cover

ཀཾ་ཚང་མན་ངག་གཅེས་བཏུས།

གླེགས་བམ། ག༽

ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།

Nitartha International
Selected Esoteric Instructions of the Karma Kamtsang (25 vols.) Publication supported by Tsadra Foundation

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཀཾ་ཚང་མན་ངག་གཅེས་བཏུས་ལས་ཕྱག་ཆེན་སྐོར་གྱི་གླེགས་བམ་ ག༽ པའི་དཀར་ཆག


KMC003_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་ཚང་མན་ངག་གཅེས་བཏུས་ལས་ཕྱག་ཆེན་སྐོར་གྱི་གླེགས་བམ་ ག༽ པའི་བཞུགས་བྱང་ལ། ༡ 1-2 སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོ་བཞི་སྦྱོར་སོགས་ཀྱི་ངག་འདོན་འཕགས་ལམ་བགྲོད་པའི་ཤིང་རྟ། ༡༦ 3 - 33 རྗེ་བཅུ་བདུན་པས་མཛད་པའི་སྔོན་འགྲོ་བཞི་སྦྱོར་གྱི་ངག་འདོན་མདོར་བསྡུས༑ ༦ 35 - 46 ཞྭ་དམར་ཐམས་ཅད་མཁྱེན་པ་ལྔ་པས་མཛད་པའི་བླ་མ་རྒྱང་འབོད། ༣ 47 - 52 ཕྱག་ཆེན་སྔོན་འགྲོ་བཞི་སྦྱོར་དང་དངོས་གཞིའི་ཁྲིད་རིམ་མདོར་བསྡུས་ངེས་དོན་སྒྲོན་མེ། ༧༦ 53 - 204 རྗེ་རང་བྱུང་རྡོ་རྗེས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ། ༥ 205 - 213 ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱི་འགྲེལ་པ་གྲུབ་པ་མཆོག་གི་ཞལ་ལུང་། ༩༤ 215 -402 སྐུ་གསུམ་ངོ་སྤྲོད་ཆུང་བ། ༡། 403 -428 ཟབ་ཆོས་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ། ༦ 429 - 440 ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་


KMC003_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ཀྱི་སྤྱི་སྡོམ་རྩ་ཚིག ༦ 41 -452 གཉུག་མའི་དེ་ཉིད་གསལ་བ། ༤༩ 453 - 549 བཅས་བཞུགས་སོ།། །།

སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོ་བཞི་སྦྱོར་སོགས་ཀྱི་ངག་འདོན་འཕགས་ལམ་བགྲོད་པའི་ཤིང་རྟ།


KMC003_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོ་བཞི་སྦྱོར་སོགས་ཀྱི་ངག་འདོན་འཕགས་ལམ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།། །།


KMC003_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་རྡོ་རྗེ་འཆང་དབང་རིགས་ཀུན་ཁྱབ་བདག་བླ་མ་ཀརྨ་པ། །དཀྱིལ་འཁོར་ཀུན་གྱི་འབྱུང་གནས་སྲིད་ཞིའི་དཔལ་གྱུར་ཡི་དམ་རྣལ་འབྱོར་མ། །ཕྲིན་ལས་ཀུན་གྱི་བྱེད་པོར་དབང་སྒྱུར་ཆོས་སྐྱོང་བེར་ཅན་ལྕམ་དྲལ་ལ། །རྣལ་འབྱོར་རྩེ་གཅིག་གུས་པས་འདུད་དོ་འབྲལ་མེད་ཐུགས་རྗེས་སྐྱོང་བར་མཛོད། །སྒྲུབ་བརྒྱུད་རིན་པོ་ཆེ་ཡི་ལམ་སྲོལ་ལས། །བྱུང་བའི་བྱིན་རླབས་ཆུ་བོའི་རྒྱུན་ཆེན་པོ། །བདག་གིས་བཤེས་གཉེན་མང་ལ་བརྟེན་བྱས་ཏེ། །ཉམས་སུ་བླངས་ནས་བྱང་ཆུབ་སེམས་བསྐྱེད་ཕྱིར། །རྡོ་རྗེའི་གསུང་


KMC003_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གསལ་བཀོད་པས། །འཕགས་ལམ་བགྲོད་པའི་ཤིང་རྟ་མཆོག །ལམ་འདིར་ཞུགས་པའི་སྐལ་ལྡན་རྣམས། །མ་ཡེངས་བརྩོན་འགྲུས་ལྡན་པར་མཛོད། །དེ་ཡང་སྔོན་འགྲོའི་ཆོས་འདི་རྣམས་རྒྱུན་ཁྱེར་དུ་བྱེད་པའི་ཕྱིར་ཐུན་གྱི་རྔ་སྒྲས་བསྐུལ་བའི་ཚེ་ནའང་། ཕྱི་འདུལ་ཁྲིམས་ཀྱི་དགེ་སློང་དགེ་ཚུལ་དགེ་བསྙེན་གང་ཡིན་པའི་བསླབ་པ་དང་མཐུན་པས་ལྡང་བ། ནང་སྨོན་འཇུག་གི་བྱང་ཆུབ་སེམས་བསྐྱེད་དང་ལྡན་པས་འཚོགས་ལ། དཀོན་མཆོག་གི་རྟེན་ལ་གུས་པས་ཕྱག་འཚལ། གསང་བ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་བཀའ་དང་དམ་ཚིག་ལ་གནས་པས་བཞུགས་གྲལ་དུ་ལུས་བསམ་གཏན་གྱི་ཆོས་ལྔ་དང་ལྡན་པས་འཁོད། འཇིག་རྟེན་ཆོས་བརྒྱད་དབང་དུ་མ་སོང་བར་འཆི་ཆོས་


KMC003_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་བྱེད་དོ་སྙམ་པས་ཞལ་འདོན་གྱི་དུས་སུ་ཡང་རིག་པ་མ་ཡེངས་པར་སྒྲ་དོན་དབྱེར་མེད་དུ་མཉམ་པར་བཞག་ནས་མི་ལུས་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་ཀྱི་ངག་འདོན་ནི། དང་པོ་བསྒོམ་བྱ་དལ་འབྱོར་རིན་ཆེན་འདི། །ཐོབ་དཀའ་འཇིག་སླ་ད་རེས་དོན་ཡོད་བྱ། འཆི་བ་མི་རྟག་པ་ནི། གཉིས་པ་སྣོད་བཅུད་ཐམས་ཅད་མི་རྟག་ཅིང་། །སྒོས་སུ་འགྲོ་བའི་ཚེ་སྲོག་ཆུ་བུར་འདྲ། །ནམ་འཆི་ཆ་མེད་ཤི་ཚེ་རོ་རུ་འགྱུར། །དེ་ལ་ཆོས་ཀྱིས་ཕན་ཕྱིར་བརྩོན་པས་བསྒྲུབ། ལས་རྒྱུ་འབྲས་ནི། གསུམ་པ་ཤི་ཚེ་རང་དབང་མི་འདུ་བར། །ལས་ནི་བདག་གིས་བྱ་ཕྱིར་སྡིག་པ་སྤང་། །དགེ་བའི་བྱ་བས་རྟག་ཏུ་འདའ་བར་བྱ། །ཞེས་བསམ་ཉིན་རེ་རང་རྒྱུད་ཉིད་ལ་བརྟག །འཁོར་བའི་ཉེས་དམིགས་ནི། བཞི་པ་འཁོར་བའི་གནས་གྲོགས་བདེ་འབྱོར་སོགས། །སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བའི་ཕྱིར། །གསོད་སར་ཁྲིད་པའི་གཤེད་མའི་དགའ་སྟོན་ལྟར། །ཞེན་འཁྲིས་བཅད་ནས་བརྩོན་པས་བྱང་ཆུབ་བསྒྲུབ། །ཞེས་པས་ཐུན་མོང་གི་


KMC003_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་བཞི་དང་། དེ་ནས་རྒྱུད་སྣོད་དུ་རུང་ཞིང་ཅི་བྱས་ཐར་པའི་ལམ་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ཁྲིད་ཀྱི་ངག་འདོན་ནི། མདུན་དུ་མཚོ་དབུས་དཔག་བསམ་ལྗོན་ཤིང་གི །སྡོང་པོ་རྩ་བ་གཅིག་ལ་ཡལ་ག་ལྔར། །གྱེས་པའི་དབུས་མར་སེང་ཁྲི་པདྨ་དང་། །ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་ནི། །རྡོ་རྗེ་འཆང་ལ་བཀའ་བརྒྱུད་བླ་མས་བསྐོར། །མདུན་དུ་ཡི་དམ་གཡས་སུ་སངས་རྒྱས་དང་། །རྒྱབ་ཏུ་དམ་ཆོས་གཡོན་དུ་དགེ་འདུན་དང་། །གདན་ཁྲིའི་འོག་ཏུ་ཆོས་སྐྱོང་སྲུང་མ་རྣམས། །སོ་སོའི་རིགས་མཐུན་འཁོར་ཚོགས་རྒྱ་མཚོས་བསྐོར། །མཚོ་མཐའ་ནེའུ་སེང་སྟེང་དུ་མཁའ་ཁྱབ་ཀྱི། །མ་རྒན་ཐམས་ཅད་འཁོད་པར་གྱུར་པ་ལས། །རྩེ་གཅིག་ཡིད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་གྱུར། །བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་


KMC003_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ༴ བདུན་ནམ་ཉེར་གཅིག་གམ་ཅི་ནུས་བརྗོད། དེ་ནས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་


KMC003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་ཏུ་ནི་བསླབ་པ་ལའང་། །རིམ་པ་བཞིན་ཏུ་བསླབ་པར་བགྱི། །ལན་གསུམ་གྱིས་བྱང་སྡོམ་བླང་། དེའི་རྗེས་སུ་རང་དབུགས་དབྱུང་བ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་དང་། གཞན་གཟེངས་བསྟོད་པ་ནི། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་ལ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དང་། སྨོན་ལམ་གདབ་པ་ནི། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །


KMC003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་བརྗོད་པར་བྱའོ། །དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ལན་གསུམ་གྱིས་ཚད་མེད་བཞི་ལ་བློ་སྦྱང་། མཐའ་མར་སྐྱབས་ཡུལ་འོད་ཞུ་བདག་དང་འདྲེས། སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླའི་གདན་གྱི་སྟེང་། །བླ་མ་རྡོ་རྗེ་སེམས་དཔའ་རྒྱན་ལྡན་དཀར། །ཞལ་གཅིག་ཕྱག་གཉིས་


KMC003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པས་རྡོ་རྗེ་དང་། །གཡོན་པས་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པའི་ཚོགས་སྤྱན་དྲངས་ཏེ་བསྟིམ་པས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བསྒོམ་ལ། ངག་ཏུ། བླ་མ་རྡོ་རྗེ་སེམས་དཔའ་རང་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། གསོལ་བ་བཏབ་པས་རྡོར་སེམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་བདུད་རྩིའི་རྒྱུན་བྱུང་བ་དང་སྐུ་ལས་བདུད་རྩི་བབས། བདག་གི་ཚངས་བུག་ནས་ཞུགས་ལུས་གང་བས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་གྱུར། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷྲོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་


KMC003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་ཡི་གེ་བརྒྱ་པ་དང་། ༀ་བཛྲ་ས་ཏྭ་ཧཱུྃ། ཞེས་ཅི་ནུས་བཟླས། མཐར་ཐལ་མོ་སྙིང་གར་སྦྱར་ཏེ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔས་བདག་གི་དབུགས་དབྱུང་ཞིང་། །འོད་ཞུ་བདག་ལ་ཐིམ་པས་གཉིས་མེད་གྱུར། །ཚོགས་གཉིས་རྫོགས་པར་བྱེད་པའི་མཎྜལ་ནི། སྒྲུབ་པའི་མཎྜལ་ཡོད་ན་དེ་ཉིད་ནི། བྷྲཱུཾ་ལས་གཞལ་ཡས་ཁང་དུ་ཚོམ་བུ་ལྔ་དཀོན་མཆོག་ལྔར་བསྐྱེད་དེ། མདུན་གྱི་ནམ་མཁའི་དབུས་སུ་བླ་མ་དང་། །མདུན་གཡས་རྒྱབ་དང་གཡོན་དུ་རིམ་པ་བཞིན། །ཡི་དམ་


KMC003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཆོས་དང་དགེ་འདུན་དང་། །རང་རིགས་འཁོར་བཅས་གཞན་ཡང་གདན་མཚམས་སུ། །ཆོས་སྐྱོང་རྒྱ་མཚོ་ལ་སོགས་དཀོན་མཆོག་རྣམས། །ཚོགས་ཀྱི་ཞིང་མཆོག་དམ་པ་བཞུགས་པའི་དྲུང་། །མཆོད་པའི་མཎྜལ་ལག་ཏུ་བླངས་ནས། རྡུལ་གཙང་ཞིང་དག་པར་ཕྱི་བའི་ཚེ། གཟུང་འཛིན་གྱིས་བསྡུས་པའི་རང་གཞན་གྱི་སྡིག་སྒྲིབ་དག་པར་བསམ་ལ། ༀ་བཛྲ་ས་ཏྭ་སོགས་ཡིག་བརྒྱ་བརྗོད། ཚིག་འདོན་ཞིང་དོན་གསལ་འདེབས་པ་དང་། ཚོམ་བུ་བཀོད་ནས་འབུལ་བ་རྣམས་ཕྱོགས་མཐུན་བྱ་སྟེ། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ་རི་ཡི་རྒྱལ་པོ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། །དཔག་


KMC003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་དེ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཆུས་སོགས་དང་། ཕྱོགས་བཅུ་དུས་


KMC003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། ༀ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པ་གང་རིགས་ཚར་ཅི་ནུས་སུ་འབུལ་ལ་རྗེས་སུ། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །མཎྜལ་གྲངས་གསོག་པ་ཡིན་ན། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་


KMC003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་རྒྱས་བསྡུས་སྐབས་དང་སྦྱར་ཏེ། སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ། །ཕྱི་ནང་གསང་གསུམ་དེ་བཞིན་ཉིད་ཀྱིས་མཆོད། །བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ལ། །བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །ཕྱག་འཚལ་བ་དང་སོགས། བདག་གཞན་མཁའ་མཉམ་བདོག་པ་ཀུན་ཕུལ་ནས། འགྲོ་ཀུན་ཚོགས་གཉིས་རབ་ཏུ་གང་གྱུར་ཏེ། །ཚོགས་ཞིང་འོད་ཞུ་བདག་དང་རོ་མཉམ་གྱུར། །བྱིན་རླབས་མྱུར་དུ་འཇུག་པར་བྱེད་པའི་བླ་མའི་རྣལ་འབྱོར་ནི་ཁྱད་པར་དྭགས་པོ་བཀའ་བརྒྱུད་མོས་གུས་ཀྱི་བཀའ་བབས་པ་ཡིན་པས་རྗེས་འཇུག་རྣམས་ཀྱང་བྱིན་རླབས་འདི་ཆེ་བས་ཐེ་ཚོམ་མེད་པར་སེམས་རྩེ་གཅིག་པས། སྤྱི་བོར་པདྨ་ཟླ་ཉིའི་གདན་སྟེང་དུ། །རྩ་བའི་བླ་མ་རྡོ་རྗེ་འཆང་དབང་པོ། །རྒྱན་ལྡན་རྡོར་དྲིལ་


KMC003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་ཕྱག་རྒྱ་བསྣོལ། །རྡོ་རྗེ་གདན་བཞུགས་བརྒྱུད་པའི་བླ་མ་དང་། །དཀོན་མཆོག་རྒྱ་མཚོ་ཐོ་བརྩེགས་ཁྲོམ་དུ་ཚོགས། །ༀ། ཁྱབ་བདག་དངོས་པོ་ཀུན་གྱི་རང་བཞིན་ཅན། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་འབྱོན་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ། །བདུད་དཔུང་འཇོམས་མཛད་དཔལ་ལྡན་ཧེ་རུ་ཀ །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བདག་གི་དད་པས་དེང་འདིར་གསོལ་འདེབས་ན། །དམིགས་མེད་སྙིང་རྗེའི་དབང་གིས་འདིར་གསལ་མཛོད། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་


KMC003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ལུས་བཤགས་པར་བྱ། །སྡིག་པ་གཞན་ཡང་མི་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང་། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གི་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་སྩོལ་ལོངས་སྐུར་རྟོགས་པར་བྱིན་གྱིས་རློབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །དེ་ནས་ཕྱག་ཆེན་བརྒྱུད་པའི་བླ་མའི་གསོལ་འདེབས་ནི། དངོས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །ས་བཅུའི་དབང་ཕྱུག་བློ་གྲོས་རིན་ཆེན་ཞབས། །འཕགས་ཡུལ་གྲུབ་པའི་གཙོ་བོ་


KMC003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ས་ར་ཧ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །ཆོས་ཉིད་དོན་གཟིགས་འཕགས་པ་ཀླུ་སྒྲུབ་དང་། །ཕྱག་རྒྱ་ཆེ་བརྙེས་དཔལ་ལྡན་ཤ་བ་རི། །སྙིང་པོའི་དོན་གཟིགས་ཇོ་བོ་མཻ་ཏྲི་པ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ལྷོ་བྲག་པ། །གངས་ཅན་གྲུབ་པའི་གཙོ་བོ་མི་ལ་རྗེ། །རྒྱལ་བས་ལུང་བསྟན་དཔལ་ལྡན་སྒམ་པོ་པ། །གསོལ་བ༴ རྒྱལ་བའི་ཕྲིན་ལས་མངའ་བདག་དུས་གསུམ་མཁྱེན། །མཐུ་སྟོབས་དབང་ཕྱུག་འགྲོ་མགོན་རས་ཆེན་ཞབས། །བསྐྱེད་རྫོགས་མཐར་ཕྱིན་རྒྱལ་སྲས་སྤོམ་བྲག་པ། །གསོལ་བ༴ གདུལ་དཀའ་འདུལ་མཛད་དཔལ་ལྡན་ཀརྨ་པ། །དངོས་གྲུབ་གཉིས་བརྙེས་གྲུབ་ཆེན་ཨོ་རྒྱན་པ། །འཛམ་གླིང་བསྟན་པའི་མངའ་བདག་རང་བྱུང་པ། །གསོལ་བ༴ སྔགས་རིགས་གྲུབ་པའི་རྒྱལ་བ་གཡུང་སྟོན་པ། །འཛམ་གླིང་རྒྱན་གྱུར་རོལ་པའི་རྡོ་རྗེའི་ཞབས། །གནས་ལུགས་


KMC003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྟོགས་རྟོགས་ལྡན་མཁའ་སྤྱོད་དབང་། །གསོལ་བ༴ ས་སྐྱོང་གཙུག་རྒྱན་ཆོས་རྗེ་དེ་བཞིན་གཤེགས། །མཁས་པའི་དབང་པོ་རཏྣ་བྷ་དྲའི་ཞབས། །སྲིད་ཞིའི་དཔལ་གྱུར་མཐོང་བ་དོན་ལྡན་ལ། །གསོལ་བ༴ རྡོ་རྗེ་འཆང་དངོས་འཇམ་དཔལ་བཟང་པོ་དང་། །ཐུགས་རྗེའི་བདག་ཉིད་དཔལ་འབྱོར་དོན་གྲུབ་ཞབས། །བྱིན་རླབས་འབྱུང་གནས་ཆོས་གྲགས་རྒྱ་མཚོ་ལ། །གསོལ་བ༴ མཚུངས་མེད་བླ་མ་གྲུབ་ཆེན་ཆོས་ཀྱི་རྗེ། །བཀྲ་ཤིས་དཔལ་འབྱོར་ཞེས་བྱར་རབ་གྲགས་པ། །བསམ་བཞིན་སྐུ་སྤྲུལ་ཆོས་གྲགས་དཔལ་བཟང་ལ། །གསོལ་བ༴ འོད་དཔག་མེད་མགོན་ཞྭ་དམར་ཅོད་པན་འཛིན། །རིགས་དྲུག་ཁྱབ་བདག་རྒྱལ་མཆོག་ཀརྨ་པ། །དཀྱིལ་འཁོར་ཀུན་བདག་དབང་ཕྱུག་རྡོ་རྗེ་ཞབས། །གསོལ་བ༴ དཔག་མེད་འོད་མཚན་བྱིན་རླབས་འཆང་དེ་དང་། །ཨེ་ཡིག་ཕྱག་རྒྱ་ཆེན་པོ་སེང་གེའི་ཁྲིར། །ཝཾ་ཡིག་འགྱུར་མེད་ཆོས་དབྱིངས་རྡོ་རྗེ་ལ། །གསོལ་


KMC003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བ༴ སྒྱུ་འཕྲུལ་དྲྭ་བའི་ཁ་སྦྱོར་རྡོ་རྗེ་སེམས། །འབྲས་རྒྱུད་ཁྱབ་བདག་གར་དབང་རྡོ་རྗེ་འཆང་། །མཆོག་གི་སྤྲུལ་སྐུ་ཡེ་ཤེས་སྙིང་པོའི་ཞབས། །གསོལ་བ༴ བདེ་སྟོང་དབྱེར་མེད་ལྷན་སྐྱེས་ཡེ་ཤེས་སྐུ། །གཞོམ་མེད་རྡོ་རྗེའི་གར་གྱིས་རྣམ་རོལ་པ། །རྒྱལ་ཀུན་ངོ་བོ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ༴ ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཇི་སྙེད་པར། །རྣམ་དཔྱོད་བློ་གྲོས་རྒྱས་པའི་ནུས་སྤོབས་ཅན། །ཚུལ་བཞིན་རྟོགས་པའི་དོན་གཉིས་ལྷུན་གྲུབ་ལ། །གསོལ་བ༴ ཁྱབ་བདག་གདོད་མའི་མགོན་པོ་ཆོས་ཀྱི་དབྱིངས། །མི་ཕྱེད་རྡོ་རྗེ་བཞི་ཡི་གར་རོལ་བ། །ཀུན་མཁྱེན་བླ་མ་བྱང་ཆུབ་རྡོ་རྗེ་ལ། །གསོལ་བ༴ སྟོང་ཉིད་མཛེས་མས་མངོན་འཁྱུད་རྡོ་རྗེ་འཆང་། །འཕོ་འགྱུར་བདེ་བ་འཛག་མེད་ལམ་བཅིངས་པ། །རྣལ་འབྱོར་བསྟན་པའི་ཉིན་བྱེད་གང་དེ་ལ། །གསོལ་བ༴ མི་ཤིགས་སྙིང་པོའི་རང་བཞིན་མངོན་གཟིགས་ནས། །འགྱུར་མེད་ཡེ་ཤེས་མཆོག་


KMC003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བསྒྱུར་བ། །འཇིགས་མེད་བདུད་ཚོགས་འདུལ་བའི་རྡོ་རྗེ་ལ། །གསོལ་བ༴ གདུལ་བྱའི་ཁམས་དབང་མོས་པ་དུ་མའི་ངོར། །དེ་སྙེད་ཐུགས་རྗེའི་རོལ་པ་ཅིར་ཡང་སྟོན། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ། །གསོལ་བ༴ ཀརྨ་པ་བཅུ་བཞི་པས་མཛད། འཁོར་འདས་མཉམ་ཉིད་བདེ་ཆེན་འདུས་མ་བྱས། །དོན་དམ་ཆོས་སྐུའི་རང་ཞལ་ལེགས་སྟོན་པ། །རིགས་ཀུན་ཁྱབ་བདག་པདྨ་ཉིན་བྱེད་ལ། །གསོལ་བ༴ ཡོངས་གྲུབ་ཡེ་ཤེས་དགོངས་པ་མཁའ་ལྟར་དག །ཚད་མེད་ཐུགས་རྗེའི་སྣང་བ་ཀུན་ལ་ཁྱབ། །འགྲོ་བའི་ཉི་མ་ཐེག་མཆོག་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུངས། ཁྱབ་བདག་སྟོན་པ་སྐུ་ལྔའི་རྡོ་རྗེ་འཆང་། །བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོའི་དོན། །མངོན་གྱུར་སངས་རྒྱས་ཡོན་ཏན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །ཁྱབ་བདག་གདོད་མའི་ཀློང་གྲོལ་རྡོ་རྗེ་


KMC003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཀརྨ་ཀ །ཐུགས་རྗེ་ཚད་མེད་མཁའ་ཁྱབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །བྱམས་མགོན་ཐུགས་ཀློང་རོལ་པ་ཁྱབ་བརྡལ་དབྱིངས། །པདྨའི་རྒྱལ་ཚབ་རྒྱལ་བསྟན་འགྲོ་བའི་མགོན། །ཟབ་གསལ་མཚུངས་མེད་པདྨ་དབང་མཆོག་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །རིག་སྟོང་ཟག་མེད་ཆོས་དབྱིངས་རབ་འབྱམས་དང་། །བཻ་རོའི་རྣམ་འཕྲུལ་སྒྲུབ་བརྒྱུད་བསྟན་པའི་མགོན། །མཚུངས་མེད་འཇམ་མགོན་མཁྱེན་བརྩེའི་འོད་ཟེར་མཆོག །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །དུས་གསུམ་རྒྱལ་ཀུན་འདུས་ཞལ་ཆོས་ཀྱི་རྗེ། །རབ་འབྱམས་དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཆང་། །རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །གཞི་ལམ་འབྲས་བུའི་གནས་ལུགས་ཕྱག་རྒྱ་ཆེ། །གཉུག་མའི་རང་ངོ་སྤྲོད་མཛད་


KMC003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་ཅན། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴ དངོས་གྲུབ་གཉིས་སྩོལ་ཡི་དམ་ལྷ་ཚོགས་དང་། །ཕྲིན་ལས་ཀུན་བདག་ཆོས་སྐྱོང་སྲུང་མའི་ཚོགས། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འཁོར་འདས་དངོས་ཀུན་གསལ་བཞག་སྤང་བླང་དང་། །ཡོད་མེད་ལ་སོགས་ཀུན་བྲལ་ཀུན་གྱི་གཞི། །གནས་ལུགས་གཞིའི་ཕྱག་རྒྱ་ཆེ་རྟོགས་ཤོག །རྟོགས་བྱ་རྟོགས་བྱེད་རྟོགས་པ་མ་དམིགས་ཤིང་། །བསྒྲིབ་བྱ་སྒྲིབ་བྱེད་སྒྲིབ་པ་སྤང་མེད་པར། །བགྲོད་བྱ་བགྲོད་བྱེད་ལམ་ལས་རབ་འདས་པའི། །ལམ་གྱི་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག །ཐོབ་བྱ་ཐོབ་བྱེད་ཐོབ་པ་མ་དམིགས་ཤིང་། །སྤང་ཐོབ་གཉིས་མེད་གཞི་འབྲས་དབྱེར་མེད་པ། །དངོས་བྲལ་དངོས་པོ་ཀུན་གྱི་རང་བཞིན་ཅན། །འབྲས་བུའི་ཕྱག་རྒྱ་ཆེན་པོ་མངོན་


KMC003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཤོག ༈ །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་རྣམས་དང་། །འབྲི་སྟག་ཚལ་གསུམ་དཔལ་ལྡན་འབྲུག་པ་སོགས། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མ་རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་རློབས། །ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། །ཚེ་འདིའི་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །མན་ངག་གཏེར་སྒོ་འབྱེད་པའི་བླ་མ་ལ། །རྒྱུན་དུ་གསོལ་བ་འདེབས་པའི་སྒོམ་ཆེན་ལ། །བཅོས་མིན་མོས་གུས་སྐྱེ་བར༴ ཡེངས་མེད་སྒོམ་གྱི་དངོས་གཞིར་


KMC003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་བཞིན། །གང་ཤར་རྟོགས་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱ་བློ་དང་བྲལ་བར༴ རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་བཞིན། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ལ། །མ་འགགས་རོལ་པར་འཆར་བའི་སྒོམ་ཆེན་ལ། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །ཐུན་བཟུང་བའམ། མཚམས་ཀྱི་སྐབས་སུ་འདིར། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །ཞེས་མ་ནམ་བཞི་སྐོར་གྱི་བསྙེན་པའམ། ཀརྨ་པ་


KMC003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ནོ། །སོགས་བྱའོ། །ཡང་ན། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར༴ ཆོས་མིན་རྣམ་རྟོག་འགགས་པར༴ རང་སེམས་སྐྱེ་མེད་རྟོགས་པར༴ འཁྲུལ་པ་རང་སར་ཞི་བར༴ སྣང་སྲིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྤྲོ་ན། བླ་མ་རྒྱང་འབོད་གར་དབང་ལྔ་པས་མཛད་པའི། ཕ་རྗེ་བཙུན་བླ་མ་རིན་པོ་ཆེ། །ཞེས་སོགས་དར་གྲག་ལ་ཡུན་རིང་བར་སྣང་བ་འགྱུར་ངེས་སུ་བྱ། དེ་ནས་དབང་བླང་བ་ནི། དཔལ་ལྡན་བླ་མ་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་སྨིན་བྱེད་དབང་བཞི་བསྐུར་དུ་གསོལ། །རྒྱུད་བཞི་མྱུར་དུ་སྨིན་པར་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པའི་གསོལ་བ་བཏབ་པའི་མོད་ཉིད་ལ། །འཁོར་རྣམས་འོད་ཞུ་གཙོ་བོའི་སྐུ་ལ་ཐིམ། །གཙོ་བོ་དཀོན་མཆོག་ཀུན་འདུས་བདག་ཉིད་ལ། །རྣམ་པ་བླ་མ་དངོས་སུ་གསལ་གྱུར་པའི། །མཛོད་སྤུའི་གནས་


KMC003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་ཟེར་དཀར་པོ་འཕྲོས། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་པའི་དབང་ཐོབ་བསྐྱེད་རིམ་བསྒོམ་ལ་དབང་། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །མགྲིན་པའི་གནས་ནས་འོད་ཟེར་དམར་པོ་འཕྲོས། །རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསང་བའི་དབང་ཐོབ་རྩ་རླུང་བསྒོམ་ལ་དབང་། །ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཐུགས་ཀའི་གནས་ནས་འོད་ཟེར་སྔོན་པོ་འཕྲོས། །རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཤེར་དབང་ཐོབ་ཅིང་སྙོམས་འཇུག་བསྒོམ་ལ་དབང་། །འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གནས་གསུམ་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །གནས་གསུམ་ལ་ཐིམ་སྒོ་གསུམ་དྲི་མ་དག །བཞི་པའི་དབང་ཐོབ་ཕྱག་ཆེན་བསྒོམ་ལ་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །དེ་ནས་བླ་མ་འོད་ཞུ་རང་ལ་ཐིམ། །རང་གི་ལུས་ངག་ཡིད་གསུམ་བླ་མ་ཡི། །རྡོ་


KMC003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གསུམ་པོ་དབྱེར་མེད་རོ་གཅིག་ཅིང་། །ཁྱེར་སོ་གསུམ་ལྡན་ལྷུན་གྲུབ་རང་གྲོལ་ལོ། །ཅེས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞིན། དེ་རྗེས་སྣང་བ་ལམ་དུ་ཁྱེར་བའི་ཕྱིར། རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་རྒྱུན་ཁྱེར་གྱི་རྣལ་འབྱོར་སྟེ། དེ་ཡང་དཀྱིལ་ཆོག་གཞུང་གི་བདག་བསྐྱེད་དམ། ཡང་ན། ༀ་སྭ་བྷཱ་ཝས་བསང་། སྟོང་པའི་ངང་ལས་ཁམས་གསུམ་པོ། །ཐམས་ཅད་ཆོས་འབྱུང་གཞལ་ཡས་ཁང་། །དེ་དབུས་པདྨ་རོ་ཡི་སྟེང་། །རང་སེམས་ཧྲཱིཿལས་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་དོན་བྱས་འདུས། །ཡོངས་གྱུར་བདག་ཉིད་རྣལ་འབྱོར་མ། །ཆོས་སྐུ་ཉག་གཅིག་ཞལ་གཅིག་པ། །ཐབས་ཤེས་ཟུང་འཇུག་ཕྱག་གཉིས་ལ། །བདུད་དཔུང་འཇོམས་མཛད་ཁྲོ་གཉེར་ཅན། །མཆེ་གཙིགས་ཚེམས་ཀྱིས་མ་མཆུ་མནན། །དམར་ལ་གཡོ་ཟླུམ་སྤྱན་གསུམ་འབར། །དབུ་སྐྲ་ཁམ་ནག་འབར་ཞིང་གྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། །འདུ་བྱེད་དག་པའི་རང་བཞིན་གྱི། །ཐོད་རློན་ལྔ་བཅུའི་དོ་ཤལ་


KMC003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱངས། །མེ་ཏོག་དྲིལ་བུ་གཡེར་ཁས་བརྒྱན། །ཕྱིན་དྲུག་རུས་རྒྱན་ཕྱག་རྒྱ་ལྔ། །རྡོ་རྗེ་གྲི་གུག་ཐོད་ཁྲག་བསྣམས། །རུས་པའི་ཁ་ཊྭཱཾ་གྲུ་མོར་བསྟེན། །གཡོན་བརྐྱང་གར་གྱིས་རྣམ་པར་རོལ། །སྟོང་གསུམ་ཁྱབ་པའི་འོད་འབར་བའོ། །ཧ་རི་ནི་སའི་ཡི་གེ་ལས། །སྤྱི་བོར་རྡོ་རྗེ་མཁའ་འགྲོ་སྔོ། །མགྲིན་པར་རིན་ཆེན་མཁའ་འགྲོ་སེར། །སྙིང་གར་པདྨ་མཁའ་འགྲོ་དམར། །ལྟེ་བར་ལས་ཀྱི་མཁའ་འགྲོ་ལྗང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲིས་མཚན་པའི་གྲི་ཐོད་འཛིན། །ཁ་ཊྭཱཾ་འཛིན་ཅིང་རིམ་པ་བཞིན། །སོ་གཉིས་བཅུ་དྲུག་བརྒྱད་དང་ནི། །དྲུག་ཅུ་རྩ་བཞིའི་འཁོར་གྱིས་བསྐོར། །རང་གི་གསང་གནས་ཆོས་འབྱུང་དབུས། །ཧྲཱིཿདང་མཁའ་འགྲོ་བཞིའི་ཐུགས་ཀའི། །ཡི་གེ་བཞི་ལས་འོད་ཟེར་འཕྲོས། །ཨོ་རྒྱན་གནས་ནས་རྣལ་འབྱོར་མ། །འཁོར་བཅས་སྤྱན་དྲངས་ནམ་མཁར་བཞུགས། །དེ་རྣམས་སྐུ་ལས་སྐུ་མང་འཕྲོས། །ལུས་ཐིམ་བདེ་དང་དྲོད་ནུས་


KMC003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །གསུང་ལས་ཨཱ་ལི་ཀཱ་ལི་འཕྲོས། །ངག་ཐིམ་མཐུ་དང་ནུས་པ་བསྐྱེད། །ཐུགས་ལས་བྱང་སེམས་ཆུ་རྒྱུན་བབས། །ཡིད་ཐིམ་བདེ་སྟོང་ཏིང་འཛིན་བསྐྱེད། །ལྷ་རྣམས་རང་རང་སོ་སོར་ཐིམ། །གཉིས་མེད་རིག་བདག་དབུ་བརྒྱན་པའོ། །གཙོ་མོར་རྣམ་སྣང་། །འཁོར་ལོ་བཞིའི་ལྷ་མོ་རྣམས་ལ་རིགས་བཞིས། བཟླས་པའི་རྣལ་འབྱོར་ནི། གསང་བ་ཆོས་འབྱུང་པདྨ་འདབ་བཞིའི་དབུས། །ཧྲཱི་དང་འདབ་བཞིར་ཧ་རི་ནི་ས་སྟེ། །ཧྲཱིཿལས་སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །དོན་ཀུན་སྒྲུབ་བྱེད་འཁོར་ལོ་འོད་འབར་བའོ། །ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མི་སྡོད་པ་གསུམ་གྱི་གནད་བསྐུལ་ཏེ་བསྙེན་པ་ཅི་ནུས་བཟླའོ། །ཐུན་གྱི་མཐར་རྫོགས་རིམ་དང་རྗེས་སྤྱོད་ཀྱི་རྣལ་འབྱོར་ནི། གསང་གནས་ཧྲཱིཿཡིག་འོད་ཀྱིས་སྣོད་བཅུད་རྟེན། །འོད་ཞུ་བདག་དང་དེ་ཡང་ཧྲཱིཿཡིག་ལ། །ཐིམ་ཞིང་ཐིག་ལེ་ནཱ་ད་དེ་ལས་ཀྱང་། །འདས་པས་དམིགས་སུ་མེད་པ་སྟོང་ཉིད་དུ། །ཞུགས་པས་རང་རིག་འོད་


KMC003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བཅོས་མིན་གྱི། །སེམས་ཀྱི་ངོ་བོ་རིག་སྟོང་རྗེན་པར་བུད། །ཅེས་ཅི་གནས་སུ་ཕྱག་ཆེན་ངང་ལ་བཞག །རྗེས་ཐོབ་ཆུ་ལས་ཉ་བཞིན་རང་ཉིད་ནི། །བཅོམ་ལྡན་འདས་མ་སྒྱུ་མ་ལྟ་བུའི་སྐུས། །འཁོར་བ་ཇི་སྲིད་དེ་སྲིད་འགྲོ་དོན་མཛད། ཁ་ཟས་བསྲེག་བླུག་ལུས་ཀྱི་དཀྱིལ་འཁོར་མཆོད། །ཉལ་བ་འོད་གསལ་ཆོས་སྐུའི་རྣལ་འབྱོར་གསལ། །བགོ་བ་སྔགས་ཀྱི་གོ་ཆ་མཚན་དཔེས་བརྒྱན། །འགྲོ་འདུག་དཀྱིལ་འཁོར་ས་ལ་བསྐོར་བ་ཕྱོགས། །སད་རྨི་གཉིད་དང་ཆགས་པའི་གནས་སྐབས་རྣམས། །སྐུ་བཞིའི་རྣལ་འབྱོར་སྒྱུ་མའི་རྣམ་པར་རོ། །ཞེས་རྗེ་ཆོས་ཀྱི་དབང་ཕྱུག་གིས་སྩལ་བའོ། །བསྔོ་བ་སྨོན་ལམ་ནི། དགེ་འདིས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེའི་ཐབས་ཤེས་སྦྱོར་བས་འཆི་མེད་ཀྱི། །ནང་གི་ལམ་ནས་རྡོ་རྗེར་འགྲོ་བ་ཡིས། །སངས་རྒྱས་ཉིད་ཀྱི་གོ་འཕང་ཐོབ་ཕྱིར་བསྔོ། །དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །སོགས། སངས་རྒྱས་སྐུ་གསུམ་


KMC003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་པའི་བྱིན་རླབས་དང་། །སོགས་ཀྱང་བརྗོད་པར་བྱའོ། །རྗེ་བཙུན་དབང་ཕྱུག་རྡོ་རྗེས་རྩལ་བའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་ལེ་ཚན་སོགས་ཀྱི་དགོངས་དོན་ལྟར་སྔོན་འགྲོ་བཞི་སྦྱོར་གྱི་ངག་འདོན་དང་། རྗེ་ཆོས་ཀྱི་དབང་ཕྱུག་གིས་སྩལ་བའི་རྡོ་རྗེ་རྣལ་འབྱོར་མའི་རྒྱུན་ཁྱེར་བཅས་བླ་མ་བརྒྱུད་པའི་ཕྱག་གཞེས་ལྟར་དཀྱུས་གཅིག་ཏུ་བསྡེབས་པ་དགེ་ལེགས་འཕེལ།། །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློང་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདི་འང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།

རྗེ་བཅུ་བདུན་པས་མཛད་པའི་སྔོན་འགྲོ་བཞི་སྦྱོར་གྱི་ངག་འདོན་མདོར་བསྡུས།


KMC003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་བཞི་སྦྱོར་གྱི་ངག་འདོན་མདོར་བསྡུས་བཞུགས་སོ། །


KMC003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཁྱབ་བདག་རྡོ་རྗེ་འཆང་དབང་རིགས་ཀུན་གཙོ་བོ་བླ་མ་ཀརྨ་པ། །དཀྱིལ་འཁོར་ཀུན་གྱི་འབྱུང་གནས་སྲིད་ཞིའི་དཔལ་གྱུར་ཡི་དམ་རྡོ་རྗེ་རྣལ་འབྱོར་མ། །ཕྲིན་ལས་ཀུན་གྱི་བྱེད་པོར་དབང་བསྒྱུར་ཆོས་སྐྱོང་བེར་ཅན་ལྕམ་དྲལ་ལ། །རྣལ་འབྱོར་རྩེ་གཅིག་གུས་པས་འདུད་དོ་འབྲལ་མེད་ཐུགས་རྗེས་སྐྱོང་བར་མཛོད། །འདིར་གང་ཟག་གང་ཞིག་ལམ་ཐུན་མོང་བས་རྒྱུད་སྦྱངས་པ་སྔོན་དུ་སོང་བས། ཚད་ལྡན་གྱི་བླ་མའི་དྲུང་ནས་དབང་དང་གདམས་པ་ལེགས་པར་ཞུས་ཏེ། ཕྱག་ཆེན་གྱི་ཐུན་མིན་སྔོན་འགྲོའི་འདོན་སྒོམ་བགྱི་བ་


KMC003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཐོག་མར་ཅི་བྱེད་ཆོས་སུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ལ། ཐུན་དང་ཐུན་མཚམས་གཉིས་ལས། དང་པོ་ནི། འཇིག་རྟེན་དང་བྱ་བ་གཞན་གྱི་སྤྲོས་པ་བཅད་དེ་བདེ་བའི་སྟན་ལ་ལུས་གནད་གཅུན་ཏེ། རང་མདུན་ནམ་མཁར་བླ་མ་རྡོ་རྗེ་འཆང་། །དེ་ལ་དོན་བརྒྱུད་བྱིན་རླབས་བརྒྱུད་པ་དང་། །ཆོས་འབྲེལ་དད་ཐོབ་བླ་མའི་ཚོགས་ཀྱིས་བསྐོར། །མདུན་དུ་ཡི་དམ་གཡས་སུ་སངས་རྒྱས་དང་། །རྒྱབ་ཏུ་དམ་ཆོས་གཡོན་དུ་དགེ་འདུན་བཅས། །རང་རང་རིགས་མཐུན་འཁོར་ཚོགས་རྒྱ་མཚོས་བསྐོར། །སྐྱབས་ཡུལ་ཀུན་གྱི་སྤྱན་


KMC003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འོག་ཕྱོགས་སུ། །མ་གྱུར་སེམས་ཅན་ཀུན་ཀྱང་འཁོད་གྱུར་པས། །རྩེ་གཅིག་ཡིད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་གྱུར། །བདག་དང་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །ཡི་དམ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །དཀོན་མཆོག་རིགས་ལྔར་སྐྱབས་སུ་འགྲོ་བ་ཅི་ནུས་དང་། དམིགས་པ་དེ་ཉིད་ཀྱི་མུས་སུ་མཐུད་དེ་སེམས་བསྐྱེད་བྱ་བ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་


KMC003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །མཐའ་མར་སྐྱབས་ཡུལ་འོད་ཞུ་བདག་དང་འདྲེས། གཉིས་པ་ཐུན་མཚམས་སུ། རང་རྒྱུད་བཏང་སྙོམས་སུ་མ་ལུས་པར། གཉེན་པོས་བཟུང་སྟེ། བླ་མ་ལ་མོས་གུས་ཇེ་ཆེ། དཀོན་མཆོག་ལ་དད་པ་ཅི་སྐྱེ། སེམས་ཅན་ལ་སྙིང་རྗེ་ཇེ་སྐྱེད་ལ་འབད་དགོས་པ་ཡིན་ནོ། ༈ །སྡིག་སྒྲིབ་དག་པར་བྱེད་པ་རྡོར་སེམས་སྒོམ་བཟླས་ལ་གཉིས་ལས། དང་པོ་ནི། རང་གི་སྤྱི་བོར་པད་ཟླའི་གདན་གྱི་སྟེང་། །བླ་མ་རྡོ་རྗེ་སེམས་དཔའ་རྒྱན་ལྡན་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པས་རྡོ་རྗེ་དང་། །གཡོན་པས་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཟླ་དཀྱིལ་ལ་ཧཱུྃ་དང་སྔགས་ཕྲེང་བཅས་པ་གསལ་བར་དམིགས་ནས་གསོལ་བ་བཏབ་པས་བདུད་རྩིའི་རྒྱུན་སྐུ་ལས་བརྒྱུད་དེ་ཞབས་གཡས་པའི་མཐེ་བོང་ནས་བབས། རང་གི་ཚངས་བུག་ནས་མར་ཞུགས། སྡིག་སྒྲིབ་ཐམས་ཅད་སྣག་ཚའམ་དུད་ཁུ་ལྟ་བུ་ཕྱིར་དོན་ལུས་ཐམས་ཅད་བདུད་རྩིའི་རྒྱུན་དེས་གང་བ་ལ་སེམས་


KMC003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་དེ། ༀ་བཛྲ་སཏྟྭ་ས་མ་ཡ་མ་ནུ་པཱ་ལ་ཡ། །བཛྲ་སཏྟྭ་ཏྭེནོ པཏིཥྛ། དྲྀ་ཌྷོ་མེ་བྷབ། སུ ཏོཥྱོ་མེ་བྷབ། སུཔོཥྱོ་མེ་བྷབ། ཨ་ནུ་རཀྟོ་མེ་བྷབ། སརྦ་སིདྡྷིཾ་མེ་པྲཡཙྪ། སརྦ་ཀརྨསུ་ཙ་མེ་ཙིཏྟཾ་ཤྲེཡཿཀུརུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷགབན྄་སརྦ་ཏཐཱག ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷབ། མ་ཧཱ་ས་མ་ཡ་སཏྟྭ་ཨཱཿ ༀ་བཛྲ་སཏྟྭ་ཧཱུྃ། ཞེས་ཀྱང་ཅི་ནུས་བརྗོད་དེ། ཐམས་ཅད་མཁྱེན་གཟིགས་ལྷ་རྣམས་དགོངས་སུ་གསོལ། །ཐོག་མ་མེད་པའི་དུས་ནས་བདག་ཅག་གིས། །དུག་གསུམ་དབང་གིས་ལུས་ངག་ཡིད་གསུམ་གྱིས། །སྡོམ་གསུམ་རྒྱལ་བའི་བཀའ་ལས་འདས་གྱུར་པ། །ཉེས་ལྟུང་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས། །སླན་ཆད་མི་བགྱིད་མྱོང་བར་མ་གྱུར་ཅིག །ཞེས་སོགས་བཤགས་བསྡམ་བྱ། རྡོ་རྗེ་སེམས་དཔས་ཀྱང་རྣམ་པར་དག་གོ་ཞེས་དགྱེས་པར་མཛད་ཅིང་འོད་དུ་ཞུ་བ་རང་ལ་བསྟིམས་ནས་མཉམ་པར་བཞག །གཉིས་པ་ནི། ཉོན་མོངས་དང་རྣམ་རྟོག་ཅི་ཤར་ཡང་། ཤར་མ་ཐག་ཏུ་དྲན་པས་བཟུང་ནས་འཕྲོ་རྦད་བཅད་ནས་འཛིན་མེད་ཀྱི་ངང་དུ་བཞག །སེམས་ཅན་གང་མཐོང་


KMC003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དྲན་གསུམ་བྱུང་རིགས་དང་། ལྷག་པར་སྡིག་པོ་ཆེ་ལ་དམིགས་ནས་རྡོར་སེམས་སྤྱི་བོར་བསྒོམ་ཞིང་ཡིག་བརྒྱ་བརྗོད་དོ། ༈ །ཚོགས་གཉིས་རྫོགས་པར་བྱེད་པ་མཎྡལ་གྱི་ཆོ་ག་ལ་གཉིས་ལས། དང་པོ་ནི། ཞིང་གཙོ་བོར་གྱུར་པ་སྒྲུབ་པའི་མཎྡལ། དངོས་པོ་གཙོ་བོར་གྱུར་པ་མཆོད་པའི་མཎྡལ་གཉིས་ལས་དང་པོ་ནི། མཎྡལ་གྱི་གཞི་གང་ཡང་རུང་བར་ཕྱོགས་བཞིར་དབུས་དང་ལྔར། པདྨའི་སྡོང་པོ་རེ་རེར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་སྟེང་དུ། དབུས་སུ་བླ་མ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་དུ་དགེ་འདུན་དཀོན་མཆོག་རྣམས་དང་། མཐར་དམ་པའི་ཆོས་སྐྱོང་བ་དང་བཅས་པ་དམིགས་ལ། དོན་དྲན་བཞིན་པས་ཡན་ལག་བདུན་པ་ཡང་འབུལ་ཏེ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པའི། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་བཤགས་པར་བྱ། །སྡིག་པ་གཞན་ཡང་སླད་ཆད་


KMC003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོང་པ་དང་། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །མཆོད་པའི་མཎྡལ་བླངས་ནས། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག ། ཨིདཾ་གུརུ་ུརཏྣ་མཎྜལ་ཁཾ་ནཱིཪྻཏཡ་མི། ཞེས་མཎྡལ་འདོན་སྒོམ་སྦྲགས་པ་བློ་ལ་རྣམ་པ་གསལ་པོར་མ་ཤར་གྱི་བར་དུ་འབུལ། མཐར་མཆོད་ཡུལ་སོགས་ལ་འཁོར་གསུམ་གྱི་རྟོག་པ་མེད་པར་མཉམ་པར་བཞག །གཉིས་པ་ནི། རང་འདོད་ཀྱི་འཁྲི་བ་སྤངས་ནས་སྒོ་གསུམ་བླ་མ་དང་དཀོན་མཆོག་ལ་འབུལ། ཁྱད་པར་སྐྱབས་གནས་དེ་དག་


KMC003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྟེན་ལ་སྲི་ཞུ་དང་རིམ་གྲོ་སོགས་བྱའོ། །བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ལ་གཉིས་ལས། དང་པོ་ནི། ཐུན་མིན་དང་ཐུན་མོང་གཉིས་ལས་འདིར་ཕྱི་མ་ལྟར་སྒོམ་ན། རང་ཡི་དམ་གྱི་ལྷར་མོས་ཏེ། སྤྱི་བོར་པདྨ་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་རྡོ་རྗེ་འཆང་དབང་པོ། །སྔོ་བསངས་རྡོར་དྲིལ་འཛིན་པའི་ཕྱག་རྒྱ་བསྣོལ། །རིན་ཆེན་རྒྱན་མཛེས་མཚན་དཔེ་རབ་ཏུ་འབར། །ཕྱོགས་དུས་རྒྱལ་ཀུན་འདུས་པའི་ངོ་བོར་གསལ། །ཡན་ལག་བདུན་པ་གོང་བཞིན་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་


KMC003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ། །སྐུ་བཞི་མ་དང་། བླ་མ་རིན་པོ་ཆེ། དོན་གྱི་བརྒྱུད་པ་ཅན། བྱིན་རླབས་ཀྱི་འཕོ་བ་མཁན། རྟོགས་པའི་གདེང་ཚད་ཅན། མངོན་ཤེས་སྤྱན་དང་ལྡན་པ། རྫུ་འཕྲུལ་བཀོད་པ་བསྟན་ཏེ། བཟོད་མེད་བཀའ་དྲིན་སྩོལ་བ། སངས་རྒྱས་ལག་བཅངས་སུ་གཏོད་པ། ཐ་མལ་སྣང་བ་བསྒྱུར་ཏེ། དག་པ་རབ་འབྱམས་སྟོན་པ། འཕགས་པ་འཇིག་རྟེན་དབང་ཕྱུག །སྙིང་ཁོང་རུས་པའི་གཏིང་ནས། གཅིག་ཐུབ་གསོལ་བ་འདེབས་སོ། །ཐུགས་རྗེས་འཛིན་པར་ཞུ་དང་། དངོས་གྲུབ་ཀྱི་ཚན་ཁ་ཅན། བཀའ་བརྒྱུད་རྩོད་པ་མེད་པ། དམུ་རྒོད་འདུལ་བའི་ནུས་པ། འཕྲིན་ལས་འགྲན་ཟླ་བྲལ་བ། རྫོགས་པའི་སངས་རྒྱས་དམ་པ། སྒོ་གསུམ་དགེ་རྩ་དང་བཅས་པ། མཐའ་མེད་སེམས་ཅན་དོན་དུ། ད་ལྟ་ཉིད་དུ་འབུལ་ལོ། །བརྩེ་བ་ཆེན་པོས་བཞེས་ཤིག །བཞེས་ནས་འགྲོ་བ་ཀུན་གྱི། གཏན་སྐྱབས་ཐུབ་པའི་བླ་མ། རྗེ་བཙུན་ཁྱེད་རང་ལྟ་བུར། སྙིིང་


KMC003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱིན་གྱིས་རློབས་ཤིག །ཀར་མཁྱེན་དང་གཞན་ཡང་གསོལ་འདེབས་ཡུན་རིང་དུ་བྱ། བླ་མ་རྡོ་རྗེ་འཆང་རབ་ཏུ་དགྱེས་པའི་སྐུའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་སྒོ་གསུམ་གྱི་དྲི་མ་དག །དབང་བཞི་ཐོབ། སྐུ་བཞི་མངོན་དུ་བྱས། མཐར་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པ་ལ་སེམས་བཞག་གོ །གཉིས་པ་ནི། སྤྱོད་ལམ་ཐམས་ཅད་དུ་བླ་མའི་སྣང་བ་དང་མི་འབྲལ་བར་བྱ། སྐྱིད་སྡུག་ཐམས་ཅད་བླ་མའི་སྐུ་དྲིན་དུ་བལྟ་ཞིང་། རྗེའི་བཞེད་པ་དང་རང་གི་འདོད་པ་རྒྱབ་འགལ་དུ་མ་སོང་བར་ཐུགས་ཡིད་གཅིག་འདྲེས་སུ་ཤོག་སྙམ་པའི་མོས་པ་འཕྲལ་འཕྲལ་བསྐྱེད། མདོར་ན་ཞི་སོགས་ཀྱི་ལས་གང་སྒྲུབ་ཀྱང་དམིགས་རྣམ་བསྒྱུར་བ་ཙམ་ལས་བླ་མ་ཉིད་ཀྱིས་ཆོག་པར་བྱའོ། །ཚུལ་འདི་རང་གི་འཕྲལ་མཁོར་རྗེ་ཞྭ་དམར་ལྔ་པའི་སྔོན་འགྲོའི་མན་ངག་དང་མཐུན་པར་ཀརྨ་པར་འབོད་པ། ཨོ་རྒྱན་ཕྲིན་ལས་པས་སྟོད་རྒྱུད་གཙུག་ལག་ཁང་དུ་ཆུ་སྟོད་ཀྱི་ཉ་བའི་ཡར་ཚེས་དགུ་ལ་གྲུབ་པར་སྦྱར་བའོ།། ༢༠༠༦ ༨ ༣ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློང་པའི་སྙིང་གི་


KMC003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་བསྐྱིལ། །ཅེས་པ་འདི་འང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།

ཞྭ་དམར་ཐམས་ཅད་མཁྱེན་པ་ལྔ་པས་མཛད་པའི་བླ་མ་རྒྱང་འབོད།


KMC003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་དམར་ཐམས་ཅད་མཁྱེན་པ་ལྔ་པས་མཛད་པའི་བླ་མ་རྒྱང་འབོད་བཞུགས་སོ། །


KMC003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མ། ཕ་རྗེ་བཙུན་བླ་མ་རིན་པོ་ཆེ། །ཁྱེད་སངས་རྒྱས་ཀུན་དང་དབྱེར་མེད་པའི། །ངེད་མོས་པའི་བུ་ལ་ཐུགས་བརྩེ་བས། །འཕྲལ་རྒྱལ་སྲས་མཆོག་གི་ཚུལ་བཟུང་ནས། །ལར་བསམ་ཞིང་སྐྱེ་བ་བཞེས་མཛད་པའི། །དཔལ་ཀརྨ་པ་ཞེས་ཡོངས་སུ་གྲགས། །རྗེ་ཁྱེད་ཀྱི་བྱིན་རླབས་མི་དམན་ཡང་། །རྒྱུད་ཉོན་མོངས་དྲག་པོས་ཡོངས་བཟུང་ནས། །ལས་ནག་པོའི་སྤྱོད་པ་དར་བའི་ཚེ། །དུས་སྙིགས་མ་ལྔ་བདོའི་སེམས་ཅན་རྣམས། །འོག་ངན་སོང་གཡང་ས་ཁོ་ནར་


KMC003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ལས་སྔར་བྱས་རྣམས་ལ་དོན་མ་མཆིས། །ཆོས་སྔར་བྱས་རྣམས་ལ་ཆོས་བརྒྱད་འདྲེས། །ལམ་རྣལ་མ་སྒྲུབ་པ་གཅིག་མ་དྲན། །ད་ཁྱེད་རང་མིན་པ་རེ་ས་མེད། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ལར་གཤིན་རྗེའི་སྐྱེས་བུའི་རྒྱབ་ནས་དེད། །དུས་ལོ་ཟླ་ཞག་གི་མདུན་ནས་བསུ། །འཕྲལ་རྣམ་གཡེངས་བྱ་བས་བར་ནས་བྲིད། །དེ་མ་ཚོར་བསླུས་ཤིག་བྱུང་ཉན་འདུག །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །གཞོན་དབང་པོ་


KMC003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཚེ་བྱིས་པའི་སེམས། །ལུས་དར་ལ་བབ་ཚེ་བྲེལ་བས་གཡེངས། །ད་རྒས་ཤིང་འཁོག་པར་གྱུར་པའི་ཚེ། །ཆོས་གཤའ་མར་དྲན་ཀྱང་ཕྱིས་ནས་སོང་། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །རང་སྡོད་པར་འདོད་ཀྱང་སྡོད་དབང་མེད། །ནོར་ཁྱེར་བར་འདོད་ཀྱང་ཁྱེར་མི་གཏུབ། །གྲོགས་འགྲོགས་པར་འདོད་ཀྱང་རང་གཅིག་པུ། །སང་འཇིག་རྟེན་ཕ་རོལ་འགྲོ་བར་ངེས། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ཚེ་འདི་ཡི་བག་ཆགས་འཕེན་པའི་མཐུས། །ལམ་བར་དོའི་འཕྲང་ལ་ཅི་འདྲ་ཨང་། །དཔེ་མདང་སུམ་ཉལ་བའི་རྨི་ལམ་བཞིན། །ལར་རང་དབང་ཐོབ་པ་ཤིན་ཏུ་དཀའ། །ཕ་ཐུགས་རྗེས༴ སྤྱིར་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྒོས་མི་རྟག་ལུས་ལ་སྙིང་པོ་མེད། །འདི་ནམ་མཁར་ཤར་བའི་འཇའ་ཚོན་འདྲ། །དེ་བདེན་པར་བཟུང་ཡང་ཡལ་ནས་འགྲོ། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ཡར་སངས་རྒྱས་རྣམས་ལ་དད་པ་མེད། །མར་སེམས་ཅན་རྣམས་


KMC003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙིང་རྗེ་ཆུང་། །གོས་ངུར་སྨིག་གྱོན་ཀྱང་གཟུགས་བརྙན་ཙམ། །སྐྲ་སྤུ་གྲིས་བཞར་ཡང་དོན་སྒོ་ཆུང་། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ཆོས་ཐོས་པ་མང་ཡང་གནད་མ་ཁྲོལ། །ཁ་བཤད་པ་ཆེ་ཡང་རྒྱུད་མ་དུལ། །གནས་རི་ཁྲོད་འགྲིམ་ཀྱང་ཁྱིམ་ལ་སྲེད། །མིག་ལྟ་སྟངས་བྱས་ཀྱང་ཉམས་མྱོང་མེད། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །མི་གཞན་གྱི་སྐྱོན་འཚང་ཆུང་ངུ་རིག །རང་ཁོང་ནས་རུལ་བ་ཡེ་མ་ཚོར། །མི་གཞན་གྱི་མགོ་བོ་བསྐོར་བསྐོར་ནས། །སྡུག་རང་གིས་ཉོས་པ་མ་ལགས་སམ། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ཁོང་རྒྱལ་བའི་གསུང་རབ་མ་ལུས་ཀུན། །སེམས་རྒྱུད་ལ་ཨེ་ཕན་མི་སེམས་པར། །ཁེ་དྲག་པ་སྒྲུབ་ཕྱིར་ཐོས་བསམ་བྱས། །དེ་ཐར་པའི་ལམ་དུ་ཨེ་འགྲོ་ཨང་། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ཁྱོད་ཆོས་པའི་ཚུལ་གྱིས་འཇིག་རྟེན་བསྒྲུབ། །ལར་སྐྱེ་བོ་ཀུན་གྱི་མཆོད་པ་ལེན། །ཚེ་ཡང་ཡེངས་བྱ་བའི་ངང་དུ་


KMC003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། །དབུགས་ཁྲོག་གེར་འགྲོ་དུས་ཅི་འདྲ་ཨང་། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །བདག་དེ་སླད་སྐྱོ་བ་གཏིང་ནས་སྐྱེས། །ཡར་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །སྤྱིར་སྙིགས་མའི་དུས་ཀྱི་སེམས་ཅན་དང་། །སྒོས་ཆོས་པའི་ཚུལ་ཅན་བདག་སོགས་ལ། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །བུ་ང་ལ་རེ་ས་གཞན་ན་མེད། །བྱ་བྲལ་གྱི་སྐྱིད་སྡུག་ཁྱེད་རང་ཤེས། །དབྱིངས་ཟག་མེད་བདེ་ཆེན་ཕོ་བྲང་ནས། །མགོན་ཁྱེད་དང་དབྱེར་མེད་རོ་གཅིག་ཤོག །ཞེས་དཔལ་ཙཱ་རི་ཏྲའི་རིན་ཆེན་ཕུག་ཏུ་ཞྭ་དམར་དཀོན་མཆོག་ཡན་ལག་གིས་མཛད་པའོ།། །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློང་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདི་འང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།

ཕྱག་ཆེན་སྔོན་འགྲོ་བཞི་སྦྱོར་དང་དངོས་གཞིའི་ཁྲིད་རིམ་མདོར་བསྡུས་ངེས་དོན་སྒྲོན་མེ།


KMC003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་སྔོན་འགྲོ་བཞི་སྦྱོར་དང་དངོས་གཞིའི་ཁྲིད་རིམ་མདོར་བསྡུས་ངེས་དོན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


KMC003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བརྒྱའི་སྤྱི་མེས་མར་མི་དྭགས་གསུམ་དང་། །དཔ ལ་ལྡན་དུས་གསུམ་མཁྱེན་པའི་བཀའ་བརྒྱུད་ནི། །ཡིད་བཞིན་ནོར་བུའི་ཕྲེང་འཛིན་རྡོ་རྗེ་འཆང་། །པདྨ་ཉིན་བྱེད་དབང་པོར་སྤྱི་བོས་བཏུད། རྫོགས་པའི་སངས་རྒྱས་མཆོག་ཁྱོད་ཀྱིས། །བདག་སོགས་སེམས་ཅན་མ་ལུས་པ། །སྐྱེ་དང་ཚེ་རབས་རྗེས་བཟུང་ནས། །གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དེ་ཡང་རང་རེ་རྣམས་མི་ལུས་ཐོབ། ཆོས་སྒོར་ཞུགས་པའི་དོན་གོ་དེ། བློ་ཆོས་སུ་འགྲོ་དགོས། བློ་ཆོས་སུ་འགྲོ་བར་བྱེད་པ་ལ་དཀོན་མཆོག་


KMC003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡོན་ཏན་ཤེས་ནས་ཡིད་ཆེས་པའི་དད་པ་ཡོད་དགོས། །དད་པ་དེའང་འཆི་བ་མི་རྟག་པ་མ་དྲན་ན་རྐང་ཐུབ་པ་མི་འབྱུང་བས་ཐོག་མར་མི་རྟག་པ་བསྒོམ་དགོས་པའི་རྒྱུ་མཚན་དེ་ཡིན། མི་རྟག་པའང་དལ་འབྱོར་རྙེད་དཀའ་ཤེས་པ་ལ་བརྟེན་ནས་སྐྱེ་བས་ཐུན་མོང་གི་སྔོན་འགྲོ་བཞི་པོའི་རྩ་བ། །དང༷་པོ༷འམ་ཐོག་མར་བསྒོམ༷་བྱ༷་ནི། །མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པས་དལ༷་བ་བརྒྱད་དང་འབྱོར༷་པ་བཅུ་ལྡན་གྱི་མི་ལུས་ཡིད་བཞིན་གྱི་ནོར་བུ་རི༷ན་པོ་ཆེ༷་ལས་ཀྱང་ལྷག་པ་འདི༷་རྙེད་པར་དཀའ་


KMC003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུ་མཚན་བསམ་པ་སྟེ། དེའང་ཚ་གྲང་གི་སྡུག་བསྔལ་ཅུང་ཟད་ཀྱང་བར་མཚམས་མེད་པར་མྱོང་བའི་དམྱལ༷་བ༷། ལྟོོག་སྐོམ་གྱི་སྡུག་བསྔལ་ཁོ་ནས་གཟིར་བའི་ཡི་དྭགས། བླུན་ཅིང་རྨོངས་པས་ཅི་འང་མི་གོ་མི་ཤེས་པས་དུད་འགྲོ། ཆོས་དར་བའི་ས་ཆ་ནི་རྒྱ་ཆུང་། ཆོས་མི་དར་བའི་ས་ཆ་ཤིན་ཏུ་མང་བས་མཐའ་འཁོབ་དེ་དག་ཏུ་སྐྱེས་ནས་ཆོས་སྒྲ་མི་གོ་བ་ཀླ༷་ཀློ༷། འདོད་ཡོན་དང་ཏིང་ངེ་འཛིན་ལ་ཆགས་པས་གཡེང་བས་ཆོས་ཀྱི་སྣང་བ་མེད་པའི་འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་ཁམས་ཀྱི་ལྷ་ཚེ་རིང་པོ། མུ་སྟེགས་ཅན་དང་ཆོས་ལ་རང་བཞིན་གྱིས་ཡིད་མི་དགའ་བའི་ལོག་ལྟ་ཅན་སྟེ། སངས་རྒྱས་མ་བྱོན་པའི་མུན་བསྐལ་དཀོན་མཆོག་གསུམ་གྱི་མཚན་མི་གྲགས་པས་འཇིག་རྟེན་སྟོངས་པ། ལྐུགས་པ་སྟེ་ཁམས་སྐད་དུ་གླེན་པ་ཞེས་ཆོས་ལ་བློ་ཁ་མི་ཕྱོགས་པའི་བླུན་པོ་བཅས། དེ་རྣམས་ཆོས་སྒྲུབ་པའི་སྐལ་པ་མེད་ཅིང་རང་གི་ལས་ཀྱིས་མནར་བས་ཁོམ་སྐབས་མེད་པ་སྟེ། རང་རྒྱུད་རྟེན་གྱིས་མི་ཁོམ་པ་བརྒྱད་དུ་ད་རེས་


KMC003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་པས་དལ་བ་བརྒྱད་ལྡན། ཆོས་བྱེད་ནུས་པའི་ལུས་ཐོབ་ཀྱང་། ཆོས་རྣམ་པར་དག་པ་ཞིག་བྱེེད་ན་དེའི་སྟེང་དུ་མི་ཁོམ་པ་བཅུ་དྲུག་གིས་མ་གོས་པ་ཞིག་དགོས་ཏེ། དེའང་དུག་ལྔ་ཤིན་ཏུ་རགས་པས་རྒྱུད་དཀྲུགས་པ། སྡིག་པའི་གྲོགས་པོས་ཟིན་པ། ལྟ་སྤྱོད་ཕྱིན་ཅི་ལོག་པ། ལེ་ལོ་ཆེ་བ། སྔོན་ལས་ངན་པ་སད་ནས་བར་ཆད་ཀྱི་མཚོ་རྡོལ་བ། གཞན་དབང་ཅན་བྲན་ནམ་གཡོག་པོ་ལྟ་བུར་གྱུར་པ། ལྟོ་གོས་སམ་འཆི་བ་ཙམ་གྱིས་འཇིགས་ནས་ཆོས་ལ་ཞུགས་ནས་ཆོས་མིན་སྤྱོད་པ། རྙེད་བཀུར་དང་སྙན་གྲགས་ཀྱི་ཕྱིར་དུ་ཆོས་ལྟར་བཅོས་པ་བཅས་འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་བརྒྱད་དང་། ལུས་ལོངས་སྤྱོད་སོགས་ལ་ཞེན་ཆགས་ཆེ་བ། མི་གཞི་ཤིན་ཏུ་རྩུབ་པས་ཀུན་སྤྱོད་ངན་པ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཇི་ཙམ་བཤད་ཀྱང་མི་སྐྲག་པ། ཐར་པའི་ཕན་ཡོན་ཇི་ཙམ་བཤད་ཀྱང་མི་དད་པ། མི་དགེ་བ་ལ་རང་བཞིན་གྱིས་དགའ་བ། ཁྱི་ལ་རྩྭ་བྱིན་པ་ལྟར་ཆོས་ལ་མི་སེམས་པ། སེམས་བསྐྱེད་དང་སྡོམ་


KMC003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩ་བ་ཉམས་པ། བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་པ་སྟེ། རིས་ཆད་བློའི་མི་ཁོམ་པ་བརྒྱད་བཅས་བཅུ་དྲུག་པོ་དེ་རྣམས་ཀྱིས་ཀྱང་ཆོས་རྒྱུད་ལ་མི་སྐྱེེ་ཞིང་ངན་སོང་དུ་འགྲོ་བའི་རྩ་བ་བྱེད་པས་སྔར་རང་རྒྱུད་དུ་མ་གོས་པ་ལ་དགའ་བ་དང་། ཕྱིན་ཆད་མི་འབྱུང་བའི་ཐབས་ལ་བསླབ། མི་ཁོམ་པ་བརྒྱད་ལས་ལོག་པའི་མི་ལུས་རིན་པོ་ཆེ་ཉིད་ཐོབ། ཆོས་ཚིགས་ཀྱི་དབང་གིས་ཡུལ་དབུས་ཆོས་དར་སར་སྐྱེས། མིག་སོགས་དབང་པོ་སྒོ་ལྔ་ཚང་བས་ཅི་བསླབ་ཤེས། ལྟ་བ་ལོག་པ་དང་མ་འཕྲད་ཅིང་རྒྱལ་བསྟན་གྱི་སྒོར་ཞུགས་པས་ལས་ཀྱི་མཐའ་མ་ལོག །གནས་དཀོན་མཆོག་གསུམ་ལ་ཡིད་ཆེས་པས་དད་པ་སྟེ་རང་འབྱོར་ལྔ་དང་། འཇིག་རྟེན་ཁམས་དུ་མ་ཆགས་ཤིང་ཞིག་ཀྱང་སངས་རྒྱས་ལན་རེ་ཙམ་ཡང་འབྱོན་དཀའ་བ་ལ་ད་རེས་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན། རང་སངས་རྒྱས་སོགས་བྱོན་ཡང་ཆོས་མི་གསུང་བ་ལ་ད་རེས་རྒྱལ་བ་དེས་དམ་པའི་ཆོས་ཟབ་རྒྱས་གསུངས། དེ་སྔ་བསྟན་པའང་མ་ནུབ་པར་གནས། བསྟན་པ་དེའི་


KMC003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཇུག་པའང་མང་། སེམས་ཅན་གཞན་དག་ན་རྒ་སོགས་ཀྱི་ཕྱིར་ངེས་འབྱུང་དང་ལྡན་པས་ཆོས་བྱེད་རྣམས་ལའང་སྙིང་བརྩེ་བས་ཟས་གོས་ཡོ་བྱད་སྟེར་བ་སོགས་ཆོས་མཐུན་གྱི་འཚོ་བས་མི་ཕོངས་པ་སྟེ་གཞན་འབྱོར་ལྔ་བཅས་བསྡོམས་པས་བཅུ་དང་ཡང་ལྡན། སེམས་ཅན་ཐམས་ཅད་ནི་སྡིག་པའི་ལས་ལ་རང་བཞིན་གྱིས་སྤྱོད་པ་ཤ་སྟག་ཡིན་ཞིང་། དགེ་བ་བྱེད་པ་ཆེར་ཉུང་། དགེ་བའི་ནང་ནས་ཀྱང་མི་ལུས་ཐོབ་བྱེེད་ཀྱི་ཚུལ་ཁྲིམས་སྲུང་ཐུབ་པ་ཆེས་དཀའ་བའི་རྒྱུ་མཚན་གྱིས་ངན་སོང་གསུམ་གྱིས་ལུས་ས་ཆེན་པོའི་རྡུལ་ཙམ་ཡོད་ཀྱང་ལྷ་མིའི་འགྲོ་བ་ཤིན་ཏུ་ཉུང་། དེ་ལས་ཀྱང་ཆོས་ལྡན་གྱི་མི་ལུས་ནི་སྲིད་མཐའ་ཙམ་ལས་མེད་དེ། དཔེར་ན་རྡོ་ལེབ་གཅིག་གི་འོག་ཏུ་འབུ་སྲིན་རྩིས་མི་ཐེབ་པ་ཡོད། རྒྱལ་ཁམས་གཅིག་གི་འོག་ན་རྩིས་མི་ཐེབ་པའི་མི་མེད། དེ་ལ་ཆོས་བྱེད་པའི་མི་ཆ་ཤས་ཙམ་ལས་མེད། དེ་ལས་ཀྱང་ཆོས་ཚུལ་བཞིན་བྱེད་པ་ནི་ཉིན་མོའི་སྐར་མ་དང་འདྲ། ལུས་རྟེན་འདིའང་མེ་ཆུ་དུག་མཚོན་གཟའ་


KMC003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་གཡང་ས་སོགས་ཀྱི་འཇིགས་པ་ནམ་འོང་ཆ་མེད་ཅིང་འཆི་བའི་རྐྱེན་མང་། གསོན་པའི་རྐྱེན་ཉུང་། ཤི་གསོན་གཉིས་ཀྱི་བར་ལ་དབུགས་ཧར་བ་འདི་ཕྱི་སྡུད་ནང་སྡུད་ཀྱི་ཁྱད་ལས་མེད་པས་ཆུ་ུཡི་ཆུ་བུར་ལས་ཀྱང་འཇིག་སླ། དེས་ན། བདག་གིས་ད་རེས་ཐོབ་པའི་མི་ལུས་རིན་པོ་ཆེ་འདི་འདྲ་བ་ནི་གཏན་ནས་མི་རྙེད། འདི་དོན་མེད་དུ་བཏང་མི་གྲ། དུད་འགྲོའི་ལུས་ལྟ་བུ་ཞིག་བླངས་ན་བྱང་ཆུབ་ཐོབ་ཐབས་ཕར་ཞོག །མ་ཎི་རྡོག་གཅིག་ཙམ་བཏོན་མི་ཤེས་པའི་སྟེང་ངན་སོང་གི་རྒྱུ་མང་པོ་ཞིག་ཤུགས་འབྱུང་དུ་བསགས་འདུག །མི་ལུས་འདི་ལ་བརྟེན་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡང་སྒྲུབ་ནུས་པར་འདུག་པས་དོན་ཆེན་པོ་འདི་དེ་སྔ་དེ་ཙམ་དོན་མེད་ཆུད་ཟོས་སུ་བཏང་འདུག །འཇིག་རྟེན་པ་རྣམས་ཀྱང་ཕུག་གི་བེད་ལ་བལྟས་ནས་འཕྲལ་དུ་སོ་ནམ་སོགས་ལ་དཀའ་བླས་ཇི་ཙམ་ནུས་འདུག །བདག་གིས་སྐྱེ་བ་གཏན་གྱི་འདུན་མ་སྒྲུབ་པ་ལ་དཀའ་སྤྱད་སྙིང་རུས་ཅུང་ཟད་རེ་ཡང་མི་ནུས་པ་འདི་སྙིང་རུལ། མདོ་ཤོར།


KMC003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱིས་བསླུས་འདུག །ད་ནི་ཉི་མ་དེ་རིང་ནས་བཟུང་སྟེ་དམ་པའི་ཆོས་ཁོ་ན་ལ་བརྩོན་ནས་དོན་ཡོད་པ་མི་བྱེད་རེ་སྙམ་དུ་ཡང་ཡང་བསྒོམ། སྤྱིར་ཡང་བྱ་བ་བྱེད་འཕྲོ་ཡོད་པ་ལ་ལས་འཕྲོ་ཟེར་བ་ལྟར། སྐྱེ་བ་སྔ་མ་ལ་ཆོས་བྱེད་པའི་ལས་འཕྲོ་ཡོད་པས་འདིར་ཡང་ཆོས་དང་བླ་མ་གང་ལ་གོམས་པ་དེའི་ཕྱོགས་སུ་དད་ཅིང་སློབ་པ་དེ་དཀར་པོའི་ལས་སད་པའི་རྟགས་ཡིན་ཀྱང་། ད་ལྟ་སྡིག་པའི་ཕྱོགས་སུ་གོམས་ན་ཕྱི་མ་དེའི་ལས་འཕྲོས་ངན་སོང་མ་གཏོགས་མི་ལུས་ཐོབ་པར་མི་འགྱུར་ཏེ། སའི་སྙིང་པོའི་མདོ་ལས། འཁོར་བར་མི་ཉིད་སྐྱེ་བར་དཀའ་བའི་གང་ཟག་བཅུ་ཡོད་དེ། གང་ཞེ་ན། དགེ་བའི་རྩ་བ་མི་སྐྱེད་པ་དང་། བསོད་ནམས་ཚོགས་མི་གསོག་པ་དང་། སྡིག་པའི་གྲོགས་པོའི་རྗེས་སུ་སྤྱོད་པ་དང་། ཉོན་མོངས་པ་ཉིང་མཚམས་སྦྱོར་བ་དང་། ཚེ་ཕྱི་མའི་སྡུག་བསྔལ་ལ་མི་འཇིགས་པ་དང་། ཉོན་མོངས་པས་སེམས་འཁྲུགས་པ་དང་། ལེ་ལོ་དང་གཡེང་བས་ཆོས་ལ་རྟག་ཏུ་གཡེལ་བ་དང་། སངས་རྒྱས་ཀྱི་


KMC003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལ་ཞུགས་ཀྱང་རྗེས་སུ་མི་སྤྱོད་པ་དང་། ལོག་པར་ལྟ་བའི་རྗེས་སུ་འཇུག་པ་དང་། ལོག་པར་ལྟ་བ་དམ་དུ་འཛིན་པ་རྣམས་སོ། ཞེས་གསུངས་པས། དེ་དག་ལ་བག་ཡོད་པར་བྱའོ། །དེས་ན་མི་ལུས་འདི་དོན་གོ་ཆེ་བས་ང་ཆེ། ང་མཁས། ང་རིགས་མཐོོ། ང་བཙུན་ཞེས་གཞན་ལ་བརྙས་པ་ལྟ་ཞོག །ཐ་ན་སྲིན་བུ་ཙམ་ལའང་བརྙས་པ་མི་རུང་སྟེ། འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས་སོ། །གཞན་བརྙས་པའི་རྣམ་སྨིན་གྱིས་ཚེ་འདིར་འདོད་དོན་རྣམས་བརླག་ཅིང་། ཕྱི་མ་ཡི་དྭགས་སུ་སྐྱེ། མིར་སྐྱེས་ཀྱང་བྲན་དུ་འགྱུར་བར་གསུངས། ལྷག་པར་འཕགས་པ་དང་བྱང་ཆུབ་སེམས་དཔའ་གང་ན་ཡོད། ཚུལ་ཇི་ལྟར་སྟོན། འགྲོ་ཕན་མཛད་ལུགས་ཅི་ཡིན་སོ་སོའི་སྐྱེ་བོ་ལམ་མངོན་ཤེས་མེད་ཕྱིར་མི་རྟོགས་པས་གཞན་གྱི་ཚོད་བཟུང་བར་མི་བྱ། བྱང་སེམས་ལ་བརྙས་པས་བསྐལ་པ་མང་པོར་དམྱལ་བའི་སྡུག་བསྔལ་མྱོང་པར་གསུངས་པས་རྩེད་མོ་མཚར་གཏམ་ཡིན་ཡང་མ་ཐལ་བར་བྱ་དགོས་འདུག །མིའི་


KMC003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྟེན་གྱི་གང་ཟག་དད་པ་མཐོ་དམན་དང་གཉེན་པོ་སྒང་གཤོང་ཅན། ཤེས་རབ་ཀྱི་ཁོབ་ཆུང་། གྲོགས་ཀྱིས་བསྒྱུར་སླ། ཟབ་མོའི་ཚིག་དོན་ལ་སྐྲག་པ་སྐྱེ་བའི་རིགས་དེ་རིམ་སྐྱེས་པ་ཡིན་པས། ཐབས་མཁས་པའི་བླ་མ་དང་མི་འབྲལ་བར་ལམ་རིམ་པར་སྦྱངས། ཚོགས་གཉིས་ཟུང་འཇུག་བསགས། ལྟ་སྒོམ་ངོ་སྤྲོད་མ་སྔས་པ་དགོས། ཤེས་རབ་ཀྱི་ཁོབ་དང་སྙིང་རྗེ་ཆེ། དད་མོས་ལྟེམ་ཀྱང་མེད། ཞེན་ཆགས་ཆུང་། ཆོས་ཁོ་ན་བསམ། ཟབ་མོའི་ཚིག་དོན་ལ་དགའ་བ་ཁྱད་པར་ཅན་སྐྱེ་བ་དེ་ཅིག་ཆར་བའི་རིགས་ཅན་ཡིན་འདུག་པས་ཐབས་ལམ་དམིགས་པ་སྣ་ཚོགས་ལ་མ་བསླབ་ཀྱང་དོན་གྱི་ངོ་སྤྲོད་ཐོག་བབས་སུ་བསྟན་པས་ཆོག་པའང་ཞར་བྱུང་སྨོས་པའོ། ༈ །གཉིས་པ་མི་རྟག་པ་བསྒོམ་པ་ལ། བཀའ་གདམས་ལུགས་ཀྱི་རྩ་བའི་ཚིག་ལྔ་ནི། དང་པོ་མི་སྡོད་འགྱུར་བ་བསམ། །ཞེས་སྣོད་ཀྱི་འཇིག་རྟེན་ཡང་དང་པོ་ཆགས། བར་དུ་གནས། མཐར་མེ་ཆུས་འཇིགས་ནས་ཐལ་བ་རྡུལ་ཕྲན་ཙམ་ཡང་མི་ལུས། ན་ནིང་།


KMC003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལོ། ཁར་སང་། དེ་རིང་སོགས་ལོ་ཟླ་ཡང་ཡད་ཡུད་ཟད། བཅུད་ཀྱི་འགྲོ་བ་ཐམས་ཅད་ཀྱང་མི་རྟག་སྟེ། བདག་དང་པོ་བུ་ཆུང་གི་དུས་དེ་འདྲ་ཞིག་ཡོད། དེ་ནས་བྱིས་པ་དེ་འདྲ། དེ་ནས་གཞོན་པ་ན་དེ་འདྲ། ད་རྒས་པ་འདི་འདྲ། ད་ནི་འཆི་བ་ལ་ཞག་རེ་ཟླ་རེས་ཇེ་ཉེ་ཇེ་ཉེ་ཏུག་གི་ཐུག་འདུག་པས་ཅི་དྲག །གང་དྲག་སྙམ་དུ་བསྒོམ། གཞན་དག་ཤི་བ་མང་དུ་བསམ། ཞེས་པས་རང་བས་རྒན་པ། གཞོན་པ། ན་མཉམ་སོགས་ད་ལྟ་ཡོད་པ་རྣམས་ལས་ཀྱང་། རང་གིས་དྲན་ནས་ད་ལྟ་ཕན་ཆད་ཤི་ཟིན་པའི་མི་མང་། འདི་ན་དེ་འདྲ་ཞིག་ཡོད་པའང་ཤི། དེ་ན་དེ་འདྲ་ཞིག་ཡོད་པའང་ཤུལ་དེ་ལྟར་གྱུར། རྒས་ནས་ཤི་བ་ནི་རེ་ཟུང་ཙམ་ལས་མེད། ཕལ་ཆེར་བསམ་ལོང་དྲན་ལོང་མེད་པར་གློ་བུར་ཧུར་ཐུམ་དགའ་ཤི་སྐྱིད་ཤི་དེ་འདྲ་ཞིག་རེད། མ་ཤི་བ་འགའ་ཞིག་མཐོན་པོ་ནི་དམའ། དམའ་བ་ནི་མཐོ། སྤྲང་པོ་ཕྱུག །ཕྱུག་པོ་སྤྲང་བ་སོགས་ཅི་མཐོང་ཅི་ཐོས་མི་རྟག་པ་ཁོ་ན་ལས་མ་འདས་པས་བདག་ལའང་དེ་འདྲ་ཞིག་ནམ་འོང་། ད་ནི་ལོངས་


KMC003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཅུང་ཟད་ཡོད་ཚེ་དམ་པའི་ཆོས་ལ་བརྩོན་འགྲུས་མི་བྱེད་རེ་སྙམ་དུ་བསམ། འཆི་རྐྱེན་མང་པོ་ཡང་ཡང་བསམ། ཞེས་པས་རྦབ། རྟིབ་གྲི། ཐོག །གྲིབ་ཁ། གླང་ཐབས་ལ་སོགས་འཆི་རྐྱེན་ཤིན་ཏུ་མང་བས་ཅི་འདྲ་ཞིག་འོང་མི་ཤེས། ནམ་ཙམ་འོང་མི་ཤེས། ལས་ཡོད་ན་མི་འོང་བའི་ཐབས་མེད། ཟས་ནོར་གོས་གྲོགས་འཁོར་གཡོག་སོགས་ཀྱིས་ཀྱང་རང་འཆི་བའི་རྐྱེན་ཇི་ལྟར་བྱེད་མི་ཤེས། ནམ་འཆི་ཆ་མེད་པས་ད་ལྟ་རང་ཡང་ཇི་ལྟར་འགྱུར་སྙམ་དྲག་ཏུ་བསྒོམ། བྱང་ཆུབ་སེམས་དཔའི་སྡེེ་སྣོད་ལས། གློ་བུར་འཆི་བའི་རྒྱུ་ུདགུ་གསུངས་པ་ནི། ཁ་ཟས་མི་འཕྲོད་པ་ཟ་བ། ཟས་འགྲངས་ཀྱང་མང་དུ་ཟ་བ། སྔ་མ་མ་ཞུ་ཕྱི་མ་ཟ་བ། གཤང་གཅི་དུས་སུ་མི་འདོར། ནད་པས་སྨན་པ་དང་ནད་གཡོག་ལ་མི་ཉན་པ། གདོན་དྲག་པོས་བཏབ་པ། སྐྱུགས་སྨན་ལོག་པ། མ་བརྟགས་པའི་དྲག་ཤུལ་སྤྱོད་པ། བག་མེད་པར་འཁྲིག་པ་སྤྱོད་པ་སྟེ་དེ་དག་ལའང་བག་ཟོན་དུ་བྱ། འཆི་ཁར་ཇི་ལྟར་འགྱུར་སྙམ་བསྒོམ། ཞེས་འཆི་བ་དེ་མི་


KMC003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཐོག་ཏུ་བབ་པ་མ་གཏོགས་འདོད་པ་དང་དུ་བླང་བ་མིན། གང་ཟག་སྡིག་པ་ཅན་དང་སྔོན་ལས་ངན་པ་བསླང་བ་ལ་འཆི་ཁར་གནད་གཅོད་ཚད་མེད་པ་དང་ཁྱད་པར་སྲོག་ཆད་པའི་ཚོར་བ་ཡ་ང་བ་ཡོད། འཁྲུལ་སྣང་ལོག་པ་དུ་མ་འཆར། ལུས་སེམས་གཉིས་ཀ་རང་དབང་དུ་མི་འདུས་པས་སེམས་ལ་ཅི་དྲན་ཡང་ཚོད་མེད་མི་དགེ་བའི་སེམས་ཆུང་ངུ་སྐྱེས་ཀྱང་འཆི་ཁའི་སེམས་སྟོབས་དང་ལྡན་པས་ངན་སོང་དུ་སྐྱེ་ངེས་ཤིང་དེའང་ད་ལྟའི་གོམས་པ་ལ་རགས་ལས་པས་ད་ལྟ་རང་ནས་ཆོས་ལ་གོམས་པར་བྱེད་དགོས། མོ་གཏོ་སྨན་དཔྱད་རིམ་གྲོ་ཟས་ནོར་སོགས་ཀྱིས་བསླ་མི་ཐུབ་པ་ལྟ་ཅི་སྨོས། སངས་རྒྱས་ཀྱི་མཐུས་ཀྱང་ཚེ་ཟད་པ་ལ་ལྡོག་ཏུ་མེད་པས་མི་འཆི་བའི་ཐབས་ནི་མེད་ཀྱང་། དེ་དུས་མི་འགྱོད་པ་ཞིག་ད་ལྟ་ཐོན་དགོས། ཤི་ནས་ཇི་ལྟར་འགྱུར་བ་བསམ། ཞེས་ཤི་ཚར་ནས་འཁོར་ལོས་སྒྱུར་བས་རྒྱལ་པོ་ཡིན་ཀྱང་ཟས་ཁམ་གཅིག །གོས་ལུས་གང་། ནོར་རྡོག་པོ་གཅིག་ཁྱེར་དབང་མེད། བྲན་ཀྱི་ཐ་མ་ཞིག་ཀྱང་ཁྲིད་


KMC003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་པར། ལུས་རོ་གོས་སུ་བཏུམས་ནས་ཐེ་གུས་སྡོམ། ཀུན་གྱིས་སྐྱུག་ལོག་བལྟ། ཞག་ཤས་ནས་ཤུལ་ཡང་མི་ལུས། སེམས་དབང་མེད་བྱ་སྤུ་རླུང་གིས་ཁྱེར་བ་ལྟར་བར་དོའི་འཇིགས་སྐྲག་གི་འཕྲང་ལ་འགྲིམས། འཇིག་རྟེན་ཕ་རོལ་ཆ་མེད་ཡུལ་དུ་རྒྱུས་མེད་འཁྱམས། ལས་དཀར་ནག་གི་རྗེས་སུ་འབྲང་། སྡིག་པ་བྱས་ཟིན་པ་དེ་བསྐྱུར་ཐབས་ནི་མེད། དམ་པའི་ཆོས་དང་དགེ་བས་ཕན་ཀྱང་ད་ལྟ་བརྩོན་པས་མ་བསྒྲུབ་ན་དེ་དུས་སྐྱི་ས་གཡར་སའམ་སྟེར་མཁན་ནི་སུ་ཡང་མེད་པ་སོགས་བསྒོམ་སྟེ། མདོར་ན། ད་ལྟ་ནས་ཆོས་མི་བྱེད་པའི་ཐབས་མེད་ཆོས་དེའང་རང་གར་བཞག་པས་མི་ཆོག་རང་རྒྱུད་ལ་སྦྱོར་དགོས། རྒྱུད་ལ་འབྱོར་པ་ལ་བསྒོམ་དགོས། དེའང་བརྟན་པ་ཐོབ་ནས་འཆི་ཁར་རང་དགའ་ཞིང་གཞན་ཀུན་གྱིས་ཆོས་པ་རྣམ་དག་དེ་ཟེར་ནས་ཕྱག་མཆོད་ཀྱི་ཡུལ་དུ་བྱེད་པ་ཞིག་དགོས་པར་འདུག །སུ་ཞིག་ཤི་སོང་ཨ་ཁ་ཁ། ག་ཤེད་གཅིག་ཚང་མ་ལོ་སྐད་བླ་མ་མཁྱེན་ཟེར་ནས་དེ་འདྲ་རང་གི་ཐོག་ཏུ་མྱུར་དུ་


KMC003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བ་མ་ཚོར་བ་དང་། ནམ་ཞིག་ཤི་རྒྱུ་ཡིན་པར་ཤེས་ཀྱང་རེ་ཞིག་མི་འཆི་སྙམ་པ་དང་། ནམ་འཆི་ཆ་མེད་གོ་ཡང་བརྟན་པ་མ་ཐོབ་པས། རྐྱེན་ངན་རེ་དང་འཕྲད་པའི་དུས་འཇིག་རྟེན་གྱི་སྣང་བས་བློ་བྲིད་ནས་ཆོས་འགལ་གྱི་སྤྱོད་པ་བྱེད་པ་ཚོ་སྙིང་མེད་པ་ཡིན་འདུག་པས། དེ་སྔ་ཚེ་ཡི་ཕྱེད་ཆ་ལྷག་ཟད། ད་ལྟ་རང་འཆི་བདག་སྒོ་དྲུང་ན་སླེབ་ཚར་བའི་ཚོད་དུ་འདུག་པས་ཟས་ནོར་ལྟོ་གོས་སྙན་གྲགས་སོགས་ལ་བསམ་བློ་བཏང་ལོང་མེད་དོ་སྙམ་ནས་ལུས་ངག་ཡིད་གསུམ་ཆོས་ཀྱི་སྲང་ལ་བཅུར་ཏེ། གཞན་དག་སོས་དལ་དུ་འདུག་པ་དང་། སྔ་ཆིས་ཕྱི་ཆིས་བློ་ལ་བཀྲམ་པ་རྣམས་ལའང་དེ་དག་གི་སྙིང་ལ་ཅི་དྲན། འཆི་བ་ལ་མི་འཇིགས་པ་ཨ་ཙམ་སྙམ་པའི་བློ་ཐུང་རྦུད་པ་དང་མི་འབྲལ་བར་བྱའོ། ༈ །གསུམ་པ་ལས་རྒྱུ་འབྲས་ནི་རྒྱལ་བས་ཆོས་ཀྱི་ཕུང་པོ་མཐའ་ཡས་པ་གསུངས་པ་རྣམས་ཀྱི་དོན་རྩ་ཡིན་པས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བས་རོ་གཅིག་རྟོགས་ནས་ལས་རྒྱུ་འབྲས་ལ་འཕྲིག་ཚུད་པ་ཙམ་མ་གཏོགས་ཐ་མལ་པས་ཇི་བཞིན་མི་


KMC003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཀྱང་། དགེ་བའི་རྒྱུས་བདེ་བའི་འབྲས་བུ་དང་། མི་དགེ་བའི་རྒྱུས་སྡུག་བསྔལ་གྱི་འབྲས་བུ་སྐྱེད་པ་ལ་ཕལ་ཆེར་འདུ། དེ་ལའང་འཁོར་བའི་རྒྱུ་འབྲས་དང་། ཐར་པའི་རྒྱུ་འབྲས་གཉིས་ཡོད་པ་ལས། ཐོག་མར། འཁོར་བ་ན་སྡུག་བསྔལ་བའི་རྩ་བ་ལས་ངན་བསགས་པ་ལ་ཐུག །དེ་ཉོན་མོངས་པ་ལ་ཐུག །དེའང་བདག་གཅེས་པར་འཛིན་པའི་མ་རིག་པ་ལ་ཐུག །མ་རིག་པའང་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་གཏི་མུག་ནི། རང་རེ་རྣམས་ཀྱིས་འཁོར་བ་གང་ལས་བྱུང་། འཁོར་བའི་རང་བཞིན་ཅི་ཡིན། ལས་རྒྱུ་འབྲས་ཀྱིས་ཕན་གནོད་ཅི་བྱེད་སོགས་མི་ཤེས་པར་མུན་ཐིབས་སེ་བ། གལ་ཏེ་བླ་མས་བཤད་པའམ་ཐོས་བསམ་གྱི་གོ་བ་རྒྱབ་ཀྱང་ཕྱིན་མ་མྱོང་བའི་ཡུལ་ལ་སེམས་གཏད་པ་ལྟར་འདི་ཞེས་བྱ་བ་མེད་པའི་རྣམ་རྟོག་ཡལ་ཡོལ་འདི་ཡིན་པར་འདུག །འདིས་ང་ཞེས་བྱ་བ་མེད་པ་ལ་ངར་བཟུང་། དེ་ལ་བརྟེན་ནས་བདེན་པའི་དོན་ལ་ཐེ་ཚོམ་སོགས་ལྟ་བ་ཕྱིན་ཅི་ལོག་དུ་མ་སྐྱེས། རང་གི་ལུས་ལོངས་སྤྱོད་སོགས་


KMC003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་པའི་འདོད་ཆགས་དང་། དེ་ལ་བརྟེན་ནས་ང་རྒྱལ་ཕྲག་དོག་སེར་སྣ་རྣམས་བྱུང་། གཞན་ལ་བརྟེན་ནས་ཞེ་སྡང་དང་། དེ་ལ་བརྟེན་པའི་ཁྲོ་ཚིག །འཁོན་འཛིན་སོགས་བྱུང་ཞིང་། ཉོན་མོངས་དུག་གསུམ་པོ་དེ་མེད་ན་ལས་བསགས་མི་སྲིད། ལས་མེད་ན་འབྲས་བུ་མི་འབྱུང་བས། འཁོར་བར་འཁྱམས་བྱེད་ཀྱི་རྩ་བ་དེ་གསུམ་ཅི་ནུས་ཀྱིས་སྤང་དགོས། འཁོར་བའི་ལས་ཀྱང་བསྡུ་ན་བསོད་ནམས་མ་ཡིན་པའི་ལས་མི་དགེ་བ་བཅུའི་ཆར་གཏོགས་པས། ངན་སོང་གསུམ་དུ་སྐྱེ། བསོད་ནམས་ཀྱི་ལས་མྱང་འདས་ཀྱི་བསམ་པས་མ་ཟིན་པའི་སྦྱིན་པ་སོགས་དགེ་བས་མཐོ་རིས་ལྷ་དང་མིར་སྐྱེ། མི་གཡོ་བའི་ལས་འཛིན་པ་དང་བཅས་པའི་བསམ་གཏན་གྱིས་གཟུགས་ཁམས་དང་གཟུགས་མེད་དུ་སྐྱེ། མདོར་ན་རྣམ་རྟོག་གི་བག་ཆགས་མ་ཟད་བར་དུ་ལས་བསགས་པ་རྒྱུན་མི་ཆད་ཅིང་། དེའི་ནུས་པས་འཁོར་བའི་འཁྲུལ་སྣང་ཟད་མི་སྲིད་པས། བླུན་ཟོབ་ཅན་གྱི་སྟོང་སྒོམ་འགའ་ཞིག་ལས་འབྲས་ལ་བརྩི་བསྲུང་མི་དགོས་པར་སེམས་ངོ་


KMC003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་སོ་སྐད་པ་ནི་བསྟན་པའི་ཆོམ་རྐུན་ཆེན་པོ་ཡིན་ནོ། །མི་དགེ་བ་བཅུ་ནི། ཤེས་བཞིན་དུ་བསད་ན་སྲོག་ལ་ཆེ་ཆུང་མེད་དོ་གྲོག་སྦུར་ཚུན་སྲོག་བཅད་པ། གཞན་གྱི་ནོར་མ་བྱིན་པ་ལྐོག་ཏུ་ུབ རྐུས་པ། སྡོམ་ལྡན་དང་བདག་པོ་གཞན་ཡོད་པ་སོགས་ཡུལ་གྱི་སྒོ་ནས་བསྒྲོད་བྱ་མ་ཡིན་པ། སྦྲུམ་མ་ནད་བུ་ཅན་སོགས་དུས་ཀྱི་སྒོ་ནས་བསྒྲོད་བྱ་མ་ཡིན་པ། བླ་མའི་ཉེ་སྐོར་ལྷ་ཁང་དང་མཆོད་རྟེན་གྱི་ཁང་པ་སོགས་གནས་ཀྱི་སྒོ་ནས་བསྒྲོད་བྱ་མ་ཡིན་པ། ཁ་དང་གཤང་ལམ་སོགས་ལམ་གྱི་སྒོ་ནས་བསྒྲོད་བྱ་མ་ཡིན་པ་སྟེ་བཞི་པོ་དེ་དག་ལ་མི་ཚངས་པར་སྤྱོད་པ་བཅས་ལུས་ཀྱི་མི་དགེ་བ་གསུམ། ཤེས་བཞིན་ཏུ་མི་བདེན་པར་སྨྲ་བའི་རྫུན། འཁོན་སེ ལ་གྱི་གཞིར་གྱུར་པའི་དཀྲུག་ཚིག་སྨྲ་བའི་ཕྲ་མ། རྐུན་མ་དང་ཞར་བ་སོགས་གཞན་གྱི་སྐྱོན་བརྗོད་ཅིང་དེའི་ཞེ་ལ་ཕོག་པའི་ཚིག་རྩུབ། དམག་དང་ཚོང་དང་བུད་མེད་ཀྱི་གཏམ་དང་། གླུ་བྲོ་རྩེད་མོ་སོགས་ངག་འཆལ་ཏེ་ངག་གི་མི་དགེ་བ་བཞི། གཞན་གྱི་ནོར་དང་བུད་མེད་སྙན་གྲགས་


KMC003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ང་ལ་ཡོ ད་ན་སྙམ་པའི་བརྣབ་སེམས། གཞན་གྱི་བདེ་འབྱོར་ལ་མི་དགའ་བའི་གནོད་སེམས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། དཀོན་མཆོག་གི་ཡོན་ཏན་སོགས་ལ་ཡིད་མི་ཆེས་པའི་ལོག་ལྟ་བཅས་ཡིད་ཀྱི་མི་དགེ་བ་གསུམ་སྟེ་བསྡོམས་པས་མི་དགེ་བ་བཅུ་པོ་དེའི་ཆར་གཏོགས་བཅས་སྤྱོད་པའི་རྣམ་སྨིན་གྱིས་ངན་སོང་གསུམ་དུ་སྐྱེ་ཞིང་། མིར་སྐྱེས་ཀྱང་སྲོག་བཅད་པས་ཚེ་ཐུང་། མ་བྱིན་པ་བླངས་པས་དབུལ་པོར་འགྱུར་བ་སོགས་སྡུག་བསྔལ་དུ་མ་སྐྱེད་པས་རྣམ་པ་ཀུན་ཏུ་རང་གིས་མི་བྱེད། གཞན་བྱེད་པ་ལས་སྡོག །བྱས་པ་ལ་འགྱོད། མི་དགེ་བ་དེ་ལས་ལྡོག་པ་སྲོག་མི་བཅད་ཅིང་སྲོག་བསླུ་ུབ། མ་བྱིན་པ་གཞན་ལས་མི་ལེན་ཞིང་རང་གི་ཟས་ནོར་སྦྱིན་པ་བཏང་བ། ཚུལ་ཁྲིམས་ངོ་ལྐོག་མེད་པར་བསྲུང་བ། བདེན་པར་སྨྲ་བ། ཕྲ་མས་བྱེ་བ་བ ཟླུམ་པ། ངག་འཇམ་པོར་བརྗོད་པ། གཞན་གྱི་འབྱོར་པ་ལ་རྗེས་སུ་ཡི་རང་བ། གཞན་ལ་ཕན་སེམས་འབའ་ཞིག་བྱེད་པ། ཆོས་ལུགས་གྲུབ་མཐའ་སུ་དང་སུའི་ཡོན་ཏན་ཐོས་ཀྱང་དེ་ལ་མི་


KMC003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྨོད་ཅིང་རྒྱལ་བའི་བཀའ་ལ་ཡིད་ཆེས་པ་བཅས་བཅུ་པོ་ནི་དགེ་བ་བཅུ་སྟེ་རང་ཡང་ཅི་ནུས་བསྒྲུབ། གཞན་ལའང་བྱེད་དུ་འཇུག །བྱས་པ་ལ་རྗེས་སུ་ཡི་རངས་བསྒོམ་པའི་འབྲས་བུ་མཐོ་རིས་སུ་ཚེ་རིང་ཞིང་འབྱོར་པ་ཆེ་བར་སྐྱེ་བ་སོགས་ཕན་ཡོན་དུ་མ་དང་ལྡན་པ་ཡིན་ལ། འགྲོ་འཆག་ཉལ་འདུག་སོགས་དགེ་སྡིག་གཉིས་ཀ་མིན་པའི་ལས་ལུང་མ་བསྟན་སྣ་ཚོགས་པས་དུས་འདའ་བ་འདིས་ཀྱང་རྣམ་སྨིན་བཟང་ངན་མྱོང་རྒྱུ་མེད་ཀྱང་མི་ཚེ་དོན་མེད་དུ་ཟད་པས་རྣམ་གཡེང་ལེ་ལོའི་དབང་དུ་མི་བཏང་བར་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས་དགེ་བ་འབའ་ཞིག་གིས་དུས་འདའ་བར་བྱ། སྡིག་པ་ཆུང་ངུ་ལ་ཡང་བག་མེད་མི་བྱ་བར་འཛེམ། དུག་ཆུང་ངུས་སྲོག་བཅད་པའི་དཔེ་དྲན་པར་བྱ། དགེ་བ་ཆུང་ངུ་ལ་ཡང་མི་བརྙས་པར་བསྒྲུབ། ནས་འབྲུ་ུབསགས་པས་སྣོད་གང་བའི་དཔེ་དྲན་པར་བྱ། གཞན་ཡང་ཚེ་རབས་གཞན་ཏུ་ཚོགས་རྒྱ་ཆེན་པོ་སྒྲུབ་པའི་རྟེེན་མཐོ་རིས་ཀྱི་ཡོན་ཏན་བརྒྱད་དུ་གྲགས་པའང་ཞར་བྱུང་བསྒྲུབ་དགོས་


KMC003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པས། གཞན་ལ་གནོད་འཚེ་སྤོངས་པས་ཚེ་རིང་། མར་མེ་ཕུལ་ཞིང་གོས་སོགས་བྱིན་པས་གཟུགས་བཟང་། བླ་མ་དང་ཆོས་ཀྱི་གྲོགས་ལ་ང་རྒྱལ་མེད་པར་བཀུར་བསྟི་བྱས་པས་རིགས་མཐོ། ཡོན་ཏན་ཅན་དང་ནད་པ་དབུལ་ཕོངས་སོགས་སྡུག་བསྔལ་ཅན་ལ་འདོད་དགུ་སྦྱིན་པས་ལོངས་སྤྱོད་གྱི་མངའ་དབང་ཕྱུག །ངག་དགེ་བ་ཁོ་ན་བྱས་པས་ཚིག་བཙུན། དཀོན་མཆོག་དང་ཕ་མ་སོགས་མཆོད་ཅིང་སྨོན་ལམ་བཟང་པོ་བཏབ་པས་དབང་ཐང་ཆེ། སྐྱེས་པ་ལ་དགའ་ཞིང་ཕོའི་དབང་པོ་གཅོད་པ་ལས་བསྐྱབས་པས་སྐྱེས་པའི་ལུས་ཐོབ། ཆོས་ལྡན་གྱི་བྱ་བ་ལ་རེ་བ་མེད་པའི་ཕན་གྲོགས་བྱས་པས་སྟོབས་ཕུན་སུམ་ཚོགས་པ་སྟེ་དེ་དག་གི་རྒྱུ་ུལ་བསླབ། དེ་བས་འཁོར་བ་མི་འདོད་ཕན་ཆད་དེའི་རྒྱུ་མི་དགེ་བ་སྤང་བ་ལ་བསླབ་དགོས་པས་འདིར་བཤད་པ་སོགས་བསོད་ནམས་ཆ་མཐུན་གྱི་དགེ་བ་དང་། སྡོོམ་པ་དམ་ཚིག་སོགས་ཐར་པ་ཆ་མཐུན་གྱི་དགེ་བ་ངོ་སྐོག་མེད་པར་བསྒྲུབ་ནས་རང་གིས་རང་མགོ་མ་གཡོགས་པར་བྱ། ཐར་པ་ཐོབ་


KMC003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་དང་པོ་འཁོར་བ་ལས་ངེས་འབྱུང་གི་བསམ་པ་བརྟན་པོས་ཟིན་པའི་ཚུལ་ཁྲིམས་རྣམ་དག་ཞིག་ཡོད་དགོས། དེ་ལ་བརྟེན་ནས་སེམས་རྩེ་གཅིག་པའི་ཏིང་འཛིན་སྐྱེ། དེའི་རྒྱུས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་ལ་སོགས་པ་སྤྱིི་དང་རང་གི་མཚན་ཉིད་ཤེས་ནས་སྒྲིབ་པ་སྔར་བསགས་པ་དག །ཕྱིན་ཆད་འབྲས་བུ་འབྱིན་མི་ནུས་པར་བྱས་པས་འཁོར་བའི་སྡུག་བསྔལ་ཟད་ནས་མཐའ་བྲལ་གྱི་རིག་པའི་ངང་དུ་གནས་པ་ལ་ཐར་པའི་མིང་བཏགས་པ་མ་གཏོགས་གཞན་ཞིག་ཏུ་འགྲོ་ས འམ། མི་འདྲ་བ་ཞིག་ཏུ་འགྱུར་རྒྱུ་ཡོད་པ་ལ་ཐར་པ་དང་མྱང་འདས་ཐོབ་ཟེར་བ་མིན་ནོ། །མདོར་ན་དགེ་བའི་འབྲས་བུས་བདེ་བ་དང་། མི་དགེ་བའི་འབྲས་བུས་སྡུག་བསྔལ་ཁོ་ན་འབྱུང་བ་ལས་ཕན་ཚུན་གོ་འཆོལ་མི་སྲིད་དེ་ནས་དང་བྲ་བོའི་ས་བོན་བཏབ་པ་དང་འདྲ། བསམ་པ་དཀར་ལ་སྦྱོར་བ་ནག་པའི་ལས། དཀོན་མཆོག་མཆོད་ཕྱིར་སེམས་ཅན་གསོད་པ། ཡུལ་གཉེན་པོ་ལ་ཕན་ཏུ་རེ་ནས་


KMC003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རྡེག་བཙོག་དང་ངན་སྨྲས་ལྟ་བུ། བསམ་པ་ནག་ལ་སྦྱོར་བ་དཀར་བའི་ལས། གྲགས་འདོད་ཀྱི་རྟེན་བཞེངས། འགྲན་འདོད་ཀྱི་བསླབ་སྦྱོང་། ངོ་ཚ་ལ་སྐྲག་པའི་བཙུན་ཚུགས་ལྟ་བུ་བརྒྱུད་ནས་མི་དགེ་བ་ལ་གཏོགས་སོ་ཅོག་ཀྱང་དུག་བཞིན་ཏུ་སྤང་དགོས་ན་ངོས་སུ་མི་དགེ་བར་འགྱུར་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དགེ་བ་ངོམས་པ་དང་འགྱོད་པ་དང་། སྡིག་པ་ལ་བཤགས་པ་སོགས་གཉེན་པོས་མ་བཅོམ་ན་རང་གིས་བྱས་པའི་ལས་རང་ལ་སྨིན་པ་མ་གཏོགས་གཞན་ལ་མི་སྨིན་ཅིང་བསྐལ་པ་དུ་མ་ལོན་ཀྱང་བོར་སྟོར་ཆུད་ཟོས་འགྲོ་མི་སྲིད། དེའང་རྒྱུ་ལས་ཀྱི་སྐབས་སུ་ཆུང་ངུ་ལས་མེད་ཀྱང་། ལས་རྣམས་འཕེལ་བ་འགྱུར་དང་བཅས་པ་ཡིན་པས། ཞེ་སྡང་དྲག་པོས་སྲོག་བཅད་པ་དང་། ཕན་སེམས་རྣམ་དག་གིས་འཆི་ངེས་ཀྱི་སྲོག་བསྐྱབས་པ་ལྟ་བུ་ལས་ཚན་པོ་ཆེ་ལ་འགྱུར་ཚད་བཟུང་མེད་ཅིང་། ཁ་ཞོར་ལག་ཞོར་གྱི་དགེ་སྡིག་ལྟ་བུ་འགྱུར་ཆུང་ཤོས་ལའང་བརྒྱ་སྟོང་དུ་འཕེལ། རང་གི་བསམ་སྦྱོར་གཉིས་ཀས་མ་བྱས་ན་གཞན་གྱིས་


KMC003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་ལས་རང་རྒྱུད་ལ་འགོ་མི་སྲིད་པས་རང་ཉིད་རྒྱལ་བས་གསུངས་པའི་རྒྱུ་འབྲས་ལ་བླང་དོར་ཐུབ་ན། གཞན་ཇི་ལྟར་ངན་ཀྱང་ངན་སོང་གསུམ་དུ་འཕེན་ཐབས་རྩ་བ་ནས་མེད་པས་རྣམ་པ་ཀུན་ཏུ་རང་སྐྱོན་ཁོ་ན་ལ་བརྟགས་ཤིང་གཞན་ལ་དག་སྣང་གི་རྒྱ་སྐྱེད་པ་ནི་ལས་འབྲས་ཀྱི་རྩ་བ་གཅིག་ཡིན་པས་བཀའ་བརྒྱུད་གོང་མ་རྣམས་ཀྱིས་རྩིས་པོ་ཆེར་གདམས་པར་མཛད་དོ། ༈ །བཞི་པ་འཁོར་བའི་ཉེས་དམིགས་ནི། ཚ་དམྱལ་དུ་སྐྱེས་ན་རི་ཀླུང་ཐམས་ཅད་ལྕགས་སྲེགས་མེ་ལྕེ་དྲག་ཏུ་འབར་བ། ཆུ་དང་མཚོ་རྣམས་ཟངས་ཞུན་དང་ཁྲོ་ཆུ། ཤིང་རྣམས་ཀྱང་རལ་གྲི་སོགས་མཚོན་ཆའི་ཆར་པ་ཅན། གཅན་གཟན་དང་གཤེན་རྗེ་མི་བཟད་པ་དུ་ུམས་སྐད་ཅིག་ཀྱང་སྡོད་དབང་མེད་པར་གསོད་གཅོད་བྱེད་པ། དེ་ལའང་ནང་གསེས་བརྒྱད་ཡོད་པའི་སྡུག་བསྔལ་མཐར་ཐུག་མནར་མེད་པའི་དམྱལ་བ་ནི་སྡུག་བསྔལ་བཅོམ་ལྡན་འདས་ཀྱིས་ཀྱང་གསུང་མི་ཕོད་དེ། དེ་གསུང་ན་བྱང་ཆུབ་སེམས་དཔའ་སྙིང་རྗེས་ཅན་


KMC003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཁ་ནས་ཁྲག་སྐྱུག་ནས་འཆི་བའི་ཉེན་ཡོད་གསུངས་པ་དེ་ལྟ་བུ་དང་། གྲང་དམྱལ་དུ་སྐྱེས་ན་རི་ཀླུང་ཐམས་ཅད་གང་དང་ཆུ་འཁྱགས། རླུང་དང་བུ་ཡུག་གིས་ཤིན་ཏུ་གྲང་བས་ལུས་འཁེང་ནས་དུམ་བུ་ཚལ་པར་གས་པ་དེ་རྣམས་ཀྱང་ལོ་གྲངས་བྱེ་བ་དུང་ཕྱུར་རང་རང་གི་ཚེ་ཚད་མ་རྫོགས་པར་ཡང་ནས་ཡང་དུ་འཆི་ཞིང་སྐད་ཅིག་ལ་དེར་སྐྱེས་ནས་སླར་ཡང་སྡུག་བསྔལ་མྱོང་། ཉི་ཚེ་བ་དང་ཉེ་འཁོར་བ་རྣམས་ལའང་སྡུག་བསྔལ་དེ་མཚུངས་ཡོད། ཡི་དྭགས་སུ་སྐྱེས་ན་དུས་རྟག་ཏུ་ཟས་སྐོམ་གཏན་ནས་མི་རྙེད་ཅིང་བཀྲེས་སྐོམ་ཆེས་ཆེ་བས་སྣབ་ལུད་སོགས་འཚོལ་ཡང་མི་ཐོབ་པར་ངལ་ཞིང་ཐང་ཆད། གོས་མེད་པས་དབྱར་ཚིེག །དགུན་འཁྱགས། ཆར་པ་བབ་ན་མེ་སྟགས་བབ་སྟེ་ཚིག་སྣང་འབྱུང་། ཆུ་ུལ་རྣག་ཁྲག་ཏུ་མཐོང་། རུས་ཚིག་འཁྲོག་པས་མེ་ལྕེ་འབྱུང་། གཅིག་གིས་གཅིག་ལ་དགྲར་བཟུང་ནས་རྟག་ཏུ་རྡེག་བཙོག་བྱེད། ཚེ་ཚད་མི་ལོ་སྟོང་ཕྲག་བཅོ་ལྔ་ཐུབ། དུད་འགྲོ་ཡང་རྒྱ་མཚོ་ཆེན་པོ་ན་ཆང་གི་སྦང་མ་ཙམ་ཡོད་དེ་


KMC003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་བཞིན་དུ་གཅིག་གིས་གཅིག་ཟ། རྟག་ཏུ་འཇིགས་སྐྲགས་གིས་མནར། རླབས་ཀྱིས་ཁྱེར་བས་ངེས་མེད་དུ་འཁྱམས། ཁ་འཐོར་བ་རི་ལ་གནས་པ་རྣམས་ཀྱང་རྟག་ཏུ་དགྲ་བྱུང་དོགས་ཀྱིས་སེམས་ལ་བདེ་བ་མེད། གཅིག་གིས་གཅིག་གསོད། མིས་བདག་ཏུ་བཟུང་བ་རྣམས་ཀྱང་རྨོ་བཀོལ་དང་ཤ་ལྤགས་ཀྱི་ཆེད་དུ་གསོད་པ་སོགས་བླུན་ཅིང་གཏི་མུག་པའི་སྟེང་དུ་ཚ་གྲང་སོགས་ཀྱི་སྡུག་བསྔལ་དམྱལ་བ་ཡི་དྭགས་དང་ཕྱོགས་མཚུངས་ཡོད། འདོད་ཁམས་ཀྱི་ལྷ་རྣམས་གནས་སྐབས་བདེ་བས་གཡེངས་ཏེ་ཆོས་མི་དྲན་པར་ཚེ་ཡུད་ཀྱིས་ཟད་ནས་ལྷ་ཡི་ལུགས་ཀྱི་ཞག་བདུན་གོང་དུ་འཆི་ལྟས་རྣམ་པ་ལྔ་འབྱུང་ཞིང་ཕྱི་མ་དམྱལ་བ་སོགས་སུ་སྐྱེ་བའི་གནས་མཐོང་ནས་ཕམ་ལྟུང་གི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲེ་བ་དང་མཚུངས། བསམ་གཏན་བཞི་དང་གཟུགས་མེད་པ་རྣམས་ཀྱང་རང་རང་གི་ལས་ཟད་ནས་ཏིང་ངེ་འཛིན་ལས་ཉམས་ཏེ་རིམ་པར་འོག་ཏུ་ལྷུང་། ལྷ་མིན་རྣམས་ཀྱང་རང་བཞིན་གྱིས་ལྷའི་དཔལ་ལ་སྡང་བའི་


KMC003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དོག་གིས་གཡུལ་འགྱེད་ཀྱི་ལས་ཁོ་ན་བྱེད། བསོད་ནམས་ཀྱི་སྟོབས་ཆུང་ཞིང་ཆོས་ལ་མི་དགའ་བས་གཡུལ་ཕམ་སྟེ་གསོད་གཅོད་ཀྱི་སྡུག་བསྔལ་ཤིན་ཏུ་ཆེ། མིའི་གནས་འདིར་ཡང་། དང་པོ་སྐྱེ་བའི་སྡུག་བསྔལ་བྱིས་ཕྲུག་ཁྲས་ཁྱེར་བ་ལྟ་བུ། རྒས་པའི་སྡུག་བསྔལ་རྔ་མོང་བུ་སྟོར་བ་ལྟ་བུ། ན་བའི་སྡུག་བསྔལ་ཉེས་ཅན་བཙོན་དོང་ན་བཅུག་པ་ལྟ་བུ། འཆི་བའི་སྡུག་བསྔལ་ཤ་བཙོན་གཤེད་མས་བདས་པ་ལྟ་བུ་ཡོད། དེ་རེ་རེ་ལའང་སྡུག་བསྔལ་རྣམ་པ་ལྔ་ལྔ་དང་ལྡན་ཏེ། ཟུག་རྔུ་དྲག་པོ་དང་བཅས་ཏེ་སྐྱེ་བས་སྐྱེ་བ་སྡུག་བསྔལ་དང་ལྡན། ཉོན་མོངས་སྐྱེད་འཕེལ་ས་བོན་ཟུག་པས་སྐྱེ་བ་གནས་ངན་ལེན་དང་ལྡན། སྐྱེས་པ་ལས་རྒ་ན་འཆི་སོགས་འབྱུང་བས་སྐྱེ་བ་སྡུག་བསྔལ་གྱི་གནས་སུ་གྱུར། ཉོན་མོངས་པ་རིམ་གྱིས་རྒྱས་ཤིང་དེ་ཡི་ལས་བསགས་པས་སྐྱེ་བ་ཉོན་མོངས་ཀྱི་གནས་སུ་གྱུར། སྐད་ཅིག་གཅིག་གིས་མི་རྟག་པའི་ཕྱིར་སྐྱེ་བ་དབང་མེད་དུ་འཇིག་པས་སྡུག་བསྔལ། ཁ་དོག་ཉམས་པ། དབྱིབས་ཉམས་པ། མཐུ་སྟོབས་ཉམས་


KMC003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ། དབང་པོ་ཉམས་པ། ལོངས་སྤྱོད་ཉམས་པ་བཅས་ལྔ་པོས་རྒས་པ་སྡུག་བསྔལ། སྡུག་བསྔལ་དང་ཡིད་མི་བདེ་བ་འཕེལ། ལུས་རང་བཞིན་གྱིས་འགྱུར། ཡུལ་ཡིད་དུ་འོང་བ་ལ་སྤྱད་དབང་མེད། ཡིད་དུ་མི་འོང་བ་མི་བསྟེན་པའི་དབང་མེད། སྲོག་གི་དབང་པོ་དང་བྲལ་བར་ཉེ་བས་ན་བ་སྡུག་བསྔལ། ལོངས་སྤྱོད། དབང་ཐང་། འཁོར་གྲོགས། རང་ལུས་དང་ཡང་བྲལ་ནས། ཡིད་མི་བདེ་བའི་ཚོར་བ་དྲག་པོ་དང་བཅས་ནས་འཆི་བས་ཤི་བ་སྡུག་བསྔལ། གཞན་ཡང་སྡིག་སྡུག་གཏམ་ངན་ཁྱད་དུ་བསད་ནས་དཀའ་བླས་ཆེན་པོས་བསྒྲུབས་ཀྱང་། ཟས་ནོར་སྙན་གྲགས་སོགས་འདོད་པ་ཐོག་ཏུ་མ་ཁེལ་བ་མེད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ། དགྲ་བྱུང་དོགས། རྐུན་མ་བྱུང་དོགས། བཙན་པོས་འཕྲོག་དོགས། སྐར་མ་ལ་ཞྭ། བ་མོ་ལ་ལྷྭམ་བྱེད། ལས་དང་བྱ་བ་མང་པོས་ངལ་ཞིང་དུབ། མ་འཁྱོངས་དོགས། མ་ཉན་དོགས་པའི་སེམས་བྲལ་གྱིས་ཡོད་པ་སྐྱོང་གིས་མི་ལོངས་པའི་སྡུག་བསྔལ། ཕ་མ་སྤུན་ཟླ་འཁོར་སློབ་


KMC003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མེད་ཐབས་མེད་པ་དང་བྲལ། མངའ་ཐང་དང་ལོངས་སྤྱོད་ཉམས། ནོར་ཚན་པོ་ཆེ་སྟོར་བརླག་ཤོར། ལས་སྟབས་ཉེས་པའམ། ཕྲག་དོག་ཅན་རྣམས་ཀྱིས་བསྐུར་པ་བཏབ་པས་སེམས་ཁྲལ་འབྱུང་བ་སོགས་འདོད་པ་དང་བྲལ་བའི་སྡུག་བསྔལ། ནད་དང་དགྲ་གྱོད་རྒྱལ་པོའི་ཆད་པ། བསོད་པའི་སྲོག་ཆགས། མི་ཁ་གཏམ་ངན། ཕན་ལན་གནོད་སྐྱེལ་འཁོར་གྱིས་ལོག་སྒྲུབ་སོགས་མི་འདོད་པ་དང་འཕྲད་པའི་སྡུག་བསྔལ་སྟེ་བརྒྱད་པོ་དེ་དག་གཙོ་ཆེར་མི་ལ་ཡོད་ཅིང་། མདོར་ན་ང ན་སོང་གསུམ་དང་ལྷ་མི་ལའང་ན་ཚ་གཏམ་ངན་ལ་སོགས་པ་སྡུག་བསྔལ་གྱི་སྡུག་བསྔལ། ཚེ་དང་ལོངས་སྤྱོད་ཞི་གནས་སོགས་གནས་སྐབས་བདེ་བདེ་ལྟར་སྣང་ཡང་མྱུར་དུ་མི་རྟག་པས་འགྱུར་པའི་སྡུག་བསྔལ། དེ་གཉིས་ཀའི་གཞིའམ་སྣོད་དུ་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། ཕུང་པོ་ལྔ་ལ་བརྟེན་ནས་ཁམས་གསུམ་གྱི་སྡུག་བསྔལ་མཐའ་དག་འབྱུང་བས་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་


KMC003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་པའི་ཕྱིར། གནས་ལུས་ལོངས་སྤྱོད་གྲོགས་འཁོར་གནས་སྐབས་བདེ་འབྱོར་ཇི་ལྟར་སྣང་ཡང་སྡུག་བསྔལ་ཁོ་ནའི་གཡོས་ཡིན་པས་སྐྱུགས་ནད་ཅན་ལ་ཟན་བྱིན་པའམ། གསོད་སར་ཁྲིད་པའི་བཙོན་ལ། གསོད་པའི་གཤེད་མས་དགའ་སྟོན་སྟོབ་པ་ལྟར་ཞེན་པ་གདིང་ནས་ལོག །འཁྲི་བ་རྩད་ནས་ཆོད་འདོད་པ་རྨང་ནས་ཞིག་སྟེ་ཉེས་དམིགས་དེ་ལས་ལྡོོག་པ་ཐར་པའི་ཕན་ཡོན་ལ་ཆེ་ཐང་དུ་བསམ་ནས་བྱང་ཆུབ་སྒྲུབ་པའི་ཐབས་ལ་བརྩོན་པར་བྱ་དགོས་སོ། །དེ་ལྟར་ཐུན་མོང་སྔོན་འགྲོ་བཞི་པོ་དེ་སྤྱིར་ཁྲིད་རིམ་ཀུན་ནས་འབྱུང་མོད་ཀྱང་། འདིར་མཉམ་མེད་དྭགས་པོས་ཇོ་བོ་རྗེའི་སྐྱེས་བུ་གསུམ་གྱི་ལམ་རིམ་ནས་ཁ་བསྐངས་ཏེ་བཀའ་ཕྱག་ཆུ་བོ་གཅིག་འདྲེས་སུ་མཛད་པ་ཡིན་ཞིང་། འདི་བཞི་ལ་རྡོ་རུས་ཅུང་ཟད་མ་འཕྲོད་ན་དངོས་གཞི་བསྒོམ་པ་ཐམས་ཅད་ཆོས་བརྒྱད་ཀྱི་ཁ་སྣོན་ལས་མི་འོང་། ཆོས་ཐམས་ཅད་ཀྱི་རྩ་བ་ཚེ་འདི་བློས་བཏང་བ་ལ་ཐུག །ད་ལྟ་ཆོས་བྱེད་པ་


KMC003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཚེ་འདིའི་འཁྲི་བ་མ་ཆོད། འདོད་པ་ལ་བློ་མ་ལོག་གཉེན་གྲོགས་འཁོར་གཡོག་ལ་ཞེན་ཆགས་མ་སྤངས། ཟས་གོས་གཏམ་གྱི་འདོད་པ་ཅུང་ཟད་ཀྱང་མ་ཐོང་བའི་སྟབས་ཀྱིས་དགེ་སྦྱོར་གནད་དུ་མ་སོང་བར་ཆོས་དང་རང་རྒྱུད་འཛོལ། ཆོས་བྱས་ནས་ཉོན་མོངས་པ་ཁ་བྲི་མ་བྲི་མི་ལྟ་བར་སྒྲུབ་པ་བྱས་ཡུན་གྱི་ལོ་ཟླ་བགྲང་། རང་སྐྱོན་མི་བརྟག་པར་གཞན་སྐྱོན་བརྟག །ཡོན་ཏན་ཅུང་ཟད་རེས་རྒྱུད་ཁེངས། རྙེད་བཀུར་དང་འདུ་འཛི་ལ་སེམས་ཤོར། དོན་མེད་ཀྱི་གླེང་བརྗོད་བྱ་བ་མང་། བསྒྲུབ་བྱ་ཆོས་དང་འཇིག་རྟེན་ཟུང་འཇུག་ཏུ་བསྒྲུབ་སྙམ་ཡང་གྲུབ་དོན་གཅིག་ཀྱང་མ་གྲུབ་པ་དེ་ཐོག་མ་ནས་མི་རྟག་པ་མ་དྲན་ནས་བློ་དྲེད་པས་ལན། དེས་ན་རྒྱལ་བ་འགྲི་གུང་པས་ཆོས་དངོས་གཞི་ལས་ཀྱང་སྔོན་འགྲོ་ཟབ། ཅེས་གསུངས་གདའ་བས་སྔོན་འགྲོ་བཞི་པོ་འདི་རྒྱུད་ལ་ཅུང་ཟད་རེ་སྐྱེས་ན་དེང་སང་གི་དུས་རྒྱུད་སྡེ་བཞི་ཡི་བསྙེན་བསྒྲུབ་ཐེམ་ཡོད་ཟེར་བ་ལས་ཀྱང་ཆེས་དགའ་བར་སྣང་། རང་རྒྱུད་ཐ་མལ་དུ་ལུས་པའི་བྱས་བྱས་ཀྱི་ཆོས་དེ་


