོགས་དུས་ཀུན་ནས་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་ཏུ་གསོལ། །ༀ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ཙམ་བརྗོད། བསྟོད་པའང་སྤྲོ་ན་སེམས་བརྩེ་མ་སོགས་བདེ་གཤེགས་སྤྱི་བསྟོད་ཀྱང་བྱ། བསྡུ་ན། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པའི། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་ཏེ། །ཕྱོགས་བཅུའི་འགྲོ་བ་ཡོངས་སུ་སྐྱོབས་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །སྟོན་པའི་རྟགས་འཆང་ཉན་ཐོས་མཆོག །ལྷུང་བཟེད་མཁར་གསིལ་པུ སྟི་འཛིན་། །བསླབ་སྦྱང་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཅེས་པས་བསྟོད། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་གྱིས་ཡན་ལག་བདུན་པ་འབུལ་ལོ། །མདུན་བསྐྱེད་འདི་ལའང་འདྲ་མིན་འགའ་ཞིག་འཕེལ་འདུག་ཀྱང་འཁོན་གཞོན་ནུ་སངས་རྒྱས་ཀྱི་གཞུང་དུ་འདི་བཞིན་འབྱུང་བ་རྩ་བའི་ཡིག་ཆ་ཡིན་པར་མ་ཟད་ཤེར་སྙིང་གླེང་གཞི་དང་ཡང་མཐུན་པས་ཁུངས་ཆེ་ཞིང་། བདུད་ཟློག་ལས་ཚོགས་ལྟ་བུ་ཡིན་ཅིང་འདི་ཉིད་མདོ་སྒྲུབ་ཀྱི་དངོས་གཞི་ཤིན་ཏུ་གལ་ཆེ་བས་ཐོག་མར་བཟླས་སྒོམ་ནན་ཏན་དུ་བྱེད་པ་གལ་ཆེའོ། །ཆོས་སྲུང་གཏོར་འབུལ་སྤྲོ་ན་མདོར་བསྡུས་ཙམ་འདིར་སྦྱར་རོ། །གསུམ་པ་བདུད་ཟློག་གི་ཆོ་ག་ལ་ས་བཅད་བཅུ་གཅིག་ཡོད་པའི་དང་པོ་བྱིན་གྱིས་བརླབས་པ་ནི། མདུན་གྱི་ཡས་གཟུགས་ལ་ཆབ་ཀྱིས་བྲན་ལ། བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས། །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི། །དྲི་མ་སྦྱངས་ནས་སྟོང་པར་གྱུར། །ཐལ་མོ་ཁོང་སྟོང་སྦྱར་ལ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷ྄ོ྅ཧཾ། ལན་གསུམ་བཟླ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་ཕྱི་མ་རྣམས་ལའང་འགྲེ། ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་ཀྱི། །འབགས་བཙོག་ཉམས་གྲིབ་ཉེས་སྐྱོན་དང་། །མཚན་འཛིན་དྲི་མ་དག་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད། །ཕྱག་རྒྱའི་ཡི་གེའི་ཁ་སྔོན་ལས། །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཐལ་མོ་སྦུབ་སྟོང་གི་སྦྱར་བའི་ཚིག་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས། ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བསྐལ་པའི་བར་དུ་ཟད་མི་ཤེས། །རྒྱ་ཆེ་ནམ་མཁའ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ། །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས། །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོའི་རང་བཞིན་གྱུར། །མཐེ་བོང་བསྣོལ། སོར་མོ་གཞན་རྣམས་གཤོག་པ་ལྟར་གདེངས་པ་ཁ་ཡི་ཐད་དུ་བཞག་ལ། ༀ་བཛྲ་ཨམྲྀ་ཏ་ཀུནྚ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས། །འཆི་སོས་དུག་ལྔའི་སྨན་གྱུར་ཅིག །བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་། །ཕྱག་རྒྱའི་ཡི་གེ་ཏྲཱྃ་སེར་ལས། །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ། །སོ་སོའི་མོས་པ་ཇི་བཞིན་གྱུར། །ལག་གཉིས་འཛུབ་མོ་བསྒྲེངས་པའི་ཁུ་ཚུར་གཡོན་སྙིང་གར་བཞག་ལ། གཡས་བརྐྱངས་ཏེ་རྫས་ལ་གཏོར་བའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། རྒྱལ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །དབང་པོའི་སྤྱོད་ཡུལ་ཚིམ་བྱེད་པའི། །འདོད་ཡོན་སྣ་ཚོགས་ཆར་འབེབས་ཤོག །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ། །ཕྱག་རྒྱའི་ཡི་གེ་ཧ་ལྗང་ལས། །འོད་འཕྲོས་མཆོག་དམན་སྐལ་པ་བཞིན། །འཐབ་རྩོད་མེད་པར་ཐོབ་པར་ཤོག །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས། གཡོན་པ་མཆོག་སྦྱིན་གྱི་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ། ༼གོ་ལྡོག་པའང་སྣང་།༽ ༀ་ཛྙཱན་ཨ་ཝ་ལོ་ཀེ་ཏེ་ས་མནྟ་སྥར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རྣམས་ཀུན། །ཕམ་རྒྱལ་འཁྲུགས་བརྩོད་མེད་པར་ཐོབ། །དགྱེས་ཤིང་རེ་བ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན། །ཕྱག་རྒྱའི་ཡི་གེ་ཛཿདམར་ལས། །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས། །ཕྲིན་ལས་གང་འདོད་སྒྲུབ་པར་གྱུར། །ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་གཤིབས་ཏེ་བརྐྱང་བ་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧྱེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དབྱུང་དར་འཁོར་ལོའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རིགས་ཀུན། །བདག་གི་དབང་འདུས་གང་བཅོལ་ལས། །སྒྲུབ་པའི་སྡོང་གྲོགས་མཛད་གྱུར་ཅིག །མཐར། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང་། །སེམས་ཅན་འདོད་པས་ཚིམ་པ་དང་། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདི་མ་ལུས་པ། །ཐོགས་པ་མེད་པ་འབྱུང་གྱུར་ཅིག །ཅེས་འདུན་པའི་སྟོབས་ཀྱིས་ཀྱང་བྱིན་གྱིས་བརླབ་བོ། །གཉིས་པ་བསྐྱེད་ཅིང་སྤྱན་འདྲེན་པ་ནི། རང་ཉིད་ཐུབ་དབང་ཤཱཀྱའི་རྒྱལ་པོར་གསལ། །མདུན་བསྐྱེད་རྒྱལ་བ་སྲས་བཅས་མཐའ་བསྐོར་གྱི། །ཤར་དུ་ལྷ་བདུད་དཀར་པོ་མེ་ཏོག་གཡས། །ལྷོ་རུ་ཉོན་བདུད་སེར་པོ་རལ་གྲི་གཡས། །ནུབ་ཏུ་ཕུང་བདུད་དམར་པོ་མདུང་དར་གཡས། །བྱང་དུ་འཆི་བདུད་ནག་པོ་ཁྲམ་ཤིང་གཡས། །ཀུན་ཀྱང་ལག་གཡོན་ཞགས་ཐོག་བདུན་བདུན་རེ། །རང་མདོག་རྟ་ལ་ཞོན་ནས་གུས་པས་འཁོད། །ཁལ་དང་ཁྱི་སོགས་རང་རང་གྲངས་མཉམ་ལ། །སོ་སོས་ཅི་འདོད་ཡོན་ཏན་ཆར་དུ་འབེབས། །གནོད་བྱེད་བགེགས་རིགས་ཀུན་གྱིས་བསྐོར་བར་གསལ། །བདག་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་། །དེ་ལས་ཁྲོ་ཆུང་དཔག་མེད་འཕྲོས་པ་ཡིས། །བགེགས་རིགས་ལན་ཆགས་མགྲོན་རྣམས་བཀུག་པར་གྱུར། །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །དཀོན་མཆོག་བདེན་པའི་བྱིན་བརླབས་ཀྱིས། །བར་སྣང་ཁམས་ཀྱང་འགུགས་བྱེད་ན། །ལུས་ཅན་རྣམས་ལ་སྨོས་ཅི་དགོས། །སེམས་མེད་པ་ཡང་འགུ གས་བྱེད་ན། །སེམས་དང་ལྡན་པ་རྨོས་ཅི་དགོས། །འདིར་ནི་གནོད་བྱེད་འགུག་ཏུ་གསོལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། བདུད་བཞི་བདུད་ཀྱི་དམག་ཚོགས་རྣམས་སྐད་ཅིག་གིས་གཟུགས་བརྙན་འདིར་མཆིས་པར་གྱུར་ཅིག ཊཱ་ཀི་ཧཱུྃ་ཛཿ ཞེས་བདེན་སྟོབས་ལན་གསུམ་བརྗོད་ལ། ཀྱེ། ལྷ་བུའི་བདུད་ནི་དཀར་པོ་སྟེ། །སེམས་ཅན་ཆོས་སྤངས་ལས་བྱེད་པ། །ཅི་ཡང་མེད་པའི་གནས་སུ་ནི། །ལྷ་བདུད་དཔུང་དང་སྤྲུལ་པ་བཅས། །གདན་བཤམས་རང་གཟུགས་དམ་པ་འདིར། །སྔགས་འཆང་བདག་གིས་སྤྱན་འདྲེན་ན། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿགཉིས་མེད་ཐིམ། །ཀྱེ། ཉོན་མོངས་བདུད་ནི་སེར་པོ་སྟེ། །སེམས་ཅན་ཉོན་མོངས་འཁོར་བར་འཁྱམས། །ཡོད་མིན་མེད་མིན་གནས་སུ་ནི། །ཉོན་མོངས་བདུད་ཀྱི་དམག་ཚོགས་རྣམས། །སེམས་ཅན་ཉོན་མོངས་བསལ་བའི་ཕྱིར། །སྔགས་འཆང་བདག་གིས་སྤྱན་འདྲེན་ན། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿགཉིས་མེད་ཐིམ། །ཀྱེ། ཕུང་པོའི་བདུད་ནི་དམར་པོ་སྟེ། །སེམས་ཅན་འདུས་པ་བཞི་ལས་བྱུང། །ལུས་དང་གྲིབ་ལྟར་ལྷན་ཅིག་སྐྱེས། །རྣམ་ཤེས་མཐའ་ཡས་གནས་ནས་ནི། །ཕུང་པོའི་བདུད་ཀྱི་དམག་ཚོགས་རྣམས། །སྔགས་འཆང་བདག་གིས་སྤྱན་འ དྲེན་ན། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿགཉིས་མེད་ཐིམ། །ཀྱེ། འཆི་བདག་བདུད་ནི་ནག་པོ་སྟེ། །སེམས་ཅན་འཆི་བའི་ལས་བྱེ ེད་པ། །ནམ་མཁའ་མཐའ་ཡས་གནས་ནས་ནི། །འཆི་བདག་ནག་པོའི་བདུད་ཀྱི་ཚོགས། །དཔུང་དང་གཡོག་འཁོར་བཅས་པ་རྣམས། །སྔགས་འཆང་བདག་གིས་སྤྱན་འདྲེན་ན། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿགཉིས་མེད་ཐིམ། །གསུམ་པ་བཞུགས་སུ་གསོལ་བ་ནི། བདུད་བཞི་བདུད་ཀྱི་དམག་ཚོགས་རྣམས། །ཡོན་བདག་བདུད་བཞི་བསལ་བའི་ཕྱིར། །མཆོད་བསྟོད་བགྱིད་སླད་དེ་སྲིད་བཞུགས །དེ་རིང་ཡོན་བདག་འདི་དག་གི །མཆོད་པ་དམ་པ་འདི་བཞེས་ལ། །བདུད་བཞི་གཡོས་པ་བསྒྱུར་དུ་གསོལ། །བཞི་པ་བདུད་ཟློག་དངོས་ནི། སྤྱིར་གཞུང་གི་དགོངས་པ་ལྟར་ན་དགེ་སློང་བཞི་སྡེ་འཚོགས་པའི་ཚེ། སློབ་དཔོན་གྱིས་འབྲུ་གསུམ་དང་སམྦྷ་རས་བསྔོས་པའི་ཚེ། དགེ་སློང་གཞན་གསུམ་གྱིས་ཤེར་སྙིང་དང་ཟློག་པ་ཚར་གསུམ་རེ་བཏོན་པས་དགུ་ཟློག་ཏུ་འགྲོ། མཐར་འདོད་གསོལ་སློབ་དཔོན་གྱི་བྱ་བ་ཡིན་ཀྱང་། ད་ལྟའི་ལག་ལེན་ལྟར་ན་སློབ་དཔོན་མང་ཉུང་དུ་ཡོད་ཀྱང་འདོན་བྱ་ཐམས་ཅད་མཉམ་དུ་བྱེད་པ་ཡིན་པས། ཐོག་མར་ཤར་གྱི་གྲལ་འགོ་ནས་བདུད་རྐྱ་མི་གཅིག ཁལ། ཁྱི། ཆང་བུ། ཐེབ་སྐྱུ། ཤ་དུམ། ཟན་ཆད་བཅས་ཐེབ་ནང་དུ་བཤམ། འབྲུ་སྣ་བཏབ། ཆུ་གཙང་གིས་བྲན་ལ། ༀ་ཨཱཿཧཱུྃ། ལན་གསུམ། གཏོར་གླུད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ༴ དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ༴ དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། སྔགས་ལན་བདུན་ནམ་གསུམ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་ནས་བཟུང་སྟེ། མངོན་པར་བསྟོད་དོ། །ཞེས་པའི་བར་ཤེས་རབ་སྙིང་པོ་ཚར་གསུམ་དང་སྙིང་པོ་ཅི་རིགས་བཟླས་ལ། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ལྷའི་བུའི་བདུད་ཀྱི་དམག་ཚོགས་རྣམས་ལ་འབུལ་ལོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པར་འབྱུང་བར་གྱུར་ཅིག །ཐམས་ཅད་མཉེས་ཤིང་ཚིམ་ནས་བདུད་བཞིའི་གནོད་པ་ཐམས་ཅད་བསྒྱུར་དུ་གསོལ། ཅེས་རོལ་མོ་དང་བཅས་ཏེ་ཐེབ་ནང་དུ་བཤམས་པའི་གླུད་ཡས་རྣམས་མར་གཞི་ནག་པོའི་སྟེང་དུ་ཁ་ཕྱིར་བསྒྱུར་ཏེ་བཞག །ཐལ་མོ་སྦྱར་ཏེ། ན་མོ་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ་༴ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་འདོན་དུ་བྱས་པའི་མཐུ་དང་ནུས་པ་ལ་བརྟེ ན་ནས། བདུད་སྡིག་ཅན་ལ་སོགས་པ་ཕྱིར་ཟློག་པ་དེ་བཞིན་དུ། སོགས་ཐལ་རྡེབ་དཀྱུས་བཞིན་བྱ། ཐབས་དང་སྐྱོབས་དང་དག་པ་དང། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་ཟློག་ཏུ་གསོལ། །ཞེས་སྦྱར། དེ ས་ཚར་གཅིག་སོང་། དེས་འགྲེས་ཏེ་ཤར་ཕྱོགས་ཀྱི་གླུད་ཡས་བདུན་མ་རྫོགས་ཀྱི་བར་དུ་རེ་རེ་བཤམས་ལ། བྱིན་རླབས་ནས་ཟློག་པའི་བར་བཤད་མ་ཐག་པ་ལྟར་ཆ་ཚང་བ་རེ་རེ་བྱས། གླུད་ཡས་རྣམས་ཀྱང་ཕྱོགས་སོ་སོར་གྲལ་ཐབས་སུ་བསྒྲིག་གོ །ཡང་དམིགས་བསལ་གྱི་ཟློག་པའི་ཁ་བསྒྱུར་ནི། ཡན་ཆད་འདྲ་ལ། བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས། ནད་པ་ཡིན་ན་མིང་ནས་བརྗོད་ལ་མིང་འདི་ཞེས་བྱ་བའི། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་གདོན་གྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པའི་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་ཤེས་རབ་སྙིང་པོའི་བདུད་ཟློག་བགྱིས་པ་འདི་དང་། འཕགས་པ་དཀོན་མཆོག་གསུམ་གྱི་བཀའ་ཡི་བདེན་པས་ད་ལྟ་ཉིད་དུ་ཕྱིར་ཟློག་པར་གྱུར་ཅིག ཞི་བར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག །ཅེས་དང་། སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་བར་ཤོག །འགྲོ་བའི་ནད་རྣམས་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །ཅེས་བརྗོད། ཐན་ལྟས་ལ། མཐུ་དང་ནུས་པ་ལ་བརྟེན་ནས། ཉིན་གྱི་ལྟས་ངན་པ། མཚན་གྱི་རྨི་ལམ་ངན་པ། ཁྱད་པར་དུ་ཐན་ལྟས་འདི་ཞེས་བྱ་བ། འཕགས་པ་དཀོན་མཆོག་གསུམ་གྱི་བཀའ་ཡི་བདེན་པས་ད་ལྟ་ཉིད་དུ་ཕྱིར་ཟློག་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །ཅེས་དང ། སྨོན་ལམ། དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །ཅེས་བརྗོད། བྱད་ཟློག་ན། མཐུ་དང་ནུས་པ་ལ་བརྟེན་ནས། བྱད་ཁ་ཕུར་ཁ་ཐུན་ཟོར་མནན་གཏད་སྦྱོར་ངན་ཕུང་སེལ་སྡེབ་གཤོར་རླུང་འཁོར་ལ་སོགས་པ་ཕས་རྒོལ་བྱད་མའི་རིག་སྔགས་རྦོད་གཏོང་གི་སྦྱོར་བ་ཐམས་ཅད་འཕགས་པ་དཀོན་མཆོག་གསུམ་གྱི་བཀའ་ཡི་བདེན་པས་ད་ལྟ་ཉིད་དུ་ཕྱིར་ཟློག་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །ཅེས་དང་། རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་དུ་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །ཅེས་བརྗོད། བསྟན་དགྲ་སོགས་ལ་མཐུ་བྱེད་ན། ནུས་པ་ལ་བརྟེན་ནས། བདག་ལ་སྡང་བའི་དགྲ་བོ་འདི། དཀོན་མཆོག་གསུམ་གྱི་བཀའ་ཡི་བདེན་པས་ད་ལྟ་ཉིད་དུ་ཁུག་ཅིག །སྒྲོལ་ཅིག ཤ་ཁྲག་སྣང་སྲིད་ལྷ་འདྲེས་ཟོ་ཞིག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས་ཤིག །དཀོན་མཆོག་བདེན་པའི་དམོད་པ་ཡིས། །དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ཅེས་བརྗོད་དོ། །དེ་དག་གིས་མཚོན་ཏེ། ནད་ཡམས། ལོ་ཉེས། དམག་འཁྲུགས། རྨི་ལམ་ངན་པ། གདོན་ཆེན། མི་ཁ། གྱོང་དང་གོད་ཁ་སོགས་གང་ལའང་ཟློག་པ་དང་སྨོན་ལམ་གྱི་ཁ་བསྒྱུར་རིགས་པས་འཁྲུལ་ཤེས་པར་བྱའོ། །ཕྱོགས་གཞན་རྣམས་ལའང་དེས་འགྲེས་ཏེ། ལྷོར་ཉོན་མོངས་པའི་བདུད། ནུབ་ཏུ་ཕུང་པོའི་བདུད། བྱང་དུ་འཆི་བདག་གི་བདུད་ཀྱི་དམག་ཚོགས་ཞེས་ཚིག་ཁ་བསྒྱུར་བ་ཙམ་ལས་གཞན་ཤར་དང་འདྲ་བར་ཕྱོགས་རེ་ནས་བདུན་རེ་མ་རྫོགས་བར་བཏུད། མདོ་འདོན་པའི་ཚེ། དབང་པོ་རབ་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བརྗོད་དུ་མེད་པའི་རང་བཞིན་གྱི་ངོ་བོར་བསམ་ལ། དེའི་ངང་ནས་མ་གཡོས་བཞིན་དུ་མདོ་འདོན་པར་བྱའོ། །དབང་པོ་འབྲིང་གིས་བརྗོད་པ་དང་བྲལ་བའི་དོན་དེ་ཡང་སྔོན་དུ་དྲན་པར་བྱས་ལ། མདོ་ཟློག་པའི་བྱ་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་ངང་ནས་བྱའོ། །དབང་པོ་ཐ་མས་སྔོན་དུ་བརྗོད་བྲལ་དང་རྨི་ལམ་སྒྱུ་མ་དྲན་པར་བྱས་ལ། ཚིག་ཏུ་འདོན་པའི་སྒྲ་ལ་སེམས་གཏད་དེ་མ་ཡེངས་པར་བྱས་ལ། མཐོང་ཐོས་ལ་སོགས་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་སྙམ་དུ་ཤེས་པར་བྱས་ལ་མདོ་འདོན་པར་གསུངས་སོ། །ལྔ་པ་གཏོར་མ་བསྔོ་བ་ནི། ཤར་གྱི་ལྷ་བཤོས་ཆབ་ཀྱིས་བྲན་ལ། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། སམྦྷ་རའི་སྔགས་ལན་བདུན་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ཅིང་ཕྱག་འཚལ་བའི་མཐར། ཞལ་ཟས་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་འདི་ཉིད་ལྷའི་བུའི་བདུད་ཀྱི་དམག་ཚོགས་རྣམས་ལ་འབུལ་ལོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་གྱུར་ཅིག །ཐམས་ཅད་མཉེས་ཤིང་ཚིམས་ནས་བདུད་བཞི་གཡོས་པའི་གནོད་པ་ཐམས་ཅད་བསྒྱུར་དུ་གསོལ། ཞེས་བརྗོད་ཅིང་འོག་གཞིའི་ལྷའི་བུའི་བདུད་རྣམས་ཀྱི་མདུན་དུ་ཞལ་ཟས་ཕུལ་ནས། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །བདུད་བཞི་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་ཀྱིས་བསྔོའོ། །དེ་བཞིན་དུ་ལྷོའི་གཏོར་མ་མེ་ཏོག་དབྱིབས་ཅན་བྲན་ལ་འབྲུགསུམ་གྱིས་བྱིན་བརླབས་དང་། སམྦྷ་རའི་སྔགས་ལན་བདུན། མཚན་བཞི་བརྗོད་ལ། གཏོར་མ་མེ་ཏོག་དབྱིབས་ཅན་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་འདི་ཉིད་ཉོན་མོངས་པའི་བདུད་ཀྱི་དམག་ཚོགས་རྣམས་ལ་འབུལ་ལོ། །རང་རང་སོ་སོའི་ནས། བདེན་སྟོབས་བརྗོད་པ་ཡན་གོང་ལྟར་བྱས་ལ་གཏོར་མ་ཉོན་བདུད་ཀྱི་མདུན་ཏུ་ཕུལ། ནུབ་གྱི་དཀར་གཏོར་བྲན་ལ་བྱིན་བརླབས་སོགས་གོང་ལྟར་བྱ། དཀར་གཏོར་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་འདི་ཉིད་ཕུང་པོའི་བདུད་ཀྱི་དམག་ཚོགས་རྣམས་ལ་འབུལ་ལོ། །རང་རང་སོ་སོའི་སོགས། གོང་ལྟར་ལ་གཏོར་མ་ཕུང་པོའི་བདུད་རྣམས་ཀྱི་མདུན་དུ་ཕུལ། བྱང་གི་དམར་གཏོར་བྲན་ལ་བྱིན་བརླབས་སོགས་དང་། དམར་གཏོར་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་འདི་ཉིད་འཆི་བདག་གི་བདུད་ཀྱི་དམག་ཚོགས་རྣམས་ལ་འབུལ་ལོ། །རང་རང་སོ་སོའི་སོགས་གོང་ལྟར་ལ་གཏོར་མ་འཆི་བདུད་མདུན་དུ་འབུལ་ལོ། །དྲུག་པ་གླུད་བསྔོ་ནི། ངར་མིའི་སྟེང་དུ་ནད་པ་སོགས་ཁྲུས་བྱས་པའི་ཆུ་བླུག་ལ་ཆབ་གྱིས་བྲན། ༀ་ཨཱཿཧཱུྃ། གིས་བྱིན་གྱིས་བརླབས་ལ། སམྦྷ་རའི་སྔགས་བདུན་དང་། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །བཞིའི་མཚན་བརྗོད་མཐར། ཧཱུྃ། ངར་མི་ཕོ་མོ་མཛེས་པ་འདི། །དེ་རིང་ཡོན་གྱི་བདག་པོའི་གླུད། །རྒྱུ་ནི་རིན་ཆེན་ལྔ་ལས་གྲུབ། །དར་ཚོན་རྣམས་ཀྱི་ཆས་ཀྱིས་བརྒྱན། །རྒྱན་ཆ་དེ་ནི་ལྷུབས་སེ་ལྷུབ། །ཁ་རུ་དེ་ནི་གཡུ་ཡང་བཅུག །ལག་ཏུ་དེ་ནི་གསེར་བསྐུར་རོ། །བདུད་བཞི་རྣམས་ཀྱི་ཕྱག་ཏུ་ཕུལ། །ལ་འཕྲད་དེ་ནི་ལ་རུ་ཟློག །ལུང་འཕྲད་ནི་ལུང་དུ་ཟློག །སྨྲ་མཁས་དེ་ནི་ས་ལ་ལ། །འགྲོ་མཁས་དེ་ནི་ལྡེམས་སེ་ལྡེམ། །མགོ་ལ་ཐོད་བཅིངས་བཀྲག་རེ་ཆེ། །ལུས་བཟང་དེ་ནི་རྒྱན་གྱིས་བརྒྱན། །མིང་བཟང་དེ་ནི་སྟོབས་ཆེ་ལ། །བཟུང་བའི་ཡུལ་ནི་མ་མཆིས་སོ། །ཡོན་གྱི་བདག་པོ་བསླུ་བའི་ཕྱིར། །དེ་རིང་བདག་གིས་འདི་བཏང་བས། །གླུད་བདག་ཆེན་པོས་གླུད་བཞེས་ཤིག །རྣམ་ཤེས་ཚོགས་བརྒྱད་འབྱུང་བ་ལྔ། །རྟེན་ཅིང་འབྲེལ་བར་འབྱུང་བའི་གླུད། །ཁམས་དང་སྐྱེ་མཆེད་རྣམས་ཀྱི་གླུད། །དབང་པོ་ཚོགས་དྲུག་རྣམས་ཀྱི་གླུད། །འབྲུ་མཆོག་ངར་གྱི་མི་བོ་ཆེ། །རིན་ཆེན་སྣ་ལྔའི་ན་བཟའ་ཅན། །འཁོར་བའི་གཡུལ་ཟློག་དར་མདུང་གཡས། །གཡོན་ན་ཐར་དགུ་ལམས་སེ་ལམ། །རྐང་པ་གཡས་པ་ཐབས་ཆེན་ལྕགས། །རྐང་པ་གཡོན་པ་ཤེས་རབ་ཟངས། །དེ་འདྲའི་འབྲུ་མཆོག་མི་བོ་ཆེ། །བདུད་བཞི་དམག་ཚོགས་འཁོར་བཅས་ལ། །ཡོན་བདག་འདི་ཡི་གླུད་དུ་འབུལ། །མི་བས་གླུད་ཀྱིས་བཟང་བས་ན། །བདུད་བཞིའི་དམག་ཚོགས་ཐམས་ཅད་ཀྱིས། །གླུད་བཟང་མཛེས་པ་འདི་ཁྱེར་ལ། །ད་ནི་རང་རང་གནས་སུ་སོང་། །དཀོན་མཆོག་གསུམ་གྱི་བཀའ་མ་བཅག །ལྷ་དབང་བརྒྱ་བྱིན་གྱིས་བསྐུལ་བས། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །བདུད་བཞི་བཀུག་ནས་ཡས་གླུད་བྱིན། །བཀའ་སྒོས་དམ་བཞག་མཛད་པ་ཡི། །དམ་ཚིག་དེ་ཉིད་དྲན་གྱིས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །བདུད་རྣམས་རང་རང་གནས་སུ་སོང་། །བདུད་ཁ་གླུད་ཀྱིས་ཆོད་པར་གྱིས། །བདུད་བཞི་གཡོས་པ་ཞི་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །སོགས་ནས། བདག་གི་བསམ་པའི་སྟོབས་དང་ནི། །སོགས་ཀྱིས་བསྔོས་ལ་ངར་མི་བདུད་བཞིའི་དབུས་སུ་སྟེགས་བུའི་སྟེང་དུ་ཁ་ཕྱིར་བསྒྱུར་ལ་བཞག །སྐབས་འདིར་ནད་པ་ཡོད་ན་ནད་སྤོ་བའི་ཕྱག་ལེན་ཡོད་པར་བཤད་དོ། །བདུན་པ་བཀའ་བསྒོ་བ་ནི། ཧཱུྃ། ང་ནི་བཅོམ་ལྡན་ཤཱཀྱ་ཐུབ། །ང་ནི་དཔལ་ཆེན་གསང་བའི་བདག །ང་ནི་སྔགས་འཆང་སྒྲུབ་པ་པོ། །ང་ནི་བདུད་བགེགས་གཉེན་པོ་སྟེ། །བདུད་ཆེན་དང་ནི་ལྷ་དང་ཀླུ། །འབྱུང་པོ་ཡི་དྭགས་ཤ་ཟ་དང་། །ནད་བདག་མ་མོ་ལ་སོགས་པ། །ང་ཡི་བཀའ་ལས་མ་འདའ་ཞིག །ངར་གླུད་གཏོར་མ་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ནད་གདོན་བར་ཆད་ཞི་བར་མཛོད། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །བཅོལ་བའི་ཕྲིན་ལས་མ་བསྒྲུབས་ན། །སྔོན་གྱི་བདེ་གཤེགས་ཆད་པ་ཡིས། །སེམས་ཅན་དམྱལ་བ་རྣམས་སུ་ཡང་། །ཡང་ནས་ཡང་དུ་སྐྱེ་འགྱུར་ཞིང་། །ཤིན་ཏུ་ཡ་ངའི་སྡུག་བསྔལ་མྱོང་། །དེ་བས་གནོད་པ་མ་བྱེད་པར། །བདུད་བཞི་རང་རང་གནས་སུ་ཆོས་། །བདེན་ཅིང་བསླུ་མེད་སངས་རྒྱས་བཀའ། །དེ་བཞིན་སྒྲུབས་དང་བདེ་བ་ཐོབ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །བདུད་ཆེན་བཞི་ལས་ཐར་བ་དང་། །བར་ཆད་ནད་དོན་མྱུར་ཞི་ནས། །བསམ་བའི་དོན་རྣམས་འགྲུབ་པར་མཛོད། །བརྒྱད་པ་བརྫོང་འདེབས་དང་གཤེགས་གསོལ་ནི། འབྲུ་སྣ་ཚོགས་བཏབ་ལ། ཀྱེ། བདུད་ཀྱི་དམག་ཚོགས་ཁྱོད་རྣམས་ཀྱིས། །ཇི་ལྟར་བསྒོས་བཞིན་བྱས་ནས་ནི། །སྐྱེ་མཆེད་མུ་བཞིའི་གནས་སུ་དེངས། །ལྷའི་བུའི་བདུད་ནི་དཀར་པོ་ཁྱོད། །ཅི་ཡང་མེད་པའི་གནས་སུ་དེངས། །ཉོན་མོངས་བདུད་ནི་སེར་པོ་ཁྱོད། །རྣམ་ཤེས་མཐའ་ཡས་གནས་སུ་དེངས། །ཕུང་པོའི་བདུད་ནི་དམར་པོ་ཁྱོད། །ཡོད་མིན་མེད་མིན་གནས་སུ་དེངས། །འཆི་བདག་བདུད་ནི་ནག་པོའི་ཚོགས། །ནམ་མཁའ་མཐའ་ཡས་གནས་སུ་དེངས། །ཤེས་སྒྲིབ་ཉོན་མོངས་ལས་བྱུང་བའི། །ལྷ་ཡི་བདུད་དང་ཉོན་མོངས་བདུད། །ཕུང་པོའི་བདུད་དང་འཆི་བདག་བདུད། །བདུད་བཞིའི་བདུད་ཀྱི་དམག་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འདི་དག་ལ། །བཟུང་བ་མཐོང་ལ་མནན་པ་ཁྱོག །བདུད་ཆེན་མི་ལ་མ་འབེབས་ཤིག །སྐྱེ་མཆེད་མུ་བཞིའི་གནས་སུ་དེངས། །རང་རང་མཛེས་པའི་ཕོ་བྲང་དུ། །བདེ་བའི་སེམས་དང་ལྡན་པར་མཛོད། །འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་གཤེགས། ས་མ་ཡ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ལ། བདུད་བཞི་འཁོར་བཅས་བྱམས་པ་དང་མགུ་བའི་སེམས་ཀྱིས་རང་གནས་སུ་སོང་བར་བསམས་ལ། ཕུལ་ཕྱོགས་སུ་ཕྱིར་ཅུང་ཟད་ཁྱེར་དུ་བཅོལ་ནས་ཁ་ཕྱིར་བསྟན་ལ་བཞག །ཕུལ་ཕྱོགས་ནི་ནད་པའི་དོན་དུ་བྱེད་ན་དུར་ཆེན་ཐོག་ཏུ་ཕུལ། དེ་བཞིན་སྤར་ཁའི་བཅོས་ཡིན་ན་གཞི་གཤེད་བདུན་ཟུར་དགྲ་ཐོག་གང་གནོད་ཕྱོགས་སུ་ཕུལ། བདེ་རིམ་ཡིན་ན་ལམ་མདོའམ་ཡས་ལམ་གང་བདེར་ཕུལ། མཐུ་ཟློག་བྱེད་ན་བྱད་མའི་ཕྱོགས་སུ་ཕུལ། མཐུ་བྱེད་ན་དགྲ་ཐོག་ཏུ། རྒྱལ་པོས་གནོད་ན་ལྷ་ཁང་ངམ་མཆོད་རྟེན་རྩར། འདྲེ་མོས་གནོད་ན་གྲོང་མདོའམ་ལུང་གསུམ་མདོར། ཆར་འབོད་པའམ་ཀླུས་གནོད་ན་མཚོའམ་ཆུ་མིག་ཏུ་ཕུལ། ཡུལ་ལྷས་གནོད་ན་དེ་ཕྱོགས་སུ། མདོར་ན་གང་དང་གང་གནོད་དེར་བསྐྱལ་བར་གསུངས་སོ། །དགུ་པ་གསེར་སྐྱེམས་ནི། དཀར་གཏོར་གསེར་སྐྱེམས་འབྲུ་སྣ་བླུགས་པ་བཤམས་ལ་ཆབ་ཀྱིས་བྲན་ཏེ། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། བཅོམ་ལྡན་ཤཱཀྱའི་རྒྱལ་པོ་དང་། །དཀོན་མཆོག་གསུམ་གྱི་བཀའ་བྱུང་གིས། །སྔགས་འཆང་བདག་གི་ངག་ལ་ཉོན། །སྟེང་འོག་ཕྱོགས་བཅུར་གནས་པ་ཡི། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སོགས། །གཞི་བདག་ཡུལ་གྲོང་གཉུག་མར་བཅས། །ས་བདག་ཀླུ་གཉན་འཁོར་འབངས་བཅས། །འདོད་ཡོན་མཆོད་སྦྱིན་གཏོར་མ་དང་། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །ཕྲག་དོག་ཀོ་ལོང་མ་བསྡོམ་པར། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ཁྱེད་རྣམས་གཡས་དང་གཡོན་དུ་བཟུར། །དེ་རིང་གཏོར་ལམ་གཉན་པོ་ཕྱེས། །དེ་རིང་ཡས་ཀྱི་ལམ་ཕྱེས་ཤིག །རྣལ་འབྱོར་བདག་གི་མཐུ་དཔུང་མཛོད། །གཏོར་ལམ་ཕྱེས་ལ་དམག་ན་དྲོངས། །རུ་ང་ཕྲག་དོག་མ་མཛད་ཅིག །བདག་གི་དཔུང་དང་གྲོགས་མཛོད་ཅིག །དམིགས་པའི་དགྲ་བགེགས་བྱད་མ་ཟློག །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་གསེར་སྐྱེམས་མཆོད་ཅིང་དཀར་གཏོར་མདོས་ཕུལ་ཕྱོགས་སུ་བསྐྱལ་ལོ། །བཅུ་པ་ཟློག་བསྒྱུར་ནི། ཡས་གླུད་རྣམས་ཁྱེར་མིའི་ལག་ཏུ་བཟུང་བཅོལ་ནས། བདུད་དང་མ་མོ་རྣམས་ཀྱི་གདུག་པ་ཟློག་བསྒྱུར་བྱ་བ་ནི། གདུག་པ་སྟོན་པ་འཁོར་གྱི་ཐུགས་རྗེས་ཟློག་པར་བསམས་ལ། བྷྱོ། མ་ཅིག་ཡམས་བདག་འཁོར་དང་བཅས། །ཁྱོད་ཀྱི་ལག་པ་གཡས་པ་ན། །བདུད་ཀྱི་ཁྲམ་བམ་རེ་རེ་ཡོད། །བདག་ཅག་ཡོན་མཆོད་འཁོར་བཅས་རྣམས། །གལ་ཏེ་ཁྲམ་ལ་བཏབ་སྲིད་ན། །ཁྲམ་ཁ་ཕྱེས་ཤིག་མ་ཅིག་མ། །ཁྱོད་ཀྱི་ལག་པ་གཡོན་པ་ན། །བཙན་གྱི་ཤྭ་རྡེལ་དཀར་ནག་བཀྲམ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །གལ་ཏེ་རྩིས་ལ་བཅུག་པ་ན། །ཤྭ་རྡེའུ་དཀར་ནག་ད་ཕྱེས་ཤིག །ཁྱོད་ཀྱི་མཆན་ཁུང་གཡས་པ་ན། །གཤིན་རྗེ་ཁྲ མ་ཤིང་དམར་པོ་ཡོད། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །གལ་ཏེ་ཁྲམ་ལ་བཏབ་པ་ན། །བྱང་དམར་དཀྱུས་ནས་ད་ཕྱུངས་ཤིག །ཁྱོད་ཀྱི་མཆན་ཁུང་གཡོན་པ་ན། །ནད་ཀྱི་རྐྱལ་པ་ནག་པོ་ལ། །སྦྲུལ་ནག་ལྔ་བརྒྱའི་ཁ་ཆིངས་ཅན། །སྤྲུལ་པ་མང་པོ་དེ་ནས་འགྱེད། །སྤྲུལ་པའི་དམག་དཔུང་ད་ཕྱུང་ཤིག །ཡོན་བདག་བསླུ་ཕྱིར་བདུད་ཟློག་འབུལ། །འབུལ་བ་བདག་གིས་མ་ནོར་ལ། །ལེན་པ་ཁྱོད་ཀྱིས་མ་ནོར་ཞིག །བཞེས་ཤིག་ཀུན་གྱིས་དགྱེས་པར་རོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བན་བོན་བྱད་ཁ་ད་ཟློག་ཅིག །ཀླུ་གཉན་གཏད་ཁྲམ་ད་ཟློག་ཅིག །དགྲ་ཇག་ཆོམས་རྐུན་ད་ཟློག་ཅིག །མི་ཁ་ངན་པ་ད་ཟློག་ཅིག །ནོར་ཕྱུགས་གོད་ཁ་ད་ཟློག་ཅིག །མི་ཡི་ཤི་འཕྲོ་ད་ཆོད་ཅིག །ཡམས་ནད་རིམས་ནད་ད་ཟློག་ཅིག །མ་ཉེས་ཁ་ཡོག་ད་ཟློག་ཅིག །མི་མཐུན་གནོད་པའི་ཚོགས་རྣམས་ཀུན། །ཤེས་རབ་སྙིང་པོའི་ཡས་ཟློག་འདིས། །ད་ལྟ་ཉིད་དུ་ཟློག་བསྒྱུར་ཅིག །ཤེས་རབ་ཟློག་བཅས་བྱིན་རླབས་ཀྱིས། །ས་ཆུ་མེ་རླུང་སྐག་ངན་ཟློག །ངར་གླུད་ཡས་སོགས་གཟུགས་འགྲོས་ཀྱིས། །ལྟས་ངན་རང་སར་ཞི་བར་མཛོད། །ནད་ཡམས་གོད་ཁ་ཟློག་ཏུ་གསོལ། །དེ་བཞིན་གང་ལ་གང་འཚེ་བ། །དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །ཤེས་རབ་སྙིང་པོའི་བྱིན་རླབས་དང་། །སྔགས་འཆང་བདག་གི་ནུས་མཐུ་ཡིས། །བདུད་བཞིའི་གནོད་པ་མ་ལུས་ཀུན། །སོ་སོ་རང་རང་གནས་སུ་ཟློག །ས་མ་ཡ། པྲ་བེ་ཤ་ཡ་ཕཊ། དྲག་ཏུ་བརྗོད་ཅིང་རོལ་མོ་བྱས་ལ་ཕྱི་རོལ་དུ་སྐྱེལ་བཅོལ། དེའི་ཚེ་རྒྱས་པར་ཤེས་རབ་སྙིང་པོ་ཚར་གསུམ་དང་དགུ་ཟློག་བྱ། བསྡུ་ན་མདོ་ཚར་གཅིག་དང་། ཟློག་པ་ལན་གསུམ་བྱ། ཤིན་ཏུ་བསྡུ་ན་ག་ཏེ་ལན་གསུམ་བརྗོད་པའི་མཐར་ཟློག་པ་རེ་བྱ་བ་དེ་འདྲ་ལན་གསུམ། སྤྱི་དང་བྱེ་བྲག་དམིགས་གསལ་གང་ཡིན་པའི་བདེན་སྟོབས་བརྗོད་མཐར་ཐལ་མོ་རྡེབ་བཅས་ཀྱི་ཚིགས་སུ་བཅད་པ་རྣམས་ཀྱང་སྔར་བཞིན་བྱ། དེའི་ཚེ་རང་གི་ལག་གཉིས་ཉི་ཟླར་གསལ་བ་དང་། སངས་རྒྱས་དང་ཉན་ཐོས་རྣམས་ཀྱི་ཆོས་གོས་བྱང་སེམས་རྣམས་ཀྱི་ཐལ་མོ་བརྡབ། ཆོས་སྐྱོང་སྤྲུལ་པའི་དམག་དཔུང་དང་བཅས་པས་མཚོན་ཆའི་ཆར་ཕབས་པས་གནོད་བྱེད་ལ་དམིགས་པ་རྡུལ་དུ་རླག་པར་བསམ། མཐུ་བྱེད་པའམ། གལ་ཆེ་དུས་རི་ལ་ཕུལ་བར་རང་འགྲོ་ན། གོང་གི་མ་མོ་ཟློག་པའི་མགོ་ནས་ཕྱིར་ཁྱེར་ལ་དེར་ཕྱིན་པ་དང་། གསེར་སྐྱེམས་གཏོར་ལ་མ་མོའི་ཟློག་པ་མན་ཆད་དང་། ཤེས་རབ་སྙིང་པོའི་ཟློག་པ་ལན་གསུམ་གྱི་བར་འདི་དེར་འདོན་ལ་འབུལ་ལོ། །གང་ལྟར་ཡང་ཟློག་པ་གྲུབ་འཕྲལ་རང་དང་བསྲུང་བྱ་མི་ནོར་འཁོར་བཅས་བཅོམ་ལྡན་འདས་ཀྱི་ཕྱག་གཡས་ས་གནོན་གྱི་འོག་ཏུ་ཚུད་པར་བསམས་ལ། ག་ཏེ་བཟླ་བའམ། ཅུང་ཟད་སྤྲོ་ན། སྟོང་པའི་ངང་ལས་བྷྲཱུྃ་ཡིག་སེར་པོ་ནི། །ཡོངས་གྱུར་གསེར་གྱི་འཁོར་ལོ་རྩིབས་སྟོང་པ། །ཡངས་ཤིང་རྒྱ་ཆེ་ཕྱི་རོལ་གནམ་ས་ཁྱབ། །དེ་རྒྱབ་བདག་མདུན་ཐུགས་ལས་འོད་འཕྲོས་པས། །ཤེར་ཕྱིན་གླེགས་བམ་རལ་གྲི་རྡོ་རྗེ་ཡི། །གུར་ཁང་རིམ་གསུམ་ཡེ་ཤེས་མེ་དཔུང་འབར། །བསྐལ་པའི་རླུང་ཡང་ཐར་བ་མེད་པའི་ནང་། །བསྲུང་བྱ་ཐམས་ཅད་ཐུབ་པའི་སྐུ་རུ་གྱུར། །རྩིབས་ནང་སངས་རྒྱས་སྟོང་དང་གུར་ཁང་གི །བར་རྣམས་སངས་རྒྱས་བྱེ་བ་དཔག་མེད་བཞུགས། །དེ་དག་ཀུན་དང་མདུན་བསྐྱེད་འཁོར་བཅས་ཀྱིས། །སྐྱབས་སྦྱིན་ཕྱག་རྒྱས་བདག་འཁོར་སྲུང་བར་གྱུར། །ཅེས་བསྒོམ་ལ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་བདག་དང་བསྲུང་བྱ་ཐམས་ཅད་སྲུངས་ཤིག་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་སོ། །མཐར་གཟུང་འཛིན་གྱི་ཆོས་ཐམས་ཅད་མི་དམིགས་པར་སྟོང་ཉིད་ཀྱི་ལྟ་བའི་ཀློང་དུ་ཅི་གནས་སུ་བཞག་གོ ། བཅུ་གཅིག་པ་ཤིས་བརྗོད་བྱ་བ་ནི། ནད་པ་གལ་ཆེན་ཡོད་ན་གོས་དཀར་པོ་གྱོན་ལ་སྟན་དཀར་པོའི་སྟེང་དུ་ཁ་ཤར་དུ་བལྟས་ལ་འདུག །རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་བརྗོད་མཛད་པར་མོས་ལ། རོལ་མོ་བསྒྲག་ཅིང་འབྲུ་འཐོར་ལ། ཧཱུྃ། དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །རྣམ་པར་སྣང་མཛད་བཀྲ་ཤིས་ལགས། །སྐུ་ལུས་བཟང་པོའི་བཀྲ་ཤིས་གང་ཡིན་པ། །ཛ་ཡེ་ད་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོ ག །ཧཱུྃ། ཤར་གྱི་ཕྱོགས་ནས་བཀྲ་ཤིས་པ། །རྡོ་རྗེ་སེམས་དཔའི་བཀྲ་ཤིས་ལགས། །མི་འགྱུར་བརྟན་པའི་བཀྲ་ཤིས་གང་ཡིན་པ། །ཛ་ཡེ་དེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོ ག །ཧཱུྃ། ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་པ། རིན་ཆེན་འབྱུང་ལྡན་བཀྲ་ཤིས་ལགས། །འདོད་དགུ་འབྱུང་བའི་བཀྲ་ཤིས་གང་ཡིན་པ། །ཛ་ཡེ་དེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོ ག །ཧཱུྃ། ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །སྣང་བ་མཐའ་ཡས་བཀྲ་ཤིས་ལགས། །དབང་སྡུད་སྙན་གྲགས་བཀྲ་ཤིས་གང་ཡིན་པ། །ཛ་ཡེ་དེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོ ག །ཧཱུྃ། བྱང་གི་ཕྱོ གས་ནས་བཀྲ་ཤིས་པ། །དོན་ཡོད་གྲུབ་པའི་བཀྲ་ཤིས་ལགས། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དེ། །ཛ་ཡེ་དེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོག །ཧཱུྃ། འོག་གི་ཕྱོགས་ནས་བཀྲ་ཤིས་པ། །ས་ཡི་ལྷ་མོ་བརྟན་མའི་བཀྲ་ཤིས་ལགས། །ཚེ་འཛིན་འབྲུ་སྣའི་བཀྲ་ཤིས་གང་ཡིན་པ། །ཛ་ཡེ་དེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོག །ཉིན་ཡང་བཀྲ་ཤིས་འབྱུང་བ་ཡ་ལ་ལ། །མཚན་ཡང་བཀྲ་ཤིས་འབྱུང་བ་ཀྱི་ལི་ལི། །བཀྲ་ཤིས་དུས་གསུམ་འབྱུང་བ་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདི ར་བདེ་ལེགས་ཤོག །ཅེས་པ་དང་། གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་བསྡུས་ཅི་རིགས་པ་བརྗོད་དོ། །རྩ་བའི་གསུམ་པ་རྗེས་ཀྱི་ཆོ་ག་ནི། མདུན་གྱི་མཆོད་པ་རྣམས་ཁ་གསོས། གོང་ལྟར་བྱིན་གྱིས་བརླབས། སྤྲོ་ན་ཚིགས་བཅད་བརྗོད། བསྡུ་ན། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། དེ་བཞིན་དུ་སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། པཱདྱཾ་ནས། ཤབྡའི་བར་གྱིས་མཆོད། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །སོགས་ཤློ་ཀ་དང་། བསྟོད་པར་འོས་པ་ཐམས་ཅད་ལ། །ཤློ་ཀས་བསྟོད་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ཡིག་བརྒྱ་ལན་གསུམ། ཐལ་མོ་སྦྱར་ལ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིས་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་ཁྱོད་བཟོད་པར་མཛོད། །ཅེས་བཟོད་པར་གསོལ། མདུན་བསྐྱེད་ཀྱི་འཁོར་རྣམས་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ་པར་གྱུར། རྟེན་མེད་ན་གཤེགས་གསོལ་བྱ། སྐབས་འདིར་ཐུབ་སྐུ་བཞུགས་པའི་དབང་དུ་བྱས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སོགས་སམ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཅེས་དང་། སུ་པྲ་ཏིཥྛའི་སྔགས་བརྗོད་ལ་བརྟན་བཞུགས་བྱ། རང་གི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །རྫོགས་པའི་སངས་རྒྱས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱ ང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །སོགས་ཀྱིས་བསྔོ་སྨོན་བྱ། དེ་ནས་དྲིལ་བསིལ་འཐོར་ནས་བཅས། སྟོན་ཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག ། ཞེས་སོགས་མཆོག་གསུམ་བཀྲ་ཤིས་ཤློ་ཀ་གསུམ་སོགས་སྔོན་དུ་འགྲོ་བས་ཤིས་བརྗོད་གང་རུང་དང་། མཐར། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །སོགས་ཤློ་ཀ་གཅིག །རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་ཁ་ནས་ཐར་བ་བཞིན་དུ་འགལ་རྐྱེན་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་ལ་རོལ་མོ་རྒྱ་ཆེར་བྱའོ། །དེ་ལྟར་བྱས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མི་ལངས་པར་འབྱུང་བར་གསུངས་ལ། ཁྱད་པར་དུ་བན་བོན་གྱི་རྦོད་གཏོང་བྱད་ཁས་གནོད་པ། གཏད་ལ་བཅུག་པ། ན་ཚ་རྒོད་པའི་འཕྲོ་གཅོད་པ། ཡུལ་དུ་ནད་ཡམས་རིམས་ནད་དར་བ། ཕྱུགས་ནད་གོད་ཁ་མང་བ། ཁྱིམ་དུ་རྒྱལ་པོ་ལ་སོགས་པའི་གདོན་ཞུགས་པ་རྣམས་དང་། སྐར་མ་ངན་པར་ཤི་བ། མ་ཉེས་པའི་ཁ་ཡོག་འོང་བ། མི་ཁ་ཆེ་བ། སྲིའུ་མ་གསོས་པ། ནོར་ལ་དཀར་འགོང་འོང་བ། ཐ ན་དང་རྨི་ལམ་ལྟས་ངན་པ། ལོ་དང་སྤར་ཁ་རྩུབ་པ། མཐུ་ལྟས་བྱུང་བ་སོགས་ལ་འདིའི་ཟློག་པ་བྱས་པས་དེ་མ་ཐག་ཏུ་ཟློག་པར་འགྱུར་རོ། །ཚེ་ཚད་མཐར་ཕྱིན་པ་མ་གཏོགས་བར་ཆད་ཀྱིས་ཟིན་པ་ལ་གནོད་ཚབ་ཆེ་ཆུང་དང་བསྟུན་པའི་ལན་གཅིག གསུམ། ལྔ། བདུན། དགུ་སོགས་བསྐྱར་ན་ངེས་པར་སེལ་བ་ཐེ་ཚོམ་མེད་དོ་ཞེས་གོང་མ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་སོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་རྒྱས་འབྲིང་བསྡུས་པ་རྣམས་ལ་ཕན་ཡོན་སྔགས་པ་ཇི་སྙེད་གསུངས་པ་ཐམས་ཅད་ཚུལ་འདི་ལའང་འབྱུང་བར་རིགས་པས་གཏོ་ཟློག་ཐམས་ཅད་ལས་ཁྱད་པར་འཕགས་པ་ལུང་དང་རིགས་པ་དང་མྱོང་བས་གྲུབ་པ་ཡིན་ནོ། །དེ་ལྟར་རྒྱ་གར་མཁས་གྲུབ་རྣམས་ཀྱི་ཐུགས་བཅུད། དཔལ་ལྡན་ཨ་ཏི་ཤའི་ཡི་དམ། དགེ་བཤེས་པུ་ཏོ་བ་རིན་ཆེན་གསལ། རིང་མོ་འབྱུང་གནས་རྡོ་རྗེ། གྱི་ལྗང་དབུ་དཀར་བ་སོགས་ཀྱི་ཕྱག་ལེན་འཁྲུལ་མེད་འདི་ལ་སྔ་ཕྱིར་བྱོན་པའི་ཡིག་ཆ་འདྲ་མིན་མང་དུ་མཆིས་པ་ལས། རྩ་བའི་གཞུང་དང་འབྲེལ་ངེས་པའི་ཡིག་ཆ་རྣམས་ཀྱིས་བཅུད་བླངས་ནས་དག་གཙང་བཀླག་ཆོག་ཏུ་བཀོད་པའོ། །དོན་དམ་དབང་དུ་བགེགས་པས་སངས་རྒྱས་ཀྱང་། །མེད་ཅེས་དཔལ་གྱི་མགུལ་ནས་ལེགས་པར་གསུངས། །ཀུན་རྫོབ་འཁྲུལ་ངོར་རྒྱུ་འབྲས་མི་བསླུ་བས། །རྟེན་ཅིང་འབྲེལ་འབྱུང་ཚུལ་འདིར་ཡིད་ཆེས་འཚལ། །ཤེར་ཕྱིན་མདོ་ལས་དངོས་སུ་བསྟན་པའི་དོན། །འཕྲལ་ཡུན་བར་ཆད་ཟློག་ལ་ཆེས་ཟབ་པ། །འདི་བཀོད་དགེ་བས་བདུད་བགེགས་ནག་པོའི་ཕྱོགས། །ཞི་ཞིང་ཕན་བདེའི་ཡར་ངོ་རབ་རྒྱས་ཤོག །འདི་ཉིད་ཀུན་ལ་ཉེར་མཁོར་གྱུར་ཀྱང་ཕྱོགས་འདིར་ཡིག་ཆ་གསལ་བ་མ་མཆིས་ཤིང་མི་བསྐྱོད་ཞབས་ཀྱིས་མཛད་པར་གྲགས་པ་དེའང་རྗེ་དེ་ཉིད་ཀྱི་གསུང་ཡིན་ངེས་མི་སྣང་བ་མ་ཟད་མགོ་གཞུག་མ་ཚང་བས་རང་གཞན་ཀུན་ལ་ཕན་འདོད་ལྷག་པའི་བསམ་པས་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཀྱི་སྒྲུབ་གནས་སུ་བྲིས་པ་དགེ་ལེགས་འཕེལ།། །། ༈ ཕྱག་དཔེ་འདི་ཡི་མ་དཔེ་ནི་རྒྱ་ཆེན་བཀའ་མཛོད་དཔལ་སྤུངས་པར་མ་པོད་༼ཇ༽པའི་ནང་དུ་བཞུགས་སོ།།

བདག་མདུན་བསྐྱེད་ཆོག

བརྒྱ་བཞི་སྡོང་བརྒྱན་ཁ་འབར་མ་རྣམས་ཀྱི་མདོས་ཆོག་ལ་ཉེ་བར་མཁོ་བའི་བདག་མདུན་བསྐྱེད་ཆོག་བཞུགས་སོ། །གསང་སྔགས་དང་རིགས་སྔགས་གཟུངས་སྔགས་ཀྱི་ངོ་བོ་རྡོ་རྗེ་འཛིན་པ་རྣམས་ལ་ཕྱག་འཚལ་ལོ། །འདིར་སྒྲུབ་པ་པོ་ལ་ཕ་རོལ་གྱི་རྦོད་སྟོང་བཟློག་པ། འཆི་བ་སླུ་བའི་ཆེད་དུ་དཔལ་རྡོ་རྗེ་གདན་གྱི་ཆོས་སྐྱོང་བར་བྱེད་པ། ཡི་དྭགས་ཀྱི་ཚུལ་བཟུང་ཞིང་རིགས་སུ་གཏོགས་པ་ཁ་ལ་མེ་འབར་མ་ལ་གཏོར་མ་གཏོང་བའི་རིགས་ལ་བཞི། ཞེས་གསུངས་ཏེ། ཁ་འབར་མ་དང་། བརྒྱ་བཞིའི་ཆོ་ག །སྡོང་པོ་བརྒྱན་པའི མདོས་གང་བྱེད་ཀྱང་འདྲ་སྟེ། དང་པོ་དྲི་བཟང་གིས་བྱུག་པའི་མཎྜལ་གྱི་དབུས་དང་ཕྱོགས་མཚམས་སུ། མེ་ཏོག་ཚོམ་བུ་བཅོ་ལྔ་བཀོད་ཅེས་གསུངས་པས། མཎྜལ་གྱི་སྟེང་དུ་ནས་སམ་འབྲས་སྤོས་ཆུས་སྦགས་ཏེ་ཚོམ་བུ་བྱེད་སྲོལ་འདུག་ཀྱང་མཎྜལ་མེད་ན་ནས་གཙང་མ་སྤྱི་འཚམས་སུ་བཀོད། དེའི་སྟེང་མཉྫིའི་ཁར་ཐུབ་པའི་གསེར་སྐུ་ཡོད་ན་བཞག །མེད་ཀྱང་རུང་། ཉེར་སྤྱོད་ལ་སོགས་པའི་མཆོད་པ་ཞེས་པ། དེའི་མདུན་དུ་མཆོད་པ་རྣམ་བདུན་ལེགས་པར་བཤམས་ལ། གཉིས་པ་ནི། རང་ཉིད་ལྷ་གང་རུང་གི་རྣལ་འབྱོར་སྔོན་དུ་སོང་བས། ཞེས་གསུངས་པས། མཐོང་བ་བརྒྱུད་པ་ནི། སངས་རྒྱས་ཆོས་དང་སོགས་ལན་གསུམ། ༀ་སྭ་བྷཱ་ཝས་སྦྱངས་ལ། ཆོས་རྣམས་ཐམས་ཅད་སྟོང་པར་གྱུར། །དེ་ཡི་ངང་ལས་སྐད་ཅིག་གིས། །པད་ཟླའི་སྟེང་དུ་རང་ཉིད་ནི། །ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །མཆོག་སྦྱིན་གཡོན་པས་ཨུཏྤལ་འཛིན། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཡིད་འོང་རྒྱན་དང་ལྡན་པར་གྱུར། །ཐུགས་ཀར་ཧྲཱིཿཡིག་མཐའ་བསྐོར་དུ། །ཡི་གེ་དྲུག་གིས་བསྐོར་བར་གྱུར། །ༀ་མ་ཎི་པདྨེ་ཧཱུྃ། བརྒྱ་རྩ་བཟླ། མཆོད་བསྟོད་བྱའོ། །མཎྜལ། ༀ་བཛྲ་ཡཀྵ་ཧཱུྃ་གིས་བསངས། སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་མ་བཅུ་ུབཞི་པའི་ལྟེ་བར་པདྨ་དང་ཟླ་བའི་གདན་ལ། བཅོམ་ལྡན་འདས་ཐུབ་པའི་དབང་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ན་བཟའ་ཆོས་གོས་གསུམ་དང་ལྡན་ཞིང་བྱང་ཆུབ་ཀྱི་ཤིང་ལ་སྐུ་རྒྱབ་གཏད་པ། ཤར་གྱི་འདབ་མ་ལ་འཕགས་པ་འཇིག་རྟེན་དབང་ཕྱུག །གཞན་རྣམས་ལ་གཡས་སྐོར་དུ་རིམ་པ་བཞིན་དུ། ཤཱ་རིའི་བུ། མོའུ་འགལ་གྱི་བུ། རབ་འབྱོར། འོད་སྲུང། ཀུན་དགའ་བོ། ཀ་ཏཱ་ཡ་ན། མ་ཕམ་པ། ཉེ་བ་འཁོར། མདུན་ནས་གཡོན་སྐོར་དུ། ཀུན་ཤེས་ཀོའུ་ཌི་ཎྱ། བ་ལུ་ཀ རླངས་པ། རྟ་ཐུལ། མིང་ཆེན་རྣམས་ཆོས་གོས་གསུམ་དང་ལྡན་ཞིང་རབ་ཏུ་བྱུང་བའི་ཆ་བྱད་ཅན་གྱིས་འབྱུང་པོ་ཐམས་ཅད་སེམས་ཞི་བར་བྱེད་ནུས་པ་ཅན་དུ་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། བཅོམ་ལྡན་ཤཱཀྱ་སེངྒེ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲངས་པར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤོན་ཚུར་སྤྱོན་ཞི་དག་ལྷ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །དུས་མིན་འཆི་བའི་བར་ཆད་ཟློག །ༀ་པདྨ་ཀཱ་མ་ལཱ་ཡ་སྟྭཾ། ཞེས་གདན་འབུལ། དེ་ནས་མཆོད་པ་རྣམས་བསངས་སྦྱངས་ཞེས་གསུངས་པས། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་མཆོད་ཡོན། མེ་ཏོག ། བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ལས་ཀྱང་ཆེས་ཆེར་ལྷག་པ་རབ་འབྱམས་ནམ་མཁའི་མཐའ་ཀླས་པ་རྒྱས་པར་འགེངས་ཤིང་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པ་འཕགས་པ་རྣམས་མཉེས་པར་བྱེད་པའི་རང་བཞིན་ཅན་དུ་གྱུར། ཐལ་མོ་ཁོང་སྟོང་སྦྱར་བ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། ༀ་སརྦ་བིད་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེ་ནས་ཤབྡ་ཨཱ༔ཧཱུྃ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །མཆོད་ཡོན་གྱི་མལ་དུ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་ལ་ཤོ་ལོ་ཀ་རེ་རེ་བཞིན་སྦྱར། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་ནས་ཧཱུྃ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱི་ཙྪ་ནས་ཧཱུྃ། བར་ཤོ་ལོ་ཀ་རེ་རེའི་མཐར་སྦྱར། བསྟོད་པ་ནི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །དག་པ་འདོད་ཆགས་བྲལ་བའི་རྒྱུ། དགེ་བས་ངན་སོང་ལས་གྲོལ་བའི། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་བསྟོད། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་རྣམས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས། ཏདྱ་ཐཱ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། འདི་ཁ་འབར་མ་དང་བརྒྱ་བཞི། སྡོང་པོ་བརྒྱན་མདོས་ཀུན་ལ་ཁྱད་པར་མེད་པར་མི་བསྐྱོད་ཞབས་ཀྱིས་མཛད་པ་ལས་ཨ་རཱ་གས་བསྒྲིགས་པ་ཉེས་འགལ་མཆིས་ན་སྲུང་མ་རྣམས་ལ་བཤགས་སོ། ༈ །མདུན་བསྐྱེད་ཐུབ་དབང་རྡོ་རྗེ་གདན་པ་ཞེས། །གཙོ་འཁོར་གསུམ་བསྐྱེད་མཆོད་བསྟོད་འདི་ལྟར་དུ། །སྐད་ཅིག་དྲན་རྫོགས་གྱེར་བསྒོམ་སྒྲགས་པས་འཐུས། །ཐོག་མར་ཐུབ་དབང་གཙོ་འཁོར་གསུམ་བསྐྱེད་ནི། །ༀ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཕུང་པོའི་བདུད་སེར་པོ། ཉོན་མོངས་པའི་བདུད་དམར་པོ། འཆི་བདག་གི་བདུད་ནག་པོ། ལྷའི་བུའི་བདུད་དཀར་པོ་རྣམས་ཀྱི་སྟེང་དུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་རྡོ་རྗེ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས། ཐུབ་དབང་རྡོ་རྗེ་གདན་པ་སྐུ་མདོག་གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པའི་གཡས་ས་གནོན་དང་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གསོལ་ཞིང་། མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དེ་ཡི་གཡས་སུ་བྱམས་པ་སེར་པོ་གཡས་རིན་པོ་ཆེའི་རྔ་ཡབ་དང་གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། གཡོན་དུ་སྤྱན་རས་གཟིགས་དབང་ཕྱུག་དཀར་པོ་གཡས་རིན་པོ་ཆེའི་རྔ་ཡབ་དང་གཡོན་པདྨ་དཀར་པོ་འཛིན་པ། གཉིས་ཀ་མཉམ་པའི་སྟབས་ཀྱིས་བཞེངས་ཤིང་། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་ཞིང་བཞུགས་པ། དེ་དག་གི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དེ་བཞིན་བཤེགས་པ་ཐམས་ཅད་དམ་ཚིག་གསུམ་བཀོད་གཙོ་འཁོར་གསུམ་གྱི་རྣམ་པར་ༀ་བཛྲ་ས་མ་ཡ་ཛཿ ༀ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱདྱཾ་སོགས་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བྃ་ཧོ༔ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མ་ཡ་ཛཿ ༀ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཤབྡའི་བར་བརྗོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ། བྱམས་པ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། ༀ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས་ཤབྡའི་བར་གྱིས་མཆོད། དེ་ནས་བསྟོད་པ་ནི། དྲིལ་བུ་འཁྲོལ་ཞིང་། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་མཆོག་ལ་ཕྱག་འཚལ་བསྟོད། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་ཉིད་ཁྱོད་ལ་ཕྱག་འཚལ་བསྟོད། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་བསྟོད། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། །ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པས་ཁ་བཀང་བར་བྱའོ།། །།