KMC003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་མགོ་བསྐོར་མི་ཚེ་སྟོང་ཟད་ཡིན་འདུག །མདོར་ན་ངེས་འབྱུང་ཅུང་ཟད་ཞིག་མ་སྐྱེས་ན་སྒོམ་བྱེད་པ་ཀུན་རི་ལ་ལུད་གསོག་རོག་རྐྱང་པར་རེད་འདུག་པས་འཁོར་བའི་སྡུག་བསྔལ་དང་ནམ་འཆི་ཆ་མེད་རེ་བསམ་ནས་བློ་སྣ་ཅིས་ཀྱང་བསྟུང་བར་འཚལ། དམ་པའི་ཆོས་ལ་ཞུགས་དུས་བདུད་ཀྱི་བར་དུ་གཅོད་ནས་དད་པ་འགྲིབ་པར་གསུངས་པས། རང་ལ་བདུད་ཞུགས་པའི་རྟགས་སུ་བླ་མ་དགེ་བའི་བཤེས་གཉེན་གྱི་སྐྱོན་ལ་རྟོག་པ་དང་། ཆོས་བྱེད་སྤྱིའི་ངན་སྐྱོན་ལ་རྟོག་པ་དང་། ཐ་མལ་གྱི་གྲོགས་དང་འགྲོགས་པ་དང་། ཉམས་ལེན་གྱི་བརྩོན་འགྲུས་ལྷོད་པ་དང་། འདོད་ཡོན་རང་དགར་སྤྱོད་པ་དང་། དཀོན་མཆོག་ལ་མོས་གུས་མེད་པ་རྣམས་ཡིན་པས། བླ་མ་དཀོན་མཆོག་གི་ཡོན་ཏན་བསམ། ཆོས་བྱེད་རྣམས་ལ་དག་སྣང་སྐྱེད། ཕ་རོལ་པོ་ངན་པར་མཐོང་བ་དེ་རང་ཉིད་ལས་མ་དག་པའི་རྟགས་ཏེ་གདོང་པ་དྲི་མ་ཅན་མེ་ལོང་ལ་ཤར་བའི་དཔེ་དྲན། ཐ་མལ་པ་དང་མི་འགྲོགས། དེའི་ངག་ལ་མི་ཉན། འདོད་


KMC003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་གྱི་ཉེས་དམིགས་དྲན་པར་བྱ་དགོས། སྤྱིར་དད་པ་མེད་ན་དཀར་པོའི་ཡོན་ཏན་ཅིའང་མི་སྐྱེ་བས་ཆོས་ཐམས་ཅད་ཀྱི་སྔོན་དུ་དད་པ་འགྲོ་དགོས། དེ་ལའང་དབྱེ་བ་མང་ཡང་ཡིད་ཆེས་ཤིང་སྙིང་ནས་གུས་པ་ལ་ཐམས་ཅད་འདུ། སྐྱེ་ཤིའི་འཕོ་འགྱུར། ནད་གདོན་རྐྱེན་ངན ། གོང་མའི་རྣམ་ཐར་དང་རྒྱལ་བའི་སྐྱེས་རབས་ཐོས་པ་རྣམས་དད་པ་སྐྱེ་བའི་རྐྱེན་ཡིན་པས། ཉིན་རེ་བཞིན་ཡང་དེ་དག་ཡིད་ལས་བརྩིས་བགྲང་གིས་དད་པ་སྐྱེད་དགོས། ཁ་གཅིག་བླ་མ་དང་འགྲོགས་པའི་དུས་སུ་དད་པ་ཆེ་ཆེ་ལྟར་ཡོད་ཀྱང་། བྲལ་ནས་བརྗེད་པ་དང་། རྐྱེན་དང་འཕྲད་ཚེ་ཡོད་ལ་དེ་ནས་མེད་པ་དང་། ཆོས་དང་ཟང་ཟིང་འདོད་ཐོག་བྱུང་བའམ་ནད་གདོན་སོགས་རྐྱེན་ངན་གྱིས་གཙེས་དུས་དད་པ་ཆེ་ལ། རྗེས་ནས་མེད་པ་དང་། རྩ་བའི་བླ་མ་གཅིག་དང་ཆོས་ཟབ་མོ་གཅིག་ལ་སྙིང་ཕུར་བཙུག་པའི་དད་པ་མེད་པར་གཅིག་བཞག་ནས་གཅིག་གིས་དགའ་བ་ལྟར་བྱེད་པ་རྣམས་སྤངས་ནས་འགྱུར་མེད་ཀྱི་དད་པ་བརྟན་པོས། ཁ་ཕྱིར་བལྟས་སུ་མ་སོང་


KMC003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བར་ནང་དུ་ཉམས་ལེན་རེ་མཛོད་དང་རང་རྒྱུད་ལ་ཆོས་ཀྱི་ཡོན་ཏན་ཅུང་ཟད་རེ་འཆར་དུས་གདམས་ངག་དེ་ཟབ་པར་གོ །དེས་ཆོས་ལ་ངེས་ཤེས་སྐྱེ། དེ་ཙ་ན་བླ་མའི་བཀའ་དྲིན་དྲན་པས་མོས་གུས་ཀྱང་ཤུགས་ལ་འབྱུང་། དེས་ལམ་གྱི་ཡོན་ཏན་ཐམས་ཅད་མ་འབད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་འདུག། །།དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞིའི་ཐོག་མར་སྐྱབས་འགྲོའི་དམིགས་རིམ་ནི། ས་ཕྱོགས་དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་བ། མནན་ན་ནེམ་བཏེགས་ན་སྤར་བྱེད་པ། རྩ་ལྗང་ནེའུ་སེང་མེ་ཏོག་དུ་ུམས་གང་བའི་དབུས་སུ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་མཚོ་ལྷའི་བྱ་སྐད་སྙན་སྒྲོག་པ་དུ་ུམས་གང་བ། མཚོ་དཀྱིལ་དུ་དཔག་བསམ་ལྗོན་ཤིང་རིན་པོ་ཆེ་ལས་གྲུབ་པའི་ལོ་འབྲས་མེ་ཏོག་གིས་དུད་པ། སྡོང་པོ་རྩ་བ་གཅིག་ལ་ཡལ་ག་ཕྱོགས་བཞིར་དབུས་ལྔར་གྱེས་པ་གདུགས་ལྟར་འཁྱིལ་བའི་དབུས་ཀྱི་ལྟེ་བར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི། ལྷ་རྫས་ཀྱི་གོས་རིན་ཐང་མེད་པས་བཀབ་པའི་


KMC003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་པདྨ་འདབ་མ་སྟོང་ལྡན་དང་ཟླ་བ་ཉ་གང་བའི་དབུས་སུ། ངོ་བོ་རང་གི་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་མཐིང་སྔོན་སྟོན་ཀྱི་ནམ་མཁའ་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་དང་གཡོན་དངུལ་གྱི་དྲིལ་བུ་ཐུགས་གར་བསྣོལ་ནས་འཛིན་པ། ཞི་བའི་གཟིགས་སྟངས་ཅན། དབུ་རྒྱན་སྙན་རྒྱན་སོགས་ཞི་བའི་ཆས་བཅུ་གསུམ་རྫོགས་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་དམར་པོའི་ཤམ་ཐབས། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེས་བརྒྱན་པའི་སྐུ་གཟི་མདངས་འོད་དུ་འབར་ཞིང་ཐུགས་དགྱེས་པ་ཆེན་པོས་དགོངས་པ། དེའི་དབུ་གཙུག་ནས་ཡར་ལ་རིམ་པ་བཞིན་པདྨ་ཉིན་བྱེད་དབང་པོ། མི་ཕམ་ཆོས་གྲུབ་རྒྱ་མཚོ། བདུད་འདུལ་རྡོ་རྗེ། ཆོས་ཀྱི་འབྱུང་གནས། བྱང་ཆུབ་རྡོ་རྗེ། ཆོས་ཀྱི་དོན་གྲུབ། ཡེ་ཤེས་རྡོ་རྗེ། ཡེ་ཤེས་སྙིང་པོ། ཆོས་དབྱིངས་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །དབང་ཕྱུག་རྡོ་རྗེ། དཀོན་མཆོག་ཡན་ལག །མི་བསྐྱོད་རྡོ་རྗེ། སངས་རྒྱས་མཉན་པ། ཆོས་གྲགས་རྒྱ་མཚོ།


KMC003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འབྱོར་དོན་གྲུབ། འཇམ་དཔལ་བཟང་པོ། མཐོང་བ་དོན་ལྡན། རིག་པའི་རལ་གྲི། དེ་བཞིན་གཤེགས་པ། མཁའ་སྤྱོད་དབང་པོ། རོལ་པའི་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། རང་བྱུང་རྡོ་རྗེ། ཨོ་རྒྱན་པ་རིན་ཆེན་དཔལ། གྲུབ་ཆེན་པཀྴི། སྤོོམ་བྲག་བསོད་ནམས་རྡོ་རྗེ། འགྲོ་མགོན་རས་ཆེན་སངས་རྒྱས་གྲགས། དུས་གསུམ་མཁྱེན་པ། མཉམ་མེད་དྭགས་པོ། རྗེ་བཙུན་མི་ལ། མར་པ་ལོ་ཙཱ། མཻ་ཏྲི་པ། ཤ་བ་རི། འཕགས་པ་ཀླུ་སྒྲུབ། ས་ར་ཧ། བློ་གྲོས་རིན་ཆེན། །རྡོ་རྗེ་འཆང་རྣམས་ཐོ་བརྩེགས་དང་། དེའི་བར་སྣང་གི་ནམ་མཁའི་ཆ་དང་མཐའ་སྐོར་དུ་འཛམ་གླིང་རྒྱན་དྲུག །ཏེ་ལོ་ན་རོ། འབྲི་འབྲུག་ཚལ་སྟག་སོགས་རྒྱ་བོད་ཀྱི་མཁས་གྲུབ་བླ་མ་རྣམས་སྤྲིན་བཞིན་གཏིབས་ནས་བཞུགས་པ། དེའི་ཤར་གྱི་ཡལ་གར་པད་ཉི་རོའི་སྟེང་དུ་རྡོ་རྗེ་ཕག་མོ་ལ་བདེ་དགྱེས་གསང་གསུམ། སྒྱུ་ཐོད་གདན་གསུམ། དགྲ་གདོང་འཇིགས་གསུམ། དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་བཞི་དྲུག་གི་ཡི་དམ་ལྷ་རབ་འབྱམས་ཀྱིས་


KMC003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ། གཡས་ཀྱི་ཡལ་གར་སེང་ཁྲི་པད་ཟླར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལ་བསྐལ་བཟང་སངས་རྒྱས་སྟོང་རྩ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བསྐོར་བ། རྒྱབ་ཀྱི་ཡལ་གར་དམ་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས། ཁྱད་པར་ཐེག་ཆེན་གསང་སྔགས་ཀྱི་རྒྱུད་སྡེ་དང་བཅས་པ་གླེགས་བམ་གྱི་རྣམ་པ་གསེར་གདོང་ཁྲ་ཆེམ་མེ་རང་ལ་བསྟན་ཞིང་ཨཱ་ལི་ཀཱ་ལིའི་རང་སྒྲ་དིར་དིར་སྒྲོགས་པ། གཡོན་གྱི་ཡལ་གར་རིགས་གསུམ་མགོན་པོ་སོགས་ཉེ་བའི་སྲས་བརྒྱད ། བསྐལ་བཟང་གི་སེམས་དཔའ། མཆོག་ཟུང་། ཀུན་དགའ་བོ། གནས་བརྟན་བཅུ་དྲུག་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་བྱང་སེམས་ཉན་རང་དཔག་མེད་བཞུགས་པ། འོག་གི་བར་མཚམས་སུ་རྡོ་རྗེ་བེར་ཅན། རང་བྱུང་མ། ཕྱག་བཞི་པ། ཕྱག་དྲུག་པ་གཙོ་བོར་གྱུར་པའི་ཡེ་ཤེས་ཀྱི་ཆོས་སྐྱོང་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་བཞུགས་པའི་མདུན་ངོས་ས་གཞིར་རང་ཉིད་འཁོད་པ། དེའི་གཡས་སུ་རྩ་བའི་ཕ། གཡོན་དུ་མ་


KMC003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་གྱུར་པའི་ནམ་མཁའ་མཐའ་ཁྱབ་ཀྱི་སེམས་ཅན་རྣམས་དང་། ཁྱད་པར་དུ་སྡང་བའི་དགྲ །གནོད་པའི་བགེགས། ཐོག་མེད་ནས་ཤ་མཁོན་ལན་ཆགས་ཟུག་པའི་འདྲེ་གདོན་འབྱུང་པོ་ཐམས་ཅད་ཁྲོམ་ཚོགས་སུ་འཁོད་པ་རྣམས་ཀྱི་འདྲེན་དཔོན་རང་ཉིད་ཀྱིས་བྱས་ཏེ་ཐམས་ཅད་ཀྱང་ལུས་གུས་པའི་ཐལ་སྦྱར། ཡིད་གུས་པའི་དད་མོས། ངག་གུས་པས་སྐྱབས་འགྲོའི་སྒྲ་འུར་དི་རི་རི་འདོན་པར་མོས་ལ་ཡིད་གཞན་ཏུ་མ་ཡེངས་པར་སྐྱབས་འགྲོའི་ཚིག་དོན་རྣམས་ཡིད་ལ་བསམ་བཞིན་ཏུ་བརྒྱ་སྟོང་སོགས་བརྗོད་མཐར། སེམས་བསྐྱེད་བླང་། སྐྱབས་ཡུལ་གདན་ཁྲི་སོགས་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྐུ་གསུང་ཐུགས་དང་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ་ལ་སེམས་རང་བབས་སུ་བཞག །དགེ་བ་བསྔོ། སྐྱབས་འགྲོའི་གོ་དོན་ཅུང་ཟད་ཅིག་བཤད་ན། འཇིག་རྟེན་ན་བཙན་པོ་ལ་སོགས་པའི་འཇིགས་པ་བྱུང་གི་དོགས་པས་སྐྱོབ་ནུས་ཀྱི་སྐྱབས་སམ་མགོ་བཏགས་འཚོལ་པ་བཞིན་


KMC003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། རང་རེ་ཚེ་འདི་ཕྱི་བར་དོ་ཀུན་ཏུ་འཇིགས་པའི་རྣམ་གྲངས་དཔག་མེད་ཀྱིས་གཙེས་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ཐར་དུས་མེད་པར་བྱིང་བ་ལ། ཕ་མ་གཉེན་བཤེས། ལྷ་ཀླུ་མཐུ་ཆེན་ལ་སོགས་པ་སུས་ཀྱང་སྐྱབས་མི་ཐུབ་ཅིང་། རང་སྟོབས་ཀྱིས་ཀྱང་ཟློག་ནི་ནུས་པས་ན་སྐྱབས་ཞིག་མི་ཚོལ་ཀ་མེད་དུ་སོང་། འཁོར་བ་ལས་འདྲེན་ནུས་པ་ནི་དཀོན་མཆོག་གསུམ་མ་གཏོགས་པ་སུ་ཡང་མེད། གཞན་སྐྱོབ་པ་ལ་རང་ཉིད་རང་དབང་ཐོབ་པ་ཞིག་དགོས། དཀོན་མཆོག་གསུམ་ཞེས་པ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ཡིན། སྔགས་ལུགས་ལ་དེའི་སྟེང་དུ་རྩ་བ་གསུམ་བསྣན་དགོས་ཏེ། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་རྣམས་ཡིན་དེ་གསུམ་ཡང་དཀོན་མཆོག་གསུམ་ལ་འདུ་ཞིང་། ཐམས་ཅད་ཀྱང་རྩ་བའི་བླ་མ་ཁོ་ན་ལ་འདུ་བ་སྔགས་ཀྱི་སྐབས་སུ་གསུངས། དེའང་སངས་རྒྱས་ནི་ཇི་ལྟ་ཇི་སྙེད་མཁྱེན་པའི་ཆོས་སྐུ། ངེས་པ་ལྔ་ལྡན་གྱི་ལོངས་སྐུ། བཟོ་སྐྱེ་མཆོག་གི་


KMC003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་སྟེ་སྐུ་གསུམ་གྱིས་བསྡུས་པ་ཡིན། ཆོས་ནི་གསུང་རབས་མིང་ཚིག་ཡི་གེའི་རྣམ་པ་དང་ངག་ཏུ་བརྗོད་པ་རྣམས་ལུང་གི་ཆོས། གཞི་ཆོས་དབྱིངས་དེ་བཞིན་ཉིད། འབྲས་བུ་འགོག་པའི་བདེན་པ། ལམ་བདེན་བྱང་ཆུབ་ཀྱི་ཕྱོགས་རྣམས་རྟོགས་པས་ཆོས་ཏེ་ལུང་རྟོགས་གཉིས་ཀྱིས་བསྡུས་པ་ཡིན། དགེ་འདུན་དངོས་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་དང་། གནས་སྐབས་ཉན་རང་འཕགས་པ་རྣམས་ཡིན་ཞིང་། བླང་དོར་གྱི་གནས་སྟོན་མཁན་སངས་རྒྱས་ཡིན་པས་སངས་རྒྱས་ལ་སྟོན་པ་ཞུ། དེས་བསྟན་པ་དེ་ཉམས་སུ་ལེན་རྒྱུ་ཡིན་པས་ཆོས་ལ་ལམ་ཞུ། རྒྱུས་མེད་ཀྱི་ལམ་སྣ་བཞིན་འཕགས་པ་རྣམས་ཀྱི་མན་ངག་ལག་ལེན་གང་མཛད་ཀྱི་རྒྱུན་ལྟར་བྱེད་དགོས་པས་དགེ་འདུན་ལ་ཟླ་གྲོགས་སུ་ཞུ། ལམ་མཐར་ཕྱིན་ནས་ཆོས་དང་དགེ་འདུན་ཟུར་དུ་མི་མཁོ་ཞིང་། སངས་རྒྱས་རྣམས་དང་དགོངས་པ་རོ་གཅིག་ཏུ་འགྱུར་བས་མཐར་ཐུག་གི་སྐྱབས་སངས་རྒྱས་ཁོ་ན་ཡིན། གྲུབ་མཐའི་སྐབས་འདི་རྣམས་ལ་ངོས་བཟུང་ལུགས་


KMC003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱབས་གནས་ཡིན་མིན་གྱི་སྐད་ཆ་མང་པོ་ཡོད་ཀྱང་ཉམས་ལེན་ཁོ་ན་བྱེད་མཁན་དང་། དགེ་བའི་བག་ཆགས་བཞག་མཁན་ལ་དད་མོས་ཀྱིས་རྒྱུད་ཅི་འ ཁུལ་བྱེད་པ་ལས་དེ་རིགས་མི་མཁོ་བས། གནས་སྐབས་དད་པ་སྐྱེ་བའི་དམིགས་རྐྱེན། མདོ་ལས་མདུན་ཏུ་བཞག་པའི་སངས་རྒྱས་ཞེས་སྐུ་གཟུགས་དང་མཆོད་རྟེན་སངས་རྒྱས་ཀྱི་རྣམ་གྲངས་སུ་མཛད་ཅིང་། དེའི་ཤུགས་ལས་དམ་ཆོས་མདོ་རྒྱུད་ཀྱི་གླེགས་བམ་སོ་སྐྱེའི་དགེ་འདུན་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱང་དཀོན་མཆོག་དངོས་སུ་བསྒོམ་སྟེ་སྐྱབས་འགྲོ་དད་མོས་བྱ། དེའང་ཐེག་ཆུང་དང་འཇིག་རྟེན་པའི་སྐྱབས་འགྲོར་སོང་ན་སྐྱབས་འགྲོ་རྣམ་དག་ཏུ་མི་འགྱུར་ཞིང་ཕན་ཡོན་ཚད་ལྡན་མི་འབྱུང་བས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པའི་བསམ་པ་དེ་ཤིན་ཏུ་གཙོ་ཆེ། དེས་ཐེག་ཆེན་སྐྱབས་འགྲོར་འགྱུར། དཀོན་མཆོག་རྗེས་དྲན་གྱི་མདོ་དོན་ལྟ་བུ་གོ་བས་དཀོན་མཆོག་གི་ཡོན་ཏན་ཤེས་


KMC003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཕྱི་རོལ་གྱི་སྟོན་པ་དང་ལམ་ལོག་པ་དང་མུ་སྟེགས་བྱེད་སོགས་ལས་སངས་རྒྱས་ཆོས་དགེ་འདུན་ཁྱད་པར་དུ་འཕགས་པ་ཤེས་པ། དེ་ཤེས་པའི་རྒྱུ་མཚན་གྱིས་ཞེ་ཐག་པ་ནས་ནམ་སྐྱབས་སུ་འགྲོ་བར་ཁས་བླངས་པ། སྲོག་ལ་ཐུག་ཀྱང་དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་མི་འཚོལ་བྱ་སྟེ་ཁྱད་པར་བཞི་དང་ལྡན་ན་སྐྱབས་འགྲོ་རྣམ་དག་ཏུ་འགྱུར་བར་གསུངས། སྐྱབས་སུ་འགྲོ་བ་ལ་རྗེས་ཟློས་དང་ཚིག་ཙམ་གྱིས་མི་ཆོག་སྟེ་ཞེ་གདེང་ནས་དཀོན་མཆོག་ལ་བློ་ཁེལ་དགོས། བློ་ཁེལ་ན་དཀོན་མཆོག་གི་ཐུགས་རྗེས་སྐྱོབས་མི་ནུས་པ་གཏན་ནས་མེད། ཚེ་འདི་ལ་ངེས་པར་སྨིན་དགོས་པའི་ལས་ངན་ལ་དཀོན་མཆོག་གི་ཐུགས་རྗེ་རྡུགས་པ་ལྟར་སྣང་ཡང་དད་པ་ཁེལ་ན་ཚེ་ཕྱི་མ་ཕན་ཆད་ལ་ངེས་པར་སྐྱོབ་འོང་། མི་འདོད་པ་ཅུང་ཟད་རེ་བྱུང་ཙ་ན་དཀོན་མཆོག་ལ་ཐུགས་རྗེ་མི་འདུག་ཟེར་པའམ། མོ་གཏོ་སྨན་དཔྱད་ལ་རེ་བ་ཐམས་ཅད་བློ་ཆུང་པའི་རྟགས་ཡིན། གནས་སྐབས་སུ་དཀོན་མཆོག་གི་ཐུགས་རྗེ་མི་འབྱུང་


KMC003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པའང་རང་གི་གསོལ་བ་མ་ཐེབས་པའི་སྐྱོན་ཡིན། དཀོན་མཆོག་ལ་བྱིན་རླབས་མེད་མི་སྲིད། དེས་ན་དུས་རྟག་ཏུ། མཆོག་གསུམ་གྱི་ཡོན་ཏན་དྲན་པས་དད་པ་བསྒོམ་ཞིང་གསོལ་འདེབས་ལ་བརྩོན། ངག་འཁྱལ་དང་བསྐུར་འདེབས་སོགས་ཀྱིས་སྡིག་མི་བསག །སྐུ་གསུང་ཐུགས་རྟེན་སེར་གོས་གྱོན་ཚད་ཐམས་ཅད་ལ་དཀོན་མཆོག་དངོས་ཀྱི་འདུ་ཤེས་ཀྱིས་ཕྱག་མཆོད་དད་མོས་བྱེད། རྟེན་གསུམ་རྙིང་པ་གསོ། གསར་པ་བཞེངས། ས་རྗེན་དང་འོ་བརྒྱལ་བའི་གནས་སུ་མི་འཇོག །བཙོང་ནས་སྐུ་ཀླུད་ཟ་བ་དང་། གཏའ་མར་འཇོག་པ་སོགས་དྲན་ཡང་མི་རུང་། ཐ་ན་སཱ་ཙྪའི་ཆག་དུམ་དང་ཡིག་འབྲུ་ན་གཅིག་ལའང་འགོམ་ཡུག་མི་བཏང་། བཀའ་དྲིན་དྲན་པས་ཕྱག་མཆོད་བསྟོད་པ་སོགས་གུས་པའི་སྤྱོད་ལམ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱེད། སྙིང་རྗེ་དྲན་པས་སྐྱེ་བོ་གཞན་དག་སྐྱབས་འགྲོ་ལ་འགོད་ཅིང་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་བརྗོད། ཕན་ཡོན་དྲན་པས་ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་བསྒོམ། ཉེས་དམིགས་དྲན་


KMC003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྲོག་ལ་བབ་ཀྱང་སྐྱབས་ཡུལ་མི་སྤང་། ཡིད་ཆེས་དྲན་པས་བདེ་སྡུག་མཐོ་དམན་ཇི་ལྟར་བྱུང་ཡང་སླར་ཡང་དཀོན་མཆོག་ལ་བློ་གཏོད་པ་མ་གཏོགས་ཡིད་ཆད་མི་བྱ། མདོར་ན་སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་གཞན་མི་བསྟེན། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་པའི་བསམ་སྦྱོར་སྤང་། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོོགས་མུ་སྟེགས་ཅན་ནམ་དེ་དང་ཆ་མཐུན་དང་མི་འགྲོགས་པ་སྟེ་ཚད་ལྡན་ཞིག་ཉམས་སུ་ལོན་ན་སྐྱབས་འགྲོའི་ཁོངས་སུའང་མདོ་སྔགས་ཀྱི་ལམ་རིམ་ཕལ་ཆེར་འདུ་ཞིང་། སྐྱབས་འགྲོའི་ཉམས་ལེན་ཙམ་ཡང་རྒྱུད་ལ་མེད་པར་སྟོང་སྐད་མཐོན་པོར་སྒྲོག་ཀྱང་ལམ་ནོར་གྱི་གཡང་ས་ཆེན་པོ་ཡིན་འདུག །དེས་ན་རྟག་ཏུ་སྐྱབས་འགྲོའི་ཉམས་ལེན་དང་མ་བྲལ་བར་བྱས་ན་ནང་པ་སངས་རྒྱས་པའི་གྲལ་ཏུ་ཆུད། སྡིག་པ་ཆུང་བ་རྣམས་དག །ཆེ་བ་ཡངས་ཤིང་སྲབ། མི་དང་མི་མ་ཡིན་པའི་བར་ཆོད་ཀྱིས་མི་ཚུགས། སྡོམ་པ་དང་ཁ་ཏོན་སོགས་དགེ་རྩ་ཐམས་ཅད་


KMC003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ནས་གོང་ཏུ་འཕེལ་བར་བྱེད། དཀོན་མཆོག་ལ་བློ་གཤའ་མར་ཁེལ་ན་ངན་སོང་དུ་དེད་ཀྱང་མི་འགྲོ །མདོ་སྡེེ་པད་མ་དཀར་པོ་ལས། ངའི་བསྟན་པ་འདི་ལ་ཞུགས་པའི་དགེ་བསྙེན་ནམ། དགེ་སྦྱོང་ལྟར་བཅོས་པ་དེ་དག་ཀྱང་བསྐལ་པ་བཟང་པོ་འདི་ཉིད་ལ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཏེ་གཅིག་ཀྱང་ལྷག་མ་མི་ལུས་སོ། །ཞེས་གསུངས་པའང་སྐྱབས་སུ་སོང་བ་ལ་དགོངས་པ་སྟེ་ཕན་ཡོན་ཆེན་པོ་དང་ལྡན་པའང་ཕྱོགས་ཙམ་སྨོས་པའོ། ༈ །སྐྱབས་སུ་འགྲོ་བ་དེ་དང་རྗེས་སུ་འབྲེལ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། སྤྱིར་བློ་ཆོས་སུ་སོང་ཡང་ཆོས་ལམ་དུ་འགྲོ་མི་འགྲོ་བྱང་ཆུབ་ཀྱི་སེ མས་རྒྱུད་ལ་སྐྱེས་མ་སྐྱེས་ལ་རག །དེ་ཡང་དགེ་བ་ཆེ་ཆུང་གང་བྱས་ཀྱང་སངས་རྒྱས་ཐོབ་པའི་ཐབས་སུ་སོང་ན་ཆོས་ལམ་དུ་སོང་ཟེར་བ་ཡིན་ཏེ། བྱང་ཆུབ་སེམས་ཀྱིས་ཟིན་ན་དགེ་བ་ལྟ་ཅི་སྨོས། ཐ་མལ་ཀྱི་བྱ་བ་ཚུན་ཆད་སངས་རྒྱས་སྒྲུབ་པའི་ཐབས་སུ་སོང་བ་ཡིན་པས། མདོ་ལས། མངོན་པར་རྫོགས་པར་སངས་རྒྱས་པར་


KMC003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བྱ་སྟེ་གཅིག་ལ་བསླབ་པར་བྱའོ། །གཅིག་གང་ཞེ་ན་བྱང་ཆུབ་ཀྱི་སེམས་སོ། །ཞེས་གསུངས། དེ་ལའང་ཀུན་རྫོབ་དང་དོན་དམ་བྱང་སེམས་གཉིས་ཡོད། འདི་གཉིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་ཡིན་པས་བཤད་པའི་མཐའ་རྒྱ་ཆོད་དཀའ་ཞིང་འཇོག་བསྒོམ་གྱི་སྐབས་འདིར་རྣམ་བཤད་མང་པོ་མི་མཁོ་ཡང་ཤེས་པར་འདོད་ན་བཀའ་གདམས་གཞུང་དྲུག་སོགས་ལ་སྦྱང་དགོས་ཤིང་། མདོར་བསྡུ་ན་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་སྙིང་རྗེ་ཡིན། དོན་དམ་བྱང་སེམས་ཀྱི་ངོ་བོ་གནས་ལུགས་རྟོགས་པའི་ཤེས་རབ་ཡིན། དེ་གཉིས་ཀྱང་གཅིག་ལ་བརྟེན་ནས་གཅིག་སྐྱེ་སྟེ། ཕ་དམ་པས། སྙིང་རྗེ་མ་སྐྱེས་ན་རྟོགས་པ་མི་སྐྱེ། ཉ་ཆུ་ལ་འོང་བ་ཡིན་སྐམ་ལ་མི་འོང་གསུངས་པ་ལྟར་ཀུན་རྫོབ་ལ་བརྟེན་ནས་དོན་དམ་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས། དེ་ཙ་ན་མ་རྟོགས་པའི་སེམས་ཅན་ལ་བཅོས་མ་མ་ཡིན་པའི་སྙིང་རྗེ་ཤུགས་འབྱུང་དུ་སྐྱེས་ནས་སྒོ་གསུམ་གཞན་དོན་དུ་


KMC003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བཀོལ་ནུས་པ་དེ་འོང་བ་ཡིན་འདུག །དེས་ན་ཐོག་མར་བྱང་ཆུབ་སེམས་ཀྱིས་ཟིན་མ་ཟིན་ཟེར་བ་དེ་ཀུན་རྫོབ་བྱང་སེམས་ལ་ངོས་བཟུང་རྒྱུ་ཡིན་པས་ཐོག་མར་དེ་སྐྱེས་ཐབས་དགོས། དེ་ལའང་སྨོན་འཇུག་གཉིས་ཡོད་ཅིང་གཉིས་ཀ་ཆོ་ག་ལ་བརྟེན་ནས་སྐྱེ་དགོས། གང་ཟག་མཆོག་ཁ་ཅིག་རྟེན་གྱི་དྲུང་དུ་ཞེ་ཐག་པ་ནས་བྱང་སྡོོམ་བཟུང་བའི་ཚིག་ལན་གསུམ་བརྗོད་པས་སྐྱེ་བའང་ཡོད། ཕལ་པ་རྣམས་ཀྱིས་ནི་སྡོོམ་རྒྱུན་བར་མ་ཆད་པའི་དགེ་བའི་བཤེས་གཉེན་ལས་སྡོོམ་པ་ནོད་དགོས། གང་ལྟར་རྗེས་ནས་རབ་ཉིན་མཚན་དུས་དྲུག །འབྲིང་ཐུན་བཞིའི་ཐོག་མཐའ། ཐ་མས་ཀྱང་ཉིན་མཚན་གཉིས་ལ་བཤགས་སྡོམ་ངེས་པར་བྱེད། དེ་ཡང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ། །ཞེས་ཡང་ཡང་བསྒོམ་པ་ནི་སྨོན་པ་བྱང་སེམས་ཡིན་ཏེ། དཔེ་འགྲོ་བར་འདོད་པ་དང་མཚུངས། དེའི་ཆེད་དུ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ངག་བསྒོམ་པར་བགྱིའོ་


KMC003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྐབས་དེར་བྱ་རྒྱུའི་དགེ་བ་ལ་དམ་བཅའ་སྔོན་ཏུ་འགྲོ་བའི་རྗེས་སུ་སྒྲུབ་པ་ལ་ཞུགས་པ་ནི་འཇུག་པ་བྱང་སེམས་ཡིན་ཏེ་ལམ་དུ་ཞུགས་ནས་འགྲོ་བ་དང་མཚུངས། སྐབས་འདིར། སྐྱབས་ཡུལ་མ་བསྡུས་པའི་གོང་དུ་བྱང་མཆིས་མ་ལན་གསུམ་བརྗོད་ནས། ཞིང་མཆོག་དེ་དག་གི་མདུན་ཏུ་སྔོན་གྱི་རྒྱལ་བ་སྲས་དང་བཅས་པས་སྨོན་པ་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། འཇུག་པ་བྱང་ཆུབ་སེམས་ཀྱི་བསླབ་པས་ཇི་ལྟར་བསླབ་པར་མཛད་པ་བཞིན་ཏུ་བདག་གིས་ཀྱང་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བསླབ་པ་ཕར་ཕྱིན་དྲུག་ལ་རིམ་པར་བསླབ་པར་བགྱིའོ་སྙམ་དུ་བསམ། དེ་ལྟར་སེམས་བསྐྱེད་པ་ལ་རང་ཉིད་དགའ་བ་བསྒོམ། གཞན་དག་གཟེངས་སྟོད། སྨོན་ལམ་གདབ། མཐར་སྐྱབས་ཡུལ་རང་ལ་བསྟིམ། དུས་རྒྱུན་བྱང་སྡོམ་ཁ་གསོ་ལྟ་བུའི་ཚེ་མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་སྟོན་པ་ཤཱཀྱ་ཐུབ་པ་ལ་ཉེ་བའི་སྲས་བརྒྱད་དང་། གནས་བརྟན་བཅུ་དྲུག་སོགས་


KMC003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་དང་ཉན་རང་གི་དགེ་འདུན་གྱིས་བསྐོོར་བར་བཞུགས་པར་མོས་ལ་བྱང་སྡོམ་ལེན། མཐར་མི་དམིགས་པར་བཞག །ཆོས་སྤྱོད་ཉམས་ལེན་ཐམས་ཅད་སེམས་བསྐྱེད་ཀྱི་བསླབ་བྱར་འགྲོ་བས་རྒྱ་ཤིན་ཏུ་ཆེ་ནའང་། མདོར་བསྡུས། སྨོན་སེམས་ཀྱི་བསླབ་བྱ། སེམས་ཅན་བློས་སྤངས་པ་དང་། མི་མཐུན་པའི་སེམས་བསྐྱེད་པ་གཉིས་ཀྱིས་སྡོམ་པ་རྩད་ནས་འཇིག་པས་བྱང་སྡོམ་བླངས་ཕྱིན་ཆད་འདི་གཉིས་སྤང་བ་གལ་ཆེ། དེ་ཡང་སེམས་ཅན་གྲངས་མང་ཉུང་གང་ཡིན་ཀྱང་རུང་། རང་དང་འཁོན་སེལ་ལྟ་བུས་ཁྱོད་ལ་ཕན་ཐོགས་པའི་དུས་བྱུང་ཡང་མི་བཏགས་བསམ་པ་སོགས་ཞེ་སྡང་དང་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་བློས་དོར་ཞིང་གཞན་ལ་ཁྲོ་བ་སེམས་ཅན་བློས་སྤང་གི་ལྟུང་བ་ཡིན། ང་ལྟ་བུས་རང་དོན་གཞན་དོན་གང་ཡང་མི་འོང་འཇིག་རྟེན་ཕལ་བ་རང་ལེགས་སྙམ་པའམ། རྫོགས་པའི་སངས་རྒྱས་ཐོབ་དཀའ་བས་དེའི་ཕྱིར་སེམས་བསྐྱེད་མ་བསྐྱེད་འདྲ་སྙམ་པ་དང་། སེམས་ཅན་གྱི་དོན་སྒྲུབ་མ་ནུས་སྙམ་ནས་རང་


KMC003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡིད་བྱེད་ཉན་རང་གི་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་ལ་ཕན་ཡོན་དེ་ཙམ་མེད་སྙམ་ནས་སྡོམ་པ་བག་ཡངས་སུ་བྱེད་པ་སོགས་ནི་མི་མཐུན་པའི་སེམས་ཏེ། དེ་གཉིས་གཉེན་པོས་མ་སླེབ་པར་ཐུན་ཚོད་གཅིག་འདས་ན་བྱང་སྡོམ་འཆོར་བ་ཡིན་པས་ཐོག་མ་ནས་མི་སྐྱེ་བའི་དྲན་པ་རྒྱུན་ཆགས་བསྟེན། དབང་མེད་དུ་སྐྱེས་ཀྱང་འཕྲལ་དུ་བཤགས་སྡོམ་གྱིས་བཅོས། མདོར་ན་དུས་རྟག་ཏུ་རང་ལ་གནོད་པ་བྱེད་པའི་དགྲ་གདོན་ཚུན་ཆད་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་ལྷག་བསམ་དེ་མ་ཉམས་ཕྱིན། ཉན་ཐོས་ཀྱི་ཕས་ཕམ་ལྟ་བུའི་ཉེས་བྱས་ཆེན་པོས་ཀྱང་བྱང་སེམས་འཇོམས་པར་མི་ནུས་པས། ད་ལྟ་དངོས་སུ་ཕན་གདགས་ནུས་ཚད་ལག་ལེན་ཏུ་ཅི་ཐེབས་བྱ། མི་ནུས་ཀྱང་ཕུགས་སུ་ཕན་གདགས་པའི་བསམ་པ་དང་མ་བྲལ་བར་བྱ། སྐྱེ་བ་ཀུན་ཏུ་བྱང་ཆུབ་ཀྱི་སེམས་བརྗེད་པའི་རྒྱུ་ནག་པོའི་ཆོས་བཞི་སྤང་། མི་བརྗེད་པའི་རྒྱུ་དཀར་པོའི་ཆོས་བཞི་ལ་བསླབ་དགོས། དེ་ཡང་བླ་མ་དང་མཆོད་འོས་བསླུ་བའི་


KMC003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཤེས་བཞིན་གྱི་རྫུན་སྨྲ་བ་སྟེ། མགོ་འཁོར་མ་འཁོར་དང་། ཚིག་མང་ཉུང་ལ་ཁྱད་མེད་པས། རྩེད་མོའི་ཕྱིར་རྫུན་ཚིག་ཕྲ་མོའང་སྨྲ་མི་རུང་། སྡིག་པ་བྱས་པ་ལ་འགྱོད་པ་བསྐྱེད་དགོས་ཀྱང་། འགྱོད་པའི་གནས་མ་ཡིན་པ་དགེ་བ་བྱེད་པ་ལ་འགྱོད་པ་ཕྲ་མོ་ཙམ་ཞིག་བསྐྱེད་ན། གཞན་འགྱོད་རུང་མ་འགྱོད་རུང་འདྲ་སྟེེ་ཉེས་པ་སྐྱེད་པས། རང་གི་ཅི་ནུས་ཀྱིས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་དང་། ལྷག་པར་ཐེག་ཆེན་དང་འབྲེལ་བའི་དགེ་རྩ་ཅི་འགྲུབ་བྱེད་དུ་ུག ཞུག །ཐམས་ཅད་བྱང་ཆུབ་མཆོག་ཏུ་སྨོན་ལམ་འདེབས་པ་ལ་བཀོད། སེམས་བསྐྱེད་ཀྱི་ཆོ་ག་ཙམ་བཏོན་མྱོང་བའི་སེམས་ཅན་སུ་ཡིན་ཀྱང་རུང་བྱང་ཆུབ་སེམས་དཔའི་གྲངས་སུ་འགྲོ་བས་དངོས་སམ་ལྐོག་ཏུ་སྐྱོན་བརྗོད་སྐྲ་རྩེ་ཙམ་ཡང་མི་རུང་བ་ལྟ་ཅི་སྨོས། སེམས་ཅན་ཐ་མལ་པ་ལའང་མི་སྨོད་ཅིང་བསྟོད་པ་བརྗོད་དགོས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པས་ཚོགས་བསག་སྒྲིབ་སྦྱང་གི་ཡུལ་ལ་སངས་རྒྱས་དང་ཁྱད་མེད་པར་གསུང་། ལུས་


KMC003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་གསུམ་གང་རུང་གི་སྒོ་ནས་རང་དོན་སྒྲུབ་པའི་ཕྱིར་གཞན་ལ་གཡོ་སྒྱུ་ཁྲམ་གསུམ་ཐ་ན་བྲེེ་སྲང་ཚུན་ཆད་ལའང་མི་རུང་། སེམས་ཅན་ཐམས་ཅད་འདི་ཕྱི་གཉིས་ཀར་ཕན་བདེ་ལ་འགོད་པར་འདོད་པས་གཞན་དོན་རང་གི་ཁུར་དུ་ཁྱེར། ཐ་ན་གཏམ་གླེང་ལེན་ཀྱང་ཕ་བུ་ལྟར་དྲང་པོར་སྨྲ་དགོས། མདོར་ན་ཁེ་དང་རྒྱལ་ཁ་གཞན་ལ་འབུལ་ཞིང་གྱོང་དང་བུབ་ཁ་རང་གིས་ལེན་པ་ལ་མ་འདུས་པ་མེད། བྱང་ཆུབ་སེམས་དཔའི་སྡོམ་པ་བསམ་པ་ཁོ་ན་གཙོ་བ་ཡིན་པས་ལུས་ངག་གི་སྤྱོད་ལམ་ཇི་ལྟར་ཡང་ནང་དུ་སེམས་བསྲུང་བ་ལ་རྟག་ཏུ་འབད། བྱང་སེམས་གོང་ནས་གོང་དུ་སྤེལ་བའི་རྒྱུ་ཚོགས་གཉིས་རྒྱ་ཇེ་ཆེ་ལ་བསླབ། དེ་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའི་བྱ་བ་བཅུར་གསུངས་ཏེ། དད་པའི་རྩ་བ་ལ་གནས་ནས་དགེ་བའི་བཤེས་གཉེན་བསྟེན་པ་དང་། བརྩོན་པ་དྲག་པོས་དམ་པའི་ཆོས་ཕྱོགས་མེད་དུ་ཚོལ་བ་དང་། འདུན་པ་དྲག་པོས་དགེ་བའི་ལས་ལ་བརྩོན་པ་མི་འདོར་བ་དང་། བག་


KMC003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་ལས་དང་བྱ་བ་ཆུད་མི་ཟ་བ་དང་། བདག་གི་དགེ་བ་ལ་མི་ཆགས་པར་སེམས་ཅན་སྨིན་པར་བྱེད་པ་དང་། ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་འཛིན་པ་དང་། བསོད་ནམས་ཀྱི་ཚོགས་ཀྱིས་མི་ངོམས་པ་དང་། ཡེ་ཤེས་ཀྱི་ཚོགས་ལ་ནན་ཏན་ཏུ་བྱེད་པ་དང་། དུས་རྟག་ཏུ་ཡང་དག་པའི་དོན་དང་མི་འབྲལ་བ་དང་། ཐབས་ལ་མཁས་པས་ལམ་གང་ཡང་ཡོངས་སུ་ཚོལ་བའོ། །ཞེས་གསུངས་པ་ལ་ནན་ཏན་བྱ། འཇུག་པའི་བསླབ་བྱ། ལོ་ལེགས་པར་འདོད་ན་ས་བོན་ཙམ་གྱིས་མི་ཆོག་སོ་ནམ་ལ་འབད་དགོས་པ་ལྟར་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་ཙམ་གྱིས་མི་ཆོག་བྱང་ཆུབ་སྤྱོད་པ་ཆེ་ཕྲ་ལག་ལེན་ཅི་ཐེབས་གང་ཐེབས་དགོས། དེའང་སྦྱིན་པ་བཏང་། ཚུལ་ཁྲིམས་བསྲུང་། བཟོད་པ་བསྒོམ། བརྩོན་འགྲུས་བརྩམ། བསམ་གཏན་དང་ཤེས་རབ་ལ་ལེགས་པར་བསླབ་པ་སྟེ་ཕར་ཕྱིིན་དྲུག་དང་། མདོར་ན། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་པ་མིན། །ཞེས་པ་ལྟར་དགེ་རྩ་ཕྱོགས་མེད་དུ་བསྒྲུབ།


KMC003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་བསྒྲུབས་པ་ལ་ཡི་རངས་བསྒོམ། སེམས་ཅན་ཐམས་ཅད་སྔར་མེད་ཀྱི་བདེ་བ་གསར་པ་དང་འཕྲད་ཅིང་དེའི་རྒྱུ་དགེ་བ་ལ་འགོད་པར་འདོད་པའི་བྱམས་པ་དང་། ད་ལྟའི་སྡུག་བསྔལ་དང་བྲལ་ཞིང་ཕྱིན་ཆད་ཀྱང་དེའི་རྒྱུད་མི་དགེ་བ་འགོག་པར་འདོད་པའི་སྙིང་རྗེ་དང་། ད་ལྟ་གཞན་ལུས་སེམས་བདེ་བ་ལ་ཡི་རངས་པའི་དགའ་བ་དང་། རང་དང་མ་ལྟ་བུའི་སེམས་ཅན་གཅིག་ལ་གལ་ཆེ་ཆུང་ཁྱད་མེད་པར་མཉམ། དེ་དང་སེམས་ཅན་ཐམས་ཅད་ཀྱང་ཉེ་རིང་མེད་པ ར་གཅིག་ལ་མ་ཆགས། གཅིག་ལ་མི་སྡང་བར་ཐམས་ཅད་ངོ་མཉམ་པ་ནི་བཏང་སྙོམས་ཏེ། དགྲ་གཉེན་བར་མའི་བྱེ་བྲག་མེད་པར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཚད་མེད་པ་ལ་དེ་ལྟར་བསྒོམ་པ་ནི་ཚད་མེད་བཞི་ཞེས་བྱ་སྟེ་ཐེག་པ་ཆེན་པོའི་རྣལ་འབྱོར་དུ་ཞུགས་ཕྱིན་ཆད་ཉམས་ལེན་གྱི་མཐིལ་དུ་དགོས་པའི་ཆོས་ཀྱི་ཉིང་ཁུ་ཡིན། འདི་ལ་བཀའ་གདམས་པའི་མན་ངག་ཏུ་རྒྱུ་འབྲས་ཀྱི་འབྲེལ་པའི་བསམ་ནས་བྱམས་སོགས་རྒྱུད་ལ་སྐྱེ་བར་བྱེད་


KMC003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དེ། བདག་ཅི་ནས་ཀྱང་སངས་རྒྱས་ཐོབ་དགོས་པ་འདུག །དེའི་རྒྱུར་བྱང་ཆུབ་ཀྱི་སེམས་དགོས་པར་འདུག །དེའི་རྒྱུར་སྙིང་རྗེ། སྙིང་རྗེའི་རྒྱུར་བྱམས་པ། དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་ཏུ་གཟོ་བ། དེའི་རྒྱུར་སེམས་ཅན་ཐམས་ཅད་ཕ་མར་ཤེས་དགོས། དེ་ཤེས་ནས་ཐོག་མར་རྩ་བའི་མ་དེའི་དྲིན་ལ་བསམ་ནས་བྱམས་པ་བསྒོམས། དེ་དང་འདྲ་བར་སེམས་ཅན་སྲོག་དབུགས་ཀྱིས་བསྡུས་པ་ཀུན་ལ་རྒྱ་ཇེ་ཆེར་བསྒོམ། མི་གཞན་གྱིས་ཆོས་པ་བཟང་པོར་མཐོང་དུ་རེ་བའམ། ལྟོ་གོས་སྙན་གྲགས་སོགས་འདོད་པའམ། གཞན་ལས་རང་བཟང་བ་ཞིག་འོང་དུ་རེ་ནས་བྱང་ཆུབ་སེམས་དཔའ་བརྫུ། ཚུལ་འཆོས་བྱེད། མིང་རྟོགས་ལྡན་དང་གྲུབ་ཐོབ་ཏུ་བཏགས་པ་དེ་གཉིས་ཕུང་གི་རྩ་བ་ཡིན་པས་དལ་འབྱོར་རྙེད་དཀའ་དང་། མི་རྟག་པའི་སྒོམ་གཉེན་པོ་བརྟེན་དགོས། དགེ་སྦྱོར་དང་ཆོས་སྤྱོད་བག་རེ་བྱེད་ཀྱང་ཕྱི་མ་ལྷ་མིའི་བདེ་བ་ཙམ་ལ་སྨོན་ནའང་བྱང་ཆུབ་སེམས་དང་རྒྱབ་འགལ་ཡིན་པས་འཁོར་བའི་ཉེས་དམིགས་དང་ལས་འབྲས་དྲན་


KMC003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། རང་དོན་ཡིད་བྱེད་ཁོ་ན་ལས་གཞན་ཕན་གྱི་བསམ་པ་མི་སྐྱེ་ན་རྩ་བ་འཆུག་པས་བདག་གཞན་མཉམ་བརྗེའི་སེམས་བསྒོམ་དགོས། འདི་ལྷག་པར་ཡང་གལ་ཆེ། དེ་ཡང་བདག་དང་སེམས་ཅན་ཐམས་ཅད་བདེ་བ་འདོད་པར་མཉམ། སྡུག་བསྔལ་མི་འདོད་པར་མཉམ། ཆོས་ཉིད་རང་བཞིན་མེད་པར་ཡང་མཉམ། བདག་གཅིག་པུ་ཡིན་ལ་སེམས་ཅན་ནི་མང་པོ་ཡོད་པས་བདག་དང་མཉམ་པ་ལས་ཀྱང་ཆེས་ལྷག །དེའི་ཕྱིར་བདག་སངས་རྒྱས་ཐོབ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པར་འདོད་པ་སྟེ་འདི་ཉིད་གོ་ཡུལ་ཙམ་དུ་ུམ་ལུས་པའི་སེམས་ཐོག་ཏུ་ཁེལ་ངེས་པ་དགོས། དེའི་བོག་འདོན་ཏུ། བདག་མི་གཅེས་ཤིང་། སེམས་ཅན་གང་རུང་གཅིག་ཀྱང་བདག་ལས་ཤིན་ཏུ་གཅེས་པར་འཛིན་པས་གཞན་བདེ་བའི་ཕྱིར་བདག་ཉིད་སྡུག་བསྔལ་དོས་དྲག་པ་ལའང་འཇུག་པར་སྤྲོ་བའི་བསམ་སྦྱོར་གཉིས་ཀ་གཞན་དོན་ཁོ་ན་བྱེད་པ་དགོས། ད་ལྟ་རང་རེ་ཚོས་དགེ་བ་ཕྲན་བུ་བྱེད་ན་ཡང་། རང་གིས་བྱས་པ་


KMC003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རང་ལ་ཕན་པར་བྱེད། གཞན་གྱིས་བྱེད་བཅོལ་བ་དེ་བཅོལ་མཁན་དེའི་ཡིན་རྒྱུ་བྱེད་པ་འདི་འདྲས་གར་ཡང་མི་ཕྱིན། ཆོས་སྤྱོད་ལྟ་ཅི་སྨོས་འགྲོ་འཆག་ཉལ་འདུག་ཐམས་ཅད་ཀྱང་གཞན་ཕན་གྱི་སེམས་འབའ་ཞིག་པས་བྱ། ནད་དང་གདོན་གྱི་གནོད་པ། མི་ཁ་ཟུག་པ། ཉོན་མོངས་ཆེ་རུ་འགྲོ་བ་སོགས་བྱུང་ན་དེའི་སྟེང་དུ་སེམས་ཅན་གྱི་མི་འདོད་པ་ཐམས་ཅད་བསྡུས་ཤིང་སྤུངས། སྡུག་བསྔལ་བྱུང་ན་སྔོན་ལས་སུ་ཤེས་པས་སེམས་སྡུག་མི་བྱ་བར་གཞན་གྱི་སྡུག་བསྔལ་བླང་། བདེ་སྐྱིད་བྱུང་ཚེ་ནོར་དབང་ཐང་དགེ་ཕྱོགས་སུ་བཏང་ཞིང་སྙོམ་ལས་སུ་མི་སྡོད་པར་ལུས་ངག་དགེ་ལ་བསྐུལ་ཞིང་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་པར་སྨོན་ལམ་འདེབས། མདོར་ན་ཅི་བྱེད་རང་དོན་གྱི་འཁྲི་བ་མ་ཞུགས་པར་ཆོས་བྱས་ཚད་བདག་འཛིན་གྱི་གཉེན་པོར་འགྲོ་བར་བྱ། དབུགས་ནང་དུ་རྔུབས་པ་དང་མཉམ་དུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྡིག་སྒྲིབ་ཐམས་ཅད་ནག་འུབ་ཀྱིས་སྣ་སྒོ་ནས་ཞུགས་ཏེ་སྙིང་གར་ཐིམ། རང་


KMC003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཐོག་མེད་ནས་བསགས་པའི་དགེ་བ་དང་བདེ་བ་ཐམས་ཅད་སྣ་སྒོ་ནས་དཀར་ལམ་གྱིས་སོང་། སེམས་ཅན་རེ་རེ་བཞིན་ཆ་རེ་བྱིན་པས་ཐམས་ཅད་སངས་རྒྱས་ཐོབ་པར་བསམ་སྟེ་དགའ་བ་བསྒོམ། ངག་ཏུ། སྐྱིད་ན་དགེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །སྡུག་ན་ཀུན་གྱི་སྡུག་བསྔལ་སྨིན། །སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག །ཅེས་པ་འདི་དུས་རྟག་ཏུ་བརྗོད། འཆི་ཁར་ཡང་ཉམས་ལེན་གཞན་གྱིས་མ་སླེབ་རུང་གཏོང་ལེན་ཐུན་གཅིག་དང་སྦྲགས་ནས་དབུགས་འགྲོ་ཐུབ་པར་བྱ། ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། གྱོད་ཁ་མཆུ། གྱོང་བུབ་ཁ། མི་འདོད་པ་ཅི་བྱུང་ཡང་གཞན་ལ་འཁོན་ཏུ་མི་འཛིན་པར། བདག་གཅེས་འཛིན་འདི་ཁོ་ནས་ལན་སྙམ་དུ་ལེ་ལན་རང་ལ་བདའ། དགྲ་གཉེན་བར་མ་ཐམས་ཅད་བློ་སྦྱོང་གི་རྟེན། སྡིག་སྒྲིབ་སྦྱོང་བའི་གྲོགས་ཡིན་པས་ཐམས་ཅད་བཀའ་དྲིན་རེ་ཆེ་སྙམ་དུ་བསམ། རང་ལ་གཅེས་འཛིན་མེད་པ་གཞན་གྱིས་གོ་རུ་རེ་བའི་ཚིག་དང་སྤྱོད་པ་མི་བྱ།


KMC003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྤྱོད་ཆོས་འདུལ་བ་དང་བསྟུན་ནས་གཙང་སེང་ངེ་བ་བྱ། གཞན་གྱི་སྐྱོན་མི་བརྗོད། སྐྱོན་མཐོང་བ་དེ་རང་ཉིད་སྣང་བ་མ་དག་པར་ཤེས་དགོས། མིའི་མཚང་འབྲུ་བ་དང་། ཚིག་རྩུབ་བརྗོད་པ། མི་མ་ཡིན་ལ་དྲག་སྔགས་བཟླ་བ་སོགས་ཀྱང་སྤང་། རང་ལ་བབ་པའི་བྱ་བ་དཀའ་བ་གཞན་ལ་བསྒྱུར་བ་དང་རང་གི་ཁག་ངན་གཞན་ལ་བཀལ་བ་སོགས་མི་བྱ། རང་ཕྱོགས་དང་མི་མཐུན་པ་ལ་ཕམ་ཁ་བྱུང་ན་དགའ་བ་དང་། དགྲ་ཤི་ན་ལེགས་བསམ་པ་དང་། གཞན་ལ་ན་ཚ་བྱུང་ན་རང་ལ་རྙེད་བཀུར་འོང་བསམ་པ་སོགས་དྲན་ཡང་མི་རུང་། ཁམས་བཟང་ངན་དང་མི་ཁ་ཐུབ་མི་ཐུབ་སོགས་གང་ལའང་མི་ལྟོས་པར་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་དེའང་དགྲ་དང་བགེགས་སོགས་སྙིང་རྗེ་སྐྱེ་དཀའ་བ་རྣམས་ལ་ཕུར་ཚུགས་སུ་བསྒོམ། ཆོས་ལ་ངེས་ཤེས་མེད་པས་རེས་བྱེད་རེས་མི་བྱེད་པ་དེ་སྤང་། ཆོས་ཉམས་སུ་ལེན་པ་རང་དོན་ཡིན་པས་དཀའ་སྤྱད་ཇི་ཙམ་བྱས་ཀྱང་གཞན་ལ་ཡུས་ཆེ་མི་འཚང་། མཚང་འབྲུ་སྨ་ཕབ་རྡེག་བརྡུང་ཁོང་ཁྲོ་


KMC003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱེད་པ་ལ་ལན་མི་བྱེད་པར་སྙིང་རྗེ་འབའ་ཞིག་བསྒོམ། ཅུང་ཟད་ཙམ་ལ་དགའ་མི་དགའི་རྣམ་འགྱུར་མི་སྟོན། རང་ལ་གནོད་པ་ཕྲ་མོའང་མི་བཟོད་ཅིང་གཞན་ལ་ཕན་པ་ཕྲ་མོའང་མི་ཐོགས་ན་སེམས་བསྐྱེད་པའི་དོན་གོ་སྟོར་བས་བདག་གཞན་བརྗེ་བ་འདི་ཐབས་མཁས་ཀྱི་ཁྱད་པར་བརླབས་པོ་ཆེ་ཡིན་པས་རྡོ་རུས་གཏུགས་པའི་ཉམས་ལེན་བྱའོ། །སེམས་བསྐྱེད་པ་ཙམ་གྱིས་ཀྱང་སྡིག་པའི་ཚོགས་དཔག་ཏུ་མེད་པ་བྱང་། དགེ་བ་རྣམས་ཟད་མེད་དུ་འཕེལ། གངྒཱའི་བྱེ་སྙེད་ཀྱི་ཞིང་ཁམས་རིན་པོ་ཆེ་བཀང་ནས་སངས་རྒྱས་ཐམས་ཅད་ལ་རེ་རེ་བཞིན་ཕུལ་བ་ལས། བྱང་ཆུབ་སེམས་སྐད་ཅིག་མའི་བསོད་ནམས་ཆེ་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་ནི་སྨོས་མ་དགོས་ཏེ་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རོ། །དེས་ན་ཕ་རོལ་ཕྱིན་དྲུག་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྙིང་རྗེ་ཁོ་ན་ལས་འབྱུང་བས་ཟླ་གྲངས་ཞག་གྲངས་འདི་ཙམ་བསྒོམ་ཟེར་བའམ། སྡུག་བསྔལ་བའི་སེམས་ཅན་གཅིག་ལ་


KMC003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རེ་རྗེ་ཟེར་བ་ཙམ་མིན་པར་ཕྱོགས་མེད་རིས་མེད་ཀྱི་འགྲོ་བ་ལ་སྙིང་རྗེ་ཆེན་པོས་རྟག་ཏུ་ཁྱབ་ལ་བསླབ་པར་བྱའོ། །ཡང་རང་རྒྱུད་སྨིན་པའི་ཕྱིར་རང་ཉིད་དགེ་བའི་ཕྱོགས་ཐམས་ཅད་ལ་བསླབ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་སྨིན་པའི་ཕྱིར་གཞན་དག་གང་ལ་གང་མཚམས་ཀྱི་དགེ་བ་བསྒྲུབ་ཏུ་གཞུག་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཉིས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ཐམས་ཅད་འདུ་ཞིང་། གཉིས་པོ་དེ་ལས་ཅི་རིགས་པ་འགྲུབ་ཏུ་རུང་བཞིན་མི་བྱེད་ན་བྱང་ཆུབ་སེམས་དཔའི་ཉེས་པར་གསུངས་པས་སྐབས་སུ་གང་བབས་ཀྱི་དགེ་རྩ་རང་གིས་བསྒྲུབ། གཞན་ལའང་བསྐུལ་མ་བྱ། སྣ་རེ་རེས་ཆོག་པར་འཛིན་ནས་རྐྱེན་ངན་མི་ཐུབ་པའི་ཉམས་མྱོང་མག་མོག་ཙམ་ལ་ཞེན་པ་ནི་རྒྱལ་བའི་གསུང་རབ་དང་དམ་པའི་རྣམ་ཐར་མ་ཐོས་པའི་སྐྱོན་ཏུ་ཟད་དོ། ༈ །གཉིས་པ་སྡིག་སྒྲིབ་སྦྱང་བྱེད་ཡི་གེ་བརྒྱ་པའི་ཁྲིད་ལ། སྤྱིར་ཡིག་བརྒྱ་ལའང་དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ལས་གསུངས་པའི་དེ་བཞིན་གཤེགས་


KMC003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡིག་བརྒྱ་དང་། རྒྱུད་སྡེ་དུ་མ་ལས་གསུངས་པའི་རྡོར་སེམས་ཡིག་བརྒྱ་གཉིས་ཡོད། རྡོར་སེམས་ལའང་། འཇིག་རྟེན་ལས་འདས་པའི་ལྷ་ཡི་རིགས་མཐའ་ཡས་པའི་མཚན་སྔགས་སྤོ་ཆོག་པ་ཞི་བ་རིགས་འདུས་ཀྱི་ཡིག་བརྒྱ་དང་། མངོན་བརྗོད་བླ་མའི་རྒྱུད་སོགས་ལས་གསུངས་པ་ཁྲོ་བོ་ཧེ་རུ་ཀའི་ཡིག་བརྒྱ་གཉིས་ཡོད། དེ་དག་ཡིག་འབྲུའི་གྲངས་བརྒྱར་ངེས་མི་ངེས་ཅི་རིགས་ཡོད་ཀྱང་སྔགས་ཀྱི་རིགས་གཅིག་པས་ཡིག་བརྒྱར་གྲགས། དེ་ལས་ད་ལམ་རྡོར་སེམས་ཞི་བའི་ཡིག་བརྒྱའི་དམིགས་རིམ་སྟོན་ཏེ། འདི་ལའང་ཡོ་ག་དང་མཐུན་པར་དཔའ་བོ་གཅིག་པ་འཁོར་ལོས་སྒྱུར་བའི་རྣམ་པར་བསྒོམ་པ་དང་། བླ་མེད་དང་མཐུན་པར་ཁ་སྦྱོར་ལྷན་སྐྱེས་སུ་བྱེད་པ་གཉིས་ཡོད་པ་ལས། འདིར་ཡོ་གའི་ལུགས་དེ་བསྒོམ་པ་ཕྱག་ལེན་ཏུ་མཛད་པ་ཡིན། དེའང་རང་ཐ་མལ་པའི་སྤྱི་བོར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་ཏུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་


KMC003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྩ་བའི་བླ་མ་དང་དབྱེར་མ་མཆིས་པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད་དེ་འཛིན་ཅིང་། གཡོན་དངུལ་དཀར་གྱི་དྲིལ་བུ་ུདཀུར་བརྟེན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་སྣ་ཚོགས་ཀྱི་སྟོད་གཡོགས་སྨད་གཡོགས། རིན་པོ་ཆེའི་དབུ་རྒྱན་སོགས་ཞི་བའི་ཆས་ཡོངས་སུ་རྫོགས་པ། དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་རང་རིགས་མཚོན་བྱེད་བླ་མ་མི་བསྐྱོད་པས་མཚན་པ། མཚན་དཔེས་བརྒྱན་པའི་སྐུ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་དང་། ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་དཀར་པོའི་མཐའ་སྐོར་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་སྔགས་ངོ་ཕྱིར་བསྟན་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་སྦྲུལ་འཁྱིལ་བ་ལྟར་འཁོར་བ། དེ་ལས་འོད་ཟེར་


KMC003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ནས་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམ་ལ་སྡིག་སྒྲིབ་སྦྱོང་བའི་གསོལ་བ་གདབ་པས། ཐུགས་ཀའི་སྔགས་འཁོར་ས་བོན་ལས་ཡེ་ཤེས་ཀྱི་བདུད་རྩི་བབ། སྐུ་ལུས་ཐམས་ཅད་གང་། མ་ཤོངས་ལུད་པའི་ཚུལ་གྱིས་ཞབས་གཡས་པའི་ཐེ་བོང་ནས་དཀར་ཏ་ལ་ལ་བབ། རང་གི་སྦྱི་བོ་ནས་ཞུགས། ཚེ་ར བས་ཐོག་མ་མེད་པ་ནས་བསགས་པའི་དམ་ཚིག་ཉམས་ཆག་སོགས་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུ། ནད་ཐམས་ཅད་རྣག་ཁྲག་ཆུ་སེར། གདོན་ཐམས་ཅད་འབུ་སྲིན་ལྗན་ལྗིན་གྱི་རྣམ་པ། གདོས་བཅས་ཤ་ཁྲག་དང་བཅས་པ་ཆུ་སྣས་སྦུར་མ་ཁྱེར་བ་བཞིན་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་དེད་ཅིང་དབང་ཆེན་གསེར་གྱི་ས་གཞིར་ཐིམ། རང་ལུས་དག་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཆུ་ལྷག་ཡར་ལུད་པ་རྡོར་སེམས་གྱི་ཞབས་ལ་རིག་པར་བསམ། དེ་ལྟར་དམིགས་པ་ཤིན་ཏུ་གསལ་བ་ཡང་ཡང་གསལ་


KMC003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། གཞན་ཏུ་ཡེངས་པར་གྱུར་ན་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་པས། སྐད་ཅིག་ཀྱང་མ་ཡེངས་པར་བྱས་ནས་ཡིག་བརྒྱ་ཡིག་དྲུག་དལ་བྲེལ་རན་པར་གཙང་དག་སི་ལི་ལི་བཟླ། མཐར་ཐལ་མོ་སྦྱར་ཏེ། མགོན་པོ་བདག་ནི་སོགས་གསོལ་འདེབས་དང་བཤགས་ཚིག་བརྗོད་པས། བླ་མ་རྡོ་རྗེ་སེམས་དཔའ་ཐུགས་དགྱེས་ཤིང་ཞལ་འཛུམ་པ་དང་བཅས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུས་དེ་རིང་ནས་དག་པ་ཡིན་ནོ། །ཞེས་གསུང་གི་དབུགས་འབྱུང་སྩལ་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ་ལ་མི་དམིགས་པར་བཞག །ཐུན་འཇོག་ན་དགེ་བ་བསྔོ། སྡིག་པ་དག་པའི་རྟགས་གཞུང་དུ་གསལ། ཁྱད་པར་གྱི་རྟགས་ལུས་ཡངས་ཤིང་གཉིད་ཆུང་། ཁམས་བདེ་རིག་པ་གསལ། ཉམས་རྟོགས་ཐལ་ཐོལ་སྐྱེ་བ་སོགས་འབྱུང་བར་གསུངས། དེའི་གོ་དོན་ནི་སྤྱིར་སྡིག་པ་སྤང་དགོས། དགེ་བ་


KMC003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་དགོས། དེའི་སྤང་བླང་ཇི་བཞིན་ཤེས་ནས་གཞན་ལ་འདོམས་པ་ནི་རྫོགས་པའི་སངས་རྒྱས་ཉགས་གཅིག་ཡིན། དེའི་གསུང་ལ་ཡིད་ཆེས་ནས་ལག་ལེན་བྱེད་པ་དེ་ཁོང་པའི་ནང་དུ་དོན་སྙིང་ཡོད་པ་ཡིན། ལས་དགེ་སྡིག་གང་ཡིན་རུང་། རྒྱུའི་དུས་ན་ཆུང་ཡང་འབྲས་བུའི་དུས་ན་འཕེལ་ཆེ། སྡིག་པའི་འབྲས་བུས་ངན་སོང་དང་། དགེ་བའི་འབྲས་བུས་བདེ་འགྲོ་སོ་སོ་འབྱུང་། རང་གིས་བྱས་པའི་ལས་ཆུད་མི་ཟ། མ་བྱས་པའི་ལས་དང་མི་འཕྲད། དེ་ཡང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ལུས་ངག་ཏུ་དངོས་སུ་ཐོན་པ་ནི་ཡིད་ཀྱི་ལས། དངོས་སུ་རྣམས་འགྱུར་ཐོན་པ་ནི་ལུས་ངག་གི་ལས་ཏེ་ལས་ཐམས་ཅད་ཀྱི་སྔོན་ཏུ་ཡིད་འགྲོ་དགོས་པས། ཇི་སྐད་དུ། འཇིག་རྟེན་ནག་པོར་འགྲོ་བའི་ཕྱིར། །ཡིད་ནི་དུག་གི་རྩ་བ་ཡིན། །ཞེས་གསུངས། སྡིག་པའི་ལས་དེ་ལ འང་མཚམས་མེད་ལྔ། དེ་དང་ཉེ་བ་ལྔ། མི་དགེ་བ་བཅུ། ལྕི་བཞི་ལོག་བརྒྱད་དུ་གྲགས་པ་སོགས་དང་། སྡོམ་པ་


KMC003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་འགལ་བའི་ཉེས་ལྟུང་བཅས་རང་གིས་བགྱིས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། བྱས་པ་ལ་རྗེས་སུ་ཡི་རངས་ཤིང་བསྟོད་པ་བརྗོད་པ་སོགས་མདོར་ན་རང་རེ་རྣམས་ཀྱིས་མི་ཤེས་མི་ཚོར་བ་སྐྱེ་བ་ཐོག་མེད་ནས་བསགས་པའི་སྡིག་ལྟུང་རི་བོ་ཙམ་རེ་ཁུར་དུ་ཁུར་བའི་སྟེང་། ད་ལྟ་ལུས་ངག་ཡིད་གསུམ་གྱི་བསམ་སྤྱོད་དུ་གྱུར་ཚད་ཕལ་ཆེར་དུག་གསུམ་ཁོ་ནའི་དབང་གིས་སྡིག་སྒྲིབ་ཁ་སྣོན་ཏུ་བསགས་པ་རྐྱང་རེད་འདུག ། དེའི་ཉེས་པས་ཚེ་འདིར་ཡང་ལྷ་མི་ཀུན་གྱིས་འཕྱ་ཞིང་སྨོད། བྱུར་ཆག་མང་པོ་ལྡང་། ལྷ་སྲུང་རྣམས་གཡེལ་ཞིང་གདོན་བགེགས་ཀྱིས་གླགས་ལྟ། སྐྱེ་བོ་ངན་པའི་གྲལ་དུ་ཆུད། འབྲེལ་ཚད་ལ་སྡིག་པའི་གྲིབ་ཀྱིས་ཕོག་པས་བཀྲ་མི་ཤིས། རྨི་ལམ་ཡང་ངན་པ་སྣ་ཚོགས་རྨི། རང་ཡང་བློ་མི་བདེ། འཆི་རྐྱེན་ངན་པ་དང་འཆི་ནད་དྲག་པོ་འབྱུང་། འཆི་བའི་ཚེ་གནད་གཅོད་འཇིགས་སྐྲག་སྡུག་བསྔལ་དང་། བར་དོར་ཡང་འཕྲུལ་ཚབ་ཆེ། འཆི་བའི་འོག་ཏུ་ཡང་སྡིག་ལས་ཆེ་འབྲིང་ཆུང་གསུམ་དང་མཐུན་


KMC003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངན་སོང་གསུམ་གྱི་སྡུག་བསྔལ་དེས་དྲག་ལ་ཡུན་རིང་བ་མྱོང་། ནམ་ཞིག་མཐོ་རིས་སུ་སྐྱེས་ན་ཡང་ཚེ་ཐུང་བ། ནད་མང་བ། ཉེས་མེད་དུ་དགྲ་གྱོད་སྡང་བ། ཡུལ་ལ་ལོ་ཉེས་དང་ནད་འཁྲུགས་སོགས་འབྱུང་། རྒྱུ་མཐུན་གྱི་འབྲས་བུས་སྡིག་པ་ལ་དགའ་ཞིང་སྡུག་བསྔལ་རྒྱུན་མི་ཆད་དུ་འཕེལ། མི་བྱ་ཀ་མེད་རང་ལ་ཕན་ངེས་པ་ཞིག་ཡིན་ན་སྡིག་པ་བྱ་དགོས་མོད། དེ་ནི་མ་ཡིན་ཏེ། ཡང་ན་དགྲ་འདུལ་གཉེན་སྐྱོང་། ཡང་ན་ནོར་ལོངས་སྤྱོད་སྙན་གྲགས། ཡང་ན་ལྟོ་གོས་སོགས་ཀྱི་ཕྱིར་ཡིན། དེ་རྣམས་ནི་ཇི་ཙམ་འཛོམ་ཡང་རང་འཆི་བའི་ཚེ་ན་ཕན་པ་ཏིལ་འབྲུ་ཙམ་ཡང་མེད། སྙན་གྲགས་ལོངས་སྤྱོད། བུ་ཆུང་མ་སོགས་ལྟ་ཅི་སྨོས། ཟས་ཁམ་གཅིག་གོས་ལུས་གང་ཡང་ཁྱེར་དབང་མེད་པར་རང་གཅིག་པུར་ངན་སོང་དུ་འཁྱམས་པའི་ཚེ་སྡིག་པ་བྱས་ཚད་ཀྱི་འབྲས་བུ་སྡུག་བསྔལ་དེ་གཞན་ལ་བགོ་བཤའ་བྱེད་ས་མེད་པར་རང་ཁོ་ནས་མྱོང་དགོས། དགྲ་གཉེན་ཏུ་འགྱུར་བ་དང་། གཉེན་དགྲ་བོར་འགྱུར་བ་ཡང་ཚེགས་མེད་


KMC003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྡིག་པ་བྱེད་ཕོད་པ་འདི་བདུད་ཀྱིས་ཟིན། གདོན་གྱིས་སྨྱོ། གླེན་ཅིང་མི་ཤེས་པ་ཆེན་པོ་ཡིན་འདུག་ཀྱང་དེ་སྔ་ཉེས་དམིགས་སྣ་གཅིག་ཀྱང་མ་དྲན་པ་འདི་ལ་མི་ཉན་མ་བྱེད་ཟེར་བ་ཞིག་ཀྱང་མ་བྱུང་། ད་ནི་ལུས་སྲོག་ནམ་འཆི་ཆ་མེད་པས་སྡིག་པ་སྦྱོང་བའི་ལོང་སྐབས་ཀྱང་ཨེ་ཡོད་ན། ཅུང་ཟད་ཀྱང་སྦྱོང་ལོང་མ་བྱུང་བར་འཆི་ཤོར་ཚེ་ང་ལ་ངན་སོང་སྡུག་བསྔལ་ཅི་འདྲ་ཞིག་འོང་ན་ཞེས་སོགས་རང་གིས་རང་ལ་ཁྲེལ་བདས། འདུག་མི་ཚུགས། བློ་མི་བདེ་བ་རེ་བསྒོམ་དགོས། དེ་ཡང་ཉེས་པ་གསང་ཞིང་སྦས་ན་ཇེ་འཕེལ་ཇེ་འཕེལ་དུ་འགྲོ་སྟེ་སྡིག་པའི་ས་བོན་དང་གཡོ་སྒྱུའི་ཆུ་ལུད་འཛོམ་པ་ཡིན། མ་གསང་པར་སྐྱོན་ཏུ་ཤེས་པས་གཞན་ལ་སྨྲེ་ཞིང་སྒྲོགས་ན་མི་འཕེལ་བར་སྟོབས་ཆུང་ངུ་འགྲོ་སྟེ་བདེན་པས་མཐའ་བསྡོམས་པ་ཞེས་བྱ། དེའི་སྟེང་དུ་འགྱོད་བཤགས་དྲག་པོས་སྡིག་སྦྱོང་གི་ཐབས་ལ་བརྩོན་ན་སྡིག་ལྟུང་རྩད་ནས་བྱང་བ་ལ་ཚེགས་མེད། དེ་ཡང་ཐབས་མཁས་པས་ཟིན་ན་དགེ་བ་སྣ་རེས་ཀྱང་སྡིག་པའི་ཕུང་པོ་ཆེན་པོ་


KMC003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་ནུས། བདག་གིས་ཉེས་པ་འདི་ལྟ་བུ་བྱས་སོ་ཞེས་པ་ནི་མཐོལ་བ་ཡིན་ལ། དེ་ལ་འགྱོད་པ་དྲག་པོས་སེམས་གདུང་བ་དང་བཅས་པ་ནི་བཤགས་པ་ཡིན་ཉེས་པ་དེ་དང་མི་ལྡན་པ་རྣམས་ལ་མཆོག་ཏུ་ངོ་མཚར་ཞིང་གུས་པ་དང་བཅས་པ་རང་ཉིད་ཉེས་པར་བྱས་པས་སེམས་ཞུམ་ཞིང་ངོ་ཚ་ཡང་གསོང་པོར་སྨྲ་བའི་སྒོ་ནས། ཁྱེད་རྣམས་ཀྱི་ཐུགས་བརྩེ་བས་དགོངས་ཏེ་ལས་འདི་དག་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བརྗོད་པ་ནི་བཤགས་པའི་དོན་ཡིན། དེ་ལའང་སྔར་བྱས་ཀྱི་སྡིག་པ་ལ་ཁོང་དུ་དུག་འཐུང་བ་ལྟ་བུའི་འགྱོད་སེམས་དྲག་པོ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་བྱེད་རེ་སྙམ་པའི་སྡོམ་སེམས་དྲག་པོ་ཉེས་པ་ལས་སླར་ལོག་པའི་སྟོབས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་རྟེན་ཀྱིི་སྟོབས། གཉེན་པོ་སྒོ་དྲུག་ཏུ་གྲགས་པ་སོགས་སྡིག་སྦྱོང་ལ་དམིགས་ནས་དགེ་བ་ཅི་འགྲུབ་བསྒྲུབས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་སྟོབས་བཞི་ཚང་དགོས། དེའང་སྔར་བྱས་ལ་


KMC003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་སེམས་མེད་ན་བཤགས་པའི་རྣམ་པ་ཙམ་བྱས་ཀྱང་སྡིག་པ་མ་དག །ཕྱིན་ཆད་སྡོམ་སེམས་མེད་ན་བཤགས་པ་དང་དགེ་བ་བྱས་ཚད་དོན་མེད་དུ་འགྲོ །སྐྱབས་འགྲོ་དང་སེམས་བསྐྱེད་མ་བྱས་པར་བཤགས་པ་ལན་འབུམ་ཕྲག་བྱས་པ་ལས་ཀྱང་སྐྱབས་སེམས་ཚད་ལྡན་ཡོད་པ་གཅིག་གིས་བཤགས་པ་ལན་གཅིག་བྱས་པས་སྡིག་པ་དག་སྟོབས་ཆེ། སྐྱབས་སེམས་ཐོབ་པས་ལོ་མང་པོར་སྡིིག་པ་བཤགས་པ་ལས་ཀྱང་དབང་བསྐུར་ཐོབ་པས་ཉིན་གཅིག་བཤགས་པ་བྱས་པས་སྡིག་པ་འདག་ཚབ་ཆེ་སྟེ་རྟེན་གྱི་སྟོབས་གོང་ནས་གོང་དུ་གྱུར་པའི་ཕྱིར་རོ། །སྡིག་པ་དང་དགེ་བའི་འཕེལ་བསྐྱེད་ལ་ཡང་འདིས་རིགས་འགྲེ །གཉེན་པོ་སྒོ་དྲུག་ནི། འོད་དཔག་མེད། སྨན་བླ། མིི་འཁྲུགས་པ་སོགས་ལས་སྒྲིབ་སྦྱོང་བ་ལ་ཆེད་དུ་བསྔགས་པའི་སངས་རྒྱས་བྱང་སེམས་ཀྱི་མཚན་བཟུང་ཞིང་གཞན་ལ་བསྒྲགས་པ་དང་གཅིག །སྐུ་གཟུགས། གླེགས་བམ། མཆོད་རྟེན་བཞེངས་པ་དང་གཉིས། རྟེན་གསུམ་ལ་མཆོད་པ། དགེ་འདུན་ལ་བསྙེན་བཀུར།


KMC003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་མཆོད་པ། གསང་སྔགས་ལ་ཞུགས་པས་དཀྱིལ་འཁོར་དང་འཁོར་ལོའི་མཆོད་པ། ཁྱད་པར་དུ་བླ་མ་ལ་མཉེས་པ་རྣམ་པ་ལྔས་མཆོད་པ་དང་གསུམ། ཤེར་ཕྱིན་དང་ཐར་མདོ་སོགས་རྒྱལ་བས་གསུངས་པའི་མདོ་རྒྱུད་ཁ་ཏོན་ཏུ་བྱེད་པ་དང་བཞི། དེ་བཞིན་གཤེགས་པའི་ཡིག་བརྒྱ་དང་། ཀུན་རིག་མི་འཁྲུགས་པ་སོགས་ཀྱི་གཟུངས་སྔགས་ཟབ་མོ་བཟླ་བ་དང་ལྔ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་ཆེས་ཤིང་བདག་མེད་པའི་དོན་བསྒོམ་སྟེ། སྦྱང་བྱའི་སྡིག་སྒྲིབ། སྦྱོང་བྱེད་ལྷ་སྔགས། སྦྱོང་མཁན་རང་བཅས་འཁོར་གསུམ་དམིགས་མེད་ངང་དུ་ལ་བཟླ་ཞིང་སྟོང་ཉིད་ཟབ་མོའི་རྣལ་འབྱོར་དངོས་སམ། རྗེས་མཐུན་བདེན་མེད་སྒྱུ་མ་ལྟ་བུའི་འདུན་པ་བསྒོམ་པ་དང་དྲུག་སྟེ། དེ་དག་གང་ཡང་རུང་བ་རེ་ཡང་གནད་ལ་སོང་ན་སྡིག་པའི་རྒྱུ་འབྲས་དཔྱིས་ཕྱིན་པར་སྦྱོང་ནུས་ཀྱང་། འདིར་དངོས་གཞི་ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་སྐྱེ་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་རགས་པ་འཕྲལ་དུ་སྦྱང་བའི་དོན་ཏུ་རྡོར་སེམས་


KMC003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བཟླས་བསྟན་པ་ཡིན། དེ་ཡང་ཚེ་འདིར་བསགས་པའི་སྡིག་སྒྲིབ་རྣམས་དུས་ཉེ་བས་ཉམས་མྱོང་ལ་སྒྲིབ་ཚབ་ཆེ། ཁྱད་པར་དུ་སྡོམ་པ་གསུམ་དང་ཡང་སྒོས་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་འགལ་རྣམས་ཉེས་ལྟུང་ཤིན་ཏུ་ཆེ། གསང་སྔགས་ཀྱི་དམ་ཚིག་གཞན་འགལ་བ་དང་། དཀོར་དང་སྐུ་གླུད་ཟོས་པ་སོགས་ཀྱིས་ཀྱང་ཉམས་མྱོང་སྔར་ཡོད་འགྲིབ། གསར་པ་མི་སྐྱེ་བའི་གེགས་བྱེད་པས་དེ་རྣམས་སྦྱོང་བ་ལ་རྡོར་སེམས་ཡིག་བརྒྱ་འདི་ཁོ་ན་ལྷག་པར་བསྔགས། ཇོ་བོ་རྗེའི་གསུངས་ལས། གསང་སྔགས་ཀྱི་ཉེས་ལྟུང་ཕྲ་མོ་མང་པོ་རྟག་ཏུ་འབྱུང་། དཔེར་ནས་ཕྱོགས་རྡུལ་ཆེ་ས་ཞིག་ཏུ་མཎྜལ་ཕྱེས་ཏེ་བཞག་ན་དེ་མ་ཐག་རྡུལ་གྱིས་འགེངས་པ་དང་འདྲ་གསུངས། འོ་ན་ལམ་རྒྱུད་ལ་སྐྱེ་བའི་དུས་མི་འོང་ངམ་ཞུས་པས། འོན་ཀྱང་གསང་སྔགས་ཐབས་མཁས་ཤིང་མང་བས་ཉེས་ལྟུང་ཕྲ་མོ་མང་པོ་ཡང་ཐབས་སྣ་རེས་སྐད་ཅིག་གིས་དག་པར་འགྱུར་གསུངས་ནས་ཡིག་བརྒྱའི་བསྒོམ་བཟླས་རྒྱས་པ་ཞིག་གནང་། གཞན་ཡང་གནས་


KMC003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དང་མཐར་ཐུག་གི་ཕན་ཡོན་དཔག་ཏུ་མེད་པ་གསར་རྙིང་གི་རྒྱུད་སྡེ་རྣམས་ལས་མགྲིན་གཅིག་ཏུ་གསུངས་པའི་དོན་རྒྱ་གཞུང་ལས་མདོར་བསྡུས་འབྱུང་བ་ནི། ཇི་སྐད་དུ། ཁྱབ་བདག་ཡེ་ཤེས་ལྔའི་རང་བཞིན། །གཟུངས་དང་སྔགས་དང་ཕྱག་རྒྱ་དང་། །མཆོད་རྟེན་དཀྱིལ་འཁོར་བརྟག་པ་ཡང་། །ཡི་གེ་བརྒྱ་སྔགས་གཅིག་དང་འདྲ། །དེ་འདྲའི་བསོད་ནམས་ཡོད་མ་ཡིན། །ཡི་གེ་བརྒྱ་པ་བརྗོད་པ་ལས། །བསོད་ནམས་གང་ཞིག་ལེགས་གསུངས་པ། །རྡུལ་ཕྲན་གྱི་ནི་གྲངས་སྙེད་ཀྱི། །སངས་རྒྱས་ཀུན་གྱིས་བརྒྱན་པ་ཡིན། །ཞེས་དང་། གང་ཞིག་ཡི་གེ་བརྒྱ་པ་འཆང་། །དུས་མིན་འཆི་བ་ཉིད་དང་ནི། །ནད་དང་མྱ་ངན་མི་འབྱུང་ངོ་། །གང་ཞིག་ཡེ་གེ་བརྒྱ་པ་འཆང་། །དབུལ་དང་སྡུག་བསྔལ་སོགས་མི་འབྱུང་། །དགྲ་རྣམས་ཀྱང་ནི་ཟད་པར་འགྱུར། །འདོད་པ་ཐམས་ཅད་རབ་ཏུ་འགྲུབ། །གང་ཞིག་ཡི་གེ་བརྒྱ་པ་འཆང་། །བུ་འདོད་པས་ནི་བུ་རྙེད་ཅིང་། །ནོར་འདོད་པས་ནི་ནོར་ཐོབ་འགྱུར། །ཡུལ་མེད་པ་ན་ཡུལ་ཐོབ་


KMC003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །གལ་ཏེ་ཚེ་ནི་རིང་འདོད་ན། །ཡི་གེ་བརྒྱ་པ་བཅང་བར་བྱ། །ཚེ་ཟད་གྱུར་པའང་བདེ་བར་ནི། །ལོ་ན་སུམ་བརྒྱ་འཚོ་བར་འགྱུར། །ཚེ་འདིར་བདེ་བར་འགྱུར་བ་དང་། །ཤི་འཕོས་བདེ་བ་ཅན་དུ་འགྲོ། །གང་ཞིག་ཡི་གེ་བརྒྱ་པ་འཛིན། །མཁའ་འགྲོ་འབྱུང་པོ་རོ་ལངས་དང་། །གྲིབ་གདོན་དང་ནི་བརྗེད་བྱེད་ཀྱིས། །འཚེ་བར་བྱེད་པ་མི་ནུས་སོ། །ལྟུང་བ་ཆེ་དང་ལྡན་རྣམས་ཀྱང་། །སངས་རྒྱས་ངེས་པར་མཐོང་བར་འགྱུར། །གསང་སྔགས་ཡི་གེ་བརྒྱ་བཟླས་ན། །བླུ ན་པོ་བློ་ནི་འཕེལ་འགྱུར་ལ། །སྐལ་ངན་རྣམས་ཀྱང་སྐལ་ལྡན་འགྱུར། །བྱུར་དང་སྡུག་བསྔལ་རྣམ་པར་འཇིག །མཚམས་མེད་ལྔ་དང་ལྡན་པ་ཡང་། །ཡི་གེ་བརྒྱ་བཟླས་བྱང་བར་འགྱུར། །སྐྱེ་བ་དེ་དང་དེ་དག་ཏུ། །འཁོར་ལོས་སྒྱུར་བའི་རིགས་ཅན་འགྱུར། །མཐར་ནི་ཐར་པར་གཞོལ་འགྱུར་ཞིང་། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཞེས་སོ། །འདི་ལ་བརྩོན་ན་ཉེས་ལྟུང་ཕྲ་མོ་དང་འབྲིང་པོ་རྣམས་རྩ་བ་ནས་འདག །ཆེན་པོ་རྣམས་ཀྱང་མི་འཕེལ་ཞིང་མགོ་


KMC003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ཏེ་རིམ་གྱིས་བྱང་བར་འགྱུར་གསུངས། སྤྱིར་ལས་འབྲས་ལ་ཡིད་ཆེས་ཤིག་སྐྱེས་ན་སྡིག་པ་ལ་འགྱོད་པ་མི་སྐྱེ་བའི་ཐབས་མེད། དེ་ཙ་ན་བཤགས་པ་ཚད་ལྡན་ཞིག་འོང་། དེས་རྒྱུད་དག་ནས་ཉམས་རྟོགས་མི་སྐྱེ་བའི་ཐབས་མི་སྣང་ཡང་རང་རེ་རྣམས་གྲྭ་སའི་ཕྱག་བཞེས་ཀྱི་རྗེས་བརྒྱུག་འདོན་པའི་ཁ་ཁྲལ་ཙམ་ལས་ཡིད་ཆེས་དང་འགྱོད་པ་སོགས་ཚད་ལྡན་མེད་པས་ཉམས་རྟོགས་རུས་སྤལ་གྱི་སྤུ་ལ་འགྲན་པའི་རྩ་བ་འདི་ལ་ཐུག་པར་སྣང་ངོ་། ༈ །གསུམ་པ་ཚོགས་གཉིས་རྫོགས་བྱེད་མཎྜལ་གྱི་ཁྲིད་ལ། མཎྜལ་རིན་པོ་ཆེ་སོགས་རྒྱུ་བཟང་ན་ཆུང་ཡང་སྐྱོན་མེད། རྫ་ཤིང་ལྟ་བུ་རྒྱུ་ངན་ན་རྒྱ་ཆེ་བ་དགོས། འབྱོར་པ་མེད་ན་ཤིང་ལེབ་གཡམ་ལེ བ་སོགས་དང་དེའང་མ་འབྱོར་ན་ཡིད་སྤྲུལ་ཁོ་ནས་ཀྱང་ཆོག །གཙོ་ད མིགས་པ་ཆེ། མཎྜལ་གཉིས་དགོས་པའི་རྒྱུ་བཟང་བ་དང་ཆེ་བ་དེ་ལ་སྒྲུབ་པའི་མཎྜལ་དང་། ཅིག་ཤེས་མཆོད་པའི་མཎྜལ་བྱེད། ཚོམ་བུའང་རབ་གསེར་དངུལ་སོགས་རིན་པོ་ཆེ། འབྲིང་དུང་དང་


KMC003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོན་བུ། ཐ་མ་ནས་འབྲས་སོགས་འབྲུ་གཙང་མ་དྲི་བཟང་གི་རླན་གྱིས་གཤེར་ཞིར་སྦགས་པ། དེའང་འབྱོར་ན་ཚར་རེ་རེ་བཞིན་གསར་པ་བརྗེ། མ་འབྱོར་ན་འབྲུ་གསར་པ་ཟུར་དུ་བཞག་པས་ཁ་གསོ། རྗེས་ནས་མཆོད་འབྲུ་རྣམས་རང་གིས་ལོངས་མི་སྤྱད་པར་དཀོན་མཆོག་གི་མཆོད་པའི་རྒྱུར་འབུལ་དགོས། སྒྲུབ་པའི་མཎྜལ་དམིགས་པ་བཅས་ལན་གསུམ་ཕྱིས་ལ་ཨ་མྲྀ་ཏ་དང་། སྭ་བྷཱ་ཝས་བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་དེ་ཉིད་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་སྐྱབས་ཡུལ་ལྔ་ཚོམ་སྐྱབས་འགྲོ་ལྟར་བསྒོམ། མཚོ་དང་དཔག་བསམ་ལྗོན་ཤིང་བསྒོམ་མི་དགོས། ཆོས་སྐྱོང་རྣམས་བར་མཚམས་སུ་བསྒོམ། དེ་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། གཉིས་སུ་མེད་པར་ཐིམ་པར་མོས་ལ་མདུན་མཐོ་སར་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་བཞུགས་སུ་གསོལ་ལ་འབྱོར་ན་མཆོད་པ་རྣམ་ལྔས་བསྐོར།


KMC003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་མཎྜལ་མི་འབྱོར་པའམ། རྒྱུན་ཁྱེར་ལྟ་བུའི་ཚེ་མཆོད་ཡུལ་རྣམས་མདུན་གྱི་ནམ་མཁར་བསྒོམ་པ་ཡིན། དེ་ནས་མཆོད་པའི་མཎྜལ་ལག་གཡོན་ཏུ་ཐོགས། གཡས་པའི་ཁུ་ཚུར་མེ་ཏོག་བཅས་ཡིག་བརྒྱ་འདོན་བཞིན་པར་རྡུལ་གཡས་བསྐོར་ལན་གསུམ་ཕྱེ་གྱི་བའི་ཚེ། གཟུང་འཛིན་གྱིས་བསྡུས་པའི་རང་གཞན་སྣོད་བཅུད་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་མི་གཙང་བ་ཅི་མཆིས་པ་སངས་སངས་དག་པར་བསྒོམ། སེམས་ཀྱི་རང་བཞིན་དྲི་མ་མེད་པར་མཚོན་པའི་ཕྱིར་ནག་ནོག་དྲ་དྲི་ཅུང་ཟད་ཀྱང་མེད་པ་ཕྱི་ལེགས་བྱ་དགོས། སྤྱིར་མཎྜལ་འདི་རྟེན་འབྲེལ་ཆེ་བས་མཁོས་ཀས་གང་ལྕོོགས་ཀྱིས་རྒྱུ་རྩ་བཟང་ཞིང་ལག་ལེན་གཙང་བ་ལས་གང་བྱུང་མི་བྱ། དེ་ནས་དམིགས་པ་དངོས་ལ། སྤྱིར་འཇིག་རྟེན་གྱི་རྣམ་བཞག་དུས་འཁོར་ནས་གསུངས་པ་དང་མངོན་པ་ནས་གསུངས་པ་གཉིས་མི་འདྲ། ཕྱག་རྒྱ་ཆེན་པོ་རྒྱུད་སྡེེ་ཀུན་གྱི་སྙིང་པོའི་མཐར་ཐུག་ཡིན་པས་དེའི་སྔོན་འགྲོ་ལ་དེ་གཉིས་གང་བསྒོམ་ཁྱད་པར་མེད་ཀྱང་


KMC003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གྲགས་ཆེ་བའི་དབང་གིས་མངོན་པ་ལྟར་བསྒོམ་པ་ཕྱག་བཞེས་སུ་འབྱུང་སྟེ། ༀ་བཛྲ་བྷུ་མི་སོགས་བརྗོད་པའི་ཚེ་འབྱོར་ན་བྱང་ཆུབ་སེམས་ཀྱིས་བརླན་གྱིས་རླན་པར་མཚོན་ཕྱིར་དྲི་བཟང་གི་ཆུས་བྱུགས་ལ་མཎྜལ་གསེར་གྱི་ས་གཞི་ཡངས་ཤིང་རྒྱ་ཆེ་ཁོད་སྙོམས་ལག་མཐིལ་ལྟར་གྱུར་པའི་སྟེང་དུ་སྤོས་ཆུ་ཡན་ལག་བརྒྱད་ལྡན་གྱི་རྒྱ་མཚོ་འཁྱིལ་པར་བསྒོམ། མ་འབྱོར་ན་མེ་ཏོག་སིལ་མ་བཀྲམ། འོག་གཞི་རླུང་མེ་ཆུའི་དཀྱིལ་འཁོར་མ་སྒོམ་ཀྱང་ཆོག །ༀ་བཛྲ་རེ་ཁེ་སོགས་ཀྱི་ཚེ་མཐའ་བསྐོར་དུ་འབྲུ་གཡོན་བསྐོར་ལྕགས་རིའི་ཚུལ་དུ་བཀྲམ་པ་དང་བསྟུན་རྟ་གདོང་མེ་ལྕེ་ཅན་གྱི་ལྕགས་རིའི་འཁོར་ཡུག་གྲུབ་པར་བསྒོམ། འདིར་ཧཱུྃ་ཞེས་བརྗོད་དེ་དྲི་བཟང་གི་ཐིག་ལེའམ། མེ་ཏོག་གི་སྲུང་བ་དབུས་སུ་བཞག་པའང་ཡོད་མོད་ཀྱི་ཕྱག་བཞེས་འདིའི་ལུགས་སུ་མི་འབྱུང་། དེ་བཞིན་ཏུ་རི་རབ་སོགས་སོ་སོའི་ས་བོན་ལས་བསྐྱེད་པ་ཡང་ཡོད་ཀྱང་འདིར་སྐད་ཅིག་དྲན་རྫོགས་སུ་བསྒོམ་པ་ཡིན། དེ་ནས་ཚིག་འདོན་པ་དང་དོན་བསྒོམ་པ་རིམ་


KMC003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྲགས་ཏེ། རྒྱ་མཚོའི་དབུས་སུ་རི་རབ་ལྷུན་པོ་བང་རིམ་བཞི་ལྡན་དབྱིབས་གྲུ་བཞི་ཇེ་སྦོམས་སུ་སོང་བའི་ཁ་གདེངས་གཡེལ་བ། ཤར་ཤེལ། ལྷོ་བཻ་ཌཱུཪྻ། ནུབ་པདྨ་རཱ་ཱག །བྱང་མར་གད་ལས་གྲུབ་པའི་ཕྱོགས་སོ་སོའི་མཚོ་དང་ནམ་མཁའ་གླིང་བཅས་དེའི་མདོག་ཏུ་སྣང་བ། དེའི་མཐར་སྔ་མ་ལས་ཕྱེད་ཕྱེད་ཀྱི་དམའ་བའི་གཉའ་ཤིང་འཛིན། བཤོལ་མདའ་འཛིན། སེང་ལྡིང་ཅན། ལྟ་ན་སྡུག །རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་ཏེ་གསེར་གྱི་རི་བདུན་གྲུ་བཞིར་འཁོར་བའི་བར་བར་རོལ་མཚོ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ་ལ་ཡིད་བཞིན་ནོར་བུ་སོགས་ཀླུ་ཡི་དཔལ་འབྱོར་སྣ་ཚོགས་ཀྱིས་གང་བ། དེའི་ཕྱི་རོལ་ཤར་དུ་ལུས་འཕགས་པོའི་གླིང་དཀར་པོ་ཟླ་གམ། ལྷོར་འཛམ་བུའི་གླིང་སྔོན་པོ་སོག་ཀ །ནུབ་བ་ལང་སྤྱོད་དམར་པོ་ཟླུམ་པོ། བྱང་སྒྲ་མི་སྙན་ལྗང་གུ་གྲུ་བཞིའི་དབྱིབས་ཅན་སོ་སོའི་གླིང་གཡོག་གཉིས་རེ་གཡས་གཡོན་ཏུ་འཁོད་པའང་དབྱིབས་དང་ཁ་དོག་གཙོ་བོ་དང་མཚུངས་པ་གླིང་དེ་དག་གི་ནང་དང་རི་རབ་


KMC003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟེང་། བར་སྣང་གི་ཆ་ལ་སོགས་པར། རྡོ་རྗེ་ཕ་ལམ། བཻ་ཌཱུརྻ། ཨིནྡྲ་ནཱི་ལ། མ་རྒད། མུ་ཏིག་གསེར་དངུལ། ཆུ་ཤེལ་སོགས་རིན་པོ་ཆེའི་རི་བོ། དགོས་འདོད་ཆར་བཞིན་ཏུ་འབེབས་པའི་དཔག་བསམ་ལྗོན་ཤིང་གི་ནགས་ཚལ། སྤུ་ཉག་རེ་རེ་ལས་ཀྱང་ཅི་འདོད་འབྱུང་བའི་འདོད་འཇོའི་བ་ཡི་ཁྱུ། བཀྲེས་པ་སེལ་ཞིང་ཟད་མི་ཤེས་པ་མ་རྨོས་པའི་ལོ་ཏོག །ཛམྦུ་ཆུ་བོའི་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་པ། ཉི་མའི་འོད་ཟེར་ལྟར་གསལ་ཞིང་དཔག་ཚད་དུ་མར་འདོད་དགུའི་ཆར་པ་འབེབས་པའི་ནོར་བུ་ཟུར་བརྒྱད། བུད་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་ལྡན་པའི་བཙུན་མོ་ལྟ་ན་སྡུག་པ། གཟུགས་དང་བློ་གྲོས་ཕུལ་དུ་བྱུང་ཞིང་ས་འོག་གི་གཏེར་མཐོང་བའི་བློན་པོ། ནམ་མཁར་ཐོགས་མེད་དུ་འགྲོ་ཞིང་ཡན་ལག་བདུན་པོ་ཤིན་ཏུ་བརྟན་པའི་གླང་ཆེན་ཐལ་ཀར་གསེར་གྱི་དྲྭ་བས་གཡོག་པ། དྲོ་སྐད་གཅིག་གིས་གླིང་བཞི་འཁོར་བའི་རྟ་མཆོག་སྤུ་མདོག་རྨ་བྱའི་མགྲིན་འདྲ། སྒྱུ་རྩལ་དྲུག་ཅུ་རྩ་བཞིར་རང་དབང་ཐོབ་


KMC003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམག་དཔོན་ཏེ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན། དབང་སྔོན་སོགས་རིན་པོ་ཆེ་སྣ་བདུན་ཟད་མི་ཤེས་པར་འོང་བའི་གཏེར་ཆེན་པོའི་བུམ་པ། སྒེག་མོ་དཀར་མོ་ལག་གཉིས་རྡོ་རྗེ་ཁུ་ཚུར་དཀུར་བ རྟེན་པ། ཕྲེང་བ་མ་སེར་མོ་མེ་ཏོག་དང་རིན་པོ་ཆེའི་ཕྲེང་བ་འཛིན་པ། གླུ་མ་དཀར་དམར་པི་ཝཾ་འཛིན་པ། གར་མ་ལྗང་གུ་གར་བྱེད་པ། མེ་ཏོག་མ་སེར་མོ་མེ་ཏོག་གི་ཆུན་པོ། བདུག་སྤོས་མ་དཀར་མོ་སྤོས་ཕོར། མར་མེ་མ་དམར་སྐྱ་མར་མེ། དྲི་ཆབ་མ་ལྗང་གུ་དྲི་བཟང་ཆུས་གང་བའི་དུང་ཆོས་བསྣམས་པ། བྱང་ཤར་གྱི་ནམ་མཁར་ཉི་མ་མེ་ཤེལ་གྱི་དཀྱིལ་འཁོར་འོད་ཟེར་ཤིན་ཏུ་འབར་བ། ལྷོ་ནུབ་ཀྱི་ནམ་མཁར་ཟླ་བ་ཆུ་ཤེལ་གྱི་དཀྱིལ་འཁོར་བསལ་བའི་ངད་དང་ལྡན་པ། གཟའ་སྐར་གྱི་ཕོ་བྲང་རང་འོད་སྤྲོ་བ་དུ་ུམ། རི་རབ་ཀྱི་སྟེང་དབུས་སུ་རྣམ་པར་རྒྱལ་པའི་ཁང་བཟང་། ཉེ་དབང་གི་གྲོང་ཁྱེར་ལྟ་ན་སྡུག །ཕྱོགས་བཞིར་ཤིང་རྟ་སྣ་ཚོགས་སོགས་སྐྱེ་ཚལ་བཞི། ཡོངས་འདུ་ས་བརྟོལ་སོགས་ལྗོན་ཤིང་། ཨར་མོ་ནིག་


KMC003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་རྡོ་ལེབ། ཆོས་བཟང་ལྷའི་འདུན་ས། དེའི་སྟེང་གི་ནམ་མཁའ་ལ་རིམ་པར་གྱེན་ཏུ་རིན་པོ་ཆེའི་སྤྲིན་ལ་བརྟེན་པའི་འཐབ་བྲལ་དང་དགའ་ལྡན་སོགས་ལྷའི་གནས་དང་ཡོ་བྱད་ཀྱི་བཀོད་པ་དཔག་ཏུ་མེད་པ། དེ་དག་གི་སྟེང་འོག་བར་མཚམས་རྣམས་སུ། རིན་པོ་ཆེའི་གདུགས། གསེར་ཉ། བུམ་པ། པདྨ། དུང་དཀར་གཡས་འཁྱིལ། དཔལ་བེའུ། རྒྱལ་མཚན། འཁོར་ལོ་སྟེ་བཀྲ་ཤིས་པའི་རྟགས་བརྒྱད། མེ་ལོང་། ལི་ཁྲི། དུང་དཀར། གི་ཝཾ། དཱུརྦ། བིལྦ། ཞོ། ཡུངས་དཀར་བཅས་བཀྲ་ཤིས་པའི་རྫས་བརྒྱད། རིན་པོ་ཆེའི་མལ་ཆ། ཁྲི། སྟན། རལ་གྲི། མཆིལ་ལྷམ། སྦྲུལ་ལྤགས། གོས་བཅས་ཉེ་བའི་རིན་པོ་ཆེ་བདུན། བཟང་པོ་དྲུག་སོགས་ནད་སེལ་སྨན་གྱིི་རིགས་དུ་ུམ། བཅུད་ལེན་དང་གྲུབ་པའི་རྫས། བདུད་རྩིའི་བཅུད་དང་བུམ་པ་བཟང་པོ་སོགས་ཚེ་བསྲིང་པའི་རྫས་ཀྱི་བྱེ་བྲག །རལ་གྲི་པུ་སྟི། པི་ཝཾ། རོལ་མོ་སོགས་ཤེས་རབ་དང་སྙན་གྲགས་སྐྱེད་པའི་རྫས། འཇའ་འོད་མེ་ཏོག་གི་ཆར། སྤོས་ཆུའི་རྫིང་བུ། པདྨའི་


KMC003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཚལ། སྤྲུལ་པའི་བྱ་དང་རི་དྭགས་སོགས་ངོ་མཚར་བའི་མཆོད་པའི་ཡོ་བྱད། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་པའི་ཡོན་ཏན་ལྔ། རིམ་གྲོ་པ་ལྷ་དང་ལྷ་མོ་དུ་མ། མདོར་ན་ལྷ་མའི་དཔལ་འབྱོར་མ་ཚང་བ་མེད་པས་ཕྱུར་བུར་བཀང་བ་དང་། ཕྱོགས་བཅུ་ན་བདག་པོས་མ་བཟུང་པའི་མཆོད་པའི་བྱེ་བྲག་ཅི་མཆིས་པ་ཐམས་ཅད་ཀྱང་བློས་བླང་སྟེ་འབུལ། གླིང་བཞི་རི་རབ་སོགས་དེ་འདྲ་བ་བྱེ་བ་ཕྲག་བརྒྱ་སྟེ་དུང་ཕྱུར་བཅུ་ལ་སྟོང་གསུམ་འཇིག་རྟེན་ཟེར། དེ་འདྲ་བ་གྲངས་མེད་པའི་ཞིང་ཁམས་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་མཆོད་སྤྲིིན་གྱིས་བཀང་བ་དང་། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་ཕ་མ་གཉེན་འབྲེལ་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་ཀྱང་བླ་མ་དཀོན་མཆོག་ལ་ལྟོས་པ་མེད་པར་ཕུལ་ནས། བྱང་ཆུབ་སྒྲུབ་པ་ལ་བར་ཆད་མེད་པ་དང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་དུ་ཐོབ་པའི་སྨོན་ལམ་གདབ། དེ་ལྟར་ཚོམ་བུ་དང་ལག་པ་མི་འབྲལ་བར་དམིགས་


KMC003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པས་འབུལ་ཞིང་ཡིད་ཀྱི་སྨོན་ལམ་ཡང་ཡང་བར་མ་ཆད་དུ་བྱ། བསྐྱར་བལྡབས་ཀྱི་ཚེ་དམིགས་པ་མང་པོ་བློས་མི་ལྕོོགས་ན་ས་གཞི་ལྕགས་རི་རི་རབ་གླིང་བཞི་ཉི་ཟླ་བཅས་གསལ་ཐེབས་ངེས་ཀྱིས་ཞིང་ཁམས་དེ་དང་ནམ་མཁས་གར་ཁྱབ་མཆོད་པས་བཀང་སྟེ་ཕུལ་ཡོད་སྙམས་པའི་མོས་པ་ཙམ་བྱ། ཚོམ་བུ་ལྔ་མ་ནས་སོ་བདུན་མའི་བར་རྒྱས་བསྡུས་ཅི་རིགས་ཡོད་པ་ལས་འདིར་སོ་བདུན་མ་མཛད་ཅིང་བཀོད་ལུགས་མཐོང་བརྒྱུད་ལས་ཤེས་དགོས། གྲངས་གསོགས་པའི་ཚེ་ཚོམ་བུ་བདུན་མ་ཁ་རྐྱང་ཡིན། མཐར་སྒྲུབ་པའི་མཎྜལ་དུ་བསྒོམས་པའི་མཆོད་ཡུལ་རྣམས་ལས་འོད་འཕྲོས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཕོག་པས་ཚོགས་གཉིས་ཡོངས་སུ་རྫོགས། ལྷ་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ་པར་བསམ། དགེ་བ་བསྔོ། ཚོགས་གཉིས་རྫོགས་པའི་རྟགས་དངོས་ཉམས་རྨི་ལམ་དུ་འབྱུང་ཚུལ་གཞུང་དུ་གསལ། ཁྱད་པར་བློ་སྣ་ཆོས་ལ་ཤུགས་འབྱུང་དུ་འགྲོ། ཆོས་བཞིན་གྱི་བྱ་བ་འབད་མེད་དུ་གྲུབ་ན་རྟགས་ཡང་དག་པ་ཡིན་


KMC003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གོ། །།འཕྲོས་དོན་ཅུང་ཟད་བཤད་ན། ཕྱག་རྒྱ་ཆེན་པོའི་སྒོམ་ཚད་ལྡན་ཞིག་སྐྱེས་ན་ཚོགས་གསོག་སྒྲིབ་སྦྱོང་ཐམས་ཅད་དེའི་ཁོངས་སུ་འདུ་ཡང་། སྔོན་གྱི་བསགས་རྒྱབ་ཞིག་མེད་པར་སྒོམ་ཚད་ལྡན་མི་སྐྱེ། བསགས་རྒྱབ་དང་ལས་འཕྲོ་ཡོད་པ་རེ་རེ་ཙམ་ལས་མེད། ཆོས་སྒོར་ཞུགས་ནས་དད་པ་ཐོབ་ཚད་ལ་དགེ་བའི་བག་ཆགས་རེ་རྒྱུད་ལ་ཡོད་པ་གཞིར་བཅས་ཀྱང་མེ་སྟགས་ཕྲ་མོ་ལ་རྐྱེན་མེད་ན་འབར་དཀའ་བ་བཞིན་ཏུ་འཕྲལ་དུ་སད་མི་ནུས། དགེ་རྩ་མ་སད་བར་དུ་ཉམས་རྟོགས་མི་སྐྱེ། ཅུང་ཟད་སྐྱེས་ཀྱང་གོང་འཕེལ་དུ་མི་འགྲོ་བས་དགེ་རྩ་ཁྱད་པར་ཅན་གསར་དུ་བསྐྱེད་པ་དེས་སྔར་གྱི་བག་ཆགས་སད་པའི་རྐྱེན་བྱེད་ཅིང་། འཕྲལ་དུ་རྒྱུད་སྨིན་ནས་ཉམས་མྱོང་རླབས་ཆེན་སྐྱེ་བར་བྱེད་དོ། །བསག་རྒྱུའི་ཚོགས་དེ་ཡང་སེམས་འགྲེལ་རྣམས་ལས་ཚོགས་གསུམ་དུ་གསུངས་ཏེ། སྦྱིན་པ་དང་། ཐབས་དང་། སྨོན་ལམ་རྣམས་བསོད་ནམས་ཀྱི་ཚོགས། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས་གསུམ་ཚུལ་


KMC003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་ཚོགས། བསམ་གཏན། ཤེས་རབ། སྟོབས་དང་། ཡེ་ཤེས་རྣམས་ཡེ་ཤེས་ཀྱི་ཚོགས་སོ། །མདོ་ལས་ཚོགས་གཉིས་སུ་གསུངས་ཏེ། སྦྱིན་པ་དང་ཚུལ་ཁྲིམས་གཉིས་བསོད་ནམས། ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས། བཟོད་པ་བརྩོན་འགྲུས་བསམ་གཏན་གསུམ་གཉིས་ཀའི་ཆར་གཏོགས་པ་ཡིན། དེ་རྣམས་ཀྱང་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་བསོད་ནམས་ཆ་མཐུན་གྱི་ལས་ཡིན་པས་མཐོ་རིས་ལས་ཐར་པའི་རྒྱུ་རུ་མི་འགྲོ །བྱང་ཆུབ་སེམས་ཀྱིས་ཟིན་ན་ཐར་པ་ཆ་མཐུན་གྱི་ལས་ཏེ་སངས་རྒྱས་ཀྱི་རྒྱུར་འགྲོ །དེའི་སྟེང་དུ་འཁོར་གསུམ་ཡོངས་དག་གི་ལྟ་བས་ཟིན་ན་ཟག་མེད་ཀྱི་ཚོགས་ཡིན་པས་བྱང་ཆུབ་ཐོབ་པའི་ཐབས་དངོས་ཡིན། དེ་ཡང་སྦྱིན་པ་ལ་གསུམ་སྟེ། ཟང་ཟིང་གི་སྦྱིན་པ་ཟས་གོས་ཡོ་བྱད་ཡི་གེ་འདྲི་བའི་སྣག་ཤོག་ཚུན་ཆད་ཅི་ལྕོགས་ཅི་འབྱོར། ཐ་ནའང་སློང་མོ་བ་ཁ་སྟོང་དུ་མི་མངགས་ཙམ་རེ་སྦྱིན། ཕྱིས་ནས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སོགས་བཟུང་ལ་ལུས་ལོངས་སྤྱོད་ཐམས་ཅད་སྦྱིན་སྙམ་པར་བྱ། མི་འཇིགས་


KMC003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦྱིན་པ་ནད་ལ་སྨན། གདོན་ལ་སྲུང་བ། གཡང་སར་ལམ་སྟོན། འཇིགས་སར་སྐྱེལ་མ། སྒྲུབ་པ་དང་ཚུལ་ཁྲིམས་ཀྱི་བར་གཅོད་ཟློག་པ། ཆད་པས་གཅོད་པ་དང་དགྲ་རྐུན་གཅན་ཟན་འབྱུང་བཞིའི་གནོད་པ་ལས་བསྐྱབ་པ་སོགས་དངོས་སུ་ཅི་ལྕོགས་ལག་ལེན་ཏུ་བཏབ། རྗེས་ནས་ངན་སོང་གི་སྡུག་བསྔལ་ཚུན་ཆད་སྐྱོབས་ནུས་པའི་སྨོན་ལམ་གདབ། ཆོས་ཀྱི་སྦྱིན་པ་རང་ལ་ཆོས་བཤད་པའི་ནུས་པ་ཡོད་ན་རྙེད་བཀུར་ལ་མི་ལྟ་བར་ང་རྒྱལ་མེད་པས་གནས་སྐབས་དང་མཐར་ཐུག་ཏུ་གཞན་ལ་ཕན་ཐོགས་ངེས་པའི་ཆོས་ཅི་ལྕོགས་བཤད། མི་ནུས་ན་མི་དང་མི་མ་ཡིན་པ་ལ་ཆོས་བཤད་པར་མོས་ཏེ་ཞལ་ནས་གསུངས་པའི་མདོ་གཟུངས་བསྒྲག །ཚུལ་ཁྲིམས་ལ་གསུམ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་མི་དགེ་བ་བཅུ་སོགས་རང་བཞིན་གྱིས་ཁ་ན་མ་ཐོབ་དང་། སྡོོམ་པ་གསུམ་གྱི་བཅས་འགལ་སོགས་བཅས་པའི་ཁ་ན་མ་ཐོ་བ་ཐམས་ཅད་སྲོག་ལྟར་བཙའ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དགེ་བ་སྣ་རེ་ཙམ་ལ་ཐོད་གཏུགས་


KMC003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པར་ཕྱོགས་སྒོར་མོ་ནས་ལག་ལེན་ཏུ་ཐེབས་པ་རྣམས་ལག་ལེན་ཏུ་གདབ། མ་ཐེབས་པ་རྣམས་ལའང་ནམ་ཞིག་འགྲུབ་པའི་སྨོན་ལམ་གདབ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བྱང་ཆུབ་ཏུ་སེམས་བསྐྱེད་ཕྱིན་ཆད་གཞན་ལ་ཕན་པ་འགྲུབ་ཏུ་རུང་བ་ཅི་ནུས་བསྒྲུབ། མི་འགྲུབ་པ་རྣམས་ལའང་སྨོན་ལམ་རླབས་ཆེན་གདབ་དགོས། རང་རྒྱུད་ལ་ཉེས་ལྟུང་གིས་མ་གོས་བ་ཁོ་ནས་མི་ཆོག །བཟོད་པ་ལའང་གསུམ། གཞན་གྱི་ཚིག་ངན་རྡེེག་བརྡུང་འཕྲོག་བཅོམ་སོགས་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ། ཆོས་སྒྲུབ་པའི་ཚེ་མཐུན་རྐྱེན་མ་འཛོམས་པ་དང་། ན་ཚ་ལྟོག་སྐོམ། ངལ་དུབ་ཐང་ཆད་ལ་མི་ལྟོས་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ། སྔགས་ཀྱི་ཐབས་མཁས་ཟབ་མོ་དང་། སངས་རྒྱས་བྱང་སེམས་ཀྱི་མཛད་པ་རླབས་པོ་ཆེ་དང་། སྟོང་ཉིད་སྤྲོས་བྲལ་གྱི་དོན་སོགས་ལ་མི་སྐྲག་པར་བློར་ཆུད་ནུས་པ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་བཅས་བསྒོམ། བརྩོན་འགྲུས་ལ་གསུམ། དགེ་བའི་རིགས་ཕྲ་མོ་ལ་འདི་ལྟ་བུ་མ་


KMC003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱང་ཆོག་སྙམ་པའི་ཁྱད་གསོད་དང་། རྒྱ་ཆེན་པོ་ལ་འདི་ཙམ་སྒྲུབ་མི་ནུས་སྙམ་པའི་ཞུམ་པ་གཉིས་ཀ་མི་བྱེད་པར་དགེ་བ་ལ་སྤྲོ་བའི་སེམས་དཔའ་མི་ཞུམ་པ་གོ་ཆའི་བརྩོན་འགྲུས། དགེ་བ་ལ་འཇུག་པའི་སྐབས་དེ་ཉིད་མཐར་མ་ཕྱིན་བར་དུ་སྙོམ་ལས་མི་བྱེད་པ་སྦྱོར་བའི་བརྩོན་འགྲུས། དང་པོ་གང་ལ་ཞུགས་པ་དེའི་འབྲས་བུ་མ་ཐོབ་བར་དུ་དྲོད་རྟགས་ཕན་ཡོན་འཕྲལ་དུ་མ་བྱུང་རུང་ངང་ཐུང་མི་བྱེད་པར་དཀའ་བ་ཇེ་ཆེར་སྤྱོད་པ་སླར་མི་ལྡོག་པའི་བརྩོན་འགྲུས་རྣམས་བརྩམ། བསམ་གཏན་ལ། ལུས་སེམས་ཤིན་ཏུ་སྦྱངས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན། མངོན་ཤེས་དང་རྫུ་འཕྲུལ་སོགས་ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན། ཏིང་ངེ་འཛིན་གྱི་སྟོབས་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་གསུམ་ཀའང་ཞི་གནས་སྐྱོན་དང་བྲལ་བ་ཞིག་ལ་བསྟེན་དགོས། ཞི་གནས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པས་རྩ་བ་ཚུགས་ངེས་ཞིག་མ་བྱུང་ཐབས་མེད། དེའི་རྒྱུ་


KMC003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དབེན་དགོས། དེ་ཡང་ལུས་དབེན་ལས་འབྱུང་། དེ་ཡང་དོན་ཉུང་ཞིང་བྱ་བ་ཉུང་བ་ལས་འབྱུང་། དེའི་རྒྱུར་འདོད་པ་ཆུང་བ་དགོས། དེ་ཡང་ཟས་གོས་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་སྟེ། མདོར་ན་ཞི་གནས་ཀྱི་རྩ་བ་འདོད་ཆུང་ཆོག་ཤེས་ལ་ཐུག་གོ །ཤེས་རབ་ལའང་། གནས་ལུགས་སྟོང་ཉིད་རྟོགས་པས་དོན་དམ་ཤེས་པའི་ཤེས་རབ། རྒྱུ་འབྲས་རྟེན་འབྲེལ་ལ་བྱན་ཚུད་པ་ཀུན་རྫོབ་ཤེས་པའི་ཤེས་རབ། བསྡུ་བའི་དངོས་པོ་བཞིའི་སྒོ་ནས་འགྲོ་དོན་ཤེས་པའི་ཤེས་རབ་བམ། ཡང་ན་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྟེ་དེ་དག་ཅི་ནུས་ཀྱིས་བསྒྲུབས། དེ་ལྟར་ཚོགས་བསགས་པ་གནས་སྐབས་སུའང་ལྷ་མིའི་བདེ་འབྲས་དཔག་ཏུ་མེད་པ་འབྱུང་། མཐར་ཐུག་ཚོགས་གཉིས་དང་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་འགྱུར་བ་ཡིན། ཚོགས་གསོག་པའི་ཡོ་བྱད་དང་ཆ་རྐྱེན་མེད་དོ་བསམ་མི་དགོས། ནང་དུ་དད་པ་ཞིག་དང་ཤེས་རབ་ཅིག་ཡོད་ན་བསོད་ནམས་གསོག་


KMC003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐབས་བསམ་གྱིས་མི་ཁྱབ་པ་གསུངས། བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཡན་ལག་བདུན་པ་ཁོ་ན་ཕུལ་ཡང་སྒྲིབ་པ་མ་ལུས་པ་ཟད་ནས་ཚོགས་གཉིས་ནམ་མཁའ་དང་མཉམ་པ་བྱར་ཡོད། དེའང་ཕྱག་འཚལ་བ་གཅིག་པུ་ལའང་ཕན་ཡོན་བཅུ་གསུངས་ཏེ། མདོག་བཟང་མཛེས་དང་ཚིག་བཙུན་དང་། །འཁོར་རྣམས་ཟིལ་གནོན་ལྷ་མི་དགའ། །དམ་པ་དང་འགྲོགས་གཟི་བརྗིད་ཆེ། །ལོངས་སྤྱོད་མཐོ་རིས་ཐར་པ་ཐོབ། །ཅེས་དང་། གུས་པ་ཆེན་པོས་ཕྱག་གཅིག་འཚལ་བས་ཡན་ལག་སྨད་ལྔས་ས་ལ་ནོན་པའི་རྒྱ་ཁྱོན་གྱི་དབང་ཆེན་གསེར་གྱི་ས་གཞི་ཡན་ཆད་ལ་རྡུལ་ཕྲ་རབ་ཇི་སྙེེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པར་གསུངས། དཀོན་མཆོག་ལ་ཐལ་མོ་སྦྱར་བ་ཁོ་ནས་ཀྱང་། གཟུགས་བཟང་བ། འཁོར་མང་བ་སོགས་ཕན་ཡོན་བཅུ་བཅུ་གསུངས་སྟེ་འདི་རིགས་ཤིན་ཏུ་མང་པོ་མདོ་སྡེ་ལས་རྣམ་འབྱེད་དུ་གསལ། ཇོ་བོ་བཀའ་གདམ་པའི་དགེ་བཤེས་གོང་མ་


KMC003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱིས་ཆོས་སྤྱོད་གཞན་མི་མཛད་པར་ཡན་ལག་བདུན་པ་ཁོ་ན་ལ་ཉིན་མཚན་ཏུ་འབུངས། མཉམ་མེད་དྭགས་པོ་ཚུན་ཆད་ཀྱི་བཀའ་བརྒྱུད་གོང་མ་ཀུན་གྱི་ཕྱག་སྲོལ་ལའང་ཡོད་ཀྱང་རིམ་པར་བསྟན་པའི་བབ་ཡོལ་བ་ལྟ་བུས་དེང་སང་རང་རེ་ཚོ་ལ་གཞི་ནས་ཚོགས་རྫོགས་དགོས་པའི་འདུན་པ་མེད། ཅུང་ཟད་ཡོད་དུ་ཟིན་ཀྱང་དད་པ་དང་བརྩོན་འགྲུས་གཉིས་ཀ་ཆུང་བས་ཚོགས་གསག་ལག་ལེན་ཏུ་མ་ཐེབས་པར། སྐུ་གསུང་ཐུགས་རྟེན་རེ་ཡོད་པ་རྡུལ་གྱིས་གཡོགས། སྙིང་ཁམས་ཆེ་བ་ཚོས་རང་གིས་ཞྭ་ཧྲུལ་གོས་ཧྲུལ་ཡན་ཆད་ཀྱི་ཞབས་སུ་བརྫང་། བརྒྱ་ལ་ཏིང་ཕོར་དང་མཆོད་སྟེགས་ཙམ་ཡོད་ན་ཡང་ཐལ་བ་ཙམ་མེ་ལུས། མི་དགོས་པའི་མགོ་ཕྱི་ལུས་བདར་བྱེད། སྟོང་ཉིད་སྙིང་རྗེས་ཀུན་ནས་བསླངས་པའི་མེ་ཏོག་གཅིག་དཀོན་མཆོག་ལ་ཕུལ་མ་མྱོང་། ཡན་ལག་བདུན་པ་ཚར་གཅིག་བཏོན་མ་མྱོང་པར་རང་རེ་ལ་བསོད་ནམས་མི་འདུག་ཟེར་བ་གདའ་སྟེ། བསོད་ནམས་གང་ནས་ཡོད། བསོད་ནམས་ཀྱི་རྒྱུ་ལ་ཚོགས་བསགས་


KMC003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་གསུངས། ཐ་ན་ནས་འབྲུ་ཞིག་ཡིན་ཀྱང་ཟ་ཉན་པ་དེ་རང་གིས་ཟ། ཟ་མ་ཉན་པ་དེས་མཆོད་ནས་བྱེད། གསེར་དངུལ་དར་ཟབ་རྟ་ཕྱུགས་སོགས་མི་ཕོངས་པ་ཡོད་བཞིན་ཏུ། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །ཟེར་ནས་མར་མེ་ཀོང་ཆུང་གང་དང་། ཞལ་ཟས་འཛུབ་མོ་ཙམ་རེ་མཆོད་པར་རློམས་ཏེ་དཀོན་མཆོག་རྫུན་བཏང་བ་ཀུན་ལ་བསོད་ནམས་འོང་བ་ཨི་འདུག །དེས་ན་འབྱོར་ཚད་ཀྱི་ཚོགས་རེ་གསོག་པ་འདི་ཅིས་ཀྱང་གལ་ཆེ་བར་གདའ། ཚོགས་གསོག་པ་ལ་ཡན་ལག་བདུན་པ་ལས་ཟབ་པ་མདོ་རྒྱུད་ཀུན་ཏུ་མ་གསུངས། དེའང་ཕྱག་འཚལ་བ་ལས་ཀྱང་མཆོད་པ། དེ་ལས་ཀྱང་སྡིག་བཤགས། དེ་ལས་ཀྱང་ཡི་རངས་སོགས་སྔ་མ་སྔ་མ་ལས་ཕྱི་མ་བསོད་ནམས་ཆེ། འདོན་རྒྱུ་རྒྱས་བསྡུས་གང་བྱེད་རང་གི་བློ་དང་སྦྱར་ཆོག །དོན་བསམ་རྒྱུ་ུདེ་གནད་ཆེ། ཚིག་ཤར་ཙམ་རང་མགོ་རང་གཡོགས་ཡིན། མཆོད་པའི་སྐབས་སུ་ལག་ནར་གྱིས་བརྐྱང་


KMC003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོད་པ་ཞིག་ལ་མཎྜལ་ལས་བསོད་ནམས་ཆེ་བ་མེད་གསུངས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆ་ཤས་ཀྱང་ཚང་བས་དེ་ཐམས་ཅད་ཀྱི་ཕན་ཡོན་ཀྱང་ཤུགས་ལས་འབྱུང་། མཎྜལ་ཕུལ་བའི་ཕན་ཡོན་དཔག་ཏུ་མེད་པ་གཞན་ཏུ་གསལ། མཎྜལ་བྱས་པ་ཙམ་གྱིས་ལྷ་གནས་རྣམས་དང་གླིང་བཞིའི་དབང་ཕྱུག་ཏུ་འགྱུར་བ་ཁང་བུ་བརྩེགས་པའི་མདོ་ལས་གསུངས་ཤིང་། དེའི་ཤུགས་ལས་དྲི་བཟང་བྱུགས་པ་དང་། མེ་ཏོག་ཕུལ་བ་ཙམ་གྱིས་ཀྱང་རྒྱལ་ཆེན་རིགས་བཞིའི་ལྷ་སོགས་སུ་སྐྱེ་བར་བསྟན། མདོར་ན་ཚོགས་མྱུར་དུ་རྫོགས་པའི་ཐབས་ཆེས་ཟབ་པའི་མཎྜལ་ཁྲིད་ཀྱི་སྔོན་འགྲོར་བསྟན་པའི་རྒྱུད་མཚན་དེ་ཡིན་ད་ལྟ་ཇི་ཙམ་གྱི་གཏོང་ཕོད་ཅན་ཏུ་རློམས་པ་ཀུན་ཀྱང་བརྒྱ་སྟོང་ཁྲི་འབུམ་སོགས་ཀྱི་གྲངས་བགྲང་པའི་འབུལ་བ་ལས་ཆེ་བ་མི་སྲིད། དེ་ལ་ངས་འདི་ཙམ་ཕུལ་སྙམ་པའི་བདག་འཛིན་དང་སྙན་གྲགས་ཀྱི་རེ་བ་སོགས་དྲི་མ་རེ་ཡང་ཅིས་ཀྱང་འདྲེས། བླ་མ་དེས་ཐུགས་ལ་བཏགས་འོང་བསམ་པའི་རེ་དོགས་ཞིག་ཀྱང་ཡོད། འབུལ་བའི་