བརྒྱ་བཞིའི་ཆོ་ག

བརྒྱ་བཞིའི་ཆོ་ག་བཞུགས་སོ།། །།བརྒྱ་བཞིའི་ཆོ་ག་མདོ་སྔགས་ཟུང་འཇུག་གི་ལུགས། དངོས་ཀྱི་བརྒྱ་བཞི་རྒྱས་བསྡུས་གཉིས། གཟུགས་བརྙན་གྱི་བརྒྱ་བཞི་རྒྱས་བསྡུས་གཉིས། ཏིང་ངེ་འཛིན་གྱི་བརྒྱ་བཞི་དང་ལྔ་ཡི་ཕྱག་ལེན་འདོན་ཆ་འགྲིགས་ཆགས་སུ་བཀོད་པ། འདི་ལྟར་རྒྱས་བསྡུས་ལྔ་པོ་འབྱོར་པ་དང་བསྟུན་མཛོད། འདོན་ཆ་གཞུང་ལ་ཁྱད་པར་མེད་དོ། །ན་མོ་ཤཱཀྱ་མུ་ནི་བཛྲ་པཱ་ཎི་ཡེ། །ཐུབ་དབང་གསང་བདག་བཅས་ལ་ཕྱག་འཚལ་ནས། །མདོ་སྔགས་ཟུང་འཇུག་བརྒྱ་བཞི་ཁྱེར་བདེར་བཀོད། །འགྲོ་ལ་ཕན་ཕྱིར་བཀའ་གནང་བྱིན་གྱིས་རློབས། །གོང་དུ་མཆོད་གཞིར་པད་འདབ་བཅུ་བཞིའམ། །ཡང་ན་ཚོམ་བུ་བཀོད་སྟེང་མཎྜལ་ཁར། །ཐུབ་དབང་སྐུ་བཤམས་མདུན་ནས་གཡས་བསྐོར་དུ། །མཆོད་པ་སྣ་བདུན་སྤྱི་ལྟར་བཤམས་པར་བྱ། །འོག་ཏུ་ས་སྟེགས་སྟེང་དུ་རྡུལ་ཚོན་ནམ། །ཡང་ན་གཞི་སྟེང་ཤོག་བུར་བྲིས་པས་ཆོག །གྲུ་བཞིར་གསུམ་རིམ་སྟེང་དུ་འདབ་བརྒྱད་དབུས། །ཐུབ་པའི་ཕྱག་གཡས་བཅག་ཁྲུ་གང་གི་ཚད། །ཕྱག་སོར་བཞི་ལ་བདུད་བཞིའི་གཟུགས་དེ་ནི། །སྔགས་པས་བྱས་ན་འཇིམ་གཟུགས་བྱེད་སྲོལ་འདུག །དེ་ལ་མི་གཟུགས་དཀར་སེར་དམར་ནག་བཞི། །དེ་ལ་ཕྱག་མཚན་ལ་སོགས་མི་དགོས་སོ། །བཙུན་པས་བྱེད་ན་ཙཀ་ལི་གཞུང་ནས་བཤད། །ཟན་ནམ་ཡུངས་རྡོག་སོགས་ལ་བཙུགས་ནས་བཞག །ཕྱག་མཐིལ་སྡེར་ནང་ཡོན་བདག་དེ་ཡི་གཟུགས། །ངར་མི་ཆངས་བུས་བསྐོར་ལ་གོས་དུམ་བསྐོན། དེ་མཐར་ཚྭ་ཚྭ་བརྒྱ་ཡིས་བསྐོར་བ་ནི། །ཚྭ་ཚྭ་འདེབས་ཆོག་བྱིན་རླབས་སོགས་མི་དགོས། །ཡིག་དྲུག་འདོན་ཅིང་བཏབ་པས་འཐུས་པ་ཡིན། །དེ་རྒྱབ་མར་མེ་བརྒྱ་ཡིས་བསྐོར་བ་དང་། །དེ་རྒྱབ་ལྷ་བཤོས་ཆུང་ངུ་བརྒྱ་དང་ནི། །ཟན་དུམ་འདྲ་བའི་མཐེབ་སྐྱུ་བརྒྱ་ཡིས་བསྐོར། །དེ་རྒྱབ་ངར་མི་བརྒྱ་དང་ཆངས་བུ་བརྒྱ། །དེ་ནི་ཡོན་བདག་འབྱོར་པ་རབ་རྣམས་ཀྱིས། །བརྒྱ་བཞི་དངོས་སུ་བཤམས་པ་རྒྱས་པ་ཡིན། །དེ་ལས་ཅུང་ཞིག་བསྡུས་པར་འདོད་པ་ན། །མཐེབ་སྐྱུ་ཆངས་བུ་གཉིས་ནི་མི་དགོས་སོ། །ཡང་ན་གཏོར་མའི་ཚབ་ལ་མཐེབ་སྐྱུ་དང་། །ངར་མིའི་ཚབ་ལ་ཆངས་བུས་ཆོག་པར་བཤད། །ཡང་ན་གཏོར་མ་ཤར་དང་མར་མེ་ལྷོ། །ཚྭ་ཚྭ་ནུབ་དང་ངར་མི་བྱང་དུ་བཤམས། །འབྱོར་པ་འབྲིང་ལ་གཟུགས་བརྙན་བརྒྱ་བཞི་སྟེ། །དང་པོ་ཚྭ་ཚྭ་ཉེར་ལྔ་སྔོན་ལྟར་སྟེ། །དེ་རྒྱབ་འཇིམ་པའམ་ཡུངས་ཀྱི་ཀོང་བུའི་ནང་། །སྡོང་བུ་ལྔ་རེ་བཙུགས་པའི་མར་མེ་ལྔ། །དེ་རྒྱབ་ལྷ་བཤོས་དང་ནི་ངར་མི་ཡང་། །ཉི་ཤུ་རྩ་ལྔ་རེ་ཡིས་བསྐོར་བར་བྱ། །དེ་རྒྱབ་ཕྱོགས་བཞི་མདའ་འམ་སྨྱུག་རྒོད་ལ། །མེ་ལོང་བཞི་བཏགས་གཟུགས་བརྙན་བརྒྱ་བཞི་ཚང་། །དེ་ལས་བསྡུས་ན་ཚྭ་ཚྭ་བཅུ་ཡིས་ཆོག །མར་མེ་བཞི་ལ་སྡོང་བུ་ལྔ་རེའམ། །བཤོས་བུ་ངར་མི་ཡང་ནི་བཅུ་རེ་བྱ། །གཞུང་ལས་དོན་ལ་བཅུ་རེས་ཚང་ཞེས་གསུངས། །དེ་ཉིད་འདོན་ཚེ་ལག་ཏུ་མེ་ལོང་བཟུང་། །མེ་ལོང་ཕྱི་ཞིང་ལན་བཅུ་བསྟན་པས་འཐུས། །དེ་ནི་གཟུགས་བརྙན་བརྒྱ་བཞི་རྒྱས་བསྡུས་སོ། །ཐ་མ་ཏིང་ངེ་འཛིན་གྱི་བརྒྱ་བཞི་ནི། །ཚྭ་ཚྭ་གཅིག་དང་དེ་བཞིན་མར་མེ་གཅིག །ངར་མི་ལྷ་བཤོས་གཉིས་ནི་བཞི་རེ་བྱ། །ཏི ང་ངེ་འཛིན་གྱི་བརྒྱ་རེ་ཡིད་ཀྱིས་སྤྲུལ། །འདོན་ཆ་རྣམས་ནི་ཚར་གཅིག་འདོན་པ་སྟེ། །དམིགས་པ་གསལ་ན་དེས་ཀྱང་འགྲུབ་པ་སྟེ། །མི་གསལ་ན་ནི་ཕན་ཐོགས་ཆུང་བར་བཤད། །འོན་ཀྱང་མོ་ལུང་སེལ་ཙམ་འོང་བ་ཡིན། །དེ་ལྟར་རྒྱས་བསྡུས་འབྲིང་སོགས་གང་བྱེད་ཀྱང་། །གོང་དུ་ཐུབ་པའི་སྐུ་དང་མཆོད་པ་དང་། །འོག་ཏུ་ཐུབ་པའི་ཕྱག་མཐིལ་ངར་མི་དང་། །ཕྱག་སོར་བདུད་བཞིའི་གཟུགས་རྣམས་ཀུན་ལ་དགོས། །དེ་ནས་མཆོད་པ་ཐམས་ཅད་བྲན་བྱས་ཏེ། །བདག་བསྐྱེད་སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་དང་། །མདུན་བསྐྱེད་ཐུབ་པ་སྤྱན་འདྲེན་མཆོད་བསྟོད་ནི། །ཁུངས་བཙུན་མི་བསྐྱོད་ཞབས་ཀྱིས་མཛད་ལྟར་འདོན། །དེ་ནས་འདི་དག་གྱེར་སྒོམ་སྦྲགས་པས་མཐུས། ༀ་སྭ་བྷཱ་ཝ་སོགས། ཆོས་རྣམས་ཡེ་ནས་མི་དམིགས་སྟོང་པའི་ངང་། །ཡྃ་རྃ་བྃ་ལྃ་ལས་བྱུང་འབྱུང་རིམ་བརྩེགས། །དེ་ལྟར་སྣང་སྟོང་མཁའ་ལ་འཇའ་ཤར་ལྟར། །ཐུབ་པའི་ཕྱག་གཡས་ཡངས་ཤིང་རྒྱ་ཆེ་བ། །མཛུབ་མོའི་སྟེང་དུ་ལྷ་ཡི་བུ་ཡི་བདུད། །དཀར་པོ་ལྷ་ཕྲུག་གཞོན་ནུའི་ཆ་བྱད་ཅན། །གུང་མོའི་སྟེང་དུ་ཉོན་མོངས་པ་ཡི་བདུད། །དམར་པོ་སྒེག་ཅིང་ཆགས་པའི་ཉམས་ལྡན་པ། །སྲིན་ལག་སྟེང་དུ་ཕུང་པོའི་བདུད་སེར་པོ། །བྲམ་ཟེའི་ཆ་ལུགས་རྒས་ཤིང་འཁོག་པའི་ཉམས། །མཐེའུ་ཆུང་སྟེང་དུ་འཆི་བདག་བདུད་ནག་པོ། །གཤིན་རྗེའི་ཆ་ལུགས་ཁྲོ་ཞིང་གཏུམ་པའི་གཟུགས། །བཞི་ཀས་ལག་ན་ཁྲམ་ཞིང་ཞགས་པ་ཐོགས། །རང་རང་རིགས་མཐུན་འཁོར་ཚོགས་རྒྱ་མཚོས་བསྐོར། །ཕྱག་མཐིལ་འབྲུ་མཆོག་ངར་གྱི་མི་བོ་ཆེ། །ཕུང་ཁམས་སྐྱེ་མཆེད་ཆ་ལུགས་ཡོངས་སུ་རྫོགས། །སྦྱིན་བདག་དངོས་འདྲ་དངོས་ལས་བརྒྱ་སྟོང་ལྷག །རང་འདྲའི་སྤྲུལ་པ་གདོན་གྱི་གྲངས་མཉམ་འཕྲོ། །ཚྭ་ཚྭ་རྣམས་ནི་བྷྲཱུྃ་ཡིག་དཀར་པོ་ལས། །འོད་འཕྲོས་རྣམ་སྣང་དཔག་མེད་སྤྱན་དྲངས་ཐིམ། །ༀ་ཨཱཿཧཱུྃ་གིས་སྐུ་གསུམ་ལྷུན་གྲུབ་པའི། །རྣམ་རྒྱལ་མཆོད་རྟེན་དཀར་པོ་བརྒྱ་ཕྲག་ནི། །ཕུང་པོའི་བདུད་རྣམས་སེལ་བའི་བྱིན་རླབས་ཅན། །བཻ་རོ་ཙ་ན་ༀ་གྱིས་བྱིན་གྱིས་རླབས། །ཀོང་བུ་པདྨ་མར་ཁུ་ཟླ་དཀྱིལ་དབུས། །སྡོང་བུ་ཧཱུྃ་ལས་ཡེ་ཤེས་ལྔ་ཡི་མེ། །ཉོན་མོངས་བདུད་རྣམས་སེལ་བའི་འོད་ཅན་དུ། །བཛྲ་དཱི་པཾ་ཧཱུྃ་གིས་བྱིན་གྱིས་རླབས། །འབྲུ་སྣའི་བཤོས་བུ་རོ་བརྒྱ་ནུས་པ་སྟོང་། །དཀར་ཟླུམ་རི་རབ་ཙམ་པ་བརྒྱ་ཕྲག་ནི། །ལྷ་བུའི་བདུད་རྣམས་སེལ་བའི་བཅུད་ལྡན་དུ། །བཛྲ་ནཻ་ཝི་དྱ་ཡིས་བྱིན་གྱིས་བརླབས། །ངར་མི་འཕྲུལ་གྱི་མི་བོ་ཡ་མཚན་ཅན། །གླུ་ལེན་བློ་བརྡུང་བྱེད་པ་བརྒྱ་ཕྲག་སྟེ། །འཆི་བདག་བདུད་རྣམས་བཟློག་པའི་སྟོབས་ལྡན་དུ། །བཛྲ་རཱུ་པ་ཧཱུྃ་གིས་བྱིན་གྱིས་བརླབས། །རང་ཉིད་སྤྱན་རས་གཟིགས་ཀྱི་འོད་ཟེར་གྱིས། །མདུན་གྱི་ཐུབ་པའི་ཐུགས་ཀར་ཕོག་པ་ཡིས། །ཐུབ་པའི་ཐུགས་ལས་འོད་ཟེར་འཕྲོས་བྱས་པས། །དཔེར་ན་ཉི་མ་དང་ནི་འོད་ཟེར་བཞིན། །ཐུབ་པའི་འཁོར་དུ་ཁྲོ་བོའི་ཚོགས་བཞུགས་པ། །སྤྲོས་ཏེ་གདོན་གྱི་ཚོགས་རྣམས་མདུན་དུ་བཀུག །བདག་དང་ཐུབ་པའི་བཀའ་ཉན་གསུང་བསྒྲུབ་གྱུར། །ཧཱུྃ་མཛད་ཕྱག་རྒྱས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོ ན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་རྣམས་ཀྱི་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ལྷའི་བུའི་བདུད། ཉོན་མོངས་པའི་བདུད། ཕུང་པོའི་བདུད། འཆི་བདག་གི་བདུད། དེ་དག་གི་རིགས་དང་འཁོར་དུ་གཏོགས་པའི་བསྲུང་བྱ་སྦྱིན་བདག་འདི་ལ་གནོད་ཅིང་འཚེ་བར་བྱེད་པ་གང་ཡིན་པ་ཐམས་ཅད་འདིར་འཆིས་པར་གྱུར་ཅིག །ཊཱཀྐི་ཧཱུྃ་ཛཿ ཧཱུྃ། དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །བར་སྣང་ཁམས་ཀྱང་འགུགས་བྱེད་ན། །ལུས་ཅན་རྣམས་ལ་སྨོས་ཅི་དགོས། །སེམས་མེད་པ་ཡང་འགུགས་བྱེད་ན། །སེམས་དང་ལྡན་པ་སྨོས་ཅི་དགོས། །འདིར་ནི་གནོད་བྱེད་འགུགས་ཏུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཧཱུྃ། སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །བདུད་བཞིའི་རིགས་སུ་མ་འདུས་མེད། །ལྷས་ཀྱང་གསོན་ལ་འདྲེས་ཀྱང་ཉོན། །འདས་པའི་སངས་རྒྱས་མར་མེ་མཛད། །མར་མེ་བརྒྱ་ནི་སྦྱིན་པ་བཏང་། །མ་རིག་མུན་པ་བསལ་བ་ལྟར། །དེ་རིང་མར་མེའི་མཆོད་སྦྱིན་བྱ། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །སྐུ་གདུང་མཆོད་རྟེན་འཛམ་གླིང་བཀང། །འགྲོ་བ་མང་པོའི་ཚོགས་གཉིས་རྫོགས། །དེ་བཞིན་མཆོད་རྟེན་ཚྭ་ཚྭ་བཞེངས། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་དེ། །ལྷ་དང་ལྷ་མིན་འཐབ་པའི་ཚེ། །ལྷ་རྣམས་ཕམ་ཞིང་ལྷ་མིན་རྒྱལ། །བརྒྱ་བྱིན་འཆི་བདག་བདུད་ཀྱིས་ཟིན། །ཚེ་འཕོས་ངན་སོང་སྐྱེ་བར་ཤེས། །ཤིན་ཏུ་འཇིགས་ཤིང་སྐྲག་གྱུར་ནས། །ཕྱག་ན་རྡོ་རྗེ་ལ་ཞུས་པ། །ཀྱཻ་མ་བཅོམ་ལྡན་ཐུགས་རྗེ་ཅན། །བདུད་བཞི་འདུལ་ཐབས་གང་ལྟར་ལགས། །ལྷ་ཡི་བུ་ཡི་བདུད་ཀྱིས་ནི། །ལྷ་མིན་དམག་དྲངས་གཡུལ་ཕམ་གྱུར། །ཕུང་པོའི་བདུད་ཀྱིས་ལུས་འདི་ལ། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་བྱུང་། །འཆི་བདག་བདུད་ཀྱིས་སྲོག་བཅད་ཅིང་། །ཉོན་མོངས་བདུད་ཀྱིས་ངན་སོང་ལྷུང་། །རྡོ་རྗེ་འཆང་གིས་བདག་ལ་སྐྱོབས། །ཞེས་ཞུས་གསང་བའི་བདག་པོ་ཡིས། །བཅོམ་ལྡན་ཐུབ་པ་ཉིད་ལ་ཞུས། །ཐུབ་པས་བརྒྱ་བཞིའི་ཆོ་ག་མཛད། །ལྷ་དབང་བརྒྱ་བྱིན་བསྙུན་ལས་ཐར། །བརྒྱ་བཞི་སྦྱིན་པར་བཏང་བ་དེས། །བརྒྱ་བྱིན་ཞེས་བྱའི་མཚན་ཡང་ཐོགས། །སྔོན་གྱི་སྲིད་པ་ཇི་བཞིན་དུ། །སྦྱིན་བདག་བར་ཆད་བསལ་བའི་ཕྱིར། །བརྒྱ་བཞིའི་མཆོད་སྦྱིན་བཞེས་སླད་དུ། །ཧཱུྃ། འཆི་བདག་བདུད་དང་ཕུང་པོའི་བདུད། །ཉོན་མོངས་བདུད་དང་ལྷ་བུའི་བདུད། །བདུད་བཞི་བདུད་ཀྱི་དམག་དཔོན་ཚོགས། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་དེ། །འཆི་བདག་ནག་པོའི་བདུད་ཀྱིས་ཟིན། །བདུད་བཞི་སེལ་བའི་གཏོ་དཔྱད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱིས། །བརྒྱ་བཞི་སྦྱིན་པ་བཏང་བས་སངས། །ལྷ་དབང་བརྒྱ་བྱིན་བསྙུན་ལས་ཐར། །ད་ལྟ་རྒྱུ་སྦྱོར་ཡོན་བདག་ལ། །མོ་ངན་རྨི་ལྟས་ངན་པ་དང་། །མོ་རྩིས་ངན་པའི་གཏོ་དཔྱད་དུ། །བརྒྱ་བཞིའི་ཡས་དང་རྫས་བསགས་ཏེ། །འབྱུང་བའི་བདུད་བཞི་སྤྱན་དྲངས་ཏེ། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ནས། །ཕྱག་སོར་བཞི་ཡི་རྩེ་ལ་བཞུགས་སུ་གསོལ། །ཀྱཻ། ལྷ་བུའི་བདུད་ནི་དཀར་པོ་སྟེ། །ཤེས་བྱའི་སྒྲིབ་པའི་རྒྱུ་ལས་བྱུང་། །ཉོན་མོངས་བདུད་ནི་གསེར་པོ་སྟེ། །དུག་ལྔ་ཉོན་མོངས་སྒྲིབ་ལས་བྱུང་། །ཕུང་པོའི་བདུད་ནི་དམར་པོ་སྟེ། །བག་ཆགས་སྒྲིབ་པའི་རྒྱུ་ལས་བྱུང་། །འཆི་བདག་བདུད་ནི་ནག་པོ་སྟེ། །རྣམ་སྨིན་ལས་ཀྱི་སྒྲིབ་ལས་བྱུང་། །དེ་ལྟར་རྒྱུ་སྦྱོར་ཡོན་བདག་གི །སྒྲིབ་པ་རྣམས་བཞི་སྦྱང་བའི་ཕྱིར། །མཆོད་དང་སྦྱིན་པའི་གནས་ཉིད་ནི། །མཆོད་པའི་གནས་འདིར་དཀོན་མཆོག་གསུམ། །མཆོད་རྫས་མར་མེ་ཞལ་ཟས་སོགས། །འབུལ་ཞིང་ཚོགས་ནི་རབ་བསགས་པས། །ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་སྦྱངས། །ལྷ་བདུད་ཉོན་མོངས་བདུད་ལས་ཐར། །སྦྱིན་པའི་གཏོར་མ་རྒྱ་ཆེན་བཏང་། །འཆི་བདག་ནག་པོའི་བདུད་ལས་ཐར། །ལན་ཆགས་སྲོག་གླུད་འདི་བསྔོས་པས། །འཆི་བདག་ཕུང་པོའི་བདུད་ལས་ཐར། །བདུད་བཞི་སེལ་བའི་གཏོར་མཆོད་འདི། །སྔོན་ཚེ་རྒྱལ་བའི་བྱིན་བརླབས་དང་། །གསང་སྔགས་དང་ནི་རིགས་སྔགས་དང་། །བདག་གི་བསམ་པ་དག་པའི་མཐུས། །བདུད་བཞིའི་གནོད་སེམས་ཞི་གྱུར་ཅིག །མཆོད་སྦྱིན་རྒྱས་པའི་ཆོ་ག་འདི། །བདུད་བཞི་སེལ་བའི་མཆོག་ཡིན་ཏེ། །སྔོན་ཚེ་ལྷ་ཡི་དབང་པོས་མཛད། །ད་ལྟ་རྒྱུ་ུསྦྱོར་ཡོན་བདག་གི །བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ། །བདུད་སྒོ་ཆོད་ལ་ལས་སྒོ་སྐྱོལ། །སྒྲིབ་པ་མི་གཙང་དྲི་མའི་ཚོགས། །ཚོགས་གཉིས་བསགས་པས་དག་པར་གྱིས། །བདུད་ཚོགས་ཐམས་ཅད་མ་ལུས་པའི། །གཙོ་བོའི་བདུད་ཆེན་རྣམ་པ་བཞི། །སྣང་གསལ་བརྒྱ་བཞིའི་མཆོད་པ་བཞེས། །མཆོད་སྦྱིན་ཆེན་པོ་འདི་བསྔོས་པས། །བདུད་ཆེན་བཞི་ཡི་ཐུགས་དམ་བསྐང་། །གཟུགས་དང་ཕུང་པོ་འཇིག་བྱེད་པའི། །ནད་བཞི་འདུ་བ་སྨན་གྱིས་གསོ། །བར་ཆད་གློ་བུར་ཡེ་འདྲོག་རྐྱེན། །བགེགས་ཀྱི་རྒྱལ་པོ་བདུད་ཆེན་བཞི། །བརྒྱ་བཞིའི་མཆོད་སྦྱིན་འདི་བཞེས་ལ། །བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །དངོས་དང་གཟུགས་བརྙན་ཏིང་འཛིན་གྱིས། །བསགས་ཤིང་མེ་ལོང་བློས་སྤྲུལ་ནས། །བྱིན་གྱིས་བརླབས་ཤིང་སྦྱིན་བཏང་འདི། །བདུད་ཆེན་བཞི་ལ་འབུལ་ལགས་ན། །འདིར་གཤེགས་བཞེས་ཏེ་དགྱེས་པར་མཛོད། །ཀྱཻ། སྔོན་ཚེ་བཅོམ་ལྡན་ཤཱཀ་ཐུབ་ཀྱིས། །མཆོད་སྦྱིན་ཕྱག་རྒྱ་གཡས་པ་རུ། །མཆོད་གཏོར་རྫས་དང་ཡས་བསགས་ཏེ། །ཕྱག་སོར་རྩེ་ལ་མགྲོན་བཀུག་ནས། །བདུད་བཞིའི་མགྲོན་ལ་སྦྱིན་པ་བཏང་། །རྒྱུ་ུསྦྱོར་ཡོན་གྱི་བདག་པོ་ཡི། །དད་ཅན་ཡོན་བདག་ཕྱག་མཐིལ་དུ། །བཞག་ཅེས་བརྗོད་ནས་དབང་བསྐུར་བས། །སྒྲིབ་པ་བཞི་ལས་གྱུར་པ་ཡི། །བདུད་བཞི་བསལ་ཏེ་མདངས་དང་ལྡན། །སྔོན་ཚེ་བདེན་པའི་བྱིན་བརླབས་པས། །བདེན་པའི་བྱིན་བརླབས་དེ་ལྟར་ལགས། །ད་ལྟ་བདག་དང་ཡོན་བདག་གི །གཟུགས་དང་གླུད་ཆེན་འདི་བསྔོས་ཏེ། །མཐའ་མ་བརྒྱ་བཞིའི་རྫས་ཀྱིས་བསྐོར། །བདུད་བཞི་ཕྱག་སོར་བཞུགས་པ་རྣམས། །མཛུབ་མོར་ལྷ་བདུད་དཀར་པོ་ཉོན། །གུང་མོར་ཕུང་བདུད་སེར་པོ་ཉོན། །སྲིན་ལག་ཉོན་བདུད་དམར་པོ་ཉོན། །མཐེའུ་ཆུང་འཆི་བདག་བདུད་ནག་ཉོན། །བསགས་པའི་དམ་རྫས་འདི་རྣམས་ལ། །བདག་གི་ཏིང་འཛིན་སྟོབས་དང་ནི། །ཕྱོགས་བཅུའི་དཀོན་མཆོག་བདེན་པ་དང་། །ཆོས་སྐྱོང་རྣམས་ཀྱི་མཐུ་རྩལ་གྱིས། །བདུད་བཞིའི་དམག་དང་བགེགས་ཚོགས་རྣམས། །ཚིམ་ཞིང་དགྱེས་པའི་སེམས་དང་ལྡན། །གདུག་པའི་སེམས་ཞི་བདེ་བར་མཛོད། །སྔོན་ཚེ་ཐུབ་པ་ཆེན་པོའི་བཀའ། །བརྒྱ་བཞི་སྦྱིན་པ་རྣམ་བཞི་སྟེ། །ཚྭ་ཚྭ་བརྒྱ་ནི་ཚོགས་ལམ་ལ། །བརྟེན་ནས་སྐྱབས་ཀྱི་སྦྱིན་པ་ཡིན། །གཏོར་མ་རྒྱ་ནི་སྦྱོར་ལམ་ལ། །བརྟེན་ནས་ཟང་ཟིང་སྦྱིན་པ་ཡིན། །མར་མེ་བརྒྱ་ནི་མཐོང་ལམ་ལ། །བརྟེན་ནས་བྱམས་པའི་སྦྱིན་པ་ཡིན། །ངར་མི་བརྒྱ་ནི་སྒོམ་ལམ་ལ། །བརྟེན་ནས་སྲོག་གི་ལན་ཆགས་སྦྱོང་། །དེ་ཕྱིར་ཆོས་ཀྱི་སྦྱིན་པ་ཡིན། །སྔོན་ཚེ་བརྒྱ་བྱིན་ལུས་ཀྱི་རྐྱེན། །ངར་མི་བརྒྱ་བཏང་བདུད་ལས་ཐར། །དེ་བཞིན་བརྒྱ་བཞི་འདི་བཏང་བས། །ནད་དང་གདོན་ལས་ཐར་གྱུར་ཅིག །ཧཱུྃ། འགྲོ་བ་མ་རིག་འཁྲུལ་པ་ཡི། །ལས་ལ་ཐུགས་རྗེས་རབ་གཟིགས་པས། །རིན་ཆེན་སྣ་ལྔའི་ས་བསྡུས་ནས། །འབྱུང་བ་ཆུ་ཡིས་རབ་སྦྱར་ཏེ། །ཏིང་ངེ་འཛིན་གྱིས་བྱིན་བརླབས་ནས། །རྐོས་ཕོར་ཆོས་ཀྱི་དབྱིངས་ཀྱི་ཡུམ། །འབི་འབི་ཐབས་དང་ཤེས་རབ་སྲས། །གཉིས་སུ་མེད་པར་བརྡབ་པ་ནི། །སྐུ་གདུང་མཆོད་རྟེན་དཔག་ཏུ་མེད། །སེམས་བསྐྱེད་ཆེ་བས་ཁྱད་པར་འཕགས། །བསྒྱུར་སྟོབས་ཆེ་བས་རླུང་དང་འདྲ། །རྟེན་འབྲེལ་ཀུན་ཚོགས་སྐུ་ཡི་རྟེན། །ཡོན་ཏན་ལྡན་ཏེ་ཐོགས་པ་མེད། སྐུ་གདུང་མཆོད་རྟེན་ཐམས་ཅད་དང་། །མཆོད་པའི་གནས་སུ་གྱུར་པ་དང་། །བདག་ཅག་ཡོན་མཆོད་འཁོར་བཅས་དང་། །སེམས་ཅན་རྣམས་ཀྱིས་སྐྱབས་སུ་མཆི། །དེ་ཕྱིར་དཀོན་མཆོག་གསུམ་པོ་དང་། །ཡི་དམ་ཆོས་སྐྱོང་ལྷ་ཚོགས་ཀྱི། །སྐུ་གསུང་རྟེན་མཆོག་གྱུར་པ་རྣམས། །སྤྱི་བོའི་གཙུག་ཏུ་བསྐུར་བྱས་ནས། །ཕྱག་གི་གནས་སུ་བཟུང་བར་བགྱིས། །བྱིན་རླབས་སྐྱབས་ཆེན་དཀོན་མཆོག་གསུམ། །ཕྱག་གི་རྟེན་དུ་བཞུགས་སུ་གསོལ། །དེང་ནས་སྙིང་པོ་བྱང་ཆུབ་བར། སེམས་ཅན་རྣམས་ཀྱི་མགོན་སྐྱབས་སུ། །བདེ་བར་གཤེགས་པ་རབ་སྤྲུལ་ནས། །སེམས་ཅན་རྣམས་ཀྱི་དོན་ལ་དགོངས། །འོད་དཔག་མེད་པའི་ཐུགས་རྗེ་ཡིས། །བྱིན་གྱིས་བརླབས་པའི་ཡོན་ཏན་ལྔ། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །ཕྱག་གི་གནས་སུ་བཟུང་བར་བགྱིས། །བསོད་ནམས་རྟེན་དུ་བཟུང་བར་བགྱིས། །སྔོན་གྱིས་རྒྱལ་པོ་པ་རི་ཤ་པ་དེ། །འཆི་བདག་བདུད་ཀྱིས་ཁྱེར་ལ་ཁད། །ཚྭ་ཚྭ་བརྒྱ་རྩ་བརྩམ་པ་ཡིས། །པ་རི་ཤ་པ་བདུད་ལས་ཐར། །སྔོན་གྱི་དེ་ལ་དཔེ་བླངས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །བརྒྱ་བཞིའི་ཆོ་ག་འདི་བྱས་པས། །བྱ་སྤྲེལ་ལྕགས་ཀྱི་འཁོར་ལོ་ཤིག །བཙའ་མ་དགུ་རྒྱུག་བྱེད་པ་ཡི། །ནུབ་ཀྱི་བགེགས་གཉན་བཟློག་ཏུ་གསོལ། །ཧཱུྃ། མཉམ་པ་ཉིད་ཀྱི་ཞིང་ཁམས་ནས། །རིན་ཆེན་ཕོ་བྲང་དཀྱིལ་འཁོར་ནས། །རྩི་ཐོག་སྙིང་པོ་མར་དང་ནི། །འབྲུ་མར་སྙིང་པོ་སྣ་ཚོགས་ཀྱི། །རྒྱུ་ཡི་མཆོག་ལས་བྱུང་བ་ཡི། །གསལ་བའི་ཡེ་ཤེས་མར་མེ་དང་། །སྣང་ཞིང་གསལ་བའི་སྒྲོན་མེ་དང་། །ཉི་མ་ཟླ་བ་ལ་སོགས་རྣམས། །ཡུལ་ཕྱོགས་ཀུན་ཏུ་གསལ་བྱས་པས། །གློག་དང་སྐར་མ་ལ་སོགས་པ། །ཡུལ་རྣམས་ཀུན་ཏུ་གསལ་བྱས་པས། །རིན་ཆེན་རང་བཞིན་ཆེར་འབར་བའི། །མར་མེ་མེ་ལས་གྲུབ་པ་ཡི། །ཟླ་བ་ཆུ་ལས་གྲུབ་པ་དེས། །འོད་ཀྱི་སྣང་བ་སྣ་ཚོགས་ཀྱིས། །ལྷོ་ཕྱོགས་གདུག་པའི་ཀག་གཉན་དང་། །འབྱུང་བ་མེ་ཡི་སྐག་ལས་ཐར། །དེ་ཕྱིར་ཕན་ཡོན་དཔག་ཏུ་མེད། །བརྒྱ་བཞི་བརྩམས་པའི་ཕན་ཡོན་གྱིས། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི། །སྟག་གཟིག་གདུག་པ་ཞི་བ་ལྟར། །མར་མེ་འདི་ཡི་ཕན་ཡོན་གྱིས། །འོད་གསལ་སྣང་གསལ་མར་མེ་འདི། །ཡེ་ཤེས་ལྷ་ལ་ཕུལ་བ་ཡིས། །སྟེང་གི་ཀག་གཉན་བཟློ ག་ཏུ་གསོལ། །མེས་ནི་བར་སྣང་གདུག་པ་ཞི། །ཐལ་བས་འོག་ཕྱོགས་གདོན་རྣམས་སེལ། །འོད་ཀྱིས་ཕྱོགས་རྣམས་ཀུན་གསལ་ཞིང་། །བརྒྱ་བཞིའི་ཕན་ཡོན་རབ་ལྡན་པས། །ལྷོ་ཕྱོགས་བྱ་སྤྲེལ་མེ་ཡི་གདུག་པ་ཞི། །ལྷོ་ཕྱོགས་མེ་ཡི་དལ་ཁ་བསྒྱུར། །འབྱུང་བའི་ནད་ལས་ཐར་གྱུར་ཅིག །ཚ་བ་མེ་ཡི་ཡམས་ནད་དང་། །གདུག་པའི་ཀག་གཉན་སུམ་བརྒྱ་དང་། །དྲུག་ཅུ་རྩ་བཞི་ཐམས་ཅད་ཀུན། །མར་མེ་བརྒྱ་རྩའི་སྟོབས་ཀྱིས་བཟློག །བརྒྱ་བཞིའི་ཕན་ཡོན་འདི་དག་གིས། །རྩུབ་འཁྲུགས་ཐམས་ཅད་བསྒྱུར་དུ་གསོལ། །ཚེ་དང་བསོད་ནམས་འཕེལ་བར་མཛོད། །ཧཱུྃ། འཇིག་རྟེན་དག་ན་གནས་པ་ཡི། །ལྷ་དང་ཀླུ་དང་ལྷ་མིན་གདོན། །དྲི་ཟ་དང་ནི་སྲུལ་པོའི་གདོན། །མིའམ་ཅི་དང་ལྟོ་འཕྱེ་དང་། །མ་མོ་གཤིན་རྗེ་མཁའ་འགྲོ་ཚོགས། །མཁའ་ལ་འཕྱོ་དང་བར་སྣང་འཕྱོ། །ས་ལ་གནས་རྣམས་མ་ལུས་དང་། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་བ་ལྔ་ལ་གནས་པ་དང་། །བདུད་བཞི་བདུད་རིགས་འཁོར་བཅས་དང་། །རི་ལུང་ནགས་ཚལ་ལ་གནས་དང་། །ཁང་སྟོང་ཕུག་སྟོང་ལ་སོགས་དང་། །ལྷ་ཁང་མཆོད་རྟེན་རི་རལ་རྙིང་པ་དང་། །རྒྱ་གྲམ་ལམ་དང་ལ་བཙས་ལ་གནས་དང་། །འཛམ་བུ་གླིང་ལ་དབང་དགོས་འདྲེ་སྲིན་དང་། །གདོན་དང་འབྱུང་པོ་མ་ལུས་ཀུན། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་འདི་ཁྱེར་ལ། །གནོད་པའི་བསམ་སྦྱོར་ངན་པ་མི་གཏོང་བར། །ཞི་བའི་བསམ་པས་རང་རང་གནས་སུ་དེངས། །ཟང་ཟིང་སྦྱིན་པས་ལུས་ངག་ཡིད་གསུམ་ཚིམ། །དེ་ལྟར་གཏོར་མ་དམ་པ་འདི་ཁྱེར་ལ། །སངས་རྒྱས་བདེ་བར་གཤེགས་པའི་བཀའ་ལ་ཉོན། །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །ཀྱཻ། ངར་མིའི་རྒྱུ་བཙལ་གང་དུ་བཙལ། །འབྲུ་སྣ་དགུ་ཡི་རྒྱུ་འབྲས་ནི། །བྱུང་ཁུངས་ནག་པོ་རྒྱ་ནས་བྱུང་། །རྒྱ་ཞིང་མུ་མེད་རྫོགས་སུ་བཏབ། །ཐབས་ཤེས་གླང་པོའི་རྨོས་དོར་ལ། །གཉའ་ཤིང་ཐོང་ལྕགས་རོལ་དུ་རྨོས། །བརྩོན་འགྲུས་ཐབས་ཀྱིས་སོ་ནམ་བྱས། །ཕ་དགུང་སྔོན་གནམ་གྱི་ཆར་གྱིས་བྲན། །མ་ས་གཞིའི་རླན་གྱིས་ངད་ཀྱིས་སྐྱེས། །བུ་ནི་འབྲུ་སྣ་དགུ་རུ་སྲིད། །ཟོར་གྱིས་བརྔས་ནས་ཐབས་ཀྱིས་བརྡུང་། །རིན་ཆེན་མཛེས་པའི་སྣོད་དུ་བླུགས། །ཡན་ལག་བརྒྱད་ལྡན་ཆབ་ཀྱིས་བྲན། །རྣལ་འབྱོར་བདག་གིས་ཕྱག་ཏུ་ཕུལ། །ཡོན་བདག་གླུད་དུ་ངར་མི་བྱས། །འབྲུ་སྣ་དགུ་ཡི་ངར་མི་འདི། །སྤྱན་བཟང་གཟི་མདངས་ཡ་ལ་ལ། །ཤངས་བཟང་དྲི་ཞིམ་ཐུ་ལུ་ལུ། །ཚེམས་བཟང་དུང་ལྟར་ཁྲིགས་སེ་ཁྲིག །ལྗགས་བཟང་གློག་ལྟར་ཁྱུགས་སེ་ཁྱུག །གཟུགས་བཟང་ཉི་ལྟར་ལྷམས་སེ་ལྷམ། །སྨྲ་མཁས་དེ་ནི་ས་ལ་ལ་། །འགྲོ་མཁས་དེ་ནི་ཟུ་ལུ་ལུ། །གོས་བཟང་དེ་ནི་ལྷུབས་སེ་ལྷུབ། །དབང་པོ་རྣམ་ལྔ་འདི་ལ་ཚང་། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །མི་བས་གླུད་བཟང་ཡ་ལ་ལ། །རྗེ་བས་ཁ་དྲོ་ཐིབས་སེ་ཐིབ། །བདག་དང་ཡོན་བདག་གླུད་དུ་འབུལ། །གླུད་བདག་རྣམས་ཀྱིས་གླུད་འདི་ལོངས། །ཡས་བདག་རྣམས་ཀྱིས་ཡས་འདི་ལོངས། །མོ་ངན་རྨི་ངན་ལྟས་ངན་རྣམས། །ལོ་ཟླ་ཞག་དང་ཟ་མའི་སྐག །ཆོ་འཕྲུལ་ལྟས་ངན་ཅི་མཆིས་པ། །སྐུ་གླུད་འདི་ཡིས་བྱང་བར་མཛོད། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །བདག་གིས་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ཀུན་མ་ལུས་པ། །ཐོག་པ་མེད་པར་འབྱུང་གྱུར་ཅིག །དེ་ནས་སྡེར་རམ་སྣོད་གཅིག་གི་ནང་དུ། ལྷའི་བུའི་བདུད་དཀར་པོ་བཞག །དེའི་ནང་དུ་ཤར་ངོས་ཀྱི་གཏོར་མ་དང་། ངར་མི། ཆངས་བུ། མཐེབ་སྐྱུ། མར་མེ་རྣམས་བླངས་ལ་བཞག །འདོན་མི་མང་ན་དུ་ཡོད་ཀྱི་གྲངས་བླངས་ལ་བཞག །དེའི་ནང་དུ་འབྲུ་སྣ་དང་ཡོས་བཀྲ་ཅུང་ཟད་བཏབ་ལ་བྲན། ༀ་བཛྲ་ཡཀྵ་ཧཱུྃ། ༀ་སྭ་བྷཱ་ཝ་སོགས། གླུད་དང་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ༀ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། སྔགས་ལྔའམ་བདུན་བརྗོད་ལ། མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི། བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། བདག་དང་བསྲུང་བྱ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ལྷའི་བུའི་བདུད་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །ལྷའི་བུའི་བདུད་ཀྱི་གནོད་པ་དང་བར་ཆད་བསམ་སྦྱོར་ངན་པ་དང་གདུབ་རྩུབ་མཚན་ལྟས་ངན་པ་ཐམས་ཅད་ཞི་ཞིང་བསྒྱུར་དུ་གསོལ། མོ་ངན་པ་དང་རྨི་ལམ་ངན་པ་ཐམས་ཅད་བཟློག་ཅིག །དེ་ལྟར་ཚར་ཉི་ཤུ་རྩ་ལྔ་བྱ་སྟེ། འདོན་མི་མང་ན་གཏོར་མ་དང་གླུད་ཀྱིས་མ་ལྡངས་ན་གླུད་དང་གཏོར་མ་གསར་པ་བསྣན་པའམ་མེད་ན་འབྲུ་སྣ་དང་ཡོས་བཀྲ་བསྣན་ལ་བཏོན་ཏེ། བརྒྱ་ནི་གྲངས་ཚད་ཡིན་གྱི་དེ་བས་མང་ཡང་ལེགས་པ་ལས་སྐྱོན་དུ་མི་འགྱུར་བར་གསུངས། བརྒྱ་བཞི་འབྲིང་དང་བསྡུས་པ་ལ་ནི་གང་བཅས་གྲངས་དེ་ལས་མང་མི་དགོས། དེ་ལྟར་ཉེར་ལྔ་རྫོགས་ནས་དེ་ཁ་ཕྱིར་བསྟན་ལ། ཀྱཻ། སྔོན་ཚེ་ལྷ་དབང་དོན་ཆེད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱི། །མཆོད་སྦྱིན་ཕྱག་མཐིལ་གཡས་པ་རུ། །རྒྱུ་དང་ཡོན་དུ་འབྱོར་པ་ཡི། །དད་ལྡན་བརྒྱ་བཞིའི་མཆོད་སྦྱིན་བཞག །ཕྱག་སོར་བཞི་ལ་བདུད་བཞི་བཀུག །ཐུགས་རྗེས་དབང་བསྐུར་ཉོན་མོངས་ལས། །སྡུག་བསྔལ་ཤེས་བྱའི་སྒྲིབ་ལས་བྱུང་། །ལྷ་བདུད་གསལ་བས་མདངས་དང་ལྡན། །སྔོན་ཚེ་བདེན་མཐུའི་བྱིན་བརླབས་ཀྱིས། །ད་ལྟ་བདག་དང་རྒྱུ་འབྱོར་གྱིས། །མཆོད་སྦྱིན་གླུད་ཆེན་འདི་བཅས་ཏེ། །ཐ་མ་ཉི་ཤུ་རྩ་ལྔས་བསྐོར། །ལྷ་བདུད་ཕྱག་སོར་རྩེ་ལ་བཀོད། །གནོད་པ་བསལ་ཕྱིར་ཁྱེད་ལ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །ལྷ་བདུད་དཀར་པོ་མཐུ་སྟོབས་ཅན། །ཅི་ཡང་མེད་པའི་གནས་སུ་དེངས། །ཤེས་བྱའི་སྒྲིབ་པ་ལས་བྱུང་བའི། །ལྷ་ཡི་བུ་བདུད་དཀར་པོ་ཁྱོད། །བརྒྱ་བཞིའི་མཆོད་སྦྱིན་འདི་བཞེས་ལ། །ཡོན་བདག་འདི་ཞེས་བྱ་བ་ཡི། །བཟུང་བ་ཐོང་ལ་བཅིང་པ་ཁྲོལ། །མནན་པ་ཁྱོག་ལ་བསྡམ་པ་ཀློད། །ལྷ་བདུད་མི་ལ་མ་གནོད་གཞན་དུ་དེངས། །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཱ་ཧཱ། དྷེ་ཝ་དྷཱ་ཏུ་རཱུ་དྲ་པྲ་ཝེ་ཤ་ཡ་ཕཊ། ཅེས་གླུད་ཀྱི་གཏོར་མ་དེ་ཤར་དུ་ཁ་བསྟན་ལ་བཞག །དེ་ནས་སྣོད་ནང་དུ་ཕུང་པོའི་བདུད་བཞག་ལ། སྔར་ལྟར་ལྷོ་ངོས་ཀྱི་གཏོར་མ་སོགས་དང་འབྲུ་སྣ་བཏབ་ལ་བྲན། ༀ་བཛྲ་ཡཀྵ་ཧཱུྃ། ༀ་སྭ་བྷཱ་ཝ་སོགས། གླུད་དང་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ༀ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་སོགས། མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། བདག་དང་བསྲུང་བྱ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ཕུང་པོའི་བདུད་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །ཕུང་པོའི་བདུད་ཀྱིས་གནོད་པ་དང་བར་ཆད་བསམ་སྦྱོར་ངན་པ་གདུག་རྩུབ་མཚན་ལྟས་ངན་པ་ཐམས་ཅད་ཞི་ཞིང་བསྒྱུར་དུ་གསོལ། མོ་ངན་པ་དང་རྨི་ལམ་ངན་པ་ཐམས་ཅད་བཟློག་ཅིག །གོང་ལྟར་ཉེར་ལྔ་རྫོགས་ནས་དེ་ཕྱིར་ཁ་བསྟན་ལ། ཀྱེ། སྔོན་ཚེ་ལྷ་དབང་དོན་ཆེད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱི། །མཆོག་སྦྱིན་ཕྱག་མཐིལ་གཡས་པ་རུ། །རྒྱུ་དང་ཡོན་དུ་འབྱོར་པ་ཡི། །དད་ལྡན་བརྒྱ་བཞིའི་མཆོད་པ་བཞག །ཕྱག་སོར་བཞི་ལ་བདུད་བཞི་བཀུག །ཐུགས་རྗེས་དབང་བསྐུར་ཉོན་མོངས་ལས། །སྡུག་བསྔལ་བག་ཆགས་སྒྲིབ་ལས་བྱུང་། །ཕུང་པོའི་བདུད་བསལ་མདངས་དང་ལྡན། །སྔོན་ཚེ་བདེན་མཐུའི་བྱིན་རླབས་ཀྱིས། །ད་ལྟ་བདག་ཅག་རྒྱུ་སྦྱོར་གྱིས། །མཆོད་སྦྱིན་གླུད་ཆེན་འདི་བཅས་ཏེ། །ཐ་མ་ཉི་ཤུ་རྩ་ལྔས་བསྐོར། །ཕུང་བདུད་ཕྱག་སེན་རྩེ་ལ་བཀོད། །གནོད་པ་བསལ་ཕྱིར་ཁྱེད་ལ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །ཕུང་བདུད་སེར་པོ་མཐུ་སྟོབས་ཅན། །ཡོད་མིན་མེད་མིན་གནས་སུ་དེངས། །བག་ཆགས་སྒྲིབ་ལས་བྱུང་བ་ཡི། །ཕུང་པོའི་བདུད་ཆེན་སེར་པོ་ཁྱོད། །བརྒྱ་བཞིའི་མཆོད་སྦྱིན་འདི་བཞེས་ལ། །ཡོན་བདག་འདི་ཞེས་བྱ་བ་ཡི། །བཟུང་བ་ཐོང་ལ་བཅིང་པ་ཁྲོལ། །མནན་པ་ཁྱོག་ལ་བསྡམ་པ་ཀློད། །ཕུང་བདུད་མི་ལ་མ་གནོད་གཞན་དུ་དེངས། །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཱ་ཧཱ། དྷེ་ཝ་དྷ་ཏུ་ུརུ་དྲ་པྲ་ཝེ་ཤ་ཡ་ཕཊཿ ཅེས་ལྷོ་རུ་ཁ་བསྟན་ལ་བཞག །ཡང་ཉོན་མོངས་པའི་བདུད་སྣོད་དུ་བཞག །ནུབ་ངོས་ཀྱི་གཏོར་གླུད་སོགས་དང་འབྲུ་སྣ་བཏབ་ལ་བྲན། ༀ་བཛྲ་ཡཀྵ་ཧཱུྃ། ༀ་སྭ་བྷཱ་ཝ་སོགས། གླུད་དང་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ༀ་ཨཱཿ ཧཱུྃ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། བདག་དང་བསྲུང་བྱ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ཉོན་མོངས་པའི་བདུད་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །ཉོན་མོངས་པའི་བདུད་ཀྱིས་གནོད་པ་དང་བར་ཆད་བསམ་སྦྱོར་ངན་པ་གདུག་རྩུབ་མཚན་ལྟས་ངན་པ་ཐམས་ཅད་ཞི་ཞིང་བསྒྱུར་དུ་གསོལ། །མོ་ངན་པ་དང་རྨི་ལམ་ངན་པ་ཐམས་ཅད་བཟློག་ཅིག །ཉེར་ལྔ་རྫོགས་ནས་ཁ་ཕྱིར་བསྟན་ལ། ཀྱཻ། སྔོན་ཚེ་ལྷ་དབང་དོན་ཆེད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱི། །མཆོད་སྦྱིན་ཕྱག་མཐིལ་གཡས་པ་རུ། །རྒྱུ་དང་ཡོན་དུ་འབྱོར་པ་ཡི། །དད་ལྡན་བརྒྱ་བཞིའི་མཆོད་སྦྱིན་བཞག །ཕྱག་སོར་བཞི་ལ་བདུད་བཞི་བཀུག །ཐུགས་རྗེས་དབང་བསྐུར་ཉོན་མོངས་ལས། །སྡུག་བསྔལ་ཉོན་མོངས་སྒྲིབ་ལས་བྱུང་། །ཉོན་མོངས་བདུད་གསལ་མདངས་དང་ལྡན། །སྔོན་ཚེ་བདེན་མཐུའི་བྱིན་བརླབས་ཀྱིས། །ད་ལྟ་བདག་ཅག་རྒྱུ་འབྱོར་གྱིས། །མཆོད་སྦྱིན་གླུད་ཆེན་འདི་བཅས་ཏེ། །ཐ་མ་ཉི་ཤུ་རྩ་ལྔས་བསྐོར། །ཉོན་བདུད་ཕྱག་སོར་རྩེ་ལ་བཀོད། །གནོད་པ་བསལ་ཕྱིར་ཁྱོད་ལ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །ཉོན་མོངས་བདུད་ཆེན་དམར་པོ་ཁྱོད། །རྣམ་ཤེས་མཐའ་ཡས་གནས་སུ་དེངས། །ཉོན་མོངས་སྒྲིབ་ལས་བྱུང་བ་ཡིན། །ཉོན་མོངས་བདུད་ནི་དམར་པོ་ཁྱོད། །བརྒྱ་བཞིའི་མཆོད་སྦྱིན་འདི་བཞེས་ལ། །ཡོན་བདག་འདི་ཞེས་བྱ་བ་ཡི། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། མནན་པ་ཁྱོག་ལ་བསྡམ་པ་ཀློད། །ཉོན་བདུད་མི་ལ་མ་གནོད་གཞན་དུ་དེངས། །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཱ་ཧཱ། དྷེ་ཝ་དྷཱ་ཏུ་རཱུ་དྲ་པྲ་ཝེ་ཤ་ཡ་ཕཊཿ དེ་ནས་ཁ་ནུབ་ཏུ་བསྟན། འཆི་བདག་གི་བདུད་སྡེར་ནང་དུ་བཞག་བྱང་ངོས་ཀྱི་གཏོར་མ་སོགས་དང་འབྲུ་སྣ་བཏབ་ལ་བྲན། ༀ་བཛྲ་ཡཀྵ་ཧཱུྃ། ༀ་སྭ་བྷཱ་ཝ་སོགས། གླུད་དང་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ༀ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། བདག་དང་བསྲུང་བྱ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འཆི་བདག་གི་བདུད་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །འཆི་བདག་གི་བདུད་ཀྱིས་གནོད་པ་དང་བར་ཆད་བསམ་སྦྱོར་ངན་པ་གདུག་རྩུབ་མཚན་ལྟས་ངན་པ་ཐམས་ཅད་ཞི་ཞིང་བསྒྱུར་དུ་གསོལ། མོ་ངན་པ་དང་རྨི་ལམ་ངན་པ་ཐམས་ཅད་བཟློག་ཅིག །གོང་ལྟར་ཉེར་ལྔ་རྫོགས་ནས་ཁ་ཕྱིར་བསྟན་ལ། ཀྱཻ། སྔོན་ཚེ་ལྷ་དབང་དོན་ཆེད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱི། །མཆོད་སྦྱིན་ཕྱག་མཐིལ་གཡས་པ་རུ། །རྒྱུ་དང་ཡོན་དུ་འབྱོར་པ་ཡི། །དད་ལྡན་བརྒྱ་བཞིའི་མཆོད་སྦྱིན་བཞག །ཕྱག་སོར་བཞི་ལ་བདུད་བཞི་བཀུག །ཐུགས་རྗེས་དབང་བསྐུར་ཉོན་མོངས་ལས། །སྡུག་བསྔལ་ལས་ཀྱི་སྒྲིབ་ལས་བྱུང་། །འཆི་བདག་བདུད་གསལ་མདངས་དང་ལྡན། །སྔོན་ཚེ་བདེན་མཐུའི་བྱིན་བརླབས་ཀྱིས། །ད་ལྟ་བདག་དང་རྒྱུ་འབྱོར་གྱིས། །མཆོད་སྦྱིན་གླུད་ཆེན་འདི་བཅས་ཏེ། །ཐ་མ་ཉི་ཤུ་རྩ་ལྔས་བསྐོར། །འཆི་བདག་ཕྱག་སོར་རྩེ་ལ་བཀོད། །གནོད་པ་བསལ་ཕྱིར་ཁྱོད་ལ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །འཆི་བདག་བདུད་ཆེན་ནག་པོ་ཁྱོད། །ནམ་མཁའ་མཐའ་ཡས་གནས་སུ་དེངས། །འཆི་བདག་ལས་ཀྱི་སྒྲིབ་ལས་བྱུང་། །འཆི་བདག་བདུད་ནི་ནག་པོ་ཁྱོད། །བརྒྱ་བཞིའི་མཆོད་སྦྱིན་འདི་བཞེས་ལ། །ཡོན་བདག་འདི་ཞེས་བྱ་བ་ཡི། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། མནན་པ་ཁྱོག་ལ་བསྡམ་པ་ཀློད། །འཆི་བདག་མི་ལ་མ་གནོད་གཞན་དུ་དེངས། །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཱ་ཧཱ། དྷེ་ཝ་དྷཱ་ཏུ་རཱུ་དྲ་པྲ་ཝེ་ཤ་ཡ་ཕཊཿ ཅེས་ཁ་བྱང་དུ་བསྟན་ལ་བཞག །དེ་ནས་ཕྱག་མཐིལ་གྱི་ངར་མི་དེ་ལ་འབྲུ་སྣ་དང་ཡོས་བཀྲ་བཏབ་ལ་བྲན། ཀྱཻ། སྔོན་ཚེ་ཤཱཀྱ་ཐུབ་པ་ཡི། །མཆོད་སྦྱིན་ཕྱག་རྒྱ་གཡས་པ་རུ། །མཆོད་གཏོར་རྫས་དང་ཡས་བསགས་ཏེ། །ཕྱག་སོར་རྩེ་ལ་མགྲོན་བཀུག་ནས། །བདུད་བཞིའི་མགྲོན་ལ་སྦྱིན་པ་བཏང་། །མཛུབ་མོར་ལྷ་ཡི་བུ་ཡི་བདུད། །གུང་མོའི་རྩེ་ལ་ཕུང་པོའི་བདུད། །སྲིན་ལག་རྩེ་ལ་ཉོན་མོངས་བདུད། །མཐེའུ་ཆུང་ལ་འཆི་བདག་བདུད། །རྒྱུ་དང་ཡོན་དུ་འབྱོར་པ་ཡི། །དད་ལྡན་ཡོན་བདག་ཕྱག་གི་མཐིལ། །གླུད་ཆེན་རྒྱན་གྱིས་སྤྲས་ཏེ་བཞག །གཅེས་པ་འཛད་མེད་དབང་བསྐུར་ནས། །གླུད་ཆེན་སྦྱིན་པར་བཏང་བའི་མཐུས། །བདུད་བཞི་བསལ་ཏེ་མདངས་དང་ལྡན། །སྔོན་ཚེ་བདེན་པའི་མཐུ་སྟོབས་ཀྱིས། །བྱིན་བརླབས་ཡོན་ཏན་དཔག་མེད་འབྱུང་། །སྔོན་ཚེ་བསྐལ་པ་ཐོག་མ་ལ། །ཡབ་རྗེ་འཁོར་ལོ་དྲུག་པ་དེ། །ནད་ནི་ཙི་ཏི་ཛྭ་ལས་ཟི ན། །སྲས་ནི་རྒྱལ་བུ་མ་ཆུད་ཀྱིས། །ཡབ་ལ་དགོངས་ནས་བརྒྱ་བཞི་བརྩམས། །བརྒྱ་བཞི་རྒྱས་པར་གླུད་དུ་འབུལ། །ཤར་ཕྱོགས་དྲི་ཟའི་སྲིད་མདུང་ཆོག །རྒྱལ་པོ་འཁོར་ལོ་དྲུག་པ་ཡབ། །ཙི་ཏི་ཛྭ་ལའི་ནད་ལས་ཐར། །སྔོན་གྱི་དེ་ལ་དཔེ་བླངས་ནས། །རྒྱུ་འབྱོར་ཡོན་གྱི་བདག་པོ་ཡིས། །བརྒྱ་བཞིའི་ཆོ་ག་འདི་བྱས་པས། །ཀག་གཉན་སུམ་བརྒྱ་དྲུག་བཅུ་བཟློག །ཤར་ཕྱོགས་གིང་གི་ཀག་གཉན་བསྒྱུར་དུ་གསོལ། །དེ་ནས་ངར་མི་ཁ་ཕྱིར་བསྟན་ལ་བཞག ཀྱཻ། ད་ལྟ་བདག་དང་ཡོན་བདག་གིས། །གཟུགས་དང་གླུད་ཆེན་འདི་བཤམས་ཏེ། །ཐ་མ་བརྒྱ་བཞིའི་རྫས་ཀྱིས་བསྐོར། །བདུད་བཞི་ཕྱག་སོར་རྩེ་ལ་བཀོད། །བྱིན་གྱིས་བརླབས་ཏེ་བསྔོས་ཤིང་ཕུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །གླུད་ཀྱི་གཏོར་མ་རྒྱ་ཆེན་རྣམས། །གླུད་བདག་རྣམས་ལ་བསྔོས་ཤིང་ཕུལ། །ཚེ་གླུད་སྲོག་གི་རྐྱེན་དུ་འབུལ། །སྐྱེ་མཆེད་རིགས་བཞིའི་གནས་སུ་དེངས། །ལྷ་བདུད་དཀར་པོ་བྱ་བ་ཁྱོད། །ཅི་ཡང་མེད་པའི་གནས་སུ་དེངས། །ཉོན་མོངས་བདུད་ནི་དམར་པོ་ཁྱོད། །རྣམ་ཤེས་མཐའ་ཡས་གནས་སུ་དེངས། །ཕུང་པོའི་བདུད་ནི་སེར་པོ་ཁྱོད། །ཡོན་མིན་མེད་མིན་གནས་སུ་དེངས། །འཆི་བདག་བདུད་ནི་ནག་པོ་ཁྱོད། །ནམ་མཁའ་མཐའ་ཡས་གནས་སུ་དེངས། །ཤེས་བྱའི་སྒྲིབ་དང་ཉོན་མོངས་སྒྲིབ། །བག་ཆགས་སྒྲིབ་དང་ལས་ཀྱི་སྒྲིབ། །སྒྲིབ་པ་བཞི་ལས་བྱུང་བ་ཡི། །ལྷ་ཡི་བདུད་དང་ཉོན་མོངས་བདུད། །ཕུང་པོའི་བདུད་དང་འཆི་བདག་བདུད། །བདུད་བཞི་བདུད་ཀྱི་རྒྱལ་པོ་བཞི། །བརྒྱ་བཞིའི་མཆོད་སྦྱིན་འདི་བཞེས་ལ། །སྐྱེ་མཆེད་རིགས་བཞིའི་གནས་སུ་དེངས། །བདག་དང་ཡོན་བདག་འཁོར་བཅས་ལ། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོག་ལ་བསྡམ་པ་ཀློད། །བདུད་བཞི་མི་ལ་མ་གནོད་གནས་སུ་དེངས། །ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ། ཡང་འབྲུ་སྣ་དང་ཡོས་བཀྲ་རྫོངས་པའི་ཚུལ་དུ་བཏབ་ལ། ཧཱུྃ། གཤིན་རྗེའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །མ་མོའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །རྒྱལ་པོའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །གནོད་སྦྱིན་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །བདུད་ཀྱི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །ས་བདག་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །ཚངས་པའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །སྲིན་པོའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །གཟའ་ཡི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །ཐེའུ་རང་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །བཙན་གྱི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །མེ་ཡི་འཇིག་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །ཆུ་ཡི་འཇིག་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །ས་ཡི་འཇིག་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །ཤིང་གི་འཇིག་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །ལྕགས་ཀྱི་འཇིག་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་བརྫོངས། །སྐུ་གསུང་ཐུགས་ཀྱི་གླུད་དུ་བརྫོངས། །ཡོན་བདག་ཚེ་དེ་བརྒྱ་བཞིས་བསླུ། །རྒྱུ་འབྱོར་ཡོན་གྱི་བདག་པོ་ཡི། །བན་བོན་རྦོད་གཏོང་བརྒྱ་བཞིས་ཆོད། །ཀླུ་གཉན་གཏད་ཁྲམ་བརྒྱ་བཞིས་ཆོད། །དགྲ་སྣ་རྐུ་སྣ་བརྒྱ་བཞིས་ཆོད། །སྐྱེ་བོའི་ཡལ་ཁ་བརྒྱ་བཞིས་ཆོད། །མི་ཡི་ཤི་འཕྲོ་བརྒྱ་བཞིས་ཆོད། །རིམས་ནད་འཚེ་བ་བརྒྱ་བཞིས་ཆོད། །ཕྱུགས་ཀྱི་གོད་ཁ་བརྒྱ་བཞིས་ཆོད། །རྒྱལ་པོའི་གནོད་པ་བརྒྱ་བཞིས་ཆོད། །ཉི་མ་ངན་པ་བརྒྱ་བཞིས་ཆོད། །ཟླ་བ་ངན་པ་བརྒྱ་བཞིས་ཆོད། །ལྟས་ངན་རྟོག་པ་བརྒྱ་བཞིས་ཆོད། །སྐར་ངན་རྟོག་པ་བརྒྱ་བཞིས་ཆོད། །མོ་ངན་ལྟས་ངན་བརྒྱ་བཞིས་ཆོད། །ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་མཁའ་འགྲོ་གནོད་བྱེད་ཚོགས། །རྒྱུ་སྦྱོ ར་ཡོན་གྱི་བདག་པོ་ལ། །གནོད་པར་བྱེད་པ་གང་ཡང་རུང་། །བགེགས་ཀྱི་ཚོགས་རྣམས་མ་ལུས་ཀུན། །རྒྱ་ཆེན་མཆོད་པ་འདི་ལོངས་ལ། །བཟུང་བ་ལས་ནི་ཐར་བར་མཛོད། །བཅིངས་པ་ལས་ནི་གྲོལ་བར་མཛོད། །རིན་ཆེན་གླུད་གཏོར་འདི་བཞེས་ལ། །ཚེ་ལ་བར་དུ་མ་གཅོད་ཅིག །སྲོག་ལ་ཡེ་འགྲོགས་མ་བཏང་ཞིག །ནད་ཀྱི་པྲ་མོ་མ་འདེབས་ཤིག །སྔོན་ཆད་མཆོད་སྦྱིན་མ་ཐོབ་ན། །དེ་རིང་བདག་གིས་ཁྱོད་མཆོད་ཀྱི། །མར་མེ་ཞལ་ཟས་འདི་བཞེས་ལ། །བགེགས་ཀྱི་རྒྱལ་པོ་འགྲོ་བར་གྱིས། །ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །ཁྱོད་ཀྱིས་བགེགས་ཀྱང་བྱེད་པར་ནུས། །རྒྱ་ཆེན་མཆོད་པ་འདི་བཞེས་ལ། །གནོད་པའི་བསམ་པ་ཞི་བར་གྱིས། །གླུད་ཀྱི་གཏོར་མ་འདི་བཞེས་ཤིག །གླུད་ཀྱི་གཏོར་མས་མི་མགུ་ཞིང་། །ལུས་ལ་གནོད་པར་གྱུར་པ་ན། །ཁྱོད་ཀྱི་རྩིབས་ལོག་གཡས་པ་ན། །འབྲས་ཆེན་ནད་ཀྱིས་ཟིན་པར་འགྱུར། །གནོད་སྦྱིན་ནད་ཀྱིས་བཏབ་པ་ན། །ཤ་བཀྲའི་ནད་ཀྱིས་ཐེབ་པར་འགྱུར། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །ནམ་ཡང་འགྲོ་བར་མི་འགྱུར་ཏེ། །འབྱུང་པོ་མང་པོའི་ཚོགས་པ་ན། །སྟན་ཡང་ཐོབ་པར་མི་འགྱུར་རོ། །ལུས་ངན་དྲེགས་དང་ལྡན་པ་ཡིས། །ཁྱིམ་ཡང་མཐོང་བར་མི་འགྱུར་རོ། །ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །ལ་ལ་སྔོན་གྱི་ལས་ལས་གྲུབ། །ལ་ལ་འཕྲལ་གྱི་རྐྱེན་ལས་གྲུབ། །ལ་ལ་ལྷ་འདྲེ་བགེགས་སུ་གྱུར། །སྔོན་ཆད་མཆོད་སྦྱིན་མ་ཐོབ་ན། །དེ་རིང་བདག་གིས་ཁྱོད་མཆོད་པས། །རྒྱ་ཆེན་མཆོད་སྦྱིན་འདི་ལོངས་ལ། །གནོད་པའི་བསམ་པ་ཞི་བ་དང་། །ཕན་པའི་གྲོགས་སུ་བསྐྱེད་པར་གྱིས། །དགེ་དང་མི་དགེ་ནམ་ཡང་ཆུད་མི་ཟ། །བྱམས་པའི་བསམ་པ་ནམ་ཡང་ཆུད་མི་ཟ། །ལེགས་པར་སྤྱད་ན་དགེ་བའི་ལས། །ཉེས་པར་སྤྱད་ན་མི་དགེའི་ལས། །དེ་ལ་རྣམ་པར་སྨིན་པ་ཡོད། །དེ་བས་དཀོན་མཆོག་གསུམ་པོ་ཡི། །བཀའ་དང་དམ་ལས་མ་འདའ་ཞིག །རང་རང་གནས་སུ་བདེ་བར་དེངས། གལ་ཏེ་བཀའ་ལས་འདའ་བྱེད་ན། །དེ་ལ་རྡོ་རྗེ་འཆང་ཁྲོས་ནས། །སྤྱི་པོ་དག་ནི་འགེམས་པར་གྱུར། །སྤུ་གྲིའི་སོ་ནི་རྣོན་པོ་ཡིས། །དེ་ཡི་ལྕེ་ནི་གཅོད་པར་བྱེད། །མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས། །དེའི་སྣ་དང་རྣ་བ་གཅོད། །འཁོར་ལོ་སྤུ་གྲི་དང་འདྲ་བ། །གླད་པ་རབ་ཏུ་གཤགས་པར་བྱེད། །ལྕགས་ཀྱི་ཐོ་བ་འབར་བ་ཡིས། །དེ་ཡི་སྙིང་ལ་རབ་ཏུ་གཞོམ། །རྣག་དང་ཁྲག་ནི་དྲོན་མོ་དག །ཁ་ནས་རབ་ཏུ་སྐྱུགས་པར་གྱུར། །ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །ལན་ཆགས་གླུད་གཏོར་འདི་ཁྱེར་ལ། །རྒྱུ་ུསྦྱོར་ཡོན་གྱི་བདག་པོ་ཡི། །མདངས་དང་སྲོག་དབུགས་ཁྱེར་བ་ན། །འདིར་གནས་འབྱུང་པོ་གང་དག་ཀྱང་། །མཐོ་སྟེ་ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །དམའ་སྟེ་ས་གཞི་ནམ་མཁར་བཀྱག་ཀྱང་སྲིད། །ནག་སྟེ་བྱ་རོག་དཀར་པོ་བསྒྱུར་ཡང་སྲིད། །བྱས་པའི་ལས་ནི་ནམ་ཡང་ཆུད་མི་ཟ། །བརྒྱ་བཞིའི་ཆོ་ག་འདི་འབུལ་བས། །ཆུ་ཡི་ཀག་གཉན་གདུག་པ་བཟློག །སྔོན་ཚེ་ནགས་ཚལ་དགོན་པ་ཤིང་དྲུང་དུ། །འཕགས་པ་ཆེན་པོ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྐྱབས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ཡི་དྭགས་ཁ་འབར་མ། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །འཕགས་པའི་ཚེ་ལ་བར་ཆད་མ་བྱེད་ཅིག །བཅོམ་ལྡན་འདས་ཀྱིས་དེ་ལྟར་བསྔོས་པ་ཡིས། །ཡི་དྭགས་སྟོང་ཕྲག་རྣམས་འགྲངས་ཤིང་། །ངོམས་ཤིང་ཚིམས་པར་གྱུར་ནས་ཀྱང་། །འཕགས་པ་དགའ་བོ་བདུད་ལས་ཐར། །བསོད་ནམས་ཚོགས་རྫོགས་ལོངས་སྤྱོད་འཕེལ། །བརྒྱ་བཞི་མཐུ་དང་ལྡན་པ་ཡི། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་འདིས། །བྱང་ཕྱོགས་ཆུ་ཡི་གནོད་པ་ཟློག །སྔོན་གྱི་གླིང་གཞི་དེ་བཞིན་དུ། །དེ་རིང་རྒྱུ་འབྱོར་ཡོན་བདག་གི །བར་ཆད་རྐྱེན་རྣམས་བསྒྱུར་དུ་གསོལ། །བརྒྱ་བཞི་འདི་ཡི་མཐུ་སྟོབས་ཀྱིས། །བདག་དང་ཡོན་གྱི་བདག་པོ་ལ། །གཤིན་རྗེ་མ་མོ་རྒྱལ་པོ་དང་། །གནོད་སྦྱིན་བདུད་དང་ས་བདག་དང་། །ཐེའུ་རང་སྲིན་པོ་གཟའ་དང་ནི། །མི་དང་མི་མ་ཡིན་ལ་སོགས། །འབྱུང་པོའི་དམག་ཚོགས་བཟློག་ཏུ་གསོལ། །གནམ་ལོ་རྒྱལ་པོའི་ཀག་བབས་དང་། །སྤར་ཁའི་བདུན་ཟུར་ངན་པ་དང་། །ས་ཆུ་མེ་རླུང་འཇིགས་པ་རྣམས། །བརྒྱ་བཞི་འདི་ཡིས་བཟློག་ཏུ་གསོལ། །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ་བཟློག །རྨིས་ལྟས་མཚན་ལྟས་ངན་པ་བཟློག །ལོ་སྐག་ཟླ་སྐག་ཞག་སྐག་བཟློག །ཆེ་བདུད་ཆུང་སྲིད་བསྒྱུར་དུ་གསོལ། །གོད་ཁ་གོད་འདྲེ་བསྒྱུར་དུ་གསོལ། །དེ་བཞིན་བདག་ལ་གང་འཚེ་བ། །བརྒྱ་བཞི་འདི་ཡིས་བཟློག་ཏུ་གསོལ། །ཧཱུྃ། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་བརྒྱ་བཞིས་བཟློག །ཉི་ཁྲི་ཆིག་སྟོང་རྐྱེན་རྣམས་བརྒྱ་བཞིས་བཟློག །དུས་མིན་འཆི་བ་བཅོ་བརྒྱད་བརྒྱ་བཞིས་བཟློག །ཡེ་འཕྲོགས་སུམ་བརྒྱ་དྲུག་ཅུ་བརྒྱ་བཞིས་བཟློག །གློ་བུར་དགུ་བཅུ་རྩ་གཅིག་བརྒྱ་བཞིས་བཟློག །བཞི་བརྒྱ་རྩ་བཞིའི་ནད་རྣམས་བརྒྱ་བཞིས་བཟློག །བན་དེའི་སྔགས་སོར་ཐམས་ཅད་བརྒྱ་བཞིས་བཟློག །བོན་པོའི་བརྡ་ཟོར་ཐམས་ཅད་བརྒྱ་བཞིས་བཟློག །བལ་པོའི་ངན་སྔགས་ཐམས་ཅད་བརྒྱ་བཞིས་བཟློག །ཞང་ཞུང་ཛོ་དཔལ་ཐམས་ཅད་བརྒྱ་བཞིས་བཟློག །ས་ཡེ་བྱོལ་པོ་ཐམས་ཅད་བརྒྱ་བཞིས་བཟློག །སུམ་པའི་གླང་ཟོར་ཐམས་ཅད་བརྒྱ་བཞིས་བཟློག །བཙན་གྱི་དལ་ཁ་ཐམས་ཅད་བརྒྱ་བཞིས་བཟློག །མ་མོའོ་རྦོད་གཏོང་ཐམས་ཅད་བརྒྱ་བཞིས་བཟློག །གཤིན་རྗེའི་ཁྲམ་ཁ་ཐམས་ཅད་བརྒྱ་བཞིས་བཟློག །བདུད་ཀྱི་བྱོལ་ཁ་ཐམས་ཅད་བརྒྱ་བཞིས་བཟློག །ཀླུ་ཡི་བྱད་ཁ་ཐམས་ཅད་བརྒྱ་བཞིས་བཟློག །ཕུར་པའི་དཔལ་འདེབས་ཐམས་ཅད་བརྒྱ་བཞིས་བརྒྱ་བཞིས་བཟློག །ཡས་ཀྱི་བདུད་གཡོས་ཐམས་ཅད་བརྒྱ་བཞིས་བཟློག །མས་ཀྱི་སྲི་ལངས་ཐམས་ཅད་བརྒྱ་བཞིས་བཟློག །ཕ་ཚན་རྒྱབ་འདྲེ་ཐམས་ཅད་བརྒྱ་བཞིས་བཟློག །དར་ཚན་སྟོང་འདྲེ་ཐམས་ཅད་བརྒྱ་བཞིས་བཟློག །གནམ་གྱི་དཔལ་འདེབས་ཐམས་ཅད་བརྒྱ་བཞིས་བཟློག །ས་ཡི་སྲི་ལངས་ཐམས་ཅད་བརྒྱ་བཞིས་བཟློག །རྐེད་ལ་བྲག་རལ་ཐམས་ཅད་བརྒྱ་བཞིས་བཟློག །སྲིབ་ལ་ཤིང་ཆགས་ཐམས་ཅད་བརྒྱ་བཞིས་བཟློག ། བར་སྣང་བཙན་གཡོས་ཐམས་ཅད་བརྒྱ་བཞིས་བཟློག །ལྟས་ངན་བརྒྱ་ཅུ་རྩ་བཞི་བརྒྱ་བཞིས་བཟློག །ཤ་བ་རུ་འཛིངས་བདུད་ཀྱི་བྱོལ། །བྱ་རྒོད་ལྡེར་འཛིངས་རྒྱལ་པོའི་བྱོལ། །གཡག་པོ་རུ་འཛིངས་དམུ་ཡི་བྱོལ། །ཉ་མོ་རྔ་འཛིངས་ཀླུ་ཡི་བྱོལ། །ལྟས་ངན་བྱོལ་བཞི་བརྒྱ་བཞིས་བཟློག །སྲོད་ལ་སྲིན་བྱས་ཕྲུག་ཕྲུག་ཟེར། །བདུད་ཀྱི་བུ་མོའི་ལྟས་ངན་ཡིན། །དེ་ཡང་བརྒྱ་བཞིས་བཟློག་ཏུ་གསོལ། །རྒྱུ་འབྱོར་ཡོན་བདག་འཁོར་བཅས་ལ། །ཕྱི་གཟའ་གཤིན་རྗེའི་ཁྲམ་ལ་བཏབ་པ་བརྒྱ་བཞིས་བཟློག །ནང་གཟའ་གཤིན་པོའི་ངོས་བླང་བརྒྱ་བཞིས་བཟློག །བར་གཟའ་བདུད་ཀྱི་ཞགས་པས་བཅིངས་པ་བརྒྱ་བཞིས་བཟློག །ཕྱོགས་མཚམས་འདྲེ་ལྔ་བདུད་གཅོད་ཐམས་ཅད་བསྒྱུར། །གནམ་སྒོ་ས་སྒོ་ཐམས་ཅད་བརྒྱ་བཞིས་བསྒྱུར། །ལོ་ཡི་བདུན་ཟུར་ཐམས་ཅད་བརྒྱ་བཞིས་བསྒྱུར། །མོ་ངན་ལྟས་ངན་ཐམས་ཅད་བརྒྱ་བཞིས་བཟློག །ཆགས་ཆེ་ཉམ་ང་ཐམས་ཅད་བརྒྱ་བཞིས་བཟློག །བན་དེའི་ཕུར་ཁ་ཐམས་ཅད་བརྒྱ་བཞིས་བཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་བརྒྱ་བཞིས་བཟློག །མཚེ་ཟོར་ཡུངས་ཟོར་འཕེན་པ་བརྒྱ་བཞིས་བཟློག །འབྱུང་པོའི་ཐོད་ཟོར་འཕེན་པ་བརྒྱ་བཞིས་བཟློག །མ་མོའི་ཁྲག་ནད་དལ་ཡམས་བརྒྱ་བཞིས་བཟློག །རྒྱལ་པོའི་སྨྱོ་འབོགས་བཏང་བ་བརྒྱ་བཞིས་བཟློག །སྲིན་པོའི་ཤོ་ཁ་སྟོན་པ་བརྒྱ་བཞིས་བཟློག །བདུད་ཀྱི་ཁྲམ་ལ་འདེབས་པ་བརྒྱ་བཞིས་བཟློག །བཙན་གྱི་ཞགས་པ་འདེབས་པ་བརྒྱ་བཞིས་བཟློག །གཤིན་རྗེའི་རྩིས་ལ་འདེབས་པ་བརྒྱ་བཞིས་བཟློག །དྲ་ཟའི་མིག་ཕུར་བཙུགས་པ་བརྒྱ་བཞིས་བཟློག །ཀླུ་ཡི་བྱད་དུ་བཅུག་པ་བརྒྱ་བཞིས་བཟློག །རྒྱལ་བསེན་བར་ཆད་བྱེད་པ་བརྒྱ་བཞིས་བཟློག །ཐེའུ་རང་ཚེ་ལ་རྐུ་བ་བརྒྱ་བཞིས་བཟློག །མུ་སྟེགས་ངན་སྔགས་བྱེད་པ་བརྒྱ་བཞིས་བཟློག །མ་མོའི་བསམ་ངན་གདུག་རྩུབ་བརྒྱ་བཞིས་བཟློག །བན་དེའི་ཕུར་ཟོར་འཕེན་པ་བརྒྱ་བཞིས་བཟློག །བོན་པོའི་དཔལ་ཟོར་འཕེན་པ་བརྒྱ་བཞིས་བཟློག །ཞང་ཞུང་ཛོ་དམར་འཕེན་པ་བརྒྱ་བཞིས་བཟློག །སུམ་པས་རྩང་ཟོར་འཕེན་པ་བརྒྱ་བཞིས་བཟློག །སྐྱེ་བོའི་མདའ་ཟོར་འཕེན་པ་བརྒྱ་བཞིས་བཟློག །ཕ་མས་རྒྱུད་ཀྱི་དགྲ་འདྲེ་ཐམས་ཅད་བརྒྱ་བཞིས་བཟློག །གློ་བུར་གནོད་པའི་འགོང་འདྲེ་ཐམས་ཅད་བརྒྱ་བཞིས་བཟློག །འགོང་པོ་འགོང་འདྲེའི་བར་ཆད་བརྒྱ་བཞིས་བཟློག །བསེ་རག་ཚེ་ལ་རྐུ་བ་བརྒྱ་བཞིས་བཟློག །རུས་ཀྱི་གཤེས་བཞི་མཆིས་པ་བརྒྱ་བཞིས་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་བརྒྱ་བཞིས་བཟློག །བུད་མེད་དམོད་ཟོར་འཕེན་པ་བརྒྱ་བཞིས་བཟློག །མཐུ་གཏད་ཁྲམ་ཁ་ཐམས་ཅད་བརྒྱ་བཞིས་བཟློག །སྦྱོར་བ་ངན་པ་ཐམས་ཅད་བརྒྱ་བཞིས་བཟློག །བདུད་དང་གཤིན་རྗེ་སྲིན་པོ་དང་། །བཙན་དང་རྒྱལ་པོའི་བསེན་མོ་དང་། །ཀླུ་དང་གནོད་སྦྱིན་འབྱུང་པོ་དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་མཐུན་གནོད་པའི་བགེགས་རྣམས་བརྒྱ་བཞིས་བཟློག །མི་བདུད་ཐད་དཀར་མ་བཏང་ཞིག །རྟ་བདུད་སྲབ་ཁར་མ་བཏང་ཞིག །ཕྱུགས་བདུད་ར་བར་མ་བཏང་ཞིག ། གློ་བུར་ཡེ་འགྲོགས་མ་བཏང་ཞིག །གནོད་བྱེད་འབྱུང་པོ་ཐམས་ཅད་བརྒྱ་བཞིས་བཟློག །ༀ་པདྨཱནྟ་ཀྲྀ་ཏ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བདག་ཅག་ལ་སྡང་བ་ཐམས་ཅད་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེ་ནས་ལྷའི་བུའི་བདུད་ཤར། འཆི་བདག་གི་བདུད་ལྷོ། །ཉོན་མོངས་བདུད་ནུབ། །ཕུང་པོའི་བདུད་བྱང་དུ་བསྐྱལ། ངར་མི་ཆེ་བ་དེ་ནད་པ་ཡིན་ན་ལོ་བདུད་སྟེང་ངམ། འདྲེ་ལྔ་བདུད་གཅོད་ཀྱི་ཕྱོགས་སུ་བསྐྱལ་ལོ། །བདེ་རིམ་ཡིན་ན་ཡས་ལམ་མམ་ཕྱོགས་གཙང་སར་བསྐྱལ་ལོ། །དེ་ནས་རྗེས་ཆོག་ནི། ༀ་ཤཱཀྱ་མུ་ན་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད་ལ། །ཐབས་མཁས་ཐུགས་རྗེ་སོགས་ཀྱིས་བསྟོད། མ་འབྱོར་པ་དང་ཉམས་པ་སོགས་སྤྱི་ལྟར་བརྗོད་མཐར། མདུན་བསྐྱེད་ཐུབ་པའི་གཙོ་འཁོར་ཡེ་ཤེས་པ་རྣམས། །སྐུ་གཟུགས་དང་ཚྭ་ཚྭ་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དམ་ཚིག་པ་བདག་གི་སྙིང་གར་ཐིམ། བདག་ཉིད་ཀྱང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཚྭ་ཚྭ་ཁང་པའི་ལྟག་མ་ཡིན་པར། བྱང་ངམ་ནུབ་ཕྱོགས་ཆུ་ཐུབ་པའི་སར་བསྐྱལ། རྡུལ་ཚོན་ཡིན་ན་བསྡུས་ལ་ཁང་པའི་ཐོག་ཏུ་སྤུངས་བར་བཤད། ཤོག་བུར་བྲིས་པ་ཡིན་ན་སྦྲའི་གོང་ངམ་ཁང་པའི་ལྕམ་ལ་ལན་གསུམ་སྦྱར་ཞིང་། །ཐུབ་པའི་ཕྱག་གིས་བསྲུང་བྱ་རྣམས་བཀབ་པའི་མོས་པ་བྱ། ཕྱག་དང་བདུད་བཞིའི་ཙཀ་ལི་རྒྱུན་དུ་འཚག་རུང་ངོ་། །ཐུབ་པས་མཛད་པར་གྲགས་པའི་གཞུང་ལས། །མོ་ངན་ཆགས་ཆེ་བདུད་ཀྱིས་ཟིན། །དེ་ལ་བརྒྱ་བཞི་བྱ་བར་གསུངས། ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་བྱང་ནས་སྡུག་བསྔལ་ཞི། །བརྒྱ་བཞིའི་ཆོ་ག་བྱས་པ་ཡིས། །བསམ་པ་ཡིད་བཞིན་འགྲུབ་པར་འགྱུར། ཞེས་དང་། ཆོས་རྗེ་ཤ་ར་བ་ནས་བརྒྱུད་པའི་ཡིག་རྙིང་ལས། ཚོགས་རྫོགས་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་འཕེལ་བའོ། །བརྒྱ་བཞིའི་ཆོ་ག་འདི་ནད་ཚབ་ཆེན་པོ་འབྱུང་བ་དང་། རྨི་ལམ་ངན་པ་དང་ལྟས་ངན་བྱུང་བ་དང་། །གོད་ཁ་ཆེ་བ་དང་། མོ་བརྩིས་ངན་པ་དང་། བྱད་ཁ་ཆེན་པོ་སྡིག་པ་དང་། མཚེར་རྩུབ་ཆེན་པོ་བྱུང་བ་ཐམས་ཅད་ལ་ཤིས་སོ། །ཞེས་གསུངས་སོ། །ཨེ་མ་ཧོ། །ཞལ་ནས་གསུངས་པའི་བརྒྱ་བཞིའི་ཆོ་ག་ཞེས། །ཀུན་གྱི་རྩོད་མེད་ཉི་ཟླ་ལྟ་བུར་གྲགས། །ཐུབ་པས་གསུངས་པའི་འདི་ཡིན་མདོ་བྲན་དང་། །ཕྱག་རྡོར་གྱིས་གསུངས་འདི་ཡི་རྒྱུན་ཆུང་གཉིས། །ཡོད་པར་འདུག་ཀྱང་བོད་དུ་མ་འགྱུར་བས། །བཀའ་འགྱུར་ནང་དུ་མི་བཞུགས་མཐོང་ཐོས་མེད། །དེ་ཡི་མན་ངག་བརྒྱ་བཞི་བྱ་བའི་ཚུལ། །ཁ་ཆེ་པཎྜི་ཏ་ཡིས་མཛད་པ་དང་། །བ་རི་ལོ་ཙཱས་མཛད་གཉིས་ཁུངས་བཙུན་ཡང་། །འཁྲུགས་ཆེ་ཕྱག་ལེན་མི་གསལ་ལག་ལེན་དཀའ། །དེང་སང་བརྒྱ་བཞི་དར་སྲོལ་ཆེ་ན་ཡང་། །མ་ནོར་ཇི་བཞིན་ཤེས་པ་ཉིན་སྐར་ཙམ། །མདོ་ལུགས་བརྒྱ་བཞི་བྱེད་མཁན་རབ་བྱུང་དགོས། །སྔགས་ལུགས་ཡིན་ཀྱང་དེ་ཉིན་གདན་ཅིག་བསྲུངས། དབུས་སུ་མཎྜལ་སྟེང་དུ་ཐུབ་སྐུ་བཤམས། །ད་རྒྱབ་བརྒྱ་བཞི་རིམ་པ་བཞིས་བསྐོར་ནས། །དེ་རྒྱབ་མཆོད་ཡོན་སྣོད་ནི་བཅུ་གཉིས་བཤམས། །བརྒྱ་བཞི་བསྔོ་ས་མགྲོན་རིགས་བཞི་ཀར་བསྔོ། །ཚར་དུས་བསྲུང་ཕྱིར་ཚྭ་ཚྭ་ཐོག་ཁང་སྤུངས། །དེ་ནི་མདོ་ལུགས་ཡིན་པར་ཤེས་བྱ་སྟེ། །དེང་སང་གཏོར་ཆོག་སྔགས་པ་རྣམས་ཀྱིས་བྱེད། གདན་གཅིག་བསྲུང་བའང་དཀའ་ཕྱིར་འདིར་མ་བཤད། །བཤོས་བུ་མར་མེ་ངར་མི་ཚྭ་ཚྭ་རྣམས། །ཕྱོགས་བཞིར་གཤམས་ཞིང་ཕུལ་དུས་ཕྱོགས་བཞིར་བསྐྱལ། །རྒྱང་བུ་མདའ་དར་ནམ་མཁའ་བཤོས་བུ་བཞི། །དཀྱིལ་འཁོར་མདུན་བཤམས་སྔོན་དུ་ལྷ་གཞུང་བསྲང་། ཆོས་སྐྱོང་ལས་བྱང་ཚར་རྗེས་བརྒྱ་བཞི་འདོན། །རྟིང་འཕུལ་ཆོས་སྐྱོང་དམར་གཏོར་འབུལ་དགོས་པ། །སྔགས་ལུགས་ཡིན་ཏེ་འདི་ནི་ཉིན་གཅིག་གཏོ། །ཡིན་ཕྱིར་ལྷ་གཞུང་ལ་སོགས་འདོན་ལོང་མེད། །དེ་ཕྱིར་འདི་ནི་མདོ་སྔགས་ཟུང་འཇུག་ལུགས། །སྟབས་བདེ་ཕྱག་ལེན་གསལ་ཞིང་གབ་འཁྲུགས་མེད། །ཕྱི་རབས་དགེ་བཤེས་སྔགས་ཆུང་མང་པོ་ལ། །ཕན་པའི་སེམས་བསྐྱེད་བཟང་པོས་ཀུན་བསླངས་ཏེ། །རཱ་ག་ཨ་སྱས་ལེགས་པར་བསྒྲིགས་པ་ཡི། །ཡི་གེ་པ་ནི་བརྩོན་འགྲུས་ཞེས་བྱས་བྲིས། །ཉེས་འགལ་མཆིས་ན་མཁྱེན་ལྡན་རྣམས་ལ་བཤགས། །དགེ་བས་ཇི་སྲིད་འཁོར་བ་གནས་ཀྱི་བར། །འདི་ཉིད་མི་ནུབ་ཕྱོགས་བཅུར་འཕེལ་ཞིང་རྒྱས། །ཚེ་ཟད་ནད་པ་མང་པོའི་ཚེ་བསྲིང་ཞིང་། །འབྲེལ་ཐོགས་ཀུན་གྱི་བདུད་བཞིའི་བར་ཆད་ཞི། །བླ་མེད་བྱང་ཆུབ་དམ་པ་མྱུར་ཐོབ་ཤོག །སརྦ་མངྒ་ལཾ།། ༈ །།བརྒྱ་བཞི་བསྡུས་པ་ནི། ཟངས་སྡེར་གཅིག་གི་ནང་དུ། དབུས་སུ་སཱཙྪ་གཅིག་བཞག །ཤར་དུ་དཀར་གཏོར་བཞི། བྱང་དུ་ཕོ་གླུད་མོ་གླུད། ལྟོར་མར་མེ་དང་དར་སྣ་ཚོགས། །གོས་སྣ་ཚོགས། མི་ཁའི་ཡས་རྫས། ཤ་དུམ། ཆངས་བུ། ཕྱི་མར་བཅས་བཤམས་ལ་ཆུ་གཙང་གིས་བྲན་ལ་འདི་སྐད་དོ།། རྃ་ཡྃ་ཁྃ། ༀ་བཛྲ་ཡཀྵ་ཧཱུྃ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསོགས། གླུད་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། དེ་བཞིན་གཤིགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ན་མ་ཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་བརྗོད། མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི། བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི་བདག་དང་བསྲུང་བྱ་ལ་གནོད་ཅིང་འཚེ་བར་བྱེད་པའི། ལྷ་ཡི་བུའི་བདུད། ཉོན་མོངས་པའི་བདུད། ཕུང་པོའི་བདུད། འཆི་བདག་གི་བདུད་ཀྱི་རིགས་སུ་གྱུར་པ་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །བདུད་བཞིའི་གནོད་པ་དང་། བསམ་སྦྱོར་གདུག་རྩུབ་མཚན་ལྟས་ངན་པ་ཐམས་ཅད་ཞི་ཞིང་བསྒྱུར་དུ་གསོལ། མོ་རྩིས་རྨི་ལམ་ངན་པ་ཐམས་ཅད་དང་། ནད་གདོན་བར་ཆད་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་ཟློག་ཅིག །འདི་ཡན་གྲངས་བསོགས་དགོས། ཧཱུྃ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདུད་བཞི་བདུད་ཀྱི་སྡེར་གཏོགས་པའི། །སྣང་སྲིད་ལྷ་འདྲེ་བགེགས་ཀྱི་ཚོགས། །ལན་ཆགས་བདག་པོ་ཐམས་ཅད་ལ། སཱཙྪ་བརྒྱ་དང་མར་མེ་བརྒྱ། །ཞལ་ཟས་བརྒྱ་དང་ངར་གླུད་བརྒྱ། །མདོས་ཚང་བརྒྱ་དང་ཆུ་གཏོར་བརྒྱ། །ལྷ་སྲིད་སྡེ་བརྒྱད་ཕྱག་ཏུ་འབུལ། །སྐྱེས་པ་བུད་མེད་བྱི་སྦ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །སྡེ་བརྒྱད་ཞལ་ཁ་ད་སྒྱུར་ཅིག །ཆག་ཆེན་ཉམ་ང་འདི་ཡིས་ཟློག །སྔོན་ལས་འཕྲལ་རྐྱེན་ངན་པ་ཟློག །ནད་གདོན་བར་ཆད་བགེགས་རིགས་ཟློག །དུས་མིན་འཆི་བའི་འཇིགས་པ་ཟློག །གཟའ་ཀླུ་རྒྱལ་བཙན་གནོད་པ་ཟློག །ཆོས་ཉིད་སྟོང་པའི་ཀློང་དུ་ཟློག་སྒྱུར་ཅིཧ །ཨ་ར་པ་ཙ་ཧྲི་ཧི། ཨ་ཡ་མ་དུ་རུ་ཙ་ཤ་ན་དུ་ཧྲི་སརྦ་ཨ་པ་ར་ན་ཡེ་སྭཱ་ཧཱ། ཞེས་བརྒྱ་བཞི་དོན་བསྡུས། རཱ་ག་ཨ་སྱས་བཀོད་ནས། འགྲོ་བ་སེམས་ཅན་ཐམས་ཅད་བདུད་བཞིའི་སྡུག་བསྔལ་ལས་གྲོལ་ནས་བཀྲ་ཤིས་པར་ཤོག །ཤེས་རབ་སྙིང་པོའི་མདོ་བཟློག་གམ་ག་ཏེའི་གཟུངས་ཟློག་བྱས་ལ་སྟོང་ཉིད་བསྒོམ་མོ། །སརྦ་མངྒ་ལཾ། བཀྲ་ཤིས་པར་ཤོག། །།

གཙུག་ཏོར་གདུགས་དཀར་བསྒོམ་བཟླས།

གཙུག་ཏོར་གདུགས་དཀར་མོའི་བསྒོམ་བཟླས་བདེ་བ་ཅན་གྱི་ཞིང་དུ་བགྲོད་པའི་གདམས་པ་བྱ་རྒྱལ་ཁྱུང་གི་རྟ་ཕོ་བཞུགས་སོ། །ན་མོ་ཤཱཀྱ་མུ་ན་ཡེ། ཚེ་དཔག་མེད་པའི་ཡུམ་མཆོག་གོས་དཀར་མོ། །རབ་ཏུ་ཁྲོས་པའི་ལྷ་མོ་འདི་ཡིན་པས། །བདེ་བ་ཅན་དུ་སྐྱེ་བ་དེ་ཡི་དོན། །མ་མགོན་ལྕམ་དྲལ་དམ་ལ་བཏགས་པའི་ཕྱིར། །ཐུབ་པའི་གཙུག་ཏོར་ནས་ནི་ལྷ་འདི་སྤྲུལ། །བྱད་ཁ་ཟློག་པར་ཟབ་པའང་དེ་ཡི་དོན། །ཞལ་ནས་མ་གསུངས་ཐུབ་པའི་གཙུག་ཏོར་ནས། །མདོ་དང་གཟུངས་ཀྱི་སྒྲ་གྲགས་གཙུག་ཏོར་ཟེར། །འདི་ཉིད་བྱ་བའི་རྒྱུད་ནི་ཡིན་ནའང་། །བྱ་རྒྱུད་བླ་མེད་ལྟར་དུ་ཉམས་ལེན་པ། །ཛེ་ཏཱ་རི་དང་རྡོ་རྗེ་གདན་པ་སོགས། །གྲུབ་ཆེན་མང་པོས་མཛད་ལྟར་ཉམས་ལེན་བྱེད། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་ནས། །བི་མ་མི་ཏྲར་བརྒྱུད་པ་རྙིང་མའི་ལུགས། །གུ་རུ་ཁྲག་འཐུང་ནག་པོའི་གཏེར་མ་དང་། །སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩའི་རྒྱ་གཞུང་དང་། །མཐོང་བ་དོན་ལྡན་དབང་ཕྱུག་རྡོ་རྗེ་སོགས། །བོད་གཞུང་ཚད་ལྡན་རྣམས་ཀྱི་བཅུད་བསྡུས་ཏེ། །ཉམས་ལེན་བདེ་ཞིང་བྱིན་རླབས་ཆེ་བ་འདི། །ནད་གདོན་བྱད་ཀ་གཏད་མནན་ཟློག་པ་ལ། །རྡོ་རྗེ་ཕ་ལམ་རལ་གྲི་ཉིད་དང་མཚུངས། །བདེ་བ་ཅན་གྱི་ཞིང་ཁམས་བགྲོད་འདོད་ན། །བྱ་རྒྱལ་ཁྱུང་ལ་ཆིབས་ནས་འགྲོ་དང་མཚུངས། །དེ་ཕྱིར་འདི་ལ་རྒྱུན་ཁྱེར་ཉམས་ལེན་མཛོད། །ཨཱཿ ཆོས་རྣམས་སྨྲ་བསམ་བརྗོད་མེད་སྟོང་པ་ཉིད། །ༀ་གྱིས་མཚན་པའི་གདུགས་དཀར་ཡོངས་གྱུར་ལས། །དྲན་རྫོགས་དམ་ཡེ་དབྱེར་མེད་རང་ཉིད་ནི། །རྡོ་རྗེ་གཙུག་གཏོར་ཕྱིར་ཟློག་ཆེན་མོའི་སྐུ། །དབུ་སྟོང་མདུན་ཞལ་སྒེག་པ་ཉིས་བརྒྱ་དཀར། །གཡས་ཞལ་ཉིས་བརྒྱ་འཇིགས་རུང་དགོད་པ་སེར། །རྒྱབ་ཞལ་ཉིས་བརྒྱ་དམར་པོ་གཤེད་དང་རྔམ། །གཡོན་ཞལ་ལྗང་གུ་ཉིས་བརྒྱ་སྙིང་རྗེ་ཞི། །སྟེང་ཞལ་སྔོན་པོ་ཉིས་བརྒྱ་དྲག་ལ་གཏུམ། །དབུ་རེར་རྡོ་རྗེ་མཚན་རྟགས་སྤྱན་གསུམ་གསུམ། །སྐུ་མདོག་དཀར་ཞིང་སྤྱན་མིག་བྱེ་བ་འབུམ། །ཟུར་མིག་བགྲད་དང་གློག་ལྟར་དྲག་ཏུ་གཟིགས། །གཡས་ཕྱག་ལྔ་བརྒྱ་གཡོན་ཕྱག་ལྔ་བརྒྱ་ཡིས། །ཐམས་ཅད་བསམ་ཆོད་རལ་གྲི་འབར་བ་འཕྱར། །ཞབས་གཡས་ལྔ་བརྒྱ་བརྐྱང་བས་འཇིགས་ཀུན་མནན། །ཞབས་གཡོན་ལྔ་བརྒྱ་བསྐུམ་པས་གདོན་ཀུན་མནན། །སངས་རྒྱས་བྱེ་བ་ཕྲག་བདུན་ཅོད་པན་འཆང་། །དབུ་གཙུག་གདུགས་དཀར་བདུན་ནི་བརྩེགས་མར་འཁོར། །བ་སྤུ་ཐམས་ཅད་ཡེ་ཤེས་འོད་ཟེར་འབར། །ལྷ་རྫས་ན་བཟའ་ཞི་ཁྲོའི་རྒྱན་དང་ལྡན། །དཔྲལ་བར་རྣམ་སྣང་ཐུགས་ཀར་ༀ་དཀར་པོ། །མགྲིན་པར་སྣང་མཐའི་ཐུགས་ཀར་ཨཱ༔ དམར་པོ། །ཐུགས་སྨད་རྡོར་སེམས་ཐུགས་ཀར་ཧཱུྃ་སྔོན་པོ། །ཐུགས་དབུས་ཟླ་སྟེང་ༀ་ཡིག་དཀར་པོའི་མཐར། །སྔགས་ཕྲེང་འོད་ཀྱིས་སྒྲིབ་བསལ་མཐུ་སྟོབས་རྒྱས། །ཡ་སོ་ཁྲོ་བཅུ་མ་སོ་ཁྲོ་མོ་བཅུ། །སྨ་ར་མེ་དཔུང་རལ་གྲི་ངར་མའི་ལྕེ། །མགྲིན་པ་ཉི་ཟླ་རང་ལུས་མེ་དཔུང་འབར། །གནོད་བྱེད་ཐམས་ཅད་གཞོབ་ཐུལ་བསྲེགས་པར་གྱུར། །དེ་ཡང་མངོན་རྟོགས་བློ་ལ་མ་ཟིན་ཀྱང་། །དམིགས་པ་བསྒོམ་པ་ཁོ་ནས་ཆོག་པ་སྟེ། །བསྒོམས་པ་ཙམ་གྱིས་མནན་གཏད་ངག་མནན་སོགས། །གྲོལ་བར་གུ་རུ་ཁྲག་འཐུང་ནག་པོས་གསུངས་། །འདི་ནི་ངག་ཏུ་འདོན་པ་གལ་ཆེའོ། །ཧཱུྃ། རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། །ཕྱག་སྟོང་མངའ་བ་ཆེན་མོ། །དབུ་སྟོང་མངའ་བ་ཆེན་མོ། །སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། །རྡོ་རྗེ་མི་ཕྱེད་འབར་བའི་མཚན་རྟགས་ཅན ། རྡོ་རྗེ་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ ། ཀུན་ནས་བདག་ཅག་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ་ཉིན་དང་མཚན་དུ་བསྲུང་དུ་གསོལ ། ཏདྱ་ཐཱ། ༀ་ཨ་ན་ལེ་ཨ་ན་ལེ། བི་ཥ་དེ་བི་ཥ་དེ། བཻ་ར་བཻ་ར། བཛྲ་དྷ་རི། བནྡྷ་བནྡྷ་ནི ། བཛྲ་པཱ་ཎི་ཕཊ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ ། ཧཱུྃ་དྲུྃ་བནྡྷ་ཕཊ ། མ་མ་རཀྵ་རཀྵ་སྭཱཧཱ། བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་མནན་པ་དང་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། མནན་པ་དང་བཅིངས་པ་དང་བསྡམས་པ་ཐམས་ཅད་སརྦ་ཨ་པཱ་ན་ཡ་སྭཱཧཱ། ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ ཧཱ། ཞེས་པའི་བར་དེ་རབ་བདུན་འབྲིང་ལྔ་དང་། །ཐ་མ་ཚར་གསུམ་ཙམ་ནི་བརྗོད་པའི་རྗེས། །སྙིང་པོ་དང་ནི་ཉེ་སྙིང་སྔགས་འདི་གཉིས། །རང་གི་གང་མོས་བསྙེན་པ་ཅི་འགྲུབ་བྱ ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་ཧཱུྃ་ཕཊ། ཧཱུྃ་མ་མ་ཧཱུྃ་ནི་སྭཱཧཱ། སྙིང་པོའོ། །ༀ་མ་མ་ཧཱུྃ་ནི་སྭཱ ཧཱ། ཉེ་བའི་སྙིང་པོའོ། །འདི་བར་ཐལ་རྡེབ་ཟློག་པ་སྦྱར་བར་སྤྲོ་ན། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། །ཐུགས་རྗེ་སྨོན་ལམ་མཐུ་བཙན་པས། །བདག་གིས་གསོལ་བ་བཏབ་པ་བཞིན། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱིས། །ཆགས་ཆེ་ཉམས་ང་བཟློག་ཏུ་གསོལ། །རྨི་ལམ་མཚན་མ་ངན་པ་བཟློག །རྟགས་དང་རྟེན་འབྲེལ་ངན་པ་བཟློག །དགྲ་འདྲེའི་བསམ་སྦྱོར་ངན་པ་བ ཟློག །ལྟས་ངན་བརྒྱ་ཅུ་རྩ་གཅིག་བ ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་བཟློག །གློ་བུར་དགུ་བཅུ་རྩ་གཅིག་བ ཟློག །དུས་མིན་འཆི་བ་རྣམ་བརྒྱད་བཟློག །ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །དཔྲལ་བའི་གཤེད་དུ་བསྐོས་པ་བ ཟློག །ཕ་མེས་དུར་སྲི་ལངས་པ་བཟློག །མི་ལ་ནད་དུ་གཏོང་བ་བཟློག །ཕྱུགས་ལ་གོད་ཁ་བྱེད་པ་བ ཟློག །གནམ་གྱི་དལ་ཁ་ཐེབས་པ་བཟློག །ས་ཡི་དུག་མདའི་གཡོས་པ་བཟློག །སྨེ་བ་སྤར་ཁ་ངན་པ་བཟློག །ཀེག་དང་ཕུང་སྲི་ངན་པ་བཟློག་ཏུ་གསོལ། འདི་ལྟར་སྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུར་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །དེ་ནས་སྒོམ་མཁན་སེམས་ལ་ཧྲིག་གེར་བལྟ། །ཅི་ཡང་མ་མཐོང་ངང་དུ་ས་ལེར་བཞག །རྒྱུན་དུ་དམིགས་པ་ལ་སོགས་མ་གསལ་ཀྱང་། །སྔགས་ཐུང་གཉིས་པོ་སྤྱོད་ལམ་ཀུན་ཏུ་འདོན། །འདི་འདྲ་རང་དང་གཞན་ལ་ཕན་པའི་ཕྱིར། །རཱ་ག་ཨ་སྱས་གཞུང་དང་མན་ངག་བསྡེབས། །པདྨ་མཐར་ཕྱིན་ཞེས་བྱས་ཡི་གེར་བྲིས། །འདི་ལ་སྔགས་སྒྲ་མ་དག་འགལ་འཁྲུལ་སོགས། །མཆིས་ན་ཡེ་ཤེས་སྤྱན་ལྡན་རྣམས་ལ་བཤགས། །དགེ་བས་འགྲོ་ཀུན་བར་ཆད་རྐྱེན་ཞི་ནས། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །སྐྱེས་ནས་གཞན་དོན་དཔག་མེད་འགྲུབ་པར་ཤོག།

ཤེས་རབ་སྙིང་པོ།

ཤེས་རབ་སྙིང་པོ་བཞུགས་སོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲཛྙཱ་པ་ར་མི་ཏ་ཧྲྀ་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ཱར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ་སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱི ས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རཱ་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ། ཅི་འགྲུབ་བཟླས་མཐར། ན་མོ་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བདག་གི་བདེན་པའི་ཚིག་རྣམས་འགྲུབ་པར་གྱུར་ཅིག །ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམས་ཤིང་། ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས་བདུད་སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པ་དེ་བཞིན་དུ། བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམས་ཤིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས་བདུད་སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པར་གྱུར་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

སེང་གདོང་མའི་བཟློག་པ།

སེང་གདོང་མའི་བཟློག་པ་བཞུགས་སོ། །དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། །དྲག་མོ་སེང་གེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ། །སེང་གེའི་གདོང་ཅན་ལྷ་མོར་འདུད། །ཨཿཀཿསཿམཿརཿཙཿ ཤཿདཿརཿསཿམཿརཿཡཿཕཊཿ ཅི་འགྲུབ་བཟླས་མཐར། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་གྲུབ་བསྟན་པ་རྒྱས་པར་མཛོད། །ཅེས་པ་འདི་རྗེ་བཙུན་མི་བསྐྱོད་རྡོ་རྗེས་སོ། །བཀའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །འཛམ་གླིང་བདེ་བར་མཛད་དུ་གསོལ། །ཅེས་གྲུབ་ཆེན་ཀརྨ་པས་མཛད་པ་ལས་ཁོལ་དུ་ཕྱུང་བའོ།།

སྲི་བཟློག་འཁོར་ལོ་འབར་བའི་སྒོམ་བཟླས།

སྲི་བཟློག་འཁོར་ལོ་འབར་བའི་སྒོམ་བཟླས་བདུད་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ༔ ཨེ་མ་ཧོ༔ ཀ་དག་ཆོས་སྐུའི་ངོ་བོ་ཀུན་ཏུ་བཟང་༔ བརྗོད་པའི་མཐའ་བྲལ་སྟོང་གསལ་ཤེས་རབ་ཡུམ༔ གང་ཤར་ངོ་བོ་འཛིན་བྲལ་ཡེ་ཤེས་ལྔ༔ ཀུན་བཟང་ཡབ་ཡུམ་རིགས་ལྔའི་སངས་རྒྱས་ལ༔ གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་བཟློག༔ འདྲེན་མཆོག་བདུད་འདུལ་རྒྱལ་པོ་ཟས་གཙང་སྲས༔ འདུས་པའི་འཁོར་ཚོགས་བྱང་སེམས་རྡོ་རྗེ་འཛིན༔ འཆི་མེད་སྐུ་བརྙེས་པདྨ་ཐོད་ཕྲེང་ལ༔ གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་བཟློག༔ ཆོས་རྒྱལ་ཆེན་པོ་ལྷ་སྲས་མུ་ཁྲི་བཙན༔ པདྨའི་རྗེས་འཛིན་ཟབ་ཆོས་གཏེར་སྒོ་འབྱེད༔ ཟབ་གཏེར་བཀའ་བབས་བཟང་པོར་གྲགས་པ་ལ༔ གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་བཟློག༔ མགོན་དེས་རྗེས་བཟུང་ཟབ་ཆོས་བསྟན་པ་སྐྱོང་༔ ཕྲིན་ལས་རྣམ་བཞིའི་འགྲོ་བ་འདུལ་མཛད་པའི༔ བཀའ་བབས་ལས་ཅན་བརྒྱུད་འཛིན་ཐམས་ཅད་ལ༔ གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་བཟློག༔ སྐྱེ་བ་ཀུན་དང་ཚེ་རབས་གར་སྐྱེས་ཀྱང་༔ བདུད་བཞིའི་དགྲ་དང་འབྱུང་བཞིའི་གཡུལ་ལས་རྒྱལ༔ ཀ་དག་བརྗོད་མེད་རིག་པ་རང་ས་ཟིན༔ མཐའ་བྲལ་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས༔ གསོལ་འདེབས་ཀྱི་ལེའུའོ༔ དངོས་སྣང་རབ་གསལ་ཆོས་སྐུའི་ངང་ཉིད་ལས༔ རྡོ་རྗེའི་ས་གཞི་རྭ་བ་གུར་བླ་བྲེ༔ ཕྱི་རོལ་ཡེ་ཤེས་ལྔ་ལྡན་མེ་དཔུང་འབར༔ གུར་སྣང་གསེར་འཁོར་བཅུ་གསུམ་རྩིབས་ལྡན་པ༔ སྟེང་འོག་རྩིབས་རྩེ་རྒྱ་གྲམ་ལྟེ་བར་ཟུག༔ བཅུ་གསུམ་རྩིབས་ལ་སྔགས་ཕྲེང་གཡས་སུ་འཁོར༔ སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྟ་བུར་ལྡིར༔ འོད་ཟེར་ཕྱིར་འཕྲོས་ཕྱོགས་བཅུའི་བདེ་གཤེགས་མཆོད༔ བྱིན་རླབས་ཚུར་འདུས་སྲུང་བའི་འཁོར་ལོར་ཐིམ༔ ལྟེ་བར་བྷྲཱུྃ་ལས་གསེར་སྦྱངས་ལས་གྲུབ་པའི༔ བྱང་ཆུབ་མཆོད་རྟེན་སེང་ཁྲི་པད་ཟླའི་སྟེང་༔ ཧཱུྃ་ལས་བདུད་འདུལ་ཤཱཀྱ་སེངྒེའི་སྐུ༔ ས་གནོན་མཉམ་གཞག་ཕྱག་མཐིལ་ལྷུང་བཟེད་ནང་༔ བསྲུང་བྱའི་ཚོགས་གསལ་རིག་འཛིན་བྱང་སེམས་བསྐོར༔ གནས་གསུམ་འབྲུ་གསུམ་ཧཱུྃ་ལས་འོད་འཕྲོས་པས༔ སྤྱན་དྲངས་ཛ༔ཧཱུྃ་བྃ་ཧོཿགཉིས་མེད་གྱུར༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ་ལ་སོགས༔ བཀྲ་ཤིས་རྫས་རྟགས་ལྷ་མིའི་དཔལ་འབྱོར་སོགས༔ མཆོད་པར་འབུལ་ལོ་བདག་གཞན་སེམས་ཅན་རྣམས༔ བདུད་བཞིའི་དགྲ་དང་འགལ་རྐྱེན་བར་ཆད་བཟློག༔ མཆོག་ཐུན་ལས་བཞི་འགྲུབ་པར་བྱིན་གྱིས་རློབས༔ བསྟོད་པ་ནི༔ མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ༔ གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་བསྟོད༔ རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས༔ མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་བསྟོད༔ རྩིབས་བར་དམིགས་ཡུལ་ལུས་ཉམས་སྐྲ་གཟིངས་ཤིང་༔ ཡན་ལག་ལྕགས་བཅུག་མངོན་སུམ་ལྟ་བུར་གསལ༔ རང་ཉིད་ཐུབ་པའི་ཐུགས་ལས་འོད་ཟེར་འཕྲོས༔ འཁོར་གྱི་བྱང་སེམས་ཁྲོ་ཚོགས་རྒྱུད་བསྐུལ་ནས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ་ལ་སོགས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཚོགས༔ འཛིན་པའི་ཕོ་ཉ་རྡུལ་བཞིན་གྲངས་མེད་འཕྲོས༔ ལོ་ཟླ་ཞག་དང་ཟ་མའི་སྐག་རིགས་དང་༔ ཆེ་སྲི་ཆུང་སྲི་དར་སྲི་སྲི་ངན་ཀུན༔ སོ་སོའི་གཟུགས་ལ་ཛཿཧཱུྃ་བྃ་ཧོཿཁུག༔ བཅིངས་བསྡོམ་བཀུག་ནས་དབྱེར་མེད་ཉིད་དུ་གསལ༔ ཕྱོགས་ཀྱི་རྩིབས་རྣམས་དྲག་ཏུ་འཁོར་བའི་བར༔ གནོད་བྱེད་གདོན་བགེགས་བྱད་མ་དུམ་བུར་བཏུབས༔ སྔགས་ཕྲེང་ལས་འཕྲོས་མེ་ཡིས་གཞོབ་ཐུལ་བསྲེགས༔ ཐལ་བའི་རྡུལ་ཕྲན་བསྐལ་པའི་རླུང་གིས་གཏོར༔ བསྒོམ་པའི་ལེའུའོ༔ སྔགས་ནི༔ ༀ་དྷུ་རུ་དྷུ་རུ་ཙཀྲ༔ ཛ་ཡ་ཛ་ཡ་ཙཀྲ༔ ཧ་ན་ཧ་ན་ཙཀྲ༔ བྷུ་རུ་བྷུ་རུ་ཙཀྲ༔ བྷྲ་མ་ར་བྷྲ་མ་ར་ཙཀྲ༔ བྷེ་དུ་མ་ནི་ཙཀྲ༔ ཛྭ་ལ་ཛྭ་ལ་ཙཀྲ༔ སམ་བྷ་ཝ་ག་ནན་ཡ་པ་ར་ཙཀྲ༔ ས་ལ་ཡ་ས་ལ་ཡ་ཙཀྲ༔ ནཱ་ག་ཤ་ཡ་ནཱ་ག་ཤ་ཡ་ཙཀྲ༔ བཾ་བཾ་ཙཀྲ༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ ས་མན་ཏ་ག་ར་ཙཀྲ༔ ཏི་བྷ་ཙཀྲ་ཧཱུྃ་ཕཊ༔ རང་ཉིད་ཐུབ་པའི་ཕྱག་གཉིས་ཉི་ཟླ་གསལ༔ གདོན་བགེགས་དམ་སྲི་འབྱུང་པོ་ཐམས་ཅད་ཀུན༔ དྲག་ཏུ་བརྡབས་པས་མེས་བསྲེག་ཆུ་ཡིས་བཀྲུས༔ ན་མོ་བླ་མ་སངས་རྒྱས་ཆོས་དགེ་འདུན༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་བདེན་པ་དང་༔ མཉམ་མེད་ཤཱཀྱའི་རྒྱལ་པོ་བཅོམ་ལྡན་འདས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ་ལ་སོགས༔ གསང་སྔགས་རིག་སྔགས་གཟུངས་སྔགས་བདེན་པ་དང་༔ ཆོས་ཉིད་ཀ་དག་རྒྱུ་འབྲས་བསླུ་མེད་ཀྱི༔ བདེན་པའི་མཐུ་ཡིས་བདག་ཅག་འཁོར་བཅས་ལ༔ ལོ་སྐག་ཟླ་སྐག་ཞག་སྐག་ཟ་མའི་སྐག༔ ཆེ་སྲི་ཆུང་སྲི་དར་སྲི་དུར་སྲི་དང་༔ གོད་སྲི་ཕུང་སྲི་དགྲ་སྲི་གནོད་བྱེད་རིགས༔ བཟློག་པར་གྱུར་ཅིག་གཏན་ནས་བརླག་གྱུར་ཅིག༔ མེད་པར་གྱུར་ཅིག་རབ་ཏུ་ཞི་གྱུར་ཅིག༔ ཅེས་ཐལ་མོ་བརྡབས༔ ཁྱོད་ཀྱི་རིགས་སྔགས་བཟླས་པའི་ནུས་མཐུ་ཡིས༔ བར་ཆད་གདོན་བགེགས་བདུད་ལས་རྣམ་རྒྱལ་ནས༔ བཤད་སྒྲུབ་གསང་སྔགས་བསྟན་པ་རབ་དར་ནས༔ བདུད་འདུལ་ཤཱཀ་སེང་གོ་འཕང་མཆོག་ཐོབ་ཤོག༔ སྔགས་འདི་བཟླས་པ་ཙམ་གྱིས་སྲི་ཅན་དྲག་པོ་རྔམ་ཞིང་ཤི་ཁ་བྱེ་བ་ཐམས་ཅད་སྲི་ལས་ཐར་བར་གྱུར་རོ༔ མཚལ་དང་གུ་གུལ་དཀར་པོ་ལ་བཟླས་ཤིང་དུད་པས་བདུག་གོ༔ ཡུངས་ཀར་ལ་བཟླས་ཏེ་གདོང་ལ་གཏོར་རོ༔ ཆུ་གཙང་ལ་བཟླས་པས་གདོང་ལུས་བཀྲུའོ༔ ཚོན་སྐུད་སྣ་ལྔ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་བཏབ་ལ་མགུལ་དུ་གདགས་སོ༔ མར་ལ་བཟླས་ལ་ལུས་ལ་བྱུག་གོ༔ སྔགས་འདིས་ཕུར་ཁ་དང་བྱོལ་ཁ་ཐམས་ཅད་བཟློག་པར་འགྱུར་རོ༔ སྲི་ཅན་བདུད་འདུལ་བའི་མན་ངག་འཁོར་ལོ་འབར་བ་ཞེས་བྱ་བ་རྫོགས་སོ༔ སློབ་དཔོན་པདྨ་འབྱུང་གནས་ངས༔ ཕྱིར་བཟློག་སྲི་ཅན་མཐར་བྱེད་འདི༔ གུང་ཐང་རྒྱལ་པོའི་དོན་དུ་བཞག༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ རུ་ལག་ལྗོངས་ཀྱི་ཡོན་པོ་ལུང་ནས་སྤྲུལ་སྐུ་བཟང་པོ་གྲགས་པས་གཏེར་ནས་བཏོན་ཏེ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ལ་གཏད་པའོ༔ རིག་འཛིན་ཡོལ་མོ་ཆེན་པོའི་ཞལ་གདམས་གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གསུང་རྒྱུན་སོར་བཞག་ཧྱ་གྲྀ་ཝ་ནཱ་ཐས་བགྱིས་པའོ༔