KMC003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡང་ཇི་ཙམ་མང་རུང་བརྒྱ་སྟོང་ལས་ལྷག་པ་ནི་མེད། མཎྜལ་ནི་ཕྱི་སྣོད་ནང་བཅུད་ནམ་མཁས་གར་ཁྱབ་ཀྱི་དཔལ་འབྱོར་ཡིན་པས་རྒྱ་ཆེ། ང་ཡིད་སྤྲུལ་གྱི་མཆོད་པ་ཕུལ་མཁན་ཡིན་བསམ་པའི་ང་རྒྱལ་སོགས་དྲི་མ་ཡང་མེད། དཀོན་མཆོག་གསུམ་གྱིས་ཐུགས་ལ་བཏགས་མི་བཏགས་ཀྱི་རེ་དགོས་ཀྱང་མི་འབྱུང་། ཕྱོགས་བཅུ་དུས་བཞིའི་དཀོན་མཆོག་ལ་དམིགས་ནས་འབུལ་བའི་ཡུལ་བཟང་ཞིང་རྒྱ་ཆེ་བ་སོགས་སྒོ་ཐམས་ཅད་ནས་ཚོགས་མི་རྫོགས་ཀ་མེད་ཡིན་པས་ནན་ཏན་ཏུ་བྱའོ། །གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་དང་གཙུག་ལག་ཁང་གསར་པ་བཞེངས་ཤིང་རྙིངས་པ་གསོ་བ། དགེ་འདུན་ལ་བསྙེན་བཀུར་བྱེད་པ། འབྱོར་པ་མེད་པས་ཀྱང་། གཙུག་ལག་ཁང་ཕྱག་དར་དང་ཕྱག་བསྐོར་བྱེད་པ། བསྟོད་ཅིང་གསོལ་བ་འདེབས་པ། ཐ་ན་སངས་རྒྱས་ལ་དམིགས་ཏེ་ཐལ་མོ་ཡ་གཅིག་སྦྱར་བའམ། མེ་ཏོག་གཅིག་ནམ་མཁའ་ལ་བོར་བའི་བསོད་ནམས་ཀྱང་ཚད་མེད་པར་གསུངས་པས། རང་རེ་རྣམས་བྱོལ་


KMC003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ལྟ་བུའི་དགེ་སྡིག་མི་ཤེས། ཤེས་ཀྱང་མ་ཎི་རྡོག་གཅིག་བཏོན་མི་ནུས་པ་ཅི་བྱ་མེད་པའི་ལུས་ངན་ནི་མ་བླངས། དལ་འབྱོར་མི་ལུས་ཐོབ། ཆོས་བྱ་རྒྱུས་མ་བཤོལ་བའི་སྐབས་འདིར་མི་ཚེ་སྟོང་ཟད་དུ་མ་སོང་བར་དགེ་བའི་བག་ཆགས་སྣ་རེ་ཙམ་བཞག་པ་ཅི་ནས་ཀྱང་གལ་ཆེ་བར་གདའ། ༈ བཞི་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ནི། སྭ་བྷཱ་བས་སྟོང་པར་སྦྱངས ། སྟོང་པའི་ངང་ལས་པདྨ་རོ་དང་ཉི་མའི་སྟེང་དུ་རང་ཉིད་རྡོ་རྗེ་ཕག་མོ་སྤྱི་ལྟར་བསྒོམ། དེ་ཡང་རང་ལུས་ཐ་མལ་པར་བསྒོམ་ན་སྒྲིབ་པ་མ་དག་པ་ལ་བྱིན་རླབས་མི་འཇུགས། ཡི་དམ་དུ་བསྒོམས་པས་བྱིན་རླབས་མྱུར་དུ་འཇུག་སླ་བའི་རྟེན་འབྲེལ་ཡིན་པས་ཡི་དམ་ཡང་རང་གི་མོས་པ་དང་སྦྱར་ནས་བསྒོམ་ཆོག་མོད། སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་རྡོ་རྗེ་ཕག་མོ་ཉིད། ངོ་བོ་ཕྱག་རྒྱ་ཆེན་མོ་རྣམ་པ་ལྷན་ཅིག་སྐྱེས་མར་ཤར་བ་ཡིན་པ་དང་། རྣལ་འབྱོར་མའི་རིགས་འདི་སྙིང་ཉེ་བས་བྱིན་རླབས་མྱུར་བ་དང་། རྗེ་བཙུན་མར་མི་དྭགས་གསུམ་གྱི་


KMC003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ཡི་དམ་ཡིན་པའི་རྟེན་འབྲེལ་གྱིས་ཀྱང་འདི་ལྟར་སྦྱར་བ་ཕྱག་ལེན་ཏུ་མཛད་པར་གདའ། རང་གི་སྦྱི་བོའམ་མདུན་གྱི་ནམ་མཁར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ལྷ་རྫས་གོས་བཟང་གིས་བཀབ་པའི་སྟེང་པདྨ་ཟླ་བའི་གདན་ལ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་རྡོ་རྗེ་འཆང་གི་ཆ་ལུགས་ཅན་སྐྱབས་འགྲོའི་སྐབས་ལྟར་ལ་རྩ་བའི་བླ་མ་ནས་རྡོ་རྗེ་འཆང་ལ་མ་ཐུག་གི་བར་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པའི་མཐའ་བསྐོར་དུ་འབྲི་འབྲུག་ཚལ་སྟག་སོགས་སྒྲུབ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་། གཞན་ཡང་རྫོགས་ཆེན། ཆོས་དྲུག་ལམ་འབྲས། ཞི་བྱེད་གཅོད་ཡུལ། བློ་སྦྱོང་བརྒྱུད་པའི་བླ་མ་རྣམས་སྤྲིན་ལྟར་འཁྲིགས་པ། ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བསྐོར་ནས་བཞུགས་པ་དེ་དག་ཀྱང་གདོད་ནས་ཡོངས་གྲུབ་དམ་ཡེ་དབྱེར་མེད་དུ་བཞུགས་པར་མོས་ལ་ཁ་ཙམ་


KMC003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པའི་མོས་གུས། སྙིང་ཐག་པ་ནས་གུས་པའི་ཤུགས་དང་གདུང་བའི་ང་རོ་བཅས་ཏེ། ཁྱབ་བདག་དངོས་པོ་སོགས་ཀྱིས་གསལ་གདབ། འོག་མིན་ཆོས་དབྱིངས་སོགས་ཀྱིས་ཡན་ལག་བདུན་པ་སྨོན་ལམ་བཅས། ཕྱག་ཆེན་བརྒྱུད་འདེབས་སོགས་གསོལ་འདེབས་རྒྱས་བསྡུས་གང་འོས། མ་ནམ་བཞི་སྐོར་དང་། ཁྱད་པར་རྗེ་དུས་མཁྱེན་གྱི་རྡོ་རྗེའི་གསུང་། གསོལ་འདེབས་ཚིག་རྐང་དྲུག་པོ་ཡིད་གཞན་དུ་མ་ཡེངས་པར་གྲངས་བསགས། མཐར་དཔལ་ལྡན་བླ་མ་སོགས་ཀྱིས་དབང་བསྐུར་བར་གསོལ་བ་གདབ་པས་མཐའ་བསྐོར་གྱི་འཁོར་རྣམས་འོད་དུ་ཞུ་ནས་བརྒྱུད་པའི་བླ་མ་ལ་ཐིམ། བརྒྱུད་པའི་བླ་མ་རིམ་པར་གཅིག་ལ་གཅིག་ཐིམ་ནས་འོད་དུ་ཞུ་སྟེ་རྩ་བའི་བླ་མ་ལ་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་གྱུར་པའི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས། རང་གི་སྨིན་མཚམས་སུ་ཐིམ། སྲོག་གཅོད་སོགས་ལུས་ཀྱི་སྒྲིབ་པ་དག བུམ་པའི་དབང་ཐོབ། ལམ་དུས་སུ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་


KMC003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐལ་པ་ཅན་དུ་བྱས། དེས་རིགས་འགྲེས་སྟེ། བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། རྫུན་སོགས་ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། རྩ་རླུང་བསྒོམ་པ་ལ་དབང་། ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། སྙིང་གར་ཐིམ། ལོག་ལྟ་སོགས་ཡིད་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྙོམས་འཇུག་སྒོམ་པ་ལའང་དབང་། ཆོས་སྐུ་འགྲུབ་པའི་སྐལ་ཅན་བྱས། གནས་གསུམ་ཀ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། དཔྲལ་མགྲིན་སྙིང་གར་ཐིམ། ཤེས་སྒྲིབ་ཉོན་སྒྲིབ་སྙོམས་འཇུག་གིས་བསྡུས་པའི་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་རིག་སྟོང་དབྱེར་མེད་སྒོམ་པ་ལ་དབང་། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་ཏུ་བྱས། སླར་ཡང་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས་བླ་མ་དགྱེས་པའི་ཞལ་འཛུམ་མདངས་དང་བཅས་ཏེ་འོད་ཀྱི་གོང་བུར་ཞུ་ནས་རང་གི་སྤྱིི་བོ་ནས་སྙིང་གར་


KMC003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་པར་མོས་ལ་རྣམ་པར་རྟོག་པས་བར་མ་ཆོད་པར་སེམས་རང་བབ་བཅོས་བསླད་མེད་པའི་ངང་ལ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལངས་ཚེ་སྣང་བ་ཅི་ཤར་བླ་མའི་སྐུའི་རྣམ་འགྱུར་སྣ་ཚོགས་པ། སྒྲ་རུ་གྲགས་ཚད་གསུང་གྲགས་སྟོང་ནཱ་དཱའི་རང་སྒྲ། ཡིད་ཀྱི་འགྱུ་དྲན་ཅི་བྱུང་ཅི་ཤར་རྡོ་རྗེའི་ཡེ་ཤེས་ཀྱི་རང་རྩལ་དུ་མོས་ལ་དགེ་བ་བསྔོ། ཐུན་མཚམས་སུ་ཡང་། འགྲོ་བའི་ཚེ་གཡས་ཕྱོགས་ཀྱི་ནམ་མཁར་པད་ཟླའི་གདན་ལ་བླ་མ་བཞུགས་པ་ལ་བསྐོར་བ་བྱེད་པར་མོས། ཟ་འཐུང་གི་ཚེ་མགྲིན་པར་པདྨ་དམར་པོའི་དབུས་བླ་མ་བཞུགས་པ་ལ། བཟའ་བཏུང་བདུད་རྩིར་ཞུ་བས་མཆོད་པར་མོས། སྨྲ་བརྗོད་ཐམས་ཅད་གསོལ་འདེབས། འགྲོ་འདུག་བྱ་བྱེད་བླ་མའི་ཞབས་ཏོག་ཡིན་པར་བསྒོམ། ཉལ་བའི་ཚེ་སྙིང་གར་བླ་མ་ཚོན་གང་བ་བཞུགས་པའི་འོད་ཀྱིས་ལུས་དང་གནས་ཁང་བཅས་གསལ་བར་བསྒོོམས་ལ་དེའི་ངང་། གཉིད་དུ་འགྲོ་བར་བྱ། སད་མ་ཐག་ཏུ་བླ་མ་སྦྱི་བོའི་གཙུག་


KMC003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཞུགས་པར་མོས་ལ་དད་གུས་དང་གསོལ་འདེབས་བྱ། སྡོད་པའི་ཚེ་ཡང་དེ་ལྟར་བསྒོམ། གནས་ཁང་དང་གོས་སོགས་གསར་པ་སྤྱོད་པའི་ཚེ་ན་ཡང་ཕུད་བླ་མ་ལ་དངོས་སམ་ཡིད་ཀྱི་སྒོ་ནས་འབུལ། ནད་ན་སར་བླ་མའི་སྐུ་ཚོན་གང་པ་ལས་བདུད་རྩི་བབ། ནད་ཐམས་ཅད་བཀྲུས་ནས་དག །ནད་སྡིག་སྒྲིབ་སྦྱོང་བའི་ཐབས་སུ་བླ་མའི་བྱིན་རླབས་ལས་བྱུང་བར་མོས་ལ་དགའ་བ་བསྒོོམ། གདོན་གྱི་ཆོ་འཕྲུལ་བྱུང་ན་ཡང་བླ་མའི་ཕྲིན་ལས་ཀྱི་རོལ་པ་རང་ལ་དགེ་བའི་སྐུལ་མ་མཛད་པར་མོས། མདོར་ན་བདེ་སྐྱིད་བྱུང་ན་ཡང་བླ་མའི་བྱིན་རླབས། སྡུག་བསྔལ་བྱུང་ན་ཡང་བླ་མའི་ཐུགས་རྗེར་བསྒོམ་ནས་མོས་གུས་འཕེལ་བའི་རྟེན་ཏུ་བྱ་བ་མ་གཏོགས་སྤང་གཉེན་གཞན་ཏུ་མི་འཚོལ་བ་ནི་གནད་དམ་པའོ། །འདིའི་སྐབས་སུའང་གོ་བབ་ནི། སྤྱིར་གསང་སྡགས་རྡོ་རྗེ་ཐེག་པ། སྒོས་རྫོགས་རིམ་གྱི་གདམས་ངག་གང་བསྒོམ་ཡང་བླ་མའི་བྱིན་རླབས་ལམ་དུ་བྱེད་དགོས། བྱིན་རླབས་མ་ཞུགས་པར་དུ་ལམ་གཤའ་མ་རྒྱུད་ལ་མི་


KMC003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་ལ་སློབ་མ་དམ་ཚིག་དང་ལྡན་པ་ཞིག་གིས་མོས་གུས་སྙིང་ཕུར་བཙུགས་ན་ཐབས་གཞན་མེད་ཀྱང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གསུངས། བླ་མའི་མོས་གུས་མེད་ཕྱིན་ཆད་ཡི་དམ་རྒྱུད་སྡེ་བཞིའི་བསྙེན་སྒྲུབ་ཚད་དུ་འཁྱོལ་ཡང་མཆོག་གི་དངོས་གྲུབ་རྩ་བ་ནས་མི་ཐོབ། ཐུན་མོང་གི་དངོས་གྲུབ་ལའང་ཚེ་སྒྲུབ་ནོར་སྒྲུབ་དབང་སྡུད་སོགས་མང་པོ་ཞིག་ལ་རེ་ལྟོས་འཆའ་དགོས། དེ་དག་ཀྱང་འགའ་རེ་མི་འགྲུབ། ཅུང་ཟད་འགྲུབ་པ་ལའང་དཀའ་ཚེགས་ཆེན་པོས་སྒྲུབ་དགོས་པས་ལམ་མི་ཟབ་པ་ཡིན། མོས་གུས་ཕྱིན་ཅི་མ་ལོག་པ་ཞིག་རྒྱུད་ལ་སྐྱེས་ན། ལམ་གྱི་གེགས་སེལ་བོག་འདོན་མཆོག་ཐུན་མོང་ཐམས་ཅད་གཞན་ལ་ལྟོས་པ་མེད་པར་འགྲུབ་པས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞེས་པའི་རྒྱུ་མཚན་དེ་ཡིན་པར་འདུག །སློབ་དཔོན་དང་སློབ་མ་གཉིས་ཀར་ཡང་སྙིང་རྗེ་མེད་པ། ཁྲོ་སྐྱེན་པ། ཞེ་གནག་འཁོན་འཛིན་ཆེ་བ། ང་རྒྱལ་གྱིས་ཁེངས་པ། དཀོར་རྫས་ཉེ་འབྲེལ་


KMC003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་ཆགས་ཞེན་ཆེ་བ། ལུས་ངག་གི་སྤྱོད་པ་མ་བསྡོོམས་པ། རང་བསྟོད་བྱེད་པ་རྣམས་སྐྱོན་ཆེ་བས་སྤང་དགོས། ཁྱད་པར་དུ་རྩ་རླུང་ཕྱག་རྒྱ། སྔགས་དང་ལས་ཚོགས། རྫོགས་རིམ་ཟབ་མོའི་གནད་རྣམས་སྐྱེ་བོ་ཕལ་པའི་ཁྲོད་དུ་བཤད་ཅིང་ངོམ་སྟེ། གཞན་ལ་མེད་པའི་གདམས་ངག་ཡིན་པ་སྐད་བྱེད་ནས་གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་ཁྲོམ་དུ་གྱེར། སྤྱོད་པ་འཇོལ་ཉོག་ཏུ་སྤྱོད། ལྟ་བ་མཐོ་བ་སྐད་བྱེད། དཀོན་མཆོག་གི་རྫས་དང་ནོར་ལ་ཤིན་ཏུ་སྲེད། གཡོ་སྒྱུ་དང་ཚུལ་འཆོས་ཆེ། བརྒྱུད་པ་མེད་པའི་དབང་དང་མན་ངག་འཆད། ཆང་དང་གཉིས་སྦྱོར་གྱི་བདེ་བ་ལ་དགའ་བ། ལམ་ཕྱིན་ཅི་མ་ལོག་པ་སྟོན་མི་ཤེས་པར་ཆོས་དང་མི་མཐུན་པ་རང་བཟོའི་ཚིག་སྟོན་པའི་སློབ་དཔོན་ནི་བདུད་ཀྱི་བྱིན་གྱིས་རླབས་པ་ཡིན་པས་རྣམ་པ་ཀུན་ཏུ་སྤང་། སློབ་མའང་དད་པ་མེད་པ། དམ་ཚིག་མི་སྲུང་བ། གསར་འགྲོགས་དང་ངོ་བསྟོད་ཆེ་བ། བློ་སྣ་མང་བ་སོགས་ལ་རིམ་གྱིས་བློ་བཅོས་སུ་རུང་ན་མ་གཏོགས་ཐོག་མ་ཉིད་ནས་


KMC003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཟབ་པར་མི་བྱ། བླ་མའི་མཚན་ཉིད་མདོ་རྒྱུད་ཀུན་ནས་རྒྱ་ཆེར་གསུངས་ཀྱང་དད་པ་དང་དམ་ཚིག་མ་ཉམས་པ། བསྙེན་སྒྲུབ་ཐེམས་ཤིང་ལག་ལེན་ཤེས་པ། ཆོས་བརྒྱད་ལ་ཧ་ཅང་མི་ཞེན་པ། གཞན་ལ་བཤད་རྒྱུའི་ཆོས་དེ་ཅུང་ཟད་ཉམས་སུ་བླང་བ་ཞིག་དང་། སློབ་མའང་དད་པ་བརྟན་ཞིང་དམ་ཚིག་བསྲུང་ནུས་པ། སྡིག་པའི་གྲོགས་པོ་དང་མི་འགྲོགས་པ་ཞིག་ནི་མ་མཐར་ཡང་དགོས་སོ། །དཔོན་སློབ་ཀྱི་མཚན་ཉིད་བརྟགས་པ་དེའང་དབང་ཆོས་མ་ཞུས་པའི་གོང་དུ་ཡིན་གྱི་དབང་ཆོས་སྦྲེལ་ཟིན་ནས་ཕམ་པ་བཞི་ཚང་བ་ཞིག་ཡིན་ཀྱང་མོས་གུས་ཀྱི་ཡུལ་དུ་བྱ་བ་མ་གཏོགས་དད་ལོག་ཁ་སྨོད་བརྟགས་དཔྱད་སོགས་བྱ་མི་རུང་སྟེ། ཚིགས་བཅད་གཅིག་ཙམ་ཐོས་པ་ལའང་། གལ་ཏེ་བླ་མར་མི་འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ཏེ། །སྨེ་ཤ་ཅན་ཏུ་སྐྱེ་བར་འགྱུར། །ཞེས་གསུངས། བླ་མ་ཡང་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་རྫོགས་ནི་དུས་དབང་གིས་མི་རྙེད། གལ་སྲིད་རེ་རེ་ཙམ་རྙེད་སྲིད་ཀྱང་རང་སྣང་མ་དག་ན་ཡོན་ཏན་ལ་སྐྱོན་ཏུ་


KMC003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་སྟེ་བཅོམ་ལྡན་འདས་ལ་ལྷས་སྦྱིན་གྱིས་སྐྱོན་ཏུ་མཐོང་བ་སོགས་ཇི་སྙེད་ཅིག་བྱུང་བ་དང་འདྲ། དེང་སང་གི་སྐྱེ་བོ་ཕལ་ཆེར་ལས་ངན་བསགས་པའི་སྐལ་མཉམ་ཅན་འབའ་ཞིག་ཡིན་པས་སྐྱོན་ཡིན་ཀྱང་ཡོན་ཏན་ཏུ་མཐོང་། ཡོན་ཏན་ཅན་སྐྱོན་ཏུ་མཐོང་། ཆོས་དང་མཐུན་པའི་ཡོན་ཏན་ངོ་ལྐོག་ཐུབ་པ་སྣ་གཅིག་མེད་ཀྱང་སྐྱེས་བུ་དམ་པར་མཐོང་བ་སོགས་ཡོད་པས་བརྟགས་དཔྱད་ཇི་བཞིན་ཤེས་ཀྱང་དཀའ། ཁྱད་པར་ཕྱག་རྒྱ་ཆེན་པོའི་ལམ་སྟོན་པ་ལ་བརྐོས་ཕོར་རི་མོ་གང་ཡོད་སཱཙྪ་ལ་དོད་པའི་དཔེ་བཞིན་བླ་མ་རྟོགས་པ་ལྡན་པ་ཞིག་མེད་ན་སློབ་མའི་རྒྱུད་ལ་རྟོགས་པ་མཐར་ཐུག་བསྐྱེད་མི་ནུས། དེས་ན་མཉམ་མེད་དྭགས་པོ། རྗེ་དུས་མཁྱེན་ཞང་ཚལ་པ། རྒོད་ཚང་པ་སོགས་ལས་བརྒྱུད་པའི་ལུང་ཐོབ་ཕྱིན་དེ་རྣམས་དད་པ་སུ་ཆེ་ལ་རྩ་བའི་བླ་མར་བཟུང་ནས་གསོལ་བ་བཏབ་ན་བྱིན་རླབས་འཇུག་པ་ཞལ་གྱིས་བཞེས་གདའ། ལྷག་པར་མཉམ་མེད་དྭགས་པོ་རྒྱལ་བས་ཕྱག་རྒྱ་ཆེན་པོ་སྤེལ་བར་ལུང་གིས་བསྟན་པ་ཡིན་


KMC003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱག་ཆེན་ལ་མོས་པ་བྱེད་ཚད་རྗེ་བཙུན་སྒམ་པོ་པ་ལ་བློ་གཏད་འཆའ་བ་གནད་ཆེ་འདུག་དེ་ཡང་རང་གི་རྩ་བའི་བླ་མ་དེ་དང་དབྱེར་མེད་དུ་བསྒོམ་དགོས། ཡབ་སྲས་ལྟ་བུའི་དྲུང་ནས་བྱིན་རླབས་ཀྱི་བརྒྱུད་པ་ཐོབ་ནས་དེ་ལ་རྩ་བའི་བླ་མར་བཟུང་བ་ཡིན་ན་དེ་ཁོ་ནས་ཆོག་གི་བརྟག་དཔྱད་ཀྱང་མི་དགོས། བཀའ་བརྒྱུད་གཞན་ལ་རེ་ལྟོས་ཀྱང་མི་དགོས་ཏེ་དེ་སྔ་བྱོན་ཚད་ཐམས་ཅད་ལུང་ཟིན་གྱིས་སྐྱེས་ཆེན་རྟོགས་པ་དོན་གྱི་ཡེ་ཤེས་གཅིག་གིས་གཅིག་ལ་འཕོས་ནས་གཞན་རྒྱུད་བྱིན་གྱིས་རློབས་ནུས་པ་ཤ་སྟག་ཡིན་པའི་ཕྱིར་རོ། །ཡབ་སྲས་ལྟ་བུའི་ཡོངས་སུ་གྲགས་པའི་བླ་མའི་ཞལ་ལས་ཆོས་མ་ཐོས་ཀྱང་ཉམས་རྟོགས་ཡོད་པའི་བླ་མ་གཞན་རྩ་བའི་བླ་མར་བཟུང་ཡང་བྱིན་རླབས་ནི་འཇུག་སྟེ། བླ་མ་དེ་དངོས་གནས་ལ་སོ་སོའི་སྐྱེ་བོ་ཡིན་ཡང་རུང་། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་ཀྱང་རུང་། རང་གིས་སངས་རྒྱས་སུ་བསྒོམས་ནས་གསོལ་བ་འདེབས་ནུས་ན་སངས་རྒྱས་བྱང་སེམས་ཡི་དམ་གྱི་ལྷ་རྣམས་རྡོ་རྗེ་སློབ་དཔོན་


KMC003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྐུ་གསུང་ཐུགས་ལ་རྗེས་སུ་ཞུགས་ནས་འགྲོ་དོན་མཛད་པ་ཡིན་ཏེ། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། ངས་ནི་དེ་ཀུན་དུས་སུ་སྤང་། །ཅེས་དང་། ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས་པས། རང་གི་བླ་མ་དེ་མཉེས་ན་སངས་རྒྱས་ཐམས་ཅད་མཉེས། དེ་ལ་སྡིག་བསག་ན་སངས་རྒྱས་ཐམས་ཅད་ལ་སྡིག་བསགས་པ་དང་ཁྱད་མེད། མཆོད་ནའང་སངས་རྒྱས་ཐམས་ཅད་མཆོད་པའི་བསོད་ནམས་ཐོབ་ཅིང་རང་གི་སྒྲིབ་པ་ཟད། བཀའ་བསྟན་བཅོས་མཐའ་ཡས་པ་ནས་མཆོག་གི་དངོས་གྲུབ་བླ་མ་ཁོ་ན་ལ་རགས་ལས་ཤིང་དེ་ལ་མོས་གུས་དང་མཆོད་པ་སོགས་བྱས་པའི་ཕན་ཡོན་དཔག་ཏུ་མེད་པ་གསུངས་ཏེ། རྒྱུད་ལས། གང་གིས་ལྷ་སྐུ་འབུམ་ཕྲག་སྒོམ་པ་ལས། །བླ་མའི་སྐུ་ལ་དམིགས་པ་མ་ཡེངས་ན། །བརྒྱ་ཕྲག་སྟོང་


KMC003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆར་ཡང་མི་འགྲོ་ལ། །བསྙེན་སྒྲུབ་བཟླས་པ་ས་ཡ་དུང་ཕྱུར་ལས། །བླ་མར་གསོལ་འདེབས་ལན་གསུམ་བརྩོན་གྱུར་ན། །ནུས་པ་འབུམ་ཕྲག་ཆར་ཡང་མི་ཉེ་ཞིང་། །གང་ཞིག་རྫོགས་རིམ་བསྐལ་པར་སྒོམ་པ་བས། །བླ་མ་རང་སེམས་དཀྱིལ་དུ་ཤར་ཙམ་གྱིས། །སྟོང་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང་། སྒྲོན་གསལ་ལས། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ུན་ཇི་སྙེད་བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་། སློབ་དཔོན་གྱི་བ་སྤུའི་བུ་ུག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ། །ཞེས་གསུངས། ཐེག་པ་ཆེ་ཆུང་གི་མདོ་སྡེ་ཐོས་པའི་བླ་མ་དང་། གསང་སྔགས་ཀྱི་རྒྱུད་ལུང་མན་ངག་ནོས་པའི་བླ་མ་གཉིས་ལ་ཡུལ་གཉན་མི་གཉན་གྱི་ཁྱད་པར་ཅུང་ཟད་ལས་སྤྱི་བབ་ནས་ཁྱད་


KMC003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

མེད། རྩ་ལྟུང་དང་པོའི་ཡུལ་དམ་ཚིག་ཉམས་མ་ཉམས་ཟེར་པ་ཡང་རང་ངོས་ནས་ཡིན་གྱི་བླ་མ་རྩ་བའི་བླ་མ་ཁོ་ན་ལ་ངོས་བཟུང་རྒྱུ་མེད། རང་ཉིད་སྔགས་ཀྱི་དབང་བསྐུར་ཞུས་ཕྱིན་ཆད་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་རྣམས་རྩ་ལྟུང་དང་པོ་བསྲུང་བའི་ཡུལ་ཡིན་པས་མདོ་ཆོས་སྔགས་ཆོས་མང་ཉུང་གང་ཞུས་ཟིན་ནས་སྡིག་མི་བསགས་པ་ཉིད་གལ་ཆེ་བར་སྣང་། ཆོས་འབྲེལ་མེད་ན་རང་གི་བླ་མ་མེད་པས་བརྒྱུད་པའི་བླ་མ་རྣམས་ཀྱང་རྩ་ལྟུང་གི་ཡུལ་ནི་མིན་རུང་སྨོད་བསྐུར་སོགས་གཏན་ནས་མི་རུང་། སྤྱིར་སེམས་ཅན་གྱི་སྐྱོན་ལ་མི་བརྟག །མར་ཤེས་དྲིན་དྲན་བྱམས་སྙིང་རྗེ་བསྒོམ། སྒོས་ཆོས་སྒོར་ཞུགས་ཚད་ཀྱི་སྐྱོན་ལ་མི་བརྟག །གྲུ་གཅིག་གི་མི་དང་འདྲ་བར་ཤེས་པས་ཡོན་ཏན་ཁོ་ནར་བསམ་ལ་རྗེས་སུ་ཡི་རངས་དང་མོས་གུས་བྱ། ཁྱད་པར་བླ་མའི་སྐྱོན་ལ་མི་བརྟག །འཕགས་པ་དད་པའི་སྟོབས་སྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་འཕྲོགས་པ་དང་།


KMC003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ཐམས་ཅད་བཤིགས་པ་ལས། བྱང་ཆུབ་སེམས་དཔའ་གཅིག་སྨད་པ་ཉེས་དམིགས་ཆེ། བྱང་ཆུབ་སེམས་དཔའ་ལ་རྐྱེན་ཅི་ཡང་རུང་བས་བརྙས་པ་བསྐྱེད་དེ་སྤྱོས་ན་དམྱལ་བ་ངུ་འབོད་དུ་ལུས་དཔག་ཚད་ལྔ་བརྒྱ་པར་མགོ་ཁ་ལྕེ་རྣམས་ལྔ་བརྒྱ་རེ་བྱས་པའི་ལྕེ་རེ་ལ་གཤོལ་ལྔ་བརྒྱ་ལྔ་བརྒྱས་རྨོད་པར་འགྱུར་རོ། །ཞེས་གསུངས་པས་སྤྱིར་སྐྱེས་བུ་དམ་པ་ལ་སྨོད་པའི་ཉེས་པ་དཔག་ཏུ་མེད། སྒོས་བྱང་ཆུབ་སེམས་དཔའ། ཡང་སྒོས་གསང་སྔགས་ཀྱི་རྣལ་འབྱོར་པ་ཡུལ་ཆེས་གཉན། དེ་ཡང་སྐྱེས་བུ་དམ་པ་དང་ནང་གི་རྣལ་འབྱོར་ལ་གནས་པ་གང་ན་སུ་ཡོད་མི་ཤེས། རྫོགས་པའི་སངས་རྒྱས་ཉག་གཅིག་མ་གཏོགས་གང་ཟག་གཞན་གྱིས་གང་ཟག་གི་ཚོད་མི་ཟིན་པར་གསུངས་པས། སུ་ཐོད་ཐོད་ལ་ངག་སྨྲས་དང་། བསྐུར་པ་བཏབ་ན་རང་གི་ཡོན་ཏན་ཕྱགས་མས་འདེབས། གཞན་སྐྱོན་ལ་བརྟགས་པ་དེས་རང་ཕུང་བ་ཆོས་ཉིད་ཡིན་འདུག་པས་རང་སྐྱོན་འབའ་ཞིག་གི་བྱ་ར་སོ་རྟོག་གལ་ཆེ་སྣང་། ད་ལྟ་མངོན་སུམ་དུའང་བླ་མ་ལ་


KMC003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་མེད་ཅིང་ཆོས་བྱེད་ལ་དག་སྣང་མེད་པ་ཀུན་ལ། མི་འདོད་པ་དུ་མ་ཐོག་ཏུ་བབ། གཞན་གྱིས་ཀྱང་དགྲར་མཐོང་། འཆི་རྐྱེན་མི་འཚམས་པ་དང་འཆི་རྟགས་ངན་པ་འབྱུང་། ཀུན་གྱིས་བསྐུར་འདེབས་ཀྱི་ཡུལ་དུ་གྱུར་པ་དང་། བླ་མ་གུས་པས་བསྟེན་ཅིང་གཞན་ལ་དག་སྣང་ཆེ་བ་ཀུན་ལ་བདེ་སྐྱིད་སྙན་གྲགས་རང་ཤུགས་ཀྱིས་འབྱུང་། ཐམས་ཅད་ཀྱིས་བསྟོད་བཀུར་བརྩི་མཐོང་བྱེད། འཆི་རྐྱེན་བཟང་ཞིང་རྟགས་ལེེགས་པ་སོགས་ནི་མིག་ལམ་དུ་མཐོང་ཞིང་ཐོས་པ་འདི་ལགས། བཀའ་བརྒྱུད་གོང་མའི་གསུངས་ལས། བླ་མ་སངས་རྒྱས་སུ་མཐོང་ན་སངས་རྒྱས་ཀྱི་བྱིན་རླབས་འཇུག །བྱང་ཆུབ་སེམས་དཔར་མཐོང་ན་བྱང་ཆུབ་སེམས་དཔའི་བྱིན་རླབས་དང་། གྲུབ་ཐོབ་ཏུ་མཐོང་ན་གྲུབ་ཐོབ་ཀྱི་བྱིན་རླབས། སོ་སོའི་སྐྱེ་བོའི་དགེ་བཤེས་བཟང་པོ་ཙམ་དུ་མཐོང་ན་དེ་དང་མཐུན་པའི་བྱིན་རླབས་འཇུག །མོས་གུས་མེད་ན་བྱིན་རླབས་ཡེ་མི་འཇུག་པར་གསུངས། དེས་ན་རྩ་བའི་བླ་མ་དེ་ལས་ལྷག་པའི་སངས་རྒྱས་གཞན་


KMC003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལོགས་སུ་ཡོད་པ་ལྟ་བུ་མ་ཡིན་པར་ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་མ་ལུས་པ་འདུས་པའི་ངོ་བོ་ཡིན། དཀོན་མཆོག་གི་ཡོན་ཏན་ལ་མུ་མཐའ་མེད། དེ་ཐམས་ཅད་རྩ་བའི་བླ་མ་འདིའི་རྣམ་པར་རོལ་པ་ཡིན། དེར་མ་ཟད་ད་ལྟ་ཕྱོགས་ཀུན་ཏུ་འགྲོ་དོན་མཛད་པའི་སྐྱེས་བུ་རྣམས་དང་། ཉི་ཟླ། རྩི་སྨན། གྲུ་ཟམ་ཚུན་ཆད་བླ་མའི་རྣམ་རོལ། རང་ལ་དབང་ལུང་ཁྲིད་དང་བྲིས་ཀློག་སློབ་པ་ཡན་ཆད་རྩ་བའི་བླ་མའི་སྐུའི་བཀོད་པར་མོས་ཏེ་མདོར་ན་སངས་རྒྱས་སུ་ཐག་བཅད་པ་དང་གཅིག །སངས་རྒྱས་ཡི་དམ་བཀའ་བརྒྱུད་གོང་མ་སོགས་ངོ་མཚར་ཆེ་ཡང་རང་ལ་ཞལ་མ་སྟོན། གསུང་མ་ཐོས། གལ་ཏེ་མཇལ་ཡང་བླ་མས་མཛད་པ་ལས་ལྷག་མཛད་རྒྱུ་མེད། འདས་པའི་སངས་རྒྱས་གྲངས་མེད་པ་དང་ད་ལྟ་ཕྱོགས་བཅུ་ན་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔག་ཏུ་མེད་པ་བཞུགས་ན་ཡང་རྨི་ལམ་དུའང་གཅིག་ཀྱང་མཇལ་བའི་སྐལ་བ་མེད་པ་བདག་ལ། རྩ་བའི་བླ་མ་འདིས་ཚེ་གཅིག་ལུས་གཅིག་འཚང་རྒྱ་བའི་ཐབས་ཚང་


KMC003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་ནོར་བ་སྟོན་པས་ལུས་སྲོག་རྡུལ་དུ་བརླག་ཀྱང་བཀའ་དྲིན་འཁོར་ཐབས་མེད་དོ་སྙམ་པ་དང་གཉིས། ཆོས་དང་ཟང་ཟིང་གི་གནང་སྦྱིན་སོགས་ཐུགས་ལ་བཏགས་པའི་ཚེ་བླ་མ་དྲན། འགྱང་ནས་བརྗེད། ན་ཚ་རྐྱེན་ངན་བྱུང་དུས་བླ་མ་དྲན། བདེ་བར་སྡོད་དུས་མི་དྲན་པ་དེ་འདྲ་བ་མིན་པར་འགྲོ་འཆག་ཉལ་འདུག་སྐྱིད་སྡུག་ཅི་བྱུང་ན་ཡང་བསམ་རྒྱུ་བླ་མ་ལས་མེད་པར་ཡང་ཡང་དྲན་པ་དང་གསུམ། སྐབས་རེར་བླ་མ་དྲན་ན་ཡང་སྐྱབས་སུ་མཆིའོ་ཟེར་བ་ཙམ་མམ། གསོལ་འདེབས་སད་སུད་རེ་བཏོན་ནས་ཚར་བར་བརྩི་བ་དེ་འདྲ་མིན་པར་བ་སྤུ་ག ཡོ་ཞིང་འཆི་མ་འཁྲུགས་པའི་གདུང་ཤུགས་ཀྱིས། རིག་པ་འཕྲལ་དུ་བསྒྱུར། ཐ་མལ་གྱི་སྣང་བ་འགོག །ཉམས་གཏད་མེད་དུ་སྐྱེ་ནུས་པའི་གདུང་ཤུགས་དྲག་པོ་དང་བཞི་འཛོམ་ན་བྱིན་རླབས་རྒྱུད་ལ་འཇུག་ཅིང་རྟོགས་པ་གློ་བུར་དུ་སྐྱེད་ནུས་པའི་མོས་གུས་ཚད་ལྡན་ཡིན་པར་གདའ། བླ་མ་སངས་རྒྱས་སུ་སྒོམ་པ་དེ་བྱིན་རླབས་འཕྲལ་དུ་འཇུག་པའི་གནད་ཡིན། དེ་ཡང་ཕྱག་


KMC003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྒོམ་ན་བླ་མ་ཆོས་སྐུ་རྗེན་པར་མོས། ཚེ་བསྲིང་བར་འདོད་ན་ཚེ་དཔག་མེད་དང་སྒྲོལ་དཀར། ནད་ཞི་བར་འདོད་ན་སྨན་གྱི་བླ། གདོན་ལ་དེ་དང་དེའི་གཉེན་པོ། རྒྱུད་སྡེའི་དཀྱིལ་འཁོར་གང་དང་གང་ཡིན་ཀྱང་གཙོ་བོ་དེ་དང་དབྱེར་མེད་དུ་བལྟ་དགོས་པས་འཁོར་ལོའི་མགོན་པོ་ཞེས་བྱ་བའི་དོན་ཡང་དེ་ཡིན། དེའི་རིགས་འགྲེས་སྦྱར་བས་བླ་མའི་རྣལ་འབྱོར་ཀྱི་ལས་ཚོགས་ལྟ་བུ་ཡང་འོང་བ་ཡིན་ནོ། །བཀའ་དྲིན་མི་དྲན་པ་དེ་ཆོས་ལ་རྩིས་མེད་པའི་རྟགས་ཡིན། དེ་མེད་པས་འབད་པ་བྱས་ཚད་དོན་མེད་དུ་འགྱུར། རང་རྒྱུད་ལ་ཡོན་ཏན་མི་སྐྱེ། དེ་ལ་རྒྱུ་མཚན་དུ་བྱས་ནས་སྙིང་ཁམས་ཆེ་ན་བླ་མ་དང་། ཆུང་ན་ཆོས་མཛད་གཞན་ལའང་ཡོན་ཏན་ཡོད་མི་སྲིད་སྙམ་པའི་ལོག་ལྟ་བསྒོམ། དེས་རྩ་ལྟུང་ཕོག་ནས་སྔར་བསགས་ཀྱི་བསོད་ནམས་ཐམས་ཅད་ཕྱགས་མས་བཏབ་པ་བཞིན་འགྲོ་བ་ཡིན་འདུག །བཀའ་དྲིན་དྲན་ན་བླ་མ་དང་ཆོས་ལ་གུས་པ་རང་ཤུགས་ཀྱིས་སྐྱེ། དེས་ཡོན་ཏན་ཐམས་ཅད་མ་འབད་ལྷུན་གྲུབ་ཏུ་འབྱུང་།


KMC003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་གཤའ་མ་སྐྱེ་དཀའ་ན་དཀོན་མཆོག་ལ་མཆོད་པ། དགེ་འདུན་ལ་བསྙེན་བཀུར། ལུས་ངག་གི་དགེ་སྦྱོར་སོགས་ཚོགས་ཅི་ནུས་བསགས་ནས། བདག་གི་བསོད་ནམས་བསགས་པ་འདིས། བླ་མ་ལ་མོས་གུས་ཁྱད་པར་ཅན་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ནས་བསྒོམས་པས་མོས་གུས་མོད་ལ་སྐྱེ་བར་གསུངས། མོས་གུས་རབ་ལ་དགེ་སྦྱོར་རབ། འབྲིང་ལ་འབྲིང་། ཐ་མ་ལ་དགེ་སྦྱོར་ཡང་ཐ་མར་བསྒྱུར། ནཱ་ཱརཱོ་མཻ་ཏྲི་མི་ལ་བྱ་ཡུལ་བ་སོགས་ཀྱིས་བླ་མའི་དོན་ཏུ་དཀའ་བ་ཆེན་པོ་སྤྱད་པས་དེ་ཁོ་ནས་དངོས་གྲུབ་ཐོབ་པ་དེ་འདྲ་ནི་རང་རེས་མི་ནུས། བཅོས་མའི་གྱི་མོས་གུས་ཀྱང་སྐྱེ་དཀའ་བས་གསོལ་འདེབས་ཀྱིས་སྣ་ཁྲིད་ནས་རིམ་གྱིས་སློབ་བཅུག་པ་ཡིན། མོས་གུས་ལམ་དུ་འགྲོ་བའི་ཡན་ལག་བཞི་ཡོད་དེ། བླ་མ་ལ་སྐྱོན་གྱི་རྣམ་པར་མཐོང་ན། སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་ཁྱིམ་བཙུན་བུ་སྨད་ཅན་དུ་གཟིགས་པའི་ཚེ་མ་དད་པའི་རྣམ་རྟོག་སྐྱེས་པས་མཆོག་གི་དངོས་གྲུབ་ལ་བར་དུ་གཅོད་པ་


KMC003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། བདག་རང་གི་སེམས་རྒྱུད་མ་དག་པས་ལན། སངས་རྒྱས་ལ་སྐྱོོན་ཞིག་གར་ཡོད་གང་མཛད་མཛད་དུ་ཆུག །མི་ཚངས་པར་སྤྱོད་པ་དང་རྫུན་མཛད་པ་སོགས་མཐོང་ན་ཡང་། འདི་ཀ་གདུལ་བྱ་འདུལ་ཐབས་བླ་ན་མེད་པ་ཞིག་ཡིན་ཡོང་། འདི་ལ་བརྟེན་ནས་སེམས་ཅན་མང་པོ་ཞིག་སྨིན་གྲོལ་ལ་འགོད་པ་ཐེ་ཚོམ་མེད་པས་གཞན་དག་ཁྲིམས་གཙང་མ་སྲུང་བ་ལས་ཀྱང་འདི་བརྒྱ་འགྱུར་སྟོང་འགྱུར་གྱི་ངོ་མཚར་ཆེ། གཡོ་སྒྱུ་ཚུལ་འཆོས་མ་མཛད་པ་འདི་ཁོ་ནས་དམ་པའི་ཀུན་སྤྱོད་ལ་འཁྲུལ་པ་མེད་སྙམ་དུ་བསྒོམ། ཁྱད་པར་དུ་རང་ལ་བཀའ་བཀྱོན་བྱུང་ན་ལས་ངན་ཟད། ཕྱག་འཇུག་གནང་ན་གདོན་བགེགས་འབྲོས། ལྷག་པར་བདག་ལ་ཐུགས་བརྩེ་བས་འཇིག་རྟེན་ན་ཕས་བུ་ུལ་བྱ་བ་བཞིན་ཟོལ་འགྲོགས་མི་མཛད་པ་བཀའ་དྲིན་ཆེ་སྙམ་དུ་བསམ། མི་དགྱེས་པའི་རྣམ་འགྱུར་དང་ཐུགས་མི་གཏད་པ་ལྟར་སྣང་ན་རང་གི་ལས་སྒྲིབ་མ་དག་པས་ལན་སྙམ་དུ་སྒྲིབ་སྦྱོང་དང་། བླ་མའི་སྐུ་གསུང་ཐུགས་ཀྱི་ཞབས་ཏོག་སོགས་དགྱེས་པའི་ཐབས་ལ་


KMC003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འབད་དེ་མདོར་ན་བླ་མའི་སྐྱོན་མི་རྟོག་པ་དང་གཅིག །བཀའ་བརྒྱུད་གོང་མའི་ཞལ་ནས། མཚན་ལྡན་བླ་མ་རིན་ཆེན་འདིས། །གང་མཛད་ཐམས་ཅད་ལེགས་པ་ཡིན། །ཅི་མཛད་ཐམས་ཅད་ཡོན་ཏན་ཡིན། །མི་བསོད་བཤན་པ་མཛད་ན་ཡང་། །དེ་ཁས་འཚེངས་ཤིང་དེ་ཁ་ལེགས། །སེམས་ཅན་ཐུགས་རྗེས་འཛིན་པར་དེས། །ལོག་གཡེམ་འཆལ་བའི་ཚུལ་སྟོན་ཡང་། །ཡོན་ཏན་འཕེལ་ཞིང་ཡོན་ཏན་འབྱུང་། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡའ། །རྫུན་གྱིས་གཞན་མགོ་བསྐོར་བ་ན། །བརྡའ་ཐབས་རྣམ་པ་སྣ་ཚོགས་ཀྱིས། །འགྲོ་ཀུན་ཐར་པའི་ལམ་ལ་འདྲེན། །རྐུ་འཕྲོག་ཆོམ་པོ་མཛད་ན་ཡང་། །གཞན་གྱི་ཡོ་བྱད་ཚོགས་སུ་བསྒྱུར། །སྐྱེ་བའི་ཕོངས་པ་ཞི་བ་ཡིན། །དོན་ལ་འདི་འདྲའི་བླ་མ་ཡིས། །བཀའ་བཀྱོན་མཛད་ན་དྲག་སྔགས་ཡིན། །རྐྱེན་ངན་བར་ཆད་སེལ་བར་ངེས། །བརྡུངས་བརྟག་མཛད་ན་བྱིན་རླབས་ཡིན། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་། །མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་གསུངས་པ་


KMC003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཅི་མཛད་ཡོན་ཏན་ཏུ་ཤེས་པ་དང་གཉིས། བླ་མ་ལ་མོས་གུས་བསྒོམ་པ་དེས་ཚེ་འདིར་ཐུགས་དགྱེས་མ་དགྱེས་ལ་མི་ལྟོས་པ་ལྟ་ཞོག །མཆོག་གི་དངོས་གྲུབ་ཨེ་ཐོབ་ཀྱི་རེ་བའང་མེད་པར་ཐུགས་རྗེས་འཛིན་རུང་མ་འཛིན་རུང་། དངོས་གྲུབ་ཐོབ་རུང་མ་ཐོབ་རུང་། རང་ལ་བྱ་རྒྱུ་མོས་གུས་ལས་མེད་པ་རེ་དོགས་འགོག་པའི་ཐག་ཆོད་དང་གསུམ། འཇིག་རྟེན་ནའང་མི་ཡ་རབས་ཞིག་གིས་རང་གིས་དཔོན་ལ་ངོས་ལྐོག་བར་གསུམ་དུ་ཞེས་ཇི་ཙམ་ཞིག་བྱེད་ནུས་པར་འདུག །དེ་ནི་ཚེ་འདི་པ་ལོ་ཤས་ཟླ་ཤས་ཀྱི་དོན་ཡིན། རང་རེའི་བླ་མ་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རེ་ས་ལྟོས་ས་ཚེ་འདི་ཕྱི་བར་གསུམ་དུ་བདེ་ལེགས་ཀྱི་ཡོན་ཏན་ཆེ་ཆུང་ཅི་འདྲ་ཞིག་བྱུང་ཡང་བླ་མའི་སྐུ་དྲིན་ཁོ་ན་ཡིན། རང་ལ་ཆོས་ཀྱི་ཡོན་ཏན་ཅི་འོང་བླ་མ་ཁོ་ན་ལ་རགས་ལས་པ་ཡིན་པས་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་ཐམས་ཅད་བླ་མའི་ཞབས་ཏོག་ཏུ་དམིགས། བླ་མ་ལ་སྐུ་ཚེ་མཛད་ཕྲིན་རྒྱས་པ་སྨོན་པ་ཚུན་ཆད་ཀྱིས་མཉེན་གཤིན་པའི་བསམ་པ་མི་


KMC003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བ་དང་བཞི་སྟེ་བསམ་པ་དེ་བཞིན་གྱིས་བླ་མ་བསྟེན་ན་རང་རྒྱུད་སྨིན་གྲོལ་ཞིག་མི་འོང་ཀ་མེད་དུ་འདུག་སྦྱོར་པ་ལའང་བཀའ་ཅི་གསུང་སྒྲུབ་པ་དང་། ཐུགས་དགོངས་ལ་གང་ཡོད་བྱེད་པ་གཉིས་ལ་ཐམས་ཅད་འདུ་སྟེ། ལུས་ཀྱིས་ཕྱག་བསྐོར། བྲི་དྲུབ་རྐང་མགྱོགས་ཐ་ན་ཆུ་ལེན་ཐལ་ཕྱགས་ཚུན་ཆད་བྱ། རང་གིས་གསོལ་འདེབས་བསྟོད་བཀུར། གཞན་ལ་བླ་མའི་ཡོན་ཏན་བསྒྲག །ཐུགས་སུ་འཐད་པའི་ཞུ་ལེན་དང་། ཚིག་འཇམ་ཞིང་ཞེ་སར་བཅས་པས་དོན་གབ་སྦས་མེད་པར་བྱ། དངོས་ལྐོག་གང་དུའང་བསྐུར་འདེབས་ཀྱི་ཚིག་ཕྱེད་དུ་ལོངས་པའང་མི་སྨྲ། ཡིད་ཀྱིས་མོས་གུས་དག་སྣང་མ་གཏོགས་ལོག་ལྟ་སྐད་ཅིག་ཀྱང་མ་ཤོར་བར་བྱ། གལ་ཏེ་ལས་ངན་བསླངས་པ་སོགས་ཀྱིས་ཡིད་ལ་མི་འཐད་པར་བྱུང་ནའང་དེ་མ་ཐག་ཏུ་དྲན་པས་ཟིན་པར་བྱ་སྟེ་ལུས་ངག་གི་རྣམ་འགྱུར་དུ་ཡེ་མ་ཐོན་པར་བྱ། སྔོན་ལས་ངན་པས་ཐུགས་འགལ་གྱི་རིགས་ཤོར་ན་ལུས་ལོངས་སྤྱོད་དང་བཅས་པས་བཤགས་པ་ཚབས་སུ་འགྲོ་བ་བྱ།


KMC003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བརྒྱ། བསྐང་བཤགས་སོགས་བཤགས་སྡོམ་ལ་འབུང་། བླ་མ་དང་ཐུགས་འགལ་ཡོད་པའི་རིགས་དང་བློ་མཐུན་པ། ཟས་གཅིག་ཏུ་ཟ་བ། ཐ་ན་གཏམ་ལབ་ཀྱང་མཉེས་གཤིན་པའི་བསམ་པས་བྱ་མི་རུང་། རང་གི་བླ་མ་ལ་སྙིང་ཐག་པ་ནས་སྨོད་མཁན་དེ་དང་། རང་ཡང་སྙིང་ཉེ་བར་བྱས་ན་སློབ་དཔོན་ལ་རང་གི་དངོས་སུ་མ་སྨད་ཀྱང་སློབ་དཔོན་སྨད་པ་དང་ཁྱད་མེད་པར་བཤད། ཡོ་བྱད་ཀྱི་སྒོ་ནས་རང་ལ་གང་གཅེས་པའི་དངོས་པོ་རྣམས་དང་། བླ་མ་ཉིད་ཐུགས་དགྱེས་པའི་རིགས་གང་དང་ཅི་ཡོད་ཕོངས་པ་མེད་པར་འབུལ། དངོས་པོ་ནོམ་ཆེན་དང་སྤུས་དག །རྟ་ཕྱུགས་གཞོན་པ་སོགས་དོན་ལོ་བའི་ཡོ་བྱད་རྣམས་རང་གིས་འཚག །རང་ལ་གང་མ་ཉན་ཚད་དེ་བླ་མ་ལ་འབུལ། མིང་ཆེན་པོ་བཏགས། དབང་ཆོས་རྩ་བ་གང་ཆེ་དེ་ཞུ། ཅུང་ཟད་མ་བྱུང་བ་ན་མི་དགའ་ལྟ། དྲིན་བརྩི་ཚུར་ལ་བྱེད། ཆོས་གདམས་ངག་གནང་ཐུབ་པ་ལ་དྲིན་བརྩི་མེད་པར་ཞུ་རོག་ཉན་རོག་བྱས་པ་ལ་ཁ་དྲིན་བརྩི་རྒྱུ་ཡོད་པ་སྐད། འབུལ་བ་ཞབས་


KMC003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་བྱས་པ་ད་རང་གི་དོན་ཡིན་པར་མ་ཤེས་པར་བླ་མ་ལ་ཡུས་ཆེ་དང་ངོ་སོ་འཕྱར་བ་དེ་འདྲ་ནི་ཐོག་མ་ནས་སོ་སོར་སྡོད་ཐུབ་ན་དགའ་བར་གདའ་བས་དེས་ན་མོས་གུས་ཕྱིན་ཅི་མ་ལོག་པར་སྐྱེས་པས་རྒྱུད་ལ་བྱིན་རླབས་ཞུགས་པའི་རྟགས་དངོས་ཉམས་རྨི་ལམ་གཞུང་དུ་གསལ་བ་ལྟར་དང་། ཁྱད་པར་ཆོས་བརྒྱད་ཀྱི་སྣང་བ་བུན་ལོང་དུ་འགྲོ །ཚེ་བློས་ཐེངས། ཤེས་པ་གསལ་སྟོང་རྗེན་པར་བུད་ནས་རྟོགས་པ་ཐལ་ཐོལ་སྐྱེས་ན་མཆོག་གི་རྟགས་ཡང་དག་པ་ཡིན་འདུག །དངོས་གཞི་སྒོམ་སྐྱེ་མི་སྐྱེ་འདི་ལ་རགས་ལས་པས། ཞི་ལྷག་ལ་ཧབ་རྒྱུག་གི་མཐོ་བརྙབ་མི་བྱ་བར་རང་རྒྱུད་ལ་ཡོན་ཏན་གྱི་གཞི་སྣ་རེ་ཐེངས་བར་གཅེས་སོ། ༈ །ཁྲིད་ཀྱི་དངོས་གཞི་ནི་བཀའ་བརྒྱུད་གོང་མ་ཉམས་རྟོགས་ཀྱི་དབང་ཕྱུག་རྣམས་ཀྱི་གསུང་གི་གསང་བ་སྤྱི་དང་། ཕྱག་ཆེན་ངེས་དོན་རྒྱ་མཚོ་ཉིད་ངེས་དོན་ཟབ་མོའི་མཛོད་དུ་གྱུར་བས་དེ་དག་ལ་གུས་པས་མཇལ། ཁྱད་པར་མཚན་ལྡན་གྱི་བླ་མ་མཉེས་པ་ལྔའི་སྒོ་ནས་བསྟེན་ཏེ་ཞལ་གྱི་བདུད་


KMC003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ནོད། བླ་མའི་གསུང་དེ་སེམས་ཐོག་ཏུ་ལྷན་ལྷན་འོང་། དཔེ་ལ་བལྟས་པ་དེ་གོ་བ་སྐམ་པོ་ཡིན། ཉམས་རེ་སྐྱེས་ཀྱང་གྲུལ་མི་ཐུབ་ཞག་ཤས་རེས་ཡལ་འགྲོ །དེ་གཉིས་ཡེ་མི་འདྲ། འོན་ཀྱང་བླ་མ་མཚན་ལྡན་མ་རྙེད། རྙེད་ཀྱང་བསྟེན་གྲ་མ་འགྲིགས་ན་གདམས་ངག་གི་རིགས་མི་གཅིག་པ་མང་པོ་འཚག་ན་གཅིག་ལ་མི་གསལ་བ་གཅིག་ལ་ཡོད་པས་དགོས་དུས་ཕན་པར་འོང་། ལྷག་པར་ཕྱོགས་མེད་རིས་མེད་ཀྱི་ཆོས་ཟབ་རྣམས་ལ་གུས་པས་མཇལ་ན་ལས་འཕྲོ་གང་ལ་ཡོད་མི་ཤེས་པས། ཚིག་གཅིག་གིས་དོན་དུ་མའི་འགག་ཁྲོལ་བ་འོང་། དེ་ཙ་ན་བཀའ་བསྟན་བཅོས་དབྱིངས་ཆེན་མཇལ་ཡང་གོ་དོན་སེམས་དང་འཕྲོད་པའི་བོག་ཆེན་འོང་། སྒོམ་ཆེན་ཏུ་རློམས་པ་ཁ་གཅིག་བླ་མ་ཡང་མི་བསྟེན། བསྟེན་ཡང་ཉམས་ལེན་ཞུན་ཐར་མི་བྱེད། གདམས་ངག་གི་དཔེ་མི་མཇལ། མཇལ་ཡང་དོན་མི་གོ་བ་དེ་རིགས་ལས་མ་དག་པ་ཡིན། བླུན་པོས་ཕྱག་རྒྱ་ཆེ་བསྒོམ་པ། །ཕར་ཆེར་དུད་འགྲོའི་རྒྱུ་རུ་འགྱུར། །ཞེས་པའི་ཟུར་ཟ་ཡང་འདི་


KMC003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ལ་དགོངས་པར་སྣང་། ཡང་བླ་མ་བསྟེན། ཡོན་ཏན་བསླབ་མཚམས་སྒྲུབ་བྱས། དཔེ་ཟབ་དགུ་མཇལ་ཡང་རང་རྒྱུད་ལ་སྣེ་གཅིག་ཀྱང་མ་ཕན་པར་གཤིས་ཀ་ཇེ་གྱོང་། ང་རྒྱལ་ཇེ་ཆེར་སོང་ནས་དག་སྣང་གི་མིག་འགྲིབ། གཞན་སྐྱོན་རྟོག་པ་ཁོ་ནས་དུས་འདའ་བ་ཞིག་འོང་བ་དེ་བདུད་ཀྱིས་བྱིན་གྱིས་རླབས་པར་སྣང་། རང་ལ་ཉམས་རྟོགས་སྣེ་གཅིག་མེད་པར་གོང་མའི་གསུང་བསྐྱར་ཟློས་བྱེད་པ་ལ་དགོས་པ་མི་འདུག་ཀྱང་མགོ་རྐང་ཚང་བའི་ཕྱིར་ནི་ལྷག་གི་འཇོག་ཚུལ་ས་བཅད་མ་སྟོངས་ཙམ་འདིར་ཡང་འབྲི་ན། སྤྱིར་ལྟ་ཐོག་ནས་སྒོམ་པ་འཚོལ་བ་ཞེས་སྔོན་ལ་ཐོས་བསམ་ཀྱིས་ལྟ་བ་གཏན་ལ་ཕ བ། ལྟ་བ་ལ་ངེས་པ་རྙེད་ཚེ་དེའི་ངང་དུ་མཉམ་པར་འཇོག་པ་ཞིག་ཡོད་ཀྱང་ལས་དང་པོ་ལ་ཁ་ཐག་རིང་བའི་སྒོམ་ཅུང་མི་ཟབ་པ་ཡིན། རང་རེས་དྭགས་པོ་བཀའ་བརྒྱུད་པའི་ལུགས་ལ་སྒོམ་ཐོག་ནས་ལྟ་བ་འཚོལ་བ་ཞེས་ཐོས་བསམ་གྱི་དཔྱད་པ་མང་པོ་མི་བྱེད་པ་སེམས་ཐོག་ཏུ་གདར་ཤ་བཅད་པས་ལྟ་བ་རང་ཤུགས་ཀྱིས་


KMC003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་འགྱུར་བས་དབང་པོ་མཆོག་དམན་ཐམས་ཅད་ཀྱི་ལག་ཏུ་ལོན་ངེས་ཟབ་པའི་སྒོམ་ཡིན། དེ་ཡང་རྗེ་བཙུན་མི་ལའི་ལུགས་སུ་གཏུམ་མོ་དང་སྒྱུ་ལུས་ལ་བརྟན་པ་ཐོབ་ཙ་ན་ཕྱག་ཆེན་གྱི་ངོ་བོ་རང་ཤུགས་སུ་རྟོགས་པས་ཐབས་ལམ་སྔོན་ཏུ་ཁྲིད་པར་མཛད། མཉམ་མེད་དྭགས་པོས་སློབ་མ་ཐུན་མོང་བ་རྣམས་ལ་བཀའ་གདམས་ལམ་རིམ་གྱིས་བློ་སྦྱོང་དང་། ཐུན་མིན་རྣམས་ལ་ཐབས་ལམ་བསྡུས་པ་རེ་བསྟན་ནས་ཕྱག་རྒྱ་ཆེན་པོ་ཐོག་བབས་སུ་ངོ་སྤྲད་པར་མཛད། འགྲོ་མགོན་ཕག་གྲུས་ལྔ་ལྡན་ལ་རྩལ་འདོན་མཛད་པས་ཡ་བཞི་ཟུང་བརྒྱད་ཀྱི་བཀའ་སྲོལ་རྣམས་ལྔ་ལྡན་ཁོ་ན་ཉམས་སུ་བཞེས། ཆོས་རྗེ་རྒྱ་རས་དང་ལོ་རྒོད་རྣམ་གཉིས་སོགས་ཀྱིས་རོ་སྙོམས་རྩལ་འདོན་མཛད། གང་ལྟར་བབ་དོན་གནས་ལུགས་ཕྱག་ཆེན་རྟོགས་པ་ལ་ཁྱད་མེད། སེམས་ཅན་དབང་པོའི་རིམ་པ་ཐ་ད ད་པ་ལ་ལྷ་གཅིག་དང་ཆོས་གཅིག་གིས་མི་ཐུལ། ལས་ཀྱི་འཇུག་པ་ཐ་དད་པ་ལ་ཐུབ་པའི་བསྟན་པ་ཐ་དད་དུ་སྣང་། དེའི་དབང་གིས་གྲུབ་མཐའི་འཛིན་


KMC003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཐ་དད་པས་མཛད་སྤྱོད་སྐྱོང་ལུགས་མི་འདྲ་བ་བྱུང་བ་ལ། གཅིག་གིས་གཅིག་ཆོས་མིན་ཏུ་མཐོང་ནས་ཕར་གཤེ་ཚུར་གཤེ་བྱེད་པ་རྣམས་དོན་མེད་དུ་ཆོས་སྤང་བའི་ལས་བསགས་པ་ཡིན། སོ་སོའི་ས་ན་རང་རང་ལ་བདེན་པ་ཡོད་པས་གང་ལའང་གཤེ་མི་རུང་། འོན་ཀྱང་མཐར་ཐུག་སྐྱེལ་སོ་ནི་ཕྱག་རྒྱ་ཆེན་པོ་འདི་ཁོ་ན་ཡིན། དེ་ཡང་ལྔ་ལྡན་ལྟར་ཉམས་སུ་ལེན་ན། སྔོན་ལ་སྐྱབས་འགྲོ་སེམས་བསྐྱེད་དཀྱུས་ལྟར་དུ་རྒྱུད་ལ་འགྲོ་ངེེས་བྱ་བ་དང་གཅིག །རྡོ་རྗེ་ཐེག་པའི་བསྟན་པ་ཞེས་བྱ་བ་ནི་བསྐྱེད་རྫོགས་གཉིས་ཡིན་པས་རང་ལུས་རྡོ་རྗེ་ཕག་མོ་ལྟ་བུའི་ཡི་དམ་གང་རུང་བསྐྱེད་རིམ་མཚན་ཉིད་བཞི་ལྡན་དུ་བསྒོམ་པ་དང་གཉིས། རྩ་བའི་བླ་མ་སྤྱི་བོའམ་སྙིང་གར་གསལ་གདབ་ནས་མོས་གུས་དྲག་པོ་བྱ་བ་དང་གསུམ། དངོས་གཞི་ཞི་ལྷག་ཟུང་འཇུག་བསྒོམ་པ་དང་བཞི། རྗེས་འཁོར་གསུམ་མི་རྟོག་པའི་བསྔོ་སྨོན་གྱིས་རྒྱས་གདབ་པ་དང་ལྔ་སྟེ་མདོ་སྔགས་ཀྱི་བསྟན་རིམ་མཐའ་དག་ལྔ་ལྡན་ཏུ་མ་འདུས་པ་གཅིག་ཀྱང་


KMC003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་ཉམས་ལེན་གྱི་ཆོས་ལ་འདི་ཁོ་ནས་ཆོག་སྤྲས་སྤྲོས་མང་པོ་མི་དགོས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཤེས་ཀྱང་ཉམས་སུ་མ་ལོན་ན་འཆི་ཚེ་ཐ་མལ་དུ་འགྲོ་བ་ཡིན་འདུག །སྤྱིར་བསགས་སྦྱང་གི་སྐབས་སུ་སྣ་མ་འགག་པར་ཆོས་མཐོང་ཚད་ཐོས་ཚད་ལག་ལེན་དུ་འདེབས་པ་ལྟོགས་རྔམ་ཅན་གྱིས་ཟས་མཐོང་བ་ལྟ་བུ་ཞིག་དགོས། ཉམས་ལེན་གཏན་ལ་ཕབ་པའི་སྐབས་བྱེད་རྒྱུ་དྲན་རྒྱུ་མི་མང་བར་མྱོང་བ་གཅིག་མ་སྐྱེས་བར་དུ་ཉམས་ལེན་སྣེ་གཅིག་ལ་སྲན་བཙུག་ནས་སྡུག་བསྒུར་ནུས་དགོས་པ་ཡིན་འདུག །དེ་ཡང་ཏིང་ངེ་འཛིན་སྐྱེ་བའི་ཐབས་སུ་ཐོག་མར་ཞི་གནས་བསྒོམ་དགོས། ཆུ་རྙོག་མ་ཅན་ལ་ཟླ་བའི་གཟུགས་བརྙན་མི་གསལ་བ་ལྟར། སེམས་རྣམ་པར་རྟོག་པ་དང་སྐད་ཅིག་ཀྱང་མ་བྲལ་པས་ལྷག་མཐོང་གི་ཡེ་ཤེས་ངེས་མི་ཟིན། རབ་རིབ་ཙམ་ཟིན་ཀྱང་བརྟན་པ་ཐོབ་པ་མི་འོང་། ལས་དང་པོ་པ་གཡེང་བ་དང་འདྲེས་ན་སྒོམ་མི་སྐྱེ་བས་ལུས་སེམས་དབེན་དགོས། དེ་ཡང་ཚེ་བློས་བཏང་གཤའ་མ་ཞིག་སྐྱེ་མ་ཐུབ་


KMC003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་གནས་སྐབས་དེར་འཇིག་རྟེན་གྱི་བྱ་བཞག་ཅིའང་ཡིད་ལ་མི་བཀོད། རང་གི་ལྟོ་གོས་ཀྱང་ཅི་རེད་རེད་དུ་ཆུག་བསམ་པ་མ་གཏོགས་ཨེ་ཁྱོལ་མི་ཁྱོལ་མི་བསམ། ཉལ་མལ་སོགས་ཉེར་སྤྱོད་རྣམས་ཀྱང་ཅི་ལོ་གང་ཉན་མ་གཏོགས་འདི་ཡིས་མི་ཉན་འདི་འདྲ་དགོས། འདིས་མི་ཆོག་འདི་སྒྲུབ་སྙམ་པ་སོགས་སེམས་ལ་མི་དྲན། དཔེ་བལྟས་དང་ཡིག་འདྲི་སོགས་ཀྱང་མི་བྱ་ཀ་མེད་བྱུང་ན་ཉུང་ཙམ་རེ་མ་གཏོགས་མི་བྱ། རྣམ་རྟོག་གཅིག་གི་རྗེས་སུ་འབྲང་ན་ངན་ལང་ཤོར་ནས་རིམ་པར་རང་དབང་མི་ཐོབ་པ་འབྱུང་། དོན་མེད་ཀྱི་སྐད་ཆ་འདྲི་བཤད་གླེང་བསླང་མང་པོའང་གཏན་ནས་མི་བྱ། རང་ཕྱོགས་མ་ཉན་དོགས་པའི་སེམས་ཁྲལ། ཕུ་འགྲོ་མདའ་སྡོད་ཀྱི་བྱ་བཞག་སོགས་རྩི་འགྲང་མི་བྱ། མདོར་ན་གནས་དབེན་པ་ཤིག་ཏུ་ཚེ་འདིའི་བྱ་བཞག་ཐམས་ཅད་ལིངས་ཀྱིས་བོར་ནས། སྡོད་ཚུགས་པའི་རྟེན་འབྲེལ་དུ་མལ་སའི་འོག་ཏུ་ས་དཀར་གྱི་གཡུང་དྲུང་རིས་བྲི། མལ་བཅས་ཟིན་ནས་སྤོ་ལེན་མི་བྱ། དཀོན་མཆོག་གི་


KMC003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་མཎྜལ་སོགས་མཆོད་པ་གཙང་དག་མ་གཡེང་ཙམ་བཤམ། མྱོང་བ་སྣེ་གཅིག་མ་སྐྱེས་པར་དུ་ཤི་ནའང་ཡིད་གཞན་ཏུ་མི་གཡོ་བའི་དམ་བཅའ་དྲག་པོ་ཡང་ཡང་བྱས་ནས་ལྔ་ལྡན་ལ་གཞུང་བསྲང་། ཞི་གནས་ལ་ལུས་གནས་དང་ལྟ་སྟངས་གལ་ཆེ་བས་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་ལྟེ་འོག་སོར་བཞིར་མཉམ་བཞག་བཅིང་། སྒལ་ཚིགས་མདའ་ལྟར་བསྲང་། དཔུང་པ་རྒྱངས། མགྲིན་པ་ཨོལ་མདུད་ནོན་པར་བཀུག །མཆུ་འབྱེད་འཛུམ་མེད་པར་ལྕེ་ཡ་རྐན་ལ་སྦྱར་ནས་རང་བབ་བཞག །མིག་སྣ་རྩེའི་ཐད་སོར་བརྒྱད་ཀྱི་ནམ་མཁར་ཟིམ་མེར་བལྟ། སེམས་གནད་འདས་པའི་རྗེས་མི་བཅད་པ་སྟེ་སྔར་བྱུང་ཟིན་པ་ཅི་ལའང་བསམ་མནོ་མ་བཏང་། མ་འོངས་པའི་མདུན་མི་བསུ་ུབ་སྟེ་ཕྱི་ནས་འབྱུང་རྒྱུའི་ལེགས་ཉེས་བརྩི་བགྲང་ཅིའང་མི་བྱ། ད་ལྟར་གྱི་ཤེས་པ་བཟོ་མ་བཅོས་པ་རང་བབས་སུ་བཞག་པ་སྟེ་བསྒོམ་ཨེ་འོང་གི་རེ་བ་དང་། མི་འོང་དོགས་པ་འདི་ཡིན་ནམ་མིན་ནམ་བསམ་པའི་རེ་དོགས་ཅིའང་མི་བྱ་བར་ད་ལྟར་གྱི་ཤེས་


KMC003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཧད་དེ་བ་དེ་ལ་ངོས་བཟུང་བཅས་བཅོས་དགག་སྒྲུབ་མེད་པར་རང་བཞིན་ངང་དུ་བསྒྱུར་བ་སྟེ། དེའང་མ་ཡེངས་མི་བསྒོམ། བཟོ་མེད་ཅེས་པ་གསུམ་ལ་བཞག་ཐབས་ཀྱི་གནད་ཐམས་ཅད་ཚང་ཞིང་རྣམ་པར་ཐར་པའི་སྒོ་གསུམ་ཡང་དེ་ཀ་ཡིན་པར་གདའ། ལས་དང་པོ་པས་ཡུན་ཐུང་ལ་གྲངས་མང་བར་བསྒོམ། མཉམ་བཞག་གི་ཚེ་རིག་པ་འཇུར་ལ་བཏབ་ནས་གཞན་ཏུ་མ་ཡེངས་པར་བཞག །རྣམ་རྟོག་ཞིག་ཐོལ་གྱིས་སྐྱེས་ན་དེའི་རང་ངོ་ཧྲིག་གེར་ལྟ་བ་ལས། རྣམ་རྟོག་དེ་བཀག་ཀྱང་མི་དགོས། དེའི་རྗེས་སུ་འང་མི་འབྲང་། རྗེས་ཐོབ་ཐུན་མཚམས་སུ་ཡང་རང་ངོ་ཤེས་ཙམ་གྱི་དྲན་རྫི་བསྟེན་ནས་མ་ཡེངས་པར་བསྐྱང་། ལོང་གཏམ་དང་གཡོ་བསྐོལ་དཔེ་བལྟས་སོགས་ཀྱི་ཚེ་ནའང་དྲན་རྫི་བསྟེན་ཏེ་མདོར་ན་མ་ཡེངས་པར་བྱ། མཉམ་རྗེས་གང་གི་སྐབས་སུའང་ཕྱིའི་སྣང་གྲགས། ནང་ལུས་སེམས་གང་ལའང་ཡེངས་སུ་མི་འཇུག །ཧ་ཅང་བསྒྲིམས་དྲག་ནའང་དེ་གས་འཕྲོ་རྐྱེན་བྱེད་པས་རང་བབས་ལ་ངོ་ཤེས་ཡོད་ཙམ་མ་


KMC003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་རང་གིས་རང་མི་བཅིངས་པར་བཞག་པས། རྣམ་རྟོག་འཕྲོ་འདུ་སྔར་ལས་མང་བས་ཁམས་འཁྲུགས་ཏེ་སེམས་ལ་བལྟ་སྙིང་མི་འདོད་པ་དང་། ཡང་འཕྲོ་རྒོད་མེད་པར་ཆི་ལེར་གནས་པས་སེམས་རྩ་དགའ་བ་དང་། རེས་དེ་ལྟར་གནས་དུས་གཉིད་བྲོ་བའམ། སྐབས་རེར་དབུགས་འཚང་བ་དང་། རྨི་ལམ་ཡང་ལན་གྲངས་མང་པོ་རང་བཞིན་ཟིན། ཡང་གནས་པའི་འཕྲོ་ལ་རྣམ་རྟོག་ཅིག་ཤར། ཤར་མ་ཐག་ཏུ་ལྷན་གྱིས་གནས་པ་དང་། རྣམ་རྟོག་ཤར་བ་དེ་ཚུར་བཀུག་ནས་བཞག་རྒྱུ་ཡོད་པ་འདྲ་བ་སོགས་ཉམས་གྱི་བྱེ་བྲག་སྣ་ཚོགས་པ་འབྱུང་བ་ནི་སྒོམ་ཤེས་པའི་སྔ་ལྟས་ཡིན་འདུག་པས་མ་བསྐྱུར་བར་སྐྱོང་ན་གཞུང་ནས་གསུངས་པའི་གནས་པ་རབ་འབྲིང་ཐ་མ་གང་རུང་ཞིག་སྐྱེ། ཡང་ཞིག་ནས་རྟེན་ཅན་ལ་བསླབ་ན། བསླབ་ཚུལ་ཤིན་ཏུ་མང་ཡང་། མདུན་དུ་ཤཱཀྱ་ཐུབ་པ་བསྒོམ་ནས་སེམས་གཏད་པ་དང་། དབུགས་འབྱུང་རྔུབ་བརྩི་བགྲང་བྱེད་པ་དེ་ལྷག་པར་ཕན་ཡོན་ཀྱང་ཆེ། ཞི་གནས་མཐར་ཐུག་པ་སྐྱེས་ན་ཟག་བཅས་ཀྱི་


KMC003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་རྫུ་འཕྲུལ་ཐམས་ཅད་འབྱུང་བར་གསུངས་ཀྱང་རྩ་རིགས་བཟང་ངན་དང་དབང་པོའི་ཁྱད་པར་ཡང་ཡོད། དེང་སང་དེ་ཙམ་བསྒོམ་ནུས་མཁན་མེད། ནུས་ཀྱང་ཐུན་མོང་གི་དངོས་གྲུབ་འགྲུབ་དཀའ་བའི་དུས་ཡིན། འགྲུབ་ཏུ་རུང་ཡང་ཞར་ལ་བྱུང་ན་མ་གཏོགས་འདོད་པ་མི་རུང་། མངོན་ཤེས་སོགས་ཐལ་ཐོལ་བྱུང་ན་ལྟོས་མེད་དུ་བསྐྱུར་བ་མ་གཏོགས་ཆེད་གཉེར་བྱས་ན་བདུད་ཀྱི་བར་གཅོད་འབྱུང་བའི་རྒྱུ་ཡིན། དེ་བཞིན་དུ་སྙན་གྲགས་དང་ནུས་པ། ཟང་ཟིང་གི་བསོད་ནམས་སོགས་ཀྱང་ཕལ་ཆེར་ལ་འདི་ཙམ་ནས་སྐྱེ་བར་གསུངས་ཏེ། དེས་ཀྱང་དགེ་སྦྱོར་འགྲིབ་ན་བདུད་ཀྱི་བྱིན་རླབས་ཡིན་པར་གདའོ། །འདི་སྐབས་སེམས་ཀྱི་ལེར་གནས་པ་དང་། རྣམ་རྟོག་འཕྲོ་རྒོད་ཀྱི་འགྱུ་བ་དེ་གཉིས་ཐ་དད་དུ་བཟུང་སྟེ་གནས་འདུག །འགྱུ་འདུག་བསམ་ནས་ངོ་བལྟ་བྱེད་པ་མ་གཏོགས་རང་ངོ་ལྟ་བ་ངོ་མ་ནི་མི་ཤེས་པའི་གནས་འགྱུ་ཤེས་ཟེར་བ་ཡིན། དེ་ནས་རྣམ་རྟོག་དང་རིག་པ་གཉིས་ཡ་བྲལ་ཐ་དད་དུ་མི་འཛིན་པར་ཆུ་


KMC003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཆུ་དང་རོ་གཅིག་པ་བཞིན་རང་རིག་རང་གསལ་གྱི་ངང་དུ་བཞག །དེ་ཡང་མི་ཤེས་ན་གནས་འདུག །འགྱུ་འདུག་བསམ་མཁན་ཁོ་རང་གི་ངོ་བོ་ལ་ཧྲིག་གེར་བཞག་པ་མ་གཏོགས་དྲན་པའི་རྗེས་ཉུལ་བརྟག་དཔྱད་ཅིའང་མི་བྱ་བར་གནས་པའི་ཐོག་ཏུ་ལྷན་ནེར་བཞག་པས། ཡེངས་མེད་འཁོར་ཡུག་ལྷ་བུའི་བློ་ཁ་ཚིམས་པ། གསལ་སྟོང་ཧྲིག་གེ་བ། རྣམ་རྟོག་གང་ཤར་རྡོ་ཚན་ལ་ཁ་བ་བབ་པ་ལྟར་ཤར་ཤར་དུ་ཟིན་པ། མི་འདི་རྣམས་ཀྱང་འདི་ལྟ་བུ་ུམི་བསྒོམ་པ་ཅི་ཡིན་ན་སྙམ་པའི་རང་ལ་ཡིད་ཆེས་དང་གཞན་ལ་ཡི་མུག་ལྡང་བ། རི་ལ་གཅིག་པུར་བསྡད་ཀྱང་གཅིག་རྐྱང་ཟིན་སྙམ་པ། ཆོས་བརྒྱད་ལ་ལྟོས་པ་མེད་མེད་འདྲ་བ། སྐབས་རེར་ཚབ་ཚུབ་བན་བུན་མང་པོ་ལངས་ནས་བལྟ་རྒྱུ་བཞག་རྒྱུ་མི་རྙེད་པ། སྐབས་རེར་འདི་ཡིན་མེད་པའི་མོག་གེ་བ་སོགས་འབྱུང་བར་སྣང་སྟེ་ཉམས་ཀྱི་བྱེ་བྲག་ཡིན་པར་འདུག །དེ་ནས་སེམས་ཀྱི་དང་པོ་བྱུང་ས། ཐ་མ་འགྲོ་ས། བར་དུ་གནས་ས། དབྱིབས་ཁ་དོག་གཅིག་དང་དུ་མ་སོགས་རྩད་གདར་


KMC003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་ཆ་ཡང་ནས་ཡང་དུ་བཅད་པས། གང་ནས་སྐྱེ་ས་མེད། འདི་ན་འགག་ཟེར་བ་མེད། ད་ལྟ་འདིར་གནས་ཀྱི་ཡུལ་མེད། དབྱིབས་ཁ་དོག་སོགས་ངོས་བཟུང་བྱར་མེད། སྤྲོས་པ་ཐམས་ཅད་བྲལ་བའི་སེམས་ཀྱི་ངོ་བོ་ཡུལ་མེད་རང་གསལ་དེ་རྗེན་ལྷག་གེར་མཐོང་བ་ལ་ལྷག་མཐོང་ཞེས་བྱ་བ་ཡིན་ཀྱང་། ཉམས་ཀྱི་མྱོང་བ་ཙམ་ལས་རྟོག་པའི་རང་ངོ་མཐོང་བ་དངོས་ནི་མིན་འདུག །འདི་སྐབས་བལྟ་བྱ་ལྟ་བྱེད་གཉིས་སུ་མེད་པར་ངེས་ཤེས་སྐྱེས་ནས་མ་བཅོས་པར་ཞོག་གསུངས་པ་དེ་འདི་ཡིན་པར་འདུག་སྙམ་པའང་འབྱུང་། ཕར་ནམ་ཡེངས་མི་ཚོར་བ་སྐབས་ཞིག་དྲན་རིག་ཡེ་རེ་འོང་དུས་གསལ་ལྷང་ངེ་སོང་བ་འདྲ་ཞིག་ཀྱང་ཡོང་། འདི་སྒོམ་གྱིི་གཏད་སོ་མེད་པར་ཐ་མ ལ་དུ་རང་གར་བསྡད་པ་འདྲ་བའང་འབྱུང་བས་སྒོམ་སྔར་ལས་ཞན་དུ་སོང་བ་མིན་ནམ་བསམ་པའང་འབྱུང་། །རྣམ་རྟོག་ཤར་ཡང་སྔར་བཞིན་དཀའ་ཚེགས་མི་དགོས་པ་ལ་རང་གར་བཞག་པས་ཆོག་པ་ལྟར་སྣང་བ་སོགས་འཆར་སྒོོ་མི་འདྲ་བ་དང་།


KMC003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་དམན་ཡུན་རིང་ཐུང་དུ་མ་འབྱུང་ཞིང་རེ་ཞིག་སྐྱེད་ཐོན་རྒྱུ་ཅིའང་མེད་པས་སྐབས་རེར་ཡི་མུག་ཀྱང་ལྡང་། སྐབས་རེར་འདི་ལས་ལྷག་པའི་ལྟ་སྒོམ་མེད་འདྲ་བསམ། གཞན་ལ་རྟོག་པ་མཐོ་མཐོའི་སྐད་ཆ་བཤད་སྙིང་འདོད། རྨི་ལམ་དུའང་སྔར་གྱི་གྲུབ་ཐོབ་དང་ཡི་དམ་གྱི་ལྷ། སྐབས་རེར་མི་མཚམས་པ་མ་རུངས་པ་འདི་རྨིས་ནས་རེ་དོགས་ཁུ་འཁྲིག་འབྱུང་། སྐབས་རེར་རྣམ་གཡེངས་དང་ཉམས་ལེན་ཀྱང་འདྲེས་ནས་ང་རྣམ་གཡེངས་ཀྱིས་མི་གནོད་པར་འདུག་སྙམ་སྟེ་ཡུན་རིང་གཡེང་ན་དུག་ལྔ་ཆོས་བརྒྱད་སྔར་ལས་ཀྱང་ཐུབ་ལྡང་ནས་རེ་ཞིག་དྲན་པས་རྗེས་སླེབ་མི་ཐུབ། སླེབ་ཀྱང་མགོ་ནོན་དཀའ་བར་འོང་བས་བརྟན་པ་ཤིན་ཏུ་ཐོབ་ན་མ་གཏོགས་རྣམ་གཡེངས་སྤང་ནས་རྩེ་གཅིག་ཏུ་བསྒོམ་ནུས་པ་ཞིག་གལ་ཅི་ནས་ཆེ་བར་གདའ། དེ་ནས་མོས་གུས་ཀྱི་བྱིན་རླབས་སམ། སྔོན་གྱི་ལས་འཕྲོ་སད་ལྟ་བུས་རིག་པ་རྗེན་ལ་བུད་དེ། རྣམ་རྟོག་ཤར་ཤང་དུ་ཟིན་པ་སོགས་མི་དགོས་པར། རང་ངོ་བལྟ་རྒྱུ་དང་ལྟ་མི་གཉིས་གཅིག་ཏུ་འདྲེས།


KMC003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དྲུག་གི་སྣང་བ་རྣམས་ལའང་བརྟག་དཔྱད་མི་དགོས་པ་རང་ངོ་རིག་ཚུན་ཆད་དེ་ལ་བཟོ་བཅོས་བྱ་རྒྱུ་ཟད་ནས་ཐ་མལ་གྱི་ཤེས་པ་ཁྲེས་སེ་བསྐྱུར་བ་མ་གཏོགས་བློས་དཔྱད་པའི་གསལ་རི་སྟོང་གསུམ་གང་དུའང་བརྗོད་མི་ཤེས། ཐ་མས་རང་གར་བསྡད་པ་དང་ཡང་ཅུང་མི་འདྲ་བ་རིག་སྟོང་ལྷོང་དུ་བུད། དང་པོའི་དུས་ནས་འདི་མི་ཤེས་རྒྱུ་ཅིའང་མེད་འདུག་པ་ལ་ད་རེས་བར་མ་ཤེས་པ་ཡ་མཚན། དེ་སྔ་སེམས་ངོ་བལྟས་ཁུལ་བྱས་པ་རྣམས་དོན་མེད་ཀྱི་རྣམ་རྟོག་རེད་སྙམ་པ་འབྱུང་། ཆོས་དང་བླ་མ་ལའང་ངེས་ཤེས་སྐྱེ། རང་ལ་དགའ་སྤྲོ་འབྱུང་། ཡེངས་གྲངས་མང་པས་ཆོས་བརྒྱད་ཀྱི་སྣང་བ་སོགས་ཀྱང་འབྱུང་ཡང་དྲན་པས་སླེབ་ཙམ་ཉིད་ནས་བཅས་བཅོས་མང་པོ་མི་དགོས་པར་རང་བབ་དེ་ཀས་ཆོག་པ་ཞིག་བྱུང་ན་རང་ངོ་ཕྱོགས་ཙམ་རྟོགས་པའི་རྩིས་བྱེད་དགོས་པར་སྣང་སྟེ་ད་དུང་དེ་ཙམ་གྱིས་ནི་གར་ཡང་མི་ཕྱིན་པར་འདུག་པས། བསྒོམ་ཡུན་ཤི་དང་མཉམ། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་མོས་གུས་ལ་སྙིང་


KMC003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བཙུག །ཚེ་འདིའི་བྱ་བཞག་ལ་ལྟོས་པ་སྤུ་ཙམ་ཡང་མེད་པ་ཞིག་བྱེད་ཐུབ་ན་རིམ་པར་ཆོས་འགོ་ཐོན་པ་ཡིན་འདུག །རྗེ་རྒོད་ཚང་པས། ངས་བླ་མ་ལ་མོས་གུས་དྲག་པོ་བྱས་ཤིང་། བརྩོན་འགྲུས་མགོ་ལ་མེ་ཤོར་བ་ལྟ་བུ་བྱས་པས་སེམས་ངོ་ལེགས་པར་མཐོང་བ་གཅིག་ཞག་ཉི་ཤུ་ན་བྱུང་། ཉིན་མོ་རྐྱེན་གྱིས་མིག་ནོད་པ་ཟླ་བ་གསུམ་ན་བྱུང་། ཉིན་མཚན་འཁོར་ཡུག་ཏུ་འགྲོ་བ་ལོ་གཉིས་ནས་བྱུང་གསུངས་པས་མོས་གུས་དང་བརྩོན་འགྲུས་ཡོད་ན་ཧ་ཅང་ཤེས་རྒྱུ་མཐོང་རྒྱུ་མེད་པ་ཞིག་ཀྱང་མིན་འདུག །མདོར་ན་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས་སྙིང་གཏམ་ཚིག་གཅིག་ཏུ་འདི་གསུངས་སོ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀྱི་དགོངས་པ། །དམ་པ་རྣམས་ཀྱི་དོན་དུ་གཉེར་བ། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཟེར་པའི་སྒྲ་བོ་ཆེ། གཡེར་པོ་ཆེ་དེ་རང་གི་སེམས་ལ་ཟེར་བ་ཡིན། རང་སེམས་ངོ་བོ་མ་ཤེས་ན། ང་ཡི་སེམས་ང་ཡི་སེམས་ཟེར་བའི་མི་དྲན་དགུ་དྲན་གྱི་རིག་པ་འདི་ཡིན། འཁོར་བ་དང་མྱ་


KMC003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རིག་པ་འདི་རང་ལས་མ་འདས། སྡེ་སྣོད་མདོ་རྒྱུད་ཀྱི་བཅུད་ཀྱང་འདི་ཡིན། འདི་ཉམས་སུ་ལེན་ན་བསྒོམ་རྒྱུ་ཡང་མེད། རིག་པ་རང་སར་ཧྲི་གེར་ཞོག །དེ་ཕྱག་རྒྱ་ཆེན་པོ་ཡིན་ནམ་མིན་སྙམ་པའི་ཐེ་ཚོམ་མི་དགོས། ཡགས་སུ་རེ་བ་དང་ཉེས་ཀྱི་དོགས་པ་ཡི་མ་བྱེད། རྟོག་པ་བན་བུན་མང་པོའི་རྗེས་སུ་མ་འབྲང་། རིག་པ་ཧྲིག་གེ་འདི་རང་གི་ཐོག་ཏུ་ཞོག །ལྷོད་དེ་གློད་ཞོག །བསྒོམ་རྒྱུ་དེ་ལས་ཅི་ཡང་མི་དགོས་སོ། །དེ་ལྟར་ཡང་དང་ཡང་དུ་བསྒོམ་པས་དུས་ཚོད་ཅིག་ན། རྣམ་རྟོག་རང་ངོ་ཤེས་ནས། གཞི་མེད་རྩ་བྲལ་དུ་ལྷན་གྱིས་རྟོགས་ནས་ཞེན་པ་ཐམས་ཅད་རང་སར་གྲོལ་ནས། སྐད་ཅིག་གཅིག་ལ་བག་ཆགས་མ་ལུས་པ་དྲུང་ཕྱུང་སྟེ། དེ་ཉིད་སངས་རྒྱས་ཞེས་བྱའོ། །སྐད་ཅིག་གཅིག་གིས་བྱེེ་བྲག་ཕྱེད། ཕྱག་རྒྱ་ཆེན་པོའི་སྙིང་གཏམ་ཚིག་གཅིག་མ། བླ་མ་དམ་པ་གྲུབ་ཐོབ་རྣམས་ཀྱི་མན་ངག་མཐར་ཐུག །དེ་ལས་གཞན་པ་ཡོད་རེ་ཤེ །སྣོད་མིན་གཞན་ལ་མི་བསྟན་པར་ཞུའོ། །


KMC003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྒོ་ཡལ་བར་དོར་ན་བྱིན་རླབས་འབྱུང་མི་སྲིད་པ་ལགས། དུས་རྟག་ཏུ་ཁོ་བོ་དྲན་པར་གྱིས། འདི་ལ་འཆུག་པ་མི་བདོག་གོ །བྱིན་རླབས་འབའ་ཞིག་ལ་རེ་བ་ཡིན། ཁྲིད་མ་ཚར་བར་དཔེ་སུ་ལ་ཡང་མ་བསྟན་པ་བཀའ་རྒྱ་ཡིན། །ཅེས་པ་འདི་རང་བྱུང་རྡོ་རྗེས་དབེན་གནས་ཡང་དགོན་ཏུ་མཛད་པའོ། །ཞེས་པ་འདི་རྡོ་རྗེའི་ཚིག་རྐང་བྱིན་རླབས་ཀྱི་ཚན་ཁ་དང་གནད་འགག་འདུས་ཆེ་བས་ཁྲིད་ཚར་རྣམས་ཀྱིས་བློ་ཐོག་ཏུ་ཐོན་པ་ཞིག་གལ་ཆེ་བར་སྣང་། བློ་སྦྱོང་གི་གཞུང་ལས། ད་རེས་གཙོ་བོ་ཉམས་སུ་བླངས། །ཞེས་གསུངས་པ་ལྟར། ད་རེས་མི་ལུས་ཐོབ་པའི་སྐབས་འདིར་ཚེ་འདི་ལས་ཕྱི་མའི་དོན་གཙོ་ཆེ། དེ་ཡང་བཤད་པ་ལས་སྒྲུབ་པ་གཙོ་ཆེ། དེ་ཡང་བླ་མའི་མན་ངག་ཕུར་ཚུགས་སུ་བསྒོམ་པ་གཙོ་ཆེ། ཆོས་སྒྲུབ་པའི་སྡུག་བསྔལ་མི་བཟོད་པར་ཚེ་འདིའི་འདུན་མ་བསྒྲུབ་པའི་དཀའ་སྤྱད་སྙིང་རུས་ནུས་པ་བཟོད་པ་གོ་ལོག །ཆོས་ལ་འདུན་པ་མི་བྱེད་པར་འཇིག་རྟེན་ཆོས་བརྒྱད་ལ་འདུན་པ་བྱེད་པ་འདུན་པ་གོ་ལོག །ཐོས་བསམ་སྒོམ་


KMC003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་ཆོས་ཀྱི་རོ་མི་མྱོང་བར། ཟང་ཟིང་ལོངས་སྤྱོད་ཀྱི་རོ་མྱོང་བ་རོ་མྱོང་གོ་ལོག །རང་གཞན་སྡིག་པའི་ལས་ལ་སྙིང་རྗེ་མི་བྱེད་པར། ཆོས་ཕྱིར་དཀའ་ཐུབ་བྱེད་པ་ལ་སྙིང་རྗེ་བྱེད་པ་སྙིང་རྗེ་གོ་ལོག །རང་ལ་ལྟོས་པའི་མི་ཆོས་ལ་མི་བཀོད་པར། ཚེ་འདིའི་ཆེ་ཐབས་ལ་སྦྱོར་བ་གཉེར་སེམས་གོ་ལོག །དགེ་བ་བྱེད་པ་ལ་དགའ་བ་མི་བསྒོམ་པར། དགྲ་ལ་སྡུག་བསྔལ་བྱུང་ན་དགའ་བ་རྗེས་སུ་ཡི་རངས་གོ་ལོག་སྟེ་དྲུག་པོ་དེ་སྤོང་། ཁྱད་པར་ཀླུ་སྒྲུབ་ཞབས་ཀྱིས། འཇིག་རྟེན་མཁྱེན་པ་རྙེད་དང་མི་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་གསུངས་པ་ལྟར་འཇིག་རྟེན་ཆོས་བརྒྱད་འདི་ནི་གཞན་ལྟ་ཅི་སྨོས། ཆོས་པ་ཚད་ལྡན་ཏུ་རློམས་པ་རྣམས་ཀྱི་རྒྱུད་ལའང་མ་ཚོར་བར་གོས་པ་ཞིག་སྣང་བས་མགོ་མནན་རེ་ཅི་ནས་ཀྱང་གལ་ཆེ་ཁ་བསགས། གཞོག་སློང་། ཚུལ་འཆོས། ཐོབ་ཀྱིས་འཇལ་བ། རྙེད་པས་རྙེད་


KMC003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཚོལ་བ་སྟེ་ལོག་འཚོ་ལྔ་རྣམ་པ་ཀུན་ཏུ་སྤང་། རང་རེ་ལ་ཡོན་ཏན་ལྡན་ཅིང་རྟོགས་པ་མཐོ་བ་ཞིག་བྱུང་ན་དགའ་སྟེ་དེ་དཀའ། རང་མ་ཁྲེལ་གཞན་མི་བསླུ་བ་ཁ་བཤད་ལག་ལེན་མཐུན་པ་ཞིག་བྱུང་ན་ངོ་མཚར་ཆེ། གོལ་ས་ཤོར་ས་མང་དུ་གསུངས་པ་གནས་ལུགས་ཀྱི་སྒྲོ་འདོགས་ནང་ནས་ཆོད་པ་ཞིག་བྱུང་ན་ནི་གོལ་ཤོར་ཡིན་མིན་དོན་གྱིས་འབྱེད་ནས་འོང་བས་སྨོས་མ་དགོས། ད་ལྟ་ནི་གནས་འགྱུའི་གདར་ཤའང་ལེགས་པར་མཆོད་པར་རྟོག་མེད་དུ་ུམ་རེའམ། རྣམ་རྟོག་གི་རང་ངོ་ཧྲིག་ཙམ་རིག་པ་ལ་སེམས་ངོ་ཡོད་པར་རློམས་པ་རྣམས་ལ་ནི་གཞུང་ལས་གསུངས་པའི་གོལ་ཤོར་འབྱུང་དོགས་མི་དགོས་འདུག །ཉམས་ལེན་ཐམས་ཅད་ལ་འཛིན་པ་མེད་ན་གོལ་ས་མི་འབྱུང་། དེའང་མཆོག་འཛིན་ཤིན་ཏུ་ཆེ་ན་མ་གཏོགས་ཅུང་ཟད་རེས་མི་གོལ་ཏེ་རྩ་བ་འཛིན་ཞན་ལ་ཐུག །གོལ་ས་ཆེ་ཤོས་ནི། བླ་མ་ལ་མཉམ་འགྲོགས་བྱེད། མཆེད་གྲོགས་ལ་དག་སྣང་ཆུང་། གྲུབ་མཐའ་གཞན་ལ་གཤེ་བསྐུར་འདེབས། རང་ལ་ང་རྒྱལ་ཆེ། ཚུལ་ཁྲིམས་ངོ་


KMC003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ལྐོག་བྱེད། དུག་ལྔ་ཁ་ཡན་ཏུ་བཏང་། ལས་རྒྱུ་འབྲས་ལ་མིི་རྩི། ཁ་ལྟ་དང་སྟོང་སྐད་ཆེ། ཉམས་མྱོང་ཁྲོམ་དུ་སྒྲོག །མི་ཆོས་བླ་མའི་རྫུན་གྱིས་ཐུགས་དམ་གྱི་མཐིལ་བྱེད་པ་འདི་རྣམས་ཡིན་འདུག་ཀྱང་། རང་རང་ནི་བདུད་ཀྱིས་བྱིན་གྱིས་རླབས། གདུལ་བྱ་རྣམས་ནི་སྙིགས་དུས་ཀྱི་སྐལ་དམན་འབའ་ཞིག་ཏུ་སོང་བའི་སྟབས་ཀྱིས་ཆོས་ཀྱི་གནད་དོན་མི་ཤེས་པར་ཅལ་སྒྲོགས་ཁོ་ནའི་རྗེས་སུ་རྒྱུག་པ་མང་བས་གོལ་ཤོར་གྱི་ལམ་ཤཱཀྱ་ཐུབ་པས་བཀག་ཀྱང་མི་ཁོག་པ་འདྲ། མདོར་ན་ཆོས་བྱས་པའི་འབྲས་བུ་དེ་རང་སེམས་ཐུལ་བ་ཞིག་དགོས་འདུག་ཀྱང་ཆོས་ཀྱི་ཕྱིར་དུ་འཐབ་མོ། བསྟན་པ་ལ་བསྙད་ནས་འཁྲུགས་རྩོད། གཞན་དོན་ཁག་བཞག་གི་བུན་སྐྱེད་སོགས་ཆོས་ནས་མི་རུང་གསུངས་པ་རྣམས་ཆོས་པ་ཀུན་གྱི་ལག་ལེན་གཙོ་བོར་བྱེད་པ་ཞིག་གདའ། མཉམ་མེད་དྭགས་པོས། ལས་དང་པོ་པ་ཉོན་མོངས་དང་འཐབས་པའི་དུས་མིན། བྲོས་པའི་དུས་ཡིན་གསུངས། རང་རེ་ཚོ་ཉོན་མོངས་པ་ལམ་དུ་ཁྱེར་ནུས་པའི་ས་མཚམས་


KMC003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་སླེབ་མ་འདྲ་བས་ཆང་དང་བུད་མེད། ཁོང་ཁྲོ། ཕྲག་དོག །བག་མེད། རོ་ཉལ་སོགས་ལ་ཞེ་ཟོན་དགོས་འདུག །ཉོན་མོངས་ལམ་དུ་ཁྱེར་ནུས་ཟེར་བ་དེའང་ཏཻ་ལོ་ནཱ་རོ་ལྟ་བུ་ནང་ན་ཡེ་ཤེས་ཀྱི་རྩལ་རྫོགས་པའི་རང་རྟགས་ཕྱི་རོལ་ཏུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ནུས་པ་ཞིག་ཡོད་ན་མ་གཏོགས། རང་སེམས་རང་དབང་མ་ཐོབ་པའི་རང་རྟགས་ཉོན་མོངས་འཇོལ་ཉོག་ཏུ་སྤྱོད་པ་ཞིག་ལ་གསུངས་པ་མིན། རང་རྒྱུད་ལ་ཉམས་རྟོགས་ཅིའང་མེད་པའི་གང་ཟག་གིས་སེམས་ཅན་ལ་ཕན་བཏགས་ཀྱང་མི་ཐོགས་པའི་ཁར་རང་ལ་གནོད་པས་སྨན་ཆེན་པོའི་མྱུ་གུ་ཆུང་ངུ་མི་བཅད་པར་བསྲུང་པའི་དཔེས་རང་ཉིད་ཉམས་ལེན་ལ་བརྩོན་པ་ཁོ་ན་ཁེབ་ཆེ། དྲོད་ཐོབ་ལ་བརྟན་པ་མ་ཐོབ་པའི་གང་ཟག་གིས་གཞན་ལ་ཕན་ཀྱང་རང་ལ་གནོད། ས་ཐོབ་ནས་རང་གཞན་གཉིས་ཀའི་དོན་འབད་མེད་དུ་འབྱུང་བར་གསུངས་ན་ཚ་རྐྱེན་ངན་གདོན་བགེགས་སོགས་གནོད་པ་བྱུང་ནའང་། ང་ནའོ། །ང་ལ་གདོན་གྱིས་གནོད་དོ་སོགས་བསམ་མཁན་ཁོ་རང་གི་


KMC003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ལ་བལྟས་པས་ཉམས་དམའ་བའི་སྐབས་དེ་མ་ཐག་ཏུ་ཕན་གནོད་མེད་ཀྱང་ཡང་ནས་ཡང་དུ་བསྲན་བཙུག་པས་རིམ་གྱིས་སྟོང་ཡལ་རྗེས་མེད་དུ་འགྲོ །ཡང་དེའི་དུག་རོ་ལྡོངས་བྱུང་ཚེ་ངོ་བོ་ལ་བལྟས་པས་ན་འཛིན་དང་འདྲེེར་རྟོག་སོགས་ཀྱི་དར་ཇེ་ཆུང་དུ་འགྲོ་བ་སྡུག་བསྔལ་སོགས་ལའང་དེ་དང་མཚུངས། དེ་ལས་ཅུང་དྲག་པ་ན་ནད་སོགས་འཆར་སྒོ་མ་འགག་པ་ལ་ངོ་བོ་སྟོང་རྗེན་ལྷང་ལྷང་འགྲོ །དྲན་པས་མ་ཟིན་ཚེ་ཐ་མལ་པ་དང་ཁྱད་མེད། སྣང་བ་རང་སེམས་ཙམ་དུ་གོ་ཡང་རྟོགས་པ་གདིང་ནས་མ་ཐོབ་ན་ཡུལ་སེམས་འཕྲད་ཚེ་གཞི་མེད་རྩ་བྲལ་དུ་གྲོལ་བར་མི་འགྱུར་བས་རེ་ཞིག་ཚོགས་དྲུག་གི་འཆར་སྒོ་ཇི་ལྟར་ཤར་ཡང་ཞེན་འཛིན་མེད་པ་ལ་བསླབ། དེའང་རབ་སྐད་ཅིག་དང་པོ། འབྲིང་སྐད་ཅིག་གཉིས་པ་ལས་ཕན་རྗེས་མཐུད་མི་བྱ་བར་ངོ་ཤེས་ཀྱི་དྲན་པ་རྒྱུན་ཆགས་བསྟེན། ཏཻ་ལོ་པས། སྣང་བས་མི་འཆིངས་ཞེན་པས་འཆིངས། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས། མདོར་ན་རྣམ་རྟོག་སེམས་ཀྱི་


KMC003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྩལ་ཆུ་དང་ཆུ་རླབས་ལྟ་བུ་ཡིན་འདུག་པས་རྣམ་རྟོག་མེད་འགྲོ་བ་མི་སྲིད། རྣམ་རྟོག་ལ་གཟུགས་སོགས་ཡུལ་གྱི་སྣང་བ་སྣ་ཚོགས་སྣང་བ་ཤེལ་དྭངས་པ་ལ་འཇའ་ཚོན་ཤར་བ་དང་འདྲ་བས་རྟོགས་པ་མཐོ་ཡང་སྣང་བ་མི་ཤར་མི་སྲིད་ཀྱང་རྣམ་རྟོག་དང་སྣང་བ་ལ་ཞེན་འཛིན་གྱིས་ངོ་ལེན་བྱེད་མི་བྱེད་ལ་ཐུག །མ་ཡེངས་ཙམ་གྱིས་རང་ངོ་ཤེས་པ་ལ་རྒྱུན་ཆད་མེད་ན་རྣམ་རྟོག་ཡུལ་སྣང་ཇི་ཙམ་མང་ཡང་ཡེ་ཤེས་ཡིན་པར་གསུངས། རང་ངོ་མ་ཤེས་ན་མི་རྟོག་པའང་ལུང་མ་བསྟན་ཁོ་ན་ཡིན་འདུག །རྣམ་རྟོག་ཏུ་སྣང་བའང་སྟོང་པའི་རང་མདངས་སྣང་སྟོང་དབྱེར་མེད་དུ་ཤེས་ནས། རྣམ་རྟོག་འགེགས་མ་དགོས་པར་ངོ་བོ་སྟོང་པ་ལ་གདངས་མ་འགགས་པར་ལམ་ལམ་དུ་འཆར་བ་ཉིད་རང་གིས་རང་རིག་ན་བསྐྱེད་རྫོགས་དབྱེར་མེད་ཟེར་བའང་དེས་ཆོག །ཉམས་ལེན་ལ་རྡོ་རུས་འཕྲོད་པའི་ཚེ་སྔོན་གྱི་ལས་ངན་བསླངས་ནས་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ་སོགས་མི་འདོད་པ་འབྱུང་ཡང་སྣོད་བཀྲུས་ན་དྲི་མ་ལྡངས་པ་བཞིན་རྒྱུད་དག་པའི་


KMC003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ལྟས་སུ་གསུངས་པས་ཉམས་ལེན་རྐྱེན་ངན་གྱིས་མི་འཕྲོག་པ་བརྩོན་འགྲུས་ཆེར་བཏང་ལམ་རྟགས་ཀྱི་ཡོན་ཏན་བྱུང་ན་དངོས་སམ་བདུད་ཀྱི་བར་ཆད་ཅི་ཡིན་མི་འབྱེད། དངོས་ཡིན་ཏུ་ཆུག་ཀྱང་མཆོག་འཛིན་སྐྱེས་ན་དེ་མ་ཐག་ཏུ་བདུད་ཀྱི་བར་ཆད་དུ་འགྲོ་བས་བཟང་པོ་ལ་མི་ཞེན། ངན་པ་ལ་མི་སྐྲག་པར་རེ་དོགས་ཐམས་ཅད་སྤང་། གྲལ་མཐོ་སར་མི་སྡོད། གོས་བཟང་པོ་མི་གྱོན། བཅའ་ལག་བཟང་པོ་མི་འཚག །གཞན་གྱི་བསྟོད་བཀུར་ལ་མི་དགའ། དེ་རྣམས་ཀྱིས་ང་རྒྱལ་སྐྱེ་བའི་རྐྱེན་བྱེད་པར་འདུག །དུས་རྟག་ཏུ་དམན་ས་བཟུང་ནུས་ན་ང་རྒྱལ་དང་ཕྲག་དོག་སྐྱེ་བའི་རྒྱུ་མེད། ང་རྒྱལ་མ་སྐྱེས་པར་དུ་གེགས་མི་འབྱུང་། བླ་མ་ལའང་འདི་ལས་ལྷག་པ་མེད་བསམ་པ་དང་། སེར་མོ་བ་གཞན་རྣམས་ཀྱིས་འདི་ཙམ་མི་ཤེས་སྙམ་པ་སོགས་ནམ་ང་རྒྱལ་བྱུང་ཙ་ན་གེགས་འབྱུང་བ་ཡིན་འདུག་པས་མོས་གུས་དང་དག་སྣང་རྒྱུན་མ་ཆད་པར་བྱ། ཁ་ཟས་ཀྱང་བཟང་ཆེས་ན་ཆགས་ཞེན་དང་ཉོན་མོངས་སྐྱེད་བྱེད་ཡིན་འདུག་


KMC003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་ལྟོགས་ཙམ་རེ་བཟའ། ཟས་གོས་གང་ཡང་འབྱོར་ན་མི་དགོས་ཁུལ་ཡང་མི་བྱེད། མ་འབྱོར་ན་ཆེད་དུ་ཡང་མི་འཚོལ། གང་བྱུང་གང་ཉན་བྱ། མ་ལྟོག་མ་འཁྱགས་ཙམ་གྱི་འཕྲོས་རྒྱུ་རྫས་ཅི་ཡོང་བླ་མ་དཀོན་མཆོག་ཞིང་དུ་བཏང་། དེ་ཡང་བྱང་ཆུབ་ཀྱི་སེམས་སྒོམ་པ་ལྟ་བུའི་བསམ་པས་སྦྱོང་བ་ལ་ཞིང་བཟང་ངན་ཁྱད་མེད་ཀྱང་སྦྱོར་བ་ལག་ལེན་གྱི་སྐབས་ལས་དང་པོ་བས་མཆོད་པའི་ཞིང་བཟང་པོ་འདམས་དགོས། །འདོད་པ་ལ་ཆོག་ཤེས་མེད་ན་མིང་ཆོས་པར་བཏགས་ཀྱང་དོན་ཟོབ་སྟོང་རང་ཡིན་འདུག་པས་ཅི་ལའང་ཆོག་ཤེས་ཞིག་འཚལ། བློ་སྣ་རིང་བ་དེས་ཆོས་རྒྱུད་ལ་མི་འབྱོར་བའི་རྒྱུ་བྱེད་འདུག་པས་བློ་སྣ་ཡང་ཡང་བསྟུངས་དགོས་པར་སྣང་། སེམས་གནས་འགྱུ་དགའ་སྡུག་སོགས་གང་ལྟར་སྣང་ཡང་རང་བབས་གཉུག་མའི་རང་འགྲོས་སྐྱོང་བ་ལས་དགག་བསྒྲུབ་བཅོས་བསྒྱུར་གང་ཡང་མེད་པའི་ངོས་ཁ་ཏོན་བཟླས་བརྗོད། འགྲོ་འཆག་ཉལ་འདུག་སོགས་བྱེད་པ་ལ་སྤྱོད་པ་ཤུགས་འབྱུང་ཞེས་གྲགས། འོན་ཀྱང་བརྟན་


KMC003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཐོབ་བར་དུ་ཚུལ་ཁྲིམས་མིག་འབྲས་ལྟར་བསྲུང་། ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ནས་བརྩི་སྲུང་བྱ་བ་མ་གཏོགས་ངོ་བོ་ལ་ཅིས་ཀྱང་ཕན་གནོད་མི་འདུག་སྙམ་པའི་སྟོང་ཉིད་ཀྱི་གོ་བ་སྐམ་པོ་ལ་གདིང་བཅས། ཉམས་ལེན་ཁ་འཁྱེར་དུ་བྱས་ནས་རྩིང་ཆོས་དང་སྨྱོ་སྤྱོད་དུ་ུསོ ང་ན་ལས་མ་དག་པ་ཁ་གཅིག་གིས་གྲུབ་ཐོབ་ཏུ་མཐོང་སྲིད་ཀྱང་རང་གཞན་གཉིས་ཕུང་གི་གཞི་ཆེན་པོ་ཡིན་འདུག་པས་གཟབ་པ་གལ་ཆེ། མདོར་ན་བཀའ་བསྟན་བཅོས་ཀྱི་གཞུང་ལུགས་ལ་ཐོས་བསམ་དང་ལག་ལེན་བྱེད་ནུས་པའི་སྐལ་བ་མེད་དུ་ཟིན་ཀྱང་། བཀའ་བརྒྱུད་གོང་མའི་གསུང་སྒྲོས་དཔང་པོར་བཀོད་དེ་སྒྱིད་ལུགས་ཞུམ་པ་མེད་པར་དེ་དག་གི་རྣམ་ཐར་སྣ་རེའི་རྗེས་སུ་འང་ཅི་ནུས་ཀྱིས་འཇུག་པར་བྱས་ཚེ་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བ་ཐེ་ཚོམ་མེད། དེས་ན་གཞི་སྡོམ་པ་དང་དམ་ཚིག་གི་རྩ་བ་རྣམས་མ་ཉམས་པར་བསྲུང་། ཚོགས་གསོག་དང་སྒྲིབ་སྦྱོང་ལ་ཕྱོགས་རེས་ཆོག་པར་མི་འཛིན་པར་ཅི་ནུས་ཀྱིས་འབུངས། འདོད་ཆུང་ཆོག་


KMC003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དམན་ས་བཟུང་བ་གཙོར་བཏོན། མོས་གུས་དག་སྣང་ལ་དགེ་སྦྱོར་གྱི་མཐིལ་བྱ། སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་ལ་ནམ་འཆིའི་བར་དུ་རེས་འཇོག་མེད་པར་བསླབ། དེའི་ཡན་ལག་ཏུ་བག་ཡོད་དྲན་ཤེས་རྟག་ཏུ་བསྟེན་པས། ནམ་ཞིག་གི་ཚེ་ལྟ་བསྒོམ་གྱི་ངོ་སྤྲོད་དང་། ས་ལམ་གྱི་བཤད་པ་མང་པོ་མི་དགོས་པར་གནས་ལུགས་ཕྱག་རྒྱ་ཆེན་པོ་ནང་ནས་འཆར། སྤྲོས་པ་བྲལ། ཐེ་ཚོམ་ཆོད། རེ་དོགས་ཟད་སར་འཁྱོལ་བ་ཞིག་བྱུང་ཚེ་འབྲས་བུ་ཐོབ་ཅེས་པའི་མེད་དུ་བཏགས་པ་ཡིན་འདུག་གོ། །།རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །བཀའ་བརྒྱུད་རིན་ཆེན་ཕྲེང་བ་གཤེགས་པའི་ཤུལ། །ཟབ་ཆོས་འདི་ལ་བྱིན་རླབས་དྲོད་མཆིས་པས། །བརྩོན་པས་ཉམས་སུ་བླངས་ན་དོན་ཆེན་འགྲུབ། །གནས་ལུགས་གཞི་ཡི་ཕྱག་ཆེན་སྙིང་ནས་སད། །ཟུང་འཇུག་ལམ་གྱི་ཕྱག་ཆེན་བརྟན་པ་ཐོབ། །འབྲས་བུའི་ཕྱག་ཆེན་རང་ཞལ་མངོན་གྱུར་སྟེ། །རྡོ་རྗེ་འཆང་དབང་ཚེ་འདིར་ཐོབ་པར་ཤོག །མཁས་དང་གྲགས་འདོད་མ་ཡིན་བླ་མ་ཡི། །བཀའ་བཞིན་


KMC003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ལས་དགེ་བ་གང་ཐོབ་པས། །སྒྲུབ་བརྒྱུད་བསྟན་པ་ཕྱོགས་མཐར་རྒྱས་པ་དང་། །འབྲེལ་ཚད་གཉུག་མའི་གཏན་སྲིད་ཟིན་པར་ཤོག །ཅེས་ཕྱག་ཆེན་སྔོན་འགྲོ་བཞི་རིམ་སོགས་ཀྱི་དམིགས་རིམ་གོ་དོན་བཅས་བལྟ་བདེ་འདུས་གསལ་ཞིག་བྲི་དགོས་ཞེས་རྗེ་བཙུན་བླ་མ་ཀརྨ་འོད་གསལ་འགྱུར་མེད་ཞབས་ཀྱི་བཀའ་སྩལ་སྤྱི་བོར་ནོད་དེ། རྗེ་དགུ་པའི་ཕྱག་ཆེན་ངེས་དོན་རྒྱ་མཚོའི་རྒྱབ་སྐྱོར་ཟིན་བྲིས་ཀྱི་ཚུལ་དུ། རང་ལ་ཉམས་རྟོགས་མ་མཆིས་ཀྱང་གོང་མ་རྣམས་ཀྱི་གསུང་དཔང་པོར་བཀོད་ནས་རང་བཟོའི་གཟུ་ལུམས་མེད་པར་སྤོང་བ་པའི་ཟོལ་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རང་ལོ་སོ་གཅིག་པར་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བྲིས་པ་བསྟན་འགྲོ་ལ་ཕན་པར་གྱུར་ཅིག། །།ༀ་སྭ་སྟི་སིདྡྷཾ། གཞི་ལམ་འབྲས་བུའི་མཐར་ཐུག་ཕྱག་རྒྱ་ཆེ། བཀའ་རྒྱུད་གྲུབ་ཐོབ་རྒྱ་མཚོའི་ཐུགས་ཀྱི་བཅུད། །འཁྲུལ་མེད་གསལ་བར་ཕྱེ་བའི་གཏམ་བཟང་པོ། །འཇམ་མགོན་བློ་གྲོས་མཐའ་ཡས་གསུང་གི་གཏེར། གཅིག་ལས་དུ་མར་འཕོ་བའི་པར་གྱི་འཕྲུལ། རབ་བྱུང་བཅོ་ལྔའི་མེ་ཕོ་བྱི་བའི་ལོར། །འོག་མིན་མཚུར་ཕུར་བཞེངས་པའི་ལེགས་བྱས་འདིས། །སྒྲུབ་བརྒྱུད་བསྟན་པས་ས་སྟེང་ཀུན་ཁྱབ་ནས། མཁའ་མཉམ་འགྲོ་ཀུན་ཕྱག་རྒྱ་ཆེ་འགྲུབ་ཤོག །ཅེས་པའང་རྗེ་དབོན་


KMC003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་མིང་པ་ཀརྨ་དྷརྨ་ནྡྲེསམནྟ་བྷ་དྲས་ཞུ་དག་དང་ལྷན་ཅིག་སྨྲས་པ་དགེ་ལེགས་འཕེལ།། །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློང་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདི་འང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།

རྗེ་རང་བྱུང་རྡོ་རྗེས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ།


KMC003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རང་བྱུང་རྡོ་རྗེས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་བཞུགས་སོ། །


KMC003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རང་བྱུང་ཞབས་ཀྱིས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ནི། ན་མོ་གུ་རུ། བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས། །བདག་ལ་བརྩེར་དགོངས་བདག་གི་སྨོན་ལམ་རྣམས། །ཇི་བཞིན་འགྲུབ་པའི་མཐུན་འགྱུར་བྱིན་བརླབས་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །བསམ་སྦྱོར་རྣམ་དག་གངས་རི་ལས་སྐྱེས་པའི། །འཁོར་གསུམ་རྙོག་མེད་དགེ་ཚོགས་ཆུ་རྒྱུན་རྣམས། །རྒྱལ་བ་སྐུ་བཞིའི་རྒྱ་མཚོར་འཇུག་


KMC003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུ། །སྐྱེ་དང་སྐྱེ་བ་ཚེ་རབས་ཀུན་ཏུ་ཡང་། །སྡིག་དང་སྡུག་བསྔལ་སྒྲ་ཡང་མི་གྲག་ཅིང་། །བདེ་དགེ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །དལ་འབྱོར་མཆོག་ཐོབ་དད་བརྩོན་ཤེས་རབ་ལྡན། །བཤེས་གཉེན་བཟང་བསྟེན་གདམས་པའི་བཅུད་ཐོབ་ནས། །ཚུལ་བཞིན་བསྒྲུབ་ལ་བར་ཆད་མ་མཆིས་པར། །ཚེ་རབས་ཀུན་ཏུ་དམ་ཆོས་སྤྱོད་པར་ཤོག །ལུང་རིག་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ། །མན་ངན་བསམ་པས་


KMC003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་མུན་ནག་བཅོམ། །སྒོམ་བྱུང་འོད་ཀྱིས་གནས་ལུགས་ཇི་བཞིན་གསལ། །ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་ཤོག །རྟག་ཆད་མཐའ་བྲལ་བདེན་གཉིས་གཞི་ཡི་དོན། །སྒྲོ་སྐུར་མཐའ་བྲལ་ཚོགས་གཉིས་ལམ་མཆོག་གིས། །སྲིད་ཞིའི་མཐའ་བྲལ་དོན་གཉིས་འབྲས་ཐོབ་པའི། །གོལ་འཆུག་མེད་པའི་ཆོས་དང་ཕྲད་པར་ཤོག །སྦྱང་གཞི་སེམས་ཉིད་གསལ་སྟོང་ཟུང་འཇུག་ལ། །སྦྱོང་བྱེད་ཕྱག་ཆེན་རྡོ་རྗེ་རྣལ་འབྱོར་ཆེས། །སྦྱང་བྱ་གློ་བུར་འཁྲུལ་པའི་དྲི་མ་རྣམས། །སྦྱངས་འབྲས་དྲི་བྲལ་ཆོས་སྐུ་མངོན་གྱུར་ཤོག །གཞི་ལ་སྒྲོ་འདོགས་ཆོད་པ་ལྟ་བའི་གདེངས། །དེ་ལ་མ་ཡེངས་སྐྱོང་བ་སྒོམ་པའི་གནད། །སྒོམ་དོན་ཀུན་ལ་རྩལ་སྦྱོང་སྤྱོད་པའི་མཆོག །ལྟ་སྒོམ་སྤྱོད་པའི་གདེངས་དང་ལྡན་པར་ཤོག །ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཏེ། །སེམས་ནི་སེམས་མེད་སེམས་ཀྱི་ངོ་བོས་སྟོང་། །སྟོང་ཞིང་མ་འགགས་ཅིར་ཡང་སྣང་བ་


KMC003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ལེགས་པར་བརྟག་ནས་གཞི་རྩ་ཆོད་པར་ཤོག །ཡོད་མ་མྱོང་བའི་རང་སྣང་ཡུལ་དུ་འཁྲུལ། །མ་རིག་དབང་གིས་རང་རིག་བདག་ཏུ་འཁྲུལ། །གཉིས་འཛིན་དབང་གིས་སྲིད་པའི་ཀློང་དུ་འཁྱམས། །མ་རིག་འཁྲུལ་པའི་རྩད་དར་ཆོད་པར་ཤོག །ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །འདི་ཡིན་ཞེས་པ་གང་གིས་མཚོན་པ་མེད། །འདི་མིན་ཞེས་བྱ་གང་གིས་བཀག་པ་མེད། །བློ་ལས་འདས་པའི་ཆོས་ཉིད་འདུས་མ་བྱས། །ཡང་དག་དོན་གྱི་མཐའ་ནི་ངེས་པར་ཤོག །འདི་ཉིད་མ་རྟོགས་འཁོར་བའི་རྒྱ་མཚོར་འཁོར། །འདི་ཉིད་རྟོགས་ན་སངས་རྒྱས་གཞན་ན་མེད། །ཐམས་ཅད་འདི་ཡིན་འདི་མིན་གང་ཡང་མེད། །ཆོས་ཉིད་ཀུན་གཞིའི་མཚང་ནི་རིག་པར་ཤོག །སྣང་ཡང་སེམས་ལ་སྟོང་ཡང་


KMC003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡིན་ཏེ། །རྟོགས་ཀྱང་སེམས་ལ་འཁྲུལ་ཡང་རང་གི་སེམས། །སྐྱེས་ཀྱང་སེམས་ལ་འགགས་ཀྱང་སེམས་ཡིན་པས། །སྒྲོ་འདོགས་ཐམས་ཅད་སེམས་ལ་ཆོད་པར་ཤོག །བློས་བྱས་རྩོལ་བའི་སྒོམ་གྱིས་མ་བསླད་ཅིང་། །ཐ་མལ་འདུ་འཛིའི་རླུང་གིས་མ་བསྐྱོད་པར། །མ་བཅོས་གཉུག་མ་རང་བབ་འཇོག་ཤེས་པའི། །སེམས་དོན་ཉམས་ལེན་མཁས་ཤིང་སྐྱོང་བར་ཤོག །ཕྲ་རགས་རྟོག་པའི་དབའ་རླབས་རང་སར་ཞི། །གཡོ་མེད་སེམས་ཀྱི་ཆུ་བོ་ངང་གིས་གནས། །བྱིང་རྨུགས་རྙོག་པའི་དྲི་མ་དང་བྲལ་བའི། །ཞི་གནས་རྒྱ་མཚོ་མི་གཡོ་བརྟན་པར་ཤོག །བལྟར་མེད་སེམས་ལ་ཡང་ཡང་བལྟས་པའི་ཚེ། །མཐོང་མེད་དོན་ནི་ཇི་བཞིན་ལྷག་གེར་མཐོང་། །ཡིན་མིན་དོན་ལ་ཐེ་ཚོམ་ཆོད་པ་ཉིད། །འཁྲུལ་མེད་རང་ངོ་རང་གིས་ཤེས་པར་ཤོག །ཡུལ་ལ་བལྟས་པས་ཡུལ་མེད་སེམས་སུ་མཐོང་། །སེམས་ལ་བལྟས་པས་སེམས་མེད་ངོ་བོས་སྟོང་། །གཉིས་ལ་


KMC003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པས་གཉིས་འཛིན་རང་སར་གྲོལ། །འོད་གསལ་སེམས་ཀྱི་གནས་ལུགས་རྟོགས་པར་ཤོག །ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །མཐའ་དང་བྲལ་བ་དབུ་མ་ཆེན་པོ་ཡིན། །འདི་ནི་ཀུན་འདུས་རྫོགས་ཆེན་ཞེས་ཀྱང་བྱ། །གཅིག་ཤེས་ཀུན་དོན་རྟོགས་པའི་གདེངས་ཐོབ་ཤོག །ཞེན་པ་མེད་པའི་བདེ་ཆེན་རྒྱུན་ཆད་མེད། །མཚན་འཛིན་མེད་པའི་འོད་གསལ་སྒྲིབ་གཡོགས་བྲལ། །བློ་ལས་འདས་པའི་མི་རྟོགས་ལྷུན་གྱིས་གྲུབ། །རྩོལ་མེད་ཉམས་མྱོང་རྒྱུན་ཆད་མེད་པར་ཤོག །བཟང་ཞེན་ཉམས་ཀྱི་འཛིན་པ་རང་སར་གྲོལ། །ངན་རྟོག་འཁྲུལ་པ་རང་བཞིན་དབྱིངས་སུ་དག །ཐ་མལ་ཤེས་པ་སྤང་བླང་བྲལ་ཐོབ་མེད། །སྤྲོས་བྲལ་ཆོས་ཉིད་བདེན་པ་རྟོགས་པར་ཤོག །འགྲོ་བའི་རང་བཞིན་རྟག་ཏུ་སངས་རྒྱས་ཀྱང་། །མ་རྟོགས་དབང་གིས་མཐའ་མེད་འཁོར་བར་འཁྱམས། །སྡུག་བསྔལ་མུ་མཐའ་མེད་པའི་སེམས་ཅན་ལ། །བཟོད་མེད་སྙིང་


KMC003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྒྱུད་ལ་སྐྱེ་བར་ཤོག །བཟོད་མེད་སྙིང་རྗེའི་རྩལ་ཡང་མ་འགགས་པའི། །བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་ཤར། །ཟུང་འཇུག་གོལ་ས་བྲལ་བའི་ལམ་མཆོག་འདི། །འབྲལ་མེད་ཉིན་མཚན་ཀུན་ཏུ་བསྒོམ་པར་ཤོག །སྒོམ་སྟོབས་ལས་བྱུང་སྤྱན་དང་མངོན་ཤེས་དང་། །སེམས་ཅན་སྨིན་བྱས་སངས་རྒྱས་ཞིང་རབ་སྦྱངས། །སངས་རྒྱས་ཆོས་རྣམས་འགྲུབ་པའི་སྨོན་ལམ་རྫོགས། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་སངས་རྒྱས་ཤོག །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །རྣམ་དཀར་དགེ་བ་ཇི་སྙེད་ཡོད་པའི་མཐུས། །དེ་ལྟར་བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྨོན་ལམ་རྣམ་དག་ཇི་བཞིན་འགྲུབ་གྱུར་ཅིག། །།ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ཞེས་བྱ་བ་རྗེ་རང་བྱུང་རྡོ་རྗེས་མཛད་པའོ།། །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློང་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་


KMC003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།

ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱི་འགྲེལ་པ་གྲུབ་པ་མཆོག་གི་ཞལ་ལུང་།


KMC003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱི་འགྲེལ་པ་གྲུབ་པ་མཆོག་གི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །


KMC003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་མ་རྣམས་སྡུག་བསྔལ་རྒྱ་མཚོ་ལས། །བཏོན་ཏེ་ཐར་པའི་སྐམ་སར་འཇོག་པ་ཡི། །འཕྲིན་ལས་དུས་གསུམ་རྒྱལ་བས་མི་བསྒྲུན་པའི། །འཇིག་རྟེན་དབང་ཕྱུག་ཀརྨ་པ་ལ་འདུད། །འདིར་འཇིག་རྟེན་རྣམ་པར་འདྲེན་པ་དཔལ་ཀརྨ་པ་རང་བྱུང་རྒྱལ་བ་མཆོག་གི་ཞལ་སྔ་ནས་ཉེ་བར་སྩལ་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་འདི་ཉིད་ཚིག་ཉུང་ཞིང་དོན་གྱི་ཆ་ནས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པས། རང་རེའི་རྗེས་འཇུག་རྣམས་ཀྱིས་འདི་ཉིད་ཀྱི་དོན་འོལ་སྤྱི་ཙམ་གོ་


KMC003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་། མ་རྟོགས་པ་རྟོགས་པར་བྱེད། རྟོགས་པ་གོང་ནས་གོང་དུ་བོགས་དབྱུང་བར་བྱེད་པའི་གདམས་ངག་གི་གནད་བླ་ན་མེད་པ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ་རྣམས་ལ་མེད་ཀ་མེད་ཀྱི་ཆོས་སུ་མཐོང་བས་བདག་གི་སྐལ་པས་ཅི་ལྟར་དཔོག་པའི་ཚིག་དོན་གྱི་ཆ་ཅུང་ཟད་ཙམ་དགྲོལ་བར་བྱའོ། །དེ་ལ་འདིར་ས་བཅད་རྣམ་པ་གསུམ་གྱི་སྒོ་ནས་འཆད་དེ། སྨོན་ལམ་གདབ་པའི་སྦྱོར་བ། སྨོན་ལམ་དངོས། སྨོན་ལམ་གྱི་མཇུག་བསྡུ་བའོ། །དང་པོ་ནི། སྨོན་ལམ་འགྲུབ་པར་བྱ་བའི་ཆེད་དུ་རྟེན་ཕུན་


KMC003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་དཔང་པོར་གསོལ་ཞིང་དེའི་དྲུང་དུ་བསམ་པ་ཐག་པ་ནས་སྨོན་ལམ་བྱ་དགོས་ཏེ། རིང་བསྲེལ་ཅན་གྱི་མཆོད་རྟེན་དྲུང་། །བདེ་བར་གཤེགས་པའི་སྔགས་པས་འགྲུབ། །ཅེས་དང་། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །འབྲས་བུ་དེ་འདྲ་ཁོ་ནར་སྨིན། །ཅེས་འབྱུང་བས་སོ། །དེས་ན་འདིར་འདུན་པ་རྩེ་གཅིག་ནི་ཞར་ལས་འོང་ལ། རྟེན་ལ་དཔང་དུ་གསོལ་བ་ནི། ། ༈ །།ན་མོ་གུ་རུ། བླ་མ་རྣམས་དང་ཡི་ད མ་དཀྱིལ་འཁོར་ལྷ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས། །བདག་ལ་བརྩེར་དགོངས་བདག་གི་སྨོན་ལམ་རྣམས། །ཇི་བཞིན་འགྲུབ་པའི་མཐུན་འགྱུར་བྱིན་བརླབ་མཛོད། །ཅེས་པ་སྟེ་གཞན་ནི་གོ་སླ་ལ། སྲས་དང་བཅས་ཞེས་པའི་ཤུགས་ཀྱིས་ཉན་ཐོས་དང་རང་རྒྱལ་ཀྱང་བསྡུས་པ་ཡིན་ཏེ། འཇུག་པར། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་འབྱུང་བ་ལྟར་རོ།། ༈ །།གཉིས་པ་སྨོན་ལམ་དངོས་ལ། སྤྱིར་


KMC003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་རྫོགས་བྱང་དུ་བསྔོ་བ་དང་། བྱེ་བྲག་ཕྱེ་སྟེ་སྨོན་ལམ་གདབ་པ་གཉིས། །དང་པོ་ནི། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །བསམ་སྦྱོར་རྣམ་དག་གངས་རི་ལས་སྐྱེས་པའི། །འཁོར་གསུམ་རྙོག་མེད་དགེ་ཚོགས་ཆུ་རྒྱུན་རྣམས། །རྒྱལ་བ་སྐུ་བཞིའི་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་པ་སྟེ་བདག་ནི་སྨོན་ལམ་འདེབས་པར་བྱེད་པ་པོའོ། །སེམས་ཅན་ཐམས་ཅད་སྨོས་པ་ནི་སྐྱེས་བུ་དམ་པའི་ངང་ཚུལ་ཏེ། སྡུད་པར། གཞན་དོན་བྱེད་པ་མེད་པར་བྱང་ཆུབ་ཡོད་མིན་ཞིང་། །ཞེས་དང་། མ་དྲོས་པས་ཞུས་པའི་མདོར། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པོ་གང་ཞེ་ན། སེམས་ཅན་བློས་ཡོངས་སུ་མི་གཏོང་བའི་སེམས་སོ། །ཞེས་གསུངས་པ་བཞིན་ནོ། །བསམ་སྦྱོར་རྣམ་དག་ཅེས་པའི་བསམ་པ་རྣམ་པར་དག་པ་ནི། བརྣབ་སེམས་། གནོད་སེམས། ལོག་ལྟ་སོགས་ཡིད་ཀྱི་ཀུན་སློང་མི་དགེ་བ་


KMC003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་ཀུན་སློང་དགེ་བའོ། །དེ་ཡང་སྡོམ་པ་ཉི་ཤུ་པ་ལས། སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་ལྟར། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་གཡོ་ཅན་བསད་པས་བསྐལ་པ་མང་པོའི་ཚོགས་བཟླུམས་པ་དང་། དགེ་བཤེས་འབེན་གྱིས་སྦྱིན་བདག་འགའ་ཞིག་མཇལ་བར་ཡོང་གདོང་རྟེན་མཆོད་ལ་བྱི་དོར་གཟབས་ཐོམ་བྱས་ཤིང་། སླར་རང་གི་ཀུན་སློང་ལ་བརྟགས་པས་མཛེས་འདོད་ཀྱི་ཟོབ་བྱས་པར་མཐོང་ནས་ཐལ་བ་སྤར་གང་གཏོར་བ། ཕ་དམ་པས་གསན་ནས་བསྔགས་བརྗོད་མཛད་པ་ལྟ་བུ་དགེ་བའི་ཀུན་སློང་སྟོབས་ཆེ་ན་སྦྱོར་བ་ཅུང་ཟད་མ་དག་ཀྱང་དག་པ་དང་འདྲ་བ་ཉིད་དོ། །སྦྱོར་བ་རྣམ་པར་དག་པ་ནི། ལུས་ངག་གི་ལེགས་པར་སྤྱད་པ་རྣམས་ཏེ། དེ་ཡང་ཀུན་སློང་དགེ་བས་བསྐྱེད་པ་འབའ་ཞིག་དགོས་སོ། །དེ་ལྟར་བསམ་སྦྱོར་རྣམ་པར་དག་པ་ནི་གངས་རིའི་གཟུགས་སུ་བཀོད་ཅིང་དེ་ལས་བྱུང་བའི་དགེ་ཚོགས་ཞེས་པ། ལུས་ངག་ཡིད་གསུམ་གྱི་དགེ་


KMC003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཅུ་དང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ཟག་བཅས་དང་ཟག་མེད་ཀྱིས་བསྡུས་པའི་དགེ་བའི་རྩ་བ་རྣམས་ཏེ། དེ་དག་ནི་ཆུ་རྒྱུན་གྱི་གཟུགས་སུ་བྱས་པའོ། །དེ་ལྟ་བུའི་དགེ་ཚོགས་ཆུ་རྒྱུན་དེའང་། འཁོར་གསུམ་རྙོག་མེད་ཅེས་འཁོར་གསུམ་གྱི་དམིགས་པའི་རྡུལ་གྱི་རྙོག་པ་དང་བྲལ་བ་སྟེ་དམིགས་པ་དང་བཅས་པ་ནི་ནམ་ཡང་བྱང་ཆུབ་ཀྱི་ལམ་དུ་རུང་བ་མ་ཡིན་པའི་ཕྱིར་རོ། །དེའང་འཇུག་པ་ལས། རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཕྱིར་བསྔོས་ཀྱང་། །གསུམ་དམིགས་ཡོད་ན་དེ་ནི་འཇིག་རྟེན་པའོ། །དམིགས་པ་མེད་ན་དེ་ཉིད་སངས་རྒྱས་ཀྱིས། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་གསུངས། །ཅེས་པ་ལྟར་རྒྱལ་བའི་ཡུམ་སོགས་ལས་དམིགས་པ་དང་བཅས་པའི་དགེ་བ་མཐའ་དག་བྱང་ཆུབ་སེམས་དཔའི་བདུད་ཀྱི་ལས་སུ་གསུངས་སོ། །དེ་ལ་འཁོར་གསུམ་ནི། སྦྱིན་པ་ལ་མཚོན་ན་འཇུག་པར། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོངས། །ཞེས་


KMC003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། ཡུལ་དང་དངོས་པོ་བྱེད་པ་པོ་གསུམ་ལ་དམིགས་པའོ། །འདིའི་འཁོར་གསུམ་དམིགས་བྲལ་གྱི་ཤེས་རབ་དངོས་ནི་འཕགས་པ་རྣམས་ལས་གཞན་ལ་མེད་ཅིང་། ལུང་དང་བླ་མའི་གདམས་ངག་གིས་རྗེས་མཐུན་རྟོགས་པ་ནི་སོ་སྐྱེ་ལའང་ཡོད་དོ། །སྤྱིར་ཐབས་དང་བྲལ་བའི་ཤེས་རབ་ཀྱིས་ཞི་བ་ཕྱོགས་གཅིག་པར་འཆིང་ལ། ཤེས་རབ་མེད་པའི་ཐབས་ཀྱིས་འཁོར་བར་འཆིང་བས་གཉི་ག་ཟུང་འབྲེལ་དུ་ཉམས་སུ་ལེན་དགོས་པའི་ཕྱིར་འདིར་ཡང་སེམས་ཅན་ཐམས་ཅད་ཅེས་པས་ཐབས་སྙིང་རྗེ་ཆེན་པོ་དང་། འཁོར་གསུམ་རྙོག་མེད་ཅེས་པས་ཤེས་རབ་སྟོང་པ་ཉིད་བསྟན་པ་ཡིན་ཞིང་། དེ་བཞིན་དུ་བློ་གྲོས་མི་ཟད་པས་ཞུས་པའི་མདོར། ཐབས་དང་བྲལ་བའི་ཤེས་རབ་ཀྱིས་མྱ་ངན་ལས་འདས་པར་འཆིང་ལ། ཤེས་རབ་དང་བྲལ་བའི་ཐབས་ཀྱིས་འཁོར་བར་འཆིང་བས་ཟུང་དུ་འབྲེལ་བ་ཞིག་དགོས་སོ། །ཞེས་བཀའ་སྩལ་ཏོ། །དགེ་ཚོགས་དེ་གང་ལ་བསྔོ་བའི་ཡུལ་རྒྱལ་བ་སྐུ་བཞི་ནི། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་


KMC003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྤྲུལ་པའི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུའོ། །དེ་ལ་ཆོས་ཀྱི་སྐུ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མཐར་ཐུག་པ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་སྟེ་འགྲོ་བ་རྣམས་ལ་བདེ་བར་གཤེགས་པ་དག་གིས་ཕན་པ་བླ་ན་མེད་པ་སྒྲུབ་པའི་བདག་རྐྱེན་དུ་གྱུར་པའོ། །དེའང་འཕགས་པ་ཀླུས། གང་ཞིག་གཅིག་དང་དུ་མ་ཡང་མིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། །དངོས་མེད་ཉིད་མིན་དངོས་པོ་མ་ཡིན་ནམ་མཁའ་བཞིན་དུ་རོ་མཉམ་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་རྣམ་པར་འགྱུར་བ་མེད་པ་ཞི་ཞིང་མི་མཉམ་མཉམ་ལ་ཁྱབ་པ་རབ་ཏུ་སྤྲོས་མེད་པ། །སོ་སོར་རང་གིས་རིག་བྱ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་དེ་ལ་བདག་ནི་ཕྱག་འཚལ་ལོ། །ཞེས་གསུངས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །


KMC003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འབྱུང་བ་ལྟར། བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུའི་འབྱོར་པ་མ་ཚང་བ་མེད་པའི་སྐུར་སྣང་ཡང་རང་བཞིན་དང་བྲལ་བས་ཕྱོགས་སུ་མ་ཆད་པའི་ཕྱིར། རྡོ་རྗེ་ཐེག་པར་རྣམ་པ་ཐམས་ཅད་པའི་སྐུ་དང་ཞལ་སོགས་སུ་གསུངས་པ་དེའོ། །དེའང་ཞིང་དང་འཁོར་ཡོངས་སུ་དག་པའི་ཕྱིར་རྫོགས་པར་ལོངས་སྤྱོད་པའི་ཆོས་ནི་ཐེག་པ་ཆེན་པོ་འབའ་ཞིག་གོ །སྤྲུལ་པའི་སྐུ་ནི། བདེ་བར་གཤེགས་པ་ལོངས་སྤྱོད་རྫོགས་སྐུར་མངོན་པར་སངས་རྒྱས་པ་དེ་མ་ཐག་ཏུ་ཉི་མ་དང་འོད་བཞིན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱི་རང་གཟུགས་ཞིང་དག་པ་དང་མ་དག་པ་ཅི་རིགས་པ་རྣམས་སུ་སྣང་བ་སྟེ། མཆོག་གི་སྤྲུལ་སྐུ་ཛམྦུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་རྣམས་དང་། སྐྱེ་བ་སྤྲུལ་སྐུ་འཕགས་པ་དང་སོ་སོ་སྐྱེ་བོའི་ཚུལ་ལ་སོགས་པ་སེམས་ཅན་དུ་སྟོན་པ་དང་། མཆོད་སྡོང་དང་གཟེངས་དང་ཟམ་པ་ལ་སོགས་པ་བེམ་པོའི་ཚུལ་དུ་སྟོན་པ་རྣམས་དང་། བཟོ་བོ་སྤྲུལ་སྐུ་དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཕྱིར་པི་ཝང་


KMC003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པར་སྤྲུལ་པ་སོགས་ཡིན་པར་བོད་ཀྱི་མཁས་པ་རྣམས་བཞེད་ཀྱང་མཆོག་གི་སྤྲུལ་སྐུ་ཉིད་རྒྱལ་རིགས་སོགས་སུ་སྐྱེ་བ་བཞེས་པའི་ཚུལ་དེ་སྐྱེ་བ་སྤྲུལ་སྐུ། བཟོ་གནས་ལ་མཁས་པར་སྟོན་པའི་ཚེ་བཟོ་སྤྲུལ་སྐུ། བྱང་ཆུབ་བརྙེས་པར་སྟོན་པ་ནས་མཆོག་གི་སྤྲུལ་སྐུར་འཕགས་ཡུལ་གྱི་མཁས་པ་དག་གི་གཞུང་དུ་གསལ་ཞིང་། དེ་ལྟར་གྱི་ཚེ། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་གསུངས་པའི་ལུང་དོན་དང་ཡང་འབྱོར་རོ། །ངོ་བོ་ཉིད་ཀྱི་སྐུ་ནི། རྟོགས་པ་ཆོས་ཀྱི་སྐུའི་སྟོབས་ཀྱིས་ཐོབ་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཞི་བ་ཆེན་པོ་སྟེ། འདི་ཉིད་རྡོ་རྗེ་ཐེག་པར་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པའི་ཕྱིར་བདེ་བ་ཆེན་པོའི་སྐུར་གསུངས་སོ། །དེ་ཡང་སློབ་དཔོན་ཀླུས། འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ནམ་མཁའ་མཉམ་པར་གནས་པ་དངོས་པོ་ཐམས་ཅད་ཀྱི་རང་བཞིན། །


KMC003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཞི་ཞིང་རྣལ་འབྱོར་རྣམ་པར་དབེན་ལ་མཆོག་ཏུ་ཞི་བའི་རང་བཞིན་རྣལ་འབྱོར་པ་ཡིས་རྟོགས་བྱ་ཉིད། །རྟོགས་པར་དཀའ་ཞིང་རྣམ་པར་དཔྱད་དཀའ་ནང་དང་གཞན་ལ་ཕན་པ་ཁྱབ་པ་མཚན་མེད་རྣམ་རྟོག་དང་། །བྲལ་བ་གཅིག་པུའི་སྐུ་ནི་རྒྱལ་བ་རྣམས་ཀྱི་མི་མཉམ་མཉམ་པ་བདེ་བའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟར་སྐུ་བཞི་པོ་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་རྒྱ་མཚོའི་གཟུགས་སུ་བྱས་པ་དེར་སྔར་སྨོས་པའི་དགེ་ཚོགས་ཀྱི་ཆུ་རྒྱུན་རྣམས་འཇུག་པར་གྱུར་ཅིག་ཅེས་སོ། །དེས་ཤླཽ་ཀ་འདི་བདེ་བར་གཤེགས་པའི་ལམ་འབྲས་བུ་དང་བཅས་པའི་ཆོས་རྣམས་མདོར་བསྡུས་པའི་སྨོན་ལམ་སྟེ། ཚིག་རྗེས་མ་རྣམས་ཀྱང་འདི་ཉིད་ལས་འཕྲོས་པར་ཤེས་དགོས་ཤིང་། དཔེ་དང་དཔེ་ཅན་གཟུགས་གཅིག་ཏུ་བྱས་པའི་ཚིག་སྦྱོར་འདི་འདྲ་བ་ནི་སྙན་དངགས་ཀྱི་བསྟན་བཅོས་ལས་གཟུགས་ཅན་གྱི་རྒྱན་དུ་བཤད་དོ།། ༈ །།གཉིས་པ་བྱེ་བྲག་ཕྱེ་སྟེ་སྨོན་ལམ་གདབ་པ་ལ། ལམ་གྱི་རྟེན་ཕུན་སུམ་ཚོགས་པ་ལ་སྨོན་པ། ལམ་


KMC003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་བྱེད་ཀྱི་ཤེས་རབ་ལ་སྨོན་པ། འཁྲུལ་མེད་ཀྱི་ལམ་ཉིད་ལ་སྨོན་པ། ལམ་དེ་ཉམས་སུ་ལེན་ཚུལ་མ་འཁྲུལ་བ་ལ་སྨོན་པ། དེ་མཐར་ཕྱིན་པའི་འབྲས་བུ་ལ་སྨོན་པའོ།། ༈ །།དང་པོ་ལའང་ཐུན་མོང་གི་དང་། ཐུན་མོང་མིན་པའི་དེ་གཉིས། དང་པོ་ནི། ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུ། །སྐྱེ་དང་སྐྱེ་བའི་ཚེ་རབས་ཀུན་ཏུ་ཡང་། །སྡིག་དང་སྡུག་བསྔལ་སྒྲ་ཡང་མི་གྲགས་ཤིང་། །བདེ་དགེ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་སྟེ། ཚིག་རྐང་སྔ་མ་གཉིས་ཀྱིས་ནི། སྐྱེ་བ་འདི་ནས་བཟུང་སྔར་བཤད་པའི་རྒྱལ་བ་སྐུ་བཞིའི་གོ་འཕང་ཁྱད་པར་ཅན་དེ་མ་ཐོབ་ཀྱི་བར་ཚེ་རབས་ཐམས་ཅད་དུ། ཞེས་བསྟན་ཅིང་། ཕྱི་མ་གཉིས་ཀྱིས་དེར་རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་གྱི་སྒྲ་ཡང་མི་གྲགས་པར། རྒྱུ་དགེ་བ་དང་འབྲས་བུ་བདེ་བ་རྒྱ་མཚོ་ལྟ་བུའི་དཔལ་ལ་སྤྱོད་པ་ཁོ་ནར་གྱུར་ཅིག །ཅེས་བསྟན་ཏོ། །དེ་ཡང་རིན་ཆེན་ཕྲེང་བ་ལས། ཆགས་དང་ཞེ་སྡང་གཏི་མུག་དང་། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་བ་ལས་སྡུག་


KMC003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་དུ་བདེ་བ་དག །ཅེས་དང་སྤྱོད་འཇུག་ལས། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཅེས་འབྱུང་ངོ་།། ༈ །།གཉིས་པ་ནི། དལ་འབྱོར་མཆོག་ཐོབ་དད་བརྩོན་ཤེས་རབ་ལྡན། །བཤེས་གཉེན་བཟང་བསྟེན་གདམས་པའི་བཅུད་ཐོབ་ནས། །ཚུལ་བཞིན་སྒྲུབ་ལ་བར་ཆད་མ་མཆིས་པར། །ཚེ་རབས་ཀུན་ཏུ་དམ་ཆོས་སྤྱོད་པར་ཤོག །ཅེས་པའོ། །དེ་ལ་གོང་གི་ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུ། ཞེས་པ་འདིར་ཡང་བསྒྲེས་ནས། དལ་འབྱོར་མཆོག་ཐོབ་ཅེས་པའི་དལ་འབྱོར་ནི་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་མི་ལུས་སོ། །དལ་བ་བརྒྱད་ནི་མི་ཁོམ་པའི་གནས་བརྒྱད་ལས་དལ་བའི་ཕྱིར་དལ་བ་ཞེས་བྱ་སྟེ་མི་ཁོམ་པའི་གནས་བརྒྱད་པོའང་། དྲན་ཉེ་


KMC003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་རྣམས་སོ། །འབྱོར་པ་བཅུ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་རང་འབྱོར་ལྔ་དང་། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་གཞན་འབྱོར་ལྔ་བཤད་པ་དག་གོ །དེ་ལྟར་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་ལུས་ནི་དེ་ཉིད་དུ་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་ཏུ་རུང་བའི་རྟེན་ཡིན་པའི་ཕྱིར་མཆོག་ཅེས་གསུངས་ཤིང་དེའི་ནང་ནས་འཛམ་གླིང་ན་སྐྱེས་པའི་དལ་འབྱོར་ཕུན་ཚོགས་ཀྱི་རྟེན་ནི་གཞན་ལས། དགེ་སྡིག་གི་སྟོབས་ཆེ་བའི་ཕྱིར་མཆོག་གིའང་མཆོག་གོ །དེ་ལྟར་ཡང་སྡོམ་འབྱུང་ལས། གླིང་གསུམ་སྐྱེས་པ་ཁམས་དྲུག་ལས། །མཆོག་ཡིན་འཛམ་གླིང་ལེགས་སྐྱེས་པ། །ལས་ཀྱི་ས་པར་རབ་ཏུ་གྲགས། །ཞེས་གསུངས་སོ། །དལ་


KMC003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྱི་རྟེན་བཟང་པོ་ཐོབ་ཀྱང་དད་པ་དང་བརྩོན་འགྲུས་ཤེས་རབ་གསུམ་མ་འཛོམ་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་མི་ནུས་ཏེ། ཕལ་པོ་ཆེ་ལས། སྲིད་པའི་གནས་ཅན་དད་པ་ཆུང་བ་ཡིས། །སངས་རྒྱས་བྱང་ཆུབ་ཤེས་པར་མི་ནུས་སོ། །ཞེས་དང་། ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་དགེ་བ་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དད་པ་མེད་པའི་སྐྱོན་དང་། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ལེ་ལོ་ཅན་ལ་ནི་སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་ལ་ནི་གཞན་དོན་བྱ་བ་མེད་དོ། །ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། །ཞེས་གསུངས་པ་སོགས་བརྩོན་འགྲུས་མེད་པའི་སྐྱོན་དང་། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པས་བྱང་ཆུབ་རེག་


KMC003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུས་མ་ཡིན། །ཞེས་དང་། དབྱིག་གཉེན་གྱིས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །དེ་མེད་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །ཞེས་གསུངས་པ་སོགས་ཤེས་རབ་མེད་པའི་སྐྱོན་ཡིན་ཞིང་། རྒྱས་པར་ནི་མ་སྤྲོས་སོ། །རྒྱུ་མཚན་དེས་ན། དད་བརྩོན་ཤེས་རབ་ལྡན་ཅེས་སྨོས་པའོ། །འོ་ན་དད་བརྩོན་ཤེས་རབ་གསུམ་པོ་དེའི་ངོ་བོ་རང་ཅི་འདྲ་བ་ཞིག་ཅེ་ན། དད་པ་ནི། མངོན་པ་ཀུན་ལས་བཏུས་པར། དད་པ་གང་ཞེ་ན། ལས་དང་འབྲས་བུ་དང་། བདེན་པ་དང་དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། འདོད་པ་དང་། སེམས་དང་བའོ། །ཞེས་འབྱུང་བ་ལྟར་ལས་དང་འབྲས་བུའི་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡིད་ཆེས་པའི་དད་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་འདུན་པའི་དད་པ་དང་། དཀོན་མཆོག་གསུམ་ལ་སེམས་དང་པའི་དད་པ་སྟེ་རྣམ་པ་གསུམ་དུ་དབྱེར་ཡོད་པའོ། །བརྩོན་འགྲུས་ནི། དགེ་བ་ལ་མི་སྤྲོ་


KMC003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལེ་ལོའི་གཉེན་པོར་གྱུར་པའི་སེམས་བྱུང་སྟེ། ཆོས་མངོན་པ་ལས། བརྩོན་འགྲུས་གང་ཞེ་ན་ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྤྲོ་བའོ། །ཞེས་བཤད་ཅིང་དབྱེ་བ་རྟག་སྦྱོར་དང་གུས་སྦྱོར་གཉིས་སོགས་སུ་ཡོད་དོ། །ཤེས་རབ་ནི་ཤེས་བྱའི་ཆོས་རྣམས་རབ་ཏུ་འབྱེད་པར་བྱེད་པའི་སེམས་བྱུང་སྟེ། ཀུན་བཏུས་ལས། ཤེས་རབ་གང་ཞེ་ན། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །ཞེས་གསུངས་ཤིང་། དབྱེ་ན་འཇིག་རྟེན་པའི་དང་། འཇིག་རྟེན་ལས་འདས་པའི་གཉིས་སོ། །དེ་ལྟར་དད་བརྩོན་ཤེས་རབ་གསུམ་གའི་ཆ་དང་ལྡན་ཡང་བདག་རྐྱེན་དགེ་བའི་བཤེས་གཉེན་ལ་མ་བསྟེན་པར་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱེད་མི་ནུས་ཏེ། བརྒྱད་སྟོང་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་


KMC003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་བར་བྱའོ། །ཞེས་གསུངས་པ་སོགས་ལུང་མཐའ་ཡས་ཤིང་། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པར་ནི། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཅེས་དང་། གསང་བ་འདུས་པ་ལས། ང་ཉིད་སློབ་དཔོན་གཟུགས་སྤྲུལ་ནས། །ཅེས་དང་། དུས་འཁོར་ལས། བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་པའོ། །ཞེས་སོགས་གསུངས་པ་ལྟར། གང་ལ་དོན་གྱི་དབང་བསྐུར་ཞུས་པའི་རྡོ་རྗེ་སློབ་དཔོན་དེ་ཉིད་སོ་སོ་སྐྱེ་བོའི་ཚུལ་སྟོན་ཀྱང་རྡོ་རྗེ་འཆང་ཉིད་དུ་བལྟ་དགོས་ཤིང་དོན་གྱིས་ཀྱང་དེ་ལྟར་ཡིན་པས། བླ་མ་རྡོ་རྗེ་འཆང་དེ་དང་མི་ལྡན་པས་ནི་བྱང་ཆུབ་འགྲུབ་པ་ལྟ་ཅི་སྨོས་དངོས་གྲུབ་ཕྲ་མོ་ཙམ་ཡང་མི་འགྲུབ་སྟེ། དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞིང་། ཞེས་དང་། །སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པ་


KMC003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་མཐར་མིན། །ཞེས་དང་། ཀྱཻ་རྡོ་རྗེ་ལས། གཞན་གྱི་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་འདིར་ཡང་། བཤེས་གཉེན་བཟང་བསྟེན་ཞེས་གསུངས་ལ་བསྟེན་པར་སྨོན་བྱའི་བཤེས་གཉེན་དེའང་གང་གིས་སྟེན་པར་བྱེད་པའི་གདུལ་བྱ་དེའི་སྐལ་པ་དང་འཚམ་ཞིང་། སྐབས་སུ་བབས་པའི་ཆོས་སྟོན་ནུས་པ་དང་། དེའི་རྒྱུད་ལ་དེའི་སྐབས་སུ་འཚམས་པའི་རྣམ་པར་དཀར་བའི་ཡོན་ཏན་སྔར་མེད་གསར་དུ་བསྐྱེད་ཅིང་ཡོད་པ་གོང་ནས་གོང་དུ་སྤེལ་བའི་ཐབས་ལ་མ་རྨོངས་པས་འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་བའི་ཐུགས་རྗེ་ཅན་ཞིག་སྟེ་དཔེར་ན་དམ་པའི་ཆོས་འདུལ་བ་ལ་གཞུག་པར་འོས་པའི་སྐལ་པ་ཅན་ལ་དེ་དང་འཚམ་པར་རྗེས་སུ་འཛིན་པའི་བླ་མ། བཙུན་པ། མཁས་པ། བརྟན་པ། ཕན་འདོགས་པའི་ཡན་ལག་སྟེ། ཡན་ལག་བཞི་དང་ལྡན་པའི་མཁན་པོ་དང་། དེ་བཞིན་དུ་གསང་སྟོན་ལས་


KMC003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སོགས་ཀྱི་སློབ་དཔོན་རྣམས་ཀྱང་རང་རང་གི་མཚན་ཉིད་ཕུན་སུམ་ཚོགས་པ་དང་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་མ་སྐྱེས་པ་བསྐྱེད་པའམ། སྐྱེས་པ་གོང་ནས་གོང་དུ་སྤེལ་བར་འོས་པ་ཞིག་གི་སྐབས་སུ། ཞི་ལྷས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་གསུངས་པ་ལྟ་བུའི་མཚན་ཉིད་ཅན་དང་། གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་བཀྲི་བར་སྐབས་སུ་བབས་པ་ལ། དུས་འཁོར་ལས། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེ་ཐེག་ལ་ལྷག་པར་གནས། །དེ་ཉིད་སྒོམ་ཞིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ལ་ཞུགས ། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཅིང་དེ་ཉིད་ལ་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་


KMC003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གྲགས་པའོ། །ཞེས་གསུངས་པ་དང་། གཞན་ཡང་རྒྱུད་སྡེ་རྣམས་ནས་ཅི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལྟ་བུའོ། །དེའང་སྤྱིར་གདུལ་བྱ་རང་ཉིད་འཁོར་བ་ན་སྒྲིབ་པ་སྟུག་པོའི་སྦུབས་སུ་གནས་པའི་ཚེ་བླ་མའང་སོ་སོ་སྐྱེ་བོའི་ཚུལ་དང་། དེ་ལས་སྒྲིབ་པ་ཤས་ཆུང་བར་གྱུར་པ་ན་བྱང་འཕགས་ཀྱི་ཚུལ་དང་། ཚོགས་ལམ་ཆེན་པོ་ནས་མཆོག་གི་སྤྲུལ་སྐུའི་ཚུལ་དང་། འཕགས་ལམ་ཐོབ་ནས་ལོངས་སྤྱོད་རྗོགས་སྐུའི་ཚུལ་དུ་སྣང་བ་ལ་བསྟེན་པར་ནུས་པས་འདི་སྐབས་སུ་སྨོན་པར་བྱ་རྒྱུའང་ཕྱོགས་རེ་བར་མི་གཟུང་ངོ་། །བླ་མ་ལ་བཤེས་གཉེན་དུ་བོད་པའང་ཕར་ཕྱིན་པའི་ཆོས་སྐད་དེ་སྲིད་པའི་མཚོ་ལས་འདོན་པའི་བཀའ་དྲིན་འདི་ལྟ་བུ་ཕ་དང་མ་དང་གཉེན་བཤེས་སུས་ཀྱང་མ་མཛད་པའི་ཕྱིར་བླ་ན་མེད་པའི་བཤེས་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱང་སྐྱོན་དག་ཅིང་ཡོན་ཏན་ཡོངས་སུ་རྫོགས་པས་ན་བཟང་པོའོ། །དེ་བསྟེན། ཅེས་པའང་མཉེས་ཐབས་རྣམ་པ་ལྔ་དང་། ཞབས་ཏོག་དགུ་ཕྲུགས་སོགས་


KMC003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ་ནས་བསྟེན་པ་སྟེ། ཚོང་དཔོན་གྱི་བུ་ནོར་བཟང་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་དགེ་བའི་བཤེས་གཉེན་བསྟེན་པ་དང་། སྒྲུབ་བརྒྱུད་འདི་པའི་དམ་པ་རྣམས་ཀྱིས་བླ་མ་བསྟེན་པའི་ཚུལ་ཇི་ལྟ་བར་བཤེས་གཉེན་དམ་པ་སྙིང་རྗེའི་དབང་དུ་གྱུར་པ་དེའི་བཞེད་པ་སྐོང་བར་བྱེད་པའོ། །གདམས་པའི་བཅུད་ཐོབ། ཅེས་པའི་གདམས་པ་ནི། གདུལ་བྱའི་རྒྱུར་ལམ་གྱི་ཡོན་ཏན་ལ་གོང་ནས་གོང་དུ་སྦྱོར་བར་བྱེད་པའི་སླད་དུ་ཐེག་པ་གསུམ་དང་། བསླབ་པ་གསུམ་སོགས། དྲང་པ་དང་ངེས་པའི་དོན་དང་། ཐུན་མོང་དང་ཐུན་མོང་མིན་པའི་སྒོ་ནས་སྐལ་པ་དང་འཚམ་པར་ཆོས་སྟོན་པ་སྟེ། དེ་ཉིད་ཀྱིས་ཐར་པའི་སྲོག་འཛིན་པར་བྱེད་པའི་ཕྱིར་བཅུད་དོ། །དེ་ལྟ་བུའི་གདམས་པ་ཐོབ་ནས་ཀྱང་ཐོབ་ལོ་ཙམ་དུ་མི་བཞག་པར། ཚུལ་བཞིན་བསྒྲུབ། ཅེས་གསུངས་པ་སྟེ། བདེ་བར་གཤེགས་པའི་བཀའ་དང་བསྟན་བཅོས་རྣམས་ལས་ཅི་ལྟར་གསུངས་པ་དང་། བླ་མས་ཅི་ལྟར་གདམས་པའི་ཚུལ་དེ་ལྟ་ཁོ་ནར་ཉམས་སུ་ལེན་


KMC003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལྟར་སྒྲུབ་པ་ལ་བར་ཆད་མ་མཆིས་པ་ཞེས་བྱ་བ་ནི། ཕྱི་རོལ་གྱི་འབྱུང་བ་བཞི་དང་མི་དང་མི་མ་ཡིན་པ་ལ་སོགས་ཀྱི་བར་ཆད་དང་། ནང་དུ་ནད་དང་ཉོན་མོངས་པ། རྣམ་པར་རྟོག་པ་ལ་སོགས་པའི་བར་ཆད་དེ་མདོར་ན་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ལམ་ལ་བར་དུ་གཅོད་པ་མཐའ་དག་དང་བྲལ་བ་ཞེས་སོ། །ཚིག་རྐང་མཐའ་མས་ནི། སྔ་མ་གསུམ་གྱི་དོན་མདོར་བསྡུས་པ་སྟེ། དལ་འབྱོར་གྱི་ལུས་ཐོབ་པ། དེའང་དད་བརྩོན་ཤེས་རབ་དང་ལྡན་པ། དེས་བཤེས་གཉེན་བཟང་པོ་བསྟེན་དུ་ཡོད་པ། དེ་ལས་གདམས་ངག་ཐོས་པ། དེ་ཚུལ་བཞིན་སྒྲུབ་པ། དེ་ལ་བར་ཆད་མེད་པ་རྣམས་དང་བཅས་པ་ནི་དམ་ཆོས་སྤྱོད་པའི་སྐལ་བ་ཕུལ་དུ་བྱུང་བ་ཅན་ཡིན་པས། འདི་ནས་བཟུང་བྱང་ཆུབ་མ་ཐོབ་ཀྱི་བར་ཚེ་རབས་ཀྱི་ཕྲེང་བ་ཐམས་ཅད་དུ་དེ་ལྟར་གྱུར་ཅིག་ཅེས་པའོ།། ༈ །།གཉིས་པ་ལམ་རྟོགས་བྱེད་ཀྱི་ཤེས་རབ་ལ་སྨོན་པ་ནི། ལུང་རིགས་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ། །མན་ངག་བསམ་པས་ཐེ་ཚོམ་


KMC003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མུན་ནག་བཅོམ། །བསྒོམས་བྱུང་འོད་ཀྱིས་གནས་ལུགས་ཅི་བཞིན་གསལ། །ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་ཤོག །ཅེས་པ་སྟེ་ཚིག་རྐང་དང་པོས་ཐོས་བྱུང་གི་ཤེས་རབ། གཉིས་པས་བསམ་བྱུང་གི །གསུམ་པས་བསྒོམས་བྱུང་གི །བཞི་པས་སྨོན་ལམ་གྱི་མདོར་བསྡུས་སྟོན་པའི་དང་པོ་ནི། ལུང་ཞེས་པ་འདི་སྐབས་བཀའ་དང་བསྟན་བཅོས་གཉིས་ཀྱི་བཀའ་ནི། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་གསུངས་པ་ལྟ་བུ་སྟེ། བདག་རྐྱེན་རྫོགས་པའི་སངས་རྒྱས་ལ་བསྟེན་ནས་བྱུང་བའི་གསུང་རབ་ཐམས་ཅད་དོ། །དེ་ཡང་དབྱེ་ན། ཞལ་ནས་གསུངས་པའི་བཀའ། རྗེས་སུ་གནང་བའི་བཀའ། བྱིན་གྱིས་བརླབས་པའི་བཀའ་དང་གསུམ་མམ། བརྗོད་བྱའི་དབང་དུ་ན། འདུལ་བ། མདོ་སྡེ། མངོན་པ་གསུམ་མོ། །དེ་ལྟར་ན་གསང་


KMC003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྡེ་སྣོད་འདི་དག་ཏུ་འདུ་འམ་ཞེ་ན། གསུམ་གའི་སྙིང་པོ་ཡིན་པའི་ཕྱིར་ཁྱད་པར་གྱི་སྒོ་ནས་རིག་པ་འཛིན་པའི་སྡེ་སྣོད་ཅེས་ཟུར་དུ་བྱས་པ་ཙམ་ལས་ངེས་པར་འདུ་སྟེ། རང་བྱུང་རྒྱལ་བས། ཟབ་མོའི་མདོ་འདུལ་མངོན་པ་ཡིས། །ཅེས་གསུངས་ཤིང་། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པས་སོ། །བསྟན་བཅོས་ནི། རྒྱུད་བླར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་པ་ལྟ་བུ་ཞིང་འདིར་སྟོན་པ་མྱ་ངན་ལས་འདའ་ཚུལ་བསྟན་ནས། བྱང་སེམས་འཕགས་པ་དང་། ཉན་ཐོས་འཕགས་པ་དག ། སོ་སྐྱེ་པནྜི་ཏ་རྣམས་ཀྱིས་བརྩམས་པའི་དོན་བཞིན་དུ་བཀའི་དགོངས་པ་འགྲེལ་པ་ཇི་སྙེད་པའོ། །དེ་ལ་དབྱེ་ན། བཀའ་སྤྱི་དང་། བྱེ་བྲག་གི་དགོངས་འགྲེལ་གཉིས་སོགས་དབྱེ་སྒོ་མང་ངོ་། །རིག་པ་ནི་ཚད་མ་མདོ་


KMC003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡེ་བདུན་ལ་སོགས་པའི་གཞུང་ལུགས་རྣམས་ནས་འབྱུང་བ་ལྟར་དམ་བཅའ་དང་གཏན་ཚིགས་དང་། དཔེ་ལ་སོགས་པའི་སྒོ་ནས་ལེགས་པར་གཏན་ལ་ཕབ་པས། རྟོགས་བྱའི་དོན་གང་ཡིན་པ་དེ་དོན་སྤྱིའི་ཚུལ་གྱིས་ཤེས་པར་བྱེད་པའོ། །དེ་ལྟར་བུའི་ལུང་དང་རིག་པ་གཉིས་བླ་མ་ལས་ཐོས་ཤིང་ཤེས་པར་བྱས་པས་ཐོས་པ་ལས་བྱུང་བའི་ཤེས་རབ་སྐྱེ་ཞིང་དེའི་མི་མཐུན་ཕྱོགས་ལུང་རིག་མི་ཤེས་པའི་སྤྲིན་ལས་གྲོལ་ཅེས་པའོ། །དེ་ལྟར་ཡང་སློབ་དཔོན་ཟླ་བས། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ །ཇི་ལྟར་དེ་ཡིས་ཆེས་ཟབ་ཆོས་རྟོགས་པ། །ལུང་དང་གཞན་ཡང་རིགས་པས་ཡིན་པས་ན། །ཞེས་དང་། སྐྱེས་རབས་སུ། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་བཞིན། །


KMC003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་སོགས་གསུངས་པའོ།། ༈ །།གཉིས་པ་ནི། མན་ངག་ཅེས་པ། ལེགས་སྦྱར་ཨུ་པ་དེ་ཤ་སྟེ་བདེ་བར་གཤེགས་པས་རང་རེའི་སྲིད་ཞིའི་འཆིང་བ་ལས་སྒྲོལ་བར་མཛད་པའི་སླད་དུ་ཐུགས་བརྩེ་བས་ཉེ་བར་བསྟན་པའི་དོན་དེ་དག་རང་རྒྱུད་དང་སྦྱར་ཏེ་ཚུལ་བཞིན་དུ་སེམས་པར་བྱེད་པ་ནི་མན་ངག་བསམ་པ་ཡིན་ཞིང་། ཁྱད་པར་དུ་བདེ་བར་གཤེགས་པས་མོས་པ་སོ་སོ་ལ་ཐེག་པ་སྣ་ཚོགས་བསྟན་པས་དྲང་ངེས་སྣ་ཚོགས་སུ་འགྱུར་བ་དང་། ཡང་དགོས་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་རྣམས་མཐའ་དྲུག་གིས་ཡོངས་སུ་བཅིངས་པས་ཤིན་ཏུ་བརླིང་པའི་ཕྱིར། ཆོས་ཀྱི་མིག་རྣམ་པར་དག་པས་རྟོན་པ་བཞི་ལ་རྟོན་པའི་སློབ་དཔོན་གྱིས་ཚུལ་བཞིན་གནད་ལེགས་པར་བཀྲོལ་ཏེ་གདམས་པའི་མན་ངག་སེམས་པར་བྱེད་པ་སྟེ་དེ་ལྟར་མན་ངག་བསམས་པ་དེས་བསམ་པ་ལས་བྱུང་པའི་ཤེས་རབ་སྐྱེ་ཞིང་དེའི་མི་མཐུན་ཕྱོགས་ཟབ་མོའི་གནས་ལ་སེམས་རྩེ་གཉིས་སུ་གྱུར་བའི་ཐེ་ཚོམ་གྱི་མུན་པ་


KMC003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ཞེས་པའོ།། ༈ །།གསུམ་པ་ནི་མང་དུ་ཐོས་ཤིང་ཐོས་པའི་དོན་ལ་ཚུལ་བཞིན་དུ་བསམ་པར་བྱས་པས་ཐེ་ཚོམ་དང་བྲལ་བའི་ངེས་པ་རྙེད་པ་དེ་ལ་མཉམ་པར་བཞག་ཅིང་སྒོམ་པ་ལས། བསྒོམས་བྱུང་གི་ཤེས་རབ་སྐྱེ་ཞིང་ཤེས་རབ་ཀྱི་འོད་དེས་གནས་ལུགས་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་གསལ་ཞེས་པའོ། །གནས་ལུགས་ཞེས་བྱ་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ཚུལ་དེ་གཞི་དུས་ཀྱི་ཕྱག་རྒྱ་ཆེན་པོ་དང་གཉུག་མའི་དེ་ཉིད་དང་། དང་པོའི་མགོན་པོ་དང་། དེ་བཞིན་གཤེགས་པའི་རིགས་སམ་སྙིང་པོ་ཞེས་ཀྱང་བཤད་དོ། །དེ་ལའང་ལུས་དངོས་པོའི་གནས་ལུགས་དང་། སེམས་དངོས་པོའི་གནས་ལུགས་གཉིས་ཀྱི་སྔ་མ་ནི། ཀྱེ་རྡོ་རྗེ་ལས། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་སོ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་པས་ནི་བདེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་


KMC003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བདེ་བ། །དེ་ཉིད་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན་། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་མི་འགྱུར་བདེ་བའི་གཟུགས། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་ཁུ་བའི་སྒྲས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་གྲུབ་ཅིང་སྣང་བ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྟེན་རྩ་རླུང་ཐིག་ལེའི་དྭངས་མ་རྡུལ་གྱི་ཆོས་ཉིད་ལས་འདས་པས་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་གཉུག་མའི་ལུས་ཉིད་དོ། །དེའང་དཔལ་རང་བྱུང་རྒྱལ་བ་ཉིད་ཀྱིས་རྩ་དང་རླུང་དང་ཐིག་ལེ་རྣམས་སེམས་ཀྱི་སྣང་བ་ལས་ཤར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་གྲུབ་ཅིང་སྣང་བ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་འགྱུར་པས་རྡོ་རྗེའི་ལུས་ཀྱི་གནས་ལུགས་སུ་གསུངས་སོ། །ཞེས་དང་། དེ་ཉིད་རྗེ་བདུན་པས། ཚོགས་བརྒྱད་ཀྱི་དྲི་མ་མེད་པའི་རང་ངོ་སྐུ་བཞིར་གནས་པ་དེ་ཉིད་ཐོག་མ་མེད་པའི་དུས་ཅན་རྒྱས་འགྱུར་གྱི་རིགས་སུ་རང་བྱུང་ཞབས་ཀྱིས་བཞེད་པས་དེ་དང་གནད་གཅིག་པར་གསུངས་


KMC003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཞིང་འཐད་པ་སྒྲུབ་པའི་ལུང་རིགས་མང་ཡང་རེ་ཞིག་མ་སྤྲོས་སོ།། ༈ །།གཉིས་པ་སེམས་དངོས་པོའི་གནས་ལུགས་ནི། རྒྱར་མ་ཆད་ཕྱོགས་སུ་མ་ལྷུང་སྤྲོས་པའི་མཐའ་དང་བྲལ་བའི་ཆོས་ཀྱི་དབྱིངས་སོ། །དེའང་གྲོལ་ཐིག་ལས། རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟག་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བྱའོ། །དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པ། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །ཞེས་ཟབ་གསལ་གཉིས་མེད་དུ་བཤད་ཅིང་གཉུག་མའི་སེམས་དང་རང་བཞིན་གནས་རིགས་ཀྱང་འདིའོ། །དེ་ལྟར་གནས་ལུགས་ཀྱི་དོན་འདིར་སྐབས་དོན་མ་སྟོང་ཙམ་ཞིག་ལས་གཤམ་དུ་འཆད་པ་ལས་ཤེས་པར་བྱའོ། །དེ་ལྟ་བུའི་ལུས་སེམས་ཀྱི་གཞིའི་གནས་


KMC003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་དེ་གཉིས་ཆུ་དང་འཁྱག་སྦྲམ་བཞིན་དུ་དབྱེར་མི་ཤེས་པས་གཞི་དུས་ཀྱི་སྐུ་གཉིས་ཟུང་འཇུག་ཅེས་བྱ་ཞིང་། དེ་ཉིད་སྒོམ་སྟོབས་ཀྱིས་རང་རིག་མངོན་སུམ་ཁོ་ནས་གསལ་བར་ནུས་ཀྱི་ཐབས་གཞན་གྱིས་མ་ཡིན་ཏེ། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་འབྱུང་ངོ་། །ཤེས་རབ་གསུམ་གྱི་སྔ་ཕྱིའི་འབྲེལ་ཡང་འདི་ལྟ་ཁོ་ན་ཡིན་ཏེ་ཅིག་ཅར་བའི་གང་ཟག་ལ་མ་ངེས་པ་སྲིད་ཀྱང་ཡོངས་གྲགས་རིམ་གྱིས་པའི་དབང་གིས་སྔ་མ་སྔ་མ་མེད་པར་ཕྱི་མ་ཕྱི་མ་མི་འབྱུང་བས་མེད་ན་མི་འབྱུང་གི་འབྲེལ་པ་གྲུབ་པའི་ཕྱིར་དང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་འབྱུང་བས་སོ།། ༈ །།བཞི་པ་ནི། ཐོས་བསམ་སྒོམ་བྱུང་གི་ཤེས་རབ་གསུམ་པོ་དེ་ཉིད་ཉི་མའི་གཟུགས་སུ་བཀོད་པར་ཤུགས་ཀྱིས་ཐོབ་པས་དེ་ལ་སྒྲིབ་བྱེད་རྨོངས་པའི་སྤྲིན་ལ་སོགས་པ་དྭངས་པའི་རང་འོད་ཀྱི་སྣང་བ་ཆེན་པོ་ཤིན་ཏུ་


KMC003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པས་དེ་ཁོ་ན་ཉིད་ཀྱི་རང་བཞིན་མངོན་སུམ་དུ་གསལ་བར་གྱུར་ཅིག་ཅེས་པའོ།། ༈ །།གསུམ་པ་འཁྲུལ་མེད་ཀྱི་ལམ་ཉིད་ལ་སྨོན་པ་ནི། །རྟག་ཆད་མཐའ་བྲལ་བདེན་གཉིས་གཞི་ཡི་དོན། །སྒྲོ་སྐུར་མཐའ་བྲལ་ཚོགས་གཉིས་ལམ་མཆོག་གིས། །སྲིད་ཞིའི་མཐའ་བྲལ་དོན་གཉིས་འབྲས་ཐོབ་པའི། །གོལ་འཕྱུགས་མེད་པའི་ཆོས་དང་འཕྲད་པར་ཤོག །ཅེས་པ་སྟེ། དེའང་ཚིག་རྐང་དང་པོས་ཤེས་བྱ་གཞིའི་གནས་ལུགས་མ་འཁྲུལ་བ་བསྟན། གཉིས་པས་སྒྲུབ་བྱེད་ལམ་གྱི་ཉམས་ལེན་མ་འཁྲུལ་བ་བསྟན། གསུམ་པས་བསྒྲུབ་བྱ་འབྲས་བུའི་གནས་སྐབས་མ་འཁྲུལ་བ་བསྟན། བཞི་པས་མ་འཁྲུལ་བ་དེ་གསུམ་དང་ལྡན་པའི་ཆོས་དེ་གོལ་འཕྱུགས་མེད་པའི་ལམ་ཡང་དག་ཡིན་པར་གདམས་ནས་དེ་ལྟ་བུ་ལ་སྨོན་པར་མཛད་པའོ། །དེ་ལ་དང་པོ་ནི། རྟག་ཆད་ཅེས་པ། གཞི་གནས་ལུགས་ཕྱག་རྒྱ་ཆེན་པོའི་ཚུལ་ལ་རྨོངས་པའི་ཕྱིན་ཅི་ལོག་ཏུ་བརྟགས་པ་ནི་རྣམ་པ་གཉིས་ཏེ། རྟག་པར་ལྟ་བ་དང་ཆད་པར་ལྟ་བའོ། །ཞེས་


KMC003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་གཉིས་ཀྱི་མཚན་ཉིད་ཀྱང་རིམ་བཞིན་ཆོས་གང་ལའང་ཡོད་ཅེས་མཐའ་གཅིག་ཏུ་བཟུང་བ་དང་མེད་ཅེས་མཐའ་གཅིག་ཏུ་བཟུང་བའི་རྟོག་པ་ཡིན་ཏེ། ཇི་སྐད་དུ། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་བུའི་ལྟ་བ་འཛིན་པ་པོ་གང་དུ་ཡོད་ཅེ་ན། གཙོ་བོར་ཕྱི་རོལ་པ་དང་། ནང་པ་ལའང་ཡོད་དེ། ཕྱི་རོལ་པ་ལ། དྲང་སྲོང་ཕུར་བུས་ལྷ་རྣམས་ལྷ་མིན་ལས་གཡུལ་རྒྱལ་བར་བྱ་བའི་ཕྱིར། ཚེ་སྔ་ཕྱི་དང་དགེ་སྡིག་མེད་པའི་བསྟན་བཅོས་བརྩམས་པའི་རྗེས་སུ་འབྲང་ནས། དྲང་སྲོང་འཇུག་སྟོབས་འདི་སློབ་དཔོན་ཆོས་ཀྱི་གྲགས་པ་དང་དུས་མཉམ་པར་གྲགས། སོགས་ཀྱིས་དར་བར་བྱས་པ། ཚུ་རོལ་མཛེས་པའམ་རྒྱང་འཕན་པ་ཞེས་གྲགས་པ་ནི་ཆད་པར་ལྟ་བ་དང་། གཞན་སྟོན་པ་སེར་སྐྱའི་རྗེས་སུ་འབྲང་ནས། དེ་ཉིད་ཉེར་ལྔ་ཁས་ལེན་ཞིང་། དེའི་ཚུལ་ཤེས་ན་གྲོལ་བར་འདོད་པ་གྲངས་ཅན་པ་དང་། ལྷ་ཆེན་དབང་ཕྱུག་གིས་མཆོག་བྱིན་པའི་དྲང་སྲོང་གཟེགས་ཟན་ནམ། རྐང་མིག་གི་རྗེས་


KMC003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབྲང་ཞིང་། ཤེས་བྱ་ཚིག་དོན་དྲུག་སོགས་ཁས་ལེན་པ་དབང་ཕྱུག་པ་དང་། ཁྱབ་འཇུག་ལྷར་འཛིན་ཞིང་སྟོན་པ་རྒྱལ་དཔོགས་པ་སོགས་ཀྱི་རྗེས་སུ་འབྲང་བ་ཁྱབ་འཇུག་པ་དང་། དྲང་སྲོང་རྒྱལ་བ་དམ་པའི་རྗེས་སུ་འབྲང་ནས་རྫས་དྲུག་སོགས་ཁས་ལེན་པ། གཅེར་བུ་པ་སྟེ་འདི་དག་རྟག་སྨྲ་སྡེ་བཞི་ཞེས་གྲགས་པ་རྣམས་སོ། །གཞན་ཡང་། ལྷ་མ་ཡིན་གྱི་རྗེས་སུ་འབྲང་བའི་སྟོན་པ་རཱཧྨ་ཎས་སྦྱར་བའི་གཞུང་ལུགས་འཛིན་པ་ཏ་ཟིག་པའམ་ཀླ་ཀློར་གྲགས་པ་རྣམས་དང་། བོད་དུ་གཤེན་རབ་མི་བོའི་རྗེས་འབྲང་གཡུང་དྲུང་བོན་དང་། རྒྱ་ཡུལ་དུ་ཟིན་ཤིང་གི་གྲུབ་མཐའ་འཛིན་པ་རྣམས་ནི་མུ་སྟེགས་དངོས་མིན་ཀྱང་། སྔ་མ་ཏ་ཟིག་པ་ནི་མུ་སྟེགས་བྱེད་ལས་ཀྱང་ཐ་ཆད་ལ། ཕྱི་མ་གཉིས་ཀྱིས་བདག་ཁས་མི་ལེན་པ་སོགས་མུ་སྟེགས་པ་ལས་ཅུང་ཟད་དྲག་ཙམ་ཡིན་པས་འདི་དག་ཀྱང་རྟག་པར་སྨྲ་བའི་ཕྱོགས་སུ་བསྡུའོ། །ནང་པ་ལ། བྱེ་སྨྲ་དང་མདོ་སྡེ་པ་གཉིས་ནི་སྤྱིར་ཆོས་ཀྱི་བདག་མི་འགོག་ཅིང་། ཕྱི་དོན་ཆ་མེད་ཀྱི་རྡུལ་


KMC003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་ཡོད་པར་སྨྲ་བ་སོགས་དང་། སེམས་ཙམ་པས་གཉིས་སྟོང་གི་ཤེས་པ་བདེན་གྲུབ་ཏུ་འདོད་པས་འཛིན་པ་ཆོས་ཀྱི་བདག་ཁས་བླངས་པར་སོང་བ་སོགས། ཡོད་མེད་ཀྱི་མཐའ་བཟུང་བའི་ལྟ་བ་ཅན་རྣམས་ཏེ། སློབ་དཔོན་བློ་བརྟན་གྱིས་སུམ་ཅུ་པའི་འགྲེལ་བར། གང་དག་ཤེས་པ་བཞིན་དུ་ཤེས་བྱ་ཡོད་དོ། །ཞེས་སྨྲ་བ་ནི་རྟག་པའི་མཐའ་དང་། གང་དག་ཤེས་བྱ་བཞིན་དུ་ཤེས་པའང་མེད་དོ་ཞེས་སྨྲ་བ་ནི་ཆད་པའི་མཐའ་སྟེ། ཞེས་གསུངས་པ་བཞིན་ནོ། །མཐའ་བྲལ་བདེན་གཉིས་གཞི་ཡི་དོན་ཞེས་པ། །དེ་ལྟར་ཕྱིན་ཅི་ལོག་ཏུ་བརྟགས་པའི་མཐའ་གཉིས་དང་བྲལ་བ་ནི་གནས་ལུགས་གཞིའི་དོན་ཕྱིན་ཅི་མ་ལོག་པ་ཡིན་ལ། དེའང་བདེན་པ་གཉིས་ཟུང་དུ་འཇུག་པ་ཞིག་ལ་ངོས་འཛིན་པའི་དོན་ནོ། །བདེན་པ་གཉིས་ནི་དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་སྟེ། སྔ་མ་ནི་བརྟན་གཡོའི་ཆོས་ཐམས་ཅད་ཀྱི་གནས་ཚུལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ། ནམ་མཁའི་དཀྱིལ་ལྟར་ཡོངས་སུ་དག་ཅིང་། རྒྱར་མ་ཆད་ཕྱོགས་སུ་


KMC003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྷུང་། བསམ་བརྗོད་ཀྱི་ཡུལ་ལས་ཤིན་ཏུ་འདས་པ། དང་པོའི་སངས་རྒྱས་དང་། གདོད་མའི་མགོན་པོ་དང་། དེ་བཞིན་ཉིད་སོགས་ཀྱི་སྒྲས་བསྟན་པ་དེའོ། །ཕྱི་མ་ནི་བརྟན་གཡོའི་ཆོས་ཐམས་ཅད་ཀྱི་སྣང་ཚུལ་སྤྲོས་པ་སྣ་ཚོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་ལྟ་བུ་འདིའོ། །དེ་ལྟར་ཡང་། སློབ་དཔོན་ཡེ་ཤེས་སྙིང་པོས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་བཤད་དོ། །བདེན་པ་གཉིས་པོ་དེའང་གདོད་མ་ནས་ཟུང་དུ་འཇུག་པ་སྟེ། བརྟན་གཡོ་འཁོར་འདས་ཀྱི་ཆོས་གང་དང་གང་སྣང་བཞིན་པ་ཐམས་ཅད་ཀྱང་སྣང་དུས་ཉིད་ནས་དེ་དང་དེའི་ངོ་བོར་ཡོད་མ་མྱོང་བ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་རྟག་པའི་མཐའ་དང་བྲལ་ཞིང་། ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་དེ་ཉིད་ལས་མ་གཡོས་བཞིན་དུའང་། སྣང་བ་སྣ་ཚོགས་འགག་མེད་དུ་འཆར་བས་ཆད་པའི་མཐའ་དང་བྲལ་བའོ། །འདི་སྐབས་སུ་སློབ་དཔོན་ཀླུས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་


KMC003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། ཞེས་གསུངས་པ་སོགས་གལ་ཏེ་ཆོས་རྣམས་རང་ངོ་ནས་བདེན་པར་གྲུབ་པ་ཞིག་ཡིན་ན་རང་རང་གི་མཚན་ཉིད་མི་གཏོང་བས། གཅིག་གིས་གཅིག་གི་གོ་བཀག་སྟེ་འབྱུང་བ་དང་འཇིག་པ་སོགས་མི་རུང་བར་འགྱུར་ཞིང་། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་སྐྱོན་དེ་མི་གནས་པའི་ཕྱིར་སྟོང་པ་ཉིད་ལ་རྟེན་འབྱུང་འཐད་པ་སོགས་དབུ་མ་རིགས་ཚོགས་དྲུག་གི་དོན་ཤེས་པ་ཅིས་ཀྱང་གལ་ཆེ་བ་དང་། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་བདེན་པ་གཉིས་པོ་འདི་ལ་བརྟེན་ནས་འབྱུང་སྟེ་འཇིག་རྟེན་པའི་ཀུན་རྫོབ་གྱི་བདེན་པ་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་ངོ་བོ་ཉིད་སྟོང་པ་དག་ལ་འཇིག་རྟེན་གྱིས་ཕྱིན་ཅི་ལོག་ལ་རྟོག་པས་ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི་


KMC003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་ཉིད་ལ་དོན་དམ་པར་གཟིགས་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་དང་། གང་གིས་ཐ་སྙད་ལ་མ་བརྟེན་པར་དོན་དམ་པ་བསྟན་པར་མི་ནུས་པ་དང་། གང་གི་ཕྱིར་དོན་དམ་པ་ལ་མ་བརྟེན་པར་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་པ་དེའི་ཕྱིར་བདེན་པ་གཉིས་ཀ་གདགས་དགོས་སོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་གནད་གསང་རིག་པར་བྱའོ།། ༈ །།གཉིས་པ་ནི། སྒྲོ་སྐུར་ཅེས་པ་ཐར་པ་ཐོབ་བྱེད་ཀྱི་ལམ་ལ་རྨོངས་པ་སྟེ། དེ་ཡང་ལས་དང་འབྲས་བུ་ལ་སོགས་པར་སྣང་བའི་ཆོས་འདི་ཉིད་ཁོ་ན་བདེན་གྱི་གཞན་ནི་བརྫུན་པའོ། །ཞེས་སྟོང་པ་ཉིད་ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་མ་ཤེས་པར་ཤེས་རབ་ཀྱི་ཆ་སྤོང་བ་མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་མཐར་ལྷུང་བ་དང་། སྟོང་པ་ཉིད་ཁོ་ན་བདེན་གྱི་གཞན་ནི་རྫུན་པའོ། །ཞེས་དཀོན་མཆོག་དང་ལས་


KMC003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སོགས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་དུ་སྣང་ཞིང་སྣང་ངོ་ཙམ་དུ་དོན་བྱེད་ནུས་པའི་གནད་མ་ཤེས་པར་ཐབས་ཀྱི་ཆ་སྤོང་བ་ཡོད་པ་ལ་མེད་པར་སྐུར་པ་འདེབས་པའི་མཐར་ལྷུང་བ་གཉིས་སུ་འདུས་པའི་དོན་ནོ། །མཐའ་བྲལ་ཚོགས་གཉིས་ལམ་མཆོག་ཅེས་པ། བཤད་མ་ཐག་པ་ལྟར་སྐུར་པ་འདེབས་པའི་མཐའ་ལ་མི་གནས་པའི་ཕྱིར་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་བསྒྲུབ་པའི་སླད་དུ་བསོད་ནམས་ཀྱི་ཚོགས་བསགས་པ་དང་། སྒྲོ་འདོགས་པའི་མཐའ་ལ་མི་གནས་པའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བསྒྲུབ་པའི་སླད་དུ་ཡེ་ཤེས་ཀྱི་ཚོགས་བསགས་ཅིང་། དེ་གཉིས་ཡ་མ་བྲལ་བར་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ནི། ཐར་པ་ཐོབ་བྱེད་ཀྱི་ལམ་གྱི་མཆོག་འཁྲུལ་པ་མེད་པ་ཡིན་ནོ་ཞེས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་ནི། ཕར་ཕྱིན་དྲུག་ལས་སྦྱིན་པ་དང་ཚུལ་ཁྲིམས་གཉིས་ཡིན་ཞིང་། ཡེ་ཤེས་ཀྱི་ཚོགས་ནི་ཤེས་རབ་ཁོ་ན་དང་། བཟོད་བརྩོན་བསམ་གཏན་གསུམ་ནི་གཉི་གར་གཏོགས་པ་སྟེ། མདོ་


KMC003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉི་གའི་སྟེ། །ཞེས་འབྱུང་ངོ་། །དེ་གཉིས་ཟུང་འཇུག་ཏུ་ཉམས་སུ་ལེན་དགོས་པའང་། བྱང་ཆུབ་ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་པའི་ཐབས་དག་ཀྱང་། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ག་སྤང་མི་བྱ། །ཞེས་དང་། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་པའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་པའོ། །ཞེས་གསུངས་སོ།། ༈ །།གསུམ་པ་ནི། སྲིད་ཞི་ཞེས་པ་ཐོབ་བྱ་འབྲས་བུ་དམན་པར་གྱུར་པ་སྟེ། ཤེས་རབ་དང་བྲལ་བའི་ཐབས་གཅིག་པུའི་འབྲས་བུ་སྲིད་པ་ལས་མི་འདའ་བ་དང་། ཐབས་དང་བྲལ་བའི་ཤེས་རབ་གཅིག་པུའི་འབྲས་བུ་ཞི་བ་ཕྱོགས་གཅིག་པ་


KMC003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་འདའ་བའི་དོན་ནོ། །མཐའ་བྲལ་དོན་གཉིས་འབྲས་ཐོབ་ཅེས་པ་དེ་ལྟ་བུའི་སྲིད་ཞིའི་མཐའ་གཉིས་ལས། གོང་དུ་སྨོས་པའི་ལམ་ཚོགས་གཉིས་ཟུང་འཇུག་ཉམས་སུ་བླངས་པའི་མཐུས། སྲིད་པའི་མཐར་མི་ལྷུང་བ་རང་དོན་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་དང་། ཞི་བའི་མཐར་མི་ལྷུང་བ་གཞན་དོན་ཕུན་སུམ་ཚོགས་པ་གཟུགས་ཀྱི་སྐུ་གཉིས་ཟུང་འཇུག་གི་འབྲས་བུ་མ་འཁྲུལ་བ་ཐོབ་བོ་ཞེས་སོ། །དེའང་རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །ཞེས་འབྱུང་ངོ་།། ༈ །།བཞི་པ་ནི། གོལ་འཕྱུགས་ཅེས་སོགས་ཀྱི་དོན། དེ་ལྟར་གཞི་ལམ་འབྲས་གསུམ་ལ་མཐའ་གཉིས་གཉིས་གསུངས་པ་རྣམས་སུ་ཅི་རིགས་པར་ལྷུང་ན་གོལ་ཞིང་འཕྱུགས་པར་འགྱུར་བས། འདིར་ནི་གོལ་འཕྱུགས་མཐའ་དག་སྤོང་པའི་ཕྱིར། གཞིའི་ལྟ་བ་ལ་རྟག་ཆད་ཀྱི་མཐའ་བསལ། དེ་བསལ་བས་ལམ་ཉམས་ལེན་ལ་སྒྲོ་སྐུར་གྱི་མཐའ་དང་བྲལ། དེ་བྲལ་བས་འབྲས་བུ་སྲིད་ཞིའི་མཐའ་གཉིས་ལས་


KMC003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་དུ་འགྲོ་བའི་ཕྱིར། གོལ་འཕྱུགས་དང་བྲལ་བའི་ལམ་འཁྲུལ་མེད་ནི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་འདི་ལྟ་བུ་དང་ལྡན་པ་ཡིན་ནོ་ཞེས་པའོ།། ༈ །།བཞི་པ་ལམ་དེ་ཉམས་སུ་ལེན་ཚུལ་མ་འཁྲུལ་པ་ལ་སྨོན་པ་ལ་གཉིས། གོ་དོན་མདོར་བྱས་པ་དང་། བསྒོམ་དོན་ལག་ཏུ་ལེན་པའི་སྨོན་ལམ་གཉིས་སོ། །དང་པོ་ནི། སྦྱང་གཞི་སེམས་ཉིད་གསལ་སྟོང་ཟུང་འཇུག་ལ། །སྦྱོང་བྱེད་ཕྱག་ཆེན་རྡོ་རྗེའི་རྣལ་འབྱོར་ཆེས། །སྦྱང་བྱ་གློ་བུར་འཁྲུལ་པའི་དྲི་མ་རྣམས། །སྦྱངས་འབྲས་དྲི་བྲལ་ཆོས་སྐུ་མངོན་འགྱུར་ཤོག །ཅེས་པ་སྟེ། སྔར་བཤད་པའི་ལམ་འཁྲུལ་མེད་ཀྱི་མཚན་ཉིད་དང་ལྡན་པ་ལམ་དུས་ཀྱི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཉམས་སུ་ལེན་པ་ལ་གོ་བར་བྱ་རྒྱུ་གལ་ཆེ་ཤོས་ནི། གང་དུ་སྦྱང་བའི་གཞི་གང་གིས་སྦྱོང་བའི་རྣལ་འབྱོར། གང་ཞིག་སྦྱང་པའི་དྲི་མ། སྦྱངས་པ་ལས་ཐོབ་པའི་འབྲས་བུ་སྟེ་རྣམ་པ་བཞི་ཡིན་པས་དེ་དག་རིམ་བཞིན་རྐང་པ་སོ་སོས་བསྟན་ཅིང་མཐར་སྨོན་པའི་ཚིག་སྦྱར་བའོ། །དེ་ལ་ཚིག་


KMC003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་དང་པོའི་དོན་ནི། ཐར་པ་སྒྲུབ་པའི་གེགས་ཀྱི་དྲི་མ་མཐའ་དག་སྦྱང་བའི་གཞི་རང་བཞིན་རྣམ་དག་གི་སེམས་སུ་ངོས་བཟུང་བ་དང་། དེའི་མཚན་ཉིད་གསལ་སྟོང་ཟུང་འཇུག་ཏུ་ཐག་བཅད་པའོ། །དང་པོ་སྦྱང་གཞི་དག་པའི་སེམས་ཡིན་པའི་རྒྱུ་མཚན་ཡང་། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་པ་མེད། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རབ་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །གང་ལ་ཡང་ནི་གནས་པ་མེད། །ཅེས་འཁོར་འདས་ཐམས་ཅད་ཀྱི་གཞི་སེམས་ཀྱི་དག་པ་དེ་བཞིན་གཤེགས་པའི་སྙིང་པོའམ་ཁམས་དེ་ཡིན་པར་གསུངས་ཤིང་། དེ་ཉིད་སྦྱང་གཞི་ཡིན་གྱི་སྦྱང་བྱ་མ་ཡིན་ཏེ། དེའི་རང་ངོར་དག་པར་བྱ་རྒྱུའི་ཆོས་རྡུལ་ཙམ་ཡང་མ་གྲུབ་


KMC003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དེ་ཡང་ཆོས་དབྱིངས་བསྟོད་པ་ལས། ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱང་བར་གྱུར་པ་ལས། །སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །ཞེས་དང་། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །འདི་སྐབས་དཔྱོད་ལྡན་འགའ་ཞིག་ལ་དོགས་པ་འདི་ལྟར་སྐྱེ་སྲིད་དེ། ཅི་སེམས་ཞེས་བྱ་བའི་སྒྲ་ནི་བསགས་པའི་དོན་ཅན་ཡིན་པས། བདེ་གཤེགས་སྙིང་པོ་འདུས་མ་བྱས་ལ་དེའི་མིང་གིས་བཏགས་པ་མི་འཐད་ཅིང་། ཆོས་མངོན་པ་སོགས་ལས་ཀྱང་ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་ཤེས་ལ་སེམས་སུ་བཤད་པས་དེ་དང་འགལ་བའི་ཕྱིར་རོ་སྙམ་ན་སྐྱོན་མེད་དེ། དེ་ལྟར་བཤད་པ་ནི། སེམས་ལ་དག་མ་དག་གཉིས་སུ་ཕྱེ་བའི་མ་དག་པའི་སེམས་ལ་དགོངས་ཤིང་། གཞི་ལ་བཞུགས་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་དང་ཡང་གཉིས་སུ་མེད་


KMC003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་གྱིས་ལྡན་པས་དཀར་པོའི་ཆོས་ཐམས་ཅད་འབྱུང་རུང་དུ་ཡོད་པའི་ཕྱིར་བསགས་པའི་དོན་ཡང་མི་འགལ་བ་དང་། ཡུམ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། གོང་དུ་དྲངས་པའི་རྒྱུད་བླ་མའི་ལུང་དང་། སློབ་དཔོན་ཀླུས། དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཞེས་གསུངས་པ་སོགས་མདོ་རྒྱུད་བསྟན་བཅོས་རྣམས་ལས་སེམས་ཀྱི་དག་པ་ལ་སེམས་སུ་གསུངས་པ་ཆེས་མང་བའི་ཕྱིར་རོ།། ༈ །།གཉིས་པ་དེ་གསལ་སྟོང་ཟུང་འཇུག་ཡིན་པའང་། གསང་བ་འདུས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམས་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་ངོ་བོ་སྟོང་པ་ཉིད་ཀྱི་ཚུལ་གསུངས་པ་དང་། རྒྱུད་བླ་མ་ལས། སེམས་ཀྱི་


KMC003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་རང་བཞིན་གྱིས་འོད་གསལ་བ་ཡིན་པའི་རྒྱུ་མཚན་གྱིས་གློ་བུར་གྱི་དྲི་མས་རྙོག་མི་ནུས་པར་བསྟན་པ་སོགས་སེམས་གསལ་སྟོང་དུ་སྒྲུབ་པའི་ལུང་མཐའ་ཡས་ལ། གསལ་སྟོང་དེ་གཉིས་ཀྱང་གསལ་བ་ལས་ལོགས་སུ་སྟོང་པ་དང་། སྟོང་པ་ལས་ལོགས་སུ་གསལ་བ་ཞིག་ནམ་ཡང་མ་གྲུབ་པས་ཟུང་དུ་འཇུག་པ་སྟེ། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །ཞེས་མགོན་པོ་བྱམས་པས་བསྟན་པ་ཡིན་ནོ། །དེ་ལྟ་བུའི་གནད་གསང་མ་རྟོགས་པར་བོད་ཡུལ་འདིར་རྟོག་གེ་བ་རྣམས་ཀྱིས་གསལ་གསལ་མོ་ཞིག་དང་སྟོང་སྟོང་མོ་ཞིག་མཉམ་འགྲོགས་ལྟ་བུའི་ཟུང་འཇུག་གི་བཤད་པ་བྱེད་པ་ནི་བདེ་བར་གཤེགས་པའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པའོ། །ཚིག་རྐང་གཉིས་པའི་དོན་སྦྱང་གཞི་དེའི་སྟེང་དུ་སྦྱང་བྱའི་དྲི་མ་སྦྱོང་བར་བྱེད་པའི་ལམ་ཕྱག་


KMC003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོ་རྡོ་རྗེའི་རྣལ་འབྱོར་ནི། དྭགས་པོ་བཀའ་བརྒྱུད་ཀྱི་ཁྲིད་རིམ་རྣམས་ལས་འབྱུང་བ་ལྟར་སློབ་མ་སྣོད་ལྡན་གྱིས་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་ནས་སྐལ་པའི་རིམ་པས་སྤྲོས་བཅས་ཀྱི་དབང་བསྐུར་སྔོན་དུ་སོང་བའམ་མ་སོང་ཡང་རུང་། ཐུན་མོང་ཐུན་མིན་ཁྱད་པར་གྱི་སྔོན་འགྲོ་གསུམ། དངོས་གཞི་ཞི་ལྷག་གི་རྣལ་འབྱོར་གཉིས་རྣམས་ཉམས་སུ་བླངས་ནས་ངོ་སྤྲོད་ཀྱིས་གཏན་ལ་ཕབ་པའི། ཐ་མལ་གྱི་ཤེས་པ་རང་ངོ་མཐོང་བའི་རྟོགས་པ་ཁྱད་པར་ཅན་དང་། དེ་དང་དོན་གྱི་གནད་གཅིག་པའི་རིམ་གཉིས་ཀྱི་རྣལ་འབྱོར་རྣམས་ལ་བརྟེན་ནས་རྟོགས་པ་དང་། སློབ་མའི་སྐལ་བ་དང་། སློབ་དཔོན་གྱི་ནུས་པའི་རིམ་པས། འགའ་ཞིག་ལ་ཡེ་ཤེས་འཕོ་བའི་བྱིན་རླབས་ཁོ་ནས་རྟོགས་པ་དང་། འགའ་ཞིག་ལ་དབང་བཞི་རིམ་པར་བསྐུར་བས་དབང་གསུམ་པའི་ཉམས་མྱོང་ཚིག་དབང་ལ་བརྟེན་ནས་ངོ་སྤྲོད་པའི་རྒྱུན་གོམས་པ་སོགས་སྣ་ཚོགས་པའི་ཐབས་ཀྱིས་ཡེ་ཤེས་མངོན་དུ་གྱུར་པ་རྣམས་ཀྱང་ངོ་། །ཡེ་ཤེས་དེའང་ཚོགས་སྦྱོར་


KMC003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐབས་སུ་ཉམས་གཙོ་ཆེ་བའི་ཚུལ་དུ་ཡོད་ཅིང་མཐོང་ལམ་ཐོབ་ནས་མངོན་གྱུར་དུ་རྒྱུད་ལ་སྐྱེ་སྟེ། དེ་ནས་བརྩམས་མཉམ་བཞག་ཇེ་བརྟན་དང་། རྗེས་ཐོབ་ཀྱི་འཁྲུལ་སྣང་ཇེ་སྲབ་དུ་སོང་ནས་སྤང་བྱ་རིམ་པས་སྤང་བ་སྲང་མདའི་མཐོ་དམན་ལྟ་བུར་འགྱུར་ལ། མཐར་རྒྱུན་མཐའི་རྡོར་ཏིང་གིས་ལྷག་མེད་དུ་སྤངས་ཏེ་འཚང་རྒྱ་བ་ཡིན་ནོ། །དེ་ལྟར་རྟོགས་པའི་ཡེ་ཤེས་དེ་ཇི་ལྟ་བུ་ཞེ་ན། ཕྱག་ཆེན་ཐིག་ལེའི་རྒྱུད་ལས། ཉོན་ཅིག་ལྷ་མོ་ཕྱག་རྒྱ་ཆེ། །ཕྱག་རྒྱ་ཆེན་པོ་གསང་བ་ཆེ། །བརྗོད་མེད་མི་ཟད་མ་སྐྱེས་པ། །ཐམས་ཅད་གཟུགས་ཅན་གཟུགས་དང་བྲལ། །གཟུགས་མེད་གཟུགས་ཀྱི་དམ་པ་མཆོག །སྦོམ་ཕྲ་ལ་སོགས་དང་བྲལ་བ། །གཞལ་དུ་མེད་པའི་རང་བཞིན་ནོ། །ཞེས་དང་། སློབ་དཔོན་ཀླུས། སེམས་འགྲེལ་དུ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང་། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་གསུངས་པ་དང་། མདའ་བསྣུན་ཞབས་


KMC003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། ཁ་དོག་ཡི་གེ་ཡོན་ཏན་དཔེ་བྲལ་བ། སྨྲ་རུ་མི་བཏུབ་དེ་ནི་བདག་གིས་གྱི་ནར་མཚོན། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞུགས་པ་བཞིན། དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། །ཞེས་སོགས་གསུངས་པ་ལྟར། །སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་ཀྱང་། སོ་སོ་རང་རིག་པའི་ཚུལ་གྱིས་གསལ་བར་མྱོང་བས་སྔར་བཤད་པའི་སྦྱང་གཞིའི་དེ་བཞིན་ཉིད་མཐོང་བའོ། །དེ་ལྟར་སྤྲོས་བཅས་ཀྱི་དབང་བསྐུར་སྔོན་དུ་མ་སོང་ཡང་ཕྱག་ཆེན་གྱི་ཡེ་ཤེས་སྐྱེ་རུང་བའི་འཆད་ཚུལ་འདི། བོད་ཡུལ་འདིར་སྔ་ཕྱིར་བྱུང་བའི་མཁས་པར་གྲགས་པ་འགའ་ཞིག་གི་ཐུགས་ལ་མ་ཤོང་ནས། དབང་བསྐུར་དང་རིམ་གཉིས་མེད་པས་སྔགས་ཀྱི་ཕྱག་རྒྱ་ཆེན་པོར་མ་གྲུབ་པ་དང་། སྒོམ་ལུགས་ལེགས་ན་དབུ་མའི་ལྟ་བ་ཙམ་རྟོགས་པ་སྲིད་ཀྱང་མུ་བཞི་སྐྱེ་འགོག་གི་རིགས་པ་སོགས་དབུ་མའི་གཞུང་ལས་བཤད་པ་ལྟར་མེད་པས་དེར་ཡང་མ་ངེས་པ་སོགས་སྐྱོན་དུ་མ་བརྗོད་པར་མཛད་དོ། །དེ་ལྟ་བུ་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རིགས་


KMC003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པ་གདུལ་བའི་ཕྱིར་འདུལ་བྱེད་ཀྱི་ཐབས་མཐའ་མ་འགགས་པར་གསུངས་པ་མཁས་གྲུབ་རྣམས་ཀྱི་སོ་སོར་ཅི་རིགས་པར་བཀྲལ་ནས་བཤད་པའི་ཚུལ་ལ་བསྙོན་ཏེ་བདག་གི་ཤེས་ངོ་འདི་ཁོ་ན་བདེན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྐུར་པ་འདེབས་པར་སྣང་མོད། བཀའ་བརྒྱུད་མཆོག་གི་ཁྲིད་སྲོལ་འདིར་ནོངས་པ་སྔ་མ་དེ་དག་ཡོད་པ་མ་ཡིན་ཏེ། གཤམ་དུ་འཆད་པ་ལྟར་འཁྲིད་ཚུལ་ཐ་དད་པ་རྣམས་ལས་གདུལ་བྱ་ཆེས་དབང་རྣོན་ལ་སྤྲོས་བཅས་ཀྱི་དབང་བསྐུར་མེད་མི་རུང་བའི་ཡན་ལག་ཏུ་མི་བཞེད་ཀྱང་། རྡོ་རྗེ་སློབ་དཔོན་གྱིས། རྡོ་རྗེ་ཡེ་ཤེས་ཀྱི་དབང་གིས་བྱིན་གྱིས་བརླབས་པ་ཞིག་ནི་ངེས་པར་སྔོན་དུ་འགྲོ་དགོས་པའི་ཕྱིར་དང་། དེ་ལ་བརྟེན་པའི་རིམ་པ་གཉིས་ཀྱང་དོན་ཐོབ་ཏུ་ངེས་པར་ཡོད་པའི་ཕྱིར་རོ། །ཡང་འདི་ལ་ཁ་ཅིག་བྱིན་རླབས་འཕོ་བའི་དབང་གིས། དབང་གི་གོ་མི་ཆོད་པ་དང་། བླ་མའི་རྣལ་འབྱོར་བསྒོམས་པས་རིམ་གཉིས་ཀྱི་གོ་མི་ཆོད་པར་བཞེད་མོད། དེ་ལྟ་ན། རྡུལ་ཚོན་སོགས་ཀྱི་དཀྱིལ་


KMC003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་དབང་བསྐུར་བས་དེ་བས་ཀྱང་དབང་གི་གོ་མི་ཆོད་པར་འགྱུར་ཏེ། དབང་ཞེས་པ་དབང་དོན་གྱི་རྟོགས་པ་རྒྱུད་ལ་བསྐྱེད་ནུས་ཤིག་དགོས་པ་གང་ཞིག ། དེ་བསྐྱེད་པ་ལ་སྤྲོས་མེད་ཀྱི་དབང་ལས་སྤྲོས་བཅས་ཀྱི་དབང་ནུས་པ་དམན་པའི་ཕྱིར། ལྷའི་རྣལ་འབྱོར་བསྒོམས་པས་ཀྱང་རིམ་གཉིས་ཀྱི་གོ་མི་ཆོད་པར་འགྱུར་ཏེ། སྔགས་ཀྱི་སྐབས་འདིར་བླ་མ་དང་ཡི་དམ་གཉིས་སུ་མེད་པར་བལྟ་དགོས་ཤིང་ཡི་དམ་ལ་བླ་མས་རྒྱས་འདེབས་པ་གང་ཞིག་རྒྱས་འདེབས་པ་པོ་དང་བྲལ་བའི་གདབ་བྱ་ཀུན་བརྟགས་ཀྱི་ལྷ་ཁོ་ནས་མཆོག་གི་དངོས་གྲུབ་སྦྱིན་པར་མི་བྱེད་པའི་ཕྱིར་རོ། །དེས་ན་རང་ལུགས་ཏིང་ངེ་འཛིན་གྱི་དབང་ངམ། རྡོ་རྗེ་ཡེ་ཤེས་ཀྱི་དབང་ནི་དབང་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པས་དབང་གི་གོ་ཆོད་པ་ལྟ་ཅི་སྨོས ། རྟོགས་ལྡན་གྱི་བླ་མས་ཕྱག་རྒྱ་ཆེན་པོའི་སྐལ་ལྡན་ཆེས་དབང་རྣོན་ལ་དབང་འདི་ལས་གཞན། སྤྲོས་བཅས་ཀྱི་དབང་གིས་དཀྲི་བར་བྱེད་ན་ཉེས་པ་འབྱུང་བ་ཡིན་ཏེ། ཨཱནྡྲི་བྷཱུ་ཏིས་ཡེ་ཤེས་གྲུབ་པར། རྟོག་པ་ཐམས་


KMC003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྣམས་སྤངས་པའི། །ཡེ་ཤེས་མཆོག་བཟང་ཐོབ་པ་ཡི། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ཡང་དག་ཡེ་ཤེས་ཀུན་ལྡན་ན། །བྲིས་པའི་དཀྱིལ་འཁོར་ལོག་གཞན་དུ། །དབང་བསྐུར་བ་ནི་ལེན་ཅེ་ན། །འདི་ནི་དམ་ཚིག་ཉམས་པར་འགྱུར། །དམ་ཚིག་ཉམས་པའི་སྡུག་བསྔལ་ནི། །ལུས་དང་དེ་བཞིན་ཡིད་དང་ནི། །དེ་ཡི་དོན་རྣམས་ཉམས་འགྱུར་ཞིང་། །མྱུར་བ་ཉིད་དུ་ཤི་བར་འགྱུར། །ཤི་ནས་དམྱལ་བའི་སྡུག་བསྔལ་ནི། །བསྐལ་བ་བྱེ་བ་བརྒྱ་ཕྲག་ཏུའང་། །མྱོང་ནས་གནས་ལས་འཕོས་གྱུར་ནའང་། །གདོལ་པའམ་དམན་པའི་རིགས་སུ་སྐྱེ། །ལྐུགས་པའམ་ཡང་ན་འོན་པའམ། །སྐྱེ་ཞིང་སྐྱེ་བར་དམུས་ལོང་དུ། །སྐྱེ་བར་འགྱུར་བ་ཐེ་ཚོམ་མེད། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རྡོ་རྗེ་ཡེ་ཤེས་ཞེས་བྱར་བཤད། །བློ་ལྡན་དེ་ཡིས་དབང་བསྐུར་ན། །དབང་བསྐུར་བར་ནི་ཤེས་པར་བྱ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ཤེས་པར་བྱ་ཞིང་། དབང་ཐོབ་མ་ཐོབ་ཀྱི་ས་མཚམས་


KMC003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དབང་དོན་རྒྱུད་ལ་སྐྱེས་མ་སྐྱེས་ལ་བྱེད་པས། སློབ་མའི་རྒྱུད་ལ་སྣང་སྟོང་དབྱེར་མེད་ཀྱི་རྟོགས་པ་སྐྱེས་ན་བུམ་དབང་ཐོབ་པ་སོགས་གོ་དགོས་སོ། །དེ་བཞིན་དུ་བསྐྱེད་རིམ་ཡང་འདི་སྐབས་བླ་མ་སྒོམ་པ་ཁོ་ནས་འཐུས་ཏེ། བླ་མའི་རྣམ་འབྱོར་གོམས་པའི་སྟོབས་ཀྱིས་སྣང་སྲིད་ཐམས་ཅད་བླ་མའི་རོལ་པར་འཆར་བ་ནི། ཡི་དམ་སྒོམ་པ་ལས་ཀྱང་ཐ་མལ་གྱི་ཞེན་པ་འགོག་ཕུལ་ཆེ་བའི་ཕྱིར་དང་། རྒྱུད་འགྲེལ་མང་པོ་ལས། བླ་མ་དཀོན་མཆོག་ཀུན་འདུས་ཡིན་པ་དང་། དེ་བསྒོམས་པས་དངོས་གྲུབ་ཐམས་ཅད་འགྲུབ་པར་གསུངས་པའི་ཕྱིར་རོ། །རྫོགས་རིམ་ཡང་མོས་གུས་དྲག་པོས་ཤེས་པ་གཏད་མེད་དུ་གྱུར་པའི་རང་ཉམས་དེ་ཉིད་སྐྱོང་བ་གེགས་དང་གོལ་ས་ཐམས་ཅད་དང་བྲལ་བའི་ལམ་གྱི་མཆོག་ཏུ་བཞེད་དེ། དབང་པོ་ཡང་རབ་ཀྱི་སྤྱོད་ཡུལ་གནད་གསང་འདི་ལྟ་བུ་དག་རྟོག་གེ་པ་རྣམས་ཀྱི་སྐལ་བར་ནམ་ཡང་མི་འཚམ་ལ། དེར་མ་འཚམ་པ་ཉིད་ཀྱིས་ཐུན་མོང་མིན་པའི་ཟབ་གསང་དུ་རིག་པར་བྱའོ། །ཡང་སྐྱོན་གཉིས་པ་


KMC003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་མ་ངེས་ཏེ་སྔགས་ཀྱི་ཕྱག་རྒྱ་ཆེན་པོའི་ལྟ་བ་སྤྲོས་བྲལ་གྱི་ངོས་ནས་དབུ་མ་དང་མཐུན་པས་དབུ་མའི་ལྟ་བ་རྟོགས་པ་དེ་སྔགས་ཀྱི་སྐྱོན་དུ་མི་འགྱུར་བའི་ཕྱིར་དང་། །རྟོག་གེ་ནི་མུ་སྟེགས་ཀྱི་རྩོད་ངོར་བསྟན་པ་ཙམ་ཡིན་པས། དེས་དཔྱད་པའི་བསྒོམ་པ་ལ་དབུ་མ་རང་ལུགས་སུའང་རྩིས་སུ་མི་མཛད་དེ། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་འབྱུང་བའི་ཕྱིར། །ཕྱག་རྒྱ་ཆེན་པོ་འདི་སྤྲོས་པ་ཀུན་ཞི་བའི་ཆ་ནས་དབུ་མའི་ལྟ་བ་དང་མཐུན་པའི་རྒྱུ་མཚན་ཡང་། དབུ་མ་ལས་ལྷག་ལྟ་ཡོད་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་བཤད་པ་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་སྤྲོོས་བྲལ་དབུ་མ་ལས་ལྷག་པའི་ལྟ་བ་མི་སྲིད་པའི་ཕྱིར་ཏེ་འདི་ལ་དགོངས་ནས་སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པ་ལས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་གཞན་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞེས་མདོ་ནས་


KMC003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཤེས་ཕྱིན་དང་། སྔགས་ཀྱི་ཕྱག་ཆེན་གཉིས་མཚན་གྱི་རྣམ་གྲངས་སུ་བཤད་དོ། །ཚིག་རྐང་གསུམ་པ་སྦྱང་བྱ་ཞེས་སོགས་ཀྱི་དོན་ནི། སྦྱང་གཞིའི་སྟེང་དུ་སྦྱོང་བྱེད་ཀྱིས་སྦྱང་བར་བྱ་རྒྱུའི་དྲི་མ་དེ་གང་ཞེ་ན། གཤིས་ལ་མེད་ཀྱང་གློ་བུར་འཁྲུལ་པས་བསྐྱེད་པའི་གཟུང་འཛིན་གྱི་ཆོས་རྣམས་ཡིན་ནོ། །ཞེས་པའོ། །དེ་ཡང་ཇི་ལྟར་འཁྲུལ་པའི་ཚུལ་སོགས་ནི། །ཡོད་མ་མྱོང་པའི་རང་སྣང་ཡུལ་དུ་འཁྲུལ། །ཞེས་སོགས་ཀྱི་སྐབས་སུ་འོག་ནས་འཆད་པར་འགྱུར་བས་དེར་ཤེས་པར་བྱའོ། །ཚིག་རྐང་བཞི་པའི་དོན་ནི། སྦྱོང་བྱེད་ཀྱིས་སྦྱང་བྱ་སྦྱངས་པའི་འབྲས་བུ་དེ་གང་ཞེ་ན། གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་གློ་བུར་གྱི་དྲི་མ་མཐའ་དག་གཏན་ནས་སྤངས་པའི་གཞིའི་གནས་ལུགས་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པའོ། །ཞེས་སོ། །དེའང་ཆོས་དབྱིངས་བསྟོད་པ་ལས། །ཉོན་མོངས་དྲྭ་བས་གཡོགས་པ་ན། །སེམས་ཞེས་བྱ་བར་བརྗོད་པ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་


KMC003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ་། །འོ་ན་སྦྱངས་འབྲས་ཆོས་ཀྱི་སྐུ་ཁོ་ན་ཡིན་ན་གཟུགས་སྐུ་གཉིས་སྦྱངས་འབྲས་སུ་མི་འགྱུར་རམ་ཞེ་ན། གཟུགས་སྐུ་ནི་ཆོས་སྐུ་ལས་ངོ་བོའི་སྒོ་ནས་ལོགས་སུ་དབྱེར་མེད་པས། སྦྱངས་འབྲས་ཡིན་ཡང་ཆོས་སྐུ་ཉིད་སྨོས་པས་དོན་གྲུབ་བོ། །ཆོས་སྐུ་དེ་སྐུ་གསུམ་དུ་འཇོག་པའི་ཚུལ་ཡང་། ཆོས་ཀྱི་དབྱིངས་བདེ་བ་ཆེན་པོ་རང་བཞིན་གྱིས་དྲི་མ་མེད་པ་དེ་ཉིད་ལ་གློ་བུར་གྱི་དྲི་མ་རྣམས་ཀྱང་དག་པས་དག་པ་གཉིས་ལྡན་དུ་གྱུར་པ་སྤངས་པ་ཆོས་སྐུའམ་ངོ་བོ་ཉིད་ཀྱི་སྐུར་གྲགས་པ་དང་། ཀུན་གཞིའི་རྣམ་ཤེས་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། དྲུག་པ་ཡིད་ཀྱི་རྣམ་ཤེས་དང་། དངོས་པོ་ལ་འཇུག་པའི་རྣམ་ཤེས་རྣམས་ཡོངས་སུ་དག་ཅིང་གནས་གྱུར་པ། ཇི་ལྟ་བ་མཁྱེན་པ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྟོགས་པ་ཆོས་སྐུའམ་ཡེ་ཤེས་ཀྱི་སྐུར་གྲགས་པ་སྟེ། དེ་གཉིས་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཉིད་དོ། །དེ་ལས་རྟོགས་པ་ཆོས་སྐུ་ལ་བཤད་མ་ཐག་པའི་དག་བྱ་རྣམ་ཤེས་དེ་རྣམས་ཀྱི་རིམ་པས།


KMC003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་། མཉམ་ཉིད། སོར་རྟོག་བྱ་གྲུ བ་སྟེ་ཡེ་ཤེས་བཞིར་ཕྱེ་བའི་མཉམ་ཉིད་ཡེ་ཤེས་ལོངས་སྤྱོད་རྫོགས་སྐུ་དང་། བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུར་སྣང་བ་ཡིན་ལ། སོར་རྟོག་ཡེ་ཤེས་ནི་དེ་གཉི་གར་གཏོགས་པ་ཡིན་ནོ། །འདི་དག་གི་ཚུལ་རྒྱས་པར་ཤེས་འདོད་ན། མདོ་སྡེ་རྒྱན་དང་། རྗེ་ཉིད་ཀྱི་ནང་དོན་རང་འགྲེལ་སོགས་སུ་བལྟ་བར་བྱ་ཡི་འདིར་ཡི་གེ་མང་བའི་འཇིག་པས་མ་སྤྲོས་སོ།། ༈ །།གཉིས་པ་བསྒོམ་དོན་ལག་ཏུ་ལེན་བའི་སྨོན་ལམ་ལ། མདོར་བསྟན། རྒྱས་བཤད་གཉིས་ཀྱི་དང་པོ་ནི། གཞི་ལ་སྒྲོ་འདོགས་ཆོད་པ་ལྟ་བའི་གདེངས་། །དེ་ལ་མ་ཡེངས་སྐྱོང་བ་སྒོམ་པའི་གནད། །སྒོམ་དོན་ཀུན་ལ་རྩལ་སྦྱོང་སྤྱོད་པའི་མཆོག །ལྟ་སྒོམ་སྤྱོད་པའི་གདེང་དང་ལྡན་པར་ཤོག །ཅེས་པ་སྟེ་ཕྱག་རྒྱ་ཆེན་པོའི་ལམ་ཇི་ལྟ་བ་བཞིན་སྒོམ་པ་ལ། དང་པོར་གཞི་གནས་ལུགས་ཕྱག་རྒྱ་ཆེན་པོའི་སྒྲོ་འདོགས་བཅད་པས་ལྟ་བ་དྲང་པོར་འགྱུར་ཞིང་། ལྟ་བ་དེ་ཉིད་མ་ཡེངས་པར་སྐྱོང་ཞིང་མཉམ་པར་འཇོག་པ་ནི། སྒོམ་གྱི་གནད་ཡང་དག་པ་ཡིན་ལ།


KMC003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་དོན་དེ་དག་ལ་རྩལ་སྦྱངས་པས་མྱུར་དུ་བོགས་ཐོན་པར་འགྱུར་བ་ནི་སྤྱོད་པའི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། ལྟ་སྒོམ་སྤྱོད་གསུམ་གྱི་གནད་དེ་ལྟ་བུ་དང་ལྡན་ན་ཚེགས་ཆུང་ངུས་འགྲུབ་པར་འགྱུར་བས་དེའི་ཚུལ་ལ་སྨོན་པར་མཛད་པའོ།། ༈ །།གཉིས་པ་དེ་རྒྱས་པར་ཕྱེ་ནས་སྨོན་ལམ་གདབ་པ་ལ་བཞི། ལྟ་བས་གཞིའི་སྒྲོ་འདོགས་གཅོད་ཚུལ། དེ་སྒོམ་པས་གཏན་ལ་འབེབས་ཚུལ། དེ་སྤྱོད་པས་མཐར་དབྱུང་ཚུལ། ལམ་མཐར་དབྱུང་ཚུལ། ལམ་མཐར་ཕྱིན་པའི་འབྲས་བུ་ལ་སྨོན་པ་སྟེ་བཞིའོ། །དང་པོ་ལའང་མདོར་བསྟན་པ་དང་། རྒྱས་པར་ཕྱེ་བ་གཉིས་ཀྱི་དང་པོ་ནི། ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཏེ། །སེམས་ནི་སེམས་མེད་སེམས་ཀྱི་ངོ་བོས་སྟོང་། །སྟོང་ཞིང་མ་འགགས་ཅིར་ཡང་སྣང་བ་སྟེ། །ལེགས་པར་བརྟགས་ནས་གཞི་རྩ་ཆོད་པར་ཤོག །ཅེས་པ་སྟེ། རྐང་པ་དང་པོས། སྣང་བ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་དུ་ཐག་བཅད། གཉིས་པས་སེམས་རང་བཞིན་མེད་པར་གཏན་ལ་ཕབ།


KMC003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པས་སྟོང་དང་རྟེན་འབྱུང་ཟུང་དུ་འཇུག་པ་མི་འགལ་བར་བསྟན། བཞི་པས་དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་པས་གཞིའི་དོན་ལ་སྒྲོ་འདོགས་གཅོད་དགོས་པར་སྨོན་པའི་ཚུལ་གྱིས་གདམས་པའོ།། ༈ །།གཉིས་པ་དེ་རྒྱས་པར་འཆད་པ་ལ། རྐང་པ་དང་པོ། གཉིས་པ། གསུམ་པ། བཞི་པ་རྣམས་སོ་སོར་འཆད་པས་བཞིའོ། །དེ་ལས་དང་པོ་སྣང་བ་སེམས་སུ་ཐག་བཅད་པ་ནི། ཡོད་མ་མྱོང་བའི་རང་སྣང་ཡུལ་དུ་འཁྲུལ། །མ་རིག་དབང་གིས་རང་རིག་བདག་ཏུ་འཁྲུལ། །གཉིས་འཛིན་དབང་གིས་སྲིད་པའི་ཀློང་དུ་འཁྱམས། །མ་རིག་འཁྲུལ་པའི་བརྩད་དར་ཆོད་པར་ཤོག །ཅེས་པས་སྟོན་ཏེ། འདིར་དངོས་བསྟན་རགས་པ་འཁོར་བའི་ཆོས་སེམས་སྣང་དུ་གཏན་ལ་ཕབ་པས། ཕྲ་བ་རྣམ་བྱང་གི་ཆོས་སེམས་ཀྱི་རྩལ་དུ་ཤུགས་ཀྱིས་གོ་བར་དགོངས་པའི་ཕྱིར་དངོས་ཤུགས་ཀྱི་དོན་གཉིས་ལས། དང་པོ་དངོས་བསྟན་ལ། ཡུལ་ཡུལ་ཅན་གཉིས་སུ་འཁྲུལ་ཚུལ། དེས་འཁོར་བར་འཁོར་ཚུལ། འཁྲུལ་པ་དེའི་


KMC003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

མཚང་རིག་དགོས་པར་སྨོན་པའི་ཚུལ་གྱིས་གདམས་པའོ།། ༈ །།དང་པོ་ནི། རྗེ་ཉིད་ཀྱི་ཟབ་མོ་ནང་གི་དོན་ལས། རྒྱུ་ནི་སེམས་ཉིད་ཐོག་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་། །དེ་ཉིད་མ་འགགས་རོལ་པ་ལས། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །དེ་ཉིད་རང་གིས་རང་མ་རིག །འདུ་བྱེད་ཡིད་ཀྱི་གཡོ་བ་ནི། །ཆུ་རླབས་ལྟ་བུར་གཡོས་པ་ལས། །དོན་དང་འཛིན་པ་གཉིས་སྣང་བ། །རང་གིས་རང་ལ་གཏད་ཅིང་བཟུང་། །ཡིད་དེ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་དོན་བཟུང་རྣམ་ཤེས་བྱུང་། །བླང་དོར་བྱེད་ལས་ཚོར་བ་སྐྱེ། །དེ་ལ་མཚན་འཛིན་འདུ་ཤེས་ཏེ། །འདུས་བྱས་ཡུལ་སྣང་གཞན་དུ་བརྟག ། ཞེན་པས་གཟུགས་ཀྱི་ཕུང་པོ་གྲུབ། །ཅེས་གསུངས་ཤིང་རང་འགྲེལ་དུ་རྒྱས་པར་བཤད་པ་ལྟར། གཞིའི་གནས་ལུགས་རང་བཞིན་གྱིས་དག་པའི་འོད་གསལ་སེམས་ཀྱི་རྡོ་རྗེ་དེ་ཉིད་རང་གི་ངོ་བོ་རང་རྩལ་གྱིས་མ་རིག་ཅིང་། དེའི་ཚུལ་ཡང་འདུ་བྱེད་པའི་ཡིད་ཀྱི་གཡོ་བ་


KMC003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱུ་དང་རྐྱེན་ལྟར་སྣང་ཞིང་། དེ་ཉིད་ལ་བརྟེན་ནས་ཉོན་མོངས་པ་ཅན་དུ་བྱེད་པས་མ་རིག་པར་གྱུར་ཏོ། །ཡིད་དེ་ལའང་རྣམ་པ་གཉིས་ཏེ་དེ་མ་ཐག་ཡིད་ཀྱིས་རྣམ་ཤེས་ཚོགས་དྲུག་སྐྱེ་འགག་བྱེད་པའི་ཚེ་དེ་དག་གི་ནུས་པ་ཀུན་གཞིའི་སྟེང་དུ་འཇོག་པར་བྱེད་ཅིང་ཉོན་ཡིད་ཀྱིས་ཀུན་གཞི་ལ་ངའོ་སྙམ་དུ་འཛིན་པའི་ཕྱིར། སྔ་མས་ནི་རྣམ་ཤེས་སྐྱེད་པར་བྱེད་ཅིང་ཕྱི་མས་ནི་དེ་ཉོན་མོངས་པ་ཅན་དུ་བྱེད་དོ། །ཀུན་གཞི་ནི་ཡིད་དེ་གཉིས་ཀྱི་རྟེན་དུ་གྱུར་པ་ཉོན་མོངས་པའི་བག་ཆགས་ཐམས་ཅད་འཛིན་པས་ས་བོན་ཐམས་ཅད་པར་བརྗོད་པ་སྟེ། །ཡིད་དང་ཀུན་གཞི་ཕན་ཚུན་རྒྱུ་རྐྱེན་དུ་སྣང་བ་དེ་ཉིད་ཆུ་དང་རླབས་ལྟར་གྱུར་པས་འཁོར་བའི་འཁྲུལ་པ་ཐམས་ཅད་སྐྱེད་པའི་རྩ་བ་ཉིད་ཡིན་ནོ། །དེ་ལྟར་ཡང་སློབ་དཔོན་དབྱིག་གཉེན་གྱིས། དེ་ལ་ཀུན་གཞིའི་རྣམ་ཤེས་ན། །རྣམ་སྨིན་ས་བོན་ཐམས་ཅད་པ། །རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་


KMC003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་དང་། དེ་ལ་གནས་ཏེ་རབ་འབྱུང་ཞིང་། དེ་ལ་དམིགས་པས་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། ཞེས་གསུངས་ཤིང་། ཐེག་བསྡུས་སོགས་སུ་རྒྱས་པར་འབྱུང་བ་ཞིབ་པར་དེ་དག་ཏུ་བལྟ་བར་བྱའོ། །དེ་ལྟར་ཀུན་གཞི་ལས་ཡིད་གཡོས་པའི་མཐུས། ཕྱིར་གཟུང་བའི་ཡུལ་དྲུག་དང་། ནང་དུ་རྣམ་པར་ཤེས་པ་དྲུག་རྣམས། དོན་ལ་ཐ་དད་དུ་གྲུབ་པ་མེད་བཞིན་དུ་སྣང་བར་འགྱུར་ཏེ། དེའང་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་ཚོགས་པའི་རྟེན་འབྲེལ་ལས་ཡིན་ཞིང་། དེ་ལས་སྣང་བ་མཆེད་པར་གྱུར་ནས་རྟོག་པའི་ཡིད་དང་འབྲེལ་བར་འགྱུར་ལ། ངེས་དོན་དུ་མཐོང་བར་བྱེད་པས་སྣང་མཆེད་ཐོབ་གསུམ་དུ་བཞག་གོ །དེ་ལྟར་སྣང་བ་དེའང་ཀུན་གཞི་ལ་ཡུལ་དབང་རྣམ་ཤེས་གསུམ་གྱི་ས་བོན་རྒྱུན་མ་ཆད་པར་ཡོད་པའི་ནུས་པ་ཁོ་ནའི་རྟེན་འབྲེལ་ལས་གྱུར་པ་ཡིན་ཏེ། རྡོ་རྗེ་


KMC003_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ་ལས། ས་བོན་ཀུན་ལྡན་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ཉིད་འདོད། །ཅེས་གསུངས་སོ། །སྣང་བའི་གོ་རིམ་ཡང་། སེམས་བྱུང་འདུ་བྱེད་ཀྱིས་བསྐུལ་པའི་ཡིད་དེས་ཡུལ་དྲུག་ལ་རྟོག་པས་དེ་དག་དོན་དུ་མཐོང་བའི་རྣམ་པར་ཤེས་པ་འབྱུང་། དེ་བྱུང་བས་བླང་བྱར་རྟོག་པ་ཚོར་བ་བདེ་བ་དང་། དོར་བྱར་རྟོག་པའི་ཚོར་བ་སྡུག་བསྔལ་དེ་གཉིས་གང་ཡང་མ་ཡིན་པའི་ཚོར་བ་བཏང་སྙོམས་རྣམས་སྐྱེ། དེ་སྐྱེས་པས་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས་བྱུང་། དེ་བྱུང་བས་ཡུལ་གཞན་དུ་བརྟགས་པའི་བག་ཆགས། འཐས་པ་གཟུགས་ཀྱི་ཕུང་པོ་གྲུབ་པའི་བར་དུ་ཤེས་པར་བྱའོ། །དེ་ལྟར་སེམས་ཉིད་ཀྱི་རང་རྩལ་ལས་ཉེ་བར་སྣང་བའི་ཆོས་འདི་དག་སེམས་ཉིད་ཀྱི་རང་གཤིས་ལ་གདོད་ནས་ཡོད་མ་མྱོང་ཞིང་ཡོད་པར་འགྱུར་བ་མི་སྲིད་ཀྱང་། དེ་ལྟར་མ་རྟོགས་པས་སེམས་ཉིད་རང་གིས་རང་ལ་ཡུལ་དུ་བཟུང་བས་འཁྲུལ་ལོ། །མ་རིག་པས་བསྐྱེད་པ་དེའི་དབང་གིས་རང་རིག་གཞི་མེད་རྩ་བྲལ་དུ་མ་རྟོགས་པས་ཡུལ་བཟུང་བ་པོ་ལ་


KMC003_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཡིན་པར་འཁྲུལ་ལོ། །རྒྱུ་མཚན་དེས་ན་གཟུགས་འཛིན་གཉིས་བསྡུས་ཀྱི་ཆོས་མཐའ་དག་འཁྲུལ་པ་འབའ་ཞིག་ཡིན་ལ་འཁྲུལ་པའི་གཞིའང་སེམས་ཡིན་པས་སེམས་ལས་ལོགས་སུ་རྡུལ་ཙམ་ཡང་མ་གྲུབ་སྟེ་སྟོང་པ་ལ་སྔགས་ཀྱི་སྦྱོར་བས་རྟ་གླང་དུ་སྣང་བའང་སྟོང་པ་དེ་ཉིད་ལས་ལོགས་སུ་ཅིའང་མ་གྲུབ་པ་བཞིན་ནོ། །འོ་ན་སེམས་དེ་དུས་ནམ་གྱི་ཚེ་འཁྲུལ་པར་བྱིང་བ་ཡིན་ཞེ་ན་དུས་སུ་སྣང་བའང་འཁྲུལ་བས་སྒྲོ་བཏགས་པ་ཡིན་པའི་ཕྱིར་གཏན་ནས་མ་གྲུབ་པས་འདི་ཞེས་མཚོན་དུ་མེད་ཀྱང་། ཐོག་མ་མེད་པའི་དུས་ཅན་རང་གིས་རང་མ་རིག་པའི་གནས་སྐབས་དེ་ཉིད་ནས་འཁྲུལ་བར་བརྗོད་ལ། དེ་ཙམ་ཉིད་ན་དག་པའི་སེམས་ཀྱི་ངོ་བོ་སྟོང་པ་ལ་ཀུན་གཞི་དང་། རང་བཞིན་གསལ་བ་ལ་ཉོན་ཡིད་དང་། རྣམ་པ་འགག་མེད་ལ་རྣམ་ཤེས་སུ་བརྗོད་པ་ཡིན་ཏེ་མ་རིག་པ་ལ་བརྟེན་ནས་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་རོ། །དེ་ལྟར་སྨོས་པ་རྣམས་ཀྱི་ལུང་ནི། ལང་ཀར་གཤེགས་པ་དང་། རྒྱན་སྟུག་པོ་བཀོད་པ་


KMC003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འཁོར་ལོ་ཐ་མའི་མདོ་དང་དེའི་དགོངས་འགྲེལ་རྣམས་ལས་རྒྱ་ཆེར་འབྱུང་ཡང་འདིར་མ་སྤྲོས་སོ། །འཁྲུལ་པའི་ཚུལ་འདི་ལྟར་སྔགས་ཀྱི་རྒྱུད་འགྲེལ་རྣམས་སུ་འབྱུང་ངམ་ཞེ་ན། དགོངས་གཞི་དང་དགོས་པའི་དབང་གིས་ཁྱད་པར་འགའ་ཞིག་ཡོད་མོད་ཀྱི་དོན་གྱི་རྩ་བ་ནི་གཅིག་པར་འབྱུང་སྟེ། ཧེ་བཛྲ་ལས། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་གནས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་དང་། དུས་འཁོར་འགྲེལ་ཆེན་དུ། མཆོག་ཏུ་མི་འགྱུར་བའི་འདོད་ཆགས་ཆེན་པོ་ནི་རིག་པ་སྟེ། མ་རིག་པ་ནི་འདིར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ། །ཞེས་སོགས་དང་། བདུད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི་འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །ཞེས་འབྱུང་བ་དང་། སེམས་འགྲེལ་ལས། ཀུན་རྫོབ་ཉོན་མོངས་ལས་ནས་བྱུང་། །


KMC003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་སེམས་ལས་བྱུང་བ་ཡིན། །སེམས་ནི་བག་ཆགས་དག་གིས་བསགས། །ཞེས་སོགས་གསུངས་པ་ལྟ་བུའོ།། ༈ །།གཉིས་པ་དེས་འཁོར་བར་འཁོར་ཚུལ་ནི། དེ་ལྟར་ཡུལ་དང་ཡུལ་ཅན་ཐ་དད་མེད་བཞིན་དུ། གཉིས་སུ་འཛིན་པའི་འཁྲུལ་པ་དེ་ནི་ཀུན་གཞི་ལྡོག་པར་མ་གྱུར་པའི་བར་དུ་རྒྱུན་མི་འཆད་པར་སྣང་བའི་ཕྱིར་དེའི་བར་དུ་སྲིད་པའི་ཀློང་འདིར་ཟོ་ཆུའི་ཁྱུད་མོ་བཞིན་དུ་འཁོར་ཞིང་འཁྱམས་པར་འགྱུར་བ་ཡིན་ནོ། །དེའང་ཀུན་གཞི་ལས་ཡིད་དང་ཡིད་ལས་འཇུག་ཤེས་དྲུག་སྐྱེས་ནས་ཡུལ་མྱོང་པའི་བག་ཆགས་དེ། སླར་ཡང་ཡིད་ཀྱིས་ཀུན་གཞི་ལ་སོགས་པར་བྱེད་པ་རྒྱུན་མི་འཆད་པ་ཕན་ཚུན་རྒྱུ་རྐྱེན་ལྟར་སྣང་བའི་རྟེན་འབྲེལ་ལས་འབྱུང་བས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བག་ལ་ཉལ་གྱི་རྒྱུན་ཆུ་བོ་བཞིན་དུ་འབབ་པའི་ཀུན་གཞི་དེ་རྒྱུན་ཆད་པར་མི་འགྱུར་བའི་ཕྱིར། དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ནི་དེ་ལྡོག་གོ །ཞེས་བཤད་པ་དང་། ལང་གཤེགས་ལས། སེམས་ནི་རང་བཞིན་དྭངས་པ་


KMC003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །རྙོག་པར་བྱེད་པ་ཡིད་ཡིན་ནོ། །རྣམ་པར་ཤེས་དང་བཅས་པའི་ཡིད། །རྟག་ཏུ་བག་ཆགས་འདེབས་པར་བྱེད། །ཅེས་དང་། རྣམ་པར་ཤེས་པ་ཡིད་ལས་བྱུང་། །ཡིད་ནི་ཀུན་གཞི་ལས་བྱུང་སྟེ། །ཀུན་གཞི་ལས་ནི་ཆོས་རྣམས་ཀུན། །རྦ་རླབས་བཞིན་དུ་རྣམ་པར་གཡོ། །ཞེས་གསུངས་སོ། །དེ་ལྟར་ས་བོན་རྒྱུན་མ་ཆད་པ་ལས། དེ་ལས་བྱུང་བ་འཁོར་བའི་རྟེན་འབྲེལ་བཅུ་གཉིས་ཀྱང་རྒྱུན་ཆད་པར་མི་འགྱུར་ཏེ། གོང་དུ་བསྟན་པའི་མ་རིག་པ་དང་། ཚོར་བ་ལ་སྲེད་པ་དང་། སྲེད་པ་དེ་འཕེལ་བས་ཆགས་པའི་ཡུལ་དོན་གཉེར་བ་ལེན་པ་སྟེ་ཉོན་མོངས་པ་རྣམ་པ་གསུམ་གྱིས་འདུ་བྱེད་དང་སྲིད་པའི་ལས་འགྲུབ་པར་བྱེད་ཅིང་། དེ་ལས་མིང་དང་གཟུགས། སྐྱེ་མཆེད་དྲུག །ཚོར་བ། སྐྱེ་བ། རྒ་ཤི་སྟེ། རྣམ་པ་བདུན་གྱིས་བསྡུས་པའི་སྡུག་བསྔལ་ཕུང་པོ་འབྱུང་། སླར་ཡང་དེ་ལས་ཉོན་མོངས་པ་གསུམ་འབྱུང་བ་སོགས་རིམ་པ་བཞིན་དུ་འཁོར་བའི་ཕྱིར་རོ། །དེའང་སློབ་དཔོན་ཀླུ་སྒྲུབ་ཀྱིས། གསུམ་པོ་དག་ལས་གཉིས་བྱུང་ཞིང་། །གཉིས་


KMC003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བདུན་བྱུང་བདུན་ལས་ཀྱང་། །གསུམ་བྱུང་སྲིད་པའི་འཁོར་ལོ་སྟེ། །ཞེས་དང་། དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་གསུངས་སོ། །གསུམ་པ་འཁྲུལ་བ་དེའི་མཚང་རིག་དགོས་པར་གདམས་པ་ནི། ཇི་ལྟར་འཁྲུལ་པའི་གནད་དེ་མ་རིག་ན་འཁྲུལ་པ་ལ་འཁྲུལ་པར་མི་མཐོང་ཞིང་། དེ་མ་མཐོང་བར་དེ་སྤོང་དུ་མི་བཏུབ་པའི་ཕྱིར་གནད་དེ་རིག་དགོས་པ་གལ་ཆེ་བར་སྟན་པའི་སླད་དུ་སྨོན་ལམ་མཛད་པའོ། །གཉིས་པ་ཤུགས་བསྟན་གྱི་དོན་ནི་རགས་པ་འཁོར་བའི་ཆོས་སེམས་སྣང་དུ་བསྟན་པ་དེས་ཕྲ་བ་མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱང་སེམས་སྣང་ཙམ་དུ་གོ་བར་ནུས་ཏེ། ཨ་འཐས་ཀྱི་བག་ཆགས་གོམས་ཆེས་པས་གྲུབ་པའི་དངོས་སྣང་རགས་པ་རྣམས་སེམས་ཀྱི་གནས་ཚུལ་དང་ཤིན་ཏུ་འགལ་བ་ལྟར་འདུག་པས་སེམས་སུ་གཏན་ལ་འབེབས་དཀའ་ཞིང་དེ་གཏན་ལ་འབེབས་ཐུབ་ན། རྣམ་བྱང་གི་ཆོས་རྣམས་སེམས་ཀྱི་གནས་ཚུལ་


KMC003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་རྗེས་སུ་མཐུན་པས་དེར་རྟོགས་པ་ལ་ཚེགས་མེད་པའི་ཕྱིར་རོ། །དེས་ན་རྣམ་བྱང་གི་ཆོས་རྣམས་ཀྱང་དག་པའི་སེམས་ཀྱི་རང་བཞིན་ལས་མ་འདས་པར་སྟོན་ཏེ། སེམས་ཉིད་ལ་དྲི་མ་དང་བཅས་པའི་སྐབས་སེམས་ཡིད་རྣམ་ཤེས་གསུམ་དུ་བཞག་པ་ལྟར། དྲི་མ་དང་བྲལ་བའི་ཚེ་ནའང་སྐུ་གསུམ་དུ་རྣམ་པར་འཇོག་པ་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལམ་པའི་གནས་སྐབས་ན་སྦྱང་བྱའི་དྲི་མ་ཇེ་སྲབ་ཏུ་སོང་བ་ན། དག་པའི་སེམས་ལ་གནས་པའི་ཡོན་ཏན་རྣམས་ཇེ་གསལ་དུ་གྱུར་པས་བྱང་ཆུབ་ཕྱོགས་ཀྱི་ཡོན་ཏན་དུ་སྣང་ཞིང་། དྲི་མ་ཐམས་ཅད་དག་པ་ན་གཞིའི་ཡོན་ཏན་མཐའ་དག་སྣང་བར་འགྱུར་བ་སྟེ་འདིའི་ཚུལ་རྒྱས་པར་རྒྱུད་བླ་མ་ལས་གསུངས་པ་ལྟར་ཤེས་པར་བྱའོ། །འོ་ན་སློབ་དཔོན་ཟླ་བ་གྲགས་པས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པའང་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་བྱང་ཆུབ་བརྙེས་པའི་ཚེ་


KMC003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འགགས་པར་བཤད་པ་ཇི་ལྟར་དྲང་ཞེ་ན། དེ་ལྟར་བཤད་པ་ནི་སེམས་ཡིད་རྣམ་ཤེས་གསུམ་ཀྱིས་བསྟན་པའི་སེམས་སྤངས་པར་བཤད་ཀྱི། འདིར་དག་པའི་སེམས་ནི་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོ་ལ་བརྗོད་པས་དེ་ནི་སྐྱེ་འགག་གནས་གསུམ་དང་བྲལ་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཆོས་ཀྱི་དབྱིངས་ལས་ཐ་དད་པ་མེད་པས་མ་དག་པའི་སེམས་ཀྱི་ཆོས་ལས་རབ་ཏུ་འདས་པ་ཡིན་ནོ། །དག་པའི་སེམས་ལས་རྣམ་བྱང་གི་ཆོས་རྣམས་ལོགས་སུ་མ་གྲུབ་པའི་རྒྱུ་མཚན་གྱིས། གདུལ་བྱའི་ཤེས་རྒྱུད་ཅུང་ཟད་དག་པ་དང་། ཕལ་ཆེར་དག་པའི་རིམ་པས། སྤྲུལ་སྐུ་ལོངས་སྐུའི་སྣང་བ་འབྱུང་བའང་ཡིན་ནོ། །དེ་ལྟར་དངོས་ཤུགས་གཉིས་ཀྱིས་བསྟན་པའི་དོན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་སུ་གཏན་ལ་འབེབས་པའི་ཚུལ་འདི་གང་ལས་འབྱུང་ཞེ་ན། ཐེག་པ་ཆེན་པོ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལས་འབྱུང་སྟེ། རྒྱུད་རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་


KMC003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་རྣམས། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་དང་། ཡང་དེ་ཉིད་ལས། མཁའ་བཞིན་དག་པས་སེམས་ཉིད་ཀྱང་། །བདེ་མཆོག་དག་པའི་སེམས་ཉིད་དེ། །ཡུལ་དང་དབང་པོའི་རང་བཞིན་ནི། །སེམས་ལས་ཕྱི་རོལ་གྱུར་མེད་ཀྱང་། །གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་ཉིད་ཁོ་ན་སྣང་བ་ཡིན། །ཞེས་འབྱུང་བ་དང་། གསང་བ་དུར་ཁྲོད་ཀྱི་རྒྱུད་ལས། སེམས་ལས་མ་གཏོགས་སངས་རྒྱས་དང་། །སེམས་ལས་མ་གཏོགས་ཆོས་གཞན་ནི། །སངས་རྒྱས་ཀྱིས་ཀྱང་མ་གཟིགས་ན། །མ་གསུངས་གསུང་པར་མི་འགྱུར་ཏེ། །དེས་ན་སངས་རྒྱས་ཐམས་ཅད་ཀྱི། །སེམས་ཀྱི་གསང་འདི་གསང་བའི་མཆོག །ཅེས་དང་། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང་། ལང་ཀར་གཤེགས་པ་ལས། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་རབ་ཏུ་འབྱུང་། །ཞེས་དང་།


KMC003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཀླུས། །ཆོས་དབྱིངས་བསྟོད་པར། སེམས་ཉིད་རྣམ་པ་གཉིས་སུ་མཐོང་། །ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས། །བདག་ཏུ་འཛིན་ལས་འཁོར་བ་སྟེ། །སོ་སོར་རིག་ན་དེ་ཉིད་དེ། །འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང་། །དེ་དག་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཞེས་གསུངས་པ་དང་། སེམས་འགྲེལ་ལས། གཟུང་དང་འཛིན་པའི་ངོ་བོ་ཡི། །རྣམ་ཤེས་ལས་ནི་ཐ་དད་པར། །ཕྱི་རོལ་དོན་ནི་འགའ་ཡང་མེད། །ཅེས་དང་། མདའ་བསྣུན་ཞབས་ཀྱིས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་མཚལ་ལོ། །ཞེས་གསུངས་པ་སོགས་མཐའ་ཡས་སོ། ༈ །གཉིས་པ་སེམས་རང་བཞིན་མེད་པར་གཏན་ལ་འབེབས་པ་ནི། བྱང་ཆུབ་སེམས་འགྲེལ་ལས། སེམས་ཙམ་པོ་ལ་གནས་ནས་ནི། །སྐལ་ཆེན་རྣམས་ཀྱིས་དེ་


KMC003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྤང་། །རྣམ་པར་ཤེས་པར་སྨྲ་བ་ལ། །སྣ་ཚོགས་འདི་ནི་སེམས་སུ་གྲུབ། །རྣམ་ཤེས་རང་བཞིན་གང་ཞེ་ན། །ད་ནི་དེ་ཉིད་བཤད་བྱ་སྟེ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པར་གང་མཛད་དེ། །བྱིས་པ་རྣམས་ཀྱི་སྐྲག་པ་ནི། །སྤང་པའི་ཕྱིར་ཡིན་དེ་ཉིད་མིན། །ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་འདི་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བཏགས་པ་ཡིན། ཐེག་ཆེན་དགའ་བའི་བདག་ཉིད་ལ། །ཆོས་ལ་བདག་མེད་མཉམ་པ་ཉིད། །སེམས་ནི་གདོད་ནས་མ་སྐྱེས་ཏེ། །སངས་རྒྱས་ཀྱིས་ནི་མདོར་བསྡུས་གསུངས། །ཞེས་དང་། མདོ་སྡེ་རྒྱན་ལས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པ་ཆོས་ཀྱི་དབྱིངས་ན་གནས། །ཞེས་གསུངས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་ཤེས་ཀྱང་སེམས་ཉིད་གཞི་མེད་རྩ་བྲལ་མཐའ་ཐམས་ཅད་


KMC003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་སྟོང་པ་ཉིད་དུ་མ་རྟོགས་ན་འཛིན་པ་ཆོས་ཀྱི་བདག་གཏན་བྲལ་དུ་བྱེད་མི་ནུས་པས་སེམས་ཀྱི་རང་བཞིན་ཤེས་པར་བྱ་དགོས་པའི་དོན་ཏེ། དེ་ལ་གཉིས་ཏེ། ཡོད་མེད་ཀྱི་མཐའ་སྤོང་བ་དང་། ཡིན་མིན་གྱི་མཐའ་སྤོང་བའོ།། ༈ །།དང་པོ་ནི། ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་ུམ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །ཅེས་པས་བསྟན་ཏེ། །དེའི་རྐང་པ་དང་པོའི་དོན་ནི། འོ་ན་དག་པའི་སེམས་སྔར་བཤད་པ་དེ་ངེས་པར་བདེན་གྲུབ་ཏུ་ཡོད་དམ་ཞེ་ན། བདེན་གྲུབ་ཏུ་ཡོད་པ་ལྟ་ཅི་སྨོས། བདེན་རྫུན་གང་གི་ངོར་ཡང་མེད་དེ། རྒྱལ་བ་ཐམས་ཅད་གཟིགས་པའི་ཡེ་ཤེས་ཀྱིས་ཀྱང་མ་གཟིགས་པའི་ཕྱིར་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། སེམས་མེད་ཙམ་པོའང་ཡོད་མ་ཡིན། །ཚད་དང་གཞལ་དང་གཉི་ག་མེད། །ཅེས་དང་། འོད་སྲུང་གི་མདོར། འོད་སྲུང་སེམས་ནི་ནང་ནའང་མེད། །ཕྱི་