ཟ་བྱེད་རྡོ་རྗེ་མཁའ་འགྲོའི་གསོན་སྦྱངས།

ཟ་བྱེད་རྡོ་རྗེ་མཁའ་འགྲོའི་གསོན་སྦྱངས་ཆོ་ག་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མདུན་དུ་མར་མེ་དང་ཏིལ་ནག་སྡིག་གཟུགས་ལ་སྦྱིན་བདག་གི་སྣ་བུག་གཡས་ནས་རླུང་ཕྱུང་སྟེ་སྡིག་སྒྲིབ་བསྟིམ་པའི་དམིགས་པ་བྱ་ཞིང་མིང་དང་བྱང་བུ་བྲིས་པ་བཞག་ལ། སངས་ཆོས་ཚོགས་མ་དང་། མར་མེ་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ཆོས་རྣམས་མི་དམིགས་སྟོང་ཉིད་གྱུར། །དེ་ཡི་ངང་ལས་ཞི་བ་ཡི། །ཐབ་ཁུང་དཀར་ཞིང་ཟླུམ་པོ་རྒྱར། །ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པ། །མུ་རན་ཁ་ཁྱེར་སོར་བཞི་བཞིའི། །ཕྱི་རིམ་རྡོ་རྗེ་དཀར་པོ་ཡིན། །ཕྲེང་བས་ཡོངས་བསྐོར་དབུས་ཉིད་དུ། །པདྨ་འདབ་བརྒྱད་རྡོ་རྗེ་དང་། །གྲུ་བཞིར་ཟླ་ཕྱེད་རྡོ་རྗེ་སོགས། །མཚན་ཉིད་ཡོངས་རྫོགས་ལྟེ་བ་ལ། །པད་ཉིར་ཧཱུྃ་ལས་བཅོམ་ལྡན་འདས། །ཟ་བྱེད་རྡོ་རྗེ་མཁའ་འགྲོ་མཆོག །སྐུ་མདོག་སྔོན་པོ་སྤྱན་གསུམ་པ། །བསྐལ་པའི་མེ་དཔུང་ལྟར་འབར་ཞིང་། །མཆེ་བ་རབ་གཙིགས་ཕྱག་གཉིས་ཀྱིས། །རྡོ་རྗེ་དྲིལ་བུ་ཐུགས་ཀར་ནི། །བསྣོལ་འཛིན་ཕྱག་རྒྱ་དྲུག་གིས་སྤྲས། །གར་གྱི་ཉམས་དགུ་ལྡན་པ་ཡིས། །འཇིགས་དུས་གདན་ལ་གཡས་བརྐྱང་སྟབས། །ཡེ་ཤེས་མེ་འབར་དབུས་ན་བཞུགས། །དེ་ཡི་གནས་གསུམ་ༀ་ཨཱཿཧཱུྃ། །ཧཱུྃ་གི་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་ནམ་མཁར་བཞུགས་པར་གྱུར། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་ཤབྡའི་བར་ལའང་སྦྱར་ཏེ་མཆོད། ཛཿཧཱུྃ་བྃ་ཧོཿདམ་ཚིག་དང་། །ཡེ་ཤེས་སེམས་དཔའ་གཉིས་མེད་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། མི་བསྐྱོད་རྡོ་རྗེས་དབུ་བརྒྱན་གྱུར། །མཐའ་ཡས་འཇིག་རྟེན་ཁམས་རྣམས་ན། །མཆོད་ཡོན་ཇི་སྙེད་ཡོད་པ་ཀུན། །བློ་ཡིས་ཡོངས་སུ་སྤྲུལ་ནས་ནི། །རྡོ་རྗེ་མཁའ་འགྲོར་མཆོད་པ་འབུལ། །ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་ཤབྡའི་བར་དུའང་སྦྱར་ཏེ་མཆོད། བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་མཆོག་གི་དཀྱིལ་འཁོར་གསུམ། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །གང་གི་ཐུགས་རྗེའི་མེ་དཔུང་འབར་བའི་མཐུས། །ཆགས་སོགས་ཉེས་པའི་བུད་ཤིང་ཀུན་བསྲེགས་ཤིང་། །བདེ་ཆེན་ཡེ་ཤེས་སྣང་བ་རྒྱས་མཛད་པ། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །བདག་སོགས་འགྲོ་ཀུན་སྡིག་སྒྲིབ་ཀུན་དག་ཅིང་། །ཚེ་དཔལ་ལོངས་སྤྱོད་དགོས་འདོད་མ་ལུས་པ། །ཡིད་བཞིན་མཆོག་སྩོལ་དངོས་གྲུབ་འབྱུང་བ་ཡིས། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་བསྟོད། དམིགས་ཡུལ་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་སྙིང་ཁའི་པཾ་ལས་སྡིག་སྒྲིབ་ཀྱི་ངོ་བོ་ཤ་ཟའི་གཟུགས་སུ་གནས་པ། ལྟེ་བ་ལ་ཧཱུྃ་རྡོ་རྗེ་གནོད་སྦྱིན་དུ་གྱུར་པས་དེད་དེ་སྣ་སྒོའི་ལམ་ནས་ཐོན། མདུན་གྱི་ཏིལ་དང་མིང་ཡིག་ལ་ཐིམ་པ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའི་ཞལ་དུ་ཕུལ་ཏེ་སྦྱངས་པར་གྱུར། ཞེས་ཏིལ་ལན་དགུ་བསྐོར་ཞིང་འབུལ། མིང་ཡིག་ཀྱང་སྲེག །དེ་དག་གི་ཚེ། ༀ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ཡེ་སྭཱ་ཧཱ། ལན་གསུམ་རྗེས་མ་བྱང་བུ་སྲེག །དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པ་དང་། ཁྱད་པར་དམ་ཚིག་ཉམས་པ་ཐམས་ཅད་དག་པ་དང་། ནད་གདོན་བར་ཆད་ཞི་བ་དང་སྦྱང་པར་མཛད་དུ་གསོལ། མཆོད་བསྟོད་གོང་ལྟར། ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུས། བཛྲ་མུཿ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཅེས་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོའོ། །ཞེས་པ་འདི་ནི་རྡོ་རྗེ་མཁའ་འགྲོའི་ལེའུ་ཞེ་དྲུག་པ་ལས། སློབ་མ་ཡི་ནི་རྐང་མཐིལ་དུ། །གཞུ་འདྲའི་རླུང་གི་དཀྱིལ་འཁོར་བསམ། །ལྟེ་བར་ཡེ་ཤེས་མེ་འབར་བས། །དེ་ཡིའོད་ཟེར་སྙིང་གར་འབར། །འབར་བས་ཀུན་ནས་འཁྲིགས་པར་བསམ། །པཾ་ལས་བྱུང་བའི་མི་སྡུག་གཟུགས། །སྡིག་ནི་སྣ་ཡི་སྒོ་ནས་བྱུང་། །དེ་ནས་ཁྲོ་བོའི་གཟུགས་བསྒོམ་པ། །དེ་ནས་ཀུན་ནས་ཟ་བར་བསྒོམ། །ཞེས་གསུངས་པ་ལྟར་སྡིག་སྒྲིབ་བྱང་ཕྱིར་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་གསོན་སྦྱངས་ལ་སྦྱར་བ་འདི་ནི། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་མཚན་གྱི་མདངས་ཙམ་འཛིན་པ་རྒྱལ་ཁམས་ཀྱི་སྙོམ་ལས་པར་གྲགས་པའི་མིང་ཅན་གྱིས་གཞན་ལ་ཕན་ཕྱིར་བཀོད་པའོ། །སརྦ་མངྒ་ལཾ།། །།

འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ་སོགས་འཕོ་ལུང་འཕྲལ་མཁོའི་རིགས།

འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ་སོགས་འཕོ་ལུང་འཕྲལ་མཁོའི་རིགས་བཞུགས་སོ། །ན་མོ་རཏྣ་གུ་རུ་ུཡེ། འདིར་འཕོ་འདེབས་བྱ་ཚུལ་གཉིས་ཏེ། དགེ་བཤེས་ཡོན་ཏན་ཅན་གྱི་ལུགས་དང་། རྟོགས་ལྡན་ཉམས་མྱོང་ཅན་གྱི་ལུགས་གཉིས་སོ། །མཁས་པ་རྣམས་ཀྱིས་དང་པོ་སྐྱབས་འགྲོ་སེམས་བསྐྱེད་མ་ནམ་བཞི་སྐོར་བྱ། དེ་ནས་མིང་ནས་འབོད་ལ་ཐིམ་རིམ་རྒྱས་པར་ངོ་སྤྲོད། སངས་རྒྱས་རྣམས་ཡིད་ལ་དྲན་པར་གྱིས་ཤིག་བརྡ་སྦྱར་ནས། སངས་རྒྱས་ཀྱི་མཚན་བསྒྲག །ཁྱོད་དཀོན་མཆོག་གསུམ་གྱི་དྲུང་དུ་ཉེས་ལྟུང་བཤགས་བསམ་པས་ལན་མོ་གྱིས་ལ་ཞེས་ལྟུང་བཤགས་འདོན། ཐུགས་རྗེ་ཆེན་པོ་ནམ་མཁར་བསྒོམ་ལ་ལན་མོ་གྱིས་ལ། ཞེས་ཐུགས་རྗེ་ཆེན་པོའི་སྨྲེ་སྔགས་ཀྱི་བསྟོད་པ་དང་འཇམ་དབྱངས་ནམ་མཁར་བསྒོམ་ལ་གསོལ་བ་ཐོབ། ཅེས་ཤེས་བྱའི་མཁའ་དབྱིངས་མ་འདོན། ཐུབ་པ་གསང་བདག་སོགས་ནམ་མཁར་བསྒོམ་ལ་བར་དོའི་འཇིགས་པ་ལས་སྐྱོབ་ཕྱིར་རྗེས་ཟློས་གསོལ་བ་ཐོབ་ཅེས་གཙོ་རྒྱལ་མ་འདོན། དེ་ནས་འཕོ་བའི་དམིགས་པ་སྤོད་ལ། འཕོ་བའི་གསོལ་འདེབས་བྱ། འཕོ་བ་སྤར་ནས་སྐྲ་འཐེན། ལམ་བསྟན་བྱས་ལ་བདེ་སྨོན་འདོན་པའོ། །དེ་ལུགས་མཛེས་ཆེ་ཞིང་འདོན་རྒྱུ་མང་ཡང་། ལུས་སེམས་བྲལ་བའི་རྟེན་ཡེ་ཤེས་མགོན་པོའི་རླུང་ངམ་དྲག་པོ་ཆེན་པོའི་རླུང་ཆད་ནས། ད་ལྟ་དང་མི་འདྲ་རྣམ་རྟོག་ཧྲག་པ་གཅིག་སྐྱེས་ཙམ་ནས་ནམ་མཁར་བདག་རླུང་དེ་རྒྱུ་ནས་འཕོ་ཚར་འགྲོ་བས། བཤད་པ་མང་པོ་བྱེད་ཚེ་རང་ནས་སྒོ་གར་འགྲོ་ཆ་མེད་པས། བཤད་ཉུང་དམིགས་པ་མང་བ་ལེགས། ཐིམ་རིམ་བཤད་ཀྱང་མི་ནག་པས་མི་གོ །ཤི་ཚར་ནས་ཐིམ་རིམ་ཡལ་ཚར་བས་དགོས་མེད་དོ། །ལ་ལ་ན་རེ་ཟ་འདྲེ་དང་མ་བྲལ་ན་འཕོ་བ་འདེབས་མི་འཇུག་པས། ཕྲལ་དགོས་ཞེས་གསུར་དུད་བྱེད་ནས་ཟ་འདྲེ་ལ་བསྔོ། འཇིག་རྟེན་གསུམ་རྒྱལ་བསྐྱེད་ཅིང་ཁྲོ་བོ་སྤྱན་འདྲེན་ཀུན་རིག་ལྟར་བྱེད་དེ། སུམ་བྷ་ནིས་ནས་ལྕག་གིས་བྲབ། སྲུང་འཁོར་བསྒོམ་ནས་སླར་འཕོ་བའི་དམིགས་པ་བྱེད་པ་མཐོང་སྟེ། ཟ་འདྲེས་འཕོ་འདེབས་ལ་བར་ཆད་བྱེད་ཟེར་བ་རྒྱུད་གཞུང་ཚད་ལྡན་ཀུན་ལ་མ་མཐོང་ངོ་། །བར་དོ་ནས་གནོད་ཀྱང་འཕོ་བ་ཐེབ་ན་བར་དོ་མེད་པར་གསུང་པས་ནས་ལྕག་དང་གསུར་གྱིས་རྣམ་ཤེས་འཕོ་དོག་ཡོད། འདིར་རྟོགས་ལྡན་ཉམས་མྱོང་ཅན་གྱི་ལུགས་ལྟར་ན་འཆི་ཁ་ནས་དབང་དང་སེམས་བསྐྱེད་ཐོབ། འཆི་ཁ་སྔས་སུ་རང་ཡོད་ན་ཐེབ་སླ་བ་མཐོང་། ཡུན་རིང་སོང་ནས་འཕོ་ཚར་རམ་ཚོད་མེད། མི་གཞོན་ནུ་སོས་རེ་ཡོད་པ་སོགས་ལ། ཤི་ནས་སྐེ་རྩ་ཆད་ཡག་མ་རེད་བར་འཕོ་བ་འདེབས་མི་རུང་། རླུང་ལོག་ཡིན་ན་འཕོ་བ་ཐེབ་ན་ཉེས་པ་ཆེ། རྒྱུད་ལས། དུས་མིན་ལྷ་རྣམས་གསོད་བྱེད་པའོ། །ཞེས་ལུས་ལྷ་བསད་པ་དང་འདྲ། མ་ཐེབ་སོས་ན་འཕོ་བ་ལ་གཤེ་བར་འགྱུར་ཏེ། དེ་འདྲའི་ལོ་རྒྱུས་འགའ་ཡང་ཐོས། ནད་ཡུན་རིང་བ་དང་རྒས་འཁོག་སོས་རེ་མེད་དེ་ཤི་ཐག་ཆོད་ན་ནི། མ་ཤི་དུས་དབུགས་འགྲོ་ལ་ཁད་ནས་བཏབ་ཀྱང་ཉེས་པ་མེད། འོན་ཀྱང་ཡིད་ཀྱིས་དེའི་ལུས་ཕག་མོར་བསྒོམ། སྒོ་དགུ་ཡི་གེ་ཧྲཱིཿས་བཀག་པ་རྣམས་འཆི་ལ་ཁད་ནས་ཡིད་ཀྱིས་བསྒོམ་ལ་བཞག །སྤར་ནི་མི་སྤར ། ཕྱི་དབུགས་ཆད་མ་ཐག་ནས་ཡིད་ཀྱིས་ལན་མང་དུ་སྤར། ངག་ཏུ་མི་བརྗོད་སངས་རྒྱས་ཀྱི་མཚན་དང་གསོལ་འདེབས་སོགས་བྱ། སྐེ་རྩ་ཆད་ཡག་རེད་ཙམ་དམིགས་པ་མ་ཡེངས་པར་འཕོ་འདེབས་དངོས་དེ་བྱེད་དོ། །དེ་བས་སྔ་ནས་བྱེད་ན། ཨ་ང་ད་རུང་སོས་རེ་ཡོད་ཙ་ད་ལྟ་ནས་འཕོ་འདེབས་བྱས་བྱུང་སྙམ་དུ་ཞེ་སྡང་སྐྱེ་སྟེ། ཞེ་སྡང་གིས་མཚམས་སྦྱར་ནས་འཕོ་བ་མི་ཐེབ་ངན་སོང་དུ་འགྲོའོ། །འཆི་ལ་ཁད་ནས་ཁོག་སྨད་དུ་མི་རག །མི་ཡིད་མཐུན་པ་སྟན་རྨད་དུ་མི་འདུག །མགོ་བོའི་ཕྱོགས་སུ་འདུག་བཅོལ། རོ་ཉལ་བ་དེ་དམིགས་པ་མི་བདེ་བས་འཕོ་བ་འདེབས་ཚེ་ཙོག་པུར་བཟུང་བཅོལ་ན་ལེགས། འཛོམ་ན་དང་པོ་མཆོད་པ་རྣམ་ལྔ་བཤམས་ལ། ཇི་སྙེད་སུ་དག་ནས་དཀོན་མཆོག་གསུམ་ལ་ཕུལ་འཕོ་བ་ཐེབ་པར་གསོལ་བ་བཏབ། ཚེ་འདས་དེ་ལ་སྙིང་རྗེ་ཚད་མེད་པ་མཆི་མ་འཁྲུགས་པ་བྱུང་ན་ངེས་པར་ཐེབ། སྙིང་རྗེ་མ་སྐྱེས་ན་ཐེབ་དཀའ། རང་ཉིད་ཡི་དམ་ཐུགས་རྗེ་ཆེན་པོར་བསྒོམས། རོའི་སྔས་སུ་སྐྱགས་ཀྱི་སྟེང་དུ་རྒྱལ་བ་བྱམས་པའི་བཞུགས་སྟངས་ཀྱིས་བཞུགས་ཏེ། རྒྱས་པར་ནི་ལྟུང་བཤགས་འདོན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་གཤེགས་སྨན་བླ་མཆེད་བརྒྱད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་རིག་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་མཆོག་རིན་ཆེན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་རིག་དབང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཆེར་རྒྱས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་སངས་རྒྱས་ཀྱི་མཚན་གང་ཤེས་བརྗོད་རུང་། དེ་ནས་རང་གི་དམིགས་པ་དང་བསྟུན་ནས། རང་གི་སྣ་བུག་གཡོན་ནས་དབྱངས་ཡིག་བཅུ་དྲུག་འཕྲོས། ཚེ་འདས་ཀྱི་སྣ་བུག་གཡོན་དུ་ཐིམ་པར་གྱུར། རྒྱས་པར་དབྱངས་ཡིག་བརྗོད། ཅེས་གཡས་པས་སྡིགས་མཛུབ་ཀྱིས་རང་གི་སྣ་བུག་གཡས་བཀག་ལ་གཡོན་ནས་རླུང་བུས། རང་གི་སྣ་བུག་གཡས་ནས་གསལ་བྱེད་སུམ་ཅུ་འཕྲོས། ཚེ་འདས་ཀྱི་སྣ་བུག་གཡས་སུ་ཐིམ་པར་གྱུར། རྒྱས་པར་བྱེད་ན་གསལ་བྱེད་བརྗོད། ལག་གཡོན་སྡིགས་མཛུབ་ཀྱིས་སྣ་བུག་གཡོན་བཀག་གཡས་རླུང་བུས། རང་གི་སྣ་རྩེ་ནས་ཧཱུྃ་སྔོན་པོ་གཅིག་ཕྲི་ལི་ལི་འཕྲོས་ཏེ་ཚེ་འདས་ཀྱི་སྣ་སྒོར་ཐིམ། དབྱངས་གསལ་དང་ཧཱུྃ་རྣམས་སྙིང་གི་ནང་དུ་ཐིམ་པས་བདག་གིས་ཅི་སྨྲས་པ་ཐམས་ཅད་གོ་བར་གྱུར། ཧཱུྃ་ཞེས་སྣ་གཉིས་ནས་རླུང་རིང་བར་བུས། ཚེ་ལས་འདས་པའི་མ་དག་འཁོར་བའི་སྒོ་བརྒྱད་པོ་ཡི་གེ་ཧྲཱིཿདམར་པོ་རེ་རེས་བཀག་པར་བསྒོམ། ཧྲཱིཿ ཧྲཱིཿ ཧྲཱིཿ དེ་ནས་སྐད་ཆེ་ཆུང་རན་པར། འོ་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་དང་དཔའ་བོ་དང་མི་ཆེན་ཡིན་ན་ཞུ་བའི་ཚིག་གང་འོས་དང་། ཕལ་པ་ཡིན་ན་བཟང་མིང་ནས་ལན་གསུམ་འབོད། འོ་ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཚེ་འདིའི་སྣང་བ་ནི་ནུབ། འཇིག་རྟེན་ཕྱི་མའི་སྣང་བ་མ་ཤར་བ་ལས་དགེ་སྡིག་དབང་གིས་གར་འགྲོ་ལ་ངེས་པ་མེད་པས། བར་དོ་དང་པོ་འཕོ་བ་སྒོམ་པའི་སྐབས་སུ་བབ་པ་ཡིན་ནོ། །ཕ་ཅིག་དམ་པ་སངས་རྒྱས་ཀྱི་ཞལ་ནས། འཆི་བ་འཆི་བ་མ་ཡིན་ཏེ། །རྣལ་འབྱོར་སངས་ཆུང་རྒྱས་པ་ཡིན། །ཞེས་གསུངས་པ་དང་། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་ལ་རྫོགས་སངས་རྒྱས། །ཞེས་པའི་དུས་ད་ལྟ་ཡིན་པས། མ་ཡེངས་པར་ཉོན་ཅིག །ཁྱོད་རང་གི་ལུས་དེ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་ལ་སྨུག་པའི་མདངས་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཆེ་བས་མ་མཆུ་མནན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་ཞིང་། གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱཾ་གྲུ་མོར་བཅུག་ཅིང་ཞབས་གཡས་བསྐུམ་པའི་ལྟིང་པ་བྷ་གར་གཏད་པ། གཡོན་བརྐྱང་པ་པདྨ་ཉི་མ་བཾ་གྱི་སྟེང་ན་འགྱིང་བ། ཐོད་པ་སྐམ་རློན་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ། སྐུའི་ཕྱི་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ལ། ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་ཙམ་པ། བདེ་བ་མཚོན་པའི་ཕྱིར་ཕྱི་དཀར་བ། གསལ་བ་མཚོན་པའི་ཕྱིར་ནང་དམར་བ། བྱང་ཆུབ་ཀྱི་ལམ་མཚོན་པའི་ཕྱིར་ཤིན་ཏུ་དྲང་བ། ངན་སོང་གི་སྒོ་བཅད་པའི་ཕྱིར་མར་སྣེ་ལྟེ་བའི་འོག་ཏུ་སྨྱུག་མའི་ཚིག་འགགས་པ་ལྟ་བུ་ཕུག་སྡུག་ཏུ་ཡོད་པ། ཐར་པའི་སྒོ་འབྱེད་པའི་ཕྱིར་ཡར་སྣེ་སྤྱི་བོར་ཚངས་པའི་བུ་ག་ཟངས་དུང་གི་ཁ་ལྟར་ཧད་པོར་ཡོད་པ་མཚན་ཉིད་བཞི་དང་ལྡན་པའི་དབུས་སུ་པདྨ་དམར་པོ་དང་། ཟླ་བའི་གདན་སྲན་མ་ཕྱེད་བཀས་པ་ཙམ་གྱི་སྟེང་དུ་ཁྱེད་རང་གི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་འཕར་ལ་ཁད་པ་ཡར་ལ་ཁད་པ་གཅིག་སྒོམས་ཤིག །ཁྱེད་རང་གི་སྤྱི་བོའི་གཙུག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁར་པདྨ་འདབ་མ་སྟོང་ལྡན་དང་ཟླ་བའི་གདན་ལ། ཁྱོད་རང་གི་རྩ་བའི་བླ་མ་དང་ཡི་དམ་ཐུགས་རྗེ་ཆེན་པོ་དབྱེར་མེད་པའི་ངོ་བོ་སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་ཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིས་བཀང་བའི་ལྷུང་བཟེད་འཛིན་པ། མཚན་བཟང་པོ་དང་དཔེ་བྱད་བཟང་པོས་བརྒྱན་པ། ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་སྐུའི་བཀོད་པ་ལ་རྫོགས་པ། སྐུའི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་ཅིང་བཞུགས་ནས་ཡོད་པར་སྒོམས་ཤིག །བཞུགས་ནས་ཡོད་དོ། །ངེད་ཀྱི་གསོལ་བ་བཏབ་ནས་རྣམ་ཤེས་སྤར་ཚེ། ཐེ་ཚོམ་མེད་པར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག །ཅེས་ཐེབ་མོས་མནན་ཏེ་སྤྱི་གཙུག་ནས་སྒྲ་འཐེན་ཙམ་བྱས་ལ། གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ན། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །བྱིན་རླབས་འོད་དུ་འཁྲུགས་པའི་བར་འཚམས་ན། །རྩ་བརྒྱུད་བླ་མ་གྲུབ་ཐོབ་འཁོར་ལོའི་ཚོགས། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །རིས་མེད་སྙིང་རྗེའི་བདུད་རྩིའི་ཁྲུས་ཁང་ན། སྣང་སྟོང་ཆོས་སྐུའི་གར་མཁན་ཀརྨ་པ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །བརྟུལ་ཞུགས་འོད་དུ་འཚེར་བའི་གངས་ཁྲོད་ན། །མཁའ་སྤྱོད་དགའ་བའི་རྡོ་རྗེ་གདོང་ལྔ་པ། །ཞྭ་དམར་པའི་གསང་མཚན་གདོང་ལྔ་པ་ནི་སེངྒེ། མཆན། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །ཕྱི་ནང་དཀྱིལ་འཁོར་མུ་མེད་རབ་འབྱམས་ན། །བདེ་བ་མཆོག་དང་མཉམ་སྦྱོར་རྣལ་འབྱོར་མ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །བདུད་ཚོགས་ཉམས་པ་མི་རོའི་བ་གམ་ན། །ཡེ་ཤེས་མེ་འབར་ཆོས་སྐྱོང་རྫུ་འཕྲུལ་ཅན། །ཕྱག་དྲུག་པ། བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གིས། །ལུས་གནས་ཡེ་ཤེས་བརྗོད་མེད་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པར། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་གྱུར་ཅིག །ཚེ་འདས་ཀྱི་ལྟེ་བའི་རྣམ་ཤེས་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དེ་སྐར་མདའ་བཞིན་དུ་སོང་སྟེ། འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པའི་དམིགས་རིམ་དང་སྤྲད་ལ་དལ་བུས། ཧིཀ་ཅེས་བདུན་ཙམ་བརྗོད། སྤྲོ་ན་སྐབས་འདིར་ཐུན་བཞི་དབྱངས་བཅས་འདོན་ལ་རྒྱང་འབོད་བྱ། མཐར་ཧིག་ཀ་བགྲང་དམིགས་པ་སྤར། འོ་ཚེ་ལས་འདས་པ་ཆྒཻ་མོ་ཁྱོད་ཉོན་ཅིག །རྡོ་རྗེ་གདན་བཞིའི་རྒྱུད་ལས། ཉེས་པ་ཀུན་གྱིས་གོས་པ་ནི། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །སྡིག་གིས་ཀུན་ལས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་སྒྲོལ། །ཞེས་གསུངས་པའི་ཕྱིར། མཚམས་མེད་པ་ལྔ་བྱས་པའི་སྡིག་ཅན་ཡིན་ན་ཡང་། འཕོ་བ་ཐེབ་ན་ངན་སོང་དུ་མི་འགྲོ་སྟེ། རབ་དག་པའི་ཞིང་ཁམས། འབྲིང་ལྷ་གནས་གཙང་མ། ཐ་མ་ཡང་མི་ལུས་ཆོས་ལྡན་སྐྱེ་བ་རྡོ་རྗེ་འཆང་གི་བཀའ། ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཡིན་པས་མ་འཇིགས་མ་སྐྲག་པར་འཕོས་ཤིག །སྤྲོ་ན་སྐབས་འདི་རྣམས་སུ་གོང་གི་དམིགས་པ་སྤར་ཝིག་བྱ། མ་བྱས་ཀྱང་རང་གིས་དམིགས་པ་གསལ་འདེབས་ཝིག་བྱས་པས་ཆོག །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཡུམ་ཆེན་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཧིཀ་བདུན་ཙམ་བགྲང་། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། འཆི་བའི་དུས་སུ་ཡིད་ཀྱི་བསམ་པ་གང་ཞིག་དྲན་པར་གྱུར་བ་དེ་ནི་སྐྱེ་བ་ཡང་དག་སྐྱེ་ཞེས་གསུངས་པས། ཚེ་ལས་འདས་པ་ཁྱོད་ཉོན་ལ་ཡིད་གཞན་དུ་མ་ཡེངས་པར་ཁྱེད་རང་གི་སྤྱི་བོར་སངས་རྒྱས་འོད་དཔག་མེད་བཞུགས་ནས་ཡོད་པས། དེ་ལ་རིག་པ་རྩེ་གཅིག་ཏུ་གཏོད་ཅིག །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཏེ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ནཱ་རོ་ཛྙཱ་ན་སིདྡྷི་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །མར་པ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །དྭགས་པོ་ཟླ་འོད་གཞོན་ནུ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །དཔལ་ལྡན་དུས་གསུམ་མཁྱེན་པ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སྤྲོ་ན་འདིར་བརྒྱུད་རིམ་དང་། གྲུབ་བརྙེས་ཀ རྨ་ཆགས་མེད་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །པདྨ་ཉིན་བྱེད་དབང་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །རྒྱལ་དབང་ཐེག་མཆོག་རྡོ་རྗེ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །རྒྱལ་སྲས་བློ་གྲོས་མཐའ་ཡས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཀུན་བཟང་མཁའ་ཁྱབ་རྡོ་རྗེ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །པདྨ་དབང་མཆོག་རྒྱལ་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །རང་བྱུང་རིག་པའི་རྡོ་རྗེ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཡི་དམ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཧིཀ། སྤྲོ་ན་འདིར་འབྲེལ་པ་ཐོགས་ཆོག་མ་འདོན། འོ་ཚེ་ལས་འདས་པ་ཁྱོད་ཉོན་ཅིག རྗེ་ནཱ་རོ་པཎ་ཆེན་གྱི་ཞལ་ནས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་ག ཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་ཆོད་ནས་སྒོ་གཅིག་ཕྱེས། །ཞེས་གསུངས་པའི་དོན། ཚེ་ལས་འདས་པ་ཆྒཻ་མོ་ཁྱོད་ད་ལྟ་ཁང་བ་རྡིབ་པ་དང་འདྲ་བ་ཅིག་རེད་ནས་ཡོད་དོ། །དེ་སྔ་ཐིམ་རིམ་དཀར་ལམ་དམར་ལམ། གཞི་ཡི་འོད་གསལ་སྐད་ཅིག་རེ་རེ་ཙམ་ཤར་ཀྱང་ངོས་མ་ཟིན་ནས། ད་ལྟ་བེམ་རིག་བྲལ་རན་པ་ཡིན་ནོ། །འོག་ཕྱོགས་སུ་གནམ་སྒོ་འདྲ་བ་གཅིག་ཧ་རེ་ཡོད། དེ་འོག་སྒོ་དམྱལ་བར་འགྲོ་བའི་ལམ་ཡིན། དེར་མ་འགྲོ་བར་ཡར་ཤོག །འོག་ཁང་གི་གློ་སྒོ་འཐུར་བསྟན་འདྲ་བ་གཅིག་ཡོད། དེ་གསང་གནས་དུད་འགྲོར་སྐྱེ་བའི་སྒོ་ཡིན། དེར་མ་འགྲོ་བར་ཡར་ཤོག །ཤོད་ཁང་གི་གློ་སྒོ་འདྲ་བ་གཅིག་ཡོད། དེ་ལྟེ་བ་འདོད་ལྷ་རིགས་དྲུག་ཕམ་ལྟུང་དུ་སྐྱེ་བའི་སྒོ་ཡིན། དེར་མ་འགྲོ་བར་ཡར་ཤོག །སྟེང་ཁང་གི་སྒོ་ཆེན་ཕྱེས་པ་འདྲ་བ་གཅིག་ཡོད ། དེ་ཡི་དྭགས་སུ་སྐྱེ་བའི་ལམ་ཁ་ཡིན་པས་དེར་མ་འགྲོ་བར་ཡར་ཤོག ། སྟེང་ཁང་གི་སྒོ་ཆུང་གཉིས་གཤིབས་འདྲ་བ་གཅིག་ཡོད། དེ་གནོད་སྦྱིན་དང་མི་རུ་སྐྱེ་བའི་ལམ་སྣ་བུག་གཉིས་ཡིན་པས། དེར་མ་འགྲོ་བར་ཡར་ཤོག །སྟེང་ཁང་གི་བློ་སྒོ་ལྷོ་བྱང་དུ་བསྟན་པ་འདྲ་བ་གཉིས་ཡོད། དེ་རྣ་བ་གཡས་གཡོན་གྲུལ་བུམ་དང་ལྷ་མིན་དུ་སྐྱེ་བའི་སྒོ་ཡིན། དེར་མ་འགྲོ་བར་ཡར་ཤོག །སྟེང་གི་ཤར་ངོས་ནས་སྒོ་སྐར་ཕྱེས་པ་འདྲ་བ་གཉིས་ཡོད། དེ་མིག་གཉིས་ཡིན་ཏེ་གཟུགས་ཁམས་ཀྱི་ལྷ་དང་འཁོར་ལོས་སྒྱུར་རྒྱལ་དུ་སྐྱེ་བའི་སྒོ་ཡིན། དེར་ཡང་འཁོར་བའི་སྡུག་བསྔལ་ཡོད་པས་དེར་མ་འགྲོ་བར་ཡར་ཤོག །ཤར་དུ་གསལ་ཁུང་ཆུང་ངུ་བ་གཅིག་ཡོད། དེ་སྨིན་མཚམས་གཟུགས་ཁམས་ལྷའི་སྒོ་ཡིན། དེར་མ་འགྲོ་བར་ཡར་ཤོག །སྟེང་གི་ཤར་ནུབ་གཉིས་སུ་གསལ་ཁུང་ཆུང་ངུ་བ་གཉིས་ཡོད། དེ་གཟུགས་མེད་ཁམས་ལྷ་ཚེ་རིང་པོར་སྐྱེ་བའི་སྒོ་ཡིན། དེར་མ་འགྲོ་བར་ཡར་ལྟོས་དང་། སྟེང་དཀྱིལ་དྲང་པོ་ནས་སྐར་ཁུང་འདྲ་བའི་སྒོ་གཅིག་ཡོད། དེ་སྤྱི་བོ་ཚངས་པའི་བུ་ག་དག་པ་མཁའ་སྤྱོད་དུ་འགྲོ་བའི་སྒོ་ཡིན། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ལམ་ཡིན་པས་དེར་ཐེ་ཚོམ་མེད་པར་ཡར་ཤོག །སྤྱི་བོ་དེ་ན་སངས་རྒྱས་འོད་དཔག་མེད་བཞུགས་ཡོད་པས་ཐུགས་ཀར་འཕོས་ཤིག །ཅེས་སྐྲ་མཚམས་ནས་ཁུག་སོར་བརྒྱད་འཇལ་བའི་ས་ནས་སྐྲ་གཞན་རྣམས་ཕར་ཕྱེས་ལ། སྐྲ་ཉུང་ངུ་ཅིག་བཟུང་ལ་དབྱངས་དང་བཅས་པས། ཀ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས་ནས། །རྒྱལ་བ་འོད་དཔག་མེད་པ་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་དས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྟོང་ཉིད་སྙིང་རྗེའི་ཆོས་ཀྱི་དབྱིངས་ནས། ལོངས་སྐུ་ཐུགས་རྗེའི་བདག་ཉིད་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཟངས་མདོག་དཔལ་རི་མཁའ་འགྲོའི་གླིང་ན། སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་ནས། གཏེར་སྟོན་ཉི་ཟླ་ཡབ་སྲས་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ན། །དྲིན་ཆེན་རྩ་བརྒྱུད་བླ་མ་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཙིཏྟ་རིན་ཆེན་སྙིང་གི་གནས་ན། །ཞི་བ་བཞི་བཅུ་རྩ་གཉིས་དེེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གནས་ན། །རིག་འཛིན་དཔའ་བོ་མཁའ་འགྲོ་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀླད་པ་དུང་ཁང་འབར་བའི་གནས་ན། །འབར་བ་ཁྲག་འཐུང་ལྔ་བཅུ་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ བཀའ་དང་དམ་ཚིག་གསང་བའི་གནས་ན། །བཀའ་སྲུང་དམ་ཅན་རྒྱ་མཚོ་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ རང་གིས་ཐེ་བོང་གི་སྲིན་རྩ་མནན་པའི་ཁུ་ཚུར་སྤྱི་བོའི་སྟེང་དུ་བཟུང་། རིག་པ་ཚེ་འདས་ཀྱི་རྣམ་ཤེས་ཐིག་ལེ་ལ་གཏད་ལ་འཕེན་པའི་དམིགས་པ་དང་བཅས། སྐད་དྲགས་པོས། ཧིཀ། ཧིཀ། ཧིཀ། ཅེས་སྐྲ་འཐེན་པས་ཐེབ་རྟགས་དང་པོ་སྐྲ་འཐེན་གྱི་བྱི་དཀའ་བ་ལ། དེ་རྗེས་ནས་རུལ་བ་ལྟ་བུར་བྱི་འོང་། ལག་དྲོད་ལྷུབ་པ་སྤྱི་བོར་དྲོད་ཚ་ཆིལ་བ། རླངས་པའམ་ཟིལ་པ་འོང་བ། སྤྱི་བོ་སྐྲང་སྟེ་ཤ་ཤུན་བྱི་བ། ཀག་སྒྲ་གྲག་པ། རླངས་པ་འདྲ་བ་ཕྱུ་རེ་འོང་། ལག་པ་ལ་ཆུ་སེར་འགོ་བ། སྤྱི་བོར་ཆུ་སེར་རྡོལ་བ། སུས་འཐེན་ན་ཏིང་ཆུང་མལ་ཙམ་སྐྲ་རུལ་བ་ལྟར་ལི་བ། གཞན་ཚོ་འཐེན་ཡང་མི་ལི་པ། རོ་བཀྲགས་མདངས་ཡོད་པ་འཕྲལ་དུ་མེད་སོང་པ། དེ་སོགས་རྟགས་མ་ཐོན་བར་དུ་དམིགས་པ་དང་གསོལ་འདེབས་སྤྲད་ཅིང་། སྤར་ཡང་རྟགས་མེད་ན་རོ་ཞག་སོང་ནས་འཕོ་ཚར་བའམ། མིན་ན་སྐལ་བ་མེད་པའོ། ༈ །དེ་ལྟར་འཕོ་བ་བཏབ་ཚར་ནས་ལམ་བསྟན་ཏེ་གནས་སྤར་བ་ནི་འདིར་ཟས་བསྔོ་བྱ། དེ་ནས་ཞིང་ཁམས་བསྟན་པ། འོ་ཚེ་ལས་འདས་པ་ཁྱོད་ཉོན་ཅིག །ཤར་ཕྱོགས་ན་རྡོ་རྗེ་རིགས་ཀྱི་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དོ། །ལྷོ་ཕྱོགས་ན་རིན་ཆེན་རིགས་ཀྱི་ཞིང་ཁམས་དཔལ་དང་ལྡན་པ་ཞེས་བྱ་བ་ཡོད་དོ། །བྱང་ཕྱོགས་ན་ལས་ཀྱི་རིགས་ཀྱི་ཞིང་ཁམས་ལས་རབ་རྫོགས་པ་ཞེས་བྱ་བ་ཡོད་དོ། །དབུས་ཕྱོགས་ན་དེ་བཞིན་རིགས་ཀྱི་ཞིང་ཁམས་འཐུག་པོ་བཀོད་ལ་སོགས་པ་ལོངས་སྐུའི་ཞིང་ཁམས་དཔག་ཏུ་མེད་པ་ཡོད་ཀྱང་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་མ་གཏོགས་སྐྱེ་བར་དཀའ་བས། དེ་རྣམས་སུ་རིག་པ་མ་གཏད་ཅིག །སྟེང་ཕྱོགས་ན་དགའ་ལྡན་ལ་སོགས་སྤྲུལ་སྐུའི་ཞིང་ཁམས་མང་དུ་ཡོད་ཀྱང་ཚུལ་ཁྲིམས་གཙང་ཞིང་དགེ་བཅུ་སྤྱོད་པ་མ་གཏོགས་སྐྱེ་བར་དཀའ། སྐྱེས་ཀྱང་འཁོར་བའི་སྡུག་བསྔལ་ཡོད། དེ་བས་ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་ལས་འདས་པའི་ཕ་རོལ་ན་བདེ་བ་ཅན་ཞེས་བྱ་བ་བདེ་སྐྱིད་ཕུན་སུམ་ཚོགས་ཤིང་སྡུག་བསྔལ་གྱི་མིང་ཡང་མི་གྲགས་པ་ཡོད་དོ། །དེ་ན་སངས་རྒྱས་འོད་དཔག་མེད་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དོ། །དེར་ནི་སངས་རྒྱས་ཀྱི་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་སླ་ལ་ཕན་ཡོན་ཆེ་བས་མ་ཆགས་མ་ཞེན་པར་ཐེ་ཚོམ་མེད་པར་དེར་སོང་ཞིག །ཁྱོད་ལ་ཤ་ཁྲག་གི་ལུས་ནི་མེད། ཡིད་ཀྱི་ལུས་ཡིན་པས་བསམ་པ་ཙམ་གྱིས་ཕྱིན་པར་ངེས་སོ། །དབྱངས་དང་བཅས། འདི་ནས་ནུབ་ཀྱི་ཕྱོགས་རོ ལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་ུསྐྱེ་བར་གསུངས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །འོད་དཔག་མེད་པའི་མཚན་བཟུང་ནས། །ཞིང་མཆོག་དེ་རུ་འགྲོ་བར་གྱིས། །ཚེ་འདས་ཀྱི་རྣམ་ཤེས་དང་འོད་དཔག་མེད་དབྱེར་མེད་དུ་མདའ་འཕངས་པ་ལྟར་བདེ་བ་ཅན་དུ་སོང་བར་བསྒོམ་ལ། ཕཊ་ཕཊ་ཕཊ། ཅེས་དྲག་པོས་བརྗོད། ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སངས་རྒྱས་མྱུར་ཐོབ་ཤོག །པདྨ་འདམ་གྱིས་མ་གོས་སོགས་བརྗོད། ཅེས་པ་འདི་ནི་རྒྱུད་གཞུང་དང་ཡང་མི་འགལ་ཞིང་ཤིན་ཏུ་མཐུན་ལ་གོ་སླ་བས་མི་ནག་པ་ལ་ཡང་ཕན། ལུང་འདྲེན་བཤད་རྒྱུ་ཉུང་བས་བཟུང་སླ་བར་བྱས་ཏེ། དགེ་སློང་རཱ་ག་ཨ་སྱས་བྲིས་པ་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཅིང་བདེ་བ་ཅན་དུ་སྐྱེ་བའི་ལམ་མཆོག་དམ་པར་གྱུར་ཅིག །དགེའོ། ༈ །འཕོ་བ་མཁའ་སྤྱོད་མའི་རྗེས་ལ་བླ་མ་སྐུ་བཞིའི་འཕོ་བ་འདི་སྐད་དོ། །བུ་ཡར་ཤོག་ཡར་ཤོག་ཐར་པའི་ལམ་ལ་ཤོག །ངེད་རང་མ་བུ་བྱང་ཆུབ་ཀྱི་ལམ་ལ་འགྲོ ། ཡར་ལ་འགྲོ་དང་མར་ལ་འགྲོ་བ་ཡི། །འཁོར་འདས་ས་མཚམས་ད་རེས་ཐུག་པ་སྟེ། །སྐྱབས་དང་སྐྱེལ་མ་བླ་མ་མ་གཏོགས་མེད། །སྤྱི་བོའི་གཙུག་ཏུ་བླ་མ་བཞུགས་སུ་གསོལ། །རང་ལུས་ལྷ་སྐུ་སྟོང་རའི་གུར་ཁང་དབུས། །ཨ་ཝ་དྷཱུ་ཏི་ཤེལ་དཀར་ཕྱིས་པ་འདྲ། །ཨ་ཡིག་ཐོགས་མེད་དཔག་ཆེན་མདའ་ལྟར་འཕངས། །གསང་གནས་ནས་ལྟེ་བར། བླ་མའི་ཐུགས་དང་དབྱེར་མེད་རོ་ཅིག་གྱུར། །ཕཊ། བུ་མ་ཡེངས་མ་ཡེངས་ཚུར་ལ་ཉོན། །གནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །རྩ་འདབས་བརྒྱད་པདྨའི་གདན་སྟེང་དུ། །དོན་སྐྱེ་མེད་ཆོས་སྐུའི་བླ་མ་བཞུགས། །བུ་མ་ཡེངས་རིག་པ་ཡར་ལ་སྤོར། །རྩ་དབུ་མ་བྱང་ཆུབ་ཀྱི་ལམ་ལ་བྱོན། །བུ་སེམས་ཉིད་བླ་མའི་ཐུགས་ཀར་འཕོས། །ལྟེ་བ་ནས་སྙིང་གར། སེམས་དྲི་མེད་འོད་ཟེར་གོང་བུ་དེ། །མདངས་སྐྱེ་མེད་ཆོས་སྐུར་ཡ་ལ་ལ། །ཕཊཿ བུ་མ་ཡེངས་མ་ཡེངས་ཚུར་ལ་ཉོན། །གནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན། །རྩ་བཅུ་དྲུག་པདྨའི་གདན་སྟེངས་སུ། །དོན་འགགས་མེད་ལོངས་སྐུའི་བླ་མ་བཞུགས། །བུ་མ་ཡེངས་རིག་པ་ཡར་ལ་སྤོར། །རྩ་དབུ་མ་བྱང་ཆུབ་ཀྱི་ལམ་ལ་བྱོན། །བུ་སེམས་ཉིད་བླ་མའི་ཐུགས་ཀར་འཕོས། །སྙིང་ག་ནས་མགྲིན་པར། སེམས་དྲི་མེད་འོད་ཟེར་གོང་བུ་དེ། །མདངས་འགགས་མེད་ལོངས་སྐུར་ཡ་ལ་ལ། །ཕཊ། བུ་མ་ཡེངས་མ་ཡེངས་ཚུར་ལ་ཉོན། །གནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན། །རྩ་སོ་གཉིས་པདྨའི་གདན་སྟེངས་སུ། །དོན་གནས་མེད་སྤྲུལ་སྐུའི་བླ་མ་བཞུགས། །བུ་མ་ཡེངས་རིག་པ་ཡར་ལ་སྤོར། །རྩ་དབུ་མ་བྱང་ཆུབ་ཀྱི་ལམ་ལ་བྱོན། །བུ་སེམས་ཉིད་བླ་མའི་ཐུགས་ཀར་འཕོས། །མགྲིན་པ་ནས་སྤྱི་བོར། སེམས་དྲི་མེད་འོད་ཟེར་གོང་བུ་དེ། །མདངས་གནས་མེད་སྤྲུལ་སྐུར་ཡ་ལ་ལ། །ཕཊ། བུ་མ་ཡེངས་མ་ཡེངས་ཚུར་ལ་ཉོན། །གནས་དག་པ་བདེ་ཆེན་གྱི་གཞལ་ཡས་ནས། །གདན་སུམ་བརྩེགས་པདྨའི་གདན་སྟེངས་སུ། །དོན་དབྱེར་མེད་ངོ་བོའི་བླ་མ་བཞུགས། །བུ་མ་ཡེངས་རིག་པ་ཡར་ལ་སྤོར། །རྩ་དབུ་མ་བྱང་ཆུབ་ཀྱི་ལམ་ལ་བྱོན། །བུ་སེམས་ཉིད་བླ་མའི་ཐུགས་ཀར་འཕོས། །སྤྱི་བོ་ནས་ནམ་མཁར། སེམས་དྲི་མེད་འོད་ཟེར་གོང་བུ་དེ། །མདངས་དབྱེར་མེད་ངོ་བོར་ཡ་ལ་ལ། །ཕཊ། འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་ཕཊ། །སྤྲོས་བྲལ་གྱི་ངང་དུ་ཕཊ། །འཛིན་མེད་གཉུག་མའི་ངང་དུ་ཕཊ། །ཅི་གནས་མཉམ་པར་བཞག་དགེ་རྩ་བྱང་ཆུབ་ཏུ་བསྔོ། ཆོས་ཀྱི་དབང་ཕྱུག་གིས་མཛད་པའོ། །༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ དེ་ནས་གཞན་ལ་འདེབས་པ་ནི༔ འཆི་ངེས་པའི་ནད་པ་ཕྱི་དབུགས་ཆད་ཙམ་ན་རོ་དེའི་མགོ་མཐོ་བ་ཙོག་པུའི་རྣམ་པར་བཞག་ལ༔ དང་པོ་སྐྱབས་འགྲོ་དང་སེམས་བསྐྱེད་སངས་རྒྱས་ཀྱི་མཚན་གང་ཤེས་མང་བ་བསྒྲགས༔ དེ་ནས་སྐེ་རྩ་ཆད་ངེས་རེད་པ་དང་ཡིད་ཀྱིས་འཕོ་བའི་དམིགས་པ་ཡང་ཡང་སྤར་ཞིང༔ ངག་ཏུ་ཚིག་འདི་རྣམ་དབྱངས་སྙན་པོས་བརྗོད་དོ༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཁྱོད་ལུས་ཡི་དམ་སེམས་དཔའ་དཀར༔ ལུས་ནང་དབུ་མ་མདའ་སྨྱུག་ཙམ༔ རང་གི་ཐུགས་ཀར་ཧྲཱིཿདམར་ནི༔ རིང་ཆ་ཚེག་དྲག་བཅས་པ་བསྒོམ༔ དེ་ལས་ཧྲཱིཿདྲུག་འཕྲོས་པ་ཡིས༔ འགྲོ་དྲུག་སྐྱེ་བའི་སྒོ་བཅད་ནས༔ སྤྱི་བོ་ཚངས་བུག་ཧ་རེ་བསྒོམ༔ སྤྱི་བོར་པདྨ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་ཅིག་ཕྱག་གཉིས་མཉམ་བཞག་སྟེང༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར། ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང༔ གཡས་གཡོན་ཕྲེང་པ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་བྱང་ཆུབ་སེམས་དཔའ་དང༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་སྤྱན་དྲངས་ཏེ༔ དེ་ནས་ཁྱོད་ཀྱི་རྣམ་ཤེས་ནི༔ ཐིག་ལེ་དཀར་པོ་ཧྲཱིཿཡིས་མཚན༔ སྣང་མཐའི་ཐུགས་དཀར་འཕོས་པར་བསྒོམ༔ ཨེ་མ་ཧོ༔ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང༔ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཚེ་འདས་རྩེ་ཅིག་ཡིད་ཀྱིས་གསོལ་བ་འདེབས༔ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ ཞེས་དམིགས་པ་གསོལ་འདེབས་དང་བཅས་པ་ཚར་བདུན་ནམ་ཉེར་ཅིག་ཙམ་བྱས་ལ། ཧིཀ་གང་མང་བརྗོད། ཕཊ་དྲག་པོ་དང་བཅས་སྐྲ་མཚམས་ནས་ཁུག་སོར་བརྒྱད་ཀྱི་ས་སྤྱི་གཙུག་དྲང་པོ་ནས་སྐྲ་ཉག་འཐེན་པས། སྐྲ་རུལ་བ་ལྟར་བྱི་བ་དང་། ཀག་སྒྲ་རླངས་པ་ཐོན་པ་དང་། སྐྲང་བ་དང་ཆུ་སེར་ཟིལ་པ་ཐོན་པའམ། དྲོད་ལྷུག་པ་དང་དྲོད་ཚ་ཆིལ་གྱིས་འདུས་པ་འོང་། སྐྲ་མེད་པ་ལ་འཛུབ་མོས་མནན་པས་སྐྲང་བ་དང་། ཆུ་སེར་འཁྱིལ་བ་འོང་། རྟགས་མ་བྱུང་བར་དུ་བསྐྱར་རོ། །དེ་ནས་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་ཐམས་ཅད་དང་། ཚེ་འདས་ཀྱི་ཕུང་པོ་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསྒོམ་ཞིང་། ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནཱ་ཡེ་སྭཱ་ཧཱ༔ ཞེས་པས་སྨོན་ལམ་གསུམ་ལྔ་བདུན་སོགས་པ་བཏབ་ནས། ལམ་བསྟན་པ་ནི་དབྱངས་དང་བཅས་པས། ཨེ་མ་ཧོ། ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་། །ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ། །ཚེ་འདས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས། །རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས། །ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །འཁོར་བ་འདི་ན་མ་ཆགས་པར། །ཐེ་ཚོམ་ཅུང་ཟད་མེད་པ་རུ། །བདེ་ཆེན་ཞིང་དུ་འགྲོ་བར་གྱིས། ཕཊཿཕཊཿཕཊཿ ཅེས་བརྗོད་པས། འོད་དཔག་ཏུ་མེད་པ་དེ་མདའ་འཕང་བ་ལྟར་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པར་བསྒོམ། ངན་སོང་སྡུག་བསྔལ་མི་འབྱུང་ཞིང། །སོགས། པདྨ་འདམ་གྱིས་མ་གོས་ལྟར། །ཞེས་སོགས་བརྗོད་པར་བྱའོ། །དེས་གཞན་ལ་འདེབས་པ་ལྟར། ནོར་དོན་དུ་གཉེར་བའི་ཁོང་བསྐྲན་མེད་པར་བྱས་ལ་སྙིང་རྗེས་རོ་ཐམས་ཅད་ལ་བཏབ་ན་ཕན་ཡོན་བསམ་ལས་འདས་སོ། །དེ་ཡང་ཐེབས་རྟགས་ཡེ་ནས་མེད་ན་རྣམ་ཤེས་འཕོ་ཚར་བ་ཡིན་སྲིད་དེ། སྐད་ཅིག་ཟན་ཟ་ཡུན་བ་གཅིག་འཇོ་ཡུན་ལས་མི་གནས་པ་ཡང་ཡོད་པས། ཕྱི་དབུགས་མ་ཆད་དུས་ནས་འཕོ་འདེབས་པ་སླེབ་ན་ཡིད་ཀྱི་དམིགས་པས་སྒོ་དགུ་བཀག་པ་སོགས་བྱའོ། །སྤར་བ་སོགས་མི་བྱ་བར་མཚན་དང་སྨོན་ལམ་ཡུན་རིང་འདོན་པ་སོགས་བྱས་ན་ཐེབ་ངེས་སོ། །ཞག་གསུམ་ཉི་མ་དྲོས་བཞི་ཚུན་ལ་རྣམ་ཤེས་ཕུང་པོ་ལ་གནས་པས་འཕོ་བ་འདེབས་པ་གལ་ཆེའོ། །དེ་ནས་ཚར་བར་བྱེད་དེ་བཀའ་གདམས་གླེགས་བམ་ནས་ཞག་གསུམ་བདུན་གནས་པར་ཡང་བཤད་པས་ཞག་བདུན་ཚུན་ཡང་འདེབས་རུང་ངོ་། །གྲོང་ཆོག་པ་ལ་ལ་དག་བྱང་བའི་རྣམ་ཤེས་སྤར་བའི་རིགས་པ་ཡིན་གསུངས་ནས། རོ་ཞག་མང་པོ་ལོན་པ་ཡང་རྣམ་ཤེས་ཕུང་པོ་ལ་འགུགས་གཞུགས་བྱས་ནས་སླར་འཕོ་བ་འདེབས་སྲོལ་ཡོད་འདུག་པ་ནི། རྒྱུད་གཞུང་ན་མ་གསུངས་ཀྱང་འགལ་བ་ཡང་མེད་པར་སེམས་སོ། །མངྒ་ལཾ། ཤུ་བྷཾ། ༈ །འཕོ་བའི་ཟིན་བྲིས་བཞུགས། རྡོ་རྗེ་འཆང་ནས་དོན་བརྒྱུད་ལྟར་གྱི་འཕོ་བ་ལ་གཉིས། སྦྱང་བ་དང་ལས་སྦྱོར་རོ། །དང་པོ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་གཡས་ཀྱི་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་བམ་རོ་སེར་པོ་མནན་པ། དེའི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ་སྙུག་གི་ཚིགས་པ་འགག་པ་ལྟ་བུའི་སྟེང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུའི་སྟེང་དུ། རང་གི་སེམས་ཀྱི་ངོ་བོ་ཐིག་ལེ་སྲན་མ་ཙམ་འཕར་ལ་ཁད་པ་ཅིག་བསམ། རང་གི་སྤྱི་བོར་སངས་རྒྱས་འོད་དཔག་ཏུ་མེད་པ་བྱམས་བཞུགས་ཀྱི་རྣམ་པར་བཞུགས་པའི་ཞབས་མཐིལ་གྱིས་སྤྱི་བོ་བཀག་པར་བསམ། རྡོ་རྗེ་འཆང་སོགས་དོན་བརྒྱུད་ལ་གསོལ་བ་བཏབ། ཧིཀ་བྱས་པས་ཐིག་ལེ་འཕར། སྤྱི་བོའི་སངས་རྒྱས་འོད་དཔག་མེད་ཀྱི་ཞབས་ལ་རེག ། ཀ་བྱས་པས་མར་བབ་སྙིང་གར་གནས་པར་བསམ། གཉིས་པ་ལས་སྦྱོར་ནི། སངས་རྒྱས་འོད་དཔག་མེད་སྤྱི་བོར་འདོམ་གང་ཙམ་གྱི་ཐད་དུ་བསྐྱེད། ཧི ཀ་བྱས་པས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་པར་བསམ། དེ་ལྟར་འཕོ་བའི་ཚེ། འཆི་རྟགས་ངེས་པར་ཚང་ན་བྱའི་གཞན་དུ་ཉེས་པར་འགྱུར་རོ། །དམིགས་པ་ཡི་གེར་འབྲི་སྲོལ་མེད་ཀྱང་གལ་ཆེ་བའི་དབང་དུ་བྱས་པའོ། །ཞེས་འཕོ་བའི་ཚུལ་འདི་ཞྭ་དམར་པ་དྲུག་པས་རང་ལོ་བཅུ་དྲུག་གི་ཐོག་ཏུ་ལ་སྟོད་ངམ་རིང་དགའ་ལྡན་བྱམས་པ་གླིང་དུ། རྣམ་རྒྱལ་དང་རྒྱལ་མཚན་གྲོགས་མཆེད་ཀྱིས་བསྐུལ་བའི་དོན་ཏུ་བྱས་པའོ། །རང་གི་ཡི་དམ་སྙིང་པོའི་མཐར། ཧ་རི་ནི་ས་ཛྙཱ་ན་ཌཱ་ཀི་ནི་བཾ་པྲ་ཝེ་ཤ་ཡ་ཕཊཿ ཞེས་ཚར་ཉེར་གཅིག་འདོན་ནས་སྤྱི་གཙུག་ཏུ་ཕུས་གདབ། ནཱ་རོ་པཎ་ཆེན་གྱི་སྙན་རྒྱུད་གདམ་ངག་ཡིན།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་དཔལ་སྤུངས་པར་མ་ཡིན་ནོ། །སརྦ་མངྒ་ལཾ།། །།