KMC003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ནའང་མེད། གཉི་གའི་བར་ནའང་མི་དམིགས་སོ། །འོད་སྲུང་སེམས་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ། བརྟེན་དུ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པའོ། །འོད་སྲུང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་པ་དང་། ཡུམ་ལས་སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། རྒྱུད་རྣམ་སྣང་མངོན་བྱང་ལས། གསང་བ་པའི་བདག་པོ། སེམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་ཏེ། །ཞེས་དང་། ཇི་ལྟར་རང་གི་སེམས་ཡོངས་སུ་ཤེས་པར་བྱ་ཞེ་ན། འདི་ལྟ་སྟེ། རྣམ་པར་རམ། ཁ་དོག་ཏུའམ། དབྱིབས་སུའམ། ཡུལ་དུའམ། གཟུགས་སུའམ། ཚོར་བར་རམ། འདུ་ཤེས་སུའམ། འདུ་བྱེད་དུའམ། རྣམ་པར་ཤེས་པར་རམ། བདག་ཏུའམ། བདག་གིར་རམ། གཟུང་བར་རམ། འཛིན་པར་རམ། དག་པར་རམ། མ་དག་པར་རམ། ཁམས་


KMC003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སུའམ། སྐྱེ་མཆེད་དུའམ། རྣམ་པ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་བཙལ་ཀྱང་མི་དམིགས་པ་ཡིན་ཏེ། གསང་བ་པའི་བདག་པོ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཆོས་སྣང་བའི་སྒོ་ཆོས་སྣང་བའི་ཚུལ་དང་པོ་སྟེ། ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེས་ན་རྒྱལ་བས་ཆོས་ཀྱི་དབྱིངས་ཇི་ལྟ་བ་གཟིགས་པར་གསུངས་པ་དང་། སེམས་རང་རིག་རང་གསལ་དུ་གསུངས་པ་རྣམས་ནི་ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ལ་མཚན་མར་གྱུར་བ་རྡུལ་ཙམ་ཡང་མ་གཟིགས་པ་ལ་ཡེ་ཤེས་ཀྱི་གཟིགས་པ་ཆེན་པོར་བརྗོད་པ་དང་རིག་བྱ་རིག་བྱེད་དང་གསལ་བྱ་གསལ་བྱེད་དང་བྲལ་བ་ལ་རིག་པ་དང་གསལ་བར་བརྗོད་པའི་གནད་གསང་ཤེས་དགོས་ཀྱི་འཇིག་རྟེན་པ་རྣམས་ཀྱི་མཐོང་བ་སོགས་དང་རིགས་འགྲེ་བར་མི་བྱའོ། །གཞན་དུ་ན་རང་གིས་རང་རིག་པ་སོགས་ཀྱང་འགལ་ཏེ། ལང་གཤེགས་ལས། ཇི་ལྟར་རལ་གྲིས་རང་སོ་དང་། །ཇི་ལྟར་སོར་མོ་


KMC003_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྩེ་ལ། །མི་གཅོད་རེག་པར་མི་བྱེད་པ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང་། །ཞེས་དང་། སྤྱོད་འཇུག་ལས། ཇི་ལྟར་མར་མེ་རང་གི་དངོས། །ཡང་དག་གསལ་བར་བྱེད་བཞིན་ན། །མར་མེ་གསལ་བར་བྱ་མིན་ཏེ། །གང་ཕྱིར་མུན་གྱིས་བསྒྲིབས་པ་མེད། །ཅེས་གསུངས་པ་སོགས་ཀྱི་སྐྱོན་འབབ་པར་འགྱུར་རོ། །ཚིག་རྐང་གཉིས་པའི་དོན་ནི། །འོ་ན་སེམས་ཀྱི་རང་བཞིན་ཤིན་ཏུ་མེད་ཅིང་མི་དམིགས་པ་ཉིད་དུ་གཟུང་ངམ་ཞེ་ན། དེ་ལྟར་དུའང་མི་གཟུང་སྟེ། སེམས་རང་བཞིན་གྱིས་དག་པའི་ཁམས་དེ་མེད་ན་འཁོར་བ་དང་མྱ་ངན་ལས་འདས་པར་སྣང་བ་ཉིད་ཀུན་རྗོབ་ཙམ་དུའང་འབྱུང་མི་རིགས་པར་འགྱུར་ཏེ། གཞི་དེ་རྟོགས་པ་དང་མ་རྟོགས་པའི་དབྱེ་བས་འཁོར་འདས་སུ་འཇོག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཆོས་དབྱིངས་བསྟོད་པ་ལས། ཁམས་ཡོད་པས་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་པས་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཅེས་དང་། དེ་བཞིན་ས་


KMC003_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ཐམས་ཅད་ལ། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པ། །ཤེས་ལྡན་གང་གིས་སྒྲུབ་པར་ནུས། །ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ཀུན་ཀྱི་རྟེན་དུ་འདོད། །རིམ་གྱིས་སྦྱངས་པར་གྱུར་པ་ལས། སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །ཞེས་སོགས་དཔེ་དང་བཅས་ནས་གསལ་པར་གསུངས་སོ། །འདི་སྐབས་སུའང་གནད་འདི་ཤེས་དགོས་ཏེ། མཚན་མར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གཤིས་ལ་མི་གནས་ཤིང་ཡོད་མ་མྱོང་ཡང་ཐམས་ཅད་སྣང་རུང་གི་གོ་འབྱེད་པ་མི་འགལ་བའི་དོན་དེ། སེམས་ཀྱི་རྡོ་རྗེ་དང་། རང་བཞིན་དག་པའི་ཁམས་སོགས་སུ་གསུངས་པ་ལས་ངེས་པར་བདེན་བདེན་མོ་དང་རྟག་རྟག་མོའི་མཐའ་ཅན་ཞིག་ནི་ཡོད་པ་མི་སྲིད་དོ། །འོ་ན་འཁོར་ལོ་ཐ་མའི་མདོ་རྣམས་སུ་གཙང་རྟག་བདེ་བ་དག་གི་ཕ་རོལ་ཏུ་ཕྱིན་པ་སོགས་གསུངས་པ་དང་། སྔགས་སུའང་གཞོམ་གཞིག་དང་བྲལ་བའི་ཡེ་ཤེས་སོགས་གསུངས་པ་ཇི་ལྟར་དྲང་ཞེ་ན། དེ་ནི་རྒྱན་


KMC003_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་དམ་པར་འདོད། །རྣམ་པ་ཀུན་ཏུ་མི་དམིགས་པ། །དམིགས་པ་ཡི་ནི་དམ་པར་འདོད། །ཅེས་གསུངས་པ་ལྟར། རང་བཞིན་གྱིས་དག་པའི་དེ་ཁོ་ན་ཉིད་དེ་སྤྲོས་མཚན་གྱིས་མི་ཕྱེད་པ་དང་། བློ་ཡི་ཡུལ་ལས་འདས་པ་དང་། གནས་སྐབས་གཞན་དུ་འགྱུར་བ་མེད་པ་སོགས་ཀྱི་དོན་དུ་གསུངས་པ་ཡིན་ནོ། །དེ་ལྟར་གསུངས་པའི་དགོས་པའང་སྟོང་པ་ཉིད་དུ་འཛིན་པའི་གདོན་ཆེན་པོ་བསལ་བའི་ཕྱིར་ཏེ། དེར་འཛིན་པ་ནི་རྟག་པར་ལྟ་བ་ལས་ཀྱང་ཐ་ཆད་པའི་ཕྱིར། མདོ་ལས། བདག་ཏུ་འཛིན་པ་རི་རབ་ཙམ་ནི་སླ་ཡི་བདག་མེད་པར་འཛིན་པ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སོགས་དང་། ཀླུ་ཞབས་ཀྱིས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར་། །ཞེས་བསྟན་པ་ཡིན་ལ་དེའི་རྒྱུ་མཚན་དངོས་འཛིན་གཞིག་པའི་ཕྱིར་སྟོང་པ་ཉིད་བསྟན་ཀྱང་སྟོང་པ་ཉིད་ལ་དངོས་པོར་བཟུང་ན་འཇིག་རྟེན་པ་ལས་ཀྱང་དངོས་འཛིན་ཆེ་བར་སོང་བས་ཤིན་ཏུ་ཐ་ཆད་པའི་ཕྱིར་ཏེ་དཔེར་ན་


KMC003_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ནད་བསལ་བའི་ཕྱིར་བཀྲུ་སྨན་བཏང་བས་བཀྲུ་སྨན་ཉིད་དུག་ཏུ་སོང་བ་ལྟ་བུའོ། །དེས་ན་ཁྱེའུ་བཞིའི་ཏིང་ངེ་འཛིན་གྱི་མདོ་ལས། གང་གིས་སྟོང་པ་སྟོང་སེམས་ལ། །སྟོང་པ་དེ་ལ་མི་སེམས་ལ། །གང་དག་སྟོང་ཉིད་མི་མཐོང་བ། །དེ་དག་སྟོང་ཉིད་ཤེས་པ་ཡིན། །ཞེས་དང་། རྩ་ཤེར་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །སྟོང་མིན་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས་། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་འབྱུང་བ་ལྟར་ཤེས་པར་བྱའོ། །ཚིག་རྐང་གསུམ་པ་དང་བཞི་པའི་དོན་ནི། དེ་ལྟར་སེམས་ཀྱི་གནས་ལུགས་ཡོད་མེད་གཉི་གར་བཤད་ན། གཞི་གཅིག་ལ་ཡོད་མེད་གཉིས་མི་སྲིད་པས་འགལ་བ་འདུ་བའི་སྐྱོན་གནས་སོ་ཞེ་ན། དེ་ལྟར་ཡང་མི་འགྱུར་ཏེ་སྔར་ཡོད་པ་དང་མེད་པ་གཉི་ག་བཀག་པ་ཡིན་གྱི་གཉི་ག་ཡིན་པར་བསྒྲུབས་པ་མ་


KMC003_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སོ། །མདོར་ན་ཡོད་མེད་སྟོང་མི་སྟོང་སོགས་གང་གི་སྒྲས་ཀྱང་བརྗོད་པར་མི་ནུས་ལ་གང་དུའང་མི་གནས་ཤིང་བློའི་ཡུལ་ལས་འདས་པ་ཉིད་རྟོགས་པ་མེད་པའི་ཚུལ་གྱིས་རྟོགས་པར་བྱ་བའི་སླད་དུ་རྟག་ཆད་སྒྲོ་སྐུར་གྱི་མཐར་འགོག་པ་ཙམ་ཞིག་བསྟན་པ་ཡིན་གྱི་མཐའ་དེ་དག་སྤངས་ནས་བསྒྲུབ་རྒྱུ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ཏེ། ཀླུ་ཞབས་ཀྱིས། ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་དེ། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཡང་ཁྱོད་ཀྱིས་སྤངས་པ་ལགས། །ཞེས་དང་། ནམ་མཁའ་མཛོད་ཀྱི་མདོ་ལས། དངོས་པོ་དང་ནི་དངོས་མེད་ཀྱི། །ལྟ་བ་མཁས་པས་མི་འཛིན་ནོ། །སྟོང་པ་ཉིད་ནི་སྒྲ་ཡིས་བསྒྲགས། །སྒྲ་ལ་སྟོང་པ་ཉིད་མེད་དེ། །དེ་ནི་སྒྲ་མེད་བརྗོད་པ་མེད། །དེ་ཕྱིར་སྟོང་པ་ཉིད་ཅེས་བྱ། །སངས་རྒྱས་ཀུན་གྱིས་བཤད་ཀྱང་ནི། །སྟོང་པ་ཉིད་ནི་བརྗོད་དུ་མེད། །གང་དེ་སྟོང་ཞེས་བྱ་བ་ཡང་། །དེ་ཡི་དོན་ནི་བརྗོད་དུ་མེད། །ཅེས་གསུངས་སོ། །དེས་ན་སེམས་ཀྱི་ངོ་བོ་མཐའ་གཉིས་སུ་མི་


KMC003_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཤིང་དབུ་མར་ཡང་མི་གནས་པའི་དེ་ལ་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཞེས་ཐ་སྙད་ཙམ་དུ་གདགས་པ་ཡིན་པས་ན་མཐའ་ཐམས་ཅད་དང་བྲལ་བའི་སེམས་ཀྱི་མཚན་ཉིད་དབུ་མ་ཆེན་པོའི་དོན་རྟོགས་དགོས་པར་གདམས་པའི་ཕྱིར་དེ་ལ་སྨོན་པར་མཛད་པའོ།། ༈ །།གཉིས་པ་ཡིན་མིན་གྱི་མཐའ་སྤང་བ་ནི། །འདི་ཡིན་ཞེས་བྱ་གང་གིས་མཚོན་པ་མེད། །འདི་མིན་ཞེས་བྱ་གང་གིས་བཀག་པ་མེད། །བློ་ལས་འདས་པའི་ཆོས་ཉིད་འདུས་མ་བྱས། །ཡང་དག་དོན་གྱི་མཐའ་ནི་ངེས་པར་ཤོག །ཅེས་པ་སྟེ། འདིའི་དོན་ནི་སྔར་ཡོད་མེད་བཀག་པ་ཉིད་ཀྱིས་ཤེས་ནུས་ཀྱང་ཅུང་ཟད་བརྗོད་ན་སེམས་ཀྱི་རང་བཞིན་མཐའ་བྲལ་དེ་ལ། སྟོང་ཉིད། སྐྱེ་མེད་ཟུང་འཇུག །དོན་དམ། ལྷན་སྐྱེས། བདེ་ཆེན་སོགས་མིང་སྙན་སྙན་པོ་དུ་མའི་སྒོ་ནས་དེ་དག་ཡིན་པར་བརྗོད་ཀྱང་གང་གིས་ཀྱང་མཚོན་པར་མི་ནུས་ཏེ། དེ་ལ་མཚོན་པར་བྱ་བའི་ཆོས་གཏན་ནས་མ་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་གཅིག་དང་། དུ་མ་དང་། རྟག་


KMC003_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་དང་། འགྲོ་འོང་ལ་སོགས་པ་བཀག་པས་ཀྱང་དེའི་རང་བཞིན་ཉམས་པ་དང་འགྱུར་པ་མི་སྲིད་པའི་ཕྱིར་བཀག་པ་མེད་པའམ། ཡང་ན་རང་བཞིན་བྲལ་བ་དེ་ཉིད་དེ་ལྟར་མ་ཡིན་ནོ། །ཞེས་བཀག་ཀྱང་འགོག་པར་བྱ་བའི་གཞི་མ་གྲུབ་པའི་ཕྱིར་དགག་ཏུ་མེད་པའོ། །དེ་ལྟར་ཡང་དབུ་མ་རྒྱན་ལས། ཡང་དག་ཏུ་ནི་སྤྲོོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །སྐྱེ་བ་ལ་སོགས་མེད་པའི་ཕྱིར། །སྐྱེ་མེད་ལ་སོགས་སྲིད་མ་ཡིན། །ཞེས་དང་། བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཕྱིར་འདོད། །དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་དང་། ཡང་དག་ཉིད་དུ་གཉིས་མེད་དེ། །དེ་ནི་སྤྲོས་པ་མེད་པ་ཡིན། །འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་འབྱུང་ང་ོ། །རྒྱུ་མཚན་དེ་དག་གིས་བློ་ལས་འདས་པར་གྱུར་པ་ཡིན་ཏེ། ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་


KMC003_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཀུན་རྗོབ་ཀྱིས་དོན་དམ་ཡུལ་དུ་བྱེད་པ་མི་སྲིད་པའི་ཕྱིར་རོ། །བློ་འདས་དེ་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་གདོད་མ་ནས་བཞུགས་པའི་ཕྱིར་འདུས་མ་བྱས་པ་སྟེ་སྤྲོས་པའི་རྐྱེན་གཞན་གང་གིས་ཀྱང་འགྱུར་བ་མེད་པས་སོ། །དེ་ལ་ཡང་དག་པའི་དོན་གྱི་མཐའ་ཞེས་ཀྱང་བྱ་སྟེ་ཆོས་ཐམས་ཅད་ཀྱི་སྐྱེལ་ས་ཡང་དག་པའི་དོན་གྱི་མཐའ་ཙམ་དུ་ཟད་པའི་ཕྱིར་རོ། །དེའང་དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུ་ན། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་འབྱུང་ངོ་། །ངེས་པར་ཤོག་ཅེས་པ་གནས་ལུགས་ཀྱི་དོན་དེ་ལ་ཐེ་ཚོམ་བཅས་པར་གྱུར་ན་སྒོམ་པའི་ཚེ་སེམས་རྩེ་གཅིག་པ་མི་ཐོབ་པས་བཤད་པ་འདི་ལྟར་གཏན་ལ་ཕབ་སྟེ་ཐེ་ཚོམ་མེད་པ་ཞིག་དགོས་སོ་ཞེས་གདམས་པའོ། །འོ་ན་སྔགས་སུའང་ལྟ་བ་འདི་ལྟ་བུ་ཉིད་གསུངས་པ་ཡིན་ནམ་ཞེ་ན་ཐེག་ཆེན་མདོ་སྔགས་གཉིས་ལྟ་བ་སྤྲོས་བྲལ་ལ་ཁྱད་མེད་པ་གོང་དུ་སྨོས་པ་བཞིན་


KMC003_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་འདི་ལྟ་བུ་ཉིད་གསུངས་ཏེ། དུས་འཁོར་རྩ་རྒྱུད་ལས། ཡོད་དང་མེད་ལས་རྣམ་པར་གྲོལ། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་གྲོལ་ལོ། །རྡོ་རྗེ་རྣལ་འབྱོར་རིས་མེད་པ། །ཞེས་བྱུང་བ་ལྟར་ཟབ་མོའི་རྒྱུད་སྡེ་རྣམས་ལས་མཐའ་ཡས་པར་གསུངས་སོ།། ༈ །།གསུམ་པ་སྟོང་དང་རྟེན་འབྱུང་ཟུང་དུ་འཇུག་པ་མི་འགལ་བར་སྟོན་པ་ནི། འདི་ཉིད་མ་རྟོགས་འཁོར་བའི་རྒྱ་མཚོར་འཁོར། །འདི་ཉིད་རྟོགས་ན་སངས་རྒྱས་གཞན་ན་མེད། །ཐམས་ཅད་འདི་ཡིན་འདི་མིན་གང་ཡང་མེད། །ཆོས་ཉིད་ཀུན་གཞིའི་མཚང་ནི་རིག་པར་ཤོག །ཅེས་པ་སྟེ་གོང་དུ་སྤྲོས་ནས་བཤད་པ་ལྟར་གནས་ལུགས་སེམས་ཀྱི་གསང་འདི་ཉིད་མ་རྟོགས་པ་ལས་འཁོར་བར་འཁོར་བའི་ལུགས་འབྱུང་གི་རྟེན་འབྲེལ་འབྱུང་ལ། འདི་ཉིད་རྟོགས་ན་ལུགས་ལྡོག་གི་རྟེན་འབྲེལ་ལ་སངས་རྒྱ་བ་


KMC003_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞིང་སངས་རྒྱས་དེའང་གནས་ལུགས་ཀྱི་དོན་འདི་ལས་ལོགས་སུ་ཡོད་པ་མ་ཡིན་ནོ། །དེས་ན་གནས་ལུགས་སྟོང་པ་ཉིད་གདོད་ནས་སངས་རྒྱས་ཀྱི་རང་བཞིན་དུ་བཞུགས་པ་འདིས་ཆོས་ཐམས་ཅད་ལ་ཁྱབ་པས་ཐམས་ཅད་འདི་ཡིན་ལ་འདི་མ་ཡིན་པའི་ཆོས་ཞིག་གང་དུ་བཙལ་ཀྱང་མི་རྙེད་དོ། །དེའང་ཆོས་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་མཚན་གྱིས་སྟོང་པ་ཉིད་དུ་བསྒྲུབ་པར་ནུས་ཏེ་སྟོང་པ་ཉིད་མ་ཡིན་ན་རྟེན་ཅིང་འབྲེལ་པར་འབྱུང་དུ་མི་རུང་བའི་ཕྱིར་ཏེ། །མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་དག་ཡོད་མིན། །ཞེས་དང་། ཀླུ་ཞབས་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ལ། དེའི་ཕྱིར། །སྟོང་པ་ཉིད་ལས་ལོགས་སུ་རྟེན་འབྲེལ་མ་གྲུབ་ལ། རྟེན་འབྲེལ་


KMC003_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལོགས་སུ་སྟོང་ཉིད་མ་གྲུབ་པས་ཟུང་འཇུག་ཏུ་འཐད་པ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་གྱུར་པས་དེ་བཞིན་ཉིད་ལ་ཀུན་གཞིའི་སྒྲར་གསུངས་པ་ཡིན་པས་དེའི་མཚང་སྟེ་གནད་ཐམས་ཅད་རིག་པར་ཤོག་ཅེས་པའོ། །དེས་ན་འདིར་ཀུན་གཞི་ཞེས་པ་སེམས་རང་བཞིན་གྱིས་དག་པ་ཉིད་དེ། རྒྱན་སྟུག་པོ་བཀོད་པར། ཀུན་གཞི་ངང་ལུགས་དགེ་བ་ནི། །རྒྱལ་སྲས་རྣམས་ཀྱིས་མཐོང་ཐོས་ཏེ། །ཞེས་དང་། ཀུན་གཞི་དྲི་མེད་བསོད་ནམས་ཀྱིས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་གསུངས་པ་ལྟར་ཡིན་པས་འཁོར་བའི་རྒྱུ་ཀུན་གཞིའི་རྣམ་ཤེས་དང་འཁྲུལ་བར་མི་བྱའོ།། ༈ །།བཞི་པ་དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་པས་གཞི་ལ་སྒྲོ་འདོགས་བཅད་དགོས་པར་གདམས་པ་ནི། སྣང་ཡང་སེམས་ལ་སྟོང་ཡང་སེམས་ཡིན་ཏེ། །རྟོགས་ཀྱང་སེམས་ལ་འཁྲུལ་ཡང་རང་གི་སེམས། །སྐྱེས་ཀྱང་སེམས་ལ་འགག་ཀྱང་སེམས་ཡིན་པས། །སྒྲོ་འདོགས་ཐམས་ཅད་སེམས་ལ་ཆོད་པར་ཤོག །ཅེས་པ་སྟེ།


KMC003_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྟོང་། རྟོག་འཁྲུལ། སྐྱེ་འགག་ཐམས་ཅད་སྔར་སྨོས་པའི་རྒྱུ་མཚན་དེ་དག་ངེས་པའི་སྒོ་ནས་རང་བཞིན་མེད་པར་གཏན་ལ་ཕབ་པས་གནས་ལུགས་ཀྱི་སྒྲོ་འདོགས་ཐམས་ཅད་གཅད་དགོས་པར་སྨོན་པའི་ཚུལ་གྱི་གདམས་པའོ། །འོ་ན་རྣམ་རིག་སྨྲ་བ་ལྟར་ཆོས་ཐམས་ཅད་སེམས་སུ་རྟོགས་པ་དེ་མཐར་ཐུག་གི་དོན་རྟོགས་པ་ལྟར་གསུངས་པ་ཅི་ཞེ་ན། འདི་སྐབས་གོང་སྨོས་ལྟར་གནས་ལུགས་གཞིའི་དོན་ལ་སེམས་སུ་གསུངས་པ་ཡིན་པས་མི་འགལ་ལོ།། ༈ །།གཉིས་པ་སྒྲོ་འདོགས་བཅད་པའི་དོན་དེ་སྒོམ་པས་གཏན་ལ་འབེབས་པའི་ཚུལ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། །།དང་པོ་ནི། བློས་བྱས་རྩོལ་བའི་སྒོམ་གྱིས་མ་བསླད་ཅིང་། །ཐ་མལ་འདུ་འཛིའི་རླུང་གིས་མི་བསྐྱོད་པར། །མ་བཅོས་གཉུག་མ་རང་བབས་འཇོག་ཤེས་པའི། །སེམས་དོན་ཉམས་ལེན་མཁས་ཤིང་སྐྱོང་བར་ཤོག །ཅེས་པ་སྟེ། འདིར་ཚིག་རྐང་གཉིས་པ་ཐོག་མར་བྱས་ན་བཤད་བདེ་བས་དེའི་དབང་གིས། །དང་པོ་


KMC003_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ལ་འཇུག་ཚུལ། བར་དུ་མཉམ་པར་འཇོག་ཚུལ། མཐར་དེ་བསྐྱང་ཚུལ་ལོ།། ༈ །།དང་པོ་ནི་བླ་མ་མཆོག་གིས་བྱིན་གྱིས་བརླབས་ཤིང་། ཟབ་མོའི་ཆོས་བློར་ཤོང་པ། དད་བརྩོན་ཤེས་བཟོད་བཞི་དང་ལྡན་པའི་སྐལ་ལྡན་གྱིས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཉམས་སུ་ལེན་པ་ལ། དང་པོར་ལུས་ངག་ཡིད་གསུམ་ཐ་མལ་གྱི་འདུ་འཛིས་དབེན་པ་ཞིག་གལ་ཆེ་སྟེ། འདུ་འཛི་ཞེས་པ་འཁོར་བ་ལ་ཕྱིར་ཞིང་ཆགས་ནས་རྙེད་བཀུར་དང་ཆོས་བརྒྱད་ལ་སོགས་པའི་ཕྱིར་སྒོ་གསུམ་བཀོལ་བར་བྱེད་པ་ལ་ཟེར་བས། དེ་མ་སྤངས་པར་ཐར་པ་ལྟ་ཅི་སྨོས་མཐོ་རིས་ཀྱང་ཐོབ་པར་མི་འགྱུར་བས། ནགས་ན་རི་དྭགས་བྱ་རྣམས་དང་། །ཤིང་རྣམས་མི་སྙན་རྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་ལྷན་ཅིག་བདག་གནས་འགྱུར། །ཕུག་གམ་ལྷ་ཁང་སྟོང་པའམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ། །ནམ་ཞིག་རྒྱབ་ཏུ་མི་ལྟ་ཞིང་། །ཆགས་པ་མེད་པར་འགྱུར་ཞིག་གུ། །ས་ཕྱོགས་བདག་གིར་བཟུང་མེད་པ། །རང་བཞིན་གྱིས་ནི་ཡངས་


KMC003_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ། །རང་དབང་སྤྱོད་ཅིང་ཆགས་མེད་པར། །ནམ་ཞིག་བདག་ནི་གནས་པར་འགྱུར། །ཞེས་སྤྱོད་འཇུག་ཏུ་གསུངས་པ་ལྟར་དབེན་པའི་གནས་སུ་ཁྲིད་རིམ་ནས་འབྱུང་བ་ལྟར་ཐུན་མོང་གི་སྔོན་འགྲོས་བློ་ལེགས་པར་སྦྱངས་ཏེ་གནས་པར་བྱའོ། །དེ་ལྟར་ཕྱི་རོལ་གྱི་དབེན་པ་བསྟེན་པ་དང་ཐུན་མོང་གི་ལམ་ལ་བློ་སྦྱོང་བ་དེས་འདུ་འཛིའི་ཚོགས་ངང་གིས་འགག་པར་འགྱུར་པ་ཡིན་ནོ། །དེ་ཡང་སློབ་དཔོན་ཨ་ཝ་དྷུ་ཏི་པའི་ཞལ་སྔ་ནས། སེར་སྐྱ་མོ་དང་ཆུ་སྐྱར་སྦྲུལ། །ནགས་ན་རི་དྭགས་ཚོལ་བ་དང་། །མདའ་མཁན་དང་ནི་གཞོན་ནུ་མ། །འདི་དྲུག་ང་ཡི་སློབ་དཔོན་ཡིན། །རེ་བ་ཟང་ཟིང་ཁྱིམ་སྤོང་དང་། །དབེན་པའི་ནགས་སུ་གོམས་པ་དང་། །དམིགས་པ་བརྟན་དང་གཅིག་པུ་ཉིད། །བདག་གིས་བླ་མ་ལས་འདི་རྙེད་། ཅེས་གསུངས་པ་ལྟར་ཤེས་པར་བྱས་ཏེ་དེའི་དོན་ཡང་། ཨ་ཝ་དྷཱུ་ཏི་པ་དེ་ཉིད་ཀྱིས། །ནམ་ཞིག་སེར་སྐྱ་མོ་ཞེས་བྱ་བའི་བུད་མེད་ཅིག་སྐྱེས་པ་དང་ཕྲད་པའི་དུས་བཏབ་པས་ནམ་སྟོད་སྐྱེས་པ་འོང་དུ་རེ་བས་


KMC003_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཞིང་ནམ་སྨད་མི་འོང་བར་ཁོ་ཐག་ཆོད་པས་བདེ་བར་གཉིད་ལོག་པ་གཟིགས་པས་རེ་བ་སྤང་དགོས་པར་མཁྱེན་པ་དང་། ཡང་ཆུ་སྐྱར་ཞིག་གིས་ཉ་ཆེན་པོ་ཞིག་ཁྱེར་ནས་སོང་བ་ཆུ་སྐྱར་གཞན་རྣམས་ཀྱིས་བདས་པས་ཉ་དེ་བོར་བ་དང་ཡང་ཆུ་སྐྱར་གཞན་ཞིག་གིས་བླངས་པ་དང་། ཡང་དེ་བཞིན་དུ་གྱུར་པ་སོགས་རིམ་པར་གཟིགས་པས། སུའི་ལག་ཏུ་ཡོད་ཀྱང་རྩོད་པའི་གཞིར་འགྱུར་བ་ཟང་ཟིང་སྤང་དགོས་པར་མཁྱེན་པ་དང་། དེ་བཞིན་དུ་སྦྲུལ་ཞིག་ཚང་དུ་ཉལ་བ་རང་གི་ཕྲུག་གུ་མང་པོས་གཙེས་པས་མ་བདེ་ནས་ཁུང་བུ་གཞན་ཞིག་ཏུ་ཕྱིན་ནས་བདེ་བར་ཉལ་བ་གཟིགས་པས། རང་ཁྱིམ་སྤང་དགོས་པར་མཁྱེན་པ་དང་། རྔོན་པ་ཞིག་ནགས་ན་རི་དྭགས་འཚོལ་བའི་ཕྱིར་ཏུ་འགྲོ་བ་ལས། དེར་བསམ་གཏན་པ་ཞིག་མཐོང་བ་དང་། ཁོང་རང་ཡང་ནགས་སུ་གོམས་པས་མཐར་བསམ་གཏན་པར་གྱུར་པ་གཟིགས་པས། དབེན་པར་གོམས་དགོས་པར་མཁྱེན་པ་དང་། མདའ་མཁན་ཞིག་གིས་བསྒྲིམས་ཏེ་མདའ་བཟོ་བའི་ཚེ་རྒྱལ་


KMC003_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དཔུང་བཅས་མདུན་ནས་འགྲོ་བ་མ་མཐོང་བ་གཟིགས་པས། སེམས་རྩེ་གཅིག་པ་དགོས་པར་མཁྱེན་པ་དང་། གཞོན་ནུ་མ་ཞིག་སྤོས་བདར་བ་ན་གདུ་བུ་མང་པོ་འཁྲོལ་བས་མ་བདེ་ནས་མཐར་ཐམས་ཅད་ཕུད་པ་དང་བདེ་བ་གཟིགས་པས་གྲོགས་སྤངས་ནས་གཅིག་པུར་སྡོད་དགོས་བར་མཁྱེན་པ་རྣམས་ལ་བརྟེན་ནས་དེ་བཞིན་དུ་མཛད་པས་ཏིང་ངེ་འཛིན་ཕུལ་དུ་བྱུང་བ་འཁྲུངས་པ་ཡིན་ནོ། །དེ་ལྟར་འདུ་འཛི་སྤངས་ནས་ཐུན་མོང་མིན་པའི་སྔོན་འགྲོ་བཞིས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྩོལ་མེད་དུ་སྐྱེ་བའི་རྟེན་འབྲེལ་བསྒྲིགས་པ་རྣམས་ནི་ཐོག་མར་མེད་ཀ་མེད་ཀྱི་ཡན་ལག་ཡིན་ནོ།། ༈ །།གཉིས་པ་བར་དུ་མཉམ་པར་འཇོག་ཚུལ་ལ་ལུས་གནད་དང་སེམས་གནད་གཉིས་ཀྱི་དང་པོ་ལུས་གནད་ནི། འདིར་དངོས་སུ་མ་གསུངས་ཀྱང་ཞར་ལས་ཐོབ་པས་དེའི་ཚུལ་ནི། རྒྱུད་རྡོ་རྗེ་ཕྲེང་བ་ལས། སྒྲུབ་པོ་བདེ་བའི་སྟན་འདུག་སྟེ། །མིག་ནི་སྣ་རྩེར་གཏད་བྱས་ནས། །སྣ་མཐོང་ལྟ་བའི་ཚད་དུ་ཞོག །ཕྲག་དཔུང་མཉམ་ལ་ལྕེ་


KMC003_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །དབུགས་ཀྱི་དབྱུང་རྔུབ་ཀློད་ནས་ནི། །ཅུང་ཟད་རྩོལ་བ་བྲལ་བ་ཡིས། །རྡོ་རྗེ་སྐྱིལ་ཀྲུང་ལེགས་གནས་ཤིང་། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། འདུ་འཛི་མེད་པའི་གནས་གཙང་མ། །དེར་ནི་སྐྱིལ་ཀྲུང་བཅའ་བར་བྱ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སྙིང་པོར་བཞུགས་པ་བཞིན། །མིག་བཙུམ་སོ་ལ་སོ་བཞག་སྟེ། །ལུས་བསྲང་ཕྱག་རྒྱ་བྱས་ནས་ནི། །དྲན་པ་རྩེ་གཅིག་ཕྱག་རྒྱ་ཆེ། །ཞེས་གསུངས་པ་ལྟར། རྣམ་སྣང་གི་ཆོས་བདུན་དང་བསམ་གཏན་གྱི་ཆོས་ལྔར་གྲགས་པ་སོགས་མན་ངག་ནས་འབྱུང་བ་བཞིན་ལུས་གནད་ལེགས་པར་བཅིང་བ་གལ་ཆེའོ། །སེམས་གནད་ནི། །རང་གི་བློས་བྱས་པའི་གསལ་བར་འཇོག་པ་དང་། སྟོང་པར་འཇོག་པ་དང་། ཟུང་འཇུག་ཏུ་འཇོག་པ་དང་། ཆེད་དུ་རྩོལ་བས་རྣམ་རྟོག་དགག་པ་དང་དམིགས་པ་ལ་གཏོད་པ་སོགས་མདོར་ན་བློས་བྱས་རྩོལ་བའི་སྒོམ་པ་མཐའ་དག་གིས་མ་བསླད་པ་ཞིག་གལ་ཆེ་སྟེ། གསང་བ་འདུས་པ་ལས། དངོས་པོ་


KMC003_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་དང་། ཧེ་བཛྲ་ལས། གང་ཕྱིར་ཡིད་ཀྱིས་མ་བསྒོམས་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་དང་། ལྷན་ཅིག་སྐྱེས་གྲུབ་ལས། བུམ་པ་བཞིན་དུ་ཁོང་སྟོང་དུ། །དེ་ལྟར་གང་ཞིག་རྟོག་བྱེད་པ། །ཡང་ན་སྟོང་པར་སྨྲ་བའི་བློ། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །ཞེས་དང་། མདའ་བསྣུན་ཞབས་ཀྱིས། བདག་དང་གཞན་དུ་སྣང་བའི་རང་བཞིན་གཅིག་ཤེས་ཤིང་། །དེ་ཉིད་ཁོ་ན་མ་ཡེངས་པ་ཡིས་ཡོངས་བཟུང་སྟེ། །དེ་ཉིད་སེམས་ཀྱི་ཟུག་རྔུ་ཡིན་ཕྱིར་བཏང་ནས་ཀྱང་། །གང་ལའང་ཞེན་པ་མེད་པས་བདེ་བ་ལེན་པར་བྱེད། །སེམས་ལ་གནོད་པའི་ལས་ནི་ཐམས་ཅད་ཀྱིས་སྟོང་ཞིང་། །རྙེད་དང་ལེན་པའི་བྱ་བ་གང་གིས་དགོས་པ་མེད། །རྩོལ་དང་བྲལ་ཞིང་གནས་སྐབས་གློ་བུར་རྐྱེན་མེད་པར། །སྣང་བ་སྣ་ཚོགས་ཕྱག་རྒྱ་འདི་ནི་གཟིགས་མོར་ཆེ། །ཞེས་དང་། མདོ་ལས་ཀྱང་། ཤེར་ཕྱིན་བདུན་


KMC003_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་པ་ལས། ཆོས་གང་ལའང་བླང་བའམ། གཟུང་བའམ། དོར་བ་མ་མཆིས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །གང་ཅི་ལའང་མི་གནས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །གང་ལའང་མི་སེམས་རྣམ་པར་མི་རིག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །ཞེས་དང་། བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ཆོས་གང་ཡང་མི་སྒོམ་པ་ལགས་སོ། །ཞེས་དང་། ཏིང་རྒྱལ་ལས། འདི་ཤེས་འདི་ནི་སྤང་སྙམ་དུ། །གང་གི་འདུ་ཤེས་འབྱུང་བ་དེ། །འདུ་ཤེས་སྤྲོས་ལ་སྤྱོད་པ་སྟེ། །འདུ་ཤེས་སྤྲོས་ལས་དེ་མི་ཐར། །ཞེས་དང་། བློ་གྲོས་རྒྱ་མཚོའི་མདོ་ལས། ཆོས་རྣམས་ཡིད་ལ་མི་བྱེད་དེ། །ལྷག་པར་བྱེད་པ་རྣམ་པར་སྤོང་། །ཆོས་རྣམས་ཐམས་ཅད་མཉམ་ཉིད་དུ། །ཡང་དག་ཉིད་དུ་ཁོང་དུ་ཆུད། །ཞེས་སོགས་ཐེག་པ་ཆེན་པོའི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་རྣམས་ནས་མཐའ་ཡས་པར་གསུངས་པའི་ཕྱིར་རོ། །དེས་ན་མ་བཅོས་གཉུག་


KMC003_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ངང་ལ་རང་བབས་སུ་འཇོག་པ་ཁོ་ན་སྟེ། དེའི་ཚུལ་ཡང་བཀའ་བརྒྱུད་འདི་པའི་མན་ངག་རིག་པ་རྣམས་ཀྱི་གསུངས་ལས། འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མི་བསུ། ད་ལྟར་གྱི་ཤེས་པ་བཟོ་བཅོས་མེད་པར་རང་བབས་སུ་འཇོག །ཅེས་འབྱུང་བ་སྟེ། ཆོས་ཀྱི་རྗེ་སྒམ་པོ་པས། འདས་པའི་རྗེས་མི་བཅད་ཟེར་ཙ་ན། འོ་སྐོལ་གྱི་བློ་རྣམ་རྟོག་སྔ་མའི་ཕྱིར་མི་འབྲང་བ་ཡིན། མ་འོངས་པའི་མདུན་མི་བསུ་ཟེར་ཙ་ན། འོ་སྐོལ་གྱི་བློ་རྣམ་རྟོག་ཕྱི་མའི་མདུན་མི་བསུ་བ་ཡིན། ད་ལྟར་གྱི་ཤེས་པ་རྣལ་མར་ཙེན་གྱིས་ཞོག་ཟེར་ཙ་ན། ད་ལྟར་གང་དུའང་མི་དམིགས་པ་ལ་ཟེར་བ་ཡིན། སེམས་མ་བཅོས་ན་གསལ། ཆུ་མ་རྙོག་ན་དྭངས་བྱ་བ་ཡིན་པས་མ་བཅོས་པའི་ངང་ལ་རང་གར་ཙེན་གྱིས་ཞོག །ཅེས་གསུངས་པ་ལྟར་གོང་དུ་དྲངས་པའི་ལུང་དོན་བློས་བྱས་ཀྱི་རྣམ་པར་རྟོག་པ་གང་གིས་ཀྱང་བསྒོམ་དུ་མི་བཏུབ་པའི་ཕྱིར་དུས་གསུམ་གྱི་སྤྲོས་པའི་ཕྱིར་མི་འབྲེང་བའི་མན་ངག་གི་གནད་གསང་ཕུལ་དུ་བྱུང་བ་འདིས་


KMC003_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཡིན་ནོ། །དེའང་གྲུབ་ཆེན་དབང་པོའི་བློས། ཇི་སྲིད་ཇི་སྲིད་རྣམ་རྟོག་པ། །དེ་སྲིད་ཐམས་ཅད་ཀུན་ནས་བརྫུན། །གང་ཞིག་དེ་ཉིད་མ་བརྟགས་པ། །དེ་བཞིན་ཡང་དག་དེ་བདེན་པ། །ཞེས་དང་། ས་ར་ཧས། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་ལ་བྱར་མེད་མ་བྲལ་གཉུག་མའི་ངང་། །དེ་ཉིད་སྐྱོང་ལ་སྒོམ་ཞེས་ཐ་སྙད་གདགས། །ཞེས་གསུངས་པ་ཡིན་ནོ། །འདི་སྐབས་གཉུག་མ་ཞེས་པ་ནི་གཞིའི་དེ་བཞིན་ཉིད་རྣམ་པར་རྟོག་པས་མ་བསླད་པའི་རྣལ་མ་ཉིད་དུ་གོ་བར་བྱ་སྟེ། ཤེར་འབྱུང་སྦས་པའི་སྤྱོད་འཇུག་དཀའ་འགྲེལ་དུ། དེ་ལྟར་རང་བཞིན་མེད་པ་ཉིད་དངོས་པོ་རྣམས་ཀྱི་གཉུག་མ་ཡིན་ཏེ་དོན་དམ་པའི་རང་བཞིན་གྱིས་གནས་པ་ཡིན་ནོ། །དེ་ཉིད་ལས་སྐྱེས་བུའི་དགོས་པའི་མཆོག་དང་ཁྱད་པར་དུ་འཕགས་པར་བརྗོད་དོ། །འདི་ལ་འང་མངོན་པར་ཞེན་པར་མི་བྱའོ། །ཞེས་འབྱུང་བས་སོ། །དེས་ན་ཁ་ཅིག་གིས་ཁྱེད་ཅག་གི་ཕྱག་རྒྱ་ཆེན་པོ་འདི་དུས་གསུམ་གྱི་ཡིད་བྱེད་ཐམས་ཅད་འགོག་པས། རྒྱ་ནག་ཧྭ་


KMC003_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཤང་གི་སྒོམ་པར་འགྱུར་རོ་ཞེས་སྨྲ་པ་ཡོད་མོད་ཀྱི་དེ་ནི་མ་བརྟགས་པར་སྨྲས་པ་སྟེ། བཀའ་བརྒྱུད་འདི་པས་ཡིད་བྱེད་ཆེད་དུ་བཀག་ནས་འགགས་པའི་རྣམ་རྟོག་དེའི་སྟེང་དུ་སྡོད་པ་ཡིན་ནོ་ཞེས་མི་བཞེད་པའི་ཕྱིར་ཏེ་བཤད་མ་ཐག་པ་ལྟར་ཤེས་པ་ད་ལྟ་བ་བཟོ་མེད་དུ་སྐྱོང་བར་བཞེད་པའི་ཕྱིར། དེ་ལྟ་ནའང་སྐྱོན་དེ་ཉིད་ལས་མ་འདས་ཏེ། ཤེས་པ་ད་ལྟ་བ་བཟོ་མེད་དུ་བསྐྱངས་པས་དུས་གསུམ་གྱི་རྣམ་རྟོག་ཐམས་ཅད་རང་འགགས་སུ་འགྲོ་བའི་ཕྱིར་སྙམ་ན། དེ་ལྟ་ན་ཁྱེད་ཅག་རྣམ་རྟོག་ཐུགས་ཞེན་གྱིས་མི་ཐོང་བ་ཞིག་ཡིན་འདུག་པས། ལྟ་བ་རྣམ་དག་དེ་འདྲའི་རིགས་ཅན་ནི་ཆེས་མང་བར་སྣང་བས་དེ་དག་དང་ལྷན་ཅིག་རྣམ་རྟོག་ལ་རོལ་པར་མཛོད་ཅིག་དང་འདིར་དཔྱད་པ་མི་དགོས་སོ། །ཁོ་བོ་ཅག་ནི་ནམ་དུའང་བདེ་བར་གཤེགས་པས་བསྟན་ཅིང་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་གཤེགས་པའི་ལམ་དེ་ཉིད་ལས་གཞན་དུ་བགྲོད་པ་མ་ཡིན་ཏེ། དུས་ཀྱི་འཁོར་ལོ་ལས། གང་ཕྱིར་ཨ་སོགས་ཀ་སོགས་རི་བོང་ཅན་དང་


KMC003_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་བྱེད་གཅིག་ཉིད་རྡོ་རྗེ་ཅན་གྱི་གདན་མིན་ཞིང་། །ཧཱུྃ་ཡིག་ཉིད་ཀྱིས་མཚན་མ་དང་ནི་ཡོངས་སུ་གྱུར་པ་གཞན་པ་ཁ་དོག་གཟུགས་དག་མི་འདོད་དེ། །འགྱུར་མེད་དག་གིས་བསྐྱེད་ཅིང་འགྱུར་བ་ཉམས་པར་གྱུར་པ་མཆོག་གི་དབང་པོ་དག་དང་ལྡན་པ་ནི། །རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ། །ཞེས་རྣམ་པར་རྟོག་པ་བཅོས་མའི་སྒོམ་པས་མཆོག་མི་འགྱུར་གྱི་གོ་འཕང་མི་འགྲུབ་པར་བསྟན་པ་དང་། གསང་ཀྱེའི་ལུང་གོང་དུ་དྲངས་པ་ལྟར་དང་། རྣམ་སྣང་མངོན་བྱང་ལས། མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པ་ནི། །མཚན་མར་བཅས་པའང་འགྲུབ་ཏུ་རུང་། །ཞེས་རྟོག་མཚན་དང་བྲལ་བའི་རྣལ་འབྱོར་གྱིས། མཚན་མེད་མཆོག་གི་དངོས་གྲུབ་ལྟ་ཅི་སྨོས། ཐུན་མོང་མཚན་བཅས་ཀྱི་དངོས་གྲུབ་ཀྱང་འགྲུབ་ཏུ་རུང་བར་བསྟན་པ་དང་། སློབ་དཔོན་ཀླུས། ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་


KMC003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྤངས་ནས། །ཆོས་རྣམས་ཀུན་གྱི་རང་བཞིན་ཉིད། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །ཞེས་དང་། དཔའ་བོ་རྡོ་རྗེའི་ཕྱག་རྒྱ་བཞི་རིམ་ལས། མངོན་སུམ་རྟོག་བྲལ་རྒྱུན་བསྲིངས་ན། །བསྒོམས་སོ་ཞེས་ནི་ཐ་སྙད་འདོགས། །ཞེས་དང་སློབ་དཔོན་བཛྲ་པཱཎིའི་གསུང་བླ་མ་བརྒྱུད་པའི་རིམ་པའི་མན་ངག་ཅེས་བྱ་བ་འབྲོག་མིའི་འགྱུར་ལས། དེའང་སྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོོས་པ་མེད་པའི་རང་བཞིན་ལས། །ལྷ་དང་སྔགས་ཀྱང་ཡང་དག་གནས། །ཞེས་གསུངས་པས་ན། ཕྱག་རྒྱ་ཆེན་པོ་ཉིད་མི་རྟོག་པ་ནི་བཅོས་མའི་སྒོམ་པ་ཆེད་དུ་གཏད་པ་མི་འདོད་དེ། ཞེས་དང་། གང་ཡང་སྒོམ་པ་པོ་ཉིད་མེད། །གང་ཡང་རྣམ་པར་བསྒོམ་པ་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མ་ཡིན། །དེ་ཡི་དེ་ཉིད་བསྒོམ་པར་བྱ། །ཞེས་གསུངས་པས་སྒོམ་པ་པོ་དང་བསྒོམ་པར་བྱ་བ་དང་བསྒོམ་པའི་ཆེད་དུ་བྱ་བ་མེད་དེ། དེ་ཉིད་ལ་མ་ཡེངས་པར་གཞག་གོ །དེ་ཉིད་ལ་མ་ཡེངས་པར་སྒོམ་པའང་རྟོག་པ་


KMC003_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གློ་བུར་དུ་རྐྱེན་གཞན་ལ་བརྟེན་ནས་བསྐྱེད་དེ། རང་བཞིན་ངོ་བོ་ནི་མ་སྐྱེས་ལ་གང་དུ་རྟོག་པའི་རྐྱེན་མ་ཚོགས་པ་ན་ཤེས་པ་རྐྱེན་གྱིས་མ་བསླད་པ་མ་བཅོས་པའི་གཉུག་མ་སྒྲོ་སྐུར་དང་བྲལ་བ་ནི་ཕྱག་རྒྱ་ཆེན་པོ་སྟེ། ཞེས་སོགས་ལུང་དང་བཅས་ནས་རྒྱས་པར་འབྱུང་ཞིང་། ཟབ་མོའི་མདོ་སྡེ་རྣམས་ནས་ཀྱང་འདི་དང་མཐུན་པར་གསུངས་ཏེ། མཚན་མོ་བཟང་པོའི་མདོ་སྡེ་ལས། འདས་ལ་རྗེས་སུ་ཕྲད་མི་བྱེད། །མ་འོངས་པ་ལ་རེ་བ་མེད། །འདས་པ་གང་ཡིན་དེ་འགགས་ཏེ། །མ་འོངས་པ་ནི་མ་ཕྱིན་པའོ། །གང་དག་ད་ལྟར་བྱུང་བའི་ཆོས། །དེ་ཡང་དེ་ལ་རབ་བལྟས་ནས། །རྣམ་པར་རྟོག་པས་མི་འཕྲོག་པར། །དེ་དག་ཐམས་ཅད་ཁོང་དུ་ཆུད། །ཅེས་དང་། བློ་གྲོས་རྒྱ་མཚོའི་མདོ་ལས། འདས་པའི་འདུ་ཤེས་ནི་ཟད་པའོ། །མ་འོངས་པའི་འདུ་ཤེས་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བའི་འདུ་ཤེས་རྣམས་ནི་གནས་པ་མེད་པ་སྟེ་གང་དུས་གསུམ་དུ་འདུ་ཤེས་མི་དམིགས་པ་ནི་འདུ་ཤེས་ཡོངས་སུ་ཤེས་པའོ། །ཞེས་སོགས་མང་དུ་


KMC003_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལ་ཚད་མར་བྱེད་པའི་ཕྱིར་རོ། །འོ་ན་ཐོག་མ་ཉིད་ནས་གཉུག་མ་བཟོ་མེད་དུ་སྐྱོང་བ་ཉིད་ལ་འཇུག་གམ་ཞེ་ན། གང་ཟག་གི་སྐལ་བའི་རིམ་པས་འཇུག་པར་ནུས་ན་ནི་ཆེས་ལེགས་ཤིང་གལ་ཏེ་འཇུག་པར་མི་ནུས་ན་སེམས་ཀྱི་གླང་པོ་དམིགས་པའི་ཀ་བ་ལ་དྲན་ཤེས་ཀྱི་ཐག་པས་གདགས་ཅེས་མན་ངག་རིག་པ་རྣམས་གསུང་བ་ལྟར་ཕྱིར་སེམས་འཛིན་པ་དང་ནང་དུ་སེམས་འཛིན་པ་དང་སོ་སོ་ལའང་ཕྲ་རགས་གཉིས་སུ་ཕྱེ་བ་དང་། དེ་བཞིན་དུ་སྦྱར་ཏེ་ལྷའི་སྐུ་དང་། ཐིག་ལེ་དང་། ཡིག་འབྲུ་དང་། རླུང་ལ་སོགས་པ་ལ་བརྟེན་ནས་སེམས་འཛིན་པ་རྣམས་ཀྱང་ཅི་རིགས་པ། སྐབས་སུ་བབས་པ་ན་བླ་མས་གདམས་པ་བཞིན་ཉམས་སུ་བླངས་པས་སྐྱོན་དུ་མི་འགྱུར་ཏེ། ཀླུ་ཞབས་ཀྱིས། དམིགས་པ་དག་ལ་བརྟེན་ནས་ནི། །མི་དམིགས་པ་ཉིད་རབ་ཏུ་སྐྱེ། །ཞེས་གསུངས་པའི་ཕྱིར་རོ།། ༈ །།གསུམ་པ་མཐར་དེ་སྐྱོང་ཚུལ་ནི། དེ་ལྟ་བུའི་སེམས་དོན་གྱི་ཉམས་ལེན་ལ་མན་ངག་གི་གནད་དང་ལྡན་པས་མཁས་ཤིང་།


KMC003_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བྱིང་རྒོད་ལ་སོགས་པའི་སྐྱོན་སེལ་བ་དང་། གོལ་ས་གཅོད་པ་དང་། བོགས་འདོན་པ་ལ་སོགས་པའི་ཚུལ་ལའང་མཁས་པས་འབྲས་བུའི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་མ་གྱུར་ཀྱི་བར། ཇི་སྐད་དུ། ཆུ་བོ་ཀླུང་འབབ་གཞུང་དང་ནི། །མར་མེ་འབར་བའི་རྩེ་མོ་ལྟར། །སྔགས་ཀྱི་དེ་ཉིད་རྗེས་འབྲང་གནས། །རྒྱུན་མི་ཆད་པའི་བསམ་གཏན་འཐོབ། །ཅེས་པ་ལྟར་སྐྱོང་དགོས་སོ། །ཞེས་གདམས་པའི་ཕྱིར་དུ་སྨོན་པར་མཛད་པའོ།། ༈ །།གཉིས་པ་རྒྱས་པར་བཤད་པ་ལ། ཞི་ལྷག་གི་རྣལ་འབྱོར ། དེ་ལས་ཉམས་རྟོགས་སྐྱེ་ཚུལ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཉམས་ལེན་བཅས་གསུམ་ལས། དང་པོ་ཞི་ལྷག་གི་རྣལ་འབྱོར་བསྟན་པ་ལའང་ཞི་གནས། ལྷག་མཐོང་། ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་དེའི་མཚན་གྱི་རྣམ་གྲངས་བཤད་པ་སྟེ་གསུམ་ལས། དང་པོ་ནི། ཕྲ་རགས་རྟོག་པའི་རྦ་རླབས་རང་སར་ཞི། །གཡོ་མེད་སེམས་ཀྱི་ཆུ་བོ་ངང་གིས་གནས། །བྱིང་རྨུགས་རྙོག་པའི་དྲི་མ་དང་བྲལ་བའི། །ཞི་གནས་རྒྱ་མཚོ་མི་གཡོ་


KMC003_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་ཤོག །ཅེས་པ་སྟེ་གོང་དུ་བཤད་པ་ལྟར་དབང་པོའི་རིམ་པས་དམིགས་བཅས་དམིགས་མེད་ཀྱི་མཉམ་བཞག་རིམ་གྱིས་ཉམས་སུ་ལེན་པའམ་ཐོག་མ་ནས་དམིགས་མེད་ལ་འཇུག་པ་གང་རུང་གིས་སྒོམ་པ་ན་ཐོག་མར་ཞི་གནས་ཀྱི་ཏིང་ངེ་འཛིན་འཐོབ་པར་འགྱུར་བ་ཡིན་ནོ། །དེའང་ཞི་གནས་ཀྱི་སྒྲ་དོན་ནི་སེམས་ཉོན་མོངས་པའི་རྣམ་པར་རྟོག་པ་ཞི་ཞིང་དགེ་བའི་ངོ་བོར་རྩེ་གཅིག་ཏུ་གནས་པ་ལ་བྱ་ཞིང་། ངོ་བོ་ནི་དཱི་པཾ་ཀ་རས། འཇིག་རྟེན་བྱ་བ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་དང་། རྣམ་སྣང་མངོན་བྱང་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་ལྟར། འཇིག་རྟེན་གྱི་བྱ་བ་སྤང་བ་སྔོན་དུ་སོང་བའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཉིད་དོ། །དེའང་རྣམ་པར་


KMC003_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ལ་དབྱེ་ན་རགས་པ་དང་ཕྲ་བ་གཉིས་ཡིན་ལ། རགས་པ་ནི་ཡིད་ཀྱིས་ཡུལ་ལ་རྟོག་པ་ཙམ་དང་། ཕྲ་བ་ནི་སླར་ཡང་རྟོག་པ་དེ་ལ་དཔྱོད་པར་བྱེད་པ་སྟེ། མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་བཤད་མོད། འདིར་མན་ངག་གི་དབང་དུ་ན་ཡུལ་ལ་འཇུག་པའི་རྟོག་དཔྱོད་མངོན་གྱུར་དུ་ཚོར་བ་དེ་རགས་པ་དང་། ཡུལ་ལ་དངོས་སུ་འཇུག་པ་མི་ཚོར་བ་དེ་ཕྲ་བར་བཞེད་པ་ཡིན་ནོ། །དེས་ན་སེམས་བྱུང་ཕྲ་རགས་ཀྱི་རྟོག་པའི་རྦ་རླབས་དེ་ཆེད་དུ་བཀག་པ་མ་ཡིན་པར་ངང་གིས་འགགས་པས་རང་སར་ཞི་ཞིང་ཀུན་གཞིའི་རྣམ་ཤེས་སེམས་ཀྱི་ཆུ་བོའི་རྒྱུན་ཡང་གཡོ་བ་མེད་པར་ངང་གིས་གནས་པ། །བྱིང་རྨུགས་ལ་སོགས་པ་རྙོག་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཞི་གནས་ཀྱི་རྒྱ་མཚོ་མི་གཡོ་བར་བརྟན་པའི་སྨོན་ལམ་མཛད་པ་སྟེ་འདིའང་གཟུགས་ཅན་གྱི་རྒྱན་ཡིན་ནོ། །འདི་སྐབས་བྱིང་རྨུགས་ཅེས་པས་མཚོན་ཏེ་ཞི་གནས་ཀྱི་གེགས་རྣམས་བསྟན་ཅིང་དེ་དག་བསལ་དགོས་པར་སྟོན་པ་སྟེ། བཤེས་སྤྲིངས་ལས། རྒོད་


KMC003_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འགྱོད་དང་གནོད་སེམས་རྨུགས་པ་དང་། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །ལྔ་པོ་འདི་དག་བསམ་གཏན་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་ཐུབ་པས་གསུངས། །ཞེས་འབྱུང་བ་ལྟར་གེགས་ནི་རྒོད་འགྱོད་གནོད་སེམས། གཉིད་རྨུགས། འདོད་འདུན། ཐེ་ཚོམ་སྟེ་རྣམ་པ་ལྔ་ཡིན་ལ། དེའང་ཡུལ་སྣ་ཚོགས་ལ་རྟོག་པ་འཕྲོ་བའི་རྒོད་པ་དང་། བྱིང་བ་མི་རིགས་པ་བྱས་པ་ལ་འགྱོད་པ་གཉིས་ཀྱིས་ནི་སེམས་ཞི་བར་གནས་པའི་གེགས་བྱེད། གནོད་སེམས་ཀྱིས་བདེ་བར་གནས་པའི་གེགས་བྱེད། སེམས་འཐིབས་པའི་བྱིང་བ་དང་། དེ་ལས་ཀྱང་ཆེར་བྱིང་བའི་རྨུགས་པ་དང་གཉིད་ཀྱིས་ནོན་པ་སྟེ་གསུམ་གྱིས་ནི་གསལ་བར་གནས་པའི་གེགས་བྱེད། ཡོ་བྱད་དང་སེམས་ཅན་ལ་ཆགས་པའི་འདོད་འདུན་གྱིས་ལས་རུང་དུ་གནས་པ་ལ་གེགས་བྱེད། འདི་ཏིང་ངེ་འཛིན་དུ་འགྱུར་རམ་མི་འགྱུར་སོགས་ཐེ་ཚོམ་གྱིས་རྩེ་གཅིག་པར་གནས་པ་ལ་གེགས་བྱེད་པ་ཡིན་ནོ། །ལྔ་པོ་དེ་དག་ཀྱང་བསྡུ་ན་གཉིས་


KMC003_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདུས་ཏེ། བྱིང་རྨུགས་གཉིད་གསུམ་ནི་བྱིང་བར་བསྡུ་ལ། །གཞན་རྣམ་རྒོད་པར་བསྡུ་བའི་བྱིང་རྒོད་གཉིས་སོ། །དེ་དག་སེལ་བའི་ཐབས་ནི་ཁྲིད་རིམ་ལྟར་སོ་སོའི་གཉེན་པོ་བསྟེན་པའམ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་གཙོ་བོར་བྱིང་རྒོད་ཀྱི་རང་ངོ་ལྟ་ཞིང་། དེའི་ངོ་བོར་མ་བཅོས་པར་འཇོག་པ་ཉིད་ཟབ་བོ། །དེ་ལྷག་མཐོང་གི་རྟེན་དུ་ངེས་པར་དགོས་པའང་། ཞི་བ་ལྷས། ལྷག་མཐོང་རབ་ཏུ་ལྡན་པའི་ཞི་གནས་ཀྱིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་རྟགས་འགྲུབ། །ཞེས་གསུངས་པ་ཡིན་ནོ། །ཞི་གནས་ཀྱི་དབྱེ་བའང་མདོ་ནས་གསུངས་པ་ལྟར་ན། ཞི་གནས་ལ་འཇུག་པའི་ཡན་ལག་སེམས་གནས་པའི་ཐབས་དགུར་གྲགས་པ་དང་། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱིར་འབད་པ་ཡིན་པས་ཉེར་བསྡོགས་


KMC003_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲགས་པ་ཡིད་བྱེད་བདུན་དང་། བསམ་གཏན་གྱི་དངོས་གཞི་དང་པོ་སོགས་བཞི་དང་། གཟུགས་མེད་ཀྱི་ཏིང་འཛིན་བཞི་དང་། འགོག་སྙོམས་རྣམས་ཏེ་དེ་ལས་བསམ་གཟུགས་འགོག་སྙོམས་བཅས་པ་ལ་སྙོམས་འཇུག་དགུར་གྲགས་པ་ཡིན་ནོ། །དེ་ལ་སེམས་གནས་པའི་ཐབས་དགུ་ནི། །ཡུམ་ལས། དེ་ལ་སེམས་མཉམ་པར་འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། རྣམ་པར་འཇོག་པར་བྱེད། དུལ་བར་བྱེད། ཉེ་བར་དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། གཅིག་པ་ཉིད་དུ་བྱེད། ཏིང་ངེ་འཛིན་དུ་བྱེད་དོ། །ཞེས་གསུངས་པ་རྣམས་སོ། །ཡིད་བྱེད་བདུན་ནི། རྒྱན་ལས། དེ་ནས་དང་པོར་སྡོམ་བརྩོན་དེ། །མདོ་ཡི་སྡེ་ལ་སོགས་པའི་ཆོས། །མི་གཉིས་དོན་ནི་རྣམ་འབྱེད་པ། །མདོ་སོགས་མིང་ལ་སེམས་འཇོག་གོ །དེ་ནས་དེ་ནི་རིམ་བཞིན་དུ། །ཚིག་རབ་དབྱེ་ལ་དཔྱོད་བྱེད་ཅིང་། །སོ་སོའི་ནང་ལ་ཚུལ་བཞིན་དུ། །དེ་ཡི་དོན་ཡང་རྣམ་པར་དཔྱོད། །དོན་དེ་དག་ནི་ངེས་བཟུང་ནས། །ཆོས་ལ་


KMC003_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་སྡོམ་པར་བྱེད། །དེ་ཡི་དོན་ནི་འཐོབ་བྱའི་ཕྱིར། །དེ་ནས་དེ་ནི་སྨོན་པར་བྱེད། །ཡིད་ཀྱི་བརྗོད་པས་རྒྱུན་ཆགས་སུ། །བཙལ་བྱ་སོ་སོར་བརྟག་པར་བྱ། །ཡིད་ལ་བྱེད་པ་བརྗོད་མེད་པར། །རོ་གཅིག་པས་ཀྱང་དཔྱད་པར་བྱ། །ཆོས་ཀྱི་མིང་ནི་བསྡམས་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ཞེས་འབྱུང་བ་ལྟར། སོ་སོར་རིག་པ་མོས་པ། དབེན་པ། དགའ་བ། སྡུད་པ། དཔྱོད་པ། སྦྱོར་མཐའ། སྦྱོར་མཐའི་འབྲས་བུ་ཡིད་བྱེད་དེ་བདུན་ལས་ཕྱི་མ་འདི་ལ་ཉེར་བསྡོགས་མི་ལྕོགས་མེད་ཅེས་བྱའོ། །བསམ་གཏན་བཞི་ནི། མཛོད་ལས། དང་པོ་ལ་ལྔ་རྟོག་དཔྱོད་དང་། །དགའ་དང་བདེ་དང་ཏིང་འཛིན་རྣམས། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དྭངས་དང་ནི་དགའ་ལ་སོགས། །གསུམ་པ་ལ་ལྔ་བཏང་སྙོམས་དང་། །དྲན་པ་ཤེས་བཞིན་བདེ་དང་གནས། །མཐའ་ན་བཞིར་དྲན་བཏང་སྙོམས་དང་། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །ཞེས་འབྱུང་བ་ལྟར་རོ། །འདི་སྐབས་བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་


KMC003_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དྲུག་ཀྱང་འབྱུང་སྟེ། ཇི་སྐད་དུ། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་ཡིས། །ཇི་ལྟའི་གནས་རྣམས་ཡིད་ལ་བྱེད་པ་ལས། །མངོན་པར་ཤེས་པ་ཐོག་མེད་འབྱུང་བར་འགྱུར། །ཞེས་སོ། །གཟུགས་མེད་བཞི་ནི། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅིའང་མེད་པ། ཡོད་མིན་མེད་མིན་རྣམས་ཏེ་གཟུགས་ཀྱི་འདུ་ཤེས་བཀག་ནས་གོང་ནས་གོང་དུ་ཕྲ་བར་སྒོམ་པ་ཡིན་ནོ། །འགོག་སྙོམས་ནི་སྡུག་བསྔལ་དང་ཚོར་བ་འགོག་པ་ལ་ཞུགས་པ་སྟེ་ཉན་རང་དགྲ་བཅོམ་དང་བྱང་སེམས་འཕགས་པ་མ་གཏོགས་གང་ཟག་གཞན་གྱིས་འདིར་འཇུག་མི་ནུས་སོ། །དེས་ན་གནས་ཐབས་དགུ་ལ་བརྟེན་པའི་སེམས་གནས་པ་ནི་ཞི་གནས་རྐྱང་པ་དང་། དེ་ཡན་ལྷག་མཐོང་དང་ཟུང་དུ་འབྲེལ་བ་ཉིད་དུ་ཤེས་པར་བྱའོ། །འོ་ན་ལྷག་མཐོང་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡིན་ལ། སྙོམས་འཇུག་འདི་དག་གི་འགོག་སྙོམས་མ་གཏོགས་ཐམས་ཅད་འཇིག་རྟེན་པ་དང་། ཐུན་མོང་གི་


KMC003_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་བཤད་པས་འགལ་བར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། འཇིག་རྟེན་པའི་ཤེས་རབ་ཙམ་ལ་ལྷག་མཐོང་དུ་བཏགས་པའང་ཡོད་མོད་ཀྱི་འདིར་ནི་ཐོག་མ་ནས་འདས་ལམ་དུ་འབྲེལ་བའི་དབང་དུ་བྱས་པའི་ཐུན་མོང་མིན་པ་ཉིད་བཤད་པ་ཡིན་པས་སོ། །དེ་ལྟར་སྙོམས་འཇུག་ལ་སོགས་པ་བཤད་པ་ནི། འདི་སྐབས་ཉམས་ལེན་ལ་གཅིག་ཏུ་མཁོ་བ་མིན་ཀྱང་གོ་དོན་ལ་ཕན་པར་བསམས་ནས་ས་བོན་ཙམ་སྨྲས་པ་ཡིན་པས་ཞིང་པར་གཞན་དུ་ཤེས་པར་བྱོས་ཤིག །འདི་སྐབས་བཀའ་བརྒྱུད་གོང་མ་དག་གི་ཐུན་མོང་མ་ཡིན་པའི་ངེས་གསང་ལས། གནས་པ་དང་པོ་རི་གཟར་གྱི་ཆུ་ལྟ་བུ། གཉིས་པ་ཆུ་བོ་དལ་གྱིས་འབབས་པ་ལྟ་བུ། །གསུམ་པ་མི་གཡོ་བ་རྒྱ་མཚོ་ལྟ་བུ་ཞེས་པའི་རྣམ་གཞག་འབྱུང་ལ་འདི་དག་ནི་ཞི་གནས་རྐྱང་པ་ཉིད་ལ་དགོངས་པའོ།། ༈ །།གཉིས་པ་ལྷག་མཐོང་བཤད་པ་ལ་དངོས་དང་། གཞི་རྩ་གཅོད་པ་གཉིས་ལས། །དང་པོ་ནི། བལྟར་མེད་སེམས་ལ་ཡང་ཡང་བལྟས་པའི་ཚེ། །མཐོང་མེད་དོན་ནི་ཇི་བཞིན་ལྷག་གེར་


KMC003_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །ཡིན་མིན་དོན་ལ་ཐེ་ཚོམ་ཆོད་པ་ཉིད། །འཁྲུལ་མེད་རང་ངོ་རང་གིས་ཤེས་པར་ཤོག །ཅེས་པ་སྟེ། བལྟ་བའི་ཡུལ་ལས་འདས་པས་བལྟ་བར་བྱར་མེད་པའི་སེམས་དངོས་པོའི་གནས་ལུགས་དེ་ཉིད་ལ་མཉམ་པར་བཞག་ཅིང་བླ་མའི་མན་ངག་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་མིག་གིས་ཡང་དང་ཡང་དུ་བལྟས་པ་དེའི་ཚེ། མཐོང་བ་དང་བྲལ་བའི་དོན་ཇི་ལྟ་བ་བཞིན་ལྷག་གིས་མཐོང་བས་གནས་ལུགས་ཀྱི་དོན་དེ་ལ་ཡིན་མིན་ཡོད་མེད་ལ་སོགས་པའི་སྒྲོ་འདོགས་དང་ཐེ་ཚོམ་ཐམས་ཅད་དེ་ཉིད་དུ་ཆོད་དེ། འཁྲུལ་པ་མེད་པའི་རང་ངོ་རང་གིས་ཤེས་པའི་ཚུལ་དུ་གསལ་བར་མྱོང་བ་དེ་ལྟ་བུའི་ལྷག་མཐོང་གི་ཡེ་ཤེས་སྐྱེས་ནས། ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་ཤོག་ཅིག་ཅེས་པའོ། །དེའང་བསམ་པ་དང་། བསྒོམ་པ་དང་། ལྟ་བ་དང་། ཤེས་པ་དང་། མཐོང་བ་དང་། མྱོང་བ་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་གནས་ལུགས་ཤེས་པ་ཉིད་ལ་དེ་དང་དེར་བཏགས་པ་ཙམ་སྟེ་ཆད་


KMC003_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་མེད་དགག་ཙམ་ལ་ཡང་དག་པའི་དོན་དུ་གཟུང་བ་བེམ་པོའི་སྟོང་ཉིད་དུ་བཤད་པ་སོགས་མ་རིག་པའི་སྒྲིབ་གཡོགས་དང་བྲལ་བས། རང་རིག་པ་དང་། སྒྲོ་འདོགས་དང་ཐེ་ཚོམ་ལ་སོགས་པ་ཆོད་པས་ངེས་པ་རྙེད་པ་དང་། མི་བདེ་བའི་རྣམ་པར་རྟོག་པའི་འགྱུར་བ་ཐམས་ཅད་སྤངས་པས་བདེ་བ་ཆེན་པོར་འཇོག་པ་སོགས་ཤེས་དགོས་སོ། །དེ་ལྟར་ཡང་། བདེ་མཆོག་སྡོམ་འབྱུང་ལས། གཟུང་དང་འཛིན་པ་རྣམ་པར་གྲོལ། །རྟོག་གེའི་སྦྱོར་བ་རྣམ་པར་སྤངས། །སེམས་དང་སེམས་བྱུང་བརྟན་གྱུར་པ། །འགྲོ་བ་དེ་ཉིད་རང་བཞིན་ཚུལ། །ཇི་ལྟར་དག་ཤེལ་ནོར་བུ་དང་། །མཁའ་བཞིན་སེམས་ནི་ཡང་དག་གནས། །ཐོག་མ་ཐ་མ་མེད་རང་བཞིན། །དབང་པོ་དང་བྲལ་སྤྲོས་པ་མེད། །སྣང་བ་མེད་ཅིང་རྣམ་འགྱུར་བྲལ། །ཐམས་ཅད་སྟོང་པ་ཉོན་མོངས་མེད། །ཚིག་ཏུ་བརྗོད་བྲལ་སྲེད་པ་ཡི། །འཆིང་བ་འཇོམས་བྱེད་འགྲོ་བའི་སྒྲོན། །ཡིད་ཀྱི་ཡང་ནི་སྤྱོད་ཡུལ་མིན། །ཉོན་མོངས་མེད་ཅིང་གཉིས་ལས་གྲོལ། །དོན་གྱི་དམ་པ་གྲོལ་བ་


KMC003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །འཕོ་མེད་དེ་ཉིད་ལ་ཕྱག་འཚལ། །གང་ཚེ་དེ་ཉིད་ལ་རེག་པ། །བསམ་པ་ཐམས་ཅད་བསམ་དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །སེམས་ཅན་ཇི་ལྟར་བསམ་མེད་དེ། །བསམ་མེད་ཇི་ལྟར་རྒྱལ་བ་དེ། །གང་ཕྱིར་བསམ་བྲལ་སངས་རྒྱས་ཀྱིས། །བསམ་པ་འདི་ནི་རབ་ཏུ་བཤད། །བསམ་དུ་མེད་པའི་སེམས་དེ་ལ། །བསམ་པ་ཀུན་གྱིས་བགྲོད་དང་བྲལ། །སྣ་ཚོགས་སྒྲོ་འདོགས་སྒྲོ་འདོགས་མེད། །ཆགས་མེད་བདེ་བ་ཆེན་པོའོ། །རྣམ་པ་ཐམས་ཅད་ཀྱི་ནི་མཆོག །དབང་པོ་ཀུན་འདས་རྣམ་པ་མེད། །དངོས་དང་དངོས་མེད་བདག་ཉིད་ཀྱང་། །དངོས་དང་དངོས་མེད་རྣམ་པར་སྤངས། །བེམ་པོ་མིན་ཕྱིར་རང་རིག་པ། །ཤེས་པ་མ་ཡིན་མཐོང་པ་མིན། གཟུགས་མེད་ཕྱིར་ན་གར་མི་གནས། །འགྱུར་བ་མེད་པས་དེ་རྟག་པ། །ཞེས་དང་། ཕྱག་ཐིག་ལས། དམ་པའི་དོན་དུ་བལྟ་བྱ་མིན། །བལྟ་མིན་མ་ཡིན་གཉི་གའང་མིན། །རང་གིས་རིག་བྱ་མཆོག་ཞི་བ། །དངོས་དང་དངོས་མེད་


KMC003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པར་བྱེད། །དེ་ཉིད་ཆེན་པོ་མཆོག་འདི་ནི། །དངོས་དང་དངོས་མེད་བདག་ཉིད་ཞི། །ཞེས་དང་། ཧེ་བཛྲ་ལས། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་དང་། དུས་ཀྱི་འཁོར་ལོ་ལས། འཕེལ་བའི་འཕེལ་བར་འགྱུར་བ་མེད ། །ཉམས་པའི་ཉམས་པ་ཉིད་ཀྱང་མེད། །ནུབ་པ་དེ་ཡི་ནུབ་པ་མེད། །འཆར་བ་ཡི་ནི་འཆར་བ་མེད། །རབ་ཏུ་གསལ་བའི་རབ་གསལ་མེད། །བཀབ་པའི་བཀབ་པ་ཡང་མེད་དོ། །སྐྱེ་བའི་སྐྱེ་བར་འགྱུར་ཉིད་མེད། །འཆི་བའི་འཆི་བ་ཡང་མེད་དོ། །གྲོལ་བའི་གྲོལ་བར་འགྱུར་བའང་མེད། །མི་གནས་པ་ཡི་མི་གནས་མེད། །དངོས་པོ་མེད་པའི་དངོས་པོ་མེད། །དངོས་པོའི་དངོས་པོ་ཉིད་ཀྱང་མེད། །འགྱུར་བའི་འགྱུར་བར་འགྱུར་བའང་མེད། །མི་འགྱུར་བ་ཡི་མི་འགྱུར་མེད། །ཅེས་སོགས་མཐའ་ཡས་པ་གསུངས་ཤིང་། །ཟབ་མོའི་མདོ་སྡེ་དག་ལས་ཀྱང་། ཤེར་ཕྱིན་སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་


KMC003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དོན་འདི་བརྟག་པར་གྱིས། །གང་གིས་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་མཐོང་། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་འབྱུང་བ་སོགས་དང་། བསྟན་བཅོས་རྣམས་ལས་ཀྱང་དབུ་མ་བདེན་ཆུང་ལས། རྟོག་མེད་ཚུལ་གྱིས་བརྟགས་པས་ན། །སྟོང་ཉིད་མཐོང་ཞེས་ཐ་སྙད་བཏགས། །མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་སོགས་མཐའ་ཡས་པར་གསུངས་སོ།། ༈ །།གཉིས་པ་གཞི་རྩ་གཅོད་པ་ནི། །ཡུལ་ལ་བལྟས་པས་ཡུལ་མེད་སེམས་སུ་མཐོང་། །སེམས་ལ་བལྟས་པས་སེམས་མེད་ངོ་བོས་སྟོང ། །གཉིས་ལ་བལྟས་པས་གཉིས་འཛིན་རང་སར་གྲོལ། །འོད་གསལ་སེམས་ཀྱི་གནས་ལུགས་རྟོགས་པར་ཤོག །ཅེས་པའོ། །དེའང་ཡུལ་ནི་གཟུགས་སྒྲ་དྲི་རོ་རེག་ཆོས་རྣམས་ཏེ་གང་ཤར་ཀྱི་སྣང་བ་དེ་དག་གི་སྟེང་དུ་བལྟས་ནས་མཉམ་པར་བཞག་པས་བསྒོམས་བྱུང་གི་ཤེས་རབ་གནས་ཡུལ་རྣམས་རང་ངོ་མ་གྲུབ་པ་སེམས་ཙམ་དུ་མཐོང་བར་འགྱུར་ཞིང་།


KMC003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་སེམས་ཉིད་ཀྱི་རང་ངོ་ལ་བལྟས་ནས་མཉམ་པར་བཞག་པའི་མཐུས་སེམས་ཀྱང་གཞི་མེད་རྩ་བྲལ་དུ་རྟོགས་པར་འགྱུར་བ་དང་། སྣང་སེམས་གཉི་ག་རོ་མཉམ་དུ་མཉམ་པར་བཞག་པའི་མཐུས་ཡུལ་ཡུལ་ཅན་གྱི་གཉིས་སུ་འཛིན་པ་གཞི་མེད་དུ་རང་སར་གྲོལ་བར་འགྱུར་བའི་ཕྱིར། ཐབས་དེ་ལྟ་བུ་ལ་བརྟེན་ནས། རང་བཞིན་གྱིས་སྒྲིབ་པ་དང་བྲལ་བས་འོད་གསལ་བའི་སེམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་ལྷག་མཐོང་གི་ཡེ་ཤེས་སྐྱེ་བར་ཤོག་ཅིག་པའོ། །འདི་སྐབས་ཁྲིད་རིམ་རྣམས་ལས། སྣང་བ་སེམས། སེམས་སྟོང་པ། སྟོང་པ་ལྷུན་གྲུབ། ལྷུན་གྲུབ་རང་གྲོལ་དུ་ངོ་སྤྲོད་པའི་རྣམ་བཞག་མཛད་པ་ཡིན་ཏེ། སྔར་ཡིད་ལ་བྱེད་པ་བཅུ་གཅིག་ལ་སོགས་པའི་མན་ངག་གིས་གནས་ལུགས་རྟོགས་ཀྱང་ཕྱི་ནས་གཞི་རྩ་གཅོད་པའི་མན་ངག་གིས་ངོ་མ་སྤྲད་ན་ངེས་ཤེས་རྙེད་པར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་གཏན་ལ་འབེབས་པའི་གདམས་ངག་གི་གཙོ་བོ་སེམས་འཚོལ་གྱི་སྐོར་སོགས་ལ་བོད་ཁ་ཅིག་


KMC003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་གད་ཀྱི་གནས་སུ་བྱེད་མོད་ཀྱི་རང་ཉིད་ཀྱི་ཐོས་པའི་རྫོབ་ཐམས་ཅད་སྐྱེལ་བར་ཟད་དེ། རྣམ་སྣང་མངོན་བྱང་ལས། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་རང་གི་སེམས་ལས་ཡོངས་སུ་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཏེ་དེ་ནི་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་གའི་བར་ནའང་མི་དམིགས་སོ། །ཞེས་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་ཡོངས་སུ་ཤེས་པར་འདོད་པས་རང་གི་སེམས་ཉིད་ཡོངས་སུ་བཙལ་བར་བྱའོ། །ཞེས་སོགས་སེམས་འཚོལ་དགོས་པའི་རྒྱུ་མཚན་ཇི་ལྟར་འཚོལ་བའི་ཐབས་སོགས་རྒྱ་ཆེར་གསུངས་ཤིང་མཐར། གསང་བ་པའི་བདག་པོ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཆོས་སྣང་བའི་སྒོ་ཆོས་སྣང་བའི་ཚུལ་དང་པོ་སྟེ། གང་ལ་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཚེགས་ཆུང་ངུས་སྒྲིབ་པ་ཐམས་ཅད་སྤོང་བའི་ཏིང་ངེ་འཛིན་འཐོབ་ཅིང་། དེ་ཐོབ་པས་བྱང་ཆུབ་


KMC003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་དང་ལྷན་ཅིག་འགྲོགས་པ་འཐོབ་པར་འགྱུར། མངོན་པར་ཤེས་པ་ལྔ་དག་ཀྱང་འཐོབ་པར་འགྱུར། །སྐད་དང་སྒྲ་དང་དབྱངས་མཐའ་ཡས་པའི་གཟུངས་ཀྱང་འཐོབ་པར་འགྱུར། །སེམས་ཅན་གྱི་བསམ་པ་རྗེས་སུ་ཤེས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་འཁོར་བ་ན་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར། །སེམས་ཅན་གྱི་དོན་བྱ་བ་དག་ལ་ཡོངས་སུ་མི་སྐྱོ་བར་འགྱུར། འདུས་མ་བྱས་ཀྱི་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་དང་། ལོག་པར་ལྟ་བ་རྣམ་པར་སྤངས་པ་དང་། ཡང་དག་པའི་ལྟ་བ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་ཡིན་ནོ། །ཞེས་སོགས་ཕན་ཡོན་དང་བཅས་པ་གསུངས་ཤིང་། འདིའི་དོན་བསྡུས་བྱང་ཆུབ་སེམས་འགྲེལ་དུའང་འབྱུང་བ་སོགས་མ་མཐོང་བར་སྣང་བའི་ཕྱིར་རོ། །གཞན་ཡང་ཀ་མ་ལ་ཤྲཱི་ལའི་སྒོམ་རིམ་དུ་དཀོན་མཆོག་བརྩེགས་པའི་ལུང་དང་བཅས་ནས་སེམས་འཚོལ་ཚུལ་རྒྱས་པར་བཤད་འདུག་པས་དབུ་མའི་སྒོམ་དེ་ལའང་


KMC003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་འདི་གལ་ཆེ་བ་ཞིག་ཡིན་པར་སྣང་ངོ་། །ཡུལ་དང་སེམས་དང་གཉི་ག་ལ་ལྟ་བར་བྱེད་པ་ནི་ཤེས་རབ་ཀྱི་མིག་གིས་ཏེ་གོང་དུ་བསྟན་པའི་ཤེས་རབ་གསུམ་གྱིས་སོ། །དེ་ལས་ཀྱང་ཆོས་ཉིད་ཇི་ལྟ་བ་བཞིན་མངོན་སུམ་དུ་འཇལ་བར་བྱེད་པ་ནི་བསྒོམས་བྱུང་རྟོག་བྲལ་གྱི་ཤེས་རབ་ཉིད་ཡིན་པས་བརྒྱུད་པ་འདིས་མཉམ་གཞག་ལ་དཔྱད་སྒོམ་མི་མཛད་པ་ནི་གནད་གསང་བླ་ན་མེད་པའོ། །ཁ་ཅིག་འཕགས་པའི་མཉམ་བཞག་ལའང་རྟོག་དཔྱོད་དགོས་པར་སྨྲ་བ་ནི་སངས་རྒྱས་པའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་སྟེ་ནང་པའི་གྲུབ་མཐའ་སྨྲ་བ་ཚད་ལྡན་ཐམས་ཅད་ཀྱིས་རྣམ་རྟོག་ཡན་ལག་ཏུ་དགོས་པའི་མཉམ་བཞག་མ་བཤད་པའི་ཕྱིར་ཏེ། རང་སའི་ཤེས་རབ་ཀྱི་དཔྱོད་པའི་ལྷག་མཐོང་ཐམས་ཅད་རྗེས་ཐོབ་ཏུ་མགྲིན་གཅིག་པར་སྨྲ་བའི་ཕྱིར། ཁྱད་པར་ཐེག་ཆེན་ལྟར་ན་མན་སྙེ་ལས། ཡན་ལག་འདི་རྣམས་ལངས་པ་ཁོ་ནའི་སྟེ། ལམ་ལ་མཉམ་པར་བཞག་པ་ལ་ནི་ཡང་དག་པའི་རྟོག་པ་དང་ངག་དང་། ལས་ཀྱི་མཐའ་


KMC003_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚོལ་བ་དང་དྲན་པ་རྣམས་མི་སྲིད་དོ། །ཞེས་འཕགས་པའི་མཉམ་བཞག་ལ་ཡང་དག་པའི་རྟོག་དཔྱོད་ཀྱང་མི་སྲིད་པར་བསྟན་པ་བཞིན་མདོ་རྒྱུད་ཐམས་ཅད་ནས་མགྲིན་གཅིག་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མཉམ་པར་འཇོག་ཚུལ་གསུངས་པ་ལ་དངོས་སུ་བསྙོན་པས་དོན་དུ་ཅི་ཞིག་འགྱུར་བསམ་དགོས་སོ།། ༈ །།གསུམ་པ་ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་དེའི་མཚན་གྱི་རྣམ་གྲངས་བསྟན་པ་ལ་དངོས་དང་། ཞི་ལྷག་ཟུང་དུ་འཇུག་ཚུལ་གྱི་འཕྲོས་དོན་ནོ། །དང་པོ་ནི། ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །མཐའ་དང་བྲལ་བ་དབུ་མ་ཆེན་པོ་ཡིན། །འདི་ནི་ཀུན་འདུས་རྫོགས་ཆེན་ཞེས་ཀྱང་བྱ། །གཅིག་ཤེས་ཀུན་དོན་རྟོགས་པའི་གདེངས་ཐོབ་ཤོག །ཅེས་པ་སྟེ། །དེ་ཡང་རང་བཞིན་ལྷན་ཅིག་སྐྱེས་པ་ཇི་ལྟར་བར་རྟོགས་པ་དེ་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བས་ན་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ལ། མཚན་གྱི་རྣམ་གྲངས་གཞན་ཡང་། མཐའ་ཐམས་ཅད་དང་བྲལ་བས་དབུ་མ་ཆེན་པོ་ཞེས་དང་། ཆོས་ཐམས་ཅད་རྟོགས་


KMC003_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིར་འདུས་པས་རྫོགས་པ་ཆེན་པོ་ཞེས་ཀྱང་བྱ་སྟེ། དེ་བཞིན་ཉིད་གཅིག་པུ་འདི་ཁོ་ན་ཤེས་པས་ཆོས་ཐམས་ཅད་ཀྱི་གསང་བ་མ་ལུས་པ་རྟོགས་པའི་གདེངས་དང་ལྡན་པ་ཞིག་དགོས་སོ། །ཞེས་གདམས་པའི་ཕྱིར་སྨོན་པའོ། །ཀྱང་གི་སྒྲས་ཟབ་པ་དང་རྒྱ་ཆེ་བའི་ཆོས་རྣམས་ཀྱི་དོན་དང་མཚན་མཐའ་དག་འདིར་འདུས་པར་སྟོན་ཞིང་རྒྱུ་མཚན་དེས་གཅིག་ཤེས་ཀུན་གྲོལ་དུ་བསྒྲུབ་པར་མཛད་པའང་ཡིན་ཏེ། འདི་ལ་དགོངས་ནས། བདེ་གཤེགས་ཕག་མོ་གྲུ་པས། རྣམ་རྟོག་དང་ནི་ཉོན་མོངས་པ། །ཐམས་ཅད་འདུལ་བས་འདུལ་བ་ཡིན། །རྣམ་པར་རྟོག་པ་ཆོས་སྐུ་རུ། །ངེས་པའི་ཤེས་པ་སྐྱེད་པའི་ས། །སྒྲོ་འདོགས་ནང་ནས་གཅོད་པས་ན། །འདི་ནི་བླ་མའི་གདམས་ངག་ཡིན། །རྟག་ཆད་སྒྲོ་སྐུར་ལ་སོགས་པའི། །མཐའ་དང་བྲལ་བས་དབུ་མ་ཡིན། །སྨྲ་བསམ་བརྗོད་དུ་མེད་པའི་ཕྱིར། །ཕ་རོལ་ཕྱིན་པའི་གདམས་ངག་ཡིན། །འཁོར་དང་མྱ་ངན་འདས་པའི་ཆོས། །སེམས་སུ་རྫོགས་པས་རྫོགས་ཆེན་ཡིན། །བཟང་རྟོག་ངན་


KMC003_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཐམས་ཅད་ཀུན། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ། །སྡུག་བསྔལ་ཞི་བས་ཞི་བྱེད་ཡིན། །ཉོན་མོངས་དང་ནི་རྣམ་རྟོག་ཀུན། །ལམ་དུ་སློང་བས་གསང་སྔགས་ཡིན། །སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། །དང་པོ་ལྷན་ཅིག་སྐྱེས་པ་སྟེ། །གདམས་པས་གཅིག་ཏུ་སྦྱོར་བའི་ཕྱིར། །ལྷན་ཅིག་སྐྱེས་སྦྱོར་ཞེས་སུ་བཤད། །འདྲེ་དང་བདུད་ལ་སོགས་པ་ཡི། །བར་གཅོད་ལ་ཡང་བསྔགས་སོ་གསུངས། །ཞེས་གསུངས་པ་ཡིན་ནོ། །འོ་ན་ཟབ་རྒྱས་ཀྱི་ཆོས་དག་གི་དོན་དང་མཚན་རྣམས་ཕྱག་རྒྱ་ཆེན་པོ་ལ་འདུ་བའི་ཚུལ་ཇི་ལྟར་ཅེ་ན། མཚན་སོ་སོ་ཐ་དད་པ་དག་ནི་རང་རང་གི་མཚོན་བྱའི་གཞི་དེ་ལ་གནས་པ་མ་ཡིན་པས་གང་དུའང་བསྒྱུར་ཆོག་ལ་ཇི་ལྟར་འགྲེལ་ནའང་བཏུབ་པས་འདིར་བསྡུ་ནུས་པ་སྟེ་ཕྱོགས་ཙམ་མཚོན་པའི་ཕྱིར་མཚན་འགའ་ཞིག་སྡུད་ཚུལ་བསྟན་མ་ཐག་པ་དེས་ཤེས་པར་ནུས་ལ། དོན་རྣམས་ལས་ཟབ་མོའི་དོན་ནི། དངོས་སུ་སྟོང་པ་ཉིད་དུ་རོ་གཅིག་པ་ཡིན་ཞིང་། རྒྱ་ཆེ་བའི་དོན་སྣ་ཚོགས་པ་ནི་ཕྱག་རྒྱ་ཆེན་པོར་དངོས་


KMC003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྒྱུད་ནས་འཇུག་པའི་ཐབས་ཙམ་དུ་གནས་བས་འདི་རྟོགས་པར་བྱེད་པའི་ཡན་ལག་ཏུ་འདུ་བ་ཡིན་ཏེ། རྒྱུད་བླ་མ་ལས། ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །སྦྲང་རྩི་རོ་གཅིག་པ་བཞིན་ནོ། །རྒྱ་ཆེ་སྣ་ཚོགས་ཚུལ་བསྟན་གང་། །སྣ་ཚོགས་སྤུབས་སྙིང་བཞིན་ཤེས་བྱ། །ཞེས་གསུངས་པ་ལྟར་རོ། །དེས་ན་བདེ་བར་གཤེགས་པའི་གསུང་རབ་སྣ་ཚོགས་ཀྱིས་བསྟན་དོན་མཐར་ཐུག་འདི་ཡིན་ཞིང་འདི་གཅིག་པུ་རྟོགས་པས་ཆོས་ཐམས་ཅད་ཀྱི་གཏིང་སླེབ་པར་འགྱུར་བ་དང་། ཡོན་ཏན་ཐམས་ཅད་རྫོགས་པ་དང་། སྒྲིབ་པ་ཐམས་ཅད་སྤོང་བར་འགྱུར་བས་དཀར་པོ་གཅིག་ཐུབ་ཏུའང་མཚན་གསོལ་བ་ཡིན་ལ། དེ་རྟོགས་བྱེད་ཀྱི་སྒོམ་པ་ལའང་མཚན་དེ་ལྟར་བཏགས་པ་མི་འགལ་སྟེ། ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དང་དེ་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲས་བསྟན། །ཞེས་པ་ལྟར་འཐད་པའི་ཕྱིར་རོ། །ཡིད་བྱེད་བྲལ་བ་འདི་ནི་ཕྱག་


KMC003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ། །ཞེས་པ་འདིའི་སྐབས་སུ་དཔྱོད་ལྡན་དུ་ཞལ་གྱིས་འཆེས་པ་ཁ་ཅིག་ཡིད་བྱེད་དང་བྲལ་བ་ཕྱག་རྒྱ་ཆེན་པོར་འཆད་པ་ནི་ཧ་ཅང་ཐལ་ཆེས་སོ་སྙམ་དུ་དོགས་མོད་ཀྱི་སྐྱོན་མེད་དེ། ལེགས་སྦྱར་གྱི་སྐད་དུ་ཨ་མན་སི་ཀར་ཞེས་འབྱུང་བའི་ཨ་ཡིག་གིས་བདག་མེད་དང་སྐྱེ་མེད་ལ་སོགས་པ་སྤྲོས་པ་ཐམས་ཅད་ལས་འདས་པའི་སྟོང་པ་ཉིད་ཀྱི་དོན་སྟོན་ལ། ཡི་གེ་ལྷག་མ་རྣམས་ཀྱིས་སྟོང་པ་དེ་ཉིད་ལའང་ཞེན་པ་མེད་པར་ཡིད་བྱེད་དང་བྲལ་བའི་ཡིད་ལ་བྱེད་པ་སྟོན་པས་མཐའ་བྲལ་ཟུང་འཇུག་གི་ཕྱག་རྒྱ་ཆེན་པོར་གྲུབ་པ་ཡིན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་དང་། བརྟག་གཉིས་ལས། དང་པོའི་དབྱངས་ཡིག་རང་བཞིན་ཏེ། །བློ་ཞེས་པ་ནི་ཤེས་རབ་བརྟགས། །དེ་ཉིད་བཅོམ་ལྡན་འདས་ཤེས་རབ། །རྫོགས་པའི་རིམ་པའི་སྦྱོར་བ་ཉིད། །ཅེས་དང་། རྣམ་པར་མི་རྟོག་པ་ལ་འཇུག་པའི་ག


KMC003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཟུངས་ལས། རིགས་ཀྱི་བུ་རྒྱུ་གང་གིས་རྣམ་པར་མི་རྟོག་པའི་དབྱིངས་ལ་ཡིད་ལ་བྱེད་པ་ཞེས་བརྗོད། རྣམ་པར་རྟོག་པ་ཐམས་ཅད་ཀྱི་མཚན་མ་ལས་ཡང་དག་པར་འདས་ན་སྤངས་པའོ། །ཞེས་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྟོག་པ་ཐབས་ཀྱི་མཚན་མ་ནི་སྣང་བ་ལ་རྟོག་པ་སྟེ་ཡིད་ལ་མི་བྱེད་པའི་ཡོངས་སུ་སྤངས་པའོ། །ཞེས་སོགས་ཀྱི་ལུང་དང་བཅས་ཏེ། སློབ་དཔོན་མཻ་ཏྲི་པས། ཨ་ཡིག་གཙོ་བོར་གྱུར་པའི་ཡིད་ལ་བྱེད་པ་ནི་ཡིད་ལ་མི་བྱེད་པ་སྟེ། ལོ་མའི་རྒྱལ་པོ་བཞིན་ཚིག་དབུ་མ་ཕྱིས་པའི་བསྡུ་བའོ། །ཞེས་དང་། ཡང་ན་ཨ་ཞེས་བྱ་བ་ནི་འོད་གསལ་བའི་ཚིག་ལ། ཡིད་ལ་བྱེད་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་ཚིག་སྟེ། འདིའང་ཨའང་ཡིན་ལ་ཡིད་ལ་མི་བྱེད་པའང་ཡིན་པས་ཡིད་ལ་མི་བྱེད་པའོ། །འདིས་ནི་ཡིད་ལ་མི་བྱེད་པའི་གནས་བསམ་གྱིས་མི་ཁྱབ་པ་སྟེ་འོད་གསལ་བ་བདག་ལ་བྱིན་གྱིས་བརླབས་པའི་བདག་ཉིད་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཟུང་དུ་འཇུག་པ་


KMC003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་རྒྱུར་ཡང་དག་པར་རིག་པ་སྐྱེད་པར་འགྱུར་རོ། །ཞེས་བསྟན་པར་མཛད་པའི་ཕྱིར་རོ། །འདིར་ཕྱག་རྒྱ་ཆེན་པོ་ཞེས་པའི་སྒྲ་དོན་ནི། མུ་ུདྲ་ཞེས་པ་མི་འདའ་བར་བྱེད་པའི་རྒྱའི་སྐད་དོད་ཡིན་པ་ལ་འཁྲུལ་གཞི་གཞན་བསལ་བའི་ཕྱིར། ལོ་ཙཱ་བ་རྣམས་ཀྱིས་ཕྱག་གི་སྒྲ་བླ་ཐབས་སུ་བསྣན་ནས་ཕྱག་རྒྱ་ཞེས་པར་བསྒྱུར་བ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འདི་ལས་མི་འདའ་བའི་དོན་དང་། ཆེན་པོ་ཞེས་པ་འདིའི་གོང་ན་ཆོས་གཞན་མེད་པའམ་ལས་ཆོས་དམ་ཚིག་གི་ཕྱག་རྒྱ་གསུམ་ལས་ཁྱད་པར་འཕགས་པའི་དོན་ནོ། །དེས་ན་ཕྱག་རྒྱའང་ཡིན་ལ་ཆེན་པོའང་ཡིན་པའི་ཕྱིར་གཞི་མཐུན་པའི་བསྡུ་བའོ། །དེ་ལྟར་ཡང་སློབ་དཔོན་བཛྲ་པཱ་ཎིས། ཕྱག་རྒྱ་ཆེན་པོའི་རང་གི་ངོ་བོ་ནི་མི་འདའ་བས་ན་ཕྱག་རྒྱ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་བོ་ཆེན་པོའི་བཀའ་རྟགས་ཀྱི་ཕྱག་རྒྱ་ལས། མཐའ་འཁོབ་ཀྱི་རྒྱལ་ཕྲན་དང་། བློན་པོ་སོགས་གང་གིས་ཀྱང་འདའ་མི་ནུས་པ་བཞིན་ཕྱི་ནང་གི་ཆོས་སྣ་ཚོགས་པ་


KMC003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཟུང་དུ་འཇུག་པའི་ངོ་བོ་ལས་མི་འདའ་བས་ན་ཕྱག་རྒྱ་ཡིན་ལ། ཆེན་པོ་ནི་ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་གསུམ་གྱི་ངོ་བོ་ཡིན་པས་ན་ཆེན་པོའོ། །ཞེས་དང་། སློབ་དཔོན་དགའ་བསྐྱོང་གིས། ཕྱག་རྒྱ་གསུམ་ལ་རྒྱས་བཏབ་པའི་ཕྱིར་འདི་ཆེན་པོའང་ཡིན་ལ་ཕྱག་རྒྱའང་ཡིན་ཏེ། ཞེས་དང་། དཀའ་འགྲེལ་པདྨ་ཅན་ལས། ཕྱག་རྒྱ་ཆེ་ཞེས་བྱ་བ་ནི། འདས་པ་དང་། །མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པར་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའམ། མི་འཕོ་བའི་བདེ་བ་ལ་རྒྱས་བཏབ་པས་ན་ཕྱག་རྒྱ་སྟེ། །ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལམ་ཁྱད་པར་དུ་གྱུར་པ་དང་། འཁོར་བའི་བག་ཆགས་དང་བྲལ་བར་གྱུར་པས་ན་ཆེན་མོ་ཞེས་བྱའོ། །ཞེས་བཤད་དོ། །ཅི་ཁྱེད་ཅག་གི་ཕྱག་རྒྱ་ཆེན་པོ་འདི་ཕྱག་རྒྱ་བཞིའི་ཡ་གྱལ་ཡིན་ན་ཕྱག་རྒྱ་གཞན་


KMC003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་ངེས་པར་སྔོན་དུ་འགྲོ་དགོས་པ་ལ་དེ་ལྟར་མ་བཤད་པས་སོ། །ཞེ་ན་སྐྱོན་མེད་དེ་གདུལ་བྱ་དབང་པོ་རྣོན་པོའི་རྣོན་པོ་འདོད་གཟུགས་ཀྱི་དངོས་གྲུབ་དོན་དུ་མི་གཉེར་བ་རྣམས་ནི་ཐོག་མ་ཉིད་ནས་ཕྱག་རྒྱ་ཆེན་པོ་ཉིད་ལ་འཇུག་པར་རྒྱུད་རྣམས་ལས་གསུངས་པ་ཡིན་ཏེ། དཔེར་མཚོན་ན། དུས་ཀྱི་འཁོར་ལོ་ལས། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །བརྟགས་པའི་ཡེ་ཤེས་ཕྱག་རྒྱ་སྤངས། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་མོ་རྣམ་པར་བསྒོམ། །ཞེས་དང་། འདོད་པར་སྤྱོད་པའི་དངོས་གྲུབ་ནི། །ལས་ཀྱི་ཕྱག་རྒྱས་བསྒྲུབ་པར་བྱ། །འོག་མིན་མཐར་ཐུག་བར་དུ་ནི། །ཡེ་ཤེས་ཕྱག་རྒྱས་གཟུངས་ཤེས་བྱའོ། །རྣལ་འབྱོར་ཆེན་པོ་ཀུན་མཁྱེན་ཉིད། །གཅིག་གྱུར་སངས་རྒྱས་བདེ་བ་ཉིད། །ཕྱག་རྒྱ་ཆེན་མོའི་ཡན་ལག་ནི། །བསྒོམས་པས་བསྒྲུབ་བྱ་འདི་ཉིད་དོ། །ཞེས་དང་། འགྲེལ་ཆེན་ལས། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་


KMC003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་པ་མིན། །ཞེས་འབྱུང་བ་ལྟར། དུས་འཁོར་ཞབས་ཀྱི་སྦྱོར་དྲུག་མན་ངག་ཏུ། །རབ་ཀྱིས་དང་པོས་རྟོགས་པ་སྟེ། །འབྲིང་གིས་སྲོག་རྩོལ་ལ་སོགས་ཡིན། །ཐ་མས་དྲུག་པོ་རིམ་བཞིན་བསྒོམ། །ཞེས་དབང་བོ་ཡང་རབ་ཀྱིས་སྦྱོར་བ་ཡན་ལག་དྲུག་ལས་སོར་བསམ་བསྙེན་པའི་ཡན་ལག་ཁོ་ནས་ཕྱག་རྒྱ་ཆེན་པོ་རྟོགས་པར་བཤད་པ་ལྟར་རོ། །ཆེས་དབང་རྣོན་ཉིད་མ་ཡིན་ནའང་ཐོག་མར་ཕྱག་རྒྱ་ཆེན་པོ་སྒོམ་པའི་རྣལ་འབྱོར་ལ་འཇུག་པ་མི་འགལ་ཏེ། ཇི་སྐད་དུ། མངོན་པར་དབང་ནི་ཐོབ་མ་ཐག །འཇིག་རྟེན་བྱ་བ་བོར་ནས་ནི། །གཉིས་མེད་ཡེ་ཤེས་བསྒོམ་པར་བྱ། །སྟོང་པ་ཉིད་ལས་མ་གཏོགས་པ། །རྟོག་མེད་ཉིད་དུ་མི་འགྱུར་པས། །དེས་ན་སྔོན་དུ་སྟོང་པ་ཉིད། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །དེ་ནས་སྣ་ཚོགས་གཟུགས་མཐོང་ནས། །མཆོག་ཏུ་མི་འགྱུར་བདེ་བསྒྲུབ་ཕྱིར། །ལས་ཀྱི་ཕྱག་རྒྱ་ལ་སོགས་བསྟེན། །ཞེས་དང་། ཕྱག་རྒྱ་ཆེན་པོ་མི་ཤེས་པར། །ལས་ཀྱི་ཕྱག་རྒྱ་གཅིག་སྒྲུབ་པ། །དེ་ཉིད་བརྒྱུད་པ་ལས་


KMC003_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཏེ། །རྣལ་འབྱོར་པ་དེ་ངུ་འབོད་འགྲོ། །ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་ཕྱག་རྒྱ་ཆེན་པོ་ཡིན་ན་ཕྱག་རྒྱ་གཞན་གསུམ་པོ་སྔོན་དུ་འགྲོ་དགོས་པའི་ཁྱབ་པ་དེ་ཤིན་ཏུའང་ཐལ་ཆེས་ཏེ་གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་སློབ་མ་སྐལ་ལྡན་ལ་སྤྲོས་བཅས་ཀྱི་དབང་བསྐུར་བ་དང་། ལུང་འབོགས་པ་དང་། གདམས་ངག་འདེབས་པ་སོགས་གང་ཡང་མི་དགོས་པར་བྱིན་རླབས་སམ་བརྡ་བསྟན་པ་ཁོ་ནས་ཡེ་ཤེས་རྩོལ་མེད་དུ་སྐྱེས་པའི་ལོ་རྒྱུས་ཚད་ལྡན་མང་དག་ཅིས་འཕགས་བོད་དུ་གྲགས་འདུག་པ་དང་། ཡེ་ཤེས་འབེབས་པའི་སྐབས་སུ་ཕྱག་ཆེན་གྱི་ཡེ་ཤེས་སྐྱེ་བར་གསུངས་པ་སོགས་ལའང་དེར་མ་ངེས་ཤིང་། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་དེས་ཞབས་སྙན་བརྒྱུད་ཀྱི་ལུང་གོང་དུ་དྲངས་པ་སོགས་དབང་པོའི་རིམ་པས་ཕྱག་རྒྱ་གསུམ་ལས་གང་ཡང་རུང་བས་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཚུལ་མཐའ་ཡས་པ་བཤད་པའི་ཕྱིར་རོ། །དེས་ན་རང་ལུགས་དྭགས་པོ་ལྷ་རྗེའི་བཞེད་པ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་སྲོལ་འདི་ཁོ་ན་


KMC003_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སློབ་དཔོན་གྱི་ནུས་པ་དང་། སློབ་མའི་དབང་པོའི་རིམ་པས་འཆད་ཚུལ་ཐ་དད་པ་གཤམ་དུ་འཆད་འགྱུར་ལྟར་ཡོད་པ་རྣམས་ཀྱི་ནང་ནས། གདུལ་བྱ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྣོད་དུ་མི་ལྡན་ཡང་སྤྱིར་ཐེག་ཆེན་ཙམ་གྱི་རིགས་སུ་ངེས་པའམ་མ་ངེས་པའི་རིགས་ཅན་རྣམས་ལ་བསྔགས་པའི་འཆད་སྲོལ་འདིའི་དབང་དུ་བྱས་ན། ཕྱག་རྒྱ་གཞན་རྣམས་ཀྱི་རྣམ་གཞག་མི་མཛད་ཀྱང་ལམ་དེས་མཐར་ཕར་ཕྱིན་ཐེག་པའི་ཟུང་འཇུག་གི་ཡེ་ཤེས་སྐྱེས་པ་ན་སྔགས་ཀྱི་གདུལ་བྱ་དབང་རྣོན་དུ་སྐལ་བ་འཕོས་པས་བྱིན་རླབས་དང་ངོ་སྤྲོད་ཀྱི་ཁྱད་པར་གྱིས་ཕྱག་རྒྱ་ཆེན་པོའི་མཆོག་གྲུབ་པར་བཞེད་པ་ཡིན་ནོ། །ཡང་འཕགས་ཡུལ་གྱི་མཁས་པ་འགའ་ཞིག་ཕར་ཕྱིན་ཐེག་པའི་ཟུང་འཇུག་ཡེ་ཤེས་དེ་ཉིད་ཕྱག་ཆེན་དུ་བཞེད་པའང་ཡོད་པར་མངོན་ཏེ། ལྷན་སྐྱེས་རྡོ་རྗེའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་བར། འདི་ཉིད་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཞེས་ཁ་ཅིག་བརྗོད་དེ། ཇི་སྐད་དུ། ཐབས་དང་ཤེས་རབ་མཉམ་སྦྱོར་


KMC003_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བ། །སྒོམ་པ་ཉིད་ནི་རྣལ་འབྱོར་མཆོག །ཕྱག་རྒྱ་ཆེན་པོར་མཉམ་སྦྱོར་བ། །སྒོམ་པ་རུ་ནི་རྒྱལ་བས་བཤད། །ཅེས་པའོ། །ཐབས་དང་ཤེས་རབ་མཉམ་པར་སྦྱོར་བ་སྒོམ་པ་ཙམ་ནི་ཕྱག་རྒྱ་ཆེན་པོ་སྒོམ་པ་མ་ཡིན་ཏེ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་སྔགས་ཀྱི་ཚུལ་ཐ་དད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་བསྔགས་པ་དག་གོ །ཞེས་ཕྱོགས་གཉིས་བཤད་པའི་བྱིང་ངོ་། འདི་སྐབས་རང་ལུགས་གསལ་བར་མ་བཞག་ཀྱང་ལྟ་བའི་ཆ་ནས་དེ་གཉིས་ཐ་དད་མེད་པར་བཞེད་པ་གསལ་ཏེ་དེ་ཁོ་ན་ཉིད་བཅུ་པའི་གཞུང་འགྲེལ་ལ་ཞིབ་ཏུ་ལྟོས་ཤིག་དང་ཤེས་པར་འགྱུར་རོ། །འདི་དག་ལ་ལུང་རིགས་དང་བཅས་པའི་རྒྱུ་མཚན་མང་དུ་སྤྲོ་བར་ནུས་མོད་ཀྱི་འཕྲོས་པས་ཆོག་གོ། ༈ །།གཉིས་པ་ནི། འོ་ན་ཞི་ལྷག་ཟུང་འཇུག་ཅེས་གོང་དུ་སྨོས་པ་དེའི་ཟུང་དུ་འཇུག་ཚུལ་ཇི་ལྟ་བུ་ཞེ་ན། ཞི་གནས་གོམས་པ་དེའི་སྟེང་དུ་ལྷག་མཐོང་གི་ཡེ་ཤེས་སྐྱེས་པ་ན། ཡེ་ཤེས་དེ་ཉིད་ཀྱང་ཏིང་ངེ་འཛིན་དང་རོ་མཉམ་དུ་གྱུར་པས་ཟུང་འཇུག་ཅེས་བྱ་སྟེ། དེ་ལྟར་


KMC003_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་གང་ཟག་དེའི་མཉམ་བཞག་གི་གནས་སྐབས་སུ་ཞི་ལྷག་གི་རྣལ་འབྱོར་ཐ་དད་དུ་མི་དམིགས་པའི་ཕྱིར་རོ། །ལྷག་མཐོང་གི་ཡེ་ཤེས་མཚན་ཉིད་པ་དེའང་སྦྱོར་ལམ་ཆོས་མཆོག་གི་སྐབས་སུ་ཐོག་མར་སྐྱེས་པ་ནས་བརྩམས་ཏེ་གོང་ནས་གོང་དུ་ཇེ་གསལ་ཇེ་བརྟན་དུ་འགྱུར་བ་དེ་ནས་བཟུང་སྟེ་ཞི་ལྷག་ཟུང་འཇུག་དངོས་ཀྱང་འབྱུང་བས་ཕར་ཕྱིན་ཐེག་པ་ལྟར་ན་ཇི་སྲིད་མཉམ་རྗེས་མ་འདྲེས་ཀྱི་བར་དུ་རྗེས་ཐོབ་ཏུ་ཤེས་རབ་ཀྱིས་དཔྱད་ཅིང་མཉམ་གཞག་དུ་དཔྱད་དོན་ལ་མི་རྟོག་པར་རྩེ་གཅིག་ཏུ་གནས་པ་ཡིན་ཞིང་། མཉམ་རྗེས་འདྲེས་པ་ནས་བརྩམས་དཔྱད་བྱ་དཔྱོོད་བྱེད་ཀྱི་སྤྲོས་པ་ཞི་ནས་ལྷུན་གྱིས་གྲུབ་པའི་ཤེས་རབ་དེས་ཆོས་རྣམས་ཀྱི་དེ་ཉིད་རྩོལ་མེད་དུ་ཤེས་པར་འགྱུར་བ་ཡིན་ནོ། །དེས་ན་རྟོག་དཔྱོད་བྱེད་པའི་ཤེས་རབ་ནི་ལྷག་མཐོང་རྟོག་པར་བྱེད་པའི་ཡན་ལག་ཡིན་པའི་ཕྱིར་ལྷག་མཐོང་དུ་བརྗོད་ཀྱི་ལྷག་མཐོང་དངོས་མ་ཡིན་པ་ཤེས་པར་བྱའོ། །རྒྱུ་མཚན་འདིས་ཟུང་འཇུག་གི་རྣལ་འབྱོར་དངོས་གཞི་


KMC003_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོབ་གོང་གི་ཞི་ལྷག་ཟུང་འབྲེལ་དུ་བཤད་པ་རྣམས་ནི་ལྷག་མཐོང་ཕྱི་མ་འདི་དང་འབྲེལ་བར་གོ་དགོས་སོ། །འདི་ལ་ཁ་ཅིག་ལྷག་མཐོང་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཡིན་པས་རྟོག་དཔྱོད་ལས་མ་འདས་ཤིང་། ཞི་གནས་ནི་རྟོག་དཔྱོད་དང་བྲལ་བ་ཡིན་པར་བསམས་ནས་དེ་གཉིས་ཟུང་དུ་འཇུག་པར་གསུངས་པ་བློར་མི་ཤོང་བ་དང་། འགའ་ཞིག་ཟུང་འཇུག་གི་དོན་ཞི་གནས་ཀྱི་རྩི་དང་མི་འབྲལ་བཞིན་དུ་རྟོག་དཔྱོད་ཀྱང་བྱེད་རྒྱུ་ཡོད་པ་རླུང་གིས་མ་བསྐྱོད་པའི་མཚོ་དྭངས་བ་ཞིག་གི་ནང་དུ་ཉེའུ་ཆུང་འཕྱོ་བ་ལྟ་བུར་འདོད་མོད་ཀྱི། དེ་ལྟར་བློར་མི་ཤོང་པ་དང་འཁྲུལ་པའི་རྩ་བ་ནི་ལྷག་མཐོང་གི་ཡེ་ཤེས་རྟོག་དཔྱོད་ཀྱི་ངོ་བོར་ཞེན་པ་དེས་ལན་པས། དེ་ནི་ཤིན་ཏུ་མི་རིགས་ཏེ། ལྷག་མཐོང་གི་དོན་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བློ་གྲོས་ཡངས་པས། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོར་ལེན་པ་མི་མཐོང་ལེན་པའི་རྣམ་པར་ཤེས་པའང་མི་མཐོང་ལ་ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་དང་། བསགས་པ་དང་།


KMC003_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་། མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དང་ནང་གི་སོ་སོར་རང་གི་ཡིད་ཀྱང་མི་མཐོང་ལ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་དོན་དམ་ལ་མཁས་པ་ཞེས་བྱ་སྟེ། ཞེས་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བར་སྣང་ནམ་མཁའ་བཞིན། །ཆོས་ཀྱི་མཚན་ཉིད་དེ་འདྲ་བར། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ། །ད་ལྟར་བྱུང་བའང་མཐོང་བར་འགྱུར། །ནམ་མཁའ་གཟུང་བ་མེད་པར་བཤད། །དེ་ལ་གཟུང་བ་མི་རྙེད་དེ། །ཆོས་ཀྱི་རང་བཞིན་དེ་ཉིད་ཡིན། །གཟུང་བ་མེད་པ་ནམ་མཁའ་འདྲ། །དེ་ལྟ་བུར་ནི་ཆོས་བསྟན་ཏེ། །དེ་ལ་གང་ཡང་མཐོང་བ་མེད། །སུ་དག་ཆོས་འདི་མི་མཐོང་བ། །དེ་ཡི་ཆོས་རྣམས་བསམ་མི་ཁྱབ། །ཅེས་དང་། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་ལས། གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་ཞི་བ་དང་། རང་བཞིན་གྱིས་སྙོམས་པར་ཞུགས་པ་དང་། གཏན་དུ་


KMC003_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་པ་དང་། མ་བྱུང་བ་དང་། གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་བ་དང་། གང་མཐོང་བ་དེའང་མི་མཐོང་བ་དང་། ཇི་ལྟར་མི་མཐོང་བ་དང་། རྣམ་པར་མི་མཐོང་བ་དེ་ལྟར་མཐོང་ན་ཚུལ་བཞིན་དུ་མཐོང་བ་ཞེས་བྱའོ། །ཞེས་སོགས་མཐའ་ཡས་པར་ཟབ་མོའི་མདོ་སྡེ་རྣམས་ལས་འབྱུང་བ་ལྟར། ཆོས་རྣམས་ལ་ཤེས་རབ་དང་རྗེས་སུ་མཐུན་པའི་རྣམ་དཔྱོད་ཀྱིས་དཔྱད་པ་ན་ཅིའང་མ་མཐོང་བར་ཤེས་པ་དེའང་དེའི་རང་བཞིན་དུ་ཞི་སྟེ་ཡུལ་ཡུལ་ཅན་གཉིས་སུ་མེད་པར་གྱུར་པའི་རང་རིག་མངོན་སུམ་དུ་མྱོང་བ་དེ་ཡིན་ལ། ཤེས་རབ་ཀྱི་ཕར་ཕྱིན་ཀྱང་དེ་ཉིད་ཡིན་པའི་ཕྱིར་ཏེ། དེས་མ་རིག་པའི་མུན་པ་སྟུག་པོ་བསལ་བར་ནུས་ཤིང་། དེ་ནུས་པས་ཀྱང་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཏུ་སོང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་ལྷག་མཐོང་གི་ཡེ་ཤེས་དེ་རྣམ་རྟོག་གི་ཕྲེང་བ་ཞིག་ཡིན་པར་གྱུར་ན་མ་རིག་པའི་མུན་པ་སེལ་ནུས་པ་ལྟ་ཅི་སྨོས་ཏེ། རྣམ་རྟོག་ཉིད་མ་རིག་པའི་རང་བཞིན་ཡིན་པའི་ཕྱིར་ཏེ། ཏིང་


KMC003_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྟོག་མེད་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། ཞེས་འབྱུང་བའི་ཕྱིར་རོ། །འདི་ལ་ཁ་ཅིག་དེ་ལྟར་ན་གསང་སྔགས་ལས་རིགས་འདྲ་གཉེན་པོར་ཆེ་བའི་བཟློག་སྒོམ་གསུངས་བའང་སྐྱོན་དུ་འགྱུར་ལ། ཁྱེད་རང་གི་ལུགས་ཀྱི་རྣམ་རྟོག་ཆོས་སྐུའི་རྣམ་བཞག་དེའང་ཉམས་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། བཟློག་སྒོམ་གསུངས་པ་ནི་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་འདོད་ཆགས་ལ་སོགས་པས། ཐ་མལ་པའི་འདོད་ཆགས་ལ་སོགས་པ་སེལ་བར་གསུངས་ཤིང་། དེའི་ཚེ་ཐབས་དང་ལྡན་པའི་འདོད་ཆགས་ལ་སོགས་པ་དེ་འདོད་ཆགས་ལ་སོགས་པ་མཚན་ཉིད་པར་མི་འགྱུར་ཏེ། འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར། འོ་ན་དེ་བཟློག་སྒོམ་དུ་མི་འགྱུར་རོ་ཞེ་ན་བཟློག་སྒོམ་དུ་འགྱུར་ཏེ། འདོད་ཆགས་ལ་མཚོན་ན་ལས་རྒྱའི་སྐབས་སུ་འཁྱུད་པ་དང་འོ་བྱེད་པ་དང་། ཀུ་རྩ་བཙིར་བ་སོགས་འདོད་


KMC003_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་བྱེད་ལས་དང་རིགས་མཚུངས་བཞིན་དུ་ཐམས་ཅད་ཀྱང་རིག་མཚུངས་པའི་ཕྱིར་ཏེ། རིགས་འདྲ་ཞེས་པའི་སྒྲ་ལས། འདྲ་བའི་ཕྱིར་ན་དངོས་མ་ཡིན། །ཞེས་དྲན་པར་བྱ་དགོས་སོ། །གཞན་དུ་ན་ཉོན་མོངས་པ་མཚན་ཉིད་པས་རང་གིས་རང་སེལ་བར་བྱེད་དམ་མི་བྱེད། ཁྱེད་རང་གིས་འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོར་སླར་ཡང་དེ་ཉིད་སྤྱོད་ཅིག་དང་ཤེས་པར་འགྱུར་རོ། །འོ་ན་ངེད་ཀྱིས་ཞི་ལྷག་ཟུང་འཇུག་ལ་མཉམ་པར་བཞག་པའི་ཚེ་རྟོག་དཔྱོད་བྱེད་པའང་ཐབས་ཀྱིས་ཟིན་པའི་རྟོག་དཔྱོད་ཡིན་པས་སྐྱོན་མེད་དོ་ཞེ་ན། དེའང་མི་འཐད་དེ་དབུ་མའི་སྒོམ་རིམ་རྣམས་ལས་ལྷག་མཐོང་གི་ཡེ་ཤེས་མ་ཐོབ་པ་ཐོབ་པར་བྱེད་པའི་ཕྱིར་དཔྱད་སྒོམ་གསུངས་པ་ཡིན་གྱི་ཐོབ་ཟིན་པའི་མཉམ་བཞག་ལ་དེའི་དཔྱད་པ་འགལ་ཞིང་དོན་མེད་པའི་ཕྱིར་དང་། སྔགས་ཀྱི་ཕྱག་ཆེན་སྒོམ་པ་ལ་ཐོག་མར་ཡང་དཔྱད་སྒོམ་བྱེད་པར་མ་བཤད་པའི་ཕྱིར་དང་། སྤྱིར་སྔགས་ལུགས་བཟློག་སྒོམ་དུ་གྲགས་པའི་ཐབས་ཁྱད་པར་ཅན་རྣམས་ནི་ཕྱག་


KMC003_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོ་སྒྲུབ་པའི་ཐབས་སུ་གསུངས་ཀྱི། ཟུང་འཇུག་གི་རྣལ་འབྱོར་ཕྱག་རྒྱ་ཆེན་པོ་དེ་མངོན་དུ་གྲུབ་ཕྱིན་ད་དུང་དགོས་པར་མ་བཤད་པའི་ཕྱིར་རོ། །ངེད་ལ་རྣམ་རྟོག་ཆོས་སྐུ་ཞེས་པའི་ཆོས་སྐད་ཅིག་གྲགས་པ་འདིའི་དོན་ནི། རྣམ་པར་རྟོག་པ་ཙམ་དུ་སྣང་བའི་ཆོས་འདི་མཐའ་དག་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོ་ལས་མ་འདས་པས་སྣང་ཙམ་ཉིད་ནས་ཆོས་ཀྱི་སྐུར་གྲུབ་པ། དཔེར་ན་ཆུ་ནང་གི་ཟླ་བརྙན་ཆུའི་རྫས་ལས་མ་འདས་པ་དེ་སྣང་ཙམ་ཉིད་ནས་ཆུར་གྲུབ་པ་བཞིན་དུ་ཐུགས་སུ་བྱོན་པའི་གསུང་སྒྲོས་ཡིན་པར་སྣང་བས་དོན་དེ་ནི་ཁྱེད་ཀྱི་སྐལ་བར་མི་འགྱུར་ལ། གཞན་དུ་རྣམ་རྟོག་ཉིད་ཆོས་ཀྱི་སྐུ་ཡིན་པས་རྟོག་དཔྱོད་ཀྱི་བྲེང་ཚབ་མཐུད་པ་ཙམ་གྱིས་གྲོལ་བར་སྨྲ་བ་ནི་ནམ་ཡང་མ་ཡིན་པ་གོ་བར་བྱོས་ཤིག ། ཡང་འགའ་ཞིག་ཞི་ལྷག་ཅེས་པའི་སྒྲ་འདི་གསང་སྔགས་ལ་བབས་ཐོབ་མེད་པར་སྒྲོག་པའང་ཐོས་མོད། དེ་དག་ནི་ཐོས་པ་ཆུང་བར་ཟད་དེ། སྔགས་ཀྱི་རྒྱུད་འགྲེལ་མང་དག་ཅིག་ལས་ཞི་ལྷག་གི་རྣམ་བཞག་


KMC003_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་འདུག་པ་དང་། ཁྱད་པར་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས་གསུངས་པའི་དོན་སློབ་དཔོན་དཔའ་བོ་རྡོ་རྗེས་བཀྲལ་བར། དང་པོ་ཆོས་སྐུ་བསྟན་པ་ནི། ཕྱག་རྒྱ་ཆེན་པོ་ཞེས་པ་ལ་སོགས་པས་བསྟན་ཏེ། ཕྱག་རྒྱ་ཆེན་པོ་ནི་ཆོས་ཀྱི་དབྱིངས་སོ། །རྣལ་འབྱོར་ཀུན་ཞེས་པ་ཤེས་བྱེད་ནི་ཞི་གནས་དང་ལྷག་མཐོང་ངོ་། །ཞེས་དང་། རྣལ་འབྱོར་ཀུན་གྱི་དབང་ཕྱུག་རྒྱལ། །ཞེས་པ་ནི་གོང་གི་ཞི་གནས་ལྷག་མཐོང་དེ་ཆོས་སྐུའི་བྱེད་པ་པོ་མཆོད་ཏུ་གྱུར་པར་བཤད་པའོ། ཞེས་ཞི་ལྷག་གི་མིང་བསྟན་པ་ཙམ་དུ་མ་ཟད་དེ། ཕྱག་རྒྱ་ཆེན་པོ་སྒྲུབ་པར་བྱེད་པའི་རྣལ་འབྱོར་མཆོག་ཏུ་བཤད་སྣང་བའི་ཕྱིར་རོ།། ༈ །།གཉིས་པ་དེ་ལ་ཉམས་རྟོགས་སྐྱེ་ཚུལ་ལ། ཉམས་དང་རྟོགས་པ་གཉིས་ལས། །དང་པོ་ནི། ཞེན་པ་མེད་པའི་བདེ་ཆེན་རྒྱུན་ཆད་མེད། །མཚན་འཛིན་མེད་པའི་འོད་གསལ་སྒྲིབ་གཡོག་བྲལ། །བློ་ལས་འདས་པའི་མི་རྟོག་ལྷུན་གྱིས་གྲུབ། །རྩོལ་མེད་ཉམས་མྱོང་རྒྱུན་ཆད་མེད་པར་ཤོག །ཅེས་པ་སྟེ། དེ་ལྟར་ཞི་ལྷག་གི་རྣལ་


KMC003_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལ་མཉམ་པར་གཞག་པ་ན་སྐྱོན་མེད་པའི་ཉམས་གསུམ་སྐྱེ་བར་འགྱུར་ཏེ། ཞེན་ཆགས་དང་བྲལ་བའི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས་དང་། ཡུལ་ལ་མཚན་མར་འཛིན་པ་དང་བྲལ་བའི་རང་རིག་འོད་གསལ་སྒྲིབ་གཡོག་མེད་པའི་ཉམས་དང་། བློ་ཡི་སྤྱོད་ཡུལ་ལས་འདས་པའི་མི་རྟོག་པ་སྟོང་པ་ཉིད་ལྷུན་གྱིས་གྲུབ་པའི་ཉམས་སོ། །དེ་ལྟར་བདེ་གསལ་མི་རྟོག་པའི་ཉམས་གསུམ་གའང་འབྱུང་དུ་རེ་བ་དང་མ་བྱུང་གིས་དོགས་པ་སོགས་གང་གིས་ཀྱང་མི་བསླད་པར་གཉུག་མའི་ངང་དུ་ལ་བཟླས་ཀྱང་རྩོལ་སྒྲུབ་མེད་པར་ངང་གིས་རྒྱུན་མི་འཆད་དུ་འབྱུང་བ་ཆོས་ཉིད་དོ། །དེ་ལ་ཉམས་སྐྱོན་དང་བཅས་པ་ནི། ཆགས་ཞེན་དང་བཅས་པའི་བདེ་ཉམས། མཚན་འཛིན་དང་བཅས་པའི་འོད་གསལ། བློས་བཟུང་བའི་མི་རྟོག་པ་རྣམས་ཏེ་འདི་དག་གི །དང་པོས་འདོད་ཁམས་སུ་གོལ། གཉིས་པས་གཟུགས་ཁམས་སུ་གོལ། གསུམ་པས་གཟུགས་མེད་ཁམས་སུ་གོལ་བའི་ཕྱིར་ཆགས་ཞེན་ལ་སོགས་པའི་སྐྱོན་དེ་དག་


KMC003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པ་ཀུན་ཏུ་སྤང་བར་བྱ་ཞིང་ཁྱད་པར་ཉམས་མ་སྐྱེས་པ་ལ་སྐྱེ་བའི་ཕྱིར་རྩོལ་བ་བྱེད་པ་དང་སྐྱེས་པ་ལ་ཆེད་དུ་འཛིན་པ་གཉི་གའང་སྐྱོན་ཡིན་པར་མཚུངས་ཏེ་སྔ་མས་ཉམས་མྱོང་སྐྱེ་བའི་གེགས་བྱེད་ཅིང་། ཕྱི་མས་སྐྱེས་པ་རྒྱུན་ཆད་པར་འགྱུར་བའི་ཕྱིར་རྣམ་པ་ཀུན་ཏུ་རེ་དོགས་མཚན་འཛིན་རྩོལ་སྒྲུབ་རྣམས་ཀྱི་རྟོག་པ་སྤོང་བ་ཉིད་གནད་དུ་ཆེའོ་ཞེས་གདམས་པའི་ཕྱིར་སྨོན་ལམ་མཛད་པའོ། འདི་སྐབས་ཀྱི་བདེ་ཉམས་ནི་ལུས་སེམས་གཉི་གའི་བདེ་བ་ཡིན་ལ། གསལ་ཉམས་ནི་ཤེས་པ་བྱིང་རྒོད་ལ་སོགས་པའི་སྐྱོན་གྱིས་མ་བསྒྲིབས་པ་རང་རིག་རང་གསལ་དུ་མྱོང་བཞིན་པ་ནས་རྩོལ་མེད་དུ་ཆོས་རྣམས་ཀྱི་དེ་ཉིད་ཤེས་པ་དང་། རྟགས་བཅུ་འཆར་བ་སོགས་ཡིན་ཞིང་། མི་རྟོག་པའི་ཉམས་ནི་མི་རྟོག་པ་ཤས་ཆེ་བས་ཐམས་ཅད་སྟོང་པར་མཐོང་བ་སོགས་ཡིན་ནོ། །དེ་དག་ལ་སོ་སོར་ཆེད་འཛིན་དང་ཞེན་པ་མེད་པར་གཉུག་མའི་ངང་དུ་རོ་སྙོམས་ནས་བསྒོམས་ན་བདེ་སྟོང་ཟུང་འཇུག་སོགས་དང་གསུམ་ཀ་དབྱེར་མེད་པའི་རྣལ་འབྱོར་གྱི་


KMC003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་རྫོགས་པར་འགྱུར་ཞིང་དེས་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་ངོ་། །ཉམས་དེ་ལྟར་སྐྱེ་བའི་རྒྱུ་མཚན་ཡང་། མདའ་བསྣུན་ཞབས་ཀྱིས། སེམས་འགགས་པ་དང་རླུང་འགགས་པ། །དཔལ་ལྡན་བླ་མའི་མན་ངག་ཡིན། ཞེས་གསུངས་པ་ལྟར། སེམས་ཟིན་པས་རླུང་ཟིན། དེས་དྲོད་སྐྱེ། དེས་བདེ་བ་སྐྱེ། དེ་ལ་བརྟེན་ནས་གསལ་བ་དང་མི་རྟོག་པའང་འབྱུང་བར་འགྱུར་ཞིང་གནད་འདིས་ཁྲིད་སྲོལ་འདི་ལ་ཐབས་ལམ་སོགས་ཆེད་དུ་མ་བསྒོམས་ནའང་རྟགས་བཅུ་ལ་སོགས་པ་སྔགས་ལམ་ཀྱི་དྲོད་རྟགས་རྣམས་ཇི་ལྟ་བ་བཞིན་དུ་འབྱུང་བར་སྣང་ངོ་། །སྤྱིར་བདེ་གསལ་མི་རྟོག་པའི་ཉམས་གསུམ་ག་རོ་མཉམ་དུ་དོན་སྤྱིའི་ཚུལ་གྱིས་མ་ཡིན་པར་མངོན་དུ་རྟོགས་པའི་ཚེ་ནི་ཉམས་རྟོགས་ཀྱི་ཟླས་ཕྱེ་བའི་རྟོགས་པར་འཇོག་གི་ཉམས་མ་ཡིན་ཏེ་སྒྲིབ་པ་བསྲབས་པས་གཞི་ལ་བཞུགས་པའི་དོན་སྣང་བ་ཡིན་པའི་ཕྱིར། དེས་ན་དེ་སྐབས་ཀྱི་བདེ་བའང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཞེས་བྱ་སྟེ་ལུས་སེམས་ཀྱི་འགྱུར་བའི་བདེ་


KMC003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤངས་པས་བདེ་སྡུག་གང་གི་ངོ་བོར་ཡང་མི་གནས་པའི་ཕྱིར་རོ། །དོན་འདི་ལ་དགོངས་ནས། ཧེ་བཛྲ་ལས། དེ་ལ་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པའོ། །ཞེས་གསུངས་སོ། །འདི་ལྟ་བུའི་བདེ་བ་ཆེན་པོ་ཉིད་ལས་གསལ་བ་དང་སྟོང་པའི་ཆོས་ཤིག་ཟུར་དུ་འབྱེད་མི་རིགས་ཏེ་གསལ་སྟོང་ཟུང་འཇུག་གི་རྣལ་མའི་སེམས་དེ་ཉིད་བདེ་བ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་། སློབ་དཔོན་ཨཱཪྱ་དེ་བས། རྣམ་པར་རྟོག་པ་སྤངས་པ་ཡིས། །ལྷག་པར་མོས་པ་མི་འབྱུང་བ། །གསལ་བར་སྣང་བ་འདི་དེ་ནི། །རང་རིག་བདེ་བ་ཆེན་པོའོ། ཞེས་བསྟན་བཅོས་སྙིང་པོ་བརྒྱ་བར་གསུངས་པ་ཡིན་ནོ།། ༈ །།གཉིས་པ་རྟོགས་པ་སྐྱེ་ཚུལ་ནི། བཟང་ཞེན་ཉམས་ཀྱི་འཛིན་པ་རང་སར་གྲོལ། །ངན་རྟོག་འཁྲུལ་པ་རང་བཞིན་དབྱིངས་སུ་དག །ཐ་མལ་ཤེས་པ་སྤང་བླང་བྲལ་ཐོབ་མེད། སྤྲོས་བྲལ་ཆོས་ཉིད་བདེན་པ་རྟོགས་པར་ཤོག །ཅེས་པས་བསྟན་ཏེ།


KMC003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་མ་ཐག་པ་ལྟར་ཉམས་སྐྱེས་པ་ལ་བཟང་རློམ་གྱི་ཤེས་པ་རང་སར་གྲོལ་ཞིང་། འཁྲུལ་ཆོས་ཀྱི་རྗེས་སུ་འབྲེང་བའི་རྟོག་པས་ནི་གནས་ལུགས་ཀྱི་དོན་མཐོང་བ་ལ་སྒྲིབ་པར་བྱེད་པས་ངན་པར་འཇོག་པའི་ཕྱིར་རྟོག་པ་ངན་པ་ཡིན་ལ་དེ་ཆེད་དུ་མ་སྤངས་ཀྱང་མཉམ་པར་བཞག་པའི་མཐུས་རང་བཞིན་གྱིས་དེ་ཁོ་ན་ཉིད་ཀྱི་དབྱིངས་སུ་དག་པས། ཐ་མལ་གྱི་ཤེས་པ་ཞེས་པ་གཉུག་མའི་སེམས་དེ་ཉིད་མངོན་དུ་གྱུར་པ་ན། སྤང་བྱ་སྒྲིབ་པའི་ཆོས་གང་ཡང་སྤངས་པ་མེད་པའི་ཚུལ་ཁོང་དུ་ཆུད་པ་དང་། དེ་བཞིན་དུ་སྦྱར་ཏེ། བླང་བྱ་གཉེན་པོའི་ཆོས་དང་། སྤང་བྱ་སྤངས་པ་ལས་བྱུང་བའི་བྲལ་བ་དང་། སྤང་བླང་བྱས་པས་ཐོབ་པའི་འབྲས་བུ་དང་བཅས་པ་དེ། དེའི་རང་བཞིན་དུ་མེད་ཅིང་མི་གནས་པའི་ཚུལ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པས་སྐྱེ་འགག་རྟག་ཆད་འགྲོ་འོང་གཅིག་ཐ་དད་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཀྱི་བདེན་པ་རྟོགས་པ་ཡིན་ནོ་ཞེས་སྟོན་པའི་ཕྱིར་དེ་ལ་སྨོན་པར་མཛད་པའོ། །


KMC003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཐ་མལ་གྱི་ཤེས་པ་ལ་སྤང་བླང་བྲལ་ཐོབ་ཀྱི་མཚན་མ་མཐའ་དག་རང་སར་ཞི་བས་གནས་ལུགས་མཐོང་བར་བཞག་པ་ལ་རྒྱུ་མཚན་ཡོད་དེ། རྔ་བོ་ཆེའི་མདོ་ལས། དེ་ནི་སེམས་དང་བྱང་ཆུབ་དང་། །རྣམ་པ་གཉིས་སུ་མི་མཐོང་སྟེ། །བྱང་ཆུབ་ཀྱི་ནི་མཚན་ཉིད་གང་། །སེམས་ཀྱང་དེ་ཡི་མཚན་ཉིད་ཡིན། །ཞེས་དང་། ཏིང་རྒྱལ་ལས། གཟུགས་ཀྱི་རང་བཞིན་གཞན་ཡིན་ལ། །སྟོང་ཉིད་གཞན་དུ་མ་གསུངས་ཏེ། །གང་གིས་གཟུགས་ནི་རབ་ཤེས་པ། །དེས་ནི་སྟོང་ཉིད་རབ་ཏུ་ཤེས། །གང་གིས་སྟོང་ཉིད་རབ་ཤེས་པ། །དེས་ནི་མྱ་ངན་འདས་པ་ཤེས། །རྣམ་པ་འདི་ནི་མི་ཤེས་པ། །དམིགས་པ་ཅན་རྣམས་རྡུལ་དུ་བརླག །ཅེས་སོགས་ཕུང་པོ་ལྔ་ག་ལ་སྦྱར་བ་དང་། དཀོན་མཆོག་ཟ་མ་ཏོག་ལས། ཉོན་མོངས་པ་རྣམས་དང་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐ་དད་པར་བྱ་བ་ནི་ཅུང་ཟད་ཀྱང་མེད་དོ། །ཞེས་དང་། དུས་ཀྱི་འཁོར་ལོ་ལས། མྱ་ངན་འདས་དང་བྲལ་བའི་སེམས། །འཁོར་བ་ལས་འདས་མི་འགྱུར་ལ། །རྟག་དང་ཆད་ལས་ངེས་པར་


KMC003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། །དེ་ཉིད་སྦྱོར་བ་གཉིས་མེད་གཞན། །ཞེས་སོགས་མཐའ་ཡས་པར་གསུངས་པ་ལྟར་འཁོར་འདས་སམ་བདེན་པ་གཉིས་ཞེས་བྱ་བ་ནམ་དུའང་མེད་ཅིང་མི་དམིགས་པའི་གཉིས་སུ་མེད་པའི་ཚུལ་ནི་ཐ་མལ་གྱི་སེམས་གནས་ལུགས་ཆོས་ཉིད་ཀྱི་བདེན་པ་ཡིན་ལ། དེ་དེ་ལྟར་མཐོང་བའི་ཚེ་སྤང་བླང་ལ་སོགས་པའི་མཚན་མ་སྒྲོག་རང་རྡལ་དུ་འགྲོ་སྟེ། སློབ་དཔོན་ཀླུས། གང་ལ་མྱ་ངན་འདས་སྐྱེད་མེད། །འཁོར་བ་བསལ་བ་ཡོད་མིན་པ། །དེ་ལ་འཁོར་བ་ཅི་ཞིག་ཡིན། །མྱ་ངན་འདས་པ་ཅི་ཞིག་བརྟག །ཅེས་གསུངས་པ་ལྟར་ཡིན་ཞིང་རྒྱུ་མཚན་དེས་ན། གནས་ལུགས་མ་མཐོང་བར་དེ་ལ་བླང་དོར་གྱི་མཚན་མ་རང་བ ཞིན་འགྱུར་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་གནས་ལུགས་བླང་དོར་མེད་པའི་དོན་འདི་ཉིད་ཇི་ལྟ་བར་རྟོགས་ན། དྭགས་པོ་བཀའ་བརྒྱུད་ཀྱི་མན་ངག་གཟིགས་པ་རྣམས་ཀྱིས་གཉུག་མའི་སེམས་ངོ་མཐོང་བ་ཞེས་པའི་ཐ་སྙད་མཛད་པ་ཡིན་ཞིང་། སློབ་དཔོན་ཌོཾབི་པས་ཀྱང་། བསྟན་པ་ལས་ནི་སྤྲོས་པའི་


KMC003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་སྐྱེས་པ་རྣམས་སྤངས་ཏེ། གཉུག་མའི་རང་བཞིན་བྱང་ཆུབ་ཀྱི་ངོ་བོ་ཤིན་ཏུ་གཟི་བརྗིད་དང་ལྡན་པའི་བློ་རྗེས་སུ་འཚོལ་ཏེ། གང་གི་ཚེ་དེས་ཀུན་ཏུ་འཁྱུད་པར་གྱུར་ན་དེའི་ཚེ་ནམ་མཁའ་དང་ནམ་མཁའ་བཞིན་དུ་འདྲེས་པར་གྱུར་ཏེ། སྔར་ཡུལ་རྣམས་ལ་དགའ་བ་དང་ཆགས་པ་དང་ལྡན་པའི་རྣམ་པར་གཡེང་བའི་ཁྱད་པར་སྐྱེ་བ་རྣམས་མེད་ཅིང་། ནམ་མཁའ་དང་མཚུངས་པར་རྟོག་པ་དང་བྲལ་བས་ཕྱག་རྒྱ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། དབང་པོ་ལས་འདས་པ་སྐྱེ་བ་མེད་པ་དང་ལྡན་པ་རང་རིག་པའི་སྤྱོད་ཡུལ་ཅན་ཐ་སྙད་ལས་འདས་པ་སྔར་མངོན་དུ་མ་བྱས་པའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་བདེ་བའི་བདག་ཉིད་གཙོ་བོར་གྱུར་པ་སྐྱེ་བར་འགྱུར་རོ། །ཞེས་ཚུལ་འདི་གསལ་བར་བསྟན་པ་དང་། ཟབ་མོའི་མདོ་སྡེ་རྣམས་ལས། འདི་ལ་ཡིད་ཆེས་པ་ཕྱིར་མི་ལྡོག་པའི་སྐལ་ལྡན་གྱི་ཚད་དུ་གསུངས་ཏེ། དཔེར་མཚོན་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ་ལས། ཁྱེའུ་རིན་ཆེན་བྱིན་ལ། འཇམ་དཔལ་


KMC003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱང་སེམས་ལས་དང་པོ་པ་ལ་ཆོས་ཇི་ལྟར་སྟོན་དྲིས་པའི་ལན་དུ། འདོད་ཆགས་མ་སྤོང་ཞིག །ཞེ་སྡང་མ་གཞིལ་ཅིག །གཏི་མུག་མ་སེལ་ཅིག །འཇིག་ཚོགས་ལས་གྱེན་དུ་མ་སྐྱོད་ཅིག །སོགས་ནས། སངས་རྒྱས་ཡིད་ལ་མ་བྱེད་ཅིག །ཆོས་མ་སེམས་ཤིག །དགེ་འདུན་ལ་མཆོད་པ་མ་བྱེད་ཅིག །བསླབ་པ་དག་ལ་མ་ལེན་ཅིག །སྲིད་པ་ཉེ་བར་ཞི་བ་དོན་དུ་མ་གཉེར་ཅིག །ཆུ་བོ་ལས་མ་རྒལ་ཅིག །ཅེས་གདམས་ངག་འདི་ལྟ་བུ་འདི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱ་རྗེས་སུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི་གནས་པ་ཁོ་ན་ཡིན་པའི་ཕྱིར་རོ། །བྱིས་པ་དེ་དག་ནི་སྐྱེ་བ་དང་འགག་པའི་ཆོས་སུ་ལུང་སྟོན་པར་བྱེད་དོ། །ཆོས་ཀྱི་དབྱིངས་འདི་ནི་རྣམ་པར་མི་རྟོག་པས་རབ་ཏུ་ཕྱེ་བ་ཡིན་ཏེ་ཆོས་འདི་རྣམས་ཀྱི་རང་བཞིན་དེ་ལྟར་རྗེས་སུ་རྟོགས་པ་གང་ཡིན་པ་དེ་ནི་བྱང་ཆུབ་བོ། །ཞེས་དེ་ལྟར་གདམས་ན་གལ་ཏེ་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ན། ཨེ་མ་


KMC003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་འདི་ནི་ཕྱིར་མི་ལྡོག་པ་སྟེ་ཕྱིར་མི་ལྡོག་པའི་སའི་སྐལ་བ་ཅན་ཡིན་ནོ་སྙམ་དུ་ཤེས་པར་བྱ་སྟེ་གདམས་ངག་འདིས་ཡང་ནས་ཡང་དུ་དགའ་བ་བསྐྱེད་པར་བྱའོ། །ཞེས་སྨྲས་པར་གསུངས་པ་ལྟར་རོ། །དེ་ལྟ་བུའི་བདེན་པ་མཐོང་བ་ཉིད་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐྱེས་པའང་ཡིན་ཏེ། བརྟག་གཉིས་ལས། རང་གི་རིག་པའི་ཡེ་ཤེས་ནི། །ངག་གི་སྤྱོད་ཡུལ་ལས་འདས་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ནམ་མཁའ་ཉིད་དང་ནི། །རང་གཞན་རིག་པའི་ཚོར་བ་ཡིས། །ཀུན་གྱི་སྐད་ཅིག་མི་ནོན་ཏེ། །མཐོ་རིས་མི་ཡུལ་ས་འོག་གི །སྐད་ཅིག་ལས་ནི་གཟུགས་གཅིག་འགྱུར། །རང་གཞན་ཆ་ཡི་རྣམ་རྟོག་གིས། །གནོན་པ་ཉིད་ནི་ནུས་པ་མིན། །ཞེས་ལམ་དུས་ཀྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐྱེས་མ་ཐག་ཏུ་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་དེའི་རང་བཞིན་གཅིག་ཏུ་རྟོགས་པས་མཚན་མའི་སྤྲོས་པ་ཐམས་ཅད་ཀྱིས་བརྫི་བར་མི་ནུས་པར་


KMC003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཕྱིར་རོ། །ཡང་འགའ་ཞིག་གིས་སེམས་ངོ་མཐོང་བའི་ཚད་རྣམ་རྟོག་ངོས་ཟིན་པ་ལ་བྱེད་པར་འདུག་ཀྱང་དེས་སེམས་ངོ་མཐོང་བའི་གོ་མི་ཆོད་དེ། ངོ་བོ་དང་རང་བཞིན་དོན་གཅིག་པས་རྣམ་རྟོགས་སེམས་ཀྱི་རང་བཞིན་ནམ་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཏེ། རྣམ་རྟོག་གློ་བུར་གྱི་འཁྲུལ་པ་ཡིན་པའི་ཕྱིར་རོ། ༈ །གསུམ་པ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཉམས་ལེན་དགོས་པར་སྟོན་པ་ལ། སྙིང་རྗེ་ངོས་གཟུང་བ། དེ་སྟོང་པ་ཉིད་དང་ཟུང་དུ་འཇུག་ཚུལ་ལོ།། ༈ །།དང་པོ་ནི། འགྲོ་བའི་རང་བཞིན་རྟག་ཏུ་སངས་རྒྱས་ཀྱང་། །མ་རྟོགས་དབང་གིས་མཐའ་མེད་འཁོར་བར་འཁྱམས། །སྡུག་བསྔལ་མུ་མཐའ་མེད་པའི་སེམས་ཅན་ལ། །བཟོད་མེད་སྙིང་རྗེ་རྒྱུད་ལ་སྐྱེ་བར་ཤོག །ཅེས་པས་བསྟན་ཏེ། དེའང་སྤྱིར་སྙིང་རྗེ་ལ་སེམས་ཅན་དང་ཆོས་ལ་དམིགས་པའི་སྙིང་རྗེ་གཉིས་དམིགས་པ་མེད་པའི་སྙིང་རྗེ་དང་གསུམ་དུ་གསུངས་པའི་དང་པོ་གཉིས་ནི་ཁྲིད་སྲོལ་འདིའི་སྔོན་འགྲོའི་སྐབས་སུ་ཉམས་སུ་ལེན་བྱ་ཡིན་ལ། གནས་


KMC003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་དོན་མཐོང་ནས་དམིགས་མེད་ཀྱི་སྙིང་རྗེ་སྐྱེ་ཞིང་། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཞེས་བྱ་བ་དེ་འབྱུང་བ་ཡིན་པས་འདིར་བསྟན་གྱི་སྙིང་རྗེའང་ཕྱི་མ་ཡིན་ནོ། །འོ་ན་དེའི་ཚུལ་ཇི་ལྟ་བུ་ཞེ་ན། གོང་དུ་ལྟ་བའི་དོན་འཆད་པའི་སྐབས་བཤད་པ་ལྟར་འགྲོ་བ་འདི་རྣམས་ཀྱི་རང་བཞིན་ནི་དུས་རྟག་ཏུ་སངས་རྒྱས་ཆོས་ཀྱི་སྐུའི་ངོ་བོར་བཞུགས་པ་ཡིན་ཡང་། དེ་ལྟར་དུ་མ་རྟོགས་པ་ཁོ་ནའི་དབང་གིས་མཐའ་མེད་པའི་འཁོར་བར་འཁྱམས་ནས་སྡུག་བསྔལ་གྱི་རྒྱ་མཚོ་མུ་མེད་པའི་ནང་དུ་བྱིང་བར་གྱུར་པའི་སེམས་ཅན་རྣམས་ལ་བཟོད་གླགས་མེད་པའི་སྙིང་རྗེ་དྲག་པོ་རྒྱུན་མི་ཆད་པར་རྩོལ་མེད་དུ་སྐྱེས་པ་ཡིན་ཞིང་། དེའང་གནས་ལུགས་ཀྱི་དོན་མཐོང་བའི་དབང་གིས་འབྱུང་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །གོམས་པའི་སྟོབས་ཀྱིས་རྫོགས་པ་ན། །དངོས་འཛིན་གདོན་གྱིས་ཟིན་པ་ལ། །ཁྱད་པར་དུ་ཡང་སྙིང་རྗེ་སྐྱེ། །ཞེས་དང་། སློབ་དཔོན་ཀླུས། དེ་ལྟར་སྟོང་པ་ཉིད་འདི་ནི། །རྣལ་འབྱོར་པ་ཡིས་


KMC003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་བྱས་ན། །གཞན་གྱི་དོན་ལ་ཆགས་པའི་བློ། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་འབྱུང་བས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙིང་རྗེ་དེ་ལྟ་བུ་ལ་བརྟེན་ནས། གཞན་གྱི་དོན་ཁོ་ན་ལྷུར་ལེན་པར་མཛད་པས་འགྲོ་བ་ཐམས་ཅད་སོ་སོར་མཐུན་པར་སྲིད་པ་ཉེ་བར་བཟུང་ནས་འཁོར་བ་འདོར་བར་མི་མཛད་ཀྱང་ཉེས་པས་གོས་པར་མི་འགྱུར་ཏེ། ཇི་སྐད་དུ། གང་ཞིག་བསྒོམས་པས་བརྟན་པ་ཡང་། །གཞན་གྱི་སྡུག་བསྔལ་གྱིས་བྲེད་ནས། །བསམ་གཏན་བདེ་བ་དོར་ནས་ཀྱང་། །མནར་མེད་པར་ཡང་འཇུག་པར་བྱེད། འདི་ནི་ངོ་མཚར་འདི་བ སྔགས་འོས། །འདི་ནི་དམ་པའི་ཚུལ་ལུགས་མཆོག །དེ་དག་རྣམས་ཀྱི་རང་ལུགས་དང་། །ནོར་རྣམས་བྱིན་པ་ངོ་མཚར་མིན། །ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟན་པ་གང་། །དེ་ནི་ངོ་མཚར་བས་ངོ་མཚར། །རྨད་བྱུང་བས་ཀྱང་རྨད་དུ་བྱུང་། །སེམས་ཅན་སྐྱོབ་པའི་བསམ་པ་ཅན། །དེ་དག་སྲིད་པའི་འདམ་སྐྱེས་ཀྱང་། །དེ་བྱུང་ཉེས་


KMC003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་གོས་པ། །ཆུ་ཡི་པད་མའི་འདབ་མ་བཞིན། །ཞེས་བཤད་པ་ལྟར་རོ། །ཤོག་ཅེས་པ་དེ་ལྟར་སྨོན་པའི་ཚིག་གོ། ༈ །།གཉིས་པ་དེ་སྟོང་པ་ཉིད་དང་ཟུང་དུ་འཇུག་ཚུལ་ནི། བཟོད་མེད་སྙིང་རྗེའི་རྩལ་ཡང་མ་འགགས་པའི། །བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་ཤར། །ཟུང་འཇུག་གོལ་ས་བྲལ་བའི་ལམ་མཆོག་འདི། །འབྲལ་མེད་ཉིན་མཚན་ཀུན་ཏུ་སྒོམ་པར་ཤོག །ཅེས་པ་སྟེ། དེ་ལྟ་བུའི་དམིགས་པ་མེད་པའི་སྙིང་རྗེའི་རྩལ་དེའང་མ་འགགས་པར་འཆར་བཞིན་པ་ནས། བརྩེ་བའི་དུས་དེ་ཙམ་ཉིད་ན་སྤྲོས་པ་དང་བྲལ་བའི་གནས་ལུགས་ཀྱི་ངོ་བོ་སྟོང་པ་ཉིད་ཀྱི་དོན་ཡང་འོལ་སྤྱིི་ཙམ་མ་ཡིན་པར་མངོན་སུམ་རྗེན་པར་ཤར་བས་སྟོང་པ་ཉིད་དང་སྙིང་རྗེ་རོ་མཉམ་དུ་འདྲེས་པའི་ཟུང་འཇུག་གི་ལམ་དེ་ནི་གོལ་ས་དང་བྲལ་བའི་ལམ་གྱི་མཆོག་ཡིན་ནོ། །དེ་ལྟར་ཡང་། མཁའ་འགྲོ་མ་དྲྭ་བ་སྡོམ་པ་ལ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །སེམས་གང་གིས་ནི་རྟོགས་གྱུར་ན། །གང་ཕྱིར་དེ་སངས་རྒྱས་དང་ཆོས། །དགེ་འདུན་དུ་ཡང་བསྟན་པའོ། །


KMC003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཤིང་། རྡོ་རྗེ་རྩེ་མོ་ལས་ཀྱང་། སྟོང་ཉིད་སྙིང་རྗེའི་དབྱེ་བ་ནི། །མར་མེ་དང་ནི་སྣང་བ་བཞིན། །སྟོང་ཉིད་སྙིང་རྗེ་གཅིག་པ་ཡང་། །མར་མེ་སྣང་བ་ཇི་བཞིན་ནོ། །ཞེས་གསུངས་སོ། །དེ་དོན་བྱང་སེམས་དང་ཤེས་རབ་ཀྱི་ཕར་ཕྱིན་ཡང་ཡིན་ཏེ། མན་སྙེ་ལས། འདིར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་རབ་ཏུ་མི་གནས་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བཤད་དོ། །ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་གཉིས་ཟུང་དུ་མ་ཆུད་པས་ཕྱོགས་གཅིག་ཁོ་ན་ཉམས་སུ་བླངས་པས་ནི་བླ་ན་མེད་པའི་གོ་འཕང་ཐོབ་པར་མི་ནུས་ཤིང་དེ་མི་ནུས་པས་རྡོ་རྗེའི་རྣལ་འབྱོར་དུའང་མི་འགྱུར་ཏེ། གསང་བ་འདུས་པ་ལས། རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཞིང་། །ཤེས་རབ་གཅིག་པུ་ཉིད་ཀྱང་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། གང་ཞིག་ཐབས་ནི་འབྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་


KMC003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཅེས་དང་། ཀླུའི་རྒྱལ་པོ་རྒྱ་མ ཚོས་ཞུས་པའི་མདོ་ལས། བདུད་ཀྱི་ལས་ནི་གཉིས་ཏེ། ཤེས་རབ་དང་བྲལ་བའི་ཐབས་དང་། །ཐབས་དང་བྲལ་བའི་ཤེས་རབ་སྟེ། །བདུད་ཀྱི་ལས་སུ་ཤེས་པས་སྤང་བར་བྱའོ། །ཞེས་དང་། ཇོ་བོ་རྗེ་ཡི་ལམ་སྒྲོན་དུ། །ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་དག་ཀྱང་། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། ཞེས་དང་། མངོན་རྟོག་རྒྱན་ལས། ཤེས་པས་སྲེད་ལ་མི་གནས་དང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་སྲིད་ཞི་གཉི་ག་ལ་མི་གནས་པའི་མྱང་འདས་ཐོབ་པ་ལ། ཐབས་ཤེས་ཟུང་འཇུག་དགོས་པར་གསུངས་པ་སོགས་མཐའ་ཡས་པའི་ཕྱིར་རོ། །དེར་མ་ཟད་སྟོང་ཉིད་མ་རྟོགས་པའི་སྙིང་རྗེ་ཁོ་ནས་གཞན་དོན་བྱེད་པར་རློམས་ཀྱང་གཞན་དོན་མི་འགྲུབ་པའི་ཁར་རང་ཉིད་ཀྱི་དགེ་སྦྱོར་རླུང་ལ་བསྐུར་བས་བསླད་ནས་གཞན་དོན་འབྱུང་འགྱུར་རྣམས་ལའང་རེ་ཞིག་གེགས་སུ་འགྱུར་བ་དང་། སྟོང་ཉིད་གཅིག་པུ་བསྒོམས་


KMC003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉན་རང་གི་ལམ་དུ་གོལ་བར་འགྱུར་བས་གཞན་དོན་ལ་ཡུན་རིང་པོའི་གེགས་སུ་འགྱུར་བ། ཇི་སྐད་དུ། དམྱལ་བར་འགྲོ་བ་བྱང་ཆུབ་ལ། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་རྒྱལ་དག །བྱང་ཆུབ་འཐོབ་པའི་གཏན་གྱི་གེགས། །ཞེས་འབྱུང་བ་ལྟར་ངེས་པས་ཐེག་པ་ཆེན་པོའི་ལམ་གྱི་གོལ་སའང་ཡིན་ནོ། །དེ་ལྟར་གོལ་ས་དང་བྲལ་བའི་ཟུང་འཇུག་གི་ལམ་འདི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མ་ཐོབ་ཀྱི་བར་དུ་འབྲལ་བ་མེད་པར་ཉིན་དང་མཚན་མོས་མཚོན་པའི་དུས་ཐམས་ཅད་དུ་བསྒོམ་དགོས་པར་སྨོན་ལམ་མཛད་པའི་ཚུལ་གྱིས་གདམས་པ་སྟེ། སེམས་འགྲེལ་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །ཁམས་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང་། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། །འབད་པས་སྒོམ་པར་བྱ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ནས་སྔར་ཉམས་སྐྱེ་ཚུལ་སྟོན་པའི་ཚིགས་བཅད་


KMC003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་ཚོགས་སྦྱོར་གྱི་ལམ་དང་། རྟོགས་པ་སྐྱེ་ཚུལ་གྱི་ཚིགས་བཅད་གཅིག་དང་། དེ་ཕྱིན་ཚིགས་བཅད་གཉིས་དང་བཅས་པ་འདིས་མཐོང་བསྒོམ་གྱི་ལམ་བསྟན་པར་ཤེས་དགོས་སོ། །འོ་ན་འདི་ཡན་ཆད་དུ་སྤྱོད་པ་མ་བསྟན་པ་ཡིན་ནམ་ཞེ་ན། སྒོམ་པ་བསྟན་པ་ཉིད་ཀྱིས་སྤྱོད་པ་བསྟན་པར་གྲུབ་སྟེ། སྤྱིར་སྔགས་ཀྱི་སྤྱོད་པ་ལ་སྤྲོས་བཅས་སྤྲོས་མེད་གཉིས་སུ་གསུངས་པའི་སྔ་མ་ལ་ཕྱིའི་སྤྱོད་པ་དང་། ཕྱི་མ་ལ་ནང་གི་སྤྱོད་པར་ཐ་སྙད་བྱེད་པ་ལས་ནང་གི་སྤྱོད་པ་ཉིད་མཆོག་ཡིན་པས། དེ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཉམས་སུ་ལེན་པ་འདི་ཉིད་ལས་གཞན་དུ་མེད་པའི་ཕྱིར་དང་། དེའང་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱ་སྟེ་དེ་ལ་གནས་པས་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་བའང་། གསང་བ་འདུས་པ་ལས། འདི་དེ་རྣལ་འབྱོར་མཆོག་དེའི་ཕྱིར། །དེ་བཞིན་གཤེགས་རྣམས་ཀྱིས་ཕྱག་འོས། །དེ་ལས་རབ་བྱུང་སྦྱོར་བ་ནི། །མཐའ་ཡས་པ་རྣམས་རབ་ཏུ་གྲགས། །དེ་ཕྱིར་ལྷ་ཡི་ཏིང་འཛིན་རྣམས། །མཐའ་ཡས་པ་རྣམས་ཡང་དག་


KMC003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །ཕྱག་རྒྱ་དཀྱིལ་འཁོར་གསང་སྔགས་རྣམས། །རྣལ་འབྱོར་དེ་ལས་རྣམ་དག་ཉིད། །ཞི་བ་རྒྱས་པ་གཉིས་ཀྱི་ལས། །སྔགས་ལས་སྐྱེས་པ་གཞན་གང་ཡང་། །ཆུ་བོ་གང་གཱའི་བྱེ་མའི་གྲངས། །ཇི་སྙེད་དངོས་གྲུབ་ཕྲ་མོ་དང་། །ཕྱག་རྒྱའི་དངོས་གྲུབ་གཞན་ཉིད་རྣམས། །ཇི་སྙེད་ས་ལ་རྣམ་གྲགས་པ། །རྣལ་འབྱོར་འདི་ལས་སྐྱེས་པ་རུ། །ཐུགས་ཀྱི་རྡོ་རྗེ་གསུངས་པ་ཡིན། །ཞེས་འབྱུང་བ་ལྟར་ཤེས་པར་བྱ་ཞིང་། ཐབས་ཤེས་གཉིས་མེད་ཀྱི་ཡེ་ཤེས་སྒོམ་པ་སྔགས་ཀྱི་སྤྱོད་པ་ཡིན་པའང་། །འདུས་པ་ཕྱི་མར། གང་གང་དབང་པོ་ཡུལ་རྣམས་ཀྱིས། །བརྟེན་ནས་བྱེད་པར་བྱ་བའི་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ཡིག་སྐྱོབ་པའི་དོན་ལས་ཏེ། །འཇིག་རྟེན་སྤྱོད་ལས་ངེས་གྲོལ་བའི། །གང་བཤད་དམ་ཚིག་སྡོམ་པ་ནི། །སྐྱོབ་པ་རྡོ་རྗེ་ཐམས་ཅད་ཀྱིས། །སྔགས་ཀྱི་སྤྱོད་པ་ཞེས་པར་གསུངས། །ཞེས་འབྱུང་བའི་དོན་འཇིགས་མེད་ཞབས་ཀྱིས་བཀྲལ་བར། དབང་པོ་ལ་སོགས་པ་བྱེད་པར་གྱུར་པ་རྣམས་ཀྱིས་


KMC003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིད་དེ་ནི་ཡིད་ཀྱི་ངོ་བོ་སྟེ་མ་ན་ཞེས་བཤད་དོ། །མ་ན་ཤེས་པ་ལའོ་ཞེས་པའི་བྱིངས་བཀླགས་པ་ལས། སྟོང་པ་ཉིད་ཀྱི་ཡེ་ཤེས་མ་ནའོ། །དེའི་སྒྲིབ་པ་གཉིས་སྤངས་པས་ཀུན་ཏུ་བཟང་པོ་ཉིད་ཐོབ་པ་ནི་སྐྱོབ་པའི་དོན་ལས་ཏེ་ཡོངས་སུ་མི་སྟོང་བའི་དོན་གྱི་ཏྲའོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཁོ་ན་བསྔགས་སོ་ཞེས་པའི་དོན་ཏེ་དེའི་སྤྱོད་པའོ། །ཞེས་འབྱུང་ཞིང་། སྤྱོད་པ་དེ་སྤྱོད་པའི་མཆོག་ཡིན་པའང་། མན་སྟེར། ལུས་དང་ངག་དག་ཀྱང་སེམས་རྣམ་པར་དག་པ་ཁོ་ནས་དག་པ་ཉིད་ཀྱི་ཕྱིར་སེམས་ཀྱི་སྤྱོད་པ་ནི་སྤྱོད་པ་གཞན་ལས་མཆོག་ཉིད་ཀྱིས་ན་ཡང་དག་པའོ། །ཞེས་བཤད་དོ།། ༈ །།རྩ་བའི་ས་བཅད་ལྔ་པ་ལམ་དེ་མཐར་ཕྱིན་པའི་འབྲས་བུ་ལ་སྨོན་པ་ནི། སྒོམ་སྟོབས་ལས་བྱུང་སྤྱན་དང་མངོན་ཤེས་དང་། །སེམས་ཅན་སྨིན་བྱས་སངས་རྒྱས་ཞིང་རབ་སྦྱངས། །སངས་རྒྱས་ཆོས་རྣམས་འགྲུབ་པའི་སྨོན་ལམ་རྫོགས། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་སངས་རྒྱས་ཤོག །ཅེས་པ་སྟེ་འདི་ལ་གཉིས་དངོས་དང་


KMC003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཞར་བྱུང་ལམ་གྱི་རིམ་པ་ཅུང་ཟད་བཤད་པའོ། །དང་པོ་ལ་གཉིས། སྤྱན་དང་མངོན་ཤེས་བཤད་པ་དང་། །རྫོགས་སྨིན་སྦྱངས་གསུམ་བཤད་པའོ།། ༈ །།དང་པོ་ནི། དེ་ལྟར་གདམས་ངག་ཕྱིན་ཅི་མ་ལོག་པ་ཉམས་སུ་བླངས་པས་བསྒོམས་པའི་སྟོབས་ཀྱིས་ཐོས་པའི་འབྲས་བུ་མཐར་ཐུག་པ་ནི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་བླ་ན་མེད་པའི་སངས་རྒྱས་ཡིན་ལ། དེའང་སྤྱན་དང་མངོན་ཤེས་སོགས་ཤིན་ཏུ་ཡོངས་སུ་དག་པའི་ཡོན་ཏན་དང་ལྡན་ཞིང་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པ་ཡིན་པ་དང་། ལམ་དུས་སུ་ཐོག་མར་མངོན་ཤེས་སོགས་བསྐྱེད་ནས་རིམ་གྱིས་རྫོགས་སྨིན་སྦྱངས་གསུམ་མཐར་དབྱུང་དགོས་པས་ན་འབྲས་བུའི་ཐོག་མར་ཡང་སྤྱན་དང་མངོན་ཤེས་ཉིད་འཇོག་སྟེ། དེ་ལ་སྤྱན་ནི་ལྔ་དང་མངོན་པར་ཤེས་པ་ནི་དྲུག་གོ །སྤྱན་ལྔ་ནི། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་རྣམས་སོ།། ༈ །།དང་པོ་ནི། མདོ་ལས། བྱང་ཆུབ་


KMC003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ་སོགས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཞེས་པའི་བར་གསུངས་པ་ལྟར་དང་། གཉིས་པ། རྒྱལ་ཆེན་བཞིའི་རིས་པ་རྣམས་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་ལྷའི་མིག་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །གང་ཡང་བྱང་ཆུབ་སེམས་དཔའི་ལྷའི་མིག་དེ་ནི་ལྷ་དེ་རྣམས་ཀྱིས་རབ་ཏུ་མི་ཤེས་སོ། །ཞེས་ལྷའི་མིག་དེ་ལས་ཁྱད་པར་དུ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་གཟིགས་པར་གསུངས་པ་དང་། གསུམ་པ་ནི། བདག་མེད་རྟོགས་པའི་ཤེས་རབ་དང་། བཞི་པ་ནི། སློབ་དཔོན་དབྱིག་གཉེན་བཞེད་པ་ལྟར་སྟོབས་བཅུ་ལས། གནས་དང་གནས་མིན་མཁྱེན་པའི་སྟོབས་སྤངས་པའི་ལྷག་མ་དགུ་པོ་རྣམས་དང་། ལྔ་པ་ནི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པ་རྟོགས་པ་ཉིད་དོ། །མངོན་ཤེས་དྲུག་ནི། རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། གཞན་སེམས་ཤེས་པ་དང་། སྔོན་


KMC003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྗེས་དྲན་དང་། ལྷའི་མིག་དང་། ཟག་པ་ཟད་པ་ཤེས་པ་རྣམས་སོ། །དེ་ལས་དང་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་པ་དང་། གཉིས་པ་མཐའ་ཡས་པའི་ཞིང་གི་སྒྲ་ཐོས་པ་དང་། གསུམ་པ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཚུལ་ཇི་ལྟ་བར་སོ་སོར་ཤེས་པ་དང་། བཞི་པ་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་འདས་པ་དང་མ་འོངས་པའི་སྐྱེ་བ་བརྒྱུད་མར་ཤེས་པ་དང་། ལྔ་པ་སེམས་ཅན་རྣམས་ཀྱི་སྐྱེ་འཆི་ལས་དང་འབྲས་བུའི་ཚུལ་དང་བཅས་པ་ཤེས་པ་དང་། དྲུག་པ་སྒྲིབ་ཐོགས་མཐའ་དག་ངོ་བོ་ཉིད་ཀྱིས་མི་གནས་པས་རབ་ཏུ་སྤངས་པ་ཤེས་པ་ཉིད་དོ། །འདིར་ལྷའི་མིག་གསུང་པ་ནི་སྤྱན་ལྔའི་སྐབས་ཀྱི་དེ་དང་མི་མཚུངས་ཏེ་དེ་ནི་རྣམ་སྨིན་ལས་སྐྱེས་པ་ཡིན་ཞིང་། འདི་བསྒོམས་པ་ལས་སྐྱེས་པའི་ཕྱིར་རོ། །དེ་ལྟར་སྤྱན་དང་མངོན་ཤེས་རྣམས་ལམ་དུས་སུའང་འབྱུང་བར་བཤད་ན། སངས་རྒྱས་ཀྱི་ཐུན་མོང་མིན་པའི་ཡོན་ཏན་དུ་ཇི་ལྟར་འཇོག་ཅེ་ན། འཇིགས་མེད་ཞབས་ཀྱི་དགོངས་རྒྱན་དུ། ལམ་ཇི་ལྟར་རིགས་པ་


KMC003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་སར་དང་། གོང་མ་གོང་མའི་སེམས་ཀྱི་གནས་སྐབས་སུའང་རིམ་གྱིས་བསྐྱེད་པས་མཆོག་དང་རབ་མཆོག་ལ་སོགས་པའི་བྱེ་བྲག་གིས་སྤྱན་ལྔ་རྣམས་སོ་སོར་འཐོབ་ལ་མངོན་པར་ཤེས་པ་དྲུག་རྣམས་ཀྱང་སྟེ། ཞེས་དང་། ཇི་ལྟར་སངས་རྒྱས་ཀྱི་སྤྱན་དང་མངོན་པར་ཤེས་པ་དྲུག་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སར་བརྗོད་ཅེ་ན། ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔས་དེ་དག་གཉི་ག་སོ་སོར་འཐོབ་པ་སྟེ་སངས་རྒྱས་ཀྱི་ས་ལ་ནི་དེ་དག་ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་མཐར་ཐུག་པར་འགྱུར་རོ། །ཞེས་བཤད་པ་ལྟར་སངས་རྒྱས་ཀྱི་སར་ནི་སྤྱན་དང་མངོན་ཤེས་དེ་དག་ཤིན་ཏུ་རྣམ་པར་དག་ཅིང་མཐར་ཐུག་པ་སྟེ་ཡུལ་ཐམས་ཅད་ལ་མ་ཆད་པར་འཇུག་པ་སོགས་ཀྱིས་ཐུན་མོང་མིན་པ་ཤེས་བར་བྱའོ།། ༈ །།གཉིས་པ་རྫོགས་སྨིན་སྦྱངས་གསུམ་བཤད་པ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྷག་པའི་བསམ་པ་དང་། སྨོན་ལམ་དང་། སྤྱོད་པ་རྒྱ་ཆེན་པོ་ལ་གནས་ནས་སྤྱན་དང་མངོན་པར་ཤེས་པ་ལ་


KMC003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་མཐུ་ཆེན་པོ་དང་། ཐབས་དཔག་ཏུ་མེད་པས་སེམས་ཅན་མཐའ་དག་སྨིན་པར་མཛད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་མཐའ་དག་ཡོངས་སུ་རྫོགས་པའི་སྨོན་ལམ་མཐར་ཕྱིན་པར་མཛད་ནས་མངོན་པར་རྫོགས་པ་ཡིན་ནོ། །དེ་ལ་སེམས་ཅན་སྨིན་པ་ནི་མདོ་རྒྱན་ལས། དང་པོར་བྱང་ཆུབ་སེམས་དཔའ་རང་ཉིད་སྨིན་པའི་མཚན་ཉིད་རྣམ་པ་དགུའི་ཚུལ་དུ་སྨིན་དགོས་པར་གསུངས་པའི་མཇུག་ཏུ། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །གཟིགས་དང་སྤྱད་དུ་རུང་བ་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །དེ་བཞིན་སྤྱད་པ་ཉིད་དུ་སྨིན་པ་བསྟན། །ཡུལ་ཅན་བྲལ་བར་སྨིན་བྱེད་དེ་བཞིན་དུ། །ཡོངས་སྨིན་རབ་སྨིན་མཐུན་པར་སྨིན་བྱེད་གཞན། །ལེགས་པར་སྨིན་བྱེད་རྟོགས་པར་སྨིན་བྱེད་དང་། །རྟགས་སྨིན་གང་དུ་སྨིན་བྱེད་བཤད་པར་འདོད། ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར། དཔེར་ན་རྨ་སྨིན་ནས་སོས་སུ་རུང་བ་


KMC003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཟས་སྨིན་ནས་བཟར་རུང་བ་བཞིན་གདུལ་བྱ་རྣམས་སྤང་བྱ་སྤོང་རུང་གཉེན་པོ་སྐྱེ་རུང་དུ་སྨིན་པ་སྟེ། ནང་གསེས་སུ་དབྱེ་ན་བྲལ་བར་སྨིན་པ་སོགས་རྣམ་པ་བརྒྱད་དོ། །དེ་དག་ནི་འདིར་མ་སྤྲོས་སོ། །ཞིང་སྦྱོང་པ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་ལས། དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་རྣམས་ཀྱི་ཞིང་གི་བཀོད་ལ་འཇུག །ཅེས་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞེས་དང་། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །ཞེས་སོགས་འབྱུང་བ་ལྟར། སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་དཔག་ཏུ་མེད་པའི་མཚན་ཉིད་ཀྱི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་དང་མངོན་སུམ་དུ་འགྱུར་བའི་ཕྱིར་ཞིང་རྒྱ་མཚོ་རྣམས་སུ་འཇུག་པ་དང་། ཞིང་དེ་དག་ཀྱང་ཡོངས་སུ་དག་པ་རྣམ་པ་བདུན་གྱིས་ཡོངས་སུ་དག་པར་སྒྲུབ་པ་སྟེ་ཡོངས་སུ་དག་པ་བདུན་ནི། ཐུན་མོང་ཡོངས་དག་དེ་བཞིན་དུ་དབང་སྒྱུར། རབ་ལོངས་སྤྱོད། སེམས་ཅན། རྒྱུ། འབྲས་བུ་རྣམས་ཡོངས་སུ་དག་པ་ཉིད་དོ། །འདི་དག་ནི་རྒྱས་པར་མ་


KMC003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་ཏེ་མདོ་སྡེ་ས་བཅུ་པ་སོགས་ལས་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་པའི་སྨོན་ལམ་རྫོགས་པ་ནི་མདོ་ནས་གསུངས་པའི་སྨོན་ལམ་རྣམ་པ་བཅུ་སོ་སོ་ལ་སྨོན་ལམ་གྲངས་མེད་པ་ཁྲག་ཁྲིག་བརྒྱ་སྟོང་གི་འཁོར་དང་བཅས་པ་ཡོངས་སུ་གྲུབ་པ་ན་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པ་ཡིན་ནོ། །དེའང་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་ཡིན་གྱི་བྱང་སེམས་འཕགས་པ་རྣམས་ཀྱིས་ཀྱང་ཕྱོགས་ཙམ་མཚོན་པ་ལས་ཟད་པར་བརྗོད་ནུས་པའི་སྐབས་མེད་པས་བྱིས་པའི་བློས་ནམ་ཡང་གཞལ་བར་མི་རིགས་མོད་ཀྱི་འོན་ཀྱང་མདོ་དང་བསྟན་བཅོས་ནས་འབྱུང་བ་ལྟར། སྐུ་དང་ཡེ་ཤེས་དང་ཡོན་ཏན་དང་འཕྲིན་ལས་རྣམས་ཀྱིས་ཉེ་བར་བསྡུ་བའི་དབང་གིས་སྐུ་ལ་ཆོས་ཀྱི་སྐུ་གཅིག་པུ་དང་། ཆོས་གཟུགས་ཀྱི་སྐུ་གཉིས་དང་། གཟུགས་སྐུ་ལ་གཉིས་སུ་ཕྱེ་བའི་གསུམ་དང་ངོ་བོ་ཉིད་སྐུ་བསྣན་པའི་བཞི་དང་། ཡེ་ཤེས་ལྔའི་བདག་ཉིད་ཀྱི་སྐུ་ལྔ་སོགས་ནས་བརྗོད་དུ་མེད་པའི་བར་དུ་


KMC003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་དང་། ཡེ་ཤེས་ལ། ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པ་གཉིས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ལྔ་དང་། སྐུ་ཇི་སྙེད་པ་དང་གདུལ་བྱ་ཇི་སྙེད་པའི་དབྱེ་བས་དཔག་ཏུ་མེད་པར་འགྱུར་བ་དང་། ཡོན་ཏན་ལ་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་སོགས་དེ་མཚུངས་ཀྱི་དབྱེ་བ་མཐའ་ཡས་པ་དང་། འཕྲིན་ལས་ལ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་རྒྱུན་མི་འཆད་པའི་འ ཕྲིན་གཉིས་ནས་བརྩམས་ཏེ་གཞལ་དུ་མེད་པའི་བར་དུ་དབྱེ་བ་སོགས་སོ། །འདི་དག་ཀྱང་མདོ་རྒྱུད་བསྟན་བཅོས་རྣམས་ལས་ཇི་ལྟ་བ་བཞིན་ཤེས་པར་བྱའོ། །སངས་རྒྱས་ཀྱི་སྒྲ་དོན་ནི་བུདྡྷ་ཞེས་པ་སངས་པའམ་རྒྱས་པ་ལ་འཇུག་པས། ཇི་སྐད་དུ། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལའང་བློ་རྒྱས་ཕྱིར། །སངས་རྒྱས་པད་མ་ལྟར་སངས་རྒྱས། །ཞེས་འབྱུང་བ་ལྟར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྦྱངས་སྨིན་མཐར་ཕྱིན་ནས་གདོད་སྨོན་ལམ་ཐམས་ཅད་རྫོགས་ཏེ་སངས་རྒྱ་བ་ཡིན་ལ། སྔགས་སུ་མི་ཚེ་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་


KMC003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མངོན་དུ་བྱེད་པའི་ཚེ་ནའང་། ཐབས་མཁས་པ་དང་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་སྟོབས་བསམ་གྱིས་མི་ཁྱབ་པས་རྫོགས་སྨིན་སྦྱངས་གསུམ་མྱུར་དུ་མཐར་ཕྱིན་པར་གོ་དགོས་ཏེ། སློབ་དཔོན་ཛྙཱ་ན་ཀ་རས་སྔགས་ལ་འཇུག་པའི་འགྲེལ་པར། འཕགས་པ་ཞི་བའི་བློ་གྲོས་ཀྱིས་དྲིས་པ་ལས། དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ་ཕྱུགས་ཀྱི་ཤིང་རྟས་ཡུན་རིང་ཞིག་གིས་བགྲོད་པར་བྱ་བའི་གནས་དེར་རྐང་མགྱོགས་གྲུབ་པའམ་ཉི་མའམ་ཟླ་བས་ནི་མྱུར་དུ་འགྲོ་བར་བྱེད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རིགས་ཀྱི་བུ་དག་བསྐལ་པ་རབ་འབྱམས་དག་གིས་འདའ་བའི་ས་དེ་དག་རིག་སྔགས་འཆང་རབ་ཏུ་བརྟུལ་བས་འཇུག་པས་ཚེ་འདི་ཉིད་ལ་འཐོབ་པ་ནི་མཐུ་མི་མཉམ་པ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །ཞེས་དྲངས་པ་ལྟར་རོ། །གཉིས་པ་ཞར་བྱུང་ལམ་གྱི་རིམ་པ་ཅུང་ཟད་སྨོས་པ་ནི་གྲུབ་ཆེན་ནཱ་རོ་པས་ཕྱག་རྒྱ་ཆེན་པོ་ཚིག་བསྡུས་སུ་གསུངས་པ་ལྟར་བརྒྱུད་པ་འདིའི་ཐུན་མོང་མ་


KMC003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཆོས་སྐད་དུ་མཛད་པ་རྣལ་འབྱོར་བཞིའི་རིམ་པ་ཉིད་ཀྱིས་འཆད་ན། དང་པོ་ཞི་གནས་ཀྱི་སེམས་རྩེ་གཅིག་པ་ཐོབ་ནས་གནས་པ་ལ་ལྷག་མཐོང་ཤར་ཞིང་བདེ་གསལ་མི་རྟོག་པའི་ཉམས་འཁོར་ཡུག་ཏུ་འབྱུང་བའི་སྐབས་རྩེ་གཅིག་གི་རྣལ་འབྱོར་ཞེས་བྱ། གཉིས་པ་སྣང་སེམས་ཀྱིས་བསྡུས་པའི་ཆོས་མཐའ་དག་ཆོས་དབྱིངས་བདེ་བ་ཆེན་པོའི་རང་བཞིན་ལས་མ་འདས་པར་མཐོང་བས་གཉིས་ཆོས་ཀྱི་སྤྲོས་འཛིན་ཐམས་ཅད་རང་གྲོལ་ཏུ་སོང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཡེ་ཤེས་ལྷག་མཐོང་མཚན་ཉིད་པ་ཐོབ་པས་ཞི་ལྷག་གི་རྣལ་འབྱོར་ཇི་ལྟ་བར་ཟུང་དུ་ཆུད་པ་སྤྲོས་བྲལ། གསུམ་པ་དེ་གོང་ནས་གོང་དུ་གོམས་པས་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་ཤིང་། རྩོལ་མེད་ཀྱི་ཡེ་ཤེས་ནུབ་པ་མེད་པ་རོ་གཅིག །བསྒོམས་པའི་འོད་གསལ་དང་གཞིའི་འོད་གསལ་གཅིག་ཏུ་འདྲེས་པས་གནས་ལུགས་ཀྱི་སྒྲིབ་གཡོགས་མཐའ་དག་གཞི་མེད་དུ་དྭངས། མཉམ་རྗེས་ཀྱི་ས་མཚམས་ཞིག་མཐར་ཐུག་གི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་


KMC003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་སྒོམ་མེད་ཀྱི་རྣལ་འབྱོར་ཞེས་བྱའོ། །དེ་དག་ལའང་སོ་སོར་ཆུང་འབྲིང་ཆེན་པོར་ཕྱེ་བས་བཅུ་གཉིས་སུ་འགྱུར་ལ་སོ་སོར་རྣམ་དབྱེ་ཞིབ་མོ་དང་། ཡོན་ཏན་སྐྱེ་ཚུལ་སོགས་རྒྱས་པར་གོང་མ་རྣམས་ཀྱི་གསུང་སྒྲོས་ལས་འབྱུང་བ་ལྟར་ཤེས་པར་བྱོས་ཤིས། །དེ་དག་ཕར་ཕྱིན་ཐེག་པའི་ས་ལམ་དང་སྦྱོར་ན་རྩེ་གཅིག་གསུམ་ཚོགས་ལམ། སྤྲོས་བྲལ་ཆུང་འབྲིང་སྦྱོར་ལམ། སྤྲོས་བྲལ་ཆེན་པོ་མཐོང་ལམ། རོ་གཅིག་ནས་སྒོམ་མེད་འབྲིང་པོའི་བར་སྒོམ་ལམ། སྒོམ་མེད་ཆེན་པོ་སངས་རྒྱས་ཀྱི་སར་བཞེད་ཅིང་དོན་ལའང་གནས་ཏེ། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་ཤེས་ཀྱི། །མཐའ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་དཔའ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་རྗོད་པའི་རྒྱུན་ཅན་རྟོགས། །དེ་ཡི་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང་། །བྲལ་བ་མངོན་སུམ་ཉིད་དུ་


KMC003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་འགྱུར། །ཞེས་དང་། བློ་དང་ལྡན་པའི་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་དང་། །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཐུབ་པས་གསུངས་པའི་དམ་ཆོས་ལེགས་བཞག་པ། །རྩ་བའི་ཆོས་ཀྱི་དབྱིངས་ལ་བློ་གྲོས་བཞག །དྲན་རྒྱུ་རྟོགས་པ་ཙམ་རིག་བསྟན་པ་དག །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་གསུངས་པའི་ཤླཽ་ཀ་དང་པོས་ཚོགས་ལམ། དེ་ནས་ཕྱེད་ཀྱིས་སྦྱོར་ལམ། དེ་ནས་ཤླཽ་ཀ་ཕྱེད་ཀྱིས་མཐོང་ལམ། བློ་ལྡན་སོགས་ཀྱིས་ཤླཽ་ཀས་བསྒོམ་ལམ། དེ་ནས་ཤླཽ་ཀ་གཅིག་གིས་མི་སློབ་ལམ་བསྟན་པ་དང་། དེ་རྒྱས་པར་རྒྱན་གྱི་གདམས་ངག་རྗེས་སུ་བསྟན་པའི་སྐབས་ནས་ཀྱང་བསྟན་པ་ལྟར་གྱི་མཚན་ཉིད་ཐམས་ཅད་ཡོད་པའི་ཕྱིར་རོ། །འོ་ན་ཚོགས་ལམ་ཆེན་པོའི་སྐབས་སུ་སྤྲུལ་སྐུའི་སངས་རྒྱས་རྣམས་ལས་དངོས་སུ་གདམས་ངག་ནོད་པ་དང་། རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་མང་པོར་བགྲོད་པ་སོགས་ལམ་སོ་སོའི་ཡོན་


KMC003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཁམས་ཆེ་བ་རྣམས་ཀྱང་དེ་དག་ཏུ་སོ་སོར་འཐོབ་པ་ཡིན་ནམ་ཞེ་ན། གནས་ལུགས་ཀྱི་དོན་རྟོགས་པའི་ལམ་ཇི་ལྟ་བར་བགྲོད་ཕྱིན་ལམ་རྟགས་ཀྱི་ཡོན་ཏན་མེ་དང་ཚ་བ་བཞིན་ཡིན་པས་ཤུལ་དུ་ལུས་པ་མི་སྲིད་ཀྱང་སྐྱེ་བོ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པར་སྟོན་མི་སྟོན་ནི་ཅི་རིགས་པར་ཡོད་པ་དང་སྐྱེ་བ་གཅིག་ལ་འབྲས་བུ་ཐོབ་པའི་དབང་དུ་ུབཏང་ན་རྣམ་སྨིན་གྱི་ལུས་ཡེ་ཤེས་ཀྱི་ལུས་སུ་མ་གྱུར་གྱི་བར་དུ་རྣམ་སྨིན་གྱི་ལུས་དེས་ཅུང་ཟད་བསྒྲིབས་པར་ཡང་བཞེད་པ་ཡིན་ནོ། །སྔགས་བླ་མེད་ཀྱི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་པ་སོགས་བསྒོམས་པ་ནའང་ས་ལམ་གྱི་འགྲོས་དེ་དག་དང་གནད་གཅིག་སྟེ། །རང་བྱུང་རྒྱལ་བ་ཉིད་ཀྱིས་ཟབ་མོ་ནང་དོན་དུ། དང་པོར་དབང་ཐོབ་བསྐྱེད་རྫོགས་ནི། །ལེགས་ཤེས་མོས་སྒྲུབ་ཚོགས་ལམ་སྟེ། །རྩ་རླུང་ཐིག་ལེའི་གནད་ཤེས་ནས། །ཀུན་བཟང་སྤྱོད་གནས་དྲོད་ཐོབ་ནས། །སྦྱོར་ལམ་ཉིད་ལ་གནས་པ་ཡིན། །དེ་ཚེ་བརྟུལ་ཞུགས་སྤྱོད་པ་ཡིས། །སྦྱོར་ལམ་བགྲོད་ནས་མཐོང་


KMC003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྦྱོར། །འདི་ནི་སོ་སོར་སྡུད་པ་དང་། བསམ་གཏན་བཞི་ལྡན་ལམ་ཡིན་ཏེ། །རྩ་ནི་སྦྱོང་བ་ཞེས་ཀྱང་བཤད། །བསམ་གཏན་ཡན་ལག་རྫོགས་པ་ཡིས། །མངོན་པར་ཤེས་པ་ལྔ་འཐོབ་གསུངས། །སྐུའི་དཀྱིལ་འཁོར་དུ་ཞུགས་པའོ། །ཞེས་སོགས་རྒྱས་པར་གསུངས་པ་འགྲེལ་པས་བཀྲལ་བ་ལྟར་རོ། །རྣལ་འབྱོར་བཞི་དབང་བཞིའི་འགྲོས་དང་སྦྱར་བའང་། མདའ་བསྣུན་ཞབས་ཀྱིས། རིག་པ་བརྩེ་གཅིག་བུམ་པའི་དབང་། །བདེ་བ་སྤྲོས་བྲལ་གསང་བའི་དབང་། །གསུམ་པ་མཉམ་པ་ཉིད་དུ་སྦྱོར། །བསྒོམ་དུ་མེད་པ་བཞི་པའོ། །ཞེས་དང་། ནཱ་རོ་པས། ཕྱག་རྒྱ་ཆེན་པོ་རྟོགས་པ་ཡི། །དང་པོ་རྣམ་རྟོག་གློ་བུར་བ། །དེ་ཉིད་ལ་ནི་ལྟ་བ་ཡི། །མ་རིག་པ་ལས་ལོག་པ་ནི། །རིག་པ་གསལ་ལ་འཛིན་མེད་དུ། །རྟོགས་ན་རིག་པའི་དབང་ཞེས་བྱ། །དུག་ལྔ་ཡེ་ཤེས་ལྔར་གནས་ན། །བུམ་པའི་དབང་དུ་འདོད་པའོ། །དེ་ལ་འགག་པ་མེད་པའི་རྩལ། །ཕྱོགས་ཆ་མེད་པར་འཆར་བས་ན། །སྟོང་པའི་ངང་ན་བདེ་བར་འཆར། །གསལ་བ་གཉིས་པའི་


KMC003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་འདོད། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །བདེ་སྟོང་དབྱེར་མེད་ནམ་མཁའི་ངང་། །ཟུང་འཇུག་རོ་གཅིག་ཆེན་པོ་ལ། །སྣང་སེམས་བདེ་བ་ཆེན་པོར་མྱོང་། །ཤེས་རབ་ཡེ་ཤེས་དབང་དུ་བཤད། །དབང་གསུམ་དབྱེར་མེད་སེམས་སུ་འདུས། །སེམས་ཉིད་མཁའ་ལྟར་དག་པ་ན། །མཉམ་གཞག་རྗེས་འཇོག་མེད་པ་ཉིད། །བདེན་གཉིས་ཟུང་འཇུག་བཞི་པ་ཡིན། །ཞེས་གསུངས་པ་ལྟར་རོ། །འོ་ན་ཕྱག་ཆེན་གྱི་ཁྲིད་ཚུལ་འདི་ལྟར་ཉམས་སུ་བླངས་པས་འབྲས་བུ་ཕྱག་རྒྱ་ཆེན་པོ་དུས་ཅི་ཙམ་གྱིས་འགྲུབ་ཅེ་ན་གཅིག་ཏུ་ངེས་པ་མ་ཡིན་ཏེ། ཤིན་ཏུ་ཕུལ་དུ་བྱུང་བའི་དབང་པོ་ཡང་རབ་ལ་མཆོག་གྲུབ་པའི་སློབ་དཔོན་གྱིས་བསྟན་པའི་དབང་གིས་མི་ཚེ་གཅིག་ལ་འགྲུབ་པ་དང་། དེ་ཡང་རྩོལ་མེད་དུ་འགྲུབ་པར་འགྱུར་བ་ཡིན་ཞིང་། གཞན་ཡང་དབང་པོའི་རིམ་པས་བར་དོ་དང་སྐྱེ་བ་བདུན་དང་བཅུ་དྲུག་ཚུན་ཆད་དུ་འགྲུབ་པ་ཡིན་ནོ། །མདོ་སྔགས་ཟུང་འཇུག་གི་ལམ་གྱི་དབང་དུ་བྱས་ཀྱང་ཕར་ཕྱིན་ཐེག་པའི་ལམ་ལས་ཆེས་མྱུར་


KMC003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་རྡོ་རྗེས་དེ་ཁོ་ན་ཉིད་བཅུ་པའི་རྒྱས་འགྲེལ་དུ་གཞན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་རྣལ་འབྱོར་པ་ལས་འདི་ཁྱད་པར་ཡོད་དེ། བླ་མ་དམ་པའི་མན་ངག་གིས་དཔྱད་པའི་སྟོང་པ་ཉིད་ཟུང་དུ་འཇུག་པའི་དེ་བཞིན་ཉིད་ངེས་པར་རྟོགས་པས་ཤིན་ཏུ་ཁྱད་པར་འཕགས་པའི་ཕྱིར་རོ། །ཞེས་བཤད་པ་ལྟར་ཤེས་དགོས་སོ།། ༈ །།རྩ་བའི་ས་བཅད་གསུམ་པ་སྨོན་ལམ་གྱི་མཇུག་བསྡུ་བ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །རྣམ་དཀར་དགེ་བ་ཇི་སྙེད་ཡོད་པའི་མཐུས། །དེ་ལྟར་བདག་དང་སེམས་ཅན་ཐམས་ཅད་གྱིས། །སྨོན་ལམ་རྣམ་དག་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པ་གཞན་ནི་གོ་སླ་ལ། དགེ་བ་ཇི་སྙེད་པ་ཅེས་པའི་སྒྲས་འདུས་བྱས་དང་འདུས་མ་བྱས་པའི་དགེ་བ་གཉི་ག་བསྡུས་པ་ཡིན་ཞིང་། འགའ་ཞིག་གིས་འདུས་མ་བྱས་ཆོས་ཀྱི་དབྱིངས་དགེ་བར་མི་འདོད་པ་ཡོད་མོད་ཀྱི་རང་ལུགས་འཁོར་ལོ་ཐ་མའི་མདོ་རྣམས་སུ། །ཀུན་གཞི་ངང་ལུགས་དགེ་བ་ནི། །ཞེས་སོགས་གསལ་བར་ལན་མང་


KMC003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུངས་པ་ལྟར། འདུས་བྱས་དགེ་སྡིག་གི་ཟླས་ཕྱེ་པའི་དགེ་བ་མིན་ཀྱང་རྣམ་བྱང་དགེ་བའི་ཆོས་མཐའ་དག་གི་གོ་འབྱེད་པའི་ནུས་པ་ཡོད་པའི་ཆ་ནས་དགེ་བར་འཇོག་པ་ཡིན་ནོ། སྨོན་ལམ་རྣམ་དག་ཅེས་པས་འདིར་བསྟན་གྱི་སྨོན་ལམ་ཉིད་གཙོ་བོར་བྱས་ནས་མཐའ་ཡས་པའི་སྐྱེ་འཕགས་ཀྱི་སྨོན་ལམ་རྣམ་པར་དག་པ་ཇི་སྙེད་པ་བསྡུས་པ་ཡིན་ནོ། །དེ་ལྟར་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱི་རིམ་པ་རགས་པ་ཙམ་ཞིག་བློའི་ནུས་པ་དང་འཚམ་པར་བཀྲལ་ཟིན་ནས། ད་ནི་ཕྱག་རྒྱ་ཆེན་པོའི་ཁྲིད་སྲོལ་འདིའི་ཕྱག་བཞེས་ཀྱི་རྣམ་གྲངས་དང་། བླ་མ་བརྒྱུད་བའི་རིམ་པ་གཉིས་མདོ་ཙམ་འཕྲོས་དོན་དུ་བརྗོད་པར་བྱ་སྟེ། དེ་ལ་དང་པོ་ནི། གོང་དུ་ས་བོན་ཙམ་སྨྲོས་པ་ལྟར། སྔགས་ལུགས་ཐུན་མོང་མ་ཡིན་པ་དང་། མདོ་སྔགས་རྟོག་པ་བསྲེས་པའི་ལུགས་གཉིས་སུ་འགྱུར་ཞིང་། སྔ་མ་ལའང་རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར་ནོད་པ་ལས་སྤྲོས་བཅས་ཀྱི་དབང་སྔོན་དུ་འགྲོ་མི་དགོས་པ་སློབ་དཔོན་ནུས་ལྡན་དང་། སློབ་མ་དབང་


KMC003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡང་རབ་ཀྱི་དབང་དུ་བྱས་པའི་རྣམ་བཞག་གཅིག་དང་། སློབ་མ་དེ་ལས་དབང་པོ་དམན་ཙམ་ལ་སྤྲོས་བཅས་ཀྱི་དབང་བསྐུར་སྔོན་དུ་འགྲོ་དགོས་པའི་རྣམ་གཞག་གཅིག་དང་བཅས་གཉིས་སུ་ཡོད་དོ། །སྔ་མ་ལ་ཅིག་ཅར་བའི་གང་ཟག་ནི་དབང་གི་བྱིན་རླབས་ཁོ་ནས་དང་། བརྡ་བསྟན་པས་དང་། གདམས་ངག་ཅུང་ཟད་བསྟན་པས་གྲོལ་བར་འགྱུར་བ་དཔེར་ན་འཕགས་པའི་ཡུལ་གྱི་གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱི་ལོ་རྒྱུས་ལྟར་ཡིན་ལ། ཁྱད་པར་བོད་ཡུལ་དུ་བརྒྱུད་པ་འདི་ལ་འདི་ལྟ་བུས་གྲོལ་བའི་ལོ་རྒྱུས་ཆེས་མང་དུ་ཡོད་པས་ཚུལ་འདི་ལ་ནི་ཁྲིད་རིམ་ཐར་ཆགས་སུ་སྟོན་དགོས་པའི་ངེས་པའང་མེད་ཅིང་། མི་ལ་ནས་བརྒྱུད་པའི་སྤྲོས་བཅས་ཐབས་ལམ་དང་སྤྲོས་མེད་ལྷན་ཅིག་སྐྱེས་སྦྱོར་དུ་གྲགས་པ་གཉིས་ལས། ཕྱི་མའི་ཚུལ་ཉིད་དོ། །གཉིས་པ་ནི་རིམ་གྱིས་པའི་དབང་དུ་མཛད་དེ། རང་བྱུང་ཞབས་ཀྱི་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་ལས། སྔོན་འགྲོ་ལ་བླ་མ་མཚན་ཉིད་དང་ལྡན་པས། སློབ་མ་ཚུལ་བཞིན་དུ་ཉམས་


KMC003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལེན་ཞིང་ཚེ་འདིའི་བྱ་བ་སྤངས་ནས་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བ་ལ་བསྟན་པར་བྱ་སྟེ། ཐོག་མར་ཚུལ་ཁྲིམས་ཀྱི་སྡོམ་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཐོབ་ཅིང་དབང་གིས་རྒྱུད་ཡོངས་སུ་སྨིན་པར་བྱས་ལ། དབེན་ཞིང་ཉམས་དགའ་བའི་གནས་སུ་ཉམས་སུ་བླང་བར་བྱའོ། །ཞེས་འབྱུང་བ་སོགས་བརྒྱུད་པའི་ཕྱག་ལེན་ལ་ངེས་པར་ཡོད་པ་ལྟར་ཡིན་ལ། སྔོན་དུ་འགྲོ་རྒྱུའི་སྨིན་བྱེད་དེའང་བླ་མེད་ཀྱི་རྒྱུད་སྡེའི་ལྷ་གང་རུང་ཞིག་གི་སྒོ་ནས་བྱས་པས་འཐུས་མོད། །འོན་ཀྱང་ཕྱག་བཞེས་སུ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཉིད་མཛད་པར་སྣང་སྟེ། གྲུབ་ཆེན་བློ་གྲོས་རིན་ཆེན་གྱིས་ཀྱང་སྙན་རྒྱུད་རྡོ་རྗེའི་ཚེག་རྐང་གི་ལུང་དང་བཅས་ནས་བཤད་འདུག་པ་དང་དོན་གྱིས་ཀྱང་འཐོང་བའི་ཕྱིར་རོ། །ཁྲིད་ཚུལ་འདི་ལ་དབང་ཐོབ་མ་ཐག་ནས་བསྐྱེད་རིམ་ལ་ཞུགས་ཏེ་དེ་ལ་གོམས་ནས་མཚན་མེད་ཀྱི་རྣལ་འབྱོར་ལ་འཇུག་པའི་སྲོལ་གཅིག་དང་། མཚན་མེད་ཞི་ལྷག་གི་རྣལ་


KMC003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལ་ཅུང་ཟད་གོམས་ནས་བསྐྱེད་རིམ་ལ་ཞུགས་པས་གསལ་སྣང་ཐོབ་སླ་ཞིང་དངོས་གྲུབ་མྱུར་བར་བཞེད་པ་གཅིག་བཅས་ཕྱག་བཞེས་གཉིས་སྣང་ཞིང་གཉི་གའང་བསྐྱེད་རིམ་གྱི་ཕྱི་ནས་མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་གཉིས་གཅིག་གི་བོགས་གཅིག་གིས་འདོན་པའི་ཚུལ་གྱིས་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ཡིན་ནོ། །ཕྱི་མ་མདོ་སྔགས་ཐུན་མོང་གི་ལམ་སྲོལ་འདི་ནི། མདའ་བསྣུན་ཡབ་སྲས་ཀྱི་བཞེད་པ་བཞིན་མངའ་བདག་མཻ་ཏྲི་པས་རྩལ་དུ་བཏོན་ནས་ཕྱག་བཞེས་སུ་བཏབ་ཅིང་ཚུལ་འདི་སྟོན་པའི་གཞུང་དེ་ཁོ་ན་ཉིད་བཅུ་པའང་བརྩམས་པར་མཛད་པ་འདིའི་ལུགས་དངོས་ཡིན་ཞིང་། དེ་ལ་དྭགས་པོ་རིན་པོ་ཆེས། དགེ་བཤེས་ལྕགས་རི་བ། སྙུག་རུམ་པ། རྒྱ་ཡོན་བདག །བྱ་ཡུལ་བ་སོགས་བཀའ་གདམས་ཀྱི་བླ་མ་མང་པོ་བསྟེན་ནས་ཇོ་བོ་རྗེའི་གདམས་ངག་སྐྱེས་བུ་གསུམ་གྱི་ལམ་རིམ་གསན་ནས་དེའི་ཁྲིད་ཚུལ་གྱིས་ཀྱང་བརྒྱན་པར་མཛད་པས། བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྲགས་པ་སྟེ་ཚུལ་འདིས་ཀྱང་ཡུན་


KMC003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཅང་མི་རིང་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་རེག་པར་བྱེད་པའི་ཕྱིར་སྒོམ་མེད་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་མིང་དོན་ལས་མི་འདའོ། །དེའང་དྭགས་པོ་རིན་པོ་ཆེས་མནལ་ལྟས་དང་མི་ལས་ལུང་བསྟན་པ་བཞིན་དུ་ཁོ་བོས་བཀའ་གདམས་པའི་ཆོས་ཀྱི་ཀྱང་འགྲོ་བ་མང་པོ་ལ་ཕན་པར་འདུག་ཅེས་གསུངས་པ་དང་། ད་ལྟ་ཁོ་བོས་སེམས་ཅན་ལ་ཕན་བག་ཙམ་ཐོགས་པ་འདི་བཀའ་གདམས་པའི་བླ་མ་རྣམས་ཀྱི་དྲིན་ཡིན་གསུངས་པ་དང་། རྔ་བརྡུངས་པས་རི་དྭགས་མང་པོས་ཉན་པ་དང་། དེ་དག་ལ་འོ་མ་འགྱེད་པར་རྨིས་པ་སོགས་ཐམས་ཅད་ཁྲིད་ཚུལ་ཕྱི་མ་འདི་ལ་དོན་དུ་གནས་པ་ཡིན་ཏེ། དེ་དག་གི་དོན་ནི་སྙིགས་མ་ཤས་ཆེར་བདོ་བའི་དུས་སུ་སོན་པས་རྡོ་རྗེ་ཐེག་པའི་ཐུན་མོང་མིན་པའི་སྐལ་ལྡན་ཆེས་ཉུང་བར་གྱུར་ཀྱང་། དབང་རྟུལ་སྐལ་བ་དམན་པའི་གདུལ་བྱ་རྣམས་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་གྱིས་ཁྲིད་པས། མཐར་སྐལ་པ་རབ་ཏུ་འཕོས་པས་སྔགས་ཀྱི་ཐུན་མོང་མིན་པའི་སྣོད་དུ་གྱུར་ཏེ་ཚེག་གཅིག་ལ་


KMC003_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་ཐོབ་པའམ། དེ་ལྟར་མ་ཡིན་ཀྱང་ཐབས་དེས་མཛད་པ། ཕྱག་རྒྱ་ཆེན་པོའི་དོན་མཐོང་ནས། ཕྱིར་མི་ལྡོག་བའི་ལམ་ལ་བཀོད་པ་ལ་དགོངས་པ་ཡིན་པའི་ཕྱིར་རོ། །དེས་ན་རྗེ་བཙུན་ཉིད་ནས་ཉེ་བར་བཟུང་སྟེ་ད་ལྟ་ཡན་དུ་ཁྲིད་ཚུལ་འདིས་གདུལ་བྱ་སྐལ་བ་མཆོག་དམན་ཐམས་ཅད་མ་བརྟགས་པར་བཀྲི་བའི་ཕྱག་བཞེས་ཡོད་ཅིང་། དེའི་སྟེང་དུ་སྐལ་ལྡན་ལ་སྔགས་ཀྱི་ཐབས་ལམ་ཟབ་མོ་སྟོན་པའི་ཚེ་ནི། འདིའི་རྒྱུ་དུས་ཀྱི་གདམས་ངག་གམ་གཞི་ཁྲིད་ཀྱི་མིང་དུ་མཛད་པ་ཡིན་ནོ། །སློབ་མའི་རྒྱུད་བརྟག་མི་དགོས་པའང་ཟབ་མོའི་དོན་འདི་ལ་མོས་ནས་འཇུག་པ་ལྟ་ཅི་སྨོས། ཐེ་ཚོམ་སྐྱེས་པས་ཀྱང་ཕན་ཡོན་ཆེན་པོ་ཐོབ་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བར། བསོད་ནམས་ཆུང་བས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་མི་སྐྱེ་སྟེ། །འདི་ལ་ཐེ་ཚོམ་སྐྱེས་པས་ཀྱང་། །སྲིད་པ་ཧྲིལ་པོར་བྱེད་པར་འགྱུར། །ཞེས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ་ལས། ཁྱེའུ་རིན་ཆེན་བྱིན་གྱིས་འཇམ་དཔལ་ལ་གོང་དུ་དྲངས་པ་བཞིན་


KMC003_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བླང་དོར་མེད་པའི་དོན་སྨྲས་པའི་ཚེ། དམིགས་པ་ཅན་གྱི་དགེ་སློང་བརྒྱད་མ་མོས་པས། དེ་དག་ཁྲག་དྲོན་མོ་སྐྱུགས་ཏེ་ཤི་ནས་དམྱལ་བར་སྐྱེས་པ་ལ། བཅོམ་ལྡན་འདས་ཀྱིས། དགེ་སློང་དེ་དག་གི་ཟབ་མོའི་ཆོས་སོམ་ཉི་དང་བཅས་པས་ཐོས་པའི་མཐུས་དེང་ཁོ་ནར་དམྱལ་བ་ལས་ཐར་ཏེ་དགའ་ལྡན་གྱི་ལྷར་སྐྱེ་ཞིང་། བསྐལ་པ་དྲུག་ཅུ་རྩ་བརྒྱད་དུ་སངས་རྒྱས་ཁྲག་ཁྲིག་བཅུ་མཉེས་པར་བྱས་ནས་གདོད་སངས་རྒྱ་བར་ལུང་བསྟན་པའི་ཚུལ་འབྱུང་བ་དང་། འཇམ་དཔལ་གནས་པའི་མདོ་ལས། ཟབ་མོའི་ཆོས་ལ་མ་མོས་པའི་དགེ་སློང་བརྒྱ་ད མྱལ་བར་ལྷུང་བ་ན་ཆོས་དེ་ཐོས་པ་ཙམ་གྱི་མོད་ལ་དགའ་ལྡན་གྱི་ལྷར་སྐྱེ་ཞིང་ཕྱི་ནས་བྱམས་པའི་འཁོར་དུ་དགྲ་བཅོམ་ཐོབ་པར་ལུང་བསྟན་པ་སོགས་མདོ་སྡེ་རྣམས་ནས་མང་དུ་འབྱུང་བ་ལྟར་ངེས་པས་སོ། ༈ །གཉིས་པ་བླ་མ་བརྒྱུད་པའི་རིམ་པ་ལ། སྔགས་ལུགས་ཐུན་མོང་མིན་པའི་བརྒྱུད་ཚུལ་ནི། རྡོ་རྗེ་འཆང་། ཏཻ་ལླི་པ། ནཱ་རོ་པ། མར་པ་ལོ་ཙཱ་སྟེ་བརྒྱུད་ཚུལ་གཅིག་དང་། རྡོ་


KMC003_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆང་། བློ་གྲོས་རིན་ཆེན། མདའ་བསྣུན་ཞབས། ཤ་བ་རི་པ། མེ་ཏྲི་པ། མར་པ་ཆོས་ཀྱི་བློ་གྲོས་ཏེ། དེ་ནས་བརྒྱུད་པ་ཉིས་འདོམ་གྱིས་དབང་ཕྱུག་མི་ལ་རས་པ། རྗེ་ཟླ་འོད་གཞོན་ནུ་སོགས་ཀཾ་ཚང་གི་དོན་བརྒྱུད་བཞིན་དུ་བརྒྱུད་པ་ཡིན་ཞིང་། མདོ་སྔགས་རྟོག་པ་བསྲེས་པའི་འཆར་ཚུལ་འདི་མདའ་བསྣུན་ཞབས་ནས་བརྒྱུད་པའི་ཆུ་བོ་ཕྱི་མ་དེ་ཁོ་ན་ལྟར་དང་། དེ་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་གྱིས་བརྒྱན་པའི་དབང་གིས་རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་ལྟ་བརྒྱུད། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་གྱི་དང་པོ་ནི། ཐུབ་པའི་དབང་པོ། རྒྱལ་ཚབ་མ་ཕམ་པ། ཐོགས་མེད། དབྱིག་གཉེན། འཕགས་གྲོལ། བཙུན་གྲོལ། མཆོག་གི་སྡེ། དུལ་བའི་སྡེ། སྣང་མཛད་བཟང་པོ། སེང་གེ་བཟང་པོ། ཀུ་ས་ལི་པ་ཆེ་ཆུང་། གསེར་གླིང་པ། ཇོ་བོ་རྗེ་དཱི་པམ་ཀ་རའི་བར་དུའོ།། ༈ །།གཉིས་པ་ནི། རྫོགས་པའི་སངས་རྒྱས། འཇམ་དཔལ། ཀླུ་སྒྲུབ། ཨཱ་ཪྱ་དེ་བ། ཟླ་གྲགས། རིག་པའི་ཁུ་བྱུག་གཉིས། ཇོ་བོ་རྗེའོ།། ༈ །།གསུམ་པ་ནི།


KMC003_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་། ཏཻ་ལླི་པ། ནཱ་རོ་པ། ཌོམྦི་པ། ཇོ་བོ་རྗེའོ། །ཇོ་བོ་ནས་བརྒྱུད་པ་སུམ་འདོམ་གྱིས། དགེ་བཤེས་སྟོན་པ། སྤྱན་སྔ་བ། བྱ་ཡུལ་བ། སྒམ་པོ་པའམ། བྱ་ཡུལ་བས་དགེ་བཤེས་སྐུ་མཆེད་གསུམ་ག་ལ་ཐུག་པ་དང་། འབྲོམ་སྟོན་མན་ཆད་ལ་བསྟེན་པའི་སྣེ་ཟུར་བ་དང་། སྙུག་རུམ་པ་དང་། རྒྱ་ལྕགས་རི་བ་དང་། ཤ་བ་གླིང་པ་སོགས་ཐམས་ཅད་ལ་སྒམ་པོ་པས་གསན་པ་སྟེ་དེ་ཕྱིན་དོན་བརྒྱུད་ལྟར་རོ།། ༈ །།འདིར་སྨྲས་པ། བཅོས་མའི་སྒོམ་པ་དྲུག་ཁྲིའི་དུག་ཅན་བུ། །འཁྲུད་པར་བཞེད་ནས་ལྷན་སྐྱེས་ཕྱག་རྒྱ་ཆེའི། །དག་བྱེད་མཆོག་འདི་འཕགས་བོད་མཁས་གྲུབ་ཀྱི། །ཚངས་པ་མགུ་བར་བྱེད་པའི་དཀའ་ཐུབ་ཅན། །སྐལ་ལྡན་ཤིང་རྟ་དྭགས་པོ་སྙི་སྒོམ། ངོ་མར་གྱུར་པ་དེས། །ལམ་གསུམ་ཉིད་དུ་གསལ་བར་བྱས་མོད་ཀྱིས། །ཕྱི་དུས་རྟོག་གེས་དཀྲུགས་པའི་དམིགས་པ་ཅན། །མགྲིན་པ་ཕྲ་མོར་གྱུར་པའི་ཡི་དྭགས་ཀྱི། །སྣོད་དང་མ་འཚམ་པ་ལ་ཅི་བྱར་ཡོད། །འོན་ཀྱང་ལུང་དང་བླ་མའི་མན་ངག་གིས། །ཡིད་ཆེས་


KMC003_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཕྱིར་ཅུང་ཟད་བསྙད་པ་ནི། རང་ཉིད་ཁོ་ནའི་དོན་དུ་འགྱུར་རོ་སྙམ། །ཞེས་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱི་འགྲེལ་བ་མདོར་བསྡུས་ཙམ་བསྙད་པ་འདི་ནི། རང་ཉིད་ཀྱི་གཅུང་པོར་གྱུར་པ་སཱ་ཙྪ་སྐུ་སྐྱེ་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་རིང་མོ་ནས་བསྐུལ་བ་བཞིན་༧སི་ཏུ་པ་བསྟན་པའི་ཉིན་བྱེད་ཀྱིས་ཆུ་གླང་ལོར་ཐུབ་བསྟན་ཆོས་འཁོར་དུ་རྫོགས་པར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ་ཤྲཱི་ཛ་ཡ་པུཥྚིཾ་བྷ་ཝ་ཏུ། གུ་ཎས་ལན་གཅིག་ཞུས་སོ།། །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློང་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདི་འང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།

སྐུ་གསུམ་ངོ་སྤྲོད་ཆུང་བ།


KMC003_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་ངོ་སྤྲོད་བཞུགས་སོ། །རྗེ་རང་བྱུང་རྡོ་རྗེས་མཛད།


KMC003_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་སྤྲོས་བྲལ་གཉིས་མེད་བདེ་ཆེན་ངང་། །གསལ་སྟོང་འཛིན་མེད་སྒྱུ་མ་ལྟ་བུའི་སྐུ། །ཉི་ཟླ་ལྟ་བུས་མ་རིག་མུན་བསལ་ནས། །ཕྱག་ཆེན་རྟོགས་མཛད་རྡོ་རྗེ་འཆང་ལ་འདུད། །གཟའ་བྲལ་སྤྲིན་གྱིས་དག་པའི་ཉི་ཟླ་ལྟར། །ལོངས་སྐུའི་ཐབས་ཀྱིས་འགྲོ་རྣམས་དབྱིངས་སུ་འདྲེན། །ཐབས་དང་ཤེས་རབ་གཉིས་མེད་ཡོངས་རྫོགས་པའི། །བཀའ་བརྒྱུད་བླ་མ་རྣམས་ལ་གུས་པས་འདུད། །དཔལ་ལྡན་གངས་རིའི་ཁྲོད་ན་ལེགས་གནས་ཤིང་། །སྐུ་གསུམ་དོན་གྱིས་འགྲོ་བ་སྨིན་མཛད་དེ། །སྤྲུལ་སྐུ་གནད་


KMC003_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་དོན་ལ་རབ་གནས་པའི། །དུས་གསུམ་མཁྱེན་དང་འགྲོ་བའི་མགོན་ལ་འདུད། །འོ་ན་འདིར་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་ལ་སོགས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་ངག་འདི་ལ། གང་ཟག་བློ་དམན་པ་རྣམས་ལ་སྔོན་དུ་འགྲོ་བའི་ཆོས་བཞི་དང་། གང་ཟག་དབང་པོ་འབྲིང་ལ་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་དང་། གང་ཟག་དབང་པོ་རབ་ཏུ་གྱུར་པ་རྣམས་ལ་སྐུ་གསུམ་ངོ་སྤྲོད་ཕྱག་རྒྱ་ཆེན་པོ་ཅིག་


KMC003_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་བའི་ངོ་སྤྲོད་པས་མན་ངག་དང་གསུམ་མོ། །དེ་ཡང་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་ངག་འདི་ནི། ཆོས་ཐམས་ཅད་ཀྱི་རྩ་བ་མན་ངག་ཐམས་ཅད་ཀྱི་དངོས་གཞི་དབང་པོ་ཡང་རབ་གཅིག་ཆར་བའི་དམ་ཆོས་ཡིན་ཏེ་འདི་ཉམས་སུ་ལེན་པར་འདོད་པའི་གང་ཟག་ནི། དད་པ་དང་དམ་ཚིག་དང་། བརྩོན་འགྲུས་དང་། ཚེ་ཕྱི་མ་དོན་དུ་གཉེར་བའི་གང་ཟག་དེ་ལྟ་བུ་ཅིག་ལ་བསྟན་པར་བྱའོ། །བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ད་ནི་སྔོན་འགྲོ་ཉམས་སུ་ལེན་པའི་ཡན་ལག་སྟོན་ཏེ། དེ་ཡང་དང་པོ་སྔོན་དུ་འགྲོ་བ་བླ་མའི་རྣལ་འབྱོར་ཡིན་ཏེ། དེ་ཡང་ཨ་ཏི་བཀོད་པའི་རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་ལམ་སྤྱི་བོའི་གཙུག །ཡན་ལག་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཀྱང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས་པས་ན། སྔོན་དུ་བླ་མའི་རྣལ་འབྱོར་བསྒོམ་པ་ཤིན་ཏུ་གལ་ཆེ་སྟེ། དེ་ཡང་བསྒོམ་པའི་དུས་སུ། རིག་པ་གཞན་དུ་མི་འཕྲོ་བར་སེམས་རྩེ་གཅིག་པའི་ངང་


KMC003_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ཚོགས་རྣམ་པ་གཉིས་བསག་སྒྲིབ་པ་རྣམ་པ་གཉིས་སྦྱང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བ་ཆུ་བོའི་ཀློང་བཞིན་དུ་རྒྱུན་ཆད་མེད་པར་བསྒྲུབ་བར་བྱ་ཞིང་དེའི་ངང་ལས་སྐུ་གསུམ་ངོ་སྤྲོད་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་བསྒོམ་པར་བྱ་ཨང་སྙམ་དུ་བསམ། མོས་པ་བསམ་གྱིས་མི་ཁྱབ་པས། རང་གི་སྤྱི་བོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཅིག་བསྒོམ། དེའི་སྟེང་དུ་ཧཱུྃ་དཀར་པོ་ཞིག་བསམ་དེ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས་པ། གཡོན་དྲིལ་བུ་དཀུ་ལ་བརྟེན་པ། བ་ཏིའི་ཤམ་ཐབས་ཅན། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གསལ་བར་བསྒོམ། དེ་ལྟར་དུ་བསྒོམས་པའི་མཐེ་བོང་ལས་ཡེ་ཤེས་ཀྱི་ཆུ་རྒྱུན་སྤྱི་བོ་ཚངས་པའི་བུ་ག་ནས་མར་བྱུང་བས་ལུས་ངག་ཡིད་གསུམ་གྱི་སྡིག་


KMC003_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་དག་པར་བསྒོམ་ཞིང་། དེ་དང་དུས་མཉམ་དུ་འདི་ལྟར་བརྗོད་དོ། །ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷྲོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ། ས་ཏྭ་ཨཱཿ དེ་ལྟར་དུ་བརྗོད་པས་ལུས་ཡང་དེའི་སྟེང་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དེ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ཐམས་ཅད་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་དཀར་ལྟེམ་གྱིས་གང་བར་བསྒོམ་མོ། །ངག་ཡིད་གསུམ་གྱི་སྒྲིབ་པ་དག་པའི་རྟགས་སུ་ཁྲུས་བྱས་པ་དང་། གོས་དཀར་པོ་དྲི་མ་མེད་པ་གྱོན་པ་ལ་སོགས་པའི་རྟགས་འབྱུང་ངོ་། །དེ་ནི་བླ་མའི་རྣལ་འབྱོར་དང་ཡི་གེ་བརྒྱ་པ་ལ་བརྟེན་ཏེ་སྒྲིབ་པ་སྦྱོང་བ་ཡིན་ནོ། ༈ །མཎྜལ་ལ་བརྟེན་ནས་ཚོགས་གསོག་པའི་མན་ངག་ཉམས་སུ་བླང་བ་ནི། རང་གི་མདུན་དུ་མཎྜལ་ཅིག་བཞག་ནས་ཕྱིས་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་


KMC003_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བསམ་ཞིང་ཡི་གེ་བརྒྱ་པ་ཚར་གཅིག་བརྗོད། གཟུང་བ་དང་འཛིན་པའི་སེམས་མ་ཡིན་པ་བསམ་པ་རྣམ་པར་དག་པས། མཎྜལ་ལ་དེའི་དཀྱིལ་དུ་ཚོམ་བུ་གཅིག་བཞག་ནས། ཚོམ་བུ་དེ་ཉིད་གདན་སེང་གེ་བརྒྱད་ཁ་ཕྱིར་བསྟན་པའི་སྟེང་དུ་པདྨ་དང་ཉི་མ་ཟླ་བ་བསྒོམ། དེའི་སྟེང་དུ་རང་གི་རྩ་བའི་བླ་མ་རིན་པོ་ཆེ་ཀརྨ་པ་ལྟ་བུ་ཞིག་བཞུགས་པར་བསྒོམ། རིན་པོ་ཆེ་ལ་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཀྱིས་བསྐོར་བར་བསྒོམས་ལ། ཡིད་ཀྱིས་མཆོད་པ་བསམ་གྱིས་མི་ཁྱབ་པ་འབུལ། $ངག་ཏུ་ཨརྒྷཾ་ཨཱཿཧཱུྃ་ལ་སོགས་པ་བརྗོད། དེ་ནས་མདུན་གྱི་ཚོམ་བུ་དེ་བཀོད་ལ། སེང་གེ་པད་གདན་ལ་སོགས་པ་གོང་ལྟར་བསྒོམས་ནས། ཡུམ་རྡོ་རྗེ་རྣལ་འབྱོར་མས་གཙོར་བྱས་པའི་གསང་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསམ་ལ། དེ་ལ་ཡང་གོང་ལྟར་དུ་མཆོད་པ་འབུལ། དེ་ནས་གཡས་ཕྱོགས་སུ་ཚོམ་བུ་གཅིག་བཀོད་ནས། གདན་གོང་དུ་བསྒོམ་པ་ལྟ་བུའི་སྟེང་དུ། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་གཙོར་


KMC003_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པར་བསྒོམས་ལ། དེ་ལ་ཡང་མཆོད་པ་འབུལ། དེ་བཞིན་དུ་རྒྱབ་ཕྱོགས་དང་། གཡོན་གཉིས་སུ་ཡང་ཚོམ་བུ་རེ་བཀོད་ལ། དེ་གཉིས་ཀྱང་གོང་གདན་ལྟ་བུའི་སྟེང་དུ་རྒྱབ་ཕྱོགས་སུ། ཐེག་པ་ཆེ་ཆུང་གི་ཆོས་དང་། བྱང་ཆུབ་གཡོན་ཕྱོགས་སུ། སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པ་བཞུགས་པར་བསམས་ལ། ཡིད་ཀྱིས་མཆོད་པ་རྣམ་པ་ལྔ་དབུལ་ཞིང་ངག་ཏུའང་། བླ་མ་དང་དཀོན་མཆོག་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་ལ་ལུས་ལོངས་སྤྱོད་འབྱོར་པ་ཅི་ཡོད་པ་ཐམས་ཅད་དབུལ་ལོ། །ཞེས་བརྗོད་ནས་དེ་ལྟར་དུ་མཎྜལ་ཡང་ཡང་དུ་དབུལ་ཞིང་། དེ་ཡན་ཆད་བསོད་ནམས་ཀྱི་ཚོགས་སོ། །དེའི་རྗེས་ལ་རིག་པ་འདི་ནི་ཡེ་ཤེས་ཀྱི་ཚོགས་སོ། །གང་དུ་ཡང་མི་འཕྲོ་བར་ས་ལེ་སིང་ངེ་བའི་ངང་ལས། སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མེད་ཆོས་ཀྱི་སྐུའི་ངང་དུ་བཞག །སེམས་ཀྱི་ངོ་བོ་གསལ་སྟོང་འཛིན་མེད་ཆོས་ཀྱི་སྐུའི་ངང་ལ་མཉམ་པར་བཞག་གོ །དེ་ནི་


KMC003_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་དང་། གསལ་སྟོང་འཛིན་མེད་ལ་བརྟེན་ཏེ་ཚོགས་བསགས་པའི་གདམ་ངག་གོ །དེ་ཡན་ཆད་སྔོན་དུ་འགྲོ་བའི་ཆོས་བཞིའི་མན་ངག་བསྡུས་པའོ། །ཆོས་ཐུན་གཉིས། ད་ནི་དངོས་གཞི་གནད་བཞིའི་མན་ངག་ཁྱད་པར་དུ་འཕགས་པ་སྟོན་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་དངོས་གཞི་བསྒོམ་པར་བྱ་བ་གོང་ནས་བཤད་པ་ལྟར་གང་ཟག་བློ་དམན་པ་རྣམས་ལ་དགོས་སོ། །དབང་པོ་འབྲིང་དང་རབ་ལ་དངོས་གཞིས་ཆོག་གོ །ལ་ལུས་ཀྱི་གནད་གལ་ཆེ་སྟེ། སློབ་དཔོན་ཆེན་པོ་ནཱ་རོ་པའི་ཞལ་ནས། ལུས་ཀྱི་གནས་ཐབས་བསྒོམ་པའི་གནད་ཅེས་གསུངས་པས། ལུས་བཏང་སྙོམས་རྩོལ་སྒྲུབ་མེད་པ་སྐྱིལ་ཀྲུང་བཅའ། ངག་མ་བཅོས་པ་རང་སར་བཞག །ཚོགས་དྲུག་གི་སྣང་བ་དགག་བསྒྲུབ་མེད་པར་རང་ལམ་རང་ལུགས་ཆོས་ཀྱི་དབྱིངས་ཀྱི་ངང་ལ་མཉམ་པར་བཞག་ཅིང་ཡུན་རིང་དུ་གནས་སྒོམ་པར་བྱེད་པའི་རྩ་བ་ཡིན་པ་དང་རང་གྲོལ་དུ་གནས་པ་ནི་ལུས་ཀྱི་གནད་ཡིན་ཏེ། རིན་པོ་ཆེའི་ཞལ་ནས་འབྱུང་བཞི་ལུས་ཀྱི་འདུག་ཚུལ་ནི། བདེ་དང་ཡང་དང་


KMC003_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོད་དང་གསུམ། །ཞེས་གསུངས་པས་ན། ལག་པ་ས་གནོན་གྱི་ཕྱག་རྒྱ་བཅས་ནས། སེམས་སེམས་ཉིད་ཀྱི་གཤིས། ཆོས་ཆོས་ཉིད་ཀྱི་དབྱིངས་རང་ལུགས་སུ་མཉམ་པར་བཞག་པ་ནི། བཅའ་བ་ལུས་ཀྱི་གནད་དོ། །ད་ནི་བླ་མའི་རྣལ་འབྱོར་བསྒོམ་པ་མོས་གུས་ཀྱི་གནད་ནི། ལུས་གནད་གོང་ལུས་གནད་འདི་སྔོན་འགྲོ་ལ་སོགས་པ་ཐམས་ཅད་ལ་དགོས་པ་ཡིན། ལྟར་བྱས་ནས། རང་གི་སྤྱི་བོའི་སྟེང་དུ་པདྨ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་དང་ཐ་དད་མེད་པའི་དཔལ་རྡོ་རྗེ་འཆང་སྐུ་མདོག་ཤིན་ཏུ་སྔོ་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཕྱག་ས་གནོན་གྱི་ཕྱག་རྒྱ་མཛད་ཅིང་སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེ་ལྟ་བུ་བསྒོམ་པར་གསུངས་ཏེ། བླ་མ་དཔལ་ལྡན་རྡོ་རྗེ་འཆང་། རྡོ་རྗེ་འཆང་དུ་བསྒོམ་པའི་ལུགས་སོ། །ཞེས་གསུངས་སོ། །ཡང་དེ་ལྟར་བཞུགས་པ་དེ་ཉིད་ལ་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་བསྒོམ་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་


KMC003_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ངོ་བོ་དཔལ་རྡོ་རྗེ་འཆང་བཀའ་བརྒྱུད་ཀྱི་ཚོགས་ཀྱིས་བསྐོར་བ་རྣམས་ལ་སྐྱབས་སུ་མཆིའོ། །བདག་གི་ལུས་ངག་ཡིད་གསུམ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། གསོལ་བ་གདབ་སྟེ། ཞེས་གསོལ་བ་བཏབ་པས་བཀའ་བརྒྱུད་བླ་མ་ཐམས་ཅད་དཔལ་རྡོ་རྗེ་འཆང་ལ་ཐིམ། རྡོ་རྗེ་འཆང་ཉིད་འོད་དུ་ཞུ་ནས་བདག་གི་སྤྱི་བོ་ཚངས་པའི་བུག་ནས་མར་བྱུང་བས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ཉིད་ལ་བྱོན་པར་བསམ་ཞིང་། ཡང་ཡང་དེ་ལྟར་བསྒོམས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་གསུངས་ཏེ། བླ་མ་རིན་པོ་ཆེའི་ཞལ་ནས། བླ་མའི་རྣལ་འབྱོར་གོམས་གྱུར་ན། །སྐྱོན་དག་ཡོན་ཏན་རྫོགས་པར་འགྱུར། །ཞེས་གསུངས་པས། བླ་མའི་རྣལ་འབྱོར་བསྒོམ་པ་གལ་ཆེ་སྟེ། དེ་ཡང་ཀྱེའི་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་


KMC003_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ལས་ཤེས་བྱ། །ཞེས་གསུངས་པས་ན། བླ་མའི་རྣལ་འབྱོར་བསྒོམ་དགོས་པ་ཡིན་ཏེ། དེ་ཡང་བླ་མའི་གཟུགས་སུ་མི་བསྒོམ་ཞིང་། བླ་མ་དཔལ་ལྡན་བླ་མ་མིའི་གཟུགས་སུ་བསྒོམ་ན་དཔེར་ན་རང་གི་བླ་མ་དེ་ལ་ཕྱིར་མི་ཚོར་བའི་སྐྱོན་ཡོད་པར་གྱུར་ན་སྐྱོན་དེ་འབྱུང་བས་མི་གཟུགས་སུ་མི་བསྒོམ་པར་བླ་མ་དཔལ་ལྡན་རྡོ་རྗེ་འཆང་དུ་བསྒོམ་ན་སྐྱོན་མི་འབྱུང་བར་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བས་རྡོ་རྗེ་འཆང་དུ་བསྒོམ་མོ། ། རྡོ་རྗེ་འཆང་དུ་བསྒོམ་པ་འཐད་དེ། ནཱ་རོ་པའི་ཞལ་ནས། ཡོན་ཏན་ཀུན་གྱི་གཏེར་མཛོད་བླ་མ་སྟེ། །ཆོས་རྣམས་ཀུན་གྱི་རྩ་བ་བླ་མ་ཡིན། །ཞེས་པའི་ཕྱིར་ན་རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོ་དཔལ་རྡོ་རྗེ་འཆང་དུ་བསྒོམ་པ་ནི། བླ་མའི་རྣལ་འབྱོར་བསྒོམ་པ་མོས་གུས་ཀྱི་གནད་དོ། །ཆོས་ཐུན་གསུམ་པ། ད་ནི་སྲོག་རྩོལ་རླུང་གི་གནད་སྟོན་ཏེ། དེ་ཡང་རླུང་གི་གནད་ནི། སེམས་ཅན་ཐམས་ཅད་རླུང་གི་རང་བཞིན་གནས་པས་ན། རླུང་ལོག་ན་གེགས་སྣ་ཚོགས་འབྱུང་བར་གསུངས་ཏེ། རླུང་ཞེས་བྱ་བ་ལས་ཀུན་བྱེད། །ཅེས་པས་ཤིན་ཏུ་གནད་ཆེ་བ་ཡིན་ནོ། །རླུང་འདི་ཉིད་


KMC003_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ནི། ལུས་ཀྱི་གནད་གོང་ལྟར་བྱས་ནས། དང་པོར་རླུང་ཐེངས་གསུམ་ཕྱིར་བུས་པས། གཟུང་བ་དང་འཛིན་པ་ནད་དང་གནོད་པ་ལ་སོགས་པ་ཐམས་ཅད་ཕྱིར་སངས་ཀྱིས་སོང་བར་བསམ་ཞིང་། དེ་ནས་རླུང་བཟུང་སྟེ། རླུང་གའུ་ཁ་སྦྱོར་དུ་བྱ་ཞིང་འཛིན་པའི་དུས་སུ་མཆིལ་མ་ཞིག་མིད་གནོན་པའི་ཐབས་ཡིན་པ་དང་དུས་མཉམ་པོར་རླུང་བཟུང་ནས་ཡུན་རིང་དུ་བསྒོམ་དགོས་པ་ཡིན་ཏེ། དེ་ལྟར་སྒྱུ་མ་ཆེན་པོ་ལས། སྲོག་དང་རྩོལ་བ་འབད་ནས་སུ། །རྣལ་འབྱོར་པས་ནི་དབུགས་རྔུབས་སྟེང་རླུང་མནན་ཞིང་འོག་རླུང་འཐེན། བྱ། །ཞེས་གསུངས་པས། རླུང་བཟུང་ཞིང་བླ་མའི་རྣལ་འབྱོར་དང་མ་བྲལ་བར་བརྩོན་འགྲུས་དྲག་པོས་བསྒོམ་པ་ཤིན་ཏུ་གནད་ཆེ་བ་ཡིན་ཏེ། རྗེ་བཙུན་ཆེན་པོ་ཏེ་ལོ་པའི་ཞལ་ནས། རླུང་གི་གནད་བཟུང་རིགས་པ་བཅུད་ལ་བོར། །ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡིས། །རིག་པ་དང་ལ་མི་གནས་ཤིན་ཏུ་འབད་དགོས་པའི་ཚིག་ཡིན། བར་དུ་བཅུན། །ཞེས་གསུངས་པས་རླུང་བཟུང་ཞིང་རིག་པ་གསལ་སྟོང་


KMC003_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མེད། འོད་གསལ་བའི་ངང་དུ་མ་ཡེངས་པར་བཞག་ཅིང་རླུང་གཏོར་བའི་དུས་སུ་སྣ་བུག་ནས་དལ་གྱིས་བཏང་ཞིང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་བསམ་པ་ནི། དཔེར་ན་སྣོད་སྤྱད་ངན་པ་གཟུང་འཛིན་སྡིག་སྒྲིབ་ནད་གདོན་འཁྲུད་པ། འཁྲུད་པ་དང་འདྲ་བས། གོང་དུ་བརྗོད་པ་དེ་བཞིན་དུ་གཟུང་འཛིན་ལ་སོགས་པ་ཐམས་ཅད་སངས་ཀྱིས་དག་པར་བསྒོམ་པ་ནི། སྲོག་རྩོལ་རླུང་གི་གནད་ཡིན་ནོ། །ཆོས་ཐུན་བཞི། ད་ནི་རྩོལ་བ་ལུས་སྦྱོང་གི་གནད་སྟོན་ཏེ། ལུས་ཀྱི་སྒྲིབ་པ་སྦྱོང་བར་བྱེད་པའི་ཆེད་དུ་ལུས་སྦྱོང་སུམ་ཅུ་རྩ་བདུན་པ་བྱེད་པ་ནི་སྲོག་རྩོལ། རླུང་གི་གནད་རྫོགས་པར་བྱ་ཞིང་། དེའི་ངང་ལས་སྣབས་དྲི་མ་ལ་སོགས་བསལ་བའི་ཆེད་དུ། སྣ་བུག་གི་རླུང་ཐེངས་གསུམ་ཕྱིར་བུས་ཏེ། དེ་ནས་རླུང་བཟུང་ནས་ལག་པ་གཉིས་ས་གནོན་གྱི་ཕྱག་རྒྱ་བྱས་ལ། གཡས་གཡོན་དུ་ཐེངས་གསུམ་གསུམ་བསྐོར་བས་དྲུག །དེ་ནས་པུས་མོ་གཡས་པ་ལ་འཇུས་ནས། གཡས་གཡོན་གཉིས་སུ་ཐེངས་གསུམ་བསྐོར་བས་བཅུ་གཉིས། ཡང་པུས་མོ་


KMC003_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་ལ་འཇུས་ནས། གཡས་གཡོན་གཉིས་སུ་གསུམ་གསུམ་བསྐོར་བས་བཅོ་བརྒྱད། དེ་ནས་ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་མནན་ཏེ། ཁུ་ཚུར་བཅངས་ནས་ཞགས་པ་འཕེན་པའི་སྟངས་གཡས་གཡོན་གྱིས་ལན་གསུམ་གསུམ་བྱས་པའི་ཉི་ཤུ་རྩ་བཞི། དེ་ནས་རྩལ་པོ་ཆེ་མདའ་འགེངས་པ་ལྟར། གཡས་གཡོན་དུ་ལན་གསུམ་གསུམ་བྱས་པས་སུམ་ཅུ་ཐམ་པ། དེ་ནས་རྩ་མདུད་གྲོལ་བར་བྱ་བའི་ཆེད་དུ། ལག་པའི་ནང་ཕྱོགས་གཉིས་ལ་ཡང་ཡར་བྱུག་མར་བྱུག་ལན་གསུམ་གསུམ་བྱས་པས་སུམ་ཅུ་རྩ་དྲུག །དེ་ནས་རླུང་རོ་བསལ་བར་བྱ་བའི་ཆེད་དུ། རོ་སྟོད་རྟ་མགྲེ་མོ་བྱས་ནས་སྤྲུག་པ་ལྟར་སི་ལི་ལི་སྤྲུག་པས་སུམ་ཅུ་རྩ་བདུན་ནོ། །དེ་ལྟར་བརྒྱའམ་ཅི་ནུས་ཀྱིས་སྟོང་ལ་སོགས་པ་བྱས་ནས་ཐང་ཆད་པའི་དུས་སུ་རིག་པ་གང་དུ་ཡང་མི་འཕྲོ་བར་སལ་ལེ་སིང་ངེ་བའི་ངང་ལ་མཉམ་པར་བཞག་ཅིང་། དེ་ལྟར་དུ་དབང་པོ་རབ་ལུས་སྦྱོང་ཚར་གཅིག་གི་ནང་དུ། འཛིན་སེམས་དྭངས་ཤིང་ཆོས་ཐམས་ཅད་ཆོས་ཀྱི་སྐུར་


KMC003_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང་། དབང་པོ་འབྲིང་ཟླ་བ་དྲུག་གམ། ལོ་དྲུག་ལ་སོགས་པས་ཆོས་ཀྱི་སྐུ་རྟོགས་པ་དང་། དབང་པོ་ཐ་མ་ཡང་མི་ཚེ་གཅིག་གིས་སངས་རྒྱས་པར་གསུངས་ཏེ། དེ་ཡང་ནཱ་རོ་པའི་ཞལ་ནས། ཟླ་དྲུག་བསྒོམས་པས་རླུང་དྲུག་ཟིན། །གྲངས་མེད་གསུམ་གྱི་ས་ལམ་དེ། །སྐད་ཅིག་སུམ་ཅུ་རྩ་བདུན་ལ། །དེ་ཉིད་རྟོགས་པའི་ཡེ་ཤེས་རྙེད། །ཅེས་གསུངས་པས། མཚན་ཉིད་པས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་ནས་སངས་རྒྱས་འདོད་པའི་ཐང་དུ། འདིར་སྐད་ཅིག་མ་སུམ་ཅུ་རྩ་བདུན་ལ་སངས་རྒྱས་པར་འདོད་པ་ཡིན་པས་ལུས་སྦྱོང་བྱ་ཞིང་། ཕྱག་རྒྱ་ཆེན་པོ་རྒྱུན་ཆད་མེད་པར་བསྒོམ་པར་བྱ། དེ་ནི་རྩོལ་བ་ལུས་སྦྱོང་གི་གནད་དོ། ། ཆོས་ཐུན་ལྔ། ད་ནི་གནད་བཞི་བསྒོམ་པར་བྱ་བའི་རྩ་བ་གཏུམ་མོ་ཡིན་ཏེ། གོང་གི་རྣམས་ཡིན། གནད་གཞི་དང་སྔོན་འགྲོ་ལ་སོགས་སྔོན་དུ་སོང་ནས། ད་ནི་གཏུམ་མོ་ཉམས་སུ་བླང་སྟེ། དེ་ཡང་བསྒོམ་པའི་དུས་སུ། དང་པོར་བཅའ་བ་ལུས་ཀྱི་གནད་བྱ་སྟེ། བླ་མའི་རྣལ་འབྱོར་བསྒོམས་ནས་འདི་ཡན་ཆོད་དབང་པོ་


KMC003_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་བསོད་ནམས་ཀྱི་གིའོ། །གོང་གི་རྣམས་ཡིན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། ཆོས་ཐམས་ཅད་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །དེའི་ངང་ལས་པདྨ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་བདག་ཉིད་ཀྱི་རྣམ་ལུས་ཀྱི་གནད་ནི་རྐང་པ་རེ་མིག་ལྟར་བསྣོལ། ལག་པ་གཉིས་ཀྱིས་འཁྱུད་དེ་གྲུ་མོའི་མགོ་ལ་འཇུ་ཞིང་མགྲིན་པ་བགུག་གོ །པར་ཤེས་པ་ཡི་གེ་བམ་ཞིག་བསྒོམ་ཞིང་། དེ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་པ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་སིལ་བུར་ཡོད་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ་དེ་ལྟ་བུའི་ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྷོ་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་ཁུ་བསྐྱེད་ལ། དེ་ལྟར་དུ་བསྒོམས་པའི་ལྟེ་བར་ཡི་གེ་རམ་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མེ་མཚན་ཉིད་བཞི་ལྡན་ཅིག་བསྒོམས་ནས། མེ་དེ་ཇེ་ཆེར་སོང་བས་དབུ་མའི་ནང་དང་། རོ་རྐྱང་དེ་ནས་རྩ་ཐམས་ཅད་དུ་གཉིས་ཀྱི་རྩའི་ནང་དུ་སོང་བས་


KMC003_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐམས་ཅད་ཡེ་ཤེས་ཀྱི་མེར་གྱུར་བར་བསྒོམ་ཞིང་ཡུན་རིང་དུ་སྐེད་པ་གཡས་བསྐོར་གཡོན་བསྐོར་དུ་བྱ་ཞིང་བསྒོམས་པས་དྲོད་ཆེན་པོ་རབ་ཞག་ཅིག །འབྲིང་གསུམ། ཐ་མ་ཡང་ཞག་བདུན་ན་སྐྱེ་ཞིང་། ཅི་ལྟར་ཐ་མར་གྱུར་ནའང་ཞག་ཉི་ཤུ་རྩ་གཅིག་གིས་དྲོད་སྐྱེ་བ་ཡིན་ནོ། །བསྒོམ་པའི་དུས་སུ་རྔུལ་ན་དྲོད་མི་སྐྱེ་བས། རྔུལ་སྐེམས་པའི་གདམས་ངག་ནི། གོང་དུ་བཤད་པ་བཞིན་ལུས་སྦྱོང་སུམ་ཅུ་རྩ་བདུན་པ་བྱ་ཞིང་བསྒོམ་མོ། །དེས་ནི་དྲོད་སྐྱེ་བ་མྱུར་ཞིང་རྔུལ་སྐེམས་སོ། །དེ་ནི་ཉམས་སུ་བླང་བའི་མཐིལ་པོ་གཏུམ་མོ་ཡིན་ནོ། །ཆོས་ཐུན་དྲུག་པའོ། །ད་ནི་སྐུ་གསུམ་སྤྲུལ་སྐུ་ལ་ལུགས་གཉིས་སུ་འདོད་དོ། །དེ་ཡང་མཚན་ཉིད་པའི་ལུགས་ཀྱིས། དང་པོར་ཆོས་ཀྱི་སྐུ་ངོ་བོར་འདོད་ཅིང་། དེ་ནས་སྤྲུལ་པའི་སྐུ་སེམས་ཅན་གྱི་དོན་དུ་འབྱུང་བར་འདོད་ཀྱང་འདིར་ནི་སྤྲུལ་པའི་སྐུ་ནས་རིམ་གྱིས་ངོ་སྤྲོད་པའི་ལུགས་སོ། །ངོ་སྤྲོད་ཚུལ་སྟོན་ཏེ། ཐོགས་མར་སྤྲུལ་པའི་སྐུ་ངོ་སྤྲད་པ་ནི། བདག་ཉིད་པདྨ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་ཆོས་གོས་


KMC003_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དེ་ལྟ་བུར་རང་ཉིད་གསལ་བར་བསྒོམ་ཞིང་དེའི་སྐུའི་དཀྱིལ་འཁོར་ལས། སངས་རྒྱས་སྟོང་རྩ་གཉིས་ལ་སོགས་པ་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པ་འོད་ཟེར་གྱི་ཚུལ་དུ་སྤྲོས་པས་ཕྱི་སྣོད་དང་ནང་བཅུད་མ་ལུས་པ་ཐམས་ཅད་སངས་རྒྱས་སྤྲུལ་པའི་སྐུར་གྱུར་པར་བསྒོམ་ཞིང་། དེའི་ངང་ལས་གོང་དུ་སྲོག་རྩོལ་རླུང་གི་གནད་ནས་བསྟན་པ་ལྟར། རླུང་གཅིག་ཚུལ་བཟུང་བ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པའི་ངོ་བོར་འུབ་ཀྱིས་ཚུར་འདུས་ནས། རང་གི་སྣ་དང་བ་སྤུའི་རྩ་བ་ཐམས་ཅད་ལ་ཐིམ་པར་བསམ་ཞིང་། ཤེས་པ་ལྟེ་བའི་དབུས་ཙམ་དུ་གཏད་ནས། སེམས་ཅན་ཐམས་ཅད་སྤྲུལ་སྐུའི་ངོ་བོར་ཁ་བ་བབ་པའི་ཚུལ་དུ་ཐིམ་པར་བསྒོམ་ཞིང་སྟོང་པ་སྙིང་རྗེ་དབྱེར་མེད་དང་མ་བྲལ་བར་བརྟན་པར་བྱ། དེ་ལྟར་དུ་བསྒོམས་པས་ཆོས་ཐམས་ཅད་སྤྲུལ་པའི་སྐུར་རྟོགས་ཤིང་། རང་ཉིད་ཀྱང་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱར་འགྲོ་བའི་


KMC003_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནུས་པ་འབྱུང་བར་གསུངས་པའི་ཕྱིར་ན། སྤྲུལ་པའི་སྐུའི་སྤྲོ་བསྡུའི་དམིགས་པ་ཡང་ཡང་བསྒོམ་ཞིང་བརྟན་པར་ཐོབ་པར་བྱས་ན། བདག་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་སྤྲུལ་པའི་སྐུ་ཡེ་གདོད་མ་ནས་ཀྱང་ཡིན་ལ་བསྒོམ་པའི་གནད་ཀྱིས་ཀྱང་སྤྲུལ་པའི་སྐུར་འབྱུང་བར་གསུངས་ཏེ། གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །སྐྱེ་མཆེད་ཁམས་དང་དབང་པོ་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་པའི་ཕྱིར་ན། དབུགས་ཚུལ་ལ་རྔུབ་པའི་དུས་སུ་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རང་ལ་ཚུར་འདུས་པར་བསྒོམ་ཞིང་སེམས་ཅན་ཐམས་ཅད་ཀྱང་སྤྲུལ་པའི་སྐུའི་ངོ་བོར་གྱུར་ནས་ཚུར་འདུས་པར་བསྒོམ། རླུང་ཕྱིར་གཏོང་བའི་དུས་སུ་སྲོག་རྩོལ་རླུང་གི་གནད་ནས་བཤད་པ་ལྟར་གཟུང་འཛིན་ལ་སོགས་པ་ཐམས་ཅད་དག་པར་བསྒོམ་ཞིང་། དེ་ལྟར་དུ་བསྒོམ་པ་ནི། སུ་ལ་ཧ་རིའི་འོག་ཁང་དུ་སྤྲུལ་སྐུ་ཐོགས་མེད་ཆར་རྒྱུན་


KMC003_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་བྱ་བའི་དོན་ནོ། །ཆོས་ཐུན་བདུན་ནོ། །ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་ངོ་སྤྲོད་པའི་གདམ་ངག་སྟོན་ཏེ། ལུས་ཀྱི་གནད་དང་སེམས་བསྐྱེད་ལ་སོགས་པ་སྔོན་དུ་སོང་བས། རང་གི་སྤྱི་བོའི་སྟེང་དུ་པདྨ་དང་ཉི་མ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དཀར་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་ཞིང་། གཡས་ཀྱི་འོག་མ་ན་མུ་ཏིག་གི་ཕྲེང་བ་འདྲེན་པ། གཡོན་གྱི་འོག་མ་པདྨ་བསྣམས་པ། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ལྟ་བུ་ཅིག་ཏུ་ཝལ་གྱིས་བསྒོམས་ནས། སྲོག་རྩོལ་རླུང་གི་གནད་ལྟར། རླུང་གཅིག་ཚུར་རྔུབས་པས་སེམས་ཅན་ཐམས་ཅད་ཀྱང་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་གྱུར་ནས། སྣ་བུག་དང་བ་སྤུའི་བུ་ག་ཐམས་ཅད་དུ་སིབ་ཀྱིས་གང་བར་བསྒོམ་ཞིང་རླུང་ཕྱིར་བུས་པས། འོད་ཟེར་ཁ་དོག་ལྔའི་རང་བཞིན་དུ་འཕྲོས་པས། འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་ཐམས་ཅད། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ངོ་


KMC003_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བོར་གྱུར་པར་བསྒོམ་ཞིང་། སྤྲོ་བསྡུའི་དམིགས་པ་བྱ་ཞིང་བསྒོམ་མོ། །དེ་ལྟར་དུ་བསྒོམས་པས་ཆོས་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུར་རྟོགས་ཤིང་། ཡོན་ཏན་དཔག་ཏུ་མེད་པ་འབྱུང་སྟེ། ལོངས་སྤྱོད་རྫོགས་པ་སྐུའི་ཚོགས་མཐོང་བ་དང་རང་ཉིད་ཀྱིས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་ནུས་པ་འབྱུང་བར་གསུངས་པའི་ཕྱིར་ན། །བརྩོན་འགྲུས་བསམ་གྱིས་མི་ཁྱབ་པས་ཡང་ཡང་དུ་བསྒོམ་ཞིང་རྩལ་རྫོགས་པར་བྱའོ། །དེ་ཡན་ཆོད་ནི་དམིགས་པ་དང་བཅས་ཏེ། དབང་པོ་འབྲིང་དང་ཐ་མར་གྱུར་པའི་གདམས་ངག །མིང་བརྗོད་བྱ། སུ་ལ་ཧ་རིའི་བར་ཁང་དུ། །ལོངས་སྤྱོད་རྫོགས་སྐུ་བརྡ་ཡིས་མཚོན། །ཅེས་པའི་དོན་ཡིན་ནོ། །ཆོས་ཐུན་བརྒྱད་དོ། །སྤྱིར་ནི་ཆོས་ཀྱི་ངོ་བོ་ཉམས་སུ་ལེན་པའི་གདམས་ངག་ཐམས་ཅད་ཀྱི་དངོས་གཞི་ནི། ཆོས་ཀྱི་སྐུ་ངོ་སྤྲད་པ་དང་། །སེམས་མ་བཅོས་པ་རང་སར་གནས་པའི་གནད་དང་གཉིས་པོ་ཤིན་ཏུ་གལ་ཆེ་བས། ཡང་ཡང་དུ་བསྒོམ་ཞིང་རྩལ་རྫོགས་པར་བྱས་ན་སྐད་ཅིག་


KMC003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་སངས་རྒྱས་པར་འགྱུར་རོ། །འདི་ནི་ཆོས་ཐམས་ཅད་ཀྱི་སྤྱི་སྒོམ་ཡིན་ཏེ། དམིགས་བཅས་ཀུན་ལ་མི་ཐེ་ཞིང་། དམིགས་མེད་ཡིན་པར་ཤེས་པར་བྱའོ། །ད་ནི་དབང་པོ་ཡང་རབ་གྲོལ་བར་བྱེད་པའི་གདམས་ངག །ཆོས་སྐུའི་ངོ་སྤྲོད་སྟོན་ཏེ་དེ་ཡང་ཆོས་ཀྱི་སྐུ་བསྒོམ་པ་ཡིན། སྤྱིར་ནི་ཆོས་ཀྱི་སྐུ་ལ་འདི་ཡིན་འདི་མིན་དང་། བསྟན་རྒྱུ་ཡོད་པ་མ་ཡིན་པར་གསུངས་ཏེ། ཏེ་ལོ་པའི་ཞལ་ནས། ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་། །དཔེར་ན་ནམ་མཁའ་གང་གིས་གང་ལ་བརྟེན། །དེ་བཞིན་རང་སེམས་ཕྱག་རྒྱ་ཆེ་ལ་བརྟེན་ཡུལ་མེད། །མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །ཞེས་གསུངས་ཀྱང་། འདིར་ཀུན་རྫོབ་ཙམ་དུ་ངོ་སྤྲོད་པ་ཡིན་ཏེ། དེ་ཡང་ཆོས་ཀྱི་སྐུ་ཞེས་བྱ་བ་ནི། གང་ནས་ཀྱང་མ་འོངས། ཆོས་སྐུའི་མཚན་ཉིད། གང་དུ་ཡང་མི་འགྲོ། འདུས་མ་བྱས། ལྷུན་གྱིས་གྲུབ་པའི་ཆོས་ཅན་ཡིན་པས། འདིར་དཔེ་ནམ་མཁའ་ལ་འཇོག་ཏེ། ནམ་མཁའ་ལ་ནི་མུ་མེད་མཐའ་མེད་གང་ལ་ཡང་མ་བརྟེན། མི་འགྱུར་བའི་


KMC003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་ཡིན་པས། ཆོས་ཀྱི་སྐུ་ཞེས་བརྗོད་དེ། དེ་ཡང་ཏེ་ལོ་པའི་ཞལ་ནས། དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། དེ་བཞིན་སེམས་ཀྱིས་སེམས་ལ་བལྟས་བྱས་ན། །རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ། །ཅེས་གསུངས་པ་ཡང་འདི་ལ་དགོངས་པ་ཡང་ཡིན་ཏེ། རི་ཁྲོད་དབེན་པར་བསྒོམ་ཞིང་སེམས་གང་དུ་ཡང་མི་འཕྲོ་བར། དམིགས་པ་གཟུང་བའི་རྟེན་ཅིག་བཞག་སྟེ་བསྒོམ་པས། རིག་པ་དེ་གང་དུ་ཡང་མི་འཕྲོ་བར་གནས་ཙམ་ན། ནམ་མཁའི་དབྱིངས་སུ་བལྟས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གོ་བ་ཞིག་འབྱུང་། དེ་ལྟར་རྟོགས་པའི་དུས་སུ། རིག་པ་མི་འཕྲོ་བར་སལ་ལ་སེང་ངེ་བའི་ངང་ལ་མཉམ་པར་བཞག་པས་ཆོས་ཐམས་ཅད་སེམས་ཉིད་དུ་ཤེས་པ་ཞིག་འབྱུང་། དེའི་དུས་སུ་སེམས་ཉིད་དེ་ཉིད་ཀྱང་མི་དམིགས་པའི་ངང་ལ་བཞག་གོ །དེ་ནི་ཆོས་ཀྱི་སྐུར་ངོ་སྤྲོད་པའི་གདམས་ངག་གོ །དེ་ནི་སེམས་མ་བཅོས་པར་གནས་པའི་གནད་སྟོན་པ་ཡིན་ཏེ། དེ་ཡང་དོན་དམ་པར་ནི་