མི་འཁྲུགས་པའི་ཆོ་ག

བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་བའི་སྒོ་ནས་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་ག་མངོན་པར་དགའ་བའི་ཞིང་གི་རྒྱན་ཞེས་བྱ་བ་བཞུགས་སོ། །ན་མོ་྅ཀྵོ་བྷྱཱ་ཡ་ནཱ་ཐཱ་ཡ། མཐོན་ཀ་ཆེན་པོའི་འོད་ཀྱི་དཀྱིལ་འཁོར་ནི། །དང་བའི་ཡིད་མཚོ་དྲན་པའི་སྐད་ཅིག་ལ། །སྒྲིབ་གཉིས་རྙོག་པ་མཐར་བྱེད་ཆུ་དྭངས་སྐུ། །མི་འཁྲུགས་རྒྱལ་བའི་ཞབས་ལ་ཕྱག་འཚལ་ལོ། །དེ་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་མཐར་ཕྱིན་པར་འདོད་པའི་གང་ཟག་གིས་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྒོམ་ཞིང་བཟླས་པ་ལ་བརྟེན་ནས་རང་རྒྱུད་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང་། དཀྱིལ་འཁོར་དང་གཟུངས་སྒྲུབ་ལ་བརྟེན་ནས་རང་གཞན་ཐུན་མོང་དུ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང་། མིང་བྱང་སོགས་ལ་བརྟེན་ནས་གཞན་རྒྱུད་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའོ། །དང་པོ་ནི་འདི་ཉིད་ཀྱི་སྒྲུབ་ཐབས་ཀྱི་གཞུང་ཇོ་བོས་མཛད་པ་ལས། སྒྲུབ་པོ་དམ་ཚིག་ལྡན་པ་ཡིས། །དགོན་པའམ་གྲོང་མཐའ་ལ་སོགས་པར། །ཁྲུས་བྱས་གཙང་མར་བྱས་པ་ཡིས། །ལས་བྱས་བདེ་བའི་སྟན་ལ་འདུག །ༀ་བཛྲ་ཨ་མྲྀ་ཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པ་ལྟར་བྱས་ནས། སྒྲུབ་པའི་ཐབས་དངོས་ཉམས་སུ་བླང་བའི་རིམ་པ་ལ་དང་པོ་སྦྱོར་བ་ཚོགས་གཉིས་བསག་པ་ནི། བདག་གིས་སེམས་ཅན་ཀུན་དོན་དུ། །བཅོམ་ལྡན་མི་འཁྲུགས་པ་བསྒྲུབས་ཏེ། །འགྲོ་བ་ཀུན་ཀྱང་བཅོམ་ལྡན་འདས། །མི་འཁྲུགས་གོ་འཕང་ལ་འགོད་བྱ། །ཞེས་བྱང་ཆུབ་ཀྱི་སེམས་སྔོན་དུ་གཏང་ནས། རང་ཉིད་བཅོམ་ལྡན་མི་འཁྲུགས་པར། །གསལ་བའི་ཐུགས་ཀར་པདྨ་དང་། །ཟླ་བའི་སྟེང་དུ་ཡི་གེ་ཧཱུྃ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །བླ་མ་དང་ནི་མི་འཁྲུགས་པ། །སངས་རྒྱས་བྱང་སེམས་ཚོགས་དང་བཅས། །སྤྱན་དྲངས་མདུན་དུ་བཞུགས་པ་ལ། སྒོ་གསུམ་གུས་པས་ཕྱག་འཚལ་མཆོད། །པར་བསམས་ལ། ༀ་སརྦ་ཏ་ཐཱ་ཱག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་པྲ་ཎ་མེ་ན་བཛྲ་བྷནྡྷ་ནཾ་ཀ་རོ་མི། ཞེས་བརྗོད་ཅིང་ཕྱག་འཚལ་བར་མོས་ལ། སྙིང་གའི་ས་བོན་ལས་འཕྲོས་པའི། །མེ་ཏོག་མ་སོགས་རང་མིང་གི །མཆོད་རྫས་འཛིན་པའི་ལྷ་མོ་དང་། །རིན་ཆེན་བདུན་ལ་སོགས་པས་མཆོད། །པར་བསམས་ལ། ཉེར་སྤྱོད་ལྔ་སོ་སོའི་ཕྱག་རྒྱ་དང་བཅས་པས། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ། དཱི་པེ། གནྡྷེ། ནཻཝིདྱེ། ཞེས་དང་། ༀ་སརྦ་བི་ཤིཥྛ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཨཱཿཧཱུྃ། ཞེས་པ་རྣམས་ཀྱིས་མཆོད་ལ། དེ་དག་གི་སྤྱན་སྔར་བསམ་པ་ཐག་པས། བདག་དང་མཁའ་མཉམ་སེམས་ཅན་གྱི། །མི་དགེའི་ལས་ཀུན་མཐོལ་ཞིང་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །རྒྱལ་ཀུན་ཆོས་འཁོར་བསྐོར་བ་དང་། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །དགེ་ཀུན་རྫོགས་པའི་བྱང་ཆུབ་བསྔོ། །ཞེས་བརྗོད་པའི་རྗེས་སུ། ༀ་ཨཱཿཧཱུྃ་མུཿ ཚོགས་རྟེན་རང་བཞིན་གནས་སུ་གཤེགས། །ཞེས་ཚོགས་རྟེན་གཤེགས་ནས། སེམས་ཅན་བདེ་ལྡན་སྡུག་བསྔལ་དང་། །བྲལ་ཞིང་བདེ་ལས་ཉམས་མེད་པ། །ཀུན་ལ་སྙོམས་པའི་བཏང་སྙོམས་གྱུར། །ཞེས་ཚད་མེད་བཞི་སྒོམ་པ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་དང་། ༀ་ཤཱུནྱཏཱ་ཛྙཱན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཆོས་རྣམས་ཐམས་ཅད་དངོས་མེད་པ། །རང་བཞིན་དག་པའི་སྟོང་པ་ཉིད། །དུ་བསམས་ནས་ཡེ་ཤེས་ཀྱི་ཚོགས་བསགས་ནས། ༈ གཉིས་པ་དངོས་གཞི་ལྷ་སྔགས་ཀྱི་རྣལ་འབྱོར་ནི། དེ་ཡི་ངང་ལས་མ་གཡོས་བཞིན། །སྙིང་རྗེས་བྱང་ཆུབ་སེམས་བསྐུལ་བས། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །རང་ལྷའི་ས་བོན་ཡི་གེ་ཧཱུྃ། །སྔོན་པོ་འོད་ཟེར་འབར་བ་གསལ། །བར་བསམས་ནས་ལག་པ་གཉིས་ཐལ་མོ་སྦྱར་བའི་མཛུབ་མོ་གཉིས་བསྐྱེད་པ་དམ་ཚིག་གི་ཕྱག་རྒྱ་བཅས་ལ། དེ་ལས་འོད་འཕྲོས་སེམས་ཅན་ཁམས། །སྦྱངས་ཏེ་མི་འཁྲུགས་པར་བྱས་དང་། །འཕགས་པ་རྣམས་ཀྱང་བཅོམ་ལྡན་འདས། །མི་འཁྲུགས་རྣམ་པར་སྤྱན་དྲངས་པ། །ཀུན་ཀྱང་འོད་ཟེར་གྱིས་བསྡུས་ཏེ། །ས་བོན་དང་ནི་ཕྱག་རྒྱར་ཐིམ། །པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏོཏྦྷ་ཝ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབས་ལ། དེ་དག་ཡོངས་སུ་གྱུར་པ་ལས། །རང་ཉིད་བཅོམ་ལྡན་མི་འཁྲུགས་པ། སྐུ་མདོག་སྔོན་པོ་མཚན་དཔེ་ལྡན། ཕྱག་གཉིས་གཡས་པ་ས་གནོན་དང་། གཡོན་པས་མཉམ་བཞག་རྡོ་རྗེ་འཛིན། །ན་བཟའ་ཆོས་གོས་གསུམ་མནབས་ཤིང་། །འོད་དང་འོད་ཟེར་འཕྲོ་བ་ཅན། གླང་ཆེན་གྱིས་བཏེག་རིན་ཆེན་ཁྲིར། །པདྨ་ཟླ་བའི་གདན་སྟེང་དུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དེ་ཡི་ཐུགས་ཀར་པད་ཟླའི་སྟེང་། །ཧཱུྃ་གི་འོད་ཟེར་གྱིས་བསྐུལ་བའི། །སངས་རྒྱས་ནམ་མཁའི་ཁམས་གང་བས། །མངོན་པར་དབང་བསྐུར་གནས་གསུམ་དུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །ༀ་ཨཱཿཧཱུྃ་གི་ཡི་གེ་ཡིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས། །མངོན་དགའི་ཞིང་ནས་མི་འཁྲུགས་པ། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །པར་བསམས་ལ། ༀ་བཛྲ་པུཥྤེ་སོགས་གོང་ལྟར་མཆོད། ཛཿཧཱུྃ་བྃ་ཧོཿརང་ཉིད་ལ། །དགུག་གཞུག་བཅིངས་དང་མཉེས་གྱུར་པའི། །ཐུགས་ཀའི་པད་ཟླའི་ཧཱུྃ་ལས་ནི། །དབུས་སུ་ཡེ་ཤེས་མི་འཁྲུགས་པ། །རང་འདྲའི་ཕྱོགས་བཞིར་སངས་རྒྱས་བཞི། །རྣམ་སྣང་རིན་འབྱུང་འོད་དཔག་མེད། །དོན་གྲུབ་དཀར་སེར་དམར་དང་ལྗང་། །མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན། །ཕྱག་གཉིས་རིམ་པ་ཇི་བཞིན་དུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་། །མཆོག་སྦྱིན་མཉམ་གཞག་ཏིང་འཛིན་ཚུལ། །སྐྱབས་སྦྱིན་མཉམ་བཞག་ཞབས་ཟུང་ནི། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །གཙོ་བོའི་ཐུགས་ཀར་པད་ཟླ་ལ། །ཏིང་འཛིན་སེམས་དཔའ་ཧཱུྃ་གི་མཐར། །བཟླ་བྱའི་སྔགས་ཀྱི་བསྐོར་བར་གྱུར། །དེ་ལྟར་རང་ཉིད་ལྷར་གསལ་བའི། །ཐུགས་ཀའི་ཧཱུྃ་འོད་ལས་སྤྲུལ་པའི། །མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། །པར་བསམས་ལ་གོང་གི་ཚོགས་ཞིང་གི་སྐབས་ལྟར། ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོ་བྲིས་པ་སྟེ། །ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང་། །ཕྱག་དང་ཞབས་ནི་དྲྭ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་བཟླས་བརྗོད་སྔགས་ཀྱི་རྣལ་འབྱོར་བྱ་བ་ནི། ཇོ་བོའི་གཞུང་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པ་ལྟར། གཞི་ནི་སངས་རྒྱས་ཐུགས་ཀ་རུ། །སེམས་ནི་ཟླ་བའི་དཀྱིལ་འཁོར་ལ། །སྒྲ་ནི་སྔགས་ཀྱི་ཕྲེང་བ་རྣམས། །མེ་ལོང་ནང་གི་གཟུགས་བཞིན་གསལ། །ཞེས་རང་གི་སྙིང་གར་ཟླ་བའི་དབུས་སུ་ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས་བཟླས་པས་སྔགས་མགལ་མེའི་འཁོར་ལོ་ལྟ་བུར་འཁོར་བས་ལས་སྒྲིབ་དག་པར་བསྒོམ། བཟླས་བྱའི་སྔགས་ནི། ན་མོ་བྷ་ག་ཝ་ཏེ་ཨཀྵོ་བྷྱ་ཡ་ཏ་ཐཱ་ག་ཏཱ་ཡཱརྷ་ཏེ་ས་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི། རོ་ཙ་ནི། ཏྲོ་ཊ་ནི། ཏྲོ་ཊ་ནི། ཏྲཱ་ས་ནི། ཏྲཱ་ས་ནི། པྲ་ཏི་ཧ་ན། པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩཱ་སྭཱ་ཧཱ། ཞེས་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་འདི་ཡིད་ཀྱིས་སམ་སྔགས་ཀྱི་སྒྲ་གོང་རྩེས་ཐོས་ཙམ་གྱི་ཤུབ་བུའི་བཟླས་པ་གང་རུང་གིས་ཅི་ནུས་སུ་བཟླས་ཏེ། དེའི་ཕན་ཡོན་ཀྱང་འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་འདི་ཉིད་ལས། རྟག་ཏུ་བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །ལན་གཅིག་བཟླས་ན་ལྟས་ངན་པ་དང་རྨི་ལམ་ངན་པ་དང་བཀྲ་མི་ཤིས་པ་ཐམས་ཅད་མེད་པར་འགྱུར་རོ། །ཞེས་དང་། གང་ཞིག་སྙིང་རྗེས་ནོན་ཏེ་རི་དྭགས་དང་བྱ་དང་མི་དང་མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། །འཆི་ཁའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་གསུམ་དུ་འགྲོ་བར་མི་འགྱུར་རོ། །ཞེས་དང་། མཚམས་མེད་པ་ལྔ་བྱས་པའམ། དམ་པའི་ཆོས་སྤངས་པའམ། འཕགས་པ་ལ་སྐུར་པ་བཏབ་ཀྱང་རུང་སྟེ། འཆི་ཁར་རྩིགས་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་ཡང་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན་འདོགས་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ། རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུང་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་རྗེས་ཐུན་ལས་ལྡང་བའི་རིམ་པ་ནི། ཐལ་མོ་སྦྱར་ལ། བཟླས་བརྗོད་ཀྱི་ནི་དགེ་བ་གང་། །འགྲོ་ཀུན་བྱང་ཆུབ་ཆེ་ཐོབ་པའི། །མཆོག་གི་དངོས་གྲུབ་རྒྱུ་རུ་ནི། །བཅོམ་ལྡན་འདས་ལ་དབུལ་བར་བགྱི། །ཞེས་བཟླས་བརྗོད་ཀྱི་དགེ་བ་བཅོམ་ལྡན་འདས་ལ་ཕུལ་ནས། ༈ །ཡང་བུམ་སྒྲུབ་ཁོ་ན་བྱེད་ཅིང་དཀྱིལ་འཁོར་མི་བྱེད་པའམ་བྱེད་ཀྱང་བུམ་སྟེགས་ཟུར་དུ་བྱེད་ན། མཎྜལ་པདྨ་འདབ་བརྒྱད་ལྟེ་བ་མཐིང་གར་བྱས་པའི་སྟེང་དུ་མེ་ཏོག་སྔོན་པོའི་ཚོམ་བུ་བཀོད། དེའི་ཁར་བུམ་པ་ཁ་རྒྱན་སྣོད་བཅུད་གཟུངས་ཐག་དང་བཅས་པ་བཤམས་ཀྱང་རུང་ལ། རང་ཉིད་དཀྱིལ་འཁོར་དང་བུམ་པ་ལ་མངོན་དུ་ཕྱོགས་ནས་སྟན་བདེ་བ་ལ་འདུག་སྟེ། ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་སྔགས་ལན་གསུམ་བརྗོད་པས་བདག་དང་གནས་དང་རྣལ་འབྱོར་བསྲུངས་ལ། གོང་དུ་ཇི་སྐད་བཤད་པ་ལྟར་གྱི་བདག་བསྐྱེད་བཟླས་པ་ཡན་ཆད་བྱས་ལ། དཀྱིལ་འཁོར་སོགས་ལ་དམིགས་ཏེ། རིམ་གྱིས་ཐམས་ཅ ད་སྟོང་པ་ལས། །བྷྲཱུྃ་ལས་གཞལ་ཡས་ཁང་པ་ནི། །གྲུ་བཞི་སྒོ་བཞི་རྟ་བབས་སོགས། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །སྒོ་བཞིར་ཐེམ་སྐས་ལྡན་པ་ཡི། །ཕྱི་ཁྱམས་མཚོ་དང་རྫིང་བུ་ནི། །ཆུ་བྱ་སྣ་ཚོགས་བཅས་པ་དང་། །དཔག་བསམ་ཤིང་དང་བུམ་པ་བཟང་། །མེ་ཏོག་སྣ་ཚོགས་ཀྱིས་ཁྱབ་པ། །རྡོ་རྗེའི་རྭ་བ་འོད་ཟེར་གྱི། །ཕྲེང་བས་ཀུན་ནས་བསྐོར་བ་ཡི། །དབུས་སུ་པདྨ་ཟླ་སྟེང་དང་། །བུམ་པ་བྷཱུྃ་ལས་གཞལ་ཡས་ཁང་། །བཅུད་ནི་བྃ་ལས་བདུད་རྩིའི་མཚོ། །དེ་ནང་པཾ་ལས་པད་སྡོང་དང་། །ཟླ་བའི་དཀྱིལ་འཁོར་གདན་གྱི་སྟེང་། །བུམ་ལྷའི་ས་བོན་ཡི་གེ་ཧཱུྃ། །སྔོན་པོ་འོད་ཟེར་འབར་བ་གསལ། །དེ་ལས་འོད་འཕྲོས་སེམས་ཅན་ཁམས། །སྦྱངས་ཏེ་མི་འཁྲུགས་པར་བྱས་དང་། །འཕགས་པ་རྣམས་ཀྱང་བཅོམ་ལྡན་འདས། །མི་འཁྲུགས་རྣམ་པར་སྤྱན་དྲངས་པ། །ཀུན་ཀྱང་འོད་ཟེར་གྱིས་བསྡུས་ཏེ། །ས་བོན་དང་ནི་ཕྱག་རྒྱར་ཐིམ། །ༀ་སརྦ་ཏ་ཐཱ་ག་ཏོཏྦྷ་ཝ་སྭཱ་ཧཱ། །དེ་དག་ཡོངས་སུ་གྱུར་པ་ལས། །བཅོམ་ལྡན་རྒྱལ་བ་མི་འཁྲུགས་པ། །སྐུ་མདོག་སྔོན་པོ་མཚན་དཔེ་ལྡན། །ཕྱག་གཉིས་གཡས་པ་ས་གནོན་དང་། །གཡོན་པས་མཉམ་གཞག་རྡོ་རྗེ་འཛིན། །ན་བཟའ་ཆོས་གོས་གསུམ་མནབས་ཤིང་། །འོད་དང་འོད་ཟེར་འཕྲོ་བ་ཅན། །གླང་ཆེན་གྱིས་བཏེག་རིན་ཆེན་ཁྲིར། །པདྨ་ཟླ་བའི་གདན་སྟེང་དུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །བཀྲ་ཤིས་མཆོད་པའི་ལྷ་མོ་བརྒྱད། །ཤར་ནས་རིམ་བཞིན་དཔལ་བེའུ་སོགས། །འཛིན་པ་ཁ་དོག་སྣ་ཚོགས་པ། །དར་དང་རིན་ཆེན་རྒྱན་ལྡན་གསལ། །གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་། །ཧཱུྃ་གི་འོད་ཟེར་གྱིས་བསྐུལ་བའི། །སངས་རྒྱས་ནམ་མཁའི་ཁམས་གང་བས། །མངོན་པར་དབང་བསྐུར་གནས་གསུམ་དུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །ༀ་ཨཱཿ ཧཱུྃ་གི་ཡི་གེ་ཡིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས། །མངོན་དགའི་ཞིང་ནས་མི་འཁྲུགས་པ། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །པར་བསམས་ལ། ༀ་བཛྲ་པུཥྤེ་སོགས་ཀྱིས་གོང་བཞིན་མཆོད། ཛཿཧཱུྃ་བྃ་ཧོཿདམ་ཚིག་པར། །དགུག་གཞུག་བཅིངས་དང་མཉེས་གྱུར་པའི། །ཐུགས་ཀའི་པད་ཟླའི་ཧཱུྃ་ལས་ནི། །དབུས་སུ་ཡེ་ཤེས་མི་འཁྲུགས་པ། །རང་འདྲའི་ཕྱོགས་བཞིར་སངས་རྒྱས་བཞི། །རྣམ་སྣང་རིན་འབྱུང་འོད་དཔག་མེད། །དོན་གྲུབ་དཀར་སེར་དམར་དང་ལྗང་། །མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན། །ཕྱག་གཉིས་རིམ་པ་ཇི་བཞིན་དུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་། །མཆོག་སྦྱིན་མཉམ་གཞག་ཏིང་འཛིན་ཚུལ། །སྐྱབས་སྦྱིན་མཉམ་གཞག་ཞབས་ཟུང་ནི། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །གཙོ་བོའི་ཐུགས་ཀར་པད་ཟླ་ལ། །ཏིང་འཛིན་སེམས་དཔའི་ཧཱུྃ་གི་མཐར། །བཟླ་བྱའི་སྔགས་ཀྱིས་བསྐོར་བར་གྱུར། །ཞེས་དཀྱིལ་འཁོར་པ་སོགས་བསྐྱེད་ལ། གཞི་ནི་སངས་རྒྱས་ཐུགས་ཀ་རུ། །སེམས་ནི་ཟླ་བའི་དཀྱིལ་འཁོར་ལ། །སྒྲ་ནི་སྔགས་ཀྱི་ཕྲེང་བ་རྣམས། །མེ་ལོང་ནང་གི་གཟུགས་བཞིན་གསལ། །བདག་བསྐྱེད་ཀྱི་སྐབས་ལྟར་མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ནི། ན་མོ་བྷ་ག་ཝ་ཏེ། ཨཀྵོ་བྷྱ་ཡ་སོགས་ཅི་འགྲུབ་བཟླས་པའི་མཐར། བཟླས་བརྗོད་ཀྱི་ནི་དགེ་བ་གང་། །འགྲོ་ཀུན་བྱང་ཆུབ་ཆེ་ཐོབ་པའི། །མཆོག་གི་དངོས་གྲུབ་རྒྱུ་རུ་ནི། །བཅོམ་ལྡན་འདས་ལ་དབུལ་བར་བགྱི། །ཞེས་བཟླས་བརྗོད་ཀྱི་དགེ་བ་བཅོམ་ལྡན་འདས་ལ་ཕུལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་པའི་སྟོབས་དང་བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་རིག་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག །ཅེས་དང་། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཾ། སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཞེས་པའི་སྔགས་ལན་བརྒྱད་བཟླས་པས་མཆོད་རྫས་རྣམས་བྱིན་གྱིས་བརླབས་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས།སྣང་གསལ། དྲི་མཆོག །ཞལ་ཟས། སྒྲ་སྙན། ཞེས་དང་། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནི་ཝི་དྱེ། ཤབྡ། ཞེས་བཅུག་ལ་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོ་བྲིས་པ་སྟེ། །ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང་། །ཕྱག་དང་ཞབས་ནི་དྲྭ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། གཏོར་མའི་སྟེང་དུ་ཨ་ལས་ཟླ་དཀྱིལ་དབུས། །ཧཱུྃ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པ། །གཏོར་མར་ཐིམ་པས་གཏོར་མ་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། །བར་བསམས་ལ། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ནས། དེ་ཉིད་བཅོམ་ལྡན་ལྗགས་རྩེའི་འོད་ཟེར་གྱི། །སྦུ་གུས་དྲངས་ཏེ་གསོལ་བས་མཉེས་པར་གྱུར། །བར་བསམས་ཏེ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤ ནྣ་ཏྭཱ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་ཕུལ་ཏེ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལས་སྒྲིབ་མ་ལུས་བྱང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་གཟུངས་ཐག་བཟུང་སྟེ་བུམ་པ་ལ་དམིགས་ནས། རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །བདུད་རྩི་འོད་ཀྱི་རྣམ་པ་ཅན། །གཟུངས་ཐག་བརྒྱུད་སོང་མི་བསྐྱོད་པར། །ཕོག་པས་སྐུ་ཡི་གནས་རྣམས་ནས། །ལས་སྒྲིབ་སྦྱོང་བྱེད་བདུད་རྩིའི་རྒྱུན། །ཤིང་རྟའི་འཕང་ལོ་ཙམ་བབས་པས། །བུམ་པ་བདུད་རྩིས་གང་བར་གྱུར། །ན་མོ་བྷ་ག་ཝ་ཏེ། །ཨཀྵོ་བྷྱཱ་ཡ་སོགས་བཟླས་བརྗོད་བརྒྱ་རྩ་བརྒྱད་ལ་སོགས་པ་བྱས་པའི་མཐར། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ནས། ནཻ་ཝི་དྱེ། བར་ཉེར་སྤྱོད་ལྔས་མཆོད་ནས། ༀ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་དུང་ཆོས་ཀྱི་ཆུ་བུམ་པར་དབུལ་ལོ། །དེ་ནས་བུམ་པའི་དབང་བསྐུར་བ་ལ་སོགས་པའི་དོན་དུ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་པའི་དུང་ཆོས་ཀྱི་ཆུས་ཁྲུས་བྱས་པའི་སློབ་མ་དཀྱིལ་འཁོར་གྱི་མདུན་དུ་འདུག་པས་ཡོན་དང་མཎྜལ་ཕུལ་ལ། ཇི་ལྟར་བལྟམས་པ་སོགས། ས་གཞི་སྤོས་ཆུས་སོགས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ་སློབ་དཔོན་གྱིས་ཀྱང་། བུ་ཚུར་ཐེག་པ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །སྐྱོབ་པ་སངས་རྒྱས་དཔའ་ཆེན་པོས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་གནང་བ་བྱིན་ནས། དཀྱིལ་འཁོར་གྱི་དབུས་འདི་ན་བཅོམ་ལྡན་འདས་མི་འཁྲུགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་ཏེ་བཞུགས་པའི་དྲུང་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་ཤིང་ཕྱིར་སྡོམ་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་བསྔོ་བ་རྣམས་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། བྱས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད། དེ་ལྟར་ཐེག་པ་ཆེན་པོའི་སྣོད་དུ་གྱུར་པ་ལ་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མི་འཁྲུགས་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས་རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་མོས་ཤིག །བྱས་ལ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །སྦྱིན་པའི་ཆུ་ཡིས་རྗེས་དགོངས་ལ། །ཁྲུས་ལེགས་མཛད་ཅིང་དབང་བསྐུར་རོ། །འདི་ནི་ཚུལ་ཁྲིམས༴ ཚུལ་འཆལ༴ འདི་ནི་བཟོད་པའི༴ ཁོང་ཁྲོའི༴ འདི་ནི་བརྩོན་འགྲུས༴ ལེ་ལོའི༴ འདི་ནི་བསམ་གཏན༴ །རྣམ་གཡེང་༴ འདི་ནི་ཤེས་རབ༴ ཤེས་འཆལ༴ ཅེས་ཚིགས་བཅད་བརྗོད་ཅིང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པས་བུམ་ཆུ་སྦྱིན་ནོ། །ༀ་སརྦ་ཏ་ཐཱ་ག་ཏོཏྦྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྔར་བཤད་པའི་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་པས་ཅོད་པན་གྱི་དབང་བསྐུར་རོ། །དེ་ནས་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་འབུར་དུ་བཏོད་པའམ་རི་མོར་བྲིས་པ་ལག་ཏུ་རིམ་པར་གཏད་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་དཔལ་གྱི་བེའུ་རབ་འབར་བ། །བསྣམས་ནས་རྒྱལ་བའི་ཐུགས་ལ་མཆོད་པ་ལྟར། ཐུགས་ལ་དཔལ་བེའུའི་བཀྲ་ཤིས་ཐོབ་པར་ཤོག །ༀ་མངྒ་ལ་ཤྲཱི་ཝཏྶ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག༴ ཕྱག་ན་གསེར་གྱི་འཁོར་ལོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་ཞབས་ལ་མཆོད་པར་ལྟར། །ཞབས་ལ་འཁོར་ལོའི་བཀྲ་ཤིས་ཐོབ་པར་ཤོག །ༀ་མངྒ་ལ་ཙ ཀྲ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །བསྣམས་ནས་རྒྱལ་བའི་ལྗགས་ལ༴ ལྗགས་ལ་པདྨའི༴ ༀ་མངྒ་ལ་པདྨ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་རྒྱལ་མཚན་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་སྐུ་ལ༴ སྐུ་ལ་རྒྱལ་མཚན་བཀྲ་ཤིས༴ ༀ་མངྒ་ལ་དྷྭ་ཛ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །བསྣམས་ནས་རྒྱལ་བའི་དབུ་ལ༴ དབུ་ལ་གདུགས་ཀྱི༴ ༀ་མངྒ་ལ་ཚཱ་ཏྲཾ༴ །བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་མགུལ་ལ༴ མགུལ་ལ་བུམ་པའི༴ ༀ་མངྒ་ལ་ཀུམྦྷ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོགས་མཛད་པ། །བསྣམས་ནས་རྒྱལ་བའི་གསུང་ལ༴ གསུང་ལ་དུང་གི༴ ༀ་མངྒ་ལ་ཤངྑ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་སྤྱན་ལ་མཆོད་པ་ལྟར། །སྤྱན་ལ་ཉ་ཡི་བཀྲ་ཤིས་ཐོབ་པར་ཤོག །ༀ་མངྒ་ལ་མཙྪ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཀྲ་ཤིས་རྟགས་བརྒྱད་བྱིན་ནས་གཟུངས་བརྗོད། ན་མོ་བྷ་ག་ཝ་ཏེ། །ཨ ཀྵོ་བྷྱ་ཡ་སོགས་ཀྱིི་མཐར། རཀྵ་རཀྵ། ཞེས་པས་སྲུང་བ་བྱ་ཞིང་གྲུབ་ན་ཤོག་བུའམ་གྲོ་ག་ལ་གཟུངས་སྔགས་བྲིས་པ་ཆུད་མི་ཟ་བར་བྱས་ཏེ་དབུ་ཞབས་མ་ལོག་པར་མགུལ་དུ་བཏགས་ཏེ། དེའི་ཕན་ཡོན་ཀྱང་གཟུངས་ལས། ལུས་ལ་འཆང་བའམ་གླེགས་བམ་ལ་བྲིས་ནས་མགུལ་དུ་ཐོགས་ཏེ་འཆང་ན་དེ་ལ་དུས་མ་ཡིན་པར་འཆི་བ་རྣམས་འབྱུང་བར་མི་འགྱུར་རོ། །ཞེས་གསུངས། དེ་ནས་སློབ་དཔོན་གྱིས་འདི་སྐད་དུ། དེ་ལྟར་དབང་བསྐུར་བ་ཐོབ་ནས་དམ་ཚིག་བསྲུང་དགོས་པས་དེ་ཡང་ཉན་ཐོས་དང་ཐུན་མོང་བ་བསླབ་པའི་གཞི་ལྔ་ལ་སོགས་པ་སོ་སོ་ཐར་པས་བསྡུས་པ་དང་། བྱང་སེམས་དང་ཐུན་མོང་བ་དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་སྤོང་བ་སོགས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་དང་། སྔགས་ཀྱི་ཐུན་མོང་མ་ཡིན་པ་སྙིང་པོ་སྔགས་དང་ཕྱག་རྒྱ་ལྷ་དང་བླ་མ་སྤོང་བ་སོགས་རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་རྩ་ལྟུང་ཡན་ལག་དང་བཅས་པ་རྣམས་ཅི་ལྟ་བར་ཁས་བླངས་པ་བཞིན་ལེགས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། བྱས་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་དང་། མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད། གཉིས་པ་ཞར་ལ་མདོ་སྒྲོགས་བྱ་བ་ནི། རང་ཉིད་མི་བསྐྱོད་པའི་ང་རྒྱལ་གྱིས་ཚོང་འདུས་ལ་སོགས་པར་ཚོགས་པ་ཆེན་པོའི་རྣ་བར་འདི་ཉིད་ཀྱི་གཟུངས་དང་མདོ་ལ་སོགས་པ་སྒྲོགས་པ་དང་། བྱ་གཅན་རི་དྭགས་ཉ་སྦལ་གྲོག་སྤུར་ལ་སོགས་སེམས་ཅན་ཆེ་ཕྲ་ཐམས་ཅད་དང་ཁྱད་པར་འཆི་ཁ་མའི་རྣ་ལམ་དུ་བསྒྲག་པར་བྱ་སྟེ། དེ་ལྟར་བྱས་ན་ལས་ཀྱི་སྒྲིབ་པ་བྱང་ཞིང་ངན་སོང་ལས་ཐར་བར་འགྱུར་རོ། །གཞན་ཡང་གོང་དུ་སྨོས་པ་ལྟ་བུའི་ཆོ་ག་མ་གྲུབ་ཀྱང་གཟུངས་ཀྱི་བུམ་པའི་ཆུས་རང་གཞན་ཁྲུས་བྱ་བ་དང་། ཁར་བཏུང་བ་དང་ཆུ་བོར་ལྡུག་པ་སོགས་བྱས་ན་དོན་ཆེན་པོར་འགྱུར་རོ། ༈ །གསུམ་པ་མིང་བྱང་སོགས་ལ་བརྟེན་ནས་གཞན་རྒྱུད་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་ཚུལ་ལ་གཉིས། ཚེ་འདས་ཀྱི་ཕུང་པོ་དངོས་བསྲེག་སྦྱོང་བྱ་བའི་ཚུལ་དང་། མིང་བྱང་དངོས་སོ། །དང་པོ་ནི། ཇོ་བོའི་གཞུང་ལས། གཤིན་པོ་ཡིན་ན་བྲབ་པར་བྱ། །ཞེས་དང་། མཆོད་རྟེན་རབ་གནས་སཱཙྪ་གདབ། །ཅེས་འབྱུང་བའི་དོན། གཟུངས་ཉིད་ལས་སའམ་ཡུངས་ཀར་རམ་ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ་ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ནས་དེའི་འོག་ཏུ་བསྲེག་པའམ་ཡང་ན་མཆད་པའི་ནང་དུ་བཅུག་སྟེ་བཞག་ལ་རིག་སྔགས་བྲིས་ཏེ་མགོ་ལ་བཏགས་ན་དེ་ངན་སོང་དུ་སྐྱེས་ནའང་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བའམ། ཡང་ན་རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ། །ཞེས་པ་ལྟར་ཚེ་འདས་ཀྱི་ཕུང་པོ་ལ་བུམ་པའི་ཆུས་གཏོར་ཞིང་ཁྲུས་བྱས། དེའི་འོག་ཏུ་སྔགས་བཟླས་པས་ཀྱང་བྲབ་སྟེ་བསྲེག་པའམ་གཟུངས་སྔགས་མགོ་ལ་བཏགས་ཏེ་མཆད་པར་བཅུག་སྟེ་བཞག་ན་སྨོས་མ་ཐག་པའི་ཕན་ཡོན་འབྱུང་བ་དང་། གཟུངས་སྔགས་བཟླས་བརྗོད་བྱེད་བཞིན་ཚེ་འདས་ཀྱི་མིང་ཡིག་བཅུག་པའི་མཆོད་རྟེན་འབུམ་བཏབ་ལ། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ། འདི་ཆོ་ག་འདིའི་དམིགས་བསལ་གྱི་སྐབས་དོན་ཡིན་པས་འདིའི་རིགས་ཀྱི་སཱཙྪ་བཏབ་ཚད་ཐམས་ཅད་ཆུར་གཤེགས་མི་རུང་ངོ་། །མཆན། ཆུ་ཀླུང་དུ་བཏང་ན་དམྱལ་བ་ལ་སོགས་པའི་གནས་ལས་ཐར་བར་འགྱུར་རོ། །ཡང་ན་དེ་ལྟར་མཆོད་རྟེན་བྱས་ནས་མཇུག་ཏུ་ལམ་གྱི་གཞིར་མཆོད་རྟེན་ཆེན་པོར་བྱས་ཏེ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་ལེགས་པར་མཆོད་ལ་འཕགས་པའི་དགེ་འདུན་ལ་ཡང་མཆོད་སྟོན་གསོལ་ནས་ཡོན་ཡང་ཕུལ་ཏེ་ལེགས་པར་མཆོད་ནས་ཚེ་འདས་ཀྱི་མིང་ནས་སྨོས་ཏེ་འདི་ཆེ་གེ་མོའི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །ཅེས་དགེ་བའི་རྩ་བ་བ སྔོ་ཞིང་སྨོན་ལམ་བཏབ་སྟེ། དེའི་ཕན་ཡོན་ཀྱང་དེ་ཁོ་ན་བཞིན་སྐྱེས་ནས་ལུས་ཀྱང་སྟོན་ཅིང་ལེགས་སོ་ཞེས་བྱ་བའང་བྱིན་ནས་མི་སྣང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། ༈ །རྗེས་ཆོག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་པའི་སོགས་ནས། རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་དུ་མདུན་བསྐྱེད་ལྟར་ཕུལ། བཅོམ་ལྡན་ཆོ་གའི་བྱ་བ་ལ། །མ་ཚང་བ་དང་ལྷག་པ་དང་། །འགལ་ཞིང་འཁྲུལ་པ་ཅི་མཆིས་པ། །ཀུན་ནས་བཟོད་པར་མཛད་དུ་གསོལ། །ཞེས་ནོངས་པ་བཤགས་ཤིང་། བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལས་སྒྲིབ་མ་ལུས་བྱང་བ་དང་། མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ། དཀྱིལ་འཁོར་གྱི་ནི་ཡེ་ཤེས་པ། །རང་བཞིན་གནས་གཤེགས་དམ་ཚིག་པ། །རང་གི་སྙིང་གར་ཐིམ་པར་གྱུར། །བར་བསམས་ལ་བདག་བསྐྱེད་ཀྱི་ཐུན་བསྡུའོ། །སྔགས་དང་ཟླ་བ་སངས་རྒྱས་སྐུར། །རིམ་བཞིན་བསྡུས་ཏེ་ཡེ་ཤེས་པ། །རང་གི་ལུས་ལས་ཕྱུངས་ནས་ནི། །མདུན་གྱི་ནམ་མཁར་བཞུགས་པ་ལ། །ༀ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ཀྱིས་མཆོད། སྟོབས་ལྡན་རྡོ་རྗེ་གླང་པོའི་ཁྲིར། །མེ་ལོང་ཡེ་ཤེས་ཐུགས་རྡོ་རྗེ། །སྔོན་པོ་རྡོ་རྗེ་བདུད་འདུལ་རྒྱ། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །ཞེས་བསྟོད། བཅོམ་ལྡན་ཆོ་གའི་བྱ་བ་ལ། །མ་ཚང་བ་དང་ལྷག་པ་དང་། །འགལ་ཞིང་འཁྲུལ་པ་ཅི་མཆིས་པ། །ཀུན་ནས་བཟོད་པར་མཛད་དུ་གསོལ། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་སླར་འབྱོན་པར་གསོལ་བ་བཏབ་ནས། ༀ་ཨཱཿཧཱུྃ་མུཿ ཞེས་བརྗོད་པས་ཡེ་ཤེས་པ་རང་ནས་སུ་གཤེགས། རང་ཉིད་དམ་ཚིག་པར་གསལ་གནས་གསུམ་དུ། །ༀ་ཨཱཿཧཱུྃ་གི་ཡི་གེས་མཚན་པ་ཡིས། །བགེགས་དང་བར་ཆད་ཀུན་ལས་བསྲུང་བར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །མི་འཁྲུགས་རྒྱལ་པོ་འགྲུབ་གྱུར་སོགས་ཀྱིས་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ལ། མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་གང་། །དགེ་བ་མཉམ་མེད་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས༴ ཆོས་ལ་ཕྱག་འཚལ༴ ཚོགས་ཀྱི་དམ་པ༴ དགེ་འདུན་ཕྱག་འཚལ༴ ཞེས་སོགས་ཀྱི་བཀྲ་ཤིས་བརྗོད་པར་བྱའོ། ༈ །ཡང་ཆོ་གའི་སྐབས་ཀྱི་ཐུན་མཚམས་སམ་གཞན་དུའང་རུང་སྟེ། བཅོམ་ལྡན་འདས་མི་འཁྲུགས་པ་དེའི་སྔོན་གྱི་སྨོན་ལམ་དང་མཐུན་པར་སྨོན་ལམ་བཏབ་པར་འདོད་ན། རྒྱལ་བ་དེའི་ཐུགས་བསྐྱེད་སྨོན་ལམ་སྐུ་དང་ཞིང་ཁམས་སོགས་ཀྱི་ཆེ་བ་ལ་བློ་གནས་པར་བྱས་ཏེ། མངོན་དགའི་ཞིང་ན་བྱང་ཆུབ་ཤིང་དབང་དྲུང་། །མི་འཁྲུགས་རྒྱལ་བ་དཔལ་གྱི་ལྷམ་མེར་བཞུགས། །ཉན་ཐོས་བྱང་ཆུབ་སེམས་དཔའི་འཁོར་བཅས་ལ། །ལུས་དང་ངག་ཡིད་དང་བས་གུས་ཕྱག་འཚལ། །དངོས་འབྱོར་ཡིད་སྤྲུལ་བདག་པོས་མ་བཟུང་བའི། །ལྷ་མིའི་དཔལ་འབྱོར་བདེ་བའི་ཡོ་བྱད་ཀྱི། །མཆོད་པའི་སྤྲིན་གྱིས་ནམ་མཁའ་གང་བྱས་ཏེ། །བདེ་བར་གཤེགས་པ་སྲས་དང་བཅས་རྣམས་མཆོད། །ཐོག་མེད་དུས་ནས་དུག་གསུམ་གྱིས་བསགས་པའི། །སྲིད་དང་ངན་འགྲོ་རྒྱུར་གྱུར་མི་དགེའི་ལས། །གང་བསགས་འགྱོད་པས་སོ་སོར་བཤགས་ནས་ནི། །སླན་ཆད་མི་བགྱིའི་སྡོམ་ལ་གནས་པར་བགྱི། །འཕགས་སྐྱེའི་དགེ་ཚོགས་ཀུན་ལ་ཡི་རང་ཞིང་། །རྒྱལ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དེ་ལྟའི་དགེ་བ་བྱང་ཆུབ་ཕྱིར་བསྔོ་བས། །གང་སྔོན་འདས་པའི་སངས་རྒྱས་སྤྱན་ཆེན་པོར། །མི་འཁྲུགས་རྒྱལ་བས་བྱང་ཆུབ་ཐུགས་བསྐྱེད་དེ། །ནམ་ཡང་ཁྲོ་དང་གནོད་སེམས་མི་འབྱུང་སོགས། །སྨོན་ལམ་བརྒྱད་བཏབ་བདག་གིས་འགྲུབ་གྱུར་ཅིག །གཞན་ཡང་དམ་བཅའ་ཇི་བཞིན་བགྱིད་པ་དང་། །གོམ་རེ་བཞིན་ཡང་སངས་རྒྱས་ཡིད་བྱེད་དང་། །ཚེ་རབས་ཀུན་ཏུ་ཁྱིམ་ནས་འབྱུང་སོགས་ཀྱི། །སྒྲུབ་པའི་སྨོན་ལམ་བཅོ་བརྒྱད་འགྲུ བ་གྱུར་ཅིག །དེ་བཞིན་འཁོར་བཞིའི་དགེ་སློང་ཕ་མ་གཉིས་དགེ་བསྙེན་ཕ་མ་གཉིས། མཆན། ཉེས་ལྟུང་མི་གླེང་དང་། །འཚང་རྒྱའི་ཞིང་དུ་ལྟུང་བའི་སྒྲ་ཙམ་ཡང་། །མི་གྲགས་དག་ཅིང་ཡོན་ཏན་ལྡན་པ་སོགས། །ནན་ཏན་སྨོན་ལམ་བདུན་པོ་འགྲུབ་གྱུར་ཅིག །ཇི་ལྟར་མི་འཁྲུགས་སྤྱད་པ་སྤྱོད་ཚེ་བཞིན། །སངས་རྒྱས་ཞིང་ནས་སངས་རྒྱས་ཞིང་འགྲོ་ཞིང་། །དེ་བཞིན་གཤེགས་རྣམས་མཉེས་པར་བྱེད་པ་ལས། །སྐད་ཅིག་ཙམ་ཡང་ཐུགས་དབྱུང་མི་བགྱིད་ཤོག །ཚེ་རབས་ཀུན་ཏུ་ཚངས་པར་སྤྱོད་པ་དང་། །ཕ་རོལ་ཕྱིན་པའི་ཆོས་ཉིད་ལས་བརྩམས་ཏེ། །སྟོན་ཅིང་དེ་ཚེ་བདག་གི་ལུས་དང་སེམས། །ངལ་དང་དུབ་པ་ཅུང་ཟད་མེད་པར་ཤོག །ཆོས་སྦྱིན་དེ་ཡི་དགེ་ཚོགས་ཇི་སྙེད་པས། །རང་གི་སངས་རྒྱས་ཞིང་དེར་བྱང་སེམས་རྣམས། །ཚེ་རབས་བརྗེས་ཀྱང་དམ་ཆོས་མི་བརྗེད་ཅིང་། །གང་དུ་སྨོན་པའི་ཞིང་དེར་སྐྱེ་བར་ཤོག །དེ་དག་རྫོགས་པའི་སངས་རྒྱས་རྣམས་དང་ནི། །རྟག་ཏུ་མི་འབྲལ་གུས་པས་རབ་བསྙེན་ཅིང་། །བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དག་གིས། །ཐམས་ཅད་དུ་ཡང་གླགས་རྙེད་མ་གྱུར་ཅིག །ཇི་ལྟར་རང་ཉིད་དམ་ཆོས་འདོད་པ་ལྟར། །སེམས་ཅན་དེ་དག་ཆོས་འདོད་གྱུར་པ་ལ། །དེ་དག་དེ་ལྟའི་ཡོན་ཏན་མ་རྫོགས་པར། །བདག་ཉིད་བྱང་ཆུབ་སྤྱད་པ་སྤྱོད་པར་ཤོག །བདག་ནི་འདི་ནས་ཤི་འཕོས་གྱུར་པའི་འོག །མངོན་པར་དགའ་བ་དག་པའི་ཞིང་ཁམས་སུ། །བཅོམ་ལྡན་མི་འཁྲུགས་རྒྱལ་བའི་དྲུང་སྐྱེས་ཏེ། །བྱང་ཆུབ་ལམ་གྱི་སྒྲུབ་པས་མཉེས་བྱེད་ཤོག །རྒྱལ་སྲས་སྤོས་ཀྱི་གླང་པོ་ལ་སོགས་པའི། །ཞིང་དེའི་བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡོན་ཏན་ཇི་སྙེད་བདག་ལའང་ལྡན་གྱུར་ཅིག །སངས་རྒྱས་རྣམས་ཀྱི་རྟག་ཏུ་བསྔགས་མཛད་ཤོག །ཇི་ལྟར་རྒྱལ་སྲས་དེ་དག་བཅོམ་ལྡན་དེས། །བྱང་ཆུབ་ཆེན་པོར་མངོན་སུམ་ལུང་བསྟན་བཞིན། །བདག་ཀྱང་ཕྱིར་མི་ལྡོག་པའི་ས་ཐོབ་སྟེ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་ཐོབ་པར་ཤོག །རྒྱལ་བ་དེ་ཡི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བྱས་ཏེ། །ཚོགས་གཉིས་རྒྱ་མཚོ་ཡོངས་སུ་རྫོགས་པ་དང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱེད་ཤོག །མདོར་ན་མི་འཁྲུགས་རྒྱལ་བའི་ཐུགས་བསྐྱེད་དང་། །སྤྱོད་པ་སྨོན་ལམ་ཇི་བཞིན་བདག་སྤྱོད་ཅིང་། །མངོན་དགའི་ཞིང་མཚུངས་དག་པའི་འཇིག་རྟེན་དུ། །བཅོམ་ལྡན་དེ་འདྲའི་གོ་འཕང་མངོན་བྱེད་ཤོག །ཅེས་པའི་སྨོན་ལམ་བསམ་པ་ཐག་པས་གདབ་པར་བྱའོ། ༈ །དེ་ལྟར་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ཀྱི་སྒྲུབ་ཐབས་དང་དཀྱིལ་ཆོག་ཇོ་བོ་ཆེན་པོས་མཛད་པ་ལ་གཞི་བྱས། བླ་མ་གོང་མའི་ཕྱག་བཞེས་ཀྱིས་ཀྱང་བརྒྱན། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་སྡེའི་ཆོས་ཀྱི་རྣམ་གྲངས་བཅོམ་ལྡན་འདས་མི་འཁྲུགས་པའི་ཞིང་གི་བཀོད་པའི་དོན་བསྡུས། རྒྱལ་བ་དཀོན་མཆོག་འབངས་ཀྱིས་མཛད་པ་ལས་བྱུང་བའི་སྨོན་ལམ་གྱིས་ཁ་བསྐངས། གཤིན་པོ་རྗེས་འཛིན་མིང་བྱང་གི་ཆོ་ག་སོགས་རྗེ་སངས་རྒྱས་དབོན་བཀྲ་ཤིས་དཔལ་གྱིས་མཛད་པའི་ཆོ་ག་དང་ཡང་སྒོ་བསྟུན། འདོན་བྱ་ཚིགས་བཅད་རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱིས་སྩལ་བ་ལྟར་དཀྱུས་སུ་བཅུག་སྟེ་ལེགས་པར་སྦྱར་བ་འདི་ནི་དཔལ་རི་བོ་ཆེ་ནས་ཆོས་རྗེ་ཀརྨ་གྲགས་པ་རྒྱལ་མཚན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷའི་བཀས་བསྐུལ་བ་ལྟར། ཤཱཀྱའི་དགེ་སློང་ཆོས་ཀྱི་དབང་ཕྱུག་གིས་གདན་ས་ཆེན་པོ་དེ་ཉིད་དུ་སྦྱར་བ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག ༈ །གཉིས་པ་མིང་བྱང་གི་ཆོ་ག་ནི། ཤོག་བུ་དང་གྲོ་ག་ལ་སོགས་པ་ལ། ཚེ་འདས་ཀྱི་གཟུགས་ཀྱི་སྙིང་གར་ས་བོན་ནྲྀའི་འོག་ཏུ་མིང་བྱང་དང་བཅས་པ་བྲི་བའམ། བསྡུ་ན་ས་བོན་ཙམ་བྲིས་ཀྱང་རུང་སྟེ། དེ་ལ་དམིགས་ནས་མིང་བྱང་བྲན་ལ། ༀ་བཛྲ་ཨ་མྲི་ཏས་བསང་། ༀ་སྭ་བྷཱ་ཝས་སྦྱངས ། སྐད་ཅིག་ནྲྀ་ཡིག་ཡོངས་གྱུར་ལས། །མདུན་དུ་ཚེ་ལས་འདས་པ་ནི། །གསོན་པོའི་རྣམ་པ་ཇི་ལྟ་བ། །ཡོངས་སུ་རྫོགས་པ་གསལ་བར་གྱུར། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདེན་པ་ཆེན་པོས་ཚེ་འདས་ཀྱི། །རྣམ་ཤེས་རིགས་དྲུག་གར་གནས་ཀྱང་། །སྐད་ཅིག་རྟེན་འདིར་མཆིས་གྱུར་ཅིག །སྦྱང་ཆས་རྣམས་བསང་སྦྱང་། ༀ་ཨ་ཀཱ་རོ་སོགས། །སརྦ་བིགྷཱ་ན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་དེ་སྭཱ་ཧཱ། ཡང་སྔགས་དེ་དང་། ༀ་སུམྦྷ་ནི་སོགས་ནས་ར་ཛཱ་ཡ་ཧཱུྃ་ཕཊ། སྦྲེལ་བ་ཚར་གསུམ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་ཚེ་ལས་འདས་པའི་མཐོ་རིས་དང་ཐར་པ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་འགྲོ་བར་མི་བྱེད་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་བསྲེགས་ཅིང་འཇོམས་པར་གདོན་མི་ཟའོ། །ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་བསྒྲུབ། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་བ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །སུམྦྷ་ནི་སོགས་བརྗོད་ཅིང་ཡུངས་ཀར་གྱིས་བྲབ་ཅིང་བགེགས་བསྐྲད། ཚེ་འདས་ཀྱི་སྡིག་སྒྲིབ་ཀཾ་ནག་པོའི་རྣམ་པར་སྣ་བུག་ནས་ཐོན། མདུན་གྱི་ཏིལ་ལ་ཐིམ་པར་གྱུར། ༀ་སརྦ་པཱ་པཾ་ད་ཧ་ན་བྷ་སྨིན་ཀུ་རུ་ཧཱུྃ་སྭཱ་ཧཱ། གཡས་སུ་ཡེ་ཤེས་ཀྱི་མེར་བསྲེགས། གཡོན་དུ་རྒྱ་མཚོ་ཆེན་པོར་དོར་བས་བྱང་ཞིང་དག་པར་གྱུར། ན་མོ་བྷ་ག་ཝ་ཏེ། ཨཀྵོ་བྷྱ་ཡ་སོགས་རྩ་སྔགས་ལན་བདུན་བརྗོད། གཟུངས་སྔགས་རྣམས་དང་། ཡིག་བརྒྱ་བཅས་བརྗོད། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རྟེན་ཁྲུས་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཇི་ལྟར་བལྟམས་པ་སོགས། ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥེ་སོགས། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །དམིགས་ཡུལ་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །དམིགས་ཡུལ་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥེ་སོགས་ནས་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །ༀ་བཛྲ་ཝ སྟྲ་ཨཱཿཧཱུྃ། སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །དམིགས་ཡུལ་རྡོ་རྗེའི་སྐུ་ཐོབ་ཤོག །ༀ་བཛྲ་ཝསྟྲ་ཨཱཿཧཱུྃ། ལྷག་བསམ་དག་པའི་ན་བཟའ་འདི་འབུལ་བས། །ལུས་ལ་ངུར་སྨྲིག་གོས་གྱོན་སེམས་ལ་ནི། །ངོ་ཚ་ཁྲེལ་ཡོད་བཟོད་པའི་གོས་གྱོན་ནས། །རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །ༀ་བཛྲ་སོགས། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ༀ་བཛྲ་ཝསྟྲ་ཨཱཿཧཱུྃ། ཁྲུས་ཆུ་ལས་བུམ་ནང་བླུག་སྟེ། དེས་གཟུགས་བརྙན་བཀྲུ་ཞིང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ། །དེ་བཞིན་དུ། འདི་ནི་ཚུལ་ཁྲིམས༴ ཚུལ་འཆལ༴ འདི་ནི་བཟོད་པའི༴ ཁོང་ཁྲོའི༴ འདི་ནི་བརྩོན་འགྲུས༴ ལེ་ལོའི༴ འདི་ནི་བསམ་གཏན༴ རྣམ་གཡེང་༴ འདི་ནི་ཤེས་རབ༴ ཤེས་འཆལ༴ སོགས་རྩ་སྔགས་མཐར་སཏྭཱ་ནཉྩ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། དམིགས་ཡུལ་གྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང་། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གི་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །གོང་ལྟར་སྔགས་བཅས། སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །རང་རྒྱལ་དག་གི་གཟི་བརྗིད་དང་། །དགྲ་བཅོམ་རྣམས་ཀྱི་མཐུ་དག་དང་། །གསང་སྔགས་འཛིན་པ་ཐམས་ཅད་དང་། །ཤཱ་རིའི་བུ་ཡི་ཤེས་རབ་དང་། །མཽད་གལ་བུ་ཡི་རྫུ་འཕྲུལ་དང་། །མ་འགག་པ་ཡི་མིག་དང་ནི། །འོད་སྲུང་སྦྱངས་པའི་ཡོན་ཏན་དང་། །ཀོཎྜ་ཎྱའི་སྔར་ཐོབ་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཚངས་པ་ཡི་ནི་བྱམས་པ་དང་། །བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་། །དབང་ཕྱུག་ཆེན་པོའི་སྟོབས་དག་དང་། །དེད་དཔོན་རྣམས་ཀྱི་མཐུ་དག་དང་། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །དེ་དག་རྣམས་ཀྱི་མཐུ་དག་གཟིས། །ཆེ་གེའི་དུག་ནི་དུག་མེད་ཤོག །རྩ་སྔགས་དང་བཅས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །དེ་བཞིན་དུ། འདོད་ཆགས་ཞེ་སྡང་སོགས། །སྐྱོབ་པའི་དམ་ཆོས༴ འཕགས་པའི་དགེ་འདུན༴ དུག་བཅོམ་མོ། །བར་དང་། རྩ་སྔགས་བཅས། དམིགས་ཡུལ་གྱི་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དམིགས་ཡུལ་དུག་ནི་དུག་མེད་ཤོག །དེ་བཞིན། ཆུ་ནི༴ མེ་ནི༴ རླུང་ནི༴ དུག་མེད་ཤོག །རྩ་སྔགས་དང་དམིགས་ཡུལ་གྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུག་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས༴ སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བ་མངའ་མཛད་དེས། །ཁྱེད་ལ༴ སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་ཏུ་རྟག་སྐྱོང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས༴ །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས༴ དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ༴ གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ༴ བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བ དེར་གྱུར་བ་དེས། །ཁྱེད་ལ་བདེ་ལེགས༴ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་ཞིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ༴ ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ༴ སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཁྱེད་ལ་སྡིག་པར་མ་གྱུར་ཅིག །སྐབས་འདིར་བྱང་ཕྱག་གང་འོས་དང་། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བའི་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །ཚེ་འདས་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་ཚེ་འདས་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །ཚེ་འདས་ལུས་འདི་འབུལ་བར་བགྱི། །ཐུགས་རྗེས་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་འདོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་ལས་མྱུར་དུ་བསྐྱབ་ཏུ་གསོལ། །དེ་ནས་དབང་བསྐུར་བ་ལ་གཞུང་ལྟར། ཇི་ལྟར་བལྟམས་པ༴ ས་གཞི་སྤོས་ཆུས༴ །དགའ་ཆེན་ཁྱོད་བདག་སོགས་ནས། བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད་ཀྱི་བར་བརྗོད། གཙོ་བོས་ཇི་ལྟར་སོགས། ས་གཞི་སྤོས་ཆུས་སོགས། དེང་ནས་བརྩམ་སྟེ་སོགས་བྱས་ལ། དེ་ལྟར་དབང་བསྐུར་བ་ཐོབ་ནས་དམིགས་ཡུལ་དེ་ཉིད་ལྷ་རྣམས་དང་སྐལ་པ་མཉམ་པར་གྱུར། དེ་ནས་འདོད་ཡོན་བསྔོ་བ་ནི། ༀ་བཛྲ་ཨ་མྲྀ་ཏས་བསང་། ཨ་ཀཱ་རོ་སོགས། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་གཟུགས་འབུལ་ན། །བདེ་ཆེན་ཡེ་ཤེས་མཆོག་གི་སྤྱོད་གྱུར་ཅིག །ༀ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིགས་བརྗོད་སྒྲ་སྙན་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་སྒྲ་འབུལ་ན། །བདེ་ཆེན་ཡེ་ཤེས༴ ༀ་ཤབྡ་ཀཱ་མ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དྲི་མཆོག་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་དྲི་འབུལ་ན། །བདེ་ཆེན་ཡེ་ཤེས༴ །ༀ་གནྡྷེ་ཀཱ་མ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་ཟས་འབུལ་ན། །བདེ་ཆེན་ཡེ་ཤེས༴ ༀ་ར་ས་ཀཱ་མ༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་འཕགས་པ་ཅི་མཆིས་པ། །དམིགས་ཡུལ་རྟེན་གྱི་ལྷ་ལ་གོས་འབུལ་ན། །བདེ་ཆེན་ཡེ་ཤེས༴ ༀ་སྤཪྴེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། མཐར། འདོད་ཡོན་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག ཁ་ཟས་བསྟབས་པ་འདི་ཡི་མཐུས། །འཁྲུལ་སྣང་འཇིགས་སྐྲག་ཐམས་ཅད་ཞི། །བར་དོ་རང་ངོ་འཕྲོད་གྱུར་ནས། །དག་པའི་ཞིང་དུ་སྐྱེ་བར་ཤོག །བྱང་བུ་མེར་བསྲེགས་ནས་ལམ་བསྟན་བྱ། བསྲེགས་ན་ཐུན་བཞིའམ། མཉམ་མེད་དྭགས་པོ་བཀའ་བརྒྱུད་སོགས་སྐབས་དང་བསྟུན། མེ་སྦར་ནི། ཚེ་འདས་རྒྱུད་ཀྱི་མ་དག་པའི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མེས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །རྩ་སྔགས་བརྗོད་ཅིང་མིང་བྱང་བསྲེགས་ལ་ཐལ་བ་གཙང་སར་དོར་རོ། །ལམ་བསྟན་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ༀ་རཏྣེ་རཏྣེ་མ་ཧཱ་རཏྣེ་ར ཏྣ་སམྦྷ་ཝེ་རཏྣ་ཀི་ར་ཎེ། རཏྣ་མཱ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ༀ་པདྨེ་པདྨེ་པདྨ་སམྦྷ་ཝེ་མ་ཧཱ་སུ་ཁ་ཝ་ཏཱི་གཙྪནྟུ་སྭཱ་ཧཱ། ཚེ་འདས་དེ་ཉིད་བདེ་བ་ཅན་ཏུ་སྐྱེས་ཏེ་དེའི་རྒྱུ་རྐྱེན་བརྟགས་པས་ཆོ་གའི་མཐུ་ཡིན་པར་ཤེས་ནས་འདི་ཉིད་དུ་ལྷགས་ཏེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ལ། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མའོ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་སྦྱངས་ནས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད། །དེ་ལྟར་ཆེད་དུ་བརྗོད་ཅིང་དྲིན་ལན་གྱི་ཚུལ་དུ་མཆོད་པ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་མཆོད་པ་ཅི་རིགས་བྱ། སླར་ཡང་བདེ་བ་ཅན་དུ་སོང་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་ཅིང་གསུང་གི་གདམས་པ་ནོད་པར་གྱུར། ༀ་སརྦ་བུདྡྷ་ཀྵེ་ཏྲ་གཙྪནྟུ་སྭཱ་ཧཱ། མེ་ཏོག་འཐོར། བསྔོ་སྨོན་བྱ། དེ་ནས་རྗེས་ཆོག་སོགས་གཞུང་ལྟར་བྱས་པས་ཁྱབ་པའོ། །ཞེས་ཇོ་བོའི་ལུགས་ཀྱི་མི་འཁྲུགས་པ་ལྷ་དགུའི་ཆོ་ག་ཐམས་ཅད་མཁྱེན་པ་ཞྭ་དམར་དྲུག་པའི་གསུང་ལྟར་ཡན་ལག་བྱང་ཆོག་དང་བཅས་པ་ནག་འགྲོས་སུ་བསྡེབས་པའོ། །སརྦ་མངྒ་ལཾ།

མི་འཁྲུགས་པའི་ཆོ་ག་ལ་བརྟེན་ནས་ཕུང་པོ་བསྲེག་སྦྱོང་།

བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་ལ་བརྟེན་ནས་ཕུང་པོ་བསྲེག་སྦྱོང་བྱ་ཚུལ་མདོར་བསྡུས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། །ན་མོ་གུ་རུ་ནཱ་ཐ་ཨཀྵོ་བྷྱ་པཱ་ད་ཡ། འདིར་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་སྒོ་ནས་གཞན་རྒྱུད་ཀྱི་སྒྲིབ་པ་རྒྱུན་གཅོད་པར་འདོད་པ་དག་གིས། རོ་སྲེག་གི་ཆོ་ག་ཉམས་སུ་བླང་བའི་ཚུལ་ནི། དེ་ཡང་ཇོ་བོའི་གཞུང་ལས། གཤིན་པོ་ཡིན་ན་བྲབ་པར་བྱ། །ཞེས་དང་། གཟུངས་ཉིད་ལས། སའམ་ཡུངས་ཀར་རམ་ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ། ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ལ་དེའི་འོག་ཏུ་བསྲེགས་པའམ། ཞེས་གསུངས་པའི་དོན་ལག་ལེན་དུ་བྱ་བར་འདོད་པ་དག་གིས། དང་པོར་སྦྱིན་སྲེག་གི་ཐབ་འདུ་བྱ་བ་ནི། བརྩིག་ཐབ་བྲུ་ཐབ་སོགས་སམ། མ་གྲུབ་ན་སྟེགས་བུ་མཉམ་པར་ཐིག་ཆེན་བརྒྱད་བཏབ་ལ་དབུས་ནས་སོར་བཅུ་གཉིས་དང་བཞི་པ་གཉིས་རིམ་གྱིས་ཟླུམ་སྐོར་བྱས་པའི་ནང་དུ་པདྨ་འདབ་བརྒྱད་ཀྱི་ཐིག་གདབ་ཅིང་སྣ་ཚོགས་པད་མར་བྱས་པའི་དབུས་སུ་རྡོ་རྗེ་སྔོན་པོ། འདབ་བརྒྱད་ཀྱི་ཤར་ནས་གཡས་བསྐོར་དུ་དཔལ་བེའུ་སོགས་རྟགས་བརྒྱད། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་མཚན་པ་བྲིའོ། །དེ་ནས་གཟུངས་བཟླས་པའི་ཆུས་ཕུང་པོ་ལ་གཏོར་ཞིང་ཁྲུས་བྱས། རས་དཀར་དྲི་མ་མེད་པའི་གོས་ཀྱིས་དཀྲིས། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། གྲོ་གའམ་ཤོག་བུ་སོགས་ལ་བྲིས་པའི་གཟུངས་སྔགས་ཀྱང་སྙིང་གར་བཏགས་མེ་ཏོག་གིས་བརྒྱན་ཏེ་ཐབ་ཀྱི་དབུས་སུ་སོ་ཕག་གམ་རྡོོ་ཡི་སྟེགས་ལ་བཟང་པོའི་འདུག་སྟངས་ཀྱིས་ཁ་ནུབ་ཏུ་བསྟན་ཏེ་བཞག །ཐབ་ཀྱི་མཐའ་ནས་སོ་ཕག་དཀར་པོ་དྲི་ཞིམ་པོས་བསྒོས་ལ་མཆོད་རྟེན་གྱི་ཚུལ་གྱིས་བརྩིག་སྟེ་པུས་མོ་ནས་རིམ་གྱིས་ཕྲ་བ་ལྟ་བུ་ལས། ཐབ་ཀྱི་ཤར་ལྷོའི་མཚམས་སུ་མེ་སྒོ་དང་། སྙིང་གའམ་དཔྲལ་བའི་ཐད་དུ་སྲེག་རྫས་འབུལ་བའི་སྐར་ཁུང་། རྩེ་མོར་དུ་བ་འབྱུང་བའི་སྐར་ཁུང་བཏོན། རྩིག་པ་དང་རྟེན་གྱི་བར་དྲི་ཞིམ་པོའི་བུད་ཤིང་མར་ཁུས་སྦག་པ་དམ་པར་བརྩིགས། གཡས་ཕྱོགས་སུ་བསྲེག་རྫས་དང་། གཡོན་ཕྱོགས་སུ་མཆོད་པ། གཏོར་མ། རྡོར་དྲིལ། བསང་ཆུ། དཀར་གཏོར་བཅས་བཤམ། མདུན་དུ་མར་ཁུའི་སྣོད་དང་ཀུ་ཤའི་ཆུན་པོ། དགང་བླུག་རྣམས་བཀོད། སྒྲུབ་པ་པོ་གོས་དཀར་པོ་གྱོན་ཅིང་ཐབ་ཀྱི་མདུན་དུ་བདེ་བའི་གདན་ལ་ཁ་ཤར་དུ་ཕྱོགས་པས་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ལ། བདག་མདུན་བུམ་སྒྲུབ་དབང བླང་བ་སོགས་གྲུབ་ནས། དཀར་གཏོར་ལ། ཨ་ཀཱ་རོས་བྱིན་བརླབ། ན་མཿསརྦ་ཏ་ཐཱ་སོགས་ཀྱིས་བསྔོས་ནས། ཕྱོགས་བཅུའི་འཇིག་རྟེན་སྐྱོང་ལ་སོགས། །འབྱུང་པོ་མཐུ་བོ་ཆེ་དག་ལ། །འབུལ་གྱིས་ཡང་དག་བཞེས་ནས་ཀྱང་། །དམིགས་ཡུལ་ལན་ཆགས་ཡོངས་དག་ཅིང་། །རྣལ་འབྱོར་འདོད་དོན་ཀུན་འགྲུབ་ནས། །བདག་གི་དགེ་བའི་སྡོང་གྲོགས་མཛད། །ཅེས་གཏོར་མ་བཏང་ཞིང་། ཨ་མྲྀ་ཏ་བརྗོད་པས་སྲུང་བར་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཀྱིས་བསྲེག་རྫས་མཆོད་པ་ལྷན་ཅིག་ཏུ་བྱིན་གྱིས་བརླབ། སྐད་ཅིག་ནྲི་ཡིག་ཡོངས་གྱུར་ལས། །སོགས་དབང་བསྐུར་གྱི་བར་བྱས་ལ། བསང་ཆུས་གཏོར་ཞིང་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་དབུས་སུ་པདྨ་དང་ར་སྐྱེས་ཀྱི་གདན་ལ་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ་རལ་པའི་ཐོར་ཚུགས་ཅན་གཡས་གཉིས་དབྱུག་པ་དང་མི་འཇིགས་པའི་ཕྱག་རྒྱ། གཡོན་གཉིས་ཕྲེང་བ་དང་སྤྱི་བླུགས་འཛིན་པ་མེ་ལྕེ་སྟོང་གིས་དཀྲིས་ཤིང་འོད་འབར་བར་གྱུར། དེ་ནས་ཚེ་འདས་རྒྱུད་ཀྱི་སོགས་ཀྱི་མཐར། ༀ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་པས་མེ་སྦར། ༀ་ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །ས་ལས་སྐྱེས་པ་འདབ་མའི་སྙིང་། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །ༀ་བཛྲ་སཏྭ་ཨཿ ཞེས་ཀུ་ཤའི་ཆུན་པོ་ཐབ་ཀྱི་ཁ་ཁྱེར་ལ་གཡས་བསྐོར་དུ་བཀོད། ཆུན་པོ་གཅིག་ཐབ་ཀྱི་ནང་རྩེ་མོ་ཤར་དུ་བསྟན་ལ་བཞག །མི་འཇིགས་པའི་ཕྱག་རྒྱ་ལས་མཐེ་བོང་སྲིན་ལག་གི་རྩར་གཡོབ་ཅིང་། ༀ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །བསྲེགས་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ༀ་ཨགྣ་ཡེ་མ་ཧཱ་ཏེ་ཛྭ་སརྦ་ཀརྨ་ཨཪྠ་སཱ་དྷ་ཀ་ཀཱ་རུ་ན་ཀྲྀ་ཏ་མ་ཧཱ་ཏེ་ཛ་སཱ་དྷ་ཀ་ཨ་སྨིན་སན་ནི་ཧི་ཏོ་བྷ་ཝ་ཛཿ ཧཱུྃ་བཾ་ཧོཿ ༀ་ཨགྞ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌ་ཀཱིིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །མེ་ལྷའི་ལྕེ་དང་དགང་བླུགས་ཀྱི་ཁར་རཾ་ཡིག་གིས་མཚན་པར་གྱུར། ལག་གཡོན་ཁུ་ཚུར་གྱི་ཧཱུྃ་བསྒྲེང་བ་གན་རྐྱལ་གྱིས་དགང་གཟར་བཟུང་། གཡས་ཁུ་ཚུར་གྱིས་བླུགས་གཟར་མར་ཁུས་བཀང་བའི་བདུན་ན མ་གསུམ་དགང་གཟར་བླུག །ལག་གཉིས་བརྩེགས་ཏེ་པུས་མོ་ལས་ཕྱིར་མི་འདའ་བར་གཡས་སུ་ལན་གསུམ་བསྐོར་ནས། ༀ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡ་ཨ་དཱི་བྱ་སྭཱ་ཧཱ། ཞེས་མར་ཁུ་དགང་གཟར་གསུམ་མམ་བདུན་ཕུལ། མེའི་མཚན་མ་བརྟགས་ལ་ངན་ན་བདུད་རྩི་འཁྱིལ་བའི་བསང་ཆུས་བསངས ། ཡམ་ཤིང་སོགས་བསྲེག་རྫས་རྣམས་གཡས་པའི་ༀ་ཧྲཱིཿསྦྱར་བས་འབུལ་ཞིང་། ཡམ་ཤིང་། ༀ་ཨགྣ་ཡེ་བོ་དྷི་བྲིཀྵ་ཡེ་སྭཱ་ཧཱ། དེ་བཞིན་དུ་མར་ཁུ། ༀ་ཨགྣ་ཡེ་སྭཱ་ཧཱ། ཏིལ་དང་ཡུངས་ཀར། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་སྭཱ་ཧཱ། འབྲས་མ་གྲུས་པ། ༀ་བཛྲ་པུཥྚ་ཡ་སྭཱ་ཧཱ། ཟས་མཆོག །ༀ་སརྦ་སམྦ་དེ་སྭཱ་ཧཱ། ཀུ་ཤ། ༀ་ཨ་པྲ་ཏི་ཧ་ཏ་ཡ་སྭཱ་ཧཱ། དཱུརྦ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། གྲོ། ༀ་བཛྲ་གྷསྨ་རི་སྭཱ་ཧཱ། ནས་དང་སོ་བ། ༀ་བཛྲ་བི་ཛ་ཡ་སྭཱ་ཧཱ། སྲན་མ། ༀ་བཛྲ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། ཤིང་ཏོག །ༀ་བཛྲ་ཤྲི་བ་ཡེ་སྭཱ་ཧཱ། ཞེས་པ་རྣམས་བདུན་ནམ་ཉེར་གཅིག་རེ་ཕུལ་ལ་སོ་སོའི་མཐར། འཇིག་རྟེན་འདི་ནས་ཕ་རོལ་ཏུ། །སོན་པའི་དམིགས་ཡུལ་སྒོ་གསུམ་གྱི། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏག་ཅིང་། བསྙེན་པའི་ཁ་སྐོང་སོགས་ཀྱི་སྐབས་འདོད་གསོལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་གདོན་སྡིག་སྒྲིབ་ཉེས་ལྟུང་དང་། །འགལ་རྐྱེན་བར་ཆད་མི་མཐུན་ཕྱོགས། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བསྒྱུར་བ་བཏགས། དེ་ནས་འཇིག་རྟེན་ལས་འདས་པའི་ཆོ་ག་ནི། དྲང་སྲོང་མེ་ལྷའི་ལྟོ་བ་རུ། །བྷྲཱུྂ་ལས་གཞལ་ཡས་ཁང་པ་ནི། ཞེས་པ་ནས། དབུས་སུ་པདྨ་ཟླ་གདན་སྟེ། །རང་ལྷའི་ས་བོན་སོགས་ནས། བཟླ་བྱའི་སྔགས་ཀྱིས་བསྐོར་བར་གྱུར། །གྱི་བར་མདུན་བསྐྱེད་ལྟར་བྱ། དེ་ནས། ན་མོ་བྷ་ག་ཝ་ཏེ་ཨཀྵོ་བྷྱ་ཡ་ཏ་ཐཱ་ག་ཏ་ཡཱརྷ་ཏེ་སམྱ ཀྶཾ་བུདྡྷཱ་ཡ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཨ་དཱི་བྱ་སྭཱ་ཧཱ། ཞེས་མར་ཁུ་དགང་གཟར་གསུམ་མམ་བདུན་གྱིས་བྱོན་ཟན་འབུལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །སོགས་ཀྱིིས་མཆོད། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །སོགས་ཀྱིས་བསྟོད་པ་བྱ་ཞིང་། ཡམ་ཤིང་སོགས་བསྲེག་རྫས་རྣམས་གཡས་པའི་ༀ་ཧྲཱིཿསྦྱར་བས་འབུལ་ཞིང་། ཡམ་ཤིང་། ན་མོ་བྷ་ག་ཝ་ཏེ་ཨཀྵོ་བྷྱ་ཡཱ་ཏ་ཐ་ག་ཏ་ཡ རྷ་ཏེ་སམྱ ཀྶཾ་བུདྡྷཱ་ཡ་ༀ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ། མར་ཁུ། ༀ་ཨགྣ་ཡེ་སྭཱ་ཧཱ། ཏིལ་དང་ཡུངས་ཀར། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་སྭཱ་ཧཱ། འབྲས་མ་གྲུས་པ། ༀ་བཛྲ་པུཥྚ་ཡ་སྭཱ་ཧཱ། ཟས་མཆོག །ༀ་སརྦ་སམྦ་དེ་སྭཱ་ཧཱ། ཀུ་ཤ །ༀ་ཨ་པྲ་ཏི་ཧ་ཏ་ཡ་སྭཱ་ཧཱ། དཱུརྦ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། གྲོ། ༀ་བཛྲ་གྷསྨ་རི་སྭཱ་ཧཱ། ནས་དང་སོ་བ། ༀ་བཛྲ་བི་ཛ་ཡ་སྭཱ་ཧཱ། སྲན་མ། ༀ་བཛྲ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། ཤིང་ཏོག །ༀ་བཛྲ་ཤྲི་བ་ཡེ་སྭཱ་ཧཱ། གཟུངས་སྔགས་ཀྱི་མཐར་སྲེག་རྫས་ཀྱི་སྔགས་བཏགས་པ་ལ་རིམ་བཞིན་སྤེལ་ཚིག་བཅས་བརྒྱ་རྩ་སོགས་གང་འོས་ཕུལ་བའི་སོ་སོའི་མཐར། འཇིག་རྟེན་འདི་ནས་ཕ་རོལ་ཏུ། །སོན་པའི་དམིགས་ཡུལ་སྒོ་གསུམ་གྱི། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་དཀྱུས་ལ་གོང་ལྟར་བདག་ཅག་དཔོན་སློབ་སོགས་ཀྱི་འདོད་གསོལ་བཏགས། སླར་ཡང་། འཇིག་རྟེན་ཁམས་ནི་དཔག་མེད་ན། །སོགས་ཀྱིས་མཆོད། རྒྱལ་བ་ཟླ་བ་སོགས་ཀྱིས་བསྟོད་ནས། གཏོར་མའི་སྟེང་དུ་ཨ་ལས་ཟླ་དཀྱིལ་དབུས། །ཧཱུྃ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པས། །གཏོར་མར་ཐིམ་པས་གཏོར་མ་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། །པར་བསམ་ལ། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ནས། དེ་ཉིད་བཅོམ་ལྡན་ལྗགས་རྩེའི་འོད་ཟེར་གྱིས། །དྲངས་ཏེ་གསོལ་བས་མཆོག་ཏུ་མཉེས་པར་གྱུར། །པར་བསམ་ཏེ། ༀ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ་ཏེ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལས་སྒྲིབ་མ་ལུས་བྱང་བ་དང་། །མཆོག་དང་ཐུན་མོངས་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པར་མཛད་གསོལ། །ཞེས་པས་འདོད་དོན་གསོལ། བཅོམ་ལྡན་ཆོ་ག འི་བྱ་བ་ལ། །མ་ཚང་བ་དང་ལྷག་པ་དང་། །འགལ་ཞིང་འཁྲུལ་པ་ཅི་མཆིས་པ། །ཀུན་ནས་བཟོད་པར་མཛད་དུ་གསོལ། །ཞེས་ནོངས་པ་བཤགས་ཤིང་། ཁྱོད་ཀྱི་སེམས་ཅན་སོགས་ཀྱིས་སླར་འབྱོན་པར་གསོལ་བ་བཏབ། ༀ་ཨཱཿཧཱུྃ་མུཿ ཞེས་བརྗོད་པས་ཡེ་ཤེས་པ་རང་གནས་སུ་གཤེགས། སླར་མེ་ལྷ་ལ་བསྲེག་རྫས་ལྷག་མ་རྣམས་འབུལ་ཞིང་། ཡམ་ཤིང་། ༀ་ཨགྣ་ཡེ་བྷོ་དྷི་བྲིཀྵ་ཡ་སྭཱ་ཧཱ། མར་ཁུ། ༀ་ཨགྣ་ཡེ་སྭཱ་ཧཱ། ཏིལ་དང་ཡུངས་ཀར། ༀ་སརྦ་པཱ་པཾ་ད་ཏ་ན་བཛྲ་ཡེ་སྭཱ་ཧཱ། འབྲས་མ་གྲུས་པ། ༀ་བཛྲ་པུཥྚ་ཡ་སྭཱ་ཧཱ། ཟས་མཆོག །ༀ་སརྦ་སམྦ་དེ་སྭཱ་ཧཱ། ཀུ་ཤ །ༀ་ཨ་པྲ་ཏི་ཧ་ཏ་ཡ་སྭཱ་ཧཱ། དཱུརྦ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། གྲོ། ༀ་བཛྲ་གྷསྨ་རེ་སྭཱ་ཧཱ། ནས་དང་སོ་བ། ༀ་བཛྲ་བི་ཛ་ཡ་སྭཱ་ཧཱ། སྲན་མ། ༀ་བཛྲ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། ཤིང་ཐོག །ༀ་བཛྲ་ཤྲི་བ་ཡེ་སྭཱ་ཧཱ། ཞེས་པ་རྣམས་བདུན་ནམ་ཉེར་གཅིག་རེ་ཕུལ་ལ་སོ་སོའི་མཐར་གོང་ལྟར་འཇིག་རྟེན་འདི་ནས་ཕ་རོལ་ཏུ། །སོགས་ཀྱི་འདོད་གསོལ་བཏགས། ༀ་ཨགྣ་ཡེ་ས་པ་རི་བཱ་ར་ཨཱ རྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀཱིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། མེ་ལྷ་ལ་གཏོར་མ་འབུལ་བ་ནི། ༀ་ཨ་ཀཱ་རོ་སོགས། ༀ་ཨགྣེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་མཆོད། བསྟོད་པ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཀྱིས་འདོད་དོན་གསོལ། ཡིག་བརྒྱ་དང་བཟོད་གསོལ་བྱ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱི་བསྒྲུབ་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་མུཿ ཞེས་གཤེགས་སུ་གསོལ་ཞིང་བསྔོ་སྨོན་བཀྲ་ཤིས་བྱའོ། །དེ་ལྟར་ཆོ་གའི་རིམ་པ་ནུབ་གཅིག་ལ་སྒྲུབ་ཀྱང་རུང་ཞིང་། ཡང་སྲེག་ཁང་བརྩེགས་པ་ཡན་ནུབ་དང་པོ། མེ་སྦར་བ་ཕྱིན་ནུབ་གཉིས་པ་བྱེད་པ་ཡིན་ལ། རྟེན་བསྐྱེད་ཅིང་ཕྱིར་ལྡོག་སྡིག་སྦྱོང་དབང་བསྐུར་སོགས་སྔོན་དུ་བྱས་ཟིན་ན་འདིར་བྱེད་མི་དགོས་ཤིང་བདག་བསྐྱེད་ཁོ་ནས་ཆོག་གོ། །དེ་ནས་ཚེ་འདས་ཀྱི་རུས་པ་ལ་སཱཙྪ་གདབ་ཅིང་མིང་ཡིག་བཅུག་པའི་མཆོད་རྟེན་ཆུར་དོར་བའམ། ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱ་བར་གསུངས་པ་བཞིན་བྱའོ། །ཞེས་བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་ལ་བརྟེན་ནས་ཕུང་པོ་བསྲེག་སྦྱོང་བྱ་ཚུལ་མདོར་བསྡུས་ཤིག་དགོས་ཞེས་ཤུ་གུ་བླ་མ་ཀརྨ་ཕུན་ཚོགས་ཀྱིས་བསྐུལ་བཞིན། གར་དབང་དྲུག་པའི་ཆོ་གའི་ལྷན་ཐབས་ཀྱི་ཚུལ་དུ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀྱིས་རེ་གཟིགས་སུ་བཀོད་པ་འདིས་ཀྱང་སེམས་ཅན་ཀུན་མ་རིག་པའི་དྲི་མ་བསྲེག་ཅིང་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་གྱུར་ཅིག །མངྒ་ལཾ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་རུམ་བཏེག་པར་མ་ཡིན་ནོ།།

འཁོར་བ་དོང་སྤྲུགས།

གུ་རུའི་ཐུགས་དམ་འཁོར་བ་དོང་སྤྲུགས་ལས༔ སྒྲུབ་ཐབས་སྙིང་པོར་དྲིལ་བ་བཞུགས་སོ༔ གཏེར་གསར་འཁོར་བ་དོང་སྤྲུགས་བརྒྱུད་འདེབས་བཞུགས། སྣང་བ་མཐའ་ཡས་འཕགས་མཆོག་འཇིག་རྟེན་མགོན། །པདྨ་ཀཱ་ར་དབྱིངས་ཕྱུག་བདེ་ཆེན་རྒྱལ། །ཆོས་རྒྱལ་ཡབ་སྲས་ཐུགས་རྗེའི་གཏེར་རྣམས་ལ། །གསོལ་བ་འདེབས་སོ་འཁོར་བ་དོང་སྤྲུགས་ཤོག །སྙིགས་མའི་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་། །བརྒྱུད་པའི་བླ་མ་འཁོར་ལོའི་མགོན་པོ་དང་། །ཡི་དམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་འཁོར་བ་དོང་སྤྲུགས་ཤོག །རང་དོན་སྤྲོས་བྲལ་ཆོས་སྐུ་མངོན་གྱུར་ནས། །གཞན་དོན་ལྷུན་གྲུབ་གཟུགས་སྐུའི་ཕྲིན་ལས་ནི། །ནམ་མཁའ་ཇི་སྲིད་རྒྱུན་ཆད་མི་མངའ་བ། །སྤྱན་རས་གཟིགས་དབང་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་དགེ་སྦྱོང་ཀརྨ་ལྷ་དཔལ་གྱི་ཐུགས་བཞེད་ལྟར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ། ༁ྃ༔ རྷརྜཿགྷ༔ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ བདག་གཞན་འཁོར་བ་ལས་སྒྲོལ་ཕྱིར༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་ཕྲིན་ལས་གཅིག་བསྡུས་པ༔ དེ་བཞིན་གཤེགས་པ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུགས་སྒྲུབ་པའི་ཐབས༔ རྒྱུད་ལུང་མང་པོའི་དོན་བསྡུས་ཏེ༔ པདྨ་བདག་གིས་བཀོད་པར་བྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་སྐྱབས་སེམས་ཚོགས་བསགས་ནི༔ ཧཱུྃ༔ རང་རིག་རྩ་བ་གསུམ་གྱི་དངོས༔ མཆོག་གསུམ་འདུས་པ་ལྷག་པའི་ལྷ༔ འཁོར་བ་དོང་སྤྲུགས་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ མཆོད་ཅིང་སྡིག་པ་ཐམས་ཅད་བཤགས༔ ཡི་རང་བསྐུལ་ཞིང་མི་འདའ་གསོལ༔ དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ༀ་བཛྲ་ཨ་མྲྀ་ཏ་སོགས་བཟླ༔ དེ་ནས་མཆོད་པ་བྱིན་རླབས་ནི༔ རྃ་ཡྃ་ཁྃ༔ ༀ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྣང་སྲིད་ཀུན༔ མཆོད་པའི་ཕྱག་རྒྱ་ཆེན་པོར་གསལ༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་གྱུར༔ ༀ་བཛྲ་སྥ་ར་ཎ་ཁཾ༔ དངོས་གཞིའི་ཏིང་འཛིན་བསྒོམ་པ་ནི༔ ཧཱུྃ༔ སྣང་སྲིད་འཁོར་འདས་གདོད་ནས་སྟོང༔ ཀུན་ཁྱབ་སྙིང་རྗེ་འགྲོ་ལ་བསྒོམ༔ ཧྲཱིཿཡིག་དམར་པོའི་འཕྲོ་འདུ་ཡིས༔ སྣོད་བཅུད་ཐུགས་རྗེའི་ཞིང་དུ་གྱུར༔ དེ་དབུས་པདྨ་ཟླ་བའི་སྟེང་༔ རང་ཉིད་ཧྲཱིཿལས་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུགས་སྐུ་མདོག་དམར༔ ཁྱེའུ་དམར་པོའི་ངང་ཚུལ་ལ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ རལ་པའི་ཟུར་ཕུད་དར་གྱིས་བཅིངས༔ ཕྱག་གཡས་པདྨའི་ཕྲེང་བ་འདྲེན༔ གཡོན་པས་ཁྲུས་ཀྱི་བུམ་པ་འཛིན༔ དར་གྱི་ཨང་རག་མཛེས་པར་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འོད་ཕུང་འབར་བའི་ཀློང་དུ་གསལ༔ སྤྱི་བོར་རིགས་བདག་འོད་དཔག་མེད༔ དམར་གསལ་སྤྲུལ་སྐུའི་ཆ་ལུགས་ཅན༔ ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་ཕྱག་རྒྱས་ལྷུང་བཟེད་འཛིན༔ པདྨ་ཟླ་བའི་གདན་དུ་གསལ༔ བདག་གི་ཐུགས་ཀར་ཟླ་བའི་སྟེང་༔ ཧྲཱིཿམཐར་ཡི་གེ་དྲུག་པས་བསྐོར༔ ཡེ་ཤེས་ལྔ་ཡི་དབང་བསྐུར་ཞིང་༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ༀ་ཨཱཿཧཱུྃ༔ ཧྲཱི༔ ཤར་ཕྱོགས་པོ་ཊ་ལ་ཡི་ཞིང་༔ ངོ་མཚར་བཀོད་པ་ཁྱད་འཕགས་ནས༔ ཐུགས་རྗེ་ཆེན་པོ་སྤྱན་འདྲེན་གྱིས༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གསུང་གི་བྱིན་ཆེན་ཕོབ༔ ཡིད་ལ་ཐུགས་ཀྱི་ཡེ་ཤེས་སྤོར༔ དབང་མཆོག་མ་ལུས་བསྐུར་དུ་གསོལ༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོ༔ ཨཱཪྱ་ཨ་བ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་ནས༔ ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ༔ བྱིན་རླབས་ཐུགས་རྗེའི་གཏེར་ཆེན་པོ༔ འཁོར་བ་དོང་ནས་སྤྲུགས་མཛད་པ༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རྒྱལ་བ་ཀུན་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་ལས་སྒྲིབ་ཀུན་སྦྱངས་ཏེ༔ འཁོར་བ་དོང་ནས་སྤྲུགས་པར་བྱས༔ སྣང་སྲིད་ཐུགས་རྗེའི་ཞིང་དུ་གྱུར༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འཁོར་བ་དོང་སྤྲུགས་སྔགས་ཀྱང་བཟླ༔ ༀ་བི་པུ་ལ་གརྦྷེ་མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏ་དྷ་རི་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ་བི་མ་ལེ་སཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ གཞན་དོན་བུམ་པ་བསྒྲུབ་འདོད་ན༔ པདྨ་ཟླ་བའི་གདན་སྟེང་དུ༔ བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང་༔ བདུད་རྩིའི་དབུས་སུ་པད་ཟླ་ལ༔ ཧྲཱིཿལས་ཐུགས་རྗེ་ཆེན་པོའི་སྐུ༔ འཁོར་བ་དོང་སྤྲུགས་སྐུ་མདོག་དམར༔ ཕྱག་གཉིས་པད་ཕྲེང་བུམ་པ་འཛིན༔ དར་དང་མེ་ཏོག་རྒྱན་གྱིས་ཀླུབས༔ བཞེངས་སྟབས་སྤྱི་བོར་འོད་དཔག་མེད༔ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་ལས༔ སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ༔ སྐུ་ལས་བདུད་རྩིའི་རྒྱུན་བབ་པས༔ བུམ་པ་ཡོངས་སུ་གང་བར་གྱུར། ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་བཟླས༔ ཆུ་ཡི་ཟེག་མ་རེ་རེ་ཡང་༔ འཁོར་བ་དོང་སྤྲུགས་སྐུ་རུ་གསལ༔ གང་གི་ཁ་རུ་སོང་ཚད་རྣམས༔ འཁོར་བ་དོང་སྤྲུགས་མཐུ་ལྡན་བསམ༔ ཡིག་དྲུག་དོང་སྤྲུགས་སྔགས་ཀྱང་བཟླས༔ རྗེས་སུ་གཤེགས་བསྡུ་ཤིས་སྨོན་ནི༔ མཆོད་བསྟོད་ལ་སོགས་གོང་བཞིན་བྱ༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་པ༔ ཧཱུྃ་དང་ཕཊ་ཀྱི་བསྡུ་ལྡང་བྱ༔ ཧཱུྃ༔ ཐུགས་རྗེའི་ལྷ་ཚོགས་བསྒྲུབས་པའི་སོགས། བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་སོགས་ནས་བཀྲ་ཤིས་ཤོག༔ དེ་ལྟར་ཐུགས་རྗེའི་སྒྲུབ་ཐབས་འདི༔ གང་དང་འབྲེལ་ཚད་གྲོལ་བར་གྱུར༔ ཕྱི་རབས་རྣམས་ཀྱིས་ཉམས་སུ་ལོངས༔ བོད་ཡུལ་ཀུན་ལ་ཕན་པའི་ཆོས༔ ལས་ཅན་རྣམས་ཀྱིས་ཐུགས་ལ་ཞོག༔ ས་མ་ཡཿ རྒྱ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་མཁའ་འགྲོ་འབུམ་རྫོང་གི་དབུ་རྩེ་པདྨ་དབང་ཕུག་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའོ། ༈ །ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་བུམ་ཆོག་དང་འབྲེལ་བའི་བྱང་ཆོག་ཤིན་ཏུ་བསྡུས་པ་བཞུགས་སོ། །བླ་མ་དང་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་བུམ་ཆོག་དང་འབྲེལ་བའི་བྱང་སྲེག་བྱེད་པ་ལ་སྟེགས་བུ་ཁེབས་ལྡན་ལ་མེ་ཏོག་སིལ་མ་དགྲམ། མཎྜལ་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་བུམ་པ་བཅུད་ལྡན་ཆས་སྤྲས་བཤམས། གཞན་ཡང་གཏོར་མ། མཆོད་པ། མིང་བྱང་ཁེབས་ལྡན། ཟས་བསྔོ། བགེགས་གཏོར། མེ་ལོང། ཡུངས་དཀར། སྔགས་བྱེ། རྡོར་དྲིལ་རྣམས་འདུ་བྱ། དེ་བས་ཀྱང་བསྡུ་ན། རང་མདུན་བུམ་སྟེགས་ཀྱི་ཁར་བུམ་པ་བཤམས་པའི་མཐར་རྣམ་ལྔ་བཤམས་པ་ཙམ་གྱིས་འཐུས། དེའི་ཚེ་ཆོ་གའི་སྐབས་མཆོད་པ་འབུལ་སྔགས་རྣམ་ལྔ་ཁོ་ན་ལས་གཞན་དོར་བས་ཆོག་ཅིང་། གང་ལྟར་ནའང་ལས་བྱང་གཏེར་གཞུང་དཀྱུས་བཞིན་གཏོང་བའི་བུམ་བཟླས་བྱས་པའི་མཐར། མིང་བྱང་ལ་བསངས་ཆུ་འཐོར་ཞིང་། ༀ་བཛྲ་ཨ་མྲྀ་ཏ་སོགས། ༀ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མིང་བྱང་ནྲྀ་ལས་ཚེ་འདས་དངོས་སུ་གྱུར། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཚེ་འདས་ཀྱི་རྣམ་ཤེས་གང་དུ་གནས་ཀྱང་ནྲྀའི་རྣམ་པར་བཀུག་ནས་གཟུགས་ལ་ཐིམ་པར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་གི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་འཇིག་རྟེན་འདི་ནས་ཚེ་ཕ་རོལ་ཏུ་འདས་པའི་རྣམ་ཤེས་རིགས་དྲུག་དང་སྲིད་པ་བར་མ་དོ་གར་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ལན་གསུམ། བགེགས་སྦྱོང་བ་ནི། གཏོར་མ། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ༔ སརྦ་བིགྷྣན་ཨ་ཀཪྵ་ཡ་ཛ༔ སརྦ་བིགྷྣན་བཱ་ལིངྟ་ཁཱ་ཧི༔ ལན་གསུམ། ཧཱུྃ་ཧྲཱིཿ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ། སུམྦྷ་ནི་སོགས། ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ སྡིག་པ་སྦྱོང་བ་ནི། ཐལ་མོ་སྤྲད་བསྡམ་བྲལ་བས། ཚེ་འདས་ལུས་ཀྱི་གནས་དྲུག་ཏུ༔ རིག་དྲུག་ས་བོན་དྲུག་བཀོད་དེ༔ བདག་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཕྱག་སོར་རིགས་ལྔ་ཡབ་ཡུམ་གྱུར༔ ༀ་ཧཱུྃ་ཏྲྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ༀ་སུ་ར་སྟྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བནྡྷ་བཾ༔ དེ་དག་རྣམས་ཀྱི་སྦྱོར་མཚམས་ནས༔ ཡེ་ཤེས་འོད་ཟེར་འཕྲོས་པ་ཡིས༔ རིག་དྲུག་ས་བོན་བསྲེག་པར་གྱུར༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སྔགས་བྱེ་དང་ཡུངས་དཀར་བརྡེབ་ཅིང་། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ༀ་མ་ཐ་མ་ཐ་སརྦ་ཏིཪྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ༀ་ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ༀ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ༀ་བྷྲྀ་ཏ་བྷྲྀ་ཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ མེ་ལོང་ངོགས་སུ་བུམ་པས་ཁྲུས་བྱ་ལ། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འཁོར་བ་དོང་སྤྲུགས་ལྷ་ཚོགས་བཞུགས༔ ཆུ་ནི་ཕར་ཕྱིན་རང་བཞིན་ཏེ༔ ཉོན་དྲུག་དྲི་མ་རྣམ་པར་སྦྱོངས༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ༀ་བི་པུ་ལ་གརྦྷེ་མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏ་དྷ་རི་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ་བི་མ་ལེ་སཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ བྱང་ཕྱག་འཚལ། སངས་རྒྱས་ཐམས་ཅད་བསྡུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ༔ བྱིན་རླབས་ཐུགས་རྗེའི་གཏེར་ཆེན་པོ༔ འཁོར་བ་དོང་ནས་སྤྲུགས་མཛད་པའི༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ༔ ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་རྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ འཁོར་བ་ངན་སོང་འཇིགས་ལས་སྒྲོལ༔ ཐར་པའི་གནས་སུ་དྲང་དུ་གསོལ༔ ཚེ་འདས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གྱུར། ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང་༔ ནང་དུ་ཐུགས་རྗེའི་ལྷ་ཚོགས་བཞུགས༔ ཆུ་ནི་ཡེ་ཤེས་བདུད་རྩིར་གྱུར༔ འཁོར་བ་དོང་ནས་སྤྲུགས་བྱའི་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ༀ་ཨཱཿཧཱུྃ་ཧྲཱི༔ ཞེས་དབང་བསྐུར། བཟའ་བཏུང་རྣམས་ཆུས་བྲན་ལ། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ༔ ཡིག་དྲུག་བཟླ་ཞིང་ཟས་བསྔོ་སྲེག་ལ། ༀ༔ ཐམས་ཅད་ནམ་མཁའི་མཛོད་བཞིན་ཏུ༔ ཟད་པ་མེད་པའི་ལོངས་སྤྱོད་ནི༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ༀ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤཪྴེ་ཨཱཿཧཱུྃ༔ ཞེས་བསྔོ། ལམ་སྦྱོང་བསྟན་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཁོར་བའི་གནས་རིགས་གར་སྐྱེས་ཀྱང་༔ སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན༔ དེ་ལ་མ་ཆགས་མ་ཞེན་པར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཆོས་ཉིད་བདེན་པ་དྲན་པར་གྱིས༔ ལམ་ལྔ་རང་བཞིན་མེད་པ་སྟེ༔ སྒྱུ་མ་ལྟ་བུའི་ངང་དུ་རྫོགས༔ འོད་གསལ་སྙིང་པོ་ཡིད་ཀྱི་ལུས༔ པདྨོ་བཀོད་པའི་ཞིང་དུ་སོང་༔ སྣང་བ་མཐའ་ཡས་ཡེ་ཤེས་དང་༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ རྣམ་ཤེས་ཨ་ཡི་རྣམ་པ་ནི༔ འོད་དཔག་མེད་ཀྱི་ཐུགས་ཀར་འཕོ༔ སྙིགས་མ་ཡེ་ཤེས་མེ་ལྕེ་ཡིས༔ གཏིང་གསལ་ཀ་དག་དབྱིངས་སུ་སྦྱང་༔ ཡིག་དྲུག་གཟུང་སྔགས་བཟླས་ཤིང་བྱང་བུ་བསྲེག །དམིགས་མེད་ངང་དུ་བཞག་ལ། ཐལ་བ་འཇིམ་པ་ལ་བསྲེས་ནས་སཱཙྪ་གདབ་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་ཤིང་། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཡང་གདབ་བོ། དགེ་བ་བླ་མེད་བསྔོ་བས་རྒྱས་གདབ་ལ། ༀ་ཨཱཿཧཱུྃ། ལན་གསུམ། ༀ་ཨཱཪྱ་ཨ་བ་ལོ་ཀེ་ཤྭ་ར་ས་པ་རི་ཝ་ར་ཨརྒྷཾ་སོགས། ཧཱུྃ་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ༔ བྱིན་རླབས་ཐུགས་རྗེའི་གཏེར་ཆེན་པོ༔ འཁོར་བ་དོང་ནས་སྤྲུགས་མཛད་པའི༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱ་བརྗོད། ཡེ་ཤེས་པ་བཛྲ་མུ༔ དམ་ཚིག་པ་བདག་ལ་ཐིམ༔ ཧཱུྃ༔ བདག་ཉིད་ལྷར་སྣང་བ་འོད་གསལ་གྱི་ངང་དུ་ཐིམ། ཕཊ༔ སླར་ཡང་ཐུགས་རྗེ་ཆེན་པོའི་སྐུ་གསལ་བར་གྱུར། ཧཱུྃ༔ ཐུགས་རྗེའི་ལྷ་ཚོགས་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ འཁོར་བ་དོང་ནས་སྤྲུགས་པ་དང་༔ ཐུགས་རྗེ་ཆེན་པོའི་སྐུ་ཐོབ་ཤོག༔ བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མའི་ཚོགས༔ ཐུགས་རྗེའི་ཆར་འབེབས་ཡི་དམ་སྤྱན་རས་གཟིགས༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ འདི་ཡང་ཉེར་མཁོའི་ཕྱིར་དུ་མཆོག་གྱུར་གླིང་པས་རི་བོ་ཆེར་བསྐྱོད་སྐབས་ངོམ་ཆུ་ཁ་ནས་བྲིས་པ་འབྲེལ་ཚད་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མིང་བྱང་སྐབས་སུ་དབང་རྒྱས་པར་བསྐུར་ཀྱང་རུང་། མ་བསྐུར་ཀྱང་རུང་ཆད་པའི་སྐྱོན་མེད། བུམ་དབང་ཁོ་ནས་འཐུས། རིགས་དྲུག་གནས་འདྲེན་སྐབས་སུ། སྨིན་མཚམས་སུ་ཨ། ལྟག་པར་སུ། སྙིང་ཁར་ནྲྀ། ལྟེ་བར་ཏྲི། གསང་བར་པྲེ། རྐང་མཐིལ་དུ་གཉིས་བཅས་རིགས་དྲུག་གིས་ས་བོན་མཆན།།

ཞིང་སྒྲུབ་གསོལ་འདེབས།

བདེ་ཆེན་ཞིང་སྒྲུབ་ཀྱི་གསོལ་འདེབས་བཞུགས་སོ། །ན་མོ་ཨ་མི་ཏ་བྷ་ཡེ། ནུབ་ཕྱོགས་བདེ་ལྡན་པདྨ་བཀོད་ཞིང་གཙོ། །འཆི་མེད་བཅོམ་ལྡན་འོད་སྣང་མཐའ་ཡས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས། །བྱང་སེམས་ཉན་རང་དགྲ་བཅོམ་འཁོར་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། སངས་རྒྱས་གཉིས་པ་མཚོ་སྐྱེས་པདྨ་འབྱུང་། །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ། །རྩ་བརྒྱུད་དཔལ་ལྡན་བླ་མ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ཞི་དང་ཁྲོ་བོས་སྤྲུལ་བསྒྱུར་སྣ་ཚོགས་པར། །སྟོན་མཛད་ཡི་དམ་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །མ་མགོན་ལྕམ་དྲལ་སེང་གདོང་ཡབ་ཡུབ་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྒྲིབ་གཉིས་ནད་གདོན་བར་ཆད་ཞི་བ་དང་། །ཚེ་དཔལ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས། །འོད་དཔག་མེད་མགོན་དབྱེར་མེད་སངས་རྒྱས་ཤོག །ཅེས་གནམ་ཆོས་འོད་ཆོག་གི་བརྒྱུད་པའི་གསོལ་འདེབས་ཉུང་བསྡུས་འདིའང་དགེ་སློང་ཀརྨ་ཆོས་ལྡན་གྱིས་བསྐུལ་ངོར། ༧ཀརྨ་པ་བཅུ་བཞི་པས་གང་ཤར་འཕྲལ་དུ་བྲིས་པ་དགེ་བར་གྱུར་ཅིག །སརྦ་མངྒལཾ།། ༈ །།འདི་ཡི་མ་དཔེ་རུམ་བཏེག་པར་མ་ཡིན་ནོ།།

ཞིང་སྒྲུབ་སྔོན་འགྲོ།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་གུ་རུ་ཞི་བའི་སྐོར་ལས་རྩ་གསུམ་སྤྱི་ཡི་སྔོན་འགྲོ་བཞུགས༔ ༁ྃ༔ མདྷ།ལ༔ གུ་རུ་དྷེ་ཝ་ཌཱཀྐི་ཧཱུྃ༔ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། བདག་ཉིད་སྤྱན་རས་གཟིགས་གསལ་བའི༔ ཐུགས་ཀའི་འོད་ཀྱི་འཕྲོ་འདུ་ལས༔ ཕྱོགས་སྐྱོང་གཞི་བདག་འབྱུང་པོའི་ཚོགས༔ སྤྱན་དྲངས་མདུན་དུ་འཁོད་པར་གྱུར༔ རིན་ཆེན་སྣོད་དུ་གཏོར་མ་ནི༔ བདུད་རྩིར་གྱུར་ཅིག་ༀ་ཨཱཿཧཱུྃ༔ གཉུག་གནས་གློ་བུར་ལྷག་པ་ཡི༔ གནས་བདག་གཞི་བདག་འབྱུང་པོའི་ཚོགས༔ འདིར་འདུས་མཆོད་སྦྱིན་གཏོར་མ་བཞེས༔ གནས་འདིར་གསང་སྔགས་སྒྲུབ་པ་ལ༔ རུ་ང་ཕྲག་དོག་མ་བྱེད་པར༔ དཀར་ཕྱོགས་སྡོང་གྲོགས་མཐུན་རྐྱེན་སྒྲུབས༔ ནག་ཕྱོགས་བགེགས་རིགས་གཞན་དུ་དེངས༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ ཡེ་ཤེས་ཁྲོ་བོས་བརླག་པར་འགྱུར༔ དེ་བས་བསྒོ་བའི་བཀའ་ལ་ཉོན༔ ༀ་སརྦ་ལོ་ཀ་པཱ་ལ་བ་ལིང་ཏ་ཁཱ་ཧི་ཁཱ་ཧི༔ སརྦ་བིགྷ་ནན་གཙྪ་གཙྪ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུཧྱ༔ རྒ་བམརྷ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ཆུ་སྟོད་ཟླ་བའི་ཚེས་གསུམ་ལ་བློ་ལྡན་མཆོག་སྲེད་ཀྱིས་དངོས་སུ་གསུངས་སོ༔ སྐུ་ལས་མེ་དཔུང་ཁྲོ་ཚོགས་འཕྲོས༔ གདོན་བགེགས་ཐམས་ཅད་ཚར་བཅད་ནས༔ ཕྱི་རོལ་རྡོ་རྗེའི་གུར་ཁང་ལ༔ ཡེ་ཤེས་ལྔ་ལྡན་མེ་དཔུང་འབར༔ བཛྲ་རཀྵ་བྷྲཱུྃ༔ ༈ ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ཆ༽པའི་ནང་བཞུགས་སོ། །སརྦ་མངྒ་ལཾ།། །།

བདེ་ཆེན་ཞིང་སྒྲུབ་ཀྱི་ཆོ་ག

གནམ་ཆོས་ཐུགས་ཀྱི་གཏེར་ཁ་བསྙན་བརྒྱུད་ཟབ་མོའི་སྐོར་ལས་བདེ་ཆེན་ཞིང་གི་སྒྲུབ་ཐབས་འདོན་ཆའོ། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ འོད་དཔག་མེད་པ་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ མེ་ཏོག་ཆུ་སྐྱེས་པདྨའི་སྟེང་༔ དེ་ནང་རང་ཉིད་སེམས་དཔའ་དཀར༔ མདུན་དུ་པདྨ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་འཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་སྤྱན་དྲངས་གྱུར༔ ཧཱུྃ༔ འོད་དཔག་མེད་ཀྱི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ༔ འོད་དཔག་མེད་ཀྱི་ལྷ་ཚོགས་བཞུགས་སུ་གསོལ༔ ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་མཐའ་མཉམ་བཞག་མཛད་ལ་ཕྱག་འཚལ་ལོ༔ ༀ་ཨ་མི་དྷེ་ཝ་ཧྲཱི༔ བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རྒྱལ་བ་རིགས་ལྔ་སྤྱན་དྲངས་ནས༔ དབང་བསྐུར་ཚེ་དཔག་དབུ་བརྒྱན་གྱུར༔ ཧཱུྃ༔ བདག་གིས་དྲི་ལྡན་དྲི་ཆབ་ཀྱིས༔ འོད་དཔག་སྐུ་ལ་ཁྲུས་གསོལ་ལོ༔ ལྷ་ལ་དྲི་མ་མི་མངའ་ཡང་༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ རས་དཀར་འཇམ་དྲི་ལྡན་པ་ཡིས༔ འོད་དཔག་སྐུ་ཉིད་ཕྱི་བར་བགྱི༔ སྐུ་ལ་དྲི་མ་མི་མངའ་ཡང་༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ ན་བཟའ་མཛེས་ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་ལ་གསོལ་བར་བགྱི༔ སྐུ་ལ་བསིལ་བ་མི་མངའ་ཡང་༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ རིན་ཆེན་རྒྱན་ཆ་མཛེས་པ་འདི༔ རྒྱལ་སྲས་གཉིས་ཀྱི་སྐུ་ལ་གསོལ༔ སྐུ་ལ་རྒྱན་གསོལ་མི་མངའ་ཡང་༔ གཟི་བརྗིད་ཆེ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ ཡན་ལག་བརྒྱད་ལྡན་ཞལ་བསིལ་འདི༔ རྒྱལ་བ་སྲས་བཅས་ཞལ་དུ་འབུལ༔ ཞལ་ལ་སྐྱེམས་པ་མི་མངའ་ཡང་༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ འོད་དཔག་ཞབས་དྲི་དག་བྱའི་ཕྱིར༔ ཞབས་བསིལ་དྲི་ལྡན་འདི་འབུལ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་ཞབས་བསིལ་སེར་མོར་བསྐྱེད༔ ཞབས་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྤྱན་གཟིགས་དགྱེས་པའི་ཕྱིར༔ མེ་ཏོག་མཛེས་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་པུཥྤེ་དཀར་མོར་བསྐྱེད༔ སྤྱན་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་ཤངས་མཆོག་དགྱེས་པའི་ཕྱིར༔ དྲི་ཞིམ་བདུག་སྤོས་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་དྷཱུ་པེ་སྔོན་མོར་བསྐྱེད༔ ཤངས་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་ཕྱག་མཆོག་དགྱེས་པའི་ཕྱིར༔ མར་མེ་གསལ་བ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་དྷཱི་པཾ་དམར་མོར་བསྐྱེད༔ ཕྱག་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྐུ་ལུས་བཀྲག་རྒྱས་ཕྱིར༔ དྲི་ཆབ་དྲི་ལྡན་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་གནྡྷེ་ལྗང་མོར་བསྐྱེད༔ སྐུ་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྐུ་བཀྲག་འདོན་པའི་ཕྱིར༔ ཞལ་ཟས་རོ་མཆོག་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་ནཻ་ཝིདྱ་སེར་མོར་བསྐྱེད༔ ལྗགས་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྙན་མཆོག་དགྱེས་པའི་ཕྱིར༔ རོལ་མོ་སྙན་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་ཤཔྡ་སེར་མོར་བསྐྱེད༔ སྙན་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ ཚེ་དཔག་སྐུ་ཉིད་དགྱེས་པའི་ཕྱིར༔ རིག་མ་རྒྱན་ལྡན་འདི་འབུལ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་རིག་མ་མཛེས་པར་བསྐྱེད༔ སྐུ་ལ་མཆོད་པ་འབུལ་བར་བགྱི༔ ༀ་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ་མུ་དྲ་ཨཱཿཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྫས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་ཡུངས་ཀར་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ མངྒ་ལཾ་ཨརྠ་སིདྡྷི་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྟགས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་བུམ་པ་སོགསཿ བདག་གིས་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ མངྒ་ལཾ་ཀུམྦྷ་ཧཱུྃ༔ ཧཱུྃ༔ འདོད་ཡོན་རྩ་བ་རིན་ཆེན་བདུན༔ གཙོ་མཆོག་རྒྱལ་པོ་ནོར་བུ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ནི་ཚོགས་གཉིས་རྫོགས་པར་ཤོག༔ ༀ་མ་ཎི་རཏྣ་ཧཱུྃཿ ཧཱུྃ༔ ཀུན་གྱི་གཙོ་བོ་རི་རབ་གླིང་༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ ༀ་རཏྣ་མཎྜལ་ཧཱུྃ༔ ཧཱུྃ༔ བདག་གིས་སྐྱབས་གནས་ཚེ་དཔག་ལ༔ བདུད་རྩིའི་མཆོད་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་བདུད་རྩིའི་ལྷ་མོར་བསྐྱེད༔ ཚེ་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལཿ ཧཱུྃ༔ བདག་གིས་སྐྱབས་གནས་འོད་དཔག་ལ༔ གཏོར་མའི་མཆོད་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་འདོད་ཡོན་ལྷ་མོར་བསྐྱེད༔ འོད་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ བདག་གིས་སྐྱབས་གནས་འོད་དཔག་ལ༔ རཀྟའི་མཆོད་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་མཆོད་པའི་ལྷ་མོར་བསྐྱེད༔ འོད་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ༀ་བཛྲ་པཉྩ་ཨ་མྲྀ་ཏ་བ་ལིང་ཏ་རཀྟ་ཁ་རཾ་ཁཱ་ཧི༔ ༀ༔ རྡོ་རྗེའི་སྐུ་ནི་སྐུ་ཡི་མཆོག༔ ཚངས་དང་བརྒྱ་བྱིན་འགྲན་དུ་མེད༔ ནམ་མཁའ་ལྟ་བུའི་སྐུ་མངའ་བའི༔ ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱཿ རྡོ་རྗེའི་གསུང་ནི་གསུང་གི་མཆོག༔ ཆེ་བ་འབྲུག་གིས་དོ་ཟླ་མེད༔ སྙན་པ་གླུ་མས་དོ་ཟླ་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་པ་ཡི༔ ལོངས་སྤྱོད་རྫོགས་སྐུར་ཕྱག་འཚལ་བསྟོད༔ ཧཱུྃ༔ རྡོ་རྗེའི་ཐུགས་ནི་ཐུགས་ཀྱི་མཆོག༔ འགྲོ་བའི་དོན་ལ་ངེས་པར་གཟིགས༔ ཚངས་པ་བརྒྱ་བྱིན་ཐུགས་ཀྱིས་ཀྱང་༔ དོ་ཟླ་མེད་པའི་བཀའ་དྲིན་ཅན༔ སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ༀ༔ བདག་ནི་མ་རིག་དབང་གྱུར་པས༔ འོད་དཔག་ཐུགས་དང་གང་འགལ་བ༔ བཤགས་བགྱི་བཛྲ་སཏྭ་ཧཱུྃཿ ༀ༔ སྐུ་ཡི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱཿ གསུང་གི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་ཐུགས་ལ་ཕྱག་འཚལ་བསྟོད༔ ༀ་ཧྲཱིཿསྭཱ་ཧཱ༔ བཛྲ་སཏྭ་ༀ༔ བཛྲ་སཏྭ་ཨཱ༔ བཛྲ་སཏྭ་ཧཱུྃ༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ་ལ་སོགས༔ སངས་རྒྱས་བྱང་སེམས་དཔག་མེད་ཐམས་ཅད་ལ༔ རྩེ་གཅིག་གུས་པའི་སེམས་ཀྱིས་གསོལ་བ་འདེབས༔ བདག་ལ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ སྣང་བ་མཐའ་ཡས་འགྲུབ་པར་བྱིན་གྱིས་རློབས༔ དེ་ནས་རྩ་སྔགས་འབྲིང་པོ་ནི༔ ༀ་ཨ་མི་དྷེ་ཝ་ཧྲཱི༔ བསྡུས་པ༔ ༀ་ཧྲཱིཿསྭཱ་ཧཱ༔ ཡང་བསྡུས་ཧྲཱིཿ བསྒྲང་ཆོག་པ་ཡིན༔ དེ་ནས་ཚེ་འགུགས་ཚེ་སྒྲུབ་ནི༔ ཧཱུྃ༔ བཅོམ་ལྡན་འོད་དཔག་མེད་མགོན་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ སྤྲུལ་པའི་ལྷ་མོ་མགྱོགས་མ་ལྔས༔ ཚེ་བུམ་འཛིན་ཅིང་མདའ་དར་གཡབ༔ འབྱུང་བའི་བཅུད་བསྡུས་ལྷུང་བཟེད་ཐིམ༔ ལྷུང་བཟེད་ཚེ་ཡི་བདུད་རྩིས་གང་༔ དེ་ནས་རང་ལ་ཐིམ་པར་གྱུར༔ ཧཱུྃ༔ མདའ་དར་ཤར་དུ་གཡུག་པའི་ཚེ༔ རླུང་གི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་ལྗང་གུ་འོད་དུ་འབར༔ དེ་དབུས་རླུང་གི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་ལྗང་༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ ལྗང་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་ལྷོ་རུ་གཡུག་པའི་ཚེ༔ མེ་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་མཚོན་དམར་པོ་འོད་དུ་འབར༔ དེ་དབུས་མེ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དམར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དམར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་ནུབ་ཏུ་གཡུག་པའི་ཚེ༔ ལྕགས་ཀྱི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་དཀར་པོ་འོད་དུ་འབར༔ དེ་དབུས་ལྕགས་ཀྱི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དཀར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དཀར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་བྱང་དུ་གཡུག་པའི་ཚེ༔ ཆུ་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་སྔོན་པོ་འོད་དུ་འབར༔ དེ་དབུས་ཆུ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་སྔོ༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ སྔོ་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་སྟེང་དུ་གཡུག་པའི་ཚེ༔ ས་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་སེར་པོ་འོད་དུ་འབར༔ དེ་དབུས་ས་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་སེར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ སེར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཀྲག་འདུས་ལ༔ བདག་གི་བཀྲག་མདངས་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་ཚེ་སྡུས་ལ༔ བདག་གི་ཚེ་འདི་བརྟན་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཅུད་སྡུས་ལ༔ བདག་གི་ཚེ་བཅུད་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔའི༔ འབྱུང་བ་ལྔ་ཡི་འོད་སྡུས་ལ༔ བདག་གི་འོད་ནི་རྒྱས་པར་མཛོད༔ ཏདྱ་ཐཱ༔ ཌཱ་ཀི་ནཱི་ཧ་རི་ནི་ས༔ མ་མ་ཨཱ་ཡུཿ སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨེ་མ་ཧོ༔ རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་དང་། ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ་དང་ནི༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་རྣམས་ལ༔ བདག་གིས་གུས་པའི་སེམས་ཀྱིས་ཕྱག་འཚལ་བསྟོད༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ དེ་ནས་རྩ་སྔགས་རྒྱས་པ་ནི༔ ༀ་ཨཱཿཧཱུྃ་ཨ་མིདྷེ་ཝ་ཨཱ་ཡུ༔ སིདྡྷི་ཧཱུྃ༔ ༀ་བྷྲཱུྃ་སྭཱ་ཧཱ༔ བྷྲཱུྃ་གཉིས་ནི་གང་འདོད་གཅིག་ནི་བཟླས་པས་ཆོག༔ དེ་ནས་མདུན་གྱི་བཅོམ་ལྡན་འདས༔ འོད་དུ་ཞུ་ནས་རང་ལ་ཐིམ༔ རང་ལུས་ནམ་མཁའི་འཇའ་ཚོན་ལྟར༔ བཅོམ་ལྡན་འདས་ཀྱི་སྐུར་སྣང་བ༔ གསལ་སྟོང་ཟུང་དུ་འཇུག་པར་གྱུར༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩ་དྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ༔ བདེ་ཆེན་ཞིང་སྒྲུབ་འདོན་ཆ་འདི། །གཏེར་བློན་རཱ་ག་ཨ་སྱེ་ཡིས། །གཏེར་སྟོན་དགོངས་པ་རྫོགས་པའི་ཕྱིར། །གནམ་ཆོས་གཞུང་ནས་བཏུས་ཏེ་བསྒྲིགས། །ཉེ་གནས་ཀུན་དགས་ཡི་གེར་བཀོད། །ཉེས་འགལ་མཆིས་ན་ལྷ་ལ་བཤགས། །དགེ་བས་འབྲེལ་ཐོགས་འགྲོ་བ་ཀུན། །བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོ། །མངྒ་ལཾ།། ༈ །།སྨོན་ལམ་སོགས་ཇི་ཙམ་བཏོན་ན་རྗེས་སུ། ཐལ་མོ་སྦྱར་ལ༔ ༀ་འགྲུབ་པར་གྱུར་ཅིག་རྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ༔ ཚངས་པའི་གསུང་ནི་སྐྱེ་མེད་རྟག་པ་རྡོ་རྗེའི་གསུང་༔ སྤྲོས་བྲལ་ཐུགས་ནི་དུས་གསུམ་འགྱུར་མེད་རྡོ་རྗེའི་ཐུགས༔ འཆི་མེད་སྐུ་གསུང་ཐུགས་དང་ཡང་དག་ལྡན་པ་ཡི༔ རྔ་སྒྲའི་རྒྱལ་བ་རྒྱལ་པོ་འདྲེན་པ་འོད་དཔག་མེད༔ སྐུ་གསུང་ཐུགས་དང་ཡོན་ཕྲིན་ལས་འགྲུབ་གྱུར་ཏེ༔ བདག་ཅག་ཚེ་དང་བསྒྲུབས་པ་མཐར་ཕྱིན་ནས༔ རླབས་ཆེན་འགྲོ་བའི་དོན་ལ་སྤྱོད་པར་ཤོག༔ ཞེས་ལན་གསུམ་བརྗོད་པར་བྱ་སྟེ་རྡོ་རྗེའི་ཚིག་གོ །དེ་ནས་བཟོད་གསོལ། མ་འབྱོར་པ་དང་སོགས་ཡིག་བརྒྱ་བརྗོད་ནས་གཞུང་གི །དེ་ནས་མདུན་གྱི་སོགས་བསྡུ་རིམ་དང་། ཤིས་བརྗོད་དགེ་བསྔོ་སོགས་བྱའོ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ཆ༽པའི་ནང་བཞུགས་སོ། །སརྦ་མངྒ་ལཾ།། །།