KMC003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མ་བཅོས་པ་ཞེས་བྱ་བ་ཡང་། ཕྱག་རྒྱ་ཆེན་པོ་ལ་ཟེར་བ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ལ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ། ཆོས་ལ་སོགས་པ་ཐམས་ཅད་ཡོད་ཅིང་གྲུབ་པ་མེད་པ་སྟེ། དེ་ཡང་དགྱེས་པ་རྡོ་རྗེ་ལས། །ངོ་བོ་གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་བཤད་དོ། །དེ་བཞིན་དུ་ཡེ་རང་མེད་ཅེས་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན་ཞིང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱས་ཡང་མ་ཡིན་པར་མཐའ་ཐམས་ཅད་དང་བྲལ་བའི་ངང་ནས་སྟོང་པ་ཞིག་ཡིན་ཏེ། འཕགས་པ་སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་གསུངས་སོ། །དེ་ལྟར་ན་ཕྱག་རྒྱ་ཆེན་པོ་འདི་ཉིད་ཡོངས་སུ་མེད་ཅིང་བསྒོམ་དུ་མེད་པ། དགག་ཏུ་མེད་ཅིང་བསྒྲུབ་ཏུ་མེད་པའི་ཕྱིར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་


KMC003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། །ཡང་སྡུད་པ་ལས། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །ཅེས་གསུངས་སོ། །བསྒོམ་པ་ཞེས་བྱ་བ་ཡང་མ་གྲུབ། སྒོམ་པ་པོ་ཞེས་བྱ་བ་ཡང་མ་གྲུབ། ལྷ་ཞེས་བྱ་བ་ཡང་མ་གྲུབ། དེ་དང་འབྲེལ་བའི་སྔགས་ཀྱང་མ་གྲུབ་པར་གསུངས་ཏེ། དེ་ཡང་དགྱེས་པ་རྡོ་རྗེ་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན། དེ་རྣམས་ཕྱག་རྒྱ་ཆེན་པོ་རྟོགས་པ་རབ་འབྱམས་རང་བྱུང་ཡེ་ཤེས་ཉམས་སུ་བླང་བའི་རིམ་པ། རང་བྱུང་རྡོ་རྗེས་མཛད་པའོ། །མན་ངག་འདི་ནི་ཆོས་རྗེ་རང་བྱུང་རྡོ་རྗེས་སྤྲེའུ་ལོ་ཟླ་བ་བཞི་པ་ལ་མཛད་པའོ།། །།དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློང་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདི་འང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།

ཟབ་ཆོས་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ།


KMC003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་དཔལ་ཀརྨ་པའི་ཟབ་ཆོས་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་ཞེས་བྱ་བ་བཞུགས་སོ། །


KMC003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་ཆོས་དབྱིངས་བདེ་ཆེན་དག་པའི་ངང་། །མ་འགགས་ལོངས་སྤྱོད་རྫོགས་པའི་སྒྱུ་འཕྲུལ་སྟོན། །སྣ་ཚོགས་སྤྲུལ་སྐུས་འགྲོ་བ་འདྲེན་མཛད་པ། །སྐུ་གསུམ་བཀའ་བརྒྱུད་བླ་མར་ཕྱག་བྱས་ནས། །གདམས་ངག་ཟབ་མོ་སྐུ་གསུམ་སྐུ་བཞི་ཡི། །གནད་དོན་ཚིག་ཉུང་དོན་ཚང་འགོད་པར་བྱ། །དེ་ཡང་གང་ཟག་དབང་པོ་དམན་རྣམས་ལ། །སྔོན་དུ་འགྲོ་བའི་ཆོས་བཞི་སྟོན་པ་སྟེ། །སྐྱབས་སེམས་ཡིག་བརྒྱ་མཎྜལ་ལ་འབད་དེ། །སྣང་གྲགས་རྟོག་གསུམ་ཆོས་སྐུའི་རང་བཞིན་ངང་། །གསལ་སྟོང་འཛིན་


KMC003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཉིད་དུ་འབད་པར་བྱ། །དབང་པོ་འབྲིང་དུ་གྱུར་པའི་གང་ཟག་ལ། །གནད་བཞི་ཆོས་ཉིད་འཁོར་ལོ་བསྐོར་བ་སྟེ། །དང་པོ་བཅའ་བ་ལུས་ཀྱི་གནད་སྟོན་པ། །བཏང་སྙོམས་རྩོལ་སྒྲུབ་མེད་པར་སྐྱིལ་ཀྲུང་བཅའ། །ལག་པ་མཉམ་བཞག་སྒལ་ཚིགས་མདའ་ལྟར་བསྲང་། །བདེ་ཞིང་ཡངས་དང་ལྷོད་པར་བཅའ་བར་བྱ། །གཉིས་པ་བླ་མའི་རྣལ་འབྱོར་མོས་གུས་གནད། །རང་གི་སྤྱི་བོར་པད་ཉི་ཟླ་གདན་སྟེང་། །དཔལ་ལྡན་རྩ་བའི་བླ་མ་རྡོ་རྗེ་འཆང་། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན། །


KMC003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་བསམ་མི་ཁྱབ་པའི་ངོ་བོ་ལ། །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར་བར་བསྒོམ། །བླ་མའི་གསང་བ་གསུམ་གྱི་བྱིན་རླབས་རྣམས། །བདག་གི་སྒོ་གསུམ་ཉིད་ལ་རབ་ཞུགས་ནས། །མཆོག་གི་དངོས་གྲུབ་ཐོབ་པར་གསོལ་བ་འདེབས། །དེ་ལྟར་ཡང་ཡང་བསྒོམ་ཞིང་འབད་པར་བྱ། །མཐར་ནི་འཁོར་རྣམས་འོད་ཞུ་བླ་མར་ཐིམ། །རྡོ་རྗེ་འཆང་ཉིད་འོད་ཞུ་རང་ལ་བསྟིམ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་བསམ། །དེ་ལྟར་རྩེ་གཅིག་ལེགས་པར་འབད་བྱས་ན། །སྐྱོན་དག་ཡོན་ཏན་མ་ལུས་རྫོགས་པར་འགྱུར། །གསུམ་པ་སྲོག་རྩོལ་རླུང་གི་གནད་སྟོན་ཏེ། །རླུང་ཞེས་ལས་ཀུན་བྱེད་པས་གལ་གནད་ཆེ། །དེ་ཉིད་བསྒོམ་ལ་ལུས་གནད་སྔར་བཞིན་ཏེ། །གཟུང་འཛིན་གཉིས་དང་ནད་གདོན་སེལ་བའི་ཕྱིར། །རླུང་རོ་ལན་གསུམ་ལྷག་མ་མེད་པར་དབྱུང་། །དེ་ནས་བུམ་ཆེན་ཁ་སྦྱོར་ཚུལ་བཞིན་འཛིན། །རིག་པ་གསལ་སྟོང་འཛིན་མེད་འོད་གསལ་བའི། །ངང་དུ་མ་ཡེངས་མཉམ་པར་བཞག་པར་བྱ། །རླུང་ནི་ཕྱིར་


KMC003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འབུད་དུས་སུ་གཟུང་འཛིན་གྱི། །སྡིག་སྒྲིབ་དག་པར་བསམ་ཞིང་ཡང་ཡང་འབད། །བཞི་པ་རྩོལ་བ་ལུས་སྦྱོང་གནད་སྟོན་ཏེ། །ལུས་ཀྱི་སྒྲིབ་པ་མ་ལུས་སྦྱོང་བའི་ཕྱིར། །ལུས་སྦྱོང་འཕྲུལ་འཁོར་སུམ་ཅུ་སོ་བདུན་པ། །བརྒྱའམ་སྟོང་སོགས་མང་དུ་འབད་བྱས་པས། །ངལ་ཞིང་དུབ་ཚེ་རིག་པ་གང་དུ་ཡང་། །མི་འཕྲོ་སལ་ལེ་སེང་ངེ་མཉམ་པར་བཞག །དེ་ནས་གནད་བཞིའི་རྩ་བ་གཏུམ་མོ་བསྒོམ། །དེ་ཡང་རང་ལུས་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བཞི་གཙིགས། །ཕྱག་རྒྱ་ལྔས་བརྒྱན་དབུ་སྐྲ་སིལ་བུར་གྲོལ། །སྐུ་ཡི་ནང་ཀུན་སྟོང་གསལ་དག་པའི་དབུས། །རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ། །ལྟེ་བར་རཾ་ཡིག་ཡོངས་སུ་གྱུར་པ་ལས། །ཡེ་ཤེས་གཏུམ་མོ་མཚན་ཉིད་བཞི་ལྡན་བསྒོམ། །རླུང་བཟུང་མེ་དེ་ཇེ་ཆེར་གྱུར་པ་ལས། །དབུ་མའི་ནང་དང་རོ་རྐྱང་རྩ་འདབ་ཀུན། །ཡེ་ཤེས་མེ་ཡིས་ཆིལ་གྱིས་གང་བར་བསམ། །དྲུག་སྐོར་ལ་སོགས་འཁྲུལ་འཁོར་ལ་འབད་པས། །མེ་དྲོད་བསྐྱེད་ཅིང་


KMC003_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་སྐྱེ་བར་འགྱུར། །བདེ་སྟོང་ངོ་བོ་བལྟས་པས་རང་སར་གྲོལ། །འདི་ན་རྣམ་པར་མི་རྟོག་བསྐྱེད་རིམ་སྟེ། །ཞིབ་པར་ཁྲིད་ཆེན་རྣམས་སུ་གསལ་བཞིན་ནོ། །དངོས་གཞི་སྐུ་གསུམ་ངོ་སྤྲོད་ཚུལ་སྟོན་ཏེ། །ཐོག་མར་སྤྲུལ་པའི་སྐུ་རུ་ངོ་སྤྲོད་པ། །པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་། །བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ་པ་མཆོག །གསེར་མདོག་ཆོས་གོས་རྣམ་པ་གསུམ་དང་ལྡན། །མཚན་བཟང་སུམ་ཅུ་དཔེ་བྱད་བརྒྱད་ཅུས་སྤྲས། །ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་གིས་མཚན། །སྲོག་རྩོལ་རླུང་གི་སྦྱོར་བ་དང་ལྡན་པས། །རླུང་གི་ནང་དུ་རྔུབས་པར་བྱེད་པའི་ཚེ། །སེམས་ཅན་ཐམས་ཅད་སྤྲུལ་སྐུ་ཤཱཀྱ་ཐུབ་དང་། །སངས་རྒྱས་སྟོང་སོགས་སྤྲུལ་པའི་སྐུ་རུ་གྱུར། །རང་གི་སྣ་དང་བ་སྤུའི་བུ་ག་ནས། །ཐམས་ཅད་ཚུར་འདུས་དབུ་མའི་ནང་དུ་ཐིམ། །སྲོག་རྩོལ་རླུང་སྦྱོར་ཕར་ལ་གཏོང་བའི་དུས། །སྤྲུལ་སྐུ་ཤཱཀྱ་ཐུབ་བྱེ་བ་གྲངས་མེད་འཕྲོས། །འཇིག་རྟེན་ཁམས་ནི་ཐམས་ཅད་ལྟེམ་གྱིས་གང་། །དེ་དག་ཀུན་གྱིས་ཆོས་སྒྲ་ཆེར་སྒྲོགས་པས། །འགྲོ་


KMC003_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་ཤཱཀྱ་ཐུབ་ཁོ་ནར་གྱུར། །རླུང་ནི་ནང་དུ་རྔུབས་པར་གྱུར་པའི་ཚེ། །དེ་དག་ཐམས་ཅད་ཚུར་འདུས་དབུ་མར་ཐིམ། །མི་དམིགས་གསལ་སྟོང་ངང་དུ་མཉམ་པར་བཞག །སྟོང་ཉིད་ངང་དུ་སྙིང་རྗེ་ཚད་མེད་བསྒོམ། །རིག་པ་ལྟེ་བའི་དབུས་སུ་གཏད་པར་བྱ། །དེ་ལྟར་ཡང་ནས་ཡང་དུ་བསྒོམ་པ་ཡིས། །ཆོས་ཀུན་སྤྲུལ་པའི་སྐུ་རུ་རྟོགས་པར་གསུང་། །གདོད་ནས་འགྲོ་ཀུན་སྤྲུལ་པའི་སྐུར་གྲུབ་ཀྱང་། །མ་རྟོགས་ཐ་མལ་འཁྲུལ་སེམས་ཞེན་པས་བསྒྲིབས། །བསྒོམས་པས་ཐ་མལ་འཁྲུལ་པ་ཀུན་སངས་རྒྱས། །སྣང་སྲིད་སྤྲུལ་པའི་སྐུ་རུ་རྟོགས་པར་གསུང་། །དེ་ནས་ལོངས་སྤྱོད་རྫོགས་སྐུར་སྦྱོང་བའི་ཐབས། །པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་། །རང་ཉིད་སྐད་ཅིག་དྲན་རྫོགས་སྤྱན་རས་གཟིགས། །འགྲོ་འདུལ་ཕྱག་བཞི་པ་ཡི་སྐུ་རུ་བསྒོམ། །ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་མཐར། །ཡི་གེ་དྲུག་པས་གཡས་སུ་བསྐོར་བར་བསམ། །རླུང་གི་སྦྱོར་བ་ཕྱི་རུ་བུས་པའི་ཚེ། །སྣ་བུག་གཉིས་དང་བ་སྤུའི་བུ་ག་ནས། །འོད་


KMC003_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཁ་དོག་སྣ་ཚོགས་དུ་མ་འཕྲོས། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཁྱབ་པར་འཕྲོས། །འགྲོ་བ་རིགས་དྲུག་བར་དོར་བཅས་པ་ཡི། །སེམས་ཅན་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུ། །འཕགས་མཆོག་སྤྱན་རས་གཟིགས་དབང་ཤ་སྟག་གྱུར། །རླུང་གི་སྦྱོར་བ་ནང་དུ་རྔུབས་པའི་ཚེ། །དེ་དག་ཐམས་ཅད་ཚུར་འདུས་རང་ལ་ཐིམ། །དྲན་རིག་མ་བཅོས་སོ་མའི་ངང་དུ་བཞག །རང་གི་སྐུ་ལས་འོད་ཟེར་དཔག་མེད་འཕྲོས། །རབ་འབྱམས་དག་པའི་ཞིང་ཁམས་མཆོག་རྣམས་སུ། །ལོངས་སྤྱོད་རྫོགས་པའི་སྐུར་གྱུར་ཐམས་ཅད་ལ། །ཀུན་བཟང་སྨོན་ལམ་ལྟ་བུའི་མཆོད་པས་མཆོད། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །རླུང་སྦྱོར་ནང་དུ་རྔུབས་དང་ལྷན་ཅིག་ཏུ། །ཐམས་ཅད་ཚུར་འདུས་བདག་ལ་ཐིམ་པར་བསམ། །གསལ་སྟོང་ངོ་བོའི་སྟེང་དུ་ལྷན་ནེར་བཞག །རིག་པ་མགྲིན་པའི་གནས་སུ་གཏད་པར་བྱ། །དེ་ལྟར་ཡང་ཡང་ནན་ཏན་བསྒོམས་བྱས་པས། །རང་བཞིན་གསལ་སྟོང་ལོངས་སྤྱོད་རྫོགས་སྐུར་རྟོགས། །ཡོན་


KMC003_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དཔག་མེད་རིམ་གྱིས་འབྱུང་བ་དང་། །ལོངས་སྐུའི་ལྷ་ཚོགས་རྣམས་ཀྱི་ཞལ་མཐོང་ཞིང་། །རང་ཉིད་མ་འོངས་ལོངས་སྤྱོད་རྫོགས་སྐུ་ཡིས། །སེམས་ཅན་རྒྱ་མཚོའི་དོན་བྱེད་ནུས་པས་འགྱུར། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་པ། །ངོ་བོ་སྟོང་པའི་དབྱིངས་ལས་རང་བཞིན་གསལ། །གསལ་སྟོང་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུ་ཡི། །རྟོགས་པ་ཡང་དག་ཤུགས་ཀྱིས་འཆར་བར་འགྱུར། །རང་སེམས་ཆོས་ཀྱི་སྐུ་རུ་ངོ་སྤྲོད་པ། །མ་བཅོས་གཉུག་མ་ལྷུན་གྱིས་གྲུབ་པ་ནི། །གང་ནས་མ་འོང་གང་དུ་མི་འགྲོ་ཞིང་། །འདུས་མ་བྱས་པ་ལྷུན་གྱིས་གྲུབ་པ་ནི། །འགྱུར་བ་མེད་པ་ཆོས་ཀྱི་སྐུ་ཞེས་བརྗོད། །ཚིག་ཏུ་བརྗོད་དང་དཔེ་ཡིས་མཚོན་པ་མེད། །ནམ་མཁའི་དཀྱིལ་དུ་བལྟས་པས་མཐོང་བ་འགགས། །སེམས་ཀྱིས་སེམས་ལ་ཡང་ཡང་བལྟ་བྱས་ན། །རྣམ་རྟོག་ཚོགས་རྣམས་ཆུ་དང་རླབས་བཞིན་ཤེས། །རིག་པ་གར་ཡང་མི་འཕྲོག་ནས་ཙམ་ན། །ཆོས་ཀུན་སྟོང་པ་ཉིད་དུ་གོ་བར་འགྱུར། །དེ་ལྟར་རྟོགས་ཚེ་འཁོར་


KMC003_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཆོས་རྣམས་ཀུན། །སེམས་ཉིད་ཁོ་ནའི་ཆོ་འཕྲུལ་ཉིད་དུ་གོ །དྲན་རྟོག་ཐུགས་ཀྱི་ཁྱེར་སོ་བྱ་བ་དང་། །དབུ་མ་ཕྱག་ཆེན་རྫོགས་ཆེན་ཉམས་ལེན་རྣམས། །དོན་གཅིག་མིང་གི་རྣམ་གྲངས་ཁོ་ན་ཉིད། །དབེན་གནས་ཕྱི་རུ་མི་བཙལ་རང་ལུས་ཉིད། །གཞལ་ཡས་ཁང་ཡིན་སེམས་ཉིད་སྐྱེ་མེད་འདི། །ལྷ་དང་བླ་མ་དེ་ལས་གཞན་དུ་མེད། །གཏི་མུག་ཞེ་སྡང་འདོད་ཆགས་ང་རྒྱལ་དང་། །ཕྲག་དོག་ཚོགས་རྣམས་མ་སྤངས་རང་གྲོལ་ཏེ། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ཉིད་དུ་ངེས། །མདོར་ན་ཆོས་ཀུན་སེམས་ཉིད་ཁོ་ནའི་ཕྱིར། །མ་བཅོས་རང་སར་བཞག་པའི་སེམས་ཉིད་ལ། །རྣམ་རྟོག་འཕྲོ་ཡང་འཛིན་མེད་ལྷོད་དེར་བཞག །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །ཐམས་ཅད་སྣང་སྟོང་དབྱེར་མེད་ཁོ་ནར་གྲོལ། །ཡོད་དང་མེད་ཅེས་བྱ་བའི་མཐའ་དང་བྲལ། །བསྒོམ་མེད་ཡེངས་མེད་དགག་སྒྲུབ་སྤང་བླང་བྲལ། །བསྒོམ་ཞེས་བྱ་བ་དོན་ལ་མ་གྲུབ་སྟེ། །མ་ཡེངས་ཙམ་དུ་རང་གར་བོར་བས་བདེ། །གསལ་ལ་མི་རྟོག་བདེ་སྟོང་སྤྲོས་


KMC003_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ། །རང་རིག་རྗེན་པའི་སྟེང་དུ་ངོ་འཕྲོད་ན། །དབང་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །འབྲས་བུ་ཆོས་སྐུ་ཞེས་བྱར་བཏགས་པ་ཡིན། །དེ་ཕྱིར་སྙན་བརྒྱུད་དྲི་མ་མེད་པ་འདི། །བློ་ལྡན་སྐལ་བཟང་རྣམས་ཀྱིས་སྤྱོད་པར་རིགས། །དེ་ལྟར་སྐུ་གསུམ་སྐུ་བཞིའི་ངོ་སྤྲོད་མདོར་བསྡུས་པ་ཙམ་སྟེ། ཞིབ་པ་ནི་བཀའ་བརྒྱུད་གོང་མ་དག་གི་ཁྲིད་ཡིག་རྒྱས་འབྲིང་དུ་མ་བཞུགས་པ་རྣམས་ལས་རྟོགས་པར་བྱའོ། །འདི་ནི་རྩ་བ་རྗེ་རང་བྱུང་རྡོ་རྗེའི་གསུང་ཉིད་ལ་ཀརྨ་ཆགས་མེད་རིན་པོ་ཆེའི་ཟིན་བྲིས་བཞིན་བྲིས་པ་སྟེ། འཇམ་མགོན་བླ་མ་མཁྱེན་བརྩེའི་དབང་པོ་མཆོག་གི་བཞེད་སྐོང་དུ། དཔལ་ཀརྨ་པའི་སྐུ་ཕྲེང་བཅུ་བཞི་པའི་མཚན་གྱི་བྱིན་རླབས་འཛིན་པ་དཔལ་ལྡན་རིགས་ཀུན་ལྷུན་གྲུབ་ཐེག་མཆོག་རྡོ་རྗེ་ངེས་དོན་བསྟན་པའི་ཉི་མ་ཞེས་འབོད་པའི་སྙོམས་ལས་པས་དགེ་བསྙེན་ཆེན་པོ་རྡོ་རྗེ་སྨན་དཔལ་གྱིས་སྐྱོང་བའི་ཡུལ་ཟླ་ནང་གི་དབེན་གནས་དྲི་བསུང་སྤོས་ངད་ལྡན་པའི་ལྗོན་ཤིང་གི་ནགས་ཚལ་སྟུག་པོའི་དབུས། སྒྲུབ་


KMC003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་བཀྲ་ཤིས་རབ་བརྟེན་གྱི་བསམ་གཏན་ཁང་བུར་ལམ་ཟབ་རྡོ་རྗེའི་རྣལ་འབྱོར་ལ་གཞོལ་བའི་ཐུན་མཚམས་སུ་བྲིས་པས་འགྲོ་ཀུན་ཐམས་ཅད་རྣམ་མཁྱེན་ཐོབ་པའི་རྒྱུར་གྱུར་ཅིག། །།མངྒ་ལམ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློང་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདི་འང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།

ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་སྤྱི་སྡོམ་རྩ་ཚིག


KMC003_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་སྤྱི་སྡོམ་རྩ་ཚིག་བཞུགས་སོ། །


KMC003_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲཱ་ཡ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་སྟོན་པ་ལ། །སྔོན་འགྲོ་དངོས་གཞི་རྗེས་དང་རྣམ་པ་གསུམ། །སྔོན་འགྲོ་ལའང་ཐུན་མོང་ཐུན་མོང་མིན། །ཁྱད་པར་གྱི་ནི་སྔོན་འགྲོ་རྣམ་པ་གསུམ། །དང་པོ་དལ་འབྱོར་རྙེད་དཀའ་མི་རྟག་པ། །ལས་འབྲས་འཁོར་བའི་ཉེས་དམིགས་སྒོམ་པ་བཞིན། །དང་པོའི་བསྒོམ་བྱ་དལ་འབྱོར་རིན་ཆེན་འདི། །ཐོབ་དཀའ་འཇིག་སླ་ད་རེས་དོན་ཡོད་བྱ། །གཉིས་པ་སྣོད་བཅུད་ཐམས་ཅད་མི་རྟག་ཅིང་། །དངོས་སུ་འགྲོ་བའི་ཚེ་སྲོག་ཆུ་བུར་འདྲ། །ནམ་འཆི་ཆ་མེད་ཤི་ཚེ་རོ་རུ་


KMC003_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །དེ་ལ་ཆོས་ཀྱིས་ཕན་ཕྱིར་བརྩོན་པས་བསྒྲུབ། །གསུམ་པ་ཤི་ཚེ་རང་དབང་མི་འདུ་བར། །ལས་ནི་བདག་གིར་བྱེད་ཕྱིར་སྡིག་པ་སྤང་། །དགེ་བའི་བྱ་བས་རྟག་ཏུ་འདའ་བར་བྱ། །བཞི་པ་འཁོར་བའི་གནས་གྲོགས་བདེ་འབྱོར་སོགས། །སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བའི་ཕྱིར། །གསོད་སར་ཁྲིད་པའི་གཤེད་མའི་དགའ་སྟོན་ལྟར། །ཞེན་འཁྲིས་བཅད་ནས་བཙུན་པས་བྱང་ཆུབ་བསྒྲུབ། །ཐུན་མོང་མིན་པའི་སྔོན་འགྲོ་སྐྱབས་སེམས་དང་། །རྡོར་སེམས་མཎྜལ་བླ་མའི་སྒོམ་བཟླས་བཞི། །དང་པོ་


KMC003_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཡུལ་ལྷ་ཚོགས་གསལ་བཏབ་ལ། །མདུན་ན་བདག་སོགས་མ་རྒན་ཀུན་གནས་པས། །སྐྱབས་འགྲོ་བྱེད་པར་དམིགས་ལ་སྐྱབས་འགྲོ་བྱ། །ཚད་མེད་བཞི་བསྒོམ་སེམས་བསྐྱེད་སྙིང་ནས་བྱ། །གཉིས་པ་སྤྱི་བོར་རྡོར་སེམས་སྔགས་བཅས་བསམ། །བཤགས་སྡོམ་བྱས་པས་བདུད་རྩིའི་རྒྱུན་བབས་ཏེ། །རང་གི་ལུས་ཞུགས་སྡིག་སྒྲིབ་ཀུན་སྦྱངས་ནས། །ཡིག་བརྒྱ་བརྗོད་པས་སྒྲིབ་བྱང་རྟགས་རྣམ་འོང་། །གསུམ་པ་སྒྲུབ་པ་ཚོམ་བུ་ལྔ་པོ་ལ། །དཀོན་མཆོག་ལྔ་བསྐྱེད་མཆོད་པའི་མཎྜལ་ནི། །དངོས་འབྱོར་ཡིག་སྤྲུལ་དུ་མ་ཕུལ་བ་ལས། །ཚོགས་གཉིས་རྫོགས་པའི་རྟགས་རྣམས་རིམ་བཞིན་འཆར། །བཞི་པ་སྤྱི་བོར་བླ་མ་བསྒོམས་བྱས་ལ། །མོས་གུས་དྲག་པོས་གསོལ་བཏབ་དབང་བཞི་བླང་། །མཉེས་པ་ལྔ་ཡིས་བླ་མ་བསྟེན་བྱས་ན། །ཐུགས་རྗེའི་བྱིན་རླབས་ཞུགས་པའི་རྟགས་རྣམས་འབྱུང་། །ཐུན་བསྡུའི་ཚེ་ན་སྐྱབས་ཡུལ་རྡོར་སེམས་དང་། །སྒྲུབ་པའི་མཎྜལ་ལྷ་ཚོགས་བླ་མ་རྣམས། །འོད་ཞུ་རང་ལ་ཐིམ་པས་དེ་དག་གི །སྐུ་གསུང་ཐུགས་


KMC003_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱེར་མེད་གྱུར་པར་བསམ། །ཁྱད་པར་སྔོན་འགྲོ་མ་ཞེན་རྒྱུ་ཡི་རྐྱེན། །བླ་མ་བཞི་ཡིས་ཟིན་པ་བདག་པོའི་རྐྱེན། །དམིགས་རྐྱེན་བསྒོམ་བྱའི་དམིགས་པ་མ་འཁྲུལ་པ། །དེ་མ་ཐག་རྐྱེན་རེ་དོགས་སྤང་བླང་དང་། །དགག་སྒྲུབ་མེད་པར་གང་ཤར་སྐྱོང་བའོ། །དངོས་གཞི་ཞི་གནས་ལྷག་མཐོང་རྣམ་པ་གཉིས། །དང་པོ་ལུས་གནད་སེམས་གནད་ལུས་གནད་ནི། །བསམ་གཏན་ཆོས་བདུན་སྐྱོན་མེད་ལེགས་པར་བཅའ། །སེམས་གནད་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི། །དུས་གསུམ་སྤྲོས་བཅད་གང་ཤར་ངང་དུ་བཞག །བྱེ་བྲག་ལ་ནི་མ་ཟིན་ཟིན་བྱེད་དང་། །ཟིན་པ་བརྟན་བྱེད་བརྟན་པ་བོགས་དབྱུང་གསུམ། །དང་པོར་དམིགས་པ་དམིགས་མེད་རླུང་དང་གསུམ། །དང་པོ་ལ་ཡང་ཕྱི་ནང་གཉིས་ལས་ཕྱི། །མ་དག་པ་དང་དག་པ་གཉིས་སུ་འདུས། །དང་པོ་ཤེལ་རྡེལ་རྩིག་པ་མར་མེ་སོགས། །གཉིས་པ་དེ་བཞིན་གཤེགས་པའི་སྐུ་ལ་འཛིན། །བྱིང་རྒོད་སྐྱོན་ཀྱང་ལྟ་སྟངས་ཉིད་ཀྱིས་སེལ། །ནང་འཛིན་བླ་མ་ཡི་དམ་གང་རུང་ངོ་། །


KMC003_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ངོ་བོ་འོད་ཀྱི་གོང་བུ་ནི། །རང་གི་སྙིང་གི་དཀྱིལ་དུ་བསྒོམ་པའོ། །དམིགས་མེད་འབྱུང་བཞི་གཅིག་ཐིམ་སྟོང་པར་འཛིན། །གསུམ་པ་རླུང་ནི་བུམ་ཅན་གྲངས་ལ་འཛིན། །ཟིན་པ་བརྟན་བྱེད་སྙིང་གར་པདྨ་ནི། །དཀར་ནག་གཉིས་ལས་ཐིག་ལེ་དཀར་ནག་གཉིས། །བྱིང་རྒོད་དང་བསྟུན་ཅི་རིགས་སྒོམ་པའམ། །རྒྱུན་དུ་སྤེལ་ནས་བསྒོམ་པར་བྱ་བའོ། །ཡང་ན་འཇོག་དང་ཀུན་འཇོག་ངེས་འཇོག་དང་། །ཉེ་བར་འཇོག་དང་དུལ་བྱེད་ཉེར་ཞིར་བྱེད། །རྒྱུད་གཅིག་བྱེད་དང་མཉམ་འཇོག་གནས་ཐབས་དགུ། །བརྟན་པ་བོགས་དབྱུང་ཡུལ་དྲུག་སོ་སོ་དང་། །ཡིད་ཡུལ་དགེ་དང་མི་དགེ་གང་སྐྱེས་པ། །དེ་ལ་དགག་སྒྲུབ་མེད་པར་སོ་སོར་འཛིན། །ཐུན་ཐུང་གྲངས་མང་ལྷོད་ཀྱིས་གློད་ལ་འབད། །གེགས་སེལ་བོགས་འདོན་ཀ་ཐོ་ཅན་རྣམས་ཡོད། །གཉིས་པ་ལྷག་མཐོང་ལ་ནི་སེམས་ངོ་བལྟ། །བཞི་རྩ་བཅད་དང་རིག་སྟོང་གཏན་ལ་འབེབས། །དང་པོ་གནས་འགྱུ་གཉིས་པོ་སོ་སོ་ཡི། །སེམས་ཀྱི་ངོ་བོ་ཁ་དོག་གཟུགས་ལ་སོགས། །གར་གནས་གར་


KMC003_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་སྐྱེ་འགག་གནས་གསུམ་ཅི། །སྙམ་དུ་ངོ་བོ་ལེགས་པར་གཏན་ལ་འབེབས། །གཉིས་པ་དེ་ཉིད་ཁ་དོག་གཟུགས་ལ་སོགས། །ཇི་ལྟར་གནས་ཤིང་ཇི་ལྟར་འཕྲོ་བ་བལྟ། །ལྟ་མཁན་རང་ཡང་ལེགས་པ་རྩད་བཅད་བྱ། །གནས་འགྱུར་གཉིས་ཀྱང་གཅིག་དང་ཐ་དད་དཔྱད། །ཡོངས་ཚོལ་སོར་བརྟག་ཞིབ་མོར་དཔྱོད་པ་དང་། །ཞི་ལྷག་ཟུང་འབྲེལ་གསལ་བ་མི་རྟོག་པ། །བཏང་སྙོམས་རྒྱུན་མི་ཆད་དང་ཡེངས་མེད་དེ། །ཡིད་བྱེད་བཅུ་ཅིག་སྒོ་ནས་བོགས་འདོན་བྱ། །གསུམ་པ་ཐ་མལ་ཤེས་པ་རྗེན་པ་འདི། །ངོས་བཟུང་མེད་ཕྱིར་སྟོང་པར་ངོ་སྤྲོད་བྱ། །སྐབས་འདིར་དྲི་བ་ངོ་སྤྲོད་མང་དུ་ཡོད། །ཡང་ན་འགྱུ་སྣང་གཉིས་ཀྱིས་ངོ་སྤྲོད་བྱ། །འགྱུ་བ་སྣ་ཚོགས་དུས་གཅིག་སྤྲོ་བ་དང་། །དགའ་སྡུག་དུག་ལྔ་རྣམ་རྟོག་སོ་སོར་བལྟ། །རྣམ་རྟོག་སྐུ་དྲིན་ཅན་དུ་ཤེས་པ་དང་། །དྲི་བ་གེགས་སེལ་བོགས་འདོན་འདི་ན་ཡོད། །གཉིས་པ་སྣང་ཐོག་ཉིད་ནས་ངོ་སྤྲོད་པར། །སྣང་བ་སེམས་ཡིན་སེམས་དེ་སྟོང་པ་དང་། །སྟོང་པ་ལྷུན་གྲུབ་ལྷུན་གྲུབ་


KMC003_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་ཏེ། །བཞི་ལས་དང་པོ་དམིགས་རྟེན་ལ་སོགས་པར། །སྣང་བ་ཐམས་ཅད་རྨི་ལམ་ཇི་བཞིན་དུ། །སེམས་སྣང་མ་གཏོགས་ལོགས་སུ་མེད་པ་དང་། །ལུས་སེམས་གཅིག་དང་ཐ་དད་བྲལ་རིག་ན། །སྣང་བ་སེམས་སུ་ངོ་སྤྲོད་དེ་བཞིན་བཏབ། །གཉིས་མེད་སེམས་དེ་ཆུ་ནང་ཟླ་གཟུགས་ལྟར། །སྟོང་བ་སྐྱེ་འགག་གནས་གསུམ་བྲལ་བར་མཐོང་། །གསུམ་པ་སྟོང་ཡང་རྩལ་སྣང་འགག་མེད་འཆར། །བཞི་པ་སྣང་སྟོང་ཆེན་པོར་ལྷུན་གྲུབ་པས། །འཁོར་འདས་བསྡུས་པའི་ཆོས་ལ་སྤང་བླང་བྲལ། །གདོད་མའི་བྱང་ཆུབ་མངོན་དུ་འགྱུར་པའོ། །དེ་དག་གིས་ནི་དངོས་གཞིའི་དམིགས་པ་བསྟན། །རྗེས་རྩལ་སྦྱོང་ཕྱོགས་བོགས་འདོན་གེགས་སེལ་དང་། །ལམ་བགྲོད་འབྲས་བུ་མངོན་དུ་བྱེད་ཚུལ་ལོ། །དང་པོ་ཡུལ་དུས་ངོ་བོ་རང་བཞིན་དང་། །ཤེས་རབ་དག་ལ་ལོག་རྟོག་སེལ་བ་ལྔ། །ཡུལ་ནི་དགེ་སྡིག་ཡུལ་ལ་སྤང་བླང་བྲལ། །དུས་ནི་དུས་གསུམ་མཉམ་ཉིད་བདེན་ཞེན་བྲལ། །ངོ་བོ་སེམས་ལས་ལྷག་པའི་ཡེ་ཤེས་མེད། །རང་བཞིན་སེམས་


KMC003_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སངས་རྒྱས་ལོགས་ན་མེད། །ཤེས་རབ་ཐོས་བསམ་བརྟག་དཔྱད་ཀྱིས་མི་རྟོགས། །བྱིན་རླབས་སྟོབས་ཀྱིས་མྱུར་དུ་འཆར་བའོ། །མཁས་པ་གསུམ་ལ་བསླབ་པ་གསུམ་ཡོད་པར། །དང་པོར་མགོ་རྩོམ་མཁས་པར་མ་བཅོས་པར། །མ་བཅོས་སོ་མ་ལྷུག་པའི་ངང་ནས་བལྟ། །འཕྲོ་གཅོད་མཁས་པ་ཏིང་འཛིན་ལུས་གནད་བསྒྱུར། །སྐྱོད་མཁས་བཟང་ངན་ཉམས་ལ་ཆགས་སྡང་སྤང་། །ཡང་ན་གཤིས་ཤོར་རྒྱས་འདེབས་གཉེན་པོར་ཤོར། །ལམ་ཤོར་བཞི་སེལ་དང་པོ་བརྟག་དཔྱད་སོགས། །ཤེས་བྱའི་བབས་ལ་འདི་བཞིན་གནས་སྙམ་ནས། །བློས་བྱས་སྤངས་ལ་འགགས་མེད་རྩལ་སྣང་སྦྱང་། །གཉིས་པ་སྔགས་དང་ཡིད་ཀྱིས་སྟོང་ཉིད་དངོས། །མིན་བཞིན་བློ་ཡིས་རྒྱས་བཏབ་སྒོམ་པ་དེ། །ཐ་མལ་ཤེས་པའི་རང་ངོ་བསྐྱངས་པས་སེལ། །གསུམ་པ་ཉོན་མོངས་ལ་སོགས་སྟོང་ཉིད་ཀྱིས། །གཞི་རློམ་སྤང་གཉེན་གཉིས་སུ་འཛིན་པ་དེ། །སྤང་བྱ་དེ་ཡི་རང་ཞལ་བལྟས་པས་སེལ། །བཞི་པ་སྟོང་ཉིད་མ་གཏོགས་ལམ་མེད་སྙམ། །དེ་


KMC003_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོག་བཟུང་ཐབས་ཆར་མི་སེམས་པ། །འཁོར་འདས་མཉམ་ཉིད་ཞེ་འདོད་བྲལ་བས་སེལ། །སྒོམ་པའི་གོལ་ས་བཅད་ཅིང་བོགས་འདོན་པ། །བདེ་གསལ་མི་རྟོག་པ་སོགས་ཉམས་རྣམས་ལ། །ཆགས་ན་ཁམས་གསུམ་གོལ་བས་དེ་སྔར་ཏེ། །ཆགས་ཞེན་བྲལ་ཞིང་བརྩོན་པ་བསྐྱེད་པར་བྱ། །འདི་སྐབས་བོགས་འདོན་འབྲས་བུ་འབྱུང་བའོ། །འཕྲང་གསུམ་དགྲར་ལོངས་བསལ་ཏེ་བོགས་འདོན་པ། །སྟོང་པ་དགྲར་ལངས་ཐམས་ཅད་སྟོང་པ་ཉིད། །ཡིན་སྙོམ་དགེ་སྡིག་སྤངབླང་ཀུན་དོར་བ། །སྟོང་ཉིད་ངང་ནས་ལྟ་སྤྱོད་ཟུང་འབྲེལ་བའི། །ལམ་ལ་བསླབས་པས་སེལ་ཞིང་སྙིང་རྗེ་ནི། །དགྲར་ལངས་རང་གི་ཏིང་འཛིན་དགེ་སྦྱོར་རྣམས། །དོར་ནས་མི་འགྲུབ་བཞིན་དུ་གཞན་དོན་བྱེད། །རང་གཞན་དུབ་པར་བྱེད་དོ་སེམས་ཅན་ལ། །སྙིང་རྗེའི་ངང་ནས་རང་གི་དགེ་སྦྱོར་སྐྱོང་། །རྒྱུ་འབྲས་དགྲར་ལངས་རྟོག་པས་བྱེད་མཐོང་ནས། །ཐམས་ཅད་མཁྱེན་པ་བྱེད་སྙམས་སྒྲ་ཚད་སོགས། །སྦྱངས་ནས་དགེ་སྦྱོང་ངོ་ཏི་དོར་བ་དེ། །སྟོང་ཉིད་རྒྱུ་འབྲས་


KMC003_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་བསྒོམས་པས་སེལ། །གསུམ་པ་གེགས་སེལ་ནད་གདོན་ཏིང་འཛིན་གེགས། །སེལ་ལ་དང་པོ་ནད་ཀྱི་གཞི་རྩ་བཅད། །ཡང་ན་གཏོང་ལེན་ཀུན་གཞིར་ལྟ་སོགས་བྱ། །གདོན་ནི་རང་གི་སེམས་ཉིད་འཁྲུལ་པ་ལས། །སྣང་གི་དོན་ལ་མ་གྲུབ་གཞི་རྩ་བཅད། །ཡང་ན་གཏོང་ལེན་སྐུ་བཞིར་ཁྱེར་སོགས་བྱ། །ཏིང་འཛིན་གེགས་ནི་བྱིང་རྒོད་གཉིས་སུ་འདུ། །དེ་ནི་དམིགས་པ་སྤྱོད་ལམ་བླ་མ་དང་། །ངོ་ལྟ་ལ་སོགས་བྱས་པས་སེལ་བར་འགྱུར། །བཞི་པ་ལམ་ནི་རྣལ་འབྱོར་བཞི་ཡིས་བགྲོད། །རྩེ་གཅིག་ཞི་ལྷག་དབྱེར་མེད་དོན་ལ་གནས། །སྤྲོས་བྲལ་ཆོས་རྣམས་སྟོང་པ་ཉིད་དུ་རྟོགས། །རོ་གཅིག་འཁོར་འདས་ཆོས་རྣམས་རོ་གཅིག་འཆར། །སྒོམ་མེད་བསྒོམ་བྱ་སྒོམ་བྱེད་ཀུན་དང་བྲལ། །དེ་རྣམས་མི་བརྟན་བརྟན་དང་རབ་ཏུ་བརྟན། །ཅུང་ཟད་ཕལ་ཆེར་མ་ལུས་རྟོགས་པ་ལས། །ཆུང་འབྲིང་ཆེན་པོ་བཅུ་གཉིས་སོགས་སུ་གསུངས། །རྩེ་གཅིག་ཚོགས་སྦྱོར་སྤྲོས་བྲལ་མཐོང་བའི་ལམ། །རོ་གཅིག་སྒོམ་མེད་འབྲིང་མན་སྒོམ་


KMC003_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྟེ། །སྒོམ་མེད་ཆེན་པོར་རྫོགས་པའི་སངས་རྒྱས་སོ། །བཞི་པ་འབྲས་བུ་དེ་ལྟར་ཉམས་བླངས་པས། །ཤེས་རབ་རལ་གྲིས་སྒྲིབ་པ་ཀུན་བཅད་ནས། །མངོན་པར་སངས་རྒྱས་སྐུ་གསུང་མཛད་ཕྲིན་གྱིས། །འཁོར་བ་མ་སྟོངས་བར་དུ་འགྲོ་དོན་མཛད། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི། །རྩ་ཚིག་བསྡུས་དོན་དྲན་ཐོ་མདོར་བསྡུས་འདི། །སློབ་དཔོན་ཕྱོགས་གླང་ཞེས་བྱས་བསྐུལ་བ་ལས། །བཛྲེ་ཤྭ་ར་རྗེ་དགུ་པ་དབང་ཕྱུག་རྡོ་རྗེ། ཞེས་བྱའི་ཕྱོགས་བཅུ་པས། །རྣམ་ཐོས་རི་བོའི་ངོགས་སུ་བྲིས་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློང་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདི་འང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།

ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་ཆེན་མོ་གཉུག་མའི་དེ་ཉིད་གསལ་བ།


KMC003_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་ཆེན་མོ་གཉུག་མའི་དེ་ཉིད་གསལ་བ་ཞེས་བྱ་བ་བཞུགས་སོ། །


KMC003_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་ཕྱག་རྒྱ་ཆེན་པོའི་སྒོམ་ཁྲིད་ཀྱི་རིམ་པ་གཉུག་མའི་དེ་ཉིད་གསལ་བ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་འཆང་ལ་གུས་པས་ཕྱག་འཚལ་ལོ། །ཆོས་དབྱིངས་སྟོང་ཉིད་སྤྲོས་བྲལ་རང་བཞིན་ལས། །སྣང་སྲིད་སྒྱུ་མའི་བཀོད་པ་ཟབ་གསལ་ཅན། །གདོད་ནས་ལྷུན་གྲུབ་བདེ་སྟོང་ཟུང་འཇུག་བདག །ཀུན་ཁྱབ་རྣལ་མའི་སེམས་ལ་གུས་པས་འདུད། །ལམ་གཞན་དག་གིས་ཡུན་རིང་རྟོགས་དཀའ་བའི། །ངེས་གསང་ཁྱབ་བདག་སེམས་ཀྱི་མངོན་རྟོགས་གང་། །ཚོགས་མེད་མཛུབ་ཚུགས་ལྟ་བུར་སྟོན་


KMC003_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ། །སྒམ་པོ་པར་གྲགས་སྒྲུབ་བརྒྱུད་བཅས་ལ་འདུད། །དེ་ཡི་ལམ་སྲོལ་ཕྱག་རྒྱ་ཆེན་པོ་ཞེས། །ཉི་ཟླ་ལྟར་གྲགས་གངས་ཅན་གསལ་བྱས་མོད། །འོན་ཀྱང་ཉམས་མྱོང་མན་ངག་གིས་བརྒྱན་ཏེ། །རྟོག་གེ་སྤངས་ནས་སླར་ཡང་གསལ་བརྗོད་བྱ། །དེ་ལ་འདིར་འཁོར་བའི་སྡུག་བསྔལ་མཐའ་དག་གིས་ཡིད་རབ་ཏུ་སྐྱོ་ནས་མྱུར་དུ་སངས་རྒྱས་སྒྲུབ་པའི་ངེས་འབྱུང་དྲག་པོ་དང་ལྡན་ཞིང་། རྟོགས་ལྡན་གྱི་བླ་མ་དང་བྱིན་རླབས་ཀྱི་ལམ་ལ་དད་ཅིང་ཡིད་ཆེས་པའི་སྐལ་པ་ཅན་དག་བདེ་བླག་ཉིད་དུ་གནས་


KMC003_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་དོན་ལ་འགོད་པར་བྱ་བ་ངེས་དོན་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རིམ་པ་ལ་བཞི། ཁྲིད་རིམ་གྱི་སྔོན་འགྲོ། སྒོམ་རིམ་གྱི་དངོས་གཞི། རྗེས་ཉམས་ལེན་སྐྱོང་ཚུལ། སྒོམ་སྦྱངས་པས་ས་ལམ་བགྲོད་ཚུལ་ལོ། །དང་པོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། ཟུར་དུ་བཤད་པ་ལྟར་དལ་འབྱོར་རྙེད་དཀའ་བ་དང་མི་རྟག་པ་བསམ་པ་སོགས་སྐྱེས་བུ་གསུམ་གྱི་ལམ་རིམ་ཅི་རིགས་པ་བསྒོམ་དུ་བཅུག་ལ་ངེས་འབྱུང་གི་བློ་བརྟན་པོ་བསྐྱེད་པ་གལ་ཆེ་སྟེ། འདིར་ནན་ཏན་མ་བྱས་པར་སླ་ཆོས་སུ་བྱས་ན། ལན་རེ་ཙམ་གྱིས་གོ་ཡུལ་དུ་ལུས་ནས་སྒྲུབ་པ་ལ་བརྩོན་པ་མི་སྐྱེ་ཞིང་ཆོས་བརྒྱད་ཀྱི་དབང་དུ་འགྲོ་བ་ཡིན་ནོ། །གཉིས་པ་ནི། གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་རྒྱས་པར་བྱ་བའམ་བྱིན་རླབས་བརྡའི་དབང་ལ་སོགས་པས་སྨིན་པར་བྱས་ལ། དེ་ནས་ཟུར་དུ་བཤད་པ་ལྟར། ལེ་ལོ་བཟློག་ཕྱིར་མི་རྟག་པ་བསམ་པ། བར་ཆད་སེལ་ཕྱིར་སྐྱབས་འགྲོ་སེམས་


KMC003_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། ཚོགས་བསགས་ཕྱིར་མཎྜལ་དབུལ་བ། སྒྲིབ་པ་སྦྱང་ཕྱིར་རྡོར་སེམས་ཀྱི་སྒོམ་བཟླས། བྱིན་རླབས་འཇུག་ཕྱིར་བླ་མའི་རྣལ་འབྱོར་སྒོམ་པ་རྣམས་རིམ་པས་ཁྲིད་དེ། དེ་དག་རེ་རེ་ལ་ཞག་ལྔའམ་བདུན་ལ་སོགས་པ་ཅི་རིགས་པར་འབད་དུ་བཅུག་ཅིང་རྣལ་འབྱོར་རེའི་མཇུག་ཏུ་སེམས་ལྷོད་དེ་བ་འབོལ་ལེ་བ་ལ་ཅི་གནས་འཇོག་ཏུ་བཅུག་ལ་ཉམས་ཚད་བྱའོ། ༈ །གཉིས་པ་སྒོམ་རིམ་གྱི་དངོས་གཞི་ལ་གཉིས། ཁྲིད་པའི་རིམ་པ་དང་། ངོ་སྤྲོད་པའི་རིམ་པའོ། །དང་པོ་ལ་གཉིས། ཞི་གནས་ཀྱི་སྒོ་ནས་ཁྲིད་པ་དང་། ལྷག་མཐོང་གི་སྒོ་ནས་ཁྲིད་པའོ། །དང་པོ་ལ་གཉིས། མཚན་བཅས་དང་། མཚན་མེད་དོ། །དང་པོ་ལ་གཉིས། རྟེན་ཅན་དང་། རྟེན་མེད་དོ། །དང་པོ་ནི། ཐུན་བཞི་ལ་སོགས་པར་སྔོན་འགྲོའི་རྣལ་འབྱོར་རྣམས་སྔར་བས་ཐུན་ཆུང་བ་མ་ཆགས་ཙམ་རེ་བྱ་ཞིང་། བླ་མའི་རྣལ་འབྱོར་གྱི་སྐབས་སུ་ཁྱད་པར་ཏིང་ངེ་འཛིན་སྐྱེ་བར་གསོལ་བ་དྲག་ཏུ་བཏབ། དེ་ནས་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ་མ་ནུས་ན་སེམས་དཔའི་སྐྱིལ་


KMC003_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་བྱ། ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་སོར་བཞིའི་ཐད་དུ་བསྡམ། སྒལ་པ་བསྲང་ཞིང་ལུས་ཀུན་བསྒྲིམ། དཔུང་པ་དང་གྲུ་མོ་མ་གུག་པར་བརྒྱང་། མགྲིན་པ་ཅུང་ཟད་བཀུག །ལྕེ་རྩེ་ཡ་རྐན་ལ་གཏད་དེ་སོལ་བར་བག་ཙམ་ཡོད་པ་བྱས་ལ་མཆུ་བཙུམ། མིག་སྣ་རྩེའི་ཐད་ཀར་ཞི་བའི་ལྟ་སྟངས་བྱ་བ་སྟེ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་འདུག་གོ །སྤྱིར་བསམ་གཏན་མཐའ་དག་ལ་ལུས་ཀྱི་འཁྲུལ་འཁོར་གནད་ཆེ་ཞིང་། ཁྱད་པར་སེམས་གནས་པ་ལ་ལུས་གནད་ཤིན་ཏུ་གལ་ཆེ་བས་ནན་ཏན་ཆེར་བྱེད་དུ་བཅུག་ན་འགའ་ཞིག་ལ་འདི་རང་གིས་གནས་ཆ་རྙེད་པ་འོང་ཞིང་། ལུས་གནད་ཉིན་ཞག་འགའ་སྐྱོང་བ་བྱུང་ཡང་ལེགས་སོ། །དེ་ནས་ཉིན་མོ་ལྟ་སྟངས་ཀྱི་ཐད་ཀར་རྡེའུ་འམ་ཤིང་བུ་སོགས་ཀྱི་རྟེན་དཀར་མདངས་ཅན་མིན་པ་ཞིག་བཞག་སྟེ། དེ་ལ་སེམས་ལྷོད་ཀྱིས་གཏད་པ་ཙམ་བྱ་ཞིང་དེ་ཉིད་ལ་བ ཙིར་འཛིན་དང་བརྟག་དཔྱད་ཀྱང་མི་བྱ། སེམས་གཞན་དུ་ནམ་ཡང་མ་འཕྲོས་མ་ཡེངས་ཙམ་བྱས་ལ་གནས་སུ་འཇུག་


KMC003_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཡང་ཉི་གྲིབ་ཀྱི་འཚམས་སུ་རྫས་ཆུང་ངུ་ཞིག་ལ་གོང་ལྟར་སེམས་གཟུང་བ་རྣམས་བྱ། མཚན་མོ་རང་གི་སྨིན་མཚམས་སུ་ཐིག་ལེ་དཀར་པོ་སྲན་མ་ཙམ་ལ་སེམས་འཛིན་པ་དང་། རེས་རང་གི་འོག་ཏུ་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་སེམས་གཟུང་པ་གོང་བཞིན་བྱ། གནས་ཆ་རྙེད་དཀའ་བའི་རིགས་སེམས་འཛིན་པ་དེ་དག་གིས་དུབ་པ་ལ། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པའི་སྐུ་ཚོན་གང་བ་བསྒོམས་པའི་སྐུའི་ཆ་ལ་སེམས་གཟུང་བ་སོགས་སྣ་ཚོགས་པ་བྱ་བར་བཤད་ཀྱང་ཕལ་ཆེར་ལ་འདི་ཙམ་གྱིས་ཆོག་གོ །གནས་ཆ་རྙེད་ན་གནས་རང་བཞིན་གྱི་ངང་ལས་ཤིགས་བཤིགས་ལ་ཅུང་ཟད་ཙམ་ངལ་གསོ། ཐུན་ཆུང་ལ་གྲངས་མང་དུ་བྱ། ཐུན་བར་དུ་ལྟད་མོ་ལྟ་བ་དང་སྤྱོད་ལམ་དྲག་པོ་དང་སྨྲ་བ་མང་པོ་རྣམས་སྤང་ཞིང་ལུས་སེམས་དལ་དུ་བཅུག་གོ །གཉིས་པ་རྟེན་མེད་ལ་གཉིས། རླུང་ཅན་དང་། རླུང་མེད་དོ། །དང་པོ་ནི། ཐོག་མར་རླུང་བགྲང་བ་ལ་བརྟེན་ནས་སེམས་གཟུང་བ་ནི། རླུང་ཕྱིར་འགྲོ་བ་དང་ནང་དུ་


KMC003_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བ་གཉིས་དྲན་ཙམ་བྱ་ཞིང་གཞན་དུ་སེམས་མ་ཡེངས་པར་བྱས་ཏེ། རླུང་ཁུག་པ་དང་པོར་གསུམ་དེ་ནས་བདུན་སོགས་ཅི་རིགས་ལ་སེམས་བཟུང་ཞིང་། སེམས་འཚུབ་ན་སྐབས་སུ་ཅུང་ཟད་རེ་ངལ་གསོས་ལ་སྦྱང་དུ་བཅུག་སྟེ་ཉམས་བལྟ། དེ་ནས་རླུང་དགང་བ་ལ་བརྟེན་ནས་སེམས་གཟུང་བ་ནི། རླུང་རོ་གསུམ་མམ་དགུ་བུས་ལ་སྣ་གཉིས་ནས་དལ་བུས་རྔུབས་ཏེ་མཆིལ་མ་ཞིག་མིད་པ་དང་བཅས་པས་ཧ་ཅང་མནན་དྲག་པོ་མིན་པར་གསུས་པར་ཆིལ་གྱིས་མནན། དེ་ཅི་ཐུབ་ཀྱི་བར་སེམས་མ་འཕྲོས་ཙམ་ཧད་དེ་སེམས་མེ་འདུག །མི་ཐུབ་ན་སྣ་ནས་དལ་བུས་བཏང་ཞིང་ཕྱིར་འགྲོ་བ་དང་ནང་དུ་འོང་བའི་ཚེ་སྔར་བཞིན་འགྲོའང་དྲན་སེམས་ཙམ་ལས་སེམས་གཞན་དུ་མ་འཕྲོས་པ་བྱ། ངལ་ན་རླུང་སྣ་བུག་ནས་ཅི་བདེར་འགྲོ་འོང་བྱེད་དུ་བཅུག་ཅིང་སེམས་གཞན་དུ་མ་ཡེངས་པར་ལྷོད་དེ་སང་ངེ་བར་དྲན་པས་ཟིན་ཙམ་བྱ། ཅུང་ཟད་རེ་ངལ་གསོ་ཞིང་སླར་ཡང་དེ་ལྟར་སྦྱང་དུ་བཅུག་ལ་ཉམས་བལྟ། དེ་ལྟར་བྱས་པས་སེམས་


KMC003_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་དུ་སོང་ན་ཧ་ཅང་བསྒྲིམས་པའི་སྐྱོན་ཡིན་པས་ཁོང་གློད། སེམས་བན་བུན་མང་ཞིང་ཤིན་ཏུ་འཚུབ་ན་དུབ་པ་ཡིན་པས་ཞག་རེ་ཙམ་ཁམས་གསེང་བྱ། མགོ་འཁོར་བ་དང་སེམས་ཡེར་ན་རླུང་གིས་བསྐྱོད་པས་བཟའ་བཏུང་བཅུད་ཆེ་བ་ལ་བསྟེན་ཞིང་བསྐུ་མཉེ་བྱེད་དུ་བཅུག །འདི་ཡན་ཆད་ལ་སེམས་མ་ཟིན་པ་ཟིན་པར་བྱེད་པ་ཞེས་བྱ་སྟེ་སེམས་ཀྱི་གནས་ཆ་རྙེད་པ་བྱ་དགོས་སོ། །གལ་ཏེ་འདི་དག་གི་ཚེ་སེམས་འགྱུ་བ་མང་དུ་སོང་བ་ལྟར་གྱུར་ནས་གནས་ཆ་ཆུང་ན། སྔར་རྣམ་རྟོག་ལུ་གུ་རྒྱུད་དུ་འཕྲོས་པ་ཐམས་ཅད་མ་རིག་པ་ལ་འདིར་རྣམ་རྟོག་གཅིག་སྐྱེས་གཉིས་སྐྱེས་རིག་པས་འཕྲིག་ཚུད་ཅིང་གནས་ཆ་ཅུང་ཟད་རྙེད་པ་ཡིན་པས་སྐྱོན་དུ་མི་གཟུང་ཞིང་། རྟོག་པའི་སྣ་མི་བསྐྱིལ་རྗེས་མི་འབྲང་བར་ལྷོད་དེ་བཞག་པ་ལ་འབད་དུ་བཅུག་པས་གནས་པ་འཆར་རོ། །གལ་ཏེ་སེམས་འཕྲོས་པ་དང་གནས་པའི་དབྱིབས་གང་ཡང་མ་རིག་པར་ཁུ་འཕྲིག་མ་བྱུང་ན། ཕཊ་ཅེས་པའི་སྒྲ་དྲག་པོའི་རྗེས་སམ་འབོད་སྐད་དྲག་པོ་ལྟ་


KMC003_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་དུས་རྟོག་པ་སྔ་མ་རྒྱུན་ཆད་ཕྱི་མ་མ་སྐྱེས་པའི་བར་གྱི་སེམས་ལྟ་བུ་རྟོག་མེད་ཀྱི་གནས་ཆ་ཡིན་པ་དང་། དེ་ནས་འདི་བྱ་འདི་བྱེད་ཀྱི་བློ་སྐྱེས་པ་སོགས་རྣམ་རྟོག་འཕྲོས་པ་ཡིན་པའི་བརྡ་དོན་སྤྲད་ལ། རེས་བསྒྲིམ་རེས་གློད་པ་སོགས་ཐབས་སྣ་ཚོགས་པའི་སྒོ་ནས་ཁྲིད་མཁས་བྱས་ལ་འཕྲིག་ཚུད་དུ་བཅུག་སྟེ་ནན་གྱིས་སྦྱངས་པས་གནས་ཆ་རྙེད་པར་འགྱུར་རོ། །གཉིས་པ་རླུང་མེད་ནི། དེ་ལྟར་སེམས་ཀྱི་གནས་ཆ་ཅི་རིགས་རྙེད་ནས། ལུས་གནད་སྔར་ལྟར་བྱས་ལ་ཕྱིའི་གཟུགས་སྒྲ་སོགས་དང་ནང་གི་རླུང་འགྲོ་འོང་སོགས་གང་ལ་ཡང་སེམས་རྟེན་མི་བྱ་ཞིང་། སྔར་འདི་བྱས་འདི་བྱུང་སོགས་འདས་པ་ཡང་མི་སེམས། ཕྱིན་ཆད་འདི་བྱེད་འདི་བྱུང་ན་སོགས་མ་འོངས་པ་ཡང་མི་སྤྲོ། འཕྲལ་འདི་སྣང་འདི་འདུག་སོགས། ད་ལྟའི་རྟོག་པ་ཡང་ཡིད་ལ་མི་བྱེད་པར། ལྷོད་དེ་ལམ་མེ་ཝལ་ལེ་འབོལ་ལེ་གནས་སུ་བཅུག །གནས་བཞིན་ལས་ཤིགས་བཤིགས་ལ་སླར་གོང་བཞིན་བྱ། ཡུན་མི་རིང་ཙམ་ལ་གྲངས་མང་དུ་བྱའོ། །གནས་ཆ་ཚོལ་བའི་


KMC003_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཐམས་ཅད་ལ་ཧ་ཅང་སྒྲིམ་པ་དང་ཧུར་ཕྱུངས་དྲག་ན་སེམས་ལམ་མེར་གནས་པའི་གེགས་སུ་འགྱུར་བས་ཕལ་ཆེར་ལ་ཁོང་ཀློད་པ་བདེའོ། །དེ་ལྟར་བཞག་པས་སེམས་རྒོད་པའམ་ཡེར་ན། དྲོ་སར་བསྡད་བཟའ་བཏུང་བཅུད་ཅན་བསྟེན་བསྐུ་མཉེ་བྱ་ལྟ་སྟངས་སྨད། སེམས་ལྟེ་བའི་འོག་ཏུ་གཏད་ལ་ཕོ་རླུང་དྲག་པོ་མནན་ནོ། །སེམས་བྱིང་བའམ་ཉོག་ན། བསིལ་སར་བསྡད་གདོང་ལ་ཆུ་ཟིལ་བཏབ་རླུང་རོ་བསལ་ལྟ་སྟངས་དཔངས་བསྟོད། སེམས་ངར་བསྐྱེད་ལ་ཧུར་ཕྱུང་། ད་དུང་བྱིང་ན་འགྲོ་འཆག་བྱ་ཞིང་ཁམས་བསེང་ངོ་། །རྨུགས་ཤིང་གཏི་མུག་ན། ཡུལ་ཁྱད་པར་ཅན་ལ་ཕྱག་དང་སྐོར་བ་བྱ། མཆོད་སྦྱིན་དང་སྡིག་བཤགས་སོགས་དྲག་ཏུ་བྱ། ཏིང་ངེ་འཛིན་སྐྱེ་བར་གསོལ་བ་དུང་དུང་བཏབ་སྟེ་ཉམས་བསྐྱང་དུ་བཅུག །འདི་ལ་སེམས་ཟིན་པ་བརྟན་པར་བྱེད་པ་ཞེས་བྱ་སྟེ། གནས་ཆ་རྙེད་པ་དེ་རྟེན་གཏད་མེད་དུ་འཇོག་པ་ལ་བདེ་བར་མ་བྱང་ན་མཚན་མེད་ལ་བོགས་མི་འབྱུང་བས་བྱང་བ་གལ་ཆེ། དེ་ཡང་དྲན་


KMC003_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་སོང་བའི་གནས་པ་ལྟེམས་པོ་ཤར་ན་སྐྱོན་ཅན་ཡིན་པས་ཧུར་ཕྱུང་ལ་ཡུན་ཐུང་ངུ་རེ་ཡང་ཡང་བསྐྱར། བྱིང་བའམ་ལྡོབ་བེ་བ་དྲན་རིག་ཡོད་པ་ཙམ་བྱུང་ན་སྐྱོན་ཤུགས་ཀྱིས་དག་འགྲོ་བས་རེ་ཞིག་དེ་ཉིད་རང་སྦྱང་བའམ། སེམས་ཅུང་ཟད་ངར་བསྐྱེད་ལ་སྦྱང་བ་གང་འཕྲོད་བྱེད་དུ་བཅུག་གོ །གཉིས་པ་མཚན་མེད་ལ་གཉིས། སྒྲིམ་པ་དང་། གློད་པའོ། །དང་པོ་ནི། ལུས་གནད་སྔར་ལྟར་ལས་ལྟ་སྟངས་མིག་རང་གི་ཐད་ཀར་གཏད། སེམས་ངར་བསྐྱེད་ནས་སྐད་ཅིག་ཀྱང་མ་ཡེངས་པར་བསྒྲིམས་ཏེ། འདི་སྒོམ་གྱི་དམིགས་གཏད་མེད་པར་རྩེ་གཅིག་ཏུ་སིང་ངེ་ཡེ་རེ་བཞག །ཡུན་མི་རིང་ཙམ་ལ་བཤིག་ནས་ཡང་གྲིམ་གྱིས་བསྒྲིམས་ལ་སྐད་ཅིག་ཀྱང་མ་ཡེངས་པར་ཙེན་ནེ་འཇོག་པ་ལ་སྦྱང་དུ་བཅུག་ལ་ཉམས་ལྟ་བྱས་པས། སྔར་གྱི་གནས་པ་སྙོམ་མེ་བ་ལས་སེམས་དྲུང་སོང་ངེ་ནས་གསལ་ལེ་སིང་ངེ་གནས་ཤིང་དྲན་རིག་ཡེ་རེ་འདུག་ན་བོགས་ཐོན་པ་ཡིན་ལ། བློ་རྒོད་པའི་རིགས་འགའ་ལ་དྲུང་ཆ་ཐོན་ཡང་གནས་ཡུན་ཐུང་དུ་སོང་ན་སྐྱོན་


KMC003_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་བཟུང་བར་ཡུན་ཐུང་གྲངས་མང་བྱས་པས་གནས་པ་དྲུང་པོ་འཕེལ་ནས་འོང་ངོ་། །གཉིས་པ་ནི། ལུས་གནད་དང་ལྟ་སྟངས་གོང་བཞིན་བྱ། འདི་སྒོམ་འདི་མི་སྒོམ་དང་གནས་ན་དགའ་འཕྲོ་ན་མི་དགའ་བ་ལ་སོགས་པའི་ཞེ་འདོད་མ་བྱས་པར་སེམས་ལྷོད་གློད་ལ། དགག་སྒྲུབ་དང་བཅས་བཅོས་མ་བྱས་པར་སེམས་རང་བབས་སུ་འབོལ་ལེ་ཆམ་མེ་བཞག་ཅིང་། དེའི་ངང་ནས་མ་ཡེངས་ཙམ་གྱི་དྲན་པ་པུར་པུར་མིན་པའི་རླབས་ཆེ་བས་ལེ་བ་བྱས་ལ་གུ་ཡངས་སང་ངེ་བསྐྱང་ངོ་། །ད་ལྟར་བསྐྱངས་པས་རྣམ་རྟོག་རགས་པ་ཏིལ་གྱིས་འཆར་ན་དགག་ཀྱང་མི་དགག་རྗེས་སུ་ཡང་མི་འབྲང་བར་མ་ཡེངས་པའི་དྲན་པ་རང་ཚོ་བཟུང་། འགྱུ་བ་བན་བུན་ཕྲ་སིམ་མེ་བ་རྣམས་ལའང་དགག་སྒྲུབ་མི་བྱ། དྭང་མ་སིང་ངེ་ལྷན་ནེ་གནས་པ་དང་ཤིགས་བཤིགས་ལ་ཅུང་ཟད་རེ་ངལ་གསོ། ཡང་སྔར་བཞིན་བསྐྱང་དུ་བཅུག་ལ་ཉམས་བལྟ། དེ་ལ་སྔར་རྣམ་རྟོག་ཕྲ་རགས་རྣམས་བཀག་པ་ལྟར་བྱས་ཏེ་རིག་པ་སིང་ངེ་ཡེ་རེ་བར་བཅོས་


KMC003_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་རྩེ་གཅིག་ཏུ་བསྒྲིམ་དགོས་པ་ལྟ་བུས་ཅུང་ཟད་མི་བདེ་ལ། འདིར་མ་ཡེངས་ཙམ་གྱི་ངང་ནས་རང་ལུགས་སུ་བསྐྱང་བས་ཆོག་པ་དང་རྣམ་རྟོག་ཕྲ་རགས་འཆར་ན་ཡང་དྲན་པའི་ཚེ་བཟུང་བས་རྣམ་རྟོག་གིས་དོན་བྱེད་མི་ནུས་པར་ལྷན་གྱིས་ཞི་ནས་གནས་པའི་སྟེང་དུ་འགྲོ་བ་དང་། དྲན་པས་ཁྱབ་ན་གཞན་ཞེ་འདོད་མི་དགོས་པས་གུ་ཡངས་པ་ལྟ་བུ་ཞིག་འབྱུང་བ་དང་། ཤིགས་བཤིག་ལྷོད་ཀློད་དུས་སེམས་ཀྱང་ཤིག་གེ་ལྷོད་དེ་གནས་པའི་མཚང་རིག་ནས་སྐྱོང་བདེ་ན་བོགས་ཐོན་པ་ཡིན་ཞིང་། གལ་ཏེ་འོག་འགྱུ་ལྟ་བུར་ཤོར་ནས་ཡེངས་པའམ། ཅི་འགྱུས་འདི་འགྱུས་མེད་པར་དྲན་མེད་དུ་ཡེངས་པ་སོགས་བྱུང་ན་དྲན་པ་སྟོབས་ཆུང་བ་ཡིན་ལ། གནས་པ་སན་ནེ་བ་བྲང་ངེ་བ་འཚུབ་པ་བ་བྱུང་ན་གློད་ཞན་པ་དང་དྲན་རིག་བུར་བ་ཡིན་པས་སྐྱོང་ལུགས་ཀྱིས་སྐྱོན་བསལ་ཏེ་སྐྱོང་དུ་བཅུག །བློ་རིགས་བྱིང་ན་དྲན་རིག་གི་ངར་དང་སྟོབས་བསྐྱེད། རྒོད་ན་སེམས་ངར་ཅུང་ཟད་སྨད་དེ་གློད་ཆ་ཆེར་བཏང་ལ་བསྐྱངས་པས་སེམས་གསལ་


KMC003_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སིང་ངེ་གནས་ཤིང་། གཟུགས་སྒྲ་སོགས་ཀྱི་སྣང་བ་ཡང་ཝ་ལེ་བ་ཆམ་མེ་བ་སོང་ངེ་བ་བུན་ནེ་བ་ལྟ་བུར་འཆར་ན་ཞི་གནས་སྐྱེས་པ་ཡིན་པས། ཉམས་ཀྱི་བྱེ་བྲག་ཅི་འཆར་ནའང་དེའི་དབང་དུ་མི་འབྲང་བར་གསལ་སིང་ངེ་བ་ལ་མི་རྟོག་པའི་ངང་དུ་རེ་ཞིག་བསྒོམ་དུ་བཅུག །འདིར་རྐང་མ་ཚུགས་ན་སྒོམ་ཉིན་སྲིབ་ཅན་འོང་བས་རྐང་ཚུགས་པར་བྱ་སྟེ། དང་པོར་རྣམ་རྟོག་ཕྲ་རགས་མང་པོ་འཁྲུགས་པའི་བར་ན་མི་རྟོག་པར་གནས་པའི་ཆ་ཅུང་ཟད་ཙམ་རེ་རྙེད་པ་དེ་གཅོང་རོང་གི་འབབ་ཆུ་འདྲ་བའི་ཞི་གནས་དང་པོ་ཡིན། དེ་ནས་རྣམ་རྟོག་ཕལ་ཆེར་ཕྲ་ཉལ་གྱིས་སོང་ཞི་གནས་བདེ་ཆམ་མེ་གནས་ཤིང་། འོན་ཀྱང་རྣམ་རྟོག་གི་གཡོ་བ་དྲག་པོ་བྱུང་ན་མི་ནོན་པར་སྐབས་སྐབས་འཕྲོ་རྒོད་འབྱུང་བ་དེ་ཆུ་བོ་དལ་ཞིང་གཡོ་བ་ལྟ་བུའི་ཞི་གནས་བར་པ་ཡིན། དེ་ནས་རྣམ་རྟོག་ཕྲ་རགས་མི་ལྡང་བར་མི་རྟོག་པའི་ངང་དུ་བདེ་མེ་རེ་ཅི་ཙམ་བཞག་གི་བར་གནས་པའམ། རྣམ་རྟོག་ཕྲ་མོ་ཅུང་ཟད་རོ་ལྡང་ན་ཡང་དེས་རྟོག་པའི་བྱ་བ་མི་ནུས་


KMC003_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་རྟོག་པའི་ངང་དུ་རང་སར་དག་པ་དེ་ཆུ་མ་བུ་འཕྲད་པ་རྒྱ་མཚོ་ལྟ་བུའི་ཞི་གནས་མཐར་ཐུག་ཡིན་པས། ཞི་གནས་འདིས་ཕྱག་རྒྱ་ཆེན་པོའི་སྒོམ་ངོ་བོའི་གོ་མི་ཆོད་ན་ཡང་སྒོམ་གྱི་གཞི་ལ་ཡོད་པ་ཤིན་ཏུ་གལ་ཆེ་ཞིང་། རྣམ་དཀར་གྱི་ལས་གསོག་པའི་བསམ་གཏན་ཚད་མེད་པ་ཞིག་ཡིན་པས་ཞི་གནས་སྐྱོན་མེད་བརྟན་པོ་བསྒྲུབ་པར་བྱའོ། ༈ གཉིས་པ་ལྷག་མཐོང་གི་སྒོ་ནས་ཁྲིད་པས་གཉིས། སེམས་སྣང་སྣ་ཚོགས་ཀྱི་ངོ་བོ་གཏན་ལ་དབབ་པ་དང་། གཞི་རྩ་ལ་སྒྲོ་འདོགས་བཅད་པའོ། །དང་པོ་ལ་གཉིས། རྩ་བ་སེམས་ཀྱི་ངོ་བོ་གཏན་ལ་དབབ་པ་དང་། རྩལ་རྣམ་རྟོག་དང་སྣང་བའི་ངོ་བོ་གཏན་ལ་དབབ་པའོ། །དང་པོ་ནི། ལུས་གནད་སྔར་བཞིན་ལས་མིག་ཚམ་ཚུམ་དང་འགྱུར་བ་མེད་པར་ཧར་རེ་གཏད། ཤེས་པ་གསལ་སིང་ངེ་བ་ལ་མི་རྟོག་པའི་ཞི་གནས་ཀྱི་སྟེང་དུ་ལྷང་ངེ་བཞག་ལ། དེའི་ངང་ལ་སེམས་དེ་ཉིད་ལ་རྗེན་ལྷང་གིས་བལྟས་ཏེ་དབྱིབས་དང་ཁ་དོག་ལ་སོགས་པ་ཇི་ལྟ་བུ་ཞིག་འདུག །གནས་དང་རྟེན་གང་ལ་གནས། ངོས་


KMC003_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་རྣམ་འགྱུར་ཇི་ལྟར་འདུག་རྣམས་རིམ་པས་བརྟགས་ཤིང་དཔྱད། དེ་ཡང་ཟླུམ་པོ་གྲུ་བཞི་སོགས་དང་ས་རྡོ་རི་བྲག་རྩི་ཤིང་སོགས་དང་མི་དང་དུད་འགྲོ་སོགས་ཀྱི་དབྱིབས་སུ་འདུག་གམ། དཀར་པོ་དང་ནག་པོ་སོགས་ཀྱི་ཁ་དོག་ཏུ་འདུག་གམ་རེ་རེ་ཞིང་རྡོ་རུས་འཕྲོད་པར་བརྟག །དེ་བཞིན་དུ་སེམས་ཕྱི་རོལ་སྣོད་བཅུད་ཀྱི་དངོས་པོ་ལ་གནས་སམ་ནང་རྣམ་སྨིན་གྱི་ལུས་ལ་གནས། ལུས་ལ་གནས་ན་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ལྷུ་དང་དུམ་བུ་ལ་གནས་སམ་སྤྱི་ཁྱབ་ཏུ་གནས། སྤྱི་ཁྱབ་ཏུ་གནས་ན་ཕྱི་ནང་གི་ཚུལ་དུ་གནས་སམ་འདྲེས་པའི་ཚུལ་དུ་གནས། འདྲེས་ན་སེམས་ཕྱིའི་ཡུལ་དང་རྫས་ལ་འཕྲོས་པའི་ཚེ་ཇི་ལྟར་སོང་ལ་སོགས་པ་བརྟག །དེ་བཞིན་དུ་སེམས་ཀྱི་ངོ་བོ་དེ་སྟོང་པའི་ངོས་བཟུང་དུ་འདུག་གམ་གསལ་བའི་ངོས་བཟུང་དུ་འདུག །སྟོང་པ་ལ་ཅང་མེད་ཀྱི་སྟོང་པའམ་ནམ་མཁའ་ལྟ་བུའི་སྟོང་པར་འདུག་དང་། གསལ་རིག་ཅན་ལ་ཉི་ཟླའི་འོད་དམ་མར་མེ་ལྟ་བུ་སོགས་ཇི་ལྟར་གསལ་བརྟག་ཏུ་


KMC003_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག །འདི་ལ་རྡོ་རུས་ཐུག་པ་ཁོ་ཐག་མཆོད་ཀྱི་བར་བརྟག་དཔྱད་བྱ། ཐོས་ལོ་དང་གོ་བ་ཙམ་ཞེ་ལ་བཞག་ནས་མ་བརྟགས་ན་ཕུ་ཐག་མི་ཆོད་པས་ཕུགས་གཏུག་ལ་བརྟག་ཏུ་བཅུག །ལོག་ཤེས་བཟུང་ན་གནོད་བྱེད་བཏང་ལ་སླར་གཞིག་ཏུ་བཅུག་པས་དབྱིབས་དང་ཁ་དོག་དང་གནས་དང་རྟེན་དང་རྫས་སུ་མ་གྲུབ་པར་ཐག་ཆོད་པ་ནི་སླ་ལ། ངོ་བོ་ངོས་བཟུང་གསལ་སྟོང་གི་ངང་དུ་ལྷན་ནེ་གནས་པ་ཞིག་ཏུ་གོ་ན་གནས་པའི་ཉམས་ཡིན་པའི་འཕྲིག་མ་ཚུད་པས། མཎྜལ་དང་གསོལ་བ་དྲག་ཏུ་འདེབས་ཤིང་གསལ་ལུགས་དང་སྟོང་ལུགས་གནས་ལུགས་རྣམས་རེ་རེ་བཞིན་བརྟག་ཏུ་བཅུག་པས། དངོས་པོ་དང་རྫས་སུ་མ་གྲུབ་པས་དབྱིབས་དང་ཁ་དོག་མེད་ཅིང་གནས་དང་རྟེན་ཡང་མེད་ལ། འདི་འདྲ་འདི་ཡིན་གྱི་ངོས་བཟུང་མེད་པར་གསལ་སྟོང་ལྟ་བུའི་བརྗོད་མི་ཚུགས་པ་ཅིག་ལ་མྱོང་རྒྱུ་ཡོད་པ་ཞིག་ཏུ་གོ་ན། མགོ་གཡོགས་ལ་གཅུན་པས་གོ་བའམ་རྣ་ཐོས་ཡིན་ན་མི་མཚུངས་པ་མང་པོ་འབྱུང་ཞིང་རྟག་མི་ཐུབ། མྱོང་བ་ཡིན་ན་ཟེར་ལུགས་མི་


KMC003_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནའང་གོ་དོན་ཐག་གཅིག་ཏུ་འོང་། དེ་བྱུང་ན་མྱོང་བ་སྐྱེས་པ་ཡིན་ནོ། །འོན་ཀྱང་སྨྲ་མཁས་ཤིང་ཚིག་ལེགས་ཀྱང་མྱོང་བ་མེད་པ་དང་། སྨྲ་མི་ཤེས་བཤད་མི་ཚུགས་ཀྱང་མྱོང་བ་སྐྱེས་པ་ཡོང་བས་བླ་མས་མྱོང་ཐོག་ནས་གདར་ཤ་ལེགས་པར་བཅད་ལ་ཕུ་ཐག་ཆོད་པ་དང་། སྔར་གྱི་ཞི་གནས་གསལ་སིང་ངེ་བ་ལ་མི་རྟོག་པའི་ངང་ནས་སེམས་ལ་རྗེན་ལྷག་གིས་བལྟས་པས་ཚིག་གི་བརྗོད་པས་མི་མཚོན་པའི་ཤེས་པ། ངོས་བཟུང་མེད་བཞིན་དུ་རང་རིག་པའི་གསལ་སྟོང་སིང་ངེ་བ་ཡེ་རེ་བ་ཧྲིག་གེ་བ་ལྟ་བུ་དེ་མ་ཡེངས་པར་སྐྱོང་དུ་བཅུག་གོ །གཉིས་པ་ནི། ལུས་གནད་སོགས་གོང་ལྟར་བྱས་ཏེ་ངོས་བཟུང་མེད་པའི་སེམས་གསལ་སྟོང་གི་ངང་ནས་ཞེ་སྡང་ལྟ་བུའི་རྣམ་རྟོག་རགས་ཤིང་ངར་ཆེ་བ་ཞིག་འགྱུར་བཅུག་ལ། དེ་ལྷང་གིས་སྐྱེས་པ་དང་དེ་ལ་རྗེན་ཆར་གྱིས་བལྟས་ནས་དབྱིབས་དང་ཁ་དོག་གནས་དང་རྟེན་ངོས་བཟུང་དང་རྣམ་འགྱུར་སོགས་ཇི་ལྟར་འདུག་སྔར་ལྟར་བརྟག་དཔྱད་བྱ། དེ་བཞིན་དུ་རྣམ་རྟོག་ཕྲ་མོ་ཤར་


KMC003_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་སྤྲོས་ཏེ་དེའི་ངོ་བོ་ལ་བལྟ་ཞིང་བརྟག་དཔྱད་བྱ། དེ་བཞིན་སྣོད་བཅུད་དང་དགྲ་གཉེན་དང་སྐྱིད་སྡུག་ལ་སོགས་པའི་སྣང་བའི་འཆར་སྒོ་ཕྲ་རགས་ཅི་རིགས་པ་ཤར་བའམ་འཆར་དུ་བཅུག་ལ་དེའི་ངོ་བོ་ལ་བརྟག་ཅིང་དཔྱད། སྔར་བལྟས་པས་ངོས་བཟུང་མ་བྱུང་བའི་རིགས་འགྲེ་བྱས་ན་མ་བརྟགས་ན་མྱོང་བ་ཕྲ་ཞིབ་ཅན་མི་འབྱུང་ཞིང་། རྣམ་རྟོག་དང་སྣང་བ་ཕྲ་རགས་ལ་ངོས་བཟུང་མེད་པའི་གོ་བ་ཙམ་ལས་ཐུག་འཕྲད་དུ་ངོ་ཤེས་འཕྲད་པ་ལྟ་བུའམ། རྫུན་ཕུགས་རྡིབ་པ་ལྟ་བུར་གྲོལ་བའི་མྱོང་བ་རྒྱུན་བརྟན་པོ་མི་འོང་བས་སྙིང་རུས་བསྐྱེད་ནས་ཁོ་ཐག་མ་ཆོད་ཀྱི་བར་བརྟག་དཔྱད་བྱེད་དུ་བཅུག་གོ །འདིས་བློ་གཅོད་ཁམས་བཟང་ངན་སུ་ལ་ཡང་དོན་གྱི་ཐོབ་པ་ཆེན་པོ་འབྱུང་བས་འོད་གསལ་སྤྱི་ཙམ་ལ་མི་བཞག་གོ །དེ་ནས་ཉམས་བལྟས་པས། རྣམ་རྟོག་གང་སྣང་བའི་འཆར་སྒོ་རྣམས་བརྟགས་པའི་ཚེ་དབྱིབས་ཁ་དོག་དང་ངོས་བཟུང་མི་འདུག་ཅིང་། སེམས་ཀྱི་ངོ་བོ་གསལ་སྟོང་དེ་ཀར་སོང་ཞེས་པ་ལ་སོགས་པའི་གོ་ཡུལ་ཙམ་ཟེར་


KMC003_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ན། གསལ་སྟོང་ཟེར་བའི་ཚིག་རིགས་ལ་ངེས་པ་མེད་པས་རྣམ་རྟོག་ལ་སོགས་པའི་འཆར་སྒོ་དེ་འགག་པའམ་ཞིག་པ་ལྟ་བུ་མེད་པར་གསལ་སྟོང་དུ་སོང་ངམ། ཡོད་བཞིན་དུ་ནི་གསལ་བ་ཡིན་དུ་ཆུག་ཀྱང་སྟོང་པའི་དོན་མེད་དོ་ཞེས་གཅུན་ལ་བརྟག་དཔྱད་བྱེད་དུ་བཅུག །རྣམ་རྟོག་གང་ཤར་དེའི་འཆར་སྒོ་དེ་ཉིད་མ་འགགས་པར་གསལ་བཞིན་དུ་རྟོག་པའི་བྱ་བ་མི་བྱེད་པའི་ངོས་བཟུང་རྒྱུ་མེད་པ་ཞིག་དང་། སྣང་བ་ཡང་སྣང་ཆ་མ་འགག་པར་སྣང་ཙམ་ལས་ཨ་འཐས་ཀྱི་བདེན་འཛིན་མེད་པ་བཀྲག་མེད་ལྟ་བུ་འདི་འདྲ་ཞེས་བརྗོད་པར་དཀའ་བ་ཞིག་འདུག་པར་གོ་ན་མྱོང་བ་སྐྱེས་པ་ཡིན་པས། གསལ་ལ་ངོས་བཟུང་མེད་པ་གསལ་སྟོང་ངམ་སྣང་ལ་རང་བཞིན་མེད་པ་སྣང་སྟོང་དེ་ཉིད་རང་མ་ཡེངས་པར་སྐྱོང་དུ་བཅུག །ཁ་ཅིག་རྣམ་རྟོག་གམ་སྣང་བ་ལ་ཅེར་བལྟས་པས་དེ་ཞི་གནས་གསལ་སྟོང་དུ་འགྲོ་ཟེར་བ་ནི་རྟོག་པ་དང་སྣང་བ་ཉིད་གཏན་ལ་མ་ཕེབས་པར་དེའི་གཉེན་པོར་གསལ་སྟོང་གི་བློ་བཏང་བའོ། །གཉིས་པ་ལ་


KMC003_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། རྣམ་རྟོག་སེམས་སུ་ཐག་བཅད་པ། སྣང་བ་སེམས་སུ་ཐག་བཅད་པ། སེམས་གནས་འགྱུའི་རྩ་བ་བཅད་པ། གང་ཤར་སྐྱེ་མེད་དུ་ཐག་བཅད་པའོ། །དང་པོ་ནི། ལུས་གནད་སོགས་སྔར་ལྟར་བྱས་ལ་སེམས་གསལ་སྟོང་དུ་མཉམ་པར་བཞག་པའི་ངང་ནས་ཞེ་སྡང་ལ་སོགས་པའི་རྣམ་རྟོག་ཅིག་ལམ་གྱིས་སྤྲོས་ཏེ། དེ་ལ་ཅེར་གྱིས་བལྟས་ལ་དེ་རྒྱུའམ་གཞི་ཅི་ལ་བརྟེན་ནས་བྱུང་ལེགས་པར་བརྟག །སེམས་གསལ་སྟོང་གི་ངང་དེ་ཉིད་ལས་བྱུང་སྙམ་ན། མ་ལས་བུ་སྐྱེས་པ་ལྟར་བྱུང་ངམ་ཉི་མ་ལས་འོད་ཤར་བ་ལྟར་རམ་སེམས་དེ་རྣམ་རྟོག་དེར་སོང་ལ་སོགས་པ་བརྟག །ཚུལ་ཇི་ལྟ་བུར་གནས་བལྟས་ལ་ཞེ་སྡང་གི་རྣམ་པར་སྣང་ན། ཞེ་སྡང་དེ་ཉིད་ཀུན་དཀྲིས་དྲག་པོའི་བདེན་འཛིན་དང་བཅས་པར་སྣང་ངམ། ཞེ་སྡང་ལྟ་བུའི་རྣམ་པ་ཙམ་ལ་ངོ་བོ་ངོས་བཟུང་རྒྱུ་མེད་པའི་ཕྱལ་ལེ་བ་ལྟ་བུ་ཞིག་འདུག་བརྟག །མཐར་ཇི་ལྟར་སོང་བལྟས་ལ་རྟོག་པ་དེ་བཀག་གམ་སངས། བཀག་ན་སུས་བཀག་རྐྱེན་ཅིས་དགགས། སངས་ན་རྐྱེན་གྱིས་སངས་


KMC003_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སམ་རང་སངས་ལ་སོང་བ་བརྟག །དེ་བཞིན་དུ་རྣམ་རྟོག་ཕྲ་རགས་སྣ་ཚོགས་པ་ལ་གོང་བཞིན་བརྟག་དཔྱད་བྱེད་དུ་བཅུག་ལ་ཉམས་བལྟ། ལོག་ཤེས་འདུག་ན་གནོད་བྱེད་བཏང་ཞིང་ཕྱོགས་ཙམ་བསྟན་ལ་སླར་བརྟག་ཏུ་བཅུག །འདི་ན་འདི་བཞིན་བྱུང་དང་དབྱིབས་རྣམ་འགྱུར་འདིར་གནས་དང་ཐ་མ་འདིར་སོང་མི་རྙེད་ཀྱང་རྣམ་རྟོག་དང་སེམས་ཐ་དད་དང་ཕྱི་ནང་ལྟ་བུ་དང་ལུས་དང་ཡན་ལག་ལྟ་བུའི་བློ་ཞི་གནས། རྣམ་རྟོག་སྣ་ཚོགས་པ་རྣམ་པ་ཅིར་སྣང་ཡང་ངོ་བོ་ངོས་བཟུང་མེད་པ་སྣང་སྟོང་དུ་མྱོང་ཞིང་རང་ཤར་རང་གྲོལ་དུ་རིག་སྟེ། སེམས་ཀྱི་གོ་མ་འགག་པས་སེམས་རྣམ་རྟོག་ཏུ་ཤར་བའམ་དེར་སྣང་བ་ཙམ་དུ་ངེས་ནས་རྣམ་རྟོག་དང་སེམས་ཉིད་དབྱེར་མེད་དུ་ཐག་ཆོད་དགོས་ལ། དཔེར་ན་ཆུའི་རླབས་ལྟ་བུ་སྟེ། རླབས་ནི་ཆུ་ལས་མ་འདས་ཤིང་ཆུ་ཉིད་ཀྱང་རླབས་སུ་ཤར་ལ། ཤར་ཡང་ཆུའི་རང་བཞིན་ལས་མ་གཡོས་པ་ལྟར། རྣམ་རྟོག་སྣ་ཚོགས་པ་ཤར་ཙམ་ཉིད་ནས་ངོས་བཟུང་མེད་པའི་སེམས་གསལ་སྟོང་ལས་མ་


KMC003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཤིང་། སེམས་ཀྱང་འཆར་སྒོ་མ་འགག་པས་རྣམ་རྟོག་སྣ་ཚོགས་པར་ཤར་ལ། དེར་ཤར་ཡང་ངོ་བོ་ངོས་བཟུང་མེད་པའི་སེམས་གསལ་སྟོང་ལས་མ་གཡོས་པར་ཁོ་ཐག་ཆོད་ནས་རྣམ་རྟོག་སྣ་ཚོགས་པ་སེམས་སུ་ངེས་པའི་མྱོང་བ་ཐོན་དགོས་ཤིང་། དེ་བཞིན་དུ་སྐྱིད་པའི་རྟོག་པ་ཞིག་དང་སྡུག་པའི་རྟོག་པ་ཞིག་སྤྲོས་ལ་དེ་གཉིས་ཀྱི་ངོ་བོ་ལ་ཁྱད་ཅི་འདུག་བལྟ་བ་སོགས་རྒྱབ་བསྣོལ་གྱི་རྟོག་པ་ཡང་ཐག་ཆོད་པར་བྱའོ། །གཉིས་པ་ནི། ལུས་གནད་སོགས་སྔར་ལྟར་བྱས་ཏེ་སེམས་གསལ་སྟོང་གི་ངང་ནས་གཟུགས་སྣང་གང་ཡང་རུང་བ་ཞིག་རྣམ་པ་གསལ་ལམ་གྱིས་འཆར་དུ་བཅུག་ལ། དེའི་བྱུང་གནས་འགྲོ་གསུམ་གོང་བཞིན་བརྟག །གཟུགས་སྣང་དང་སེམས་གཉིས་ཐ་དད་དུ་འདུག་གམ་གཅིག་ཏུ་འདུག །ཐ་དད་ན་ཕན་ཚུན་ནམ་ཕྱི་ནང་ངམ་སྟེང་འོག་ལྟ་བུར་འདུག་གམ། དེ་ལྟར་འདུག་ན་རང་ཚུགས་ཐུབ་པའི་ངོ་བོ་སོ་སོར་གྲུབ་པ་འདུག་གམ་སེམས་དེར་སྣང་བ་ཙམ་དུ་འདུག །སེམས་དེར་སྣང་བ་ཙམ་ལ་སེམས་གཅིག་ལས་མེད་པ་ཐ་


KMC003_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དད་དུ་འགལ་བར་བརྟག །གཟུགས་སྣང་དང་སེམས་གཅིག་ན་སེམས་གཟུགས་སྣང་དུ་སོང་ནས་གཅིག་གམ་གཟུགས་སྣང་སེམས་སུ་སོང་ནས་གཅིག་ལ་སོགས་པ་བརྟག་ཏུ་བཅུག་ལ་ཉམས་བལྟ། ལོག་ཤེས་འདུག་ན་གནོད་བྱེད་གཏོང་ཞིང་ཕྱོགས་བསྟན་ཏེ། གཟུགས་ཀྱི་སྣང་བ་གང་སྣང་སེམས་ཀྱི་སྣང་ཆ་ཙམ་དུ་ངེས་ནས་གཟུགས་ཀྱི་རྣམ་པ་སྣ་ཚོགས་པར་སྣང་ཡང་ངོ་བོ་ངོས་བཟུང་དུ་གྲུབ་པ་མེད་པ་སྣང་སྟོང་དུ་མྱོང་ཞིང་། སེམས་ཀྱི་རྩལ་མ་འགགས་པས་གཟུགས་ལ་སོགས་པའི་རྣམ་པར་སྣང་བ་ཙམ་དུ་རིག་ནས། གཟུགས་སྣང་ཕྱིར་མ་ལུས་སེམས་ནང་དུ་མ་ལུས་པར་སྣང་སེམས་དབྱེར་མེད་དུ་ཐག་ཆོད་དགོས་ལ། དཔེ་དོན་གོང་དུ་བཤད་པ་ལྟར་རམ་རྨི་ལམ་ན་ཕྱི་རོལ་གྱི་གཟུགས་སྣ་ཚོགས་པ་ཤར་ཡང་རྨི་ལམ་གྱི་ཤེས་པ་ལས་མ་འདས་ཤིང་རྨི་ལམ་གྱི་གཟུགས་དང་རྨི་ལམ་གྱི་ཤེས་པ་དབྱེར་མེད་པ་ལྟ་བུའོ། །གནས་སྐབས་སྤྱི་མཐུན་གྱི་ལས་ཀྱིས་སྣང་བའི་ཡུལ་རྐྱེན་གྱིས་སོ་སོ་སྣ་ཚོགས་པར་སྣང་བ་ནི། དཔེར་ན་


KMC003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་དྭངས་པ་ཞིག་ཡུལ་རྐྱེན་སྔོན་པོ་སོགས་དང་འཕྲད་ན་སྔོན་པོ་སོགས་སུ་སྣང་ཙམ་ལས་ངོ་བོ་ཤེལ་དྭངས་པ་དེ་ཉིད་ལས་གཞན་དུ་མ་སོང་བ་ལྟར། སྒོ་མ་འགག་པའི་སེམས་ལས་མ་དག་བར་དུ་ཡུལ་རྐྱེན་སྣ་ཚོགས་དང་འཕྲད་ན་སྣ་ཚོགས་སུ་སྣང་ཙམ་ལས་ངོ་བོ་སེམས་ལས་གཞན་དུ་མ་སོང་བར་ཐག་ཆོད་ནས་སྣང་བ་སྣ་ཚོགས་སེམས་སུ་ངེས་པའི་མྱོང་བ་ཐོན་དགོས། དེ་བཞིན་དུ་མཛེས་མི་མཛེས་སོགས་རྒྱབ་འགལ་གྱི་སྣང་བ་གོང་ལྟར་བརྟག །གཟུགས་ཀྱིས་མཚོན་ནས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཐམས་ཅད་བརྟགས་ནས་ངེས་པ་རྙེད་པར་བྱའོ། །གསུམ་པ་ནི། ལུས་གནད་སྔར་ལྟར་བྱས་ལ་སེམས་གསལ་སྟོང་གི་ངང་དུ་ལྷན་ནེ་གནས་སུ་བཅུག་སྟེ་དེ་ལ་ཅེར་གྱིས་བལྟས་ནས་བརྟག །ཡང་ལྷན་གནས་པའི་ངང་ནས་འགྱུ་བ་ཞིག་ཡེར་གྱིས་འགྱུར་བཅུག་སྟེ་དེ་བ་བལྟས་ནས་བརྟག །དེ་ནས་གནས་པ་དང་འགྱུ་བ་གཉིས་ཀྱི་བྱུང་གནས་འགྲོ་གསུམ་དང་ངོ་བོ་ངོས་བཟུང་གི་ཁྱད་པར་ཅི་འདུག་བརྟག །ལྷན་གནས་པ་དང་ཡེར་ཤར་


KMC003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁྱད་པར་འདུག་ན། དེ་གཉིས་རང་ལ་བཟང་ངན་དང་སྟོང་མ་སྟོང་དང་ངོ་བོ་གྲུབ་མ་གྲུབ་དང་ངོས་བཟུང་ཡོད་མེད་ཀྱི་ཁྱད་པར་ཅི་འདུག་ལ་སོགས་པ་བརྟག །ཁྱད་པར་མེད་ན་གཅིག་ནས་ཁྱད་པར་མེད་དམ་ཐ་དད་ཀྱང་མཚུངས་ནས་ཁྱད་པར་མེད་བརྟག །གཅིག་ན་ཐོག་མཐའ་བར་གསུམ་གང་དུ་གཅིག་བརྟག །མཚུངས་ན་ཇི་ལྟར་མཚུངས་ལ་སོགས་པ་བརྟག་དཔྱད་བྱེད་དུ་བཅུག་ལ་ཉམས་བལྟ། ལོག་ཤེས་འདུག་ན་མཐའ་བཀག་ཅིང་ཕྱོགས་བསྟན་ལ་སླར་བརྟག་ཏུ་བཅུག །ལྷན་ནེར་གནས་པ་དང་ཡར་གྱིས་འགྱུས་པ་གཉིས་རྒྱུད་ཐ་དད་དུ་འཛིན་པ་ལས་ལོག་སྟེ། གཉིས་ཀ་སེམས་ཉིད་གཅིག་པུ་རྩ་བྲལ་ངོས་བཟུང་མེད་པ་རང་རིག་རང་དག་གསལ་སྟོང་དུ་ངོ་བོ་གཅིག་པ་མྱོང་ནས། དེ་གཉིས་གང་བྱུང་ཡང་དགག་སྒྲུབ་སྤང་བླང་མི་དགོས་པར་གནས་ན་གནས་ཐོག་འགྱུ་ན་འགྱུ་ཐོག་དེ་གསལ་སྟོང་རང་གྲོལ་དུ་ངེས་ཤེས་སྐྱེ་དགོས་པ་ཡིན་ནོ། །བཞི་པ་ནི། སྔར་བཞིན་སེམས་གསལ་སྟོང་གི་ངང་ན་རྣམ་རྟོག་དང་


KMC003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་སྣ་ཚོགས་ནི་སེམས་འདི་ཀ་མ་འགགས་པའི་རྩལ་སྣང་དུ་འདུག །ད་ནི་སེམས་འདི་ཀའི་རང་བབས་འདི་ཅི་ལྟ་བུ་སྙམ་དུ་ཅེར་གྱིས་བལྟས་ལ་འདིའི་རྒྱུ་གང་ལས་བྱུང་ཚུལ་ཇི་ལྟར་གནས་མཐར་ཇི་འདྲར་སོང་ལེགས་པར་བརྟག་ཏུ་བཅུག །ལོག་ཤེས་འདུག་ན་མཐའ་དགག་ཅིང་ཕྱོགས་བསྟན་ལ་སླར་ཡང་བརྟག་ཏུ་བཅུག་ནས། སེམས་དང་པོར་རྒྱུ་རྐྱེན་ལས་མ་བྱུང་གཞི་གང་ལས་ཀྱང་མ་སྐྱེས་པ་ཡེ་ནས་ཀྱི་རྩ་བྲལ། འཕྲལ་གྱི་དབྱིབས་རྣམ་འགྱུར་སོགས་གང་དུ་མི་གནས་ཤིང་ངོས་བཟུང་རྒྱུ་མེད་པ། མཐར་སུས་ཀྱང་བཀག་པ་མེད་པར་རང་སངས་རང་དག་རང་གྲོལ་ལྟ་བུར་འདུག་པ་མྱོང་སྟེ། གདོད་མ་ནས་སྐྱེ་འགག་གནས་གསུམ་གྱི་ངོས་བཟུང་མེད་པར་རང་རིག་སྟོང་པ་ཉིད་ཡིན་པའི་ཡིན་ལུགས་ལྟར་གང་ཤར་གྱི་སེམས་ལ་བཟང་པོས་བརྒྱན་མི་ཚུགས་ངན་པས་སྦགས་མི་ཚུགས་པས་བཅོས་བསླད་དང་འཕྲི་བསྣན་མི་དགོས་པར་རང་དག་རང་རིག་རང་གྲོལ་ཉིད་དུ་ཐག་ཆོད་དགོས་སོ། །དེ་ལྟར་ལྷག་མཐོང་གི་ལྟ་རྟོག་དང་


KMC003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གཞིག་འགྲེལ་ཐམས་ཅད་ལུས་གནད་དང་སེམས་གསལ་སྟོང་མཉམ་བཞག་གི་སྟེང་ནས་བརྟགས་ཤིང་དཔྱད་ན་ལྷག་མཐོང་གི་ཤེས་རབ་ཀྱིས་མྱོང་ལ། རྟོག་བཏགས་ཀྱི་བློ་ཁོ་ནས་དཔྱད་ན་དོན་སྤྱི་ཙམ་འཆར་སྲིད་ཀྱང་མྱོང་བ་མི་ཐོན་ནོ། །འདི་ལ་ངེས་ཤེས་ཐག་ཆོད་པ་མ་སྐྱེས་ན་ངོ་སྤྲད་ཀྱང་ཕྱིས་དེ་ལ་བློ་མི་ཁེལ་བར་གཞན་ལ་འཇུག་པའམ། སྙིང་རུས་བསྐྱེད་ནས་བསྒོམས་ནའང་ཞི་གནས་ཙམ་པོ་བའི་སྟེང་དུ་འཁོར་ཏེ་དེའི་ཉམས་སྣང་ལ་ཞེན་པས་ལོ་མང་པོ་འབད་ཀྱང་བྱང་ཆུབ་ཏུ་བགྲོད་པའི་ས་མི་ཆོད་པ་ཡིན་ནོ། །དེ་ལ་བློ་རབ་ཀྱིས་རྟོགས་པ་ཐོབ་པ་འབྲིང་གིས་མྱོང་བ་ཐོབ་པ་ཐ་མས་གོ་བ་བརྟན་པོ་ཐོབ་པ་དགོས་ཟེར་ཡང་གོ་བས་ཅུང་མི་འོང་ངོ་། །འདི་དག་ལ་བཤད་མཁས་ཀྱང་མྱོང་བ་མ་ཐོན་པ་དང་མྱོང་ཡང་བཤད་མི་ཤེས་པ་ཡོང་བས་བླ་མས་མཐའ་གཅུན་ཞིང་ཕྱོགས་སྟོན་པའི་སྒོ་ནས་ཁྲིད་མཁས་དང་མགོ་གཡོགས་ལ་འདྲི་མཁས་བྱ། མྱོང་བ་དགའ་མོ་སྐྱེས་འདུག་ནའང་ཁ་ཡར་གྱིས་ངོ་སྤྲོད་བྱ་ཤོར་དུ་སོང་བ་ཡེ་


KMC003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ་བར་སོམ་མོ། །རེ་ཞིག་མྱོང་དུ་བཅུག་གོ །ཁ་ཅིག་ལྷག་མཐོང་གི་ཁྲིད་དང་ངོ་སྤྲོད་སྤེལ་མར་བྱེད་པ་དང་ངོ་སྤྲོད་ཀྱི་སྐབས་སུ་བལྟ་ཉུལ་བྱེད་པ་སྣ་ཚོགས་སྣང་ཡང་། འདི་དག་གི་སྐབས་སུ་དཔྱད་གཞིག་གིས་ཐག་བཅད་ལ་མྱོང་བ་བསྐྱེད་དེ་ངོ་སྤྲོད་ཀྱི་སྐབས་སུ་མྱོང་བ་ངོ་སྤྲད་ལ་སྒོམ་དུ་གཞུག་པ་དེ་ཀ་ལེགས་པ་ཡིན་ལ། འདི་ཅི་ནས་ཀྱང་མྱོང་བ་སྐྱེ་མ་ཚུགས་ན་རེ་ཞིག་ཞི་གནས་དེ་ཉིད་གསལ་རིག་ཐོན་པ་སྐྱོང་དུ་བཅུག་ལ་ཅི་ཞིག་ན་ཁྲིད་པས་དོན་གྲུབ་ནས་མྱོང་བ་བརྟན་པོ་འོང་ངོ་། ༈ །གཉིས་པ་ངོ་སྤྲོད་པའི་རིམ་པ་ལ་གཉིས། ལྷན་སྐྱེས་ངོ་སྤྲོད་པ་ལ་དངོས་དང་། སྐྱོན་སེལ་ཞིང་སྒོམ་པ་ངོས་བཟུང་བའོ། །དང་པོ་ལ་གསུམ། སེམས་ཉིད་ལྷན་སྐྱེས་ངོ་སྤྲད་པ། རྣམ་རྟོག་ལྷན་སྐྱེས་ངོ་སྤྲད་པ། སྣང་བ་ལྷན་སྐྱེས་ངོ་སྤྲད་པའོ། །དང་པོ་ནི། ངོ་སྤྲོད་བྱེད་པའི་ཚེ་བླ་མ་དང་སློབ་མ་མིན་པར་གཞན་ཕག་ཏུ་རང་མི་བཞག་པར་སྤྲོ་ན་མ་ལུས་གནད་སྔར་ལྟར་བྱེད་དུ་བཅུག་སྟེ། ཁྱོད་ཀྱིས་སེམས་མ་བཅོས་པར་རང་ལུགས་སུ་བཞག་པའི་དུས་ན་


KMC003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་པ་ཕྲ་རབས་ཐམས་ཅད་རང་སར་ཞི་ནས་སེམས་ཉིད་རང་ལུགས་སུ་གནས་པ་ཞིག་འདུག་གམ་མཉམ་པར་ཞོག་ལ་ལྟོས་དང་ཞེས་བལྟར་བཅུག །དེ་ལ་ཞི་གནས་ཟེར་བ་ཡིན། དེའི་ངང་ནས་རྨུགས་པའམ་ལུང་མ་བསྟན་ནམ་ཕྱལ་བར་མ་སོང་བར་སེམས་ཀྱི་ངོ་བོ་དེ་འདི་འདྲ་ཞེས་ངག་ཏུ་སྨྲར་མ་ཚུགས་སེམས་ཀྱིས་བསམ་དུ་མེད་པ་ངོས་བཟུང་ཐམས་ཅད་དང་བྲལ་བ་གསལ་ལམ་འགགས་པ་རང་གིས་རང་རིག་པའི་ཤེས་པ་སིང་ངེ་བ་ལྟ་བུ། མྱོང་རྒྱུ་མེད་པའི་མྱོང་རྒྱུ་འདྲ་བ་ཞིག་འདུག་གམ་མཉམ་བཞག་གི་ངང་ནས་ལྟོས་དང་ཞེས་བལྟར་བཅུག །དེ་ལ་ལྷག་མཐོང་ཟེར་བ་ཡིན། དེ་གཉིས་འདིར་བརྗོད་པ་སྔ་ཕྱི་ཡོད་ཀྱང་དོན་ལ་ཞི་གནས་དེ་དང་ལྷག་མཐོང་དེ་ཐ་དད་དུ་མེད་པར་ཞི་གནས་དེ་ཡང་ངོས་བཟུང་མེད་པའི་རང་རིག་རང་གསལ་གྱི་ལྷག་མཐོང་དེར་འདུག་གམ། ལྷག་མཐོང་དེ་ཡང་རང་ལུགས་སུ་གནས་ཤིང་རྣམ་རྟོག་གི་མཚན་མས་མ་གོས་པའི་ཞི་གནས་དེར་འདུག་གམ། མཉམ་བཞག་གི་ངང་


KMC003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྟོས་དང་ཞེས་བལྟར་བཅུག །དེ་ལ་ཞི་ལྷག་ཟུང་འཇུག་ཟེར། གཉིས་ཀ་སེམས་སྐད་ཅིག་མའི་ཐོག་ཏུ་ཚང་བ་ཡིན། འདི་མྱོང་ནས་ངོ་ཤེས་པ་ལ་སྒོམ་སྐྱེས་པ་ཟེར་བ་ཡིན། འདི་ནི་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་གྱི་སེམས་ཉིད་སྐྱེ་མེད་ཆོས་སྐུ་གཤིས་ཀྱི་གནས་ལུགས་ལྷན་སྐྱེས་ཀྱི་སེམས་གཉུག་མའི་ཤེས་པ་ཕྱག་རྒྱ་ཆེན་པོ་སོགས་མིང་གི་རྣམ་གྲངས་མང་ཞིང་། མདོ་རྒྱུད་བསྟན་བཅོས་མན་ངག་རྣམ་དག་ཐམས་ཅད་འདིའི་ཐོག་ཏུ་འབབ་ཅིང་གཞོལ་བ་ཡིན་ནོ། །ཞེས་དང་སྤྲོ་ན་ཐོག་ཏུ་བོག་པའི་ལུང་འདྲེན་ཡང་བྱས་ལ་ངེས་ཤེས་བསྐྱེད། གཞན་ནི་རེ་ཞིག་བཤད་པ་མང་ན་བློ་ཆུང་མགོ་འཁོར་སྲིད་པས་མི་དགོས་སོ། །དོན་དྲིལ་བ་ལ་སེམས་རང་བབས་སུ་བཞག་པས་རྟོག་པ་རང་སར་གྲོལ་ནས་ངོས་བཟུང་མེད་པའི་རང་རིག་རང་གསལ་གྱི་སེམས་ལྷན་སྐྱེས་དེའི་ངང་དུ་རྩེ་གཅིག་ཏུ་ཞོག་ལ་མ་ཡེངས་བ་གྱིས། ཐུན་མཚམས་ཀྱི་སྤྱོད་ལམ་རྣམས་སུ་ཡང་དེའི་དྲན་པ་མ་ཡེངས་པ་ཅི་ཐུབ་གྱིས་ལ་ཞག་འགར་འཇུར་ཐོན་པར་སྒོམ་པ་


KMC003_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཆེ། དེ་མིན་ཐབས་སྣ་ཚོགས་ཀྱིས་བཙལ་བའི་སེམས་ངོ་མཐོང་བ་འདི་ཤོར་དོགས་ཡོད་ཅེས་གཅུན་ལ་ཞག་འགའ་སྒོམ་དུ་བཅུག །གཉིས་པ་ནི། སྔར་བཞིན་མདུན་དུ་ལུས་གནད་བྱེད་དུ་བཅུག །ཁྱོད་རང་སེམས་རང་ལུགས་སུ་བཞག་སྟེ་རྣམ་རྟོག་ཞི་ནས་ངོས་བཟུང་མེད་པའི་སེམས་གསལ་སྟོང་རྗེན་ནེ་གནས་དུས་ཀྱི་ངོ་བོ་ལ་མ་ཡེངས་པའི་ངང་ནས་ཅེར་གྱིས་ལྟོས། ཡང་དགའ་སྐྱིད་ལྟ་བུའི་རྣམ་རྟོག་ངར་དང་བཅས་པ་ཞིག་འགྱུར་ཆགས་ལ་དེ་ལམ་སྟེ་སྐྱེས་པ་དང་དེའི་ངོ་བོ་ལ་གསལ་སྟོང་གི་ངང་ནས་ཅེར་ལྟོས་ལ། རྣམ་རྟོག་དེ་ཡང་ངོས་བཟུང་མེད་པའི་གསལ་སྟོང་དུ་རྗེན་ནེ་འདུག་གམ། སེམས་ཉིད་ལྷན་སྐྱེས་ཀྱི་ངོ་བོ་དང་ཁྱད་མེད་པ་དེ་ཀར་འདུག་གམ་ལྟོས་དང་ཞེས་དར་ཅིག་བལྟར་བཅུག །གསལ་སྟོང་དུ་འདུག་ཁྱད་མི་སྣང་ཟེར་ཡང་། རྣམ་རྟོག་དེ་སངས་ནས་གསལ་སྟོང་དུ་འདུག་གམ་རྣམ་རྟོག་དེ་ཚུར་སྒོམ་ལ་བཞག་པས་གསལ་སྟོང་དུ་འདུག་གམ་རྣམ་རྟོག་ལམ་མེ་བ་དེ་ཀ་གསལ་སྟོང་དུ་འདུག་དྲིས་པས།


KMC003_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་གཉིས་ལྟར་འདུག་ཟེར་ན་སྔར་སྒྲོ་འདོགས་མ་ཆོད་པ་ཡིན་པས་ཞག་འགའ་ཐག་བཅད་དུ་འཇུག །དང་པོ་གཉིས་མ་དགོས་པར་ཕྱི་མ་ལྟར་འདུག་པ་མྱོང་ན་རྣམ་རྟོག་གི་ངོ་བོ་མཐོང་བ་ཡིན་པས་ངོ་སྤྲོད་པ་ནི། ཁྱོད་ཀྱིས་རྣམ་རྟོག་གི་ངོ་བོ་ལ་བལྟས་པས་རྣམ་རྟོག་སངས་མ་དགོས་ཚུར་སྒོམ་ལ་གཅུར་མ་དགོས་པར་རྣམ་རྟོག་ལམ་མེ་བ་དེ་ཀ་ངོས་བཟུང་མེད་པ་གསལ་སྟོང་དུ་རྗེན་ནེ་འདུག་པ་དེ་ལ་རྣམ་རྟོག་ལྷན་སྐྱེས་ཀྱི་རང་ངོ་མཐོང་བའམ་རྣམ་རྟོག་ཆོས་སྐུར་ཤར་བ་ཟེར། སྔར་རྣམ་རྟོག་གི་ངོ་བོ་གཏན་ལ་ཕབ་དུས་དང་གནས་འགྱུའི་རྩ་བ་བཅད་དུས་ལྟར་ངོས་བཟུང་མེད་པའི་སེམས་རང་རིག་རང་གསལ་གཅིག་པུ་དེ་མིན་པ་མང་པོ་མེད། ཆུ་དང་རླབས་ཀྱི་དཔེ་ལྟ་བུ་ཡིན། དེས་ན་གནས་པ་དང་འགྱུ་བ་ལ་ཁྱད་འདུག་གམ་རྟོག་པ་དང་མ་རྟོགས་པ་ལ་ཁྱད་འདུག་གམ། མི་རྟོག་པར་ལྷན་གནས་པ་ལ་བཟང་རྒྱུའམ་དགའ་རྒྱུ་དང་རྣམ་རྟོག་ཡེར་འཕྲོས་པ་ལ་ངན་རྒྱུའམ་མི་དགའ་བ་དགོས་པ་འདུག་གམ། འདིའི་མཚངས་མ་རིག་ན་སྒོམ་གྱི་


KMC003_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མུ་གེ་ཕོག་པ་ཡིན་པས་ད་ཕྱིན་ཆད་རྟོག་པ་མ་སྐྱེས་ནས་སྐྱེས་པའི་ངང་དུ་སྐྱོངས་ཆད་དུ་སྐྱེད་མི་དགོས། སྐྱེས་ན་སྐྱེས་པའི་ངང་དུ་སྐྱོངས་ཆེད་དུ་དགག་མི་དགོས་པས་གནས་འགྱུ་གཉིས་ལ་ཉེ་རིང་མ་བྱེད། རྣམ་རྟོག་འདིས་རྣམ་རྟོག་ཐམས་ཅད་ལ་འགྲེ་བ་ཡིན། འོན་ཀྱང་རེ་ཞིག་ལ་རྣམ་རྟོག་ཉིད་ལམ་དུ་ཁྱེར་ཞིང་རྣམ་རྟོག་མ་སྐྱེས་ནའང་ཆེད་དུ་སྤྲོས་ལ་དེའི་ངོ་བོ་སྐྱོངས། དེ་མིན་རྣམ་རྟོག་གི་ངོ་བོ་མཐོང་བ་ཤོར་དོགས་ཡོད་པས་འབུངས་ལ་སྐྱོངས་ཞེས་གཅུན་ལ་ཞག་འགའ་སྒོམ་དུ་བཅུག །སྤྲོ་ན་ལུང་འདྲེན་ཡང་བྱས་ལ་ངེས་ཤེས་བསྐྱེད་དོ། །གསུམ་པ་ནི། སྔར་བཞིན་ལུས་གནད་དང་ལྟ་སྟངས་སོགས་ངོ་བོའི་མཉམ་བཞག་གི་ངང་ནས་རིའམ་ཁང་ཁྱིམ་ལྟ་བུའི་གཟུགས་ཀྱི་སྣང་བ་བཀྲ་ལམ་གྱིས་འཆར་དུ་བཅུག་ལ། ཤར་བ་དེ་ལ་ཅེར་བལྟས་པའི་ཚེ་སྣང་བ་ངོས་བཟུང་མེད་པར་གསལ་སྟོང་དུ་འདུག་གམ། སེམས་ཉིད་ཀྱི་ངོ་བོ་གསལ་སྟོང་དུ་འདུག །དེ་གཉིས་ཁྱད་ཅི་འདུག་རེ་ཞིག་ལྟོས་དང་ཞེས་བལྟར་བཅུག །ཁྱད་མེད་


KMC003_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངེས་བཟུང་མེད་པའི་གསལ་སྟོང་དུ་འདུག་ཟེར་ཡང་། སྣང་བ་ཤར་བའི་རྣམ་པ་དེ་འགགས་ནས་གསལ་སྟོང་དུ་འདུག་གམ། རྣམ་པ་དེ་གསལ་སྟོང་དུ་བསྒོམས་པས་གསལ་སྟོང་དུ་འདུག་གམ། རྣམ་པ་སྣང་བ་དེ་ཀ་གསལ་སྟོང་དུ་འདུག་དྲིས་པས་སྔ་མ་གཉིས་ལྟར་ཟེར་ན་སྔར་གདར་ཤ་མ་ཆོད་པ་ཡིན་པས་སླར་སྒོམ་དུ་བཅུག་ལ་ཐག་བཅད། གཟུགས་ཀྱི་རྣམ་པ་ལམ་སྣང་བ་དེ་ཀ་སྣང་ཆ་མ་འགགས་པར་སྣང་ཙམ་ལས་ངོས་བཟུང་མེད་པར་གསལ་སྟོང་དུ་འདུག་པ་མྱོང་ན། ངོ་སྤྲད་པ་ནི། ཁྱོད་ཀྱིས་རི་དང་ཁང་ཁྱིམ་ལྟ་བུའི་སྣང་བ་བཀྲ་ལམ་གྱིས་ཤར་བའི་ཚེ་ཇི་ལྟར་སྣང་བའི་སྣང་ཆ་དེ་ཉིད་ཡལ་བའམ་བཀག་མ་དགོས་པར་སྣང་བ་དེ་ཉིད་སྣང་བཞིན་དུ་ངོས་བཟུང་མེད་པ་གསལ་སྟོང་དུ་འདུག་པ་དེ་སྣང་བའི་ངོ་བོ་མཐོང་བ་ཡིན། སྔར་སྣང་བའི་ངོ་བོ་བལྟ་དུས་དང་སྣང་བ་སེམས་སུ་ཐག་བཅད་དུས་སྒྲོ་འདོགས་བཅད་པ་ལྟར། སྣང་བ་ཕྱིན་མེད་སེམས་ཉིད་ནང་ན་མེད་སེམས་གསལ་སྟོང་དེ་ཉིད་སྣང་བར་ཤར་བ་མ་གཏོགས་གཞན་


KMC003_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

མེད། རྨི་ལམ་གྱི་ཡུལ་དང་རྨི་ལམ་གྱི་ཤེས་པའི་དཔེ་ལྟ་བུ་ཡིན། སྣང་བ་ཤར་ཙམ་ཉིད་ནས་ངོས་བཟུང་མེད་པའི་སྣང་སྟོང་རང་གྲོལ་ཉིད་ཡིན། སྣང་ལ་ངོས་བཟུང་མེད་པ་སྣང་སྟོང་དུ་རྗེན་ནེ་བ་འདི་ལ་སྣང་བ་ལྷན་སྐྱེས་རང་ངོ་མཐོང་བའམ་སྣང་བ་ཆོས་སྐུར་ཤར་བ་ཟེར། དེས་ན་སྟོང་པ་བཟང་རྒྱུ་མེད་སྣང་བ་ངན་རྒྱུ་མེད་སྣང་སྟོང་ཐ་དད་དུ་མེད་པས། སྣང་ན་སྣང་ཐོག་ཏུ་སྐྱོངས་ཆེད་དུ་སྣང་ཆ་མ་བཀག །སྟོང་ན་སྟོང་ཐོག་ཏུ་སྐྱོངས་ཆེད་དུ་སྣང་ཆ་མ་བསྒྲུབ་པར་གང་ཤར་སྒོམ་དུ་ཁྱེར། སྤང་བླང་དང་བཅས་བཅོས་བྱ་མི་དགོས་ཉམས་ལེན་གྱི་དྲན་པས་སླེབས་ན་སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པས་ད་ཕྱིན་ཆད་སྣང་སྟོང་ལ་དགག་སྒྲུབ་དང་ཉེ་རིང་མ་བྱེད་པར་སྐྱོངས། འོན་ཀྱང་རེ་ཞིག་སྣང་བའི་འཆར་སྒོ་མི་འདྲ་བ་སྣ་ཚོགས་འཆར་དུ་བཅུག་ལ་སྣང་ལ་ངོས་བཟུང་མེད་པའི་ངོ་བོ་སྐྱོང་བ་ལ་མ་ཡེངས་པ་གལ་ཆེ། ཞེས་ཞག་འགའ་སྒོམ་དུ་བཅུག་ཅིང་སྤྲོ་ན་ལུང་འདྲེན་ཡང་བྱས་ལ་ངེས་ཤེས་བསྐྱེད་དོ། ༈ །


KMC003_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྐྱོན་སེལ་ཞིང་སྒོམ་པ་ངོས་བཟུང་བ་ལ་གཉིས། ནོར་དང་སྒོམ་སྐྱོན་བཤད་པ་དང་། སྒོམ་སྐྱོན་མེད་བསྟན་པའོ། །དང་པོ་ནི། དྭགས་པོ་བཀའ་བརྒྱུད་ལ་སྒོམ་ཕྱག་རྒྱ་ཆེན་པོ་ཞེས་ཉི་ཟླ་ལྟར་གྲགས་ཀྱང་། སོ་སོའི་གོ་ལུགས་ཀྱི་ཁྱད་པར་ལ་བརྟེན་ནས་བློའི་འཛིན་སྟངས་མི་འདྲ་བ་སྣ་ཚོགས་འོང་བར་སྣང་བས། གཞན་དག་ལ་དགག་པ་བྱ་བ་མིན་ཀྱང་རང་ལ་ཡིད་གཏོད་པ་དག་ལ་གོ་བ་བསྐྱེད་པའི་ཕྱིར་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་སེམས་ཀྱི་གནས་ཆ་ཁོ་ན་གཙོ་བོར་བཟུང་ནས་སེམས་གནས་མཚོ་ལ་དར་ཆགས་པ་ལྟར་གྱུར་ཏེ་ཚོགས་དྲུག་གི་སྣང་བ་ཕྲ་རགས་འགགས་པའམ། མ་འགགས་ཀྱང་མི་གསལ་བ་ཝལ་པོ་ལྟ་བུར་སོང་བ་ལ་སྒོམ་དུ་བཟུང་ན། སྔ་མ་ནི་ཤིན་ཏུ་སྐྱོན་ཆེ་ལ་ཕྱི་མའང་ལྟེམ་པོ་ཞེས་བྱ་བ་སྐྱོན་ཅན་ཡིན་ནོ། །ཡང་སྣང་བ་གསལ་མི་གསལ་གྱི་ཚོར་བ་མེད་པའི་དྲན་མེད་དུ་འདུག་པ་ལ་སྒོམ་དུ་བཟུང་ན་ལུང་མ་བསྟན་དུ་ཡེངས་པ་སྟེ་འདི་ཡིན་མེད་དོ། །ཡང་ན་རྣམ་རྟོག་སྔ་མ་འགགས་ཕྱི་མ་མ་སྐྱེས་པའི་བར་གྱི་


KMC003_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཧད་པོ་ལ་སྒོམ་དུ་བཟུང་ན། དེ་ནི་ལྷག་མཐོང་གིས་མ་ཟིན་པས་སྐྱོན་ཆེ་ལ་ཟིན་ཡང་ཕྱག་ཆེན་སྐྱོང་བ་དེ་ལས་མ་གཡོས་པར་འདོད་དགོས་པས་སྒོམ་གྱི་མུ་གེ་འབྱུང་ངོ་། །ཡང་སེམས་བདེ་ལྷམ་མེ་གནས་པ་ཙམ་ལ་སྒོམ་དུ་ངོས་བཟུང་ན། དེ་ཡང་ལྷག་མཐོང་གིས་མ་ཟིན་འདུག་གམ་སྒོམ་མིན་ལ་ཟིན་ཡང་འཆར་སྒོ་ཐམས་ཅད་དགག་དགོས་ཤིང་མ་བཀག་ཀྱང་དགྲར་ལྡང་བས་ཅུང་ཟད་མིན་ནོ། །ཡང་དུས་གསུམ་གྱི་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་སྟོང་སང་ངེ་བ་ལ་སྒོམ་དུ་བཟུང་ན། དེ་ཡང་ལྷག་མཐོང་གིས་མ་ཟིན་ཞིང་སྣང་ཆ་བཀག་པའི་སྐྱོན་ཆེན་པོ་ཡིན་ལ་ཟིན་ཡང་འཆར་སྒོ་དང་སྣང་ཆ་མི་འདོད་པས་ཅུང་ཟད་མིན་ནོ། །ཡང་གང་སྣང་ཅི་ཤར་ཐམས་ཅད་ལ་བདེན་མེད་ཀྱི་འཛིན་སྟངས་དང་མ་བྲལ་བར་སྐྱོང་བ་ལ་སྒོམ་དུ་བཟུང་ན། དངོས་མེད་དུ་འཛིན་པ་ཞེས་སྐྱོན་ཅན་ནོ། །ཡང་དྲན་པ་མེད་པར་སྣང་བ་མཐའ་དག་ལ་དགག་སྒྲུབ་མི་བྱ་བ་སྒོམ་དུ་བཟུང་ན། བཏང་སྙོམས་སུ་གནས་པ་སྟེ་གྱི་ན་ཙམ་


KMC003_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །འདི་རྣམས་ནི་ཕྱག་ཆེན་གྱི་སྒོམ་དུ་བདག་གིས་མ་མཐོང་ལ་སོ་སོའི་ལས་གསོག་ཚུལ་རེ་ཡང་ཡོད་དོ། །ཡང་སེམས་གསལ་སིང་ངེ་བ་ལ་མི་རྟོག་པ་ཁོ་ན་སྒོམ་དུ་བཟུང་ན་རྟོག་པ་རང་སར་ཞི་ནས་རིག་པ་གསལ་ལ་ངོས་བཟུང་མེད་པ་སྒོམ་ཡིན་དུ་ཆུག་ཀྱང་མི་རྟོག་པ་ཅི་ནས་ཀྱང་དགོས་པར་འདོད་སྣང་བས་ཕྱོགས་རེ་བའོ། །དེ་བཞིན་དུ་རྣམ་རྟོག་འཕྲོས་པའི་ཚེ་དེའི་འཕྲོ་བཅད་ནས་གསལ་ལ་མི་རྟོག་པར་འཇོག་དགོས་པའང་ཕྱོགས་རེ་སྟེ། གཉིས་ཀ་འགྱུ་བ་དང་སྣང་ཆ་གཏན་ལ་མ་ཕེབས་པའོ། །ཡང་དྲན་རིག་ཧུར་རེ་བྱས་ནས་སེམས་གསལ་སྟོང་ཧྲིག་གེ་བ་ཁོ་ན་སྒོམ་དུ་བཟུང་ན། དེ་ཉིད་སྒོམ་ཡིན་ཡང་དྲན་པ་རླབས་ཆེ་བའི་རང་བབས་ལྷུག་པར་མི་འདོད་བར་སྣང་བས་ལྷོད་ཆ་མ་རྙེད་པར་ཧ་ཅང་སྒྲིམ་པའི་ཕྱོགས་རེ་བའོ། །དེས་བསྒོམ་མིན་པ་འཆུགས་པ་ནི་ཤིན་ཏུ་གལ་ཆེ་ལ། སྒོམ་ཕྱོགས་རེ་བ་ལ་ཡར་འཕེལ་དུ་འགྲོ་བའི་ཡོན་ཏན་ཡོད་ཀྱང་། སྐྱོང་མ་བདེ་ནས་སྒོམ་དང་སྣ་སུན་དོགས་ཡོད་པས་སྣང་ཐོག་སྟོང་ཐོག་གནས་ཐོག་འགྱུ་