རྫས་བརྒྱད།

ཧཱུྃ༔ བཀྲ་ཤིས་གཙོ་བོ་རྫས་བརྒྱད་ནི༔ ཡུངས་ཀར་དུར་བ་བིལ་བ་དང་༔ གྷི་ཝང་ལི་ཁྲི་ཞོ་མཆོག་དང་༔ མེ་ལོང་རྣམ་དག་དུང་དཀར་སོགས༔ བདག་གི་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ ཨཥྚ་མངྒ་ལཾ་དྲ་བྱ་སྭཱ་ཧཱ། ཧཱུྃ༔ བཀྲ་ཤིས་གཙོ་བོ་རྟགས་བརྒྱད་ནི༔ རིན་ཆེན་གདུགས་དང་གསེར་ཉ་དང་༔ གཏེར་ཆེན་བུམ་པ་པདྨ་བཟང་༔ དུང་དཀར་གཡས་ཁྱིལ་དཔལ་བེའུ༔ མཆོག་གི་རྒྱལ་མཚན་འཁོར་ལོ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ ཨཥྚ་མངྒ་ལཾ་ཧེ་ཏུ་སྭཱ་ཧཱ༔ ཧཱུྃ༔ འདོད་ཡོན་རྩ་བ་རིན་ཆེན་བདུན༔ འཁོར་ལོའི་ཡིད་བཞིན་ནོར་བུ་དང་༔ རབ་མཛེས་བཙུན་མོ་མི་བདག་དང་༔ དཔལ་གྱི་གླང་པོ་ཅང་ཤེས་རྟ༔ དམག་དཔོན་ལ་སོགས་རིན་ཆེན་བདུན༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ནི་ཚོགས་གཉིས་རྫོགས་པར་ཤོག༔ ༀ་སཔྟ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ༔ སརྦ་མངྒཾ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ཆ༽པའི་ནང་བཞུགས་སོ།།

ཞིང་སྒྲུབ་ལྷན་ཐབས།

ཞིང་སྒྲུབ་ཟིན་བྲིས་ཀྱི་ལྷན་ཐབས་ཉུང་བསྡུས་བཞུགས་སོ། །ན་མོ་ཨ་མི་ཏ་བྷ་ཡ༔ ཞིང་སྒྲུབ་བསྙེན་པ་སོགས་ཀྱི་སྟ་གོན་རྒྱས་འབྲིང་བསྡུས་གསུམ་སོགས་ནི་ཟིན་བྲིས་ལྟར་ལ། རང་གཞན་གཤིན་དོན་སྟ་གོན་རྒྱས་འབྲིང་བསྡུས་གསུམ་ལ། རྒྱས་པ་ནི་ཞིང་བཀོད་ཞལ་ཐང་བཤམས་པའི་མདུན། མཆོད་སྟེགས་སྟེང་དུ་འབྲུའི་ཚོམ་བུ་འདབ་བརྒྱད་ཀྱི་དབུས་སུ་སྐུ་གཟུགས་བཞག །གཡས་སུ་རྣམ་རྒྱལ་བུམ་པ་རྫས་ལྡན་ཁ་རྒྱན་གང་འཛོམ། གཡོན་དུ་ལས་བུམ། མདུན་དུ་ཟླུམ་གཏོར་རྒྱན་ལྡན། དེའི་མདུན་སྨན་རག་གཏོར་གསུམ་དང་ཞིང་སྐྱོང་གཏོར་མ། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་འབུར་མའམ་ནི་ཙཀ་ལི། ཉེར་སྤྱོད་གོང་ནས་ཕྲེད་བཀྲམ་མམ་བཙུགས་པ་གང་བདེ་མཛེས་པར་བརྒྱན། དེ་མཐར་མཆོད་པ་སྣ་བདུན་བཤམ༔ ༈ འབྲིང་པོ་ཟླུམ་གཏོར་རྩེ་ལ་འོད་དཔག་ཙཀ་ལི་བཙུག །བུམ་པ་གཉིས་དང་སྨན་རག་གཏོར་གསུམ། མཆོད་པ་སྣ་བདུན་བཤམས་པས་འཐུས། ༈ བསྡུས་པ་མདུན་བསྐྱེད་རྟེན་རིན་པོ་ཆེའི་སྣོད་འབྲུས་བཀང་སྟེ་རྡོ་རྗེ་བཞག །བུམ་པ་གཏོར་མ་གང་འཛོམ་བཤམ། ཐོག་མར་སྔོན་འགྲོ་ནི་ཅོག་རྡོག་བཤམ་ལ། རིན་ཆེན་སྣོད་དུ་སོགས་ཁཱ་ཧི་གསུམ་ནས་གཙྪ་གཙྪ་ཡིས་ཕྱི་རོལ་དོར། ན་མོ་དཀོན་མཆོག་གསུམ་སོགས་འོད་དཔག་ལས་བྱང་ཚང་བར་འདོན་ནས། རང་ཉིད་སེམས་དཔའ་འཇིག་རྟེན་དབང་ཕྱུག་དཀར། །ཞལ་གཅིག་ཕྱག་བཞི་དང་པོ་ཐལ་སྦྱར་དང་། །འོག་མས་ཤེལ་ཕྲེང་དང་ནི་པད་དཀར་འཛིན། །ཐོར་ཚུགས་དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །སྐུ་སྨད་པདྨའི་ནང་ནུབ་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་མདུན་དུ་བསྐྱེད་པ་ལྟ་བུ་ཡི། །འོད་དཔག་མེད་པ་གཙོ་འཁོར་གསུམ་པོ་དང་། །བདེ་ཆེན་ཞིང་བཀོད་ཡོངས་སུ་རྫོགས་པར་གསལ། །གཙོ་བོའི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར། །ཨ་མི་དྷེ་ཝའི་སྔགས་འཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ། །མཛོད་སྤུ་ནས་ཐོན་ནམ་མཁའ་ཁྱབ་པར་འཕྲོས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། །རྒྱལ་བའི་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །འགྲོ་བ་སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས། །བདེ་བ་ཅན་དུ་སྐྱེ་བའི་སྐལ་ལྡན་གྱུར། །ཡུལ་ཕྱོགས་ཕྱི་སྣོད་བདེ་ཆེན་ཞིང་དུ་གྱུར། །ནང་བཅུད་སེམས་ཅན་འོད་དཔག་མེད་པའི་སྐུ། །ཡབ་ཡུམ་སྲས་དང་སེམས་དཔའ་སེམས་མ་དང་། །སངས་རྒྱས་བྱང་སེམས་འཕགས་པའི་དགེ་འདུན་གྱུར། །སྔགས་སྒྲ་སྒྲོགས་པས་འཁོར་བ་དོང་ནས་སྤྲུགས། །གཟུགས་ཅན་གཟུགས་མེད་སེམས་ཅན་ཐམས་ཅད་ཀུན། །འོད་དཔག་མེད་པའི་གོ་འཕང་ཐོབ་པར་གྱུར། །ༀ་ཨ་མི་དྷེ་ཝ་ཧྲཱིཿ བརྒྱའམ་ཅི་མང་བཟླའོ། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་ལས། །ཧྲཱིཿཡིག་དམར་པོ་བྱེ་རུའི་ཕྲེང་བ་ལྟར། །ཞལ་ནས་ཐོན་ཅིང་མདུན་བསྐྱེད་ཞལ་དུ་ཞུགས། །ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་ཐུགས་རྒྱུད་བསྐུལ། །དེ་ལས་ཧྲཱིཿཡིག་དམར་པོའི་ཕྲེང་བ་བྱོན། །ལྟེ་བ་ནས་ཐོན་རང་གི་ལྟེ་བར་ཐིམ། །ཐུགས་ཀར་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བ་ལས། །བར་དུ་འཁོར་ཚེ་འོད་ཟེར་སྣ་ཚོགས་པ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་འཕྲོས། །སངས་རྒྱས་འོད་དཔག་མེད་པའི་སྐུ་ལ་ཐིམ། །སྐུ་གསུང་ཐུགས་རྒྱུད་མཉེས་པའི་མཆོད་པ་འབུལ། །སྐུ་ལས་འོད་དཔག་མེད་པའི་སྐུ་ཆེ་ཕྲ། །གསུང་ལས་སྔགས་ཕྲེང་ཧྲཱིཿཡིག་དམར་པོ་དང་། །ཐུགས་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ། །ཁ་བ་བུ་ཡུག་འཚུབས་པ་བ ཞིན་དུ་བྱོན། །བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་གྱུར། །ཧྲཱིཿ བརྒྱ་རྩའམ་ཅི་མང་བཟླའོ། །དེ་ནས་བདག་མདུན་བུམ་པ་གཉིས་ལ། མདུན་བསྐྱེད་བུམ་བསྐྱེད་ཐུགས་ཀ་རུ། །ཟླ་སྟེང་ཧྲཱིཿདམར་གཟུངས་ཀྱིས་བསྐོར། །རང་གི་ཐུགས་ཀའི་སྔགས་ཕྲེང་འཕྲོས། །མདུན་བསྐྱེད་ཞལ་ཞུགས་ཐུགས་རྒྱུད་བསྐུལ། །གཟུངས་སྔགས་གཡས་སུ་འཁོར་བ་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ སྦྱིན་བདག་ཐོག་དྲངས་འགྲོ་ཀུན་གྱི༔ སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ བུམ་ལྷའི་སྐུ་ལས་བདུད་རྩི་བབས༔ བུམ་པ་བདུད་རྩིས་གང་བར་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་བྷ་ག་ཝ་ཏེ༔ ཨ་མི་ཏ་བྷཱ་ཡ༔ ཏ་ཐཱ་ག་ཏཱ་ཡཿ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ༀ་ཨ་མི་ཏེ༔ ཨ་མི་ཏོདྦྷ་ཝེཿ ཨ་མི་ཏ་སཾ་བྷ་ཝེ༔ ཨ་མི་ཏ་བིཀྲཱནྟེ༔ ཨ་མི་ཏ་གཱ་མི་ནཱི༔ ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ༔ ཞེས་གཟུངས་རིང་ཅི་མང་བཟླ། ལས་བུམ་ལ། ལས་བུམ་ནང་དུ་རྟ་མགྲིན་དམར། །ཐོད་དབྱུག་ཞགས་འཛིན་འདོར་སྟབས་བཞུགས། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་བདུད་རྩིས་གང་བར་གྱུར། །ༀ་ཧཱ་ཡ་གྲཱི་ཝ་ཧཱུྃ་ཕཊ། ཉེར་གཅིག་བདུན་སོགས་བཟླའོ། །དེ་ནས་བདེ་སྨོན་རྒྱས་པའམ། ཤེས་བྱ་མའམ། ཕྱོགས་དུས་རྒྱལ་བའམ། བཟང་སྤྱོད་དམ་ཐམས་ཅད་ཚར་ན་དང་། མ་ཚར་ན་འདོན་རེས་བྱ། དེ་ལྟ་བུའི་ཆོ་ག་བསྡུས་པ་ཚར་གཅིག་ལ་རུང་ཙམ་ལས། གཞུང་རྐྱང་ནི་རང་དོན་ཐུགས་དམ་ཡིན། གཞན་དོན་བདག་མདུན་བུམ་གསུམ་ཚང་མ་དང་། བདེ་སྨོན་རྣམས་མ་ཚང་ན་མི་རུང་། གཞུང་ཚེ་འགུགས་དང་སྔགས་སོགས་དོ་ནུབ་ཚར་གཅིག །བཤིན་དོན་ལ་མི་དགོས། དེ་ཡང་གསོན་པོའི་རིམ་གྲོ་ལ་ཚེ་ཆོག་བྱེད་ན་ཚེ་གཟུངས་དང་དབང་རྫས་དབང་ལྟར་ལས་བདེ་སྨོན་མ་ཐོན་ན་མི་དགོས་སོ། །སརྦ་མངྒ་ལཾ།། ༈ །།གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོ་གའི་ལྷན་ཐབས་ཕན་ཡོན་བསྔགས་པ་མཐའ་ཡས་པའི་གཟུངས་ཡོད ། གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི། བྱང་ཆོག་བསྡུས་པ་གཞུང་ལྟར་ཏེ། ཅུང་ཞིག་རྒྱས་པར་བྱ་འདོད་ན། མདུན་བསྐྱེད་བུམ་བསྐྱེད་ཐུགས་ཀ་རུ༔ ཟླ་སྟེང་ཧྲཱིཿཡིག་དམར་པོའི་མཐར༔ གཟུངས་སྔགས་གཡས་སུ་འཁོར་བ་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ ཚེ་འདས་ཐོག་དྲངས་འགྲོ་ཀུན་གྱི༔ སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ བུམ་ལྷའི་སྐུ་ལས་བདུད་རྩི་བབས༔ བུམ་པ་བདུད་རྩིས་གང་དམིགས་ཤིང་༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་བྷ་ག་ཝ་ཏེ༔ ཨ་མི་ཏ་བྷཱ་ཡ༔ ཏ་ཐཱ་ག་ཏཱ་ཡཿ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ༀ་ཨ་མི་ཏེ༔ ཨ་མི་ཏོདྦྷ་ཝེཿ ཨ་མི་ཏ་སཾ་བྷ་ཝེ༔ ཨ་མི་ཏ་བིཀྲཱནྟེ༔ ཨ་མི་ཏ་གཱ་མི་ནཱི༔ ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ༔ གཟུངས་འདི་ལན་གཅིག་བརྗོད་པས་ཀྱང་། །བསྐལ་པ་འབུམ་དུ་བསགས་པ་ཡི། །ལས་ཀྱི་སྒྲིབ་པ་བྱང་བར་འགྱུར། །གཞན་ཡང་ཕན་ཡོན་དཔག་མེད་པ། །བཅོམ་ལྡན་ཐུབ་པའི་ཞལ་ནས་གསུངས། །འོད་དཔག་མེད་པའི་གཟུངས་འདི་ནི། །རྒྱུད་འབུམ་ནང་དུ་བཞུགས་པ་ཡིན། །བྱ་བའི་རྒྱུད་དུ་གཏོགས་ལགས་ཀྱང་། །བྱ་རྒྱུད་བླ་མེད་ཉམས་ལེན་ལུགས། །འདི་ལ་སྦྱར་བས་འགལ་བ་མེད། །ཚེ་གཟུངས་བྱ་རྒྱུད་ཡིན་མོད་ཀྱང་། །བླ་མེད་ལུགས་ལ་སྦྱར་དང་མཚུངས། །ཞེས་པ་བདེ་ཆེན་ཞིང་སྒྲུབ་ཀྱི། །ལྷན་ཐབས་རཱ་ག་ཨ་སྱས་སྦྱར། །ལས་བུམ་ལ། ལས་བུམ་ནང་དུ་རྟ་མགྲིན་དམར༔ ཐོད་དབྱུག་ཞགས་འཛིན་འ དོར་སྟབས་བཞུགས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་བདུད་རྩིས་གང་བར་གྱུར། །ༀ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཉེར་གཅིག་བདུན་སོགས་བཟླའོ། །ༀ་ཨ་མི་དྷེ་ཝ་ཧ་ཡ་གྷྲི་ཝ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་མཐའ་མཉམ་བཞག་མཛད་ལ་ཕྱག་འཚལ་བསྟོད༔ ཧྲཱིཿལས་བྱུང་བའི་རྟ་མཆོག་སྐུ༔ ཉི་མའི་འོད་མཚུངས་ཉོན་མོངས་བསྲེགས༔ བདུད་བཞིའི་དཔུང་རྣམས་འཇོམས་མཛད་པ༔ དཔའ་བོ་རྟ་མགྲིན་ཕྱག་འཚལ་བསྟོད༔ ལས་བུམ་གྱི་ཁྲོ་བོས་བར་ཆད་ཀྱི་གེགས་རྣམས་བཟློག་པའི་འཕྲིན་ལས་མཛོད་ཅིག །ཅེས་གནས་མདོ་སངས་རྒྱས་ཀྱིས་བསྙེན་ཐབས་སུ་སྦྱར་བའོ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ཆ༽པའི་ནང་བཞུགས་སོ། །སརྦ་མངྒ་ལཾ།། །།

ཞིང་སྒྲུབ་བཀའ་སྲུང་།

བདེ་ཆེན་ཞིང་སྒྲུབ་ཀྱི་བཀའ་སྲུང་གསོལ་མཆོད་འགྲིགས་ཆགས་སུ་བྲིས་པ་ཡོད༔ ཞཞཧུ ྅༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ ཟངས་ལྕགས་སྣོད་དུ་གཏོར་མ་ནི༔ ཟུར་གསུམ་མཐོ་གང་ཙམ་གཅིག་ལ༔ མདུན་དུ་ཟུར་གསུམ་འཁྱུད་གང་བཅས༔ གཡས་གཡོན་སོར་བཞི་ཙམ་པ་གཉིས༔ དཀར་དམར་རྒྱན་དང་ལྡན་པ་བཤམ༔ ཧཱུྃ༔ སྣང་བ་མཐའ་ཡས་བཀའ་སྲུང་བ༔ བདུད་པོ་ནག་པོ་སེང་གེའི་གདོང་༔ ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ བེར་གསོལ་གཡས་པས་ཕྱར་དར་ལ༔ གཡོན་པས་དམར་གཏོར་དགྲ་ལ་འཕེན༔ ཆིབས་སུ་རྟ་ནག་རྐང་གསུམ་ཆིབས༔ ཡུམ་ནི་དམར་མོ་སེང་གདོང་མ༔ ཁ་ཊྭཱྃ་ཙིཏྟ་ཕྱག་ན་འཛིན༔ རྟ་དམར་ཆིབས་པའི་གཡས་གཡོན་དུ༔ བམ་རོ་ཕོ་མོ་དང་བཅས་གསལ༔ ཧཱུྃ༔ འོག་མིན་དུར་ཁྲོད་ཆེན་པོ་དང་༔ རྩུབ་འགྱུར་ཚལ་དང་བསིལ་བའི་ཚལ༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས༔ གཙུག་ལག་ཆོས་འཁོར་བཞུགས་གནས་ནས༔ ཞིང་སྐྱོང་འཁོར་བཅས་སྤྱན་འདྲེན་ན༔ གཙོ་འཁོར་འཚམས་པའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དང་༔ རང་རང་མཐུན་པའི་རྫས་ཀྱིས་བསྐང་༔ སྨན་རག་གཏོར་མ་འབུལ་གྱིས་བཞེས༔ ༀ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ༀ་སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛཿཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛཿརྦད་རྦད༔ བ་ལིང་ཏ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་སངས་རྒྱས་བསྟན་པ་བསྲུང་༔ མཐུ་སྟོབས་ནམ་མཁའི་མཐའ་དང་མཉམ༔ ཞིང་སྐྱོང་འཁོར་བཅས་བདག་གིས་བསྟོད༔ དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང་༔ གང་བཅོལ་ལས་རྣམས་འགྲུབ་པར་མཛོད༔ ཞིང་སྐྱོང་ཐུགས་ཀར་ཟླ་བའི་སྟེང་༔ ཧཱུྃ་མཐར་ཡབ་སྔགས་གཡས་སུ་འཁོར༔ ཡུམ་གྱི་ཐུགས་ཀར་ཉི་མའི་སྟེང་༔ བྷྱོ་མཐར་ཡུམ་སྔགས་གཡོན་དུ་འཁོར༔ བམ་རོ་ཕོ་མོའི་སྙིང་ཁར་ཏྲི༔ དེ་མཐར་རང་སྔགས་གཡས་གཡོན་འཁོར༔ དེ་གཉིས་ཡིག་མགོ་ཐུར་བསྟན་ནོ༔ བདག་གི་ཞལ་ནས་བཀའ་བསྒོའི་ཚུལ༔ ཡབ་སྔགས་འབྲུ་བདུན་བཟླས་པ་ཡིས༔ ཡབ་ཡུམ་སྔོན་གྱི་དམ་ཚིག་དྲན༔ རྣལ་འབྱོར་ཁྱེད་ཅག་འཁོར་བཅས་ཀྱི༔ བར་ཆད་ཐམས་ཅད་སེལ་བ་དང་༔ ཆོས་མཐུན་བསམ་པ་བདག་གིས་བསྒྲུབ༔ ནམ་ཞིག་དུས་ལ་འཕོ་བའི་ཚེ༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྔོན་ནས་བསུ་ཞིང་རྒྱབ་ནས་སྐྱེལ༔ ཞེས་གསུངས་ཁས་བླངས་དམ་བཅས་བསྒོམ༔ ཡབ་སྔགས་ཕྲེང་སྐོར་ཡ་ཟུང་བསྙེན༔ དེ་ནས་གཏོར་འབུལ་བྱེད་འདོད་ན༔ དམར་གཏོར་ཆུང་ངུ་གཅིག་བྲན་ལ༔ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ བདེ་ཆེན་ཞིང་དུ་བཞུགས་པ་ཡི༔ ལྷ་ཚོགས་ཀུན་གྱི་བདེན་པ་དང་༔ ཞིང་སྐྱོང་ཡབ་ཡུམ་མཐུ་སྟོབས་ཀྱིས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཚེ་སྲོག་བསོད་ནམས་ལ་གནོད་ཞིང་༔ ཕྱི་མ་བདེ་ཆེན་ཞིང་ཁམས་སུ༔ འགྲོ་ལ་བར་དུ་གཅོད་བྱེད་པའི༔ དགྲ་བགེགས་བདུད་དང་འབྱུང་པོའི་ཚོགས༔ དམར་ཆེན་གཏོར་མ་འདི་ཉིད་ལ༔ ཁུག་ཅིག་ཛཿཧཱུྃ་བྃ་ཧོ་ཕཊ༔ ཞིང་སྐྱོང་ཡབ་ཡུམ་འཁོར་བཅས་ཀྱི༔ ཞལ་དུ་བཏབ་བོ་ཁཱ་རཾ་ཁཱ་ཧི༔ ཧཱུྃ༔ དཔལ་ལྡན་ཞིང་སྐྱོང་སྐུ་མདོག་ནག༔ དབུ་ནི་སེངྒེའི་དབུ་ཅན་ལ༔ ཕྱག་གཡས་རུ་མཚོན་དགྲ་ལ་འདེབས༔ གཡོན་པས་བནྡྷ་དགྲ་སྙིང་འཛིན༔ བེར་ཆེན་ནག་པོ་སྐུ་ལ་གསོལ༔ བདུད་རྟ་ནག་པོའི་སྟེང་ན་བཞུགས༔ དེ་ཡི་གཡས་སུ་བམ་རོ་ཕོ༔ སྐུ་མདོག་ནག་པོ་སྤྲེའུའི་མགོ༔ ལག་པ་བྱ་སྡེར་སར་བརྫིས་པས༔ རི་རབ་ལྡིག་ལྡིག་འབྱུང་བར་ནུས༔ རྐང་པ་སྤྲེའུའི་རྐང་པ་དེ༔ ནམ་མཁར་བཀྱགས་པས་ལྷ་རྣམས་སྔངས༔ རྐང་པའི་སྟེང་དུ་དམར་གཏོར་ཁྱེར༔ དགྲ་ལ་འཕང་པས་བདུན་བརྒྱུད་གཅོད༔ ཞལ་ནས་མེ་ལྕེ་འབར་བ་ཡིས༔ དགྲ་བོའི་མི་མཁར་འུར་གྱིས་བསྲེགས༔ སེང་གདོང་གཡོན་དུ་ཛ་ཀ་ཛ༔ སྐུ་མདོག་དམར་མོ་མི་ཡི་མདོག༔ གཡས་པས་རུ་མཚོན་འཚུབས་པ་ཡིས༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ གཡོན་པས་ཙིཏྟ་འཛིན་པ་ཡིས༔ དགྲ་བརྒྱུད་གཏན་ནས་བརླག་པར་ནུས༔ དེ་ཡི་གཡོན་དུ་བམ་རོ་མོ༔ སྐུ་མདོག་དེ་ནི་དམར་མོ་ལ༔ མགོ་ནི་སྤྲེའུའི་གདོང་ཅན་ནོ༔ ལག་པ་བྱ་སྡེར་སར་བརྫིས་པས༔ རི་རབ་ལྡིག་ལྡིག་འབྱུང་བར་ནུས༔ རྐང་པ་སྤྲེའུའི་རྐང་པ་དེ༔ ནམ་མཁར་བཀྱགས་པས་ལྷ་རྣམས་སྔངས༔ རྐང་པའི་སྟེང་དུ་དམར་གཏོར་ཁྱེར༔ དགྲ་ལ་འཕང་པས་བདུན་བརྒྱུད་གཅོད༔ ཞལ་ནས་མེ་ལྕེ་འབར་བ་ཡིས༔ དགྲ་བོའི་མེ་མཁར་འུར་འུར་སྲེག༔ སེང་གདོང་ཡབ་ཡུམ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ སྒྲུབ་པའི་བར་ཆད་ཐམས་ཅད་སོལ༔ དགྲ་ཇག་ཆོམ་རྐུན་འཚེ་བ་ཟློག༔ དམ་སྲི་བགེགས་ཀྱི་གནོད་པ་ཟློག༔ ཕ་རོལ་བྱད་དང་རྦོད་གཏོང་ཟློག༔ ཡམས་ནད་རིམས་ནད་དལ་ཁ་ཟློག༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ གོང་གི་སྔགས་རིང་ཡོངས་རྫོགས་ནི༔ བདུན་ནམ་ཉེར་གཅིག་བརྗོད་ལ་ཕུལ༔ གཙོ་འཁོར་བཞི་པོ་སྐད་ཅིག་གིས༔ སྟོང་གསུམ་སྲིད་གསུམ་ལན་གསུམ་བསྐོར༔ གནོད་བྱེད་ཐམས་ཅད་ཚར་བཅད་ནས༔ རང་གི་སྒྲུབ་ཁང་དེ་ཉིད་ལ༔ ལན་གསུམ་བསྐོར་བ་བྱས་ནས་ཀྱང་༔ རང་གི་རྒྱབ་ཀྱི་ཕྱོགས་བཞུགས་ནས༔ སྒྲུབ་པའི་རྒྱབ་བརྟེན་བྱེད་པར་བསྒོམ༔ བདེ་ཆེན་ཞིང་བསྒྲུབ་བཀའ་སྲུང་འདི༔ སྒྲུབ་པའི་ཆ་ལག་ཚང་པའི་ཕྱིར༔ དགེ་སློང་རཱ་ག་ཨ་སྱ་ཡིས༔ བྱ་ལོ་ལོ་གསར་ཚེས་གཅིག་གི༔ ཕྱི་དྲོའི་ཆ་ལ་བསྒྲིགས་པ་སྟེ༔ ཡིག་མཁན་དགེ་སློང་སྦྱིན་པས་བྱས༔ ཉེས་འགལ་ཆོས་སྐྱོང་ཉིད་ལ་བཤགས༔ དགེ་བས་གནམ་ཆོས་བསྟན་པ་ནི༔ གངྒའི་རྒྱུན་བཞིན་འཕེལ་རྒྱས་ཤོག༔ མངྒ་ལཾ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ཆ༽པའི་ནང་བཞུགས་སོ།།

ཞིང་སྒྲུབ་ཚོགས་མཆོད།

ཚོགས་མཆོད་བྱིན་རླབས་ཆར་འབེབས་བཞུགས་སོ། །བདེ་ཆེན་ཞིང་གི་ལྷ་ལ་ཕྱག་འཚལ་ལོ། །འདིར་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་སྒོ་ནས་ཚོགས་མཆོད་བྱ་བར་འདོད་པའི་རྣལ་འབྱོར་པས་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམས་ལ། བདག་ཉིད་སེམས་དཔའི་ཐུགས་ཀ་ནས། །རྃ་ཡྃ་ཁྃ་འཕྲོས་བསྲེགས་གཏོར་བཀྲུས། །མ་དག་ཚོགས་རྣམས་ཀུན་སྦྱངས་ནས། །ཡེ་ཤེས་བདུད་རྩིའི་རང་བཞིན་གྱུར། །ༀ་ཨཱཿཧཱུྃ། སྤྱན་འདྲེན་པ་ནི། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་གནས་འདིར་བྱོན། །གནས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །བཅོམ་ལྡན་འོད་དཔག་མེད་མགོན་གནས་འདིར་བྱོན། །གནས་རི་བོ་ཏ་ལའི་ཞིང་ཁམས་ནས། །འཕགས་མཆོག་སྤྱན་རས་གཟིགས་དབང་གནས་འདིར་བྱོན། །གནས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གསང་བདག་ཕྱག་ན་རྡོ་རྗེ་གནས་འདིར་བྱོན། །གནས་ཕྱིར་མི་ལྡོག་པའི་ཞིང་ཁམས་ནས། །བྱང་སེམས་ཉན་ཐོས་དགྲ་བཅོམ་གནས་འདིར་བྱོན། །གནས་ལྷོ་ནུབ་དཔལ་རིའི་ཕོ་བྲང་ནས། །རྗེ་པདྨ་འབྱུང་གནས་གནས་འདིར་བྱོན། །གནས་ཆོས་ཉིད་བདེ་ཆེན་ཀློང་ཡངས་ནས། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་གནས་འདིར་བྱོན། །གནས་ཟབ་ཞི་སྤྲོས་བྲལ་ཕོ་བྲང་ནས། །གྲུབ་ཐོབ་ཀརྨ་ཆགས་མེད་གནས་འདིར་བྱོན། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །དྲིན་ཅན་རྩ་བའི་བླ་མ་གནས་འདིར་བྱོན། །གནས་མཁའ་སྤྱོད་དག་པའི་གཞལ་ཡས་ནས། །ཡི་དམ་རྡོ་རྗེ་ཕག་མོ་གནས་འདིར་བྱོན། །གནས་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་གནས་འདིར་བྱོན། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་གནས་འདིར་བྱོན། །གནས་ཉེ་བའི་འཐུང་སྤྱོད་ཕོ་བྲང་ནས། །བདུད་མགོན་སེང་གདོང་ཡབ་ཡུམ་གནས་འདིར་བྱོན། །བྱིན་རླབས་དང་དངོས་གྲུབ་སྩལ་དུ་གསོལ། །འདིར་ཚོགས་ཀྱི་རྣལ་འབྱོར་དམ་ཚིག་གཙང་། །འདོད་ཡོན་གྱི་ཚོགས་མཆོད་དང་རེ་སྤྲོ། །སྤྲོ་དགའ་དང་ལྡན་པའི་མཆོད་པ་འབུལ། །ཚོགས་དང་པོ་འབུལ་བ་ནི། ཧཱུྃ། བླ་མ་ཡི་དམ་ཆོས་སྐྱོང་ལ། །ག་ཎ་ཙ ཀྲའི་མཆོད་པ་འབུལ། །དགྱེས་པར་བཞེས་ལ་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཚོགས་བར་པ་བསྐང་བཤགས་བྱ་བ་ནི། བསྐང་རྫས་མཆོད་པའི་དངོས་པོ་རྣམས། །རྃ་ཡྃ་ཁྃ་གིས་བསྲེགས་གཏོར་བཀྲུས། །དངོས་འཛིན་མ་དག་ཀུན་སྦྱངས་ནས། །ཡེ་ཤེས་མཆོག་གི་བདུད་རྩིར་གྱུར། །ཧཱུྃ། སྤྲོས་བྲལ་ཀུན་བཟང་ཀློང་ཡངས་སུ། །འགྱུར་མེད་རང་རྩལ་འཕྲོ་འདུ་ལས། །སྣ་ཚོགས་མཆོད་པའི་སྤྲིན་རྒྱ་མཚོ། །དཔག་མེད་ནམ་མཁའི་མཐའ་ཀླས་པས། །བདེ་ཆེན་ཞིང་གི་མགོན་པོ་མཆོག །སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །སྙིང་རྗེའི་དབང་ཕྱུག་འགྲོ་བའི་མགོན། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །རྡོ་རྗེ་འཛིན་རྒྱལ་མཐུ་ཆེན་ཐོབ། །སེམས་དཔའ་རྣམ་གཉིས་ཐུགས་དམ་བསྐང་། །ཡབ་ཡུམ་སྲས་དང་བཙུན་མོར་བཅས། །སངས་རྒྱས་བྱང་སེམས་དཔག་མེད་ཚོགས། །ཉན་ཐོས་རང་རྒྱལ་དགྲ་བཅོམ་པ། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐང་། །བདུད་མགོན་ནག་པོ་སེངྒེའི་གདོང་། །ཡུམ་ཆེན་སི་ནཱ་ར་མ་དང་། །ལས་མཁན་བམ་རོ་ཕོ་མོ་སོགས། །བཀའ་སྡོད་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་དགྱེས་བསྐངས་ནས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིས། །ཚེ་དཔལ་ཡེ་ཤེས་རྒྱས་པ་དང་། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །བསྐང་བྱ་སྐོང་བྱེད་བསྐང་ཡུལ་རྣམས། །གཉིས་སུ་མེད་པའི་ཀློང་དུ་བསྐང་། །བཤགས་པ་ནི། ཧོཿ བདག་ཅག་མ་རིག་རྨོངས་པ་ཡིས། །རྩ་བ་ཡན་ལག་དམ་ཚིག་ལས། །འགལ་ཞིང་ཉམས་ཆགས་གྱུར་པ་ཀུན། །མི་འཆབ་མི་སྦེད་མཐོལ་ཞིང་བཤགས། །དག་ཚང་མཆོག་གིས་དབུགས་དབྱུངས་ནས། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །བཤགས་བྱ་བཤགས་བྱེད་ཡུལ་ལས་འདས། །རྟེན་འབྲེལ་ཙམ་དུ་བཤགས་པར་བགྱི། །ༀ་བཛྲ་ས་ཏྭ་སོགས་ཡིག་བརྒྱ་བརྗོད། རྗེས་སུ་མཆེད་ལྕམ་རྣམས་ཀྱིས་མར་མེ་ཐོག་སྨོན་ལམ་འདི་མགྲིན་གཅིག་ཏུ་བཏབ་བོ། །ༀ་ཨཱཿཧཱུྃ། བདེ་ཆེན་བདེ་བའི་དཀྱིལ་འཁོར་དམ་པ་འདི། །བདག་སོགས་སྔོན་སྨོན་བཟང་པོས་ལས་འབྲེལ་བའི། །རྡོ་རྗེ་མཆེད་ལྕམ་འདིར་ཚོགས་ཐམས་ཅད་ཀྱིས། །དངོས་འབྱོར་མཆོད་སྤྲིན་བཟང་པོ་ལེགས་བཤམས་ཤིང་། །ལྷག་བསམ་མོས་བློས་རྒྱ་ཆེར་སྤེལ་བྱས་ནས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་བསགས་སྟེ། །གཞན་དོན་ཐེག་ཆེན་སྨོན་ལམ་མཚམས་སྦྱར་ནས། །ལེགས་བྱས་འདི་མཐུས་མ་འོངས་ཕྱི་མའི་དུས། །བར་དོའི་འཁྲུལ་སྣང་བསམ་འདས་མཐོང་བའི་ཚེ། །དབྱིངས་རིག་འོད་གསལ་མ་བུ་ངོ་འཕྲོད་ནས། །དངངས་སྐྲག་འཇིགས་པ་བྲལ་བའི་འོད་ལམ་ལ། །བཅོམ་ལྡན་འོད་དཔག་མེད་ཀྱིས་མདུན་ནས་བསུས། །བྱང་སེམས་འཁོར་ཚོགས་རྒྱ་མཚོས་རྒྱབ་ནས་སྐྱོར། །འཇིགས་རུང་འཁོར་བའི་གཡང་ས་ལས་གྲོལ་ནས། །བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་སུ། །པདྨའི་སྙིང་པོར་འཁྲུངས་ཤིང་སངས་རྒྱས་མཇལ། །དམ་པའི་ཆོས་ཐོབ་ས་ལམ་མཐར་ཕྱིན་ནས། །རྫོགས་སངས་རྒྱས་ཐོབ་མཁའ་མཉམ་སེམས་ཅན་ཀུན། །རིང་མིན་བདེ་ནས་བདེ་བར་འགོད་ནུས་པའི། །དེད་དཔོན་ཆེན་པོར་བདག་ཉིད་འགྱུར་བར་ཤོག །ཤེས་རབ་ཡེ་ཤེས་གསལ་བའི་སྒྲོན་མེ་འདིས། །ལས་ཉོན་སྒྲིབ་གཉིས་མུན་པ་རབ་གསལ་ཞིང་། །ཡང་དག་ལམ་གྱི་སྣང་བ་ཆེར་རྒྱས་ནས། །གཏན་བདེའི་རྒྱལ་སར་འགོད་པའི་སྒྲོན་མེར་ཤོག །ཅེས་སྨོན་ལམ་བཏབ་ནས་མར་མེ་རྣམས་མཆོད་ཡུལ་གྱི་མདུན་དུ་འབུལ་བར་བྱའོ། །ལས་ཀྱི་རྡོ་རྗེས་ཐབས་ཤེས་ཀྱི་རྫས་ལག་ཏུ་ཐོགས་སྟེ། ཀྱཻ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །མཆེད་ལྕམ་རྣམས་ཀྱི་མགྲིན་གཅིག་ཏུ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བ། །གཟུང་དང་འཛིན་པ་ཀུན་སྤངས་པའི། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཚོགས་ལ་རོལ། ལྷག་མ་བྲན་ལ། ལྷག་ལ་དབང་བ་དྲེགས་པའི་ཚོགས། །ལྷག་གཏོར་འདི་ལོངས་འཕྲིན་ལས་མཛོད། །མི་མཐུན་གནོད་པའི་ཚོགས་ཀུན་བཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ལྷག་གཏོར་བསྐྱལ། ཆད་མདོ་ནི། ཧཱུྃ། སྣང་སྲིད་ལྷ་སྲིན་མ་མོ་མཁའ་འགྲོའི་ཚོགས། །སྔོན་གྱི་དམ་བཅའ་གཉན་ལས་མ་འདའ་བར། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསྟན་སྐྱོངས་ནི། བྷྱོ། བོད་ཁམས་སྐྱོང་བའི་བསྟན་མ་ཆེན་མོ་རྣམས། །འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས། །བོད་ཁམས་བདེ་ཞིང་ལོ་ལེགས་སྲིད་རྣམས་འཕེལ། །ཆོས་འདི་དར་རྒྱས་མཐོང་ཐོས་སྨིན་གྲོལ་མཛོད། །གཏོར་བྲོ་ནི། ཧཱུྃ། སྐྱེ་འགགས་གཉིས་སུ་མེད་པའི་ཀློང་། །ཡེ་ཤེས་ཆེན་པོའི་བྲོ་བརྡུང་པས། །གཉིས་འཛིན་དགྲ་བགེགས་རང་སར་དག །ཆོས་ཀྱི་དབྱིངས་སུ་རྣམ་པར་རྒྱལ། །བཀྲ་ཤིས་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །ཞེས་ཚོགས་མཆོད་ཉུང་ངུ་འདི་བཞིན་དགོས་ཞེས་ལྷ་བྲིས་པ་ཀརྨ་ཆོས་འབྱོར་ནས་ཡང་ཡང་བསྐུལ་བའི་ངོར། ༧ཀརྨ་པ་བཅུ་བཞི་པས་འོག་མིན་མཚུར་ཕུའི་གདན་ས་ཆེན་པོར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་རུམ་བཏེག་པར་མ་ཡིན་ནོ། །སརྦ་མངྒ་ལཾ།། །།

ཞིང་སྒྲུབ་བྱང་ཆོག

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ བདེ་ཆེན་ཞིང་སྒྲུབ་ཀྱི་བྱང་ཆོག་ཐར་ལམ་དཀར་པོ་བཞུགས་སོ༔ ཧ་ཏ་ར༔ བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ལྷ་ཚོགས་ལ་ཕྱག་འཚལ་ལོ༔ འདིའི་སྒོ་ནས་བྱང་བུ་ནི༔ དང་པོ་མདུན་དུ་ཚེ་འདས་ཀྱི༔ རོའམ་རུས་དུམ་སྐྲ་ཆུན་ནམ༔ གཟུགས་བརྙན་མིང་རུས་བྲིས་པའམ༔ བསྡུ་ན་ནྲྀ་ཡིག་ཙམ་གྱིས་ཆོག༔ ཐེབ་ཙེ་གཅིག་ཏུ་ལྕོག་རྡོག་ནི༔ གསུམ་མམ་ཡང་ན་གཅིག་ཀྱང་རུང་༔ ཆངས་བུ་ཏིང་ལོ་གཅིག་གམ་གསུམ༔ ཏིལ་ནག་གམ་ནི་ཡུངས་གཞི་དང་༔ བྱེ་མ་འདོད་ཡོན་བཅས་པ་བཤམ༔ ཞིང་སྦྱང་ཆོ་ག་སྔོན་སོང་ཚེ༔ བུམ་ནང་ལྷ་ཚོགས་གསལ་བ་ལ༔ དམིགས་པ་གཏད་ལ་མང་དུ་བསྙེན༔ དམིགས་རྟེན་བྲན་ལ་འདི་སྐད་དོ༔ ༀ་ཀ་ཏི་མ་ན་ཡ་ཧཱུྃ་ཕཊ༔ ༀ་སྭ་བྷ་ཝ་སོགས༔ མདུན་དུ་ཚེ་ལས་འདས་པ་ནི༔ ཆེ་གེ་གསོན་པོའི་གཟུགས་ལྟར་གྱུར༔ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཡི་དམ་ལྷ་ཡི་བདེན་པ་ཡིས༔ ཆེ་གེའི་རྣམ་པར་ཤེས་པ་དེ༔ སྟེང་འོག་བར་གསུམ་གར་གནས་པའི༔ གནས་ནས་གཟུགས་དང་མིང་རུས་འདིར༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛ༔ དེ་ནི་ལན་གསུམ་བརྗོད་པའོ༔ དེ་ནས་ལྕོག་རྡོག་ཆངས་བུ་དང་༔ ཏིང་ལོ་བཤམ་ལ་བྲན་བྱས་ཏེ༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ གཏོར་མ་སོ་སོའི་ཡིད་མཐུན་པའི༔ ལོངས་སྤྱོད་དཔག་ཏུ་མེད་པར་གྱུར༔ ༀ་ཨཱཿཧཱུྃ༔ ཧཱུྃ༔ ཚེ་ལས་འདས་པ་འདི་ཉིད་ལ༔ གསོན་པོའི་བདུད་དང་ཤི་བའི་གཤེད༔ ཁྱེད་རྣམས་གཏོར་མ་འདི་ཁྱེར་ལ༔ ཚེ་ལས་འདས་པ་འདི་ཉིད་ལ༔ ཐར་པའི་གེགས་ནི་ཁྱོད་མ་བྱེད༔ གལ་ཏེ་མ་ཉན་བྱས་གྱུར་ན༔ ང་ཉིད་ལྷ་ཡི་ང་རྒྱལ་བསྐྱེད༔ ཁྱོད་ཀྱི་མགོ་བོ་དུམ་བུར་འགེམས༔ དེ་བས་མ་འདུག་ཕྱིར་དེངས་ཤིག༔ ལྕོག་རྡོག་རྟེན་ལ་གཡས་བསྐོར་ཞིང་༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷར་སཾ་བྷར་ཧཱུྃ༔ ཞེས་བརྗོད་ལྕོག་རྡོག་མཉམ་དུ་བླུགས༔ དེ་འདྲ་ལན་གསུམ་བྱ་བ་ཞི་སྦྱོང་ཡིན༔ དེ་ནས་ཐེབ་ཀྱུའམ་ཏིང་ལོ་དང་༔ ཆངས་བུ་བྲན་ལ་བཟུང་བྱས་ཏེ༔ ཧཱུྃ་ཚེ་ལས་འདས་པ་འདི་ལ་ནི༔ བར་དུ་གཅོད་དང་འཁྲི་བ་དང་༔ ཐོས་དང་རིག་དང་རྟོག་པ་ཡི༔ གདོན་བགེགས་གསོན་བདུད་གཤིན་ལྕགས་ཀྱིས༔ ཆངས་བུ་ཏིང་ལོ་འདི་བཞེས་ལ༔ མ་གནས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་འགྲོ་བར་མི་བྱེད་ན༔ བདག་ནི་ཁྲོ་རྒྱལ་དབང་ཆེན་ཏེ༔ རྡུལ་ཕྲན་བཞིན་དུ་རླག་པར་བྱེད༔ རྡོ་རྗེ་དམྱལ་བར་ཤི་ཀ་རེ༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཆངས་བུ་ཏིང་ལོ་གཡོན་དུ་བསྐོར་ཞིང་༔ ༀ་སུམ་བྷ་ནི་སུམ་བྷ་ཧཱུྃ༔ སོགས་ལན་གསུམ་བརྗོད་ཅིང་སྡེར་དུ་ཕུལ༔ ཞི་དྲག་ཕྱེད་མར་སྦྱོང་བའོ༔ དེ་ནས་དྲག་པོར་སྦྱོང་བ་ནི༔ ཧཱུྃ༔ ང་ནི་ལྷ་ཡི་ཏིང་འཛིན་གྱིས༔ འོད་ཀྱིས་ཕྱོགས་བཅུ་ཐམས་ཅད་གང་༔ ཕྱོགས་རྣམས་ཐམས་ཅད་བདེ་ཆེན་ཞིང་༔ གང་བ་དེ་ལས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་པའི༔ སྲོག་གཅོད་མདངས་འཕྲོག་བྱེད་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་སུཾ་བྷ་ནི་སུཾ་བྷ་ཧཱུྃ་ཞེས་སོགས་ལན་གསུམ་བརྗོད༔ ནས་ལྕགས་ཀྱིས་བྲབས༔ དེ་ནས་མཚམས་གཅོད་སྲུང་འཁོར་ནི༔ ཧཱུྃ༔ སྟེང་ཡང་རྡོ་རྗེའི་གུར་ཁང་ལ༔ འོག་ཀྱང་རྡོ་རྗེའི་ས་གཞིར་གྱུར༔ བར་མཚམས་རྡོ་རྗེའི་རྭ་བར་གྱུར༔ མེ་དཔུང་ཆེན་པོས་མཚམས་གཅོད་ནས༔ གཤེད་ཀྱིས་ཚུགས་པ་མེད་པར་གྱུར༔ ༀ་བཛྲ་ན་མི་རཀྵ་ཧཱུྃ༔ མདུན་དུ་མེ་ཆུ་ཏིལ་གསུམ་བཤམས༔ ཚེ་འདས་སྙིང་གར་པཾ་ནག་པོ༔ དེ་ལ་སྡིག་སྒྲིབ་ཐམས་ཅད་ཐིམ༔ སྡིག་པ་རྭ་ཙའི་གཟུགས་གྱུར་པ༔ རྐང་མཐིལ་ཡཾ་ལས་རླུང་གཡོས་པས༔ ལྟེ་བའི་རཾ་ལས་གཏུམ་མོ་འབར༔ སྣ་བུག་གཡས་ནས་སྡིག་པ་དེ༔ མདུན་གྱི་ཏིལ་ལ་ཐིམ་པར་གྱུར༔ མེ་ནི་ཞི་བའི་ཐབ་ཁུང་དབུས༔ ཟ་བྱེད་རྡོ་རྗེ་མཁའ་འགྲོ་མཐིང་༔ རྡོར་དྲིལ་འཛིན་ཅིང་ཁྲོ་ཆས་རྫོགས༔ ཞལ་དུ་སྡིག་པ་ཕུལ་བས་བསྲེགས༔ ལག་པ་གཡས་གཡོན་ཏིལ་བླངས་ལ༔ ལན་དགུར་བསྐོར་ཞིང་མེ་ཆུར་དོར༔ ༀ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ཡེ་སྭཱ་ཧཱ༔ རྡོ་རྗེ་མཁའ་འགྲོ་དབྱིངས་སུ་གཤེགས༔ བཛྲ་མུ༔ སའམ་བྱེ་མ་སྔགས་ལ་འདེབས༔ ༀ་པདྨོ་ཨུཥྞི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ༀ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ༀ་ཨཱཿཧྲཱིཿསྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ལྷ་ཁྲུས་གསོལ་བ་ནི༔ བུམ་པ་ལག་ཏུ་ཐོག་བྱས་ཏེ༔ མཆོད་གཞིའི་ངོས་ལ་མེ་ལོང་བསྟནཿ ཧཱུྃ༔ བདག་གིས་དྲི་ལྡན་དྲི་ཆབ་ཀྱིས༔ འོད་དཔག་སྐུ་ལ་ཁྲུས་གསོལ་ལོ༔ ལྷ་ལ་དྲི་མ་མི་མངའ་ཡང་༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ འདི་ནི་ཁྲུས་མཆོག་དཔལ་དང་ལྡན༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ༔ ཅི་འདོད་དངོས་གྲུབ་སྩོལ་བར་མཛོད༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ དེ་ནས་རས་ཀྱིས་ཕྱི་ཚུལ་དང་༔ ན་བཟའ་གསོལ་བའི་ཚུལ་བྱ་ཞིང་༔ ཧཱུྃ༔ རས་དཀར་འཇམ་དྲི་ལྡན་པ་ཡིས༔ འོད་དཔག་སྐུ་ཉིད་ཕྱི་བར་བགྱི༔ སྐུ་ལ་དྲི་མ་མི་མངའ་ཡང་༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ ན་བཟའ་མཛེས་ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་ལ་གསོལ་བར་བགྱི༔ སྐུ་ལ་བསིལ་བ་མི་མངའ་ཡང་༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ ༀ་བཛྲ་ཝསྟྲ་ཨཱཿཧཱུྃཿ ཁྲུས་ཆུ་བུམ་པ་གཞན་དུ་བླུགས༔ མེད་ན་བུམ་པ་དེ་གས་རུང་༔ ཚེ་འདས་ལ་ནི་མེ་ལོང་བསྟན༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ འོད་དཔག་མེད་པའི་ལྷ་ཚོགས་བཞུགས༔ ཁྱོད་ཀྱི་སྒྲིབ་པ་སྦྱོང་བར་གྱུར༔ དུག་གསུམ་གཏན་ནས་དག་གྱུར་ཅིག༔ འདི་ནི་ཕ་རོལ་ཕྱིན་དྲུག་ཆུ༔ དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་༔ ཕར་ཕྱིན་དྲུག་ལ་ལེགས་འགོད་ཆུ༔ ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ༔ ཆུ་བོ་དྲུག་གི་ཁྲུས་བྱས་པས༔ བག་ཆགས་རྣམ་དྲུག་སྦྱངས་ནས་ནི༔ གང་ལ་ཉེས་པ་མི་མངའ་བའི༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ དྲི་ཆུ་དྲུག་གི་ཁྲུས་བྱས་པས༔ དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་༔ རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ༔ ཁྲུས་ལེགས་མཛད་ལ་ཉེས་མི་མངའ༔ དྲི་མ་རྣམ་དྲུག་དག་པ་ཡི༔ ཡོན་ཏན་ཐམས་ཅད་དང་ལྡན་པ༔ སངས་རྒྱས་ཐམས་ཅད་མཆོད་དོན་དུ༔ དད་པས་བདག་གིས་ཁྲུས་བགྱིའོ༔ ༀ་ཨ་མི་དྷེ་ཝ་ཧྲཱི༔ ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ ཚིགས་མཚམས་ཀུན་ཏུ་སྔགས་དེ་ཉིད༔ བརྗོད་ཅིང་མེ་ལོང་གཟུགས་བརྙན་བཀྲུ༔ དེ་ནས་དུག་སྦྱོང་དུག་བཅོམ་ནི༔ བྱེ་མ་ཐོགས་ལ་འདི་སྐད་བརྗོད༔ ཧཱུྃ༔ ཚེ་འདས་ཁྱོད་ཀྱི་དུག་གསུམ་དང་༔ དུག་ལྔ་དུག་བརྒྱད་སྒྲིབ་པ་རྣམས༔ འོད་དཔག་མེད་ཀྱི་ལྷ་ཚོགས་ཀྱིས༔ བྱང་ཞིང་དག་པར་མཛད་དུ་གསོལ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ དཀོན་མཆོག་གསུམ་པོ་དུག་མི་མངའ༔ དཀོན་མཆོག་བདེན་པས་དུག་བཅོམ་མོ༔ ༀ་ཨ་མི་དྷེ་ཝ་ཧྲཱི༔ ཚེ་འདས་ཀྱི་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་བྱེ་མ་བཏབ་པར་བྱ༔ ཐེབ་ཙེ་གཅིག་ཏུ་ས་ཆུ་མེ༔ བུམ་པའི་ཀུ་ཤ་དང་བཅས་བཟུང་༔ འབྱུང་བཞི་དུག་གི་ཕ་ཡིན་ཏེ༔ འབྱུང་བཞི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་དག་གིས༔ ཚེ་འདས་དུག་ནི་དུག་མེད་ཤོག༔ རྟེན་ལ་བསྐོར་ཞིང་རླུང་གཡབ་སྟེ༔ ༀ་ཨ་མི་དྷེ་ཝ་ཧྲཱི༔ ཚེ་འདས་ཀྱི་འབྱུང་བ་དང་འབྱུང་བ་ལས་གྱུར་བའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ཁྲུས་སྡེར་ནང་དུ་བླུགས༔ སངས་རྒྱས་བསོད་ནམས་མཐུ་དག་དང་༔ ལྷ་རྣམས་ཀུན་གྱི་བསམ་པ་ཡིས༔ ཁྱོད་ཀྱི་འདོད་དོན་གང་ཡིན་པ༔ དོན་དེ་དེ་རིང་འགྲུབ་གྱུར་ཅིག༔ རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོགཿ རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག༔ ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག༔ ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག༔ ཉིན་མོ་བདེ་ལེགས་མཚན་བདེ་ལེགས༔ ཉིན་མའི་གུང་ཡང་བདེ་ལེགས་ཤིང་༔ ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག༔ ཁྱོད་ལ་སྡིག་པར་མ་གྱུར་ཅིག༔ མེ་ཏོག་ནས་ནི་གཏོར་བྱ་ཞིང་༔ ཚེ་འདས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག༔ ཆོས་བཤད་གདམས་ངག་སྟོན་པ་ནི༔ ཧཱུྃ༔ ཚེ་ལས་འདས་པ་ཆེ་གེ་ཁྱོད༔ རིགས་དྲུག་གནས་སུ་འཁྱམས་སྲིད་པས༔ རིགས་དྲུག་མགོན་པོ་ཐུབ་ཆེན་དྲུག༔ གསོལ་བ་ཐོབ་དང་གྲོལ་བར་འགྱུར༔ ༀ་མ་ཎི་པདྨེ་ཧཱུྃ༔ ཉེ་དུ་ཡོད་ན་ཕྱག་འཚལ་བཅུག༔ ཚེ་འདས་ཉིད་ཀྱིས་འཚལ་བར་དམིགས༔ ཨེ་མ་ཧོ༔ རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་དང་༔ ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ་དང་ནི༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་རྣམས་ལ༔ ཚེ་འདས་གུས་པའི་སེམས་ཀྱིས་ཕྱག་འཚལ་ལོ༔ བདེ་བ་ཅན་གྱི་ཞིང་དུ་ལམ་སྣ་དྲོངས༔ ཉོན་དྲུག་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགསཿ ཕྱིན་དྲུག་ཆོས་སྟོན་ཉོན་དྲུག་རྣམ་པར་དག༔ རིགས་དྲུག་ཐུབ་པ་སྤྲུལ་སྐུའི་ཆ་ལུགས་ཅན༔ རྒྱལ་བ་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ འགྲོ་བ་རིགས་དྲུག་སྐྱེ་སྒོ་བཅད་དུ་གསོལ༔ རྗེས་ཟློས་བྱ་ཞིང་ཕྱག་ནི་ཅི་མང་འཚལ༔ ཚེ་འདས་ཉིད་ཀྱིས་ཟེར་བར་བསྒོམ་བྱ་ཞིང་༔ ཀྱེ་མ་འོད་དཔག་མེད་མགོན་གསོནཿ བདག་འདྲའི་ཚེ་འདས་སྡིག་ཅན་འདི༔ འཁོར་བའི་སྐྱོན་གྱིས་ནོན་ལགས་པས༔ བདག་ནི་ཁྱེད་ལ་སྐྱབས་སུ་མཆི༔ ཁྱེད་ཀྱི་ཐུགས་རྗེས་བཟུང་ནས་ཀྱང་༔ བདག་ལ་དབང་བསྐུར་སྩལ་དུ་གསོལ༔ རྗེས་ཟློས་ཚུལ་དུ་ལན་གསུམ་བརྗོད༔ སྐྱབས་འགྲོ་སེམས་བསྐྱེད་གདམས་པ་ནི༔ ཚེ་འདས་དེ་ཡིས་ལེན་པར་དམིགས༔ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ རྗེས་ཟློས་བྱས་དམིགས་ལན་གསུམ་བརྗོད༔ མེ་ཏོག་ཆུ་སྐྱེས་པདྨའི་སྟེང་༔ དེ་ནང་ཚེ་འདས་སེམས་དཔའ་དཀར༔ གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་འོད་དཔག་གི༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ ཁ་བ་བུ་ཡུག་འཚུབས་བཞིན་བྱོན༔ ཚེ་འདས་ཉིད་ལ་སིབ་སིབ་ཐིམ༔ ཧཱུྃ༔ བདེ་ཆེན་ཞིང་གི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཐར་པའི་བར་ཆད་གསལ་དུ་གསོལ༔ དྲིལ་བུ་འཁྲོལ་ཞིང་སྔགས་འདི་གསུམ་བདུན་བརྗོད༔ ༀ་ཨ་མི་དྷེ་ཝ་ཧྲཱིཿ བཛྲ་ཨ་བེ་ཤ་ཡ་ཨ་ཨ༔ རྡོ་རྗེ་མགོ་ལ་བཞག་ཚུལ་གྱིས༔ ཏིཥྛ་བཛྲཿ དེ་ནས་བུམ་པ་ལག་ཏུ་ཐོགས་ལ༔ ཧཱུྃ༔ སློབ་མ་ཚེ་ལས་འདས་པ་ཉོན༔ བུམ་པ་འདི་ནི་ཕྱི་ལྟར་ན༔ རིན་ཆེན་བུམ་པ་ཡིན་མོད་ཀྱང་༔ ནང་ནི་རིན་ཆེན་གཞལ་ཡས་ཁང་༔ དེ་ཡི་ནང་ན་འོད་དཔག་མེད༔ བདེ་བ་ཅན་གྱི་ལྷ་ཚོགས་བཞུགས༔ དེ་ལས་བྱིན་རླབས་ཆར་ལྟར་བབས༔ ཁྱོད་ཀྱི་ལུས་ལ་ཐིམ་ནས་ཀྱང་༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ ༀ་ཨ་མི་དྷེ་ཝ་ཧྲཱིཿ ཀཱ་ཡ་ཝཱ་ཀཱ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧྲཱིཿ འདི་ཡི་མཚམས་སུ་ཟས་བསྔོ་འདོན༔ ༁ྃ༔ ཅ་ཅ་དང་༔ ན་མོ་དྷེ་ཝ་པཉྩ་ཡེ༔ ཟས་གཏད་ནི༔ ཙཀ་ལིའི་རྒྱབ་ཡིག་ཏུ་བྱས་ནས༔ འདི་སྐད་དུ་ནི་བརྗོད་པར་བྱ༔ ཡིད་མཐུན་སྣོད་ཀྱི་ནང་དུ་ནི༔ ཤ་ཐུད་མར་ཆང་ཇ་རྣམས་ནི༔ ཟག་མེད་བདེ་བ་སྐྱེད་བྱེད་པའི༔ ཡེ་ཤེས་བདུད་རྩིའི་ངོ་བོར་གྱུར༔ ༀ་བཛྲ་སྥར་ཎ་ཁཾ༔ བར་དོའི་སེམས་ཅན་དྲི་ཡིས་ཚིམ༔ ཟས་སྣའི་བསུར་བྱས་བྲན་ནས་ཀྱང་༔ འདི་སྐད་དུ་ནི་བརྗོད་པར་བྱ༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཟས་སྐོམ་ཐབས་ཀྱི་ཆགས་ཡོད་དང་༔ སྐྱེ་བ་སྔོན་གྱི་བུ་ལོན་དང་༔ ཡི་དྭགས་གནས་སུ་སྐྱེ་ཤོམ་ན༔ བདག་གིས་འདི་ཉིད་བསྔོས་པ་འདི༔ རྩ་གསུམ་ལྷ་ཡི་བདེན་པ་ཡིས༔ བསྔོས་བཞིན་ཁྱོད་ཀྱིས་ཐོབ་པར་ཤོག༔ སརྦ་ཏ་ཐཱ་ག་ཏ་ཧཱུྃ༔ ཙཀ་ལི་རྒྱབ་ཡིག་བྱས་ནས་ནི༔ བཀྲ་ཤིས་རྟགས་བརྒྱད་ལག་ཏུ་ཐོགས༔ དེ་ནས་འདི་ལྟར་བརྗོད་པར་བྱ༔ འོ་ཚེ་འདས་ཆེ་གེ་ཁྱོད་ཉོན་དང་༔ བདག་གི་བཀྲ་ཤིས་རྟགས་བརྒྱད་འདི༔ བྱིན་པ་བཞིན་དུ་ཐོབ་ནས་ཀྱང་༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་ཤོག༔ ཨཱཥྚ་མཾ་ག་ལཾ་ཧཱུྃ༔ ཙཀ་ལི་རྒྱབ་ཡིག་བྱས་ནས་ནི༔ རྒྱལ་སྲིད་སྣ་བདུན་ཐོགས་བྱས་ནས༔ འདི་སྐད་དུ་ནི་བརྗོད་པར་བྱ༔ ཨེ་མ་རིགས་ཀྱི་བུ་ཁྱོད་ཉོན༔ བདག་གིས་རིན་ཆེན་སྣ་བདུན་འདི༔ བསྔོས་པ་བཞིན་དུ་ཐོབ་ནས་ཀྱང་༔ འཁོར་ལོས་བསྒྱུར་རྒྱལ་ལྟ་བུར་ཤོག༔ རཏྣ་དྲ་བྱ་མཾ་ག་ལཾ་ཧཱུྃ༔ ཙཀ་ལི་རྒྱབ་ཡིག་བྱས་ནས་ནི༔ མཁའ་འགྲོ་སྡེ་བཞིའི་སྐུ་ཐོགས་ལ༔ འདི་སྐད་དུ་ནི་བརྗོད་པར་བྱ༔ འོ་ཁྱོད་ནི་དཔའ་བོ་ཡབ་ཡུམ་ལྟར༔ དགའ་བ་རྣམ་བཞི་ངོས་བཟུང་ནས༔ རྡོ་རྗེ་འཛིན་པའི་སར་གནས་ཤོག༔ ༀ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཧ་རི་ནི་ས་མཾ་ག་ལཾ་ཧཱུྃ༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ལོངས་སྤྱོད་ཚོགས་འདི་རབ་ཏུ་ལོངས༔ ཟས་ཀྱི་ཐ་མ་འདི་ཡིན་པས༔ སྐྱེ་བ་གཏན་གྱི་ལོངས་སྤྱོད་ཟས༔ མི་ཟད་ནམ་མཁའི་མཛོད་ལ་སྤྱོད༔ སྦྱིན་པའི་ཕ་རོལ་ཡོངས་རྫོགས་པའི༔ ཟས་གཏད་འདི་ནི་དགའ་བས་ལོངས༔ གསོན་ཡང་གཤིན་ལ་མི་འཕྲེང་ངོ་༔ གཤིན་ཡང་གསོན་ལ་མ་ཆགས་པར༔ བདེ་ཆེན་དག་པའི་ཞིང་དུ་གཤེགས༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ ལཾ་བྷ་ཏ༔ བྷ་དུ་ཡ་ཡ༔ ཨ་ལི་ཨུ་ལི༔ ཏ་ལི་ཏ་ལི་ཨརྒྷཾ་པྲ་ཏཱིཙྪ་ཧོ༔ དེ་ནས་མར་མེ་བདུན་དུ་བཞག༔ མེ་སྦར་བ་ཡི་དམིགས་པ་ནི༔ ཀོང་བུ་པདྨ་ཟླ་བའི་སྟེང་༔ མར་ཁུ་སྔགས་ཕྲེང་གཡས་སུ་འཁོར༔ སྡོང་བུ་ཧྲཱིཿ ཡིག་དམར་པོ་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ ཚེ་འདས་དུག་ལྔའི་སྡིག་སྒྲིབ་དང་༔ མ་དག་ཕུང་པོ་ལྔ་བསྲེགས་ནས༔ དག་པ་འོད་དཔག་མེད་པའི་སྐུ༔ མཚན་དང་དཔེ་བྱད་ལྡན་པར་གྱུར༔ ཧཱུྃ༔ མེ་འདིའི་རྩ་བ་སྔོ་བ་དེ༔ རྡོ་རྗེ་སེམས་དཔའི་ཡེ་ཤེས་མེ༔ དེ་སྟེང་མེ་མདོག་དམར་བ་དེ༔ སྣང་བ་མཐའ་ཡས་ཡེ་ཤེས་མེ༔ མེ་འདིའི་སྐེད་པ་སེར་བ་དེ༔ རིན་ཆེན་འབྱུང་ལྡན་ཡེ་ཤེས་མེ༔ དེ་སྟེང་མེ་མདོག་དཀར་བ་དེ༔ རྣམ་པར་སྣང་མཛད་ཡེ་ཤེས་མེ༔ མེ་ཡི་རྩེ་མོ་ནག་པ་དེ༔ དོན་ཡོད་གྲུབ་པའི་ཡེ་ཤེས་མེ༔ རྒྱལ་བ་རིགས་ལྔའི་མེ་ཡིན་ནོ༔ ཡེ་ཤེས་ལྔ་ཡི་མེ་དཔུང་གིས༔ ཁྱོད་ཀྱི་ཕུང་པོ་ལྔ་བསྲེགས་པས༔ དུག་ལྔ་གཏན་ནས་དག་ནས་ཀྱང་༔ ཡེ་ཤེས་སྐུ་ལྔ་ཐོབ་པར་ཤོག༔ ༀ་ཧཱུྃ་ཏྲཱྃ་ཧྲཱི༔ཨཱ༔ འཕྲལ་དེར་མིང་ཡིག་མི་བཞུ་ན༔ མར་མེ་ལ་ནི་བསྟན་ཙམ་བྱ༔ བཞུ་ན་བླ་མ་རྒྱང་འབོད་དང་༔ གཟུགས་མེད་སྒྲ་མེད་དྲི་མེད་རོ་མེད་རེག་བྱ་མེད་ཆོས་མེད་དོ༔ ཞེས་དང་གཟུངས་སྔགས་འདོན་བཞིན་དུ༔ རིག་པ་ཚེ་འདས་ཁོ་ལ་གཏད༔ ཉམས་ལེན་ལྟ་བའི་ངང་ནས་བཞུ༔ དེ་ནས་ལམ་བསྟན་བྱ་བ་ནི༔ ཚེ་འདས་འོད་དཔག་མེད་པའི་སྐུ༔ ནུབ་ཀྱི་ཕྱོགས་སུ་ཞལ་གཟིགས་ནས༔ མདུན་གྱི་བར་སྣང་ཁམས་སུ་ནི༔ ཟླ་བའི་གདན་ལ་བཞུགས་པར་དམིགས༔ ཧཱུྃ༔ ཚེ་ལས་འདས་པ་ཁྱོད་ཉིད་ནི༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་༔ ཕན་ཡོན་ཆེ་བའི་ཞིང་ཡོད་པས༔ དག་པའི་གནས་གཅིག་དེ་ཡིན་ནོ༔ ལྷོ་ནུབ་ཟ་བྱེད་སྲིན་པོའི་ཡུལ༔ གུ་རུ་པདྨ་འབྱུང་གནས་བཞུགས༔ སྐྱེ་ཡང་སླ་སྟེ་ཕན་ཡོན་ཆུང་༔ དེ་མིན་སངས་རྒྱས་ཞིང་གཞན་རྣམས༔ རྒྱལ་བ་རིགས་བཞིའི་ཞིང་ཁམས་ཡིན༔ སྐྱེ་བར་དཀའ་བས་དེ་སྐྱུར་ལ༔ བདེ་བ་ཅན་དུ་འགྲོ་བར་གྱིས༔ རང་གི་སྣ་བུག་ནས་རླུང་ཤུགས་དྲག་པོ་ཞིག་འཕྲོས་ནས༔ བར་སྣང་ཟླ་བའི་དཀྱིལ་འཁོར་ལ་ཕོག་པས༔ ཟླ་བའི་སྟེང་དུ་ཚེ་འདས་ཀྱི་རྣམ་པར་ཤེས་པ་འོད་དཔག་མེད་ཀྱི་སྐུར་གསལ་བ་དེ༔ མདའ་འཕངས་པ་བཞིན་དུ་བདེ་བ་ཅན་དུ་གཤེགས་པར་གྱུར༔ ཕཊ༔ གལ་ཏེ་གསོན་ཤོག་ཡིན་ན་ནི༔ ཚེ་འདས་ཞེས་པར་ཚེ་ལྡན་སྦྱར༔ ཟས་བསྔོ་ལམ་བསྟན་གཉིས་པོ་སྐྱུར༔ ཟླ་བའི་སྟེང་དུ་མེ་དཔུང་ནང་༔ སྦྱིན་བདག་འོད་དཔག་མེད་པའི་སྐུ༔ གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་༔ ལྟེ་བ་གསང་བ་གཙུག་གཏོར་དུ༔ ཧོ་སེར་ཧཾ་ལྗང་ཀྵ་དུད་ཁ༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀུན༔ མཐིང་དཀར་སེར་དང་དམར་པོ་ཡི༔ རྣམ་པར་སྤྱན་དྲངས་ལུས་ལ་ཐིམ༔ རྡོ་རྗེའི་གོ་ཁྲབ་གྱོན་པར་གྱུར༔ ༀ་ཧྲཱིཿམཱཾ་ན་མཿཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་རཀྵ་སྭཱ་ཧཱ༔ བསོད་ནམས་རི་བོ་བཞིན་དུ་སོགས། ལོ་བརྒྱ་ཐུབ་ཅིང་སོགས། དེ་ནས་བསྔོ་བ་རྒྱས་པའམ༔ ཡང་ན་ཆོ་ག་ཉིད་ཀྱི་མཇུག༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་ཞེས་སོགས་ནས་བོ་དྷ་ནཱ་ཡེ་སྭཱ་ཧཱ༔ ཚང་བར་བརྗོད༔ བདག་ནི་ཚེ་འཕོས་ཞེས་པའི་མལ༔ གང་ཡིན་དེ་ཡི་མིང་བཅུག་གོ༔ བྱང་ཐལ་སཱཙྪ་འགྲུབ་ན་ལེགས༔ མ་འགྲུབ་གཞུང་ཆུའི་ནང་དུ་བླུགསཿ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ཁ་ཐམ༔ ཐ་ཤམ་ཏྱ་ཏྱ་ཐྲ་ཤོ་གོུདྷེ༔ ཞེས་པ་འདི་ཉིད་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་གྱི་ལོ་ཁྲུམས་སྟོད་ཟླ་བའི་ཚེས་དགུའི་ཉིན༔ དཔལ་རྣོ་བཀྲའི་གཞུང་ནས་གསུངས་པ་དང་མཐུན་པའི་ཐུགས་རྗེ་ཆེན་པོ་སྔོ་སྐྱ་ཞལ་གསུམ་ཕྱག་དྲུག་པ་ཞིག་གིས་དངོས་སུ་བཀའ་སྩལ་ཏོ༔ ཞེས་གནམ་ཆོས་བྱང་ཆོག་གཞུང་དང་༔ དེ་ཡིས་བསྔོས་བཞིན་ཐོབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤམ་གྷ་དྷ་དྷྱ་ཐ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ༔ མེ་སྤྲེལ་ཁྲུམས་སྟོད་ཟླ་བའི་ཚེས་བརྒྱད་ནུབ༔ རྒྱལ་བ་རྒྱ་མཚོའི་གཞུང་ཉིད་ནས་གསུངས་པ་ལྟར་ཞལ་གཟིགས་ཏེ༔ ཐུགས་རྗེ་ཆེན་པོ་དང་འོད་དཔག་མེད་གཉིས་མགྲིན་གཅིག་ཏུ་འདི་ལྟར་བཀའ་སྩལ་ཏོ༔ ཞེས་གནམ་ཆོས་ཟས་གཏད་དང་༔ མ་ཡིག་བུ་ཡིག་གཉིས་གབ་སྤྲད༔ གནམ་ཆོས་རང་གཞུང་དང་གཞན་ནས་ཁ་བསྐང་འོས་ཅུང་ཟད་ཀྱིས་ཁ་བསྐངས་ཏེ༔ རྟོགས་ལྡན་ཀརྨ་སོགས་གསར་བུ་འགའ་ལ་ཕན་པའི་ཕྱིར༔ བྱ་ལོ་འབྲུག་ཟླའི་ཉེར་བཞིའི་ཉིན་དགེ་སློང་བརྩོན་འགྲུས་ཀྱིས་ཡི་གེ་པ་བྱས་ཏེ༔ གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ལ༔ ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་༔ དགེ་བས་འདི་དང་འབྲེལ་ཚད་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ་བར་གྱུར་ཅིག༔ མངྒ་ལཾ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ཆ༽པའི་ནང་བཞུགས་སོ།།

བདེ་ཆེན་ཞིང་སྒྲུབ་ལ་བརྟེན་ནས་ཕུང་པོ་བསྲེག་སྦྱོང་།

བདེ་ཆེན་ཞིང་གི་རོ་སྲེག་ཆོ་ག་ངན་སོང་གནས་འདྲེན་སྡུག་བསྔལ་མཚོ་སྐེམ་གཏན་བདེ་རབ་འབར་ཞེས་བྱ་བ་བཞུགས་སོ། །ན་མོ་ཨ་མི་ཏ་བྷཱ་ཡ། དབང་མེད་བར་དོའི་སེམས་ཅན་རྣམས། །རིགས་དྲུག་སྐྱེ་སྒོ་གཅོད་པའི་ཕྱིར། །བྱང་ཆོག་ལྟར་དུ་ཕྱིར་ལྡོག་བྱ། །འོད་དཔག་མེད་པའི་གཟུངས་རིང་དེ། །ཕྲེང་རེ་བྱས་པ་ཚར་གསུམ་བྲི། །དེ་གསུམ་མཇུག་ཏུ་ཤམ་བུ་གསུམ། །ༀ་ཨ་མི་དྷེ་ཝ་ཧྲཱིཿ བྲིས་པ་ཕུང་པོའི་སྤྱི་བོར་བཏགས། །ཡིག་དྲུག་བྲིས་པ་དཔུང་པ་གཡས། ༀ་བཛྲ་པཱ་ཎི་ཧཱུྃ༔ ཞེས་པ་བྲིས་པ་དཔུང་པ་གཡོན། །དེ་ཡིས་གནས་ཡིག་མདོར་བསྡུས་ཚང་། །དེ་ཡང་གསང་བ་སྤྱི་རྒྱུད་ལས། །ས་སེལ་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །ལག་པས་རེག་ལ་སྔགས་བཟླས་བྱ། །དེ་ཉིད་དག་པ་མཆོག་ཏུ་འགྱུར། །གསུངས་ཕྱིར་དེ་རུ་ས་མི་རྐོ། །རྡོ་ལེབ་ཤིང་ལོ་རྩ་སྔོ་སོགས། །བཀོད་སྟེང་གཞན་ནས་ས་བླང་བཅག །ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། བརྒྱ་རྩ་བཟླས་ཤིང་ལག་པས་བཅག །དེ་སྟེང་དཀར་གཏོར་གཅིག་བཤམས་ཏེ། །ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབ། །རང་ཉིད་སྐད་ཅིག་དྲན་རྫོགས་ཀྱིས། །འོད་དཔག་མེད་པའི་སྐུར་གསལ་བའི། །ཕྱག་གཡས་ས་ལ་གདབ་པ་ཡིས། །ས་ཡང་རྣམ་པ་དྲུག་ཏུ་གཡོས། །ས་དེའི་དཀྱིལ་ནས་ལྷ་མོ་ནི། །གསེར་མདོག་དར་དང་རཏྣས་བརྒྱན། །ཁས་ལེན་ཕྱག་རྒྱ་གཏེར་བུམ་འཛིན། །ས་བདག་ཚོགས་ཀྱིས་བསྐོར་བར་གྱུར། །ས་ཡི་ལྷ་མོ་འཇིག་རྟེན་ཡུམ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ས་ལམ་བགྲོད་པའི་དབང་པོ་མོ། །སྣང་ཞིང་སྲིད་པའི་ས་བདག་དང་། །འདིར་གནས་ས་ཡི་བདག་པོ་རྣམས། །འདིར་གཤེགས་ས་གླུད་གཏོར་མ་བཞེས། །ས་འདི་བདག་ལ་གནང་མཛོད་ལ། །འདི་རུ་མ་གནས་གཞན་དུ་བཟུར། །ༀ་པྲྀ་ཐི་ཝི་དེ་ཝཱི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། ས་ཡི་ལྷ་མོ་དགའ་ཞིང་འཛུམ། །ས་འདི་གནང་གིས་འགྲོ་དོན་སྤྱོད། །ཅེས་གསུངས་ས་ལ་ཐིམ་གྱུར་པས། །ས་ཡང་གསེར་གྱི་ཕུང་པོར་གྱུར། །ས་བདག་གཞན་རྣམས་རང་གནས་བྱེར། །སརྦ་བྷཱུ་མི་པ་ཏི་གཙྪ། དེ་ནས་ཐིག་ཚོན་སོ་སོར་བཤམ། །རིན་ཆེན་སྣོད་དུ་ཐིག་ཚོན་རྣམས། །ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿརྣམས་ལས། །རང་མདོག་རིགས་ལྔའི་སྐུར་གྱུར་ཅིང་། །ཡེ་ཤེས་པ་ཐིམ་འོད་དུ་ཞུ། །ༀ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུྃ། ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། བདུན་རེ་བརྗོད་པས་བྱིན་བརླབས་ཏེ། །དེ་ནས་ཐིག་ཆེན་བརྒྱད་བཏབ་ལ། །ཐེབ་སྲིན་སྦྱར་བས་སྐུད་སྣེ་འཛིན། །གྲུ་མོའི་རྩེ་རུ་ཚད་བྱས་ལ། །དེ་ཉིད་བལྟེབ་ནས་དབུས་སུ་བཟུང་། །ཟླུམ་པོར་བསྐོར་བ་ཐབ་ཀྱི་རྒྱ། །དེ་ཡི་ཕྱི་རིམ་སོར་བཞི་པ། །གཉིས་དང་སོར་དོ་པ་གཉིས་བསྐོར། །མཆུ་དང་ཁ་ཁྱེར་ཁ་བད་དང་། །ཁ་འཕྱང་བཞི་རུ་འབྱུང་བ་ཡིན། །བསྡུ་ན་གཉིས་སམ་གཅིག་གིས་ཆོག །དབུས་སུ་པདྨ་འདབ་བརྒྱད་ཀྱི། །ལྟེ་བར་རྡོ་རྗེ་དཀར་པོ་བྲི། །འདབ་བརྒྱད་ཕྱོགས་མདོག་མཛེས་ཚོན་ཏེ། །ཕྱི་རོལ་ཁ་ཁྱེར་རྡོ་རྗེ་དཀར། །དེ་རྒྱབ་གཞི་ནི་དཀར་པོ་ལ། །སྣ་ཚོགས་རྡོ་རྗེ་ལྗང་གུ་བྲི། །དེ་རྒྱབ་ལྗང་གུ་རིན་ཆེན་སེར། །དེ་རྒྱབ་སེར་པོ་པདྨ་དམར། །ཟུར་བཞི་ཟླ་ཕྱེད་རྡོ་རྗེ་བཞི། །དྲིལ་བུ་འཁྲོལ་ཞིང་སྤྱན་གྱིས་གཟིགས། །བསྐོར་བ་བྱས་ཏེ་ཞལ་ཁེབས་རྒྱབ། །དེ་སྟེང་གདུང་ཁང་བརྩེགས་པའམ། །ཕལ་པར་ཤིང་སྡོང་གྲུ་བཞིར་བརྩེགས། །སྤུར་གདན་ཤོག་བུར་འདབ་བརྒྱད་བྲི། །སྤུར་བཞག་སྤུར་ཁེབས་ཤོག་བུ་ལ། །འཁོར་ལོ་རྩིབས་བརྒྱད་བྲིས་པས་བཀབ། །ཉེ་ལོགས་སམ་ནི་གཞན་དུའང་རུངས། །སྲེག་གདན་གཞི་ནི་དཀར་པོའི་སྟེང་། །གཡས་སུ་བསྲེག་རྫས་ཐམས་ཅད་དང་། །གཡོན་དུ་མཆོད་པ་སྣ་བདུན་དང་། །མེ་ལྷའི་གཏོར་མ་ཆེ་ཆུང་གཉིས། །ཟླུམ་པོ་རྒྱན་ཅན་ལི་སྡེར་གང་། །ཆོས་སྐྱོང་གཏོར་མ་ཟུར་གསུམ་གཅིག །མདུན་དུ་མེ་ལྷ་མཆོད་པ་ཡི། །མཆོད་པ་སྣ་བདུན་ཆ་ཚང་དང་། །མར་ཁུ་དགང་གཟར་ཁ་སྦྱར་བཤམ། །ལས་བུམ་ནང་དུ་དྲན་རྫོགས་སུ། །རྟ་མགྲིན་བསྒོམ་ལ་སྔགས་བཟླས་བཞག །ཡམ་ཤིང་སོར་མོ་བཅུ་གཉིས་པ། །ཀུ་ཤ་དཔལ་འབར་ལ་སོགས་པ། །ཉེར་མཁོའི་ཡོ་བྱད་ཚང་བར་བྱས། །ཞིང་སྒྲུབ་ལས་བྱང་སྔོན་སོང་རྗེས། །རང་ཉིད་འོད་དཔག་མེད་དུ་བསྒོམ། །མཆོད་པ་སྤུར་ཁང་བཅས་པ་བྲན། །ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ༀ་སྭ་བྷཱ་ཝ་སོགས། ཀ་དག་ཀློང་ནས་སྤྲུལ་པ་ཡི། །གནམ་ས་གང་བའི་མཆོད་པའི་སྤྲིན། །སྨན་གཏོར་བསྲེག་རྫས་སྣ་ཚོགས་པ། །ཟད་མེད་གྱུར་ཅིག་པཱུ་ཛཿཧོཿ རྡོར་དྲིལ་དང་བཅས་དགང་བླུགས་སྦྱར། །རྫས་རྣམས་ཀུན་ལ་རེག་བྱ་ཞིང་། །ༀ་ཨཱཿཧཱུྃ། ༀ་ཋཿཋཿཋཿཋཿཋཿཋཿཋ༔ དེ་ནས་རྫས་རྣམས་བཀྲུ་བསམ་ཞིང་། ༀ་སྭཱ་ཧཱ། ཡམ་ཤིང་ལ་རེག །ༀ་ཤྲིཾ་སྭཱ་ཧཱ། མར་ཁུ་ལ་རེག །ༀ་ཨཱཿསྭཱ་ཧཱ། འབྲུ་ཐམས་ཅད་ལ་རེག །ༀ་ཛྲིཾ་སྭཱ་ཧཱ། ཐམས་ཅད་ལ་རེག །ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ། ལས་བུམ་ཀུ་ཤ་དཔལ་འབར་གསུམ། །རླུང་གཡབ་མེ་དར་དང་བཅས་བཟུང་། །རྒྱན་གོས་དང་བཅས་སྤུར་ཁང་སྐོར། །ཀུ་ཤ་བསངས་སྦྱངས་བྱས་ནས་ཀྱང་། །ༀ་ལས་ཀུ་ཤ་སྔོ་ལྗང་ནི། །སྲུང་བའི་ནུས་པ་ཕུན་ཚོགས་གྱུར། །ༀ་བཛྲ་སཏྭ་ཨཱ༔ པད་སྐོར་དང་བཅས། གཉིས་རེ་བླང་། ༀ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །ༀ་བཛྲ་སཏྭ་ཨཱཿ ཐབ་ཀྱི་ཁ་ཁྱེར་གཡས་བསྐོར་བཀོད། །ཆུན་པོ་གཉིས་ནི་རྒྱ་གྲམས་བཅིངས། །རྩེ་མོ་ཚུར་བསྟན་དབུས་སུ་བཞག །ལས་བུམ་གྱིས་བྲན་བསངས་སྦྱངས་ཏེ། །སྟོང་པའི་ངང་ལས་ཧཱུྃ་ཡིག་ལས། །ཞི་བའི་ཐབ་ཁུང་མཚན་ཉིད་ལྡན། །བུད་ཤིང་རྣམས་ཀྱིས་གང་བའི་དབུས། །པདྨ་དང་ནི་ཟླ་བའི་སྟེང་། །རཾ་ལས་མེ་ལྷ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་བཞི་དྲང་སྲོང་གཟུགས། །སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། །གཡས་གཉིས་དབྱུ་གུ་སྐྱབས་སྦྱིན་ཕྱག །གཡོན་གཉིས་ཕྲེང་བ་རིལ་བ་འཛིན། །ར་སྐྱེས་གདན་ལ་ཕྱེད་སྐྱིལ་བཞུགས། །འོད་འབར་མེ་ལྕེ་སྟོང་གིས་དཀྲིས། །དེ་ཡི་གནས་གསུམ་ༀ་ཨཱཿཧཱུྃ། །ཐུགས་དབུས་རཾ་གྱིས་མཚན་པར་གྱུར། །སྟོང་པའི་ངང་ལས་རྫས་འདི་རྣམས། །ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཿརྣམས་ལས། །རིགས་ལྔའི་ངོ་བོ་ཡེ་ཤེས་ཀྱི། །ཁ་དོག་ལྔ་ལྡན་མེ་འབར་གྱུར། །དྲིལ་བུ་འཁྲོལ་ཞིང་དབྱངས་དང་བཅས། །དེ་ནས་མེ་སྦར་བ་ནི། ཧཱུྃ། མེ་འདིའི་རྩ་བ་སྔོ་བ་དེ། །རྡོ་རྗེ་སེམས་དཔའི་ཡེ་ཤེས་མེ། །དེ་སྟེང་མེ་མདོག་དམར་བ་དེ། །སྣང་བ་མཐའ་ཡས་ཡེ་ཤེས་མེ། །མེ་འདིའི་སྐེད་པ་སེར་པ་དེ། །རིན་ཆེན་འབྱུང་ལྡན་ཡེ་ཤེས་མེ། །དེ་སྟེང་མེ་མདོག་དཀར་བ་དེ། །རྣམ་པར་སྣང་མཛད་ཡེ་ཤེས་མེ། །མེ་འདིའི་རྩེ་མོ་ནག་པ་དེ། །དོན་ཡོད་གྲུབ་པའི་ཡེ་ཤེས་མེ། །རྒྱལ་བ་རིགས་ལྔའི་མེ་ཡིན་ནོ། །ཡེ་ཤེས་ལྔ་ཡི་མེ་དཔུང་གིས། །ཁྱོད་ཀྱི་ཕུང་པོ་ལྔ་སྦྱངས་པས། །དུག་ལྔ་གཏན་ནས་དག་ནས་ཀྱང་། །ཡེ་ཤེས་སྐུ་ལྔ་ཐོབ་པར་ཤོག །ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མེ་སྦར་གྱེར་ལ་མེ་རུ་བཙུག །ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ༔ ཧཱུྃ། ཡེ་ཤེས་མེ་དཔུང་འབར་བ་འདི། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཏུ། །མ་འཕྲོ་མ་མཆེད་མ་འཁྱིལ་ཅིག །ལྷ་སྲིན་ཀུན་ལ་གནོད་དོགས་པས། །མེ་མགོ་དར་གྱིས་མནན་པར་བྱ། །ༀ་མེ་དཔལ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་མེ་དར་གཡབ་བྱས་ལ། །མགྱོགས་པར་གཞི་འགྲམ་འོང་ནས་འདུག །ཕྱོགས་གཙང་ལྔ་སེར་མེད་ཕྱོགས་སུ། །ཁ་གྱུས་བསྲེག་རྫས་ཐམས་ཅད་ནི། །མཆོད་གཡོག་པ་ལ་བསྐུར་བས་ཆོག །ཐབ་ཏུ་གནས་པའི་མེ་ལྷ་ཡི། །ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ཤར་ལྷོ་ཕྱོགས་ནས་མེ་ཡི་ལྷ། །དྲང་སྲོང་ཚོགས་བཅས་སྤྱན་དྲངས་གྱུར། །ལག་གཡས་མི་འཇིགས་ཕྱག་རྒྱ་ཡི། །མཐེ་བོང་སྲིན་ལག་རྩར་གཡབ་ཅིང་། །རྣ་བ་གཡོན་ནས་གཡས་ངོས་ཁྱེར། །གཡོན་པས་དྲིལ་བུ་བསིལ་བྱ་ཞིང་། །ༀ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ༀ་ཊཀྐི་ཧཱུྃ་ཛ༔ ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་བསྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འབར་བའི་གནས་འདིར་བཞུགས་སུ་གསོལ། །ༀ་ཨགྣི་དེ་ཝ་ས་མ་ཡ་ཏིཥྛ་ལྷན། །ཐབ་ཀྱི་ཤར་ལྷོར་ཀུ་ཤའི་གདན། །ཡེ་ཤེས་མེ་ལྷ་འཁོར་བཅས་འཁོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱཾ་པྲ་ཏིཙྪ་སྭཱ་ཧཱ། ཞེས་པས་ཆུ་གཉིས་འབུལ་བྱས་ཏེ། །ལག་གཡས་རྡོ་རྗེ་དང་བཅས་པའི། །མཐེ་བོང་གིས་ནི་མཐེའུ་ཆུང་མནན། །དམ་ཚིག་ཕྱག་རྒྱ་དེ་ཕྱར་ཞིང་། །ཧཱུྃ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱི། །དམ་ཚིག་ལ་ནི་གནས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ༀ་ཧ་ན་ས་མ་ཡ་ཧཱུྃ་ཕཊ། ཡེ་ཤེས་མེ་ལྷ་དམ་ཚིག་པ། །དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར། །ཛཿཧཱུྃ་བྃ་ཧོཿ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །རིགས་ལྔ་སྤྱན་དྲངས་དབང་བསྐུར་ཏེ། །སྐུ་གང་ཆུ་ལྷག་ཡར་ལུད་པས། །རྣམ་པར་སྣང་མཛད་དབུ་རྒྱན་གྱུར། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་ནས་ཤབྡའི་བར། ༀ་གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན། །རྔམ་པའི་བྱིན་ཅན་ལས་ལ་བརྩོན། །སྲེག་བླུགས་འབུལ་ལོ་ལས་ཀུན་སྒྲུབས། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་སྒྲུབ་པའི། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། །དགང་བླུགས་ཁ་ལ་ཧྲཱིཿཡིག་དང་། །མེ་ལྷ་ཅུང་ཟད་ཞལ་གདངས་པའི། །ལྗགས་ལ་རཾ་ཡིག་གིས་མཚན་པས། །བསྲེག་རྫས་བདུད་རྩིར་བཞེས་པར་གྱུར། །ལག་གཉིས་རྡོར་དྲིལ་དང་བཅས་པའི། །ཁུ་ཚུར་མཛུབ་མོ་གཉིས་བརྐྱང་པས། །དགང་བླུགས་བཟུང་སྟེ་དགང་གཟར་གྱིས། །བླུགས་གཟར་ནང་དུ་མར་ཁུ་ནི། །སྔགས་རེ་བརྗོད་ཅིང་ལན་བདུན་བླུག །ༀ་ཨགྣ་ཡེ་སྭཱ་ཧཱ། གྲུ་མོ་གཉིས་པོ་པུས་མོ་ལས། །ཕྱིར་མི་འདའ་བར་དགང་བླུགས་སྦྱོར། །ཐབ་ཀྱི་ཁ་ལ་གཡས་བསྐོར་ནི། །ལན་གསུམ་བྱས་པར་བསྒོམ་བྱ་ཞིང་། །ༀ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཝཱ་ཧ་ནཱ་ཡ་ཨཱ་དི་བྱ་སྭཱ་ཧཱ། ཞེས་པས་མར་ཁུ་སྐྱོགས་སུ་བླུག །དེ་འདྲ་གསུམ་མམ་བདུན་གྱིས་བསྐུར། །དུད་པ་སྔོན་པོ་གྱེན་འགྲེང་དང་། །མེ་ལྕེ་དཀར་དང་གྱེན་དུ་འབར། །དྲི་ངན་མེད་སོགས་བཟང་རྟགས་ཏེ། །མེ་ལྕེ་ནག་དང་དུ་བ་ཚུབ། །ངན་པའི་རྟགས་མཚན་བྱུང་གྱུར་ན། །རྟ་མགྲིན་སྔགས་ནི་མང་དུ་བཟླས། །ལས་བུམ་ཆུ་ཡིས་བྲན་བཅུག་གོ །མེ་ལྷའི་ཐུགས་ཀའི་འོད་ཟེར་གྱིས། །ཚེ་འདས་བཀུག་ནས་སྡིག་སྒྲིབ་རྣམས། །འོད་ཟེར་གྱིས་དྲངས་བསྲེག་རྫས་ལ། །ཐིམ་སྟེ་མེ་ལྷས་གསོལ་བར་གྱུར། །གང་ཟག་བཟང་པོ་ཡིན་ན་ནི། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་བསྟིམ། །བསྲེག་རྫས་གུང་མཐེབ་སྦྱར་བས་འབུལ། །བསྲེག་རྫས་ཀུན་གྱི་སྔགས་མགོ་ལ། །ༀ་ཨགྣ་ཡེ་དྷེ་ཝ་ཞེས་སྦྱར་ཡམ་ཤིང་བྱང་ཆུབ་ཤིང་། །བསམ་ལ་རྩེ་མོ་སྟེང་བསྟན་འབུལ། །ༀ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ་ལ། ༀ་ཨགྣ་ཡེ་སྭཱ་ཧཱ། ཚེ་ལས་འདས་བདག་གཞན་སེམས་ཅན་གྱི་སྡིག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། །ཐམས་ཅད་ལ་འགྲེ། པའི་སྐྱེ་བ་གཞན་དུ་འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སོགས། ཏིལ་ནག་ལ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་སོགས། ཡུངས་དཀར་ལ། ༀ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་བར་དོའི་འཇིགས་སྐྲག་ཐམས་ཅད་སོགས། ཟས་མཆོག་ནི་སྐྱ་ཚུལ་མར་སོགས་ཟས་སྣ་བསྲེག །ༀ་སརྦ་སམྦ་དེ་སྭཱ་ཧཱ། ཚེ་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། དུཪྺ་ནིརམ་རྩི་ཡིན་ཏེ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་ལས་འདས་པ་སྐྱེ་བ་གཞན་དུ་ཚེ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། ནས་ལ། ༀ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་ཞིང་ཁམས་བགྲོད་པ་ལ་མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། གྲོ་ལ། ༀ་བཛྲ་གྷསྨ་རེ་སྭཱ་ཧཱ། ཚེ་ལས་འདས་པ་སྐྱེ་བ་གཞན་དུ་ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། སོ་བ་ལ། ༀ་བཛྲ་བཱི་ཛ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། སྲན་མ་ལ། ༀ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། འབྲས་ལ། ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད༴ ཀུ་ཤ་ལ། ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད༴ བིལ་བ་ལྟར་ཁའམ་མ་རྙེད་ན་སེ་ཐོག་ཤུག་ཐོག་གང་རུང་ལ། ༀ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་རིགས་རྒྱུད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པར་བྱེད་པའི་སྡིག་སྒྲིབ་ཐམས་ཅད༴ དཀར་གསུམ་མངར་གསུམ་གང་འབྱོར་ལ། ༀ་བཛྲ་མཱ་ལེ་པུཥྚ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་ཤེས་རབ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པར་བྱེད་པའི་སྡིག་སྒྲིབ་ཐམས་ཅད༴ མེ་ཏོག་དཀར་པོ་མེད་ན་ནས་ལ། ༀ་བཛྲ་པུཥྤེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ཁ་དོག་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པར་བྱེད་པའི་སྡིག་སྒྲིབ་ཐམས་ཅད༴ དྲི་དང་སོ་རྩི་ཇ་སོགས་བཏུང་བའི་རིགས་ལ། ༀ་བཛྲ་ཏཾ་བུ་ལཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་བཀྲ་ཤིས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི༴ སྨན་སྣ་ཚོགས་ལ། ༀ་ཨོ་ཥ་དྷི་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི༴ དར་རས་གོས་སྣ་དུམ་བུ་ལ། ༀ་བཛྲ་ཝསྟྲ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་རྒྱན་དང་གོས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི༴ འདིར་མ་འཐུས་པའི་འབྲུའི་རིགས། །བཟའ་བཏུང་ལ་སོགས་འབུལ་འདོད་ན། །ༀ་ཨགྣ་ཡེ་སོགས་ལྷ་སྔགས་མཇུག་ཏུ། ༀ་ཨཱཿཧཱུྃ་ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ལྟར་ཏིལ་ནི་ཉེར་གཅིག་ཙམ། །གཞན་རྣམས་བདུན་ནམ་གསུམ་རེས་ཆོག །དེ་ནས་རང་མདུན་མཆོད་པ་རྣམས། །རེ་རེ་བཞིན་དུ་འབུལ་བར་བྱ། །འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞབས་བསིལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པཱདྱཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མེ་ཏོག་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །བདུག་སྤོས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །སྣང་གསལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨ་ལོ་ཀེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །དྲི་ཆབ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞལ་ཟས་ཇི་སྙེད་ཡོད་པ་དང་། བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ནཻ་ཝིདྱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །རོལ་མོ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཤབྡ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཿཧཱུྃ། མཆོད་པ་རྣམས་དང་མར་མེ་དང་། །ལྷ་བཤོས་ལ་སོགས་འབུལ་བྱ་ཞིང་། །རོལ་མོའི་སྐབས་སུ་མཚམས་འཛིན་གྱི། །མེ་ཏོག་འཐོར་ཞིང་དྲིལ་བུ་བསིལ། །སྤྲོ་ན་རོལ་ཆེན་འུར་བརྡུང་བྱ། །ༀ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་ལ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པའི། །རིག་སྔགས་གྲུབ་པའི་དྲང་སྲོང་མཆོག །ཕྲིན་ལས་སྒྲུབ་པའི་མངའ་བདག་ཆེ། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་ཐེག་མཆོག་ར་སྐྱེས་ཆིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་བཀང་གནྡྷེ་བསྣམས། །ཆོས་ཀྱི་བདུད་རྩིས་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞི་བའི་ཕྲིན་ལས་བསྒྲུབ་པ་དང་། །ས་ལམ་བར་ཆད་ཞི་བར་མཛོད། །དྲང་སྲོང་ཆེན་པོ་མེ་ལྷ་ཡིས། །སྔོན་གྱི་དམ་བཅས་མནའ་དོར་བ། །ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་གི་ནི་མེ་ལ་གནས། །མེ་ལྷ་ཁྱེད་ཉིད་མེ་དཔུང་དང་། །གཉིས་སུ་མེད་པར་བཞུགས་མཛོད་ལ། །སྦྱིན་སྲེག་མཆོད་པ་འདི་རྣམས་ཀུན། །བདེ་ཆེན་ཞིང་གི་ལྷ་ཚོགས་ཀྱི། །ཞལ་དུ་བསྟབ་པའི་ལས་མཛོད་ཅིག །མེ་ལྷའི་ཐུགས་ལས་སྤྲུལ་པ་ཡི། །མེ་ལྷ་དྲང་སྲོང་ཡིད་ལས་སྐྱེས། །རང་འདྲ་ཞིག་གིས་ལྷ་ཚོགས་ལ། །མཆོད་པའི་ཕྱག་གཙང་མཛད་པར་གྱུར། །མེ་ལྷའི་ལྟོ་བ་རྒྱ་ཆེ་བ། །འོད་ལས་གྲུབ་པའི་གཞལ་ཡས་ཁང་། །དེ་དབུས་པདྨ་ཟླ་གདན་ལ། །འོད་དཔག་མེད་མགོན་སྐུ་མདོག་དམར། །ཞེས་པ་ནས། ༼ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་འཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་སྤྱན་དྲངས་གྱུར༔ ཧཱུྃ༔ འོད་དཔག་མེད་ཀྱི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ༔ འོད་དཔག་མེད་ཀྱི་ལྷ་ཚོགས་བཞུགས་སུ་གསོལ༔ ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་མཐའ་མཉམ་བཞག་མཛད་ལ་ཕྱག་འཚལ་ལོ༔ ༀ་ཨ་མི་དྷེ་ཝ་ཧྲཱི༔ བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རྒྱལ་བ་རིགས་ལྔ་སྤྱན་དྲངས་ནས༔ དབང་བསྐུར་ཚེ་དཔག་དབུ་བརྒྱན་གྱུར༔ ཧཱུྃ༔ བདག་གིས་དྲི་ལྡན་དྲི་ཆབ་ཀྱིས༔ འོད་དཔག་སྐུ་ལ་ཁྲུས་གསོལ་ལོ༔ ལྷ་ལ་དྲི་མ་མི་མངའ་ཡང་༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ རས་དཀར་འཇམ་དྲི་ལྡན་པ་ཡིས༔ འོད་དཔག་སྐུ་ཉིད་ཕྱི་བར་བགྱི༔ སྐུ་ལ་དྲི་མ་མི་མངའ་ཡང་༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ ན་བཟའ་མཛེས་ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་ལ་གསོལ་བར་བགྱི༔ སྐུ་ལ་བསིལ་བ་མི་མངའ་ཡང་༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ རིན་ཆེན་རྒྱན་ཆ་མཛེས་པ་འདི༔ རྒྱལ་སྲས་གཉིས་ཀྱི་སྐུ་ལ་གསོལ༔ སྐུ་ལ་རྒྱན་གསོལ་མི་མངའ་ཡང་༔ གཟི་བརྗིད་ཆེ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ ཡན་ལག་བརྒྱད་ལྡན་ཞལ་བསིལ་འདི༔ རྒྱལ་བ་སྲས་བཅས་ཞལ་དུ་འབུལ༔ ཞལ་ལ་སྐྱེམས་པ་མི་མངའ་ཡང་༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ འོད་དཔག་ཞབས་དྲི་དག་བྱའི་ཕྱིར༔ ཞབས་བསིལ་དྲི་ལྡན་འདི་འབུལ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་ཞབས་བསིལ་སེར་མོར་བསྐྱེད༔ ཞབས་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྤྱན་གཟིགས་དགྱེས་པའི་ཕྱིར༔ མེ་ཏོག་མཛེས་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་པུཥྤེ་དཀར་མོར་བསྐྱེད༔ སྤྱན་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་ཤངས་མཆོག་དགྱེས་པའི་ཕྱིར༔ དྲི་ཞིམ་བདུག་སྤོས་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་དྷཱུ་པེ་སྔོན་མོར་བསྐྱེད༔ ཤངས་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་ཕྱག་མཆོག་དགྱེས་པའི་ཕྱིར༔ མར་མེ་གསལ་བ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་དྷཱི་པཾ་དམར་མོར་བསྐྱེད༔ ཕྱག་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྐུ་ལུས་བཀྲག་རྒྱས་ཕྱིར༔ དྲི་ཆབ་དྲི་ལྡན་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་གནྡྷེ་ལྗང་མོར་བསྐྱེད༔ སྐུ་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྐུ་བཀྲག་འདོན་པའི་ཕྱིར༔ ཞལ་ཟས་རོ་མཆོག་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་ནཻ་ཝིདྱ་སེར་མོར་བསྐྱེད༔ ལྗགས་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྙན་མཆོག་དགྱེས་པའི་ཕྱིར༔ རོལ་མོ་སྙན་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་ཤཔྡ་སེར་མོར་བསྐྱེད༔ སྙན་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ ཚེ་དཔག་སྐུ་ཉིད་དགྱེས་པའི་ཕྱིར༔ རིག་མ་རྒྱན་ལྡན་འདི་འབུལ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་རིག་མ་མཛེས་པར་བསྐྱེད༔ སྐུ་ལ་མཆོད་པ་འབུལ་བར་བགྱི༔ ༀ་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ་མུ་དྲ་ཨཱཿཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྫས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་ཡུངས་ཀར་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ མངྒ་ལཾ་ཨརྠ་སིདྡྷི་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྟགས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་བུམ་པ་སོགསཿ བདག་གིས་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ མངྒ་ལཾ་ཀུམྦྷ་ཧཱུྃ༔ ཧཱུྃ༔ འདོད་ཡོན་རྩ་བ་རིན་ཆེན་བདུན༔ གཙོ་མཆོག་རྒྱལ་པོ་ནོར་བུ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ནི་ཚོགས་གཉིས་རྫོགས་པར་ཤོག༔ ༀ་མ་ཎི་རཏྣ་ཧཱུྃཿ ཧཱུྃ༔ ཀུན་གྱི་གཙོ་བོ་རི་རབ་གླིང་༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ ༀ་རཏྣ་མཎྜལ་ཧཱུྃ༔ ཧཱུྃ༔ བདག་གིས་སྐྱབས་གནས་ཚེ་དཔག་ལ༔ བདུད་རྩིའི་མཆོད་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་བདུད་རྩིའི་ལྷ་མོར་བསྐྱེད༔ ཚེ་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལཿ ཧཱུྃ༔ བདག་གིས་སྐྱབས་གནས་འོད་དཔག་ལ༔ གཏོར་མའི་མཆོད་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་འདོད་ཡོན་ལྷ་མོར་བསྐྱེད༔ འོད་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ བདག་གིས་སྐྱབས་གནས་འོད་དཔག་ལ༔ རཀྟའི་མཆོད་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་མཆོད་པའི་ལྷ་མོར་བསྐྱེད༔ འོད་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ༀ་བཛྲ་པཉྩ་ཨ་མྲྀ་ཏ་བ་ལིང་ཏ་རཀྟ་ཁ་རཾ་ཁཱ་ཧི༔༽ བ་ལིང་ཏ་རཀྟ་ཁ་རཾ་ཁཱ་ཧིའི་བར། ཞིང་སྒྲུབ་ཆོ་ག་བཞིན་དུ་འདོན། །ཕལ་པ་ཡིན་ན་བསྲེག་རྫས་རྣམས། །ཚེ་འདས་ཤ་རུས་དབྱེར་མེད་བསྒོམ། །ལྷ་ཚོགས་རྣམས་ལ་མཆོད་པ་ཡིན། །གང་ཟག་དམ་པའི་གདུང་ཡིན་ན། །གདུང་དང་ལྷ་ཚོགས་དབྱེར་མེད་བསྒོམ། །བསྲེག་རྫས་མཆོད་པ་འབུལ་བ་ནི། །ༀ་ཨ་མི་དྷེ་ཝ་ཧྲཱིཿ དེ་ལ་གོང་གི་བསྲེག་རྫས་སྔགས། །བཏགས་ཏེ་རིམ་པར་འབུལ་བ་སྟེ། །ལྷ་སྔགས་རྫས་སྔགས་འདོད་གསོལ་གསུམ། །གཅིག་ཏུ་བརྩི་བ་གྲངས་སུ་འཛིན། །གཙོ་བོ་ལ་ནི་བརྒྱ་རེ་འབུལ། ༀ་མ་ཎི་པདྨེ་ཧཱུྃ། དེ་ལ་རྫས་སྔགས་བཏགས་བྱས་ཏེ། །ཐུགས་རྗེ་ཆེན་པོར་ཉེར་གཅིག་འབུལ། །ༀ་བཛྲ་པཱ་ཎི་ཧཱུྃ། མཐུ་ཆེན་ཐོབ་ལ་ཉེར་གཅིག་འབུལ། །ༀ་སརྦ་བུདྡྷ་བྷོ་དྷི་སཏྭ་ས་པ་རི་ཝཱ་རཱ་ཡ། བདེ་ཆེན་ཞིང་གི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །བདུན་ནམ་ཉི་ཤུ་རྩ་གཅིག་འབུལ། །འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་སོགས་གོང་ལྟར་ལ། བཅོམ་ལྡན༴ བཞེས་ནས་ཞི་བའི༴ ༀ་ཨ་མི་དྷེ་ཝ་ཧྲཱིཿ ས་པ་རི་ཝཱ་ར་ཨཱརྒྷཾ་པྲ་ཏིཙྪ་པཱུ་ཛ་ལ་སོགས་འགྲེའོ།། ༼འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ༀ་ཨ་མི་དྷེ་ཝ་ཧྲཱིཿ ས་པ་རི་ཝཱ་ར་ཨཱརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཿཧཱུྃ། འཇིག་རྟེན་ཁམས་ནི༴ ཞབས་བསིལ་ཇི་སྙེད༴ བདག་གིས་གུས་པས༴ བཅོམ་ལྡན་འཁོར་དང་༴ བཞེས་ནས་ཞི་བའི༴ ༀ་ཨ་མི་དྷེ་ཝ་ཧྲཱིཿ ས་པ་རི་ཝཱ་ར་པཱ་དྱཾ་པྲ་ཏིཙྪ༴ ལ་སོགས་འགྲེའོ། །འཇིག་རྟེན་ཁམས་ནི༴ མེ་ཏོག་ཇི་སྙེད༴ བདག་གིས་གུས་པས༴ བཅོམ་ལྡན་འཁོར་དང་༴ བཞེས་ནས་ཞི་བའི༴ ༀ་ཨ་མི་དྷེ་ཝ་ཧྲཱི༔ ས་པ་རི་ཝཱ་ར་པུཥྤེ༴ འཇིག་རྟེན་ཁམས་ནི༴ བདུག་སྤོས་ཇི་སྙེད༴ བདག་གིས་གུས་པས༴ བཅོམ་ལྡན་འཁོར་དང་༴ བཞེས་ནས་ཞི་བའི༴ ༀ་ཨ་མི་དྷེ་ཝ་ཧྲཱི༔ ས་པ་རི་ཝཱ་དྷུ་པེ༴ འཇིག་རྟེན་ཁམས་ནི༴ སྣང་གསལ་ཇི་སྙེད༴ བདག་གིས་གུས་པས༴ བཅོམ་ལྡན་འཁོར་དང་༴ བཞེས་ནས་ཞི་བའི༴ ༀ་ཨ་མི་དྷེ་ཝ་ཧྲཱིཿ ས་པ་རི་ཝཱ་ར་ཨཱ་ལོ་ཀེ༴ འཇིག་རྟེན་ཁམས་ནི༴ དྲི་ཆབ་ཇི་སྙེད༴ བདག་གིས་གུས་པས༴ བཅོམ་ལྡན་འཁོར་དང་༴ བཞེས་ནས་ཞི་བའི༴ ༀ་ཨ་མི་དྷེ་ཝ་ཧྲཱི༔ ས་པ་རི་ཝ་ར་གནྡྷེ༴ འཇིག་རྟེན་ཁམས་ནི༴ ཞལ་ཟས་ཇི་སྙེད༴ བདག་གིས་གུས་པས༴ བཅོམ་ལྡན་འཁོར་དང་༴ བཞེས་ནས་ཞི་བའི༴ ༀ་ཨ་མི་དྷེ་ཝ་ཧྲཱིཿ ས་པ་རི་ཝཱ་ར་ནཻ་ཝིདྱ་པྲ་ཏིཙྪ༴ འཇིག་རྟེན་ཁམས་ནི་དཔག་མེད་ན། །རོལ་མོ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ༀ་ཨ་མི་དྷེ་ཝ་ཧྲཱི༔ ས་པ་རི་ཝཱ་ར་ཤབྡ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཿཧཱུྃ།༽ ཤབྡའི་བར་གྱིས་རྒྱས་པར་མཆོད། །མེ་ལྷའི་གཏོར་མ་ཆེ་བ་དེ། །མར་ཁུ་དྲན་ལ་བཀྱགས་བཅུག་ལ། །ཨ་ཀཱ་རོས་བྱིན་བརླབས་ལ། །ༀ་ཨ་མི་དྷེ་ཝ་ཧྲཱིཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཕུལ་བྱས་ནས། །བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཚིག་མཇུག་དེར་ཡོད་ཐམས་ཅད་ཀྱིས། །རྗེས་ཟློས་ལན་གསུམ་བྱེད་བཅུག་ལ། །གདུང་ཁང་ནང་དུ་ཕུལ་བཅུག་གོ ། ༀ། རྡོ་རྗེ་སྐུ་ནི་སྐུ་ཞེས་སོགས་ནས། ༼ༀ༔ རྡོ་རྗེའི་སྐུ་ནི་སྐུ་ཡི་མཆོག༔ ཚངས་དང་བརྒྱ་བྱིན་འགྲན་དུ་མེད༔ ནམ་མཁའ་ལྟ་བུའི་སྐུ་མངའ་བའི༔ ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱཿ རྡོ་རྗེའི་གསུང་ནི་གསུང་གི་མཆོག༔ ཆེ་བ་འབྲུག་གིས་དོ་ཟླ་མེད༔ སྙན་པ་གླུ་མས་དོ་ཟླ་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་པ་ཡི༔ ལོངས་སྤྱོད་རྫོགས་སྐུར་ཕྱག་འཚལ་བསྟོད༔ ཧཱུྃ༔ རྡོ་རྗེའི་ཐུགས་ནི་ཐུགས་ཀྱི་མཆོག༔ འགྲོ་བའི་དོན་ལ་ངེས་པར་གཟིགས༔ ཚངས་པ་བརྒྱ་བྱིན་ཐུགས་ཀྱིས་ཀྱང་༔ དོ་ཟླ་མེད་པའི་བཀའ་དྲིན་ཅན༔ སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ༀ༔ བདག་ནི་མ་རིག་དབང་གྱུར་པས༔ འོད་དཔག་ཐུགས་དང་གང་འགལ་བ༔ བཤགས་བགྱི་བཛྲ་སཏྭ་ཧཱུྃཿ ༀ༔ སྐུ་ཡི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱཿ གསུང་གི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་ཐུགས་ལ་ཕྱག་འཚལ་བསྟོད༔ ༀ་ཧྲཱིཿསྭཱ་ཧཱ༔ བཛྲ་སཏྭ་ༀ༔ བཛྲ་སཏྭ་ཨཱ༔ བཛྲ་སཏྭ་ཧཱུྃ༔༽ བཛྲ་སཏྭ་ཧཱུྃ་གི་བར། །ཆོ་ག་ནང་ལྟར་བརྗོད་པར་བྱ། །དེ་ནས་ཆོས་སྐྱོང་གཏོར་མ་བྲན། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །ཞིང་སྐྱོང་ཡབ་ཡུམ་སྤྱན་དྲངས་ལ། །མེ་ལྷའི་ལྟོ་བའི་བདེ་ཆེན་ཞིང་། །ཕྱག་རྡོར་དྲུང་དེར་བཞུགས་པར་བསྒོམ། །སྣང་བ་མཐའ་ཡས་བཀའ་སྲུང་བ། །ཞེས་པ་དང་། ༼བདུད་པོ་ནག་པོ་སེང་གེའི་གདོང་༔ ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ བེར་གསོལ་གཡས་པས་ཕྱར་དར་ལ༔ གཡོན་པས་དམར་གཏོར་དགྲ་ལ་འཕེན༔ ཆིབས་སུ་རྟ་ནག་རྐང་གསུམ་ཆིབས༔ ཡུམ་ནི་དམར་མོ་སེང་གདོང་མ༔ ཁ་ཊྭཱཾ་ཙིཏྟ་ཕྱག་ན་འཛིན༔ རྟ་དམར་ཆིབས་པའི་གཡས་གཡོན་དུ༔ བམ་རོ་ཕོ་མོ་དང་བཅས་གསལ༔ ཧཱུྃ༔ འོག་མིན་དུར་ཁྲོད་ཆེན་པོ་དང་༔ རྩུབ་འགྱུར་ཚལ་དང་བསིལ་བའི་ཚལ༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས༔ གཙུག་ལག་ཆོས་འཁོར་བཞུགས་གནས་ནས༔ ཞིང་སྐྱོང་འཁོར་བཅས་སྤྱན་འདྲེན་ན༔ གཙོ་འཁོར་འཚམས་པའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དང་༔༽ རང་རང་མཐུན་པའི་རྫས་ཀྱིས་བསྐང་༔ སྦྱིན་བསྲེག་མཆོད་པ་འབུལ་གྱི་བཞེས། །ཨརྒྷཾ་ལ་སོགས་སྔགས་ཀྱིས་མཆོད། །ༀ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ། ༀ་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲིང་ཛཿཧཱུྃ་ཕཊ། ཏྲི་ཧྲིང་ཛཿ དེ་ལ་རྫས་སྔགས་བཏགས་ནས་ཀྱང་། །བསྲེག་རྫས་ཐམས་ཅད་བདུན་རེ་འབུལ། །ཧཱུྃ་སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །ཁས་བླངས་སངས་རྒྱས་བསྟན་པ་སྲུང་། །མཐུ་སྟོབས་ནམ་མཁའི་མཐའ་དང་མཉམ། །ཞིང་སྐྱོང་འཁོར་བཅས་བདག་གིས་བསྟོད། །དམ་རྫས་སྦྱིན་སྲེག་མཆོད་པ་བཞེས། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །གང་བཅོལ་ལས་རྣམས་འགྲུབ་པར་མཛོད། །དེ་ནས་གཏོར་མར་མར་ཁུ་བྲན། ན་མོ། དཀོན་མཆོག་གསུམ་སོགས་བདེན་སྟོབས་དུས། །བདག་ཅག་ཡོན་མཆོད་ཅེས་པ་དང་། །ཚེ་འདས་བདེ་ཆེན་ཞིང་ཁམས་སུ། །ཞེས་སོགས་བཀུག་གཞུག་ཚིག་ཟུར་བསྒྱུར། །༼ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ བདེ་ཆེན་ཞིང་དུ་བཞུགས་པ་ཡི༔ ལྷ་ཚོགས་ཀུན་གྱི་བདེན་པ་དང་༔ ཞིང་སྐྱོང་ཡབ་ཡུམ་མཐུ་སྟོབས་ཀྱིས༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ཚེ་སྲོག་བསོད་ནམས་ལ་གནོད་ཞིང་༔ ཚེ་འདས་བདེ་ཆེན་ཞིང་ཁམས་སུ༔ འགྲོ་ལ་བར་དུ་གཅོད་བྱེད་པའི༔ དགྲ་བགེགས་བདུད་དང་འབྱུང་པོའི་ཚོགས༔ དམར་ཆེན་གཏོར་མ་འདི་ཉིད་ལ༔ ཁུག་ཅིག་ཛཿཧཱུྃ་བྃ་ཧོ་ཕཊ༔ ཞིང་སྐྱོང་ཡབ་ཡུམ་འཁོར་བཅས་ཀྱི༔ ཞལ་དུ་བཏབ་བོ་ཁཱ་རཾ་ཁཱ་ཧི༔༽ ཧཱུྃ། དཔལ་ལྡན་ཞིང་སྐྱོང་གཏོར་མ་བཞེས། །ཚེ་འདས་བདེ་ཆེན་ཞིང་ཁམས་སུ། །སྔོན་ནས་གསུས་ལ་ཕྱི་ནས་སྐྱོལ། །ས་དང་ལམ་གྱི་བར་ཆད་ཟློག །གསོན་པོ་ཚེ་དང་ལྡན་རྣམས་ཀྱིས། །ནད་གདོན་བར་ཆད་ཐམས་ཅད་སོལ། །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད། །གཏོར་མ་ཐབ་ཏུ་འབུལ་རྒྱུ་བསྐུར། །དེ་ནས་རྒྱས་པར་སྤྲོ་ན་ནི། །མེ་ལྷའི་ཐུགས་ཀར་བདེ་ཆེན་ཞིང་། །དེ་མཐར་ཚེ་འདས་བསྐྱེད་བྱས་ལ། །བྱང་ཆོག་བཞིན་དུ་ཕྱིར་ལྡོག་བྱ། །བསྡུ་ན་ལྷ་བསྐྱེད་ནས་བཟུང་སྟེ། །བུམ་དབང་བར་དུ་བྱང་ཆོག་ལྟར། །དེ་ནས་ཟས་བསྔོ་བྱང་ཆོག་ལྟར། །ཟས་རྣམས་ཐབ་ཀྱི་ནང་དུ་འབུལ། །མེ་སྦར་མི་དགོས་སྔར་བྱས་ཆོག །ལམ་བསྟན་བསྔོ་བ་བྱང་ཆོག་ལྟར། །དེ་ཡིས་སྦྱིན་སྲེག་དངོས་གཞི་རྫོགས། །ༀ་ཨ་མི་དྷེ་ཝ་ཧྲཱིཿས་པ་རི་ཝཱ་ར། དེ་ལ་བསྲེག་རྫས་སྔགས་སྦྱར་བ། །བདུན་རེ་གོང་ལྟར་ཕུལ་བར་བྱ། །དེ་ལ་ཨརྒྷཾ་སོགས་བཏགས་ལ། །མཆོད་པ་རྣམས་ཀྱང་ཆ་རེ་འབུལ། །ཧཱུྃ། བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར། །སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས། །དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ། །སྣང་མཐའ་མཉམ་བཞག་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང་། །དེ་དག་མ་ལུས་བཟོད་པར་གསོལ། །ཞེས་སོགས་ཡིག་བརྒྱ་ཚར་རེ་བཟླ། །ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཡེ་ཤེས་པ་རྣམས་རང་གནས་གཤེགས། །དམ་ཚིག་པ་རྣམས་རང་ལ་ཐིམ། །དེ་ནས་སྲེག་རྫས་ལྷག་མ་རྣམས། །གྲངས་ཀ་མི་བཟུང་ལྷག་མེད་དུ། །གོང་ལྟར་འཇིག་རྟེན་མེ་ལྷར་འབུལ། །མེ་ལྷའི་གཏོར་མར་མར་ཁུས་བྲན། །གཡོན་ངོས་སྦྱིན་བདག་དེ་ཡིས་བཀྱགས། །ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབས། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་བསྔོ་བྱས་ཏེ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞི་དང་རྒྱས་ལ་སོགས་པ་ཡི། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །འདོད་གསོལ་ཡོན་བདག་རྗེས་ཟློས་བཅུག །མེ་ལྷའི་སྔགས་དང་ཨརྒྷཾ་སོགས། །བཏགས་ལ་མཆོད་པ་ལྷག་མེད་འབུལ། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ༀ། མ་འབྱོར་བ་དང་ཉམས་པ་དང་སོགས་ནས། དེ་ཀུན་དྲང་སྲོང་བཟོད་པར་མཛོད། །ཡིག་བརྒྱ་བཟླ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་མུཿ ཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། །དམ་ཚིག་འབར་བའི་རྣམ་པར་གྱུར། །སྤྱན་དྲངས་པ་ཡི་ཕྱག་རྒྱ་ཡི། །མཐེ་བོང་ཕྱིར་ལ་བསྐྱེད་པར་བྱ། །བསྔོ་བ་སྨོན་ལམ་བྱ་བ་དང་། །ཡི་གེ་བརྒྱ་བ་ཚར་གསུམ་འདོན། །དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད། །དེ་ནས་ངག་བཏང་རྡོར་དྲིལ་བཞག །ༀ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་རུས་པ་ཐལ་སོལ་བསྡུ། །གང་ཟག་བཟང་པོའི་ཐལ་སོལ་ནི། །ཆུ་ཆེན་གཞུང་དུ་བཏབ་བྱས་པས། །ཆུ་འཐུང་སེམས་ཅན་སྒྲིབ་པ་སྦྱོང་། །ཕལ་བའི་ཐལ་སོལ་ཀླུ་མེད་ཅིང་། །ས་དཔལ་བཟང་སར་བླུག་ཏུ་བཅུག །རུས་པ་སྣོད་གཙང་ནང་དུ་བཞག །དེ་ལ་ཁྲུས་དང་ཕྱིར་ལྡོག་བྱ། །དེ་ནི་རུས་ཆོག་ཅེས་བྱའོ། །མདུན་དུ་དཀར་གཏོར་གཅིག་བཤམས་ལ། །ས་སློང་སྐབས་སུ་བཤད་པ་ཡི། །དམིགས་པ་དང་བཅས་ས་ལྷ་ལ། །གཏོར་མ་བསྔོས་ལ་འབུལ་རྒྱུ་བསྐུར། །ས་སྐྱིན་བླང་བཅུག་མདུན་དུ་སྤུངས། །ཨ། རང་ཉིད་སྐད་ཅིག་དྲན་རྫོགས་སུ། །འོད་དཔག་མེད་པའི་སྐུར་གསལ་བའི། །ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རྒྱལ་བ་ཀུན་གྱི་ཐུགས་རྒྱུད་བསྐུལ། །སྐུ་ལས་འོད་འཕྲོས་ས་ལ་ཐིམ། །ཡེ་ཤེས་ལྔ་ཡི་རང་བཞིན་གྱུར། །ༀ་བྷྲཱུྃ་སྭཱ་ཧཱ། ཉེར་གཅིག་བརྗོད། ལག་མཐིལ་གཉིས་སུ་ཨ་ཡིག་ལས། ཟླ་བའི་སྟེང་དུ་ཧཱུྃ་ཡིག་ལས། །རྡོ་རྗེ་དཀར་པོ་རྩེ་ལྔ་པ། །དེ་ཞུ་ལག་པར་ཐིམ་པ་ཡིས། །ལག་པ་རྡོ་རྗེའི་རང་བཞིན་དང་། །སོར་མོ་རྡོ་རྗེ་རྩེ་གཅིག་གྱུར། །ༀ་བཛྲ་སཏྭ་ཧཱུྃ། ཚེ་འདས་དེ་ཡི་སློབ་མ་དང་། །ཉེ་འབྲེལ་མིན་ཅིང་སྡིག་ཆེན་མིན། །དེ་འདྲ་ཞིག་གིས་རུས་པ་བཏུལ། །ཆུས་སྦྱོང་ཕུག་རོན་དང་རུ་ཙམ། །དེ་ཡིས་ས་སྦྲུས་འཇིམ་པ་བྱ། །ལས་བུམ་ཆུ་ཡིས་བྲན་བྱ་ཞིང་། །རྟ་མགྲིན་སྔགས་བཟླས་མི་གཙང་བསངས། །སྭ་བྷཱ་ཝས་སྟོང་པར་སྦྱངས། །བྷྲཱུྃ་ལས་རིན་ཆེན་ཕུང་པོར་གྱུར། །མཐེ་བོང་གཉིས་ཀྱིས་མཛུབ་ཆུང་མནན། །ལག་གཉིས་ཁ་སྤྲོད་ཚུལ་བྱས་ལ། །ལན་གྲངས་ཉེར་གཅིག་འཇིམ་པར་རེག །འོད་དཔག་གཟུངས་རིང་ཉེར་གཅིག་བརྗོད། །ལག་པས་འཇིམ་པ་སྐུང་ཕོར་རེག །ཆོས་སྐུ་སྟོང་པའི་ངང་ཉིད་ལས། །གཟུགས་སྐུ་སྣ་ཚོགས་བྱོན་པར་གྱུར། །ༀ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། དེ་ཡིས་རུས་ཆོག་ས་ཆོག་ཚར། །དེ་ནས་མི་མང་ཐམས་ཅད་ཀྱིས། །ༀ་བྷྲཱུྃ་སྭཱ་ཧཱ་ཡིག་དྲུག་གཉིས། །གང་འདོད་བཟླས་ཤིང་བཏབ་པས་ཆོག །སྐམ་ནས་དཀར་རྩི་གསོལ་གྲུབ་ལེགས། །དཀར་རྩི་མེད་ཀྱང་འགལ་བ་མེད། །དེ་ནས་སཱཙྪ་ཐམས་ཅད་བསྒྲིགས། །མར་མེ་མཆོད་པ་བཤམས་བྱས་ལ། །སྭ་བྷཱ་ཝ་ཡི་སྔགས་བརྗོད་ནས། །སྟོང་པའི་ངང་ལས་མཆོད་རྟེན་ནི། །ཆེན་པོ་མང་པོར་གྱུར་པ་ཡི། །བུམ་པའི་ནང་དུ་རིན་ཆེན་གྱི། །གཞལ་ཡས་ཁང་པ་རྒྱ་ཆེན་གྱི། །དབུས་སུ་པདྨ་ཟླ་གདན་ལ། །འོད་དཔག་མེད་མགོན་སྐུ་མདོག་དམར། །ཞེས་པ་ནས་བཟུང་འོད་ཆོག་ནི། །ཚེ་འགུགས་མ་གཏོགས་ཐམས་ཅད་འདོན། །དེ་ནས་མདུན་གྱི་བཅོམ་ལྡན་འདས། །འོད་ཞུ་མཆོད་རྟེན་རྣམ་པར་གྱུར། །རྟེན་འབྲེལ་སྙིང་པོ་ཉེར་གཅིག་ནི། །བརྗོད་ཅིང་ནས་འཐོར་རབ་གནས་སོ། །གང་ཟག་ཕལ་པའི་རུས་ཚ་ནི། །ཆུ་ཐུབ་བསྐོར་བ་མི་འགྲོ་ཞིང་། །ས་དགྲ་མེད་པའི་ཕུག་པར་བསྐྱལ། །གནས་བདག་དེ་ལ་དཀར་གཏོར་བསྔོ། །རང་གིས་ཆོས་འབྲེལ་ཞུས་པའམ། །རང་གི་ཉེ་དུ་ཡིན་ན་ནི། །རང་གི་མེ་ནི་མི་སྦར་བ། །གྲྭ་པ་ཞིག་ལ་སྦར་དུ་བཅུག །ཐ་མལ་ཕུང་པོ་མེ་སྦར་བ། །ཉེས་པ་ཡོད་ཅེས་ལ་ལས་སྨྲ། །མེ་སྦར་མཁན་ཅིག་གླ་སྦྱིན་ཚོལ། །ཚེ་འདས་དེ་ཡི་མིང་ནས་འབོད། །མེ་ཐལ་བྲོས་ཞེས་བརྗོད་པ་ནི། །བླ་དེ་རོ་ལ་གནས་པའི་ཕྱིར། །དེ་ལ་སྐྲག་སྣང་འབྱུང་དོགས་ཟེར། །དེ་འདྲ་ལོག་པ་ཡིན་པའི་ཕྱིར། །དེ་འདྲའི་མིག་ལྟོས་མི་བྱ་བར། །མེ་ནི་སློབ་དཔོན་རང་གིས་སྦར། །གང་ཟག་བཟང་པོའི་གདུང་ལ་ནི། །དེ་ཡི་ཡི་དམ་གང་ཡིན་བསྐྱེད། །མཆོད་བསྟོད་བྱས་ལ་གཤེགས་སུ་གསོལ། །གདུང་དེ་དམ་ཚིག་སེམས་དཔར་བསྐྱེད། །དེ་ལ་མཆོད་བསྟོད་བྱས་ལ་བཞུ། །དེ་མ་བྱས་ན་བླ་མའི་གདུང་། །གསེར་སྐུ་བཤིག་དང་འདྲའོ་ཟེར། །འོན་ཀྱང་དེ་བྱས་རྟེན་མི་འབྱོན། །གདུང་དང་ཡི་དམ་དབྱེར་མེད་ལ། །སྦྱིན་སྲེག་མཆོད་པ་འབུལ་བ་ཡིན། །དེ་ལ་ཉེས་པ་འབྱུང་མི་སྲིད། །གང་ཟག་བཟང་པོའི་གདུང་ལ་ནི། །གདུང་ཁང་སྟེང་དུ་ཨོམ་བཅིངས་ཁར། །བྱིན་རླབས་ཅན་གྱི་རྟེན་གཅིག་བཞག །དེ་མ་བྱས་ན་རིང་བསྲེལ་སོགས། །རྟེན་རྣམས་མཁའ་འགྲོས་གདན་འདྲེན་སྲིད། །དེ་དག་ཞལ་གདམས་ཉེ་མཁོ་ཡིན། །འོད་ཆོག་རོ་སྲེག་རུང་བའི་དོན། །འོད་དཔག་ཚེ་དཔག་དོན་གཅིག་ཅིང་། །སྤྱོད་རྒྱུད་ཚེ་དཔག་གསུང་དཀྱིལ་སྐབས། །ལྷ་ཡི་བུ་རྣམས་ཞི་བ་ཡི། །ཧོམ་ཁུང་ཐ་མ་བར་མ་མཆོག །ཁྲུ་གང་ཁྲུ་དོ་ཁྲུ་བཞི་པའི། །ཟླུམ་པོ་ཉིད་དུ་བྱེད་ནས་ནི། །དེ་ཡི་མིང་ལ་ཡུང་ཀར་གྱི། །བརྒྱ་ཕྲག་སྟོང་དུ་བསྲེགས་བྱས་ན། །ངན་སོང་ཀུན་ལས་ཐལ་བར་འགྱུར། །དེ་ཡི་ཤ་དང་རུས་པ་དང་། །སྐྲ་དང་ཐལ་བ་ལ་སོགས་པས། །ཆོ་ག་དེ་དང་འདྲ་བར་ནི། །སྦྱིན་སྲེག་བྱས་ན་ངན་སོང་ཡང་། །ཀུན་ལས་རྣམ་པར་ཐར་བར་འགྱུར། །ཞེས་གསུངས་གསང་འདུས་རྒྱུད་ལས་ཀྱང་། །རྣམ་ཤེས་ལྔ་བྲལ་བེམ་པོའི་ལུས། །བག་ཆགས་སྦྱངས་པས་ཐར་པ་ཐོབ། །སྦྱང་གཞི་ཕྱི་དང་ནང་གི་རོ། །སྦྱོང་བྱེད་འབྱུང་བ་ཡེ་ཤེས་མེ། །འབྱུང་བའི་མེ་ཡིས་བག་ཆགས་སྦྱོང་། །ཡེ་ཤེས་མེ་ཡིས་ཉོན་མོངས་སྲེག །ཅེས་གསུངས་ཕྱིར་ན་ཕན་ཡོན་ཆེ། །རང་ངམ་སྦྱིན་བདག་སོན་པོ་ཡིས། །སོ་སེན་སྐྲ་དང་གོས་རྙིང་ལ། །སྒྲིབ་སྦྱོང་སྦྱིན་སྲེག་བླུགས་འདོད་ན། །བྱ་ཚུལ་ཐམས་ཅད་གོང་དང་འདྲ། །ཚེ་འདས་ཞེས་པར་ཚེ་ལྡན་བསྒྱུར། །ཕྱིར་ལྡོག་འདོད་ཡོན་བསྔོ་བ་བསྐྱུར། །དེ་ཡི་ཚབ་ལ་ཚེ་འགུགས་སྦྱར། །ཞིང་སྐྱོང་འགུག་བཞུག་གཏོར་འབུལ་མཇུག །ལས་བྱང་གཞུང་གི་དེ་ལྟར་འདོན། །སཱཙྪ་སོགས་ཀྱང་གྲུབ་ན་ལེགས། །བླ་མ་སྨན་བླ་ཁུ་དབོན་གྱིས། །རིང་ནས་བསྐུལ་བ་དོན་ཡོད་ཕྱིར། །དགེ་སློང་རཱ་ག་ཨ་སྱ་ཡིས། །ལྕགས་མོ་ཕག་ལོའི་དབོ་ཟླ་ཡི། །ཚེས་པ་བཅུ་གཉིས་བཅུ་གསུམ་གྱི། །ཐུན་སྐབས་འགའ་ལ་སྨྲས་པ་ལྟར། །ནམ་མཁའ་ཀུན་དགའ་གཉིས་པོ་ཡིས། །རེས་མོས་བྱས་ཤིང་བྲིས་པ་ལ། །ཉེས་འགལ་གང་མཆིས་ལྷ་ལ་བཤགས། །དགེ་བས་སྐྱེ་འགྲོ་མང་པོ་ཞིག །རིགས་དྲུག་སྐྱེ་སྒོ་ཆོད་ནས་ཀྱང་། །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །སརྦ་མངྒ་ལཾ། དེགའོ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ཆ༽པའི་ནང་བཞུགས་སོ།།

ཆགས་མེད་བདེ་སྨོན།

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་བཞུགས་སོ། །འདི་ཉིད་ཆག་མེད་ཐུགས་དམ་མཛོད། །ལག་པ་ན་ཡང་འབད་ནས་བྲིས། །མང་པོ་འགའ་ལ་ཨེ་ཕན་བསམས། །དཔེ་གཅོད་འདོད་མི་གདའ་ན་གཡོར། །འདི་ལས་ཕན་ཡོན་ཆེ་བ་མེད། །འདི་བས་ཟབ་པའི་གདམས་ངག་མེད། །ང་ཡི་ཆོས་ཀྱི་རྩ་བ་ཡིན། །རང་གར་མ་བསྐྱུར་ཉམས་ལེན་འབུངས། །འདི་ནི་མདོ་ལུགས་ཡིན་པའི་ཕྱིར། །ལུང་མ་ཐོབ་ཀྱང་འདོན་ནི་རུང་། ཨེ་མ་ཧོ། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །བདག་གི་ཆུ་བུར་མིག་གིས་མ་མཐོང་ཡང་། །རང་སེམས་གསལ་བའི་ཡིད་ལ་ལམ་མེར་གསལ། །དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས། །པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྔོན་པོ་རྡོ་རྗེས་མཚན་པའི་པདྨ་གཡོན། །གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། །གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར། །བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། །ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས། །སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་པའི། །རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན། །སེམས་ཅན་ཀུན་གྱིས་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྤངས་མཚམས་མེད་བྱས་པ་མ་གཏོགས་པ། །ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་གྲུབ། །བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། ཁྱེད་ཀྱི་སྐུ་ཚེ་བསྐལ་པ་གྲངས་མེད་དུ། །མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པ། །ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང་། །དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ། །རིན་ཆེན་གྱིས་བཀང་སྦྱིན་པ་བྱིན་པ་བས། །འོད་དཔག་མེད་པའི་མཚན་དང་བདེ་བ་ཅན། །ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན། །དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས། །དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ། །གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས། ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་། །ལན་གཅིག་ཙམ་ཡང་དད་པ་སྐྱེས་པ་ན། །དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །དེ་ནི་བྱང་ཆུབ་སྙིང་པོ་མ་ཐོབ་བར། །བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །དངོས་སུ་འབྱོར་བའི་མཆོད་པ་ཅི་མཆིས་པ། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གདོད་ནས་གྲུབ་པ་སྟོང་གསུམ་འཇིག་རྟེན་གྱི། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས། །ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་གྱི། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་བཅད་མ་བྱིན་བླངས་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བ། །ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང་། །རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་དང་། །མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས། །དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ། །སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིག་ལ་སོགས། །ཉེ་བའི་མཚམས་མེད་སྡིག་བྱས་མཐོལ་ལོ་བཤགས། །དཀོན་མཆོག་ལྷ་ཁང་གསུང་རབ་རྟེན་གསུམ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ། །ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ། །མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤང་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ། །སོ་ཐར་ཚུལ་ཁྲིམས་འཆལ་བ་མཐོལ་ལོ་བཤགས། །ནག་པོའི་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱད། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད། །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་ཐོའི་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །སྐྱབས་སྡོམ་དབང་བསྐུར་ལ་སོགས་ཐོབ་ན་ཡང་། །དེ་ཡི་སྡོམ་པ་དམ་ཚིག་བསྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབས་ཀྱང་མི་དགེའི་ལས། །ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབས་ཀུན་ལ་ཡི་རང་ངོ་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་། །མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། །གཞན་གྱི་སྲོག་བསྐྱབ་སྦྱིན་པ་གཏོང་བ་དང་། །སྡོམ་པ་སྲུང་ཞིང་བདེན་པར་སྨྲ་བ་དང་། །འཁོན་པ་བ སྡུམ་དང་ཞི་དལ་དྲང་པོར་སྨྲ། །དོན་དང་ལྡན་པའི་གཏམ་བརྗོད་འདོད་པ་ཆུང་། །བྱམས་དང་སྙིང་རྗེ་སྒོམ་ཞིང་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ་། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་པར། །དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ། །མངོན་ཤེས་ཐུགས་ཀྱིས་དེ་དོན་མཁྱེན་པར་གསོལ། །སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས། །ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། །དཔལ་འབྱོར་འཛད་མེད་དབྱར་གྱི་གངྒཱ་ལྟར། །བདུད་དགྲའི་འཚེ་བ་མེད་ཅིང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པར་འགྲུབ་པར་ཤོག ༈ །བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་པའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །དེ་མཐོང་ཡིད་དགའ་སྣང་བ་སྐྱིད། །འཆི་བའི་སྡུག་བསྔལ་མེད་པར་ཤོག །བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི། །རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན། །བདེ་བ་ཅན་དུ་འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ན་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །མི་ནས་མི་རུ་སྐྱེ་ཆོག་ཀྱང་། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང་། །དུས་ངན་སྙིགས་མར་བར་ཆད་མང་། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་པ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཆགས་ཞེན་འཁྲི་བ་ཀུན་བཅད་ནས། །བྱ་རྒོད་རྙི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུད་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་པར་ཤོག །དེ་རུ་སངས་རྒྱས་འོད་ད པག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །སྐྱེ་གནས་བཞི་ཡི་མཆོག་གྱུར་པ། །མེ་ཏོག་པདྨའི་སྙིང་པོ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །སྐད་ཅིག་ཉིད་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག །མི་སྐྱེ་དོགས་པའི་ཐེ་ཚོམ་གྱིས། །ལོ་གྲངས་ལྔ་བརྒྱའི་བར་དག་ཏུ། །ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་ན་ཡང་། །མེ་ཏོག་ཁ་ནི་མི་བྱེ་བས། །སངས་རྒྱས་ཞལ་མཇལ་ཕྱི་བའི་སྐྱོན། །དེ་འདྲ་བདག་ལ་མི་འབྱུང་ཤོག །སྐྱེས་མ་ཐག་ཏུ་མེ་ཏོག་བྱེ། །འོད་དཔག་མེད་པའི་ཞལ་མཐོང་ཤོག །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོས་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་དེ་བཞིན་གཤེགས་པ་དེས། །ཕྱག་གཡས་བརྐྱངས་ནས་མགོ་ལ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱིས། །བྱིན་གྱིས་བརླབས་ཤིང་རྗེས་བཟུང་ཤོག །ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དཔག་མེད་པ། །འོད་དཔག་མེད་པ་མཆོད་པ་དང་། །ཞིང་དེར་བལྟ་ཕྱིར་འབྱོན་པའི་ཚེ། །དེ་དག་ཀུན་ལ་བསྙེན་བ ཀུར་ཞིང་། །ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །མངོན་དགའི་ཞིང་དང་དཔལ་ལྡན་ཞིང་། །ལས་རབ་རྫོགས་དང་སྟུག་པོ་བཀོད། །སྔ་དྲོ་དེ་དག་རྣམས་སུ་འགྲོ། །མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ། །རྣམ་སྣང་ལ་སོགས་སངས་རྒྱས་ལ། །དབང་དང་བྱིན་རླབས་སྡོམ་པ་ཞུ། །མཆོད་པ་དུ་མས་མཆོད་བྱས་ནས། །དགོང་མོ་བདེ་བ་ཅན་ཉིད་དུ། །དཀའ་ཚེགས་མེད་པར་སླེབ་པར་ཤོག །པོ་ཊ་ལ་དང་ལྕང་ལོ་ཅན། །རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱར། །སྤྱན་རས་གཟིགས་དང་སྒྲོལ་མ་དང་། །ཕྱག་རྡོར་པད་འབྱུང་བྱེ་བ་བ རྒྱ། །མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུ། །མྱུར་དུ་རང་གནས་བདེ་ཆེན་ཞིང་། །ཐོགས་པ་མེད་པར་ཕྱིན་པར་ཤོག །ཤུལ་གྱི་ཉེ་དུ་གྲྭ་སློབ་སོགས། །ལྷ་ཡི་མིག་གིས་གསལ་བར་མཐོང་། །སྲུང་སྐྱོབ་བྱིན་གྱིས་རློབ་བྱེད་ཅིང་། །འཆི་དུས་ཞིང་དེར་ཁྲིད་པར་ཤོག །བསྐལ་བཟང་འདི་ཡི་བསྐལ་པའི་ཡུན། །བདེ་བ་ཅན་གྱི་ཞག་གཅིག་སྟེ། །བསྐལ་པ་གྲངས་མེད་འཆི་བ་མེད། །རྟག་ཏུ་ཞིང་དེ་འཛིན་པར་ཤོག །བྱམས་པ་ནས་བཟུང་མོས་པའི་བར། །བསྐལ་བཟང་འདི་ཡི་སངས་རྒྱས་རྣམས། །འཇིག་རྟེན་འདི་ན་ནམ་འབྱོན་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོངས་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་བདེ་ཆེན་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག ༈ །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི། །ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ། །ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེག་ན་སྤར་བྱེད་པ། །བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང་། །ལོ་མ་དར་ཟབ་འབྲས་བུ་རིན་ཆེན་བརྒྱན། །དེ་སྟེང་སྤྲུལ་པའི་བྱ་ཚོགས་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོགས། །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང་། །དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨ་དྲི་ཞིམ་འབྲས་བུར་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ། །འོད་ཟེར་རྩེ་ལ་སྤྲུལ་པའི་སངས་རྒྱས་བརྒྱན། །ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །མི་ཁོམ་བརྒྱད་དང་ངན་སོང་སྒྲ་མི་གྲགས། །ཉོན་མོངས་དུག་ལྔ་དུག་གསུམ་ནད་དང་གདོན། །དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ། །སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང་། །བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས། །ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེ་ལྡན། །མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག །རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་། །རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ། །ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད། །གང་འདོད་མཆོད་སྤྲིན་ལག་པའི་མཐིལ་ནས་འབྱུང་། །ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད། །བདེ་སྐྱིད་ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག །དྲི་ཞིམ་རླུང་གིས་མེ་ཏོག་ཆར་ཆེན་འབེབས། །ཤིང་དང་ཆུ་ཀླུང་པདྨོ་ཐམས་ཅད་ལས། །ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག །ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང་། །བུད་མེད་མེད་ཀྱང་སྤྲུལ་པའི་ལྷ་མོའི་ཚོགས། །མཆོད་པའི་ལྷ་མོ་དུ་མས་རྟག་ཏུ་མཆོད། །འདུག་པར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང་། །ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་སྟེང་། །དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས། །བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས། །ཐོས་པར་འདོད་ཚེ་སྙན་པའི་ཆོས་སྒྲ་སྒྲོགས། །མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲགས། །བདུད་རྩིའི་རྫིང་དང་ཆུ་ཀླུང་དེ་རྣམས་ཀྱང་། །དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང་། །ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་པ་གྲངས་མེད་མྱ་ངན་མི་འདའ་བཞུགས། །དེ་སྲིད་དེ་ཡི་ཞབས་འབྲིང་བྱེད་པར་ཤོག །ནམ་ཞིག་འོད་དཔག་མེད་དེ་ཞི་བར་གཤེགས། །བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད། །གཉིས་ཀྱི་བར་དུ་བསྟན་པ་གནས་པའི་ཚེ། །རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང་། །དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག །སྲོད་ལ་དམ་ཆོས་ནུབ་པའི་ཐོ་རངས་ལ། །སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་ནས། །སངས་རྒྱས་འོད་ཟེར་ཀུན་ནས་འ ཕགས་པ་ཡི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་གྱུར་པའི་ཚེ། །ཞལ་ལྟ་མཆོད་ཅིང་དམ་ཆོས་ཉན་པར་ཤོག །སྐུ་ཚེ་བསྐལ་པ་བྱེ་བ་ཁྲག་ཁྲིག་ནི། །འབུམ་ཕྲག་དགུ་བཅུ་རྩ་དྲུག་བཞུགས་པའི་ཚེ། །རྟག་ཏུ་ཞབས་འབྲིང་བསྙེན་བཀུར་བྱེད་པ་དང་། །མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག །མྱ་ངན་འདས་ནས་དེ་ཡི་བསྟན་པ་ནི། །བསྐལ་པ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག །འབུམ་ཕྲག་གསུམ་གནས་དེ་ཚེ་ཆོས་འཛིན་ཅིང་། །མཐུ་ཆེན་ཐོབ་དང་རྟག་ཏུ་མི་འབྲལ་ཤོག །དེ་ནས་མཐུ་ཆེན་ཐོབ་དེ་སངས་རྒྱས་ནས། །དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་གྱུར། །སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ། །སངས་རྒྱས་དེ་ཡི་རྟག་ཏུ་ཞབས་འབྲིང་བྱེད། །མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག །དེ་ནས་བདག་གི་ཚེ་དེ་བརྗེས་མ་ཐག །ཞིང་ཁམས་དེའམ་དག་པའི་ཞིང་གཞན་དུ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྫོགས་སངས་རྒྱས་ནས་ཚེ་དཔག་མེད་པ་ལྟར། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ཅིང་གྲོལ། །སྤྲུལ་པ་གྲངས་མེད་འགྲོ་བ་འདྲེན་པ་སོགས། །འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་ཤོག །དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །གང་ཞིག་ཁྱེད་ཀྱི་མཚན་ནི་སུས་འཛིན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་འཚལ་བས། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱཐཱ། པཉྩནྡྲི་ཡ་ཨཱ་ཝ་བོ་དྷཱ་ན་ཡེ་སྭཱ་ཧཱ། སྨོན་ལམ་འགྲུབ་པའི་གཟུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ། ན་མོ་སུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་ཕྱག་གསུམ་འཚལ་ན་འབུམ་ཐེར་དུ་འགྱུར་བར་གསུངས། དེ་བས་རབ་བརྒྱ་ཕྲག །འབྲིང་ཅི་ནུས། ཐ་མ་ཡང་ཕྱག་བདུན་ཡན་འཚལ། རབ་འདི་མ་ཆག་པ། འབྲིང་ལོ་ཟླ་ཙམ་མ་ཆག་པ། ཐ་མ་ནམ་ཁོམ་སྐབས་སུ་ཁ་ནུབ་ཏུ་གྱུ་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཅིང་འོད་དཔག་མེད་ལ་ཐལ་མོ་སྦྱར་ཏེ་དད་པ་རྩེ་གཅིག་གིས་བཏོན་ན། ཚེ་འདིར་ཚེའི་བར་ཆད་སེལ། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དོ། །འོད་མདོ་ཞིང་བཀོད་མདོ་དང་། པདྨ་དཀར་པོ་འཆི་མེད་རྔ་སྒྲ་སོགས་ཀྱི་དགོངས་པ་ཡིན། ཞེས་དགེ་སློང་རཱ་ག་ཨསྱས་སྦྱར་བས་འགྲོ་བ་སེམས་ཅན་མང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ཆ༽པའི་ནང་བཞུགས་སོ།། ༈ །།སྨོན་ལམ་བསྡུས་པ་ནི། ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩ་ནྡྲི་ཡ་ཨ་ཝ་བོ་དྷ་ནཱ་ཡེ་སྭཱ་ཧཱ༔ གནམ་ཆོས་འོད་ཆོག་བསྔོ་བ་ནི༔ ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ ཚོགས་གཉིས་རྫོགས་ལ་རྗེས་ཡི་རང་༔ བདག་གིས་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔ དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ༔ བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཏེ༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་འདིར་ས་བཅུ་ནོན་གྱུར་ཅིག༔ ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་གྱུར་ཅིག༔ སྐྱེས་ནས་པདྨའི་ཁ་ཕྱེ་སྟེ༔ ལུས་རྟེན་དེ་ལ་སངས་རྒྱས་ཤོག༔ བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔ སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཅེས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ཆུ་སྟོད་ཟླ་བའི་ཚེས་གཅིག་ལ་སྣང་བ་མཐའ་ཡས་ཀྱི་བཀའ་སྩལ་པའོ༔ ལྟུང་བཤགས་དང་སྨོན་ལམ་གྱི་དོན་བསྡུས་བཞུགས་སོ།། ཤྲི་ཡནྟུ། རྒྱལ་བ་སྲས་བཅས་ཀུན་ལ་ཕྱག་འཚལ་ཞིང་། །རང་གཞན་སྡིག་བཤགས་དགེ་བ་གཅིག་བསྡུས་ནས། །མཁའ་མཉམ་འགྲོ་བའི་དོན་དུ་བསྔོས་པའི་མཐུས། །མི་ཁོམ་བརྒྱད་སྤངས་འཕགས་ལམ་མངོན་འགྱུར་ཤོག །གང་འདིར་གནས་པའི་སྲིད་གསུམ་འགྲོ་བའི་ཚོགས། །ཚོགས་བསགས་ཞིང་སྦྱངས་བདེ་བ་ཅན་གྱི་གནས། །གནས་མཆོག་པདྨའི་སྦུབས་སུ་ལུས་རབ་རྫོགས། །རྫོགས་སངས་རྒྱས་ལས་ཐེག་མཆོག་ཐོབ་པར་ཤོག །ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཀོན་མཆོག་གསུམ་དང་ཌཱ་ཀི་ཆོས་སྐྱོང་ཚོགས། །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། །བདེ་ལྡན་ཇི་སྙེད་མཆིས་པའི་བདེན་སྟོབས་ཀྱིས། །འདི་ལྟར་བགྱིས་པའི་དགེ་བས་མཚོན་བྱས་ཏེ། །བདག་གཞན་དུས་གསུམ་དགེ་བ་ཅི་བསགས་མཐུས། །བདག་དང་བདག་གི་ཕ་མ་སློབ་དཔོན་དང་། །སློབ་མ་བྲན་གཡོག་ཡོན་བདག་སྒོ་ནོར་བཅས། །སྒོ་ཁའི་བཤས་དང་ཤ་ཟོས་སེམས་ཅན་རིགས། །ཟས་ནོར་ཆོས་ཀྱིས་འབྲེལ་བའི་ཚེ་འདས་དང་། །བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ་བ་ཀུན། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་དེ། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ཏདྱ་ཐཱ། པཉྩ ནྡྲི་ཡ་ཨ་ཝ་བོ་དྷ་ནཱ་ཡེ་སྭཱ་ཧཱ། ཞེས་པའི་སྨོན་ལམ་འདིའི་མཇུག་ཏུ་བྱེད་པར་ཤོག་བྱས་ན་སྨོན་ལམ་དུ་འགྲོ་ཞིང་། བྱེད་ཕྱིར་བསྔོ་བྱས་ན་བསྔོ་བར་འགྲོ་སྟེ། འདི་ནི་རང་གཞན་ཤི་གསོན་མང་པོ་ལ་བསྔོ་བ་མ་ཆག་པར་མ་བརྗེད་ཟེར་བ་མང་བར་བརྟེན་ནས། རང་གི་ཐུགས་དམ་བྱ་ཕྱིར་རཱ་ག་ཨ་སྱས་བྲིས་པའོ།།

ལྟུང་བཤགས།

དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་གདབ་པའི་རིམ་པ་བཞུགས་སོ། །སྡིག་པ་བཤགས་པའི་ཡན་ལག་ནི་མཚམས་མེད་སྤྱད་པའི་སྡིག་པའང་སྦྱང་ནུས་པར་གསུངས་པས་གཙོ་བོར་ཕུང་པོ་གསུམ་པའི་མདོ་འདོན་པ་འདི་ཉིད་གལ་ཆེ་སྟེ། ཐོག་མར་མདུན་དུ་སངས་རྒྱས་སུམ་ཅུ་རྩ་ལྔ་གསལ་བར་དམིགས་པའི་དྲུང་དུ་སྙིང་ཐག་པ་ནས་སྡིག་པ་བཤགས་པའི་བློས། སེམས་ཅན་ཐམས་ཅད་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་བཟང་ལ་ཕྱག་འཚལ་ལོ། །ཙན་དན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ་ཕྱག་འཚལ་ལོ། །དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པས་གཤེགས་པ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པདྨ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མ་དང་མཐའ་མ་མ་མཆིས་པ་ནས། འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ཕྲོགས་པ་དང་། འཕྲོག་ཏུ་སྩལ་བ་དང་། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་ཞུགས་པ་དང་། འཇུག་ཏུ་སྩལ་བ་དང་། འཇུག་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས། བདག་སེམས་ཅན་དམྱལ་བར་མཆི་བའམ། དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ། ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པར་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པ། གཟིགས་པ། དེ་དག་གི་སྤྱན་སྔར་མཐོལ་ལོ་འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་བཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་མཐའ་མ་མ་མཆིས་པ་ནས། འཁོར་བ་ན་འཁོར་བའི་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ། བསྡོམས་ནས་བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་གིས་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །མི་དགེ་བཅུ་པོ་སོ་སོར་བཤགས། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་ལྟུང་བ་བཤགས་པ་འདི་བཏོན་པས། །དེ་དག་མ་ལུས་ཡོངས་སུ་བྱང་བར་གྱུར། །བདག་དང་སེམས་ཅན་ཀུན་གྱི་སྡིག་པའི་ལས། །ཉེས་པར་གྱུར་གང་མཐོལ་ཞིང་བཤགས་པར་བགྱི། །སླན་ཆད་ནམ་ཡང་བགྱིད་པར་མ་གྱུར་ཅིག །ལས་ཀྱི་སྒྲིབ་པའང་གཏན་དུ་ཟད་བྱེད་ཤོག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །

བཟང་སྤྱོད།

༈ དེ་ནས་བཤགས་སྦྱང་བགྱིས་པའི་དགེ་བའི་རྩ་བ་མཐའ་དག་རྫོགས་བྱང་དུ་བསྔོ་ཞིང་སྨོན་ལམ་གདབ་པའི་རིམ་པ་ལ། མདོ་སྡེ་ཕལ་པོ་ཆེ་ལས་བྱུང་བའི་བཟང་པོ་སྤྱོད་པའི་སྨོན་ལམ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བསྐལ་པ་དང་། བསྐལ་པ་འབྱམས་ཀླས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙིང་པོ་དེ་དག་བརྣན་ཏེ་མངོན་པར་མཛད་པའི་ཕྱིར་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨོན་ལམ་བཏབ་པ། རྒྱ་གར་སྐད་དུ། ཨཱཪྱ་བྷ་དྲ་ཙཪྱ་པྲ་ཎི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱི འོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པ་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་ལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱངས་པ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡིས། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་རྣམས་ཀྱི་ཞིང་གི་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ནས་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ཏུ་དགེ་བའི་བསོད་ནམས་སྟོབས་རྣམས་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་དགྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་གོམས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་བདག་གིས་མ་ལུས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང་། །བསྔོ་བའང་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བ རྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་པ་ཡི། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །བཟང་པོ་སྤྱོད་པ་ཡོངས་སུ་བསྔོས་པ་ལས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་པར་ཤོག །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

བྱམས་པའི་སྨོན་ལམ།

༈ དཀོན་བརྩེགས་ལེའུ་ཞེ་གཅིག་པ་བྱམས་པས་ཞུས་པ་ལས་བྱུང་བའི་བྱམས་པའི་སྨོན་ལམ་ནི། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དྲང་སྲོང་ལྷ་མིག་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་དང་ཡང་། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་ཐམས་ཅད་ཟློག་བྱེད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །བདག་གིས་དེ་དག་བཤགས་པར་བགྱི། །བདག་ལས་རྣམ་པ་གསུམ་གང་གི །བསོད་ནམས་ཚོགས་ནི་བསྐྱེད་པ་སྟེ། །བདག་གི་ཀུན་མཁྱེན་ས་བོན་ཏེ། །བདག་གིས་བྱང་ཆུབ་མི་ཟད་ཤོག །ཕྱོགས་བཅུ་དག་གི་ཞིང་རྣམས་སུ། །སངས་རྒྱས་མཆོད་པ་གང་བྱུང་བ། །སངས་རྒྱས་མཁྱེན་པས་ཡི་རང་བ། །དེ་ལ་བདག་ནི་ཡི་རང་ངོ་། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་ཡི་རང་ངོ་། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག །འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། །བྱང་ཆུབ་དམ་པར་སངས་རྒྱས་ཤིང་། །སྡེ་དང་བཅས་པའི་བདུད་བཏུལ་ནས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །འདོད་པའི་འདམ་དུ་བྱིང་གྱུར་ཅིང་། །སྲིད་པའི་སྲད་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱིས་བཅིངས་བདག་ལ། །རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །སེམས་ཀྱིས་དྲི་མར་བགྱིས་པ་ལ། །སངས་རྒྱས་རྣམས་ནི་སྨོད་མི་མཛད། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །རྫོགས་པའི་སངས་རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང་། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག །མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག །མ་སྐྱེས་པ་དང་མི་འབྱུང་དང་། །རང་བཞིན་མ་མཆིས་གནས་མ་མཆིས། །རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག །སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །བདག་མ་མཆིས་པའི་ཆོས་རྟོགས་ཤོག །བདག་འཛིན་བདག་གིར་འཛིན་པ་ཡི། །དངོས་པོ་ཀུན་ལ་མི་གནས་པར། །སེམས་ཅན་ཀུན་ལ་སྨན་སླད་དུ། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །དངོས་པོ་དངོས་པོར་མ་མཆིས་པས། །བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །དངོས་པོ་ཐམས་ཅད་རྣམ་འཇིག་པས། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །སའམ་ཡང་ན་ཆུ་ུའམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང་། །བཟོད་པ་ཁྲོ་བ་མ་མཆིས་པས། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག །བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །གཏན་སྤྲོ་ལེ་ལོ་མ་མཆིས་ཤིང་། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །དཔའ་བར་འགྲོ་བའི་ཏིང་འཛིན་དང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །རྣམ་པར་ཐར་པའི་སྒོ་གསུམ་དང་། །དུས་གསུམ་མཉམ་པ་ཉིད་དང་ཡང་། །རིག་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །སངས་རྒྱས་ཀུན་གྱིས་བསྔགས་པ་དང་། །འོད་དང་གཟི་བརྗིད་འབར་བ་དང་། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །བདག་གི་བསམ་པ་རྫོགས་གྱུར་ཅིག །དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང་། །བྱམས་པ་གྲགས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །ས་བཅུའི་སྤོ་ལ་རབ་གནས་ཤོག །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན། །གནས་ངན་ལེན་རྣམས་རྟག་ཏུ་སྤངས་བྱས་ནས། །རྒྱལ་བ་བྱམས་པའི་གོ་འཕང་བརྙེས་གྱུར་ཅིག །རྒྱལ་བ་བྱམས་པ་དང་ནི་སེང་གེ་ཡིས། །མ་འོངས་སངས་རྒྱས་མཛད་པ་སྟོན་པའི་ཚེ། །བདག་ཀྱང་བྱང་ཆུབ་མཆོག་ལ་གནས་གྱུར་ཏེ། །བླ་ན་མེད་པའི་ལུང་ཡང་སྟོན་པར་ཤོག །དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །དལ་ཐོབ་བཤེས་གཉེན་བཟང་ལ་བསྟེན་པ་དང་། །སེམས་ཅན་ཀུན་གྱི་སྡུག་བསྔལ་ཁུར་ཁྱེར་ནས། །བྱམས་པའི་བསྟན་ལ་བྱ་བ་བྱེད་པར་ཤོག།

སྤྱོད་འཇུག་སྨོན་ལམ།

༈ སྤྱོད་འཇུག་ལས་བྱུང་བའི་བྱང་ཆུབ་སྤྱོད་པའི་སྨོན་ལམ་ནི། བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག ། ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །དེ་དག་འཁོར་བ་ཇི་སྲིད་དུ། །ནམ་ཡང་བདེ་ལས་ཉམས་མ་གྱུར། །འགྲོ་བས་བྱང་ཆུབ་སེམས་དཔའ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག །འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག །གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག །རལ་གྲི་ལོ་མའི་ནགས་ཚལ་ཡང་། །དེ་ལ་ཙན་དན་ནགས་སྟུག་ཤོག །ཤལ་མ་ལི་ཡི་སྡོང་པོ་ཡང་། །དཔག་བསམ་ཤིང་དུ་འཁྲུངས་པར་ཤོག །མཐིང་རིལ་ངུར་པ་དག་དང་ངང་པ་དང་། །བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིག །པདྨ་དྲི་བསུང་ཆེ་ལྡན་མཚོ་དག་གིས། །དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག །སོལ་ཕུང་དེ་ཡང་རིན་ཆེན་ཕུང་པོར་གྱུར། །ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག །བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི། །གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག །མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི། །དེང་ནས་བརྩེ་ཕྱིར་མེ་ཏོག་འཕེན་པར་ཤོག །ཆུ་བོ་རབ་མེད་མེ་དང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུནྡའི་མདོག །བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག །ཅི་ཕྱིར་འདིར་ནི་གཤིན་རྗེའི་མི་དང་ཁྭ་དང་བྱ་རྒོད་མི་བཟད་རྣམས་སྐྲག་བྱེད། །ཀུན་ནས་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་སྙམ་སྟེ། །གྱེན་དུ་བལྟས་ན་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། །རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོགས་པར་ཤོག །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་བསམ་པ་དང་། །སེམས་དམྱལ་རྣམས་ཀྱིས་ཕྱག་ན་པདྨ་མཐོང་བར་ཤོག །གྲོགས་དག་འཇིགས་པ་བོར་ལ་རིངས་པར་ཚུར་ཤོག་འུ་བུའི་ཐད་དུ་ནི། །གང་གི་མཐུ་ཡིས་སྡུག་བསྔལ་ཀུན་བྲལ་དགའ་བའི་ཤུགས་ཕྱིན་ལ། །འགྲོ་བ་ཀུན་ནས་ཡོངས་སྐྱོབ་བྱང་ཆུབ་སེམས་དང་བརྩེ་བ་སྐྱེས་གྱུར་པ། །གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་ཅི་ཞིག་ཕྱིན། ཁྱོད་ཀྱི་ལྷ་བརྒྱའི་ཅོད་པན་དག་གིས་ཞབས་ཀྱི་པདྨོ་ལ་མཆོད་ཅིང་། །ཐུགས་རྗེས་བརླན་ཅན་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་འབབ་པ། །ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་ལྡན་འདི་ལྟོས་ཞེས། །འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཅ་ཅོ་འདོན་པར་ཤོག །དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་ལ་སོགས། །བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་སྤྲིན་བདེ་བ་དང་། །བསིལ་ཞིང་དྲི་ཞིམ་ངད་ལྡན་ཆར་པ་འབེབས་མཐོང་ནས། །སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་གྱུར་ཅིག །དུད་འགྲོ་རྣམས་ནི་གཅིག་ལ་གཅིག །ཟ་བའི་འཇིགས་དང་བྲལ་བར་ཤོག །སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དྭགས་རྣམས་ནི་བདེ་བར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམས་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་། །འོན་པས་རྟག་ཏུ་སྒྲ་ཐོས་ཤོག །ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། །སྦྲུམ་མའང་གནོད་མེད་བཙའ་བར་ཤོག །གཅེར་བུ་རྣམས་ཀྱིས་གོས་དག་དང་། །བཀྲེས་པ་རྣམས་ཀྱིས་ཟས་དག་དང་། །སྐོམ་པ་རྣམས་ཀྱིས་ཆུ་དག་དང་། །བཏུང་བ་ཞིམ་པོ་ཐོབ་པར་ཤོག །བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་གསོས་ཤིང་། །བརྟན་པ་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་འགྱུར། །མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་། །ཕན་ཚུན་སེམས་ནི་མཉེན་གྱུར་ཅིག །མགྲོན་པོ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པ། །དེ་འབད་མི་དགོས་འགྲུབ་གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་གྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངམ་ལམ་གོལ་འཁྱམས་པ་རྣམས། །མགྲོན་པོ་དག་དང་ཕྲད་གྱུར་ནས། །ཆོམ་རྐུན་སྟག་སོགས་འཇིགས་མེད་པར། །མི་ངལ་བདེ་བླག་འདོང་བར་ཤོག །དགོན་སོགས་ལམ་མེད་ཉམ་ང་བར། །བྱིས་པ་རྒན་པོ་མགོན་མེད་ཅིང་། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་སྲུང་བ་བྱེད་པར་ཤོག །མི་དལ་ཀུན་ལས་ཐར་བ་དང་། །དད་དང་ཤེས་རབ་བརྩེ་ལྡན་ཞིང་། །ཟས་དང་སྤྱོད་པ་ཕུན་ཚོགས་ནས། །རྟག་ཏུ་ཚེ་རབས་དྲན་པར་ཤོག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །སེམས་ཅན་གཟི་བརྗིད་ཆུང་ངུ་གང་། །དེ་དག་གཟི་བརྗིད་ཆེན་པོར་ཤོག །དཀའ་ཐུབ་ཅན་གང་གཟུགས་ངན་པ། །གཟུགས་བཟང་ཕུན་སུམ་ཚོགས་པར་ཤོག །འཇིག་རྟེན་བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག །མ་རབས་རྣམས་ནི་མཐོ་ཐོབ་ཅིང་། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག །བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ཞིང་། །བདུད་ཀྱི་ལས་ཀྱང་སྤོང་བར་ཤོག །སེམས་ཅན་དེ་དག་ཐམས་ཅད་ནི། །ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བར་འཚོ་འགྱུར་ཞིང་། །འཆི་བའི་སྒྲ་ཡང་གྲགས་མ་གྱུར། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས། །ཆོས་སྙན་སྒྲོགས་པས་གང་བ་ཡིས། །ཕྱོགས་རྣམས་ཐམས་ཅད་གང་བར་ཤོག །ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུཪྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་། །བྱང་ཆུབ་སེམས་དཔའ་མང་པོ་དག །རང་གི་ལེགས་པས་ས་སྟེང་དག །བརྒྱན་པར་མཛད་པས་བཞུགས་གྱུར་ཅིག །ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །དེ་དག་རྟག་ཏུ་སངས་རྒྱས་དང་། །སངས་རྒྱས་སྲས་དང་ཕྲད་གྱུར་ཅིག །མཆོད་པའི་སྤྲིན་ཕུང་མཐའ་ཡས་པས། །འགྲོ་བའི་བླ་མ་མཆོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་གྱུར་ཅིག །རྒྱལ་པོ་ཆོས་བཞིན་བྱེད་པ་དང་། །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །སེམས་ཅན་འགའ་ཡང་སྡུག་མ་གྱུར། །སྡིག་པར་མ་གྱུར་ན་མ་གྱུར། །འཇིགས་དང་བརྙས་པར་མི་འགྱུར་ཞིང་། །འགའ་ཡང་ཡིད་མི་བདེ་མ་གྱུར། །གཙུག་ལག་ཁང་རྣམས་ཀློག་པ་དང་། །ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག །རྟག་པར་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །བསླབ་པ་འདོད་པའི་དགེ་སློང་དག །དབེན་པ་དག་ཀྱང་ཐོབ་པར་ཤོག །གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་སྒོམ་གྱུར་ཅིག །དགེ་སློང་མ་རྣམས་རྙེད་ལྡན་ཞིང་། །འཐབ་དང་གནོད་པ་སྤོང་བར་ཤོག །དེ་བཞིན་རབ་ཏུ་བྱུང་བ་ཀུན། །ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག །ཚུལ་ཁྲིམས་འཆལ་བས་ཡིད་བྱུང་ནས། །རྟག་ཏུ་སྡིག་པ་ཟད་བྱེད་ཤོག །བདེ་འགྲོ་དག་ནི་ཐོབ་གྱུར་ནས། །དེར་ཡང་བརྟུལ་ཞུགས་མི་ཉམས་ཤོག །མཁས་པ་རྣམས་ནི་བཀུར་བ་དང་། །བསོད་སྙོམས་དག་ཀྱང་རྙེད་པར་ཤོག །རྒྱུད་ནི་ཡོངས་སུ་དག་པ་དང་། །ཕྱོགས་རྣམས་ཀུན་ཏུ་གྲགས་པར་ཤོག །ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སངས་རྒྱས་མྱུར་ཐོབ་ཤོག །སེམས་ཅན་ཀུན་གྱིས་ལན་མང་དུ། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །སངས་རྒྱས་བདེ་བ་བསམ་ཡས་ཀྱིས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །དེ་བཞིན་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱང་བདེ་གྱུར་ཅིག །བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་བྱེད་པར་ཤོག །བདག་ནི་ཁ་ཟས་གྱི་ནས་ཀྱང་། །ཉམས་དང་ལྡན་ཞིང་འཚོ་བར་ཤོག །ཚེ་རབས་ཀུན་ཏུ་དབེན་གནས་པ། །ཕུན་སུམ་ལྡན་པ་ཐོབ་པར་ཤོག །གང་ཚེ་བལྟ་བར་འདོད་པ་འམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །གང་གི་དྲིན་གྱིས་དགེ་བློ་བྱུང་། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་དར་བ། །དགེ་བའི་བཤེས་ལའང་བདག་ཕྱག་འཚལ། །

བདེ་སྨོན་ཤེས་བྱ་མ།

༈ བདེ་བ་ཅན་དུ་བགྲོད་པའི་སྨོན་ལམ་ནི། མངྒ་ལཾ་སྭསྟི་བྷ་ཝནྟུ། ཤེས་བྱ་ཐམས་ཅད་མངོན་སུམ་གཟིགས་པ་པོ། །མཆོག་གི་ཡོན་ཏན་མ་ལུས་མཐར་ཕྱིན་པའི། །ཟླ་མེད་བརྙེས་པ་དེ་དང་དམ་པའི་ཆོས། །བྱང་ཆུབ་སེམས་དཔའི་ཚོགས་ལ་གུས་ཕྱག་འཚལ། །མཐའ་ཡས་ནམ་མཁའི་མཐའ་ཀླས་ཞིང་རྒྱ་མཚོ། །མཐའ་དག་སྐུ་ཡི་སྤྲུལ་པས་སྣང་བར་མཛད། །མཐའ་ཡས་འོད་མངའ་ཐུབ་ཆེན་ཚེ་དཔག་མེད། །མཐའ་མེད་འཁོར་བའི་འགྲོ་བ་ཀུན་ལ་ཁྱབ། །ཀུན་མཁྱེན་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་འོད། །ཀུན་ནས་རབ་རྫོགས་ཡེ་ཤེས་འོད་འཕྲོ་བས། །ཀུན་རྟོག་སྲིད་པའི་མུན་སྟུག་སྣ་ཚོགས་པ། །ཀུན་སེལ་རྣམ་འདྲེན་གཙོ་ལ་ཕྱག་འཚལ་ལོ། །འོད་ཕྲེང་གསལ་བས་ཞིང་ཀུན་ཁྱབ་མཛད་དེ། །ཡེ་ཤེས་སྤྱན་གྱིས་ཅུང་ཟད་གཟིགས་པས་ཀྱང་། །བདུད་སྡེའི་དཔུང་ཚོགས་མ་ལུས་ཞི་མཛད་པ། །དཔག་མེད་སྐུ་ཡི་འོད་ལ་ཕྱག་འཚལ་ལོ། །སྲིད་དང་ཞི་བ་རབ་སྤངས་རྣམ་གྲོལ་སྐུ། །ངོ་བོ་ཉིད་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གང་གང་འདུལ་བ་དེ་ལ་དེར་སྟོན་པའི། །མཚན་དང་དཔེ་བྱད་ཀྱིས་འབར་ཕྱག་འཚལ་ལོ། །ཆོས་ཀུན་རྣམ་འབྱེད་ཡན་ལག་དྲུག་ཅུ་ཡི། །གསུང་གཅིག་གིས་ཀྱང་ཕྱོགས་དུས་ཐམས་ཅད་དུ། །སེམས་ཅན་དབང་པོའི་རིམ་པ་ཇི་བཞིན་འཇུག །དཔག་མེད་གསུང་གི་འོད་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་པའི་ཡུལ་ལས་རབ་འདས་ཀྱང་། །འབད་མེད་ལྷུན་གྱིས་གྲུབ་པའི་ཡང་དག་ཚིག །གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པས། །ལེགས་པའི་ལམ་མཆོག་སྟོན་ལ་ཕྱག་འཚལ་ལོ། །རང་བཞིན་འོད་གསལ་མཁའ་ལྟར་མི་དམིགས་ཀྱང་། །རྣམ་པ་ཀུན་ལྡན་ཡེ་ཤེས་རོལ་པ་ཡིས། །ཤེས་བྱ་ཇི་སྙེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །དཔག་མེད་ཐུགས་ཀྱི་འོད་ལ་ཕྱག་འཚལ་ལོ། །ཆོས་ཀུན་ངོ་བོ་ཉིད་ཀྱིས་ཉེར་ཞི་ཞིང་། །མ་འགགས་སྣང་བ་རབ་ཏུ་བཀྲ་བ་གང་། །ཁྱོད་ཀྱིས་གཟིགས་པའང་རྣམ་དག་ཞི་བ་དང་། །དེ་བཞིན་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །གང་ཞིག་འགྲོ་བའི་ཡིད་བཞིན་ཉེར་འཚོའི་གནས། །སྐུ་གསུང་ཐུགས་དང་ཡེ་ཤེས་དཔག་མེད་སྟོབས། །ཐུགས་རྗེ་ཕྲིན་ལས་དཔག་ཏུ་མེད་པ་ཡི། །འོད་དཔག་མེད་ལ་རྟག་པར་ཕྱག་འཚལ་ལོ། །དངོས་དང་ཡིད་ཀྱིས་སྤྲུལ་པའི་ལུས་ལོངས་སྤྱོད། །ཡོངས་སུ་མ་བཟུང་ནམ་མཁའི་མཐར་ཐུག་པ། །བློ་ཡིས་བླངས་ཏེ་བདེ་བར་གཤེགས་རྣམས་མཆོད། །དམན་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་དང་སེམས་ཅན་ཀུན་གྱི་སྡིག་པའི་ལས། །ཉེས་པར་གྱུར་གང་མཐོལ་ཞིང་བཤགས་པར་བགྱི། །སླན་ཆད་ནམ་ཡང་བགྱིད་པར་མ་གྱུར་ཅིག །ལས་ཀྱི་སྒྲིབ་པའང་གཏན་ཏུ་ཟད་བྱེད་ཤོག །རྒྱལ་དང་རྒྱལ་སྲས་ཉན་ཐོས་རང་རྒྱལ་དང་། །འགྲོ་བ་ཀུན་གྱི་དགེ་ལ་རྗེས་ཡི་རང་། །གང་ཡང་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ལ། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བསྐལ་པ་རྒྱ་མཚོ་དཔག་ཏུ་མེད་པར་ཡང་། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དུས་གསུམ་བསགས་པའི་དགེ་བ་ཅི་ཡོད་པ། །གཞན་ཕན་དོན་ཕྱིར་བྱང་ཆུབ་ཆེན་པོར་བསྔོ། །ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར། །སྐྱེ་བ་འདི་དང་མ་འོངས་ཐམས་ཅད་དུ། །བླ་མ་དམ་པས་རྗེས་སུ་འཛིན་གྱུར་ཅིག །བྱང་ཆུབ་སེམས་ནི་ནམ་དུའང་ཉམས་མ་གྱུར། །རིགས་གཟུགས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡི། །དལ་འབྱོར་མཆོག་ཐོབ་ཆོས་ལྡན་གྲོགས་དང་བཅས། །སངས་རྒྱས་བསྟན་ལ་རིམ་བཞིན་སློབ་པ་དང་། །འདུན་དང་བརྩོན་འགྲུས་བག་ཡོད་ལྡན་གྱུར་ཅིག །ངན་སོང་གསུམ་སོགས་མི་བཟད་འཁོར་བ་ཡི། །མི་ཁོམ་འཇིག་རྟེན་རྣམས་སུ་སྐྱེ་འགྱུར་ལས། །གང་དེ་ཚེ་འདི་ཉིད་ལ་རབ་སྨིན་ནས། །ལན་གྲངས་གཞན་དུ་མྱོང་བར་མ་གྱུར་ཅིག །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཐབས་མཁས་རྨད་བྱུང་དང་། །སྨོན་ལམ་སྟོབས་དང་ཡེ་ཤེས་རྒྱ་མཚོ་ཡི། །སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་གྱུར་ཅིག །ལུས་དང་དེ་བཞིན་སྲོག་ལའང་ལྟོས་མེད་པར། །སེམས་ལས་རུང་ཞིང་དབེན་པར་རང་རྒྱུད་དུལ། །ལུང་དང་མངོན་པར་རྟོགས་པའི་ཆོས་ཀྱིས་འབྱོར། །བརྩེ་ལྡན་རྟག་ཏུ་ཤེས་བཞིན་ལྡན་གྱུར་ཅིག །འཁོར་བའི་དེ་བཞིན་ཉིད་གང་མྱ་ངན་འདས། །ཀུན་རྟོག་དེ་བཞིན་ཉིད་གང་ཡེ་ཤེས་ཏེ། །གཅིག་དང་དུ་མའི་བདག་ཉིད་ལས་འདས་པའི། །ཆོས་ཉིད་རྟོགས་པའི་བློ་གྲོས་ལྡན་གྱུར་ཅིག །གང་ཡང་རྟེན་འབྱུང་ཟབ་མོའི་ཚུལ་གནས་པ། །ངེས་དོན་མཐར་ཐུག་སྤྲོས་བྲལ་ཆོས་ཀྱི་སྐུ། །སྟོབས་སོགས་ཡོན་ཏན་ཡེ་ཤེས་ཕྲིན་ལས་སོགས། །བདེ་གཤེགས་ཆོས་ལ་ཐོགས་མེད་འཇུག་གྱུར་ཅིག །གང་དུ་འགྲོ་བློ་མངོན་པར་དགའ་གྱུར་པའི། །ཡིད་ལུས་སྤྱོད་པ་རྣམ་པར་དག་པ་དང་། །དབྱངས་སྙན་ངག་གིས་ཆོས་ཚུལ་རྒྱ་མཚོ་སྟོན། །རྒྱལ་སྲས་རྣམས་ཀྱི་སྤྱོད་དང་མཚུངས་པར་ཤོག །ཇི་སྲིད་དེ་ལྟའི་ཡོན་ཏན་མ་ཐོབ་བར། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །འཆི་མེད་ཚེ་དང་དཔལ་འབྱོར་རྒྱས་པ་དང་། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག །ཚེ་འདིའི་སྣང་བ་ནུབ་པར་ཉེ་བ་ན། །བདེ་གཤེགས་སྲས་དང་བཅས་པས་བྱིན་བརླབས་ཏེ། །འོད་གསལ་ལྷན་ཅིག་སྐྱེས་པའི་དོན་རྟོགས་ནས། །ལྷ་དང་ལྷ་མོ་དཔག་ཏུ་མེད་པ་ཡིས། །སྣ་ཚོགས་མཆོད་པས་བདག་གི་སྔུན་བསུ་ཞིང་། །རང་སྣང་དྲི་མེད་ཆོས་ཀྱི་དབྱིངས་རང་བཞིན། །རྣམ་དག་བདེ་བ་ཅན་གྱི་ཞིང་ཁམས་དེར། །བདེ་ཆེན་སེམས་ཀྱིས་བདེ་བླག་བགྲོད་གྱུར་ཅིག །ཞིང་དེར་དམར་སེར་འོད་ཀྱི་ཕུང་པོའི་དབུས། །རབ་མང་རིན་ཆེན་པདྨའི་ཟེའུ་འབྲུ་ལ། །དགེ་སློང་བྱེ་བ་འབུམ་དང་ཐབས་གཅིག་པའི། །ཆོས་རྗེ་འོད་དཔག་མེད་པ་མཐོང་གྱུར་ཅིག །རྒྱལ་སྲས་ཚོགས་ཀྱིས་ཡོངས་བསྐོར་བཅོམ་ལྡན་འདས། །ཐུན་མཚམས་འཆར་ཀའི་ཉིན་བྱེད་ལྟར་དམར་བ། །འོད་འབར་བལྟ་བས་མི་ངོམས་དེ་མཐོང་ནས། །བྱང་ཆུབ་ཆེན་པོའི་ལུང་བསྟན་ཐོབ་གྱུར་ཅིག །དགེ་ཚོགས་ལེགས་བྱས་རྣམ་པར་དཀར་བའི་འབྲས། །ངོ་མཚར་ཡོངས་རྫོགས་དཔལ་དང་ལྡན་པའི་ལུས། །དཔག་མེད་སྤྲུལ་ནས་བཅོམ་ལྡན་འདས་དེ་ལ། །བསྟོད་དབྱངས་རྒྱ་མཚོས་ཤིས་པ་བརྗོད་གྱུར་ཅིག །བྱམས་ཆེན་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས། །རྒྱལ་སྲས་རྣམས་དང་རྟག་ཏུ་མི་འབྲལ་ཞིང་། །རྣམ་ཐར་ཚུལ་ལ་མཉམ་པར་འཇུག་གྱུར་ཅིག །རྣམ་ཐར་རྒྱ་མཚོ་སྒྱུ་མ་ལྟར་སྦྱོང་བས། །ཐེག་མཆོག་རྒྱ་མཚོའི་ཐབས་རྣམས་ཀུན་བཟུང་སྟེ། །ཡེ་ཤེས་རྒྱ་མཚོའི་རྟོགས་པ་རབ་ཐོབ་ནས། །སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་གྱུར་ཅིག །ཞིང་ཁམས་རྒྱ་མཚོ་རྟག་ཏུ་སྦྱོང་བ་དང་། །ཚོགས་གཉིས་རྒྱ་མཚོ་དག་ནི་སྤེལ་བར་བྱེད། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱས་ཏེ། །སྨོན་ལམ་རྒྱ་མཚོ་རྣམས་ནི་འགྲུབ་གྱུར་ཅིག །ཇི་ལྟར་སྔོན་གྱི་བདེ་བར་གཤེགས་རྣམས་ཀྱིས། །ཐུགས་བསྐྱེད་སྨོན་ལམ་མཛད་སྟོབས་ཅི་འདྲ་བ། །དེ་ལྟར་བདག་གིས་སེམས་ཅན་མ་ལུས་ཚོགས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །ཅེས་འོད་དཔག་ཏུ་མེད་པ་ལ་བསྟོད་པ་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་འདི། ཀརྨ་པ་དེ་བཞིན་གཤེགས་པས་མདོ་སྨད་ཀྱི་སའི་ཆ་རྨ་ཆུའི་འགྲམ་དུ་སྦྱར་བའོ། །

ཕྱག་ཆེན་སྨོན་ལམ།

༈ རྗེ་རང་བྱུང་ཞབས་ཀྱིས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ནི། ན་མོ་གུ་རུ། བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས། །བདག་ལ་བརྩེར་དགོངས་བདག་གི་སྨོན་ལམ་རྣམས། །ཇི་བཞིན་འགྲུབ་པའི་མཐུན་འགྱུར་བྱིན་བརླབས་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །བསམ་སྦྱོར་རྣམ་དག་གངས་རི་ལས་སྐྱེས་པའི། །འཁོར་གསུམ་རྙོག་མེད་དགེ་ཚོགས་ཆུ་རྒྱུན་རྣམས། །རྒྱལ་བ་སྐུ་བཞིའི་རྒྱ་མཚོར་འཇུག་གྱུར་ཅིག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུ། །སྐྱེ་དང་སྐྱེ་བ་ཚེ་རབས་ཀུན་ཏུ་ཡང་། །སྡིག་དང་སྡུག་བསྔལ་སྒྲ་ཡང་མི་གྲག་ཅིང་། །བདེ་དགེ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །དལ་འབྱོར་མཆོག་ཐོབ་དད་བརྩོན་ཤེས་རབ་ལྡན། །བཤེས་གཉེན་བཟང་བསྟེན་གདམས་པའི་བཅུད་ཐོབ་ནས། །ཚུལ་བཞིན་སྒྲུབ་ལ་བར་ཆད་མ་མཆིས་པར། །ཚེ་རབས་ཀུན་ཏུ་དམ་ཆོས་སྤྱོད་པར་ཤོག །ལུང་རིགས་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ། །མན་ངག་བསམ་པས་ཐེ་ཚོམ་མུན་ནག་བཅོམ། །སྒོམ་བྱུང་འོད་ཀྱིས་གནས་ལུགས་ཇི་བཞིན་གསལ། །ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་ཤོག །རྟག་ཆད་མཐའ་བྲལ་བདེན་གཉིས་གཞི་ཡི་དོན། །སྒྲོ་སྐུར་མཐའ་བྲལ་ཚོགས་གཉིས་ལམ་མཆོག་གིས། །སྲིད་ཞིའི་མཐའ་བྲལ་དོན་གཉིས་འབྲས་ཐོབ་པའི། །གོལ་འཆུགས་མེད་པའི་ཆོས་དང་ཕྲད་པར་ཤོག །སྦྱང་གཞི་སེམས་ཉིད་གསལ་སྟོང་ཟུང་འཇུག་ལ། །སྦྱོང་བྱེད་ཕྱག་ཆེན་རྡོ་རྗེ་རྣལ་འབྱོར་ཆེས། །སྦྱང་བྱ་གློ་བུར་འཁྲུལ་པའི་དྲི་མ་རྣམས། །སྦྱངས་འབྲས་དྲི་བྲལ་ཆོས་སྐུ་མངོན་གྱུར་ཤོག །གཞི་ལ་སྒྲོ་འདོགས་ཆོད་པ་ལྟ་བའི་གདེངས། །དེ་ལ་མ་ཡེངས་སྐྱོང་བ་སྒོམ་པའི་གནད། །སྒོམ་དོན་ཀུན་ལ་རྩལ་སྦྱོང་སྤྱོད་པའི་མཆོག །ལྟ་སྒོམ་སྤྱོད་པའི་གདེངས་དང་ལྡན་པར་ཤོག །ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཏེ། །སེམས་ནི་སེམས་མེད་སེམས་ཀྱི་ངོ་བོས་སྟོང་། །སྟོང་ཞིང་མ་འགགས་ཅིར་ཡང་སྣང་བ་སྟེ། །ལེགས་པར་བརྟག་ནས་གཞི་རྩ་ཆོད་པར་ཤོག །ཡོད་མ་མྱོང་བའི་རང་སྣང་ཡུལ་དུ་འཁྲུལ། །མ་རིག་དབང་གིས་རང་རིག་བདག་ཏུ་འཁྲུལ། །གཉིས་འཛིན་དབང་གིས་སྲིད་པའི་ཀློང་དུ་འཁྱམས། །མ་རིག་འཁྲུལ་པའི་རྩད་དར་ཆོད་པར་ཤོག །ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །འདི་ཡིན་ཞེས་པ་གང་གིས་མཚོན་པ་མེད། །འདི་མིན་ཞེས་བྱ་གང་གིས་བཀག་པ་མེད། །བློ་ལས་འདས་པའི་ཆོས་ཉིད་འདུས་མ་བྱས། །ཡང་དག་དོན་གྱི་མཐའ་ནི་ངེས་པར་ཤོག །འདི་ཉིད་མ་རྟོགས་འཁོར་བའི་རྒྱ་མཚོར་འཁོར། །འདི་ཉིད་རྟོགས་ན་སངས་རྒྱས་གཞན་ན་མེད། །ཐམས་ཅད་འདི་ཡིན་འདི་མིན་གང་ཡང་མེད། །ཆོས་ཉིད་ཀུན་གཞིའི་མཚང་ནི་རིག་པར་ཤོག །སྣང་ཡང་སེམས་ལ་སྟོང་ཡང་སེམས་ཡིན་ཏེ། །རྟོགས་ཀྱང་སེམས་ལ་འཁྲུལ་ཡང་རང་གི་སེམས། །སྐྱེས་ཀྱང་སེམས་ལ་འགགས་ཀྱང་སེམས་ཡིན་པས། །སྒྲོ་འདོགས་ཐམས་ཅད་སེམས་ལ་ཆོད་པར་ཤོག །བློས་བྱས་རྩོལ་བའི་སྒོམ་གྱིས་མ་བསླད་ཅིང་། །ཐ་མལ་འདུ་འཛིའི་རླུང་གིས་མ་བསྐྱོད་པར། །མ་བཅོས་གཉུག་མ་རང་བབ་འཇོག་ཤེས་པའི། །སེམས་དོན་ཉམས་ལེན་མཁས་ཤིང་སྐྱོང་བར་ཤོག །ཕྲ་རགས་རྟོག་པའི་དབའ་རླབས་རང་སར་ཞི། །གཡོ་མེད་སེམས་ཀྱི་ཆུ་བོ་ངང་གིས་གནས། །བྱིང་རྨུགས་རྙོག་པའི་དྲི་མ་དང་བྲལ་བའི། །ཞི་གནས་རྒྱ་མཚོ་མི་གཡོ་བརྟན་པར་ཤོག །བལྟར་མེད་སེམས་ལ་ཡང་ཡང་བལྟས་པའི་ཚེ། །མཐོང་མེད་དོན་ནི་ཇི་བཞིན་ལྷག་གེར་མཐོང་། །ཡིན་མིན་དོན་ལ་ཐེ་ཚོམ་ཆོད་པ་ཉིད། །འཁྲུལ་མེད་རང་ངོ་རང་གིས་ཤེས་པར་ཤོག །ཡུལ་ལ་བལྟས་པས་ཡུལ་མེད་སེམས་སུ་མཐོང་། །སེམས་ལ་བལྟས་པས་སེམས་མེད་ངོ་བོས་སྟོང་། །གཉིས་ལ་བལྟས་པས་གཉིས་འཛིན་རང་སར་གྲོལ། །འོད་གསལ་སེམས་ཀྱི་གནས་ལུགས་རྟོགས་པར་ཤོག །ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །མཐའ་དང་བྲལ་བ་དབུ་མ་ཆེན་པོ་ཡིན། །འདི་ནི་ཀུན་འདུས་རྫོགས་ཆེན་ཞེས་ཀྱང་བྱ། །གཅིག་ཤེས་ཀུན་དོན་རྟོགས་པའི་གདེངས་ཐོབ་ཤོག །ཞེན་པ་མེད་པའི་བདེ་ཆེན་རྒྱུན་ཆད་མེད། །མཚན་འཛིན་མེད་པའི་འོད་གསལ་སྒྲིབ་གཡོགས་བྲལ། །བློ་ལས་འདས་པའི་མི་རྟོག་ལྷུན་གྱིས་གྲུབ། །རྩོལ་མེད་ཉམས་མྱོང་རྒྱུན་ཆད་མེད་པར་ཤོག །བཟང་ཞེན་ཉམས་ཀྱི་འཛིན་པ་རང་སར་གྲོལ། །ངན་རྟོག་འཁྲུལ་པ་རང་བཞིན་དབྱིངས་སུ་དག །ཐ་མལ་ཤེས་པ་སྤང་བླང་བྲལ་ཐོབ་མེད། །སྤྲོས་བྲལ་ཆོས་ཉིད་བདེན་པ་རྟོགས་པར་ཤོག །འགྲོ་བའི་རང་བཞིན་རྟག་ཏུ་སངས་རྒྱས་ཀྱང་། །མ་རྟོགས་དབང་གིས་མཐའ་མེད་འཁོར་བར་འཁྱམས། །སྡུག་བསྔལ་མུ་མཐའ་མེད་པའི་སེམས་ཅན་ལ། །བཟོད་མེད་སྙིང་རྗེ་རྒྱུད་ལ་སྐྱེ་བར་ཤོག །བཟོད་མེད་སྙིང་རྗེའི་རྩལ་ཡང་མ་འགགས་པའི། །བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་ཤར། །ཟུང་འཇུག་གོལ་ས་བྲལ་བའི་ལམ་མཆོག་འདི། །འབྲལ་མེད་ཉིན་མཚན་ཀུན་ཏུ་བསྒོམ་པར་ཤོག །སྒོམ་སྟོབས་ལས་བྱུང་སྤྱན་དང་མངོན་ཤེས་དང་། །སེམས་ཅན་སྨིན་བྱས་སངས་རྒྱས་ཞིང་རབ་སྦྱངས། །སངས་རྒྱས་ཆོས་རྣམས་འགྲུབ་པའི་སྨོན་ལམ་རྫོགས། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་སངས་རྒྱས་ཤོག །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །རྣམ་དཀར་དགེ་བ་ཇི་སྙེད་ཡོད་པའི་མཐུས། །དེ་ལྟར་བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྨོན་ལམ་རྣམ་དག་ཇི་བཞིན་འགྲུབ་གྱུར་ཅིག །ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ཞེས་བྱ་བ་རྗེ་རང་བྱུང་རྡོ་རྗེས་མཛད་པའོ། །

བསྔོ་བ།

༈ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་བཏབ་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །དེ་ལྟར་འགྲུབ་པ་ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་བ་བུདྷ་ནི་སྭཱ་ཧཱ།

མི་འཁྲུགས་སྨོན་ལམ།

༈ བཅོམ་ལྡན་འདས་མི་འཁྲུགས་པའི་ཞིང་བཀོད་དོན་བསྡུས་ཀྱི་སྨོན་ལམ་རིན་པོ་ཆེའི་ཕྲེང་བ་བཞུགས་སོ། །མངོན་དགའི་ཞིང་ན་བྱང་ཆུབ་ཤིང་དབང་དྲུང་། །མི་འཁྲུགས་རྒྱལ་བ་དཔལ་གྱིས་ལྷམ་མེར་བཞུགས། །ཉན་ཐོས་བྱང་ཆུབ་སེམས་དཔའི་འཁོར་བཅས་ལ། །ལུས་དང་ངག་ཡིད་དྭངས་བས་གུས་ཕྱག་འཚལ། །དངོས་འབྱོར་ཡིད་སྤྲུལ་བདག་པོས་མ་བཟུང་བའི། །ལྷ་མིའི་དཔལ་འབྱོར་བདེ་བའི་ཡོ་བྱད་ཀྱི། །མཆོད་པའི་སྤྲིན་གྱིས་ནམ་མཁའ་གང་བྱས་ཏེ། །བདེ་བར་གཤེགས་པ་སྲས་དང་བཅས་རྣམས་མཆོད། །ཐོག་མེད་དུས་ནས་དུག་གསུམ་གྱིས་བསགས་པའི། །སྲིད་དང་ངན་འགྲོའི་རྒྱུར་གྱུར་མི་དགེའི་ལས། །གང་བསགས་འགྱོད་པས་སོ་སོར་བཤགས་ནས་ནི། །སླན་ཆད་མི་བགྱིད་སྡོམ་ལ་གནས་པར་བགྱི། །འཕགས་སྐྱེའི་དགེ་ཚོགས་ཀུན་ལ་ཡི་རང་ཞིང་། །རྒྱལ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དེ་ལྟའི་དགེ་བ་བྱང་ཆུབ་ཕྱིར་བསྔོ་བས། །གང་སྔོན་འདས་པའི་སངས་རྒྱས་སྤྱན་ཆེན་པོར། །མི་འཁྲུགས་རྒྱལ་བས་བྱང་ཆུབ་ཐུགས་བསྐྱེད་དེ། །ནམ་ཡང་ཁྲོ་དང་གནོད་སེམས་མི་འབྱུང་སོགས། །སྨོན་ལམ་བརྒྱད་བཏབ་བདག་གིས་འགྲུབ་གྱུར་ཅིག །གཞན་ཡང་དམ་བཅའ་ཇི་བཞིན་བགྱིད་པ་དང་། །གོམ་རེ་བཞིན་ཡང་སངས་རྒྱས་ཡིད་བྱེད་དང་། །ཚེ་རབས་ཀུན་ཏུ་ཁྱིམ་ནས་འབྱུང་སོགས་ཀྱི། །སྒྲུབ་པའི་སྨོན་ལམ་བཅོ་བརྒྱད་འགྲུབ་གྱུར་ཅིག །དེ་བཞིན་འཁོར་བཞིའི་དགེ་སློང་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས། མཆན། ཉེས་ལྟུང་མི་གླེང་དང་། །འཚང་རྒྱའི་ཞིང་དུ་ལྟུང་བའི་སྒྲ་ཙམ་ཡང་། །མི་གྲགས་དག་ཅིང་ཡོན་ཏན་ལྡན་པ་སོགས། །ནན་ཏན་སྨོན་ལམ་བདུན་པོ་འགྲུབ་གྱུར་ཅིག །ཇི་ལྟར་མི་འཁྲུགས་སྤྱད་པ་སྤྱོད་ཚེ་བཞིན། །སངས་རྒྱས་ཞིང་ནས་སངས་རྒྱས་ཞིང་འགྲོ་ཞིང་། །དེ་བཞིན་གཤེགས་རྣམས་མཉེས་པར་བྱེད་པ་ལས། །སྐད་ཅིག་ཙམ་ཡང་ཐུགས་དབྱུང་མི་བགྱིད་ཤོག །ཚེ་རབས་ཀུན་ཏུ་ཚངས་པར་སྤྱོད་པ་དང་། །ཕ་རོལ་ཕྱིན་པའི་ཆོས་ཉིད་ལས་བརྩམས་ཏེ། །སྟོན་ཅིང་དེ་ཚེ་བདག་གི་ལུས་དང་སེམས། །ངལ་དང་དུབ་པ་ཅུང་ཟད་མེད་པར་ཤོག །ཆོས་སྦྱིན་དེ་ཡི་དགེ་ཚོགས་ཇི་སྙེད་པས། །རང་གིས་སངས་རྒྱས་ཞིང་དེར་བྱང་སེམས་རྣམས། །ཚེ་རབས་བརྗེས་ཀྱང་དམ་ཆོས་མི་བརྗེད་ཅིང་། །གང་དུ་སྨོན་པའི་ཞིང་དེར་སྐྱེ་བར་ཤོག །དེ་དག་རྫོགས་པའི་སངས་རྒྱས་རྣམས་དང་ནི། །རྟག་ཏུ་མི་འབྲལ་གུས་པས་རབ་བསྙེན་ཅིང་། །བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དག་གིས། །ཐམས་ཅད་དུ་ཡང་གླགས་རྙེད་མ་གྱུར་ཅིག །ཇི་ལྟར་རང་ཉིད་དམ་ཆོས་འདོད་པ་ལྟར། །སེམས་ཅན་དེ་དག་ཆོས་འདོད་གྱུར་པ་ལ། །དེ་དག་དེ་ལྟར་ཡོན་ཏན་མ་རྫོགས་པར། །བདག་ཉིད་བྱང་ཆུབ་སྤྱད་པ་སྤྱོད་པར་ཤོག །བདག་ནི་འདི་ནས་ཤི་འཕོས་གྱུར་པའི་འོག །མངོན་པར་དགའ་བ་དག་པའི་ཞིང་ཁམས་སུ། །བཅོམ་ལྡན་མི་འཁྲུགས་རྒྱལ་བའི་དྲུང་སྐྱེས་ཏེ། །བྱང་ཆུབ་ལམ་གྱི་སྒྲུབ་པས་མཉེས་བྱེད་ཤོག །རྒྱལ་སྲས་སྤོས་ཀྱི་གླང་པོ་ལ་སོགས་པ། །ཞིང་དེའི་བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡོན་ཏན་ཇི་སྙེད་བདག་ལའང་ལྡན་གྱུར་ཅིག །སངས་རྒྱས་རྣམས་ཀྱི་རྟག་ཏུ་བསྔགས་མཛད་ཤོག །ཇི་ལྟར་རྒྱལ་སྲས་དེ་དག་བཅོམ་ལྡན་དེས། །བྱང་ཆུབ་ཆེན་པོར་མངོན་སུམ་ལུང་བསྟན་བཞིན། །བདག་ཀྱང་ཕྱིར་མི་ལྡོག་པའི་ས་ཐོབ་སྟེ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་ཐོབ་པར་ཤོག །རྒྱལ་བ་དེ་ཡི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བྱས་ཏེ། །ཚོགས་གཉིས་རྒྱ་མཚོ་ཡོངས་སུ་རྫོགས་པ་དང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱེད་ཤོག །མདོར་ན་མི་འཁྲུགས་རྒྱལ་བའི་ཐུགས་བསྐྱེད་དང་། །སྤྱོད་པ་སྨོན་ལམ་ཇི་བཞིན་བདག་སྤྱོད་ཅིང་། །མངོན་དགའི་ཞིང་མཚུངས་དག་པའི་འཇིག་རྟེན་དུ། །བཅོམ་ལྡན་དེ་འདྲའི་གོ་འཕང་མངོན་བྱེད་ཤོག །ཅེས་ཆོས་ཀྱི་དབང་ཕྱུག་གིས་བསྩལ་བའི་རྡོ་རྗེ་མི་འཁྲུགས་པའི་སྒྲུབ་དཀྱིལ་ལས་བྱུང་བའོ། །སརྦ་དཱ་མདྒ་ལཾ་བྷ་བ་ཏུ། །

སྨོན་ལམ་ཕྱོགས་བཅུ་དུས་བཞི་མ།

༈ ན་མོ་གུ་རུ༔ སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ལ༔ བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཨོ་རྒྱན་གྱིས་སྨོན་ལམ་འདི་གསུངས་པས་རྗེ་འབངས་ཐམས་ཅད་ཀྱི་ཐུགས་དམ་ནར་མར་མཛད༔ ཕྱི་རབས་རྣམས་ཀྱིས་ཀྱང་འདི་ལ་ཐུགས་དམ་རྩེ་གཅིག་ཏུ་མཛོད༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ མ་ལུས་ཞིང་གི་རྡུལ་སྙེད་གཤེགས་སུ་གསོལ༔ མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔ རྟེན་མཆོག་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ༔ སྔོན་གྱི་སྡིག་པའི་ཚོགས་ལ་བདག་གནོང་ཞིང་༔ ད་ལྟའི་མི་དགེ་འགྱོད་པས་རབ་ཏུ་བཤགས༔ ཕྱི་ཆད་དེ་ལས་ལྡོག་ཕྱིར་བདག་གིས་བསྡམ༔ བསོད་ནམས་དགེ་ཚོགས་ཀུན་ལ་ཡི་རང་ངོ་༔ རྒྱལ་བའི་ཚོགས་རྣམས་མྱ་ངན་མི་འདའ་བར༔ སྡེ་སྣོད་གསུམ་དང་བླ་མེད་ཆོས་འཁོར་བསྐོར༔ དགེ་ཚོགས་མ་ལུས་འགྲོ་བའི་རྒྱུད་ལ་བསྔོ༔ འགྲོ་རྣམས་བླ་མེད་ཐར་པའི་སར་ཕྱིན་ཤོག༔ སངས་རྒྱས་སྲས་བཅས་བདག་ལ་དགོངས་སུ་གསོལ༔ བདག་གིས་བརྩམས་པའི་སྨོན་ལམ་རབ་བཟང་འདི༔ རྒྱལ་བ་ཀུན་ཏུ་བཟང་དང་དེ་སྲས་དང་༔ འཕགས་པ་འཇམ་དཔལ་དབྱངས་ཀྱི་མཁྱེན་པ་ལྟར༔ དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཤོག༔ བསྟན་པའི་དཔལ་གྱུར་བླ་མ་རིན་ཆེན་རྣམས༔ ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པར་ཤོག༔ ཉི་ཟླ་བཞིན་ཏུ་ཀུན་ལ་གསལ་བར་ཤོག༔ རི་བོ་བཞིན་ཏུ་རྟག་ཏུ་བརྟན་པར་ཤོག༔ བསྟན་པའི་གཞི་མ་དགེ་འདུན་རིན་པོ་ཆེ༔ ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་གྱིས་ཕྱུག་ཤོག༔ བསྟན་པའི་སྙིང་པོ་གསང་སྔགས་སྒྲུབ་པའི་སྡེ༔ དམ་ཚིག་ལྡན་ཞིང་བསྐྱེད་རྫོགས་མཐར་ཕྱིན་ཤོག༔ བསྟན་པའི་སྦྱིན་བདག་ཆོས་སྐྱོང་རྒྱལ་པོ་ཡང་༔ ཆབ་སྲིད་རྒྱས་ཤིང་བསྟན་ལ་སྨན་པར་ཤོག༔ བསྟན་པའི་ཞབས་འདེགས་རྒྱལ་རིགས་བློན་པོ་ཡང༔ བློ་གྲོས་རབ་འཕེལ་རྩལ་དང་ལྡན་པར་ཤོག༔ བསྟན་པའི་གསོས་བྱེད་ཁྱིམ་བདག་འབྱོར་ལྡན་རྣམས༔ ལོངས་སྤྱོད་ལྡན་ཞིང་ཉེར་འཚེ་མེད་པར་ཤོག༔ བསྟན་ལ་དད་པའི་ཡངས་པའི་རྒྱལ་ཁམས་ཀུན༔ བདེ་སྐྱིད་ལྡན་ཞིང་བར་ཆད་ཞི་བར་ཤོག༔ ལམ་ལ་གནས་པའི་རྣལ་འབྱོར་བདག་ཉིད་ཀྱང་༔ དམ་ཚིག་མི་ཉམས་བསམ་པ་འགྲུབ་པར་ཤོག༔ བདག་ལ་བཟང་ངན་ལས་ཀྱིས་འབྲེལ་གྱུར་གང་༔ གནས་སྐབས་མཐར་ཐུག་རྒྱལ་བས་རྗེས་འཛིན་ཤོག༔ འགྲོ་རྣམས་བླ་མེད་ཐེག་པའི་སྒོར་ཞུགས་ནས༔ ཀུན་བཟང་རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོག༔ དེ་ལྟར་གྱི་སྨོན་ལམ་དུས་དྲུག་ཏུ་བརྩོན་པར་བྱ༔ ས་མ་ཡ་རྒྱ༔ ལྷ་སྲས་མུ་རུབ་རྣམ་འཕྲུལ་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་གནས་མཆོག་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པའི་གོང་མོ་འོག་མ་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའི་བཻ་རོའི་སྐུ་ཆོས་དར་ཤོག་ངོས་མཚོ་རྒྱལ་གྱི་ཕྱག་བྲིས་བོད་ཡིག་བཤུར་མ་ལས་དེ་འཕྲལ་ཉིད་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དག་པར་བཤུས་པ་དགེ་ལེགས་འཕེལ།། ༀ་གྷེ་ཙ་ན་ཧཱུྃ། འདི་བཟླས་པས་བསྐལ་པ་སྟོང་དུ་བསགས་པའི་སྡིག་པ་འདག་གོ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་ནུ་ག་ཏེ། ༀ་ཀུ་རུཾ་གི་ནི་སྭཱཧཱ། ལན་གཅིག་བཏོན་པས་བསྐལ་པ་འབུམ་ཕྲག་སྟོང་དུ་བསགས་པའི་སྡིག་པ་ཡང་མ་ལུས་པ་ཟད་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་བཟང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་བྱིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །ༀ་ཨ་བྷིར་ཧཱུྃ་ཁེ་ཙ་མཾ་སྭཱ་ཧཱ། ཤ་ལ་བཏབ་ནས་ཟོས་ན་ཉེས་པ་ཆུང་ཞིང་། སེམས་ཅན་དེའང་ངན་སོང་ལས་ཐར་བར་གསུངས་པས་འདི་ཙམ་རེ་མི་ཆག་པར་མཛད་པ་གལ་ཆེ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི། རོ་ཙ་ནི། ཏྲོ་ཊ་ནི། ཏྲོ་ཊ་ནི། ཏྲཱ་ས་ནི། ཏྲཱ་ས་ནི། པྲ་ཏི་ཧ་ན། པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭཱ་ནཱཉྩ་སྭཱཧཱ། ལས་སྒྲིབ་སྦྱོང་བ་དང་སྦྱོང་རྒྱུད་གཉིས་ཀ་ནས་གསུངས་སོ། །ༀ་བཛྲ་ས ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་ས ཏྭ་ཨཱཿ དགེ་སྦྱོར་ཐམས་ཅད་ཀྱི་མཇུག་ཏུ། ༀ་དྷུ་རུ་དྷཱུ་རུ་ཛ་ཡེ་མུ་ཁེ་སྭཱཧཱ། ཞེས་ལན་བདུན་བཟླས་ན་དགེ་སྦྱོར་བྱེ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨོན་ལམ་ཐམས་ཅད་འགྲུབ་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ༀ་དྷ་རེ་དྷ་རེ་བྷན་དྷ་རེ་སྭཱཧཱ། ལན་བདུན་བཟླས་ན་སྨོན་ལམ་གང་བཏབ་འགྲུབ་བོ།།

ཀུན་མཁྱེན་ཕུར་རབས་མཆོད་པ།

ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱིས་མཛད་པའི་ཕུད་རབས་རྒྱས་པ་འདོད་སྩོལ་རེ་སྐོང་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། །དགོས་འདོད་མ་ལུས་འབྱུང་བའི་གནས། །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོའི་ཞབས་བཏུད་དེ། །ཕུད་རབས་མཆོད་པའི་ཆོ་ག་བྲི། །དེ་ལ་དང་པོ་ལེགས་པར་བཤམ་པ་ནི། རིན་པོ་ཆེ་ལ་སོགས་པའི་མཆོད་གཞོང་གཙང་མར་གསང་ཤོས་ཟླ་གམ་རྩེ་ལྔ་པ་མར་ཐུད་ལ་སོགས་པས་བརྒྱན་པའི་མཐར་ཤ་དང་ཁུར་བ་ལ་སོགས་པས་བསྐོར་ཞིང་། གསེར་སྐྱེམས་དང་གཡུ་སྔོན་ལ་སོགས་པའི་མཆོད་རྫས་མང་པོ་དང་། སྤོས་དང་མར་མེ་ལ་སོགས་པའི་མཆོད་པ་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་དང་། མཆོད་འབྲུ་དང་ཕུད་ཕོར་ལ་སོགས་པ་སྟ་གོན་བྱས་ལ་མཆོད་རྫས་ཐམས་ཅད་ལ་རོལ་མོས་བྱིན་དབབ་བོ། །དེ་ནས་བདག་ཉིད་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ཐལ་མོ་སྦྱར་ཞིང་སྐྱབས་སུ་འགྲོ་བ་ནི། རྒྱུ་སྦྱོར་བས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ། སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་བར་བགྱིའོ། །ལན་གསུམ། ན་མོ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ༀ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོ། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། རང་ཉིད་འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ཞབས་སྐྱིལ་ཀྲུང་དུ་བཞུགས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། འོད་ཟེར་མུ་མེད་པ་འཕྲོས་པའི་འོད་ཀྱིས་ཤར་ཕྱོགས་རི་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བདག་ལ་ཐིམ་པས་རང་ཉིད་སྤྱན་རས་གཟིགས་དངོས་སུ་གྱུར། ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རྃ་ལས་མེ་འབར་མཆོད་རྫས་སོ་སོའི་འབག་བཙོག་དང་སེར་སྣ་ལ་སོགས་པའི་མ་དག་པ་ཐམས་ཅད་བསྲེགས། ༀ་སྭ་བྷཱ་བ་བི་ཤུདྡྷེ་བཛྲ་སིདྡྷི་ཧཱུྃ། མཆོད་རྫས་སུ་སྣང་བ་ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་དག་པར་གྱུར། སྟོང་བའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁྃ་ལས་མཆོད་རྫས་ཀྱི་དངོས་པོ་ཡེ་ཤེས་ཀྱི་བདུད་རྩི་དཔག་ཏུ་མེད་པར་གྱུར། ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨ་ལས་བདུད་རྩི་དེ་ཉིད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ༀ་ལས་འདོད་ཡོན་དེ་དག་མགྲོན་སོ་སོས་བཞེས་པའི་ལོངས་སྤྱོད་དུ་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུདྤནྣ་ཏྭ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ་ལས་འོད་འཕྲོས་ལོངས་སྤྱོད་དེ་དག་མགྲོན་སོ་སོའི་སྤྱན་ལམ་དུ་འབབས་པར་གྱུར། ནམཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ཛཿལས་སྤྱན་ལམ་དུ་འབབ་པའི་ལོངས་སྤྱོད་རྣམས་མགྲོན་ཐམས་ཅད་ཀྱིས་ཕམ་རྒྱལ་མེད་པར་ཐོབ་པའི་ནུས་པ་དང་ལྡན་པར་གྱུར། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨཱརྠ་སཱ་དྷ་ནི་སྭཱ་ཧཱ། མཆོད་ཡོན་ཕུན་སུམ་ཚོགས་པ་ཡིད་བཞིན་གྱི་གཏེར་མཁོ་དགུ་འབྱུང་བས་འཕགས་པ་སྤྱན་རས་གཟིགས་དང་། འདོད་ཡོན་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟ་བུས་ས་གཞི་བར་སྣང་ཐམས་ཅད་གང་བར་གྱུར། དེ་ནས་ཡུལ་ཁམས་བྱིན་གྱིས་བརླབ་པ་ནི། ༀ་སྭ་བྷཱ་བས་སྦྱང་། སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྟོང་པའི་ངང་ལས་བྷྲཱུྃ་ཛྙཱ་ན་ཙཀྲ་བྷྲཱུྃ་ལས་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ས་གཞི་ལ། ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་བཀོད་པ་ཚད་མེད་པས་བརྒྱན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཞུགས་གནས་སུ་གྱུར་པ། རྒྱ་ཚད་མེད་བ། ཉེ་འཁོར་མཐའ་ཡས་པ། ཕྱི་ནང་ཀུན་ནས་མགྲོན་སོ་སོའི་གནས་དང་གདན་དང་བཀོད་པ་མཐའ་ཡས་པ་ས་གཞི་དང་བར་སྣང་ཐམས་ཅད་པདྨ་རིན་པོ་ཆེའི་ཁྲི་དང་དར་ཟབ་རྣམས་བརྩེགས་པའི་ཁྲི་དང་། གདུགས་དང་། རྒྱལ་མཚན་དང་། བླ་རེ་དང་། འཕན་ལྡིང་དཔག་ཏུ་མེད་པའི་ཚོགས་དང་། རོལ་མོའི་ཚོགས་མཐའ་ཡས་པ་དང་། འདོད་པའི་ཡོན་ཏན་དཔག་ཏུ་མེད་པའི་སྤྲིན་ཕུང་འཁྲིགས་པས་རབ་ཏུ་བརྒྱན་པར་གྱུར། ༀ། ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར། །ཕུང་པོ་ཐམས་ཅད་སངས་རྒྱས་ཞིང་། །རྣམ་དག་རིན་ཆེན་ས་གཞི་ལ། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །མཐའ་ཡས་བསམ་གྱིས་མི་ཁྱབ་པ། །ཀུན་ཏུ་བཀོད་པ་ཚད་མེད་དེ། །གདན་ཁྲི་རིན་ཆེན་པདྨ་དང་། །དར་ཟབ་ལྷ་ཡི་གོས་ཀྱིས་བརྒྱན། །བླ་རེ་གདུགས་དང་རྒྱལ་མཚན་འཕན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་འཁྲིགས། །ཕྱོགས་ཀྱི་ཉེ་འཁོར་ཐམས་ཅད་ཀྱང་། །དཔག་བསམ་ཤིང་དང་ལྗོན་པའི་ཚལ། །རིན་ཆེན་ཆུ་མཚོ་པདྨས་བརྒྱན། །གསེར་དངུལ་ལ་སོགས་རིན་ཆེན་རི། །འོད་འབར་ལྷ་ཡི་ཁང་བརྩེགས་འབར། །ཀུན་ནས་མཛེས་པའི་བཀོད་པས་བརྒྱན། །ས་དང་བར་སྣང་ཁམས་ཀུན་ཏུ། །ལྷ་དང་མི་ཡི་འདོད་ཡོན་གང་། །སྤོས་དང་རོལ་མོའི་སྤྲིན་ཕུང་འཕྲོ། །གྲངས་མེད་བསམ་གྱིས་མི་ཁྱབ་པ། །སྣ་ཚོགས་ཞིང་གི་ཡོན་ཏན་མཆོག །སེམས་ཀྱི་ཏིང་འཛིན་རོལ་མོ་ཡིས། །མངོན་སྤྲུལ་དག་པའི་གནས་མཆོག་འདིར། །འཕགས་དང་སོ་སོའི་སྐྱེ་བོ་ཡི། །མགྲོན་རྣམས་བཞུགས་པའི་གཞིར་གྱུར་ཅིག །ༀ་རཏྣ་མཎྜལ་ས་མ་ཡེ་ཙཀྲ་བྷྲཱུྃ། དེ་ནས་མགྲོན་སྤྱན་དྲངས་པ་ནི། རང་གི་སྙིང་གའི་འོད་ཟེར་གྱིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀྱི་མགྲོན་རིགས་ཐམས་ཅད་ལ་ཕོག་ནས་གཤེགས་པར་ཞུ་བ་ཕུལ་བས་ཐམས་ཅད་དགྱེས་ནས་འབྱོན་པར་བཀའ་གནང་བར་བསམས་ཏེ། སྤོས་དང་རོལ་མོའི་སྒྲ་དང་བཅས་ནས་སྤྱན་དྲངས་པ་ནི། ན་མོ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་མཆོད་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཧོ། དཀྱིལ་འཁོར་དབང་ཕྱུག་གདོད་མའི་མགོན་པོ་ནས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སྲུང་མ་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །བགེགས་དང་ལན་ཆགས་རིགས་དྲུག་སྙིང་རྗེའི་མགྲོན། །ལྷག་མར་གྱུར་པའི་མགྲོན་རིགས་ཡན་ཆད་ཀུན། །བསོད་ནམས་རིན་ཆེན་གླིང་འདིར་སྤྱན་འདྲེན་གྱིས། །བྱང་ཆུབ་སེམས་བསྐྱེད་སེམས་དང་བཅས་ཏེ་བྱོན། །འཕགས་དགུ་བསྙེན་བཀུར་སེམས་དང་བཅས་ཏེ་བྱོན། །སྐྱེ་དགུ་ཕན་མཛད་སེམས་དང་བཅས་ཏེ་བྱོན། །གཙུག་ལག་སྐྱོང་བའི་སེམས་དང་བཅས་ཏེ་བྱོན། །མདོར་ན་དཀོན་མཆོག་གསུམ་གྱི་བཀའ་དྲིན་གྱིས། །འཁོར་འདས་ཐམས་ཅད་མགྲོན་དུ་སྤྱན་འདྲེན་གྱིས། །ཚོང་པ་རིན་ཆེན་གླིང་དུ་ཕྱིན་པ་ལྟར། །བསོད་ནམས་རིན་ཆེན་གླིང་འདིར་མྱུར་དུ་བྱོན། །ལྷ་རྣམས་འདྲེས་མའི་ཚལ་དུ་འདུ་བ་ལྟར། །ལོངས་སྤྱོད་འདྲེས་མའི་ཚལ་འདིར་མྱུར་དུ་བྱོན། །རིག་འཛིན་དཔག་བསམ་ཀུན་རར་རྒྱུ་བ་ལྟར། །མཆོད་སྦྱིན་དཔག་བསམ་ཀུན་རར་མྱུར་དུ་བྱོན། །ༀ་བཛྲ་ས་མ་ཡ་ཛཿ བཛྲ་ས་མ་ཡ་ཧཱུྃ། བཛྲ་ས་མ་ཡ་བྃ། བཛྲ་ས་མ་ཡ་ཧོཿ ཞེས་པས་སེ་གོལ་དཔུང་པར་བརྡབས་ལ་རོལ་མོའི་སྒྲ་དང་བཅས་པས། མགྲོན་ཐམས་ཅད་ཕྱོགས་ཐམས་ཅད་ནས་ས་གཞི་དང་བར་སྣང་ཁྱབ་པ་བྱོན་པར་བསམས་ནས་བཞུགས་སུ་གསོལ་བ་ནི། པུས་མོ་བཙུགས་ཐལ་མོ་སྦྱར་ཏེ། ཧོཿ ཐམས་ཅད་ཀུན་ནས་བྱོན་ཅིང་གཤེགས་པ་རྣམས། །ཏིང་འཛིན་དངོས་བཤམས་དག་པའི་གནས་མཆོག་འདིར། །སོ་སོའི་མགྲོན་རིགས་དགྱེས་པའི་གདན་ཁྲི་ལ། །མི་འགྱུར་བདེ་ཆེན་ངང་དུ་བཞུགས་ནས་ཀྱང་། །བདག་གི་མཆོད་སྦྱིན་དམ་པ་བཞེས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཛཿཧཱུྃ་བྃ་ཧོཿ བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་སེ་གོལ་དང་བཅས་པས། མགྲོན་ཐམས་ཅད་སྔར་བསྐྱེད་པའི་གཞལ་མེད་ཁང་དུ་གཙོ་འཁོར་སོ་སོའི་གདན་ལ་ཆེ་ཆུང་སྟེང་འོག་ཕྱི་ནང་གི་ཚུལ་གྱིས་ཁྱབ་པར་བསམས་ལ། སྔོན་དུ་མཆོད་བསྟོད་མཉེས་པར་བྱ་བ་ནི། ༀ། བསོད་ནམས་རིན་ཆེན་གླིང་འདིར་གཤེགས་པ་ཡི། །འཁོར་འདས་མགྲོན་རྣམས་སོ་སོའི་སྤྱན་ལམ་དུ། །སྤོས་དང་མེ་ཏོག་མར་མེ་ལ་སོགས་པ། །ཕྱི་ནང་གསང་བ་མཆོག་གི་མཆོད་པ་དང་། །གདུགས་དང་རྒྱལ་མཚན་རོལ་མོའི་སྤྲིན་ཕུང་གིས། །ནམ་མཁའི་མཐའ་ཀླས་གྱུར་པ་བཀང་སྟེ་འབུལ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཏེ། །འགལ་འཁྲུལ་ཉམས་ཆགས་མ་ལུས་དག་གྱུར་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ༀ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱ། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དཔག་མེད་ཡོན་ཏན་རྒྱ་མཚོའི་དབང་ཕྱུག་གཙོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སྣང་སྲིད་སྣོད་བཅུད་མགྲོན་རྣམས་ཐམས་ཅད་ལ། །བྱང་ཆུབ་སེམས་ཀྱི་ངང་དུ་ཕྱག་འཚལ་བསྟོད། །ཅེས་སོ་སོའི་ཕྱག་རྒྱ་དང་། དངོས་སམ་ཡིད་ཀྱིས་ཕྱག་བྱའོ། །དེ་དག་ནི་མགྲོན་སྤྱན་དྲངས་ཤིང་སྤྱིར་མཆོད་པའོ། །དེ་ནས་བྱེ་བྲག་ཏུ་ཕུད་ཀྱིས་མཆོད་པ་དང་པོ་ནི། གསང་བཤོས་ཀྱི་རྩེ་མོ་ལྔ་དབུས་ནས་བཅད་ཁ་བཅད་པ་ཕུད་ཕོར་དུ་རིམ་པར་མཆོད་འབྲུའི་ཕུད་དང་བསྡེབས་པ་བླུགས་ཏེ་གཅིག་ལངས་ནས་བཟུང་ལ། མཚམས་མཚམས་སུ་རོལ་མོའི་སྒྲ་དང་བཅས་པས་གནམ་ཕུད་འཐོར་ཞིང་གདངས་སྙན་པོས་འདི་སྐད་དོ། །ཧོ། ཆོས་སྐུ་མཉམ་པ་ཆེན་པོའི་རང་བཞིན་ལས། ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ། ཐོག་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ལ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། ཀུན་གྱི་སྤྱི་ཕུད་དམ་པར་གྱུར་པ་དང་། བླ་ན་མ་མཆིས་པའི་འཕགས་པ་དཀོན་མཆོག་གསུམ་པོ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་བཀང་སྟེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་ལ་སོགས་པའི་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་པའི་མངའ་ཐང་ཆེན་པོས་དབང་དང་འབྱོར་པ་དང་འདོད་དགུའི་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ཅིང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཆོས་ཐམས་ཅད་ཀྱི་འབྱུང་གནས། དགེ་འདུན་ཐམས་ཅད་ཀྱི་རང་བཞིན། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད། དཔལ་ལྡན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུངས་སུ་བརྒྱུད་པ་ཐམས་ཅད་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། འདོད་ཡོན་རྒྱན་གྱི་རོལ་པ། དགྱེས་ཤིང་སྒྲུབ་པའི་དམ་རྫས། ཕྱི་ནང་གསང་བའི་མཆོད་པ། ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་བཀང་སྟེ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཆེན་པོར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པའི་བསམ་དགུའི་རེ་བ་ཐམས་ཅད་སྒྲུབས་ཤིག །འདོད་དགུའི་དངོས་གྲུབ་ཐམས་ཅད་སྩོལ་ཅིག །འགལ་འཁྲུལ་དང་ཉམས་ཆགས་ཐམས་ཅད་སྐོངས་ཤིག །དགོངས་ཀློང་དང་ཏིང་འཛིན་སྤེལ་ཅིག །ལས་བཞིའི་ཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཧོ། གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཕྱིན་མ་ལ། སྲས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་རྣམས་ལ་གསོལ་ལོ། །མཆོད་དོ། །འབུལ་ལོ། །ཧོ། གནས་མཆོག་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན། སྟོན་པ་དཔལ་རྡོ་རྗེ་སེམས་དཔའ་ལ། འཁོར་རིགས་ལྔའི་སངས་རྒྱས་ཞི་དང་ཁྲོ་བོའི་རོལ་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། མཆོད་དོ། །ཧོ། གནས་མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས་ན། ཆོས་སྐུ་རྡོ་རྗེ་འཆང་ལ། འཁོར་ས་ལ་གནས་པ་དང་། གྲུབ་པ་ཆེན་པོ་དང་། རིག་པ་འཛིན་པ་དང་། མཁའ་ལ་འགྲོ་བ་དང་། ཤུགས་ཀྱིས་འགྲོ་བ་ལ་སོགས་པས་བསྐོར་བ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གནས་མི་མཇེད་འཇིག་རྟེན་གྱི་ཁམས་གླིང་བཞི་བྱེ་བ་ཕྲག་བརྒྱས་བསྐོར་བ་ན། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང་། ཁྱད་པར་དུ་གནས་བྱ་རྒོད་ཕུང་པོའི་རི་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འཁོར་རྣམ་པ་བཞི། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པས་བསྐོར་བ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་སྔ་རབས་འདས་པའི་སངས་རྒྱས་མར་མེ་མཛད། སླད་ཀྱིས་འབྱོན་པའི་སངས་རྒྱས་བྱམས་པ། ད་ལྟར་བཞུགས་པའི་སངས་རྒྱས་མི་འཁྲུགས་པ་དང་། འོད་དཔག་མེད་ལ་སོགས་པ་དང་། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་སྲས་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པའི་འདི་དང་ཕྱི་མའི་རེ་སྨོན་དམ་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་རང་བཞིན། ས་དང་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་དང་། ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པས་རང་གཞན་གྱི་དོན་གཉིས་རྫོགས་པར་མཛད་དུ་གསོལ། ཧོ། གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་དང་། ཁྱད་པར་དུའང་བདེ་གཤེགས་ཞི་བའི་ལྷ་ཚོགས། འབར་བ་ཁྲོ་བོའི་ལྷ་ཚོགས། འདུས་པ་མདོའི་ལྷ་ཚོགས། སྒྱུ་འཕྲུལ་རྒྱན་གྱི་ལྷ་ཚོགས། ཨ་ཏི་སེམས་ཀྱི་ལྷ་ཚོགས། འཆི་མེད་ཚེའི་ལྷ་ཚོགས། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། འཇམ་དཔལ་སྐུ་ཡི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། མ་མོ་རྦོད་གཏོང་གི་ལྷ་ཚོགས། རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་དང་། བཅོམ་ལྡན་འདས་གསང་བ་འདུས་པ། གཤིན་རྗེའི་གཤེད། བདེ་མཆོག་འཁོར་ལོ། དགྱེས་པ་རྡོ་རྗེ། དུས་ཀྱི་འཁོར་ལོ་ལ་སོགས་གསང་སྔགས་ཕྱི་ནང་གི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་དམ་པའི་ཆོས་དཀོན་མཆོག་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་ཚིག་གི་རང་བཞིན་ས་བཅུ་དང་ལམ་ལྔ་འཕགས་པའི་སྤངས་རྟོགས་ཁྱད་པར་ཅན་གསུང་རབ་ཡན་ལག་བཅུ་གཉིས་དང་བཅས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །ཧོ། གཞན་ཡང་དགེ་འདུན་དཀོན་མཆོག་ཐེག་པ་གསུམ་གྱི་ལམ་ལ་ཞུགས་པ། ཀུན་ཤེས་ཀཽ་ཎྜི་ནྱ་ལ་སོགས་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་དང་། གདུང་བ་སེལ་བ་ལ་སོགས་རང་སངས་རྒྱས་ཀྱི་དགེ་འདུན་ཐམས་ཅད་དང་། བཟང་སྐྱོང་དང་དྲྭ་བ་སྦྱིན་ལ་སོགས་པ་བྱང་ཆུབ་སེམས་པའི་དགེ་འདུན་ཐམས་ཅད་དང་། ཁྱད་པར་དུ་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཕྱག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་ལ་སོགས་པ་རིག་སྔགས་ཀྱི་བདག་པོ་ཐམས་ཅད་དང་། འཕགས་མ་སྒྲོལ་མ། འོད་ཟེར་ཅན། རྨ་བྱ་ཆེན་མོ། གཟུངས་ཀྱི་སྙེ་མ། ཀུ་རུ་ཀུལླེ། ནོར་རྒྱུན་མ་ལ་སོགས་པ་གཟུངས་སྔགས་ཀྱི་ལྷ་མོ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པས་གསང་སྔགས་དང་། རིག་སྔགས་ཀྱི་དངོས་གྲུབ་ཐམས་ཅད་ཡོངས་སུ་གྲུབ་པ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལ་སོགས་ཡོན་ཏན་གྱི་འབྱོར་པ་དཔག་ཏུ་མེད་པ་འགྲུབ་པ་དང་། ཚེ་དང་དབང་ཕྱུག་དང་། འཁོར་དང་ཡོ་བྱད་དང་། དབང་དང་གྲགས་པ་དང་། མངའ་ཐང་དང་འབྱོར་བ་ཆེན་པོ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཧོ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ་དཔལ་ལྡན་མ་ཧཱ་ཀཱ་ལ་ལྕམ་དྲལ་དང་བཅས་པ་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། ཕྱག་དྲུག་པ། གྲི་གུག་པ། མཐར་སྐྱེས་པ། ལེགས་ལྡན་ནག་པོ། གུར་མགོན། གདོང་བཞི་པ། སྟག་ཞོན་སེང་གེའི་གདོང་ཅན་ལ་སོགས་པ་དྲེགས་པ་ཕོ་རྒྱུད་ཐམས་ཅད་དང་། ཁྱད་པར་དུ་ཡང་དཔལ་སྔགས་ཀྱི་བདག་མོ་ཨེ་ཀ་ཛཱ་ཊཱི། ཏྲཀྴད་ལྕམ་དྲལ། རེ་མ་ཏི་མཆེད་ལྔ། ཤན་པ་སྲོག་སྒྲུབ་ནག་མོ། གཟའི་དགེ་བསྙེན་རཱ་ཧུ་ལ། གནོད་སྦྱིན་དམར་ནག །དམ་ཅན་རྡོ་རྗེ་ལེགས་པ་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་དང་། གཞན་ཡང་གུ་རུ་བི་མ་ལ་མི་ཏྲ། ཨོ་རྒྱན་པདྨ་ཡབ་ཡུམ། ཉང་ཏིང་འཛིན་བཟང་པོ། རིག་འཛིན་ཀུ་མ་རཱ་ཛ། རྒྱལ་སྲས་དྲི་མེད་འོད་ཟེར། རྒྱལ་དབང་རིན་ཆེན་ཕུན་ཚོགས། རྗེ་བཙུན་སྣ་ཚོགས་རང་གྲོལ་ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དང་བཅས་པ་རྣམས་ཀྱི་བཀའ་དང་འཁོར་ན་གནས་པའི་སྲུང་མ་མཚན་ནས་མ་ཐོན་པ་རྣམས་དང་རྣལ་འབྱོར་པ་བདག་གི་ཕ་མེས་རྒྱུད་ཀྱི་སྲུང་མ། སྒོས་སུ་རྣལ་འབྱོར་པ་བདག་ལ་འགོ་ཞིང་སྡོང་གྲོགས་བྱེད་པའི་སྲུང་མ་མཐུ་བོ་ཆེ་མིང་དང་མཚན་ནས་མ་ཐོན་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པར་ཉིན་གསུམ་གྱི་བྱ་ར་མཛོད་ཅིག །མཚན་གསུམ་གྱི་མེལ་ཚེ་མཛོད་ཅིག །མགོན་སྐྱབས་དང་དཔུང་ཉེན་མཛོད་ཅིག །གཞི་ལ་སྡོད་ན་ལེགས་པ་སྒྲུབས་ཤིག །བྱེས་སུ་འགྲོ་ན་མགོན་སྐྱབས་མཛོད་ཅིག །ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད་ཅིག །མི་ལ་ན་ཚ་མ་བཏང་། རྟ་ཕྱུགས་ལ་གོད་ཁ་མ་བཏང་། ནོར་རྫས་ལ་སྟོར་བརླག་མ་བཏང་། མི་ཁ་གླེང་བརྗོད་མ་བཏང་། རྒྱ་ཁ་མང་གིས་གླེང་དུ་མ་འཇུག །སྟོང་མིག་མང་གིས་ལྟ་རུ་མ་འཇུག །རང་བས་གཞན་པས་བརྙས་སུ་མ་འཇུག ། ལེགས་པ་ཆོས། ཉེས་པ་ཟློག །བསམ་པ་སྒྲུབས། རེ་བ་སྐོང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ། ཧོ། རྒྱ་གར་རྡོ་རྗེ་གདན་གྱི་སྲུང་མ། བལ་ཡུལ་འཕགས་པ་ཤིང་ཀུན་གྱི་སྲུང་མ། ཁ་ཆེ་ཁྲི་སྟན་གྱི་སྲུང་མ། ལི་ཡུལ་ལྕང་ར་སྨུག་པོའི་སྲུང་མ། གྲུ་གུ་མཐར་ལེགས་ཀྱི་སྲུང་མ། དུར་ཁྲོད་བརྒྱད་ཀྱི་སྲུང་མ། ཧ་ལ་ཤན་གྱི་སྲུང་མ་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བྱེ་བྲག་ཏུ་ཡང་བོད་ཁ་བ་ཅན་གྱི་སྲུང་མ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །མོན་ཡུལ་རྡོ་དང་ཀོང་པོའི་སྲུང་མ་གཏེར་བདག་ཡུལ་ལྷ་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཁྱད་པར་དུ་ཡང་ཆོས་འཁོར་མ་བུ་སྟོད་སྨད་ཀྱི་སྲུང་མ། ལྷ་ས་འཕྲུལ་སྣང་གི་སྲུང་མ། རྒྱས་བཏབ་ར་མོ་ཆེའི་སྲུང་མ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྲུང་མ་རྣམས་དང་། ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་། བྲག་དམར་མགྲིན་བཟང་། མཆིམས་ཕུ་སྣ་དམར། སྐ་ཆུ་དཔལ་འབྱུང་གི་པ་གོང་གི་གཙུག་ལག་ཁང་། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་། འུ་ཤང་རྡོ་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་གི་སྲུང་མ་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །གཞན་ཡང་དབུ་རུ་ན་ཀ་ཚལ། གཡོ་རུ་ན་ཁྲ་འབྲུག ། རྒྱང་རོ་རྩིས་ཀྱི་ལྷ་ཁང་། མང་ཡུལ་ན་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་། པྲ་དུན་རྩེའི་ལྷ་ཁང་། སྐྱོ་དུན་རྩེའི་ལྷ་ཁང་། ཀོང་པོ་ན་བུ་ཆུ། བུམ་ཐང་ན་དགེ་གནས། ལྷོ་བྲག་ན་མཁོ་མཐིང་། ཁམས་ན་ཀློང་ཐང་བྱང་ཆུབ་སྒྲོལ་མའི་གཙུག་ལག་ཁང་། སྐ་ཆུ་ན་གསེར་གྱི་གཙུག་ལག་ཁང་། བྱང་ན་རའི་གཙུག་ལག་ཁང་། ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་ལ་སོགས་པ་མཐའ་འདུལ་དང་། ཡང་འདུལ་དང་། མཐའ་ཡང་འདུལ་གྱི་གཙུག་ལག་ཁང་ཉི་ཁྲི་ཆིག་སྟོང་གི་སྲུང་མ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་ལྷ་ས་ཡེར་བའི་གཙུག་ལག་ཁང་། བསམ་ཡས་མཆིམས་ཕུའི་གཙུག་ལག་ཁང་། དཔལ་ཆུ་བོ་རིའི་གཙུག་ལག་ཁང་། དབེན་གནས་ལྷ་རིང་བྲག་གི་སྲུང་མ། ལྷོ་བྲག་མཁར་ཆུའི་སྲུང་མ། ཁམ་ཕུག་རྫོང་གི་སྲུང་མ། སྦས་ཡུལ་བཞི་དང་འབྲོས་ཡུལ་བཞི་ལ་སོགས་དབེན་གནས་གཉན་པོ་ཉི་ཁྲི་ཆིག་སྟོང་གི་སྲུང་མ་འཁོར་དང་བཅས་པ་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ལེགས་པ་ཆོས། ཉེས་པ་ཟློག །བསམ་པ་སྒྲུབས། རེ་བ་སྐོངས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་གཙང་རིས་ལྷའི་དགེ་བསྙེན་ཆེན་པོ། ཚངས་པ་དང་བརྒྱ་བྱིན་ལ་སོགས་ཏེ་ལྷ་ཆེན་པོ་བརྒྱད། དགའ་བོ་དང་འཇོག་པོ་ལ་སོགས་པ་ཀླུ་ཆེན་པོ་བརྒྱད། འཇིགས་བྱེད་ཆེན་པོ་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་སའི་ལྷ་མོ་བསྟན་མ་ལ་སོགས་ཏེ་སྟོང་གསུམ་ཡུལ་གྱི་གཞི་བདག་ཆེན་པོ་ཐམས་ཅད་དང་། ཁྱད་པར་དུ་བོད་ཁ་བ་ཅན་གྱི་གནས་བདག་ཆེན་པོ། གནོད་སྦྱིན་ཆེན་པོ་རྡོ་རྗེ་ཐང་ལྷ། རྡོ་རྗེ་ཤམྦྷོ། རྡོ་རྗེ་གངས་བཟང་། རྡོ་རྗེ་མཁའ་རི། རྨ་རྒྱལ་སྤོམ་ར་ལ་སོགས་ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་བོད་ཁམས་སྐྱོང་བའི་བསྟན་མ་ཆེན་མོ་རྡོ་རྗེ་ཀུན་ཏུ་བཟང་མོ་ལ་སོགས་པ་གནོད་སྦྱིན་མ་ཆེན་མོ་བཞི། རྡོ་རྗེ་ཁྱུང་བཙུན་མ་ལ་སོགས་ཏེ་བདུད་མོ་ཆེན་མོ་བཞི། རྡོ་རྗེ་བོད་ཁམས་སྐྱོང་མ་ལ་སོགས་ཏེ་སྨན་བཙུན་མ་ཆེན་མོ་བཞི་འཁོར་ཞིང་གི་རྔུལ་སྙེད་དང་བཅས་པ་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བཀའ་དང་བསྟན་པ་སྲུངས་ཤིག །འཁོར་དང་འབྱོར་བ་སྤེལ་ཅིག །འདོད་དོན་དང་དངོས་གྲུབ་སྩོལ་ཅིག །ལེགས་པ་ཆོས། ཉེས་པ་ཟློག །བསམ་པ་སྒྲུབས། རེ་བ་སྐོངས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ། ཧོ། གཞན་ཡང་ཡུལ་ཕྱོགས་འདི་ཉིད་ལ་གནས་པའི་གཞི་བདག་ལྷ་མཐུ་བོ་ཆེ། ཀླུ་མཐུ་བོ་ཆེ། བཙན་མཐུ་བོ་ཆེ། རྒྱལ་པོ་མཐུ་བོ་ཆེ་ལ་སོགས་པ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་དང་། ཁང་གཞི་ཁང་སྐོར་འདི་ཉིད་ལ་གནས་པའི་གཞི་བདག་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སྡོད་ན་ལེགས་པར་སྐྱོངས་ཤིག ། རུ་ུང་དང་ཕྲག་དོག་མ་མཛད་ཅིག །འགྲོ་ན་འཁྲེན་གཟེར་མ་བྱེད་ཅིག །གནས་མགྲོན་གྱི་དམ་ཚིག་གཉན་པོ་སྲུངས་ཤིག ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་ལྷ་དང་མིའི་དྲང་སྲོང་ཆེན་པོ་རྣམས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ཆེན་པོ་གསེར་མིག་ཅན་ལ་སོགས་པ་ནམ་མཁའ་ལྡིང་འཁོར་དང་བཅས་པ་རྣམས་དང་། དྲི་ཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་ལ་སོགས་པ་མིའམ་ཅི་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ལྷ་དང་། ཀླུ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བཀའ་དང་བསྟན་པ་སྲུངས་ཤིག འཁོར་དང་གང་ཟག་སྐྱོངས་ཤིག བསམ་པ་སྒྲུབས། རེ་བ་སྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་ནོར་གྱི་དབང་ཕྱུག་ཛམྦྷ་ལ་དང་། པི་ཙི་ཀུནྜ་ལཱི་དང་། ཚོགས་ཀྱི་བདག་པོ་དང་། རྣམ་ཐོས་ཀྱི་བུ་དང་། འཕྲོག་མ འི་བུ་ལྔ་བརྒྱ་ལ་སོགས་པ་ནོར་ལྷ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཟད་མི་ཤེས་པས་བདག་ཅག་གི་ནོར་དང་། འབྲུ་དང་། གོས་དང་། བཞོན་པ་དང་། གནས་དང་ཡོ་བྱེད་ཀྱི་མངའ་ཐང་ཆེན་པོ་རྒྱས་པར་མཛོད་ཅིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་ཚངས་པ་གདོང་བཞི་ལ་སོགས་པ་གཟུགས་ཁམས་འོད་གསལ་གྱི་རིགས་རྣམས་དང་། གཟུགས་མེད་སྐྱེ་མཆེད་མུ་བཞི། འདོད་ཁམས་ལྷའི་རིགས་ཀྱི་གཙོ་བོ་ཆེན་པོ། དབང་ཕྱུག་ཆེན་པོ། མ་ཧཱ་དེ་བ། ཨུ་མ་དེ་བཱི། ཁྱབ་འཇུག་ཆེན་པོ། གཞོན་ནུ་ཀརྟཱི་ཀ། ཙནྜ་ལི་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་དང་། ཤར་ཕྱོགས་སྐྱོང་བའི་རྒྱལ་པོ་ཡུལ་འཁོར་སྲུང་དྲི་ཟའི་ཚོགས་ཀྱིས་བསྐོར་བ། ལྷོ་ཕྱོགས་སྐྱོང་བའི་རྒྱལ་པོ་འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ། ནུབ་ཕྱོགས་སྐྱོང་བའི་རྒྱལ་པོ་སྤྱན་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་བ། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་གནོད་སྦྱིན་ཚོགས་ཀྱིས་བསྐོར་བ་འཁོར་དང་བཅས་པ་ཐམས་ཅད་དང་། བར་སྣང་གི་ལྷའི་རིགས་སུ་གྱུར་པ་ཐམས་ཅད་དང་། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། ནམ་མཁའི་ལྷ་དང་། རིའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། སྐྱེད་མོས་ཚལ་གྱི་ལྷ་དང་། ཡུལ་འཁོར་གྱི་ལྷ་དང་། གྲོང་ཁྱེར་གྱི་ལྷ་དང་། རྒྱལ་པོའི་ཕོ་བྲང་གི་ལྷ་དང་། གཙུག་ལག་ཁང་གི་ལྷ་དང་། དུས་ཚིགས་ཀྱི་ལྷ་དང་། ཞིང་གི་ལྷ་དང་། སྤུ་བུ། མི་ལ་འགོ་བའི་ལྷ་ལྔ་ལ་སོགས་པ་མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་པ་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། སོ་སོར་དགྱེས་པའི་ཞལ་ཟས། འདོད་ཡོན་ལྔའི་སྤྲིན་ཕུང་གིས་གཏིབས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ལེགས་པ་བརྒྱ་དང་སྤྲོད་ཅིག །ཉེས་པ་སྟོང་རྣམས་བསུབས་ཤིག །མགོན་སྐྱབས་དང་དཔུང་གཉེན་མཛོད་ཅིག །མདུན་གྱི་མཁར་བ་གྱིས་ཤིག །རྒྱབ་ཀྱི་སློག་པ་གྱིས་ཤིག །ཉིན་གསུམ་གྱི་བྱ་ར་གྱིས་ཤིག །མཚན་གསུམ་གྱི་མེལ་ཚེ་མཛོད་ཅིག ། དགྲ་བྱུང་ན་བྱ་ཐོངས་ཤིག །དུག་བྱུང་ན་སྨན་ཐོངས་ཤིག །ལེགས་པ་ཆོས། ཉེས་པ་ཟློག ། མི་མཉམ་དང་མཉམ་དུ་ཆུགས་ཤིག །མཉམ་ཉིད་གང་གི་རྒྱལ་ཁ་ཐོན་ཤིག །སྙན་པ་སྒྲུབས་ལ་གྲགས་པ་སྒྲོགས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་རིས། དབང་ཆེན་གསེར་གྱི་ས་གཞི་ལ་གནས་པ་དཀར་ཕྲེང་གི་ལྷ་མ་ཡིན་དཔག་ཏུ་མེད་པ་རི་རབ་ཀྱི་ཆུ་མཚམས་ན་ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་ཅན་འཛིན་འཁོར་དང་བཅས་པ་མཐུ་དཔལ་ལྷའི་རིགས། གདུག་པ་ཀླུའི་རིགས། ནག་པོ་བདུད་ཀྱི་རིགས། འབྱོར་པ་གནོད་སྦྱིན་གྱི་རིགས། གདུག་རྩུབ་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་སོ་སོར་དགྱེས་པའི་འདོད་ཡོན་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་དགྱེས་པ་ཆེན་པོས་དགོངས་ཏེ། བདག་ཅག་འཁོར་དང་བཅས་པའི་མི་ལ་ན་ཚ་མ་བཏང་། རྟ་ཕྱུགས་ལ་གོད་ཁ་མ་བཏང་། དེས་ལེན་དང་དེས་ཉེས་མ་བཏང་། ནོར་རྫས་ལ་སྟོར་བརླག་མ་བཏང་། མི་མང་སར་སྨ་མ་དབབ། བྱ་མང་སར་སྤུ་མ་འཐོགས། བརྒྱ་ཁ་མང་གིས་གླེང་དུ་མ་འཇུག །སྟོང་མིག་མང་གིས་བལྟ་རུ་མ་འཇུག །རང་བས་གཞན་པས་བརྙས་སུ་མ་འཇུག །ཁ་རྗེ་དང་དབང་ཐང་མ་ཟློག །བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་གླིང་བཞི་མིའི་འགྲོ་བ། སྔོན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྤྱི་བོ་སྐྱེས་སམ་ང་ལས་ནུ། དགེ་བ། རབ་མཛེས། གསོ་སྦྱོང་འཕགས་ལ་སོགས་རྒྱལ་རིགས་དྲ་མ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་དང་། འཕགས་སྐྱེས། བཟང་པོ། གྲགས་པ་ལ་སོགས་རྗེའུ་རིགས་འཁོར་དང་བཅས་པ་ཐམས་ཅད་དང་། སྐར་མཁན། ལགས་ཟང་། རྒྱུན་ཤེས་ལ་སོགས་བྲམ་ཟེའི་རིགས་སུ་གྱུར་བ་ཐམས་ཅད་དང་། སིང་གེ་ལ་སོགས་དམངས་རིགས་འཁོར་དང་བཅས་པ་ཐམས་ཅད་དང་། མགོན་མེད་ཟས་སྤྱིན་པ་སོགས་ཁྱིམ་བདག་གི་རིགས་སུ་གྱུར་པ་ཐམས་ཅད་དང་། ཚོང་དཔོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། དམག་དཔོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། མདུན་ན་འདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། ཕོ་ཉ་བྲན་དང་མངགས་གཞུག་པའི་རིགས་སུ་གྱུར་པ་ཐམས་ཅད་དང་། སྐྱེ་བོ་ཕལ་པ་ཞོ་ཤས་འཚོ་བ་དབུལ་ཕོངས་ཀྱི་རིགས་ཡན་ཆད་མིའུ་རིགས་བཞིའི་གནས་རིགས་སུ་གཏོགས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ། སོ་སོར་དགྱེས་པའི་ལོངས་སྤྱོད་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོར་དགྱེས་པའི་མངའ་ཐང་དང་བཅས་པ་འདི་བཞེས་ལ། བདག་ཅག་ལེགས་པའི་དབུ་རྨོག་སྐྱེད་ཅིག །མངའ་ཐང་དང་འབྱོར་པ་རྒྱས་པར་མཛོད་ཅིག །ཆབ་སྲིད་བརྟན་ཞིང་འཇམ་པ་སྐྱེད་ཅིག །གནས་དང་འཁོར་དང་འབྱོར་པ་སྤེལ་ཅིག །བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། མར་མགྲོན། གཞན་ཡང་ས་འོག་ས་སྟེང་ས་བླའི་གནས་ན་རང་རང་ལས་ཀྱིས་སོ་སོར་སྣང་བ་ཀླུའི་རྒྱལ་པོ་དགའ་བོ་དང་། འཇོག་པོ་དང་། མཐའ་ཡས་དང་། རིགས་ལྡན་དང་། པདྨ་དང་། པདྨ་ཆེན་པོ་དང་། མ་དྲོས་དང་། གཟི་ལྡན་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དུད་འགྲོའི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་གྱི་མཆོད་པ། སོ་སོར་དགྱེས་པའི་ལོངས་སྤྱོད་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོའི་སྡུག་བསྔལ་དང་བྲལ་ནས། ལེགས་པའི་མཆོག་ཡང་དག་ཕུལ་དུ་གྱུར་ནས་ཐར་པ་དམ་པའི་ཆོས་ལ་སྤྱོད་པར་ཤོག་ཅིག །དེ་ལྟར་བསྔོས་པའི་དགེ་བའི་རྩ་བ་ངོ་མཚར་རྨད་དུ་བྱུང་བས། བདག་ཅག་འཁོར་དང་བཅས་པའི་ནད་དང་གནོད་པ་ཐམས་ཅད་ཞི་ཞིང་ཚེ་དང་འབྱོར་པ་ཐམས་ཅད་རྒྱས་ཏེ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མ་གཟི་བརྗིད་ཆེན་མོས་གཙོ་བྱས་ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། སྒོས་ཁུར་གྱི་སྒྲིབ་པ་ཅན་དང་། མེ་ལྕེའི་འཁོར་ལོ་ཅན་དང་། ཁ་ནས་མེ་འབར་ཞིང་སྣ་ནས་དུ་བ་འཐུལ་བ། ཁ་ཁབ་མིག་ཙམ་པ། ལྟོ་བ་རི་རབ་ཙམ་པ། རྐང་ལག་འཇག་མ་ཙམ་པ། སྐྲ་གཡེང་ཞིང་གཟུགས་མི་སྡུག་པ་སྣ་ཚོགས་སུ་སྣང་བ་ཐམས་ཅད་དང་། མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་རྒྱལ་པོ་དང་། འགོང་པོ་དང་། བཙན་དང་། དམུ་དང་། བསེན་མོ་དང་། དམ་སྲི་དང་། སྨྱོ་བྱེད་དང་། སྲུལ་པོ་དང་། རྗེད་བྱེད་དང་། ཤ་ཟ་དང་། ས་གདོན་ལ་སོགས་པ་ཡི་དྭགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། སོ་སོར་དགྱེས་པའི་འདོད་ཡོན་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བཀྲེས་སྐོམ་གྱི་སྡུག་བསྔལ་དང་བྲལ་ནས་ནམ་མཁའ་མཛོད་ལ་དབང་ཐོབ་ནས་ཐམས་ཅད་ཀྱང་དགའ་དངོས་སྤྱོད་ཅིང་ཐར་པ་དམ་པའི་ཆོས་དང་ལྡན་པར་གྱུར་ཅིག །ཧོ། གཞན་ཡང་དམྱལ་ཁམས་ལས་ཀྱི་དབང་ཕྱུག་ཆེན་པོ། གཤིན་རྗེའི་རྒྱལ་པོ་ཨ་ཝ་གླང་མགོ་དང་། རཀྴ་ཕག་མགོ་དང་། འཁོར་ན་གནས་པ་གསོད་བྱེད་ལས་ཀྱི་གཤིན་རྗེ་སྐྱེ་འགྲོ་ཡོངས་ཀྱི་སྲོག་དབུགས་ལེན་ཅིང་། བར་དོར་ལས་ཀྱི་མེ་ལོང་སྟོན་པ་རྣམས་དང་། མཚོན་ཆ་སྣ་ཚོགས་འཇིགས་པ ས་གཤོག་པ་དང་། གཏུབ་པ་དང་། འཚོད་པ་དང་། པགས་པ་བཤུ་བ་དང་། ཕུར་བུས་བརྒྱངས་པ་དང་། ལྕེ་ལ་ཞིང་རྨོ་བ་ལ་སོགས་སྡུག་བསྔལ་དུ་མ་སྟོན་པ་རྣམས་དང་། ཚ་བ་དང་རབ་ཏུ་ཚ་བ་ལ་སོགས་ཚ་དམྱལ་བརྒྱད། པདྨ་དང་ཨུཏྤལ་ལྟར་གས་པ་ལ་སོགས་གྲང་དམྱལ་བརྒྱད། ཉི་ཚེ་ཉེ་འཁོར་བ་ལ་སོགས་དམྱལ་བའི་རིགས་སུ་གྱུར་པ་ལས་ཀྱི་མུན་པ་ཆེན་པོས་གདུང་བ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། བདུད་རྩི་སྨན་གྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཚ་གྲང་ལ་སོགས་པ་སོ་སོའི་སྡུག་བསྔལ་ཅི་ཡོད་པ་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་ཏེ། ཐར་པ་དམ་པའི་ཆོས་ལ་སྤྱོད་པས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་སྟེ་མཐར་ཐུག་བླ་ན་མེད་བར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །དེ་ལྟར་མཐོ་སྲིད་པའི་རྩེ་མོ་ནས་དམའ་ན་རག་དམྱལ་བའི་གཏིང་རུམ་ཡན་ཆད་ལ་ཐུག་གི་བར་གྱི་སེམས་ཅན། ཁམས་གསུམ་རིགས་དྲུག །རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འདི་བསྔོས་པའི་མཐུས། བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཅི་ཡོད་པ་དང་བྲལ་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་ཏེ། ཐར་པ་དམ་པའི་ཆོས་ལ་སྤྱོད་པས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་སྟེ། མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པར་གྱུར་ཅིག །ཁྱད་པར་དུ་ཚེ་འདི་ཉིད་ལའང་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་། ཚེ་བསོད་དཔལ་དང་འབྱོར་པ་ཐམས་ཅད་རྒྱས་ཏེ། རེ་སྨོན་དམ་པའི་གཞིར་གྱུར་པ་ཐམས་ཅད་ཡིད་བཞིན་དུ་འ གྲུབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག །ཧོ། གཞན་ཡང་གཤིན་དུ་གྱུར་པའི་གྲལ་ན་བཞུགས་པ། རྒྱལ་པོ་སྔ་རབས་འདས་པ། བཙུན་མོ་སྔ་རབས་འདས་པ། པཎྜི་ཏ་སྔ་རབས་འདས་པ། ལོ་ཙཱ་བ་སྔ་རབས་འདས་པ། ཞང་བློན་སྔ་རབས་འདས་པ། སྨན་པ་སྔ་རབས་འདས་པ། བཟོ་བོ་སྔ་རབས་འདས་པ། དམག་དཔོན་སྔ་རབས་འདས་པ། ཡུལ་དཔོན་སྔ་རབས་འདས་པ། སྐྱེ་བོ་སྔ་རབས་འདས་པ། བྱིས་པ་སྔ་རབས་འདས་པ། ཕོ་བཙུན་སྔ་རབས་འདས་པ། མོ་བཙུན་སྔ་རབས་འདས་པ། ཕོ་བཙུན་གཡས་གྲལ་ན་གཞུགས་པ། མོ་བཙུན་གཡོན་གྲལ་ན་བཞུགས་པ། བྱིས་པ་མཐའ་གྲལ་ན་བཞུགས་པ། དབུ་དུང་ལས་དཀར་བ། སྤྱན་མཐིང་ལས་སྔོ་བ། ལྗགས་ཟངས་ལས་དམར་བ། ཕ་ཡི་རིང་ནས་ཤ་མ་མྱོང་ཟེར་ནས་རྫ་རི་སྨུག་པོ་མཐོང་ན་གྲི་བརྡར་བ། མའི་རིང་ནས་ཆང་མ་མྱོང་ཟེར་ནས་གཙང་ཆབ་སྔོན་མོ་མཐོང་ན་སྐྱོགས་ཀྱིས་གདེངས་པ། རང་གི་རིང་ནས་མར་མ་མྱོང་ཟེར་ནས་གངས་རི་དཀར་པོ་མཐོང་ན་སྦར་གྱིས་འདེབས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོར་གང་ལ་གང་འདོད་ཀྱི་དགྱེས་པའི་བཟའ་བཏུང་དང་ལོངས་སྤྱོད་དུ་དམིགས་ཏེ་འབུལ་བ་འདི་བཞེས་ནས། གཤིན་མིག་གསོན་ལ་མ་བལྟ་ཞིག །གཤིན་གྱི་བརྩེ་གདུང་གསོན་ལ་གནོད་པའི་འདྲེར་ཆེ་བས་རང་སར་བཞུགས་ལ་དུར་གཤིན་རྒྱལ་པའི་ལས་མཛོད་ཅིག །ཁྱེད་གཤིན་ལེགས་ན་གསོན་དར་བའི་དཔལ་དུ་ཆེ་བས་བཀྲ་ཤིས་དར་རྒྱས་སུ་མཛོད་ཅིག །གཤིན་གྲལ་ན་མང་བ་ཡིན་ནོ། །གསོན་གྲལ་ན་ཉུང་བ་ཡིན་ནོ། །ན་རྒབ་དང་ཤི་རྒ བ་ཐམས་ཅད་ཆོད་ལ། ཡུན་གྱི་སྲིང་། དགེ་བའི་ཕུལ་དུ་གྱུར་ནས་བྱང་ཆུབ་ཀྱི་ལམ་དུ་ཞུགས་ཏེ་རྟག་ཏུ་དམ་པའི་ཆོས་ལ་སྤྱོད་ཅིག །བདག་ཅག་མི་རབས་འཁོར་དང་བཅས་པའི་ཆག་ཆེ་བ་དང་། ཉ མ་ང་བ་ཐམས་ཅད་བཟློག་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་བགེགས་ཀྱི་རིགས་སུ་གྱུར་པ་བི་ནཱ་ཡ་ཀ་འཁོར་དང་བཅས་པ་ཐམས་ཅད་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། མཁའ་འགྲོའི་གདོན་དང་། ཤ་ཟའི་གདོན་ལ་སོགས་པ་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་བཞེད་དགུའི་ལོངས་སྤྱོད་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །གནོད་སེམས་ཐམས་ཅད་ཞི་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་ཀྱི་ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ལ་སོགས་པའི་གནོད་པ་དང་འཚེ་བ་ཐམས་ཅད་ཞི་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་ས་འོག །ས་སྟེང་། ས་བླ། སྲིད་པ་བར་མ་དོ། ཁམས་གསུམ་རྒྱུད་དྲུག་ཏུ་སོ་སོར་འཁོར་བའི་དུས་ན་ཕན་ཚུན་དུ་འབྲེལ་བས། མཐོ་བ་མཁར་གྱི་ལན་ཆགས་པ། དམའ་བ་ས་ཞིང་གི་ལན་ཆགས་པ། བཟའ་བ་ཟས་ཀྱི་ལན་ཆགས་པ། བཏུང་བ་སྐོམ་གྱི་ལན་ཆགས་པ། བགོ་བ་གོས་ཀྱི་ལན་ཆགས་པ། འདོད་ཡོན་ནོར་གྱི་ལན་ཆགས་པ། བུ་ལོན་འབྲེལ་གྱི་ལན་ཆགས་པ། བརྟན་པ་གནས་ཀྱི་ལན་ཆགས་པ། གཞོན་པ་རྐང་འགྲོས་ཀྱི་ལན་ཆགས་པ། ཕ་དང་མའི་ལན་ཆགས་པ། བུ་ཚ་ཚ་བྱུག་གི་ལན་ཆགས་པ། གཉེན་གྲོགས་སྲིད་སྡེའི་ལན་ཆགས་པ། མཐོ་བས་བསྐྱབས་པའི་ལན་ཆགས་པ། བར་བས་མཛའ་བའི་ལན་ཆགས་པ། འོག་མས་བཀུར་བའི་ལན་ཆགས་པ། བྲན་དུ་བསྐུལ་བའི་ལན་ཆགས་པ། ཞོ་བཞོས་པའི་ལན་ཆགས་པ། ཁ ལ་བཀལ་པའི་ལན་ཆགས་པ། རྨོ་རྨོས་པའི་ལན་ཆགས་པ། བེད་དུ་སྤྱད་པ་ལ་སོགས་པ་བུ་ལོན་དང་ལན་ཆགས་སུ་གྱུར་པའི་རིགས་རེ་ལྟོས་བྱེད་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་སོ་སོར་གང་ལ་གང་འདོད་ཀྱི་འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཐུགས་ཚངས་པ་ཆེན་པོ་བཞེས་ནས། བུ་ལོན་དང་ལན་ཆགས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་དག་སྟེ། སླན་ཆད་ཀྱི་བུ་ལོན་དང་ལན་ཆགས་མེད་པར་ཚོགས་གཉིས་རྫོགས་ཏེ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་ཐབ་ལྷ་ཡུ་མོ། སྒྱེད་ལྷ་སྤུན་གསུམ། བང་ལྷ་གྲུ་བཞི་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །དབྱར་ཞོ་མལ་དུ་ཞོ་མ་བཅད། དགུན་ཆང་མལ་དུ་ཆང་མ་བཅད། སྟོན་འབྲུ་མལ་དུ་འབྲུ་མ་བཅད། དཔྱིད་ཇ་མལ་དུ་ཇ་མ་བཅད། དུ་བ་འཐུལ་མ་བཅད། སླང་ཚག་མ་བཅད། རང་འཐག་འུར་མ་བཅད། བས་ལྟིར་རྡིག་མ་བཅད། ཇ་ཆང་རྒྱུན་མ་བཅད། སྐྱིད་མོ་མ་མཚོས་སྐྱིད་དུ་ཆུག །གང་མོ་མཚོས་གང་དུ་ཆུག །དཔལ་མོ་མ་མཚོས་དཔལ་སྐྱེད་ཅིག །ཟངས་དཀར་འོ་མས་གང་བ་བཞིན་དུ་ཇེ་མཐོ་ཇེ་མཐོ་ལ་ཐོངས་ཤིག །གངས་དཀར་ལ་ཁ་བ་བབས་པ་བཞིན་དུ་ཇེ་དཀར་དང་ཇེ་མཐོ་ལ་ཐོངས་ཤིག །ཧོ། གཞན་ཡང་ཕྱུགས་ལྷ་ནོར་གྱི་བདག་པོ་རྟ་བདག་ཀུ་བེ་ར་ལ་སོགས་པ་ཕྱུགས་བདག་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཅང་ཤེས་རྟ་ཡི་འབྱོར་པ་སྤེལ་ཅིག །འབྲི་མཛོ་ལུག་ཁྱུའི་རུ་སྡེ་སྐྱོངས་ཤིག །བ་ར་བོང་གསུམ་རྒྱས་པར་མཛོད་ཅིག །རྐང་འགྲོས་ནོར་གྱི་འབྱོར་པ་སྤེལ་ཅིག །ཧོ། གཞན་ཡང་ཞིང་ལྷ་འབྲུ་ཡི་གཏེར་བདག་ཆེན་པོ། ས་ཡི་ལྷ་མོ་བརྟན་མ་འཁོར་དང་བཅས་པ་དང་། བདག་ཅག་གི་ཞིང་ལྷ་བབས་གདན་ན་གནས་པ། སྲུང་མ་མུ་ན་གནས་པ། རྒྱས་བར་སྣང་ན་གནས་པ། རྟེན་ཤིང་ནིའུ་དཀར་གོང་ན་གནས་པ། ཀླུ་མོ་བྱང་ཆུབ་ལྕམ་དྲལ་ལ་སོགས་པ་ཞིང་ལྷ་འཁོར་དང་བཅས་པ་རྣམས་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །རྟག་ཏུ་ལེགས་པའི་ལོ་ཏོག་སྤེལ་ཅིག །བང་མཛོད་ཐམས་ཅད་འབྲུས་ཁེངས་ཤིག །དུས་བཞི་དཔལ་དང་འབྱོར་པ་སྐྱེད་ལ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་གནས་ཡུལ་གྱི་སྒོ་སྲུང་བའི་སྒོ་མ་ཆེན་མོ་ལྕགས་ཀྱུ་མ། ཞགས་པ་མ། ལྕགས་སྒྲོག་མ། དྲིལ་བུ་མ། ཡབ་ཡུམ་འཁོར་དང་བཅས་པ་རྣམས་དང་། སྒོ་བ་སྟག་གཡག་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ནང་མི་སྨུག་པོ་ཕྱིར་མ་བཏང་། ཕྱི་མི་སྐྱ་བོ་ནང་དུ་མ་བཏང་། ཕུག་ནས་རོ་མ་བཏང་། མདོ་ནས་དགྲ་མ་བཏང་། ནང་གི་སྙིང་རོགས་མ་ཕྱིར་མ་བཏང་། ཕྱིའི་གྱོད་འདྲེ་ཅན་ནང་དུ་མ་བཏང་། དགྲ་རྐུན་གནོད་འཚེ་ཐམས་ཅད་སྲུངས་ལ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་མཆོད་སྦྱིན་དམ་པའི་མགྲོན་དུ་གྱུར་པ་མིང་དང་མཚན་ནས་མ་ཐོན་པ་དང་། གློ་བུར་དུ་ལྷགས་པའི་མགྲོན་གྱི་རིགས་སུ་གྱུར་པ་རྣམས་དང་། ཁྱད་པར་དུའང་བདག་ཅག་གི་བླ་མ་དམ་པ་རྣམས་ཀྱི་སྲུང་མ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་དང་། རྣལ་འབྱོར་པ་བདག་ཅག་ལ་སྒོས་སུ་འགོ་བ་སྟོང་གྲོགས་བྱེད་པའི་ཕོ་ལྷ། དགྲ་ལྷ། ཁང་ལྷ། སྲོག་ལྷ། ཡུལ་ལྷ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པའི་མི་ལ་ན་ཚ་མ་བཏང་། ཕྱུགས་ལ་གོད་ཁ་མ་བཏང་། ནོར་རྫས་ལ་སྟོར་བརླག་མ་བཏང་། ཁ་སྨྲས་དང་གླེང་བརྗོད་མ་བཏང་། གཞི་བྱེས་ཀུན་ཏུ་མགོན་སྐྱབས་དང་དཔུང་གཉེན་མཛོད་ལ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ། གཞན་ཡང་ལྷག་མའི་མགྲོན་དུ་གཏོགས་པ། ཁས་ཞན་པ། དབང་ཆུང་བ། གཟུགས་ངན་པ། གཟི་བརྗིད་ཆུང་བ་ལ་སོགས་པ་དང་། འོན་པ། ཞ་བོ། གྲུམ་པོ་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་ནས་དམ་པའི་ཆོས་ལ་སྤྱོད་ཅིང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །དེ་ནས་བདེན་པའི་སྟོབས་བརྗོད་པ་ནི། ན་མོ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང་། གསང་སྔགས་དང་རིག་སྔགས་དང་ཕྱག་རྒྱ་ཕུན་སུམ་ཚོགས་པའི་མཐུ་དང་། བདག་གི་མོས་པ་དང་། ཏིང་འཛིན་དང་སྨོན་ལམ་གྱི་དབང་གིས་མཆོད་སྦྱིན་དམ་པ་འདིས་མགྲོན་སོ་སོའི་མངའ་རིས་དང་སྤྱན་ལམ་དུ་གནས་དང་། གོས་དང་། རྒྱན་དང་། བཟའ་བཏུང་ལ་སོགས་པ་འདོད་པའི་ཡོན་ཏན་ལྔས་བརྒྱན་པ། སོ་སོར་གང་ལ་ཅི་དགའ་བའི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་འཚམས་ཤིང་ཚིམ་པར་བྱེད་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། དཔག་བསམ་གྱི་ཤིང་ལ་སོགས་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ཆེན་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའི་མཐའ་ཀླས་པར་ཕྱི་མའི་མུར་ཐུག་པའི་བསྐལ་པ་དང་སྤྱོད་པ་གྲངས་མེད་པ་འཁོར་བའི་མཐས་གཏུགས་ཀྱི་བར་དུ་འབྱུང་ཞིང་གནས་པར་གྱུར་ཅིག །མགྲོན་རིགས་སོ་སོའི་སྤྱན་ལམ་དུ། །མཆོད་སྦྱིན་དམ་པ་འདི་བསྔོས་པས། །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག །བུ་ལོན་ལན་ཆགས་འཁོར་གྱུར་ཅིག །ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཁོར་འདས་མགྲོན་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་ཆོས་ཀྱི་སྦྱིན་པ་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག ། སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །དེ་ལྟར་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚོགས་རྣམ་གཉིས་རྫོགས། སྒྲིབ་པ་རྣམ་གཉིས་བྱང་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་ནི། གང་ཡང་བདག་ཅག་སྙིགས་མའི་དུས་ཀྱི་ལས་ངན་པའི་སེམས་ཅན་དུ་གྱུར་པ་ལགས་པས་གཞུང་བཞིན་དུ་ཡོ་བྱད་མ་འབྱོར་པ་དང་། ཏིང་ངེ་འཛིན་མ་གསལ་བས་ཆོ་ག་མ་དག་ཅིང་འགལ་འཁྲུལ་ནོར་བའི་ཆར་གྱུར་པ་ཐམས་ཅད་མགྲོན་རིགས་ཁྱད་པར་ཅན་ཁྱེད་རྣམས་ཀྱིས་བཟོད་པ་དམ་པ་བཞེས་སུ་གསོལ། གཙོ་བོར་ནུས་པ་མ་མཆིས་དང་། །མ་རྙེད་ཡོངས་སུ་མ་ཚང་བས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ༀ། རྣམ་དག་དགེ་བ་མཆོད་སྦྱིན་དམ་པའི་མགྲོན། །མཉེས་ཤིང་ཚིམས་ནས་ཕན་བདེའི་དགའ་སྟོན་སྩོལ། །རང་རང་གནས་སུ་སོ་སོར་གཤེགས་ནས་ཀྱང་། །སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལ། །ༀ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ༀ་བཛྲ་མུཾཿ སརྦ་ལོ་ཀ་གཙྪ། ཞེས་བརྗོད་དོ། །དེ་ནས་བསྔོ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁར་བསམས་ལ་ཐལ་མོ་སྦྱར་ཏེ། ཧོ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་དུས་གསུམ་དུ་འབྲེལ་བར་བསགས་པའི་དགེ་བའི་རྩ་བ་རྣམས་དང་། ཁྱད་པར་དུ་གཙང་མ་ཕུད་ཀྱི་མཆོད་སྦྱིན་དམ་པས་མཆོད་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་དང་སྦྱིན་པའི་བདག་པོས་གཙོ་བྱས་ནམ་མཁའ་མཐའ་ཀླས་པའི་སེམས་ཅན་ཐམས་ཅན་ཐུན་མོང་གཅིག་ཏུ་བྱས་ཏེ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་ཡང་མཐོ་རིས་ལྷ་དང་མིའི་ལུས་ཁྱད་པར་ཅན་ཡོན་ཏན་བདུན་དང་ལྡན་པ་ཐོབ་པར་གྱུར་ཅིག །དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ། ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ལ་འགོད་པར་གྱུར་ཅིག །དེ་ལྟར་མ་གྱུར་གྱི་བར་དུ་གནས་སྐབས་ཚེ་འདི་ཉིད་ལ་ཡང་ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་ལ་སོགས་པ་ནད་བཞི་བརྒྱ་རྩ་བཞི་ཞི་བར་གྱུར་ཅིག །གདོན་གྱི་རིགས་སུ་གྱུར་པ། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། རླུང་ལྷའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་ལ་སོགས་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཞི་བར་གྱུར་ཅིག འཕྲལ་གྱི་རྐྱེན་ལས་གྱུར་པ། རྨི་ལམ་ངན་པ། ལྟས་ངན་པ། མཚན་མ་ངན་པ། གཞན་གྱི་བསམ་པ་ངན་པ། སྦྱོར་བ་རྩུབ་པ་ལ་སོགས་པ་ཆགས་ཆེ་བ། ཉམ་ང་བ། བདུད་དང་བར་ཆད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག ཚེ་དང་དཔལ་དང་འབྱོར་པ་ལ་སོགས་པ་མཐུན་པའི་རྐྱེན་རྣམས་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །ཉི་མ་གཟའ་དང་ཟླ་བ་སྒྲ་ཅན་ལས་ཐར་བ་བཞིན་དུ་གྱུར་ཅིག །བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །དེ་ནས་བཀྲ་ཤིས་བྱ་བ་ནི། ས་གཞི་དང་བར་སྣང་ཐམས་ཅད་བཀྲ་ཤིས་ཀྱི་ལྷས་ཁེངས་པར་བསམས་ལ། མཚམས་སུ་མེ་ཏོག་གི་ཆར་དང་རོལ་མོའི་འབུད་དཀྲོལ་བྱ་ཞིང་འདི་སྐད་དོ། །ༀ་ཡེ་དྷ་རྨཱ་སོགས་དང་། ༀ། བཀྲ་ཤིས་དམ་པ་དངོས་གྲུབ་ཆར་འབེབས་པ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་བླ་མའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དམ་པ་ལེགས་དགུ་འབྱུང་བ་ཡི། །ཞི་ཁྲོ་རབ་འབྱམས་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དམ་པ་ཕུན་སུམ་ཚོགས་པའི་དཔལ། །སྲིད་དང་ཞི་བའི་ཕན་བདེ་ཀུན་སྩོལ་བ། །བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་བརྩམས་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་སྟེ། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ༈ །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིག །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ༀ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཅེས་མེ་ཏོག་གི་ཆར་ཕབ་བོ། །དེ་ནས་དངོས་གྲུབ་ཀྱི་རྫས་ལ་རོལ་བ་ནི། གསང་བཤོས་བཅད་ཁ་མ་ཐ ལ་མོ་བཀ ན་པའི་སྟེང་དུ་བཟུང་ལ། ཨ་ལ་ལ་ཧོ། གངས་ཀྱི་ཐིག་པ་ནི་ཉུང་ཉུང་འདྲ་སྟེ་མང་། །རྗེ་ཡི་བཀའ་འབབ་ནི་ཆུང་ཆུང་འདྲ་སྟེ་ཆེ། །མཆོད་སྦྱིན་བཟང་པོའི་དགའ་སྟོན་ནི་དངོས་གྲུབ་ཡིན་ཚད་ཀྱི་རྒྱུར་འཚལ་བས། དངོས་གྲུབ་ཆེན་པོ་སྩལ་དུ་གསོལ། ཅེས་བརྗོད་ལ་ཉེ་འཁོར་དང་ནང་མི་ཀུན་ལ་བསང་རས་ཟས་སྣ་ཆང་ཕུད་བཅས་ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱའོ། །འཁོར་འདས་ཀྱི་མགྲོན་རྣམས་མཆོད་པའི་ཕུད་རབས་ཆེན་མོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་བཟང་པོས་སྦྱར་བ་ཡོངས་སུ་རྫོགས་སོ། །སླར་ཡང་ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་གི་སྲུང་མའི་མཆོད་གསོལ་ཕུད་རབས་ཆེན་མོའི་སྦྱོར་རྗེས་ཀྱི་ཆོ་ག་རྣམས་ཀྱང་བསྣན་ཅིང་ཤིན་དུ་དག་པར་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལམ།།༈ ཕྱག་དཔེ་འདི་ཡི་མ་དཔེ་ཕྱི་མོ་ནི་རུམ་བཏེག་པར་མ་ཡིན་ནོ།།

གསུར་མཆོད་འདོད་ཡོན་སྤྲིན་ཕུང་།

གསུར་མཆོད་འདོད་ཡོན་སྤྲིན་ཕུང་བཞུགས་སོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ། ལན་གསུམ་གྱིས་སྐྱབས་སེམས་བྱ། རང་ཉིད་སྐད་ཅིག་སྤྱན་རས་གཟིགས། །སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ། །ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས། །བ་སྤུའི་བུ་ག་ཐམས་ཅད་ནས། །གཏན་པ་མེད་པའི་མཆོད་སྦྱིན་སྤྲོ། །རྃ་ཡྃ་ཁྃ། མི་གཙང་དྲི་མ་བསྲེགས་གཏོར་བཀྲུས། །བྷྲཱུྃ་ལས་རང་མཐུན་སྣོད་ཀྱི་ནང་། །འབྲུ་གསུམ་ལས་བྱུང་གསུར་མཆོད་ནི། །འདོད་ཡོན་ནམ་མཁའི་མཐའ་མཉམ་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཉན་རང་སོགས། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ། །རྡོ་རྗེ་དྲི་ཡི་མཆོད་སྤྲིན་འབུལ། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །རང་བྱུང་ཡེ་ཤེས་མངོན་གྱུར་ཤོག །མ་མགོན་དམ་ཅན་རྒྱ་མཚོའི་ཚོགས། །གཙང་རིགས་དཔལ་མགོན་བདུན་ཅུ་ལྔ། །དགྲ་བླ་ཝེར་མ་ཟོ་དོར་གཉན། །དྲི་ཟའི་རྒྱལ་པོ་རབ་དགའ་སོགས། །མགོན་པོ་ཡོན་ཏན་མགྲོན་རྣམས་ལ། །དགྱེས་མཆོད་སྒྱུ་འཕྲུལ་དྲྭ་བར་འབུལ། །ས་དང་ལམ་གྱི་བར་ཆད་ཞི། །ཆོས་མཐུན་འབྱོར་པ་རྒྱས་པར་ཤོག །སྡེ་བརྒྱད་འབྱུང་པོ་མཐུ་བོ་ཆེ། །ཚེ་རྐུ་སྲོག་འཕྲོག་ནད་མུག་དལ། །དུས་འཁྲུགས་གློ་བུར་ཡེ་འདྲོོགས་དང་། །བུ་ལོན་ཤ་འཁོན་བདག་པོ་སོགས། །གདོན་བགེགས་ལན་ཆགས་མགྲོན་རྣམས་ལ། །ཚེ་སྲོག་ནོར་གྱི་གླུད་དུ་བསྔོ། །བུ་ལོན་བྱང་ཞིང་ལན་ཆགས་འཁོར། །བྱང་ཆུབ་སེམས་དང་ལྡན་པར་ཤོག །སྐྱེ་བཞི་རྒྱུད་ལྔའི་འཁོར་བ་པ། །ཁྱད་པར་གཏད་མེད་ཡིད་ཀྱི་ལུས། །སྔོན་འབྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་བར་དོའི་འགྲོ་བ་སོགས། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །འདོད་ཡོན་ནམ་མཁའ་མཛོད་དུ་བསྔོ། །འཁྲུལ་སྣང་སངས་ཤིང་ཡེ་ཤེས་རྒྱས། །ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག །ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། །མ་ལུས་ཁྱབ་པའི་ཟས། །ཆོས་ཉིད་ནུས་པའི་མཐུས། །གསུར་མཆོད་མི་ཟད་པའི་གཏེར་དུ་འབུལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། ༀ་མ་ཎི་པདྨེ་ཧཱུྃ། ལན་གྲངས། རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །ༀ་ཨ་པྲ་ཏི་སུ་རུ་ཕུ་པ་ཡེ་སྭཱ་ཧཱ། ལན་གསུམ། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲཱ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། །ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པཱ་རཾ་པཱ་ར་ནི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། ཞེས་བརྗོད། དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག ། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཁ་ཟས་བསྟབས་པ་འདི་ཡི་མཐུས། །འཁྲུལ་སྣང་འཇིགས་སྐྲག་ཐམས་ཅད་ཞི། །བར་དོ་རང་ངོ་འཕྲོད་གྱུར་ནས། །དག་པའི་ཞིང་དུ་སྐྱེ་བར་ཤོག །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོག་པ་མེད་པར་འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་ལྟར། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨཱ་ཝ་བོ་དྷཱ་ན་ཡེ་སྭཱ་ཧཱ། དེའང་ཕྱེ་མར་ལ་སྨན་སྤོས་འབྲུ་སྣ་རིན་ཆེན་དར་ཟབ་ཇ་ཆང་འོ་ཕུད་གང་འཛོམ་གཙང་མ་བསྲེས་པའི་དཀར་བསུར་སྔ་དགོངས་ནམ་འདོད་བཏང་བས་ཚོགས་རྫོགས་ཤིང་འཕྲལ་དུ་ཅི་འདོད་ཀྱི་དངོས་གྲུབ་ཐོབ་པ་དང་། ཤ་ཁྲག་ཚིལ་བུ་བསྲེས་པའི་དམར་གསུར་འབྱུང་པོ་ལ་ཆེད་དུ་དམིགས་ཏེ་དགོངས་མོར་བསྔོས་ན་རང་གཞན་འཆི་བ་བསླུ་བའི་མཆོག་ཏུ་འགྱུར་ཞིང་། བར་དོ་ཁོ་ན་ལ་དམིགས་ན་དམ་རྫས་མྱང་གྲོལ་གྱི་རིགས་བསྲེས་ཏེ་བཏང་བས་ཕན་ཡོན་དཔག་མེད་འབྱུང་བར་གསུངས་སོ། །ཞེས་པའང་གཡུ་ཐོག་རྣམ་རྒྱལ་དགོན་གྱི་བླ་གྲྭ་དམ་པ་འགའ་ཡི་ཐུགས་བཞེད་ལྟར་ཡོན་ཏན་རྒྱ་མཚོས་བྲིས་པ་འགྲོ་ཕན་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་རྒྱ་ཆེན་བཀའ་མཛོད་དཔལ་སྤུངས་པར་མ་པོད་༼ཇ༽པའི་ནང་དུ་བཞུགས་སོ། །སརྦ་མངྒ་ལཾ།། །།

རྗེ་བཅུ་གསུམ་པའི་གསུང་བསུར་བསྔོ་བསྡུས་པ།

གསུར་བསྔོ་ཤིན་ཏུ་བསྡུས་པ་བཞུགས། སྐྱབས་སེམས་བསངས་སྦྱངས་སྔོན་སོང་ནས། སྟོང་པར་གྱུར་པ་དེ་ཡི་ངང་། །བྷྲཱུྃ་ལས་གསུར་སྣོད་རྒྱ་ཆེའི་ནང་། །འདོད་ཡོན་ལྔ་ལྡན་རང་བཞིན་གྱུར། །ༀ་ཨཱཿཧཱུྃ། ལན་གསུམ་དང་། ༀ་ཨ་པྲ་ཏི་སུ་རུ་ཕུ་པ་ཡེ་སྭཱ་ཧཱ། ལན་བདུན་བརྗོད། འདོད་ཡོན་ལྔ་ལྡན་གསུར་མཆོད་འདི། །དྲི་ཟའི་རྒྱལ་པོ་རབ་ཏུ་དགའ། །མིའམ་ཅི་ཡི་རྒྱལ་པོ་དང་། །ཟུར་ཕུད་ལྔ་སོགས་དྲི་ཟ་ཀུན། ཁྱད་པར་སྐྱེ་འགྲོ་ཇི་སྙེད་པ། །སྔ་ལུས་བོར་ཞིང་ཕྱི་མའི་ལུས། །མ་ཐོབ་སྲིད་པ་བར་མ་དོར། །གནས་པའི་ཉམ་ཐག་ཚོགས་རྣམས་ལ། །འདོད་ཡོན་ཕུན་ཚོགས་ཐོབ་གྱུར་ཅིག །བར་དོ་ཡིན་པར་ངོ་ཤེས་ནས། །འཇིགས་སྐྲག་སྡུག་བསྔལ་ལས་གྲོལ་ཏེ། །རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུར། །མངོན་པར་མྱུར་དུ་འཚང་རྒྱ་ཤོག །དེ་མ་ནུས་ཀྱང་མི་ཁོམ་གནས། །སྤངས་ཏེ་མཐོ་རིས་ལུས་ལེན་ཏེ། །དམ་པའི་ཆོས་ལ་སྤྱོད་པར་ཤོག །ཅེས་པ་འདི་རྗེ་བཙུན་བདུད་འདུལ་རྡོ་རྗེས་གྲུབ་ཆེན་རང་རིག་ཡེ་ཤེས་ཀྱི་ངོར་བྲིས་པ་དགེ །

རྗེ་བཅོ་ལྔ་པའི་གསུང་བསུར་མཆོད་བསྡུས་པ།

གསུར་མཆོད་མདོར་བསྡུས་བཏང་བར་སྤྲོ་ན། ཟས་སྣ་མྱོང་གྲོལ་དམ་རྫས་བསྲེས་པ་ལ་ཆབ་བྲན། རང་ཉིད་ཐུགས་རྗེ་ཆེན་པོར་གྱུར། །བསྲེག་རྫས་ༀ་ཨཱཿཧཱུྃ་གསུམ་ལས། །ཡེ་ཤེས་མཆོད་སྦྱིན་འཕྲོ་བར་བསམ། །བསླུ་མེད་དཀོན་མཆོག་གསུམ་རྣམས་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བདག་དང་སེམས་ཅན་བསྐྱབ་ཏུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བསྲེག་རྫས་བདུདརྩིའི་མཆོད་པ་འབུལ༔ བདག་དང་སེམས་ཅན་བྱིན་གྱིས་རློབས༔ ཆོས་སྐྱོང་ཡུལ་ལྷ་གཞི་བདག་ལ༔ བསྲེག་རྫས་བདུདརྩིའི་མཆོད་པ་འབུལ༔ བར་ཆད་སོལ་ལ་ཕྲིན་ལས་སྒྲུབས༔ ཕ་མས་གཙོར་བྱས་སེམས་ཅན་ལ༔ བསྲེག་རྫས་བདུདརྩི་འདི་བསྔོས་པས༔ སྒྲིབ་དག་ཚོགས་གཉིས་རྫོགས་པར་ཤོག༔ བར་དོར་གནས་པའི་སེམས་ཅན་ལ༔ བསྲེག་རྫས་བདུདརྩི་འདི་བསྔོས་པས༔ འཁྲུལ་སྣང་སྡུག་བསྔལ་ཞི་བར་ཤོག༔ ལན་ཆགས་དགྲ་བགེགས་ཐམས་ཅད་ལ༔ བསྲེག་རྫས་བདུདརྩི་འདི་བསྔོས་པས༔ བུ་ལོན་ཤ་མཁོན་བྱང་བར་ཤོག༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྦྱིན་པས་དོན་རྣམས་འགྲུབ་པ་བཞིན༔ ཆོས་ཉིད་རྣམ་པར་དག་པ་ཡིས༔ སྨོན་ལམ་ཐམས་ཅད་འགྲུབ་པར་ཤོག༔ ཅེས་སོ། ༈ །རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་འ བུམ་པོད་༼ཨ ༽པའི་ནང་བཞུགས་ཉེར་མཁོ་ཆོས་སྤྱོད་རིན་ཆེན་སྙེ་མ་ལས་ཁོང་དུ་ཕྱུང་བ་དགེའོ། །སརྦ་མངྒ་ལཾ།། །།

སཱཙྪ་འདེབས་པ།

སཱཙྪ་འདེབས་པའི་རིམ་པ་ནི། རུས་པ་ལ་འདེབས་ན། བ་བྱུང་ལྔ་དང་དྲི་ཞིམ་པོ་སྦྱར་བའི་ཆུ་ཐོགས་ཏེ། རུས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨ་དཀར་པོ། དེ་ལས་བྱུང་བའི་བདུད་རྩིའི་ཆུས་ཚེ་འདས་ཀྱི་སྡིག་སྒྲིབ་སྦྱོང་བར་གྱུར། །ཀུན་རིག་རྣམ་པར་སྣང་མཛད་ཀྱི་གཟུངས་སྔགས། ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པའམ། མི་འཁྲུགས་པའི་གཟུངས་སྔགས། ན་མོ་རཏྣ་ཏྲཱ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི། རོ་ཙ་ནི། ཏྲོ་ཊ་ནི། ཏྲོ་ཊ་ནི། ཏྲཱ་ས་ནི། ཏྲཱ་ས་ནི། པྲ་ཏི་ཧ་ན། པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩཱ་སྭཱ་ཧཱ། ཞེས་པ་འམ། ༀ་བཛྲ་པྲ་མརྡ་ནཱ་ཡ་པྲ་མརྡ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་། དྲི་ཞིམ་པོའི་ཆུས་རུས་པ་བཀྲུས་ཏེ་འཇིམ་པ་དང་བསྲེ་བར་བྱའོ། །འཇིམ་པ་བྱིན་རླབས་ནི། པདྨ་དང་ཟླ་བའི་སྟེང་དུ་འཇིམ་པ་རིན་པོ་ཆེའི་ཕུང་པོར་གྱུར། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་། འོག་མིན་ན་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕོག །གསོལ་བ་བཏབ་པས་དེའི་ཐུགས་ཀ་ནས་འོད་ཟེར་བྱུང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས། འོད་ཟེར་འཇིམ་པ་ལ་ཕོག་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར། ལག་པ་གཡོན་པའི་མཐེའུ་ཆུང་མཐེ་བོས་མནན་པ་གན་རྐྱལ། དེའི་སྟེང་དུ་གཡས་པ་དེ་བཞིན་དུ་བྱས་པ་ཁ་སྦུབ་པ་འཇིམ་པའི་སྟེང་དུ་བཞག་ནས། ༀ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ནཱ་ཡ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་སུཀྵྨེ་སུཀྵྨེ། ས་མེ་ས་མེ། ས་མ་ཡེ། ཤཱནྟེ་དཱནྟེ། ཨ་ས་མཱ་རོ་པེ། ཨ་ན་ལམྦྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏི། མ་ཧཱ་ཏེ་ཛོ། ནི་ར་ཀུ་ལེ། ནི་རི་ཝ་ཎེ། སརྦྦ་བུདྡྷ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཉེར་གཅིག་གིས་བྱིན་གྱིས་བརླབ། ན་མསྶ་མནྟ་བུདྡྷཱ་ནཱཾ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་འཇིམ་པ་བླང་། ཡེ་ཤེས་ལྔའི་རང་བཞིན་དུ་གྱུར། ༀ་བཛྲོདྦྷ་ཝཱ་ཡ་སྭཱ་ཧཱ། ཞེས་འབི་འབི་བྱ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོས་བསྒོས་པར་གྱུར། ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་སྣུམ་བསྐུ། ཐབས་དང་ཤེས་རབ་བཟུང་དུ་འཇུག་པར་གྱུར། ༀ་དྷརྨྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་རྒྱར་གཞུག །ཡེ་ཤེས་ཆེན་པོའི་ངོ་བོར་གྱུར། ༀ་བཛྲ་མུངྒ་རེ་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྡུང་། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ༀ་དྷརྨྨ་ར་ཏེ་སྭཱ་ཧཱ། ཞེས་ཕྱིར་དབྱུང་། ཐབས་ཤེས་འབྲེལ་བའི་ཆོས་སྐུ་གྲུབ་པར་གྱུར། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བཞུགས་སུ་གསོལ། ༀ་སརྦྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱི་པ་ཏེ་ཛྭ་ལ་ཛྭ་ལ་དྷརྨྨ་དྷཱ་ཏུ་གརྦྷེ་སྭཱ-་ཧཱ། ཞེས་པའམ། ཡེ་དྷརྨཱས་རབ་ཏུ་གནས་པར་བྱའོ། །ཞེས་དཀོན་མཆོག་འབངས་ཀྱིས་སྦྱར་བའོ།། ༈ །།ཉེར་མཁོ་སྣ་ཚོགས་ཀྱི་དཔེ་བུམ་ཕན་བདེ་ར བ་སྟེར་ལས་ཁོལ་དུ་ཕྱུང་བ་དགེའོ། །

སཱཙྪ་གདབ་ཆོག

སཱཙྪ་སྤྱི་འགྲོས་ཕྱག་ལེན་བཞུགས་སོ། །ན་མོ་ལོ་ཀི་ཤྭ་ར་ཡེ། འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །སཱཙྪ་གདབ་ཆོག་མདོར་བསྡུས་བཤད། དེ་ཡང་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་དག་ཕྱིར་རྟག་ཏུ་གདབ་པར་བྱ། །ཞེས་དང་། ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས། དེ་ནས་ཚོགས་ཆེན་བསག་པའི་ཕྱིར། །ཚ་ཚའི་རིམ་པ་བཤད་པར་བྱ། །ས་བཟང་རིན་ཆེན་བརྡར་བ་ལ། །ཞེས་སོགས་ནས། ཡོན་ཏན་མཐའ་ཡས་བསམ་པ་འགྲུབ། །ཅེས་པའི་བར་རྒྱས་པར་གསུངས་པས། ས་བསྟན་པ་ནི་ས་སྦྱིན་པོ་ཡོད་ཅིང་གདོན་དྲག་པོ་མེད་པའི་སར། ས་ཆོག་ནི་རྒྱས་པར་བྱས་ལ་བསླང་བ་གྲུབ་ན་རབ། འབྲིང་གནས་དེར་སའི་བདག་པོ་ལ་གཏོར་མ་ཕུལ་ལ་ས་སློང་། ཐ་མའང་ཁྱིམ་ནས་གནས་དེའི་ས་བདག་ལ་གཏོར་མ་བསྔོས་ལ་ས་སློང་། དེ་མ་བྱས་འཕྲོག་འོང་བའམ། མ་བྱུང་ཡང་མ་བྱིན་བླངས་བའི་ཉེས་པ་འབྱུང་སྟེ། ས་ལ་བདག་པོ་སྤྱིར་ལྷ་མོ་བརྟན་མ་དང་ལྟོ་འཕྱེ། བྱེ་བྲག་བདག་པོ་རེ་རེ་ངེས་པར་ཡོད་དོ། །དེ་ཡང་བསྡུ་ན་དཀར་གཏོར་གཅིག་བཤམས། ཨ། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་བདུད་རྩི་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །ས་བདག་ལྟོ་འཕྱེ་ཆེན་པོ་དང་། །ས་ཡི་ལྷ་མོ་བརྟན་མ་དང་། སྲས་པོ་ས་འཛིན་ལག་པ་ཆེ། །ཡུལ་རིས་འདི་ལ་གནས་པ་དང་། །ཁྱད་པར་ས་སྦྱིན་ལེན་པ་ལ། །གནས་པའི་ས་བདག་ཐམས་ཅད་ཀུན། །བདུད་རྩི་གཏོར་མ་འདི་བཞེས་ལ། །བདེ་གཤེགས་མཆོད་རྟེན་བཞེངས་པའི་ཕྱིར། །ས་འདི་བདག་ལ་གནང་བར་མཛོད། །ༀ་པྲི་ཐི་ཝི་དེ་ཝི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏོར་མ་གནས་དེར་བསྐྱལ་ལམ་དེ་ཕྱོགས་སུ་ཕུལ། དེ་ནས་ས་འདུལ་བའི་བགེགས་བསྐྲད་ནི། ཧཱུྃ། བདག་ཉིད་སྐད་ཅིག་ཁྲོ་རྒྱལ་རྟ་མཆོག་དམར། །ཕྱག་གཡོན་སྡིགས་མཛུབ་བགེགས་ལ་གཟིར་བྱེད་ཅིང་། །ཕྱག་གཡས་སེང་ལྡེང་ཕུར་བུ་ས་དེ་ལ། །བཏབ་པས་གཏོར་མས་བྲིད་ཀྱང་མི་ཉན་པའི། །དགེགས་རྣམས་དཔག་ཚད་ཙམ་དུ་བྲོས་གྱུར་པས། །ས་དེ་བདག་གིས་རང་དབང་ཐོབ་པར་གྱུར། །ༀ་པདྨཱནྟ་ཀྲྀ་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་དུཥྚཱན་ཧཱུྃ་ཕཊ། དེ་ནས་སྐག་ལེ་ཐོགས་ཏེ་ས་རྐོ་བ། དཔྱིད་ཟླ་གསུམ་ལ་བྱང་དུ་ཁ་གྱུ་རྐོ། །དབྱར་ཟླ་གསུམ་ལ་ཤར་དུ་ཁ་གྱུ་རྐོ། སྟོན་ཟླ་གསུམ་ལ་ལྷོ་རུ་ཁ་གྱུ་རྐོ། །དགུན་ཟླ་གསུམ་ལ་ནུབ་ཏུ་ཁ་གྱུ་རྐོ། །དེ་ལྟར་ལྟོ་འཕྱེ་མ་བརྩིས་ཉེས་སྐྱོན་འབྱུང་། །ཚེས་པ་བཅུ་གཉིས་ནམ་ཡང་ས་མི་རྐོ། །གྲུ་རེ་བརྐོས་ན་མི་རེ་འཆི་བར་བཤད། །དེ་ནི་ས་བདག་ཐེ་སེ་སྤྲེལ་ཁོག་ཟེར། །ཧཱུྃ། ཁྲོ་བོ་བགེགས་མཐར་བྱེད་པ་སྐུ་མདོག་མཐིང་། །ཞབས་གཉིས་སྣ་ཚོགས་རྡོ་རྗེ་ཉི་ཟླའི་སྤྱན། །ཕྱག་གཉིས་ཧཱུྃ་མཛད་ཕྱག་རྒྱས་རྡོ་རྗེ་ཡི། །ཏོག་ཚེ་འཛིན་པས་ས་ནི་རྐོ་བར་གྱུར། །ༀ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། སྐག་ལེ་ལྔ་བརྒྱབ་དེ་ནས་ཅི་བདེར་རྐོ། །ཡང་ན་སྔགས་དང་དམིགས་པ་ཁྱིམ་ནས་བྱ། །ས་རྐོ་བ་ལ་ཁ་ཡི་གྱུ་ཕྱོགས་བསླབ། ཧྲཱིཿ བརྐོས་པའི་ས་ཡི་ཕུང་པོ་དེ་ཉིད་ནི། །རིན་ཆེན་སྣ་ལྔའི་ཕུང་པོ་དཔག་མེད་གྱུར། ༀ་བཛྲ་རཏྣ་ས་མ་ཏི་ཡེ་ཧཱུྃ། ས་དེ་ས་བདག་རྣམས་ཀྱིས་བྱིན་བརླབས་པའི། །དངོས་གྲུབ་ཆེན་པོར་བསྒོམ་ལ་ཁྱིམ་དུ་ཁྱེར། །རིན་ཆེན་བརྡར་ཞིང་སྤོས་ཆུས་བྲན་པར་བྱ། །དེ་ནས་ས་དེ་སྦྱང་བར་བྱ་བ་ནི། །ཧཱུྃ། རང་ཉིད་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་། །ཕྱག་གཉིས་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ཡིས། །ས་ལ་རེག་པས་ས་ཡི་དངོས་འཛིན་སྦྱངས། །ས་དེ་ཆོས་སྐུ་སྐྱེ་མེད་རང་བཞིན་གྱུར། །ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུ དྡྷོ་྅ཧཾ། འོག་གཞི་རྡོ་རྗེའི་གདན་དུ་གྱུར་པའི་སྟེང་། །ཕྱག་གཡས་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ཡིས། །ས་དེ་བརྡལ་ཞིང་རབ་ཏུ་བརྡུངས་བྱས་པས། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །ལས་དང་ཉོན་མོངས་བག་ཆགས་ཀུན་སྦྱང་གྱུར། །ༀ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཞིབ་བརྡུངས་ཆུ་གཙང་སྨན་སྤོས་འཇིམ་པར་བྱ། །ལས་བུམ་ཆུའམ་ཆུ་གཙང་བྲན་བྱས་ལ། །ༀ་ཨཱཿ བིགྷ་ནཱན་ཏ་ཀྲྀཏྟ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །བྷྲཱུྃ་ལས་འཇིམ་པ་རིན་ཆེན་སྣ་ཚོགས་ཀྱི། །ཕུང་པོ་ཆེན་པོར་གྱུར་ཅིང་བདག་ཉིད་ཀྱི། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་ཡིས། །འོག་མིན་རྣམ་པར་སྣང་མཛད་ཐུགས་ཀར་ཕོག །བཅོམ་ལྡན་སྐུ་མཆོག་རྣམ་པར་སྣང་མཛད་ཀྱིས། །འཇིམ་པ་འདི་ལ་བྱིན་བརླབ་མཛད་དུ་གསོལ། །གསོལ་བ་བཏབ་པས་རྣམ་སྣང་ཐུགས་ཀ་ནས། །འོད་ཟེར་སྣ་ལྔ་མཛོད་སྤུ་ནས་ཐོན་ཏེ། །འཇིམ་པ་ལ་ཕོག་འཇིམ་པ་ཐམས་ཅད་ནི། །རྒྱལ་བའི་ཡེ་ཤེས་ལྔ་ཡི་རང་བཞིན་གྱུར། །ལག་གཡོན་གན་རྐྱལ་མཐེ་བོང་མཛུབ་ཆུང་མནན། །སོར་མོ་གསུམ་བརྐྱང་གཡས་ཀྱང་དེ་བཞིན་སྦུབ། །འཇིམ་པར་རེག་ཅིང་སྔགས་འདི་ཉེར་གཅིག་བརྗོད། །ༀ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་སུཀྵྨེ་སུཀྵྨེ། ས་མེ་ས་མེ། ས་མ་ཡེ་ཤཱནྟེ་དཱནྟེ། ཨ་ས་མ་རོ་པེ། ཨ་ན་ལམྦྷེ། ཏ་རམྦྷེ། ཡ་ཤོ་བ་ཏི། མ་ཧཱ་ཏེ་ཛྭ། ནིར་ཀུ་ལེ། ནིརྦཱ་ཎེ། སརྦ་བུདྡྷཱ། ཨ་དྷིཥྛཱ་ན། ཨ་དྷིཥྛི་ཏེ་སྭཱ་ཧཱ། དེ་ནས་འཇིམ་པ་བཅད་པའི་སྔགས། ༀ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿདང་ནི། ༀ་ཨཱཿཧཱུྃ་དང་རྟེན་འབྲེལ་སྙིང་པོ་གཙུག་ཏོར་དྲི་མེད་སོགས་ཤོག་དྲིལ། རིན་ཆེན་འབྲུ་སྨན་བྱིན་རླབས་རྟེན། །ནང་དུ་གཞུག་ཅིང་འབི་འབི་བྱ། །འབི་འབི་ཡེ་ཤེས་ལྔ་པོ་ཡི། །རང་བཞིན་ཤིན་ཏུ་རྒྱས་པར་གྱུར། །ༀ་བཛྲོཏྦྷ་བཱ་ཡེ་སྭཱ་ཧཱ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཡེ་ཤེས་ཁོང་དུ་ཆུད་པར་གྱུར། །ༀ་བཛྲ་དྷཱ་ཏུ་གརྦྷེ་སྭཱཧཱ། ཞེས་བརྗོད་ནང་གཞུག་བཞག་པར་བྱ། ༀ་ཨཱཿ པྲ་ཏིཥྛ་ཏེ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་འབི་འབི་ས་ལ་བཞག །བྱང་ཆུབ་སེམས་ནི་རིན་པོ་ཆེས། །ཀུན་ཏུ་བཟང་པོར་བསྒོས་པར་གྱུར། །ༀ་ཨཱཿཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་བརྗོད་འབི་འབི་སྣུམ་གྱིས་བྱུག །ༀ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་བརྗོད་འབི་འབི་ལག་ཏུ་ལེན། །བརྐོས་ཕོར་སྟོང་པ་ཆོས་ཀྱི་སྐུ། །འབི་འབི་གཟུགས་སྐུ་ལོངས་སྤྱོད་རྫོགས། །ཐབས་ཤེས་ཟུང་དུ་འཇུག་པར་གྱུར། །ༀ་དྷརྨ་དྷཱ་ཏུ་གརྦྷ་སྭཱ་ཧཱ། ཞེས་བརྗོད་བརྐོས་ཕོར་ནང་དུ་གཞུག །ཐབས་ཤེས་དབྱེར་མེད་ཡེ་ཤེས་ལས། །ཚ་ཚ་སྤྲུལ་སྐུ་ལམ་ལམ་བྱོན། །ༀ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཐོ་བས་བརྡུངས་གསུངས་ཀྱང་། །ཤིང་གི་འཛེར་ལ་བརྡབ་ན་ལེགས། །བཟོ་བཅོས་བྱེད་ཚེ་རྟེན་འབྲེལ་སྔགས། །ཡང་ན་བོད་སྐད་དུ་བཟླས་པ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །རྒྱུ་དེ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེས་དང་། རྒྱུ་དང་འབྲས་བུའི་ཆོས་རྣམས་ཀུན། །ཡོངས་སུ་རྫོགས་པ་ཉིད་དུ་གྱུར། །ༀ་དྷརྨཱ་ར་ཏེ་སྭཱ་ཧཱ། ཞེས་བརྗོད་སྤར་ནས་དལ་བུས་ཕྱུང་། །ཐབས་དང་ཤེས་རབ་འབྲེལ་པ་ལས། །རྒྱལ་བ་ཆོས་སྐུའི་བདག་ཉིད་གྱུར། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་སམ། ༀ་སརྦ་ཏ་ཐཱ་གཱ་ཏ་དྷརྨ་ཀཱ་ལ་མ་ཧཱ་སུ་ཁ་བཛྲ་སུ་ར་ཏ་ས་མ་ཡ་སྟྭཾ། ཞེས་བརྗོད་བཞུགས་སུ་གསོལ་བར་བྱ། །པད་ཉི་ཟླ་སྟེང་ཚ་ཚ་རྣམས། །རིན་ཆེན་མཆོད་རྟེན་དཔག་མེད་ནང་། །རྩ་གསུམ་རྒྱལ་བ་སྲས་བཅས་བཞུགས། །འོད་འཕྲོས་བདག་གཞན་སྒྲིབ་པ་སྦྱངས། །འགྲོ་དོན་དཔག་མེད་མཛད་པར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་སཾ་བྷོ་ག་ཀཱ་ཡ་ས་མ་ཡ་སྟྭཾ། ༀ་སརྦ་ཏ་ཐཱ་ག་ཏ་ནིར་མ་ཎ་ཀཱ་ཡ་ས་མ་ཡ་སྟྭཾ། དེ་ཡིས་སྐུ་གསུམ་ངོ་བོ་འགྲུབ། །རང་བཞིན་གནས་ནས་ཡེ་ཤེས་པ། །རང་བྱུང་མཆོད་རྟེན་རྟེན་མཆོག་རྣམས། །སྤྱན་དྲངས་གཉིས་མེད་བརྟན་པར་བཞུགས། །ༀ་སརྦ་ཛྙཱ་ན་ཀ་ནི་ཀ་ཛཿཧཱུྃ་བྃ་ཧོཿ ༀ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤབྡ་དིཔྟེ་ཛྭ་ལ་ཛྭ་ལ་དྷརྨ་དྷ་ཏུ་གརྦྷེ་སྭཱ་ཧཱ། ཞེས་བརྗོད་རབ་ཏུ་གནས་པའོ། །དེ་ལྟར་རིམ་བཞིན་ཐུབ་ན་ལེགས། །འབི་འབི་བྱེད་མཁན་སྣུམ་བྱུག་མཁན། །འདེབས་མཁན་བཞག་མཁན་རབ་གནས་མཁན། །མི་མང་ཆེ་ན་སོ་སོ་བྱ། །ཡང་ན་སློབ་དཔོན་གཅིག་པུ་ཡིས། །རིམ་པ་བཞིན་དུ་ཅི་ནུས་བཏབ། །མི་མང་ཡིག་དྲུག་བཟླ་བཞིན་བཏབ། །ཐ་ན་བྱིན་རླབས་སྔགས་རྣམས་དང་། །ཡོངས་རྫོགས་སྔགས་ཀྱིས་བྱིན་བརླབས་པས། །བསྲེས་པའི་འཇིམ་པ་མི་མང་པོས། །ཡིག་དྲུག་བཟླ་ཞིང་འདེབས་པར་བྱ། །བླ་མེད་བྱང་ཆུབ་སེམས་མཆོག་དང་། །ཀུན་ནས་ཀུན་ཏུ་བཟང་པོ་ཡི། །རྣམ་དག་སྤྱོད་པས་བསྒོས་པར་གྱུར། །ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་བརྗོད་དཀར་རྩི་བྱུག་པར་བྱ། །དེ་བཞིན་མེ་ཆུ་རླུང་ལ་ཡང་། །སྔགས་བཟླས་བརྐོས་ཕོར་གཡུག་པ་དང་། །དམིགས་པ་བསྒོམ་ན་ས་དང་འདྲ། །རབ་གནས་བསྡུས་པ་གོང་དེས་ཆོག །རྒྱས་པར་ཆེན་པོ་ཐམས་ཅད་ཀྱིས། །བུམ་པར་ཡི་དམ་གང་རུང་གི །མདུན་བསྐྱེད་གཞུག་ལྟར་རྒྱས་པར་བྱ། །མཆོད་བསྟོད་ཚོགས་ཀྱི་འཁོར་ལོ་འབུལ། །མཆོད་རྟེན་ལྷར་བཅས་འོད་ཟེར་གྱིས། །བདག་དང་འགྲོ་བའི་སྒྲིབ་སྦྱོང་བསམ། །ཡི་དམ་སྙིང་པོ་མང་དུ་བཟླ། །འོད་ཞུ་མཆོད་རྟེན་སོ་སོར་བསམ། །བཀྲ་ཤིས་བསྔོ་སྨོན་རྒྱས་པར་བྱ། །བདེ་གཤེགས་མཆོད་རྟེན་དྲི་མེད་ལ། །དངོས་བཤམས་ཡིད་ལས་སྤྲུལ་པ་ཡི། །གདུགས་དང་རྒྱལ་མཚན་སྲོག་ཤིང་འབུལ། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག །ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བཛྲ་པྲ་མ་ན་ཡ་སྭཱ་ཧཱ། དར་དཔྱངས་མེ་ཏོག་ཕྲེང་བ་དང་། །མེ་ལོང་དར་ཟབ་ན་བཟའ་འབུལ། །ༀ་བཛྲ་ཏར་བྱེ་ཡེ་སྭཱ་ཧཱ། ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། མཆོད་པའི་སྤྲིན་དབུས་མཆོད་རྟེན་རྣམས། །འཇིག་རྟེན་སྐྱོང་དང་འགྲོ་དྲུག་ཀུན། །རྟག་ཏུ་བསྐོར་ཞིང་མཆོད་པར་གྱུར། །དེ་ནས་སྔགས་འདིས་སྤྱན་འདྲེན་ཏེ། །ༀ་སྭ་བྷཱ་ཝ་བི་ཤུདྡྷ་ཨ་ཧ་ར་ཨ་ཧ་ར་། ཨ་གཙྪ་ཨ་གཙྪ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ས་གཙང་ཚ་ཚ་བཞི་མདོ་ཡི། །སྐོར་བ་འཕེལ་བར་ཚ་ཁང་བྱ། རུས་ཚ་བྲག་ཕུག་དབེན་པར་བཞུགས། །ཆོ་ག་ལྷག་ཆད་ནོར་འཁྲུལ་དང་། །སྤྱན་འདྲེན་དུས་སུ་ཆག་གྲུམས་སོགས། །ཉེས་འགལ་ཐམས་ཅད་བཟོད་པར་གསོལ། །ༀ་ཨཱཿཀ་ཤ་དྷ་ཏུ་གརྦྷེ་སྭཱ་ཧཱ། རྒྱལ་ཆེན་ཕྱོགས་སྐྱོང་ཡུལ་འདིའི་ལྷ། །སྔོན་ཚེ་རིག་འཛིན་བཀའ་བསྒོས་བཞིན། །མཆོད་རྟེན་འདི་རྣམས་སྲུང་བར་མཛོད། །ཚ་ཚ་འདི་རྣམས་བཞེངས་པའི་མཐུས། །བདག་དང་སྦྱིན་བདག་དམིགས་ཡུལ་གྱིས། །གཙོར་བྱས་མ་རྒན་སེམས་ཅན་ཀུན། །མྱུར་དུ་བྱང་ཆུབ་ཐོབ་གྱུར་ཅིག །ཅེས་བརྗོད་སྟོང་ཉིད་རྒྱ་ཡིས་གདབ། །གསར་རྙིང་རྒྱུད་གཞུང་དུ་མ་ཡི། །བཅུད་བསྡུས་ཞིབ་རྒྱས་ཕྱག་ལེན་འདི། །རཱ་ག་ཨ་སྱས་སྦྱར་བ་ལ། །ཉེས་བཤགས་དགེ་བ་བྱང་ཆུབ་བསྔོ། །དགེའོ།། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་པའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་༼ ངི ༽པའི་ནང་བཞུགས་སོ། །སརྦ་མངྒ་ལཾ།། །།

བོད་ཡུལ་བདེ་བའི་སྨོན་ལམ།

འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་བོད་ཡུལ་བདེ་བའི་སྨོན་ལམ་བཞུགས་སོ། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྩ་བ་གསུམ། །ཁྱད་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང་། །གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །སྙིགས་དུས་འགྲོ་རྣམས་བསམ་སྦྱོར་ལོག་པ་ད ང་། །ཕྱི་ནང་འབྱུང་བ་འཁྲུགས་པའི་རྒྱུ་རྐྱེན་གྱིས། །སྔར་མ་གྲགས་པའི་མི་ཕྱུགས་དལ་ཡམས་ནད། །གཟའ་ཀླུ་རྒྱལ་གདོན་ནག་ཕྱོགས་འབྱུང་པོའི་གཟེར། །བཙའ་སད་སེར་གསུམ་ལོ་ཉེས་དམག་འཁྲུགས་རྩོད། །ཆར་ཆུ་མི་སྙོམས་གངས་ཅན་བྲ་བྱིའི་ཐན། །ས་གཡོ་མེད་དགྲ་འབྱུང་བཞིའི་འཇིགས་པ་ད ང་། །ཁྱད་པར་བསྟན་ལ་འཚེ་བའི་མཐའ་དམག་སོགས། །གངས་ཅན་ལྗོངས་འདིར་གནོད་འཚེའི་རིགས་མཐའ་དག །མྱུར་དུ་ཞི་ཞིང་རྩད་ནས་འཇོམས་གྱུར་ཅིག །མི་དང་མི་མིན་འགྲོ་བ་མཐའ་དག་གི །རྒྱུད་ལ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །ངང་གིས་སྐྱེས་ནས་གནོད་འཚེའི་བསམ་སྦྱོར་བྲལ། །ཕན་ཚུན་བྱམས་པའི་སེམས་དང་ལྡན་ནས་ཀྱང་། །བོད་ཡུལ་མཐའ་དབུས་བདེ་སྐྱིད་དཔལ་གྱིས་འབྱོར། །སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤོག །རྩ་གསུམ་རྒྱལ་བ་སྲས་བཅས་བདེན་པའི་སྟོབས། །འཁོར་འདས་དགེ་བའི་རྩ་བ་ག ང་མཆིས་དང་། །བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས། །གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག །ཅེས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང པོའི་ཞལ་སྔ་ནས་དེང་སང་དུས་ཀྱི་འཚུབ་འགྱུར་ཤིན་ཏུ་ཆེ་བས་རྗེ་ཉིད་ནས་བོད་ཡུལ་བདེ་བའི་སྨོན་ལམ་ཉིན་ཞག་རེར་ལན་དྲུག་རེ་མཛད་པ་ཡིན་པས། ཁྱོད་ནས་ཀྱང་དེ་ལྟར་གལ་ཆེ་ཞེས་བཀའ་སྩལ་ཕེབས་པ་ལྟར་རང་གི་བསྙེལ་གསོས་སུ་བྲིས་པ་ཇི་བཞིན་འགྲུབ་པར་གྱུར་ཅིག །ཅེས་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་ཏུ་རྒྱལ་ཟླ་བའི་དཀར་ཕྱོགས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་སྔ་དྲོའི་ཆར་བྲིས་པ་ཡ་ཐཱ་སིདྡྷི་རསྟུ།།

རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ངེས་དོན་བསྟན་པར་རྒྱས་པའི་སྨོན་ལམ།

ངེས་དོན་སྙིང་པོའི་བསྟན་པ་རྒྱས་པའི་སྨོན་ལམ་དོན་ཀུན་གྲུབ་པའི་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས། །ཨོཾ། སྨོན་ལམ་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཕྱིན། །སྟོབས་བཅུའི་དབང་ཕྱུག་རྒྱལ་བ་བཅོམ་ལྡན་འདས། །ཆོས་དང་དགེ་འདུན་དཀོན་མཆོག་རིན་པོ་ཆེ། །རྣམ་གསུམ་ཐུགས་རྗེ་ལྡན་པའི་བྱིན་རླབས་ཀྱིས། །ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོ་ཆེ། །དྭགས་བརྒྱུད་སྙིང་པོ་དཔལ་ལྡན་ཀརྨ་པའི། །བསྟན་འཛིན་མཆོག་གི་སྐུ་ཚེ་བརྟན་པ་དང་། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །བྱིན་རླབས་འབྱུང་གནས་བཀའ་བརྒྱུད་ནོར་བུའི་ཕྲེང་། །སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ། །བཀའ་གཏེར་བླ་མ་སངས་རྒྱས་ཕྲེང་བ་ཡི། །ཐུགས་བསྐྱེད་ཐུགས་རྗེ་བདེན་པའི་བྱིན་རླབས་ཀྱིས། །ངེས་དོན་ཕྱིར་མི་ལྡོག་པའི་༴ དྭགས་བརྒྱུད་སྙིང་པོ་༴ བསྟན་འཛིན་མཆོག་གི་༴ བསྟན་པ་ཡུན་རིང་གནས་པར་༴ མཆོག་གི་དངོས་གྲུབ་གཏེར་འབྱུང་ཡི་དམ་ལྷ། །དུས་ཀྱི་འཁོར་ལོ་བཅོམ་ལྡན་དྲྭ་བ་སྡོམ། །ཆེ་མཆོག་དབང་ཆེན་རྡོ་རྗེ་ཕུར་པ་སོགས། །གསར་རྙིང་ཡི་དམ་ལྷ་ཡི་དཀྱིལ་འཁོར་པའི། །ནུས་སྟོབས་གཟི་བརྗིད་འབར་བའི་བྱིན་རླབས་ཀྱིས། །ངེས་དོན་ཕྱིར་མི་ལྡོག་པའི་༴ །དྭགས་བརྒྱུད་སྙིང་པོ་༴ བསྟན་འཛིན་མཆོག་གི་༴ བསྟན་པ་ཡུན་རིང་གནས་པར་༴ བདེ་ཆེན་ཡེ་ཤེས་བསྐྱེད་མཛད་མཁའ་འགྲོའི་གཙོ། །རྡོ་རྗེ་ཕག་མོ་རིགས་ལྔའི་རྣལ་འབྱོར་མ། །གསང་བ་ཡེ་ཤེས་མཐིང་འོད་འབར་མ་སོགས། །གནས་གསུམ་མཁའ་འགྲོ་མ་སྲིང་རྒྱ་མཚོ་ཡི། །ཕྲིན་ལས་དངོས་གྲུབ་བཅུད་ཀྱི་བྱིན་རླབས་ཀྱིས། །ངེས་དོན་ཕྱིར་མི་ལྡོག་པའི་༴ དྭགས་བརྒྱུད་སྙིང་པོ་༴ བསྟན་འཛིན་མཆོག་གི་༴ བསྟན་པ་ཡུན་རིང་གནས་པར་༴ བར་ཆད་ཀུན་སེལ་ཕྲིན་ལས་སྒྲུབ་པའི་ལྷ། །མ་ཧཱ་ཀཱ་ལ་ལྕམ་དྲལ་བཀའ་སྡོད་བཅས། །ཡེ་ཤེས་ལས་གྲུབ་རྒྱུད་གསུམ་སྲུང་མའི་ཚོགས། །དུས་མཐའི་མེ་ལྟར་འབར་བའི་དྲག་རྩལ་གྱིས། །ངེས་དོན་ཕྱིར་མི་ལྡོག་པའི་༴ དྭགས་བརྒྱུད་སྙིང་པོ་༴ བསྟན་འཛིན་མཆོག་གི་༴ བསྟན་པ་ཡུན་རིང་གནས་པའི་ཕྲིན་ལས་མཛོད། །འདོད་རྒུའི་དཔལ་སྦྱིན་ལེགས་ཚོགས་སྐྱེད་པའི་ལྷ། །བསོད་ནམས་གཏེར་འཆང་ཨཱཪྱ་ཛམྦྷ་ལ། །ནོར་བདག་དགེ་བསྙེན་དཀར་ཕྱོགས་སྐྱོང་བའི་སྡེ། །དམ་ཚིག་འགྱུར་བ་མེད་པའི་མཐུ་སྟོབས་ཀྱིས། །ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོ་ཆེ། །དྭགས་བརྒྱུད་སྙིང་པོ་དཔལ་ལྡན་ཀརྨ་པའི། །བསྟན་འཛིན་མཆོག་གི་སྐུ་ཚེ་བརྟན་པ་དང་། །བསྟན་པ་ཡུན་རིང་གནས་པའི་དཔལ་སྐྱེད་ཅིག །བསླུ་བ་མེད་པའི་མཆོག་གསུམ་རྩ་བ་གསུམ། །དམ་ཅན་གཏེར་བདག་རྒྱ་མཚོའི་ཕྲིན་ལས་ཀྱིས། །རྗེ་བཙུན་བླ་མའི་སྐུ་ཚེའི་རི་བོ་བརྟན། །ཆོས་ཀྱི་རྒྱལ་སྲིད་རྒྱལ་མཚན་སྲིད་རྩེར་བསྒྲེང་། །བསྡུ་བ་རྣམ་བཞིའི་ཕྲིན་ལས་མཁའ་ལྟར་ཁྱབ། །སྐྱེ་རྒུ་ཐེག་མཆོག་ཆོས་ཀྱི་དགའ་བར་སྤྱོད། །ཕན་བདེའི་འབྱུང་གནས་ཀརྨའི་བཀའ་བརྒྱུད་ཀྱི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་སྩོལ། །བདེན་ཚིག་རྡོ་རྗེ་བདུད་རྩིའི་༼ཤློ་ཀ་འདི་གཏེར་སྟོན་གསུངས།༽མཐུ་གྲུབ་པའི། །ཆོས་ཉིད་འགྱུར་མེད་བདེ་ཆེན་རྡོ་རྗེའི་མཁར། །ཆོས་ཅན་རྟེན་འབྱུང་རྡོ་རྗེ་ཉི་མ་ཆེ། །རབ་འབར་དུས་གསུམ་བཀྲ་ཤིས་ཕྱམ་བརྡལ་ཤོག །དཔལ་ལྡན་བླ་མ་དམ་པའི་རྡོ་རྗེའི་གསུང་། །སྒྲིབ་བྲལ་གནས་བརྒྱད་དག་པའི་སྒྲ་དབྱངས་ཅན། །གདུལ་བྱའི་བློ་ལ་གསལ་པོར་འཆར་བ་ཡིས། །སྨིན་ཅིང་གྲོལ་བའི་རོ་གཅིག་མྱོང་གྱུར་ཅིག །བདུད་བཞི་ལས་རྒྱལ་རྒྱལ་བའི་ཕྲིལ་ལས་པ། །ཀརྨ་པ་བསྟན་བསྟན་པའི་སྙིང་པོ་འདི། །ཕྱོགས་མཐར་ཀུན་ཁྱབ་ཁྱབ་ཅིང་རྒྱུན་མི་འཆད། །རྟག་པར་རབ་འཕེལ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པའང་རྣལ་འབྱོར་དམ་པ་ཟང་ཐལ་དྲི་མེད་ནས་འདི་ལྟར་བྲིས་ཤིག་པར་བསྐུལ་ནས་དུས་རིང་མོ་ཞིག་གྱུར་པ་ན། སླར་ཡང་ལྷ་རྩེ་བའི་དགེ་སློང་མང་དུ་ཐོས་པ་འཇམ་དཔལ་ཚུལ་ཁྲིམས་ནས་རྟེན་བཅས་བསྐུལ་བ་དོན་ཡོད་པར་བྱ་བའི་སླད་དུ། སྒྲ་ལྡན་ཞེས་པ་མེ་འབྲུག་ལོར་ཐུབ་པའི་དབང་པོས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན། ལུང་རྟོགས་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་མོ་འོག་མིན་མཚུར་མདོའི་གདན་སར། །སངས་རྒྱས་ཀརྨ་པའི་མཚན་འཛིན་བཅོ་ལྔ་པ་ཀུན་བཟང་མཁའ་ཁྱབ་བདེ་བའི་རྡོ་རྗེ་དང་། མཚོ་སྐྱེས་པདྨའི་རྒྱལ་ཚབ་ཟིལ་གནོན་ནམ་མཁའི་རྡོ་རྗེ་ཟུང་གིས་བྲིས་པ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སུ་ཛ་ཡ།། ༈ །།རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོའི་རྒྱལ། །བཀའ་གཏེར་མདོ་སྔགས་བསྟན་པ་རྒྱ་མཚོའི་སྲོག །ངོ་མཚར་ཡོངས་རྫོགས་མཛོད་ཆེན་རྣམ་ལྔ་ཡི། །བཀའ་སྲོལ་སྲིད་མཐར་གནས་ཤིང་རྒྱས་གྱུར་ཅིག །ཅེས་པའང་སྡོམ་བརྩོན་ཐུབ་བསྟན་འཇམ་དཔལ་ཚུལ་ཁྲིམས་གྲགས་པ་ནས་ལྷག་བསམ་དགེ་བས་རྟེན་བཅས་བསྐུལ་བ་བཞིན་༧དཔལ་ཀརྨ་པའི་མཚན་འཛིན་བཅོ་ལྔ་པས་མེ་སྦྲུལ་ནག་ཟླའི་ཡར་ཚེས་བཅོ་ལྔའི་ཉིན་རྩེ་གཅིག་ཏུ་སྨོན་པ་དགེ། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་ནི་རྒྱལ་དབང་མཁའ་རྡོ་རྗེའི་བཀའ་འབུམ་༼ཨ༽པའི་ནང་བཞུགས་སོ། །སརྦ་མངྒ་ལཾ།། །།

རྒྱལ་དབང་བཅུ་དྲུག་པའི་གསུང་བསྟན་རྒྱས་སྨོན་ལམ།

ཨོཾ། བསོད་ནམས་ཡེ་ཤེས་རྒྱ་མཚོའི་འཇུག་ངོགས་ཀྱི། །སྔོན་བསྐྱེད་དམ་བཙན་འགྱུར་མེད་བདེན་པའི་མཐུས། །འགྲོ་ཁམས་མ་རིག་འཁྲུལ་པ་དུཿཁའི་ཞིང་། །ཡེ་ཤེས་སྤྱན་གྱིས་གཡོ་མེད་གཟིགས་ལགས་པས། །མུན་པའི་གླིང་ལ་འོད་བརྒྱའི་ཟེར་འཕྲོ་སྟེ། །རྒྱུ་འབྲས་བསླུ་མེད་མོས་ཁམས་མཁྱེན་པ་ཡིས། །དངོས་དང་བརྒྱུད་ནས་གཏན་བདེའི་རྒྱལ་ས་རུ། །ཕྱིན་ནས་བླ་མེད་ཐེག་ཆེན་གོ་ཆས་བཀླུབས། །མི་ཟད་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས། །རྡུལ་སྙེད་ཞིང་དེར་འགྲོ་ཁམས་མངོན་རྫོགས་འདུལ། །སྒྲུབ་གཉིས་བསྟན་པ་རྒྱ་མཚོའི་མཁའ་མཐར་བརྡལ། །གོམ་མིན་ཆོས་ཉིད་དབང་བཙན་རྒྱལ་བའི་མཐུས། །དེར་སྣང་གཉིས་འཛིན་འཁྲུལ་པའི་བདེན་འཛིན་ལ། །བདག་གིར་བྱས་པས་མ་དཀྲོལ་གྲོལ་གྱུར་ཅིག །ཞིང་དེར་རྒྱལ་བའི་བསྟན་པ་རྒྱ་མཚོ་དང་། །ཁྱད་པར་སྒྲུབ་པའི་རྒྱལ་མཚན་འཕྱར་བ་ལ། །ལོག་པར་སྡང་བའི་བསམ་སྦྱོར་རབ་ཞི་ནས། །གསང་གསུམ་ཆོས་ཀྱི་དབྱར་རྔས་ས་གསུམ་ཁྱབ། །སྐྱེ་རྒུ་ཐམས་ཅད་བྱམས་པའི་སེམས་དང་ལྡན། །ཕན་ཚུན་དང་བ་འདྲེན་པའི་དབྱངས་སྙན་གྱིས། །ཡངས་པའི་ཁྱོན་ཀུན་ཡོངས་སུ་ཁྱབ་གྱུར་ཅིག །རྟེན་དང་བརྟེན་འབྱུང་བསླུ་མེད་བདེན་པ་ཡིས། །ཐམས་ཅད་ཆོས་ཀྱི་བདུད་རྩིའི་རོས་མྱོས་ནས། །རྫོགས་ལྡན་རབ་དགའི་དཔལ་ལྟར་སྤྱོད་པར་ཤོག །ཅེས་པ་འདི་ཡང་རྣམ་དཀར་གྱི་བགྱི་བ་མི་དམན་དུ་སྤྱོད་པ་འོག་མིན་མཚུར་མདོའི་སྒྲུབ་བླ་ཀརྨ་སྒྲུབ་བརྒྱུད་བསྟན་དར་གྱིས་བཀྲ་ཤིས་པའི་ལྷ་གོས་དང་རྟེན་བཅས་བསྐུལ་ངོར་༧ཀརྨ་པའི་མཚན་གྱི་ཕྲེང་བས་ཁུར་དུ་ལྕི་བ་བཅུ་དྲུག་པས་སུག་བྲིས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

རྒྱལ་དབང་བཅུ་བདུན་པའི་གསུང་ཁོར་ཡུག་སྨོན་ལམ་ཨེ་མ་འཛམ་གླིང་།

རྒྱལ་དབང་བཅུ་བདུན་པའི་གསུང་ཁོར་ཡུགས་སྨོན་ལམ་བཞུགས་སོ། །ཨེ་མ་འཛམ་གླིང་། ང་ཚོའི་སྐྱེ་འཆིའི་ཕྲེང་བ་དང་། སྐྱིད་སྡུག་གི་ཟློས་གར་ཀུན། ཁྱོད་ཀྱི་ཕང་ན་རོལ། ཁྱོད་ནི་སྔོན་རབས་ནས། ང་ཚོའི་ཕ་ཁྱིམ་ཞིག་སྟེ། ང་ཚོས་ནམ་ཡང་གཅེས་ཤིང་ཕངས། ང་ཚོས། ཁྱོད་ནི་རྨི་ལམ་གྱི་ཞིང་ཁམས་དང་། འགྲོ་ཀུན་མཉམ་སྙོམས་ཀྱི་འཇིག་རྟེན། བརྩེ་ལྡན་དྲོ་འཇམ་གྱི་ལྷ་མོ་བཅས་སུ་བསྒྱུར་བར་འདོད། ང་ཚོས། ཁྱོད་ལ་བཅངས་པའི་རེ་འདུན་ནི། འགྱུར་མེད་གཡུང་དྲུང་ཞིག ཁྱོད་ནི། ང་ཚོའི་སྙིང་ཉེ་བའི་འཚོ་རྟེན་ཏེ། ཁྱོད་ཀྱིས། ངམ་གནག་པའི་བཞིན་རས་དེ་རང་དགར་མ་སྟོན་ཅིག ང་ཚོས། ཁྱོད་ཀྱི་ཆ་ཤས་རེ་ཡང་། ཞི་འཇམ་གྱི་ཞིང་ས་གཤིན་པོར་བསྒྱུར་ཏེ། བདེ་སྐྱིད་ཀྱི་ལོ་འབྲས་སྟོང་ཕྲག་དང་སྟོང་ཕྲག །རངདབང་གི་བསུང་ཞིམ་འཐུལ་བས། ང་ཚོའི་ཚད་མེད་ཀྱི་རེ་བ་རྫོགས་པར་སྨོན། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ། ༢༠༠༥ ལོར་དྷ་ས་རྒྱུད་སྟོད་དུ་སྨོན་པའོ།།

མར་མེའི་སྨོན་ལམ་ཇོ་བོ་རྗེའི་གསུང་།

མར་མེའི་སྨོན་ལམ་ཇོ་བོ་རྗེའི་གསུང་བཞུགས་སོ། །མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་དང་མཉམ་པར་གྱུར་ཅིག །སྡོང་བུ་ནི་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག །མར་ཁུ་ནི་མཐའི་རྒྱ་མཚོ་ཙམ་དུ་གྱུར་ཅིག །གྲངས་ནི་སངས་རྒྱས་རེ་རེའི་མདུན་དུ་དུང་ཕྱུར་རེ་རེ་འབྱུང་བར་གྱུར་ཅིག །འོད་ཀྱིིས་སྲིད་པའི་རྩེ་མོ་མན་ཆད་ནས། མནར་མེད་པའི་དམྱལ་བ་ཡན་ཆད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞིང་ཁམས་ཐམས་ཅད་མངོན་སུམ་དུ་མཐོང་ཞིང་གསལ་བར་གྱུར་ཅིག །ༀ་བཛྲ་ཨ་ལོ་ཀེ་ཨཱཿཧཱུྃ། ཨེ་མ་ཧོ། ངོ་མཚར་རྨད་བྱུང་སྣང་གསལ་སྒྲོན་མེ་འདི། །བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་སོགས་པའི། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པའི། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཕ་མས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི། །ཚེ་རབས་འདི་དང་སྐྱེ་གནས་ཐམས་ཅད་དུ། །རྫོགས་སངས་རྒྱས་པའི་ཞིང་ཁམས་མངོན་མཐོང་ནས། །འོད་དཔག་མེད་མགོན་ཉིད་དང་དབྱེར་མེད་ཤོག །དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་ཀྱི། །བདེན་པའི་མཐུ་ཡིས་སྨོན་ལམ་འདི་བཏབ་སྟེ། །མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨཱ་བ་བོ་དྷཱ་ན་ཡེ་སྭཱ་ཧཱ། ཞེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་དབུས་གཙང་གི་མཆོད་ཁང་རྣམས་ལ་དཔོན་སློབ་བཅོ་བརྒྱད་ཙམ་གྱིས་འུར་འདོན་མཛད་ཅེས་གྲགས་སོ།། །།

ཀརྨ་པ་ཡབ་སྲས་ཀྱི་གསུང་མར་མེའི་སྨོན་ལམ།

མར་མེ་སྨོན་ལམ་སྐལ་བཟང་གི་དགའ་སྟོན། ༀ་སྭསྟི། མི་འགྱུར་སྣང་སྟོང་ཟུང་འཇུག་ཆོས་ཀྱི་སྐུ། །བདེ་ཆེན་གྲུབ་པའི་ལང་མཚོ་རྒྱས་པའི་ཀློང་། །ཟག་བྲལ་ལྷུན་གྲུབ་དགྱེས་པའི་མཁའ་དབྱིངས་ལས། །འགྱུར་མེད་ཤིས་པའི་དགའ་སྟོན་རྩོལ་གྱུར་ཅིག །དགེ་ཚོགས་དཔལ་གྱི་དུམ་བུ་ལས་འོང་བའི། །རང་བཞིན་རྣམ་དཀར་དགེ་བའི་ས་བོན་དང་། །མཆོག་གསུམ་སྣང་གསལ་འོད་ཀྱིས་ལེགས་མཆོད་པའི། །ལེགས་བྱས་ཕྱོགས་ཀྱི་འཛུམ་དཀར་གྲོལ་བ་འདིས། །པདྨོ་སྟོང་དུ་བཞད་པའི་ཞིང་འདི་རུ། །རྫོགས་ལྡན་དཔྱིད་ཀྱི་ལང་ཚོ་འགུགས་དང་ལྷན། །འཁྲུགས་རྩོད་དུས་ཀྱི་སྐལ་པ་ཞི་བ་དང་། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །ཁྱད་པར་ནུབ་ཕྱོགས་ཨ་རིའི་ནོར་འཛིན་ཁྱོན། །བཤད་སྒྲུབ་ཆུ་སྐྱེས་ལང་མཚོ་དགོད་པ་དང་། །ཟབ་གསང་དར་དིར་སྒྲོགས་པའི་མགྲིན་དབྱངས་ཀྱིས། །བགྲང་ཡས་ཞིང་ཁམས་རྒྱ་མཚོ་འགེངས་གྱུར་ཅིག །ཅེས་པ་འདི་ལྷག་བསམ་ཟླ་བྲལ་བསྟན་འཛིན་ཆོས་ཉིད་ནས་བསྐུལ་ངོར་ཀརྨ་པའི་མཚན་གྱི་ཅོད་པན་འཆང་བ་ཨོ་རྒྱན་ཕྲིན་ལས་སུ་འབོད་པ་དེས་བྲིས་པ་བཀྲ་ཤིས་པར་གྱུར་ཅིག ༈ །ཀུན་གཞི་རང་རིག་ཡེ་ཤེས་ཀུན་ཏུ་གསལ། །ཆོས་རབ་རྣམ་འབྱེད་ཤེས་རབ་ཕ་རོལ་ཕྱིན། །རིག་པའི་རང་བཞིན་མ་རིག་སྒྲིབ་པས་དབེན། །སྟོང་གསལ་ཟུང་འཇུག་གསལ་བའི་དེ་བཞིན་ཉིད། །སྣང་གསལ་འོད་ཟེར་སྣང་བས་ཕྱོགས་ཀུན་ཁྱབ། །སྣང་གསལ་བསོད་ནམས་འགྲོ་ཀུན་བདེ་ལ་སྦྱོར། །སྣང་གསལ་རང་བཞིན་ཆོས་ཉིད་དེ་བཞིན་ཉིད། །སྣང་གསལ་རྒྱལ་བའི་ཡེ་ཤེས་མངོན་གྱུར་ཤོག །ཅེས་ཏཱ་ཡི་སི་ཏུ་པས་སོ། ༈ །རྫོགས་པའི་སངས་རྒྱས་སྒྲོན་མེའི་རྒྱལ་པོ་དང་། །འཇིག་རྟེན་དབང་ཕྱུག་ཀརྨ་པ་ལ་སོགས། །སྲས་བཅས་རྒྱལ་བའི་མདུན་ས་ཉམས་དགའ་བར། །ཞི་བ་རབ་མཛེས་མར་མེ་འདི་ཕུལ་བས། །ཕན་ཚུན་དགྲ་རུ་མཐོང་བའི་བསམ་ངན་དུག །རང་གཞན་སུ་ཡི་རྒྱུད་ལའང་མི་འབྱུང་བར། །བྱམས་པའི་སེམས་ཀྱིས་མ་བུ་འཕྲད་པ་བཞིན། །འཛམ་བུའི་གླིང་ཀུན་ཞི་བདེས་ཁྱབ་པར་ཤོག །ཅེས་གོ་ཤྲི་རྒྱལ་ཚབ་པས་སོ།། །།

ཞབས་བརྟན།

འགྲོ་ཁམས་ཇི་སྲིད་དེ་སྲིད་མ་སྟོང་བར། །འགྲོ་མགོན་ཀརྨའི་རྣམ་འཕྲུལ་རྫོགས་མི་སྲིད། །འགྲོ་ལ་རྗེས་བརྩེ་དུས་སྙིགས་འདིའི་བསྐལ་དུས། །འགྲོ་བ་རྣམས་ཀྱི་སྐྱབས་གནས་མགོན་གཅིག་པུ། །འགྲོ་བའི་དེད་དཔོན་ཆེན་པོ་འཚོ་གཞེས་གསོལ། །ཅེས་པ་འདི་ཉིད། མཛོད་པ་དམ་ཆོས་ཡོངས་འདུ་མཆོག་ནས། ངོས་བགྲང་བྱ་ཞེ་བརྒྱད་ལོ་ཀེག་སྔ་བསུར་ལ་བརྟེན། རིང་འཚོའི་སྨོན་འདེབས་འདི་བཞིན་དགོས་ཞེས་ནན་བསྐུལ་བྱུང་བ་ལྟར། དཔལ་ཀརྨ་པའི་མཚན་འཛིན་ཁོ་བོ་སྐྱེ་འཕྲེང་བཅུ་དྲུག་པས། འབྲས་ལྗོངས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་ནས་ལྕགས་ཕག་ཟླ་བ་དང་པོའི་ཚེས་ལ་སྦྱར་བའོ། ༈ །འཇིག་རྟེན་དབང་ཕྱུག་མཐོན་མཐིང་ཅོད་པན་འཆང་བ་༧བཅུ་བདུན་པ་ཆེན་པོའི་ཞབས་བརྟན་སྨོན་ཚིག་རྡོ་རྗེ་བདུད་རྩིའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཀརྨ་པ། །རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཀརྨ་པ། །རྒྱལ་ཀུན་གདུང་འཚོབ་དབང་བསྐུར་ཀརྨ་པ། །ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་ཞབས་བརྟན་གསོལ། ཅེས་པའང་འབོ་དཀར་སྤྲུལ་མིང་པས་༡༩༩༥ ཟླ་༡ ཚེས་༡ ཉིན་ཐོལ་བྱུང་དུ་གསོལ་བ་བཏབ་པའོོ། ༈ །ཞབས་བརྟན་གསོལ་འདེབས་མགོན་པོ་ཚེ་མཐའ་ཡས་པའི་བདེན་ཚིག་ཅེས་བྱ་བ། ན་མོ་གུ་རུ་ུདྷརྨ་ར་ཛ་ཡེ། དགེ་ལེགས་དུ་མའི་མགོན་མཆོག་སྤྱན་རས་གཟིགས། །གང་འདུལ་རོལ་པ་རྩལ་གྱི་སྐུར་སྟོན་པ། །ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག །ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག །པདྨའི་རྒྱལ་ཚབ་བསྟན་དང་འགྲོ་བའི་མགོན། །མ་འོངས་སངས་རྒྱས་རྒྱལ་ཚབ་མ་ཕམ་པ། །ཏཱ་ཡི་སི་ཏུ་པདྨ་དོན་ཡོད་ཀྱི། །ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག །མཐའ་ཡས་དམིགས་མེད་བརྩེ་བའི་གཏེར་ཆེན་པོས། །རྣམ་པར་སྣང་མཛད་འགྲོ་འདུལ་སྤྲུལ་པའི་སྐུ། །འཇམ་མགོན་བློ་གྲོས་ཆོས་ཀྱི་ཉི་མ་ཡི། །ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག །སྲིད་དང་ཞི་བའི་དཔལ་གྱི་རྩེ་མོ་ལས། །ཕུལ་བྱུང་གསང་བའི་བདག་པོ་རྣམ་འཕྲུལ་མཆོག །རྒྱལ་ཚབ་གྲགས་པ་མི་འགྱུར་གོ་ཆ་ཡི། །ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག །དཀོན་མཆོག་རྩ་བ་གསུམ་གྱི་བྱིན་རླབས་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་འབྲས་ཀྱིས། །བླ་མའི་ཞབས་པད་ཡུན་དུ་བརྟན་པ་དང་། །མཛད་ཕྲིན་ཕྱོགས་མཐར་ཁྱབ་ཅིང་རྒྱས་གྱུར་ཅིག །འདི་ལྟ་བུའི་ཞབས་བརྟན་གསོལ་འདེབས་བསྡུས་པ་ཞིག་དགོས་ཚུལ་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་ནས་བསྐུལ་མ་གནང་དོན་ལྟར། ཏཱའི་སི་ཏུ་པས་ལ་བྱང་མ་ཧེ་ཐུབ་བསྟན་ཆོས་འཁོར་གླིང་གི་གཙུག་ལག་ཁང་དུ་ཤར་མར་བྲིས་པ་དེ་ཉིད་རྗེས་སུ་རྗེ་ཉིད་ཀྱིས་ཁ་བསྒྱུར་གནང་བ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །གོང་གི་ཏཱའི་སི་ཏུའི་ཞབས་བརྟན་ཚིག་བཞི་དེ་སྒྲུབ་དཔོན་བདེ་ཆེན་རང་ཉིད་ནས་སྨོན་པའོ།། །།བདེ་ཆེན་ཚོགས་ཀྱི་འཁོར་ལོར་རྟག་རོལ་བ། །དུས་གསུམ་རྒྱལ་བའི་གཏེར་ཆེན་ཀརྨ་པ། །ཡབ་སྲས་བརྒྱུད་པར་བཅས་པ་སྲིད་མཚོ་འདིར། །བསྐལ་པ་བསྐལ་པའི་བར་དུ་ཞབས་བརྟན་གསོལ། །གང་གིས་ཟབ་གསང་གསུང་གི་གསང་བ་ཡི། །ཐོས་བསམ་སྒྲུབ་པ་སྙིང་པོར་བྱེད་པ་ཡི། །སྤོང་དང་ཀློག་པའི་སྡེ་རྣམས་ཐམས་ཅད་ནི། །དབྱར་གྱི་ཆུ་བོ་ལྟ་བུ་རྒྱས་གྱུར་ཅིག །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག ༈ །མཇུག་གི་བདེ་ཆེན་ཚོགས་ཀྱི་སོགས་ཀྱི་ཞབས་བརྟན་དང་སྨོན་ལམ་གསོལ་འདེབས་འདི་ནི་ཀཾ་ཆོས་སྤྱོད་རབ་གསལ་རུམ་བཏེག་པར་མའི་མཇུག་ཏུ་གསལ་བ་ལྟར་བཀོད་པ་དགེའོ། །སརྦ་མངྒཾ།། །།

བཀྲ་ཤིས་བདག་གི་མ།

བཀྲ་ཤིས་བདག་གི་མ་བཞུགས་སོ། །བདག་གི་དུས་གསུམ་གྱི་དགེ་བའི་རྩ་བ་འདི་ལ་བརྟེན་ནས། བདག་གིས་སྐྱེ་བ་ཐམས་ཅད་དུ་བླ་མ་ཆོས་རྗེ་ཀརྨ་པའི་གསུང་མ་ལུས་པ་བསྡུས་ནས་འཛིན་པར་གྱུར་ཅིག །དེས་རང་གཞན་གྱི་ཤེས་རྒྱུད་མྱུར་དུ་སྨིན་པར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་སྐུ་གསུང་ཐུགས་ཀྱི་གསང་བའི་གནད་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པ་དཔལ་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་ཅིག །སྐུ་གསུང་ཐུགས་ཀྱི་གསང་བའི་རྣམ་པར་ཐར་པ་ཐམས་ཅད་ཐོས་པ་དང་མཐོང་ཞིང་རྟོགས་པའི་སྣོད་དུ་རུང་བར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་ལུས་དང་གྲིབ་མ་བཞིན་དུ་སྐད་ཅིག་ཀྱང་མི་འབྲལ་བར་འགྲོགས་པར་འགྱུར་ཅིག །མཉེས་པ་རྣམ་པ་ལྔའི་སྒོ་ནས་མཉེས་པ་སྒྲུབ་པར་གྱུར་ཅིག །ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་ནས་དགོངས་པ་ཇི་ལྟ་བ་བཞིན་དུ་སྐོང་ནུས་པར་གྱུར་ཅིག །ཞི་རྒྱས་དབང་དྲག་བཞིའི་སྒོ་ནས་བླ་མའི་ཕྲིན་ལས་གྲུབ་པ་ལ་སྐད་ཅིག་ཀྱང་མི་གཡེལ་བར་གྱུར་ཅིག །སྒོ་གསུམ་གྱི་སྤྱོད་པ་ཅི་བགྱིད་པ་ཐམས་ཅད་ཀྱིས་བླ་མའི་བཞེད་པ་མཐར་ཕྱིན་པར་གྱུར་ཅིག །ཞབས་ཏོག་དགུ་ཕྲུགས་ཀྱི་སྒོ་ནས་མཉེས་པ་སྒྲུབ་པར་གྱུར་ཅིག །དགེ་སྡིག་ལུང་མ་བསྟན་གྱི་བྱ་བ་ཅི་བྱས་ཀྱང་མཉེས་པ་ཁོ་ན་སྒྲུབ་པར་གྱུར་ཅིག །མི་མཉེས་པའི་བྱ་བ་སྐད་ཅིག་ཀྱང་མི་སྒྲུབ་པར་གྱུར་ཅིག །ཆོས་རྗེ་བླ་མའི་ཕྲིན་ལས་ཀྱི་གཙོ་བོ་བྱེད་པར་གྱུར་ཅིག །ཆོས་རྗེ་བླ་མའི་བསྟན་པའི་བདག་པོ་བྱེད་པར་གྱུར་ཅིག །ཕྱོགས་བཅུའི་ནད་འཁྲུགས་མུ་གེ་ཐམས་ཅད་ཞི་བར་བྱེད་པར་གྱུར་ཅིག །ནམ་འཆི་བའི་ཚེ་འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་གྱུར་ཅིག །བར་དོའི་སྣང་བ་མེད་པར་དཔལ་ལྡན་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པར་གྱུར་ཅིག །དེར་ཞུགས་ནས་རྡོ་རྗེ་ཐེག་པའི་རྣལ་རོལ་གྱིས་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་གྱུར་ཅིག །མདོར་ན་བདག་ཆོས་རྗེ་བླ་མ་ལྟར་མཐོང་གྲོལ་ཐོས་གྲོལ་དྲན་གྲོལ་རེག་གྲོལ་ཆེན་པོར་གྱུར་ཅིག །ངེས་པར་འཆི་བ་སྙིང་ནས་དྲན་པ་དང་། །མོས་གུས་རྣལ་མ་རྒྱུད་ལ་སྐྱེ་བ་ནས། །ཞེན་ལོགས་མཐའ་རུ་ཕྱིན་པའི་ངེས་འབྱུང་གིས། །མི་བསྐྱོད་དགའ་བའི་བྱིན་རླབས་འཇུག་གྱུར་ཅིག །རྟག་ཏུ་རང་གི་ཕེར་ཤ་སྒྲོགས་པ་དང་། །གཞན་གྱི་མི་ཤེས་མཚང་ནས་འདྲུ་བ་དང་། །བུབ་ཁ་བྱུང་ན་དགའ་བ་སྒོམ་པ་སོགས། །རང་གཞན་སུ་ཡི་རྒྱུད་ལའང་མ་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡོངས་འཛིན་དམ་པ་མཆོག །ཞྭ་ནག་ཅོད་པན་འཛིན་པ་ཁོ་ན་དང། །ཡི་དམ་སྙིང་པོ་དཔལ་ལྡན་བདེ་བ་མཆོག །འཁོར་ལོ་སྡོམ་པས་རྗེས་སུ་འཛིན་གྱུར་ཅིག །བདག་ནི་སྐྱེ་བ་ཐམས་ཅད་དུ། །བླ་མ་མི་བསྐྱོད་རྡོ་རྗེ་དང་། །ཡི་དམ་རྡོ་རྗེ་རྣལ་འབྱོར་མ། །ཆོས་སྐྱོང་རྡོ་རྗེ་བེར་ཅན་སོགས། །ནམ་ཡང་དབྱེར་མེད་གོ་འཕང་ཤོག །དགེ་འདིས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེའི་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང་། །ནང་གི་ལམ་ནས་རྡོ་རྗེས་འགྲོ་བ་ཡི། །སངས་རྒྱས་ཉིད་ཀྱི་གོ་འཕང་སྩོལ་ཕྱིར་བསྔོ། །ཞེས་པ་འདི་ནི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་མི་བསྐྱོད་རྡོ་རྗེས་སྩལ་བའོ། ༈ །འདི་ཀཾ་ཆོས་སྤྱོད་རབ་གསལ་རུམ་བཏེག་པར་མའི་ལྡེབ་གྲངས་༢༢༤ མདུན་ངོས་ཡིག་ཕྲེང་༡ ནས་ལྡེབ་གྲངས་༢༢༥ མདུན་ངོས་ཡིག་ཕྲེང་༥ པའི་བར་དུ་བཞུགས་སོ།། །།

སྒར་ཆེན་བཀྲ་ཤིས།

སྒར་ཆེན་བཀྲ་ཤིས་ནི། བཀྲ་ཤིས་ཀྱི་དང་པོ་བཀྲ་ཤིས་པ། །སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཡིན། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀྱི་གཉིས་པ་བཀྲ་ཤིས་པ། །དམ་ཆོས་འཁོར་ལོ་བསྐོར་བ་ཡིན། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག ། བཀྲ་ཤིས་ཀྱི་གསུམ་པ་བཀྲ་ཤིས་པ། །ཞིང་མཆོག་དགེ་འདུན་ཚོགས་རྣམས་ཡིན། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །བཀའ་བརྒྱུད་ངོ་མཚར་ཅན་རྣམས་ཡིན། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །གཟུགས་མེད་གཟུགས་ཀྱི་ཁམས་ཀྱི་ལྷ། །བསམ་གཏན་ནང་གི་དགའ་བདེར་ལྡན། །དེ་བཞིན་བདག་ཅག་བདེ་སྐྱིད་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག ། འདོད་ཁམས་འདོད་ལྷ་རིགས་དྲུག་རྣམས། །འདོད་ཡོན་སྣ་ཚོགས་རྣམས་ཀྱིས་རྩེ། །རྟག་ཏུ་དགའ་དང་བདེ་བར་ལྡན། །དེ་བཞིན་བདག་ཅག་བདེ་སྐྱིད་ཤོག །མི་མཆོག་འཁོར་ལོས་སྒྱུར་རྒྱལ་ནི། །རྒྱལ་སྲིད་བདུན་ལ་སོོགས་པ་ཡིས། །གླིང་བཞིར་ཕུན་སུམ་ཚོགས་པ་ལ། །རྟག་ཏུ་བདེ་ཞིང་སྐྱིད་པར་སྤྱོད། །དེ་བཞིན་བདག་ཅག་བདེ་སྐྱིད་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག ། བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །སྒར་ཆེན་གནས་མཆོག་འཛམ་གླིང་རྒྱན་འདིར་ནི། །ཆོས་རྒྱལ་སྐུ་ཚེ་བརྟན་པར་ཤོག །བསྟན་པ་ཕྱོགས་བཅུར་ཁྱབ་པར་ཤོག །འཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག །མང་པོས་བཀུར་བ་ཤཱཀྱའི་རྒྱལ་པོའི་རིགས། །རྒྱལ་བས་ལུང་བསྟན་བོད་ཀྱི་ཆོས་ཀྱི་རྒྱལ། །མེས་དབོན་རྣམ་གསུམ་སོགས་ཀྱིས་རྒྱལ་བའི་བསྟན། །བོད་དུ་སྤྱན་དྲངས་རྒྱལ་སྲིད་གཉིས་བསྐྱངས་པའི། །བདེན་པ་ཆེན་པོས་དེང་འདིར་བཀྲ་ཤིས་ཤོག །རྒྱ་གར་རྒྱལ་པོའི་རྒྱལ་སྲིད་དང་། །རྒྱ་ནག་རྒྱལ་པོའི་དཔལ་འབྱོར་དང་། །ཧོར་གྱི་རྒྱལ་པོའི་མཐུ་སྟོབས་སོགས། །འཛམ་གླིང་ཀུན་གྱི་ཕུན་ཚོགས་བཅུད། །ཐམས་ཅད་སྒར་གནས་འདིར་འདུ་བར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །སྒར་ཆེན་གནས་མཆོག་འཛམ་གླིང་ཀུན་གྱི་རྒྱན་འདིར་ནི། །བདག་ཅག་བསམ་པ་ཡིད་བཞིན་འགྲུབ་པར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག ། བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག ། བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །ཡུལ་དང་སྐད་རིགས་མི་གཅིག་པ། །མི་རིགས་རྣམ་པ་སྣ་ཚོགས་པ། །བདེ་སྐྱིད་ཡང་ཡང་འདིར་འཚོགས་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །འཕྲལ་སྐྱིད་པ་འཇིག་རྟེན་མི་ཡི་ཆོས། །དགའ་བདེ་སྨོན་བཞིན་ཐོབ་པར་ཤོག །ཕུག་སྐྱིད་པ་དམ་པའི་ལྷ་ཆོས་ལ། །དུས་རྟག་ཏུ་འབྲལ་མེད་འབྱོར་བར་ཤོག ། བཀྲ་ཤིས་ཀྱི་རབ་མ་འ ཛམ་གླིང་རྒྱན། །འཛམ་གླིང་རྒྱན་གྱི་བཀྲ་ཤིས་ཤོག །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །ཅེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྙིང་གི་དཀྱིལ་དུ་མི་འབྲལ་བར་འཛིན་པ་ཀརྨ་པ་ཆོས་གྲགས་རྒྱ་མཚོས་སྦྱར་བའོ། ༈ །སྒར་ཆེན་བཀྲ་ཤིསའདི་ཀཾ་ཆོས་སྤྱོད་རབ་གསལ་རུམ་བཏེག་པར་མའི་ལྡེབ་གྲངས་༢༣༡ མདུན་ངོས་ཡིག་ཕྲེང་༤ པ་ནས་ལྡེབ་གྲངས་༢༣༢ རྒྱབ་ངོས་ཡིག་ཕྲེང་༤ པའི་བར་དུ་བཞུགས་སོ། །

བདེན་གྲུབ་མ།

བདེན་པ་གྲུབ་ཅིང་བདེན་པར་གསུངས་པ་གང་། །མཚུངས་མེད་སྟོན་པ་ཉིད་ཀྱིས་རང་གི་བསྟན། །འཇིག་རྟེན་ཁམས་འདིར་ཡུན་རིང་འབར་གྱུར་པར། །སྨོན་ལམ་མཛད་པ་དེ་བཞིན་ཆེར་འབར་ཤོག །འོག་མིན་གནས་སུ་སྐུ་ནི་རབ་གྲུབ་ནས། །དགའ་ལྡན་དུ་ནི་རྒྱལ་ཚབ་ས་བཅུའི་མགོན། །མ་འོངས་འཛམ་གླིང་འདི་རུ་སྤྲུལ་པའི་སྐུར། །སྣང་མཛད་དེ་ཡི་སྨོན་ལམ་བདག་འགྲུབ་ཤོག །རྒྱལ་བ་བྱམས་པས་རྒྱལ་ཚབ་ཉིད་མཛད་ནས། །བསྐལ་བཟང་སངས་རྒྱས་དྲུག་པ་ནས་བཟུང་སྟེ། །སྣང་མཛད་བར་གྱི་སྤྲུལ་པའི་རྫུ་འཕྲུལ་སྟོན། །ཀརྨ་པ་ཡི་སྨོན་ལམ་བདག་འགྲུབ་ཤོག །ཅེས་པ་འདི་རྒྱལ་དབང་ཆོས་གྲགས་རྒྱ་མཚོས་ཆོས་གྲྭ་རྩེས་ཐང་དུ་སྩལ་བའོ། །དགེ་འདུན་སྡེ་རྒྱས་འཆད་རྩོད་རྩོམ་པ་དང་། །ཐོས་བསམ་སྒོམ་པའི་བྱ་བ་ཀུན་འཕེལ་ཞིང་། །འདུས་པ་མཐུན་དང་ཚེ་རིང་ནད་མེད་སོགས། །འདོད་དགུ་དུ་མས་ཕོངས་པར་མ་གྱུར་ཅིག །འབྱོར་པ་རྣམ་ཐོས་བུས་ཀྱང་འགྲན་མེད་ཅིང་། །བཙུན་ཚུལ་ཉེ་བར་འཁོར་ལྟར་བག་ཡོད་པར། །གཞན་དོན་སྤྱན་རས་གཟིགས་ཀྱི་ཕྲིན་ལས་བཞིན། །ཀརྨ་པ་ཡི་བསྟན་པ་རྒྱས་བྱེད་ཤོག །ཅེས་པ་འདི་མི་བསྐྱོད་པས་སོ། །ཕྱོགས་བཅུའི་ཞིང་དུ་དུས་གསུམ་སངས་རྒྱས་ཀྱི། །ཕྲིན་ལས་མ་ལུས་སྒྲུབ་པའི་ཀརྨ་པ། །ཆོས་གྲགས་རྒྱ་མཚོ་ཞེས་བྱར་གྲགས་དེ་ཡི། །དེང་འདིར་བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག །བདུད་བཞི་ལས་རྒྱལ་རྒྱལ་བའི་ཕྲིན་ལས་པ། །ཀརྨ་པ་བསྟན་བསྟན་པའི་སྙིང་པོ་ནི། །ཕྱོགས་མཐར་ཀུན་ཁྱབ་ཁྱབ་ཅིང་རྒྱུན་མི་འཆད། །རྟག་པར་རབ་འཕེལ་འཕེལ་བའི་བཀྲ་ཤིས་ཤོག །དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན། །མངའ་རིས་རྒྱལ་ཁམས་བོད་ཀྱི་ཡུལ། །ཁ་བ་ཅན་གྱི་བྱང་ཕྱོགས་སུ། །ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་དང་། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །འཛམ་བུ་གླིང་བདེ་བར་མཛད་དུ་གསོལ། །སརྦ་མངྒ་ལཾ།། ༈ །།བཀྲ་ཤིས་བདེན་གྲུབ་མ་འདི་ཀཾ་ཆོས་སྤྱོད་རབ་གསལ་རུམ་བཏེག་པར་མའི་ལྡེབ་གྲངས་༢༢༥ མདུན་ངོས་ཡིག་ཕྲེང་༥ ནས་ལྡེབ་གྲངས་༢༢༦ མདུན་ངོས་ཡིག་ཕྲེང་༦ པའི་བར་དུ་བཞུགས་སོ།། །།

ཡོན་སྦྱོང་བའི་གཟུངས།

ཡོན་སྦྱོང་བའི་གཟུངས་བཞུགས། ན་མོ་བྷ་ག་ཝ་ཏེ། སུ་མེ་རུ་ཀལྤ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཀལྤེ་ཀལྤེ་མ་ཧཱ་ཀལྤེ་ཀལྤེ་པ་རི་ཤོ་དྷ་ནི་སྭཱ་ཧཱ།

པར་སྐྲུན་དགེ་བསྔོ།

འདི་ཕྱིའི་ཚེ་རབས་གཏན་གྱི་སྐྱབས་གཅིག་དཔལ་རྒྱལ་བའི་དབང་པོ་༧སངས་རྒྱས་ཀརྨ་པ་༧ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་པ་དང་ཐུགས་བཞེད་མྱུར་དུ་འགྲུབ་ནས། འཛམ་བུའི་གླིང་འདིར་རིས་མེད་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་དྭགས་བརྒྱུད་ཀརྨ་པ་ཡི་མདོ་སྔགས་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་ཕྱོགས་བཅུར་འཕེལ་ཞིང་རྒྱས་ཏེ་མི་ནུབ་ཡུན་དུ་གནས་པ་དང་། རྒྱལ་བསྟན་སྲི་ཞུ་བསྙེན་བཀུར་ལ་འབད་པའི་སྦྱིན་པའི་བདག་པོ་གཙོ་གྱུར་སྐྱེ་འགྲོ་ཀུན་ཕུན་ཚོགས་སྡེ་བཞིའི་དཔལ་ལ་རོལ་པ་དང་། ལུས་དང་ལས་ཀྱིས་འབྲེ ལ་བའི་ཕ་མའི་གཙོས་ཕྱི་མའི་སྔ་ལམ་དུ་གྱུར་པ་རྣམས་ཀྱི་བྱས་བསགས་སྡིག་ལྟུང་བྱང་ཞིང་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བ་དང་། ཡངས་པའི་ཡུལ་གྲུ་ཀུན་ཏུ་ནད་མཚོན་མུ་གེ་འབྱུང་བཞིའི་གནོད་པ་དང་། ཕྱུགས་ནད་རྒུད་ཚོགས་རིགས་རང་སར་ཞི་ཞིང་ཆོས་འབྱོར་བདེ་དགེའི་དཔལ་ལ་རོལ་པའི་རྒྱུར་དམིགས་ཏེ། དིལ་ཡག་སྒྲུབ་དཔོན་སྤྲུལ་མིང་འཛིན་པ་ཀརྨ་གཞན་ཕན་བློ་གྲོས་ནས་ཉེར་མཁོའི་ཆོ་ག་གཅེས་བཏུས་འདི་ཉིད་ཆོས་སྦྱིན་དུ་པར་སྐྲུན་ཞུས་པ་ལགས། ༈ །གླེགས་བམ་འདི་ལེགས་གྲུབ་བྱུང་བ་ལ་ཡིག་འཇུག ཞུ་དག དཔེ་སྒྲིག འཆར་འགོད་སོགས་ལ་མཐུན་སྦྱོར་གནང་བ་པོ་དིལ་གྲྭ་མཁན་པོ་སངས་རྒྱས་ཕྲིན་ལས། རྫོགས་ཆེན་བསྟན་འཛིན་རྣམ་དག བླ་མ་རབ་བརྟན་ཚེ་རིང་། སྒར་གྲྭ་བཀྲ་ཤིས་དགའ་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།