KMC003_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཐམས་ཅད་དུ་གྲིམས་ལྷོད་སྣ་ཚོགས་པའི་སྒོ་ནས་བརྡར་ཤ་ཆོད་ཅིང་ངོ་འཕྲོད་པ་སྐྱོང་བདེ་བ་ཞིག་དགོས་པ་ཡིན་ནོ། །གཉིས་པ་ནི། ཐ་མལ་གྱི་ཤེས་པ་མ་ཡེངས་པ་ལ་སྒོམ་ཞེས་བྱ་བ་ལས། ཐ་མལ་གྱི་ཤེས་པ་ནི་སེམས་ཀྱི་རང་བབས་ཅི་འདུག་དེ་ཀ་ཡིན་ཏེ། དེ་ལ་སྤང་བླང་དང་དགག་སྒྲུབ་ཀྱི་བཅས་བཅོས་བྱས་ན་ཐ་མལ་གྱི་ཤེས་པར་མི་འགྲོའོ། །དེས་ན་སེམས་ཀྱི་རང་བབས་ཅི་འདུག་ཅི་སྣང་ཅི་ཤར་དེ་རང་རིག་གི་དྲན་པས་མ་ཡེངས་པར་སྐྱོང་བ་ལ་སྒོམ་སྐྱོང་བ་ཞེས་མིང་ཙམ་འདོགས་ཀྱི། བློས་བཅོས་ནས་སྒོམ་རྒྱུ་སྤུ་རྩེ་ཙམ་ཡང་མེད་དོ། །དེ་ལ་སྒོམ་རྒྱུ་རྡུལ་ཙམ་མེད་པ་ལ་ཡེངས་སུ་སྐད་ཅིག་ཙམ་ཡང་མེད་ཟེར་བ་དང་། ཐ་མལ་ཤེས་པ་ཡེངས་མེད་འདི་ཞེས་པའང་མ་ཡེངས་པར་སེམས་རང་བབས་སྐྱོང་བ་ལ་ཟེར་རོ། །དེས་ན་རང་རིག་གི་དྲན་པ་མ་ཡེངས་ན་སེམས་སྟོང་སང་ངེ་བའམ་བདེ་ལམ་མེ་བར་གནས་པའམ། རྣམ་རྟོག་འཚུབ་ཟིང་ངེ་འཕྲོ་བའམ་སྣང་བ་སྣ་ཚོགས་བཀྲ་ལམ་གྱིས་འཆར་ཡང་སྒོམ་ཡིན་པས་


KMC003_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་ཀྱི་རྩལ་ལ་ཁུ་འཕྲིག་མི་བྱ་བར་ལྷུག་པར་སྐྱོང་བ་ཡིན་གྱི་རྟོག་པ་འཕྲོ་བ་དང་སྣང་བ་བཀུག་པའམ་བཀག་ནས་མི་རྟོག་པར་འཇོག་པ་དོན་མིན་ནོ། །དེའི་རྒྱུ་མཚན་ཡང་སྔར་སྒྲོ་འདོགས་བཅད་ཅིང་ངོ་སྤྲད་པ་ལྟར་སེམས་ཉིད་ཀྱི་ངོ་བོ་དང་རྣམ་རྟོག་དང་སྣང་བའི་འཆར་སྒོ་སོགས་ཐ་དད་པ་མང་པོ་མེད་པར་སེམས་ཉིད་གཅིག་པུ་མ་འགགས་པའི་རྩལ་རྒྱ་མཚོ་ཉིད་རླབས་སུ་ཤར་བ་ལྟ་བུ་ཡིན་པས་སེམས་ཀྱི་རང་བབས་ཅི་ཤར་དེ་ལ་བཟང་ངན་མེད་དོ། །དེས་ན་སེམས་གནས་ན་གནས་ཐོག་འགྱུ་ན་འགྱུ་ཐོག་སྣང་ན་སྣང་ཐོག་དེ་དྲན་པས་སྐྱོང་བ་ཡིན་ཏེ། གནས་ན་ཆེད་དུ་མི་སྤྲོ་འགྱུ་ན་མི་དགག་པར་གསལ་སང་ངེ་བའམ། སྟོང་ཆམ་མེ་བའམ་བདེ་ལྷམ་མེ་བའམ་འཚུབ་ཟིར་པ་ཅི་འདུག་ནའང་མ་ཡེངས་པ་ལས་བསྒྱུར་དགོད་བཅས་བཅོས་བྱ་མི་དགོས་སོ། །མདོར་ན་རང་རིག་གི་དྲན་པ་དང་ལྡན་ན་ཐམས་ཅད་སྒོམ་ཡིན་ལ་ཡེངས་ན་གང་ཡང་སྒོམ་མིན་པས་རེ་ཞིག་ལ་དྲན་པ་རྩིས་སུ་བྱ་ཞིང་། ཅི་ཞིག་ན་དྲན་པ་དང་སེམས་ཀྱི་ངོ་བོ་ཐ་


KMC003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མི་དད་པས་ཐམས་ཅད་དྲན་པའི་རང་བཞིན་དུ་གྱུར་ནས་བདེ་བ་ཞིག་འོང་ངོ་། །འོ་ན་ཁྲིད་རིམ་ལྟར་མི་དགོས་པར་དང་པོ་ཉིད་ནས་སེམས་ཅི་ཤར་དྲན་པས་བཟུང་བས་ཆོག་གམ་སྙམ་ན་ཅིག་ཆར་བའི་ལས་ཅན་ཁ་ཅིག་ཙམ་དེ་ལྟ་བུས་ཆོག་པ་སྲིད་ཀྱང་། གཞན་དུ་ཁྲིད་རིམ་ལྟར་འཁྲིད་པར་སྣང་སེམས་ཀྱི་རྩ་བ་སྒྲོ་འདོགས་མི་ཆོད་ཅིང་། ངོ་བོ་མཐོང་བའི་མྱོང་བ་དང་བཅས་པའི་ངེས་ཤེས་མི་འབྱུང་བས་དྲན་པ་གཞན་ཡོད་ཀྱང་རང་རིག་གི་དྲན་པ་མེད་པས་མི་འོང་ངོ་། །དེས་ན་ཐ་མལ་གྱི་སེམས། མ་བཅོས་པ་གཉུག་མའི་སེམས་ཞེས་པའི་ཚིག་དོན་ཡང་འདིར་གནས་ལ་ལྟ་བ་རྣམ་དག་སྟོན་པའི་མདོ་རྒྱུད་དང་རྒྱ་བོད་ཀྱི་གྲུབ་ཆེན་རྣམས་ཀྱི་གསུང་རྣམས་ཀྱང་འདིར་གཞོལ་བ་ཡིན་ནོ། ༈ །གསུམ་པ་རྗེས་ཉམས་ལེན་སྐྱོང་ཚུལ་ལ་དྲུག །སྤྱིར་སྐྱོང་དགོས་ཚུལ། ཁྱད་པར་མཉམ་རྗེས་མི་བཅད་སྒོམ་སྐྱོང་ཚུལ། གེགས་ཤོར་ས་དང་གོལ་ས་བཅད་པ། སྐྱེ་མེད་དུ་ལ་བཟླས་ཏེ་བོགས་དབྱུང་བ། ལམ་ཁྱེར་སྤྱོད་པའི་སྒོ་ནས་རྩལ་


KMC003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བ། རྟོགས་པ་འཆར་ཚུལ་བོགས་འདོན་དང་བཅས་པའོ། །དང་པོ་ནི། སྒོམ་སྐྱེས་པས་མི་ཆོག་ལེགས་པར་སྐྱོང་དགོས་ཏེ། སྒོམ་སྐྱེས་ནས་མ་བསྐྱང་བར་ཐ་མལ་དུ་ལུས་པའམ་དམིགས་བཅས་ཀྱི་བསགས་སྦྱང་གཞན་ལ་འབད་པ་ནི་རྒྱལ་བོས་འབངས་ཀྱི་བྱ་བ་བྱེད་པའམ་སེང་གེ་ཁྱིའི་ཟླ་ལ་སོང་བ་ལྟར་དོན་ལས་ལོག་པའོ། །དེ་ལ་ཞེན་ལོག་སྒོམ་གྱི་རྐང་པའམ། བདག་པོ་ལྟ་བུ་ཡིན་པས་འཁོར་བའི་སྡུག་བསྔལ་བསམ། ཚེ་འདི་མི་རྟག་ཅིང་སྙིང་པོ་མེད་པ་ཞེ་ཕུགས་སུ་བཅུག་སྟེ་འཇིག་རྟེན་གྱི་འཁྲི་བ་བློས་བཏང་ལ་ཚེ་དང་སྒྲུབ་པ་སྙོམ་པར་བྱ་བའི་བློ་བསྐྱེད། མོས་གུས་སྒོམ་གྱི་མགོ་བོའམ་བོགས་འདོན་ལྟ་བུ་ཡིན་པས་བླ་མ་དང་བཀའ་བརྒྱུད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་མ་བྲལ་བར་རེ་ལྟོས་བཅས་ནས་གསོལ་བ་སྙིང་ནས་འདེབས། དྲན་པ་སྒོམ་གྱི་བྱ་ར་བའམ་དངོས་གཞི་ཡིན་པས་ཐུན་གྱི་དུས་མིན་པ་གཞན་བློས་བཏང་མི་བྱ་བར་དུས་དང་གནས་སྐབས་ཐམས་ཅད་དུ་གནས་ལུགས་ཀྱི་དྲན་པ་དང་མ་བྲལ་བ་ལ་བསླབ།


KMC003_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་གྱི་ཕྲིན་ལས་སྙིང་རྗེ་ལ་བྱ་སྟེ་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ཞིང་བསྔོ་བ་སྨོན་ལམ་གྱི་སྐྱབས་འོག་ཏུ་བཅུག །རང་སྒོམ་མཐར་མ་ཕྱིན་པར་གཞན་ལ་སྟོན་པ་དང་སྤེལ་བའི་གཞན་དོན་ལྟར་སྣང་བདུད་ཀྱི་བར་ཆད་དུ་བཟུང་ལ་དབེན་པ་བསྟེན། སྒོམ་གྱི་གོ་ཆ་ཁྲེལ་དང་ངོ་ཚ་ལ་བྱ་སྟེ་ནང་རང་སེམས་དཔང་པོར་བཞག་ཅིང་ཕྱི་ནས་བླ་མ་དཀོན་མཆོག་དང་མཆེད་གྲོགས་ཀྱིས་མི་ཁྲེལ་བར་ཡིད་ཆེས་པའི་རི་མཚམས་དང་འདག་སྦྱར་དང་ས་བཅད་སོགས་ཀྱི་སྒོ་ནས་བསྒོམ་པ་ལ་ནན་ཏན་བྱའོ། །གཉིས་པ་ཁྱད་པར་མཉམ་རྗེས་སུ་སྒོམ་སྐྱོང་ཚུལ་ནི། སྒོམ་སྣ་ཟིན་ཙམ་ནས་རྩེ་གཅིག་ཆེན་པོའི་བར་དུ་རང་ཁའི་མཉམ་རྗེས་ཙམ་ལས་མཉམ་རྗེས་མཚན་ཉིད་པ་མེད་པར་བཤད་ཅིང་། འོན་ཀྱང་སྒོམ་སྐྱོང་བ་ལ་སྤྱིར་རང་རིག་གི་དྲན་པ་མ་ཡེངས་ན་ཐམས་ཅད་སྒོམ་ཡིན་པས་སྤང་བླང་མེད་ཀྱང་རྟོགས་པའི་མཉམ་རྗེས་མ་འདྲེས་ཀྱི་བར་དུ་ཐུན་གྱི་དངོས་གཞི་མཉམ་བཞག་ཏུ་བྱས་ལ་ངོ་བོ་རྩེ་གཅིག་


KMC003_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྐྱོང་བ་དང་། ཐུན་མཚམས་སུ་རྗེས་ཐོབ་ཏུ་བྱས་ལ་རྟོག་པ་དང་སྣང་བ་ལམ་དུ་འཁྱེར་བ་སྒྲུབ་བརྒྱུད་ཕལ་ཆེར་གྱི་དགོངས་པར་གོ་ཞིག །གང་ཟག་ཤས་ཆེ་བ་ལ་རེ་ཞིག་སྒོམ་སྐྱེད་ཀྱང་འདི་ཆེ་སྣང་བས་དེ་ལྟར་བཤད་པར་བྱ་སྟེ་དེ་ལ། ངོ་བོའི་སྐྱོང་ཐབས་སོ་མ་རང་ཐང་ལྷུག་པ་གསུམ་དུ་བཞག་པར་བཤད་པ་ལས། སོ་མ་ལ་ལུས་གནད་ཁོང་གློད་ངག་གནད་རླུང་མི་བཙིར་སེམས་གནད་གང་ལ་ཡང་རྟེན་མི་བཅའ་བར་རྩིས་གདབ་མེད་པར་བཞག །རང་ཐང་ལ་སེམས་རང་ལུགས་སུ་བཞག་ངོས་བཟུང་མེད་པར་བཞག་མ་ཡེངས་པར་བཞག །ལྷུག་པ་ལ་དགག་སྒྲུབ་མེད་པར་བཞག་འབད་རྩོལ་མེད་པར་བཞག་ཚོགས་དྲུག་རང་བབས་སུ་བཞག་པ་སྟེ་གནད་དགུར་ཕྱེ་བའམ། རྩིས་གདབ་མེད་པར་རང་ལུགས་སོ་མར་བཞག །དགག་སྒྲུབ་ཀྱིས་མ་བཅོས་པར་རང་གར་བཞག །རྩོལ་སྒྲུབ་མི་བྱ་བར་ལྷུག་པར་བཞག་པ་སྟེ་གནད་གསུམ་དང་ལྡན་པར་བྱའོ། །དེ་དག་དཔེར་ན། ནམ་མཁའ་ལྟར་དཔངས་བསྟོད་དེ་སྣང་བ་གུ་ཡངས་སང་ངེ་


KMC003_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །ས་གཞི་ལྟར་རྒྱ་བསྐྱེད་དེ་དྲན་པ་ཁྱབ་ཆེ་བར་བཞག །རི་བོ་ལྟར་ལྷུན་ཕབ་ལ་སེམས་གཡོ་འགུལ་མེད་པར་བཞག །མར་མེ་ལྟར་གསལ་བ་སྟོང་ལ་རིག་པ་གསལ་སིང་ངེ་བཞག །མན་ཤེལ་ལྟར་དྲི་མ་སྤངས་ལ་ཤེས་པ་རྟོག་མེད་དུ་དྭངས་སང་ངེ་བཞག་པ་སྟེ་ལྔའམ། སྤྲིན་མེད་པའི་ནམ་མཁའ་སྒྲིབ་གཡོགས་དང་བྲལ་བ་ལྟར་ངོས་བཟུང་མེད་པར་གུ་ཡང་སང་ངེ་བཞག །རླབས་དང་བྲལ་བའི་རྒྱ་མཚོ་མི་གཡོ་བ་ལྟར་རྟོག་མེད་དུ་མ་ཡེངས་པར་ལྷམ་མེ་བཞག །རླུང་གིས་མ་བསྐྱོད་པའི་མར་མེ་གསལ་འགྲིབ་མེད་པ་ལྟར་གསལ་སིང་ངེ་ཡེ་རེ་བཞག་པ་སྟེ་དཔེ་གསུམ་ལྟར་མཉམ་པར་བཞག་གོ །དེ་ཡང་དང་པོར་རྩོལ་སྒྲུབ་དང་བྲལ་བས་ལུས་སེམས་ཁོང་གློད། བར་དུ་ཚམ་ཚོམ་མི་བྱ་བར་སོ་མ་མ་བཅོས་པར་བཞག །ཐ་མར་བྱུང་ཚོར་ཐམས་ཅད་སྐྱེ་མེད་རང་གྲོལ་དུ་ཐག་བཅད་དེ་སྐྱོང་བར་བཤད་ལ། ལུས་ཁོང་གློད་པ་ནི་ལུས་ཤིན་ཏུ་སྒྲམ་ཞིང་གཅུན་པའི་རྩོལ་བ་གློད་པ་ཡིན་གྱི། ལུས་གནད་ཀྱི་ཚུལ་ཐམས་ཅད་


KMC003_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འདོར་བ་མིན་པས་ལུས་གནད་རང་བབས་ནི་ཤིན་ཏུ་གལ་ཆེའོ། །མ་བཅོས་པ་ལྷུག་པར་འཇོག་པ་ཡང་དམིགས་བཅས་ཀྱི་དགག་སྒྲུབ་དང་ཞེ་འདོད་མི་བྱ་བ་ཡིན་གྱི། ལུང་མ་བསྟན་དུ་སོང་བ་དང་ཉམས་འལ་འོལ་གྱིས་གཡོགས་པའི་ལར་གཏོང་བ་མིན་པས་དྲན་རིགས་ལེ་བའི་སེམས་རྗེན་པར་བསྐྱང་ངོ་། །བྱུང་ཚོར་སྐྱེ་མེད་དུ་ཐག་བཅད་པ་ཡང་རང་རིག་གི་དྲན་པས་བཟུང་མ་ཐག་གང་སྣང་སྐྱེ་འགག་གནས་གསུམ་གྱི་ངོ་བོར་མ་གྲུབ་པར་གྲོལ་བ་དེ་ཉིད་ཡིན་གྱི། སྐྱེ་མེད་རང་གྲོལ་དུ་ཀུན་ཏུ་རྟོག་པས་རྒྱས་འདེབས་པ་མིན་པས་ངོས་བཟུང་མེད་པར་བསྐྱང་ངོ་། །ཤེས་པ་ལ་བྱིང་རྒོད་ཀྱིས་མཉམ་པར་བཞག་མ་བདེ་ན་སོ་སོའི་གནད་བཅོས་ལ་རེ་ཤིག་མདུང་བྱི་ཁུང་དུ་བཙུག་པ་ལྟར་རྩེ་གཅིག་ཏུ་སྐྱོང་དགོས་པ་ཡིན་ནོ། །དེས་སྐྱོན་ཐུན་མཚམས་སོགས་རྗེས་ཐོབ་ཐམས་ཅད་དུ་རང་རིག་གི་དྲན་པ་རྒྱུན་ཆགས་སུ་བྱས་ཏེ་རྣམ་རྟོག་དང་སྣང་བའི་འཆར་སྒོ་ཅི་སྣང་ཅི་ཤར་དེ་མ་ཡེངས་པར་སྐྱོང་ལ། དཔེར་ན་རྫི་བོ་མཁས་པས་ཕྱུགས་སྐྱོང་བ་ལྟ་བུ་


KMC003_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཕྱུགས་རྣམས་ཅི་བདེར་ཡན་ཡང་བསྡུ་བ་སོགས་མི་དགོས་པར་མིག་ལམ་ནས་མ་བོར་བས་ཆོག་པ་ལྟར། རྣམ་རྟོག་དང་ཚོགས་དྲུག་གི་སྣང་བ་ཅི་ཤར་ཅི་སྣང་ཐམས་ཅད་དགག་པའམ་བཀུག་མི་དགོས་པར། རང་རིག་གི་དྲན་པ་གཞུང་བསླངས་ཏེ་གང་ཤར་ངོས་བཟུང་མེད་པར་ལྷུག་པར་སྐྱང་བ། དེ་ཡང་སྤྱོད་ལམ་རྣམ་བཞི་ལ་སོགས་པར་མ་ཡེངས་པའི་དྲན་པ་ས་ལེ་བ་རྒྱུན་ཆགས་སུ་བརྟེན་པས། དང་པོར་ཡེངས་པ་ཤས་ཆེ་ནའང་རིམ་པས་ཤུགས་འབྱུང་གི་དྲན་པ་འཕེལ་ཏེ་རྟོག་པ་དང་སྣང་བ་ཕལ་ཆེར་གསལ་སྟོང་དུ་ལྷང་ལྷང་འཆར་ལ། ཅི་ནས་ཀྱང་སྐྱོབ་དཀར་ན་མཉམ་བཞག་གི་ངང་ནས་རྟོག་སྣང་གང་ཡང་རུང་བ་འཆར་དུ་བཅུག་ལ་དེའི་ངོ་བོ་བལྟ་བ་སོགས་བྱས་ཏེ་གཏན་ལ་ཕབ་ནས་གོང་ལྟར་སྐྱོང་། མཉམ་རྗེས་སྐྱོང་ཚུལ་དེ་ལྟར་འབད་པས་ཅི་ཞིག་ན་ཐམས་ཅད་རང་རིག་གི་དྲན་པས་ཁྱབ་སྟེ་རྟོག་སྣང་ཅི་ཤར་ཅི་སྣང་ཐམས་ཅད་ཤར་ཙམ་སྣང་ཙམ་ཉིད་ནས་གསལ་སྟོང་ངོས་བཟུང་མེད་པ་འཆར་ཞིང་། མཉམ་


KMC003_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཏུ་ངོ་བོ་རྩེ་གཅིག་ཏུ་སྐྱོང་བ་དང་རྗེས་ཐོབ་ཏུ་རྟོག་སྣང་དྲན་པས་སྐྱོང་བ་གཉིས་ངོ་བོ་ཁྱད་མེད་པ་འབྱུང་ལ། བདེ་གསལ་མི་རྟོག་པའི་ཉམས་སྲབ་མཐུག་སྣ་ཚོགས་ཀྱང་འབྱུང་ངོ་། །ཉམས་དང་འགྲོགས་ན་གནས་ལུགས་ལ་སྒྲིབ་པས་དྲན་རིག་ངར་བསྐྱེད་ཧུར་ཕྱུང་ལ་ཡང་དང་ཡང་དུ་ཤེས་པ་ཉམས་ཀྱི་རླན་དང་ཕྲལ་ཏེ་སོ་མ་རྗེན་པ་སྐྱོང་བར་བྱའོ། ༈ །གསུམ་པ་གེགས་ཤོར་ས་དང་གོལ་ས་བཅད་པ་ནི། ཐོས་པ་དམན་ཞིང་བླ་མ་བསྟེན་ཡུན་ཐུང་བ་དག་ལ་གོ་བ་དང་ཉམས་ལ་བརྟེན་ནས་ཤོར་གོལ་འབྱུང་ཉེན་ཆེ་སྟེ། དེ་ཡང་སྟོང་ཉིད་ལ་ཤོར་ས་བཞིར་བཤད་པའི་ཤེས་བྱའི་གཤིས་ལ་ཤོར་བ་ལ། སྒོམ་སྣང་སྟོང་དབྱེར་མེད་རྣམ་ཀུན་མཆོག་ལྡན་གྱི་གནད་མ་རིག་པར་སྐྱོན་ཡོན་གང་གིས་ཀྱང་མི་དགོས་ཤིང་བདེན་པར་མ་གྲུབ་པའི་སྟོང་པ་ཡིན་སྙམ་དུ་དགེ་སྡིག་ཁྱད་དུ་གསོད་པ་ཡོ་ཤོར་དང་། སྒོམ་གྱི་ངོ་བོའི་དོན་ཇི་ལྟ་བར་གོ་ཞིང་དེའི་ཚུལ་བཤད་ཤེས་ཀྱང་རང་གི་མྱོང་ཐོག་ཏུ་མ་ཁེལ་བའི་འཕྲལ་ཤོར་གཉིས། ལམ་དུ་ཤོར་བ་ལ་སྒོམ་


KMC003_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འབྲས་དབྱེར་མེད་འབྲས་བུ་རང་ཆས་སུ་ཡོད་པར་མ་རིག་པར་སྒོམ་ལ་ལམ་བྱས་ནས་འབྲས་བུ་གཞན་ཞིག་ཐོབ་པར་འདོད་པ་ཡེ་ཤོར་དང་། སྒོམ་ཇི་ལྟ་བར་རང་ལ་ཡོད་ཀྱང་དེ་ལ་བློ་མ་ཁེལ་བར་དེ་བས་ལྷག་པ་ཡོད་དུ་རེ་ནས་གཞན་དུ་ཚོལ་བའམ་སྒོམ་དེ་ཉིད་ལ་ལྷག་པ་བསྣན་ནས་བསྒོམ་པ་འཕྲལ་ཤོར་གཉིས། གཉེན་པོར་ཤོར་བ་ལ་སྒོམ་སྤང་གཉེན་དབྱེར་མེད་རང་ངོ་རང་རིག་པས་སྤང་བྱ་ཉིད་གཉེན་པོར་འཆར་བ་མ་རིག་པར་སྤང་བྱ་ཉོན་མོངས་དང་སྒོམ་སོ་སོར་བཟུང་སྟེ་ཉོན་མོངས་ཀྱི་གཉེན་པོར་སྒོམ་བྱེད་པ་ཡེ་ཤོར་དང་། རྣམ་རྟོག་འཕྲོ་བའམ་གཞན་ཡང་རྐྱེན་དང་འཕྲད་པའི་ཚེ་དེ་ཉིད་བཤིག་ནས་སྒོམ་དུ་འཇོག་པ་འཕྲལ་ཤོར་གཉིས། རྒྱས་འདེབས་སུ་ཤོར་བ་ལ། སྒོམ་ཐབས་ཤེས་དབྱེར་མེད་ཆོས་ཐམས་ཅད་ངོ་བོ་ཉིད་དུ་གནས་པ་མ་རིག་པར་དམིགས་བཅས་ལ་རང་བཞིན་མ་གྲུབ་པར་རྒྱས་འདེབས་པ་ཡེ་ཤོར་དང་། སྒོམ་ལམ་དུ་མ་བསླངས་པར་ཕྱི་སྙགས་བྱས་ལ་སྒོམ་ཡིན་སྙམ་དུ་རྒྱས་འདེབས་


KMC003_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་སྔ་མ་མཉན་སླར་སྒོམ་སྙམ་དུ་རྣམ་རྟོག་སྒོམ་གྱིས་བཅད་པ་ལྟ་བུའི་འཕྲལ་ཤོར་གཉིས་ཏེ། འདིས་མཚོན་པ་མཐའ་དག་སྒོམ་གྱི་ཤོར་ས་ཡིན་ལ། ཤོར་པ་འགའ་ཞིག་གིས་ངན་སོང་དུ་ལྟུང་བ་ཡོད་ཅིང་གཞན་ཡང་སྒོམ་ལ་མྱོང་བ་རུས་མི་ཐོན་པའི་བློ་དྲེད་ཅན་དུ་འགྱུར་བས་མ་ཤོར་བ་གལ་ཆེའོ། །གོལ་ས་ནི། སྤྱིར་སྒོམ་བསྐྱངས་པས་བདེ་གསལ་མི་རྟོག་པའི་ཉམས་ཀྱི་བྱེ་བྲག་མཐའ་ཡས་པ་འཆར་ཞིང་། ཁྱད་པར་སྒྲུབ་པ་པོ་རྩ་ཐིག་རླུང་གསུམ་བཟང་བ་དང་རྣམ་གཡེང་དང་ལེ་ལོས་བར་མ་བཅད་པར་སྒོམ་ལ་འཇུར་བ་དག་ལ་ཉམས་ཀྱི་རིགས་ངོ་མཚར་ཞིང་བརྗོད་ཀྱིས་མི་ལང་བ་སྐྱེ་ལ། སྒོམ་དང་བྱ་བ་གཞན་བསྲེས་ནས་བསྒོམ་པ་ལ་ཉམས་བག་རེ་ལས་མི་འབྱུང་ངོ་། །གང་ལྟར་ནའང་བདེ་ཉམས་ལ་ལུས་བདེ་བས་ཁྱབ་པ་དང་། ཚ་གྲང་གི་རེག་པ་ཡང་བདེ་བར་འཆར་བ་དང་ལུས་ཡོད་མེད་མི་ཚོར་བར་བདེ་བ་དང་དགའ་ཞིང་རྒོད་འདོད་པ་སོགས་དང་སེམས་སྤྲོ་བ་དང་སྐྱིད་སྣང་འཆར་བ་དང་བློ་བདེ་ཞིང་འབོལ་བ་དང་ཉིན་མཚན་ངོ་


KMC003_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་པ་ཙམ་གྱི་བདེ་བ་སྣ་ཚོགས་པ་འབྱུང་། གསལ་ཉམས་ལ་སེམས་དྭངས་པ་དང་སྣང་བ་ཐམས་ཅད་གསལ་བ་དང་མཚན་མོ་ཡང་ཉེ་རིང་གི་དངོས་པོ་ཐམས་ཅད་རིག་པ་དང་འོད་གསལ་བའི་སྣང་བ་སོགས་དང་གཞན་སེམས་ཤེས་པ་སྙམ་བྱེད་པ་སོགས་སྣ་ཚོགས་འབྱུང་། མི་རྟོག་པའི་ཉམས་ལ་སྟོང་གཟུགས་ཀྱི་རྟགས་སྣ་ཚོགས་འཆར་བ་དང་ཐམས་ཅད་ལ་སྟོང་པའི་འཛིན་སྟངས་སྐྱེ་བ་དང་། སྣང་བ་བཀྲག་མེད་དུ་རང་བཞིན་མེད་པར་སྣང་བ་དང་རང་དང་སྣང་བ་སྟོང་པར་འཆར་བ་དང་སྟོང་པའི་ངེས་ཤེས་སྐྱེ་བ་སོགས་སྣ་ཚོགས་འབྱུང་ངོ་། །བདེ་གསལ་མི་རྟོག་པ་གསུམ་གའི་ཉམས་སམ་ཉམས་ཕྱོགས་རེ་བ་གང་ཡིན་ཡང་འདྲ་སྟེ། ཉམས་དེ་དག་ལ་མཆོག་ཏུ་བཟུང་ནས་ཉམས་ཀྱིས་དཀྲིས་པའི་སྒོམ་དེ་བྱུང་ན་དགའ་མི་དགའ་བར་ཆེད་དུ་བསྐྱང་ན། བདེ་བས་འདོད་ཁམས་གསལ་བས་གཟུགས་ཁམས་མི་རྟོག་པས་གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ་བྱེད་ལ། ཞེན་འཛིན་མེད་ཀྱང་ཉམས་ཀྱིས་དཀྲིས་པའི་སྒོམ་དེས་


KMC003_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་རང་གི་གོ་འཕང་སྒྲུབ་ཅིང་ངན་འགྲོའི་སྡུག་བསྔལ་ལས་ངལ་གསོ་ཙམ་འཐོབ་ཀྱི་རྫོགས་པའི་སངས་རྒྱས་ཐོབ་པ་ལ་ཅུང་ཟད་ཀྱང་ནུད་ཐུབ་པ་དཀའོ། །གཞན་ཡང་ཤེས་རབ་དམན་ཞིང་ཐོས་པ་ཆུང་ན། ངོ་བོ་གཉུག་མ་སྐྱོང་བ་ལས་ལོག་ནས་སྒོམ་ཕྱོགས་རེ་བ་དང་གནས་པ་འཐུག་པོ་དང་ཉམས་འལ་འོལ་དང་གཉུག་མ་རབ་རིབ་ཅན་གྱི་ཁར་འཁོར་བ་འོང་ངོ་། །དེས་ན་གོལ་ས་འགའ་ཞིག་གིས་ངན་འགྲོར་སྐྱེ་དོགས་ཡོད་ལ་གཞན་དག་ཀྱང་སྲིད་པའི་བདེ་བ་སྒྲུབ་ནུས་པ་ཙམ་ལས་མེད་དེ། དཔེར་ན་ཤར་དུ་འགྲོ་བར་འདོད་པ་ལ་ནུབ་དང་བྱང་དུ་སོང་བ་ལྟར་དོན་འཆུགས་པ་ཡིན་ནོ། །ཉམས་ལ་ཞི་གནས་ཀྱི་ཉམས་དང་ལྷག་མཐོང་གི་ཉམས་དང་རྟོགས་པའི་རང་ཉམས་གསུམ་ཡོད་པའི་ཕྱི་མ་གོལ་སར་མི་འཛིན་ཞིང་བར་པ་ཡང་ཞེན་མེད་དུ་སྒོམ་ཐད་ཀར་བསྐྱངས་པས་ཉམས་རང་སར་དག་ནས་བོགས་ཐོན་ལ། འོན་ཀྱང་ཉམས་བྱིངས་ཅན་ཕལ་ཆེར་དགེ་སྦྱོར་ན་འཕར་བའི་གེགས་སུ་འགྱུར་ཞིང་གནས་ལུགས་ལ་སྒྲིབ་པས། ཐབས་སྣ་


KMC003_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པས་ཉམས་བཤིག་ནས་བསྒོམ་པ་ཆོད་ཆེ་བ་ཡིན་ནོ། ༈ །བཞི་པ་སྐྱེ་མེད་དུ་ལ་བཟླས་ཏེ་བོགས་དབྱུང་བ་ལ་ལྔ། ལ་བཟླ་བའི་དུས་ཚོད། རྟོག་པ་དང་སྣང་བ་རྩད་གཅོད་པ། སྒོམ་དང་སྒོམ་མཁན་གྱི་སེམས་རྩད་གཅོད་པ། སྐྱེ་མེད་ཟང་ཐལ་དུ་ལ་བཟླ་བ་དངོས། མཉམ་རྗེས་ཉིན་མཚན་རྣམས་བསྲེ་བའོ། །དང་པོ་ནི། སྒྲུབ་པ་པོ་བདེ་གསལ་མི་རྟོག་པའི་ཉམས་འཐུག་པོ་དག་ནས་སེམས་གསལ་དྭངས་ཐོན་ཏེ་གསལ་སྟོང་ནམ་མཁའ་ལྟ་བུའི་སྒོམ་འཁོར་ཡུག་ཏུ་སོང་བའམ། ཉིན་སྣང་ཤས་ཆེ་བ་ཁོར་ཡུག་ཏུ་འགྲོ་ཞིང་རྟོག་པ་འགྱུ་ཐོག་ཏུ་དྲན་པས་ནམ་ཟིན་གསལ་སྟོང་སང་ངེ་ཚོགས་དྲུག་གི་སྣང་ཐོག་ཏུ་དྲན་པས་ནམ་ཟིན་སྣང་སྟོང་ལྷང་ངེ་འཆར་ཞིང་རྟོག་སྣང་གི་ཐོག་ཏུ་ངེས་ཤེས་ཐག་ཆོད་སྐྱེས་པའི་ཚེ་ལ་བཟླའོ། །ལ་བཟླ་སྔས་ན་མྱོང་བ་མི་ཐོན་པར་གོ་ཡུལ་ལ་བརྟེན་པའི་དྲེད་པོ་ཁའི་ལྟ་བ་མཐོ་བ་ཞིག་འབྱུང་ལ། ཧ་ཅང་འཕྱིས་ན་སྐལ་བ་ཅན་དག་ཉམས་མྱོང་གི་ཞེན་འཛིན་རང་དག་ལ་སོང་ནས་རྟོགས་པ་འཁོར་ཡུག་


KMC003_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲོལ་བ་མང་ཡང་། འགའ་ཞིག་ལ་བཟང་རྟོག་ངེས་ཤེས་ཀྱི་འཛིན་པ་ཆེར་སོང་ནས་དགེ་སྦྱོར་ལ་མཐོ་དམན་སྣ་ཚོགས་འོང་བ་ཡིན་ནོ། །གཉིས་པ་ནི། སྔོན་འགྲོ་སྤྱི་དང་ཁྱད་པར་བླ་མའི་རྣལ་འབྱོར་གྱི་ཚེ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་སྣང་སྲིད་ཆོས་སྐུར་འཆར་བར་གསོལ་བ་འདེབས་པ་ལ་འབད་ཅིང་ངོ་བོའི་བཞག་ཐབས་སྔར་བཤད་པ་ལྟར་རྩེ་གཅིག་ཏུ་བསྐྱངས་ཏེ་སེམས་དྭངས་སྙིགས་ཕྱེད་པ་དང་། སེམས་མ་ཡེངས་ཤིང་གུ་ཡངས་སང་ངེ་བའི་ངང་ནས་རྣམ་རྟོག་ཕྲ་རགས་དུ་མ་སྤྲོས་ཏེ་དེ་ལ་འཛིན་མེད་དུ་བལྟ་ཞིང་ཕྲ་རགས་དེ་ལ་ཁྱད་པར་ཅི་འདུག་བལྟ། དེ་དང་སེམས་གནས་པའི་ངོ་བོ་ལ་ཁྱད་པར་ཅི་འདུག་བལྟ། དེ་བཞིན་དུ་བདེ་སྡུག་དང་ཉོན་མོངས་པ་དུག་གསུམ་གྱི་རྟོག་པ་སོགས་རྟོག་པ་སྣ་མང་པོ་ཞིག་ལ་བལྟ། རེས་རྟོག་པ་དགག་རེས་མང་དུ་སྤྲོ་རེས་རྐྱང་འདེད་བྱ་བ་སོགས་སྣ་ཚོགས་པ་བྱས་ལ་བལྟ། ཕྱི་རོལ་གྱི་སྣང་བ་མཛེས་མི་མཛེས་སྙན་མི་སྙན་ཕྲ་རགས་སྣ་ཚོགས་ལ་བལྟ། ལུས་ཀྱི་རྣམ་འགྱུར་སྣ་ཚོགས་


KMC003_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དང་མིག་འབྱེད་འཛུམ་གཡས་ལྟ་གཡོན་ལྟ་ལ་སོགས་པའི་སྒོ་ནས་སྣང་བའི་འཆར་ལུགས་མི་འདྲ་བ་སྣ་ཚོགས་འཆར་དུ་བཅུག་ལ་དེ་དག་ལ་ཁྱད་པར་ཅི་འདུག་བལྟ། དེ་དག་དང་སེམས་ཀྱི་ངོ་བོ་ལ་ཁྱད་པར་ཅི་འདུག་བལྟ་བ་ཞག་འགའ་བྱེད་དུ་བཅུག་ལ་ཐག་ཆོད་ཀྱི་མྱོང་བ་སྐྱེས་པ་དང་། སྔར་བཤད་པ་ལྟར་རྣམ་རྟོག་དང་སྣང་བའི་ངོ་སྤྲོད་གསལ་འདེབས་བྱས་ཏེ་ངེས་ཤེས་བསྐྱེད་དོ། །གསུམ་པ་ནི། སྒོམ་གྱི་ངོ་བོ་དེ་སྐྱེ་འགག་ངོས་བཟུང་མེད་པ་བློ་འདས་ཡིན་སྙམ་པས་མི་ཆོག་པས་སེམས་མ་ཡེངས་ཤིང་གུ་ཡངས་སང་ངེ་བའི་ངང་ནས་སྒོམ་གྱི་ངོ་བོ་ལ་འཛིན་མེད་དུ་ལྷང་བལྟས་ལ་ཅི་འདྲ་འདུག་ཡང་ཡང་བལྟ། དེ་བཞིན་དུ་སྒོམ་མཁན་གྱི་ཤེས་པ་དང་ང་དང་བདག་ཏུ་འཛིན་མཁན་གྱི་ཤེས་པ་ལ་ཡང་ཡང་བལྟ། གཞན་ཡང་འདས་པ་དང་མ་འོངས་པ་དང་ད་ལྟའི་སེམས་གསུམ་ལ་ཁྱད་པར་ཅི་འདུག །འདས་པའི་སེམས་གར་སོང་མ་འོངས་པའི་སེམས་གང་ལས་བྱུང་ད་ལྟ་བའི་སེམས་ཇི་ལྟ་བུ་འདུག་བལྟ་ཞིང་ཞག་འགའ་སྒྲོ་


KMC003_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་གཅོད་དུ་བཅུག་ལ་ཐག་ཆོད་ཀྱི་མྱོང་བ་སྐྱེས་པ་དང་། བསྒོམ་པར་བྱ་བའི་ཡུལ་དང་སྒོམ་པར་བྱེད་པའི་མཁན་པོ་དང་དུས་གསུམ་གྱི་སེམས་ཐམས་ཅད་ཀྱང་རྒྱུད་ཐ་མི་དད་པར་ཅིར་ཡང་འཆར་གང་དུའང་མ་གྲུབ་པའི་སེམས་འདི་ཉིད་ཡིན་ལ། འདི་ཡང་ངོ་བོ་ངོས་བཟུང་བཞག་ས་རྟེན་གནས་སྐྱེ་འགག་གནས་གསུམ་དུས་གསུམ་གྱི་དབྱེ་བ་སོགས་སྒྲོ་བཏགས་ཐམས་ཅད་ཀྱིས་མ་གོས་པ། གདོད་མ་ནས་གཞི་མེད་རྩ་བྲལ་འཁྲུལ་མ་མྱོང་གྲོལ་མ་མྱོང་སྐྱོན་གྱིས་བསླད་མི་ཚུགས་ཡོན་ཏན་གྱིས་བརྒྱན་མི་ཚུགས་རང་བྱུང་རང་དག་ཟླ་མེད་ཟང་ཐལ་ཕྱལ་བ་ཉིད་དུ་ངོ་སྤྲད་ལ། ཞག་འགའ་ཆེད་འཛིན་མེད་པར་རང་བབས་ལྷུག་པར་སྐྱོང་དུ་བཅུག་སྟེ་ངེས་ཤེས་ཐག་ཆོད་བསྐྱེད། གལ་ཏེ་སྒྲུབ་པ་པོ་བློ་རྩལ་ཞན་ན་གོང་དུ་བཤད་པའི་རྟོག་པ་དང་སྣང་བ་དང་སྒོམ་གྱི་ངོ་བོ་དང་སྒོམ་མཁན་དང་དུས་གསུམ་གྱི་ཤེས་པ་རྣམས་སོ་སོར་ཕྲལ་ལ་ཞག་མང་དུ་བལྟ་ཞིང་ཐག་ཆོད་པའི་ངེས་ཤེས་ཐོབ་ངེས་བྱ་བ་གལ་ཆེའོ། །བཞི་པ་ནི། དེ་ནས་བསྒོམ་བྱ་


KMC003_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་བྱེད་མྱོང་བྱ་མྱོང་བྱེད་རྟོགས་བྱ་རྟོགས་བྱེད་ཀྱི་བློ་རྣམས་བོར། ཡིན་མིན་གྱི་ཡིད་བྱེད་དང་བསྒོམ་འདོད་དྲན་འདོད་སོགས་ཞེ་འདོད་ཐམས་ཅད་བཏང་། ཅི་ཡང་ཡིད་ལ་མི་བྱེད་སྙམ་པའི་འདུན་པ་ཡང་མེད་པར་ཐ་མལ་གྱི་སེམས་བཅོས་མེད་རང་ཁ་མ་དེ་ཀར་སྡོད་ལུགས་ཅི་བདེ་བྱས་ལ་འདུག །རང་ཁ་མའི་རྣམ་རྟོག་དང་སྣང་བ་ཅི་ཤར་ཡང་བློས་བཅོས་བསྒྱུར་མི་བྱ་བར་གང་དགར་བཏང་། ཡིད་བྱེད་ཀྱི་རྗེས་སུ་ཡང་མི་འབྲང་། སེམས་དུམ་རེ་ཡེངས་པ་ལ་སྐྱོན་དུ་མི་བཟུང་ཞིང་བརྟག་དཔྱད་མི་བྱ། ནམ་དྲན་གྱི་ཚེ་བསྒོམ་རྒྱུ་མྱོང་རྒྱུ་བྱེད་རྒྱུ་གང་ཡང་མེད་པའི་ཐ་མལ་བཅོས་མེད་དེ་ཀར་བསྒྱུར། ཟ་ཉལ་འཆག་གསུམ་ཡང་བློ་བྲལ་གྱི་ངང་ནས་བྱ་ཞིང་གཞན་བྱ་བ་གང་ཡང་མི་བྱ། གཏོར་མ་དང་གསོལ་འདེབས་ཉུང་ཟད་ཙམ་རེ་མ་གཏོགས་དེ་མིན་དགེ་སྦྱོར་ཐམས་ཅད་བཞག་ལ་སྨྲ་བ་བཅད། ཉལ་བའི་ཚེ་ཡང་ཐ་མལ་བཅོས་མེད་ཟང་མར་ཉལ། དེ་ལྟར་ཞག་འགའི་བར་དུ་ཡིད་བྱེད་ཐམས་ཅད་བོར་ལ་རང་ཁར་འདུག་ཏུ་བཅུག་


KMC003_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཉམས་བལྟ། བཟང་ཞེན་གྱི་འཛིན་པ་གྲོལ་ངན་རྟོག་གི་འཁྲུལ་པ་ཟད་ནས་ཐམས་ཅད་སྒོམ་གྱི་རང་བཞིན་དུ་ངེས་ཤེས་ཐག་ཆོད་པ་སྐྱེས་ན། ཐ་མལ་གྱི་སེམས་གང་འདུག་ཅི་ཤར་སྐྱེ་འགག་མེད་པ་སྤང་བླང་མེད་པ་བྲལ་ཐོབ་མེད་པ། ཡེངས་མ་ཡེངས་དྲན་མ་དྲན་མྱོང་མ་མྱོང་རྟོགས་མ་རྟོགས་མེད་པར་རང་བྱུང་རང་དག་རང་གྲོལ་ཟང་ཐལ་ཐམས་ཅད་སྒོམ་གྱི་རང་བཞིན་སྒོམ་གྱི་ཁོར་ཡུག་ཏུ་ངོ་སྤྲད་ལ་ཞག་ལྔ་ཙམ་འབྱམས་སུ་བཅུག་ཅིང་སྐབས་རེ་ཙམ་སྒོམ་མིན་པའི་སེམས་བཙལ་དུ་འཇུག་གོ །ལྔ་པ་ནི། དེ་ལྟར་སྒོམ་ཁོར་ཡུག་དེས་མཉམ་གཞག་དང་རྗེས་ཐོབ་བསྲེ་ཞིང་། རྗེས་ཐོབ་ཏུ་དུམ་རེ་ཡེངས་ན་ཡང་རྗེས་ཤེས་དྲན་པས་ནམ་ཟིན་གནས་ལུགས་དེ་རིག་པས་ཆོག །དེ་བཞིན་དུ་ཉིན་མོའི་ཁོར་ཡུག་དེ་མཚན་མོར་བསྲེ་ཞིང་གཉིད་དང་རྨི་ལམ་དུ་བསླངས་ན་མཆོག་ཡིན། དེ་མིན་འཁྲུལ་ཡང་སད་མ་ཐག་རྗེས་ལ་གནས་ལུགས་རིག་པས་ཆོག །གཞན་མཚན་བཅས་དང་ཡིད་བྱེད་གང་ཡང་མི་བྱ་བར་ཞག་ལྔ་རེ་ཙམ་བཞག །ཡང་ཞག་


KMC003_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཙམ་གང་བདེར་ངལ་གསོ། །ཡང་ཞག་བདུན་རེ་བཅུ་རེ་ཙམ་དུ་ལ་བཟླ་རེ་དང་ངལ་གསོ་རེ་སྤེལ་ལ་གནས་ལུགས་ཀྱི་རྟོགས་པ་དེས་ཉིན་པར་ཁོར་ཡུག་ཏུ་མ་སོང་བར་དུ་ལ་བཟླ། ཉིན་པར་ཁོར་ཡུག་ཏུ་སོང་ནས་མཚན་མོ་རིམ་གྱིས་འཆར་བ་ཡིན་ནོ། །ལ་བཟླ་འདི་ལ་སྒོམ་ཁོར་ཡུག་གི་མན་ངག་ཀྱང་ཟེར། མཉམ་མེད་དྭགས་པོའི་གབ་པ་མངོན་ཕྱུང་གི་དགོངས་པ་གནས་ལུགས་རྗེན་པ་གཏན་ལ་དབབ་པའི་བོགས་འདོན་ཡིན་པས་མན་ངག་འདི་གནད་འཚམས་ཟོས་ན། གཉུག་མ་བཟང་ཞེན་ཅན་གྱིས་ལོ་མང་དུ་བགྲོད་དགོས་པའི་རྟོགས་པ་ཞག་འགའ་ལ་བགྲོད་ནུས་པ་ཡིན་ནོ། །ཅིས་ཀྱང་བོགས་མ་ཐོན་ན་རེ་ཞིག་མཉམ་རྗེས་ཀྱི་དགེ་སྦྱོར་སྐྱོང་ལུགས་སྔར་བཞིན་བྱའོ། ༈ །ལྔ་པ་ལམ་ཁྱེར་སྤྱོད་པའི་སྒོ་ནས་རྩལ་སྦྱོང་བ་ལ་བདུན། ལམ་ཁྱེར་གྱི་དུས་དང་སྤྱོད་པ། རྣམ་རྟོག་ལམ་ཁྱེར། ཉོན་མོངས་ལམ་ཁྱེར། ལྷ་འདྲེ་ལམ་ཁྱེར། སྡུག་བསྔལ་ལམ་ཁྱེར། ན་ཚ་ལམ་ཁྱེར། འཆི་བ་ལམ་ཁྱེར་རོ། །དང་པོ་ནི། སྒོམ་ངོ་མཐོང་


KMC003_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྟོགས་པ་ཤར་ནས་ཚེ་འདིའི་སྣང་ཤས་ལ་སོང་བ་དང་རྐྱེན་དྲག་པོ་དང་འཕྲད་པ་དང་རྣམ་རྟོག་བག་ལ་ཉལ་ངོ་མ་ཤེས་འོང་བའི་དུས་དང་། མདོར་ན་དགེ་སྦྱོར་གྱི་རང་ཤུགས་སུ་ལམ་དུ་སློང་དཀའ་བའི་འཁུ་འཕྲིག་གི་འཛིན་པ་ནམ་བྱུང་གི་དུས་དང་། དབེན་པའི་གནས་སུ་སྒོམ་ཁོར་ཡུག་ཤར་ན་དེ་བརྟན་ཞིང་བོགས་དབྱུང་བ་ལ་སྤྱོད་པ་བྱ་བའི་ཚེ་གོང་གི་རྐྱེན་དང་འཁུ་འཕྲིག་བྱུང་བའི་དུས་རྣམས་སུ་ལམ་ཁྱེར་བྱ་སྟེ། གཞན་དུ་ན་སྣང་སྲིད་ལམ་ཁྱེར་གྱི་རྒྱལ་པོ་བློ་བྲལ་གནས་ལུགས་སྐྱོང་བ་དོར་ནས་གཉེན་པོ་ཅན་གྱི་ལམ་ཁྱེར་བསྒོམ་པ་དོན་མིན་ནོ། །དེ་ལ་སྤྱོད་པ་བྱ་བའི་དུས་ནི་མཉམ་རྗེས་ཁོར་ཡུག་ཏུ་གྱུར་ནས་བྱ་ལ། སྤྱོད་པ་ནི་གསང་སྔགས་ཀྱི་ལམ་ནས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་མམ། ཀུན་ཏུ་བཟང་པོའི་སྤྱོད་པ་གསང་སྤྱོད་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཚོགས་སྤྱོད་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སོགས་མང་དུ་གསུངས་ཀྱང་། འདིར་སྒོམ་བོགས་འདོན་གྱི་སྤྱོད་པ་ལ་རབ་བྱུང་གི་བསླབ་པ་དང་མི་འགལ་བར་


KMC003_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་དང་། སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་དང་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་དོན་མཐུན་པར། རི་བོའི་རྩེ་དང་གཉན་ས་དང་དུར་ཁྲོད་དང་ཤིང་གཅིག་གི་མདུན་དང་བཞི་མདོ་ལ་སོགས་པའི་གནས་རྣམས་སུ་སྨྲ་བ་བཅད་དེ་ཀུ་སུ་ལུའི་མཆོད་སྦྱིན་བྱ་ཞིང་། འཇིག་རྟེན་ལ་བློ་མི་འཇུག་པ་རི་དྭགས་རྨས་མ་ལྟ་བུའི་སྤྱོད་པ། ཅི་བྱུང་ཡང་ཉམ་ང་མེད་པ་སེང་གེ་ལྟ་བུའི་སྤྱོད་པ། གང་ལ་ཡང་ཆགས་ཞེན་མེད་པ་བར་སྣང་གི་རླུང་ལྟ་བུའི་སྤྱོད་པ། ཅི་ལའང་བློ་རྟེན་མི་བཅའ་བ་ནམ་མཁའ་ལྟ་བུའི་སྤྱོད་པ། དགག་སྒྲུབ་དང་གཟའ་གཏད་མེད་པ་སྨྱོན་པ་ལྟ་བུའི་སྤྱོད་པ་སྟེ་ལྔའི་སྒོ་ནས་རྐྱེན་མཐའ་དག་ལམ་དུ་སློང་ཞིང་གནས་ལུགས་ལ་བོགས་དབྱུང་བར་བྱའོ། །གཉིས་པ་ནི། དགེ་མི་དགེ་ལ་སོགས་པའི་རྣམ་པར་རྟོག་པ་ཤར་ནས་འཁུ་འཕྲིག་བྱུང་བའི་ཚེ། རྣམ་རྟོག་དེ་ངོས་བཟུང་ནས་གང་ཤར་དེ་མ་བཅོས་ལྷུག་པར་སྐྱོང་སྟེ། དེ་ཡང་རྟོག་པ་དེ་ཡིད་ལ་མི་བྱེད་པར་སེམས་བཀུག་ནས་གཉེན་པོ་ཡེ་ཤེས་བསྒོམ་པ་ཡང་ཡིན། རྟོག་པ་


KMC003_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངོ་བོ་ལ་བརྟག་དཔྱད་བྱས་ཏེ་རང་བཞིན་མ་གྲུབ་པར་གཏན་ལ་འབེབས་པ་ཡང་མིན། རྟོག་པ་དེའི་རྗེས་སུ་འབྲང་ཞིང་དྲན་པས་སྐྱོང་བ་ཡང་མིན་པར། རྟོག་པ་དེ་ངོ་ཤེས་ཙམ་ནས་རྟོག་པ་དེ་ཀ་ལ་སྒོམ་གྱི་ངོ་བོར་བྱས་ཏེ་ཅི་ལྟར་འདུག་པ་དེ་ལ་སྐྱོན་དུ་མི་བཟུང་ཆེད་དུ་མི་དགག་རྗེས་སུའང་མི་འབྲང་བར་དེ་ག་ལ་བློས་མ་བཅོས་པར་གསལ་ལེ་ཡེ་རེ་ལྷོད་དེ་གུ་ཡངས་སང་ངེ་བཞག་པས། རྟོག་པ་གང་ཤར་དེ་ཉིད་སྤང་བླང་དགག་སྒྲུབ་བཅོས་བསྒྱུར་མི་དགོས་པར་སྒོམ་དུ་ལྷངས་ཀྱིས་འཆར་ཏེ། དེ་ལ་རྣམ་རྟོག་ལམ་དུ་སློང་བ་ཞེས་བྱའོ། །ཀློང་དུ་མ་གྱུར་པས་རྣམ་རྟོག་གི་གཡོ་བ་དྲག་པོ་རྣམས་དང་པོར་མི་བདེ་ཁར་རེ་བ་འདྲ་བ་ཞིག་ངང་ངམ་ཤུགས་ཀྱིས་ལམ་དུ་ལོངས་ལ། རིམ་གྱིས་ཀློང་དུ་གྱུར་ནས་མཐར་ངོས་ཟིན་པ་ཙམ་གྱིས་ལམ་དུ་བསླང་བ་ཡིན་ནོ། །གསུམ་པ་ནི། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལྔ་གང་ཡང་རུང་བ་སྐྱེས་པའི་ཚེ་དེ་ངོས་བཟུང་སྟེ་དེ་དགག་ཀྱང་མི་དགག་རྗེས་སུ་ཡང་མི་འབྲང་བར་


KMC003_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་དེ་ཀ་བློས་མ་བཅོས་པར་གསལ་སིང་ངེ་བར་གུ་ཡངས་སང་ངེ་བཞག་པས་སྒོམ་དུ་འཆར་རོ། །སྐབས་རེ་ཉོན་མོངས་པའི་དམིགས་རྐྱེན་ཕྱི་རྫས་ནང་སེམས་ཅན་གང་ཡིན་པའི་ཆགས་ཡུལ་སྡང་ཡུལ་ལ་སོགས་སྔར་ལས་མངོན་ཚན་ཆེ་བ་ཡིད་ལ་བྱས་ཏེ་ཉོན་མོངས་པ་ཆེས་ཆེར་བསྐྱེད་ལ། སྐྱེས་པ་དང་སྔར་བཞིན་བསྐྱང་ངོ་། །གཏི་མུག་ལ་གཉིད་བྲོ་བའི་སེམས་དེ་ངོས་བཟུང་ལ་གཉིད་ཐིབས་ཐིབས་ཡོང་བའི་ཚེ་དེ་ཀའི་སྟེང་དུ་བློས་མ་བཅོས་པར་བསྐྱང་བས་གཉིད་འོད་གསལ་དུ་འཆར་བའི་ཐབས་སུ་འགྱུར་ཞིང་། ཀློང་དུ་གྱུར་མ་གྱུར་སྔར་ལྟར་འབྱུང་ངོ་། །བཞི་པ་ནི། ལྷ་འདྲེའི་ཆོ་འཕྲུལ་ལ་སོགས་པས་འཇིགས་ཤིང་བག་ཚ་ཟིང་སྟེ་བྱུང་བའི་ཚེ། འཇིགས་པའི་རྟོག་པ་ངོས་བཟུང་ལ་མི་དགག་རྗེས་མི་འབྲང་བར་འཇིགས་རྟོག་དེ་ཀ་བློས་མ་བཅོས་པར་གསལ་རྗེན་ལྷང་ངེ་བསྐྱངས་པས་སྒོམ་དུ་འཆར། ཆོ་འཕྲུལ་སྨ་དབབ་ན་དེ་ལས་འཇིགས་པའི་ཆོ་འཕྲུལ་བློར་མི་ཤོང་བ་བྱུང་བར་བསམས་ཏེ་འཇིགས་སྣང་


KMC003_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆེར་བསྐྱེད་ལ་གོང་བཞིན་ཉམས་སུ་བླང་ངོ་། །ལྔ་པ་ནི། སྤྱིར་འཁོར་བར་སྡུག་བསྔལ་བ་དང་ཁྱད་པར་ཡུལ་སེམས་ཅན་ཞིག་སྡུག་བསྔལ་བ་མཐོང་ན། དེ་ལ་སྙིང་རྗེ་མེད་པར་རང་དེ་འདྲར་གྱུར་དོགས་ནས་སྒོམ་ལ་སེམས་སྤྲོ་བ་ཐེག་དམན་གྱི་བློ་དང་། དེ་ལ་སྙིང་བརྩེ་སྐྱེས་ཤིང་དེས་མཚོན་པའི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་སྐྱེ་བ་ཐེག་ཆེན་གྱི་བློ་གང་སྐྱེས་ཀྱང་། བློ་དེ་ངོས་བཟུང་ལ་དེ་ལ་བློས་མ་བཅོས་པར་གསལ་ལྷང་ངེ་བཞག་ལ་ལམ་དུ་སློང་ཉམས་དེའི་ངང་མ་ཤོར་བར་སེམས་ཅན་ཀུན་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་སྨོན་ལམ་གདབ་བོ། །དྲུག་པ་ནི། རང་ནད་ཀྱི་རིགས་གང་ཡང་རུང་བས་ན་བའི་ཚེ་རྒྱུ་རྐྱེན་སོགས་ཀྱི་བརྟག་དཔྱད་མི་བསམ་ཞིང་དགག་སྒྲུབ་མ་ཤོར་བར་བྱས་ཏེ། ན་ཚ་ཟུག་གཟེར་ལྷང་ངེ་བ་དེ་ཉིད་སྒོམ་གྱི་ངོ་བོར་བྱས་ལ་བློས་མ་བཅོས་པར་གསལ་སིང་ངེ་བཞག །དེ་ཡུན་བསྲིངས་པས་ན་ཚ་སྤོང་མི་དགོས་པར་སྒོམ་དུ་འཆར་ཞིང་བོགས་ཐོན་ནོ། །ནད་སྨ་དབབ་ན་སྔར་དང་འདྲ།


KMC003_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ན་མཁན་གཟེར་མཁན་མྱོང་མཁན་གྱི་བདག་འཛིན་རྩད་གཅོད་པ་དང་ངོ་བོ་ངོས་བཟུང་མེད་པའི་ངང་ལ་མ་བཅོས་པར་འཇོག་པ་སོགས་ཀྱང་བྱའོ། །འདིར་རོ་སྙོམས་པས་སྨན་དཔྱད་སྤང་བར་བཞེད་ཀྱང་རང་གི་ནད་དགེ་སྦྱོར་དུ་འཁྱེར་བ་ཡིན་གྱི། བྱང་ཆུབ་སྒྲུབ་པའི་རྟེན་ལ་ཤི་མ་ཤི་མེད་པར་བླུན་འཆོས་མི་བྱའོ། །བདུན་པ་ནི། དེ་ལྟར་མི་ཚེ་གང་བྱུང་ལ་རྐྱེན་ཅི་བྱུང་ལམ་དུ་འཁྱེར་ནས་གོམས་པར་བྱས་ལ། འཆི་ཁའི་ཚེ་ཐིམ་རིམ་རིམ་ཅན་ལ་སོགས་པ་ཅི་ཤར་ཡང་ངོ་ཤེས་པ་ཙམ་བྱས་ལ་རེ་དོགས་དང་དགག་སྒྲུབ་ཀྱི་ཁུ་འཕྲིག་མི་བྱ་བར་གང་ཤར་ཤར་དེ་ཀ་ལ་བློས་མ་བཅོས་པར་གསལ་རྗེན་ལྷང་ངེ་བསྐྱངས་པས། ཐིམ་རིམ་རྫོགས་པའི་རྗེས་ལ་རང་བཞིན་གྱི་འོད་གསལ་འཆར་བ་དང་ལམ་དུ་བསྐྱངས་བའི་འོད་གསལ་དེ་མ་བུ་འདྲེས་པས་ཆུ་ལ་ཆུ་བཞག་པའམ་ནམ་མཁའ་དང་ནམ་མཁའ་འདྲེས་པ་ལྟར་གྱུར་ཏེ་སངས་རྒྱ་བར་བཤད་ཅིང་། གལ་ཏེ་གོམས་པ་ཆུང་བས་སངས་མ་རྒྱས་ཀྱང་བར་དོ་དང་སྐྱེ་བའི་


KMC003_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཁྱེར་སྔར་གྱི་ཤུགས་ཀྱིས་རང་དབང་ཐོབ་པར་བཤད་དོ། །ལམ་ཁྱེར་འདི་དག་མཉམ་མེད་དྭགས་པོའི་གསུང་རབས་ལས་འཐོར་བུར་གསུངས་ཤིང་རྐྱེན་སྣང་ཅི་བྱུང་ཅི་ཤར་ཕྱག་རྒྱ་ཆེན་པོར་འཁྱེར་ནས་རོ་སྙོམས་པ་ལ་དོན་ཚང་ཡང་། ཕྱིས་སྒྲུབ་བརྒྱུད་པ་རྣམས་ཀྱིས་ལམ་ཁྱེར་དྲུག་དམིགས་བསལ་དུ་ཕྱེ་བ་རྩལ་སྦྱོང་དུ་ལེགས་པ་འདུག་ཅིང་བློ་རིགས་ཕལ་ཆེར་ལ་ཁྱད་ཆེ་བར་སྣང་བས་དེ་ལྟར་དུ་བྱས་པ་སྟེ་མིང་གཞན་རོ་སྙོམས་ཞེས་ཀྱང་གྲགས་སོ། །དྲུག་པ་རྟོགས་པ་འཆར་ཚུལ་བོགས་འདོན་དང་བཅས་པ་ལ་ལྔ། འཆར་ཚུལ་མི་འདྲ་བའི་ཁྱད་པར། རྩེ་གཅིག་བོགས་འདོན་དང་བཅས་པ། སྤྲོས་བྲལ་བོགས་འདོན་དང་བཅས་པ། རོ་གཅིག་བོགས་འདོན་དང་བཅས་པ། སྒོམ་མེད་བོགས་འདོན་པ་དང་བཅས་པའོ། །དང་པོ་ནི། གང་ཟག་ཅིག་ཆར་བའི་རིགས་ལ་དང་པོར་གནས་པའི་དུས་སམ་ངོ་སྤྲད་དུས་ནས་རྩེ་གཅིག་ཙམ་དང་སྤྲོས་བྲལ་མན་དང་རོ་གཅིག་མན་དང་སྒོམ་མེད་ཕྱིན་ཅིག་ཆར་དུ་སྐྱེ་བ་སོགས་སྣ་ཚོགས་པ་ཡོད་


KMC003_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེས་པ་དེ་ཡང་བརྟན་ནོ། །ཐོད་རྒལ་བ་ལ་རྣལ་འབྱོར་བཞི་སྔ་མ་མ་བརྟན་པར་ཕྱི་མ་ཐོལ་གྱིས་སྐྱེ་ལ་སྐྱེས་པ་མི་བརྟན་པར་འཕེལ་འགྲིབ་ཆེ་བས་མཚམས་ལ་རྒྱུན་དུ་གནས་ཤིང་རྩེ་གཅིག་ཏུ་བསྒོམས་ན་རྟོགས་པ་བརྟན་པོ་ཐོབ་ལ། ཚེ་འདིར་སྒོམ་ཡུན་ཐུང་ན་རྟོགས་པ་གཤའ་མ་བར་དོར་འཆར་བར་བཤད་དོ། །རིམ་གྱིས་པ་ལ་རྣལ་འབྱོར་བཞི་རིམ་པས་འཆར་ཞིང་སྔ་མ་བརྟན་ནས་ཕྱི་མ་རིམ་གྱིས་སྐྱེ་ལ་སྐྱེས་པ་ཡང་བརྟན་ཏེ་སྙིང་རུས་བསྐྱེད་པ་གལ་ཆེའོ། །ཐོད་རྒལ་བ་དང་རིམ་གྱིས་པ་གཉིས་ཀྱང་བླ་མ་ལ་མོས་གུས་དང་སྒོམ་ལ་སྙིང་རུས་བསྐྱེད་ན་ཅིག་ཆར་བ་དང་འདྲ་བར་འགྱུར་བ་ལ་ཚོགས་མེད་པར་བཤད་ཅིང་། རིགས་གསུམ་པོ་སོ་སོ་ལའང་བློ་རྩལ་ཆེ་ཆུང་གི་དབྱེ་བས་སྐྱེ་ལུགས་མ་ངེས་པ་སྣ་ཚོགས་འོང་བར་འདུག་པས། རྣལ་འབྱོར་བཞི་རིམ་གྱི་བཤད་ཚོད་ཐམས་ཅད་ཁྲིགས་ཀྱིས་འགྲིགས་པ་རང་གི་ངེས་བཟུང་མི་སྣང་ལ། འོན་ཀྱང་རིམ་གྱིས་པ་ལ་རིམ་ཅན་ངེས་བཟུང་དུ་འཆར་བའི་ཚུལ་བཤད་ན་


KMC003_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

མ་ངེས་པའི་འཆར་ཚུལ་ལའང་དགེ་སྦྱོར་གྱི་གནས་སྐབས་དང་བླང་དོར་ཕྱེད་པས་དེ་ལྟར་དུ་བཤད་པར་བྱའོ། །གཉིས་པ་ནི། རྩེ་གཅིག་གི་རྣལ་འབྱོར་ལ་གོམས་པ་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བས་གསུམ་དུ་ཡོད་དེ། གསལ་སྟོང་བདེ་ཉམས་དང་བཅས་པའི་ཏིང་ངེ་འཛིན་སྐྱོང་དཀའ་བ་ཙམ་ནས་ནམ་སྒོམ་སྒོམ་འོང་བའི་བར་རྩེ་གཅིག་ཆུང་ངུ་ུ། རེས་མ་བསྒོམས་ཀྱང་ཏིང་ངེ་འཛིན་དེར་འགྲོ་ཞིང་བསྒོམས་པའི་ཚེ་བརྟན་པོ་འོང་བ་རྩེ་གཅིག་འབྲིང་། མཉམ་རྗེས་དང་སྤྱོད་ལམ་བཞི་དང་ཉིན་མཚན་ཁོར་ཡུག་ཏུ་རྒྱུན་ཆད་མེད་པར་གསལ་སྟོང་གི་ངང་དུ་ཆམ་གྱིས་འགྲོ་བ་རྩེ་གཅིག་ཆེན་པོའོ། །དེ་ཡང་མཐར་ཕྱིན་མ་ཕྱིན་དབྱེ་བ་དྲུག་གིས་བྱེད་དེ། སེམས་གསལ་སྟོང་དེ་ཉིད་ལ་རང་རིག་ཡིད་ཆེས་ཀྱི་ངེས་ཤེས་རྙེད་ན་རྩེ་གཅིག་གི་ངོ་བོ་མཐོང་། བདེ་གསལ་མི་རྟོག་པའི་ངང་དུ་གནས་ཀྱང་ངེས་ཤེས་ཀྱི་འཕྲིག་མ་ཚུད་ན་ངོ་བོ་མ་མཐོང་། གསལ་སྟོང་དེའི་ངང་ལ་ཉིན་མཚན་ཁོར་ཡུག་ཏུ་འགྲོ་ན་རྩལ་རྫོགས། རེས་འཇོག་འོང་ན་རྩལ་མ་


KMC003_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། རྟོག་སྣང་ཤར་ཚད་དྲན་པས་ཟིན་ཙམ་ནས་སྤང་མ་དགོས་པར་སྒོམ་དུ་འགྲོ་ན་རྣམ་རྟོག་སྒོམ་དུ་ཤར། རྣམ་རྟོག་བཀུག་ནས་བསྒོམ་དགོས་ན་མ་ཤར། ཆོས་བརྒྱད་ལས་བློ་ལོག་པ་སོགས་ཀྱི་དྲོད་རྟགས་ཐོབ་ན་ཡོན་ཏན་སྐྱེས། བློ་ལས་སུ་མི་རུང་བ་སོགས་འདུག་ན་མ་སྐྱེས། རྗེས་ཤེས་སུ་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་གཞན་ཕན་གྱི་སྨོན་ལམ་བཏབ་ན་གཟུགས་སྐུའི་ས་བོན་ཐེབས། སྙིང་རྗེ་སྐྱེ་དཀའ་ན་མ་ཐེབས། རྗེས་ཤེས་སུ་རྒྱུ་འབྲས་ཕྲ་རགས་ལ་མི་སླུ་བའི་འཕྲིག་ཚུད་ན་ཀུན་རྫོབ་ལ་རང་བྱན་ཚུད། རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་ངེས་པ་མ་རྙེད་ན་མ་ཚུད་པའོ། །དེ་ལ་རྩེ་གཅིག་ཆུང་ངུའི་དུས། སེམས་གསལ་སྟོང་བདེ་ཉམས་དང་བཅས་པའི་མཉམ་བཞག་ངེས་བཟུང་ཅན་ཡོད་ཅིང་ཉམས་དེའི་ངང་ནས་རྟོག་སྣང་འཆར་བའི་ཚེ་རང་དྭངས་རང་གྲོལ་དུ་འགྲོ་ཞིང་སྒོམ་ཡིན་སྙམ་དུ་བློས་བྱས་ཀྱི་ངེས་ཤེས་ཀྱང་འོང་། རྗེས་སྣང་དུ་དགའ་སྤྲོ་དང་བཅས་པའི་སྣང་བ་ཕལ་ཆེར་ཨ་འཐས་སུ་འཆར། རྗེས་ཤེས་སུ་དྲན་པས་


KMC003_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཟན་གསལ་སྟོང་གི་ཉམས་དང་བཅས་ཏེ་སྟོང་པ་དང་སེམས་སྣང་ཡིན་སྙམ་པའི་འཛིན་སྟངས་འབྱུང་། རྨི་ལམ་གསལ་དྭངས་ཐོན་ཙམ་ལས་ཁྱད་ཆེར་མི་འོང་། འགའ་ཞིག་ལ་རྨི་གྲངས་མང་ལ་ངེས་བཟུང་ཆུང་བའོ། །རེས་མཉམ་པར་འཇོག་དཀའ་ཞིང་སྒོམ་མི་འོང་བ་འདྲ་སྙམ་པའང་འབྱུང་། འཕེལ་འགྲིབ་ཆེ་མོས་གུས་དག་སྣང་སྙིང་རྗེ་རྣམས་སྐྱེའོ། །རྩེ་གཅིག་འབྲིང་གི་དུས་གསལ་སྟོང་བདེ་ཉམས་དང་བཅས་པའི་སྒོམ་དེ་ནམ་སྒོམ་སྒོམ་བརྟན་པོ་འབྱུང་ཞིང་རིས་མ་བསྒོམས་ཀྱང་དེའི་ངང་དུ་ཚེམ་གྱིས་འགྲོ། ཉམས་དེའི་ངང་ནས་རྟོག་སྣང་འཆར་བ་སྔར་བས་ཉུང་ཞིང་གང་ཤར་རང་དྭངས་སུ་འགྲོ། རྗེས་སྣང་དུ་གསལ་སྟོང་གི་ཉམས་དང་བཅས་པའི་སྣང་བ་གུ་ཡངས་སང་ངེ་བ་འབྱུང་། རེས་ཨ་འཐས་སུ་འཇའ་ཆར། རྗེས་ཤེས་སུ་ནམ་དྲན་སྒོམ་དུ་ཆམ་གྱིས་འགྲོ། རྨི་ལམ་དུ་ཉམས་དེས་རེས་སླ་བ་རེས་མི་སླེབ་འགའ་ཞིག་ལ་རྨི་གྲངས་ཉུང་ངུ་འགྲོ་བ་འོང་། སྒོམ་ལ་སྤྲོ་བ་སྐྱེའོ། །རྩེ་གཅིག་ཆེན་པོའི་དུས་གསལ་སྟོང་བདེ་ཉམས་དང་


KMC003_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རྒྱུན་ཆད་མེད་པར་འཆར་ཞིང་། རྣམ་རྟོག་ཐམས་ཅད་དེའི་ངང་དུ་ཐིམ་རྗེས་སྣང་ཐམས་ཅད་དེའི་ངང་དུ་སོང་རྨི་ལམ་ཕལ་ཆེར་ཡང་དེའི་ངང་དུ་ཆུད་དེ། བཟང་ཞེན་གྱི་འཛིན་པ་དང་བཅས་པའི་ངེས་ཤེས་ལ་སེམས་བདེ་སྟོང་རིག་སྟོང་རྣམ་རྟོག་གསལ་སྟོང་སྣང་བ་སྣང་སྟོང་སོགས་ཀྱི་སྟོང་ཉམས་དང་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་སོགས་ཀྱི་མྱོང་བ་མང་པོ་འཆར། ཟག་བཅས་ཀྱི་ཡོན་ཏན་འགའ་རེའང་སྐྱེ། སྒོམ་འདི་བས་བཟུང་བ་མེད་སྙམ་པ་འོང་ཞིང་མོས་གུས་སོགས་སྐྱེའོ། །དེ་ཡང་རྩེ་གཅིག་གསུམ་གྱི་དུས་སུ་རི་མཚམས་དང་འདག་སྦྱར་དང་སྨྲ་བཅད་ལ་བརྩོན་པར་བྱ་གྲིབ་ལ་འཛེམ་ཞིང་གྲིབ་ཕོག་ན་གྲིབ་སེལ་བྱ། བྱིང་རྒོད་བྱུང་ན་སྐྱོན་བསལ་བ་དང་ངོ་ལྟ་བྱ། རྨུགས་ན་སྡིག་བཤགས་བྱ་ཞིང་བླ་མ་ལ་དབང་ཞུ། ཏིང་ངེ་འཛིན་གྱི་དབང་མང་དུ་བླང་། ཚོགས་འཁོར་དང་མཆོད་འབུལ་དང་སྦྱིན་གཏོང་བྱ་ཞིང་བླ་མ་དང་མཆེད་གྲོགས་ལ་ཞུས་ཏེ་བཅོས། ཧ་ཅང་སྐྱོན་ཆེ་ཞིང་བླ་མ་དང་མཆེད་གྲོགས་ལ་ཞུ་མི་འདོད་


KMC003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལོག་ལྟ་སྐྱེས་པ་བྱུང་ན་བདུད་ཀྱི་བར་ཆད་ཡིན་པས་སྐྱབས་འགྲོ་བྱ། །སྐྱོ་ཤས་ངེས་འབྱུང་མོས་གུས་དག་སྣང་སྙིང་རྗེ་རྣམས་རྩལ་ཕྱུང་སྟེ་བསྒོམ། ཞག་འགའ་ཟུང་དུབ་བསང་བྱས་ལ་སྐྱོན་བཅོས་ཤིང་བསྐྱང་བ་དང་ལུས་སྦྱོང་ཅི་རིགས་བྱའོ། །དེ་ལྟར་ཏིང་ངེ་འཛིན་དེ་སྔར་བཤད་པའི་སྐྱོང་ཐབས་ལྟར་འཇུར་དྲན་ནམ་བཟུང་དྲན་གྱིས་རྩེ་གཅིག་ཏུ་སྐྱོང་། རྟོག་དཔྱོད་ཀྱི་གོ་ཡུལ་དང་མི་རྟོག་པའི་གནས་པ་དང་མྱོང་བའི་ཉམས་དང་རྗེས་ཤེས་ཀྱི་སྣང་ཤས་རྣམས་ཕུ་མ་ཤོར་བར་བྱ། ཉམས་བཟང་བ་ལ་དགའ་ཚོར་གྱི་ཞེན་འཛིན་དང་ངན་པ་ལ་མི་དགའ་བའི་སྐྱོན་བལྟས་མི་བྱ། གང་ཤར་ཡང་སྤང་བླང་མེད་པར་འཛིན་མེད་བཅོས་མེད་དུ་སྐྱོང་། ཉམས་འཐུག་ན་ཉམས་དང་ཕྲལ་ཏེ་ངར་བསྐྱེད་ལ་ཤེས་པ་སོ་མ་ཡང་ཡང་སྐྱང་། སྐབས་སུ་སྒྲུབ་བརྒྱུད་གོང་མས་སྒྲུབ་ཚུགས་བཟུང་བའི་རྣམ་ཐར་དང་རྡོ་རྗེའི་མགུར་ལ་སོགས་པ་ཡང་བལྟས་ཏེ་རང་ཡང་དེ་ལྟ་བུའི་སྙིང་སྟོབས་བསྐྱེད་པ་སོགས་བྱའོ། །དེ་ལྟར་བསྐྱངས་པས་བདེ་གསལ་མི་རྟོག་པ་


KMC003_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དབྱེར་མེད་པ་སེམས་ཀྱི་རང་བཞིན་གསལ་སྟོང་དུ་འཇུག་པ་མྱོང་ཞིང་རྟོགས་ཏེ། རྣམ་རྟོག་གསལ་སྟོང་དང་སྣང་བ་སྣང་སྟོང་དུ་རྟོགས་ཤིང་ཐམས་ཅད་སེམས་སུ་ཐག་ཆོད་པ་དང་། སེམས་སྐྱེ་མེད་རང་རིག་དང་རང་གྲོལ་དུ་རྟོགས་ཏེ་རྩེ་གཅིག་གི་རྟོགས་པ་མཐར་ཕྱིན་པར་འགྱུར་རོ། །ཅིས་ཀྱང་བོགས་མ་བྱུང་ན་ཞེན་པ་གསུམ་བཏང་བར་བྱ་སྟེ། བདག་ཏུ་ཞེན་པ་བཏང་བ་ནི། ཚེ་འདིའི་ལྟོས་ཐག་བཅད་མི་ཁྱུ་ནས་བུད་འཇིག་རྟེན་གྱི་འཁྲི་བ་བཏང་། དགྲ་གཉེན་གྱི་ཆགས་སྡང་དང་ལུས་བླ་མ་ལ་དབུལ་ཕུང་པོའི་གཅེས་འཛིན་སྤང་ཀུ་སུ་ལུའི་མཆོད་སྦྱིན་བྱ། ལོངས་སྤྱོད་ལ་ཞེན་པ་བཏང་བ་ནི། ནོར་རྫས་ཅི་ཡོད་པ་བླ་མ་མཉེས་པའི་འབུལ་བ། ཡི་དམ་ལ་སོགས་མཉེས་པའི་མཆོད་གཏོར་དང་ཚོགས་འཁོར། རྡོ་རྗེ་སྤུན་མཉེས་པའི་སྤོང་དག་བྱས་ལ། སྐྱིད་འདོད་ཟ་འདོད་འབྱོར་འདོད་ཀྱི་འཛོམ་ཤ་བློས་བཏང་། ལྟོ་གོས་གཏམ་གསུམ་ཁྱད་དུ་བསད། སྔར་བཤད་པའི་རི་དྭགས་ལྟ་བུའི་སྤྱོད་པ་ལ་སོགས་པ་བྱ་ཞིང་ཆགས་


KMC003_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་དང་གཡེང་བ་ཅན་གྱི་གནས་ཕ་ཡུལ་སོགས་སྤང་། ཅིས་ཀྱང་སྤང་མ་ཚུགས་ན་ལོ་ཤས་སྨྲ་བཅད་བྱ། ཏིང་ངེ་འཛིན་ལ་ཞེན་པ་བཏང་བ་ནི། དགའ་ཞིང་སྤྲོ་ལ་ཡིད་ཆེས་པའི་བཟང་ཉམས་ཐམས་ཅད་གཏོང་། གནས་ལུགས་གང་ཤར་ལ་བཟང་ངན་མེད་པར་ཐག་བཅད་དེ་ལ་བཟླ། ཤེས་པ་ཉམས་དང་བྲལ་བའི་རྗེན་པ་རྣལ་མ་བསྐྱང་བས་རིམ་གྱིས་བོགས་ཐོན་ཏེ་ཅི་ཞིག་ན་ཉམས་མྱོང་དེ་དག་ནས་ཡུལ་དང་ཡུལ་ཅན་གྱི་གཉིས་འཛིན་ཞིག་སྟེ། སེམས་ཀྱི་ངོ་བོ་སྐྱེ་འགག་གི་སྤྲོས་པ་དང་བྲལ་བར་རྟོགས་ཏེ་སྤྲོས་བྲལ་གྱི་རྟོགས་པ་འཆར་རོ། །གསུམ་པ་ནི། སྤྲོས་བྲལ་ལ་ཡང་གསུམ་སྟེ། རྟོག་སྣང་སེམས་ཀྱི་ངོ་བོ་སྐྱེ་འགག་གི་སྤྲོས་པ་དང་བྲལ་བར་རྟོགས་ཀྱང་སྟོང་པར་འཛིན་པའི་ངེས་ཤེས་ཀྱི་མྱོང་འཁྲིས་དང་མ་བྲལ་ཞིང་འཁོར་འདས་ལ་རེ་དོགས་ཡོད་པ་སྤྲོས་བྲལ་ཆུང་ངུ་ུ། སྟོང་འཛིན་ངེས་ཤེས་ཀྱི་མྱོང་འཁྲིས་དག་ཀྱང་སྣང་ཐོག་ཏུ་རེ་དོགས་འོང་ཞིང་སྒྲོ་འདོགས་མ་ཆོད་པ་སྤྲོས་བྲལ་འབྲིང་པོ། སྣང་སྲིད་འཁོར་འདས་ཐམས་ཅད་ལ་


KMC003_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་འཛིན་ངེས་ཤེས་ཀྱི་འཛིན་པ་གྲོལ་ནས་རེ་དོགས་དང་བྲལ་ཞིང་སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཆེན་པོའོ། །སྤྲོས་བྲལ་མཐར་ཕྱིན་མ་ཕྱིན་གྱི་དབྱེ་བ་ནི། དེ་ལ་སེམས་ཀྱི་ངོ་བོ་སྤྲོས་བྲལ་དུ་མཐོང་བ་ལ་ངེས་ཤེས་ཀྱི་འཛིན་པ་གྲོལ། མྱོང་ཚོར་མཁན་པོའི་རྩ་བ་ཆོད་ནས་སྤྲོས་པ་ཐམས་ཅད་དག་པའི་ངང་དུ་ཕྱལ་གྱིས་སོད་ན་སྤྲོས་བྲལ་གྱི་ངོ་བོ་མཐོང་། སྟོང་འཛིན་ཉམས་ཀྱི་དྲི་མ་ངེས་ཤེས་ཀྱི་ཆ་མ་དག་ན་ངོ་བོ་མ་མཐོང་། རེ་དོགས་དང་སྟོང་འཛིན་གྱི་ཆ་ཙམ་ཡང་མེད་པར་ཐ་མལ་ཤེས་པ་སྤྲོས་བྲལ་དུ་སྒྲོ་འདོགས་ཆོད་ན་རྩལ་མ་རྫོགས། རང་བཞིན་སྐྱེ་མེད་དུ་ཤེས་ཀྱང་སྣང་ཐོག་ཏུ་རེ་དོགས་འོང་ཞིང་སྟོང་འཛིན་གྱི་འཁྲིས་མ་སངས་ན་རྩལ་མ་རྫོགས། རྟོག་སྣང་ཐམས་ཅད་སྟོང་འགྱུ་སྟོང་སྣང་དུ་རང་ངོ་ཤེས་ནས་རྗེས་སྣང་དུ་མཉམ་གཞག་གི་རྟོགས་པ་ལྟ་བུར་འཆར་ན་རྣམ་རྟོག་སྒོམ་དུ་ཤར། དེ་མི་འཆར་ན་མ་ཤར། ཐབས་ལམ་ལ་གནད་དུ་བསྣུན་ཏེ་གྲུབ་པའི་རྟགས་དང་རྟོགས་པ་འབྲེལ་ན་ཡོན་ཏན་སྐྱེས། གྲུབ་རྟགས་ཀྱི་སྣང་ཆ་


KMC003_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོན་ན་མ་སྐྱེས། སྟོང་ཉིད་ཀྱི་མ་འགགས་པའི་རྩལ་ལ་དམིགས་མེད་ཀྱི་སྙིང་རྗེ་སྐྱེས་ནས་སེམས་བསྐྱེད་དང་སྨོན་ལམ་གྱི་རྟེན་འབྲེལ་རྗེས་ཤེས་སུ་སྒྲིག་ན་གཟུགས་སྐུའི་ས་བོན་ཐེབས། སྙིང་རྗེ་སྐྱེ་དཀའ་ཞིང་ཐབས་རྟེན་འབྲེལ་མི་སྒྲིག་ན་ས་བོན་མ་ཐེབས། སྟོང་ཉིད་རྒྱུ་འབྲས་སུ་ཤར་ནས་ངོ་བོ་སྤྲོས་པ་དང་བྲལ་ཡང་རྐྱེན་གྱིས་ཅིར་ཡང་སྒྱུར་བར་གོ་ན་ཀུན་རྫོབ་ལ་རང་བྱན་ཚུད། རྒྱུ་འབྲས་ཀྱི་རྟེན་འབྲེལ་མ་གོ་བར་སྟོང་འཛིན་གྱི་ཁྱད་དུ་གསོད་ན་རང་བྱན་མ་ཚུད་དོ། །དེ་ལ་སྤྲོས་བྲལ་ཆུང་ངུའི་དུས་ཆོས་ཐམས་ཅད་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་གྱི་སྤྲོས་པ་དང་བྲལ་བར་རྟོགས་ཀྱང་ཐམས་ཅད་ལ་སྟོང་པར་འཛིན་པའི་འཛིན་པ་ཅུང་ཟད་ཡོད་ལ། རྗེས་ཤེས་སུ་དྲན་པས་མ་ཟིན་པའི་དུས་དགྲ་གཉེན་ཆགས་སྡང་གི་འཛིན་པ་ཨ་འཐས་འབྱུང་ཞིང་གཉིད་དང་རྨི་ལམ་ཕལ་ཆེར་ཡང་འཁྲུལ་པར་འབྱུང་། དགེ་སྦྱོར་མཐོ་དམན་ཆེ་ཞིང་བླ་མ་མཆེད་གྲོགས་དང་དགེ་སྦྱོར་ལ་རེས་དད་པ་དང་ངེས་ཤེས་སྐྱེ་རེས་ཐེ་ཚོམ་སྐྱེ་བ་སྲིད་དོ། །སྤྲོས་བྲལ་


KMC003_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་གི་དུས་སྟོང་འཛིན་ཉམས་ཀྱི་དྲི་མ་དེ་དག་ནས་གང་ལ་ཡང་ཞེན་པ་དང་བྲལ། རྣམ་རྟོག་གི་རྩ་བ་ཆོད་པས་འགྱུ་ཐོག་ཏུ་སྒྲོ་འདོགས་ཆོད་ཀྱང་སྣང་ཐོག་ཏུ་ཨ་འཐས་ཀྱི་རེ་དོགས་དུ་མ་རེ་འོང་། རྗེས་ཤེས་དང་རྨི་ལམ་གྱི་ཚེ་འཁྲུལ་མ་འཁྲུལ་སྣ་ཚོགས་འབྱུང་། དགེ་སྦྱོར་དང་བླ་མ་མཆེད་གྲོགས་ལ་ཡང་དད་པ་དང་ཐེ་ཚོམ་ལ་སོགས་མཐོ་དམན་དུ་མ་རེ་འབྱུང་། རེས་སངས་རྒྱས་ཐོབ་རྒྱུ་མེད་དམྱལ་བར་སྐྱེ་རྒྱུ་མེད་དམ་སྙམ་པའང་འོང་ངོ་། །སྤྲོས་བྲལ་ཆེན་པོའི་དུས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཆོད་པས་ཐམས་ཅད་ལ་རེ་དོགས་མེད་ཅིང་སྒྲོ་འདོགས་ཆོད་དེ་ཕྱི་ནང་གི་ཆོས་ཐམས་ཅད་ལ་སྟོང་མི་སྟོང་སོགས་ཀྱི་བདེ་མི་བདེ་མེད་པར་ཕྱལ་གྱིས་འགྲོ། སྣང་བ་ཐམས་ཅད་སྟོང་ཞིང་བདག་མེད་པར་འཆར། རྗེས་ཤེས་སུ་སྣང་བ་ཐམས་ཅད་རྟོག་པར་དག་པའི་ཤེས་པ་དྭངས་སེང་ངེ་བ་འབའ་ཞིག་ཅུང་མི་འོང་ཡང་རིག་སྟོང་སྣང་སྟོང་གི་ཉམས་བཟང་པོ་དང་བཅས་པའི་ཉིན་བར་གྱི་སྒོམ་ལ་རྒྱུན་ཆད་མེད། །འོན་


KMC003_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དྲན་པས་རྒྱུན་ཆད་མེད་པར་ཟིན་པ་ཅུང་མི་འོང་བས་བཟུང་དྲན་རེ་ལ་ལྟོས་དགོས་ཤིང་། རྨི་ལམ་དུ་འཁྲུལ་པ་རང་མཚན་པ་དུ་མ་རེ་འོང་། རེས་སངས་རྒྱས་ཐོབ་རྒྱུ་མེད་དམྱལ་བར་འགྲོ་རྒྱུ་མེད་གནས་ལུགས་ཀྱི་དོན་རྟོགས་སྙམ་པའང་འོང་། གཏིང་ཟབ་པའི་ཆོས་རྣམས་ཀྱང་གོ་ཞིང་སེམས་ཉིད་བླ་མར་འཆར་སྣང་བ་དགེ་སྦྱོར་གྱི་གྲོགས་སུ་འགྲོ། གང་ལ་ཡང་ཞེན་པ་ཆུང་ཆོས་བརྒྱད་ལས་བློ་ལྡོག །འོན་ཀྱང་ད་ནི་བླ་མ་མི་དགོས་སྙམ་པ་དང་ང་རྒྱལ་དང་རློམ་སེམས་དང་གཞན་ལ་ཁྱད་དུ་གསོད་པ་སོགས་འབྱུང་དོགས་ཡོད་དོ། །སྤྲོས་བྲལ་གསུམ་གྱི་ཚེ། ཞེན་པ་གསུམ་བཏང་རི་ཁྲོད་ཤིན་ཏུ་དབེན་པ་བརྟེན་ཞིང་སྨྲ་བཅད་དང་འདག་སྦྱར་ལ་ནན་ཏན་བྱ། གཏོར་མ་དང་བླ་མའི་གསོལ་འདེབས་ཙམ་མ་གཏོགས་མཚན་བཅས་ཀྱི་དགེ་སྦྱོར་རྣམས་རེ་ཞིག་དོར་ནས་དྲན་པ་ལ་རྩིས་སུ་བྱ་ཞིང་ཡེངས་མེད་དུ་བསྒོམ་པ་གལ་ཆེ། སྐབས་སུ་མཆོད་སྦྱིན་སོགས་འདུས་བྱས་ཀྱི་དགེ་བ་བསགས་པ་དང་། བླ་མ་ལ་མོས་གུས་མཆེད་གྲོགས་ལ་དག་སྣང་


KMC003_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ལ་སྙིང་རྗེ་བསྒོམ་ཞིང་རྒྱུ་འབྲས་ཀྱི་རྟེན་འབྲེལ་རྣམས་བསམ། བླ་མ་དང་མཆེད་གྲོགས་རྟོགས་དོན་ལ་ཟབ་མོའི་གླེང་མོ་བྱ་བ་དང་གྲུབ་ཐོབ་བརྒྱུད་པའི་རྡོ་རྗེའི་མགུར་བལྟ་བ་དང་དབྱངས་སུ་བླང་བ་སོགས་བྱ། ཕལ་ཆེར་དུ་དྲན་པ་རྒྱུན་ཆགས་ཀྱིས་མ་ཡེངས་པ་ཉིད་གལ་ཆེ་ཞིང་དམིགས་བཅས་མང་ན་མི་དགའ། ཡང་བདེ་ཤེས་ཆུང་ཞིང་འགྲོ་འདོད་དང་ཟ་འདོད་དང་སྙིང་མི་དགའ་བ་སོགས་བྱུང་ན་ཐབས་ལམ་འབར་འཛག་དང་མཆོག་གི་གཏུམ་མོ་དང་ལུས་སྦྱོང་སོགས་ཅི་རིགས་བྱའོ། །སྤྲོས་བྲལ་ཆེན་པོར་ལོར་བསྐྱངས་ཀྱང་བོགས་མ་ཐོན་ན་ཞེན་པ་གསུམ་གཏོང་བ་དབང་ཞུ་བ་ཉམས་ཆགས་བཤགས་པ་སོགས་བྱ་ཞིང་རྟོགས་པ་འཕེལ་བར་གསོལ་བ་གདབ། རང་ཡི་དམ་དུ་བསྒོམས་ལ་དམྱལ་བའི་སྡུག་བསྔལ་བསམ་ཞིང་དེ་སེམས་སུ་ཐག་བཅད་ལ་སྤྲོས་བྲལ་དུ་མཉམ་པར་བཞག །དེ་བཞིན་དུ་ལྷའི་བདེ་སྐྱིད་དང་འཁོར་བའི་གནས་ཚུལ་དང་མྱང་འདས་ཀྱི་གནས་ཚུལ་རྣམས་བསམ་ཞིང་སྤྲོས་བྲལ་དུ་མཉམ་


KMC003_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག །རེས་རི་བོའི་རྩེར་ཕྱིན་ལ་སྤྲོས་བྲལ་དུ་གློད། རེས་མང་པོའི་འདུན་སར་སོང་ལ་སྤྲོས་བྲལ་དུ་གློད། རླུང་ཐུན་རེ་བཟུང་ལ་སྣང་བ་ལ་མིག་ཧ་རེ་བལྟ་ཞིང་སྤྲོས་བྲལ་དུ་གློད་དེ་བསྐྱང་བས་བོགས་འབྱུང་བར་བཤད་དོ། །དེ་ནས་ཅི་ཞིག་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྐྱེ་འགག་གི་སྤྲོས་པ་དང་བྲལ་མ་བྲལ་སྟོང་མི་སྟོང་སྤང་བླང་སོགས་ཀྱི་དགག་སྒྲུབ་མེད་པར་གྲ་མ་ཆག་ཟུར་མ་ཉམས་པར་ཕྱག་རྒྱ་ཆེན་པོར་རོ་གཅིག་ཏུ་རྟོགས་པའི་རྣལ་འབྱོར་འཆར་རོ། །བཞི་པ་ནི། རོ་གཅིག་ལའང་གསུམ་སྟེ། དྲན་སྣང་ཐམས་ཅད་སེམས་ཉིད་ཕྱག་རྒྱ་ཆེན་པོར་རོ་གཅིག་ཏུ་རྟོགས་ཀྱང་དེར་མྱོང་ཞིང་འཛིན་པའི་ངེས་ཤེས་ཀྱི་འཁྲིས་ཡོད་པ་རོ་གཅིག་ཆུང་ངུ་། དུ་མ་རོ་གཅིག་ཏུ་མྱོང་ཞིང་འཛིན་པའི་ངེས་ཤེས་ཀྱི་དྲི་མ་དག་ནས་སྣང་བ་ཕྱིར་མ་ལུས་སེམས་ནང་དུ་མ་ལུས་པར་སྣང་སེམས་དབྱེར་མེད་ལམ་མེ་བ་མངོན་དུ་གྱུར་པ་རོ་གཅིག་འབྲིང་པོ། དུ་མ་རོ་གཅིག་ཏུ་རྟོགས་རོ་གཅིག་དུ་མར་ཤར་ཏེ་ཐམས་ཅད་མཉམ་ཉིད་གཉུག་མའི་ངང་དུ་ཞི་


KMC003_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བ་རོ་གཅིག་ཆེན་པོའོ། །རོ་གཅིག་མཐར་ཕྱིན་མ་ཕྱིན་གྱི་དབྱེ་བ་ནི། གང་ཤར་གྱི་སྣང་བ་ལ་སྤང་བླང་དགག་སྒྲུབ་མེད་པར་མཉམ་ཉིད་གཉུག་མ་ཡུལ་མེད་རང་གསལ་དུ་རང་ངོ་ཤེས་ན་རོ་གཅིག་གི་ངོ་བོ་མཐོང་། མཉམ་ཉིད་དུ་འདྲེས་རྒྱུ་དང་འདྲེས་པའི་མྱོང་འཛིན་ངེས་ཤེས་ཀྱི་འཛིན་པ་འདུག་ན་ངོ་བོ་མ་མཐོང་། གང་ཤར་ཐམས་ཅད་མཉམ་ཉིད་གཉུག་མ་དེའི་རྩལ་དུ་འཆར་ན་རྩལ་རྫོགས། གཉེན་པོའི་འཁྲིས་དང་བཅས་པས་རོ་གཅིག་དུ་མར་མི་འཆར་ན་རྩལ་མ་རྫོགས། སྣང་སེམས་སོགས་གཉིས་སྣང་གི་འཛིན་པ་དག་སྟེ་ཚོགས་དྲུག་གི་འཆར་སྒོ་ལ་འཆིང་གྲོལ་མེད་པར་གང་ཤར་གྱིས་ཆོག་ན་རྣམ་རྟོག་སྒོམ་དུ་ཤར། འཆར་སྒོ་རྣམས་ངོ་ཤེས་ཀྱི་དྲན་པས་གྲོལ་དགོས་ན་མ་ཤར། སྣང་སེམས་འདྲེས་ནས་སྤྲུལ་བསྒྱུར་ལ་སོགས་པའི་རྫུ་འཕྲུལ་ཐོབ་ན་ཡོན་ཏན་སྐྱེས། སད་བྱེད་ལམ་གྱི་རྐྱེན་ཞན་ནས་རྟགས་མ་ཐོན་ན་ཡོན་ཏན་མ་སྐྱེས། ཀུན་ཁྱབ་ཀྱི་སྙིང་རྗེ་རྩོལ་མེད་དུ་འབྱུང་ཞིང་གཞན་དོན་གྱི་གཏེར་ཁ་བྱེ་ན་གཟུགས་


KMC003_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་ས་བོན་ཐེབས། སྙིང་རྗེ་སོགས་ཐབས་ཀྱི་ནུས་པ་ཆུང་ཞིང་གཞན་དོན་མི་འགྲུབ་ན་ས་བོན་མ་ཐེབས། རྒྱུ་འབྲས་ཀྱི་རྟེན་འབྲེལ་གསལ་བར་རྟོགས་པས་རིག་པ་སྐད་ཅིག་མའི་འཆར་སྒོས་འཁོར་འདས་ཀྱི་གྱིས་སོ་བྱེད་པར་ཤེས་ཏེ་རྒྱུ་འབྲས་ལ་མཁས་ན་ཀུན་རྫོབ་རང་བྱན་ཚུད། རོ་གཅིག་དུ་མའི་རྒྱུ་འབྲས་སུ་མ་འཆར་ན་རང་བྱན་མ་ཚུད་པའོ། །དེ་ལ་རོ་གཅིག་ཆུང་ངུའི་དུས་ཐམས་ཅད་གཉུག་མའི་ངོ་བོར་རྟོགས་ཀྱང་དེར་མྱོང་རྒྱུ་དང་དེར་འཛིན་པའི་ཆ་ཅུང་ཟད་ཡོད་ལ། རྗེས་ཤེས་སུ་ཡུལ་རྐྱེན་དྲག་པོས་དཀྲུགས་པའི་ཚོགས་དྲུག་གི་སྣང་བ་ལ་དགེ་སྦྱོར་དུ་མི་བདེ་བ་འོང་ཞིང་རང་ཁར་ཡང་གཟུང་འཛིན་ཨ་འཐས་ཀྱི་སྣང་བ་དུ་མ་རེ་འབྱུང་། རྨི་ལམ་ན་ཡང་འཁྲུལ་པ་དང་འཛིན་པ་དུ་མ་རེ་འོང་། རེས་ལུས་སྣང་སེམས་གསུམ་དབྱེར་མེད་པའི་ཉམས་སྐྱེ། འོན་ཀྱང་རྒྱུ་འབྲས་ལ་རྩི་འཇོག་དང་མོས་གུས་དང་སྙིང་རྗེ་ཆུང་དུ་འགྲོ་བ་སྲིད་དོ། །རོ་གཅིག་འབྲིང་གི་དུས་རྟོགས་བྱ་རྟོགས་བྱེད་མྱོང་བྱ་མྱོང་བྱེད་ཀྱི་འཛིན་པ་གྲོལ་སྣང་སེམས་གཉིས་


KMC003_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་རྩ་བ་ཆོད། རྗེས་ཤེས་དང་རྨི་ལམ་ཡང་སྔར་བས་འཁྲུལ་པ་ཆུང་ཞིང་ཨ་འཐས་ཀྱི་འཛིན་པ་ཡང་ཆེར་མི་འོང་། རོ་གཅིག་ཆེན་པོའི་དུས་མཉམ་ཉིད་གཉུག་མ་མ་འགགས་པའི་རྩལ་སྣ་ཚོགས་ལ་བདེན་འཛིན་དང་བྲལ་བའི་གཉིས་མེད་ཀྱི་རྟོགས་པ་དེ་ཉིད་ཉིན་མཚན་འཁོར་མར་འབྱུང་། མི་རྟོག་པའི་འཆར་སྒོ་སྣང་ལ་མ་ངེས་པའི་གསལ་ཙམ་གྱི་མྱོང་ཚོར་ཅུང་ཟད་རེ་འབྱུང་། རྗེས་ཤེས་སུ་སྣང་བ་འཛིན་མེད་གསལ་སྟོང་སྒྱུ་མ་ལྟ་བུར་སྣང་ཞིང་ཤེས་བཞིན་གཉིས་སྣང་ཕྲ་མོ་འཆར། འཛིན་མེད་ཀྱི་རྨི་ལམ་འལ་འོལ་འགག་མེད་དུ་འབྱུང་། རེས་རྨི་ལམ་མེད་པ་ཡང་འོང་བར་བཤད་དོ། །རོ་གཅིག་གསུམ་གྱི་ཚེ་གནས་ཕལ་ཆེར་དབེན་པ་བསྟེན། རེས་འགའ་ཙམ་ཚོགས་སུ་ཡང་བསྡད་ལ་བོགས་དབྱུང་། བསྒོམ་མ་བསྒོམ་ཁྱད་མེད་སྙམ་ཡང་དབེན་པ་བསྟེན་ཞིང་ཡང་དག་གི་དྲན་མེད་སྒོམ་པ་ཉིད་དུ་གནད་ཆེའོ། །རོ་གཅིག་ཆེན་པོའི་རྟོགས་པ་ཐོབ་ཀྱང་། མངོན་ཤེས་ཕྲ་མོ་དང་མཁའ་འགྲོའི་མཚན་མ་མ་བྱུང་ན་


KMC003_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་གྲིབ་ཕོག་པ་ཡིན་པས་ཚ་ཚ་སྟོང་རྩ་སོགས་བཏབ་ཅིང་དེ་རེ་རེ་ལ་མེ་ཏོག་རེ་ཕུལ་ལ། བདག་གི་གྲིབ་ཉེ་བར་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། གཞན་ཡང་གྲིབ་སེལ་གྱི་གཟུངས་ཆོག་དང་དགེ་བའི་སྣ་ཅི་རིགས་བྱ། མཚན་མ་བྱུང་ནས་དགའ་མི་དགའ་འདུག་ན་བདུད་ཞུགས་པ་ཡིན་པས་ཕན་འདོགས་པ་དང་གནོད་པ་སྐྱེལ་བ་དང་བདུད་ལ་སོགས་པ་ཐམས་ཅད་རང་གི་སེམས་ཡིན་སེམས་ནམ་མཁའ་ལྟར་མཐའ་དབུས་མེད་སྙམ་དུ་བསམ། ལར་རོ་གཅིག་སྐྱེས་ནས་རྟོགས་པ་ལ་མི་འཇིགས་ཡོན་ཏན་ལ་མི་དགའ་སྐྱོན་གྱིས་ཁ་བྲིད་ཀྱང་མི་ནུས་པ་ཡིན། སླར་ལ་ཕྲག་དོག་ཆེ་ཉོན་མོངས་མང་རྣམ་རྟོག་རགས་ཟུར་མགོ་རྣོ་དགའ་མི་དགའ་འདུག་ན་བདུད་སེམས་ལ་ཞུགས་པ་ཡིན་པས་དེ་ངོ་ཤེས་པར་བྱས་ལ་དགེ་སྦྱོར་ལ་རེམ་པར་བྱ། ལར་སྒོམ་དང་མི་མཐུན་པ་ཐམས་ཅད་བདུད་རང་དུ་ཤེས་པར་བྱ་ཞེས་གསུངས་པ་ལྟར་གོ་བར་བྱ་ཞིང་། སེམས་ཅན་ཡང་རང་སེམས་བླ་མ་ཡང་རང་སེམས་སུ་འདུག་པས་སྙིང་རྗེ་དང་


KMC003_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་མི་དགོས་སྙམ་ནས་ཐབས་ཁྱད་དུ་གསོད་སྲིད་པས་སྙིང་རྗེ་དང་མོས་གུས་སོགས་ཀྱི་སྟོབས་བསྐྱེད། །རྟེན་འབྲེལ་བཟང་པོ་ཐམས་ཅད་བསྒྲིག་པ་དང་ངན་པ་ཐམས་ཅད་སྤང་བ་དང་རྒྱུ་འབྲས་ཀྱི་གོ་ཆ་དང་དུ་བླངས་ཏེ་དགེ་སྡིག་གི་བླང་དོར་ཞིབ་ཏུ་བྱ། གཞན་ལ་ཕན་གནོད་འབྱུང་ཞིང་ལྷའི་བུའི་བདུད་ཀྱིས་ཟིན་དོགས་ཡོད་པས་གཞན་དོན་ལྟར་སྣང་སྤང་། འཁོར་དང་ལོངས་སྤྱོད་དང་སྙན་གྲགས་ལ་མ་ཆགས་པ་གལ་ཆེའོ། །དེ་ལྟར་བསྐྱངས་པས་ཉམས་དང་མྱོང་བའི་དྲི་མ་ཐམས་ཅད་དག་ལམ་གྱི་རྟོགས་པ་དང་རང་བཞིན་གྱི་གནས་ལུགས་འདྲེས་ནས་མཉམ་རྗེས་དང་དྲན་པས་ཟིན་མ་ཟིན་མེད་པའི་སྒོམ་མེད་ཀྱི་རྟོགས་པ་འཆར་རོ། །ལྔ་པ་ནི། སྒོམ་མེད་ལ་ཡང་གསུམ་སྟེ། དྲན་པས་བཟུང་མ་དགོས་ཆེད་དུ་མཉམ་པར་བཞག་མ་དགོས་པར་སྣང་བ་ཐམས་ཅད་སྒོམ་དུ་འཆར་ཞིང་སྒྱུ་མ་ལྟ་བུའི་འཛིན་པ་ཅུང་ཟད་ཙམ་སྐྱེ་བ་ཡོད་ཀྱི་བར་སྒོམ་མེད་ཆུང་ངུ་། སྒྱུ་མ་ལྟ་བུའི་འཛིན་པ་དེ་དང་ཡང་བྲལ་ཏེ་ཉིན་མཚན་ཐམས་


KMC003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྒོམ་མེད་ཁོར་ཡུག་ཏུ་སོང་ཞིང་རྗེས་སྣང་དུ་རྣམ་ཤེས་ཀྱི་རྒྱུན་ཕྲ་མོ་རང་གསལ་དུ་འཆར་བ་སྒོམ་མེད་འབྲིང་པོ། རྣམ་ཤེས་ཕྲ་མོ་དེ་ཡང་ཡེ་ཤེས་སུ་གནས་གྱུར་ནས་ཐམས་ཅད་ཡེ་ཤེས་ཀྱི་ཁོར་ཡུག་ཏུ་གྱུར་བ་སྒོམ་མེད་ཆེན་པོའོ། །སྒོམ་མེད་མཐར་ཕྱིན་མ་ཕྱིན་གྱི་དབྱེ་བ་ནི། སྒོམ་མེད་ཀྱི་རྟོགས་པ་དེ་ལ་དྲན་རྒྱུའམ་གོམས་རྒྱུ་མེད་པར་མྱོང་བ་དག་ན་སྒོམ་མེད་ཀྱི་ངོ་བོ་མཐོང་། དེ་ལ་དྲན་རྒྱུའམ་གོམས་རྒྱུ་འདུག་ན་ངོ་བོ་མ་མཐོང་། གཉིས་སྣང་ཕྲ་མོ་དག་ཅིང་ཆོས་ཐམས་ཅད་ཟད་སར་འཁྱོལ་ནས་དུས་ཀུན་ཏུ་ཡེ་ཤེས་དང་དབྱེར་མེད་ན་རྩལ་རྫོགས། གཉིས་སྣང་ཕྲ་མོ་སྣང་ཞིང་ཤེས་བྱའི་ཆོས་མ་ཟད་ན་རྩལ་མ་རྫོགས། ཀུན་གཞིའི་རྣམ་ཤེས་ཐམས་ཅད་མ་སྤངས་པར་ཆོས་དབྱིངས་ཡེ་ཤེས་སུ་དག་ན་རྣམ་རྟོག་སྒོམ་དུ་ཤར། རྣམ་རྟོག་གི་འཛིན་པ་བག་ལ་ཉལ་ཕྲ་མོ་དང་ཉམས་མྱོང་གི་དྲི་མ་ཕྲ་མོ་ཞིག་འདུག་ན་ཡང་རྣམ་རྟོག་སྒོམ་དུ་མ་ཤར། ལུས་འཇའ་ལུས་ཡེ་ཤེས་ཀྱི་གཟུགས་སྐུ་དང་སེམས་འོད་གསལ་ཆོས་སྐུར་ཤར་ནས་ཞིང་ཁམས་དག་


KMC003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པ་རབ་འབྱམས་སུ་སྣང་ན་ཡོན་ཏན་སྐྱེས། ལུས་སེམས་དང་སྣོད་བཅུད་ལ་མ་དག་པའི་སྣང་བ་ཅུང་ཟད་འདུག་ཀྱང་མ་སྐྱེས། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཆོས་ཀྱི་སྐུར་བྱང་ཆུབ་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་རྒྱུན་མི་ཆད་པ་འབྱུང་ན་གཟུགས་སྐུའི་ཕྲིན་ལས་གྲུབ། དེ་ལྟར་མ་གྱུར་པར་ཞིང་ཁམས་དག་པ་ལ་ལྟོས་དགོས་ན་ཕྲིན་ལས་མ་གྲུབ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་ན་ཀུན་རྫོབ་དག་ཅིང་བྱན་ཚུད། རྣམ་སྨིན་གྱི་ལུས་རྒྱ་བག་ཆགས་སྣང་རྒྱ་རྣམ་ཤེས་སེམས་རྒྱ་སྟེ་རྒྱ་གསུམ་གྱིས་སངས་རྒྱས་ཀྱི་ཡོན་ཏན་བསྒྲིབས་ན་ཀུན་རྫོབ་མ་དག་ཅིང་བྱན་མ་ཚུད་པ་ཡིན་ནོ། །དེ་ལ་སྒོམ་མེད་ཆུང་ངུའི་དུས་གཉིས་སྣང་ཕལ་ཆེར་དག་ནས་ཆེད་དུ་སྒོམ་མ་དགོས་དྲན་པས་བཟུང་མ་དགོས་པར་སྣང་བ་ཐམས་ཅད་སྒོམ་དུ་ཤར་ཏེ་སྒོམ་ལས་གཡོ་བ་མེད་པ་འབྱུང་ལ། རྗེས་སྣང་དུ་མི་རྟག་ངོ་མ་ཤེས་ཞེས་བྱ་བ་མ་རིག་པའི་ལྷག་མ་ཀུན་གཞིའི་རྣམ་ཤེས་རྟོག་བྲལ་


KMC003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མ་བསྟན་དུ་གནས་པ་ཞིག་ཡོང་བ་ལ་གནས་ངན་ལེན་གྱི་དྲི་མ་ཟེར། ལས་མི་གསོག་ཀྱང་ཡེ་ཤེས་སུ་མ་དག་པའི་འཛིན་པ་སྒྱུ་མ་ལྟ་བུ་ཡད་ཡུད་སྐྱེ་བ་དང་། རྨི་ལམ་དུ་ཡང་ངོ་མ་ཤེས་ཀྱི་བདེན་འཛིན་ཅུང་ཟད་འབྱུང་བར་བཤད་དོ། །སྒོམ་མེད་འབྲིང་གི་དུས་སྒྱུ་མ་ལྟ་བུའི་གཉིས་སྣང་ཕྲ་མོ་དེ་ཡང་དག་ནས་ཉིན་མཚན་ཐམས་ཅད་སྒོམ་མེད་ཀྱི་འཁོར་ཡུག་ཏུ་འགྱུར་ཞིང་། རྗེས་སྣང་མི་རྟོག་ངོ་མ་ཤེས་ཀྱི་ཆ་ཕྲ་ཞིང་ཕྲ་བ་རང་གསལ་དུ་ཤར་བ་ཞེས་བྱ་བ་གཤིས་བབས་དང་མཐུན་པར་རྫོགས་པ་ལ་ཟེར་ཏེ་གནས་ངན་ལེན་གྱི་དྲི་མ་ཕྲ་ཞིང་ཕྲ་བ་ཡིན་ལ་མཚན་མོ་ལ་ཡང་དེའི་ཆ་ཡོད་པར་བཤད་དོ། །སྒོམ་མེད་ཆེན་པོའི་དུས་མི་རྟོག་ངོ་མ་ཤེས་ཀྱི་ཆ་ཕྲ་ཞིང་ཕྲ་བ་དེ་ཡང་ཡེ་ཤེས་སུ་དག་ནས་འོད་གསལ་མ་བུ་འདྲེས་པས་ཐམས་ཅད་ཡེ་ཤེས་ཀྱི་ཀློང་འབྱམས་སུ་གྱུར་ཏེ་རང་དོན་དུ་ཆོས་སྐུ་རྫོགས་པར་ཐོབ། དེའི་རང་རྩལ་ཕྱོགས་མེད་དུ་འབྱོངས་པས་གཞན་དོན་དུ་གཟུགས་སྐུའི་སྣང་བརྙན་གྱིས་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་ལྷུན་གྲུབ་ཏུ་འབྱུང་


KMC003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཤད་དོ། །དེ་ལ་ཚེ་འདིར་འཆར་བའི་སྒོམ་མེད་ནི། སྤང་བྱ་སྤང་དུ་མེད་གཉེན་པོ་བསྟེན་དུ་མེད་དག་བྱ་རྒྱུ་དང་བྲལ་དག་བྱེད་སེམས་དང་བྲལ་ཤི་མ་ཤི་མེད་པའི་ངེས་པ་གཏིང་ནས་ཐོབ་སྟེ་མཉམ་རྗེས་མེད་པའི་སྒོམ་མེད་ཆུང་འབྲིང་ཅི་རིགས་ལས་འཆར་བར་དཀའ་ལ། སྤྱིར་སྒོམ་མཁན་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་སྒོམ་མེད་ཙམ་སྤྲོས་བྲལ་དུ་ཡང་འོང་ཞིང་། སྣང་བ་དང་རྟོག་པ་སོ་མ་སྒོམ་དུ་ཤར་ནས་མཉམ་རྗེས་མེད་པའི་སྒོམ་མེད་ཙམ་རོ་གཅིག་ཏུ་ཡང་འབྱུང་བས་དེ་དག་ཉམས་ཀྱི་སྒོམ་མེད་ཡིན་གྱི་སྒོམ་མེད་དངོས་མིན་ནོ། །དེ་ལ་སྒོམ་མེད་དངོས་མི་རྟོག་ངོ་མ་ཤེས་ཀྱི་ཆ་ཕྲ་མོ་རང་གསལ་དུ་མ་ཤར་བར་དུ་དྲན་པ་ཡེ་ཤེས་ཀྱིས་འཁོར་ལོས་མ་བཅོས་མི་བསྒོམ་པའི་ཐ་མལ་གྱི་ཤེས་པ་རྒྱུན་བསྲིང་བ་གལ་ཆེ་བར་བཤད་ཅིང་། གནས་གང་དུ་གནས་གྲོགས་སུ་དང་འགྲོགས་སྤྱོད་པ་ཅི་བྱས་ནའང་ལས་མི་གསོག་ཀྱང་། སྒོམ་ཆེན་ཆོས་པའི་ཡ་ཚུལ་བསྐྱང་སྟེ་རི་ཁྲོད་བཟུང་སྒྲུབ་པའི་རྒྱལ་མཚན་བཙུག་ཅིང་ཚུལ་མིན་གྱི་


KMC003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་སྤང་བ་དང་ཀུན་རྫོབ་ཀྱི་བླང་དོར་ཚུལ་བཞིན་བྱ་བ་གལ་ཆེའོ། །མཉམ་བཞག་རྗེས་ཐོབ་རྗེས་ཤེས་སྣང་བ་རྨི་ལམ་གྱི་འཆར་ཚུལ་རྣམས་རིམ་གྱིས་པའི་དབང་དུ་བྱས་པ་ཡིན་ཀྱང་དབེན་པར་སྒོམ་ཉག་གཅིག་སྐྱོང་བ་ལ་བཤད་ཚོད་ལྟར་འབྱུང་མོད་རྗེས་ཐོབ་ཏུ་ཚེ་འདིའི་སྣང་ཤས་ཀྱི་དབང་དུ་བཏང་བ་སོགས་ལ་བཤད་ཚོད་དང་ཁྲིགས་འགྲིགས་པའི་འཆར་ཚུལ་ཐམས་ཅད་ཅུང་མི་འོང་ཡང་རྟོགས་པའི་ངོ་བོ་ཇི་ལྟ་བ་འཆར་རོ། །དེ་ལྟར་རྣལ་འབྱོར་བཅུ་གཉིས་ཀྱི་ཉམས་དང་རྟོགས་པའི་འཆར་ཚུལ་ལ་རྣལ་འབྱོར་ཐ་མ་རྣམས་ཤིན་ཏུ་གཏིང་རྟོགས་པར་དཀའ་ཞིང་བློས་དཔྱད་པའི་ཡུལ་མིན་ཀྱང་། རྗེ་སྒོམ་ཚུལ་གྱི་གསུང་དང་བསྒྲུབ་བརྒྱུད་གོང་མ་འགའི་གསུང་ལ་བརྟེན་པས་ཡིད་ཆེས་པར་བྱའོ། །རྒྱས་པར་བསྒྲུབ་པ་མཐར་བསྐྱལ་ཏེ་ནང་རང་སེམས་ཀྱི་བླ་མ་དང་ཕྱི་གྲུབ་ཐོབ་རྟོགས་ལྡན་གྱི་བླ་མའི་གསུང་དང་མན་ངག་ལས་ཤེས་པར་བྱ་ཞིང་ལར་བློ་ཟད་ཆོས་ཟད་ལ་སྐྱེལ་དགོས་ཀྱི། རང་ཅག་སྔོན་སྦྱངས་ཀྱི་ལས་འཕྲོ་ཆ་མ་རྫོགས་


KMC003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐྱིད་ཆོས་ཀྱིས་སྒོམ་སྒྲུབ་ལོ་འགའ་རེ་བྱས་ནས། རྟོགས་པ་མངོན་དུ་གྱུར་པར་རློམས་ཏེ་དོན་གཉིས་ལྟར་སྣང་གི་རང་གཞན་མགོ་གཡོགས་པར་བྱེད་པ་རྣམས་བློ་གཏན་ལ་དབབ་ཅིང་གཟུ་བོར་གནས་པ་གལ་ཆེ་བར་སྣང་ངོ་། ༈ །བཞི་པ་སྒོམ་བསྐྱངས་པས་ས་ལམ་བགྲོད་ཚུལ་ནི། སྤྱིར་མཚན་ཉིད་ཐེག་པ་ནས་བཤད་པའི་ལམ་རིམ་ཅན་དུ་སྦྱངས་པ་སྣང་ཚུལ་ཡོན་ཏན་གྱི་ཁྱད་པར་དུ་བྱས་པ་དང་། འདིར་སྒོམ་གཉུག་མའི་ལམ་གཅིག་ཆོད་དུ་སྦྱངས་པ་རང་བཞིན་གྱི་ངོ་བོས་ཁྱད་པར་དུ་བྱས་པ་གཉིས་མཐར་ཐུག་ཏུ་འདྲ་ཡང་གནས་སྐབས་སུ་རྣམ་པ་མི་མཐུན་ལ། འོན་ཀྱང་ས་ཚོད་ལམ་ཚོད་བགྲོད་པའི་ཚུལ་ནི། དང་པོར་བྱིན་རླབས་ཀྱི་ལམ་ལ་ཞུགས་པ་ནས་སྒོམ་རྩེ་གཅིག་གི་ངོ་བོ་མཐོང་ཞིང་རྩལ་རྫོགས་པའི་བར་ལས་དང་པོ་པའི་ས་ཚོགས་ལམ་གྱི་སྐབས་དང་། སྒོམ་སྤྲོས་བྲལ་གསུམ་གྱི་བར་ནི་མོས་པས་སྤྱོད་པའི་ས་སྦྱོར་ལམ་གྱི་སྐབས་དང་། སྒོམ་རོ་གཅིག་གསུམ་དང་སྒོམ་མེད་ཆུང་འབྲིང་ནི་ས་དང་པོ་མཐོང་


KMC003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལམ་དང་ས་གཉིས་པ་ནས་བཅུ་པའི་བར་གྱི་སྒོམ་ལམ་གྱི་སྐབས་ཅི་རིགས་དང་། སྒོམ་མེད་ཆེན་པོ་ནི་སངས་རྒྱས་ཀྱིས་མཐར་ཕྱིན་པའི་ལམ་དང་འབྱོར་རོ། །འཕྲལ་དུ་གནས་ལུགས་ཀྱི་རང་འགྲོས་སྐྱོངས་པ་ལས་རྒྱུའི་ཐེག་པ་ནས་བཤད་པའི་ལམ་མ་བསྒོམས་ཤིང་། དེ་ལ་བརྟེན་ནས་དེ་ལ་བཤད་པའི་ལམ་རྟགས་ཀྱང་མི་འོང་སྟེ། སྒོམ་མེད་ཆེན་པོའི་རྩལ་རྫོགས་དུས་སྣང་ཚུལ་གྱི་ཡོན་ཏན་ཐམས་ཅད་ཅིག་ཆར་ལྷུན་གྲུབ་ཏུ་འབྱུང་བར་བཞེད་པ་ཡིན་ལ། འོན་ཀྱང་གསང་སྔགས་ཐབས་ཀྱི་ལམ་དང་བསྲེས་ནས་བསྒོམས་ན་སྔགས་ཀྱི་ལམ་རྟགས་ཀྱི་རིམ་པ་འཆར་བར་བཤད་དོ། །སྒོམ་རྣལ་འབྱོར་བཞི་གསུམ་བཅུ་གཉིས་དང་མཚན་ཉིད་ཐེག་པའི་ས་ལམ་ཞིབ་ཆར་སྦྱར་བ་འགའ་རེ་སྣང་ཡང་ཞིབ་ཆར་གུངས་འགྲིགས་པ་དཀའ་བ་ཡིན་ནོ། །དེ་ལྟར་བྱིན་རླབས་ཀྱི་ལམ་ངེས་དོན་ཕྱག་རྒྱ་ཆེན་པོའི་ཁྲིད་ཆེན་འདི་ཕལ་ཆེར་མྱོང་ཐོག་ནས་དྲངས་ཤིང་མྱོང་བ་མ་ཐོབ་པ་ལ་དག་ཀྱང་སྒྲུབ་བརྒྱུད་གོང་མ་རྣམས་ཀྱི་མན་ངག་ལ་བརྟེན་ནས་


KMC003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གེའི་བརྡ་དང་སྡེབ་སྦྱོར་གྱིས་མ་བཅིངས་པར་གོ་བདེར་བཤད་ཅིང་། རྒྱབ་རྟེན་གྱི་ལུང་སྦྱོར་ལ་སོགས་པའང་མང་བའི་འཇིགས་པས་འདིར་མ་བྲིས་ལ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །ཉམས་སུ་ལེན་པའི་ཚེ་རང་རང་གི་བློ་ཚོད་དང་བསྟུན་པའི་སྒོམ་ལུགས་གཟུ་བོར་གནས་པ་རང་ལ་དྲིན་ཆེ་བ་ཞིག་བྱ་སྟེ། འདིར་བཤད་པའི་ཚིག་རིས་ཀྱི་གོ་བ་ཁྱེར་ནས་དྲེད་པོ་ཁའི་ལྟ་བ་མཐོན་པོ་ཆོས་རྒྱུས་མཁན་ཉམས་ལེན་ལ་མྱོང་བ་མ་ཐོན་པ་གཏན་མི་བྱ་བ་གལ་ཆེའོ། ༈ །འདིར་སྨྲས་པ། གྲུབ་པའི་སྐྱེས་མཆོག་རྣམས་ཀྱི་རྡོ་རྗེའི་གསུང་། །སྙིགས་དུས་བྱིས་པའི་བློ་ལ་འཁྲུགས་པར་གྱུར། །ཕྱོགས་ཙམ་གསལ་བའི་ཁྲིད་གཞུང་ཉུང་ཟབ་རྣམས། །མྱོང་བ་སྐྱེས་ཚེ་འདི་བྱའི་ཕུགས་ཐེབས་བྲལ། །ཐོས་སྟོབས་སྔོན་སྦྱངས་ལྡན་པ་མ་གཏོགས་པས། །མན་ངག་འཐོར་བ་བསྒྲིག་པར་ཤེས་པ་ཉུང་། །དེ་ཕྱིར་ལམ་རིམ་གསལ་བའི་ཁྲིད་གཞུང་འདི། །རྣལ་འབྱོར་བདག་གི་བླ་མེད་མཆོད་སྦྱིན་ཡིན། །སྒྲུབ་བརྒྱུད་འཛིན་པའི་རྩ་བརྒྱུད་བླ་


KMC003_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ། །བྱིན་རླབས་རྟོགས་པ་སྩོལ་བའི་མཎྜལ་མཛོད། །རྟོགས་པ་མངོན་དུ་གྱུར་པའི་སྒོམ་ཆེན་ལ། །གསལ་འདེབས་ཡིད་ཆེས་བསྐྱེད་པའི་མཆོད་པ་མཛོད། །ཉམས་རྟོགས་མྱུ་གུ་རྒྱས་པའི་སྒོམ་ཆུང་ལ། །ཐེ་ཚོམ་གཅོད་པའི་ངེས་ཤེས་དགའ་སྟོན་མཛད། །མྱོང་ཞེན་ཅན་གྱི་བརྩོན་ལྡན་སྒོམ་ཕྲུག་ལ། །ལྟ་ལོག་སྒོམ་སྐྱོན་སེལ་བའི་སྦྱིན་གཏོང་མཛོད། །མྱོང་བྲལ་ཐོས་ལོ་བསགས་པའི་བྱ་བྲལ་ལ། །གནས་ལུགས་ཡོན་ཏན་ཐོབ་པའི་ཕ་འབབས་མཛོད། །མ་རྟོགས་ལོག་ལྟའི་སྐྱོན་གྱི་ཉེས་ཚོགས་རྣམས། །དམ་པ་རྣམས་ལ་ཀུན་ཏུ་བཤགས་པར་བགྱི། །འདི་ཡི་དགེ་བས་བདག་དང་འགྲོ་བ་ཀུན། །ཕྱག་ཆེན་རྟོགས་པ་མྱུར་དུ་མཐར་ཕྱིན་ཤོག །ཅེས་པ་ཡང་སློབ་བུ་སྒོམ་ཆེན་འགའ་ཞིག་གིས་ཕྱག་ཆེན་ཁྲིད་ཡིག་ཕུགས་ཐབས་ཆེ་བ་ཞིག་བྱས་ན་ཞེས་བསྐུལ་བ་ལ་བརྟེན་ནས་སྒམ་པོ་པ་མངྒ་ལའི་མིང་ཅན་གྱིས་ལུག་ལོ་ཟླ་བ་བཞི་པའི་དཀར་ཕྱོགས་ལ་གདན་ས་ཆེན་པོ་དཔལ་དྭགས་ལ་སྒམ་པོའི་སྒྲུབ་སྡེར་སྦྱར་བའི་ཡི་གེ་པ་ནི་བཀྲ་ཤིས་དོན་གྲུབ་ཅེས་བྱ་བས་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་མཐའ་དག་ལ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །