cover

ཀཾ་ཚང་མན་ངག་གཅེས་བཏུས།

གླེགས་བམ། ཇ༽

ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།

Nitartha international
Selected Esoteric Instructions of the Karma Kamtsang (25 vols.) Publication supported by Tsadra Foundation

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཀཾ་ཚང་མན་ངག་གཅེས་བཏུས་ལས་ཕྱག་ཆེན་རྒྱབ་ཆོས་གྱི་གླེགས་བམ་ ཇ༽ པའི་དཀར་ཆག


KMC007_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་ཚང་མན་ངག་གཅེས་བཏུས་ལས་ཕྱག་ཆེན་རྒྱབ་ཆོས་གྱི་གླེགས་བམ་ ཇ༽ པའི་བཞུགས་བྱང་ལ། ༡ 1 - 2 དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཞེས་བྱ་བའི་བསྟན་བཅོས། ༧ 3 - 15 དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་ཀྱི་རྣམ་འགྲེལ་རང་བྱུང་དགོངས་གསལ། ༤༦ 17 - 107 རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས། ༦ 109 - 119 རྣམ་པར་ཤེས་པ་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཀྱི་ཚིག་དོན་གོ་གསལ་དུ་འགྲེལ་པ་རང་བྱུང་དགོངས་པའི་རྒྱན། ༥༡ 121 - 221 ལམ་མཆོག་རིན་པོ་ཆེའི་ཕྲེང་བ། ༡༩ 223 - 260 ཕྱག་རྒྱ་ཆེན་པོའི་བོགས་འདོན་གསོལ་འདེབས་རྡོ་རྗེ་འཆང་ཆུང་མའི་དམིགས་རིམ། ༧ 261 - 273 ཐུན་བཞིའི་དམིགས་རིམ་ཟིན་བྲིས། ༨ 275 - 289 ཟུར་མང་བཀའ་བརྒྱུད་ཀྱི་སྲོལ་འབྱེད་རྨ་སེ་གྲུབ་ཆེན་བློ་གྲོས་རིན་ཆེན་གྱིས་མཛད་པའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཚུལ། ༡༣ 291 - 315 རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་


KMC007_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཐར་འདོད་ཀྱི་མགུལ་རྒྱན། ༧ 317 - 330 འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ། ༢༢ 331 - 373 ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་ཡིག་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ། ༡༡ 375 - 396 ཉམས་རྟོགས་ནོར་བུའི་འབྱུང་གནས་ལྔ་ལྡན་ཁྲིད་ཡིག ༡༣ 397 - 422 བཅས་བཞུགས་སོ།། །།

དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཞེས་བྱ་བའི་བསྟན་བཅོས།


KMC007_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཞེས་བྱ་བའི་བསྟན་བཅོས། །


KMC007_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟོག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་བསྒྲིབས་ཕྱིར་མི་མཐོང་སྟེ། །དཔེར་ན་གསེར་གྱི་གཟུགས་ནི་སྒྲིབ་པ་བཞིན། །ཞེས་གསུངས་སོ། །ཐོག་མ་མེད་པའི་དུས་ཀྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་


KMC007_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་ནས་སངས་རྒྱས་སོ། །ཞེས་རྒྱུད་ལུང་ངོ་། །དེ་ལ་ཐོག་མེད་ཅེས་བྱ་བ། །དེ་བས་སྔོན་ན་མེད་པ་ཉིད། །དུས་ནི་སྐད་ཅིག་དེ་ཉིད་དེ། །གཞན་ནས་རྒྱུད་དེ་འོངས་བ་ཅི། །ཁམས་ནི་བྱེད་པོ་མེད་ཀྱང་ནི། །རང་མཚན་འཛིན་པས་དེ་སྐད་བརྗོད། །ཆོས་ནི་འཁོར་དང་མྱ་ངན་འདས། །གཉིས་སུ་སྣང་བ་བཤད་པ་སྟེ། །མ་རིག་བག་ཆགས་ས་ཞེས་བྱ། །ཡང་དག་རྟོགས་དང་ཡང་དག་མིན། །འདུ་བྱེད་གཡོ་བ་བསྐྱེད་རྒྱུ་ཡིན། །རྒྱུ་ཡི་རྐྱེན་ཏེ་ཀུན་གཞིར་བཤད། །གནས་ནི་རྒྱལ་བའི་སྙིང་པོ་སྟེ། །ཡང་དག་མ་


KMC007_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཀུན་རྟོག་ནི། །སེམས་ཀྱི་དག་པ་ལ་རབ་གནས། །དག་པ་དེ་ཉིད་དེ་ལྟར་ཡོད། །ཡོད་ཀྱང་མ་རིག་ཀུན་རྟོག་གིས། །མི་མཐོང་ཕྱིར་ན་འཁོར་བ་ཡིན། །དེ་ཉིད་བསལ་ན་མྱ་ངན་འདས། །དེ་ལ་ཐ་མའི་ཐ་སྙད་བྱས། །ཐོག་མཐའ་ཀུན་རྟོག་ཉིད་ལ་བརྟེན། །འདུ་བྱེད་རླུང་དང་འདྲ་བ་ཡིས། །ལས་དང་ཉོན་མོངས་བསྒྲུབ་པ་སྟེ། །དེ་ཡིས་ཕུང་པོ་ཁམས་སྐྱེ་མཆེད། །གཉིས་སྣང་ཆོས་ཀུན་སྟོན་པ་ཡིན། །དེ་ལ་བླང་དོར་བྱེད་མཁན་འཁྲུལ། །རང་སྣང་དོར་བས་གང་དུ་འགག །རང་སྣང་བླངས་པས་ཅི་ཞིག་འབྱུང་། །གཉིས་འཛིན་རྫུན་པ་མ་ཡིན་ནམ། །དེ་ཤེས་གཉེན་པོར་གསུངས་མོད་ཀྱང་། །གཉིས་མེད་རྟོགས་ཏེ་བདེན་པ་མིན། །རྟོག་མེད་རྟོགས་པར་འགྱུར་བའི་ཕྱིར། །གཟུགས་སོགས་ཆ་ཕྱེས་སྟོང་རྟོགས་པ། །ཁྱོད་རང་འཁྲུལ་པ་མ་ཡིན་ནམ། །འོན་ཀྱང་བདེན་ཞེན་བཀག་ཕྱིར་གསུངས། །ཐམས་ཅད་བདེན་མིན་རྫུན་མིན་ཏེ། །ཆུ་ཟླ་བཞིན་དུ་མཁས་རྣམས་འདོད། །ཐ་མལ་ཤེས་པ་དེ་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །


KMC007_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དུ་འཕགས་པས་བཏང་བ་མེད། །ངན་དུ་སེམས་ཅན་གྱིས་མ་བཏང་། །ཐ་སྙད་དུ་མ་བརྗོད་མོད་ཀྱང་། །བརྗོད་པས་དེ་ཡི་དོན་མི་ཤེས། །དེ་ཉིད་མ་འགགས་རོལ་པ་ལ། །ཡོན་ཏན་དྲུག་ཅུ་རྩ་བཞི་པོ། །རག་པ་ཡིན་ཏེ་རེ་རེ་ལའང་། །བྱེ་བ་ཕྲག་རིགས་གསུངས་པ་ཡིན། །གནས་དང་གནས་མིན་ལས་ཤེས་དང་། །རྣམ་སྨིན་ཁམས་དང་དབང་པོ་དང་། །མོས་པ་མཁྱེན་དང་ཀུན་འགྲོ་བའི། །ལམ་དང་བསམ་གཏན་ལྷ་ཡི་མིག །གནས་རྗེས་དྲན་དང་ཞི་བ་ནི། །སྟོབས་བཅུའོ་དེ་བརྟེན་མི་འཇིགས་བཞི། །ཆོས་ཀུན་བྱང་ཆུབ་གནས་སྟོན་དང་། །ལམ་དང་འགོག་སྟོན་རྩོད་མེད་ཉིད། །རྒྱུ་དེས་མ་འཁྲུལ་ཅ་ཅོ་མེད། །དྲན་པ་མ་ཉམས་རྟག་མཉམ་བཞག །འདུ་ཤེས་སྣ་ཚོགས་མི་མངའ་དང་། །མ་བརྟགས་བཏང་སྙོམས་མེད་པ་དང་། །འདུན་པ་བརྩོན་འགྲུས་དྲན་པ་དང་། །ཏིང་འཛིན་ཤེས་རབ་རྣམ་གྲོལ་གྱི། །ཡེ་ཤེས་མཐོང་བ་མི་ཉམས་པ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ལ་སྒྲིབ་མེད་བཅོ་བརྒྱད་དེ། །སོ་


KMC007_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལྡན་པ་ཆོས་སྐུ་ཡིན། །ད་ལྟ་དེ་ལ་འགལ་བར་བྱེད། །ཡིན་ལ་ཡིན་བཞིན་མ་ངེས་པས། །མེད་ལ་ཡོད་རྟོག་ཀུན་བརྟགས་བྱས། །དེས་བསྐྱེད་རྟོགས་དེ་གཞན་དབང་ཡིན། །ཡོངས་སུ་གྲུབ་པ་མ་ཤེས་པས། །རང་གི་བྱས་པས་གཟིངས་པ་སྟེ། །ཀྱེ་མ་ཆོས་སྐུའི་ཡོན་ཏན་འདི། །བདེན་པའི་རྟོག་ལ་བདེན་ཤེས་ཡིན། །ད་ལྟ་ནུས་པ་ཆུང་བ་དེ། །བདེན་ཤེས་བོར་ནས་མི་བདེན་བཟོས། །དེ་ལ་རྗེས་འབྲང་གཡོས་པས་ལེན། །དེ་ནི་ཡིན་ལ་ཡིན་བཞིན་དུ། །ཤེས་ཀྱིས་དེ་ལ་ནུས་པ་ཐོབ། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །བློ་བུར་དག་གི་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །དེ་ལ་གཟུགས་སྐུ་གཉིས་རང་བཞིན། །སུམ་ཅུ་རྩ་གཉིས་མཚན་དཔེ་བྱད། །ཐོབ་པའི་ཡོན་ཏན་རང་ལུས་ཏེ། །ལུས་དེ་བདག་དང་ཕྱྭ་དབང་ཕྱུག །ཚངས་དང་ཕྱི་


KMC007_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་བདེན་པའི་རྡུལ། །ཕག་ན་མ་ཡིས་བྱས་པ་མིན། །སྒོ་ལྔ་གཟུང་དང་འཛིན་པ་ཡི། །རྣམ་འགྱུར་མ་དག་དེ་སྦྱངས་པས། །དེ་ཚེ་ཐོབ་པར་ཐ་སྙད་བྱས། །དེ་བས་རྩ་རླུང་ཐིག་ལེ་རྣམས། །དག་པ་དག་པའི་གཟུགས་སྐུ་སྟེ། །མ་སྦྱང་མ་དག་གཟུགས་སྐུའོ། །དཔེར་ན་ཤུན་བཅས་བཻ་ཌཱུརྱ། །དེ་ལ་ཡོན་ཏན་མི་སྣང་དང་། །རེ་བ་བ་ཚྭའི་ཆོས་སྦྱོང་དང་། །སྐྱུར་པོ་ལྭ་བས་སྦྱོང་བ་དང་། །ཆུ་གཙང་ཀ་ཤིའི་ཀས་སྦྱོང་ནས། །དག་དེ་ནོར་བུ་དགོས་འདོད་འབྱུང་། །དེ་བཞིན་སེམས་ཀྱི་བཻ་ཌཱུརྱ། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །ཤུན་པ་གསུམ་པོ་སྦྱང་བའི་ཕྱིར། །ཚོགས་སྦྱོར་མ་དག་ས་བདུན་དང་། །དག་པའི་ས་གསུམ་ལ་རབ་སྦྱོང་། །ཡང་དག་མ་ཡིན་ཀུན་རྟོག་དེ། །དག་པའི་ཀུན་རྟོག་དང་སྤྲད་པས། །ཤིང་གཉིས་ཚིག་བཞིན་ཀུན་རྟོག་བྲལ། །སྤངས་གཉེན་དེ་བཞིན་ཉིད་རྟོགས་དང་། །འབྲས་བུའི་མཚན་འཛིན་བཞི་བྲལ་བ། །དེ་ཚེ་ནམ་མཁའི་སྐུ་ཅན་ལ། །མཚན་གྱི་མེ་ཏོག་རྒྱས་པར་འགྱུར། །མ་དག་མ་དག་དག་པ་


KMC007_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པའི་གནས་སྐབས་གསུམ། །བརྗོད་ཀྱང་སངས་རྒྱས་གསར་སྐྱེས་མིན། །ཅི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །མི་འགྱུར་སངས་རྒྱས་སྙིང་པོ་ཡིན། །འགྱུར་བ་དྲི་བྲལ་དེ་ལ་བརྗོད། །གང་དག་ལྟ་ངན་ཞུགས་པ་རྣམས། །སངས་རྒྱས་ཡོན་ཏན་རྒྱུ་མེད་དང་། །ཡང་ན་རང་མིན་ཕྱི་རོལ་གྱི། །རྒྱུ་རྐྱེན་གྱིས་བསྐྱེད་རྟོག་པ་ནི། །ཕྱི་རོལ་རྟག་ཆད་ཁྱད་ཅི་ཡོད། །འདུ་བྱེད་སྐད་ཅིག་སྐྱེ་འགག་སྣང་། །མ་དག་འདུ་བྱེད་དག་དང་མཚུངས། །གལ་ཏེ་དེ་ལྟ་མ་ཡིན་ན། །གཟུགས་སྐུའི་འཕྲིན་ལས་རྒྱུན་ཆད་འགྱུར། །འོན་ཀྱང་འདུ་བྱེད་མིང་མི་བརྗོད། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི། །འབྱུང་བ་ཆེ་སོགས་རང་བཞིན་གང་། །འཛིན་བཅས་ངོ་བོ་ནུས་ལྡན་སྟོན། །འཁྲུལ་དང་མ་འཁྲུལ་གཉིས་པོ་ཡང་། །སྣང་བར་ཁྱད་པར་ཅི་ཡང་མེད། །གཉིས་འཛིན་ཡོད་མེད་ཁྱད་པར་ཡིན། །གལ་ཏེ་དེ་ལྟ་མ་ཡིན་ན། །རྒྱལ་བའི་ཕྲིན་ལས་ཅི་ལྟར་འཇུག །ཡིད་


KMC007_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར་སོགས་དཔེ་བརྗོད་པ། །རྟོག་པ་མེད་པའི་ནུས་སྟོན་པར། །བཤད་ཀྱིས་གཞན་རྒྱུད་ཁོ་ན་མིན། །ཡིན་ན་གཞན་རྒྱུད་ཡེ་ཤེས་འགྱུར། །འདོད་ན་ཡེ་ཤེས་འཁྲུལ་བར་འགྱུར། །གལ་ཏེ་རང་སྣང་འཛིན་ཡིན་ཞེས། །འདོད་ན་མེ་ལོང་སྣང་བ་ཡང་། །འཛིན་པའི་རྣམ་རྟོག་ཅན་དུ་འགྱུར། །སེམས་ཅན་འཁྲུལ་པ་ཅི་སྙེད་པ། །ཡེ་ཤེས་ཡུལ་དུ་སྣང་གྱུར་ཀྱང་། །ཡེ་ཤེས་འཁྲུལ་པས་གོས་པ་མིན། །དཔེར་ན་མཁའ་ལ་འབྱུང་ཆེན་རྣམས། །སྐྱེ་འགག་སྣང་ཡང་ནམ་མཁའ་ལ། །གོས་མིན་སྐྱེ་དང་འགག་པ་མེད། །རྒྱལ་བའི་ཡེ་ཤེས་སེམས་ཅན་ལ། །ཞུགས་ཀྱང་དེ་བཞིན་གོས་པ་མེད། །འདི་ལ་འཁྲུལ་པའི་མིང་མི་བརྗོད། །བྱ་བ་སྒྲུབ་པ་ཞེས་སུ་བརྗོད། །སྒྲིབ་གསུམ་དག་པར་གནས་པའི་ཡིད། །མཉམ་པ་ཉིད་དེ་ཞི་བའང་ཡིན། །བྱམས་དང་ཐུགས་རྗེ་ཆེ་ལྡན་པས། །ལོངས་སྤྱོད་རྫོགས་སོགས་དེ་ལ་སྣང་། །ལ་ལ་སངས་རྒྱས་ཐོབ་པའི་ཚེ། །ཐེག་དམན་མཚུངས་གྱུར་དགག་ཕྱིར་བརྗོད། །ཡེ་ཤེས་རྟག་པ་གསུམ་ཡིན་ཏེ། རང་


KMC007_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྟག་པ་ཆོས་ཀྱི་སྐུ། །རྒྱུན་གྱིས་རྟག་པ་ལོངས་སྤྱོད་རྫོགས། །རྒྱུན་མི་འཆད་པ་སྤྲུལ་སྐུ་ཡིན། །དེ་ལ་མི་རྟག་གསུམ་ཡོད་དེ། །བློས་བྱས་སྟོང་པ་རྟག་པ་མིན། །གཡོ་བའི་རྟོག་ཡིད་རྟག་པ་མིན། །ཚོགས་དྲུག་འདུས་བྱས་རྟག་པ་མིན། །འོན་ཀྱང་དེ་ལ་རྟག་གསུམ་ཡོད། །མི་རྟག་གསུམ་པ་དྲི་མ་སྟེ། །རྟག་པ་གསུམ་པོ་ཡེ་ཤེས་ཉིད། །མུ་སྟེགས་བདག་དང་མཚུངས་མིན་ཏེ། །ཡིད་ཀྱིས་བཏགས་དང་མ་བཏགས་ཕྱིར། །ཉན་རང་ཞི་དང་མཚུངས་མིན་ཏེ། །གཟུགས་སྐུའི་ཡོན་ཏན་ཀུན་སྟོན་ཕྱིར། །སེམས་ཅན་ལུས་དང་མཚུངས་མིན་ཏེ། །ཟག་བཅས་རྐྱེན་གྱིས་མ་བསྐྱེད་ཕྱིར། །ཕྱིར་ལ་ལྡོག་པར་མི་འགྱུར་སྟེ། །ཡིན་ལ་ཡིན་བཞིན་མངོན་གྱུར་ཕྱིར། །དྲི་མ་ལྡང་བ་གཏན་མེད་དེ། །ཐ་དད་ཀུན་རྟོག་བྲལ་བའི་ཕྱིར། །དེ་ཕྱིར་སེམས་ཉིད་སངས་རྒྱས་འདི། །ད་ལྟར་ཡོད་ཀྱང་མ་ཤེས་སོ། །གང་ཚེ་རྟོག་པ་དེ་ཡི་ཚེ། །ཇི་ལྟར་ལྕགས་ལ་ཚ་བ་དང་། །མིག་ལ་རབ་རིབ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཡེ་ཤེས་ལ། །ཡོད་དང་མེད་པར་མི་


KMC007_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །དམ་པའི་དོན་དུ་སྐྱེ་མེད་ཕྱིར། །དེ་ཉིད་དུ་ནི་གྲོལ་བའང་མེད། །མཁའ་བཞིན་སངས་རྒྱས་དེ་བཞིན་ཏེ། །སེམས་ཅན་དང་ནི་མཚན་ཉིད་གཅིག །ཚུ་རོལ་ཕ་རོལ་སྐྱེ་མེད་པས། །རང་བཞིན་མྱ་ངན་འདས་པའང་མེད། །དེ་ཕྱིར་འདུས་བྱས་མངོན་པར་སྟོང་། །ཀུན་མཁྱེན་ཡེ་ཤེས་སྤྱོད་ཡུལ་ཡིན། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ལ། །དོན་དམ་ཕྱིར་ན་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །རང་རིག་ཡེ་ཤེས་སྤྱོད་ཡུལ་ཏེ། །རང་བྱུང་དད་པས་དོན་དམ་བསྐྱེད། །ཀྱེ་མ་ཚུལ་འདི་མ་རྟོགས་པས། །བྱིས་པ་འཁོར་བའི་རྒྱ་མཚོར་འཁྱམས། །ཐུབ་པ་ཆེན་པོ་འཇམ་དཔལ་དབྱངས། །བྱམས་པ་སྤྱན་རས་གཟིགས་དབང་གིའི། །མཐུ་ཡིས་རང་བྱུང་རྡོ་རྗེས་བྲིས། །འགྲོ་ཀུན་སངས་རྒྱས་སྙིང་པོ་འདི། །མཐར་ཕྱིན་མ་ནོར་ཤེས་པར་ཤོག །སངས་རྒྱས་ཀྱི་སྙིང་པོ་གཏན་ལ་དབབ་པ་རྡོ་རྗེ་ཐེག་པའི་སྙིང་པོ་རྫོགས་སོ། །ཤུ་བྷཾ།། །།འཁོར་ལོ་གསུམ་པའི་དག་དོན་ཀུན། །གཅིག་


KMC007_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་སྙིང་པོ་བསྟན་པའི་ཆོས། །རིག་པའི་རྡོ་རྗེའི་ཐུགས་བསྐྱེད་ལས། །འཕེལ་འགྱུར་ཕྱི་མའི་གཞི་རུ་གྲུབ། །དགེ་བས་བསྟན་དང་བསྟན་འཛིན་དང་། །རང་ལ་གནས་པའི་ཡེ་ཤེས་ནི། །རང་གིས་ཇི་བཞིན་མངོན་བྱས་པས། །འགྲོ་ཀུན་རྣམ་གྲོལ་མཆོག་ཐོབ་ཤོག །ཅེས་པའང་ཀརྨ་བསྟན་སྐྱོང་གིས་སྨོན་པའོ། ༈ །མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་ཀྱི་རྣམ་འགྲེལ་རང་བྱུང་དགོངས་གསལ།


KMC007_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་ཀྱི་རྣམ་འགྲེལ་རང་བྱུང་དགོངས་གསལ་ཅེས་བྱ་བ་བཞུགས་སོ། །


KMC007_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་ཀྱི་རྣམ་འགྲེལ་རང་བྱུང་དགོངས་གསལ་ཅེས་བྱ་བ། བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚལ་ལོ། །འཁོར་འདས་ཀུན་གྱི་སྙིང་པོ་མཆོག །གནས་སྐབས་གསུམ་དུ་འགྱུར་བ་མེད། །རྣམ་དབྱེར་མེད་པའི་ཡོན་ཏན་ཅན། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །མཁྱེན་བརྩེ་མཐའ་ཡས་འགྲོ་བའི་མགོན། །རང་བྱུང་རྒྱལ་དང་དེ་ཡི་སྲས། །སྙིང་པོའི་དོན་ཟབ་སྟོན་རྣམས་ལ། །མི་ཕྱེད་དད་པའི་ཡིད་ཀྱིས་འདུད། །ཐམས་ཅད་གཟིགས་པ་ཉག་གཅིག་


KMC007_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གི །སྤྱོད་ཡུལ་རྒྱལ་བའི་སྙིང་པོའི་ཚུལ། །ཀུན་མཁྱེན་གཉིས་པས་གསལ་མཛད་པའི། །གཞུང་བཟང་ཅུང་ཟད་དབྱེ་བར་བྱ། །དེ་ལ་རྒྱལ་བ་ཐམས་ཅད་མཁྱེན་པས་ངེས་དོན་མཐར་ཐུག་པའི་མདོ་སྡེ་དང་ཤིན་ཏུ་ཟབ་མོའི་རྒྱུད་སྡེ་རྣམས་སུ་མ་སྦས་གསལ་བར་གསུངས་ཤིང་། ས་བཅུའི་དབང་ཕྱུག་རྒྱལ་ཚབ་མ་ཕམ་པ་དང་སྤྱན་རས་གཟིགས་སོགས་གྲགས་ཆེན་རྒྱལ་བའི་སྲས་པོ་རྣམས་དང་། གྲུབ་ཆེན་ས་ར་ཧ་པ་ཡབ་སྲས། འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་ཞབས་སོགས་ཀྱིས་དགོངས་པ་དྲང་ཐད་དུ་


KMC007_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲལ་བ། རྟོག་གེ་རྣམ་པར་འཁྱམས་པ་དག་གི་བློའི་སྤྱོད་ཡུལ་དུ་མ་ཆུད་པའི་སྙིང་པོའི་དོན་ཆེས་ཟབ་པའི་ཚུལ་དེ་ཉིད། གངས་རིའི་ལྗོངས་ན་ངེས་དོན་སྙིང་པོ་ཕྱིར་མི་ལྡོག་པའི་སེང་གེའི་སྒྲ་ཆེན་པོ་ཐོག་མར་སྒྲོག་པའི་ཤིང་རྟ་པ། ཐུབ་དབང་གཉིས་པ་རང་བྱུང་རྡོ་རྗེས་རྒྱ་ཆེར་གསལ་བར་མཛད་པ་ལས། དེ་ཉིད་ཀྱི་གསུང་རབ་ཀུན་གྱི་སྙིང་པོར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་ཞེས་བྱ་བ་འདི་འཆད་པ་ལ་ལྔ། མཚན་བསྟན་པ། ཕྱག་འཚལ་བ། ལུང་གིས་མདོར་བསྟན་པ། དོན་རྒྱས་པར་བཤད་པ། རྙེད་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ནི། དེ་བཞིན་ནས། བསྟན་བཅོས། ཞེས་གསུངས་ཏེ། དེ་ཞེས་པ་ནི་ཐ་སྙད་གཞན་སྦྱར་གྱི་སྒྲ་སྟེ་འདིར་གནས་ལུགས་ཆོས་ཀྱི་དབྱིངས་ལ་སྦྱར་བའོ། །དེ་ཉིད་ཇི་བཞིན་ཏུ་རྟོགས་པ་ནི་གཤེགས་པའི་སྒྲས་བསྟན་ཏེ། དོན་དེའི་མཐར་སོན་པའི་ཕྱིར་རོ། །དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་སམ་ལུས་སུ་གྱུར་པས་ཆོས་ཀྱི་སྐུར་ཡང་གསུངས་པ་ཡིན་ལ། དེ་ནི་དངོས་པོ་ཀུན་གྱི་དེ་


KMC007_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ཡིན་པས་སྙིང་པོའི་སྒྲས་བསྟན་ཏེ། སྤྱིར་སྙིང་པོའི་སྒྲ་ནི་མི་བསླུ་བ་དང་། བཅུད་དང་སྲ་བའམ་མི་ཕྱེད་པ་དང་། ཁྱབ་བྱེད་རྣམས་ལ་འཇུག་པས་འདིར་ཡང་དེ་དག་གི་དོན་དུ་བཟུང་ངོ་། དེ་བཞིན་གཤེགས་པ་དང་སྙིང་པོ་བདག་ཉིད་གཅིག་པའི་འབྲེལ་པས་འབྲེལ་སྒྲ་སྦྱར་བ་ཡིན་ལ། དེའི་དོན་ཚུལ་བཞིན་ཏུ་སྟོན་པས་ན་སྙིང་པོ་བསྟན་པ་ཞེས་བྱ་བ་སྟེ། རྗོད་བྱེད་ཀྱི་ངོ་བོ་རྩོམ་པ་པོ་ཉོན་མོངས་པའི་རྣམ་གཡེངས་མེད་པའི་ཡིད་ཅན་གྱིས་གསུང་རབ་ཀྱི་དགོངས་པ་འགྲེལ་ཞིང་ཐར་པའི་ལམ་སྟོན་པའི་ངག །ངེས་ཚིག །སྒྲ་ལས་གདུལ་བྱ་རྣམས་ཀྱི་རྒྱུད་ཉོན་མོངས་པ་འཆོས་ཤིང་། འབྲས་བུ་ངན་འགྲོའི་སྲིད་པ་ལས་སྐྱོབ་པའི་ཕྱིར་བསྟན་བཅོས། དབྱེ་བ་མཆོག་དམན་གྱི་དབང་དུ་བྱས་ནས་དོན་མེད་དོན་ལོག་དོན་ལྡན་སོགས་དགུ་དང་། བྱེད་ལས་ཀྱི་དབང་གིས། འཐོར་བ་སྡུད་པ། ཟབ་མོ་དཀྲོལ་བ། ཉམས་པ་གསོ་བ་གསུམ་དུ་གསུངས་པ་ལས། འདིར་མཆོག་གི་བསྟན་བཅོས་གསུམ་དང་། འཐོར་སྡུད་ཟབ་


KMC007_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲོལ་གྱི་ཁོངས་སུ་གཏོགས་པ་ཡིན་ཅིང་། དཔེ་ལས་མཚན་ཏུ་བཏགས་པ་སོགས་མིང་གི་འདོགས་ཚུལ་མང་དུ་ཡོད་པ་ལས། འདིར་ཟབ་མོ་བརྗོད་བྱའི་དོན་ལས་མཚན་ཏུ་བཏགས་པའོ། །གཉིས་པ་ཕྱག་འཚལ་བ་ནི། སངས་རྒྱས་ནས། ཕྱག་འཚལ་ལོ། །ཞེས་གསུངས་ཏེ། དྲང་དོན་ཏུ། མ་རིག་པའི་གཉིད་སངས་པའི་སྤངས་པ་དང་། ཤེས་བྱ་ལ་བློ་རྒྱས་པ་ནི་ཡེ་ཤེས་ཏེ། སྤངས་རྟོགས་ཕུན་སུམ་ཚོགས་པ་དང་། ལྡན་པའི་སངས་རྒྱས་དང་། དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་བྱང་ཆུབ་དེ་འགྲོ་བ་རྣམས་ཀྱི་དོན་དུ་ཐོབ་པར་རྩེ་གཅིག་ཏུ་སེམས་དཔའི་འཕགས་པ་ཐམས་ཅད་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བའམ། ངེས་པའི་དོན་ཏུ། ཉོན་མོངས་པ་གདོད་ནས་མ་གྲུབ་ཅིང་སངས་པ་དང་། ཡོན་ཏན་གདོད་ནས་ལྷུན་གྱིས་གྲུབ་ཅིང་རྒྱས་པའི་དངོས་པོ་གཤིས་ཀྱི་གནས་ལུགས་ལྷན་ཅིག་སྐྱེས་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་སྐུ་དེ་ལ། རྣམ་པས་དབྱེ་ན་སྐུ་ལྔ་ཡེ་ཤེས་ལྔ་ནས། རིགས་མཐའ་ཡས་པའི་བར་དུ་


KMC007_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་ས་སྙིང་ལ་སོགས་པ་ཡུལ་ཤེས་དྲུག་པོ་རྣམ་པར་དག་པའི་ངོ་བོར་སྣང་བ་རྣམས་ལ་གནས་ལུགས་ལྟ་བ་མཇལ་བའི་ཚུལ་གྱིས་ཕྱག་གིས་འདུད་པའི་སྒྲ་སྦྱར་བའོ། །དེའང་ཡུལ་ཁྱད་པར་ཅན་སངས་རྒྱས་དང་བྱང་སེམས་རྣམས་ལ། བྱེད་པ་ཁྱད་པར་ཅན་ཕྱག་གིས་བཏུད་པས། དགོས་པ་ཁྱད་པར་ཅན་ཉན་པ་པོའི་གཞིའི་རིགས་སད་པ་དང་། རང་བཞིན་གྱིས་གེགས་མེད་པར་འགྲུབ་པ་དང་། ཆོས་ཀྱི་ཚུལ་ཡུན་རིང་དུ་དར་བ་དང་། སེམས་བསྐྱེད་ནས་བར་དུ་གཅོད་པ་ལས་བཟློག་པར་འགྱུར་བའོ། །གསུམ་པ་ལུང་གིས་མདོར་བསྟན་པ་ལ་གཉིས། མངོན་པའི་མདོ་ལས་བྱུང་བ་དང་། ཧེ་བཛྲ་ལས་བྱུང་བའོ། །དང་པོ་ནི། ཐོག་མེད་ནས། ཐོབ་པ་ཡིན། ཅེས་གསུངས་ཏེ། ཐོག་མཐའ་སྐྱེ་འགག་སོགས་སྤྲོས་པ་ཀུན་དང་བྲལ་བའི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དང་སྒྲིབ་པ་གཉིས་གཅིག་དང་ཐ་དད་དུ་གྲུབ་པ་མེད་པས་དྲི་མ་ལ་དུས་བརྒྱུད་པའི་ཐོག་མ་


KMC007_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྫས་བདེན་པའི་ཐོག་མ་མེད་པས་ན་འཁོར་བ་ལ་ཐོག་མ་མེད་པར་གྱུར་ཀྱང་དྲི་མ་དང་བྲལ་ཞིང་རང་ལ་གནས་པའི་དོན་མངོན་དུ་གྱུར་པའི་ཚེ་དོན་གཉིས་ཕུན་སུམ་ཚོགས་པའི་སངས་རྒྱས་འགྲུབ་པས་ཐ་མ་དད་ལྡན་པའོ། །སྙིང་པོའི་ངོ་བོ་ལ་དྲི་མ་རང་བཞིན་གྱིས་དག་ཅིང་གནས་སྐབས་གསུམ་དུ་འགྱུར་བ་མེད་པས་རྟག་པའི་ཆོས་ཅན་དེ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་རང་བཞིན་གྱིས་གནས་ཀྱང་། འཁོར་བ་ཐོག་མ་མེད་པ་ནས་ལྷན་ཅིག་སྐྱེས་པའི་སྦུབས་ཀྱིས་བསྒྲིབས་པའི་ཕྱིར་ཐོས་སོགས་རྐྱེན་གྱིས་དྲི་མ་མ་བསལ་བར་དུ་ཇི་བཞིན་མི་མཐོང་སྟེ། དཔེར་ན་གསེར་གྱི་ཁམས་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་གཟུགས་ནི་པདྨ་དང་འདམ་རྫབ་སོགས་ཀྱིས་བསྒྲིབས་ནས་མི་མཐོང་བ་བཞིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་དཔེ་དགུས་གསལ་བར་བསྟན་པའི་དོན་རྒྱུད་བླ་མར་བཤད་པ་བཞིན་ནོ། །འདིའི་ཚིག་རྐང་དང་པོ་འཁྲུལ་གྲོལ་གཉིས་ཀའི་དབང་དུ་བྱས་པ་དང་། གཉིས་པ་གནས་ལུགས། གསུམ་པ་བཞི་


KMC007_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཁྲུལ་ལུགས་ཁོ་ནའི་དབང་དུ་བྱས་པའོ། །ཚིགས་བཅད་ཕྱི་མས་ནི་ཀུན་གཞི་མདོར་བསྟན་པ་སྟེ། དེའང་འདི་ཙམ་ནས་བྱུང་ངོ་ཞེས་སྔོན་གྱི་ཐོག་མ་མེད་པའི་དུས་ཅན་གྱི་ཁམས་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་དེ་ནི། ཀུན་ཉོན་དང་རྣམ་བྱང་གི་ཆོས་རྣམས་ཀུན་གྱི་གནས་སམ་རྟེན་ཡིན་པས་སྤྱི་མིང་དུ་ཀུན་གཞི་ཞེས་བྱ་བ། ས་ཆུ་འདྲེས་པའི་རྙོགས་མ་ལྟར་ཡེ་ཤེས་དང་རྣམ་ཤེས་འདྲེས་མར་གནས་པ་སྟེ། ཀུན་གཞི་དེ་ཡོད་པས་མ་རིག་པའི་ཀུན་རྟོག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ལས་དང་ཉོན་མོངས་པ་ཕུང་པོ་ཁམས་སྐྱེ་མཆེད་རྣམས་སྐྱེ་བས་འཁོར་བའི་འགྲོ་བ་ཀུན་དང་། ཁམས་དེ་ཉིད་གཟུང་འཛིན་གྱི་འཆིང་བ་ལས་གྲོལ་བའི་ཚེ། བྱང་ཆུབ་རྣམ་པ་གསུམ་གྱི་མཐར་ཐུག་པ་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་མྱ་ངན་ལས་འདས་པ་ཆེན་པོའང་ཐོབ་པ་ཡིན་ཏེ། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །སོགས་ཀྱིས་ཁམས་ལ་བརྟེན་པའི་འཁྲུལ་ཚུལ་དང་། འཕགས་པ་ཀླུས། ས་


KMC007_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བོན་གྱུར་པའི་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱངས་པར་གྱུར་པ་ལས། །སངས་རྒྱས་གོ་འཕངས་ཐོབ་པར་འགྱུར། །ཅེས་གྲོལ་ཚུལ་གསལ་བར་གསུངས་པ་ལྟར་རོ། །གཉིས་པ་ནི། །སེམས་ཅན་ནས། །སངས་རྒྱས་སོ། །ཞེས་གསུངས་ཏེ། འདི་ལྟར་སེམས་ཅན་རྣམས་ནི་གདོད་མ་ནས་རང་བཞིན་སྤྲོས་བྲལ་ལྷུན་གྲུབ་ཀྱི་སངས་རྒྱས་ཉིད་དེ། འོན་ཀྱང་གློ་བུར་གཟུང་འཛིན་གྱི་དྲི་མས་སྒྲིབ་བོ། །སྒྲིབ་པ་དེ་ཉིད་ཐབས་ཀྱིས་བསལ་ན་གཞི་མངོན་གྱུར་གྱི་སངས་རྒྱས་ཞེས་གདགས་སོ། །དེ་ལ་ངོ་བོ་རྣམ་དག་དང་གློ་བུར་དྲི་མས་བསྒྲིབས་པའི་ཚུལ་ཆུའི་རྙོགས་མ་དང་། གསེར་གྱི་གཡའ་དང་། ནམ་མཁའི་སྤྲིན་ལྟ་བུ་སྟེ། དབུས་མཐའ་ལས། ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་སོ། །དེ་བཞིན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་དུ་བ་ཁུག་རྣ་དང་། །སྒྲ་


KMC007_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །ཞེས་གསུངས་ཏེ། དཔེར་ན་སེམས་ཉིད་བདེ་གཤེགས་སྙིང་པོ་ཉི་མ་དང་ཟླ་བ་ལྟ་བུ་རང་བཞིན་གྱིས་འོད་གསལ་བའི་ཡོན་ཏན་ལ་སོགས་པ་དང་ལྡན་ཀྱང་། གནས་སྐབས་གློ་བུར་གྱི་སྒྲིབ་པ། འདོད་པའི་འདོད་ཆགས་སྲིད་པ་རླན་པར་བྱེད་པའི་སྤྲིན་ལྟ་བུ་དང་། ཞེ་སྡང་གིས་སེམས་བསྐྱེད་པའི་གནོད་སེམས་དུ་བ་ལྟ་བུ་དང་། གཏི་མུག་གིས་མི་གསལ་བར་བྱེད་པ་ལེ་ལོ་ཁུག་རྣ་ལྟ་བུ་དང་། སེམས་རྒོད་པ་ང་རྒྱལ་དང་བཅས་པ་སྒྲ་གཅན་གྱི་གདོང་ལྟ་བུ་དང་། ལྟ་བ་སྣ་ཚོགས་ཀྱིས་བསྐྱེད་པའི་ཐེ་ཚོམ་རྡུལ་འཚུབས་པ་ལྟ་བུ་སྟེ། སྒྲིབ་པ་ལྔ་པོས་རང་བཞིན་ལ་གོས་པ་མེད་ཀྱང་འཁྲུལ་སྣང་དུ་བསྒྲིབས་པ་ལྟར་སྣང་ནས་མི་གསལ་བར་གསུངས་སོ། །བཞི་པ་རྒྱས་པར་བཤད་པ་ལ་ལྔ། མངོན་པའི་ལུང་དོན་རྒྱས་བཤད།


KMC007_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པ་མ་ཡིན་པ་དང་། ཡང་དག་གི་ཀུན་རྟོག་བཤད་པ་དང་། སངས་རྒྱས་ཀྱི་སྙིང་པོ་ཉིད་བཤད་པ་དང་། བརྒལ་ལན་གྱིས་གཏན་ལ་དབབ་པ་དང་། ལུང་གི་ངོ་བོ་ཉིད་བཤད་པ་ལ་ངེས་པ་བསྐྱེད་པའོ། །དང་པོ་ལ་དྲུག །ཐོག་མེད་ཀྱི་ཚུལ་དང་། ཁམས་ཀྱི་དོན་དང་། དེ་ལ་གནས་པའི་ཆོས་དང་། གནས་ཉིད་དང་། ད་ལྟར་ཡོད་པའི་ཚུལ་དང་། ཐ་མའི་དོན་བཤད་པའོ། །དང་པོ་ནི། དེ་ལ་ནས། འོངས་བ་མིན། ཅེས་གསུངས་ཏེ། གོང་དུ་དྲངས་པའི་ལུང་དེ་ལ་ཐོག་མེད་ཅེས་བྱ་བའི་དོན་ནི། རང་བཞིན་རྣམ་དག་གི་ངོ་བོ་ལས་སྔོན་ཏུ་སངས་རྒྱས་ཞེས་བྱ་བ་མེད་ཅིང་། མ་རིག་འཁྲུལ་པའི་བག་ཆགས་ལས་སྔོན་དུ་སེམས་ཅན་ཞེས་བྱ་བ་མེད་པ་ཉིད་དེ། འཁོར་འདས་གཉིས་སུ་སྣང་ཞིང་འཁྲུལ་པའི་དུས་སྐད་ཅིག་མ་དེ་ཉིད་ཡིན་ཏེ། གནས་གཞན་ཞིག་ནས་བརྒྱུད་དེ་འོང་བ་མིན་ཏེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཡིན་པས་སོ། །དེའང་རིག་པ་དྲུག་ཅུ་པ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ལས། །འགྲོ་ཀུན་རྒྱུ་དང་འབྲས་བུ་


KMC007_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །འདི་ལས་སེམས་ཅན་ཅི་ཡང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པ་ཉིད་ནི་འབྱུང་བར་ཟད། །ཅེས་སོ། །གཉིས་པ་ནི། ཁམས་ནི་ནས། དེ་སྐད་བརྗོད། །ཅེས་གསུངས་ཏེ། ཁམས་སངས་རྒྱས་ཀྱི་སྙིང་པོ་དེ་ལ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཚང་བར་ཡོད་པས་སྔར་མེད་གསར་དུ་བྱེད་པ་པོ་གཞན་མེད་ཀྱང་ནི་རང་གི་མཚན་ཉིད་ངོ་བོ་མི་འགྱུར་བར་འཛིན་པས་ཁམས་སམ་རིགས་ཞེས་རྒྱུའི་དོན་དེ་སྐད་དུ་བརྗོད་དོ། །གསུམ་པ་ནི། ཆོས་ནི་ནས། ཀུན་གཞིར་བཤད། ཅེས་གསུངས་ཏེ། ཁམས་དེ་ལ་གནས་པའི་ཆོས་ནི་སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པ་གཉིས་སུ་སྣང་བ་ལ་བཤད་པ་ཡིན་ཏེ། དེ་གཉིས་ཀྱི་བག་ཆགས་འཚོགས་པ་དེ་ལ་མ་རིག་བག་ཆགས་ཀྱི་ས་ཞེས་ཀྱང་བྱ། ཡང་དག་པ་གཉེན་པོའི་རྟོག་པ་དང་ཡང་དག་མིན་པ་འཁོར་བའི་རྟོག་པ་གཉིས་ཀྱི་འདུ་བྱེད་གཡོ་བས་བག་ཆགས་དཀར་ནག་གཉིས་ཀྱིས་འཁོར་འདས་གཉིས་བསྐྱེད་པའི་རྒྱུ་ཡི་རྐྱེན་ཏེ་ཀུན་གཞིར་གྲགས་པའང་


KMC007_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དེ་ལ་དགོངས་ཏེ་བཤད་པ་ཡིན་ནོ། །བཞི་པ་ནི། གནས་ན་ནས། ལ་རབ་གནས། །ཞེས་གསུངས་ཏེ། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སམ་རྟེན་ནི་སེམས་ཉིད་རྒྱལ་བའི་སྙིང་པོ་དེ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང་དེས་བསྐྱེད་པའི་ལས་དང་ཉོན་མོངས་པ་སྡུག་བསྔལ་བ་ཐམས་ཅད་ནི་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་རབ་ཏུ་གནས་ཀྱང་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་ནི་སྐྱེ་འགག་གནས་གསུམ་དང་བྲལ་བ་འདུས་མ་བྱས་པའི་རང་བཞིན་ཡིན་པས་དེ་རྣམས་གང་ལ་ཡང་མི་བརྟེན་ཅིང་། དེ་རྣམས་ཀྱི་སྐྱེ་འཇིག་གིས་གོས་པ་མ་ཡིན་ཏེ། རྒྱལ་བ་བྱམས་པས། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །གང་ལ་ཡང་ནི་གནས་པ་མེད། །ཞེས་གསུངས་པ་བཞིན་ནོ། །ལྔ་པ་ནི། དག་པ་ནས། འཁོར་བ་ཡིན། ཅེས་གསུངས་ཏེ། སེམས་ཉིད་སངས་རྒྱས་ཀྱི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པ་དེ་


KMC007_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ངོ་བོ་སྟོང་རང་བཞིན་གསལ་རྣམ་པ་འགག་པ་མེད་པར་སྐུ་གསུམ་གྱི་རང་བཞིན་དུ་ད་ལྟར་སེམས་ཅན་ཐམས་ཅད་ལ་བཞུགས་ནས་ཡོད་དེ། དེ་ལྟར་ཡོད་ཀྱང་མ་རིག་པའི་ཀུན་རྟོག་གིས་བསྒྲིབས་ནས་རང་གི་ངོ་བོ་མ་མཐོང་བའམ་མ་རྟོགས་པའི་ཕྱིར་འཁྲུལ་རྟོག་གི་རྒྱ་མཚོར་བྱིང་སྟེ་འགྲོ་བ་དྲུག་གི་གནས་སུ་འཁོར་བ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཇི་ལྟར་སྐྱེ་བོ་སེམས་རྨོངས་པས། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་ལ་སོགས་མཐོང་བ་ལྟར། །དེ་བཞིན་གཟུགས་སོགས་སྣང་བ་ཡིན། །ཞེས་སོ། །དྲུག་པ་ནི། དེ་ཉིད་ནས། ཐ་སྙད་བྱས། །ཞེས་གསུངས་ཏེ། དེ་ལྟར་ན་སྤང་བྱ་གློ་བུར་གྱི་དྲི་མ་དེ་ཉིད་གཟོད་མ་ནས་མ་གྲུབ་པར་ཤེས་ཏེ་གཟུང་འཛིན་བླང་དོར་གྱི་རྟོག་པ་བསལ་བས་འཁོར་འདས་དབྱེར་མེད་ཀྱི་དོན་མངོན་སུམ་དུ་གྱུར་པ་ན་སྲིད་པའི་མྱ་ངན་ལས་འདས་པས་དྲི་བྲལ་གློ་བུར་རྣམ་དག་གི་ཆ་དེ་ལ་འཁོར་བའི་ཐ་མ་དང་ལྡན་པའི་ཐ་སྙད་དུ་བྱས་པ་ཡིན་གྱི། སེམས་ཉིད་སངས་རྒྱས་ཀྱི་སྙིང་པོ་གདོད་མ་ནས་


KMC007_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་རྣམ་པར་དག་ཅིང་ཡོན་ཏན་རང་ཆས་སུ་གནས་པས་ངོ་བོ་ལ་བོགས་དབྱུང་དུ་མེད་དེ། དཔལ་སྡོམ་པ་ལས། སངས་རྒྱས་རྣམས་ནི་བྱོན་གྱུར་ཏམ། །མ་བྱོན་ན་ཡང་རྣམ་ཀུན་ཏུ། །རྒྱུན་ཆད་མེད་པའི་ཆོས་ཉིད་ནི། །འཕེལ་འགྲིབ་སྤངས་ཏེ་གནས་པ་ཡིན། །ཞེས་སོ། །དེས་ན་སེམས་ཉིད་རྟོགས་མ་རྟོགས་ཀྱི་དབང་གིས་སངས་རྒྱས་དང་སེམས་ཅན་དོན་དམ་དང་ཀུན་རྫོབ། འཁོར་འདས་སོགས་ཀྱི་རྣམ་པ་སོ་སོར་སྣང་ཞིང་དེ་སྐད་དུ་བརྗོད་པ་ཡིན་ཏེ། འཕགས་པ་ཀླུས། སེམས་ཉིད་རྣམ་པ་གཉིས་སུ་མཐོང་། །ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས། །བདག་ཏུ་འཛིན་ལས་འཁོར་བ་སྟེ། །སོ་སོར་རིག་ན་དེ་ཉིད་དོ། །ཞེས་གསུངས་སོ། །གཉིས་པ་ཡང་དག་པ་མ་ཡིན་པ་དང་། ཡང་དག་པའི་ཀུན་རྟོག་བཤད་པ་ལ་གསུམ། ཡང་དག་པ་མ་ཡིན་པའི་ཀུན་རྟོག་ལ་བརྟེན་ནས་འཁོར་བའི་ཚུལ། འཁྲུལ་པའི་རྩ་བ་བླང་དོར་གྱིས་བྱུང་བ། གཉེན་པོའི་རྟོགས་པའི་དོན་ནོ། །དང་པོ་ནི། ཐོག་མཐའ་ནས། །སྟོན་པ་ཡིན། །ཅེས་གསུངས་


KMC007_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སེམས་ཉིད་རྒྱལ་བའི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པ་ལ་ཐོག་མཐའི་བྱེ་བྲག་མེད་ཀྱང་དུས་ཀྱི་ཐོག་མ་དང་མཐའ་མ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་སྒྲོ་བཏགས་པ་ཉིད་ལ་བརྟེན་པ་སྟེ་སེམས་ཉིད་ནམ་མཁའ་ལྟ་བུ་དེ་རང་གིས་རང་མ་རིག་པས་སེམས་ཉིད་ལ་ང་དང་བདག་ཏུ་འཛིན་པ་ཅན་གྱི་ཉོན་མོངས་པའི་ཡིད་གཡོ་བ་མངོན་པར་འདུ་བྱེད་པའི་རྟོག་པ་རླུང་དང་འདྲ་བ་ལངས་པ་དེ་ཡིན། ལས་དང་ཉོན་མོངས་ཆུ་དང་འདྲ་བས་བསྒྲུབས་པ་སྟེ། ལས་ཉོན་དེ་ཡིས་གཟུགས་སོགས་ཕུང་པོ་ལྔ། དམིགས་པ་ཡུལ་གྱི་ཁམས་དྲུག །རྟེན་དབང་པོའི་ཁམས་དྲུག །བརྟེན་པ་རྣམ་པར་ཤེས་པའི་ཁམས་དྲུག་དང་བཅོ་བརྒྱད། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག །གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་དྲུག་དང་བཅུ་གཉིས་ལ་སོགས་པ། སའི་དཀྱིལ་འཁོར་ལྟ་བུ་བསྐྱེད་ཅིང་ས་ལ་འགྲོ་བ་བརྟེན་པ་ལྟར་གཉིས་སུ་སྣང་བའི་ཆོས་ཀུན་བདེན་པར་གྲུབ་པ་མེད་བཞིན་ཏུ་འཁྲུལ་ངོར་བདེན་པ་ལྟར་སྟོན་པ་ཡིན་


KMC007_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྒྱུད་བླ་མ་ལས། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་བྱེད། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང་། །ཞེས་སོ། །གཉིས་པ་ནི། དེ་ལ་ནས། མ་ཡིན་ནམ། །ཞེས་གསུངས་ཏེ། དེ་ལྟར་ན་སྣང་བ་སེམས་ཀྱི་རང་སྣང་ཡིན་པས་གཟུང་འཛིན་གཉིས་སུ་གྲུབ་པ་མེད་ཀྱང་འཁྲུལ་རྟོག་ལས་བྱུང་བའི་མེད་པ་ལ་ཡོད་པར་བཏགས་པའི་གཟུང་འཛིན་གཉིས་སུ་སྣང་བའི་ཡུལ་ཀུན་བརྟགས་དེ་ལ་འདོད་པ་བླང་ཞིང་མི་འདོད་པ་དོར་བའི་བླང་དོར་བྱེད་མཁན་གྱི་ཤེས་པ་དེ་འཁྲུལ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱི་རོལ་གྱི་ཡུལ་ནི་སེམས་འཁྲུལ་པས་སྒྲོ་བཏགས་པ་ཡིན་གྱི་དོན་ལ་མེད་པ་ཡིན་པས་བཟུང་བ་མེད་དེ། དེ་མེད་པས་དེ་ལ་བརྟེན་པའི་འཛིན་པའང་མེད་མོད། ཐོག་མེད་ཀྱི་བག་ཆགས་བརྟས་པའི་མཐུ་ལས་སྣང་བ་ཡིན་ནོ། །དཔེར་ན་ནམ་མཁའ་རང་བཞིན་སྟོང་པ་འདི་ལ་བླང་བྱ་དང་དོར་བྱར་མེད་པ་


KMC007_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏུ། ཡུལ་རང་གི་སེམས་ཀྱི་སྣང་བ་ཡིན་པ་མི་འདོད་ཅིང་དོར་བ་བྱར་མེད་ལ། རང་སེམས་ཀྱི་སྣང་བ་དེ་ཉིད་འདོད་པས་བླང་བས་ཅི་ཞིག་འབྱུང་སྟེ་བླང་བྱར་མེད་དོ། །དེ་བས་ན་རང་སྣང་གཅིག་པུ་ལ་བླང་དོར་གཉིས་སུ་འཛིན་མཁན་གྱི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་རྫུན་པ་མ་ཡིན་ནམ་སྟེ་ངེས་པར་མི་བདེན་བརྫུན་ནོ། །གསུམ་པ་ནི། དེ་ཤེས་ནས། དགག་ཕྱིར་གསུངས། །ཞེས་གསུངས་ཏེ། དེ་ལྟར་གཟུང་འཛིན་གཉིས་མེད་དོ་སྙམ་དུ་རྟོག་པའི་ཤེས་པ་དེ་དག་གི་གཉེན་པོར་གསུངས་མོད་ཀྱང་གཟུང་འཛིན་གཉིས་མེད་ཅིང་སྟོང་པ་ཡིན་སྙམ་པའི་རྟོགས་པ་དེ་ཡང་བདེན་པའམ་དོན་དམ་པ་མིན་ཏེ། རྨི་ལམ་དུ་བུ་འཆི་རྒྱུ་མེད་ཀྱང་ཤི་བ་རྨིས་ནས་བུ་མེད་དོ་སྙམ་པ་ལྟར། གཟུང་འཛིན་གཉིས་སུ་མ་གྲུབ་བོ་སྙམ་པའི་རྟོག་མེད་ཀྱི་ཤེས་པ་དེ་སྙེམས་བྱེད་ཀྱི་རྟོག་པ་ཆེན་པོར་གྱུར་པའི་ཕྱིར་ཏེ། ཞི་བ་ལྷས། དེ་ཕྱིར་རྫུན་པའི་དངོས་གང་ཡིན། །དེ་ཡི་དངོས་མེད་གསལ་བར་རྫུན། །དཔེར་ན་རྨི་ལམ་བུ་ཤི་ལ། །དེ་


KMC007_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་རྫུན་པ་ཡིན། །ཅེས་སོ། །དེ་ཡང་དངོས་འཛིན་གྱི་གཉེན་པོ་སྟོང་པ་ཉིད་ཡིན་ཀྱང་། སྟོང་ཉིད་ལ་མངོན་པར་ཞེན་ན་གསོར་མི་རུང་བའི་ལྟ་བར་གསུངས་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང་། རྩ་ཤེས་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་དང་། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་ལ། །དེ་དག་གསོར་མི་རུང་བར་གསུངས། །ཞེས་སོ། །དེས་ན་སྟོང་ཉིད་ལ་ཞེན་པའི་བློ་དེ་ཉིད་ཀྱང་དཔང་དགོས་ཏེ། མདོ་སྡེ་རྒྱན་ལས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པ་ཆོས་ཀྱི་དབྱིངས་ལ་གནས། །ཞེས་


KMC007_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཞི་བ་ལྷས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ན། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་སོ། །དེ་ཡང་གཟུགས་སོགས་རྨི་ལམ་གྱི་ཡུལ་བཞིན་རང་སེམས་ཀྱི་སྣང་བ་ཁོ་ན་་ཡིན་པ་ལ་གཅིག་དང་དུ་མའི་ཆ་སོ་སོར་ཕྱེས་ནས་ནམ་མཁའ་ལྟར་བློ་ཡི་ཡུལ་དུ་ཅི་ཡང་མེད་པའི་སྟོང་པ་ཉིད་དུ་རྟོག་པའི་ཆ་ཕྱེ་མཁན་གྱི་ཤེས་པ་ཁྱོད་རང་ཡང་དོན་ལ་འཁྲུལ་པ་མ་ཡིན་ནམ་སྟེ་སྣང་བ་ཐམས་ཅད་སེམས་ཀྱི་རང་འོད་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུ་ཡིན་པས་ཆ་ཕྱེ་རྒྱུ་མ་གྲུབ་པ་ལ་ཕྱེས་ན་འཁྲུལ་པ་ཡིན་ནོ། །དེ་ལྟ་བུའི་སྣང་སྟོང་དབྱེར་མེད་མི་ཤེས་པས་སྔར་དངོས་པོར་ཡོད་པ་དེ་ཕྱིས་སྟོང་ཉིད་ཀྱིས་བཅོམ་ནས་མེད་པར་འཛིན་པ་ནི་ཉེས་པ་ཆེན་པོར་གསུངས་ཏེ། དཔལ་ས་ར་ཧ་ཆེན་པོས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །དངོས་མེད་འཛིན་པ་དེ་བས་ཀྱང་ནི་བླུན། །ཞེས་གསུངས་སོ། །འོན་ཀྱང་ཕུང་པོ་ལྔ་རིལ་པོར་འཛིན་པ་སོགས་


KMC007_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་ཞེན་པ་དགག་པའི་ཕྱིར་ཆ་སོ་སོར་འབྱེད་ཅིང་སྟོང་པར་གཏན་ལ་དབབ་པའི་ཚུལ་བཀའ་བསྟན་བཅོས་ཚད་མར་གྱུར་པ་རྣམས་ལས་གསུངས་པ་ཡིན་ནོ། །གསུམ་པ་སངས་རྒྱས་ཀྱི་སྙིང་པོ་ཉིད་བཤད་པ་ལ་གསུམ། རང་གི་ངོ་བོ་བསྟན་པ། ཡོན་ཏན་བཤད་པ། དཔེ་དོན་དང་སྦྱར་ནས་བཤད་པའོ། །དང་པོ་ནི། ཐམས་ཅད་ནས། དོན་མི་ཤེས། །ཞེས་གསུངས་ཏེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་ཅིང་བདེན་པར་མ་གྲུབ་པས་དོན་དམ་དུ་བདེན་པ་མིན་ལ། སེམས་ཀྱི་རང་རྩལ་འགག་མེད་སོ་སོར་སྣང་བས་འཁྲུལ་ངོར་རྫུན་པའང་མིན་ཏེ། དཔེར་ན་ཆུ་དྭངས་པའི་ནང་དུ་ཟླ་བའི་གཟུགས་བརྙན་སྣང་བ་ན་ཟླ་བར་སྣང་བའི་དུས་ནས་ཟླ་བར་ཡོད་མ་མྱོང་བ་དང་། ཟླ་བ་མེད་བཞིན་དུ་ཟླ་བའི་གཟུགས་དང་ཁ་དོག་སྣང་བ་ཙམ་མ་འགག་པ། ཟླ་སྣང་དང་མེད་དངོས་གཉིས་དབྱེར་མི་ཕྱེད་ཅིང་། ཆུ་ཟླའི་མཚན་ཉིད་སྟོང་པར་ཤེས་ན་ཟླ་འཛིན་རང་སར་གྲོལ་བ་བཞིན་ཏུ་ཡུལ་སྣང་རྣམས་སྣང་བའི་དུས་ཉིད་


KMC007_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདེན་པར་ཡོད་མ་མྱོང་བ་དང་། བདེན་པར་མེད་བཞིན་དུ་སྣང་ཙམ་མ་འགག་པར་སྣང་བ་སྟེ། དེས་ན་སྣང་སྟོང་དབྱེར་མི་ཕྱེད་པ་དང་། མཚན་ཉིད་སྟོང་པར་ཤེས་ནས་སྣང་བར་འཛིན་པ་རང་སར་གྲོལ་བ་ཤེས་བྱ་ཀུན་ལ་མཁས་པའི་རྒྱལ་བ་སྲས་དང་བཅས་པས་བཞེད་ཅིང་འདོད་དེ། ཧེ་བཛྲ་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཞེས་སོ། དེ་ལྟར་སྣང་སྟོང་ཟུང་འཇུག་གི་རང་བཞིན། གྲུབ་མཐའ་དང་གཉེན་པོས་མ་བཅོས་པའི་ཐ་མལ་གཉུག་མའི་ཤེས་པ་དེ་ཉིད་ལ། ཆོས་དབྱིངས་དང་། ཆོས་སྐུ་དང་། བདེ་བ་ཆེན་པོ་དང་། ཤེས་རབ་ཕར་ཕྱིན་དང་། རྒྱལ་བའི་སྙིང་པོ་ལ་སོགས་པ་མིང་དུ་མ་ཟེར་ཏེ་དོན་སེམས་ཉིད་གཉུག་མའི་ཤེས་པ་གཅིག་ཁོ་ན་ཡིན་ལ། དེ་ཉིད་རིག་དང་མ་རིག་གི་ཁྱད་པར་ཙམ་མ་གཏོགས་ངོ་བོ་འགྱུར་བ་མེད་པའི་ཆོས་ཉིད་ཡིན་པས་གཞི་མངོན་ཏུ་འགྱུར་པ་འབྲས་བུའི་དུས་དང་།


KMC007_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བྱང་ཆུབ་སེམས་དཔས་རྟོགས་པའི་ཚེ་སྔར་མེད་ཀྱི་ཡོན་ཏན་བསྐྱེད་པ་སོགས་བཟང་དུ་འཕགས་པ་རྣམས་ཀྱིས་ཀྱང་བཏང་བ་མེད་ཅིང་། གཞིའི་གནས་སྐབས་མ་རྟོགས་པའི་དུས་སུ་ངོ་བོའི་ཡོན་ཏན་མི་ལྡན་པ་སོགས་ངན་དུ་སེམས་ཅན་གྱིས་ཀྱང་མ་བཏང་སྟེ། ཆོས་ཉིད་བསལ་བཞག་དང་བྲལ་བའི་ཕྱིར་རོ། དེ་ལྟར་ཡང་རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དོན་འདི་ནི་ས་བཅུའི་བྱང་སེམས་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་པས་རྫོགས་པའི་སངས་རྒྱས་མ་ཐོབ་བར་དུ་ཚིག་དང་ཐ་སྙད་དུ་མ་དག་གིས་གནས་ལུགས་ཀྱི་དོན་བརྗོད་མོད་ཀྱང་། ཆོས་ཉིད་བསམ་གྱིས་མི་ཁྱབ་ཅིང་རྟོག་གེའི་ཡུལ་མ་ཡིན་པས་ཐ་སྙད་ཀྱིས་བརྗོད་པས་ཆོས་ཉིད་དེ་ཡི་དོན་ཅི་ལྟ་བ་བཞིན་དུ་མི་ཤེས་སོ། །འོ་ན་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་དེ་སོ་སོའི་སྐྱེ་བོ་རྣམས་ལ་ཅིའི་ཕྱིར་བསྟན་སྙམ་ན། རྒྱལ་བ་བྱམས་པས། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མིན་


KMC007_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་ཏུ་གསུངས། །ཞེས་གསུངས་པ་ལྟར། ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི་སྙིང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་མ་ཤེས་ནས་བདག་གིས་སངས་རྒྱས་མི་ཐོབ་སྙམ་དུ་སེམས་ཞུམ་ནས་སེམས་མི་བསྐྱེད་པ་དང་། སེམས་ཅན་དམན་པ་ལ་ཁམས་ཡོད་པར་མ་ཤེས་ནས་བརྙས་པ་དང་། ཁམས་ལ་བསྒྲིབས་པའི་དྲི་མ་ཡང་དག་པར་ཡོད་པ་མ་ཡིན་པ་ལ་བདེན་པར་འཛིན་ཅིང་ཡོད་པར་སྒྲོ་འདོགས་པ་དང་། ཡང་དག་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་སོགས་རྣམས་ཡེ་ནས་ཡོད་པ་ལ་མེད་ཅེས་སྐུར་པ་འདེབས་པ་དང་། སེམས་ཅན་ཐམས་ཅད་ལ་ཁམས་ཡོད་པར་འདྲ་བར་མ་ཤེས་ནས་ཡོན་ཏན་ཅུང་ཟད་སྐྱེས་ནས་བདག་ཅག་ལྷག་གོ་སྙམ་ནས་ང་རྒྱལ་བ་སྟེ། སྐྱོན་དེ་ལྔ་སྤོང་བའི་དོན་དུ་བསྟན་པའོ། །ཁ་ཅིག་གིས་དགོས་པ་བསྟན་པ་འདིས་བདེ་གཤེགས་སྙིང་པོའི་དོན་བསྟན་པ་རྣམས་དྲང་དོན་ཡིན་པར་བཤད་


KMC007_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། དེ་ལྟ་ན་སྟོང་པ་ཉིད་དུ་བསྟན་པ་ཐམས་ཅད་བདག་གཅིག་དང་རིལ་པོར་འཛིན་པ་བཟློག་པའི་ཆེད་དུ་གསུངས་པས་དེའང་དྲང་དོན་ཏུ་འགྱུར་ལ། སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་མི་མཚུངས་སོ་སྙམ་ན། བློའི་སྤྱོད་ཡུལ་དུ་གྱུར་པའི་སྟོང་པ་ཙམ་གནས་ལུགས་སུ་འགྱུར་ན་བློ་འདས་ཆོས་ཉིད་འོད་གསལ་བའི་རང་བཞིན་གནས་ལུགས་སུ་ཅིའི་ཕྱིར་མི་འགྱུར། དེས་ན་འཁོར་ལོ་བར་པར་སྟོང་ཉིད་སྤྲོས་བྲལ་གྱི་ལུང་མང་དུ་གསུངས་པ་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཉིད་སྐྱེ་འགག་གནས་གསུམ་སོགས་འདུས་བྱས་ཀྱི་མཚན་ཉིད་ཀྱིས་དབེན་པར་བསྟན་པ་ཡིན་གྱིས། ཁམས་དེ་མེད་པར་བསྟན་པ་ནི་མ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དེ། །དེ་དག་ཀུན་གྱི་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཅེས་གསུངས་སོ། །གཉིས་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ཉིད་ནས། གསུངས་


KMC007_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །ཅེས་གསུངས་ཏེ། སངས་རྒྱས་ཀྱི་སྙིང་པོ་དེ་ཉིད་ངོ་བོ་སྟོང་ཞིང་རང་བཞིན་གསལ་ལ་རྣམ་པ་མ་འགག་པར་རོལ་པའི་ཆ་ལ། ཆོས་སྐུའི་ཡོན་ཏན་སོ་གཉིས་དང་། གཟུགས་སྐུའི་ཡོན་ཏན་སོ་གཉིས་ཏེ་དྲུག་ཅུ་རྩ་བཞི་པོ་ཚང་བར་ཡོད་པར་བཤད་པ་དེ་ནི་གཙོ་བོར་སྨོས་པའི་རིགས་ཡིན་ཏེ། རྒྱས་པར་བྱེད་ན་དེ་རེ་རེ་ལ་ཡང་བྱེ་བ་ཕྲག་རེའམ་གྲངས་མེད་པ་མངའ་བར་གསུངས་པ་ཡིན་ནོ། །གཉིས་པ་ལ་གཉིས། ཆོས་སྐུའི་ཡོན་ཏན་དང་། གཟུགས་སྐུའི་ཡོན་ཏན་བཤད་པའོ། །དང་པོ་ལ་ལྔ། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད། ད་ལྟར་ཡོད་ཀྱང་མི་སྣང་བའི་ཚུལ། རྟོགས་པར་བྱ་བའི་ཚུལ་ལུང་དང་བཅས་པའོ། །དང་པོ་ནི། གནས་དང་ནས། སྟོབས་བཅུ། །ཞེས་གསུངས་ཏེ། སངས་རྒྱས་ཐམས་ཅད་སྔོན་སེམས་བསྐྱེད་དང་སྡོམ་པའི་དམ་བཅའ་བརྟན་པ་ལས། དགེ་བས་རྣམ་སྨིན་ཡིད་དུ་འོང་བ་ཐོབ་པ་ནི་གནས་དང་རྣམ་སྨིན་ཡིད་དུ་མི་འོང་བ་ཐོབ་པ་ནི་གནས་མིན་དང་དེ་ལས་ལྡོག་པ་


KMC007_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་སྟོབས་དང་པོ། ལས་འབྲས་ཤེས་པས་ལས་རྣམས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་གཉིས་པ། ཁམས་རྣམས་དང་མཐུན་པར་ཞུགས་པས་སེམས་ཅན་གྱི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་གསུམ་པ། དབང་པོ་དང་མཐུན་པར་ཆོས་སྟོན་པས་དབང་པོ་མཆོག་དམན་མཁྱེན་པའི་སྟོབས་བཞི་པ། མོས་པ་དང་མཐུན་པར་ཞུགས་པས་འགྲོ་བའི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ལྔ་པ། ཐེག་པ་ཐམས་ཅད་ལ་གོམས་པ་ལས་ཐེག་པ་གསུམ་མམ་འཁོར་འདས་ཀུན་ཏུ་འགྲོ་བའི་ལམ་སྣ་ཚོགས་མཁྱེན་པའི་སྟོབས་དྲུག་པ། ཏིང་ངེ་འཛིན་ལྷུར་བླངས་པས་བསམ་གཏན་སོགས་ཉོན་མོངས་པ་དང་དྲི་མ་མེད་པ་མཁྱེན་པའི་སྟོབས་བདུན་པ། སེམས་ཅན་ལ་ལྷག་པའི་བསམ་པ་སོགས་ལས་ལྷའི་མིག་གིས་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་བརྒྱད་པ། དགེ་བ་ཆུད་མ་གསན་པས་རང་གཞན་གྱི་སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་དགུ་པ། ཟག་པ་ཟད་པ་མཁྱེན་པའི་སྟོབས་བཅུ་པ་སྟེ། དེ་ལྟར་ན་ནུས་པའི་མཐུ་འགྲན་ཟླ་བྲལ་


KMC007_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྟོབས་རྣམ་པ་བཅུའོ། གཉིས་པ་ནི། དེ་རྟེན་ནས། རྩོད་མེད་ཉིད། །ཅེས་གསུངས་ཏེ། སྟོབས་བཅུ་དེ་ལ་བརྟེན་པའི་མི་འཇིགས་པ་བཞི་སྟེ། རང་དོན་རྟོགས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་མི་འཇིགས་པ་ནི། འཁོར་གྱི་དབུས་སུ། བདག་ནི་ཆོས་ཀུན་གྱི་དབྱིངས་སུ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཞེས་ཞལ་གྱིས་བཞེས་པ་ལ་བྱང་ཆུབ་པ་མ་ཡིན་པའི་རྒོོལ་བ་པོ་མེད་པ་དང་། གཞན་དོན་བར་ཆད་ཀྱི་ཆོས་བསྟན་པ་ལ་མི་འཇིགས་པ་ནི། འདོད་ཆགས་སོགས་ཐར་བའི་གེགས་ཡིན་པས་འགོག་པར་བྱེད་དོ་ཞེས་སྟོན་པ་ལ་དེ་དག་གེགས་མ་ཡིན་ནོ་ཞེས་རྒོལ་བ་པོ་མེད་པ་དང་། གཞན་དོན་ངེས་འབྱིན་གྱི་ལམ་སྟོན་པ་ལ་མི་འཇིགས་པ་ནི། བྱང་ཕྱོགས་སོ་བདུན་འཁོར་བ་ལས་ངེས་པར་འབྱིན་པའི་ལམ་ཡིན་ནོ་ཞེས་སྟོན་པ་ལ་ལམ་མ་ཡིན་ཅེས་པའི་རྒོལ་བ་པོ་མེད་པ་དང་། རང་དོན་སྤངས་པ་ཕུན་ཚོགས་སུ་བསྟན་པ་ལ་མི་འཇིགས་པ་ནི། ཟག་པ་བག་ཆགས་དང་བཅས་པ་འགག་པའི་འགོག་པ་ཐོབ་བོ་


KMC007_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྟོན་པ་ལ་དེ་མ་ཐོབ་བོ་ཞེས་པའི་རྒོལ་བ་མེད་པ་སྟེ། མདོར་ན་ཆོས་མཐུན་གྱི་རྩོད་པ་པོ་དངོས་དང་བརྒྱུད་ནས་མེད་པ་ཉིད་དོ། །གསུམ་པ་ནི། རྒྱུ་དེས་ནས། ཆོས་སྐུ་ཡིན། །ཅེས་གསུངས་ཏེ། མི་འཇིགས་པ་བཞི་བརྙེས་པའི་རྒྱུ་དེས་ཉན་རང་བྱང་སེམས་དང་མ་འདྲེས་པའི་ཆོས་བཅོ་བརྒྱད་མངའ་བ་སྟེ། དེ་ལ་སྤྱོད་པས་བསྡུས་པ་དྲུག་ནི། སྐུའི་སྤྱོད་པ་ལ་འཁྲུལ་པ་མེད་པས་མ་འཁྲུལ་བ་དང་། གསུང་གི་བརྗོད་པ་ཅ་ཅོ་མེད་པ་དང་། ཐུགས་ཤེས་བྱ་ཐམས་ཅད་ལ་དྲན་པ་མ་ཉམས་པས་བརྗེད་པ་མི་མངའ་བ་དང་། སྤྱོད་ལམ་རྣམ་བཞིའི་དུས་རྟག་ཏུ་མཉམ་པར་མ་བཞག་པ་མི་མངའ་བ་དང་། འཁོར་འདས་ལ་ཐ་དད་ཀྱི་འདུ་ཤེས་སྣ་ཚོགས་མི་མངའ་བ་དང་། སོ་སོ་མ་བརྟགས་པའི་བཏང་སྙོམས་མེད་པ་དང་དྲུག་གོ །རྟོགས་པས་བསྡུས་པ་དྲུག་ནི། ཆོས་སྟོན་པའི་འདུན་པ་ཉམས་པ་མི་མངའ་བ་དང་། དེ་བཞིན་ཏུ་དོན་གྱི་བརྩོན་འགྲུས་དང་། གདུལ་བྱ་ལ་སོགས་པ་དྲན་པ་དང་། མཉམ་པ་ཉིད་རྟོགས་པའི་ཏིང་ངེ་འཛིན་དང་།


KMC007_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཐམས་ཅད་ཤེས་པའི་ཤེས་རབ་དང་། ཟག་པ་ས་བོན་དང་བཅས་པ་ལས་རྣམ་པར་གྲོལ་བའི་རྣམ་གྲོལ་གྱི་ཡེ་ཤེས་མཐོང་བ་དྲུག་ལས་ཡོངས་སུ་ཉམས་པ་མི་མངའ་བ་རྣམས་སོ། །ཕྲིན་ལས་ཀྱི་བསྡུས་པ་གསུམ་ནི། སྤྱོད་ལམ་ཐམས་ཅད་ཀྱིས་སེམས་ཅན་མི་འདུལ་བ་མེད་པའི་སྐུའི་ཕྲིན་ལས་དང་། ཡན་ལག་དྲུག་ཅུ་དང་ལྡན་པས་གསུང་གི་ཕྲིན་ལས་དང་། གདུལ་བྱ་མཁྱེན་ཅིང་བརྩེ་བས་འཛིན་པའི་ཐུགས་ཀྱི་ཕྲིན་ལས་ཏེ། ཕྲིན་ལས་གསུམ་པོ་རྣམས་ཡེ་ཤེས་སྔོན་དུ་འགྲོ་བ་དང་། ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ཐོབ་པའོ། །ཡེ་ཤེས་ཀྱིས་བསྡུས་པ་གསུམ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པ་བཅོ་བརྒྱད་དེ། དེ་ལྟར་ཡོན་ཏན་སོ་གཉིས་དང་ལྡན་པ་ནི་རང་བཞིན་རྣམ་དག་ཆོས་ཀྱི་སྐུ་ཡིན་ལ། གློ་བུར་གྱི་དྲི་མ་དག་པའི་ཚེ་ཡོན་ཏན་དེ་དག་གི་ནུས་པ་མངོན་ཏུ་འགྱུར་བ་ཡིན་ནོ། བཞི་པ་ནི། ད་ལྟ་ནས། གཡོས་


KMC007_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལན། །ཅེས་གསུངས་ཏེ། སེམས་ཉིད་བདེ་གཤེགས་སྙིང་པོ་ལ་ཆོས་སྐུའི་ཡོན་ཏན་རྣམས་ཚང་བར་ཡོད་ཀྱང་མ་རིག་པས་ད་ལྟ་གཞི་སེམས་ཅན་གྱི་དུས་སུ་ཡོན་ཏན་དེ་ལ་འགལ་བར་བྱེད་དེ། ཇི་ལྟར་བྱེད་ན། སེམས་ཉིད་དབྱིངས་དང་རིག་པ་དབྱེར་མེད་པ་འདི་ལ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཚང་ཞིང་ཅིའི་ངོ་བོར་ཡང་མ་གྲུབ་པ་ཞིག་ཡིན་པ་ལ་ཡིན་པ་བཞིན་དུ་མ་ཤེས་ཤིང་མ་ངེས་པས། ཡུལ་མེད་པ་རྣམ་རྟོག་གིས་ཡོད་པར་རྟོག་པའི་ཀུན་བརྟགས་བྱས་ཤིང་། ཡུལ་དེས་བསྐྱེད་པའི་འཁྲུལ་པའི་རྟོག་པ་དེ་གཞན་དབང་ཡིན་ཏེ། རྒྱན་ལས། གང་ཞིག་ཡོད་པ་མ་མཐོང་མེད་མཐོང་བ་ཞེས་སོ། །གཟུང་འཛིན་དེའི་དབང་གིས་དོན་དམ་པའི་བདེན་པ་ཆོས་ཉིད་འགྱུར་བ་མེད་པའི་ཡོངས་སུ་གྲུབ་པ་གཟུང་འཛིན་གཉིས་ལས་འདས་པའི་སེམས་ཉིད་ཀྱི་ངོ་བོ་རང་གིས་རང་མ་རིག་ཅིང་མ་ཤེས་པས། རང་ཉིད་འཁྲུལ་བའི་སྣང་བ་ལ་རང་གིས་བདེན་ཞེན་བྱས་པ་ཉིད་འཁོར་བ་ཁ་བརྒྱུད་པའི་བག་ཆགས་སུ་གྱུར་ཏེ་སྡུག་བསྔལ་དུ་མས་


KMC007_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གཟིངས་པ་སྟེ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། ཇི་ལྟར་རང་གིས་འདམ་གཡོས་པས། །བྱིས་པ་གཞན་ཞིག་བྱིང་བ་ལྟར། །དེ་བཞིན་རྟོག་འདམ་བྱིང་བས། །སེམས་ཅན་རྣམས་ནི་འབྱུང་མི་ནུས། །དངོས་མེད་དངོས་པོར་ལྟ་བ་ཡི། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །ཞེས་སོ། །ཀྱེ་མ་ནི་ཡ་མཚན་པའི་དོན་ཏེ། ཅིའི་ཕྱིར་ན། འགྱུར་མེད་ཡོངས་གྲུབ་ཆོས་སྐུའི་ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་མཚན་ཉིད་ཅན་འདི་ཉིད་སེམས་ཅན་གྱི་རྒྱུད་ལ་དོན་དམ་བདེན་པའི་ངོ་བོ་ཇི་ལྟ་བར་ཡོད་པར་ཡིད་ཆེས་པའི་བདེན་པར་རྟོགས་པ་ཅན་དེ་ལ་དོན་དམ་བདེན་པ་ཤེས་པའི་ཤེས་རབ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་ཅིང་། ད་ལྟར་མ་རིག་པའི་དུས་སུ་ཡོན་ཏན་ཡོད་ཀྱང་ནུས་པ་ཆུང་བ་དེ་ཡོན་ཏན་རྣམས་དོན་དམ་པའི་བདེན་པར་ཡོད་པར་ཤེས་པའི་ཤེས་པ་དེ་བོར་ནས་དོན་ལ་མེད་ཅིང་མི་བདེན་པའི་གཟུང་འཛིན་གྱིས་དབྱེན་བཅོས་ཏེ་འཁོར་འདས་ཀྱི་འཁྲུལ་སྣང་དུ་མ་བཟོས་ཤིང་། དེ་ལ་རྗེས་སུ་འབྲང་བའི་འདུ་


KMC007_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ཤེས་པ་དུ་མ་ཆུ་རླབས་བཞིན་དུ་གཡོས་པས་ལེན་པ་ཡིན་ནོ། །ལྔ་པ་ནི། ད་ནི་ནས། སྟོང་མ་ཡིན། ཅེས་གསུངས་ཏེ། ཆོས་སྐུ་རང་ལ་གཞུགས་པ་ཐོས་བསམ་གྱིས་རྟོགས་པ་དེའི་ཕྱིར། ད་ནི་སེམས་ཉིད་སངས་རྒྱས་ཀྱི་སྙིང་པོ་འདི་ལ་ཡོན་ཏན་ཐམས་ཅད་ཚང་བར་ཡོད་པ་ཡིན་པ་ལ་ཡིན་པ་བཞིན་དུ་ཤེས་པར་གྱིས་ལ་ཤེས་པ་དེ་ལ་གོམས་པས་ཡང་ཡང་གསོས་བཏབ་ནས་ཇི་ལྟ་བར་རྟོགས་པས་ཆོག་སྟེ་ཡོན་ཏན་གྱི་ནུས་པ་མངོན་སུམ་དུ་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ན། སེམས་ཉིད་བདེ་གཤེགས་སྙིང་པོ་འདི་ལ་རང་གི་འཁྲུལ་སྣང་འདུ་ཤེས་ཀྱི་འཆིང་བ་ལས་གཞན་པའི་དྲི་མ་བདེན་དངོས་སུ་གྲུབ་པ་བསལ་བར་བྱ་རྒྱུ་ལོགས་སུ་ཅི་ཡང་མེད་ཅིང་། ཡོན་ཏན་རང་བཞིན་གྱིས་ལྡན་པས་སྔར་མེད་གསར་དུ་བསྒྲུབ་ཅིང་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་པས། ཡང་དག་པའི་སེམས་ཉིད་བསལ་བཞག་དང་བྲལ་བ་དེ་ཉིད་རང་ལ་རང་གིས་བལྟ་རུ་མེད་པའི་ཚུལ་གྱིས་ཡང་དག་པར་བལྟའོ། །དེ་ལྟར་བལྟས་པས། སེམས་ཉིད་


KMC007_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ཡིན་པ་ལ་ཡིན་པར་མཐོང་ངོ་། །དེས་ན་དྲི་མ་གློ་བུར་བ་ནི་འདུ་ཤེས་ཡིན་ལ། དེའི་རང་གི་ངོ་བོ་སྨིག་རྒྱུ་ལྟར་མེད་པ་ལ་མེད་པར་ཡང་དག་པར་མཐོང་ན་འདུ་ཤེས་ཀྱི་འཆིང་བ་ལས་རྣམ་པར་གྲོལ་ཏེ། སྟོབས་པོ་ཆེན་པོའི་རྒྱུད་ལས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །དེ་ཉིད་མཐོང་ན་རྣམ་པར་གྲོལ། ཞེས་སོ། །སེམས་ཉིད་ལ་སྤང་ཐོབ་ཀྱི་བྱ་བ་ཅི་ཡང་མེད་པ་དེའི་ཕྱིར་དྲི་མ་སེམས་ཀྱི་རང་བཞིན་མ་ཡིན་པས་སེམས་ཉིད་དང་རྣམ་པར་དབྱེ་བ་དང་བཅས་པའི་མཚན་ཉིད་ཅན་གྱི་གློ་བུར་དྲི་མ་དག་གིས་ནི་ཁམས་བདེ་གཤེགས་སྙིང་པོ་ལ་མ་གོས་པས་སྟོང་ཞིང་རང་བཞིན་རྣམ་པར་དག་གི །རྣམ་པར་བྱུང་བའི་དམིགས་པ་གསར་དུ་གཞག་པར་བྱ་བ་མེད་ཅིང་ཡོན་ཏན་སེམས་ཉིད་ཀྱི་རང་བཞིན་ཡིན་པས་སེམས་ཉིད་དང་རྣམ་པར་དབྱེར་མེད་པའི་འབྲལ་མི་རུང་བའི་མཚན་ཉིད་ཅན་གྱི་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ཀྱིས་ཁམས་དེ་སྟོང་པ་ནི་མ་ཡིན་


KMC007_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདི་ནི་དཔལ་ཕྲེང་གི་མདོ་ལས་གསུངས་པའི་དོན་རྒྱུད་བླ་མའི་ལུང་ངོ་། །གཉིས་པ་གཟུགས་སྐུའི་ཡོན་ཏན་བཤད་པ་ལ་གསུམ། ཡོན་ཏན་གྱི་ངོ་བོ། །དེ་ལུས་ལ་གནས་པའི་འཐད་པ། དག་མ་དག་གི་ཚུལ་ལོ། །དང་པོ་ནི། དེ་ལ་ནས། དཔེ་བྱད། །ཅེས་གསུངས་ཏེ། ཆོས་ཀྱི་སྐུ་དེ་ལ་སྣང་བའི་ཆ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་རྣམ་རོལ་ཏེ་གཟུགས་སྐུ་གཉིས་ཀྱི་རང་བཞིན་ནམ་ཡོན་ཏན་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་ཐམ་པར་གསུངས་པ་ཡིན་ལ། མཚན་ནི། རྒྱུད་བླ་མར། ལེགས་གནས་འཁོར་ལོས་མཚན་པ་དང་། །ཞེས་སོགས་དང་། མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཞེས་སོགས་ཀྱིས་བསྟན་པ་ལྟར་ཡིན་ལ། འདི་གཉིས་གྲངས་འདྲེན་ཚུལ་ཅུང་ཟད་མི་འདྲ་བ་ནི་མདོ་སྡེ་སོ་སོའི་དགོངས་པའོ། །དཔེ་བྱད་ནི། རྒྱན་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོགས་ཀྱིས་བསྟན་པ་ལྟར་ཏེ་འདིར་མ་སྤྲོས་སོ། །གཉིས་པ་


KMC007_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཐོབ་པའི་ནས། ཐ་སྙད་བྱས། །ཞེས་གསུངས་ཏེ། དེ་ལྟར་གཟུགས་སྐུ་གཉིས་ཀྱི་ཡོན་ཏན་མཚན་དཔེ་རྣམས་ཐོབ་པར་བྱེད་པའི་རྒྱུ་རང་ལུས་རྩ་རླུང་ཐིག་ལེ་ལས་གྲུབ་པ་འདི་ཉིད་ཡིན་པས། ཡོན་ཏན་དེ་དག་རང་གི་ལུས་རྣམ་པར་དག་པ་ལས་བྱུང་བ་ཡིན་ཅིང་། ལུས་དེ་གང་ལས་བྱུང་སྙམ་ན། བོད་གྱི་འདོད་པ་ལྟར་ཕྱྭ་དང་། མུ་སྟེགས་པས་འདོད་པའི་རྟག་གཅིག་རང་དབང་ཅན་གྱི་བདག་དང་། དབང་ཕྱུག །ཚངས་པ་སོགས་དང་། ཉན་ཐོས་བྱེ་སྨྲ་བས་བཞེད་པའི་ཕྱི་རོལ་དུ་བདེན་པར་གྲུབ་པའི་རྡུལ་ཕྲན་ཆ་མེད་དང་། མདོ་སྡེ་པ་ལྟར་སྣང་བ་མི་བདེན་ཀྱང་དབང་པོ་ལ་རྣམ་པ་གཏོད་མཁན་གྱི་དོན་བདེན་པ་བ་ཕག་གམ་ལྐོག་ན་མོར་ཡོད་པས་བྱས་པར་འདོད་པ་སོགས་དེ་དག་གིས་ལུས་འདི་བྱས་པ་མིན་ནོ། །འོ་ན་གང་ཡིན་ན། སེམས་སེམས་ལྟར་དུ་སྣང་བ་དང་། སེམས་ལུས་ལྟར་དུ་སྣང་བ་སྟེ་ཆ་གཉིས་སུ་ཡོད་པ་ལས། ལུས་ནི་ཕྱི་མ་ཉིད་ཡིན་པས། སེམས་ཀྱི་ཆ་ལས་སྣང་བ་སྟེ། །ཟབ་མོ་ནང་དོན་ལས། དེ་ལྟར་


KMC007_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རླུང་ཐིག་ལེ་གསུམ། །སེམས་ཀྱི་ཆ་ལས་སྣང་བ་སྟེ། །ཞེས་སོ། །དེ་བས་སེམས་མ་དག་པའི་བར་དུ། བར་དོ་གསུམ་དུ་ཡང་ལུས་ལ་རྒྱུན་ཆད་མེད་ཅིང་གཟུགས་མེད་དུ་ཡང་ཡིད་ཀྱི་ལུས་ཡོད་པ་སྟེ། གཟུགས་མེད་ཅེས་བྱ་ཡིད་ལུས་སོ། །ཞེས་སོ། །དེས་ན་སེམས་ཀྱི་ཆ་དག་པ་ལ་སྔར་བསྟན་པ་ལྟར་ཆོས་སྐུའི་ཡོན་ཏན་ཏུ་འགྱུར་ལ། ལུས་ཀྱི་ཆ་དབང་པོ་སྒོ་ལྔའི་རྣམ་པར་ཤེས་པ་གཟུང་བ་དང་འཛིན་པ་ཡི་རྣམ་པར་འགྱུར་བ་མ་དག་པ་དེ་ལམ་གྱི་རྟོགས་པས་སྦྱངས་ཤིང་དག་པས། གནས་ལུགས་ཀྱི་རང་བཞིན་མངོན་ཏུ་གྱུར་པ་དེའི་ཚེ་གཟུགས་སྐུ་ཐོབ་པར་གྱུར་པའི་མིང་དང་ཐ་སྙད་དུ་བྱས་པའོ། །དེ་ཡང་ས་དང་པོ་ཐོབ་ནས་དབང་པོ་ལྔ་གནས་འགྱུར་བའམ། དབང་འབྱོར་བ་ཐོབ་སྟེ། མིག་གི་དབང་པོ་ལ་སོགས་པ་རེ་རེས་ཀྱང་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དོན་ལྔ་ལྔ་ལ་འཇུག་པས་དབང་པོ་ལྔ་པོས་ཡོན་ཏན་གྱི་ཁྱད་པར་བརྒྱ་ཕྲག་བཅུ་གཉིས་འབྱུང་བ་ལ་དབང་འབྱོར་ཐོབ་སྟེ། མདོ་སྡེ་རྒྱན་ལས། དབང་པོ་ལྔ་རྣམས་གནས་གྱུར་ནས། །དོན་


KMC007_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འཇུག་དང་ཐམས་ཅད་ཀྱང་། །ཡོན་ཏན་ཕྲག་བརྒྱ་བཅུ་གཉིས་འབྱུང་། །དབང་འབྱོར་དམ་པ་ཐོབ་པར་འགྱུར། །ཅེས་སོ། དེ་བཞིན་དུ་ས་གཉིས་པ་ལ་སོགས་པའི་ཡོན་ཏན་འཕེལ་བ་མཐར་ཕྱིན་ནས་སངས་རྒྱས་ཀྱི་སར་ནི་ཡོན་ཏན་ཀྱི་གྲངས་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་སྟེ། མདོ་སྟེ་རྒྱན་ལས། སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་དང་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་སོ། །འདི་ལ་ཁ་ཅིག་སེམས་ཀྱི་དྲི་མ་དག་པ་ལ་སངས་རྒྱས་སུ་འགྱུར་བར་རིགས་ཀྱི། ལུས་ནི་ཕ་མའི་རྐྱེན་ལས་བྱུང་བས་མི་གཙང་བ་འཇིག་པའི་རང་བཞིན་ཡིན་པས་འདུས་བྱས་ལས་འདུས་མ་བྱས་ཀྱི་ཡོན་ཏན་འབྱུང་བ་མི་རིགས་སོ་སྙམ་ན། འཕགས་པ་ཀླུས། ཤེས་དང་མི་ཤེས་མ་དག་ལས། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གི་རྣམ་པར་རྟོག་པས་བཅིངས། །དེ་ཉིད་ཤེས་ན་གྲོལ་བར་འགྱུར། །ཅེས་དང་། འཕགས་པ་ཐོགས་མེད་ཞལ་ནས། གཟུགས་ཀྱི་ཕུང་པོ་


KMC007_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གྱུར་པའི་ཕྱིར་ཞིང་དང་། ལུས་དང་། མཚན་དང་། དཔེ་བྱད་བཟང་པོ་དང་། དབྱངས་མཐའ་ཡས་པ་དང་། སྤྱི་གཙུག་ལྟར་མི་མངོན་པ་ལ་དབང་འབྱོར་བ་དང་། ཞེས་གསུངས་པ་སོགས་ཐུན་མོང་ཐེག་པ་དང་མཐུན་པའི་ཆོས་ཚུལ་ལས་ཀྱང་ལུས་གནས་གྱུར་པའི་མཚན་དཔེ་གསུངས་པ་ཡོད་ཅིང་། བརྟག་གཉིས་ལས། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །ཞེས་སོགས་ཐུན་མིན་གྱི་ཐེག་པ་རྣམས་ནས་ལུས་འདི་ཉིད་གཟུགས་སྐུའི་རང་བཞིན་ཏུ་ཡང་ཡང་གསུངས་ཏེ། དེས་ན་སེམས་ཀྱི་རྩལ་དུ་སྣང་བའི་ལུས་འདི་ལ་གཟུགས་སྐུའི་ཡོན་ཏན་ཐམས་ཅད་ཚང་བར་ཡོད་ཀྱང་། རང་གི་འཁྲུལ་རྟོག་གིས་བཅིངས་བས་མི་མཐོང་བ་ཡིན་ཅིང་། འཆིང་བ་དང་བྲལ་ན་གཟུགས་སྐུ་གཉིས་ཀྱི་ཡོན་ཏན་དུ་སྣང་བར་འགྱུར་རོ། ཡོན་ཏན་དྲུག་ཅུ་རྩ་བཞི་པོ་རྣམས་ལ་དངོས་ཀྱི་རྒྱུ་དང་རྐྱེན་གྱི་རྒྱུ་གཉིས་སུ་ཡོད་པ་ལས། ཆོས་སྐུའི་དངོས་རྒྱུ་སེམས་


KMC007_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འོད་གསལ་བའི་རང་བཞིན་དང་། གཟུགས་སྐུའི་དངོས་རྒྱུ་སེམས་ལུས་ལྟར་དུ་སྣང་བ་ཉིད་ཡིན་ལ། དྲི་མ་དག་ཅིང་གསལ་བར་བྱེད་པའི་རྐྱེན་གྱི་རྒྱུ་ནི་སྔོན་སེམས་བསྐྱེད་པ་ཉིད་ཀྱིས་གནས་དང་གནས་མ་ཡིན་པ་མཁྱེན་པ་སོགས་དང་། བླ་མ་བསུ་སྐྱེལ་བྱས་པས་ཕྱག་ཞབས་འཁོར་ལོས་མཚན་པ་སོགས་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་རེ་རེ་བཞིན་འགྲུབ་པའི་རྒྱུ་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས་གསུངས་པ་ལྟར་རོ། །གསུམ་པ་ནི། དེ་བས་ནས། གཟུགས་སྐུའོ། །ཞེས་གསུངས་སོ། །གཟུགས་སྐུ་རྣམ་གཉིས་ལུས་ལ་གནས་པའི་ཚུལ་བཤད་མ་ཐག་པ་དེ་ལྟ་བས་ན། སྦྱང་གཞི་རྩ་དང་རླུང་དང་ཐིག་ལེ་རྣམས་སྦྱང་བྱ་གློ་བུར་གྱི་དྲི་མ་རྣམ་པར་དག་པས་དག་པའི་གཟུགས་ཀྱི་སྐུར་གནས་གྱུར་པ་ཡིན་ཏེ། རྩ་སྐུ། རླུང་གསུང་། ཐིག་ལེ་ཐུགས་ཀྱི་དཀྱིལ་འཁོར་དུ་སྦྱང་ཞིང་། དྲི་མ་མ་སྦྱངས་པའི་སེམས་ཅན་གྱི་གནས་སྐབས་སུ་མ་དག་པའམ་དྲི་བཅས་ཀྱི་གཟུགས་ཀྱི་སྐུར་གནས་པའོ། །དེ་དག་ཀྱང་ཐམས་ཅད་མཁྱེན་པ་རང་


KMC007_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཞབས་ཉིད་ཀྱིས་ཟབ་མོ་ནང་གི་དོན་ལས་གསལ་བར་གསུངས་ཏེ། དག་པའི་གནས་སྐབས་ལ་དགོངས་ནས། སྐུ་གསུམ་རྩ་རླུང་ཐིག་ལེ་ཅན། །ཞེས་དང་། མ་དག་པའི་གནས་སྐབས་ལ་དགོངས་ནས། དེ་ལྟར་ཕུང་པོ་ཁམས་སྐྱེ་མཆེད། །རྩ་རླུང་ཐིག་ལེ་ལ་གྲུབ་པ། །དྲི་མར་བཅས་པའི་སེམས་ཉིད་ལས། །བྱུང་སྟེ་དྲི་བཅས་སྤྲུལ་སྐུར་གསུངས། །ཞེས་དང་། དེའི་འགྲེལ་པར། འདིར་སྔགས་ཀྱི་ཐེག་པ་ནས། སྐྱེ་བ་སངས་རྒྱས་སྤྲུལ་པའི་སྐུར་གསུངས་པའི་དོན། ཕུང་ཁམས་སྐྱེ་མཆེད་རིམ་གྱིས་རྫོགས་པའི་ཚེ། མཆོག་གི་སྤྲུལ་པ་དྲི་མ་དང་བཅས་པ་གཟུགས་ཀྱི་སྐུ་ཡིན་ནོ། །དྲི་མ་མེད་པར་སྦྱངས་པ་ན། བྷ་ག་ནི་ཆོས་ཀྱི་དབྱིངས་ཡིན་ལ། ཟླ་བ་བཅུ་ནི་ས་བཅུའི་རང་བཞིན་གྱི་བསྙེན་པར་རྫོགས་པ་ནི་ཡེ་ཤེས། མ་ནི་མཁན་པོ། ཕྲུ་མ་ནི་ཆོས་གོས། ངག་གི་བཟླས་པ་ནི་ཨ་ཧཾ། དེའི་ལུས་སྦྱོང་པ་ལ་སོགས་པ་ནི་དབང་བསྐུར་བར་བྱེད་པ་འོད་ཟེར་ཆེན་པོའི་ཚུལ། དེ་གནས་སྐབས་བཞི་རྫོགས་པ་ནི་སྐུ་བཞིའི་སངས་རྒྱས་སུ་བཞུགས་ཀྱང་མ་


KMC007_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པས་འཁོར་བའི་ལུས་སུ་གྱུར་ཏོ། །ཞེས་བརྟག་གཉིས་སོགས་ཀྱི་ལུང་དང་བཅས་རྒྱས་པར་གསུངས་པ་བཞིན་ནོ། །གསུམ་པ་དེའི་དཔེ་དོན་སྦྱར་ཏེ་བཤད་པ་ལ་བཞི། དཔེ་དངོས་བསྟན། དེ་དོན་དང་སྦྱར། ཀུན་རྟོག་གཉིས་ཀྱིས་བཅོམ་པའི་ཚུལ་གོ་རིམ་དང་བཅས་པ་དང་། མི་འགྱུར་ཡང་དག་ཐོབ་པའི་ཚུལ་ལུང་དང་བཅས་པའོ། །དང་པོ་ནི། དཔེར་ན་ནས། དགོས་འདོད་འབྱུང་། ཞེས་གསུངས་ཏེ། སེམས་ཉིད་རྒྱལ་བའི་སྙིང་པོ་འདི་ཉིད་དཔེར་བྱ་བས་མཚོན་ན། ཤུན་པ་དང་བཅས་པའི་རིན་པོ་ཆེ་བཻཌཱུརྻ་དེ་ལ་ཤུན་པས་བསྒྲིབས་པའི་ཕྱིར་དགོས་འདོད་འབྱུང་བའི་ཡོན་ཏན་མི་སྣང་སྟེ། ཡོན་ཏན་དེ་སྣང་བར་བྱ་བའི་ཕྱིར་དང་པོ་རེ་བས་ཕྱི་བ་དང་། བ་ཚའི་ཆུར་སྦངས་ཏེ་སྦྱངས་པ་སྤེལ་ནས་དྲི་མ་རགས་པ་ཕྲལ་བ་དང་། བར་དུ་ཆུ་སྐྱུར་པོས་སྦངས་ནས་བལ་གྱི་ལྭ་བས་དྲི་མ་ཕྲ་བ་སྦྱངས་པ་དང་། མཐར་ཆུ་གཙང་མས་སྦངས་ནས་ཀཱ་ཤི་ཀའི་རས་སྲབ་མོས་དྲི་མ་ཤིན་ཏུ་ཕྲ་བ་སྦྱངས་ནས་སྒྲིབ་བྱེད་ཤུན་པའི་དྲི་མ་ཐམས་


KMC007_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དག་པ་དེ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་ནོར་བུ་དགོས་འདོད་འབྱུང་བའི་གནས་སུ་འགྱུར་རོ། །གཉིས་པ་ནི། དེ་བཞིན་ནས། ལ་རབ་སྦྱངས། །ཞེས་གསུངས་ཏེ། དཔེ་དེ་བཞིན་དུ་སེམས་ཀྱི་རང་བཞིན་འོད་གསལ་སངས་རྒྱས་ཀྱི་སྙིང་པོ་བཻཌཱུརྻ་ལྟ་བུ་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཚང་བར་ཡོད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སེར་སྣ་སོགས་ཉོན་མོངས་པའི་སྒྲིབ་པ་དང་། འཁོར་གསུམ་དུ་བདེན་པར་འཛིན་པའི་ཤེས་བྱའི་སྒྲིབ་པ་དང་། བྱིང་རྒོད་གཉིས་སྙོམས་འཇུག་གི་སྒྲིབ་པ་སྟེ། ཤུན་པ་སྒྲིབ་པ་དེ་གསུམ་པོས་བསྒྲིབས་ནས་མི་གསལ་བ་དེ་སྦྱང་བའི་ཕྱིར། ཐོག་མར་ཚོགས་ལམ་བཞི་གསུམ་བཅུ་གཉིས་དང་སྦྱོར་ལམ་ངེས་འབྱེད་ཆ་བཞིར་དྲི་མ་རགས་པ་ཉོན་སྒྲིབ་སྦྱང་། མ་དག་ས་བདུན་དུ་ཕྲ་བ་ཤེས་སྒྲིབ་སྦྱང་བ་དང་། དག་པའི་ས་གསུམ་དུ་ཤིན་ཏུ་ཕྲ་བ་སྙོམས་འཇུག་གམ་མཚན་འཇིན་བཞི་པོ་རབ་ཏུ་སྦྱང་བར་བྱ་བ་ཡིན་ནོ། །དེའང་འཕགས་པ་ཀླུས། ཇི་ལྟར་རིན་ཆེན་བཻཌཱུརྻ། །དུས་རྣམས་


KMC007_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་འོད་གསལ་བ། །རྡོ་ཡི་ནང་དུ་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། ཆོས་དབྱིངས་ཤིན་ཏུ་དྲི་མེད་ལའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཅེས་གསུངས་སོ། །འདི་དག་གི་དོན་རྒྱས་པ་རྗེ་ཉིད་ཀྱི་ནང་དོན་རང་འགྲེལ་ལས་འདི་ལྟར་འབྱུང་སྟེ། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་རྒྱུད་བླ་མར་གསུངས་པ་ཡིན་ནོ། །ཚུལ་འདི་ཉན་ཐོས་དང་རང་སངས་རྒྱས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རྟོགས་དཀའ་བར་གསུངས་ཀྱང་། རེ་ཞིག་དཔེར་བསྟན་པར་བྱ་སྟེ། ནོར་བུ་རིན་པོ་ཆེ་བཻཌཱུརྻ་ཆེན་པོ་ཤུན་པ་དང་བཅས་པའི་ཚེ་ཤུན་པ་དང་བཅས་ཀྱང་། ནང་དུ་ནོར་བུ་ལ་ཤུན་པ་འདྲེས་པ་མེད་པ་ལྟར། སེམས་ཅན་གྱི་དུས་ན་སངས་རྒྱས་ཀྱི་སྙིང་པོ་དྲི་མ་རྣམས་ཀྱིས་


KMC007_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིབས་ཀྱང་། མ་འདྲེས་པས་ན་དག་ལ་ཉོན་མོངས་པ་དང་ལྡན་པ་ཡིན་ནོ། ཡང་ཐོག་མ་ནས་ཤུན་པ་དང་བཅས་པའི་ནོར་བུ་ཡིན་ཀྱང་། ཤུན་པ་དེ་ནི་ནོར་བུ་ལས་བྱུང་བ་ཡང་མ་ཡིན། ནོར་བུ་ལས་གཞན་ནས་བྱུང་བ་མ་ཡིན་ཏེ། གང་ནས་ཀྱང་མ་བྱུང་བའི་ཤུན་པ་དེ་རྣམ་པར་དག་པར་བྱས་པས་དག་པ་ལྟར། སེམས་སངས་རྒྱས་ཀྱི་སྙིང་པོའི་སྒྲིབ་པ་དག་པའི་སངས་རྒྱས་ཀྱང་དེ་ཁོ་ན་བཞིན་དུ་ཡིན་ནོ། །ཡང་ནོར་བུའི་ཡོན་ཏན་དེ་རྣམས་དང་ཐ་མ་ཁྱད་མེད་ཀྱང་། སྔ་མ་ལ་ནི་ཡོན་ཏན་མི་སྣང་ལ། ཕྱི་མ་དྲི་མ་མེད་པ་དེ་རྒྱལ་མཚན་གྱི་རྩེར་བཏགས་ཏེ་གསོལ་བ་བཏབ་ན་ཡོན་ཏན་འབྱིན་པ་བཞིན་དུ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ད་ལྟར་ཡོད་ཀྱང་སྐྱོན་མེད་པའི་རྣམ་པར་དཀར་བས་མ་བསྐྱེད་ན་ནུས་པ་མི་འབྱིན་པས་ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ཡིན་ནོ། །དེ་ལྟ་བུའི་ནོར་བུ་ང་ནི་ཤུན་པ་ཅན་ནོ། །ང་ནི་ཤུན་པའོ། །གསོལ་བ་འདེབས་པ་ལ་ཡོན་ཏན་སྦྱིན་ནོ། མི་སྦྱིན་ནོ། །ཞེས་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་


KMC007_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་བཞིན་ཕྲིན་ལས་འཇུག་སྟེ། དེས་ན་སངས་རྒྱས་ཀྱི་སྙིང་པོ་ཡང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་སྟེ། ཚུལ་དེ་ལྟར་རྟོགས་པར་བྱའོ། །ཞེས་སོགས་གསུངས་སོ། །གསུམ་པ་ནི། ཡང་དག་ནས་བཞི་བྲལ་བ། །ཞེས་གསུངས་ཏེ། དེའང་སྤང་གཉེན་གྱི་རྟོག་པ་ནི་ཚོགས་སྦྱོར་ན་ཡོད་ལ། །ངོ་བོ་ནི་མི་རྟག་པར་འཛིན་པ་དང་། འདུས་བྱས་ལ་དངོས་པོར་འཛིན་པ་དང་། སྲིད་པ་སྡུག་བསྔལ་གསུམ་གྱི་རང་བཞིན་ལ་བདེ་བར་འཛིན་པ་དང་། བདག་མེད་པའི་དངོས་པོ་ལ་བདག་ཏུ་འཛིན་པ་སྟེ། དེ་ལྟར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྤང་བྱའི་མཚན་ཉིད་ཅན་དེ་ཉིད། འདུས་བྱས་མི་རྟག་པ། ཟག་བཅས་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བར་ཤེས་པ་སྟེ་ཡང་དག་པའི་ཀུན་ཏུ་རྟོག་པ་གཉེན་པོའི་མཚན་ཉིད་ཅན་དང་ཕན་ཚུན་གཡུལ་སྤྲད་པས། དཔེར་ན་མེའི་མཚན་ཉིད་མ་ཡིན་པའི་གཙུབས་ཤིང་གཙུབས་གཏན་གཉིས་བསྲུབས་པ་ལས་མེ་བྱུང་ནས་ཤིང་ཁོ་


KMC007_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཉིས་ཚིག་སྟེ་མེའང་རང་ཡལ་བ་བཞིན་དུ། གཉེན་པོ་ནི་སྤང་བྱ་ལ་ལྟོས་པའི་ཕྱིར་སྤང་བྱ་ཟད་པ་དང་དུས་མཉམ་དུ་གཉེན་པོའི་རྟོག་པའང་ཟད་པའི་ཚེ་འཕགས་པའི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་དབང་པོ་སྐྱེས་ནས་སྤང་གཉེན་གྱི་ཀུན་ཏུ་རྟོག་པ་དང་བྲལ་བར་འགྱུར་ཏེ། འོད་སྲུང་གིས་ཞུས་པ་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་ཉིད་བསྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་ཉིད་སྲེག་པར་བྱེད། །ཅེས་སོ། །མཚན་འཛིན་བཞི་ནི། བཤད་མ་ཐག་པའི་སྤང་གཉེན་གྱི་རྟོག་པ་གཉིས་དང་། རྨི་ལམ་གྱི་ཆུ་རྨི་ལམ་ཡིན་པ་ཤེས་བཞིན་ཏུ་བརྒལ་བའི་རྩོལ་བ་བྱེད་པ་ལྟར་དེ་བཞིན་ཉིད་ལ་མཚན་མར་རྟོག་པ་དང་། འབྲས་བུའི་མཚན་མར་འཛིན་པ་རྣམས་སོ། །དེ་ལ་ཚོགས་སྦྱོར་དུ་ཡོད་པའི་སྤང་གཉེན་གཉིས་སུ་འཛིན་པའི་རྟོག་པ་ནི་དེ་བཞིན་ཉིད་དམིགས་ཀྱིས་སེལ་ལ་དེ་གཉིས་ཀྱི་འཛིན་རྟོག་བྲལ་བས་ཆོས་ཉིད་མངོན་སུམ་དུ་མཐོང་བ་ནི་མཐོང་བའི་ལམ་


KMC007_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་ཐོབ་སྒྱུ་མ་ལྟ་བུར་སྲིད་ཞི་མཉམ་པར་འཛིན་པ་ཙམ་དེ་ནི་དེ་བཞིན་ཉིད་ལ་དམིགས་པའི་རྟོག་པ་སྟེ་སྐབས་འདིར་ཉོན་ཡིད་ཀྱི་ལྷག་མ་ལུས་པའི་ཕྱིར་སྒོམ་ལམ་མ་དག་ས་བདུན་ལ་གནས་པ་ཡིན་ཅིང་། ཡིད་དང་འཛིན་པ་དང་རྣམ་པར་རྟོག་པའི་རླབས་བྲལ་ནས་ས་བརྒྱད་པ་ཐོབ་མ་ཐག་འབྲས་བུའི་མཚན་མ་ཙམ་འབྱུང་སྟེ། དེ་ནི་སངས་རྒྱས་གངྒའི་བྱེ་སྙེད་ཀྱིས་ཞལ་བསྟན་ནས་མི་རྟོག་པ་ལས་བསླངས་ཏེ། སངས་རྒྱས་ཀྱི་ཞིང་དང་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྦྱང་བ་ལ་འཇུག་པས་དག་པའི་ས་ཡིན་ཅིང་། ད་རུང་ས་བོན་ཐམས་ཅད་པའི་དྲི་མའི་ཆ་དག་པ་ས་གསུམ་གྱིས་སྤངས་པས་འབྲས་བུའི་མཚན་མར་འཛིན་པ་ཡང་ཞི་བས་དེ་ལྟར་མཚན་འཛིན་བཞི་དང་བྲལ་བ་ནི། སངས་རྒྱས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱའོ། །བཞི་པ་ནི། དེ་ཚེ་ནས། དེ་ལ་བརྗོད། ཅེས་གསུངས་ཏེ། བཤད་མ་ཐག་པའི་མཚན་འཛིན་བཞིའི་དྲི་མ་དང་བྲལ་བ་དེའི་ཚེ་ཆོས་ཀྱི་


KMC007_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཞི་བ་ཆེན་པོའི་ངང་དུ་བཞུགས་ཤིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའི་སྐུ་བརྙེས་པ་ཅན་དེ་ལ་མཁྱེན་བརྩེ་ནུས་པའི་འོད་ཟེར་མཚན་དང་དཔེ་བྱད་ཀྱི་མེ་ཏོག་རྒྱས་པར་འགྱུར་ནས་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་པ་སྟེ། ཟབ་མོ་ནང་དོན་ལས། རྒྱལ་བ་ནམ་མཁའི་སྐུ་ཅན་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས། །ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་གཟུགས་སྐུ་འཁོར་བ་ཇི་སྲིད་སྟོན། །ཞེས་སོ། །དེ་ལྟ་བུའི་སངས་རྒྱས་དེ་ནི་དྲི་མས་མ་དག་པའི་གནས་སྐབས་དང་། མ་དག་པ་དང་དག་པ་གཉི་ག་དང་ལྡན་པའི་གནས་སྐབས་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་དང་གསུམ་པོ་ནི་གོ་རིམ་བཞིན་དུ་འཁོར་བའི་སེམས་ཅན་དང་། ལམ་ཞུགས་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་དེ་བཞིན་གཤེགས་པའི་གནས་སྐབས་གསུམ་དུ་བརྗོད་པའམ་གསུངས་ཀྱང་སངས་རྒྱས་དེ་ནི་སྔར་མེད་པ་གསར་དུ་སྐྱེས་པ་མིན་ཏེ། ཅི་ལྟར་སྔར་ཡོད་པ་བཞིན་ཕྱིས་ཀྱང་དེ་བཞིན་དུ་མི་འགྱུར་ཏེ། སངས་རྒྱས་ཀྱི་


KMC007_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་དེ་ངོ་བོ་འགྱུར་བ་མེད་པའི་དེ་བཞིན་ཉིད་ཡིན་པས་སོ། །འོན་ཀྱང་གནས་འགྱུར་བའི་ཆ་ནི་གློ་བུར་བའི་དྲི་མ་གཟུང་འཛིན་གྱི་འཆིང་བ་ལས་གྲོལ་ཞིང་བྲལ་བའི་ཆ་དེ་ཉིད་ལ་བརྗོད་པ་སྟེ། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མ་ཁྱད་མེད་ཀྱང་། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མི་དག་མིན། །ཅེས་གསུངས་སོ། སྤྱི་དོན་བཞི་པ་བརྒལ་ལན་གྱིས་གཏན་ལ་དབབ་པ་ལ་བདུན། རྒྱུ་མེད་པ་དང་རྒྱུ་ཕྱི་རོལ་དུ་མི་འཐད་པ་མདོར་བསྟན། ཡིད་དག་པ་དང་མ་དག་པའི་ཤེས་པ་བཤད། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ། བྱ་བ་གྲུབ་པའི་ཕྲིན་ལས། མཉམ་ཉིད་ཡེ་ཤེས་ཀྱི་དོན། སྐུ་གསུམ་རྟག་པའི་ཚུལ། དེ་ལ་མ་ངེས་སྤང་པའོ། །དང་པོ་ནི། གང་དག་ནས། །བྱད་ཅི་ཡོད། །ཅེས་གསུངས་ཏེ། བཀའ་དང་བསྟན་བཅོས་ཀྱི་དགོངས་པ་མ་ལོན་པའི་གང་ཟག་གང་དག་གསུང་རབ་ལ་གོ་བ་ཉེས་པས་ལྟ་བ་ངན་པ་སེམས་ལ་ཞུགས་པ་རྣམས་ནི། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཆོས་ཉིད་སྟོང་པ་


KMC007_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་པ་དེ་ཁོ་ན་ལས་སྐྱེ་བར་འདོད་པའི་གྲུབ་མཐའ་དེ་ནི་ལུང་རིག་དང་མི་མཐུན་ཞིང་མདོ་རྒྱུད་ཀྱི་དགོངས་པ་མ་ཡིན་ཏེ། གུར་ལས། རྒྱུ་ལས་འབྲས་གཞན་མེད་པའི་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ཞེས་དང་། ཀླུ་སྒྲུབ་ཞལ་ནས། དེ་བཞིན་ས་བོན་ཐམས་ཅད་ལ། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པར། །ཤེས་ལྡན་གང་གིས་བསྒྲུབ་པར་ནུས། །ཞེས་གསུངས་པ་དང་། ཡང་ན་ཁ་ཅིག་རང་ཉིད་ལ་སངས་རྒྱས་ཀྱི་ཡོན་ཏན་རྣམས་གདོད་ནས་ཡོད་པ་མིན་ལ་ཕྱི་རོལ་ཐོས་བསམ་གྱི་བག་ཆགས་གསར་དུ་བཞག་ནས། ཡང་ནས་ཡང་དུ་ཐོས་དོན་བསམ་ཞིང་དེ་དོན་སྒོམ་པ་སོགས་ལན་མང་དུ་བྱས་པས་རྒྱུ་རྐྱེན་དེ་དག་ཀུན་གྱིས་བག་ཆགས་དེ་འཕེལ་བ་དང་རྒྱས་པ་ལས་སངས་རྒྱས་ཀྱི་ཡོན་ཏན་རྣམས་སྔར་མེད་གསར་དུ་བསྐྱེད་པར་འདོད་པའི་རྟོག་པ་ནི་རིགས་པ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་དང་ཡེ་ཤེས་ནི་འདུས་མ་བྱས་ཡིན་པའི་ཕྱིར། འདུས་བྱས་ཀྱི་རྒྱུ་རྐྱེན་གྱིས་


KMC007_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་མ་ཡིན་ཏེ། འཁོར་ལོ་སྡོམ་པ་ལས། རང་བཞིན་ལྷུན་གྱིས་གྲུབ་པ་ལ། །རྒྱུ་དང་རྐྱེན་གྱིས་བསྐྱེད་པ་འཁྲུལ། ཞེས་དང་། བྱམས་མགོན་གྱི་ཞལ་ནས། དེ་བཞིན་ཉིད་འདི་ཐམས་ཅད་ལ། ཁྱད་པར་མེད་པར་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་སོ། །དེའང་ཕྱི་རོལ་མུ་སྟེགས་རྟག་པར་ལྟ་བ་དཔེར་ན་དབང་ཕྱུག་པ་རྣམས་ཕྱི་ནང་གི་དངོས་པོ་ཐམས་ཅད་དབང་ཕྱུག་གིས་བསྐྱེད་པར་འདོད་པ་སོགས་དང་། ཆད་པར་ལྟ་བ་ཕུར་བུ་བ་རྣམས་དངོས་པོ་ཐམས་ཅད་རྒྱུ་མེད་ངོ་བོ་ཉིད་ཀྱིས་བྱུང་བར་འདོད་པའི་ལྟ་བ་ངན་དེ་དང་ཁྱད་པར་ཅི་ཞིག་ཡོད་དེ་ཅུང་ཟད་ཀྱང་མེད་དོ། །ཞེས་སོ། །གཉིས་པ་དག་མ་དག་གི་ངེས་པ་ནི། འདུ་བྱེད་ནས། ཡེ་ཤེས་ཀྱི། །ཞེས་གསུངས་ཏེ། རྒྱལ་བ་རྣམས་ཀྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འཇིག་རྟེན་ཀུན་ལ་ཉིན་མཚན་ལན་དྲུག་ཏུ་གཟིགས་ཤིང་སེམས་ཅན་རྣམས་ཀྱི་སེམས་རྒྱུད་ཐ་དད་པ་གཅིག་ཅར་དུ་མཁྱེན་པ་སོགས་མཁྱེན་


KMC007_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་ཡེ་ཤེས་གཞན་དོན་དུ་འཕྲོ་བའམ་གཡོ་བ་འདུ་བྱེད་པ་ནི་སྐད་ཅིག་གིས་སྐྱེ་འགག་ལྟར་སྣང་བ་སྟེ། དེའང་མ་དག་པའི་འདུ་བྱེད་ཡིད་ཀྱི་གཡོ་བ་དག་དང་འབད་རྩོལ་ལ་མ་ལྟོས་པར་སྐྱེ་འགག་བྱེད་པའི་ཆ་ཙམ་ཞིག་མཚུངས་སོ། །གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཀུན་རྫོབ་ཏུ་སྐྱེ་འགག་ལྟར་སྣང་བ་དེ་ལྟ་མ་ཡིན་ན་རྒྱལ་བའི་ཡེ་ཤེས་ཀྱིས་གདུལ་བྱ་མི་མཁྱེན་མི་གཟིགས་པའི་ཕྱིར་སྤྲུལ་སྐུ་རྒྱུན་མི་འཆད་དུ་འབྱུང་བ་མི་འཐད་པས་ལོངས་སྤྲུལ་གཉིས་ཀྱི་གཟུགས་སྐུའི་ཕྲིན་ལས་རྒྱུན་ཆད་པར་འགྱུར་བས་རིགས་པ་མ་ཡིན་ལ། འོན་ཀྱང་ཡེ་ཤེས་དེ་ལ་འདུ་བྱེད་ཀྱི་མིང་གིས་ནི་མི་བརྗོད་དེ། བློས་བཏགས་པའི་བདེན་གྲུབ་ཏུ་མེད་ཅིང་གཅིག་དང་ཐ་དད་ལས་འདས་པས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མིང་གིས་བརྗོད་དེ། ནང་དོན་ལས། ཀུན་རྟོག་དག་པ་སོ་སོར་རྟོགས། །སྒོ་ལྔའི་རྣམ་ཤེས་བྱ་བ་གྲུབ། །ཅེས་དང་། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞི་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཀུན་གཞི་ལ་གནས་པའི་ཡིད་གནས་


KMC007_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་གནས་པའི་གྱུར་པ་ན་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་ཤེས་པ་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་གསུངས་སོ། །གསུམ་པ་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་བཤད་པ་ལ་གཉིས། སྒོ་ལྔ་ཡུལ་དང་ཡུལ་ཅན་གྱི་སྣང་ཚུལ། ཁྱད་པར་དང་གཏན་ཚིག་གོ །དང་པོ་ནི། འབྱུང་བ་ནས། ཅི་ཡང་མེད། །ཅེས་གསུངས་ཏེ། རྒྱུའི་གཟུགས་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་རྣམས་དང་སོགས་ཁོངས་ནས་འབྱུང་གྱུར་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི། སེམས་ཅན་ཀྱི་དུས་སུ་སེམས་ཕྱི་རོལ་ཡུལ་དུ་སྣང་བས་མིང་དང་མཚན་མ་སོགས་ཀྱི་འཛིན་པ་དང་བཅས་པའི་དྲི་མ་གློ་བུར་བས་བསླད་པ་དེ་ཉིད་དག་ཅིང་གནས་གྱུར་པའི་ཚེ། སངས་རྒྱས་ཀྱི་སར་རང་རང་གི་ངོ་བོ་ཡེ་ཤེས་ཀྱི་རྩལ་ཆེན་རྫོགས་པའི་ནུས་ལྡན་ཏུ་གྱུར་པས། ཞིང་རྣམ་དག་ལ་དབང་འབྱོར་ཐོབ་ཅིང་ཅི་ལྟར་འདོད་པ་བཞིན་ཏུ་ལོངས་སྤྱོད་ཀུན་ཏུ་སྟོན་པར་བྱེད་པ་སྟེ། རྒྱན་ལས། དོན་


KMC007_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་འཛིན་པ་གཞན་འགྱུར་ན། །ཇི་ལྟར་འདོད་བཞིན་ལོངས་སྤྱོད་དག །བསྟན་ཕྱིར་ཞིང་ནི་དག་པ་ལ། །དབང་འབྱོར་དམ་པ་ཐོབ་པར་འགྱུར། །ཞེས་སོ། །དེས་ན་འཁྲུལ་པའི་སེམས་ཅན་གྱི་སྣང་ངོ་དང་མ་འཁྲུལ་བ་འཕགས་པའི་གཟིགས་ངོ་གཉིས་པོ་ལ་ཡང་། སྣང་བར་སྣང་ཙམ་ཞིག་ལ་ནི་ཁྱད་པར་ཅི་ཡང་མེད་དེ། དཔེར་ན་སྒྱུ་མའི་ལྟད་མོ་བ་དང་། སྒྱུ་མའི་མཁན་པོ་གཉིས་ཀ་ལའང་སྒྱུ་མའི་རྟ་གླང་བུད་མེད་སོགས་སྣང་བ་ཙམ་ཞིག་ལ་ནི་ཁྱད་མེད་པ་བཞིན་ནོ། །གཉིས་པ་ཁྱད་པར་དང་གཏན་ཚིག་ནི། གཉིས་འཛིན་ནས། ཇི་ལྟར་འཇུག །ཅེས་གསུངས་ཏེ། འོ་ན་སེམས་ཅན་དང་སངས་རྒྱས་གཉིས་པོ་སྣང་བ་ཙམ་ལ་ཁྱད་པར་མེད་ན་འཁྲུལ་མ་འཁྲུལ་ཅེས་དབྱེ་སྙམ་ན། སྣང་ཙམ་ལ་ཁྱད་མེད་ཀྱང་། འཛིན་སྟངས་ལ་ཁྱད་ཡོད་དེ། འཁྲུལ་པས་ནི། གཟུང་འཛིན་གཉིས་ཐ་དད་དུ་འཛིན་པ་ཡོད་ལ། མ་འཁྲུལ་བ་ལ་གཉིས་འཛིན་མེད་པས་ཁྱད་པར་ནི་དེ་ཡིན་ནོ། །དེ་ཡང་སེམས་ཅན་གྱིས་སྣང་བ་སེམས་ཀྱི་རང་སྣང་དབྱེར་མེད་


KMC007_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་མ་ཤེས་པས་བདེན་པར་བཟུང་ནས་བླང་དོར་བྱས་པས་འཆིང་བར་འགྱུར་ཏེ། དཔེར་ན་སྒྱུ་མའི་ལྟད་མོ་བས་སྒྱུ་མའི་རྟ་གླང་སོགས་ལ་བདེན་པར་བཟུང་བ་བཞིན་ཏེ། ཀླུ་སྒྲུབ་ཀྱི་ཞལ་ནས། སྒྱུ་མ་ཇི་ལྟ་ཇི་ལྟ་བར། །དེ་བཞིན་སེམས་ཅན་ཡུལ་ལ་སྤྱོད། །འགྲོ་བ་སྒྱུ་མའི་རང་བཞིན་ཡིན། །དེ་བཞིན་དུ་ནི་བརྟེན་ནས་བྱུང་། །ཞེས་སོ། །འཕགས་པ་རྣམས་ནི་ཡུལ་སྣང་སྟོང་དབྱེར་མེད་དུ་ཤེས་ཤིང་བདེན་པར་མི་འཛིན་པས་འཁྲུལ་པར་མི་འགྱུར་ཏེ། སྒྱུ་མའི་མཁན་པོས་རང་གིས་སྤྲུལ་པའི་རྟ་གླང་སོགས་ལ་བདེན་པར་མི་འཛིན་པ་བཞིན་ཏེ། རིག་པ་དྲུག་ཅུ་པ་ལས། དངོས་པོ་གཟུགས་བརྙན་ལྟ་བུར་ནི། །ཡེ་ཤེས་མིག་གིས་རབ་མཐོང་བ། །བདག་ཉིད་ཆེན་པོ་དེ་དག་ནི། །ཡུལ་གྱི་འདམ་ལ་མི་ཆགས་སོ། །ཞེས་སོ། །དེས་ན་སངས་རྒྱས་ཀྱིས་སྣང་བ་རྣམས་ཆུ་ཟླ་ལྟར་དངོས་པོ་དང་དངོས་མེད་གང་དུའང་མི་འཛིན་པར་སྣང་སྟོང་དབྱེར་མེད་དུ་གཟིགས་ནས་གཞན་ཡང་དེ་ལ་དགོད་པ་ཡིན་ཏེ། མདོ་ཏིང་ངེ་འཛིན་རྒྱལ་པོ་


KMC007_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྒྱལ་བ་གང་དག་མྱ་ངན་འདས་པ་ཀུན། །ཐམས་ཅད་ཆུ་ཟླ་ལྟ་བུར་གཟིགས་པས་ན། །ཞེས་སོ། །གལ་ཏེ་གཉིས་འཛིན་ཡོད་མེད་ཀྱི་ཁྱད་པར་དེ་ལྟ་མ་ཡིན་པར་སྣོད་བཅུད་ཆུ་ཟླ་ལྟ་བུར་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་མི་སྣང་ན་རྒྱལ་བའི་གཟུགས་སྐུ་གཉིས་ཀྱི་ཕྲིན་ལས་ཡུལ་གང་ལ་ཚུལ་ཇི་ལྟར་འཇུག་སྟེ། ཕྲིན་ལས་ལ་འཇུག་པ་མེད་པའི་སྐྱོན་དུ་འགྱུར་བས་རིགས་པ་མ་ཡིན་ནོ། །བཞི་པ་བྱ་བ་གྲུབ་པའི་ཕྲིན་ལས་ལ་ལྔ། དཔེ་བཤད་པའི་དོན་འགོད་པ་དང་། གཞན་རྒྱུད་ཁོ་ནར་འདོད་པའི་སྐྱོན་བརྗོད་པ་དང་། སྣང་བ་ལ་འཁྲུལ་པས་མ་ཁྱབ་པའི་དཔེ་དགོད་ནས་མ་ངེས་པ་བརྗོད་པ་དང་། ཇི་སྙེད་པའི་ཡེ་ཤེས་འཁྲུལ་པ་མ་ཡིན་པའི་དཔེ་དོན་བཤད་པ་དང་། ཕྲིན་ལས་དང་འབྲེལ་བའི་དོན་ཏོ། །དང་པོ་ནི། ཡིད་བཞིན་ནས། བཤད་ཀྱིས། །ཞེས་གསུངས་ཏེ། དེའང་སངས་རྒྱས་རྣམས་ནི་རང་དོན་ཆོས་སྐུ་མངོན་དུ་མཛད་ཅིང་། གཞན་དོན་དུ་མཁྱེན་བརྩེ་དང་ནུས་པའི་ཡེ་ཤེས་ཚད་མེད་པ་མངའ་བས། ཤེས་བྱའི་དངོས་པོ་ཐམས་


KMC007_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་སེམས་ཅན་མ་ལུས་པའི་སེམས་རྒྱུད་ཐམས་ཅད་དུས་ཅིག་ཆར་དུ་མཁྱེན་ཅིང་གང་ལ་གང་འདུལ་གྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་སྟོན་པ་ཡིན་ཏེ། མདོ་ལས་། དེ་བཞིན་གཤེགས་པ་ནི་སྐུ་ནམ་མཁའི་རང་བཞིན་ཀྱང་མི་འདོར་ལ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུའང་ཀུན་ཏུ་སྟོན་ཏོ། །གསུང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱང་མི་འདོར་ལ། །སྒྲ་རྣམ་པར་རིག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ། །སེམས་དམིགས་པ་ཐམས་ཅད་དང་ཡང་བྲལ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་། བསམ་པ་ཡང་རབ་ཏུ་ཤེས་སོ། །ཞེས་གསུངས་ལ། དེ་ལྟར་འབྱུང་བའི་རྒྱུ་མཚན་ཀྱང་། རྒྱལ་བའི་བྱིན་རླབས་དང་སྨོན་ལམ་གྱི་ནུས་པ་དང་གདུལ་བྱ་ལས་དག་པ་གསུམ་ཚོགས་པ་ལས་ཏེ། རྒྱུད་བླ་མར། ཇི་ལྟར་བཻཌཱུའི་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཅེས་སོགས་གསུངས་སོ། །


KMC007_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་རྒྱུད་བླ་མ་དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་དཔེར། བརྒྱ་བྱིན་རྔ་སྤྲིན་སོགས་དགུ་དང་། གཞན་དག་ལས་ཡིད་བཞིན་གྱི་ནོར་བུ་དང་སོགས་ཁོངས་ནས་དཔག་བསམ་གྱི་ཤིང་རྣམས་རྒྱལ་བའི་ཕྲིན་ལས་ཀྱི་དཔེར་བརྗོད་པ་ནི་ཡེ་ཤེས་མེད་པའི་དཔེ་མ་ཡིན་ཏེ། སངས་རྒྱས་ཉིད་ཡེ་ཤེས་དངོས་ཡིན་པས་སོ། །དེའང་སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་ལྟ་བུའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་སོ། །འོན་ཀྱང་མཚན་མར་འཛིན་པ་དང་། རྣམ་པར་རྟོག་པ་དང་འབད་རྩོལ་མེད་པའི་སྒོ་ནས་མཁྱེན་བརྩེའི་ཡེ་ཤེས་ཀྱི་ནུས་པ་སྟོན་པར་མཛད་ནས་སེམས་ཅན་གྱི་སྡུག་བསྔལ་དང་། ཉོན་མོངས་གཅོད་པ་ཡིན་ཏེ། རྒྱུད་བླ་མ་ལས། ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་གཅོད་ཕྱིར་རོ། །ཞེས་སོ། །མདོར་ན་རྣམ་པར་རྟོག་པ་མེད་བཞིན་ཏུ་སངས་རྒྱས་ཀྱི་ཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བ་སྟེ། འཕགས་པ་ཀླུས། ཤིན་ཏུ་དྲི་མེད་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་


KMC007_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གྱུར་ནས། །སྣ་ཚོགས་ནོར་བུ་ཇི་བཞིན་ཏུ། །དེ་ལ་སེམས་ཅན་དོན་རྣམས་འབྱུང་། །ཞེས་གསུངས་པས། ཆོས་སྐུའི་ཕྲིན་ལས་གཟུགས་སྐུ་གཉིས་ནི་སངས་རྒྱས་ཀྱི་མཁྱེན་བརྩེའི་ནུས་པ་བསྟན་པ་སྟེ། ལས་དག་པའི་སྣང་བ་ལ་ཤར་བར་བཤད་པ་ཡིན་གྱིས་གདུལ་བྱའི་དག་སྣང་ཁོ་ནར་བཤད་པ་ནི་མ་ཡིན་ནོ། གཉིས་པ་གཞན་རྒྱུད་ཁོ་ནར་འདོད་པའི་སྐྱོན་བརྗོད་པ་ནི། གཞན་རྒྱུད་ནས། འཁྲུལ་པར་འགྱུར། །ཅེས་གསུངས་ཏེ། བཤད་མ་ཐག་པ་ལྟར་རྒྱལ་བའི་སྐུ་དང་ཡེ་ཤེས་ཇི་སྐད་བཤད་པ་རྣམས་ནི་གཞན་རྒྱུད་གདུལ་བྱའི་དག་སྣང་ཁོ་ན་བར་བཤད་པ་མིན་ནོ། །གལ་ཏེ་དེ་ལྟར་མ་ཡིན་པར། སངས་རྒྱས་ལ་ཡེ་ཤེས་མེད་ཅིང་གཟུགས་སྐུ་གཞན་རྒྱུད་གདུལ་བྱའི་དག་སྣང་ཁོ་ན་ཡིན་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་གཞན་གདུལ་བྱའི་རྒྱུད་ཀྱི་ཡེ་ཤེས་སུ་འགྱུར་ཏེ། ཡེ་ཤེས་དེ་གཞན་རྒྱུད་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལྟར་འདོད་ན་ཡེ་ཤེས་དེ་ཉིད་འཁྲུལ་པར་འགྱུར་ཏེ། གཞན་རྒྱུད་འཁྲུལ་པ་དེ་ཡེ་ཤེས་ཡིན་པར་སྣང་


KMC007_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །གཞན་ཡང་ཡེ་ཤེས་གཞན་སྣང་ཡིན་ན་དེས་གཞན་རྗེས་སུ་འཛིན་མི་ནུས་ཏེ་དབུལ་པོས་བཟའ་བ་སྟེར་དུ་མེད་པ་བཞིན་རང་ལ་ཡེ་ཤེས་མེད་པའི་གཟུགས་སྐུ་དེ་མིང་ཙམ་ཟད་པས་སོ། །གསུམ་པ་སྣང་བ་ལ་འཁྲུལ་པས་མ་ཁྱབ་པའི་དཔེ་དགོད་ནས་མ་ངེས་པ་བརྗོད་པ་ནི། གལ་ཏེ་ནས། ཅན་ཏུ་འགྱུར། ཅེས་གསུངས་ཏེ། གལ་ཏེ་སངས་རྒྱས་ལ་སྣང་བཅས་ཀྱི་ཡེ་ཤེས་ཡོད་ཅིང་ཡེ་ཤེས་དེ་ལ་སེམས་ཅན་གྱི་འཁྲུལ་པ་དེ་སྣང་ན་སྐྱོན་ཡོད་དེ། ཡེ་ཤེས་དེས་རང་གི་སྣང་བ་འཛིན་པ་ཡིན་པས་འཛིན་རྟོག་ཅན་དུ་འགྱུར་ཞེས་འདོད་པ་ཡིན་ཅེ་ན། འོ་ན་མེ་ལོང་ནང་དུ་གཟུགས་བརྙན་སྣང་བ་ན་ཡང་སྣང་དུས་ཀྱི་མེ་ལོང་དེ་ཡང་འཛིན་པའི་རྣམ་རྟོག་ཅན་ཏུ་འགྱུར་ཏེ་གཟུགས་བརྙན་སྣང་བའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡེ་ཤེས་དེ་ལ་གདུལ་བྱ་སྣང་ཡང་འཛིན་རྟོག་ཅན་ཏུ་མི་འགྱུར་ཏེ། དཔེར་ན་མེ་ལོང་ནང་དུ་གཟུགས་སྣང་འཛིན་པ་དང་རྟོག་པ་མེད་པ་ལྟ་བུའོ། །བཞི་པ་ཇི་སྙེད་པའི་ཡེ་ཤེས་འཁྲུལ་པ་མ་ཡིན་


KMC007_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔེ་དོན་བཤད་པ་ནི། སེམས་ཅན་ནས། འགག་པ་མེད། །ཅེས་གསུངས་ཏེ། དེ་ལྟར་ན་སེམས་ཅན་གྱི་འཁྲུལ་པའི་སྣང་བར་ཇི་སྙེད་པ་རྣམས་ཀྱི་ཡེ་ཤེས་ཡུལ་དུ་ཇི་ལྟ་བ་བཞིན་དུ་སྣང་བར་གྱུར་ཀྱང་སྣང་བ་ལ་འཁྲུལ་པས་མ་ཁྱབ་སྟེ། སྣོད་བཅུད་ཆུ་ནང་ཟླ་བ་ལྟར་སྣང་སྟོང་དབྱེར་མེད་དུ་གཟིགས་ཤིང་བདེན་པ་དང་རྫུན་པ་གང་དུའང་མི་འཛིན་པས་ཡེ་ཤེས་དང་ཕྲིན་ལས་ལ་སེམས་ཅན་གྱི་བདེན་འཛིན་འཁྲུལ་པས་ནམ་ཡང་གོས་པ་མིན་ཏེ། རིག་པ་དྲུག་ཅུ་པ་ལས། གང་ལས་རྟེན་ན་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ཁོ་ན་ལྟར། །ཡང་དག་མ་ཡིན་ལོག་མིན་པར། །ཤེས་པ་དེ་དག་ལྟས་མི་འཕྲོག །ཅེས་སོ། །དེ་ཡང་དཔེར་ན་ནམ་མཁའ་སྟོང་པ་ལ་འབྱུང་བ་ཆེན་པོ་རྣམས་སྐྱེ་འགག་ཏུ་སྣང་ཡང་ནམ་མཁའ་ཆགས་འཇིག་གིས་གོས་པ་མིན་ཞིང་སྐྱེ་བ་དང་འགག་པ་མེད་པ་དེ་བཞིན་དུ་ཡེ་ཤེས་ལ་འཁྲུལ་པས་གོས་པ་མེད་དེ། འཕགས་པ་ལྷས། དཔེར་ན་ཆུ་ཡི་ཟླ་བ་ལ། །ཆུ་ཡིས་མངོན་པར་གོས་པ་མེད། །སྣ་ཚོགས་གཟུགས་


KMC007_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་འདྲ་བ་སྟེ། །མཐོང་བས་སྐྱོན་གྱིས་གོས་མི་འགྱུར། ཅེས་སོ། །ལྔ་པ་ཕྲིན་ལས་དང་འབྲེལ་བའི་དོན་བཤད་པ་ནི། རྒྱལ་བའི་ནས། ཞེས་བརྗོད། །ཅེས་གསུངས་ཏེ། བཤད་མ་ཐག་པ་དེ་ལྟར་རྒྱལ་བའི་མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེས་སེམས་ཅན་གྱི་ཁམས་ལ་ཅི་སྙེད་པའི་ཉོན་མོངས་པ་དང་ལྷན་ཅིག་ཏུ་ཞུགས་ཤིང་མཁྱེན་ཀྱང་ནམ་མཁའ་སྐྱེ་འཇིག་གིས་མ་གོས་པ་དེ་བཞིན་དུ་ཉོན་མོངས་པའི་ཚོགས་ཀྱིས་ཅུང་ཟད་ཀྱང་གོས་པ་མེད་དེ། དཔེར་ན་ཉི་མའི་འོད་ཟེར་ནི། རི་དང་ས་གཞི་ནགས་ཚལ་མི་གཙང་བའི་ལྗན་ལྗིན་ལ་སོགས་པར་ཉེ་རིང་མེད་པར་འཇུག་ཅིང་དེ་དག་སྣང་བ་དང་སྐེམ་པ་དང་སྲེག་པར་བྱེད་ཀྱང་། དེ་རྣམས་ཀྱི་ཉི་འོད་ལ་གོས་པ་མེད་པ་སྟེ། རྒྱན་ལས། ཇི་ལྟར་ཉི་མའི་འོད་ཟེར་དག །འཇུག་ལ་བདག་གིར་བྱ་བ་མེད། །དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང་། །འཇུག་ལ་བདག་གིར་མཛད་མི་མངའ། །ཞེས་སོ། །དེ་ནི་སངས་རྒྱས་ཀྱི་གཞན་དོན་གྱི་ཡེ་ཤེས་ཡིན་པའི་ཕྱིར་ཡེ་ཤེས་འདི་ལ་འཁྲུལ་པའི་མིང་


KMC007_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི་མི་བརྗོད་དེ། ཡེ་ཤེས་བཞིའི་ནང་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་སུ་བརྗོད་པ་ཡིན་ནོ། །དེའང་མ་དག་པའི་གནས་སྐབས་སུ་དབང་པོ་ལྔའི་ཤེས་པ་ནི་ཡུལ་ལ་འཇུག་པ་ལས་འབད་རྩོལ་མི་དགོས་པར་འཇུག་པ་ལྟར། དེ་གནས་གྱུར་པ་ལས་གྱུར་པའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པ་རྣམ་པ་ཚོགས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་འབད་རྩོལ་མི་དགོས་པས་ཞུགས་ཤིང་སེམས་ཅན་ཀུན་གྱི་དོན་སྒྲུབ་པ་སྟེ། མདོ་སྡེ་རྒྱན་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཞིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ། །ཞེས་སོ། །གནས་འགྱུར་བའི་ཚུལ་ཇི་ལྟར་སྙམ་ན། དཔེར་ན་ནམ་མཁའ་རང་བཞིན་གྱིས་དག་པ་ཡིན་ཀྱང་། ཁུ་རླངས་ལ་སོགས་པའི་རྐྱེན་པའི་ཚེ། གནས་འགྱུར་བའམ་ནམ་མཁའ་དག་གོ་ཞེས་བརྗོད་པ་བཞིན་དུ་ཡིན་གྱིས། རང་གི་ངོ་བོ་ལས་གཞན་པའི་སྔར་མེད་གསར་དུ་ཐོབ་པར་བྱ་བ་མེད་དེ།


KMC007_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་དུ། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །རང་བཞིན་གྱིས་ནི་དག་པར་འདོད། །ཅེས་གསུངས་པ་ལྟར་རོ། །ལྔ་པ་མཉམ་ཉིད་ཡེ་ཤེས་ཀྱི་དོན་བརྗོད་པ་ནི། སྒྲིབ་གསུམ་ནས། དགག་ཕྱིར་བརྗོད། །ཅེས་གསུངས་ཏེ། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་པ་གསུམ་གཉེན་པོས་དག་པར་གྱུར་པ་ན། ཀུན་གཞི་ལ་གནས་པའི་ཉོན་མོངས་པ་ཅན་གྱི་ཡིད་ང་བདག་ཏུ་འཛིན་པ་དེའང་བདག་གཞན་ཐ་དད་དུ་འཛིན་པ་ལས་གྲོལ་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་འགྱུར་ཏེ། དེའང་སྲིད་པའི་མཐའ་ལ་མི་གནས་པར་མྱ་ངན་ལས་འདས་པ་ཞི་བ་ཆེན་པོའི་ངང་ལ་བཞུགས་པའང་ཡིན་ལ། ཞི་བའི་མཐའ་ཡང་མི་གནས་པར། བྱམས་པ་དང་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་རྣམས་ཀྱི་མོས་པ་ཇི་བཞིན་དུ། ལོངས་སྤྱོད་རྫོགས་སྐུ་སོགས་གཟུགས་ཀྱི་སྐུ་གདུལ་བྱ་སོ་སོ་དེ་ལ་སྣང་བ་སྟོན་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། མི་གནས་ཞི་བར་ཞུགས་པ་ཡང་། །མཉམ་ཉིད་ཡེ་ཤེས་ཡིན་པར་བརྗོད། །དུས་རྣམས་ཀུན་ཏུ་


KMC007_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། ཅེས་སོ། །དེའང་ལ་ལའི་རྟོག་པ་ལ་རྫོགས་པའི་སངས་རྒྱས་ཐོབ་པའི་ཚེ་མར་མེ་ཤི་བ་ལྟར་ཤེས་པ་རྒྱུན་ཆད་ནས་ཞི་བ་གཅིག་པུའི་མཐའ་ལ་གནས་པར་འདོད་ན། །ཐེག་དམན་གྱི་ཉན་རང་དགྲ་བཅོམ་པ་ལྷག་མེད་ཀྱི་མྱང་འདས་སུ་ཞུགས་ནས་ཕྲིན་ལས་རྒྱུན་ཆད་པ་དང་མཚུངས་པར་འགྱུར་བས་ལོག་རྟོག་དེ་དགག་པའི་ཕྱིར་ཚུལ་འདྲ་གསལ་བར་བརྗོད་པ་ཡིན་ནོ། །དྲུག་པ་སྐུ་གསུམ་རྟག་པའི་ཚུལ་བཤད་པ་ལ་གསུམ་སྟེ། རྟག་པའི་ཚུལ་གསུམ་གྱི་དོན་དང་། མི་རྟག་པ་གསུམ་གྱི་དོན་དང་། དེ་ཡེ་ཤེས་དང་དྲི་མར་བཤད་པའོ། །དང་པོ་ནི། ཡེ་ཤེས་ནས། སྤྲུལ་སྐུ་ཡིན། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ནི་ནམ་དུའང་འགྱུར་བ་མི་མངའ་བའི་ཕྱིར་རྟག་པ་གསུམ་ཡིན་ཏེ། དེའང་རང་བཞིན་གྱི་རྟག་པ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་དོན་ཆོས་ཀྱི་དབྱིངས་ཡིན་ཏེ། ཆོས་ཀྱི་


KMC007_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་འགྱུར་བ་མེད་པའི་ཕྱིར་རོ། །རྒྱུན་གྱི་རྟག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ངེས་པ་ལྔ་དང་ལྡན་པའི་ཕྱིར་རོ། །རྒྱུན་མི་འཆད་པར་རྟག་པ་ནི་སྤྲུལ་པའི་སྐུ་ཡིན་ཏེ། འཁོར་བ་མ་སྟོང་གི་བར་དུ་མཛད་པ་ཕྲིན་ལས་རྒྱུན་མི་འཆད་པའི་ཕྱིར་རོ། །དེ་ཡང་མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་སོ། །གཉིས་པ་མི་རྟག་པ་གསུམ་གྱི་དོན་ནི། དེ་ལ་ནས། རྟག་པ་མིན། །ཅེས་གསུངས་ཏེ། ཇི་སྐད་བཤད་པའི་ཡེ་ཤེས་དེ་གསུམ་ལ་སྒྲིབ་བྱེད་མི་རྟག་པ་གསུམ་ཡོད་དེ། དེ་ཡང་གཟུགས་སོགས་ཕུང་པོ་ལྔ་པོ་དེ་རང་བཞིན་གྱིས་དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་པར་མ་ཤེས་ནས་ཕྱིས་བློས་བཟོ་བཅོས་བྱས་པའི་སྟོང་པ་དེ་ཉི་ཚེ་བའི་སྟོང་ཉིད་ཡིན་པའི་ཕྱིར་རྟག་པ་མིན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་དང་དེས་བསྐྱེད་པའི་གཡོ་བའི་རྟོག་ཡིད་ནི་འཁྲུལ་པ་ཡིན་པའི་ཕྱིར་རྟག་པ་མིན་ཅིང་། རྣམ་ཤེས་ཚོགས་དྲུག་གི་ཤེས་པ་རྐྱེན་བཞིས་འདུས་བྱས་པ་ཡིན་པའི་ཕྱིར་རྟག་པ་མིན་ནོ། །


KMC007_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དེ་ཡེ་ཤེས་དྲི་མར་བཤད་པ་ནི། འོན་ཀྱང་ནས། ཡེ་ཤེས་ཡིན། །ཅེས་གསུངས་ཏེ། འོན་ཀྱང་བཤད་མ་ཐག་པའི་མི་རྟག་པ་གསུམ་པོ་དེའི་སྦུབས་ན་ཡེ་ཤེས་རྟག་པ་གསུམ་རང་ཆས་སུ་ཡོད་དེ་སེམས་ཅན་གྱི་གནས་སྐབས་ན་དྲི་མ་དང་ཡེ་ཤེས་འདྲེས་པའི་ཕྱིར་རོ། །དེ་ལ་མི་རྟག་པ་གསུམ་པོ་དེ་ནི་འཁྲུལ་པ་གློ་བུར་བའི་དྲི་མ་སྦྱང་བྱ་ཡིན་ཏེ། །རྟག་པ་གསུམ་པོ་དེ་ནི་གནས་ལུགས་ཡོངས་སུ་གྲུབ་པའི་ཡེ་ཤེས་སྦྱངས་བའི་འབྲས་བུ་ཡིན་ནོ། །བདུན་པ་མ་ངེས་བ་སྤོང་བ་ལ་དྲུག །མུ་སྟེགས་པའི་བདག་དང་མི་མཐུན་པའི་དོན། ཉན་རང་གི་ཞི་བ་དང་མི་མཚུངས་པའི་དོན། སེམས་ཅན་དང་མི་མཚུངས་པའི་དོན། ཕྱིར་མི་ལྡོག་པའི་དོན། དྲི་མ་གཏན་མི་ལྡང་པའི་དོན། ཐམས་ཅད་ཀྱི་དོན་བསྡུ་བའོ། །དང་པོ་ནི། མུ་སྟེགས་ནས། མ་བཏགས་ཕྱིར། །ཅེས་གསུངས་ཏེ། དེ་ལྟར་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་སངས་རྒྱས་ཀྱི་སྙིང་པོ་དེ་སྐུ་གསུམ་གྱི་རང་བཞིན་དུ་འགྱུར་བ་མེད་ཅིང་རྟག་པར་ཡོད་ན། མུ་


KMC007_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་པའི་བདག་དང་མཚུངས་པར་འགྱུར་རོ་ཞེ་ན་མུ་སྟེགས་པ་རྣམས་ཀྱིས་བཏགས་པའི་གང་ཟག་གི་བདག་འགྱུར་བ་མེད་པས་རྟག་པ། དུ་མ་མ་ཡིན་པས་གཅིག་པུ་རྒྱུ་རྐྱེན་ལ་མི་ལྟོས་པས་རང་དབང་ཅན་དུ་བློས་བརྟགས་པ་ནི། ཕུང་པོ་ལྔ་བདག་མེད་པ་ལ་བདག་ཏུ་བཏགས་པའི་འཁྲུལ་པ་དང་མཚུངས་པ་མིན་ཏེ། སེམས་ཉིད་ཆོས་ཀྱི་སྐུ་སྐྱེ་འགག་སོགས་སྤྲོས་པའི་དྲྭ་བ་ཐམས་ཅད་ལས་གྲོལ་བར་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ་པའི་རང་བཞིན་ཅན་ཡིན་པས་དོན་དམ་པར་རྟག་ཅེས་གསུངས་པའི་ཕྱིར་རོ། །དེས་ན་མུ་སྟེགས་པས་ནི་བློས་བྱས་ཀྱི་ཡིད་ཀྱིས་བཏགས་པའི་སྒྲོ་བཏགས་ཡིན་པ་དང་། དེ་བཞིན་གཤེགས་པ་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་གཅིག་དང་ཐ་དད་ལས་གྲོལ་བ་བདག་མེད་པའི་རང་བཞིན་ཅན་ཡིན་པས་བདག་དང་བདག་གིར་སྒྲོ་བཏགས་བྱས་པ་མ་ཡིན་ཞིང་རྟོག་པས་མ་བརྟགས་པའི་ཕྱིར་མུ་སྟེགས་པས་བརྟགས་པའི་བདག་དང་མི་མཚུངས་ཏེ། འཕགས་པ་ཀླུ་སྒྲུབ་


KMC007_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། ཆོས་དབྱིངས་གང་ཕྱིར་བདག་མ་ཡིན། །སྐྱེས་པ་མ་ཡིན་བུད་མེད་མིན། །གཟུང་དང་འཛིན་པ་རྣམ་གྲོལ་བ། །ཇི་ལྟར་བདག་ཅེས་རྟོག་པར་བྱ། །ཞེས་སོ། །གཉིས་པ་ཉན་རང་གི་ཞི་བ་དང་མི་མཚུངས་པའི་དོན་ནོ། །ཉན་རང་ནས། ཀུན་རྟོག་ཕྱིར། །ཅེས་གསུངས་ཏེ། དེ་ལ་ཉན་རང་གི་ཞི་བ་ནི། སངས་རྒྱས་ཀྱིས་མ་བསྐུལ་བར་དུ་ཞི་བ་གཅིག་པུའི་ངང་ལ་གནས་པར་གསུངས་ཏེ། །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཅི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོང་པས་བརྒྱལ་གྱུར་པ། །ཉན་ཐོས་དེ་དག་གནས་པར་འགྱུར། ཅེས་གསུངས་པ་བཞིན་ཡིན་ལ། དེ་ལྟར་མཐའ་གཉིས་ལ་མི་གནས་པའི་དབྱིངས་སུ་བཞུགས་པའི་སངས་རྒྱས་རྣམས་དང་། ཉན་རང་ཞི་བ་ཕྱོགས་གཅིག་པའི་ངང་ལ་བཞུགས་པ་དང་མཚུངས་པ་མིན་ཏེ། དམིགས་པ་མེད་པའི་སྙིང་རྗེའི་དབང་ལས་མཐའ་ཡས་པའི་གདུལ་བྱ་གང་ལ་གང་འདུལ་བའི་ལོངས་སྤྲུལ་གཉིས་ཀྱི་གཟུགས་སྐུའི་ཡོན་ཏན་རྣམ་པ་མང་པོ་ཀུན་


KMC007_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་ཕྱིར་རོ། །དེ་སྐད་དུའང་རྣལ་འབྱོར་སྤྱོད་པའི་གཞུང་འབུམ་པ་ལས། ཐབས་ལ་མཁས་པས་ཞིར་གནས་མིན། །ཤེས་རབ་ཀྱིས་ནི་འཁོར་བར་མིན། །མཐའ་གཉིས་རྣམ་པར་སྤངས་ནས་ཀྱང་། །རྟོག་པ་མེད་པར་འགྲོ་དོན་སྤྱོད། །ཅེས་འབྱུང་བ་ལྟར་རོ། །གསུམ་པ་སེམས་ཅན་དང་མི་མཚུངས་པའི་དོན་ནི། སེམས་ཅན་ནས། མ་བསྐྱེད་ཕྱིར། །ཅེས་གསུངས་ཏེ། དེ་ལྟ་བུའི་གཟུགས་སྐུ་ཞེས་བྱ་བ་དེ་སེམས་ཅན་གྱི་ལུས་དང་མཚུངས་སམ་སྙམ་ན། སེམས་ཅན་གྱི་ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་བདག་ཉིད་ལས་དང་ཉོན་མོངས་པས་འཕངས་པའི་འདུས་བྱས་དེ་དང་མཚུངས་པ་མིན་ཏེ། གཟུགས་སྐུ་གཉིས་ཟག་བཅས་ལས་དང་ཉོན་མོངས་པའི་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར། དེར་མ་ཟད་ཤིན་ཏུ་རྣམ་དག་སངས་རྒྱས་ཀྱི་གནས་སྐབས་སུ་ཟག་མེད་ཀྱི་ལས་ཀྱིས་བསྐྱེད་པའི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྐྱེ་བའང་མེད་ན། ཕུང་པོ་མངོན་པར་གྲུབ་པའི་སྐྱེ་བ་ཅི་སྨོས། རྣམ་འགྱུར་སྣ་ཚོགས་པའི་རྒ་བའང་མེད་ན་འདུ་བྱེད་ཡོངས་སུ་སྨིན་


KMC007_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒ་བ་ལྟ་ཅི་སྨོས། །བག་ཆགས་ཕྲ་མོའི་ནད་ཀྱང་མེད་ན། ཉོན་མོངས་པའི་ནད་ལྟ་ཅི་སྨོས། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བའང་མེད་ན། ཚེ་ཡོངས་སུ་གཏུགས་པའི་འཆི་འཕོ་བ་ལྟ་ཅི་སྨོས་ཏེ། རྒྱུད་བླ་མར། དེ་ནི་ཡིད་ཀྱི་རང་བཞིན་གྱི། །ལུས་ཀྱིས་སྐྱེ་མེད་རྟག་པའི་ཕྱིར། །བསམ་མི་ཁྱབ་བསྒྱུར་འཆི་འཕོ་ཡིས། །དེ་ནི་མི་འཆི་བརྟན་པའི་ཕྱིར། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །ཟག་མེད་མངོན་པར་འདུ་བྱེད་ཀྱིས། །གཡུང་དྲུང་ཕྱིར་ན་རྒ་བ་མེད། །ཅེས་སོ། །བཞི་པ་ཕྱིར་མི་ལྡོག་པའི་དོན་ནི། ཕྱིར་ལ་ནས། མངོན་གྱུར་ཕྱིར། ཞེས་གསུངས་ཏེ། སྔར་དྲི་བཅས་ཀྱི་སངས་རྒྱས་དེ། བར་དུ་ལམ་གྱི་དྲི་མ་བསལ་ཡང་སླར་འཁོར་བར་ལྡོག་པར་མི་འགྱུར་རམ་སྙམ་ན། རྟོགས་པས་གནས་ལུགས་མངོན་ཏུ་གྱུར་པའི་སངས་རྒྱས་དེ་ཕྱིར་ལ་ལྡོག་ཅིང་སླར་ཉོན་མོངས་པར་མི་འགྱུར་ཏེ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཡེ་ནས་གནས་པའི་སེམས་ཉིད་གནས་ལུགས་ཅི་


KMC007_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཡིན་པ་ལ་ཡིན་ལུགས་བཞིན་དུ་མངོན་སུམ་དུ་གྱུར་པའི་ཕྱིར་ཏེ། དཔལ་ཆོས་ཀྱི་གྲགས་པས། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལས་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་ལྡོག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་སོ། །ལྔ་པ་དྲི་མ་གཏན་མི་ལྡང་བའི་དོན་ནི། དྲི་མ་ནས། བྲལ་བའི་ཕྱིར། །ཅེས་གསུངས་ཏེ། ལམ་མཐར་ཕྱིན་ཀྱང་། ད་དུང་ཕྱིན་ཅི་ལོག་གི་བློའི་དྲི་མ་ལྡང་བར་འགྱུར་རམ་སྙམ་ན། མངོན་ཏུ་གྱུར་ནས་དྲི་མ་སླར་ལྡང་བ་གཏན་ནས་མེད་དེ། དྲི་མ་ནི་གཟུང་འཛིན་ཐ་དད་དུ་འཛིན་པའི་ཀུན་རྟོག་འཁྲུལ་པ་ཡིན་ལ་དེའི་རྒྱུ་ནི་མ་རིག་པ་ཡིན་པས། དེ་དང་བྲལ་བའི་ཕྱིར་ཏེ། ཆོས་ཀྱི་གྲགས་པས། ལྟ་བའི་ས་བོན་སྤངས་པའི་ཕྱིར། །སླར་མི་ལྡོག་པ་ཉིད་ཡིན་ནོ། །ཞེས་སོ། །དྲུག་པ་དོན་བསྡུ་བ་ནི། དེ་ཕྱིར་ནས། མ་ཤེས་སོ། །ཞེས་གསུངས་ཏེ། རྒྱུ་མཚན་དེ་དག་གི་ཕྱིར་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ཡོན་ཏན་དྲུག་ཅུ་རྩ་བཞི་དང་བཅས་པའི་སངས་རྒྱས་འདི། ད་ལྟར་གཞི་སེམས་ཅན་གྱི་དུས་སུ་


KMC007_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བར་ཡོད་ཀྱང་གཟུང་འཛིན་གྱི་དྲི་མས་བསྒྲིབས་ནས་མ་ཤེས་སོ། །དེའང་དཔེར་ན་མི་དབུལ་པོའི་ཁྱིམ་དུ་གཏེར་ཡོད་པ་མ་ཤེས་ནས་དབུལ་ཕོངས་ཀྱིས་སྡུག་བསྔལ་བ་ལྟ་བུ་སྟེ། བྱམས་པ་མགོན་པོའི་ཞལ་སྔ་ནས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཤིང་གཏེར་དེ་ཡང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ་། །ཞེས་སོ། །ལྔ་པ་ལུང་གིས་ངོ་བོ་ཉིད་བཤད་པ་ལ་ངེས་པ་བསྐྱེད་པ་ལ་བཞི། མདོ་སྡེ་རྒྱན་གྱི་ལུང་། འཕགས་པ་ཀླུ་སྒྲུབ་ཀྱི་ཐེག་པ་ཆེན་པོ་ཉི་ཤུ་པའི་ལུང་། རྒྱུད་བླ་མའི་ལུང་། མདོ་རྒྱུད་ལས་གསུངས་པའི་དོན་བསྡུས་པའོ། །དང་པོ་ནི། གང་ཚེ་ནས། མི་བརྗོད་དོ། །ཞེས་གསུངས་ཏེ། གང་གི་ཚེ་སྤྱིར་ཐོས་བསམ་སྒོམ་པ་ལས་བྱུང་བའི་ཤེས་རབ་དང་། ཁྱད་པར་བླ་


KMC007_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བྱིན་རླབས་དང་སློབ་མའི་མོས་གུས་ཀྱི་རྟེན་འབྲེལ་ཚོགས་པས་སེམས་ཉིད་བདེ་གཤེགས་སྙིང་པོའི་གནས་ལུགས་མངོན་སུམ་དུ་རྟོགས་པ་དེའི་ཚེ། དཔེ་ཇི་ལྟ་ན། ལྕགས་བསྲེགས་པ་ལ་ཚ་བ་ཞི་བ་ནི་གདུང་བ་མེད་པ་ཡིན་པ་དང་། མིག་ལ་རབ་རིབ་ཟུག་གཟིར་ཞི་བས་རབ་རིབ་མེད་པ་ཡིན་པས། །ཚ་བ་དང་རབ་རིབ་ཀྱི་དངོས་པོ་ཡོད་པ་ཡང་མ་ཡིན་ལ། དེ་གཉིས་ཞི་བས་་མཚན་ཉིད་ལྕགས་དང་མིག་གསལ་པོ་ཡོད་པས་དེ་ནི་མེད་པའང་མ་ཡིན་པ་ལྟར། མ་རིག་པ་སངས་ཤིང་ཡེ་ཤེས་རྒྱས་པ་དེའི་དུས་ན་སེམས་རྣམ་ཤེས་ཚོགས་བརྒྱད་སངས་པ་དང་ཡེ་ཤེས་ལྔ་རྒྱས་པ་ལ། ཀུན་རྫོབ་འཁྲུལ་པའི་དྲི་མ་ཚ་བ་དང་རབ་རིབ་བཞིན་ཏུ་ཡོད་པར་མི་བརྗོད་ཅིང་། ལྕགས་དང་མིག་དྭངས་པ་བཞིན་ཏུ་མེད་པར་མི་བརྗོད་དོ། །གཉིས་པ་ཐེག་ཆེན་ཉི་ཤུ་པའི་ལུང་ནི། དམ་པའི་ནས། སྤྱོད་ཡུལ་ཡིན། །ཅེས་གསུངས་ཏེ། དམ་པ་སྟེ་ངེས་པའི་དོན་དུ་ན་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པའི་ཕྱིར། དོན་དམ་དེ་ཉིད་དུ་ནི་འཁོར་བ་ལས་གྲོལ་


KMC007_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའང་མེད་དེ། ནམ་མཁའ་སྐྱེ་འགག་མེད་ཅིང་འགྱུར་བ་མེད་པ་བཞིན་ཏུ་སངས་རྒྱས་ནི་གནས་སྐབས་ཐམས་ཅད་དུ་འགྱུར་བ་མེད་པ་དེ་བཞིན་ཏེ། དེས་ན་རྟོགས་མ་རྟོགས་ཙམ་ལས་སེམས་ཅན་དང་ནི་སངས་རྒྱས་གཉིས་ཀའི་མཚན་ཉིད་གཅིག་ཅིང་ངོ་བོ་དབྱེར་མེད་དོ། །ཚུ་རོལ་འཁོར་བ་ཕ་རོལ་མྱང་འདས་གཉིས་ཀ་སྐྱེ་བ་མེད་པས། རང་བཞིན་མྱ་ངན་ལས་འདས་པའང་མེད་དོ། །རྒྱུ་མཚན་དེའི་ཕྱིར་དུ་འདུས་བྱས་ཀྱི་ཆོས་ཐམས་ཅད་མངོན་པར་སྟོང་ཞིང་བདག་མེད་པ་སྟེ། དེ་བས་ན་བསམ་གྱིས་མི་ཁྱབ་པའི་གནས་འདི་ལྟ་བུ་ནི་ཀུན་མཁྱེན་སངས་རྒྱས་ཀྱི་ཡེ་ཤེས་འབའ་ཞིག་གི་སྤྱོད་ཡུལ་ཡིན་གྱི་དེ་ལས་གཞན་པ་དག་གིས་བསམ་གྱིས་མི་ཁྱབ་བོ། གསུམ་པ་རྒྱུད་བླ་མའི་ལུང་ནི། ཕྲ་ཕྱིར་ནས། ཡུལ་མ་ཡིན། ཅེས་གསུངས་ཏེ། ཆོས་ཐམས་ཅད་གྱི་ཆོས་ཉིད་སངས་རྒྱས་སྙིང་པོ་འདི་ཉིད་དཔག་དཀའ་ཞིང་ཤིན་ཏུ་ཕྲ་བས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་ཐོས་པའི་ཤེས་རབ་ཀྱི་ཡུལ་མ་


KMC007_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དོན་དམ་བདེན་པ་ཡིན་པའི་ཕྱིར་རྟོག་དཔྱོད་ཀྱིས་བསམ་པའི་ཤེས་རབ་ཀྱི་ཡུལ་ཡང་མིན་ཏེ་ཀུན་རྫོབ་ཡིན་པའི་ཕྱིར་དེས་དོན་དམ་ཇི་བཞིན་གཞལ་མི་ནུས་ལ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཞལ་བར་དཀའ་བའི་གཏིང་ཟབ་པས་མཚན་མའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་འཇིག་རྟེན་པའི་སྒོམ་པ་བསམ་གཏན་དང་གཟུགས་མེད་བཞི་ལ་སོགས་པའི་ཁོངས་ནས་ཉན་རང་གི་དྲན་ཉི་དང་། རྟེན་འབྲེལ་འབྱུང་ལྡོག །རྣམ་ཐར་བརྒྱད། སྙོམས་འཇུག་དག་གི་ཡུལ་དུ་བྱས་ནས་ཀྱང་རྟོགས་པར་ནུས་པ་མ་ཡིན་ནོ། །བཞི་པ་མདོ་རྒྱུད་ལས་གསུངས་པའི་དོན་བསྡུས་པ་ནི། རང་རིག་ནས། །རྒྱ་མཚོར་འཁྱམས། །ཞེས་གསུངས་ཏེ། འོ་ན་སེམས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་དེ་དག་གང་གིས་ཀྱང་རྟོགས་པའི་ཡུལ་མིན་ན། རྟོགས་པའི་ཐབས་ཅི་ཞིག་ཅེ་ན། རྣལ་འབྱོར་པ་རྣམས་ཀྱི་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་སྟེ། དེ་མངོན་ཏུ་བྱེད་པའི་ཐབས་ནི་རང་བྱུང་གཤིས་ཀྱི་སྙིང་པོ་སྔོོན་གོམས་དགེ་སྟོབས་


KMC007_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སད་པའི་ཆོས་དབྱིངས་ཉིད་རྣམ་པ་ཀུན་ལྡན་གྱི་བླ་མར་སྣང་བ་ལ་ཡིད་ཆེས་ངེས་ཤེས་སྐྱེས་པའི་དབང་གིས་བཟོད་དུ་མེད་པའི་གདུང་ཤུགས་དང་། དེས་ཆོས་ཐམས་ཅད་ལ་རྒྱས་ཐེབས་པའི་སྣང་སྲིད་བླ་མར་ཤར་པའི་ཉམས་མྱོང་བརྗོད་བྲལ་གྱིས་དུས་འདའ་བའི་དད་པས་དོན་དམ་པ་ལ་སྒྲིབ་བྱེད་ཐམས་ཅད་རང་སངས་སུ་གྱུར་ནས་མཐར་ཐུག་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེད་པར་བྱེད་དེ། རྒྱལ་བ་བྱམས་པས། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཅེས་གསུངས་སོ། །གནས་ལུགས་རྟོགས་རིམ་བཞིན་དེ་ལྟར་མ་རྟོགས་པའི་ཁམས་གསུམ་པོ་དག་ལ་བཟོད་དུ་མེད་པའི་སྙིང་རྗེ་ཆེན་པོ་ཤུགས་ཀྱིས་སྐྱེ་ཞིང་། དེར་མ་ཟད་ཆེད་དུ་སྒོམ་པའང་རྒྱལ་སྲས་རྣམས་ཀྱི་གཞུང་ལམ་ཡིན་པའི་ཕྱིར། །དེ་ལྟར་རྗེས་འཇུག་རྣམས་ལ་ཐུགས་བརྩེ་པས་གདམས་པའི་ཕྱིར། རྒྱལ་བ་ཉིད་ཀྱིས་ཀྱང་གཞུང་གི་མཇུག་བསྔོ་བའི་དོན་འདུས་པར་གཞུང་ཟོར་ཡང་པའི་དགོས་པས་འདིར་སྟབས་


KMC007_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གསུངས་པ། ཀྱེ་མ་གནས་ལུགས་ཟབ་མོའི་ཚུལ་འདི་མ་རྟོགས་པས་སྤངས་བླང་གི་དོན་ལ་ཤེས་རབ་མ་སྐྱེས་པའི་བྱིས་པ་དག་ཕྱིན་ཅི་ལོག་ལ་སྤྱོད་པས་འཁོར་བའི་རྒྱ་མཚོར་འཁྱམས་པ་སྙིང་རྗེ་བའི་གནས་ཡིན་ནོ། །སྤྱི་དོན་ལྔ་པ་རྙེད་ཚུལ་གྱིས་མཇུག་བསྡུ་བ་ལ་གཉིས། རྙེད་ཚུལ་དངོས། སྨོན་ལམ་མོ། །དང་པོ་ནི། ཐུབ་པ་ནས། རྡོ་རྗེས་བྲིས། །ཞེས་གསུངས་ཏེ། བདེ་གཤེགས་སྙིང་པོའི་དོན་འདི་བདག་ཅག་གི་འདྲེན་པ་ཐུབ་པ་ཆེན་པོའི་གསུང་དྲི་མ་མེད་པ་དང་། མཁྱེན་རབ་ཀྱི་བདག་ཉིད་འཇམ་དཔལ་དབྱངས་དང་། སེམས་ཅན་ཐམས་ཅད་ལ་བདེ་ལེགས་འབྱུང་བའི་གནས་རྒྱལ་ཚབ་བྱམས་པ་དང་། ཐུགས་རྗེས་འཁོར་བ་དོང་ནས་སྤྲུགས་པའི་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་སྟེ་དེ་དག་གི་རྣམ་པར་ཐར་པ་ལ་བསྐལ་པ་གྲངས་མེད་པ་ནས་གོམས་པར་བྱས་པའི་སྟོབས་ཀྱིས་དང་། ད་ལྟར་ཡང་རྒྱལ་དང་དེ་སྲས་རྣམས་ཀྱི་བཀའ་དང་བསྟན་བཅོས་ཀྱི་དགོངས་པ་མ་ནོར་བ་མངོན་ཏུ་མཛད་ནས། དེ་ཉིད་ཕྱི་


KMC007_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གདུལ་བྱ་ལ་བརྩེ་བས་རྗེས་སུ་གདམས་པའི་མཐུ་དང་དབང་ཆེན་པོ་ཐོབ་པ་ཡིས། དཔལ་ལྡན་ཀརྨཔ་གསུམ་པ་རང་བྱུང་རྡོ་རྗེས་གཞན་གྱི་དོན་དུ་གསལ་བར་བྲིས་པའོ། །གཉིས་པ་སྨོན་ལམ་ནི། འགྲོ་ཀུན་ནས། སྙིང་པོ་རྫོགས་སོ། །ཅེས་གསུངས་ཏེ། འདི་ལྟར་ཐེག་པ་ཆེན་པོའི་དོན་མཐར་ཐུག་པ་གསལ་བར་མཛད་པའི་དགེ་བ་སངས་རྒྱས་གྲངས་མེད་པས་གསུངས་ཀྱང་མཐར་གཏུགས་པར་མི་ནུས་པའི་ཕན་ཡོན་ཆེན་པོ་དང་ལྡན་པས་ན། དེ་ལྟའི་དགེ་བ་བསྔོ་བའི་ཡུལ་འགྲོ་བ་ཀུན་ལ་བྱིན་པས་དེའི་མཐུས་སེམས་ཅན་དེ་ཐམས་ཅད་ཀྱིས། རང་ལ་ཡོད་པའི་སངས་རྒྱས་ཀྱི་སྙིང་པོ་འདི་ཉིད། གནད་ཀྱི་གདམས་ངག་ཟབ་མོ་འདི་ལྟ་བུ་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས། གློ་བུར་བའི་དྲི་མ་ཐམས་ཅད་དག་པའི་གནས་ལུགས་མ་ནོར་བ་དེ་རྟོགས་ཤིང་ཤེས་པར་ཤོག་ཅིག །རྒྱུའི་ཐེག་པ་ལས་གསལ་ཞིང་རྒྱས་པར་གསུངས་པའི་སངས་རྒྱས་ཀྱི་སྙིང་པོ་གཏན་ལ་དབབ་པ་འདི་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་བའི་ཡང་


KMC007_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཡིན་ཅིང་། དེས་ན་མཐར་ཐུག་གི་ལྟ་བ་བཤད་པ་རྫོགས་སོ། །ཞེས་པའོ། །ཟབ་ཅིང་ཀུན་གྱིས་མི་རྟོགས་ལ། །རྟོགས་ན་སངས་རྒྱས་འགྱུར་བའི་དོན། །ཕྱོགས་ཙམ་གོ་བས་གློ་བུར་གྱི། །དྲི་མའི་སྦུབས་མཐུག་བརྟོལ་བར་འགྱུར། །སྙིང་པོ་ཡོད་པར་ཡིད་ཆེས་ཙམ། །སྐྱེས་ཀྱང་རྒྱལ་བའི་གདུང་འཚོབ་གསུངས། །གོ་སླ་དོན་འདུས་གཞུང་བཟང་འདི། །གོ་མྱོང་རྟོགས་པས་མཐར་འབྱིན་འཚལ། །སྐལ་མཉམ་དག་ལ་ཕན་པའི་བློས། །ཚིག་ཙམ་མཆོག་གི་རྗེས་སུ་བཀྲལ། དགེ་བས་བདེ་གཤེགས་སྙིང་པོའི་ཞལ། །འགྲོ་བ་ཀུན་གྱིས་མཇལ་བར་ཤོག །སྙིང་པོ་གཏན་ལ་དབབ་པའི་གཞུང་འདི་ལ་སྔ་ཕྱིར་བྱོན་པའི་འགྲེལ་པ་དང་མཆན་བུ་ཁ་ཤས་མཆིས་ཀྱང་། འཇམ་དབྱངས་དོན་གྲུབ་འོད་ཟེར་གྱི་གསུང་ཉིད་ཁྱད་པར་དུ་འཕགས་ཤིང་། ཐམས་ཅད་མཁྱེན་པ་ཞྭ་དམར་ལྔ་པས་དེའི་དོན་བསྡུས་ཏེ་མཆན་བུ་མཛད་པ་རྣམས་ཀྱི་སྙིང་པོ་བླངས་ནས། མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གན་ངྷོ་ལར་ཀརྨ་ངག་དབང་ཡོད་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་སྔ་འགྲེལ་ཚད་མའི་ལེགས་བཤད་གསལ་བར་བགྱིས་


KMC007_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས།


KMC007_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས་བཞུགས་སོ། །


KMC007_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐོས་དང་བསམ་ལ་རབ་བརྟེན་ནས། །བསྒོམ་པའི་ཚུལ་ལ་སྦྱོར་བའི་ཕྱིར། །བདག་ཉིད་དབེན་པར་འདུག་པ་ན། །ཚུལ་འདི་སྣང་བ་བརྗོད་པར་བྱ། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །བདག་དང་གཞན་དང་གཉིས་ཀ་དང་། །རྒྱུ་མེད་ལས་ནི་བྱུང་བར་རྟོགས། །བྱེད་པོ་ཕྱྭ་དང་དབང་ཕྱུག་དང་། །ཚངས་དང་ཁྱབ་འཇུག་ཕྱི་རོལ་རྡུལ། །ཕག་ན་མ་ཡི་རྫས་བདེན་པས། །བདག་དང་འཇིག་རྟེན་བསྐྱེད་ཅེས་སྨྲ། །ཐམས་ཅད་


KMC007_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཉག་གཅིག་ནི། །ཁམས་གསུམ་འདི་དག་སེམས་ཙམ་སྟེ། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་སྟེ། །དེ་ཉིད་རང་གི་ངོ་བོས་སྟོང་། །གཅིག་དང་ཐ་དད་རྣམ་བྲལ་བ། །རྫུན་དང་བདེན་པ་རྣམ་སྤངས་ཤིང་། །སྒྱུ་མ་ཆུ་ཟླ་ལ་སོགས་ལྟར། །མཁྱེན་ནས་སེམས་ཅན་རྣམས་ལ་གསུངས། །དེ་ལྟར་འཁྲུལ་དང་མ་འཁྲུལ་པའི། །རྩ་བ་གང་ནས་བྱུང་ཡིན་ཞེས། །མེ་ལོང་ལས་ནི་རང་གཟུགས་དང་། །དུ་བ་ལས་ནི་མེ་བཞིན་དུ། །རྟེན་


KMC007_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འབྲེལ་འབྱུང་ཆོས་བསྟན་ནས། །རྟོག་པ་འདིར་ནི་གསལ་བརྗོད་བྱ། །སྒོ་ལྔའི་རྣམ་པར་ཤེས་པ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ལ། །བླང་དོར་བྱས་པས་ཉོན་མོངས་བསྐྱེད། །ཡུལ་འདི་དག་ནི་གང་ཡིན་ཞེས། །ཤེས་རབ་ལྡན་པས་ལེགས་བརྟགས་ན། །རྣམ་རིག་ཤེས་པ་ལས་གཞན་པའི། །རྡུལ་སོགས་ཕྱི་རོལ་གྲུབ་པ་མེད། །གང་ཚེ་ཡུལ་གྱི་རྫས་དེ་དག །ཤེས་ལས་གཞན་ན་བདག་གཅིག་མིན། །བསྟན་མེད་ཐོགས་པ་མེད་པ་ཡི། །རིག་ལས་བེམ་པོའི་རྫས་མི་སྐྱེ། །དེ་ཕྱིར་དེ་བྱུང་འབྲེལ་བ་མེད། །དེ་འདོད་ཤེས་ལས་ཡུལ་རྣམས་ནི། །སྣང་བར་མི་རིག་འབྲེལ་མེད་ཕྱིར། །དེ་ཕྱིར་ཅི་ལྟར་སྣང་བ་འདི། །ཤེས་ལས་གཞན་པའི་ཡུལ་མེད་དེ། །དེ་བྱུང་རང་རིག་ཉམས་མྱོང་བཞིན། །ཆ་མེད་རྡུལ་དང་ཕྱ་ལེ་བ། །སྣང་བ་སེམས་ཏེ་དེ་ཡི་དོན། །ཕྱི་རོལ་གཞན་དུ་གྲུབ་མེད་ཕྱིར། །ཚངས་སོགས་བྱེད་པོ་མིན་པར་རྟགས། །ཡིད་དང་ཆོས་ཀྱི་འབྲེལ་པ་ཡང་། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དེ་ཉིད་དེ་ལ་དམིགས་པ་ལ། །ཞེན་པར་ཟད་ཀྱི་


KMC007_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་བདེན་མེད། །དེ་ལྟར་ཚོགས་དྲུག་ཤེས་པ་འདི། །དོན་དང་སེམས་ཅན་སྣང་བ་དང་། །བདག་འཛིན་དང་ནི་རྣམ་རིག་དང་། །སྣང་བའི་རྣམ་པ་གང་བྱུང་བ། །འདི་ཅི་གཞན་གྱིས་བྱས་མིན་ན། །བདག་གིས་བྱེད་པ་འགྱུར་མ་ཡིན། །གཉིས་ཀྱིས་མ་བསྐྱེད་གཉིས་མེད་མིན། །དེ་ཕྱིར་རྒྱལ་བས་གསུངས་པ་ལྟར། །འཁོར་འདས་ཐམས་ཅད་སེམས་ཙམ་སྟེ། །འདི་ཡི་རྒྱུ་རྐྱེན་རྟེན་འབྲེལ་ནི། །ཚོགས་དྲུག་ཡིད་དང་ཀུན་གཞི་ཞེས། །གསུངས་ཏེ་ཚོགས་དག་ཤེས་པ་ནི། །དམིགས་རྐྱེན་ལ་ལྟོས་དེ་དག་ཀྱང་། །གཟུགས་སོགས་ཡུལ་ནི་དྲུག་པོ་ཡིན། །བདག་རྐྱེན་དབང་པོ་དྲུག་པ་སྟེ། །དེ་ཡང་གཟུགས་ཅན་དང་པོའོ། །གཉིས་ཀ་སེམས་ལས་བྱུང་བ་ཡིན། །ཡུལ་དང་དབང་པོར་རབ་སྣང་བ། །ཐོག་མེད་ཁམས་ལ་བརྟེན་པ་ཡིན། །དོན་མཐོང་རྣམ་པར་ཤེས་ཡིན་ཀྱང་། །ཁྱད་པར་སེམས་བྱུང་འདུ་བྱེད་ནི། །ཡིད་ཀྱི་རྣམ་ཤེས་ལ་བརྟེན་ཏེ། །དེ་མ་ཐག་དང་ཉོན་ཡིད་གཉིས། །དྲུག་པོ་སྐྱེ་དང་འགག་པ་ཡི། །རྐྱེན་ཕྱིར་དེ་མ་ཐག་


KMC007_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །ཚོགས་དྲུག་སྐད་ཅིག་སྐྱེ་འགག་གི །གྲངས་བཞིན་དེ་དང་འབྲེལ་པ་ཡིན། །རྣལ་འབྱོར་ལྡན་པའི་ཡིད་དང་ནི། །རྒྱལ་བའི་བཀའ་ལས་འདི་ཤེས་འགྱུར། །འདི་ཡི་ཆ་ཤས་སེམས་ཉིད་ལ། །ངར་སེམས་ང་རྒྱལ་འཛིན་པ་དང་། །ང་ལ་ཆགས་ཤིང་མ་རིག་བཅས། །འཇིགས་ཚོགས་ཐམས་ཅད་བསྐྱེད་པའི་ཕྱིར། །ཉོན་མོངས་ཅན་གྱི་ཡིད་ཅེས་བྱ། །དྲུག་པོ་འགག་མ་ཐག་ཡིད་ནི། །རྣམ་ཤེས་སྐྱེ་བའི་གནས་ཡིན་ཏེ། །ཉོན་ཡིད་ཉོན་མོངས་གནས་སུ་འགྱུར། །བསྐྱེད་དང་སྒྲིབ་པའི་ནུས་པར་ལྡན། །དེ་ཕྱིར་ཡིད་དེ་རྣམ་པ་གཉིས། །ཁྱད་པར་བློ་གྲོས་ལྡན་རྣམས་ལ། །ཀུན་གཞིའི་རྣམ་པར་ཤེས་གསུངས་ཏེ། །འདི་ནི་རྟེན་དང་གནས་དང་ནི། །ལེན་པའི་རྣམ་པར་ཤེས་ཀྱང་གསུངས། །ཚོགས་བདུན་གྱིས་བསྐྱེད་ལས་རྣམས་ཀུན། །མ་འདྲེས་ལུང་དུ་མ་བསྟན་པར། །བསགས་པས་རྣམ་པར་སྨིན་ཅེས་བྱ། །ཆར་ཆུ་རྒྱ་མཚོ་ཇི་བཞིན་ནོ། །ཐམས་ཅད་བསྐྱེད་པར་བྱེད་པས་ན། །ས་བོན་ཀུན་ལྡང་ཀུན་གཞི་སྟེ། །རྒྱུ་ཡི་རྐྱེན་ཞེས་བརྗོད་པ་ཡི། །


KMC007_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བདུན་ལོག་ན་དེ་ལྡོག་ཕྱིར། །རྐྱེན་གྱི་རྣམ་ཤེས་ཞེས་ཀྱང་བྱ། །ཕྱི་དང་ནང་གི་བདག་ཉིད་ན། །ཀུན་གཞིའི་རྣམ་ཤེས་འདི་ཉིད་ནི། །སྤང་བྱ་ཀུན་གྱི་རྩ་བ་སྟེ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བཅོམ་པར་བྱ་བར་གསུངས་པ་ཡིན། །གང་ཚེ་སྒྲིབ་བཅས་ཀུན་གཞི་ལོག །དེ་ཚེ་མེ་ལོང་ཡེ་ཤེས་ཏེ། །ཡེ་ཤེས་ཀུན་སྣང་ང་ཡིར་མེད། །ཡོངས་སུ་མ་ཆད་རྟག་དུ་ལྡན། །ཤེས་བྱ་རྟོགས་ཤིང་དེར་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཉོན་མོངས་ཅན་གྱི་ཡིད་དེ་ནི། །དཔའ་བར་འགྲོ་བས་རབ་བཅོམ་ནས། །མཐོང་བསྒོམས་ཉོན་མོངས་རབ་སྤངས་ནས། །ཉོན་མོངས་མེད་ཅིང་སྲིད་ཞི་མེད། །མཉམ་ཉིད་ཡེ་ཤེས་ཞེས་སུ་བརྗོད། །དེ་མ་ཐག་པའི་ཡིད་དེ་ནི། །དྲུག་པོ་འཛིན་པས་འཛིན་པ་སྟེ། །རྣམ་པར་རྟོག་བྱེད་རྣམ་རྟོག་ཡིན། །དེ་ན་ཡང་དག་ཤེས་རབ་དང་། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །བཅོམ་པས་བཟོད་པ་ཆེ་ཐོབ་ཚེ། །དོན་བཅས་འཛིན་པ་གནས་གྱུར་པས། །ཞིང་ནི་དག་པ་


KMC007_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་དང་། །དུས་རྣམས་ཀུན་ཏུ་ཡེ་ཤེས་དང་། །ལས་རྣམས་ཀུན་ཏུ་ཐོགས་མེད་པའི། །རྣམ་རྟོག་གནས་ཡོངས་གྱུར་པ་ནི། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །དེ་ལྟར་ཡེ་ཤེས་གཉིས་པོ་འདི། །བསྒོམ་པ་དག་པས་སྲིད་ཞི་ལ། །མི་གནས་ཞི་དང་བྱམས་པ་དང་། །ཐུགས་རྗེ་ལྡན་ཞིང་འཁོར་རྣམས་ལ། །སྣ་ཚོགས་སྐུ་དང་གསུང་སྟོན་མཛད། །ཆོས་ཆེན་དབྱིངས་ཀྱི་དཀྱིལ་འཁོར་འབྱུང་། །ཏིང་འཛིན་གཟུངས་རྣམ་ཀུན་གྱི་གཏེར། །ལོངས་སྤྱོད་རྫོགས་སྐུ་ཞེས་སུ་བརྗོད། །སྒོ་ལྔ་ཡིད་ཀྱི་ཆ་གཅིག་ནི། །ཡང་དག་ཀུན་རྟོག་ལས་སྐྱེས་པ། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་བཟོད་ལ་སོགས་བཅུ་དྲུག་གིས། །དོན་མཐོང་བདེན་པར་རྟོགས་པ་ལས། །དབང་པོ་ལྔ་རྣམས་གནས་གྱུར་ནི། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ། །དབང་འབྱོར་དེ་ཉིད་མཐར་ཕྱིན་པས། །བྱ་བ་གྲུབ་བའི་ཡེ་ཤེས་ཏེ། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་པའི། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། སེམས་ཅན་ཀུན་


KMC007_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྒྲུབ་པའོ། །འདི་ནི་སྤྲུལ་པའི་སྐུ་ཆེན་པོ། །སེམས་ཡིད་རྣམ་ཤེས་གནས་གྱུར་པའི། །སྐུ་གསུམ་མཛད་པར་བཅས་པ་རྣམས། །ཆོས་དབྱིངས་སྤྲོས་བྲལ་དཀྱིལ་འཁོར་དུ། །རྫོགས་པ་འཁོར་འདས་ཐོག་མེད་ཀུན། །གཅིག་དང་ཐ་དད་བྲལ་བ་རུ། །བཞུགས་པ་ངོ་བོ་ཉིད་སྐུར་བཞེད། །རྒྱལ་བས་གཞུང་གཞན་ཁ་ཅིག་ཏུ། །འདི་ལ་ཆོས་ཀྱི་སྐུ་ཞེས་བསྟན། །དེ་ཚེ་མེ་ལོང་ཡེ་ཤེས་སྐུ། །གཞན་ནི་གཟུགས་སྐུ་གཉིས་ཞེས་བརྗོད། །ཡེ་ཤེས་ལྔ་དང་སྐུ་བཞི་ཡི། །རང་བཞིན་མངོན་གྱུར་སངས་རྒྱས་ཏེ། །སེམས་ཡིད་རྣམ་པར་ཤེས་པ་ཡི། །དྲི་མར་ལྡན་གང་ཀུན་གཞི་ཡིན། །དྲི་མེད་རྒྱལ་པའི་སྙིང་པོར་བརྗོད། །མ་དག་ཀུན་རྟོག་འཇོམས་བྱེད་པ། །དག་པའི་ཀུན་རྟོག་ལས་སྐྱེས་པའི། །འཕགས་པའི་ཤེས་རབ་དབང་པོ་ནི། །འཛིན་པ་ལམ་གྱི་བདེན་པར་གསུངས། །དོན་དམ་ཚུལ་འདི་མ་རྟོགས་པས། །རྨོངས་རྣམས་འཁོར་བའི་རྒྱ་མཚོར་འཁྱམས། །ཐེག་ཆེན་གྲུ་འདི་མ་རྟོགས་པས། །གང་གིས་ཕ་རོལ་ཕྱིན་པར་འགྱུར། །ཀུན་


KMC007_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འདི་དོན་རྟོགས་པར་ཤོག །རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས། །ཕག་ལོ་ཟླ་བ་བཅུ་པའི་ཚེས་གཅིག་ལ་རང་བྱུང་རྡོ་རྗེས་བདེ་ཆེན་སྟེང་གི་རི་ཁྲོད་དུ་སྦྱར་བའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

རྣམ་པར་ཤེས་པ་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཀྱི་ཚིག་དོན་གོ་གསལ་དུ་འགྲེལ་པ་རང་བྱུང་དགོངས་པའི་རྒྱན།


KMC007_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཀྱི་ཚིག་དོན་གོ་གསལ་དུ་འགྲེལ་པ་རང་བྱུང་དགོངས་པའི་རྒྱན་ཅེས་བྱ་བཞུགས་སོ། །


KMC007_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཀྱི་ཚིག་དོན་གོ་གསལ་དུ་འགྲེལ་པ་རང་བྱུང་དགོངས་པའི་རྒྱན་ཅེས་བྱ་བ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ལེགས་གསུང་ཚད་མ་གསུམ་ལྡན་དབྱངས། །དཔལ་གྱི་མགུར་ནས་སྒྲོགས་པ་ཡིས། །རྣམ་གྲོལ་ལམ་སྟོན་ཐུབ་པའི་དབང་། །རང་བྱུང་རྒྱལ་བར་གྲགས་ལ་འདུད། །འཁོར་འདས་ཆོས་ཀུན་རྣམ་ཤེས་དང་། །ཡེ་ཤེས་གཟུགས་ཏེ་དེ་ཡི་ཚུལ། །སྟོན་བྱེད་ཆོས་ཕུང་བརྒྱད་ཁྲིའི་བཅུད། །གང་འདི་སུས་རྟོགས་སྲཨད་མཐར་བྱེད། །


KMC007_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཙམ་གོ་ཞིང་མྱོང་བས་ཀྱང་། །སྙིང་བུམ་བདུད་རྩིའི་བཅུད་འཁྱིལ་ཏེ། །ཞི་བའི་ལང་ཚོ་བརྟས་པའི་ཕྱིར། །ཁྱད་འཕགས་གཞུང་འདི་དགྲོལ་བར་བྱ། །ཆོས་ཐམས་ཅད་ཀྱི་དེ་ཉིད་སྒྲིབ་བྲལ་དུ་གཟིགས་པས་སངས་རྒྱས་ཀྱི་ཡེ་ཤེས་ལ་མངའ་མཛད་པ། འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུར་བཞེངས་ནས་ཐུབ་བསྟན་ཉིན་མོར་བྱེད་པའི་ཕྲིན་ལས་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ། །རྒྱལ་དབང་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་མཛད་པའི་བསྟན་བཅོས་ཚིག་ཉུང་དོན་ཟབ་འདི་འཆད་པ་ལ་


KMC007_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། བརྩམ་པ་ལ་འཇུག་བྱེད་ཀླད་ཀྱི་དོན། འཇུག་བྱ་གཞུང་གི་དོན། ཞུགས་ཟིན་མཇུག་གི་དོན་ནོ། །དང་པོ་ལ་གསུམ། བསྟན་བཅོས་ཀྱི་མཚན་བསྟན་པ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བའོ། །དང་པོ་ནི། རྣམ་ཤེས་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས། ཞེས་གསུངས་ཏེ། འཁྲུལ་པ་དང་བཅས་པའི་སེམས་ཅན་ལ་འཁོར་བའི་རྩ་བ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཇི་ལྟར་ཡོད་པ་དང་། འཁྲུལ་པ་བྲལ་བའི་སངས་རྒྱས་ལ་མྱ་ངན་འདས་ཀྱི་རང་བཞིན་ཡེ་ཤེས་ཇི་ལྟར་སྣང་བ་དང་། དེ་གཞི་གཅིག་ལ་རྣམ་པར་ཐ་དད་དུ་སྣང་བའི་ཚུལ་རྣམ་པར་འབྱེད་པ་སྟེ། རྣམ་ཤེས་འཁྲུལ་པའི་སྐྱོན་འཆོས་ཤིང་ཡེ་ཤེས་དྲི་བྲལ་གྱི་རང་བཞིན་ཏུ་སྐྱོབ་པའི་ཡོན་ཏན་གཉིས་ལྡན་གྱི་ཕྱིར་ན་བསྟན་བཅོས་ཞེས་བྱ་བ་སྟེ། དབུ་ཞབས་བཙལ་སླ་ཞིང་གཞུང་དོན་མདོར་བསྟན་གྱི་ཚུལ་དུ་བསྟན་པར་བཞེད་ནས་དོན་དང་བྱེད་ལས་ལས་མཚན་དུ་བཏགས་པར་མཛད་དོ། །དེའང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། འཁོར་བ་རྣམ་རྟོག་ཙམ་


KMC007_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ། །རྣམ་རྟོག་མེད་པ་ཐར་པ་ཡིན། །ཅེས་གསུངས་པ་ལྟར། འཁོར་འདས་སུ་སྒྲོ་བཏགས་པ་ནི་སེམས་རྣམ་པར་རྟོག་པའི་དྲི་བཅས་དང་དྲི་མེད་ལ་དབྱེ་བས་ཕྱེ་བ་ཙམ་ཡིན་པས། །ཚུལ་འདི་རྟོགས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཕྱག་འཚལ་ལོ་ཞེས་པ་བཤད་གཞིར་དྲང་། གང་གིས་འཚལ་ན་བསྟན་བཅོས་རྩོམ་པ་པོ་རང་བྱུང་རྡོ་རྗེས་སོ། །དུས་གང་དུ་འཚལ་ན་འདི་ཉིད་རྩོམ་པའི་ཐོག་མར་རོ། །ཡུལ་གང་ལ་འཚལ་ན་སྤང་བྱ་གློ་བུར་གྱི་སྒྲིབ་པ་གཉིས་སངས་ཤིང་རྟག་བྱ་དྲི་བྲལ་མཁྱེན་གཉིས་རབ་ཏུ་རྒྱས་པའི་སངས་རྒྱས་དང་། བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་གཞན་དོན་དུ་སེམས་དཔའ་རྒྱལ་བའི་སྲས་སུ་གྱུར་པ་དུས་གསུམ་དུ་གཤེགས་ཤིང་བཞུགས་པ་ཐམས་ཅད་ལའོ། །ཚུལ་ཇི་ལྟར་ན་སྒོ་གསུམ་གུས་ཤིང་དད་པའི་ཚུལ་གྱིས་སོ། །དགོས་པ་གང་གི་ཕྱིར་ན། རྒྱུད་ལ་


KMC007_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་ཚོགས་འཕེལ་ཞིང་བར་ཆད་ཞི་བས་རྩོམ་པའི་བྱ་བ་མཐའ་ཕྱིན་པར་འགྱུར་བ་དང་། འཕྲལ་ཡུན་གྱི་བདེ་བ་མངོན་མཐོ་དང་ངེས་པར་ལེགས་པའི་ཕུན་ཚོགས་འཐོབ་པར་འགྱུར་བ་སྟེ། རྒྱལ་བའི་ཡུམ་ལས། རིགས་ཀྱི་བུ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་ན། དེ་ཐམས་ཅད་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་རོ་ཞེས་གསུངས་སོ། །གསུམ་པ་ནི། ཐོས་དང་ནས། བརྗོད་པར་བྱ། ཞེས་གསུངས་ཏེ། རྗེ་ཉིད་ངེས་དོན་དུ་སངས་རྒྱས་ཀྱི་རྣམ་ཐར་འཛིན་པ་ཡིན་ཀྱང་གདུལ་བྱ་བྱིས་པའི་སྐྱེ་བོ་རྗེས་སུ་བཟུང་པའི་སླད་དུ་སོ་སྐྱེའི་གང་ཟག་ལྟར་བསྟན་ཏེ། དྲི་མ་མེད་པའི་ཚུལ་ཁྲིམས་ཀྱི་བསླབ་པར་གཞིར་བཞག །ཐོག་མ་ཉིད་དུ་དགེ་བའི་་བཤེས་གཉེན་མཁས་ཤིང་གྲུབ་པ་བརྙེས་པ་དུ་མའི་ཞལ་སྔ་ནས་ཐོས་པ་ཕྱོགས་མེད་དུ་མཛད། བར་དུ་མནོ་བསམ་གྱི་རྟོག་དཔྱོད་ཞིབ་མོས་ཐོས་པའི་དོན་ཐུགས་སུ་ཆུད་པ་ལ་རབ་ཏུ་བརྟེན་ནས། མཐར་ཐོས་བསམ་གྱི་དོན་དེ་ཉིད་ནང་དུ་


KMC007_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་བསྒོམས་ཏེ་བསྒྲུབས་པས་འབྲས་བུ་ལ་ཡང་དག་པར་སྦྱོར་བའི་ཕྱིར། རང་བྱུང་རྡོ་རྗེ་བདག་ཉིད་ཕྱི་འདུ་འཛི། ནང་ཉོན་མོངས། གསང་བ་འཁྲུལ་རྟོགས་གི་རྣམ་པར་གཡེང་བས་དབེན་པར་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མཉམ་པར་བཞག་སྟེ་འདུག་པར་གྱུར་པ་ན། འཁྲུལ་གྲོལ་གྱི་ཆོས་ཚུལ་ཟབ་མོ་འདི་ཇི་བཞིན་རྟོགས་ནས་མཁྱེན་པའི་ཡེ་ཤེས་ལ་གསལ་བར་སྣང་བ་སྟེ། དེ་ཉིད་རྗེས་ཐོབ་དམིགས་པ་མེད་པའི་ཐུགས་རྗེས་སྐལ་ལྡན་གྱི་གདུལ་བྱ་གཞན་དོན་གྱིས་རྟོགས་པའི་ཕྱིར་ཆེད་དུ་བརྗོད་པར་བྱའོ། །ཞེས་གདམས་ངག་རྣམ་ཐར་གྱི་སྒོ་ནས་འདོམས་པའང་ཡིན་ནོ། །དེའང་སངས་རྒྱས་གཉིས་པ་དབྱིག་གཉེན་གྱི་ཞལ་ནས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་གསུངས་པ་ལྟར། གང་ཞིག་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པའི་རྟེན་གྱིས་གང་ཟག་གིས། ཐོག་མ་ཁོ་ནར་ཡོན་ཏན་གྱི་གཞི་རྟེན་ཚུལ་ཁྲིམས་དྲི་མ་མེད་པ་ཞིག་བསྲུང་དགོས་ཏེ། བཤེས་སྤྲིང་


KMC007_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་གཞི་རྟེན་ལགས་པར་ཐུབ་པས་གསུངས། །ཞེས་གསུངས། ཚུལ་ཁྲིམས་དང་ལྡན་པས་ཐོས་པ་རྒྱ་ཆེན་པོ་བྱ་དགོས་ཏེ། ཅིའི་ཕྱིར་ན། སངས་རྒྱས་ཐོབ་པ་ལ་བདག་མེད་གཉིས་ཀྱི་དོན་རྟོགས་དགོས། དེ་རྟོགས་པ་ལ་བཀའ་དང་བསྟན་བཅོས་ཀྱི་དོན་གོ་བའི་ལུང་དང་རིགས་པ་ཤེས་དགོས། དེ་ཤེས་པ་ལ་ཐོས་པ་བྱེད་དགོས། དེ་མ་བྱས་ན་བདག་མེད་གཉིས་ཀྱི་དོན་མི་རྟོགས། དེ་མ་རྟོགས་ན་བདག་མེད་ཀྱི་སྒོམ་མི་ཤེས། བདག་མེད་སྒོམ་མ་ཤེས་ན་སྒོམ་བྱས་ཀྱང་སྒོམ་བྱུང་གི་ཤེས་རབ་མི་སྐྱེ་དེ་མ་སྐྱེས་ན་འཕགས་པའི་མཐོང་ལམ་སྐྱེ་མི་སྲིད། དེ་མ་སྐྱེས་ན་སྒོམ་པ་མཐར་ཐུག་གི་སངས་རྒྱས་འཐོབ་པ་མི་སྲིད་པ་ཡིན་ཏེ། ཐེག་སྡུས་ལས། ཐོས་སོགས་བག་ཆགས་མེད་པར་ནི། །དེ་འབྲས་སྐྱེ་བར་མི་རིགས་ཕྱིར། །ཅེས་པ་ལ་སོགས་པ་མང་དུ་གསུངས་སོ། །དེས་ན་ཐོས་པའི་ཤེས་རབ་མེད་ན། བླང་དོར་གྱི་ཆ་མི་ཕྱེད་པས་བྱ་བ་གང་བྱེད་ཀྱང་སྟོབས་ཆུང་། སྐྱེ་བ་ཐམས་ཅད་དུ་དབང་པོ་


KMC007_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་པོར་འགྱུར། སྒོམ་བྱས་ཀྱང་བདག་འཛིན་གྱི་རྩ་བ་མི་ཆོད། དེ་ལ་སོགས་པ་ཉེས་དམིགས་མང་ངོ་། །ཐོས་པ་དང་ལྡན་ན། ཤེས་བྱ་ལ་མཁས་པས་བློ་མི་རྨོངས། རང་གི་བློ་གྲོས་རྒྱས་པས་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ། སེམས་ཀྱི་རྒྱུད་རྣམ་པར་གྲོལ་བས་བློ་བདེ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ། ཚེ་རབས་ཐམས་ཅད་དུ་ཤེས་རབ་ཕུན་སུམ་ཚོགས། དབང་པོ་རྣོ་ཞིང་ཐོས་པ་འཛིན། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་དང་མཇལ་ཞིང་ཆོས་ཀྱི་དོན་ལ་འབེལ་བའི་གཏམ་བྱེད་པར་ནུས། རང་གི་ཤེས་སྒྲིབ་སྦྱོང་། གཞན་ལ་ཆོས་ཀྱི་འཁོར་ལོ་ཕྱིན་ཅི་མ་ལོག་པར་བསྐོར་བ་ལ་སོགས་པའི་ཡོན་ཏན་འབྱུང་སྟེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཞེས་གསུངས་པ་དང་། དཀོན་མཆོག་


KMC007_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པ་ལས་ཀྱང་། །ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་སྡིག་པ་སྤོང་བར་བྱེད། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཐོས་བསམ་གྱི་ཤེས་རབ་མེད་ཅིང་བདག་མེད་གཉིས་ཀྱི་དོན་མ་གོ་བར་བླུན་སྒོམ་བྱས་ན་ཏིང་ངེ་འཛིན་ཅུང་ཟད་ཐོས་ཀྱང་ཉོན་མོངས་པའི་རྩ་བ་སྤོང་མི་ནུས་པས་འཁོར་བར་ལྟུང་སྟེ། དཔེར་ན་མུ་སྟེགས་རིངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱིས་ལོ་བཅུ་གཉིས་སུ་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་མཐར་ཕྱིན་པར་སྐྱེས་པ་ལྟ་བུ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱིས། །དེས་ནི་བདག་ཏུ་འཛིན་པ་འཇིག་མི་བྱེད། །དེ་ནི་ཉོན་མོངས་ཕྱིར་ཞིང་རབ་འཁྲུགས་ཏེ། །ལྷག་སྤྱོད་འདི་ནི་ཏིང་འཛིན་བསྒོམ་པ་བཞིན། །ཞེས་གསུངས་སོ། །ཐོས་བསམ་གྱི་ཤེས་རབ་ཟབ་མོའི་མིག་ཐོབ་ནས་བསྒོམ་པ་དོན་དུ་གཉེར་བ་ལས་ཤིན་ཏུ་བརྩོན་པས་བྱ་དགོས་ཏེ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་


KMC007_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ནས་བསྒོམ་པ་ལ་ནི་སྦྱོར་བ་སྟེ། །དེ་ལས་དངོས་གྲུབ་བླ་ན་མེད་པ་ཐོབ། །ཅེས་གསུངས་པ་དང་། འཕགས་པ་བྱང་ཆུབ་སེམས་དཔའི་ས་བཅུ་བསྟན་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་ལས་དང་པོ་བ་དེ་ནི་ཐོག་མ་ཉིད་དུ་ཁ་ཐོན་དུ་བསྐུལ་བར་བྱའོ། །མང་དུ་ཐོས་ནས་དབེན་པ་ལ་བསྐུལ་བར་བྱའོ། །ཞེས་གསུངས། སྒོམ་པ་དང་མི་ལྡན་ན་སྐྱོན་ཅི་ཡོད་སྙམ་ན། སྒོམ་པ་དང་མི་ལྡན་པའི་ཐོས་བསམ་རྐྱང་པས་དོན་དམ་པའི་བདེན་པ་མངོན་སུམ་དུ་མི་རྟོགས་ཏེ། ཕལ་ཆེ་ལས། ཅི་ལྟར་བུ་རམ་མངར་བའི་རོ། །བཤད་པས་མྱང་བར་མི་འགྱུར་ཏེ། །ནམ་ཞིག་བུ་རམ་ཟོས་པ་ན། །མངར་བའི་རོ་ནི་མྱང་བ་བཞིན། །སྟོང་པ་ཉིད་ཀྱི་དོན་དེ་དག །བཤད་པས་རོ་ནི་མྱང་མི་འགྱུར། །ནམ་ཞིག་དེ་ལ་བཏུད་བསྒོམས་ན། །རང་རིག་དེ་ལ་སྐྱེ་བར་འགྱུར། །ཅེས་གསུངས་སོ། །དེས་ན་ཐར་པ་དོན་ཏུ་གཉེར་བའི་


KMC007_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་རྣམས་ཀྱིས། དང་པོར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱིས་སྒོ་གསུམ་དག་པར་བྱས་ནས། དེ་ནས་ཐོས་པའི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད། རིག་པའི་སྒོ་ནས་བསམ་བྱུང་གི་ཤེས་རབ་ཀྱིས་ཐོས་པའི་དོན་དེ་འཁྲུལ་མ་འཁྲུལ་ཡང་ཡང་བསམ་ཞིང་གོམ་པར་བྱ། དེ་ནས་མ་འཁྲུལ་བའི་དོན་དེ་སྦྱོར་དངོས་རྗེས་གསུམ་དང་ལྡན་པར་བསྒོམས་ན་འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་སྦྱོར་ལམ་དུ་བདག་མེད་གསལ་སྣང་ཐོབ་ཅིང་། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་མཐོང་ལམ་དུ་བདག་མེད་མངོན་སུམ་གྱི་ཚུལ་གྱིས་མཐོང་ཞིང་། སྒོམ་ལམ་དུ་དེ་གོམ་པར་བྱས་ལ། གོམས་པ་མཐར་ཐུག་པས་ཐར་པ་དང་ཐམས་ཅད་མཁྱེན་པ་དེ་ཐོབ་པ་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། ཚུལ་ཁྲིམས་ལ་གནས་ཏིང་ངེ་འཛིན་འཐོབ་ཏེ། །ཏིང་འཛིན་ཐོབ་ནས་ཤེས་རབ་སྒོམ་པར་བྱེད། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་དག་འཐོབ། །ཡེ་ཤེས་རྣམ་དག་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་གསུངས་ཏེ། དཔེར་


KMC007_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཞིང་དང་། ས་བོན་དང་། ཆུ་ལུད་དྲོད་གསུམ་ཚང་ནའབྲས་བུ་སྟོན་ཐོག་དེ་འབྱུང་ལ། ཅིག་མ་ཚང་ན་འབྲས་བུ་དེ་མི་འབྱུང་བ་བཞིན། ཚུལ་ཁྲིམས་ཀྱི་ས་གཞི། ཐོས་པའི་ས་བོན། བསམ་སྒོམ་གྱི་ཆུ་ལུད་དྲོད་གཤེར་ཐམས་ཅད་ཚང་ན་སངས་རྒྱས་ཀྱི་འབྲས་བུ་བདེ་བླག་ཏུ་སྨིན་པ་ཡིན་ནོ། །རྩ་བའི་གཉིས་པ་གཞུང་གི་དོན་ལ་གསུམ། རྣམ་ཤེས་ཀྱི་ཕྱོགས་བཤད་པ། ཡེ་ཤེས་ཀྱི་ཕྱོགས་བཤད་པ། །དེ་དག་གི་དོན་མདོར་བསྡུའོ། །དེའི་དང་པོ་ལ་བཞི། འཁྲུལ་དང་མ་འཁྲུལ་པའི་རྩ་བ་སེམས་ཉིད་དུ་བཤད་པ། སྣང་བ་སེམས་སུ་སྒྲུབ་པ། སེམས་སྐྱེ་མེད་དུ་བསྟན་པ། འཁྲུལ་པའི་རྒྱུ་རྐྱེན་ཚོགས་བརྒྱད་བཤད་པའོ། །དང་པོ་ལའང་གསུམ། གཞན་གྱིས་ལོག་པར་རྟོག་པ། རྒྱལ་བས་ཇི་ལྟར་བསྟན་པ། རང་གིས་རྟོགས་ནས་སྟོན་ཚུལ་ལོ། །དང་པོ་ནི། ཁམས་གསུམ་ནས། བསྐྱེད་ཅེས་སྨྲ། ཞེས་གསུངས་ཏེ། རྣམ་པར་ཤེས་པས་བསྡུས་པ་འཁྲུལ་བའི་རང་བཞིན་ཅན། འདོད་པ་དང་གཟུགས་དང་གཟུགས་མེད་པའི་


KMC007_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་དུ་འཁོར་བའི་སེམས་ཅན་འདི་དག་ཐམས་ཅད་རྒྱུ་ཅི་ལས་བྱུང་བའི་ཚུལ་ནི། གྲུབ་མཐའ་ལ་མ་ཞུགས་པའི་བྱིས་པའི་སྐྱེ་བོ་རྣམས་ཀྱིས་རྟོག་དཔྱོད་མི་ཤེས་པས་ཅིའང་མ་རྟོགས་པ་དང་། གྲུབ་མཐའ་ལ་ཞུགས་པའི་མུ་སྟེགས་བྱེད་རྣམས་ཀྱིས་རྒྱུ་རྐྱེན་ལོག་པར་རྟོག་པ་དང་། ནང་པ་ཉན་ཐོས་པ་རྣམས་ཀྱིས་ཕྱོགས་ཙམ་རྟོགས་པ་ལས་སྣང་བ་སེམས། སེམས་སྟོང་ཉིད། སྟོང་ཉིད་རྟེན་འབྲེལ་དུ་འཆར་བའི་ཚུལ་ཡང་དག་པའི་དོན་ཇི་བཞིན་ཉིད་མ་རྟོགས་པས་སྒྲོ་སྐུར་མང་དུ་སྨྲ་བར་བྱེད་དོ། །དེའང་མུ་སྟེགས་གྲངས་ཅན་པ་རྣམས་ནི། བདེ་སྡུག་བཏང་སྙོམས་གསུམ་མམ། རྡུལ་མུན་པ་སྙིང་སྟོབས་གསུམ་ཆ་མཉམ་པའི་རྒྱུ་གཙོ་ཞེས་བྱ་བ་རྟག་པ། གཅིག་པུ། བེམ་པོ་ཡིན་པ། ལྐོག་ཏུ་གྱུར་པ། རྣམ་འཕྲུལ་སྤྲུལ་པ་ལ་མཐུ་ཐོགས་པ་མེད་པ་སྟེ། མཚན་ཉིད་ལྔ་དང་ལྡན་པ་ཡོད་པས། རྒྱུ་གཙོ་བོ་ལ་འབྲས་བུ་རྣམ་འགྱུར་ཡོད་པ་སྐྱེ་བས། བདག་ལས་བདག་སྐྱེ་བར་འདོད་པ་དང་དབང་ཕྱུག་པ་རྣམས་ནི། དབང་ཕྱུག་བྱ་བ་


KMC007_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ། རྟག་པ། གཡོ། ལྷ་ཡིན་པ། བཀུར་བྱ་ཡིན་པ། གཙང་བ། བྱེད་པ་པོ་ཡིན་པ། རང་དབང་ཅན་ཡིན་པ་སྟེ། །མཚན་ཉིད་བརྒྱད་དང་ལྡན་པ་གཅིག་ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱི་རྒྱུར་ཡོད་པས། །རྒྱུ་གཞན་ལས་འབྲས་བུ་གཞན་སྐྱེ་བར་འདོད་པ་དང་། ཁྱབ་འཇུག་པ་ལ་སོགས་ཀྱིས་ནི་མཚན་ཉིད་ལྔ་ལྡན་གྱི་བདག་དང་བྱེད་པ་པོ་གཞན་གྱི་ནུས་པ་གཉིས་ཀ་ལས་ཕྱི་ནང་གི་དངོས་པོ་རྣམས་བྱུང་བར་འདོད་པ་དང་། རྒྱང་འཕེན་པ་རྣམས་ཀྱིས་ནི། སྣོད་བཅུད་ཐམས་ཅད་རྒྱུ་མེད་པ་ལས་རང་བཞིན་གྱིས་བྱུང་བ་འདོད་དེ། ཇི་སྐད་དུ། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེ་མ་གཟང་རིང་རྣོ་བ་དང་། །རྨ་བྱའི་མདངས་ལེགས་གང་ཡིན་དེ་དག་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་ཟེར་ནས་འཇིག་རྟེན་མངོན་སུམ་གྱི་སྣང་ཚུལ་ཡང་རྒྱང་རིང་དུ་འདོར་བས་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་ནང་ནས་ཐ་ཆད་པའོ། །བྱེད་པོ་ཁས་ལེན་པ་ལའང་བོད་དུ་སྣོད་བཅུད་ལེགས་ཉེས་ཐམས་ཅད་སྒམ་


KMC007_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕྱ་ཞེས་བྱ་བས་བྱས་པར་འདོད་པ་དང་། མུ་སྟེགས་པ་རྣམས་ཀྱིས་དབང་ཕྱུག་དང་། ཚངས་པ་དང་། ཁྱབ་འཇུག་གིས་བྱས་ཤིང་བདག་དང་འཇིག་རྟེན་བསྐྱེད་པ་ཡིན་ཞེས་སྨྲ་བར་བྱེད་དེ། དེ་དག་ནི་ལོག་པར་རྟོག་པའི་འཁྲུལ་པ་ཤ་སྟག་ཡིན་པས་རིང་དུ་འདོར་བར་བྱའོ། །ཡང་ནང་པའི་གྲུབ་མཐའ་བཞིའི་དང་པོ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་ཕྱི་རོལ་དུ་དོན་ཏུ་སྣང་བའི་དངོས་པོ་འདི་མི་བདེན་ཀྱང་། རྫས་རྡུལ་ཆ་ཤས་མེད་པ་དབང་པོའི་སྤྱོད་ཡུལ་མིན་པའི་དོན་དམ། །ནང་ཤེས་པ་སྐད་ཅིག་ཆ་མེད་སེམས་ཀྱི་རྡུལ་ཏེ་སྔ་མ་ལ་དངོས་པོ་གཞན་གྱིས་བཅོས་མི་ནུས་པ་དང། སེམས་རྡུལ་བློ་ཡིས་དཔྱོད་མི་ནུས་པས་རྟག་པ་དེ་འདུས་ནས་བསགས་རྡུལ་དབང་ཤེས་ཀྱི་ཡུལ་དུ་གྲུབ་པའི་ཀུན་རྫོབ་ཀྱི་དངོས་པོ་མི་རྟག་པའི་མཚན་ཉིད་འདི་གྲུབ་བོ་ཞེས། ཕྱི་རོལ་གྱི་དོན་གཟུགས་སྒྲ་དྲི་རོ་རེག་ཆོས་སོ་སོའི་རྡུལ་བདེན་པ་ཁས་ལེན་ནོ། །རྫས་རྡུལ་ལ་ཤེས་རབ་ཀྱིས་ཕྱོགས་དྲུག་གམ་བཅུར་ཕྱེ་བ་དང་། སེམས་རྡུལ་ལ་དུས་གསུམ་དུ་དབྱེ་ན་གྲུབ་པ་མེད་


KMC007_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པས་མི་འཐད་ལ། ཆ་ཤས་མེད་ན་རགས་པའང་རྩོམ་མི་ནུས་སོ། །ཡང་ཉན་ཐོས་མདོ་སྡེ་པས་ནི། ཕྱི་དོན་གཟུགས་སོགས་མངོན་སུམ་འདི་ནི་ཀུན་རྫོབ་ཡིན་པས་ཤེས་པ་ལ་མངོན་སུམ་དུ་མི་སྣང་སྟེ་དབང་པོ་དང་ཡུལ་འཕྲད་པ་ནའང་སྤོས་རྒྱའི་ཐལ་བའི་རི་མོ་འདྲ་བ་ཞིག་སྣང་བ་ཡིན་ལ། ཕྱི་དོན་རྣམ་པ་ཤེས་ལ་གཏོད་པར་བྱེད་པའི་དོན་རང་མཚན་པ་ནི་ཕག་གམ་ལྐོག་ན་མོ་ཡི་རྫས་སུ་བདེན་པར་ཡོད་པས། དེས་བདག་སྟེ་ནང་གང་ཟག་དང་ཕྱི་འཇིག་རྟེན་གྱི་ཁམས་སམ་ཡུལ་ཆོས་རྣམས་བསྐྱེད་པ་ཡིན་ཅེས་སྨྲའོ། །དེའང་མ་འཐད་དེ། ཕག་ན་མོ་དེ་ཤེས་པ་ལ་སྣང་ན་ཕག་ན་མོར་འགལ་ལ། མི་སྣང་ན་རྣམ་པ་ཡང་གཏོད་མི་ནུས་པར་འགྱུར་རོ། །གཉིས་པ་ནི། ཐམས་ཅད་ནས་རྣམས་ལ་གསུངས། ཞེས་པས་བསྟན་ཏེ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་པས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་རྫོགས་པའི་སངས་རྒྱས། འཇིག་རྟེན་ན་འགྲན་ཟླ་སྤངས་པའི་ཉག་མ་


KMC007_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་དེས་ནི། ཁམས་གསུམ་པོ་འདི་དག་མ་རིག་པས་བསླད་པའི་སེམས་རྣམ་པར་རྟོགས་པའི་རང་གཟུགས་ཙམ་ལས་དོན་ལ་གྲུབ་པ་མེད་པར་གསུངས་ཏེ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་ས་བཅུ་པའི་མདོ་ལས་གསུངས་པ་དང་། ལངྐར་གཤེགས་པ་ལས་ཀྱང་། མེ་ལོང་ལ་ནི་གཟུགས་སྣང་ཡང་། །ཡིན་པ་མེད་པ་སྣང་བ་ལྟར། །སེམས་ཀྱི་སྣང་བ་མི་ཤེས་པར། །རྣམ་པར་རྟོག་པ་རྣམ་གཉིས་སྐྱེ། །རྣམ་རྟོག་བག་ཆགས་འབྲེལ་བ་ཡིས། །སྣ་ཚོགས་སེམས་ལས་བྱུང་བ་སྟེ། །མི་རྣམས་ལ་ནི་ཕ་རོལ་སྣང་། །འཇིག་རྟེན་ཁམས་ནི་སེམས་ཙམ་མོ། །ཞེས་གསུངས་པ་དང་། སྔགས་ལས་ཀྱང་། རིན་ཆེན་སེམས་ལས་ཕྱིར་གྱུར་བའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་རྣམས། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་གསུངས་སོ། །དེས་ན་དངོས་པོ་འདི་རྣམས་མུ་སྟེགས་བྱེད་ཀྱི་འདོད་པ་ལྟར། བདག་ལས་ཀྱང་བདག་ཉིད་སྐྱེ་བ་མ་ཡིན་ཏེ་བདག་རང་གྲུབ་


KMC007_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཡང་སྐྱེད་མི་དགོས་པ་དང་། གཞན་ལས་གཞན་སྐྱེ་བའང་མ་ཡིན་ཏེ། གཞན་ཅེས་པའང་བདག་ལ་ལྟོས་དགོས་ན་ལྟོས་གཞིའི་བདག་མེད་པར་སུ་ཞིག་གཞན་དུ་འཐད། འོན་ཀྱང་གཞན་གྱིས་གཞན་སྐྱེད་ན་ཉི་མས་མུན་པ་དང་རེ་ལྡེས་བུམ་པ་སོགས་བསྐྱེད་དགོས་པ་ལ་དེ་འདྲ་སྲིད་པ་མ་ཡིན་ནོ། །གཉིས་ཀ་འདུས་པ་ལས་ཀྱང་བསྐྱེད་པ་མིན་སྟེ་སྐྱོན་སྔ་མ་གཉིས་ཀར་འགྱུར་བའམ། ཡང་ན་བདག་གཞན་དུས་མཉམ་ནི་རྭ་གཡས་གཡོན་ལྟར་ཕན་ཚུན་རྒྱུ་རྐྱེན་དུ་མི་འཐད་དོ། །རྒྱུ་མེད་པ་ནི་དབང་པོའི་མངོན་སུམ་དུ་ས་བོན་ལས་མྱུ་གུར་སྐྱེ་བ་སོགས་མཐོང་བཞིན་པས་འཐད་པ་མིན་ལ། འོ་ན་ཇི་ལྟར་ཡིན་ཞེ་ན། འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ནི་དོན་དམ་པར་སྤྲོས་པའི་མཐའ་ལས་འདས་པའི་སྟོང་པ་ཉིད་ལ་ཀུན་རྫོབ་ཀྱི་སྣང་བར་རྒྱུ་དང་འབྲས་བུ་ཕན་ཚུན་གཅིག་ལ་གཅིག་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། གང་བརྟེན་ནས་བྱུང་བ་དེ་ཉིད་ལ་ནི། རང་གིས་ངོ་བོས་གྲུབ་པའི་བདེན་དངོས་ཀྱིས་སྟོང་པའོ། །


KMC007_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་རང་གི་ངོ་བོ་ཆུ་ཟླ་ལྟ་བུར་གཟུང་འཛིན་གཉིས་སུ་སྣང་བ་ནི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། སྣང་བ་ཙམ་དེ་ཉིད་ཀྱང་རང་བཞིན་གྱིས་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་གི་ངོ་བོ་སྟོང་པ་ཉིད་དུ་བཞུགས་པ་ནི་ཆོས་ཉིད་དོན་དམ་པའི་བདེན་པ་ཡིན་ཏེ། ཡེ་ཤེས་སྙིང་པོས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་ཡིན། །ཞེས་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུད་པ་ལས་ཡང་། ཀུན་རྫོབ་ནི་གཉིས་སུ་སྣང་བའོ། །བདེན་པ་ནི་ཆུ་ཟླ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་མཚན་མ་ཐམས་ཅད་དང་བྲལ་བ་སྟེ། དེའི་གནས་ནི་སྟོང་པ་ཉིད་བཅོ་བརྒྱད་དོ། །ཞེས་གསུངས་སོ། །དེ་ལྟར་ཀུན་རྫོབ་གཉིས་སུ་སྣང་བ་དང་། དེའི་རང་བཞིན་སྟོང་པ་ཉིད་དོན་དམ་པའི་བདེན་པ་གཅིག་གམ་ཐ་དད་ཅེ་ན། གཅིག་པ་ཡང་མ་ཡིན་ཏེ། ཀུན་རྫོབ་བདེན་པ་འཁྲུལ་སྣང་དུ་གྲུབ་ཀྱང་དོན་དམ་དུ་མ་གྲུབ་ལ། དོན་དམ་བདེན་པ་ཆོས་ཉིད་དུ་གྲུབ་ཀྱང་ཀུན་རྫོབ་ཏུ་མ་གྲུབ་སྟེ། དཔེར་ན་ཆུ་ཟླར་སྣང་


KMC007_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཟླ་དངོས་སུ་མ་གྲུབ་ལ། ཟླ་དངོས་ཉིད་ཆུ་ཟླར་མ་གྲུབ་པ་བཞིན་ནོ། །གཅིག་པ་ཡིན་ན་ཀུན་རྫོབ་བདེན་པ་མཐོང་བས་དོན་དམ་བདེན་པ་མཐོང་བར་འགྱུར་བ་ལ་སོགས་པའི་སྐྱོན་བཞི་ཡོད་པར་དགོངས་འགྲེལ་ལས་གསུངས་སོ། །བདེན་གཉིས་ཐ་དད་པ་ཉིད་ཀྱང་མ་ཡིན་ཏེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པའི་ཚེ་དངོས་གནས་སུ་ཐག་པ་ཡོད་ལ་སྦྲུལ་མེད་ཀྱང་འཁྲུལ་སྣང་དུ་ཡོད་མེད་གཉིས་གཞི་གཅིག་ལ་ཚོགས་པས་ཐ་དད་མ་ཡིན་པ་ལྟར། ཀུན་རྫོབ་སྣང་བ་གང་དོན་དམ་སྟོང་ཉིད་དབྱེར་མེད་པས་ཐ་དད་དུ་གྲུབ་པ་མ་ཡིན་ནོ། །ཐ་དད་ཡིན་ན་དོན་དམ་བདེན་པ་ཀུན་རྫོབ་བདེན་པའི་ཆོས་ཉིད་མ་ཡིན་པར་འགྱུར་བ་ལ་སོགས་པ་སྐྱོན་བཞི་དགོངས་འགྲེལ་ལས་གསུངས་སོ། །དེས་ན་བདེན་པ་གཉིས་ནི་གཅིག་པ་ཉིད་དང་། ཐ་དད་པ་དང་རྣམ་པར་བྲལ་ཞིང་སྣང་སྟོང་དབྱེར་མེད་དུ་གནས་པ་ཡིན་ཏེ། ཡང་དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་


KMC007_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །ཞེས་གསུངས་སོ། །གཅིག་ཐ་དད་གཉིས་ཀ་མིན་པའི་རྫུན་པའང་མིན་ཏེ། ཀུན་རྫོབ་ནི་འཁྲུལ་ངོར་རྒྱུ་འབྲས་མི་བསླུ་བའི་ཕྱིར་དང། དོན་དམ་ནི་གནས་ལུགས་སུ་བདེན་པའི་ཕྱིར་རོ། །འོ་ན་གཉིས་ཀ་བདེན་པའོ་ཞེ་ན། ཀུན་རྫོབ་སྣང་ཡང་རང་བཞིན་མ་གྲུབ་པའི་སྟོང་པ་ཡིན་ལ། དོན་དམ་བློའི་སྤྱོད་ཡུལ་ལས་འདས་པས་བདེན་པར་གྲུབ་པའི་རྣམ་གཞག་རྣམ་པར་སྤངས་ཤིང་དམ་བཅའ་བྱར་མེད་དོ། །དཔེར་ན། སྒྱུ་མ་ནི་རྟ་གླང་གི་དངོས་པོར་བདེན་པར་མེད་ཀྱང་དེར་སྣང་བ་དང་། ལ་སོགས་པའི་ཁོངས་ནས། སྨྲིག་རྒྱུ། བྲག་ཆ། མིག་ཡོར། གཟུགས་བརྙན། འཇའ་ཚོན། སྤྲིན་གློག་རྣམས་མེད་བཞིན་ཏུ་སྣང་བ་དང་མཚུངས་པ་སྟེ། དབུ་མ་བྱང་ཆུབ་སེམས་འགྲེལ་ལས། མ་རིག་ནས་བརྩམས་རྒ་ཤིའི་བར། །མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། །བརྟེན་ནས་འབྱུང་བར་བྱ་བ་ནི། །ཁོ་བོས་རྨི་ལམ་སྒྱུ་འདྲར་འདོད། །ཅེས་པ་དང་། ན་རོ་པའི་ལྟ་བ་མདོར་བསྡུས་ལས་ཀྱང་། རང་རིག་སྤྲོས་བྲལ་དེ་ཉིད་ཀྱང་། །སྣང་ཞིང་


KMC007_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ལ་སྟོང་ཞིང་སྣང་། །དེ་ཕྱིར་སྣང་སྟོང་དབྱེར་མེད་དོ། །དཔེར་ན་ཆུ་ཡི་ཟླ་བ་བཞིན། །ཞེས་གསུངས་སོ། །དེས་ན་ཁམས་གསུམ་པོ་ཐམས་ཅད་དེ་ལྟ་བུར་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་ཚུལ་དེ་རྟོགས་པར་བྱེད་པའི་ཐབས་རྣམས་སེམས་ཅན་རྣམས་ལ་གསུངས་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ནས་གསལ་བརྗོད་བྱ། ཞེས་གསུངས་ཏེ། དེ་ལྟར་འཁྲུལ་པ་འཁོར་བ་རྣམ་ཤེས་ཀྱི་ཕྱོགས་དང་། མ་འཁྲུལ་པ་མྱང་འདས་ཡེ་ཤེས་ཀྱི་ཕྱོགས་གཉིས་པོའི་རྩ་བ་གང་ལས་ཇི་ལྟར་བྱུང་བ་ཡིན་ཅེས་རང་གིས་རྟོགས་ཤིང་གཞན་ལ་སྟོན་ནུས་པའང་རྒྱུ་རྐྱེན་རྟེན་འབྲེལ་ཟབ་མོ་ལ་བརྟེན་པ་ཡིན་ཏེ། དཔེར་ན། གཡའ་དག་པའི་མེ་ལོང་ལས་ནི་རང་གི་གཟུགས་བརྙན་བྱད་བཞིན་མཛེས་མི་མཛེས་རྟོགས་པ་ལྟར། བླ་མའི་མན་ངག་དང་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ལ་བརྟེན་ནས་ཐོས་བསམ་གྱི་ཤེས་རབ་བསྐྱེད་པས་བདེན་པ་གཉིས་ཀྱི་གནས་ཚུལ་གོ། དུ་བ་བྱུང་བ་ལས་མེ་ཡོད་པར་རྗེས་སུ་དཔོགས་པ་བཞིན་


KMC007_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའི་མངོན་རྟོགས་རྒྱུད་ལ་བསྐྱེད་པས་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱང་མཚོན་ཏེ། མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅན་གདོད་ནས་སྤྲོས་པའི་མཐའ་ལས་འདས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ཅིའང་སྣང་བ་དེ་ཉིད། སྐྱེས་སྦྱང་ཤེས་རབ་ཟབ་མོ་ལ་བརྟེན་ནས་མ་ནོར་ཇི་བཞིན་རྟོགས་པར་གྱུར་པ་དེ། རྗེས་འཇུག་ལ་ཐུགས་བརྩེ་བས་བསྟན་བཅོས་འདིར་ནི་མ་སྦས་གསལ་བར་བརྗོད་པར་བྱའོ། །ཞེས་སོ། །གཉིས་པ་སྣང་བ་སེམས་སུ་བསྒྲུབ་པ་ལ་བཞི། འཇུག་ཤེས་ལྔའི་རྟེན་འབྲེལ་བཤད་ཅིང་དེ་སེམས་སུ་སྒྲུབ། སེམས་མ་ཡིན་པའི་ལོག་རྟོག་བསལ། བྱེད་པོ་གཞན་མེད་པའི་སྒྲུབ་བྱེད་བཀོད། དྲུག་པ་ཡིད་ཀྱི་འབྲེལ་བཤད་པའོ། །དང་པོ་ནི། སྒོ་ལྔའི་ནས་གྲུབ་པ་མེད། ཅེས་གསུངས་ཏེ། དེའང་རྒྱུའི་རྐྱེན་ཀུན་གཞིའི་རྣམ་ཤེས་ཉོན་ཡིད་དང་བཅས་པ་ལས་སྐྱེས་པའི། བདག་པོའི་རྐྱེན་མིག་རྣ་བ་སྣ་ལྕེ་ལུས་ཏེ་སྒོ་ལྔ་པོ་དེ་དང་འབྲེལ་བའི་རྣམ་པར་ཤེས་པ་དེ་མ་ཐག་པའི་ཡིད་དང་བཅས་པ་ནི། དམིགས་པའི་


KMC007_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་སོ་སོའི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ལྔ་པོར་འཕྲད་ཅིང་འདུས་ཏེ་རེག་པ་ལ་བརྟེན་ནས། མཛེས་པ་སྙན་པ་སོགས་ཡུལ་འདོད་ཅིང་ཡིད་དུ་འོང་བ་བླངས་པས་ཉོན་མོངས་པ་འདོད་ཆགས་བསྐྱེད། མི་སྡུག་པ་དང་མི་སྙན་པ་སོགས་མི་འདོད་ལ་ཡིད་དུ་མི་འོང་བ་རྣམས་དོར་བས་ཞེ་སྡང་བསྐྱེད། བར་པ་བཏང་སྙོམས་ཀྱི་རང་བཞིན་མ་རྟོགས་པས་གཏི་མུག་བསྐྱེད་པས་ལས་བསགས། དེས་འཁོར་བར་འཁྱམས་པ་དེ་ཅིས་ལེན་ན། ཡུལ་སྣང་བདེན་ཞེན་བྱས་པས་ལེན་ནོ། །འོ་ན་གཟུང་ཡུལ་ལྔར་སྣང་བ་འདི་ལྟ་བུ་དག་ནི་རྒྱུ་རྐྱེན་གང་ལས་བྱུང་བ་ཡིན་ཅེ་ན། ཐོས་བསམ་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་མིག་དང་ལྡན་པས་ལེགས་པར་བརྟགས་ན། སེམས་རྣམ་པར་རིག་པའི་རྩལ་ལས་བྱུང་བའི་སྒོ་ལྔའི་ཤེས་པ་དེ་རྣམས་སོ་སོའི་ཡུལ་ལྔ་པོར་ཤར་བ་ཙམ་ལས་གཞན་ཏུ་གྱུར་པའི་རྒྱུ་རྐྱེན་ཉན་ཐོས་བྱེ་མདོས་འདོད་པའི་རྡུལ་ཕྲན་ནམ་ཕག་ན་མོ་དང་། སོགས་ཁོངས་ནས་མུ་སྟེགས་འདོད་པའི་བདག་དང་བྱེད་པ་པོ་ཕྱི་


KMC007_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ན་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ཡང་། འཕགས་པ་ལྷའི་སྙིང་པོ་ཡེ་ཤེས་ཀུན་ལས་བཏུས་པ་ལས། ཆ་ཤས་ཅན་ཞེས་བྱར་མེད་ཅིང་། །ཕྱི་རོལ་དོན་དུ་གྲུབ་པ་མེད། །སོ་སོར་སྤང་བ་དམིགས་སུ་མེད། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །ཞེས་སོ། །གཉིས་པ་ནི། གང་ཚེ་ནས་འབྲེལ་མེད་ཕྱིར། ཅེས་གསུངས་ཏེ། གང་གི་ཚེ་ཕྱི་ཡུལ་གྱི་རྫས་གཟུགས་ལ་སོགས་པ་དེ་དག་ནང་མིག་ཤེས་སོགས་ལས་གཞན་པའི་དོན་བདེན་པར་ཡོད་ན་ཤེས་པ་དང་ཡུལ་གཉིས་བདག་ཉིད་གཅིག་པའི་འབྲེལ་བ་ཡོད་པ་མིན་ཅིང་། དེ་ལས་དེ་བྱུང་གི་འབྲེལ་པའང་མེད་པར་ཐལ། ཡུལ་ཤེས་ཀྱི་འཇུག་པས་བསྟན་ཏུ་མེད་ཅིང་རེག་གཟུགས་སུ་མ་གྲུབ་པས་ཐོགས་པ་མེད་པའི་རྣམ་པར་རིག་པ་ལས། དེ་དང་རྣམ་པ་འགལ་བ་བསྟན་མོད་ཐོགས་བཅས་ཀྱི་བེམ་པོའི་རྫས་མི་སྐྱེ་སྟེ། རྒྱུ་དངོས་མེད་ལས་འབྲས་བུ་དངོས་པོར་སྐྱེ་བ་རྫས་འགལ་བའི་ཕྱིར། གཏན་ཚིག་དེའི་ཕྱིར་ན་ཤེས་པ་དང་ཡུལ་གཉིས་དེ་ལས་དེ་བྱུང་གི་འབྲེལ་པ་མེད་པར་འདོད་དགོས་


KMC007_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དངོས་སྨྲ་བས་དེ་ལྟར་འདོད་དོ་ཞེ་ན། དེ་ལྟ་ན་མིག་སོགས་ཤེས་པ་ལ་གཟུགས་སོགས་ཡུལ་རྣམས་ནི་སྣང་བར་མི་རིགས་པས་མི་སྣང་བར་ཐལ། དེ་གཉིས་འབྲེལ་བ་མེད་པའི་ཕྱིར་རོ། །དེར་སྣང་བ་ལ་ནི་དེའི་བདག་ཉིད་དམ། དེ་ལས་བྱུང་བ་ཡིན་པས་ཁྱབ་ལ། མ་འགྲེལ་ན་མི་སྣང་བས་ཀྱང་ཁྱབ་སྟེ། དཔེར་ན་རྨི་ལམ་དང་མ་མཐོང་བའི་དངོས་པོ་བཞིན་ནོ། །གཞན་ཡང་མིག་ཤེས་ཀྱིས་སྒྲ་མི་ཐོས་ཤིང་ལྕེ་ཤེས་ཀྱིས་གཟུགས་མི་མཐོང་བ་བཞིན་ནོ། །དོན་དེའི་ཕྱིར། ན་རོ་པའི་ལྟ་བ་མདོར་བསྡུས་ལས་ཀྱང་། སྣང་ཞིང་སྲིད་པའི་ཆོས་འདི་རྣམས། །རང་རིག་སེམས་ལས་གུད་ན་མེད། །སྣང་ཞིང་གསལ་བ་ཡིན་པའི་ཕྱིར། །དཔེར་ན་རང་རིག་ཉམས་མྱོང་བཞིན། །གལ་ཏེ་སེམས་དེ་མ་ཡིན་ན། །འབྲེལ་པ་མེད་ཕྱིར་མི་སྣང་ཐལ། །དེ་ལྟར་ཀུན་རྫོབ་གཏན་ལ་དབབ། །ཅེས་གསུངས་སོ། །གསུམ་པ་ནི། དེ་ཕྱིར་ནས་མིན་པར་རྟོགས། ཞེས་གསུངས་ཏེ། བཤད་མ་ཐག་པའི་གཏན་ཚིག་དེའི་ཕྱིར་ན། ཕྱིར་རོལ་


KMC007_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྣང་བ་འདི་དག་ནང་གི་ཤེས་པ་ལས་གཞན་པའི་ཡུལ་བདེན་པར་གྲུབ་པ་མེད་དེ། འདིའི་ངེས་པ་ཡང་ཐོག་མེད་ནས་གོམས་པའི་བག་ཆགས་ཀྱི་ཡིད་དེ་ཉིད་ལས་བྱུང་བའི་རང་གི་རྣམ་རྟོག་གི་ཡུལ་དུ་ཨུཏྤལ་འདུ་ཤེས་པའི་རིག་པ་དེ་རང་གི་བློ་ངོར་ཉམས་སུ་མྱོང་བ་བསལ་ལམ་མེར་འཆར་གྱི་དེ་དང་འབྲེལ་མེད་གཞན་གྱི་བློ་ངོའི་བུམ་པ་ལྟ་བུ་རང་ལ་མི་སྣང་བ་བཞིན་ཡིན་པའི་ཕྱིར་ན། ཕྲ་བ་ཆ་མེད་ཀྱི་རྡུལ་དང་རྒྱ་ཆེ་བ་རིའི་ལྗོངས་སོགས་ཕྱ་ལེ་བ་སྟེ་ཇི་ལྟར་སྣང་བ་ཤར་བ་དེ་དག་རང་ཉིད་ཡིན་ཏེ། གཏན་ཚིག་དང་རིག་པ་དེ་ཡི་དོན་གྱིས། ཕྱི་རོལ་ན་སེམས་ལས་གཞན་དུ་གྲུབ་པའི་དངོས་པོ་བདེན་པ་མེད་པའི་ཕྱིར། ཚངས་པ་དང་སོགས་ཁོངས་ནས་དབང་ཕྱུག་ཁྱབ་འཇུག་བདག་དང་རྡུལ་ཕྲན་ཕག་ན་མོ་དག་ནི་བྱེད་པ་པོ་ཡིན་པར་མི་འགྲུབ་ལ་དེ་ཀུན་སེམས་སྣང་ཙམ་ལས་བདེན་དངོས་ཅན་མིན་པར་རྟོགས་ཏེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུ་པདྨ་རྣམ་པར་རོལ་པས། འཇམ་དཔལ་ལ་སྨྲས་པ།


KMC007_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོལ་གྱི་ཡུལ་རྣམས་བྱེད་པ་པོས་བྱས་སམ། ཅི་ལྟར་བལྟ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཕྱིར་རོལ་གྱི་ཡུལ་འདི་རྣམས་བྱེད་པ་པོས་བྱས་པ་མ་ཡིན་ཏེ། སེམས་རྣམ་པར་རྟོག་པའི་བག་ཆགས་མཐུ་བརྟས་པའི་དབང་གིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་དུ་བརྟས་ཀྱང་། རི་བོ་དང་། རྒྱ་མཚོ་དང་། ཉི་མ་ལ་སོགས་པ་སྲ་ཞིང་འཐས་པ་འདི་ལྟ་བུ་སྣང་དུ་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། རྣམ་པར་རྟོག་པ་བརྟས་པའི་དབང་གིས་འདི་ལྟར་དུ་སྣང་དུ་རུང་སྟེ། གྲོང་ཁྱེར་ཆེན་པོ་ཝ་ར་ཎ་སེར་རྒན་མོ་ཞིག་གིས་རང་གི་ལུས་སྟག་ཏུ་བསྒོམས་པས། གྲོང་ཁྱེར་གྱི་མི་ཐམས་ཅད་ཀྱིས་སྟག་ཏུ་མཐོང་ནས། མི་ཐམས་ཅད་བྲོས་ཏེ་གྲོང་ཁྱེར་སྟོང་པར་གྱུར་ཏོ། །དགེ་སློང་ཁ་ཅིག་རང་གི་ལུས་མི་གཙང་བར་བསྒོམས་པས་ཐམས་ཅད་རུལ་པ་དང་སུངས་པ་མཐོང་བ་བྱུང་ངོ་། །དེ་རྣམས་ཡུན་ཐུང་ངུས་ཀྱང་དེ་ལྟར་སྣང་ན། ཐོག་མ་མེད་པའི་བག་ཆགས་བརྟས་པས་ཅི་སྟེ་མི་སྣང་། ཞེས་བྱ་བ་ལ་


KMC007_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྒྱ་ཆེར་གསུངས་སོ། །བཞི་པ་ནི། ཡིད་དང་ནས་དངོས་བདེན་མེད། ཅེས་གསུངས་ཏེ། ཚོགས་དྲུག་པ་ཡིད་དང་དེའི་ཡུལ་དུ་སྣང་བ་ཆོས་ཀྱི་འབྲེལ་པ་ཅི་ལྟར་འདོད་ཅེ་ན། དེ་ཡང་ཉིན་མོའི་དྲན་ཚོར་གྱི་བག་ཆགས་རྣམས་རང་ཉིད་གཉིད་ཀྱིས་ནོན་པའི་རྨི་ལམ་གྱི་དབང་ཡུལ་དུ་མངོན་སུམ་ལྟ་བུར་མཐོང་ཐོས་སུ་ཉམས་སུ་མྱང་བ་རྫུན་མེད་ཡིན་པ་བཞིན། ཡིད་ཀྱི་བག་ཆགས་སྔ་མར་བུམ་པའི་དྲན་པ་སྐྱེས་པ་དེ་ཉིད་དུ་འགག་ཀྱང་དེ་ལ་ཡང་རྣམ་རྟོག་ཕྱི་མས་སླར་ཡང་རིམ་པར་རྒྱུན་མཐུད་པའི་དམིགས་པ་ལ། མ་བརྟགས་པའི་ངོར་བུམ་པའོ་སྙམ་པའི་གཟུང་ཆོས་ཀྱི་བདེན་ཞེན་འཐས་པར་ཟད་ཀྱི་ཡིད་ལས་གཞན་པའི་ཆོས་ཀྱི་དངོས་པོ་ལོགས་སུ་བདེན་པར་གྲུབ་པ་མེད་དེ། རྨི་ལམ་ལ་རྡུལ་ཙམ་མ་གྲུབ་པར་སྣ་ཚོགས་སྣང་བའང་མེད་པ་ཁོ་ན་སྣང་བ་བཞིན། བུམ་པའི་བག་ཆགས་དང་དེའི་མཚན་ཉིད་དང་དེ་ལ་བདེན་རྟོག་སྐྱེ་བ་རྣམས་སྐད་ཅིག་དུ་མའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །གསུམ་པ་སེམས་སྐྱེ་མེད་དུ་བསྟན་པ་ལ་གཉིས།


KMC007_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་དང་། ལུང་གི་སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། དེ་ལྟར་ནས། གཉིས་མེད་མིན། ཅེས་གསུངས་ཏེ། འོ་ན་ཕྱིའི་དོན་བདེན་པར་མ་གྲུབ་ཀྱང་། ནང་གི་ཤེས་པ་གྲུབ་བམ་མ་གྲུབ་ཞེ་ན། མ་གྲུབ་སྟེ། །དཔེར་ན་ཕ་རི་བྱ་བ་དེ་ཚུར་རི་ལ་ལྟོས་པ་བཞིན། ཤེས་པ་ཤེས་བྱ་ལ་ལྟོས་པས། གཟུང་དོན་མེད་ན་འཛིན་པའི་ཤེས་པ་ཡང་མེད་པར་གྲུབ་སྟེ། མངོན་རྟོགས་རྒྱན་ལས། གལ་ཏེ་གཟུང་དོན་རང་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་བདག་ཉིད་དོ། །ཞེས་གསུངས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། བཟུང་བ་མེད་ན་དེར་འཛིན་མེད། །དེ་མེད་རྣམ་པར་ཤེས་པའང་མེད། །ཅེས་གསུངས་པ་དེ་ལྟར་གྱི་ཕྱིར་ན་ཚོགས་དྲུག་གི་ཤེས་པ་འདི་ལ་ཕྱི་རོལ་ཡུལ་གྱིས་བསྡུས་པའི་གཟུགས་སོགས་དོན་དུ་སྣང་བ་དང་། ནང་སེམས་ཅན་གྱིས་བསྡུས་པའི་མིག་དབང་སོགས་རྟེན་ཏུ་སྣང་བ་དང་། བདག་ཏུ་འཛིན་པའི་རྣམ་པར་ཤེས་པ་དང་། སེམས་ལས་བྱུང་


KMC007_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡུལ་རྣམ་པར་རིག་པས་བླང་དོར་བྱེད་པ་སྟེ། མདོར་ན་སྣང་བའི་རྣམ་པ་གང་བྱུང་བ་འདི་རྣམས་སེམས་ཙམ་ཡིན་གྱི་རྒྱུ་གཞན་གྱིས་བྱས་པ་མ་ཡིན་ནམ་ཞེ་ན། བདག་ཅེས་བྱ་བ་གདོད་ནས་མ་གྲུབ་པས་བདག་གིས་བྱེད་པར་འགྱུར་བའང་མ་ཡིན། བདག་མེད་པ་ལ་གཞན་མི་འཐད་པས་ན་གཞན་དང་དེ་གཉིས་མེད་པས་གཉིས་ཀས་ཀྱང་མ་བསྐྱེད། བདག་གཞན་གཉིས་མེད་པའི་རྒྱུ་མེད་ཀྱིས་ཀྱང་བསྐྱེད་པ་མ་ཡིན་ཏེ། དབུ་མ་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། དེ་ཕྱིར་ནས་ སེམས་ཙམ་སྟེ། ཞེས་གསུངས་ཏེ། གོང་དུ་ཇི་སྐད་བཤད་པའི་རྒྱུ་མཚན་དེ་དག་གི་ཕྱིར་ན། རྒྱལ་བ་ཐམས་ཅད་མཁྱེན་པས་ཐེག་པ་ཆེན་པོའི་མདོ་སྡེ་སྤྱི་དང་། ཁྱད་པར་ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱིས་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ན་ཅི་སྙེད་པ། །དེ་སྙེད་


KMC007_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སེམས་ཀྱིས་བྲིས། །ཞེས་སོགས་མཐའ་ཡས་པ་གསུངས་པ་སྟེ། འཁོར་བའི་ཆོས་ཐམས་ཅད་སེམས་འཁྲུལ་པའི་རང་གཟུགས་དང་། མྱང་འདས་ཀྱི་ཆོས་ཐམས་ཅད་སེམས་གཟུང་འཛིན་གྱི་དྲི་མ་དང་བྲལ་བའི་གཤིས་ལུགས་སྣང་བ་ཡིན་པས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལས་ཆོས་རྣམས་སེམས་ཙམ་དུ་གསུངས་པ་སྟེ། བྲམ་ཟེ་ཆེན་པོས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲེད་དང་མྱ་ངན་འདས་པ་ཡི། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོགས་གསུང་པ་ལྟར་རོ། །དོན་དེ་ཉིད་ལམ་གྱི་གནས་སྐབས་སུ་རྟགས་པའི་རིམ་པའང་དང་པོར་རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་བརྟེན་ནས་སེམས་ལས་གཞན་དུ་གྱུར་པའི་ཕྱི་རོལ་གྱི་དོན་མེད་པར་རྟོགས་ནས། དོན་མི་དམིགས་པ་སྐྱེའོ། །གཟུང་བ་མེད་ན་འཛིན་པ་མེད་པས། དོན་མི་དམིགས་པ་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་དུ་འཛིན་པ་ཡང་མི་དམིགས་པ་སྐྱེ་


KMC007_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དབུས་མཐའ་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་ནི། །མི་དམིགས་ངོ་བོ་ཉིད་དུ་གྲུབ། །ཅེས་གསུངས་སོ། །དེ་ལྟར་གཟུང་འཛིན་མ་གྲུབ་པའི་གནས་ལུགས་ཇི་བཞིན་དུ་རྟོགས་ན་ཆོས་ཀྱི་དབྱིངས་རྟོགས་པ་ཡིན་ཏེ། རྒྱན་ལས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟགས། །བློ་དང་ལྡན་པ་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པ་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པ་ཡིན་ནོ། །བཞི་པ་འཁྲུལ་བའི་རྒྱུ་རྐྱེན་ཚོགས་བརྒྱད་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི་། འདི་ཡི་ནས་གསུངས་ཏེ། ཞེས་གསུངས་ཏེ། འཁོར་འདས་ཐམས་ཅད་སེམས་སུ་བཤད་པ་དེ་ལྟ་ན་ཡིན་ལུགས་ཇི་ལྟར་ཡིན་སྙམ་ན། དང་པོ་འཁོར་བ་འདི་ཡི་རྒྱུ་དང་རྐྱེན་དང་་དེ་གཉིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་བྱུང་བའི་ཚུལ་ཤེས་པར་གལ་ཆེ་བས། དེ་ཡི་ཚུལ་ནི། རྣམ་པར་ཤེས་པའི་ཚོགས་དྲུག་དང་། ཉོན་


KMC007_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ཅན་གྱི་ཡིད་དང་། ཀུན་གཞི་རྣམས་ཡིན་ནོ་ཞེས་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ལས་གསུངས་ཏེ། དེའང་ཀུན་གཞི་དེས་རྒྱུའི་རྐྱེན་བྱས་པས། ཚོགས་བདུན་འབྲས་བུར་གྱུར་པ་དེ་ལས་ཁམས་གསུམ་གྱི་ལས་དང་སྡུག་བསྔལ་ཐམས་ཅད་སོ་སོར་སྨིན་པ་དང་། ཡང་དེ་རྣམས་ཀྱི་བག་ཆགས་ཀུན་གཞི་ལ་བཞག་ནས་ཀུན་གཞིའི་ནུས་པ་བསྐྱེད་པས་ཀུན་གཞི་ཚོགས་བདུན་གྱི་འབྲས་ཞེས་ཀྱང་བྱ་སྟེ། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། ས་བོན་ཀུན་ལྡང་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ཉིད་འདོད། །ཅེས་གསུངས་སོ། །ཞར་བྱུང་དུ་ཤེས་པར་བྱ་བ་མྱ་ངན་ལས་འདས་པའི་རྟེན་འབྲེལ་ནི། དྲི་མ་མེད་པའི་ཆོས་སྐུའི་ཁམས་ད་ལྟར་ཡོད་པའི་ནུས་པས། ཕྱི་རོལ་ལྟར་སྣང་བའི་རྐྱེན་སངས་རྒྱས་ཀྱི་ཆོས་ཐོས་པས། ཆོས་སྐུའི་ཁམས་རང་ལ་ཡོད་པ་དང་། རང་གིས་ཐོབ་པར་ཡང་ནུས་ལ། ཡོན་ཏན་ཆེན་པོ་དང་ལྡན་པར་ཤེས་པའི་ཤེས་རབ་འབྱུང་ཞིང་གནས་དེ་ལ་དད་པར་འགྱུར་རོ། །དད་པ་ལ་བརྟེན་ནས་


KMC007_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་འབྱུང་ངོ་། །མོས་པ་ལས་ངེས་པར་འཇུག་པའི་བརྩོན་འགྲུས་འབྱུང་ངོ་། །དེ་ལ་བརྟེན་ནས་ཚོགས་གཉིས་བསགས་པས་དྲི་མ་དང་བྲལ་ལ་རྣམ་པར་དག་པའི་ཆོས་སྐུ་འབྱུང་སྟེ། རྒྱུད་བླ་མ་ལས། བསམ་མི་ཁྱབ་པའི་ཡུལ་འདི་ནི། །ཡོད་དང་བདག་འདྲས་ཐོབ་ནུས་དང་། །ཐོབ་པ་འདི་འདྲའི་ཕན་ཡོན་དང་། །ལྡན་ཞེས་དད་པས་མོས་པའི་ཕྱིར། །འདུན་བརྩོན་དྲན་དང་བསམ་གཏན་དང་། །ཤེས་རབ་ལ་སོགས་ཡོན་ཏན་སྣོད། །བྱང་ཆུབ་སེམས་ནི་དེ་དག་ལ། །རྟག་ཏུ་ཉེ་བར་གནས་པར་འགྱུར། །དེ་ནས་རྟག་ཏུ་ཉེར་གནས་པས། །རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག །བསོད་ནམས་ཕ་རོལ་ཕྱིན་རྫོགས་དང་། །ཡོངས་སུ་དག་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཚོགས་དྲུག་བཤད་པ། དེ་མ་ཐག་རྐྱེན་ཉོན་ཡིད་བཅས་བཤད་པ། རྒྱུའི་རྐྱེན་ཀུན་གཞི་བཤད་པའོ། །དེའི་དང་པོ་ལའང་བཞི། ཚོགས་དྲུག་ངོས་བཟུང་བ། དམིགས་རྐྱེན་ངོས་བཟུང་བ། བདག་རྐྱེན་ངོས་བཟུང་བ། དེ་དག་


KMC007_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་བྱུང་བ་བཤད་པའོ། །དང་པོ་ནི། ཚོགས་དྲུག་ཤེས་པ་ནི། ཞེས་གསུངས་ཏེ། དེ་ལ་ཐོག་མར་གཟུང་འཛིན་ཉེ་བར་ལེན་པ་ཚོགས་དྲུག་གི་རྣམ་པར་ཤེས་པ་ནི་གང་ཞེ་ན། གཟུགས་འཛིན་པའི་མིག་གི་རྣམ་པར་ཤེས་པ་དང་། སྒྲ་འཛིན་པའི་རྣ་བའི་རྣམ་པར་ཤེས་པ་དང་། དྲི་འཛིན་པའི་སྣའི་རྣམ་པར་ཤེས་པ་དང་། རོ་འཛིན་པའི་ལྕེའི་རྣམ་པར་ཤེས་པ་དང་། རེག་བྱ་འཛིན་པའི་ལུས་ཀྱི་རྣམ་པར་ཤེས་པ་དང་། ཆོས་འཛིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་དྲུག་གོ །གཉིས་པ་ནི། དམིགས་རྐྱེན་ནས་ དྲུག་པོ་ཡིན། ཅེས་གསུང་ཏེ། རྣམ་ཤེས་དྲུག་པོ་དེ་རྣམས་ཀྱང་རང་བཞིན་གྱིས་ངོ་བོས་གྲུབ་པ་མི་སྲིད་ཅིང་རྐྱེན་བཞི་ལ་བརྟེན་ནས་འབྱུང་བ་སྟེ། དེའང་ཐོག་མར་དམིགས་པའི་རྐྱེན་ལ་ལྟོས་ཤིང་བལྟོས་བྱ་ཡུལ་དྲུག་ཡོད་པས་ལྟོས་བྱེད་རྣམ་ཤེས་ཀྱང་དྲུག་ཏུ་འགྱུར་ཏེ། དེ་དག་ཀྱང་གང་ཞེ་ན། གཟུགས་དང་སོགས་ཁོངས་ནས་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཏེ་ཡུལ་ལམ་དོན་ཏུ་གྲགས་པའི་རྣམ་གྲངས་ནི་དྲུག་པོ་དེ་


KMC007_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡིན་ནོ། །དེ་ལ་སྤྱིརཕུང་པོ་ལྔའི་དབང་དུ་བྱས་ནས་དབང་ཡུལ་རྣམས་རྐྱང་གཟུགས་ཀྱི་ཕུང་པོར་འདུ་སྟེ། རྒྱུའི་གཟུགས་ས་ཆུ་མེ་རླུང་གི་ཁམས་ཏེ་འབྱུང་བ་ཆེན་པོ་བཞི། འབྲས་བུའི་གཟུགས་འབྱུང་བ་བཞི་ལས་གྱུར་པ་དབང་པོ་ལྔ་དོན་ལྔ་དང་བཅུ། རྣམ་པར་རིགས་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་ཏུ་གསུངས་ཤིང་། འདིར་ནི་མིག་གི་ཡུལ་དུ་གྱུར་པའི་གཟུགས་ལ་སོགས་པའི་དོན་ལྔ་ལ་འཆད་དེ། དེ་དག་གི་ནང་གསེས་ཀྱི་དབྱེ་བ་ནི། མངོན་པ་མཛོད་ལས། གཟུགས་རྣམ་གཉིས་ཏེ་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །དྲི་ནི་རྣམ་བཞི་རོ་རྣམ་དྲུག །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་དང་། གཡེང་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲང་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་ཉིད། །ཅེས་སོགས་རྣམ་བཞག་རྒྱས་པར་འབྱུང་བ་དང་། ཆོས་ལ་འདུས་བྱས་དང་འདུས་མ་བྱས་གཉིས། །དེ་རེ་རེ་ལའང་བརྒྱད་བརྒྱད་དམ། འདུས་མ་བྱས་གསུམ་གྱི་རྣམ་གཞག་


KMC007_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཞན་ལས་ཤེས་པར་བྱའོ། །གསུམ་པ་ནི། བདག་རྐྱེན་ནས་དྭངས་པའོ། །ཞེས་གསུངས་ཏེ། རྣམ་ཤེས་དྲུག་གི་བདག་པོའི་རྐྱེན་ནི་སྐྱོན་མེད་ཀྱི་དབང་པོ་དྲུག་ཡིན་ཏེ། མིག་གི་དབང་པོ་ཟེར་མའི་མེ་ཏོག་ལྟ་བུ་དང་། རྣ་བའི་དབང་པོ་གྲོ་གའི་འཛེར་བུ་ལྟ་བུ། སྣའི་དབང་པོ་ཟངས་ཁབ་གཤིབས་པ་ལྟ་བུ། ལྕེའི་དབང་པོ་ཟླ་བ་ཕྱེད་དུ་བཀས་པ་ལྟ་བུ་སྟེ། །དབང་པོ་དེ་རྣམས་དབང་རྟེན་རྣམས་ཀྱི་ནང་ན་ཡོད་པར་འདོད་ཅིང་། ལུས་ཀྱི་དབང་པོ་བྱ་རེག་འཇམ་གྱི་པགས་པ་ལྟ་བུ་ལུས་ཐམས་ཅད་ལ་ཁྱབ་པར་བཤད་དོ། །དབང་པོ་ལྔ་ག་ཡུལ་གཟུགས་ཅན་དྭངས་པ། ཤེས་པ་ཡུལ་འཛིན་ནུས་སུ་བསྐྱེད་པའོ། །གཟུགས་ཅན་ཅེས་པའི་དོན་ནི། རྡུལ་ཕྲ་རབ་འདུས་པའམ་འབྱུང་བ་བཞིའི་རྒྱུ་ལས་བྱུང་བ་དང་། དྭངས་པ་ནི་མེ་ལོང་ལ་བཟུགས་བརྙན་གསལ་བ་ལྟར་རང་གི་གོ་སར་རྡུལ་གཞན་གྱིས་གོ་འགེགས་པར་རྣམ་པར་ཤེས་པ་དང་འབྲེལ་བས་ཡུལ་གསལ་བའི་དོན་ཏེ། འདིའང་ནང་གི་ས་བོན་ནམ་ནུས་པས་འབྲེལ་བ་ཡིན་པར་


KMC007_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། ཐེག་བསྡུས་སུ་ནི། ཀུན་གཞིའི་གཟུང་བའི་ཆ་དབང་པོ་ལྔར་སྣང་བ་ལ་བཞེད་དེ་ཐམས་ཅད་ཀྱང་འགལ་བ་མེད་དོ། །ཡིད་ཀྱི་དབང་པོ་ནི་དེ་མ་ཐག་པརཀུན་གཞི་ལ་སྐྱེ་བ་དང་འགག་པ་ཉིད་དང། དྲུག་པོ་འགག་མ་ཐག་པར་ཡིད་ཀྱི་ཁམས་སུ་བཤད་པ་དང་། ཀུན་གཞིའི་ནུས་པའི་བྱེ་བྲག་ལ་སོགས་པར་བཤད་ཀྱང་། དོན་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་སྒོ་བྱེད་པ་ཉིད་ཡིད་ཀྱི་སྐྱེ་མཆེད་དུ་རིགས་ཏེ། ཆོས་འདུས་བྱས་འདུས་མ་བྱས་ཀྱི་སྐྱེ་མཆེད་དང་དེ་གཉིས་ཡུལ་དང་ཡུལ་ཅན་དུ་རྟེན་ཅིང་འབྱུང་བའི་ཕྱིར་རོ། །བཞི་པ་ནི། གཉིས་ཀ་ ནས་ལ་བརྟེན་ཏེ། །ཞེས་གསུངས་ཏེ། དེ་ལྟར་ཡུལ་དྲུག་དབང་པོ་དྲུག་སྟེ་ཡུལ་ཡུལ་ཅན་གཉིས་ཀ་ཡང་སེམས་ལས་བྱུང་བ་མ་གཏོགས་པ་དོན་དམ་པར་གྲུབ་པ་མེད་དོ། །འོ་ན་སྣང་བ་འདི་ཅི་ཡིན་ཅེ་ན། ཕྱི་ཡུལ་དང་ནང་དབང་པོར་རབ་ཏུ་སྣང་བ་འདི་ནི། །ཐོག་མ་མེད་པའི་དུས་ནས་མ་རིག་པའི་དབང་གིས་བཟུང་འཛིན་གཉིས་སུ་མེད་པ་ལ་ཡོད་པར་རྟོགས་ནས་དེ་ཡི་བག་


KMC007_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ས་བོན་ཀུན་གཞི་ལ་བཞག་པའི་ཁམས་དེ་སད་པ་ལ་བརྟེན་ནས་སྣང་བ་ཡིན་ནོ། །ཕྱིའི་དོན་མཐོང་བའི་མིག་སོགས་རྣམ་པར་ཤེས་པ་ལྔ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་སྣང་ཡང་། འདི་ནི་ཀ་བའོ། བུམ་པའོ་སྙམ་པའི་ཁྱད་པར་མི་ཤེས་ཏེ། མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །ཞེས་ལུང་ལས་འབྱུང་བས་སོ། །དེས་ན་དང་པོ་དབང་ཤེས་རྣམས་ལ་ཡུལ་རྣམས་སྣང་ཞིང་དེའི་ཁྱད་པར་ཤེས་པ་ནི་སེམས་བྱུང་འདུ་ཤེས་ཡིན་པས། སེམས་བྱུང་རྣམས་ཀྱི་ནང་ནས་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས་ཀྱིས། གཟུགས་འདི་ནི་སྡུག་གོ །མི་སྡུག་གོ་སྙམ་པ་དང་། སྒྲ་འདི་སྙན་ནོ་མི་སྙན་ནོ་སྙམས་པ་ལ་སོགས་པར་འདུ་ཤེས་པ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་ནས་བྱུང་བ་ཡིན་ཏེ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་གསུངས་སོ། །ཡིད་ཤེས་འདི་མི་འབྱུང་བའི་གནས་སྐབས་ནི། སློབ་དཔོན་དབྱིག་གཉེན་


KMC007_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །ཞེས་གནས་སྐབས་དེ་ལྔ་ན་ཡིད་ཤེས་རེ་ཞིག་ཀུན་གཞི་ལ་བསྡུས་པས་ཆོས་ལ་གཏོད་པ་མི་གསལ་བས། མི་འབྱུང་བའི་གནས་སྐབས་ཡིན་པར་གསུངས་པའང་ཤེས་པར་བྱའོ། །གཉིས་པ་དེ་མ་ཐག་རྐྱེན་ཉོན་ཡིད་དང་བཅས་བཤད་པ་ལ་གཉིས། མིང་གིས་མདོར་བསྟན། མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། དེ་མ་ཐག་དང་ཉོན་ཡིད་གཉིས། ཞེས་གསུངས་ཏེ། ཚོགས་དྲུག་སྐྱེ་འགག་གི་རྐྱེན་བཞིར་བཤད་པའི་དེ་མ་ཐག་རྐྱེན་བཞིར་བཤད་པའི་དེ་མ་ཐག་པའི་རྐྱེན་དེ་གང་ཡིན་སྙམ་ན། འདི་ལ་ཁ་ཅིག་དྲུག་པ་ཡིད་ཀྱི་ཆར་འདོད་པ་དང་། ཁ་ཅིག་དོན་ལ་མེད་པར་འདོད་ཡོད་ཀྱང་། དེས་ནི་ཉན་ཐོས་པ་ཚོགས་དྲུག་ལས་མི་འདོད་པའི་རྣམ་གཞག་ལ་བརྟེན་ནས། ཐེག་ཆེན་པ་ཚོགས་བརྒྱད་འདོད་པའི་ལུགས་མ་ཤེས་པར་ཟད་དོ། །དེས་ན་ཀུན་གཞི་ལ་གནས་པའི་ཡིད་ལ་ཆ་


KMC007_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་བྱས་ཏེ། དེ་མ་ཐག་པའི་ཡིད་ཅེས་བྱ་བ་དང་། ཉོན་མོངས་པ་ཅན་གྱི་ཡིད་གཉིས་སུ་ཡོད་དོ། །གཉིས་པ་ལ་གསུམ། དེ་མ་ཐག་ཡིད་བཤད་པ། ཉོན་ཡིད་བཤད་པ། གཉིས་ཀའི་མཚན་ཉིད་མདོར་བསྡུ་བའོ། །དང་པོ་ནི། དྲུག་པོ་ནས་འདི་ཤེས་འགྱུར། ཅེས་གསུངས་ཏེ། དེ་མ་ཐག་པའི་ཡིད་ཀྱིས་བྱ་བ་ནི། རྣམ་པར་ཤེས་པ་ཚོགས་དྲུག་སྐྱེ་ན་ཡང་དེ་མ་ཐག་ཏུ་སྐྱེ་བའི་རྐྱེན་བྱེད། ཚོགས་དྲུག་འགགས་ན་ཡང་དེ་མ་ཐག་ཏུ་ཚོགས་དྲུག་གི་ནུས་པ་ས་བོན་ཀུན་གཞི་ལ་འཇོག་པའི་རྐྱེན་བྱེད་པའི་ཕྱིར། སྐྱེ་འགག་གཉིས་ཀའི་དེ་མ་ཐག་པའི་རྐྱེན་ཡིན་ནོ། །དེ་ཡང་ཚོགས་དྲུག་ནམ་འགགས་པ་ན་ཡིད་ཀྱི་ཁམས་དང་གཅིག་ཏུ་བཤད་པའི་དེ་མ་ཐག་པའི་རྣམ་པར་ཤེས་པས་ཀུན་གཞི་ལ་འཁྱེར་ཞིང་། ཡང་དེ་མ་ཐག་ཏུ་ས་བོན་ཐམས་ཅད་པ་ལས་ཆུ་ལས་རླབས་ཀྱི་རྐྱེན་བཞིན་དུ། ཀུན་གཞི་ལ་གནས་པའི་ཡིད་གཡོ་ཞིང་འཇུག་པས་དེ་མ་ཐག་པའི་ཡིད་འབྱུང་བ་སྟེ། ཚོགས་དྲུག་གི་རྐྱེན་གཅིག་ཏུ་འབྱུང་ན་དེ་མ་ཐག་པ་ཡང་


KMC007_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འབྱུང་གི་གཉིས་པ་མི་འབྱུང་ངོ་། །མང་པོ་འབྱུང་བའི་རྐྱེན་ཉེ་བར་གནས་ན་ཡང་དེ་སྙེད་ཅིག་འབྱུང་ངོ་། །དེས་ན་ཚོགས་དྲུག་པོ་སྔ་མ་འགགས་པ་ན་དེ་མ་ཐག་ཏུ་ཡང་ཕྱི་མའི་རྐྱེན་ཉེ་བར་སྦྱོར་བས་དེ་མ་ཐག་པ་ཡིན་ནོ། །དེའི་ཕྱིར་ཚོགས་དྲུག་སྐད་ཅིག་སྐྱེ་འགག་དུ་བྱེད་ཀྱི་གྲངས་བཞིན་དུ། དེ་མ་ཐག་པ་ཡང་གྲངས་དེ་དང་མཉམ་པར་འབྲེལ་ནས་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་དེ་གང་ལས་ཤེས་ཞེ་ན། ཞི་གནས་དང་ལྷག་མཐོང་ཟུང་འཇུག་གི་རྣལ་འབྱོར་དང་ལྡན་པའི་ཡིད་ཀྱིས་མངོན་སུམ་དང་ནི། རྒྱལ་བའི་བཀའ་ཟབ་ཅིང་རྒྱ་ཆེ་བའི་ཚུལ་རྣམས་ལས་ཡིད་འདི་རྗེས་སུ་དཔག་པས་ཤེས་པར་འགྱུར་རོ། །གཉིས་པ་ནི། འདི་ཡི་ནས་ཡིད་ཅེས་བྱ། ཞེས་གསུངས་ཏེ། དེ་མ་ཐག་པའི་ཡིད་འདི་ཡི་ཆ་ཤས་སུ་གྱུར་པ་ཉོན་ཡིད་ཅེས་གྲགས་པའང་ཀུན་གཞི་ལ་གནས་ནས་འབྱུང་སྟེ། དེའང་རང་གི་སེམས་ཉིད་དྲི་མ་མེད་པ་མ་རྟོགས་ཤིང་དྲི་མ་དང་བཅས་པའི་སེམས་ཉིད་ཀུན་གཞི་དེ་ལ་དམིགས་ནས་ངར་སེམས་པ་དང་། ང་རྒྱལ་ཏེ་མཆོག་


KMC007_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གོ་སྙམ་དུ་འཛིན་པ་དང་། ང་ལ་གཞན་ལས་གཅེས་པར་ཟུང་བའི་ཆགས་ཤིང་འཆུམ་པ་དང་། དེ་ཉིད་བདེན་མེད་དུ་མ་རྟོགས་པས་མ་རིག་པ་དང་བཅས་པ་སྟེ་ཉོན་མོངས་པ་བཞིས་རྟག་ཏུ་བགོས་པའི་ཕྱིར། གང་ཞིག་རིགས་པས་བརྟགས་ན་ཚུགས་མི་ཐུབ་པར་འཇིག་པར་འགྱུར་བའི་ཚོགས་ཏེ་གཞི་ཕུང་པོ་ལྔ་ལ་བདག་གིར་ཡིན་པར་འཛིན་པ་དང་། བདག་ཕུང་པོ་དང་ལྡན་པ་དང་། ཕུང་པོ་ལྔ་ལ་བདག་གནས་པ་དང་། ཕུང་པོ་ལྔ་བདག་ལས་བྱུང་བར་འཛིན་པས་ན་ཉི་ཤུ་དང་། དེའང་རེ་རེ་བཞིན་དུས་འདས་པ་དང་ད་ལྟར་དང་མ་འོངས་པ་གསུམ་དུ་ལོགས་ཞུགས་ཀྱིས་དྲུག་ཅུ་ཐམས་པ་དང་། སྤྱིར་རྟག་ཆད་གཉིས་སུ་འཛིན་པས་རེ་གཉིས་པོ་ཐམས་ཅད་བསྐྱེད་པའི་ཕྱིར། ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པ་ལས། དེ་ལ་གནས་ཏེ་རབ་འབྱུང་ཞིང་། །དེ་ལ་དམིགས་པས་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པ། །ཉོན་མོངས་བཞི་དང་


KMC007_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་འགྲོགས། །ཞེས་གསུངས་ཏེ། འདི་ནི་རྣམ་པར་ཤེས་པ་ཉོན་མོངས་པའི་གནས་ཡིན་པས། འདི་ལ་ནི་ཚད་མ་མེད་ཅིང་ཚད་མ་མ་ཡིན་པའི་བློ་ཐམས་ཅད་སྐྱེ་བར་བྱེད་པ་ཡིན་ནོ། །འདིས་ནི་ཀུན་གཞི་བག་ཆགས་ཀྱིས་བསྒྲིབས་ལ་ངོ་བོ་ནི་ལུང་དུ་མ་བསྟན་པ་ཡིན་པས་ཀུན་བརྟགས་དང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་སྟེ་དེས་ན་ཡང་དག་པ་མ་ཡིན་པའི་ཀུན་རྟོགས་ཅེས་ཀྱང་བཤད་དོ། །འདི་ལས་ཁ་ནང་དུ་ལྟ་བའི་ཉོན་མོངས་པ་བསྒོམས་པས་སྤང་བར་བྱ་བ་རྣམས་འབྱུང་ཞིང་། འདིའི་རྐྱེན་གྱིས་ཚོགས་དྲུག་ཀྱང་དྲི་མ་ཅན་དུ་བྱས་པས་མཐོང་བས་སྤོང་བར་བྱ་བའི་ཉོན་མོངས་པ་ཁ་ཕྱིར་ལྟ་བ་རྣམས་འབྱུང་བ་ཡིན་ནོ། །གསུམ་པ་ནི། དྲུག་པོ་ ནས་ རྣམ་པར་གཉིས། ཞེས་གསུངས་ཏེ། དེ་གཉིས་ཀྱི་མཚན་ཉིད་མདོར་བསྡུས་ན་དྲུག་པོ་ཀུན་གཞི་ལ་འགག་མ་ཐག་པའི་ཡིད་ནི་རྣམ་ཤེས་ཚོགས་དྲུག་ཕྱི་མ་སྐྱེ་བར་བྱེད་པའི་གནས་སམ་མཚམས་སྦྱོར་བ་པོ་ཡིན་ལ། ཉོན་ཡིད་ཀྱིས་ནི་ཚོགས་དྲུག་ཉོན་མོངས་པ་ཅན་དུ་བྱེད་པའི་གནས་


KMC007_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྱུར་བས་ན། དེ་མ་ཐག་ཡིད་ནི་ཚོགས་དྲུག་སྐྱེད་པའི་ནུས་པར་རྡན་ལ། ཉོན་ཡིད་ཀྱིས་ནི་སྒྲུབས་པའི་ནུས་པ་དང་ལྡན་པ་དེའི་ཕྱིར། ཀུན་གཞི་ལ་གནས་པའི་ཡིད་དེ་ནི་རྣམ་པ་གཉིས་སུ་དབྱེ་བ་ཡིན་ནོ། །གལ་ཏེ་དེ་མ་ཐག་དེས་དད་པ་སོགས་རྣམ་བྱང་གི་ཤེས་པ་བསྐྱེད་ན་ནི་དེ་ཚེ་ཉོན་མོངས་པ་ཅན་མི་རྒྱུ་བས་དྲི་མ་མེད་པའི་ཡིད་ཅེས་མདོ་དག་ལས་གསུངས་སོ། །དེ་དག་གི་དོན་རྒྱས་པ་ཐེག་བསྡུས་ལས། དེ་ལ་ཡིད་ནི་རྣམ་པ་གཉིས། དེ་མ་ཐག་ཏུ་པར་རྐྱེན་བྱེད་པའི་གནས་སུ་གྱུར་པའི་ཕྱིར། རྣམ་པར་ཤེས་པ་འགག་མ་ཐག་པའི་ཡིད་ཅེས་བྱ་བ་རྣམ་པར་ཤེས་པ་སྐྱེ་བའི་གནས་དང་། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད། ཉོན་མོངས་པ་བཞི་པོ། འཇིགས་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པ་ང་རྒྱལ་དང་། བདག་ལ་ཆགས་པ་དང་། མ་རིག་པ་དང་རྟག་ཏུ་མཚུངས་བར་ལྡན་པ་སྟེ། དེ་ཡང་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་གནས་ཡིན་ནོ། རྣམ་པར་ཤེས་པ་ནི་གང་གནས་གཅིག་པོས་ནི་བསྐྱེད་ལ།


KMC007_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པས་ནི་ཉོན་མོངས་པ་ཅན་དུ་བྱས་ཏེ། ཡུལ་རྣམ་པར་རིག་པའི་ཕྱིར་རྣམ་པ་ཤེས་པའོ། དེ་མ་ཐག་པ་དང་ངར་སེམས་པའི་ཕྱིར་ཡིད་ནི་རྣམ་པ་གཉིས་སོ། །ཞེས་གསུངས་ཏེ། ཉོན་མོངས་པ་ནི་དེ་ངར་འཛིན་པའི་ཚིག་ཏེ། རྒྱུ་མཚན་འདིས་ན་ཁམས་གསུམ་དུ་འཁོར་བའི་འཁྲུལ་པ་ཐམས་ཅད་ཀྱི་རྩ་བ་ནི་འདི་ཡིན་ནོ། །དེའི་ཕྱིར་ཁམས་གསུམ་ལས་འདས་པའི་འགོག་པའི་སྙོམས་འཇུག་དང་། དགྲ་བཅོམ་པ་དང་། བྱང་སེམས་འཕགས་པའི་མཉམ་གཞག་ན་འདི་མེད་དོ། །འདུ་ཤེས་མེད་པའི་སྙོམས་འཇུག་ན་ཡོད་པའི་ཁྱད་པར་ཡང་ཤེས་པར་བྱའོ། །གསུམ་པ་རྒྱུའི་རྐྱེན་ཀུན་གཞི་བཤད་པ་ལ་གཉིས། མིང་གི་སྒོ་ནས་མདོར་བསྟན། ཁྱད་པར་གྱི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ཁྱད་པར་ ནས་ ཤེས་གསུངས་ཏེ། ཞེས་གསུངས་ཏེ། ཐེག་པ་ཆུང་ངུའི་བདག་མེད་རྟོགས་པའི་བློ་གྲོས་ལས་ཁྱད་པར་དུ་འཕགས་པ་ཆོས་ཉིད་ཀྱི་གནས་ལུགས་ཟབ་མོ་ཇི་བཞིན་རྟོག་པ་ནུས་པའི་བློ་གྲོས་དང་ལྡན་པའི་ཐེག་ཆེན་པ་རྣམས་ལ།


KMC007_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཐམས་ཅད་མཁྱེན་པས་ཚོགས་དྲུག་གི་རྒྱུའི་རྐྱེན་ཏུ་གྱུར་པ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་གསལ་བར་གསུངས་ཏེ། མངོན་པའི་མདོ་ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་དེ། །དམ་པ་དག་ལ་ངས་བཤད་དོ། །ཞེས་གསུངས་སོ། །དེའི་མཚན་ཉིད་མདོར་བསྡུས་པའང་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །དེ་ནི་རྒྱུན་འབབས་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་གསུངས་པ་ལྟར། ཀུན་ཏུ་རྟོགས་པའི་ཆོས་ཐམས་ཅད་འབྱུང་བའི་གཞིར་གྱུར་པས་ཀུན་གཞི་ཞེས་བྱ། དེ་ལ་རྣམ་པར་ཤེས་པའི་སྒྲ་དང་ལྡན་པ་ཇི་ལྟར་ཡིན་སྙམ་ན། དེ་བཞིན་ཉིད་དམ་བདེ་གཤེགས་སྙིང་པོ་ལའང་ཀུན་གཞིར་


KMC007_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་སྐབས་ཡོད་པས་ཁྱད་པར་དུ་འབྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་དོན་མཐོང་བ་ལ་བརྗོད་ན་འདིར་དོན་ཏུ་ཇི་ལྟར་བཞག་ཅེ་ན། རྣམ་སྨིན་དང་ས་བོན་ཐམས་ཅད་དང་ལྡན་པ་ཡུལ་དང་ཀུན་གཞིའི་གསལ་ཆ་ཡུལ་ཅན་ལྟར་གྱུར་ནས་རྣམ་པར་ཤེས་པ་ཚོགས་བདུན་གྱི་ཉེར་ལེན་ལས་ཕན་ཚུན་རྒྱུ་དང་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་ན་རྣམ་པར་ཤེས་པ་ཞེས་བྱའོ། །ཐམས་ཅད་དེར་བསགས་པའི་ཕྱིར་རྣམ་པར་སྨིན་པ་སྟེ་ཆར་ཆུ་ལས་རྒྱ་མཚོ་བཞིན་ནོ། །རྐྱེན་ཉེ་བར་བསྐྱེད་པ་ཐམས་ཅད་སྐྱེད་པའི་ཕྱིར་རྒྱུར་གྱུར་པའི་ཆ་ནས་ས་བོན་ཐམས་ཅད་པའོ། །ཀུན་ཏུ་འགྲོ་བའི་རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་དཔའ་དང་ལྔ་པོས་དུས་ཐམས་ཅད་དུ་བསྐོར་བས། སེམས་བྱུང་རྣམས་ཀྱང་རྣམ་པར་ཤེས་པའི་ཁྱད་པར་དུ་འགྱུར་བ་སྟེ། ཀུན་གཞིའི་འཁོར་ཚོར་བ་དེ་ནི་བཏང་སྙོམས་པ་ཡིན་ལ། ཀུན་གཞི་ཉིད་ནི་ངོ་བོ་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། །མེ་ལོང་གི་གསལ་བ་བཞིན་ནོ། །


KMC007_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་འབབ་པའི་ཆུ་བོ་བཞིན་དུ་ཡུལ་དང་ཡུལ་ཅན་དང་དབང་པོའི་ས་བོན་རྒྱུན་ཆད་མེད་པར་འབབ་པ་ཡིན་ན། དགྲ་བཅོམ་ཉིད་ནི་དེ་ལྡོག་ཅེས་པ་ནི་སངས་རྒྱས་ལ་དགོངས་པ་སྟེ། ཉན་ཐོས་ཀྱི་དགྲ་བཅོམ་ལ་ནི་ཀུན་གཞི་ཡོད་པ་ཉིད་དོ། །འོན་ཀྱང་གང་ཟག་གི་བདག་ཏུ་འཛིན་པའི་ཉོན་ཡིད་ཀྱི་རྟེན་ལོག་པའི་ཆ་གཅིག་ལོག་པར་བཤད་དུ་རུང་ངོ་། །དེ་ལྟ་བུའི་ཀུན་གཞི་དེ་ནི་ཐེག་ཆུང་བ་རྣམས་ལ་མུ་སྟེགས་པའི་བདག་དང་དོན་གཅིག་པར་འཁྲུལ་དུ་དོགས་ནས་མ་བསྟན་པ་ཡིན་ཏེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་བས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཅེས་གསུངས་སོ། གཉིས་པ་ནི། འདི་ནི་ ནས་ ཞེས་ཀྱང་བྱ། ཞེས་གསུངས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་ཁམས་གསུམ་དུ་འཁྲུལ་པའི་གཞི་དང་། དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡིན་པས་རྟེན་


KMC007_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་པར་ཤེས་པ་ཞེས་བརྗོད་པ་དང་། བག་ཆགས་ཀྱི་ས་བོན་དང་ལུས་ཐམས་ཅད་ཉེར་བར་ལེན་པའི་གནས་ཡིན་པས་གནས་ཀྱི་རྣམ་པར་ཤེས་པ་བརྗོད་པ་དང། གཞན་ཡང་དེ་ནི། བདག་དང་ཕུང་པོ་དང་འདོད་པ་དང་ལྟ་བ་བཞི་པོ་ཉེར་བར་ལེན་པས། ལུས་ཉིང་མཚམས་སྦྱོར་བ་སྦྲེལ་ཞིང་དེ་དག་མངོན་པར་འགྲུབ་པ་ཉེ་བར་འཛིན་པའི་ཕྱིར་ལེན་པའི་རྣམ་པར་ཤེས་པར་ཞེས་ཀྱང་གསུངས་སོ། །ཚོགས་བདུན་གྱིས་བསྐྱེད་པའི་ལས་དཀར་ནག་དང་ཡུལ་དབང་ཤེས་གསུམ་གྱི་ས་བོན་ཀུན་སོ་སོར་མ་འདྲེས་ཤིང་ངོ་བོ་དགེ་བའང་མི་དགེ་བར་ལུང་དུ་མ་བསྟན་པར་ཀུན་གཞི་དེར་བསགས་པས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། དཔེར་ན། ཆར་པ་ནི་ཆུ་བོར་འབབ་པའི་ཆུ་བོ་རྣམས་ཀྱང་རྒྱ་མཚོར་འབབ་ཅིང་བསགས་པ་ཇི་ལྟ་བ་བཞིན་ཡིན་ཏེ། དེའང་ཚོགས་དྲུག་ཆར་པ། ཡིད་ཀྱིས་ལས་བསགས་པ་ཆུ་བོ་ཀུན་གཞི་རྒྱ་མཚོ་ལྟ་བུའོ། །ལས་གང་ཡང་རུང་སྦྱོར་དངོས་རྗེས་གསུམ་རྫོགས་པ་ནི་ལས་བསགས་པ་


KMC007_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ་འབྲས་བུ་ངེས་པར་འབྱིན་ནུས་ཅན་ཡིན་ལ། ལས་འགགས་ནས་དེའི་འབྲས་བུ་མ་སྨིན་པའི་བར་དེ་ལ་རྣམ་པར་སྨིན་པ་ཞེས་བརྗོད་པའང་ཤེས་པར་བྱའོ། །ཡང་རྐྱེན་ཚོགས་ན་དེ་མ་ཐག་ཏུ་རྒྱ་མཚོ་ལས་ཆུ་རླབས་གཡོ་ཞིང་འབྱུང་བ་བཞིན་དུ། ས་བོན་ཐམས་ཅད་པའི་ཀུན་གཞིའི་ལས་ཉོན་ཡིད་གཡོ་ཞིང་འབྱུང་བས་དེ་མ་ཐག་པའི་ཡིད་འབྱུང་སྟེ། ཀུན་གཞིའི་སྟེང་དུ་ཡོད་པའི་ས་བོན་རྣམས་ལ་འབྲས་བུ་སོ་སོར་མ་འདྲེས་པར་སྐྱེད་པར་བྱེད་པ་ཡིན་ཏེ། མངོན་པའི་མདོ་ལས། རྣམ་པར་ཤེས་པ་ཡིད་ལས་བྱུང་། །ཡིད་ནི་ཀུན་གཞི་ལས་བྱུང་སྟེ། །ཀུན་གཞི་ལ་ནི་ཆོས་རྣམས་ཀུན། །རྦ་རླབས་བཞིན་དུ་རྣམ་པར་གཡོ། །ཞེས་གསུངས་པ་དང་། མདོ་གཞན་ལས་ཀྱང་། ཇི་ལྟར་རླུང་གིས་བསྐྱོད་པའི་རྒྱ་མཚོ་ནི། །ཆུ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ། །ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་ལས། །རང་གི་ནུས་པ་རྣམ་ཤེས་ཙམ་ཞིག་འབྱུང་། །ཞེས་གསུངས་སོ། །དེས་ཕྱི་ནང་ཐམས་ཅད་སྐྱེད་པར་བྱེད་པས་ན་ས་བོན་ཀུན་


KMC007_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་བའི་ཀུན་གཞི་ཡིན་པས་འདི་ལ་ནི་ཚོགས་དྲུག་གི་རྒྱུའི་རྐྱེན་ཞེས་བརྗོད་པ་ཡིན་ནོ། །ཐོས་སྒོམ་གྱི་ནུས་པས་ཚོགས་བདུན་ནང་དུ་ལོག་ན་བག་ཆགས་གསར་དུ་གསོག་པ་མེད་པས་ཆར་ཆུ་སྐོམ་པའི་རྒྱ་མཚོ་ལྟར་ཀུན་གཞི་སྐྱེད་པའི་རྒྱུ་མེད་པས་ཀུན་གཞི་དེ་ལྡོག་པའི་ཕྱིར། ཚོགས་བདུན་གྱི་རྐྱེན་ལ་ལྟོས་པས་རྐྱེན་གྱི་རྣམ་པར་ཤེས་པ་ཞེས་ཀྱང་གསུངས་པ་ཡིན་ནོ། །གཞན་ཡང་ཀུན་ནས་ཉོན་མོངས་པའི་ཆོས་དེ་རྣམས་ཀྱི་རྒྱུ་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་པ་ལྟར། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་དེའི་རྒྱུའི་རྐྱེན་དུ་རྣམ་པར་བཞག་སྟེ། རྒྱུའི་རྐྱེན་གཞན་མ་དམིགས་པའི་ཕྱིར་རོ། །དེ་དག་གི་ཚུལ་ཐེག་བསྡུས་ལས་རྒྱས་པར་འབྱུང་བ་ལྟར་འདི་ཡང་སྡུད་པའི་སྒྲས་ཞར་བྱུང་དུ་བསྟན་པ་གོ་དགོས་སོ། །དེ་ལྟར་བཤད་པའི་ཀུན་གཞི་དེ་དག་པའི་ཆ་ལ་རྣམ་བྱང་ཉིད་ཀྱི་རྒྱུའི་ཐ་སྙད་དུ་བརྗོད་པར་བྱེད་ན་རུང་གི །ཀུན་གཞིའི་རྣམ་པར་ཤེས་པ་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུར་


KMC007_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ན་ནི་མི་རུང་སྟེ། རབ་ཏུ་མི་གནས་པའི་རྒྱུད་ལས། ཀུན་གཞི་ཀུན་གྱི་གཞི་ཡིན་ཀྱང་། །རྣམ་པར་བྱང་བའི་གཞི་མ་ཡིན། །ཅེས་གསུངས་སོ། །འོན་ཀྱང་འདི་ལ་བཤད་ཚུལ་མང་ངོ་། །འོ་ན་དཀར་པོའི་ཆོས་སངས་རྒྱས་ཀྱི་བྱང་ཆུབ་དང་དབྱེ་བ་མེད་པ་ཡང་དག་པའི་ལྟ་བ་ལ་བརྟེན་ནས་རྟོགས་པ་ཡང་ཀུན་གཞིའི་སྟེང་དུ་འཇོག་པ་མ་ཡིན་ནམ། རྣམ་པར་བྱང་བའི་ཆོས་དེ་དག་ཇི་ལྟར་བསྐྱེད་ཅེ་ན། འདི་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སེམས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྟེན་པ་སྟེ། དེའི་ཚུལ་རྒྱས་པ་ཀུན་མཁྱེན་རང་བྱུང་ཞབས་ཉིད་ཀྱིས་མཛད་པའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་འགྲེལ་པ་དང་བཅས་པ་ལས་རྟོགས་པར་བྱའོ། །གཞུང་དོན་གཉིས་པ་ཚོགས་བརྒྱད་གནས་གྱུར་པའི་ཡེ་ཤེས་སྐུ་དང་བཅས་པ་བཤད་པ་ལ་གཉིས། སྤྱི་དོན་མདོར་བསྟན། གཞུང་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཀུན་གཞིའི་རང་ངོ་མ་རིག་སྟེ་གཟུང་འཛིན་གཡོས་


KMC007_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཁྲུལ་པའི་རྒྱུ་བྱས་ནས། ཁམས་གསུམ་དུ་འཁོར་ཞིང་སེམས་ཅན་ཏུ་གདགས་པའི་བརྒལ་དཀའ་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་བྱུང་བ་ཡིན་ལ། སེམས་ཅན་གྱི་ཕུང་པོ་ལྔར་འཛིན་པའི་གློ་བུར་གྱི་དྲི་མ་དང་བྲལ་ནས་གནས་ཡོངས་སུ་གྱུར་པ་ནི་སྐུ་བཞིའི་བདག་ཉིད་ཅན་གྱི་ཡེ་ཤེས་ལྔར་ཤར་བ་སྟེ། མདོར་ན་སེམས་ཅན་དུ་གདགས་པའི་གཞི་ཕུང་པོ་ལྔ་དང་། དེའི་ཡང་ཉེར་ལེན་གྱི་རྒྱུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཡིན་ལ། སངས་རྒྱས་ཀྱི་རྒྱུ་སེམས་ཅན་གྱི་ཕུང་པོ་ལྔ་གནས་འགྱུར་བ་ལས་བྱུང་བ་སྟེ། ཐེག་བསྡུས་ལས། ཡང་དབང་འབྱོར་བ་དུས་ཆོས་ཀྱི་སྐུ་ལ་དབང་འབྱོར་པ་ཐོབ་ཅེ་ན། མདོར་བསྡུ་ན་རྣམ་པ་ལྔས་འཐོབ་སྟེ། གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་ཞིང་དང་། ལུས་དང་། མཚན་དང་། དཔེ་བྱད་བཟང་པོ་དང་། དབྱངས་མཐའ་ཡས་པ་དང་། སྤྱི་གཙུག་བལྟར་མི་མཐོང་བ་ལ་དབང་འབྱོར་པ་དང་། ཚོར་བའི་ཕུང་པོ་གནས་གྱུར་པའི་ཕྱིར། ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་པ་རྒྱ་ཆེ་བའི་བདེ་བར་


KMC007_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལ་དབང་འབྱོར་པ་དང་། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཐམས་ཅད་ཀྱིས་བསྟན་པ་ལ་དབང་འབྱོར་བ་དང་། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར། སྤྲུལ་པ་དང་། བསྒྱུར་བ་དང་། འཁོར་སྡུད་པ་དང་། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་པ་དང་། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོགས་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་འབྱོར་པས། དབང་འབྱོར་པ་ཐོབ་པའོ། །ཞེས་གསུངས་ཏེ། དེ་ལ་ཕུང་པོ་བཞི་པོའི་གནས་གྱུར་ཚུལ་ལུང་དེ་ཉིད་ཀྱིས་གོ་བས། འདིར་རྣམ་པར་ཤེས་པ་གནས་གྱུར་པ་ལ་སངས་རྒྱས་ཀྱི་ཡེ་ཤེས་བཞིར་འགྱུར་བའི་ཚུལ་ཅུང་ཟད་བཤད་ན། དང་པོ་ཡེ་ཤེས་འཐོབ་པའི་རྒྱུ་བཞི་དང་། གནས་གྱུར་གྱི་རྒྱུ་བཞིར་གསུངས་ཏེ། དང་པོ་ནི། སྡེ་སྣོད་གསུམ་གྱི་ཆོས་ཐོས་ཤིང་འཛིན་པའི་ཤེས་རབ་ནི་མེ་ལོང་ལྟ་བུའི་རྒྱུ། སེམས་ཅན་ཐམས་ཅད་ལ་


KMC007_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མཉམ་པ་ཉིད་སྒོམ་པ་ནི་མཉམ་ཉིད་ཡེ་ཤེས་ཀྱི་རྒྱུ། གཞན་ལ་ཆོས་སྟོན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྒྱུ། གཞན་གྱི་བྱ་བ་སྒྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་ཏེ། རྒྱན་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། ཡང་དག་ཆོས་རབ་སྟོན་ཕྱིར་དང་།། བྱ་བ་བསྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་གསུངས་སོ། །གཉིས་པ་ནི། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཀུན་གཞི་ལ་གནས་པའི་ཡིད་གནས་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །ཡེ་ཤེས་དེ་དག་ཀྱང་བསྡུ་ན་ཇི་ལྟ་མཁྱེན་པ་དང་ཇི་སྙེད་མཁྱེན་པ་གཉིས་སུ་འདུ་སྟེ། དང་པོ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྣང་མེད་མཐར་ཐུག་པ་ནི་མཉམ་གཞག་ཇི་ལྟ་བ་མཁྱེན་པའི་ཡེ་


KMC007_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཡིན་ཏེ། བདེན་གཉིས་ལས། གང་ཚེ་ཤེས་དང་ཤེས་བྱ་དག །བདག་ཉིད་རྗེས་སུ་མི་མཐོང་ན། །དེ་ཚེ་མཚན་མར་མི་འབྱུང་ཕྱིར། གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་གསུངས་པ་བཞིན་ནོ། །དུས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྫས་རིགས་མ་ལུས་པ་ཐམས་ཅད་སྒྱུ་མ་ལྟ་བུར་མངོན་སུམ་དུ་རྟོགས་པ་ནི། རྗེས་ཐོབ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཡིན་ཏེ། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཅེས་གསུངས་སོ། །དེའང་སངས་རྒྱས་ཀྱི་ཡེ་ཤེས་ལ་མཉམ་རྗེས་རིས་སུ་བཅད་པ་མེད་ཀྱང་མཁྱེན་ཚུལ་ཙམ་ལས་བཏགས་པའོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ་དྲུག །མེ་ལོང་ཡེ་ཤེས་ཆོས་སྐུར་བཤད་པ། མཉམ་ཉིད་ཡེ་ཤེས་བཤད་པ། སོར་རྟོགས་ཡེ་ཤེས་བཤད་པ། དེ་གཉིས་ལོངས་སྐུར་བཤད་པ། བྱ་གྲུབ་ཡེ་ཤེས་སྤྲུལ་སྐུར་བཤད་པ། ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད་སྐུར་བཤད་པའོ། །དང་པོ་ལ་གཉིས། དག་བྱ་དག་བྱེད།


KMC007_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དག་འབྲས་སྐུ་ཡེ་བཤད་པའོ། །དང་པོ་ནི། ཕྱི་ནང་ ནས་ གསུངས་པ་ཡིན། ཅེས་གསུངས་ཏེ། བཤད་མ་ཐག་པ་ཕྱི་ཡུལ་དང་ནང་ཤེས་པ་ཀུན་གྱི་བདག་ཉིད་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་འདི་ཉིད་གཟུང་འཛིན་ཐམས་ཅད་ཀྱི་གཞིའམ་རྩ་བ་མ་རིག་པ་དངོས་ཉིད་སངས་རྒྱས་ཀྱི་ས་ལ་སྒྲིབ་པར་བྱེད་པས་ན་སྤང་བྱ་ཀུན་གྱི་རྩ་བ་ཡིན་ཏེ། འདི་སྤོང་བྱེད་ཀྱི་གཉེན་པོའང་འཇིག་རྟེན་པའི་བསམ་གཏན་གྱིས་ལྟ་ཅི་སྨོས། ཉན་རང་བདག་མེད་རྟོགས་བའི་ཤེས་རབ་མཐར་ཐུག་པས་ཀྱང་སྤང་མི་ནུས་ཏེ། ས་བཅུ་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་པར་བྱ་བར་གསུངས་པ་ཡིན་ནོ། །གཉིས་པ་ནི། གང་ཐེ་ ནས་ བརྗོད་པ་ཡིན། ཅེས་གསུངས་ཏེ། གང་གི་ཚེ་ཅི་ལའང་མ་ཆགས་ཤིང་གང་དུའང་ཐོགས་པ་མེད་པས་སྒྲིབ་པ་ཕྲ་ཞིང་ཕྲ་བའི་གཉེན་པོར་གྱུར་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་ཀུན་གཞི་རྣམ་པར་བཅོམ་ནས་ཀུན་གཞི་དེ་ལོག་པ་དེའི་ཚེ། སངས་རྒྱས་ཀྱི་མེ་ལོང་ལྟ་བུའི་ཡེ་


KMC007_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་འགྱུར་བ་ཡིན་ཏེ། སྒྲ་དོན་ཀྱང་། དཔེར་ན་མེ་ལོང་གཡའ་དག་པ་ལ་བརྟེན་ནས་གཟུགས་བརྙན་འབྱུང་དུ་རུང་བ་བཞིན་དུ། མེ་ལོང་ལྟ་བུའི་ཡེ་ཤེས་ལས་ཀྱང་ཡེ་ཤེས་གཞན་གསུམ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་བརྙན་གྱི་ཚུལ་དུ་འཆར་བའི་ཕྱིར་ཏེ། རྒྱན་ལས། ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །ཞེས་གསུངས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལ་ནི་ཡེ་ཤེས་གཞན་ཀུན་དང་ཤེས་བྱ་ཐམས་ཅད་སྣང་ཡང་ངར་འཛིན་མེད་པ་དང་། རྒྱ་ཡོངས་སུ་མ་ཆད་པས་དུས་རྟག་ཏུ་ལྡན་པ་དང་། སྒྲིབ་པ་ཐམས་ཅད་དང་བྲལ་ཤིང་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པས་དོན་གྱིས་གཏད་པའི་རྣམ་པར་ཤེས་པ་ལ་མ་གཏད་པ། མི་ཤེས་པ་མེད་པས་ཤེས་བྱ་ཐམས་ཅད་རྟོགས་ཤིང་། དེ་ལ་ཁ་ཕྱིར་ཕྱོགས་པས་འཛིན་པའང་མིན་ཏེ། རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡིར་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་གསུངས་སོ། །ཡང་མ་དག་པའི་གནས་


KMC007_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ན་ཀུན་གཞིའི་རྣམ་ཤེས་ཀྱིས་ཡིད་ཞེས་གཞན་གྱི་རྟེན་བྱེད་པ་ལྟར། སངས་རྒྱས་ཀྱི་སར་མེ་ལོང་ལྟ་བུའི་ཡེ་ཤེས་གཞན་གསུམ་གྱི་རྟེན་བྱེད་པ་ཡིན་ཏེ། རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོགས། །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་གསུངས་སོ། །དེས་ན་ཡེ་ཤེས་གསུམ་པོ་ཀུན་གྱི་རྒྱུ་མཚན་ཉིད་ཡིན་པའི་ཕྱིར་དང་། །ཡེ་ཤེས་གཞན་གསུམ་དང་ལོངས་སྤྱོད་རྫོགས་པའི་སྐུ་སྐྱེད་པའི་ཕྱིར། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་རྒྱན་ལས་གསུངས་པ་ཡིན་ནོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་འདི་ལ་ནི་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་ཐེག་བསྡུས་ལས། སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་ནས་ཆོས་ཀྱི་སྐུ་འཐོབ་པའི་ཕྱིར་རོ། །ཞེས་གསུངས་པ་དང་། དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་། ཀུན་གཞི་མེ་ལོང་ཡེ་ཤེས་


KMC007_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་མཐའ་ཐུག་པ་སྤྲོས་པ་ཐམས་ཅད་ཞི་ཞིང་སྣང་བ་མེད་པའི་ཡེ་ཤེས་མཆོག་ཐོབ་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡིན་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་དེ་མི་གཟིགས་སོ། །ཞེས་གསུངས་པ་དང་། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལའང་གཉིས། དག་བྱ་དག་བྱེད། དག་འབྲས་ཡེ་ཤེས་བཤད་པའོ། དང་པོ་ནི། ཉོན་མོངས་ ནས་ རབ་བཅོམ་ནས། ཞེས་གསུངས་ཏེ། ཀུན་གཞིའི་རྣམ་ཤེས་ལ་དམིགས་ནས་རྟག་ཏུ་ངར་བཏགས་པའི་རྣམ་པས་འཇུག་པས། བདག་ཏུ་ལྟ་བ། བདག་ཏུ་རྨོངས་པ། བདག་ལ་ཆགས་པ། བདག་ཏུ་ང་རྒྱལ་བ་སྟེ་ཉོན་མོངས་བཞི་


KMC007_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྟག་ཏུ་མཚུངས་པར་ལྡན་པས་ངོ་བོ་ཐར་བ་ཐོབ་པ་ལ་སྒྲིབ་ཅིང་ལུང་དུ་མ་བསྟན་པའི་མཚན་ཉིད་ཅན་ཉོན་མོངས་པ་ཅན་གྱི་ཡིད་དུ་གྲགས་པ་དེ་ནི། ཉོན་མོངས་པས་ནམ་ཡང་འཕྲོག་པར་མི་ནུས་པའི་ཕྱིར་སེང་གེ་ལྟ་བུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་བས་རབ་ཏུ་བཅོམ་ནས་འཁྲུལ་པའི་དྲི་མ་ལྡང་བ་མེད་པར་གྱུར་པ་ལས་མཉམ་ཉིད་ཡེ་ཤེས་འཐོབ་པར་འགྱུར་རོ། །དེའི་སྒྲ་དོན་ནི། སློབ་ལམ་དུ་བདག་གཞན་མཉམ་པ་ཉིད་དུ་སྒོམས་པས་སངས་རྒྱས་ཐོབ་པའི་ཚེ་སྲིད་ཞི་མཉམ་པ་ཉིད་དུ་མཁྱེན་པའི་ཡེ་ཤེས་སོ། །གཉིས་པ་ནི། མཐོང་སྒོམ་ ནས་ ཞེས་སུ་བརྗོད། ཅེས་གསུངས་ཏེ། ཁ་ཕྱིར་ལྟ་བའི་རགས་པ་ཀུན་བཏགས་ཀྱི་ཉོན་མོངས་ནི་མཐོང་ལམ་གྱིས་སྤངས་ཤིང་། ཁ་ནང་དུ་ལྟ་བའི་ཕྲ་བ་ལྷན་སྐྱེས་ཀྱི་ཉོན་མོངས་པ་ནི་སྒོམ་ལམ་གྱིས་སྤངས་པས་ཉོན་མོངས་པ་མེད་ཅིང་། ལམ་གྱི་དུས་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་དག་པ་དང་། འཁོར་འདས་གང་གི་ཡང་ཕྱོགས་སུ་མ་ལྷུང་བའི་སྲིད་ཞི་གཉིས་ལ་མི་


KMC007_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཞི་བ་བསྒོམས་པས། སངས་རྒྱས་ཀྱི་སར་སྲིད་ཞི་མེད་ཅིང་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པས་མཉམ་ཉིད་ཀྱི་ཡེ་ཤེས་ཞེས་བརྗོད་པ་ཡིན་ཏེ། རྒྱན་ལས། སྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བ་བཞུགས་ཡང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཞེས་གསུངས་སོ། །སྐབས་འདིར་མཐོང་སྒོམ་གྱི་སྤང་བྱ་ལ་དབྱེ་ན་མཐོང་སྤང་ནི་ཀུན་བརྟགས་ཀྱི་ཉོན་མོངས་ཏེ་འཇིག་ལྟ། མཐར་ལྟ། ལོག་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་སྟེ་ལྔ་དང་། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་ལྔ་སྟེ་བཅུས་སྡུག་བསྔལ་དང་ཀུན་འབྱུང་། འགོག་པ་དང་ལམ་སྟེ་བདེན་པ་བཞིར་ལོག་པར་ཞུགས་པས་འདོད་ཁམས་ན་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་དགུ་བཞི་སོ་དྲུག་པ་ཚན་གཉིས་ཏེ་དེ་ཀུན་བསྡོམ་པས་བརྒྱ་དང་བཅུ་གཉིས་དང་། སྒོམ་སྤང་ནི་ལྷན་སྐྱེས་ཀྱི་ཉོན་མོངས་འདོད་ཆགས།


KMC007_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ཁྲོ། ང་རྒྱལ། མ་རིག །འཇིག་ལྟ། མཐར་ལྟ་དང་དྲུག་འདོད་ཁམས་ན་ཡོད་ཅིང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་སྤངས་པས་ལྔ་རེ་སྟེ། དེའང་བསམ་གཏན་བཞི་དང་གཟུགས་མེད་བཞིར་དབྱེ་བས་གོང་མ་བརྒྱད་ལ་བརྒྱད་ལྔ་བཞི་བཅུ། འདོད་ཁམས་ཀྱི་དྲུག་བསྣན་པས་ཞེ་དྲུག་དེ་རེ་རེ་ཡང་ཆུང་ངུའི་ཆུང་ངུ་ནས་ཆེན་པོའི་ཆེན་པོ་བར་དགུས་བསྒྱུར་བས་བཞི་བརྒྱ་དང་བཅུ་བཞིར་བཤད་དེ་ཞིབ་པར་གཞུང་གཞན་ལས་ཤེས་པར་བྱའོ། །གསུམ་པ་ལ་གཉིས། དག་བྱ་དག་བྱེད། དག་འབྲས་ཡེ་ཤེས་བཤད་པའོ། །དང་པོ་ནི། དེ་མ་ ནས་ བཅོམ་པས། ཞེས་གསུངས་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་སྐྱེ་འགག་བྱེད་པའི་གནས་གྱུར་གྱི་རྒྱུད་པ། དེ་དག་བྱེད་པའི་གནས་དེ་མ་ཐག་པའི་ཡིད་བྱ་བ་དེ་ནི་ཚོགས་དྲུག་བསྐྱེད་ཅིང་དེས་འཛིན་པས་འཛིན་པ་ཞེས་བྱ་བ་སྟེ། དེས་རྣམ་པར་རྟོག་པ་བསྐྱེད་པས་ན་མིང་དུ་རྣམ་རྟོག་ཅེས་བྱ་བའང་ཡིན་ཏེ། གང་ལྟར་ན་ཡང་རྣམ་པར་རྟོག་པ་དེ་ནི། ཆོས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་


KMC007_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྟོང་པ་དང་བདག་མེད་པར་རྟོགས་པ་ཡང་དག་པའི་ཤེས་རབ་དང་། ཡུལ་དང་སེམས་ཀྱི་ཀུན་ཏུ་བརྟགས་པ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ཏིང་ངེ་འཛིན་གྱིས་བཅོམ་པས་སོ་སོར་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །དེའི་སྒྲ་དོན་ནི། ཤེས་བྱ་ཇི་སྙེད་པ་དེ་སྙེད་སོ་སོར་སྐད་ཅིག་གིས་མ་འདྲེས་པར་ཐོགས་པ་མེད་པར་མཁྱེན་པའི་ཡེ་ཤེས་ཏེ། རྒྱན་ལས། སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་སོ། །གཉིས་པ་ནི། བཟོད་པ་ ནས་ ཡེ་ཤེས་ཏེ། ཞེས་གསུངས་ཏེ། ས་བརྒྱད་པའི་སྐབས་སུ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཆེན་པོ་ཐོབ་པ་དེའི་ཚེ་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པ་ཡིན་ཏེ། རྒྱན་ལས། ཡིད་ནི་གཞན་དུ་གྱུར་པ་ནི། །འབྱོར་དང་མཐུན་ཕྱོགས་མི་རྟོག་པའི། །ཡེ་ཤེས་ཤིན་ཏུ་དྲི་མེད་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ཞེས་གསུངས་སོ། །ཡང་བརྒྱད་པ་དེར་དོན་དང་བཅས་པའི་འཛིན་པ་གནས་གྱུར་པས།


KMC007_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཞིང་ཁམས་རྣམ་པར་དག་པ་ལ་དབང་འབྱོར་པས་གདུལ་བྱ་གཞན་ལ་ཡང་ཇི་ལྟར་འདོད་པ་བཞིན་བདེ་བ་ཅན་མངོན་དགའ་སོགས་དང་མཚུངས་པའི་ཞིང་དག་པའི་ལོངས་སྤྱོད་རྣམས་སྟོན་པ་ལ་དབང་འབྱོར་ཐོབ་པ་ཡིན་ཏེ། ཡང་རྒྱན་ལས། དོན་བཅས་འཛིན་པ་གནས་གྱུར་ན། །ཇི་ལྟར་འདོད་པའི་ལོངས་སྤྱོད་རྣམས། །བསྟན་ཕྱིར་ཞིང་ནི་དག་པ་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ཞེས་གསུངས་སོ། །ཡང་ས་བརྒྱད་པ་དེར་རྟོགས་པ་ཡིད་ཤེས་གནས་གྱུར་པས་ས་དགུ་པར་འདས་མ་འོངས་ད་ལྟའི་དུས་རྣམས་ཀུན་ཏུ་ཡེ་ཤེས་ཆགས་ཐོགས་མེད་པར་འཇུག་པ་ལ་དབང་བ་དང་། ས་བཅུ་པར་གང་ལ་གང་འདུལ་གྱི་ཕྲིན་ལས་སྣ་ཚོགས་པ་རྣམས་གདུལ་བྱ་ཀུན་ལ་ཐོགས་པ་མེད་པར་འཇུག་པ་ལ་དབང་སྟེ། རྒྱན་ལས། རྣམ་རྟོག་གཞན་དུ་གྱུར་པའི་ཕྱིར། །དུས་རྣམས་ཀུན་ཏུ་ཡེ་ཤེས་དང་། །ལས་རྣམས་ཀུན་ཏུ་ཐོགས་མེད་པའི། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ཐམས་ཅད་དག་པ་ས་


KMC007_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་ཚང་བར་འབྱུང་བའང་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་པ། །དབང་དེ་རྣམ་པ་བཞི་ཡིན་ནོ། །དབང་དེ་མི་གཡོ་ལ་སོགས་ཀྱི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལས་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེར་འདོད་པ་ཡིན། །ཞེས་གསུངས་སོ། །དེ་ལྟ་བུའི་རྣམ་པར་རྟོག་པ་གནས་ཡོངས་སུ་གྱུར་པ་མཐར་ཐུག་པ་ནི་སངས་རྒྱས་ཀྱི་སར་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱ་བ་དེ་བཞིན་ཡིན་ནོ། །བཞི་པ་ནི། དེ་ལྟར་ ནས་ ཞེས་སུ་བརྗོད། ཅེས་གསུངས་ཏེ། དེ་ལྟར་བཤད་མ་ཐག་པའི་མཉམ་པ་ཉིད་དང་སོ་སོར་རྟོགས་པའི་ཡེ་ཤེས་གཉིས་པོ་འདི་ནི། ལམ་གྱི་སྐབས་སུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་དག་པ་དང་། སྲིད་ཞི་གཉིས་ལ་མི་གནས་པའི་ཤེས་རབ་ཀྱི་སྒོམ་པ་རྣམ་པར་དག་པ་ལས་བྱུང་བ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་དེའི་ངོ་བོ་ནི། མཐའ་གཉིས་ལ་མི་གནས་པའི་ཞི་བ་ཆེན་པོའི་ངང་དུ་བཞུགས་པ་ཡིན་ལ།


KMC007_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གྲོགས་ནི་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་། བྱེད་ལས་ནི་གདུལ་བྱ་རྣམས་ལ་རང་རང་གང་ལྟར་མོས་པ་བཞིན། རྣམ་པར་སྣ་ཚོགས་པའི་སངས་རྒྱས་ཀྱི་སྤྲུལ་སྐུ་སྟོན་པར་མཛད་དེ། རྒྱན་ལས། དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་གསུངས་སོ། །སོར་རྟོགས་ཡེ་ཤེས་ཀྱི་ངོ་བོ་ནི། ཤེས་བྱ་ཇི་སྙེད་པ་མ་ལུས་ཤིང་མ་འདྲེས་པར་རྟོགས་པ་ཡིན་ལ། བྱེད་ལས་ནི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཅི་འདོད་པའི་འབྱོར་བ་སྟོན་པ་དང་། ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པའི་ཕྱིར་གསུང་ཆོས་སྟོན་པ་སྟེ། དེ་ཡང་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་དབྱངས་ཆེན་པོའི་ཆར་པ་འཁོར་གྱི་དཀྱིལ་འཁོར་རྣམས་སུ་འབྱུང་ཞིང་འབེབས་པར་མཛད་པ་ཡིན་ཏེ། རྒྱན་ལས། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་ཅིང་། །ཐེ་ཚོམ་


KMC007_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཅོད་པའི་ཕྱིར། །ཆོས་ཀྱི་ཆར་ནི་རབ་ཏུ་འབེབས། །ཞེས་གསུངས་སོ། །འབྲས་བུ་ནི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་རྣམས་དང་རང་ཉིད་ལྡན་ཞིང་གཞན་ལའང་སྐྱེད་པར་བྱེད་པས་དེ་རྣམས་ཀུན་གྱི་གཏེར་ཆེན་པོ་ལྟར་གྱུར་པ་ཡིན་ཏེ། རྒྱན་ལས། ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ནའོ། །ཞེས་གསུངས་སོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་ཕྱིར་མཉམ་ཉིད་དང་སོར་རྟོགས་ཡེ་ཤེས་གཉིས་པོ་ནི་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ་ཞེས་སུ་བརྗོད་པ་ཡིན་ནོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ནི་ངེས་པ་ལྔ་དང་ལྡན་པ་ཡིན་ཏེ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན་བཞུགས་པ། འཁོར་ངེས་པ་སར་གནས་ཀྱི་བྱང་སེམས་ཀྱིས་བསྐོར་བ་དང་། སྐུ་ངེས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་། ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག་སྟོན་ལ། དུས་ངེས་པ་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པ་ཡིན་ཏེ། །རྒྱན་ལས།


KMC007_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པ་ཁམས་གསུམ་དུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་། །མཛད་པ་དག་ནི་ཐ་དད་དོ། །ཞེས་གསུངས་སོ། །ལྔ་པ་ལ་གཉིས། དག་བྱ་དག་བྱེད། དག་འབྲས་སྐུ་ཡི་བཤད་པའོ། །དང་པོ་ནི། སྒོ་ལྔ་ ནས་ རྟོགས་པ་ལས། ཞེས་གསུངས་ཏེ། མིག་སོགས་དབང་པོ་སྒོ་ལྔའི་རྣམ་པར་ཤེས་པ་དང་། དྲུག་པ་ཡིད་གྱི་ཆ་གཅིག་སྟེ་སྒོ་ལྔའི་ཤེས་པ་ཁ་ཕྱིར་ཕྱོགས་པའི་ཆ་གཅིག་བཅས། སྦྱོར་ལམ་གྱི་ཡང་དག་པའི་ཀུན་ཏུ་རྟོག་པ་ལས་སྐྱེས་པའི་མཐོང་པའི་ལམ་གྱིས་སྤོང་བར་བྱེད་པ་སྟེ། མཐོང་ལམ་དེའང་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་སྟེ། བདེན་བཞིའི་ཚུལ་གྱིས་ཡོད་པའི་བདེན་པ་ཀུན་རེ་རེ་ལའང་ཆོས་ཤེས་བཞི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་སྟེ། ཡེ་ཤེས་བཞི་བཞིའི་རྣམ་པ་ཅན་ཏུ་ཡོད་ལ། དེའང་ཆོས་ཤེས་པའི་བཟོད་པ་ན་སྡུག་བསྔལ་བདེན་པའི་ཆོས་ཉིད་མངོན་སུམ་དུ་མཐོང་


KMC007_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཟག་མེད་ཀྱི་ཡེ་ཤེས་དེས་སྡུག་བསྔལ་མཐོང་སྤང་གང་ཡིན་སྤོང་བར་བྱེད་དོ། །ལ་སོགས་པའི་ཁོངས་ནས་སྡུག་བསྔལ་ལ་ཆོས་ཀྱི་ཤེས་པ་ནི་བཟོད་པ་དེའི་འཇུག་ཐོགས་ཏུ་རྣམ་པར་གྲོལ་བ་སྟེ་སྡུག་བསྔལ་མི་སྐྱེ་བ་ཤེས་པ་མངོན་དུ་བྱེད་དོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་ཡེ་ཤེས་སྔ་མ་དེ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་རང་ལ་མངོན་སུམ་དུ་གྱུར་པའི་ཟག་མེད་ཀྱི་ཤེས་རབ་བོ། །སྡུག་བསྔལ་རྗེས་ཤེས་ནི་སྔ་མ་རྗེས་བཟོད་དེ་ཉིད་རྟོགས་ཤིང་འཛིན་པར་བྱེད་པའི་ཤེས་རབ་ཡིན་ནོ། །ཀུན་འབྱུང་སོགས་གསུམ་ལའང་དེ་ལྟར་འགྲེས་སྦྱར་བའི་ཡེ་ཤེས་བཅུ་དྲུག་ཏུ་འགྱུར་བ་དག་གིས་ཆོས་ཉིད་ཀྱི་དོན་སྔར་མ་མཐོང་བ་མངོན་སུམ་གསར་དུ་མཐོང་ཞིང་དོན་དམ་པའི་བདེན་པ་རྟོགས་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་སུ་འགྱུར་རོ། །དེའི་སྒྲ་དོན་ནི། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་ཐབས་སྣ་ཚོགས་པ་འབད་རྩོལ་མེད་པས་སེམས་ཅན་གྱི་དོན་བྱ་བ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སོ། །གཉིས་པ་


KMC007_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དབང་པོ་ནས་སྐུ་ཆེན་པོ། ཞེས་གསུངས་ཏེ། དེ་ལྟར་མཐོང་ལམ་དུ་བདེན་པ་རྟོགས་ཤིང་ས་དང་པོ་ཐོབ་པ་དེའི་ཚེ་མིག་སོགས་ཀྱི་དབང་པོ་ལྔ་རྣམ་པར་ཤེས་པའི་འཁྲུལ་པ་རྣམས་དག་ཅིང་གནས་གྱུར་ནས་ནི། དབང་པོ་རེ་རེས་ཀྱང་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དོན་ལྔ་ལྔ་ལ་འཇུག་པས་དོན་ཀུན་ལ་དབང་པོ་རེ་རེ་བཞིན་འཇུག་པ་དང་། སའི་ཡོན་ཏན་ཐམས་ཅད་ཀྱི་ཐོག་མར་གྱུར་པ་རབ་ཏུ་དགའ་བ་ལ་གནས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་འབྱོར་བ་ཡིན་ཏེ། དེ་ཡང་ས་དང་པོ་དེར་དུས་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱའི་ཞལ་ལ་ལྟ་བ་དང་། སངས་རྒྱས་བརྒྱ་ལ་ཆོས་ཉན་པ་དང་། སྤྲུལ་བ་བརྒྱ་འགྱེད་པ་དང་། དུས་བསྐལ་པ་བརྒྱར་སྟོན་པ་དང་། སྔོན་དང་ཕྱི་མའི་མཐར་བརྒྱད་ཡེ་ཤེས་འཇུག་པ་དང་། །ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་དང་། དེ་ཙམ་བརྒྱ་ལས་ལྡང་བ་དང་། ཞིང་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱ་འོད་ཀྱིས་གསལ་བར་བྱེད་པ་དང་། ཆོས་ཀྱི་སྒོ་མོ་བརྒྱ་འབྱེད་པ་དང་། རང་


KMC007_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལུས་བརྒྱར་སྟོན་པ་དང་། ལུས་རེ་རེ་ལ་ཡང་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བ་སྟོན་པ་ལ་དབང་བ་ཡིན་ཏེ། རྒྱན་ལས། དབང་པོ་ལྔ་རྣམས་གནས་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །ཞེས་གསུངས་སོ། །གཞན་ཡང་ས་གཉིས་པ་ལ་ཡོན་ཏན་སྟོང་ཕྲག་བཅུ་གཉིས། ས་གསུམ་པ་ལ་འབུམ་ཕྲག་བཅུ་གཉིས། ས་བཞི་ལ་བྱེ་བ་ཕྲག་བཅུ་གཉིས། ས་ལྔ་པ་ལ་བྱེ་བ་ཕྲག་བརྒྱ་བཅུ་གཉིས། ས་དྲུག་པ་བྱེ་བ་སྟོང་ཕྲག་བཅུ་གཉིས། ས་བདུན་པ་ལ་བྱེ་བ་འབུམ་ཕྲག་བཅུ་གཉིས། ས་བརྒྱད་པ་ལ་སངས་རྒྱས་ཀྱི་ཞིང་འབུམ་ཕྲག་བཅུའི་རྡུལ་གྲངས་དང་མཉམ་པ་བཅུ་གཉིས། ས་དགུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་གྲངས་དང་མཉམ་པ་བཅུ་གཉིས། ས་བཅུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་བྱེ་བ་ཕྲག་བཅུའི་རྡུལ་གྲངས་དང་མཉམ་པ་བཅུ་གཉིས་ཀྱི་སྔར་བཞིན་སངས་རྒྱས་ཀྱི་ཞལ་ལྟ་བ་ལ་སོགས་པ་ལ་དབང་འབྱོར་བར་འགྱུར་ཞེས་


KMC007_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་ས་བཅུ་པ་ལས་གསུངས་པའང་ཞལ་ལས་ཤེས་པར་བྱའོ། །དབང་འབྱོར་བ་དེ་ཉིད་མཐར་ཕྱིན་པས་སངས་རྒྱས་ཀྱི་སར་བྱ་བ་གྲུབ་པའི་ཡེ་ཤེས་བྱ་བ་ཡིན་ཏེ། ཡེ་ཤེས་དེའི་བྱེད་ལས་ནི་འཇིག་རྟེན་གྱི་ཁམས་རྣམས་ཀུན་ཏུ་སྤྲུལ་པ་རྣམ་པ་སྣ་ཚོགས་པ་དཔག་ཏུ་མེད་པ་བསམ་དུ་མེད་པ་མཐའ་ཡས་པ་སྤྲུལ་པས་སེམས་ཅན་ཀུན་གྱི་དོན་བསྒྲུབ་པའོ། །དེ་ལྟར་ཡིན་པར་ཡང་། རྒྱན་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་བྱ་བ་གྲུབ་པའི་ཡེ་ཤེས་འདི་ནི་སྐུ་གསུམ་གྱི་ནང་ནས་སྤྲུལ་པའི་སྐུ་ཆེན་པོ་རྣམས་ཡིན་ནོ། །དེ་ལ་སངས་རྒྱས་སྤྲུལ་པའི་སྐུ་ནི་མཐའ་གཅིག་ཏུ་མ་ངེས་པའི་སྤྲུལ་པ་སྣ་ཚོགས་ཀྱིས་གཞན་དོན་མཛད་པ་ཡིན་ཏེ། དབྱེ་ན་མཆོག་གི་སྤྲུལ་པ་མཛད་པ་བཅུ་གཉིས་སྟོན་པ་ཐུབ་པ་ལྟ་བུ་དང་། བཟོའི་སྤྲུལ་པ་དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བ་ལ་གླུ་དབྱངས་མཁས་པར་སྤྲུལ་པ་ལྟ་བུ་


KMC007_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐྱེ་བའི་སྤྲུལ་པ་རི་དྭགས་རུ་རུར་སྤྲུལ་པ་ལྟ་བུ་ཡིན་ཏེ། རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་གསུངས་སོ། །དེ་ལྟར་སེམས་ཡོད་རྣམ་ཤེས་དག་པ་ལས་སྐུ་གསུམ་དུ་འགྱུར་བའི་ཚུལ་ཡང་། མདོ་སྡེ་གསེར་འོད་དམ་པ་ལས། ཀུན་གཞིའི་རྣམ་པར་ཤེས་པ་སྤངས་པས་ཆོས་ཀྱི་སྐུ་སྟོན་ཏོ། །དེ་ལ་གནས་པའི་ཡིད་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་དག་པས་སྤྲུལ་བའི་སྐུ་སྟོན་ཏོ། །ཞེས་གསུངས་སོ། །དྲུག་པ་ལ་གཉིས། དངོས་དང་། སྐུའི་མཐའ་དཔྱད་པའོ། །དང་པོ་ནི། སེམས་ཡིད་ ནས་ ཉིད་སྐུར་བཞེད། ཅེས་གསུངས་ཏེ། སེམས་ཀུན་གཞི་དང་། ཡིད་ཉོན་ཡིད་དང་། རྣམ་པར་ཤེས་པ་ཚོགས་དྲུག་པོ་རྣམས་དྲི་མ་བྲལ་ཞིང་གནས་ཡོངས་སུ་གྱུར་པའི་སྐུ་གསུམ་མཛད་པ་ཕྲིན་ལས་དང་བཅས་པ་རྣམས་ནི། ཆོས་ཐམས་ཅད་ཀྱི་དབྱིངས་གཟུང་འཛིན་གྱི་


KMC007_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་ཀུན་དང་བྲལ་བའི་དཀྱིལ་འཁོར་དུ་དབྱེར་མེད་གཅིག་ཏུ་རྫོགས་པ་དང་། འཁོར་བ་དང་མྱང་འདས་སུ་གདགས་པ་མེད་ཅིང་རིགས་དང་དོན་ཐ་དད་མེད་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། གཅིག་པ་དང་ཐ་དད་མ་ཡིན་པ་དང་། རྣམ་པ་དེ་དག་གི་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བ་རུ་བཞུགས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ངོ་བོ་ཉིད་ཀྱི་སྐུར་བཞེད་པ་ཡིན་ཏེ། རྒྱན་ལས། ཐ་དད་རིག་དོན་མེད་ཕྱིར་དང་། རྫོགས་པ་ཐོག་མ་མེད་ཕྱིར་དང་། སངས་རྒྱས་གཅིག་ཡིན་དྲི་མེད་གནས། ཐ་དད་མིན་ཕྱིར་གཅིག་པའང་མིན། །ཞེས་བྱ་བས་བསྟན་པར་བཞེད་དོ། །ཡེ་ཤེས་དེའི་སྒྲ་དོན་ནི། །སྒྲིབ་གཉིས་ཀྱི་སྤྲིན་ལས་གྲོལ་ཏེ་ནམ་མཁའ་དག་པ་དང་འདྲ་བར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་བཞིན་ཉིད་ལས་འཕགས་པའི་ཆོས་དང་ཡེ་ཤེས་རྣམས་འབྱུང་བའི་གནས་སུ་གྱུར་པ་སྟེ། མདོ་ལས། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་ལྡན་དག་མཚན་ཉིད་ཅན། །ཅེས་སོགས་གསུངས་སོ། །གཉིས་


KMC007_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། རྒྱལ་བས་ནས་གཉིས་ཞེས་བརྗོད། ཅེས་གསུངས་ཏེ། རྒྱལ་བ་ཐམས་ཅད་མཁྱེན་པས་ཐེག་པ་ཆེན་པོའི་གཞུང་གཞན་ཁ་ཅིག་ཏུ་ནི་དེ་ལྟར་བཤད་པ་འདི་ལ་ཆོས་ཀྱི་སྐུ་ཞེས་བསྟན་པ་ཡོད་པས། དེའི་ཚེ་ནི་གོང་དུ་བསྟན་པ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ངོ་བོ་ཉིད་སྐུའམ་ཡེ་ཤེས་ཀྱི་སྐུར་བརྗོད་ལ། མཉམ་ཉིད་སོར་རྟོག་བྱ་གྲུབ་སྟེ་ཡེ་ཤེས་གཞན་གསུམ་ནི་གཟུགས་སྐུ་ལོངས་སྤྲུལ་གཉིས་སུ་བརྗོད་དོ། །སྐབས་འདིར་ཐེག་ཆེན་གསུང་རབ་སྤྱིའི་ལུགས་སུ། རང་དོན་ཆོས་ཀྱི་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་ཏེ་སངས་རྒྱས་སྐུ་གསུམ་དུ་གྲངས་ངེས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདིར་རྟེན་དང་བཅས་པར་བསྟན། །ཅེས་གསུངས་པ་ལྟར་རོ། །གཞུང་ཁ་ཅིག་ཏུ་ངོ་བོ་ཉིད་སྐུར་གསུངས་པ་ཉིད་ཆོས་སྐུ་དང་དོན་གཅིག་མིང་གི་རྣམ་གྲངས་སུ་བཞེད་པའང་ཡོད་དེ། ཐེག་བསྡུས་ལས། དེ་ལ་ངོ་བོ་


KMC007_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་གནས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །ཡང་དེ་གཉིས་དབྱིངས་དང་ཡེ་ཤེས་ཀྱི་ལྡོག་པས་ཕྱེ་བའི་དབང་དུ་བྱས་ནས། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་སྤང་བྱ་བློ་བུར་གྱི་དྲི་མ་དང་བྲལ་བའི་སངས་རྒྱས་ཀྱི་ཆོས་ནི་ངོ་བོ་ཉིད་ཀྱི་སྐུ་དང་། དེས་རྟོགས་པ་ཡོན་ཏན་གྱི་སྡེ་ཚན་ཉི་ཤུ་རྩ་གཅིག་ནི་རྟོགས་པ་ཆོས་སྐུ་ཞེས་དབྱེ་ཞིང་དེ་དག་ངོ་བོ་ནི་གཅིག་ཏུ་འདུ་སྟེ། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཅེས་གསུངས་པ་ལྟར་རོ། །མདོར་ན་དག་པ་གཉིས་ལྡན་གྱི་ཆ་ངོ་བོ་ཉིད་སྐུ་དང་། ཡེ་ཤེས་མཐར་ཐུག་པའི་ཆ་ཆོས་ཀྱི་སྐུར་ཕྱེ་བ་ཡིན་པས་སྐུ་གསུམ་དུ་འདུ་ཞིང་། དེར་མ་ཟད་རང་དོན་དོན་དམ་ཆོས་ཀྱི་སྐུ་དང་གཞན་དོན་ཀུན་རྫོབ་གཟུགས་ཀྱི་སྐུ་སྟེ་སྐུ་གཉིས་དང་། ཁྱབ་བྱེད་ཆོས་ཀྱི་དབྱིངས་ལས་མ་


KMC007_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པའི་ཆོས་གཞན་མེད་པའི་ཕྱིར། ལྡོག་པ་ལ་དབྱེ་ན་ཐ་དད་ཀྱང་ངོ་བོ་ལ་དབྱེ་བ་བྱར་མེད་པ་ལ་དགོངས་ཏེ། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཀྱི་བལྟ། །ཞེས་གསུངས་པས་ཆོས་སྐུ་གཅིག་པུར་ཡང་འདུ་བ་སོགས་དབྱེ་བསྡུ་མང་དུ་གསུངས་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་སྐུ་གསུམ་གཅིག་གམ་ཐ་དད་སྙམ་ན། ནམ་མཁའ་དང་ནམ་མཁའི་རང་བཞིན་ལ་དབྱེ་བར་བྱར་མེད་པ་བཞིན་དུ། ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་ཐ་དད་མེད་ལ། སངས་རྒྱས་རྣམས་ནི་སྔོན་གྱི་སེམས་ཅན་རེ་རེས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལས་བྱུང་བས་གཅིག་པ་ཡང་མ་ཡིན་ཏེ། རྒྱན་ལས། ཟག་མེད་དབྱིངས་ལ་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་པ་དང་། །སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། །སངས་རྒྱས་གཅིག་མིན་མང་པོའང་མིན། །ཞེས་གསུངས། འོན་ཀྱང་སངས་རྒྱས་རྣམས་ཀྱི་ཆོས་སྐུ་དང་ལོངས་སྐུ་ནི་གཅིག་ཡིན་ལ། སྤྲུལ་སྐུས་འགྲོ་དོན་མཛད་ཚུལ་སྔོན་གྱི་


KMC007_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གྱི་རྗེས་སུ་འགྲོ་བས་ཐ་དད་པར་བཞེད་པའང་སྣང་ངོ་། །སངས་རྒྱས་སྐུ་གསུམ་པོ་དེའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ནི་བསམ་གྱི་མི་ཁྱབ་ཅིང་རྩོལ་བ་དང་རྟོག་པ་མི་མངའ་བར་འཇིག་རྟེན་གྱི་ཁམས་ཇི་སྲིད་བར། གདུལ་བྱའི་བསམ་པ་དང་མཐུན་པར་ལྷུན་གྱིས་གྲུབ་པར་འཇུག་པ་དང་། ཉི་མའི་དཀྱིལ་འཁོར་དཔག་ཏུ་མེད་པ་ཤར་ཡང་དེ་ཐམས་ཅད་ཀྱི་བྱེད་ལས་ནི། འདམ་རྫབ་སྐམ། མུན་པ་བསལ། མྱུ་གུ་སྨིན་པར་བྱེད་པ་ལྟར། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱང་། འཁོར་བའི་འདམ་རྫབ་སྐོམ། མ་རིག་པའི་མུན་པ་སེལ། བྱང་ཆུབ་ཀྱི་མྱུ་གུ་སྨིན་པར་བྱེད་པས་སངས་རྒྱས་ཐམས་ཅད་ཕྲིན་ལས་གཅིག་ཏུ་འཇུག་པ་དང་། གདུལ་བྱ་འདུལ་བའི་དུས་ལ་བབས་པ་ན་སངས་རྒྱས་ཀྱི་ཕྲིན་ལས་དུས་ལས་ཡོལ་བ་མེད་ཅིང་ཕྲིན་ལས་དེའང་གང་ལ་གང་འདུལ་གྱི་ཚུལ་དུ་འབྱུང་བ་དང་། སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་ཀྱང་སངས་རྒྱས་ཀྱི་ཕྲིན་ལས་ལ་ཟད་པ་མི་མངའ་ཞིང་སྐུ་གསུང་ཐུགས་ཀྱི་མཛད་པ་རྒྱ་ཆེ་ལ་ནམ་


KMC007_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་མཉམ་པ་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་ཆད་པར་འབྱུང་བ་ཡིན་ཏེ། དེ་དག་གི་ཚུལ་རྒྱས་པ་མདོ་སྡེ་རྒྱན་དང་རྒྱུད་བླ་མ་སོགས་ལས་ཤེས་པར་བྱའོ། །གསུམ་པ་དེ་དག་གི་དོན་མདོར་བསྡུ་བ་ནི། ཡེ་ཤེས་ ནས་ བདེན་པར་གསུངས། ཞེས་གསུངས་ཏེ། གོང་དུ་ཇི་སྐད་བཤད་པ་དེ་དག་གི་དོན་མདོར་བསྡུ་ན། སེམས་ཅན་ཐམས་ཅད་ཀུན་བརྟགས་གཟུང་འཛིན་གྱི་འཁྲུལ་པ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་ནས། གདོད་ནས་རང་བཞིན་གྱིས་བཞུགས་པའི་ཡེ་ཤེས་ལྔ་དང་སྐུ་བཞི་ཡི་རང་བཞིན་འགྱུར་བ་མེད་པར་མངོན་དུ་གྱུར་པ་ལ་སངས་རྒྱས་ཞེས་བྱ་བ་ཡིན་ཏེ། རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ལ་ནི་སངས་རྒྱས་སོ། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་བར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་སོ། །གཟུང་འཛིན་དུ་


KMC007_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་སེམས་དང་ཉོན་མོངས་པ་ཅན་གྱི་ཡིད་དང་རྣམ་པར་ཤེས་པའི་ཚོགས་དྲུག་གི་དྲི་མ་དང་ལྡན་པའི་ཀུན་གཞི་གང་ཡིན་པ་དེ་ནི་འཁྲུལ་པའི་རྩ་བ་དྲི་མ་དང་བཅས་པའི་ཀུན་གཞིའམ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ལ། ཚོགས་བརྒྱད་པོ་དེ་དག་གི་དྲི་མ་དང་ལྡན་བཞིན་ཏུ་རང་གི་ངོ་བོ་དྲི་མ་མེད་པའི་རང་བཞིན་དུ་བཞུགས་པ་ལ་ནི་རྒྱལ་བ་སྟེ། སངས་རྒྱས་ཀྱི་སྙིང་པོར་བརྗོད་ཅིང་དེ་ཉིད་གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ཏུ་འགྱུར་བ་མེད་པར་བཞུགས་སྟེ། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་ཕྱིར། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་པ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་སོ། །སངས་རྒྱས་ཀྱི་སྙིང་པོ་དེ་ལ་སྒྲིབ་པར་བྱེད་པ་ནི་མ་དག་པའི་ཀུན་ཏུ་རྟོག་པ་སྟེ། དེའང་འཕགས་པ་ཀླུས། དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་དུ་བ་ཁུག་རྣ་དང་། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་


KMC007_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །འདོད་དང་གནས་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཅེས་གསུངས་པ་དང་། རྒྱལ་བ་བྱམས་པས། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང་། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་འཇིག་རྟེན་པའི་སྐྱེ་བོ། མུ་སྟེགས། ཉན་ཐོས། རང་རྒྱལ་བཞིའི་རྒྱུད་ལ་ཡོད་པ་མ་དག་པའི་སྒྲིབ་རྟག་རྣམ་པ་བཞི་སྟེ། དེ་རྣམས་འཇོམས་པར་བྱེད་པའི་གཉེན་པོའང་། དག་རྒྱུ་ལྷག་པར་མོས་པ་ལ། །སོགས་པའི་ཆོས་ནི་རྣམ་པ་བཞི། །ཞེས་སོགས་གསུངས་པ་ལྟར། ཡང་དག་པའི་ཀུན་ཏུ་རྟོག་པ་ལས་སྐྱེས་པའི་ཐེག་པ་ཆེན་པོ་ལ་མོས་ཤིང་དད་པའི་ས་བོན་བདག་མེད་རྟོག་པའི་ཤེས་རབ་ཀྱིས་བསམ་གཏན་ཏིང་ངེ་འཛིན་གྱི་མངལ་སྙིང་རྗེ་ཆེན་པོ་སྐྱེ་སྲིད་པའི་མ་མ་ལྟ་བུ་རྣམས་དང་ལྡན་པ་ལས་ལམ་ཞུགས་རྒྱལ་བའི་སྲས་པོར་འགྱུར་ཅིང་རིམ་གྱིས་ལམ་གོང་


KMC007_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོང་དུ་འཕགས་པའི་རབ་ཀྱི་དབང་པོ་འཛིན་པ་ནི་ལམ་གྱི་བདེན་པར་གསུངས་སོ། །འདི་སྐབས་ཡང་དག་པའི་ཀུན་ཏུ་རྟོག་པ་ལས་སྐྱེས་པ་ནི་འཕགས་ཡུལ་ཤེས་རབ་ཀྱི་དབང་པོ་སྟེ། དེ་ཉིད་འཛིན་པའི་དོན་ཅན་ལམ་གྱི་བདེན་པར་གསུངས་པ་ཡིན་ནོ། །ཞེས་བཞེད་པ་ལྟར་ན། སྒྲ་དོན་དགུ་ལ་འཇུག་ཅིང་ཐམས་ཅད་འཛིན་པའི་དོན་ཅན་ཏུ་འགྱུར་བ་ལས་འདིར་ལམ་གྱི་ཆོས་ལ་སྦྱོར་བའི་ཚེ་ཐེག་ཆེན་ལམ་གྱིས་མཐའ་གཉིས་སུ་ལྟུང་བ་ལས་འཛིན་པའི་དོན་ཏུ་བཤད་པ་ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག་གི་བཞེད་པ་ཡིན་ཅིང་། ཡང་ན། མོས་སྤྱོད་ཀྱིས་ཚོགས་ལམ་ན་སྤང་བྱའི་འཛིན་པ་དང་། སྦྱོར་ལམ་ན་གཉེན་པོའི་འཛིན་པ་དང་། མ་དག་པའི་ས་རྣམས་སུ་སྤང་གཉེན་གཉིས་མེད་ཀྱི་འཛིན་པ་དང་། དག་པ་ས་གསུམ་ན་སངས་རྒྱས་ཀྱི་འབྲས་བུའི་ཡོད་པས་ལམ་བདེན་དུ་གསུངས་ཞེས་སློབ་དཔོན་མཁས་པའི་དབང་པོའི་ཁྲིད་རྒྱུན་ཏུ་འབྱུང་ངོ་། །དེ་དག་གི་དོན་མདོར་བསྡུ་ན། ཆོས་ཉིད་བདེ་གཤེགས་སྙིང་པོ་ལ་གློ་བུར་


KMC007_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་དྲི་མ་སེམས་ཡིད་རྣམ་ཤེས་གསུམ་གྱིས་བསྒྲིབས་པ་སེམས་ཅན། དྲི་མ་དེ་ཉིད་གཉན་པོས་སྦྱོང་བས་བརྩོན་པ་ལམ་ཞུགས་ཀྱི་གང་ཟག །དྲི་མའི་སྦུབས་ལས་རྣམ་པར་གྲོལ་ཏེ་གདོད་ནས་བཞུགས་པའི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་ནི་སངས་རྒྱས་ཞེས་པ་སྟེ། རྒྱུད་བླ་མ་ལས། བདག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། །རྩ་བའི་གསུམ་པ་མཇུག་གི་དོན་ལ་གསུམ། གཞུང་འདི་བཤད་པའི་དགོས་པ། དེ་ཉིད་རྟོགས་པར་སྨོན་པ། གཞུང་མཛད་པའི་ཚུལ་བསྟན་པའོ། །དང་པོ་ནི། དོན་དམ་ ནས་ ཕྱིན་པར་འགྱུར། ཅེས་གསུངས་ཏེ། འཁྲུལ་པ་གློ་བུར་བའི་དྲི་མས་བསྒྲིབས་པའི་བྱིས་པ་དང་། སོ་སོའི་སྐྱེ་བོ་དང་། ཐེག་པ་དམན་པ་ལ་ཞུགས་པ་རྣམས་ཀྱིས་གནས་ལུགས་དོན་དམ་པའི་ཚུལ་ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་གཞུང་རྣམས་ལས་གསལ་བར་བསྟན་པ། རྣམ་


KMC007_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་འཁོར་བའི་ཆོས་དང་། ཡེ་ཤེས་མྱང་འདས་ཀྱི་རང་བཞིན་འདི་ལྟ་བུ་མ་རྟོགས་པས། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་སོགས་པ་མ་རིག་པའི་སྒྲིབ་པས་རྨོངས་པ་རྣམས། ཐོག་མ་མེད་པ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར། ལས་ཀྱི་རླུང་ཤུགས་དྲག་པོས་བདས་ནས་རང་དབང་མེད་པར་འཁྱམས་པར་གྱུར་ཏོ། དེ་ལས་ཐར་བར་འདོད་པའི་བློ་གྲོས་ཅན་རྣམས། ཐེག་དམན་ལས་ཆེ་བ་བདུན་གྱིས་འཕགས་པའི་ཐེག་པ་ཆེན་པོའི་གྲུབ་བོ་ཆེ་འདི་ལ་བརྟེན་པ་མ་གཏོགས། ཐབས་གཞན་གང་གིས་སྡུག་བསྔལ་གྱི་རྒྱ་མཚོ་དེའི་ཕ་རོལ་དུ་ཕྱིན་པརའགྱུར་ཏེ་ཕྱིན་པར་མི་ནུས་སོ། །དེས་ན་མི་གནས་པའི་མྱང་འདས་ཆེན་པོ་ཐོབ་པར་འདོད་པ་རྣམས་ཀྱིས་ཐེག་པ་ཆེན་པོའི་ཚུལ་འདི་རྟོགས་པ་ཁོ་ན་གལ་ཆེ་བ་སྟེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཞེས་གསུངས་པ་ལྟར་རོ། །


KMC007_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། ཀུན་གྱིས་འདི་དོན་རྟོགས་པར་ཤོག །ཅེས་གསུངས་ཏེ། ཐོག་མ་མེད་པ་ནས་ཕ་མར་གྱུར་པའི་འགྲོ་བ་སྤྱི་དང་། ཁྱད་པར་སྐལ་ལྡན་གདུལ་བྱར་གྱུར་པ་ཀུན་གྱིས་རྣམ་ཤེས་དང་ཡེ་ཤེས་རྣམ་པར་དབྱེ་བ་ཐེག་པ་ཆེན་པོའི་སྙིང་པོ་བསྡུས་པའི་ཆོས་ཀྱི་ཚུལ་འདི་ཐོག་མར་ཐོས་པའི་ཤེས་རབ་ཀྱིས་གོ །བར་དུ་བསམ་པས་ཉམས་སུ་མྱོང་། མཐར་བསྒོམས་པས་གནས་ལུགས་ཇི་བཞིན་དུ་རྟོགས་ཏེ། འཁོར་འདས་ཀྱི་མཐའ་ལ་མི་གནས་པའི་བྱང་ཆུབ་ཆེན་པོ་མངོན་དུ་ཐོབ་པར་ཤོག །ཅེས་པའོ། །གསུམ་པ་ནི། རྣམ་ཤེས་ ནས་ སྦྱར་བའོ། །ཞེས་གསུངས་ཏེ། འཁྲུལ་བཅས་འཁོར་བའི་ཆོས་འབྱུང་བའི་གཞི་སེམས་ཅན་ལ་ཡོད་པའི་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། འཁྲུལ་བྲལ་མྱ་ངན་ལས་འདས་པའི་རང་བཞིན་སངས་རྒྱས་ལ་སྣང་བའི་ཡེ་ཤེས་ཀྱི་ཚུལ་རྣམ་པར་འབྱེད་པ་སྟེ་དོན་ཚུལ་བཞིན་ཏུ་གསལ་བར་བྱེད་པའི་བསྟན་བཅོས་དྲི་མ་མེད་པ་འདི་ཉིད། རབ་བྱུང་དྲུག་པའི་ནང་ཚན་ཕག་ལོ་ཟླ་བ་བཅུ་


KMC007_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀར་ཕྱོགས་ཀྱི་ཚེས་གཅིག་ལ། ཐབས་དམིགས་པ་མེད་པའི་སྙིང་རྗེ་ལས་རང་བྱུང་བ། ཤེས་རབ་སྟོང་པ་ཉིད་ཀྱི་རྡོ་རྗེས་སྲིད་ཞིའི་འཆིང་བ་མཐའ་དག་དགྲོལ་བར་མཛད་པ་དེས། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་མཚུར་ཕུ་བདེ་ཆེན་སྟེང་ཞེས་བྱ་བ་འདུ་འཛིས་དབེན་པའི་རི་ཁྲོད་དུ་གོ་སླ་དོན་བསྡུས་པའི་ཚུལ་དུ་ལེགས་པར་སྦྱར་བའོ། །ཞེས་སོ། །གཞུང་འདི་ལ་རང་བྱུང་ཞབས་ཀྱི་ས་བཅད། དེ་སྲས་ཤེས་རབ་རིན་ཆེན་རྒྱས་འགྲེལ། ཞྭ་དམར་ལྔ་པས་དེ་དོན་བསྡུས་པའི་མཆན་བུ། མཁས་དབང་ལྷ་ལུང་པས་རངསྟོབ་རྣམ་དཔྱོད་ཀྱི། ཆན་ཊཱི་ཀ་སོགསམཆིས་ནའང་རང་བྱུང་རྒྱལ་བའི་གསུང་སྒྲོས་ཉིད་གཅེས་པར་བཟུང་སྟེ་རྒྱས་བཤད་དུ་མ་སྤྲོས་པར་གོ་སླ་དོན་གསལ་གྱིས་འགྲེལ་ཆུང་དུ་བྲིས་པའོ། །གསུང་རབ་ཀུན་ལས་རྨད་བྱུང་བ། །ཐེག་པ་ཆེན་པོའི་ཡང་བཅུད་ནི། །ཉུང་ངུའི་ཚིག་གིས་རྒྱ་ཆེའི་དོན། །རྒྱལ་བ་གཉིས་པས་གསལ་བར་མཛད། །དེ་དོན་ཟབ་ཅིང་རྒྱ་ཆེ་བས། །བདག་བློས་ཇི་བཞིན་དཔོག་མིན་ཀྱང་། །ཕྱོགས་ཙམ་


KMC007_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་བློ་ཡི་མིག། སྐལ་མཉམ་གཞན་གྱིས་ཐོབ་ཕྱིར་བྲིས། །རྣམ་ཤེས་འཁྲུལ་པའི་སྦུབས་ལས་གྲོལ། །སྐུ་དང་ཡེ་ཤེས་སྣང་བ་རྒྱས། །རྟག་ཅིང་ཁྱབ་པའི་ཕྲིན་ལས་ཀྱིས། །མཁའ་མཉམ་འགྲོ་བའི་དོན་བྱེད་ཤོག །རང་བྱུང་ཞབས་ཀྱི་གཞུང་ཆེ་ཆུང་གསུམ་ལ་ད་ལྟའི་བར་རྩ་བའི་ལུང་དང་བཤད་རྒྱུན་བར་མ་ཆད་པར་བཞུགས་པས། ཀུན་མཁྱེན་རྒྱལ་བ་གཉིས་པ་དེའི་གསུང་རབ་ལ་ཞབས་ཏོག་ཁོ་ནར་དམིགས་ཏེ་མཁས་པ་ཁྱད་གྲགས་འདོད་འགྲན་ཕྱིར་མ་ཡིན་པར་བཤད་རྒྱུན་རྣམ་དག་མ་ཆད་ཙམ་བྱུང་ན་སྙམ་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། མང་ཐོས་དགེ་སྦྱོང་གི་གཟུགས་བརྙན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ། །ཀུན་འབྱུང་ལ་སོགས་བདེན་པའི་དངོས་པོ་རྣམས། །རྣམ་བཅས་སྤྲོས་མཚན་བྲལ་བར་ཐོབ་པ་ཡི། །རྣམ་མེད་ཡེ་ཤེས་འཇུག་པ་མི་འགོག་པའི། །ཚུལ་གྱིས་འཁོར་ལོ་གསུམ་གྱི་བརྗོད་བྱ་བསྡུས། །འདི་ཡང་རིག་པའི་རྡོ་


KMC007_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཐུགས་བསྐྱེད་ལས། །སྤར་གྱི་སྣང་བརྙན་གསར་དུ་བསྐྲུན་འདི་དང་། །འགྲོགས་པ་ལྷུར་ལེན་ངེས་དོན་ཆོས་ཀྱི་སྒྲ། །སྲིད་མཐར་སྒྲོགས་པས་འགྲོ་བ་སྒྲོལ་ནུས་ཤོག ། །ཅེས་སྤར་བྱང་དུ་ཀརྨ་བསྟན་སྐྱོང་གིས་བྲིས་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ལམ་མཆོག་རིན་པོ་ཆེའི་ཕྲེང་བ།


KMC007_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཆོག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །


KMC007_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། གང་ཞིག་འཁོར་བའི་རྒྱ་མཚོ་འཇིགས་སུ་རུང་ཞིང་བརྒལ་དཀའ་བ་ལས་སྒྲོལ་བར་མཛད་པའི་བཀའ་བརྒྱུད་རིན་པོ་ཆེའི་སྤྱོད་པ་རྣམ་པར་དག་པས་བརྒྱན་ཅིང་བྱིན་རླབས་ཀྱི་ཆུ་རྒྱུན་རྒྱ་མཚོ་ཆེན་པོའི་དབྱིངས་ལྟར་ཟད་མི་ཤེས་པ་སྨོན་ལམ་རྒྱ་ཆེ་ཞིང་ཡུན་རིང་བ་ལྷུན་གྱིས་གྲུབ་པའི་སྒྲུབ་བརྒྱུད་དྲི་མ་མེད་པའི་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ་ལོ། །བཀའ་བརྒྱུད་དེ་དག་ལས་བྱུང་བའི་གསུང་གི་རྒྱུན་ཡུན་རིང་པོར་ཡིད་ལ་བརྣགས་པར་བྱས་ཏེ། དངོས་དང་བརྒྱུད་ཀྱིས་རང་ཉིད་ལ་ཡིད་གདུང་བའི་སྐལ་ལྡན་རྣམས་ལ་ཤིན་ཏུ་གཅེས་པའི་གདམས་ངག་ལམ་མཆོག་ཏུ་གྱུར་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ཞིག་ཡི་གེའི་


KMC007_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རིས་སུ་བཀོད་པར་བགྱིའོ། །དེ་ཡང་རྟེན་གྱི་གང་ཟག་ཐར་པ་དང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་འདོད་པས། ཕངས་པའི་ཆོས་བཅུ་རྗེས་སུ་དྲན་པར་བྱ་བ་ནི། རྙེད་པར་དཀའ་བའི་མི་ལུས་གཙང་མ་འདི་མི་དགེ་སྡིག་པའི་ལས་ལ་སྤྱོད་དུ་ཕངས། ལྡན་པར་དཀའ་བའི་དལ་འབྱོར་མི་ལུས་གཙང་མ་འདི་ཆོས་མེད་ཐ་མལ་གྱི་ལུས་སུ་ཤི་རུ་ཕངས། སྙིགས་མའི་དུས་ཀྱི་མི་ཚེ་ཡུན་ཐུང་ཡུད་ཙམ་འདི་དོན་མེད་བྱ་བའི་ལས་ལ་ཟད་དུ་ཕངས། རང་སེམས་ཆོས་སྐུའི་རང་བཞིན་སྤྲོས་མེད་འདི་འཁྲུལ་པ་འཁོར་བའི་


KMC007_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འདམ་དུ་བྱིང་དུ་ཕངས། ལམ་སྣ་འདྲེན་པའི་བླ་མ་དམ་པ་དེ་བྱང་ཆུབ་མ་ཐོབ་བར་དུ་འབྲལ་དུ་ཕངས། ཐར་པའི་གྲུ་གཟིངས་སྡོམ་པ་དམ་ཚིག་དེ་ཉོན་མོངས་བག་མེད་རྐྱེན་དབང་གིས་བཤིག་ཏུ་ཕངས། བླ་མའི་དྲིན་གྱིས་རང་ལ་རྙེད་པའི་རྟོགས་པ་དེ་འདུ་བྱེད་ཚང་ཚིང་གི་གསེབ་ཏུ་སྟོར་དུ་ཕངས། གྲུབ་ཐོབ་རྣམས་ཀྱི་མན་ངག་ཟབ་མོ་དེ་མི་ནག་སྐལ་མེད་རྣམས་ལ་ཟོང་དུ་བཙོང་དུ་ཕངས། འགྲོ་བ་སེམས་ཅན་དྲིན་ཅན་ཕ་མ་རྣམས་སྡང་བའི་སེམས་ཀྱིས་སྤོང་ཞིང་འདོར་བ་ཕངས། གཞོན་པའི་ལང་ཚོ་དར་མའི་སྒོ་གསུམ་དེ་ཐ་མལ་བཏང་སྙོམས་ངང་དུ་བཞག་ཏུ་ཕངས། དེ་ནི་འཕངས་པའི་ཆོས་བཅུ་ཡིན་ནོ།། །།དགོས་པའི་ཆོས་བཅུ་ནི། རང་གི་ཕོ་ཚོད་ཟིན་པས་གྲོས་ཀྱི་གཞི་རྩ་མ་འཆུག་པ་ཞིག་དགོས། དད་པ་དང་བརྩོན་འགྲུས་ཀྱིས་བླ་མ་དམ་པའི་བཀའ་བཞིན་སྒྲུབ་པ་ཞིག་དགོས། གང་ཟག་གི་སྐྱོན་ཡོན་ཤེས་པས་བླ་མའི་གདམས་ཁ་མ་ནོར་བ་ཞིག་དགོས། ཤེས་རབ་དང་


KMC007_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ནན་ཏན་གྱིས་བླ་མ་དམ་པའི་ཐུགས་དགོངས་ལོན་བ་ཞིག་དགོས། དྲན་པ་དང་ཤེས་བཞིན་བག་ཡོད་དང་ལྡན་པས་སྒོ་གསུམ་ཉེས་སྐྱོན་གྱིས་མ་གོས་པ་ཞིག་དགོས། གོ་ཆ་དང་སྙིང་སྟོབས་ཀྱིས་ཡི་དམ་བརྟན་ཅིང་ཚུགས་ཐུབ་པ་ཞིག་དགོས། ཆགས་མེད་ཞེན་མེད་ཀྱི་སྤྱོད་པས་སྣ་ཐག་མི་ལ་མ་ཤོར་བ་ཞིག་དགོས། སྦྱོར་དངོས་རྗེས་གསུམ་གྱི་ཟིན་པས་རྟག་ཏུ་ཚོགས་གཉིས་གསོག་པ་ལ་བརྩོན་པ་ཞིག་དགོས། བྱམས་པ་དང་སྙིང་རྗེས་དངོས་སམ་བརྒྱུད་ནས་སེམས་ཅན་གྱི་དོན་ལ་བློ་ཕྱོགས་པ་ཞིག་དགོས། ཤེས་རབ་དང་གོ་རྟོགས་ཀྱིས་ཆོས་ཐམས་ཅད་དངོས་དང་མཚན་མར་མ་ཤོར་བ་ཞིག་དགོས། དེ་ནི་དགོས་པའི་ཆོས་བཅུ་ཡིན་ནོ།། །།བསྟེན་པར་བྱ་བའི་ཆོས་བཅུ་ནི། རྟོགས་པ་དང་ཐུགས་རྗེ་ལྡན་པའི་བླ་མ་དམ་པ་བསྟེན། དབེན་ཞིང་ཉམས་དགའ་ལ་བྱིན་ཆགས་པའི་དགོན་པ་བསྟེན། ལྟ་སྤྱོད་མཐུན་ཅིང་བློ་ཐུབ་པའི་གྲོགས་པོ་བསྟེན། འཚོ་བའི་ཡོ་


KMC007_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཀྱི་སྐྱོན་དྲན་ཞིང་ཚོད་ཟིན་པ་བསྟེན། གྲུབ་ཐོབ་བརྒྱུད་པའི་མན་ངག་ཕྱོགས་མེད་བསྟེན། རང་གཞན་ལ་ཕན་པའི་རྫས་སྨན་སྔགས་དང་རྟེན་འབྲེལ་ཟབ་མོ་བསྟེན། ཁམས་དང་འཕྲོད་པའི་ཟས་དང་ཐབས་ལམ་བསྟེན། ཉམས་ལ་ཕན་པའི་ཆོས་སྤྱོད་དང་སྤྱོད་ལམ་བསྟེན། དད་གུས་སྐལ་པ་ལྡན་པའི་སློབ་མ་བསྟེན། སྤྱོད་ལམ་རྣམ་བཞིར་རྒྱུན་དུ་དྲན་པ་དང་ཤེས་བཞིན་བསྟེན། དེ་ནི་བསྟེན་པར་བྱ་བའི་ཆོས་བཅུའོ།། །།སྤང་བར་བྱ་བའི་ཆོས་བཅུ་ནི། ཅི་བྱེད་འཇིག་རྟེན་ཆོས་བརྒྱད་དང་འདྲེས་པའི་སློབ་དཔོན་སྤང་། སེམས་དང་ཉམས་ལ་གནོད་པའི་འཁོར་འདབ་དང་གྲོགས་ངན་སྤང་། གཡེང་བ་ཆེ་ཞིང་འཚེ་བ་མང་བའི་གནས་དང་དགོན་པ་སྤང་། རྐུ་འཕྲོག་གཡོ་སྒྱུས་བསྒྲུབས་པའི་འཚོ་བ་སྤང་། སེམས་དང་ཉམས་ལ་གནོད་པའི་ལས་དང་བྱ་བ་སྤང་། ཁམས་ལ་གནོད་པའི་ཟས་དང་སྤྱོད་ལམ་སྤང་། འདོད་འདུན་སེར་སྣས་བཅིངས་པའི་འཛིན་ཆགས་སྤང་། ཕ་རོལ་


KMC007_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མི་དད་པའི་རྒྱུ་བག་མེད་པའི་སྤྱོད་ལམ་སྤང་། དོན་མེད་འགྲོ་འདུག་གི་ལས་དང་བྱ་བ་སྤང་། རང་སྐྱོན་སྦས་ནས་གཞན་སྐྱོན་སྒྲོག་པ་སྤང་། དེ་ནི་སྤང་བར་བྱ་བའི་ཆོས་བཅུའོ།། །།མི་སྤང་བར་བྱ་བའི་ཆོས་བཅུ་ནི། སྣང་བ་སེམས་ཀྱི་རང་འོད་ཡིན་པས་མི་སྤང་། རྣམ་རྟོག་ཆོས་ཉིད་ཀྱི་རོལ་པ་ཡིན་པས་མི་སྤང་། ཉོན་མོངས་པ་ཡེ་ཤེས་ཀྱི་གསལ་འདེབས་ཡིན་པས་མི་སྤང་། འདོད་ཡོན་ཉམས་རྟོགས་ཀྱི་ཆུ་ལུད་ཡིན་པས་མི་སྤང་། ན་ཚ་སྡུག་བསྔལ་དགེ་བའི་བཤེས་གཉེན་ཡིན་པས་མི་སྤང་། དགྲ་བགེགས་ཆོས་ཉིད་ཀྱི་བསྐུལ་མ་ཡིན་པས་མི་སྤང་། ཤུགས་ལ་བྱུང་ན་དངོས་གྲུབ་ཡིན་པས་མི་སྤང་། ཐབས་ལམ་གང་ཡང་ཤེས་རབ་ཀྱི་ལམ་སྟེགས་ཡིན་པས་མི་སྤང་། འགྲུབ་ཅིང་ལྕོགས་པའི་ལུས་ཀྱི་ཆོས་སྤྱོད་མི་སྤང་། ནུས་པ་ཆུང་ཡང་གཞན་དོན་གྱི་བསམ་པ་མི་སྤང་། དེ་ནི་མི་སྤང་བར་བྱ་བའི་ཆོས་བཅུ་ཡིན་ནོ།། །།ཤེས་པར་བྱ་བའི་ཆོས་བཅུ་ནི། ཕྱིའི་སྣང་བ་འཁྲུལ་པར་འདུག་པས་བདེན་


KMC007_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་ཤེས་པར་བྱ། ནང་གི་སེམས་ཉིད་བདག་མེད་དུ་འདུག་པས་སྟོང་པར་ཤེས་པར་བྱ། བར་གྱི་རྣམ་རྟོག་རྐྱེན་སྐྱེས་སུ་འདུག་པས་གློ་བུར་དུ་ཤེས་པར་བྱ། འབྱུང་བའི་ལུས་ངག་འདུས་བྱས་སུ་འདུག་པས་མི་རྟག་པར་ཤེས་པར་བྱ། སེམས་ཅན་གྱི་བདེ་སྡུག་ཐམས་ཅད་ལས་ལས་འབྱུང་བས་ལས་འབྲས་མི་བསླུ་བར་ཤེས་པར་བྱ། སྡུག་བསྔལ་ངེས་འབྱུང་གི་རྒྱུ་རུ་འདུག་པས་དགེ་བའི་བཤེས་གཉེན་དུ་ཤེས་པར་བྱ། བདེ་སྐྱིད་འཁོར་བའི་རྩ་བར་འདུག་པས་ཞེན་ཆགས་བདུད་དུ་ཤེས་པར་བྱ། འདུ་འཛི་ཆོས་ཀྱི་འགལ་རྐྱེན་དུ་འདུག་པས་བསོད་ནམས་བར་ཆད་དུ་ཤེས་པར་བྱ། བར་ཆད་དགེ་སྦྱོར་གྱི་བསྐུལ་མར་འདུག་པས་དགྲ་བགེགས་བླ་མར་ཤེས་པར་བྱ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་འདུག་པས་གང་ལ་ཡང་མཉམ་པ་ཉིད་དུ་ཤེས་པར་བྱ། དེ་ནི་ཤེས་པར་བྱ་བའི་ཆོས་བཅུ་ཡིན་ནོ།། །།ཉམས་སུ་བླང་པའི་ཆོས་བཅུ་ནི། ཆོས་སྒོར་ཞུགས་ནས་མི་


KMC007_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་ཁྱུ་རུ་མི་འཇུག་པར་ཆོས་བཞིན་ཉམས་སུ་བླང་། ཕ་ཡུལ་སྤང་ནས་མི་ཡུལ་དུ་གཞི་མི་འདིང་བར་ཆགས་མེད་དུ་ཉམས་སུ་བླང་། བླ་མ་དམ་པ་བསྟེན་ནས་ང་རྒྱལ་སྤངས་ཏེ་བཀའ་བཞིན་ཉམས་སུ་བླང་། ཐོས་བསམ་ལ་བློ་སྦྱངས་ནས་ཁ་བཤད་མི་བྱ་བར་ཤེས་པ་དོན་ཐོག་ཏུ་ཉམས་སུ་བླང་། རྟོགས་པ་རྒྱུད་ལ་ཤར་ནས་ཕྱལ་པར་བཏང་སྙོམས་སུ་མི་བཏང་བར་ཡེངས་མེད་དུ་ཉམས་སུ་བླང་། ཉམས་ལེན་རྒྱུད་ལ་སྐྱེས་ནས་ཚོགས་སུ་འདུ་འཛི་ལ་མི་འཇུག་པར་དབེན་པར་ཉམས་སུ་བླང་། ཁས་བླངས་ཤིང་དམ་བཅས་ནས་སྒོ་གསུམ་བག་མེད་དུ་མི་བཏང་བར་བསླབ་པ་གསུམ་ཉམས་སུ་བླང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རང་དོན་མི་བྱེད་པར་ཅི་བྱེད་གཞན་དོན་དུ་ཉམས་སུ་བླང་། སྔགས་ཀྱི་སྒོར་ཞུགས་ནས་སྒོ་གསུམ་ཐ་མལ་དུ་མི་བཞག་པར་དཀྱིལ་འཁོར་གསུམ་དུ་ཉམས་སུ་བླང་། གཞོན་པའི་དུས་སུ་དོན་མེད་ས་


KMC007_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མི་བསྐོར་བར་བཤེས་གཉེན་དམ་པའི་ཞབས་དྲུང་དུ་དཀའ་ཐུབ་ཉམས་སུ་བླང་ངོ་། །དེ་ནི་ཉམས་སུ་བླང་བའི་ཆོས་བཅུ་ཡིན་ནོ།། །།ནན་ཏན་དུ་བྱ་བའི་ཆོས་བཅུ་ནི། ལས་དང་པོ་པས་ཐོས་བསམ་ལ་ནན་ཏན་བྱ། ཉམས་མྱོང་སྐྱེས་ནས་སྒོམ་སྒྲུབ་ལ་ནན་ཏན་བྱ། བརྟན་པ་མ་ཐོབ་བར་དབེན་པ་ལ་ནན་ཏན་བྱ། འཕྲོ་རྒོད་ཤས་ཆེ་ན་རིག་པ་གཅུན་པ་ལ་ནན་ཏན་བྱ། བྱིང་རྨུགས་ཤས་ཆེ་ན་རིག་པ་གསེང་བ་ལ་ནན་ཏན་བྱ། བློ་མ་བརྟན་བར་དུ་མཉམ་བཞག་ལ་ནན་ཏན་བྱ། མཉམ་བཞག་ལ་བརྟེན་ནས་རྗེས་ཐོབ་ལ་ནན་ཏན་བྱ། མི་མཐུན་པའི་འགལ་རྐྱེན་མང་ན་བཟོད་པ་གསུམ་ལ་ནན་ཏན་བྱ། འདོད་འདུན་ཆགས་ཞེན་ཆེ་ན་ཞེན་པ་བཙན་ཐབས་སུ་ལོག་པ་ལ་ནན་ཏན་བྱ། བྱམས་དང་སྙིང་རྗེ་ཤས་ཆུང་ན་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་ནན་ཏན་བྱ། དེ་ནི་ནན་ཏན་བྱ་བའི་ཆོས་བཅུའོ།། །།བསྐུལ་མ་གདབ་པའི་ཆོས་བཅུ་ནི། དལ་འབྱོར་རྙེད་དཀའ་བ་ལ་བསམས་ཏེ་དམ་པའི་ཆོས་ལ་བསྐུལ་མ་


KMC007_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། འཆི་བ་མི་རྟག་པ་ལ་བསམས་ཏེ་དགེ་སྦྱོར་ལ་བསྐུལ་མ་གདབ། ལས་རྒྱུ་འབྲས་མི་བསླུ་བ་ལ་བསམས་ཏེ་སྡིག་པ་མི་དགེ་བ་སྤང་བ་ལ་བསྐུལ་མ་གདབ། འཁོར་བའི་ཉེས་དམིགས་ལ་བསམས་ཏེ་ཐར་བ་བསྒྲུབ་པ་ལ་བསྐུལ་མ་གདབ། འཁོར་བའི་སེམས་ཅན་གྱི་སྡུག་བསྔལ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་བསྐུལ་མ་གདབ། སེམས་ཅན་གྱི་བློ་ཕྱིན་ཅི་ལོག་ཏུ་འཁྲུལ་བ་ལ་བསམས་ཏེ་ཐོས་བསམ་ལ་བསྐུལ་མ་གདབ། འཁྲུལ་པའི་བག་ཆགས་སྤང་བར་དཀའ་བ་ལ་བསམས་ཏེ་སྒོམ་བསྒྲུབ་ལ་བསྐུལ་མ་གདབ། སྙིགས་མའི་དུས་འདིར་ཉོན་མོངས་པ་བདོ་བ་ལ་བསམས་ཏེ་གཉེན་པོ་ལ་བསྐུལ་མ་གདབ། སྙིགས་མའི་དུས་འདིར་འགལ་རྐྱེན་མང་བ་ལ་བསམས་ཏེ་བཟོད་པ་ལ་བསྐུལ་མ་གདབ། ཕར་ཡེངས་ཚུར་ཡེངས་ཡེངས་མ་ལམ་ལ་མི་ཚེ་སྟོང་ཟད་དུ་སོང་བ་ལ་བསམས་ཏེ་བརྩོན་འགྲུས་ལ་བསྐུལ་མ་གདབ། དེ་ནི་


KMC007_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་མ་གདབ་པའི་ཆོས་བཅུ་ཡིན་ནོ།། །།འཆོར་བ་བཅུ་ནི། དད་པ་ཆུང་ལ་ཤེས་རབ་ཆེ་ན་ཁ་བཤད་མཁན་དུ་འཆོར་བ་ཡིན། དད་པ་ཆེ་ལ་ཤེས་རབ་ཆུང་ན་སྡུག་བཙིར་ཨ་འཐས་སུ་འཆོར་བ་ཡིན། སྙིང་རུས་ཆེ་ལ་གདམས་ངག་མེད་ན་སྐྱོན་དང་གོལ་སར་འཆོར་བ་ཡིན། སྔོན་དུ་ཐོས་བསམ་གྱི་སྒྲོ་འདོགས་མ་བཅད་ན་སྒོམ་མུན་པའི་སྐྱེ་མཆེད་དུ་འཆོར་བ་ཡིན། གོ་རྟོགས་སོ་མ་ལ་ཉམས་ལེན་མ་བྱས་ན་དྲེད་པོ་ཆོས་རྒྱུས་མཁན་དུ་འཆོར་བ་ཡིན། ཐབས་སྙིང་རྗེ་ཆེན་པོ་ལ་བློ་མ་སྦྱངས་ན་ལམ་ཐེག་པ་དམན་པར་འཆོར་བ་ཡིན། ཤེས་རབ་སྟོང་པ་ཉིད་ལ་བློ་མ་སྦྱངས་ན་ཅི་བྱས་འཁོར་བའི་ལམ་དུ་འཆོར་བ་ཡིན། འཇིག་རྟེན་ཆོས་བརྒྱད་ཀྱི་མགོ་མ་སྙོམས་ན་ཅི་བྱེད་འཇིག་རྟེན་གྱི་རྐྱེན་དུ་འཆོར་བ་ཡིན། གྲོང་པའི་སྐྱེ་བོའི་དད་འདུན་མང་ན་མི་ནག་གི་ངོ་བསྲུང་དུ་འཆོར་བ་ཡིན། ཡོན་ཏན་དང་ནུས་མཐུ་ཆེ་ལ་བློ་མི་བརྟན་ན་མི་ནག་གི་གྲོང་ཆོག་མཁན་དུ་འཆོར་བ་ཡིན། དེ་ནི་འཆོར་བ་


KMC007_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཡིན་ནོ།། །།འདྲ་མིན་གྱི་ནོར་ས་བཅུ་ནི། དད་པ་དང་འདོད་པ་ལ་ནོར་ས་ཡོད། བྱམས་སྙིང་རྗེ་དང་ཆགས་པ་ལ་ནོར་ས་ཡོད། ཤེས་བྱ་གཤིས་ཀྱི་སྟོང་པ་དང་བློས་བྱས་ཀྱི་སྟོང་པ་ལ་ནོར་ས་ཡོད། ཆོས་ཀྱི་དབྱིངས་དང་ཆད་ལྟ་ལ་ནོར་ས་ཡོད། ཉམས་མྱོང་དང་རྟོགས་པ་ལ་ནོར་ས་ཡོད། བཙུན་པོ་དང་ཚུལ་འཆོས་ལ་ནོར་ས་ཡོད། འཁྲུལ་ཞིག་དང་བདུད་ཁྱེར་ལ་ནོར་ས་ཡོད། གྲུབ་ཐོབ་དང་ཟོག་པོ་ལ་ནོར་ས་ཡོད། གཞན་དོན་བྱེད་པ་དང་རང་དོན་བྱེད་པ་ལ་ནོར་ས་ཡོད། ཐབས་མཁས་པ་དང་གཡོ་སྒྱུ་ལ་ནོར་ས་ཡོད། དེ་ནི་འདྲ་མིན་གྱི་ནོར་ས་བཅུའོ།། །།མ་ནོར་བའི་ཆོས་བཅུ་ནི། དངོས་པོ་གང་ལ་ཡང་མ་ཆགས་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི་མ་ནོར་བ་ཡིན། བླ་མ་དམ་པ་དགེ་བའི་བཤེས་གཉེན་མགོ་ལ་ཐོད་བཞིན་དུ་འཁུར་བ་ནི་མ་ནོར་བ་ཡིན། ཆོས་ལ་ཐོས་བསམ་སྒོམ་གསུམ་ཕྲུགས་མར་བྱེད་པ་རྣམས་ནི་མ་ནོར་བ་ཡིན། ལྟ་བ་མཐོ་ལ་སྤྱོད་པ་དམའ་


KMC007_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མ་ནོར་བ་ཡིན། བློ་ཡངས་ལ་དམ་བཅའ་དོག་པ་ནི་མ་ནོར་བ་ཡིན། ཤེས་རབ་ཆེ་ལ་ང་རྒྱལ་ཆུང་བ་ནི་མ་ནོར་བ་ཡིན། གདམས་ངག་ཕྱུག་ལ་ཉམས་ལེན་ལ་བརྩོན་པ་ནི་མ་ནོར་བ་ཡིན། ཉམས་རྟོགས་བཟང་ལ་རློམ་སེམས་མེད་པ་ནི་མ་ནོར་བ་ཡིན། གཅིག་པུར་སྡོད་ཚུགས་ལ་ཚོགས་སུ་ཡན་ཐུབ་པ་ནི་མ་ནོར་བ་ཡིན། རང་དོན་གྱི་འཁྲི་བ་མེད་པ་ལ་གཞན་དོན་གྱི་ཐབས་ལ་མཁས་པ་ནི་མ་ནོར་བ་ཡིན། དེ་ནི་མ་ནོར་བའི་ཆོས་བཅུ་ཡིན་ནོ།། །།དོན་མེད་པའི་ཆོས་བཅུ་བཞི་ནི། མི་ལུས་ཐོབ་ནས་དམ་པའི་ཆོས་མི་དྲན་པ་ནི་རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལོག་བྱས་པ་དང་འདྲ་སྟེ་དོན་མེད། ཆོས་སྒོར་ཞུགས་ནས་ཁྱིམ་ཐབ་བྱེད་པ་ནི་ཕྱེ་མ་ལེབ་མར་མེ་ལ་མཆོང་བ་དང་འདྲ་སྟེ་དོན་མེད། དད་མེད་ཆོས་མཛད་ཀྱི་དྲུང་དུ་གནས་པ་ནི་རྒྱ་མཚོའི་འགྲམ་དུ་སྐོམ་དྲིར་ཤི་བ་དང་འདྲ་སྟེ་དོན་མེད། རྩ་བ་བཞི་དང་བདག་ཏུ་འཛིན་པའི་གཉེན་པོར་མ་སོང་བའི་ཆོས་ནི་སྟ་རེ་དང་སྡོང་པོ་


KMC007_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་ཏུ་བཞག་པ་དང་འདྲ་སྟེ་དོན་མེད། ཉོན་མོངས་པའི་གཉེན་པོར་མ་སོང་བའི་མན་ངག་ནི་ནད་པས་སྨན་རྐྱལ་ཐོགས་པ་དང་འདྲ་སྟེ་དོན་མེད། རྒྱུད་ཐོག་ཏུ་མ་ཁེལ་བའི་ཐ་སྙད་ལ་ལྕེ་སྦྱངས་པ་ནི་ནེ་ཙོའི་ཁ་ཏོན་བྱས་པ་དང་འདྲ་སྟེ་དོན་མེད། རྐུ་འཕྲོག་གཡོ་སྒྱུས་མ་བྱིན་པར་བླངས་ནས་སྦྱིན་པ་བྱེད་པ་ནི་སློག་པ་ཆུ་རུ་བཅུག་པ་དང་འདྲ་སྟེ་དོན་མེད། སེམས་ཅན་ལ་གནོད་པ་བསྐྱལ་ནས་དཀོན་མཆོག་མཆོད་པ་ནི་བུའི་ཤ་བཅད་ནས་མ་ལ་སྟེར་བ་དང་འདྲ་སྟེ་དོན་མེད། ཚེ་འདིའི་རང་འདོད་ཀྱི་ཕྱིར་ཚུལ་འཆོས་དང་བཟོད་པ་དང་དུ་ལེན་པ་ནི་བྱི་ལས་བྱི་བ་ལ་འཇབ་པ་དང་འདྲ་སྟེ་དོན་མེད། ཚེ་འདིའི་སྙན་གྲགས་དང་རྙེད་བཀུར་འདོད་པས་དགེ་བ་རླབས་ཆེན་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བིལ་བ་རྡོག་པོ་གཅིག་གམ་སྦང་ཟན་རྡོག་པོ་གཅིག་དང་བརྗེ་བ་དང་འདྲ་སྟེ་དོན་མེད། མང་དུ་ཐོས་ཀྱང་རང་རྒྱུད་ཐ་མལ་དུ་ལུས་


KMC007_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྨན་པ་གཅོང་ནད་ཀྱིས་ཟིན་པ་དང་འདྲ་སྟེ་དོན་མེད། གདམས་ངག་མཁས་ལ་ཉམས་མྱོང་མེད་པ་ནི་ཕྱུག་པོའི་བང་མཛོད་ཀྱི་ལྡེ་མིག་མེད་པ་དང་འདྲ་སྟེ་དོན་མེད། རང་གིས་ཆོས་ཀྱི་དོན་མ་རྟོགས་པར་གཞན་ལ་བཤད་པ་ནི་ལོང་བས་ལོང་བ་འཁྲིད་པ་དང་འདྲ་སྟེ་དོན་མེད། ཐབས་ལས་བྱུང་བའི་ཉམས་མྱོང་ལ་མཆོག་ཏུ་བཟུང་ནས་གནས་ལུགས་ཀྱི་དོན་མི་འཚོལ་བ་ནི་ར་གན་ལ་གསེར་དུ་འཛིན་པ་དང་འདྲ་སྟེ་དོན་མེད། དེ་ནི་དོན་མེད་པའི་ཆོས་བཅུ་བཞི་ཡིན་ནོ།། །།ཆོས་པའི་མཚང་བཅོ་བརྒྱད་ནི། དབེན་པར་བསྡད་ནས་ཚེ་འདིའི་ཆེ་ཐབས་སྒྲུབ་པ་ནི་ཆོས་པའི་མཚང་། ཚོགས་དཔོན་བྱས་ནས་རང་འདོད་སྒྲུབ་པ་ནི་ཆོས་པའི་མཚང་། ཆོས་མཁས་ལ་སྡིག་ལ་མི་འཛེམ་པ་ནི་ཆོས་པའི་མཚང་། གདམས་ངག་ཆེ་ལ་རང་རྒྱུད་ཐ་མལ་དུ་ལུས་པ་ནི་ཆོས་པའི་མཚང་། ཚུལ་ཁྲིམས་བཙུན་ལ་འདོད་པ་ཆེ་བ་ནི་ཆོས་པའི་མཚང་། ཉམས་རྟོགས་བཟང་ལ་རང་རྒྱུད་མ་ཐུལ་བ་ནི་ཆོས་


KMC007_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚང་། ཆོས་སྒོར་ཞུགས་ནས་མི་ཆོས་ཀྱི་ཆགས་སྡང་མ་སྤངས་པ་ནི་ཆོས་པའི་མཚང་། མི་ཆོས་བཤོལ་ཏེ་ལྷ་ཆོས་བྱས་ནས་སོ་ནམ་གྱི་བྱ་བ་བློས་མ་ཐོངས་བ་ནི་ཆོས་པའི་མཚང་། དོན་གོ་བ་རྙེད་ནས་ཉམས་སུ་མི་ལེན་པ་ནི་ཆོས་པའི་མཚང་། ཉམས་ལེན་གྱི་དམ་བཅའ་བྱས་ནས་སྡོད་མི་ཚུགས་པ་ནི་ཆོས་པའི་མཚང་། བྱ་རྒྱུ་ཆོས་ལས་མེད་ཀྱང་སྤྱོད་པ་སོ་མི་ཐུབ་པ་ནི་ཆོས་པའི་མཚང་། ལྟོ་རྒྱབ་ཤུགས་ལས་འབྱུང་ཡང་སེམས་འཚོལ་འཕྲོོ་ལ་ཞུགས་པ་ནི་ཆོས་པའི་མཚང་། དགེ་སྦྱོར་གྱི་ནུས་པ་ནད་པ་དང་སྲིའུ་ལ་སྤྲུགས་པ་ནི་ཆོས་པའི་མཚང་། གདམས་ངག་ཟབ་མོ་ཟས་ནོར་གྱི་ཕྱིར་སྟོན་པ་ནི་ཆོས་པའི་མཚང་། བདག་ལ་ཐབས་ཀྱིས་བསྟོད་ཅིང་གཞན་ལ་ཐབས་ཀྱིས་སྨོད་པ་ནི་ཆོས་པའི་མཚང་། གདམས་ངག་གཞན་ལ་བཤད་ཅིང་རང་རྒྱུད་ཆོས་དང་མི་མཐུན་པ་ནི་ཆོས་པའི་མཚང་། གཅིག་པུར་སྡོད་མི་ཚུགས་པར་མི་དང་འགྲོགས་


KMC007_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་པ་ནི་ཆོས་པའི་མཚང་། སྐྱིད་མི་ཐུབ་ཅིང་སྡུག་མི་ཐེག་པ་ནི་ཆོས་པའི་མཚང་། དེ་ནི་ཆོས་པའི་མཚང་བཅོ་བརྒྱད་དོ།། །།མེད་ཐབས་མེད་པའི་ཆོས་བཅུ་གཉིས་ནི། སྐྱེ་འཆིས་གཏིང་ནས་འཇིགས་པའི་དད་པ་བརྟན་པོ་ཞིག་མེད་ཐབས་མེད། ཐར་པའི་ལམ་སྣ་འདྲེན་པའི་བླ་མ་ཞིག་མེད་ཐབས་མེད། རྒྱུད་ལ་གོ་བ་ལོན་པའི་ཤེས་རབ་ཅིག་མེད་ཐབས་མེད། གོ་ཆ་དང་སྙིང་སྟོབས་སུ་ལྡན་པའི་བརྩོན་འགྲུས་ཤིག་མེད་ཐབས་མེད། བསླབ་གསུམ་དང་ཚོགས་གཉིས་ཀྱིས་ཆོག་པ་མེད་པའི་བསགས་པ་ཞིག་མེད་ཐབས་མེད། ཤེས་བྱའི་གནས་ལུགས་རྟོགས་པའི་ལྟ་བ་ཞིག་མེད་ཐབས་མེད། སེམས་ཉིད་གར་བཞག་ཏུ་གནས་པའི་སྒོམ་པ་ཞིག་མེད་ཐབས་མེད། བྱེད་སྤྱོད་ཐམས་ཅད་ལམ་དུ་འཁྱེར་བའི་སྤྱོད་པ་ཞིག་མེད་ཐབས་མེད། རྐྱེན་བགེགས་བདུད་དང་གོལ་ས་སྤོང་བའི་གདམས་ངག་ཅིག་མེད་ཐབས་མེད། གདམས་ངག་ཚིག་ཏུ་མ་ལུས་པའི་ཉམས་ལེན་ཞིག་མེད་ཐབས་


KMC007_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མེད། ལུས་སེམས་འབྲལ་བའི་ཚེ་ན་བློ་བདེའི་ཞེ་གདེངས་ཆེན་པོ་ཞིག་མེད་ཐབས་མེད། སྐུ་གསུམ་རང་ལ་ལྷུན་གྱིས་གྲུབ་པའི་འབྲས་བུ་ཞིག་མེད་ཐབས་མེད་དོ། །དེ་ནི་མེད་ཐབས་མེད་པའི་ཆོས་བཅུ་གཉིས་ཡིན་ནོ།། །།སྐྱེས་བུ་དམ་པའི་རྟགས་བཅུ་གཅིག་ནི། ཕྲག་དོག་དང་ང་རྒྱལ་ཆུང་བ་ནི་སྐྱེས་བུ་དམ་པའི་རྟགས། འདོད་པ་ཆུང་ཞིང་དངོས་པོ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ནི་སྐྱེས་བུ་དམ་པའི་རྟགས། དཔའ་ཚུལ་དང་ཆེ་འགྱིང་ང་རྒྱལ་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། ཚུལ་འཆོས་དང་ངོ་ལྐོག་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། བྱ་བ་གང་ཡང་བརྟགས་ཤིང་དཔྱད་ནས་ཤེས་བཞིན་དུ་དྲན་པས་ཟིན་པར་བྱེད་པ་ནི་སྐྱེས་བུ་དམ་པའི་རྟགས། ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་སྲུང་བ་ནི་སྐྱེས་བུ་དམ་པའི་རྟགས། སྡོམ་པ་དང་དམ་ཚིག་ལ་ངོ་ལྐོག་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། སེམས་ཅན་ལ་ཉེ་རིང་གསར་འགྲོགས་མེད་པ་ནི་སྐྱེས་བུ་དམ་པའི་རྟགས།


KMC007_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་སྡིག་གསོག་པ་ལ་ཁོང་མི་ཁྲོ་ཞིང་བཟོད་པར་བྱེད་པ་ནི་སྐྱེས་བུ་དམ་པའི་རྟགས། རྒྱལ་ཁ་ཐམས་ཅད་གཞན་ལ་སྟེར་ཞིང་ཕམ་ཁ་རང་ལ་ལེན་པ་ནི་སྐྱེས་བུ་དམ་པའི་རྟགས། བསམ་སྤྱོད་གང་ལ་ཡང་འཇིག་རྟེན་པ་གཞན་དང་མི་མཐུན་པ་ནི་སྐྱེས་བུ་དམ་པའི་རྟགས། དེ་ནི་སྐྱེས་བུ་དམ་པའི་རྟགས་བཅུ་གཅིག་ཡིན་ནོ། །དེ་དག་ལས་ལྡོག་པ་ནི་སྐྱེས་བུ་དམ་པ་མིན་པའི་རྟགས་ཡིན་ནོ།། །།ཕན་པ་མེད་པའི་ཆོས་བཅུ་ནི། སྒྱུ་མའི་ལུས་ལ་བསྙེན་བཀུར་དང་རིམ་གྲོ་ཇི་ཙམ་བྱས་ཀྱང་མི་རྟག་འཇིག་པར་ངེས་པས་ཕན་པ་མེད། ཟང་ཟིང་ནོར་ལ་སེར་སྣ་དང་བརྣབ་སེམས་ཅི་ཙམ་བྱས་ཀྱང་རང་འཆི་བའི་ནང་པར་སྒྲེན་མོ་ལག་སྟོང་དུ་འགྲོ་བས་ཕན་པ་མེད། མཁར་པེའུ་དང་ཁང་བཟང་ལ་དཀའ་བ་ཇི་སྙེད་ཅིག་སྤྱད་ནས་བརྩིགས་ཀྱང་འཆི་བའི་ནངས་པར་གཅིག་པུར་འགྲོ་ཞིང་རོ་ཡང་སྒོར་འདོན་པས་ཕན་པ་མེད། བུ་དང་ཚ་བོ་ལ་བྱམས་པའི་སེམས་ཀྱིས་ནོར་རྫས་ཀྱི་དངོས་པོ་ཇི་ཙམ་ཅིག་ཕོག་ཀྱང་


KMC007_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བའི་དུས་སུ་ཕན་སྟོབས་སྐད་ཅིག་ཀྱང་མེད་པས་ཕན་པ་མེད། གཉེན་དང་གྲོགས་པོ་ལ་བརྩེ་གདུང་གི་སེམས་འཛིན་དང་ངོ་སྲུང་ཇི་སྙེད་ཅིག་བྱས་ཀྱང་རང་ཤི་བའི་ནངས་པར་གཅིག་པུར་གྲོགས་མེད་དུ་འགྲོ་བས་ཕན་པ་མེད། བུ་དང་ཚ་བོ་མང་ཡང་མི་རྟག་པས་བདག་གི་སྦྱིན་པའི་དངོས་པོ་བདོག་ཀྱང་འདོར་བར་ངེས་པས་ཕན་པ་མེད། ཚེ་འདིའི་དོན་དུ་ས་སྤྱོད་མངའ་རིས་དང་ལས་ཐབས་ལ་འབད་རྩོལ་ཇི་སྙེད་ཅིག་བྱས་ཀྱང་རང་འཆི་བའི་ནངས་པར་གནས་དང་འབྲེལ་པ་གཏན་མེད་དུ་འགྲོ་བས་ཕན་པ་མེད། དད་པས་ཆོས་སྒོར་ཞུགས་ཀྱང་ཆོས་བཞིན་མ་སྤྱད་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་པས་ཕན་པ་མེད། ཐོས་བསམ་ལ་བློ་སྦྱངས་ནས་ཆོས་ཇི་སྙེད་ཅིག་ཤེས་ཀྱང་ཉམས་སུ་མ་བླངས་ན་འཆི་ཁར་ལམ་དུ་འཁྱེར་རྒྱུ་མེད་པས་ཕན་པ་མེད། དགེ་བའི་བཤེས་གཉེན་དམ་པའི་དྲུང་དུ་ཡུན་རིང་བསྡད་ཀྱང་རང་ལ་དད་


KMC007_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གུས་མེད་ན་གོང་མའི་ཡོན་ཏན་དང་བྱིན་རླབས་མི་འགོ་བས་ཕན་པ་མེད། དེ་ནི་ཕན་པ་མེད་པའི་ཆོས་བཅུ་ཡིན།། །།རང་སྡུག་རང་གིས་བྱས་པའི་ཆོས་བཅུ་ནི། བཟའ་མེད་པའི་ཁྱིམ་ཐབ་བྱེད་པ་དེ་གླེན་པས་བཙན་དུག་ཟོས་པ་དང་འདྲ་སྟེ་རང་སྡུག་རང་གིས་ཉོས་པ་ཡིན། ཆོས་མེད་སྡིག་པ་བྱེད་པ་དེ་སྨྱོན་པ་གཡང་ལ་མཆོང་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། གཞན་ལ་ཟོལ་ཟོག་བྱེད་པ་དེ་དུག་ཅན་གྱི་ཁ་ཟས་འདྲེན་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ཀླད་ཆུང་མི་དཔོན་བྱེད་པ་དེ་རྒན་མོས་ཕྱུགས་ལུག་སྐྱོང་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ལྷག་བསམ་གྱིས་གཞན་དོན་ལ་མི་བརྩོན་པར་ཆོས་བརྒྱད་ཀྱིས་རང་དོན་ལ་བརྩོན་པ་ནི་ལོང་བ་བྱང་ཐང་ལ་འཁོར་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། མི་འགྲུབ་པའི་བྱ་བ་ཚན་པོ་ཆེ་ལ་འཇུག་པ་ནི་ཉམ་ཆུང་ཁུར་ཆེན་པོ་འཁུར་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ང་རྒྱལ་གྱིས་


KMC007_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་དང་རྒྱལ་བའི་བཀའ་ཁྱད་དུ་གསོད་པ་དེ་དབང་པོ་ཆེའི་འདུན་མ་སྟོར་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ཉམས་ལེན་བཤོལ་ནས་མི་ནག་གི་གྲོང་ལ་འགྲིམ་པ་དེ་རི་དྭགས་ཀླུང་དུ་བབ་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། གཉུག་མའི་ཡེ་ཤེས་མི་སྐྱོང་བར་འདུ་འཛིའི་སྤྲོས་པས་གཡེང་བར་བྱེད་པ་དེ་མཁའ་ལྡིང་གཤོག་པ་ཆག་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། བླ་མ་དཀོན་མཆོག་གི་དཀོར་ལ་བག་མེད་དུ་སྤྱོད་པ་དེ་བུ་ཆུང་མེ་མདག་འགམ་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། དེ་ནི་རང་སྡུག་རང་གིས་བྱས་པའི་ཆོས་བཅུ་ཡིན་ནོ།། །།རང་དྲིན་རང་ལ་ཆེ་བའི་ཆོས་བཅུ་ནི། མི་ཆོས་ཀྱི་ཆགས་སྡང་སྤངས་ནས་དམ་པའི་ལྷ་ཆོས་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། ཁྱིམ་ཐབ་དང་གཉེན་གྲོགས་སྤངས་ནས་སྐྱེས་བུ་དམ་པ་བསྟེན་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། འདུ་འཛིའི་བྱ་བ་བཏང་ནས་ཐོས་བསམ་སྒོམ་གསུམ་


KMC007_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། གྲོང་པ་དང་འདྲིས་བཤེས་སྤངས་ནས་དབེན་པར་གཅིག་པུར་སྡོད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། འདོད་ཡོན་གྱི་འཁྲི་བ་བཅད་ནས་ཆགས་མེད་ལ་ཚུགས་ཐུབ་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། ངན་ངོན་ཙམ་གྱིས་ཆོག་ཤེས་ཤིང་བཟང་པོ་ལ་འདོད་འདུན་མེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། རང་དབང་གཞན་ལ་མི་བསྐུར་བར་ཡིད་དམ་བརྟན་པར་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། ཚེ་འདི་ཡི་འཕྲལ་བདེ་ལ་མི་བལྟ་བར་གཏན་དུ་བདེ་བའི་བྱང་ཆུབ་སྒྲུབ་པར་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། དངོས་པོའི་མངོན་ཞེན་སྤངས་ནས་སྟོང་པ་ཉིད་ཉམས་སུ་ལེན་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། སྒོ་གསུམ་ཐ་མལ་དུ་མི་སྡོད་པར་ཚོགས་གཉིས་ཟུང་དུ་འཇུག་པ་ལ་འབད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། དེ་ནི་རང་དྲིན་རང་ལ་ཆེ་བའི་ཆོས་བཅུ་ཡིན་ནོ།། །།ཡང་དག་པའི་ཆོས་བཅུ་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ནི་དབང་པོ་ཐ་མའི་ཡང་


KMC007_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ལྟ་བ་ཡིན། ཕྱི་ནང་གི་ཆོས་ཐམས་ཅད་སྣང་བ་དང་སྟོང་པ། གསལ་བ་དང་སྟོང་པ། བདེ་བ་དང་སྟོང་པ། རིག་པ་དང་སྟོང་པ་ཟུང་འཇུག་བཞིར་རྟོགས་པ་ནི་དབང་པོ་འབྲིང་གི་ཡང་དག་པའི་ལྟ་བ་ཡིན། བལྟ་བྱ་ལྟ་བྱེད་རྟོགས་པ་གསུམ་དབྱེར་མེད་དུ་རྟོགས་པ་ནི་དབང་པོ་རབ་ཀྱི་ཡང་དག་པའི་ལྟ་བ་ཡིན། དམིགས་པ་རྩེ་གཅིག་ལ་གནས་པ་ནི་དབང་པོ་ཐ་མའི་ཡང་དག་པའི་སྒོམ་པ་ཡིན། ཟུང་འཇུག་བཞིའི་ཏིང་ངེ་འཛིན་ལ་གནས་པ་ནི་དབང་པོ་འབྲིང་གི་ཡང་དག་པའི་སྒོམ་པ་ཡིན། བསྒོམ་བྱ་སྒོམ་བྱེད་ཉམས་ལེན་གསུམ་དབྱེར་མེད་ཅིང་མི་དམིགས་པའི་ངང་ལ་གནས་པ་ནི་དབང་པོ་རབ་ཀྱི་ཡང་དག་པའི་སྒོམ་པ་ཡིན། ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་སྲུང་བ་ནི་དབང་པོ་ཐ་མའི་ཡང་དག་པའི་སྤྱོད་པ་ཡིན། ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མའི་ཚུལ་དུ་སྤྱོད་པ་ནི་དབང་པོ་འབྲིང་གི་ཡང་དག་པའི་སྤྱོད་པ་ཡིན། གང་


KMC007_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཅི་ལ་ཡང་མི་སྤྱོད་པ་ནི་དབང་པོ་རབ་ཀྱི་ཡང་དག་པའི་སྤྱོད་པ་ཡིན། བདག་འཛིན་དང་ཉོན་མོངས་པ་མཐའ་དག་ཇེ་ཆུང་ཇེ་ཞི་ལ་སོང་བ་ནི་དབང་པོ་རབ་འབྲིང་ཐ་མ་གསུམ་ཀའི་ཡང་དག་པའི་དྲོད་རྟགས་ཡིན་ནོ། །དེ་ནི་ཡང་དག་པའི་ཆོས་བཅུ་ཡིན་ནོ།། །།ཆོས་པའི་འཁྲུལ་པ་བཅུ་ནི། དམ་པའི་ཆོས་ཚུལ་བཞིན་སྒྲུབ་པའི་བླ་མ་ལ་མི་བསྟེན་པར་ཟོག་པོ་ཁ་བཤད་མཁན་གྱི་རྗེས་སུ་འབྲང་བ་ནི་ཤིན་ཏུ་འཁྲུལ། གྲུབ་ཐོབ་སྙན་བརྒྱུད་ཀྱི་གདམས་ངག་མི་འཚོལ་བར་དོན་མེད་ཀྱི་རིེག་པའི་ཆོས་ལ་ནན་ཏན་བྱེད་པ་ནི་ཤིན་ཏུ་འཁྲུལ། སྣང་བ་འཕྲལ་ཤར་ལ་མི་ཚེ་ཅི་ཕྱིད་མི་བྱེད་པར་གཏན་དུ་སྡོད་རྩིས་ཀྱི་ཤོམ་ར་རྒྱ་འོ་ཆེ་བྱེད་པ་ནི་ཤིན་ཏུ་འཁྲུལ། རང་གཅིག་པུར་ཆོས་ཀྱི་དོན་ལ་མི་སེམས་པར་འཁོར་མང་གི་ནང་ན་ཆོས་བཤད་བྱེད་པ་ནི་ཤིན་ཏུ་འཁྲུལ། ལོངས་སྤྱོད་ཁ་ལྷག་མཆོད་སྦྱིན་དུ་མི་གཏོང་བར་སེར་སྣ་དང་གཡོ་སྒྱུས་ནོར་རྫས་གསོག་པ་ནི་ཤིན་ཏུ་འཁྲུལ། དམ་ཚིག་


KMC007_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་ཚུལ་བཞིན་མི་སྲུང་བར་སྒོ་གསུམ་བག་མེད་འཆལ་པར་གཏོང་བ་ནི་ཤིན་ཏུ་འཁྲུལ། གནས་ལུགས་རྟོགས་པའི་དོན་ལ་གོམས་འདྲིས་མི་བྱེད་པར་མི་ཚེ་དོན་ཆུང་གི་བྱ་བྱེད་ཕར་རེ་ཚུར་རེ་ལ་ཟད་པར་བྱེད་པ་ནི་ཤིན་ཏུ་འཁྲུལ། འཁྲུལ་བ་ལངས་ཤོར་ཅན་གྱི་རང་རྒྱུད་མི་ཐུལ་བར་དམུ་རྒོད་བྱིས་པའི་གཞན་རྒྱུད་འདུལ་བ་ཤིན་ཏུ་འཁྲུལ། རྒྱུད་ལ་སྐྱེས་པའི་ཉམས་མྱོང་མི་སྐྱོང་བར་ཚེ་འདིའི་ཆེ་ཐབས་སྐྱོང་བ་ཤིན་ཏུ་འཁྲུལ། ད་རེས་རྟེན་འབྲེལ་འཛོམས་པའི་ཐོག་ལ་བརྩོན་འགྲུས་མི་རྩོམ་པར་ལེ་ལོ་སྙོམས་ལས་ལ་དགའ་བ་ཤིན་ཏུ་འཁྲུལ། དེ་ནི་ཆོས་པའི་འཁྲུལ་པ་བཅུ་ཡིན་ནོ།། །།དགོས་པའི་ཆོས་བཅུ་ནི། དང་པོ་སྐྱེ་ཤིས་འཇིགས་པའི་དད་པ་གཤའ་མ་ཤ་བ་བཙོན་དོང་ནས་འབྲོས་པ་ལྟ་བུ་ཞིག་དགོས། བར་དུ་ཤི་ཡང་མི་འགྱོད་པའི་བརྩོན་འགྲུས་ཞིང་པ་སོ་ནམ་རེམ་པ་ལྟ་བུ་ཞིག་དགོས། ཐ་མར་འཆི་རྒྱུ་མེད་པའི་བློ་བདེ་བ་བྱ་བ་རླབས་ཅན་ཟིན་པའི་སྐྱེས་བུ་


KMC007_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཞིག་དགོས། དང་པོ་ལོང་མེད་དུ་ཤེས་པ་སྐྱེས་བུའི་གནད་ལ་མདའ་ཕོག་པ་ལྟ་བུ་ཞིག་དགོས། བར་དུ་ཡེངས་མེད་དུ་སྒོམ་པ་བུ་གཅིག་པུ་ཤི་བའི་མ་ལྟ་བུ་ཞིག་དགོས། ཐ་མར་བྱར་མེད་དུ་ཤེས་པ་ཕྱུགས་མ་དགྲས་དེད་པའི་ཤེ་མ་ལྟ་བུ་ཞིག་དགོས། དང་པོ་ཆོས་ལ་ངེས་ཤེས་སྐྱེས་པ་ལྟོགས་པ་ཁ་ཟས་བཟང་པོ་དང་འཕྲད་པ་ལྟ་བུ་ཞིག་དགོས། བར་དུ་རང་སེམས་ལ་ངེས་ཤེས་སྐྱེས་པ་གྱད་ཀྱི་ནོར་བུ་རྙེད་པ་ལྟ་བུ་ཞིག་དགོས། ཐ་མ་གཉིས་མེད་ལ་ངེས་ཤེས་སྐྱེས་པ་ཟོག་པོ་རྫུན་ཕུག་རྡིབ་པ་ལྟ་བུ་ཞིག་དགོས། དེ་ཁོ་ན་ཉིད་ལ་ཁོ་ཐག་ཆོད་པ་གཟིངས་ནས་འཕུར་བའི་བྱ་རོག་ལྟ་བུ་ཞིག་དགོས། དེ་ནི་དགོས་པའི་ཆོས་བཅུ་ཡིན་ནོ།། །།མི་དགོས་པའི་ཆོས་བཅུ་ནི། སེམས་ཉིད་སྟོང་པར་རྟོགས་ན་ཐོས་བསམ་བྱ་མི་དགོས། རིག་པ་དྲི་མེད་དུ་ཤེས་ན་སྡིག་པ་སྦྱང་མི་དགོས། རྣལ་མའི་ལམ་ལ་གནས་ན་ཚོགས་བསག་མི་དགོས། གཉུག་མའི་ངང་ལ་སྐྱོང་ན་ཐབས་ལམ་སྒོམ་མི་དགོས།


KMC007_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་ཆོས་ཉིད་དུ་ཤེས་ན་མི་རྟོག་པ་སྒོམ་མི་དགོས། ཉོན་མོངས་རྩ་བྲལ་དུ་ཤེས་ན་གཉེན་པོ་བསྟེན་མི་དགོས། སྣང་གྲགས་སྒྱུ་མར་ཤེས་ན་དགག་སྒྲུབ་བྱ་མི་དགོས། སྡུག་བསྔལ་དངོས་གྲུབ་ཏུ་ཤེས་ན་བདེ་བ་བཙལ་མི་དགོས། རང་སེམས་སྐྱེ་མེད་དུ་རྟོགས་ན་འཕོ་བ་བྱ་མི་དགོས། གང་ཡང་གཞན་དོན་དུ་བྱས་ན་རང་དོན་སྒྲུབ་མི་དགོས། དེ་ནི་མི་དགོས་པའི་ཆོས་བཅུ་ཡིན་ནོ།། །།ཁྱད་པར་དུ་འཕགས་པའི་ཆོས་བཅུ་ནི། རིགས་དྲུག་གི་སེམས་ཅན་ཇི་སྙེད་པའི་ནང་ནས་དལ་འབྱོར་དང་ལྡན་པའི་མི་ལུས་གཅིག་ཁྱད་པར་དུ་འཕགས། མི་ནག་ཆོས་མེད་ཇི་སྙེད་པའི་ནང་ནས་ཆོས་ལྡན་གྱི་གང་ཟག་གཅིག་ཁྱད་པར་དུ་འཕགས། ལམ་གྱི་ཐེག་པ་ཇི་སྙེད་པའི་ནང་ནས་སྙིང་པོའི་དོན་གྱི་ཐེག་པ་འདི་ཁྱད་པར་དུ་འཕགས། ཐོས་བསམ་ལས་བྱུང་བའི་ཤེས་རབ་ཇི་སྙེད་པ་བས་སྒོམ་བྱུང་གི་ཤེས་རབ་སྐད་ཅིག་མ་གཅིག་ཁྱད་པར་འཕགས། འདུས་བྱས་ཀྱི་དགེ་བ་ཇི་སྙེད་ཅིག་


KMC007_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པ་བས་འདུས་མ་བྱས་ཀྱི་དགེ་བ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། དམིགས་བཅས་ཀྱི་ཏིང་ངེ་འཛིན་ཇི་སྙེད་ཅིག་བསྒོམས་པ་བས་དམིགས་མེད་ཀྱི་ཏིང་ངེ་འཛིན་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། ཟག་བཅས་ཀྱི་དགེ་བ་ཇི་སྙེད་ཅིག་སྤྱད་པ་བས་ཟག་མེད་ཀྱི་དགེ་བ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། རྒྱུད་ལ་ཉམས་མྱོང་ཇི་སྙེད་ཅིག་སྐྱེས་པ་བས་རྟོགས་པ་སྐད་ཅིག་མ་གཅིག་ཤར་བ་ཁྱད་པར་དུ་འཕགས། ཆེད་དུ་བྱས་པའི་ལེགས་སྤྱད་ཇི་སྙེད་ཅིག་སྤྱད་པ་བས་ཆེད་དུ་བྱ་བ་མེད་པའི་སྤྱོད་པ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། ཟང་ཟིང་གི་གཏོང་འགྱེད་ཇི་སྙེད་ཅིག་བྱས་པ་བས་དངོས་པོ་ཅི་ཡང་མ་བཟུང་བ་ཁྱད་པར་དུ་འཕགས། དེ་ནི་ཁྱད་པར་དུ་འཕགས་པའི་ཆོས་བཅུ་ཡིན་ནོ།། །།ཇི་ལྟར་བྱས་ཀྱང་ལེགས་པའི་ཆོས་བཅུ་ནི། བློ་སེམས་ཆོས་སུ་སོང་བའི་གང་ཟག་གིས་བྱ་བ་བཏང་ཡང་ལེགས་ལ་མ་བཏང་ཡང་ལེགས། སྒྲོ་འདོགས་སེམས་ལ་


KMC007_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་པའི་གང་ཟག་གིས་བསྒོམ་ཡང་ལེགས་ལ་མ་བསྒོམ་ཡང་ལེགས། འདོད་ཡོན་ལ་འཁྲི་བ་ཆོད་པའི་གང་ཟག་གིས་ཆགས་མེད་བྱས་ཀྱང་ལེགས་ལ་མ་བྱས་ཀྱང་ལེགས། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་གང་ཟག་གིས་ཕུག་སྟོང་དུ་ཉལ་ཡང་ལེགས་ལ་མང་པོའི་ཚོགས་དཔོན་བྱས་ཀྱང་ལེགས། སྣང་བ་སྒྱུ་མར་ཤེས་པའི་གང་ཟག་གིས་གཅིག་པུར་རི་ཁྲོད་དུ་བསྡད་ཀྱང་ལེགས་ལ་རྒྱལ་ཁམས་ཕྱོགས་མེད་བསྐོར་ཡང་ལེགས། སེམས་ལ་དབང་ཐོབ་པའི་གང་ཟག་གིས་འདོད་པའི་ཡོན་ཏན་སྤངས་ཀྱང་ལེགས་ལ་བསྟེན་ཀྱང་ལེགས། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གང་ཟག་གིས་དབེན་པར་སྒྲུབ་པ་བྱས་ཀྱང་ལེགས་ལ་ཚོགས་སུ་གཞན་དོན་བྱས་ཀྱང་ལེགས། མོས་གུས་ཐང་ལྷོད་མེད་པའི་གང་ཟག་གིས་བླ་མའི་ཞབས་དྲུང་དུ་བསྡད་ཀྱང་ལེགས་ལ་མ་བསྡད་ཀྱང་ལེགས། མང་དུ་ཐོས་ཤིང་དོན་གོ་བར་ལྡན་པའི་གང་ཟག་ལ་དངོས་གྲུབ་


KMC007_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཡང་ལེགས་ལ་བར་ཆད་བྱུང་ཡང་ལེགས། རྟོགས་པ་མཆོག་ཐོབ་པའི་གང་ཟག་ལ་ཐུན་མོང་གི་གྲུབ་རྟགས་ཡོད་ཀྱང་ལེགས་ལ་མེད་ཀྱང་ལེགས། དེ་ནི་ཇི་ལྟར་བྱས་ཀྱང་ལེགས་པའི་ཆོས་བཅུ་ཡིན་ནོ།། །།དམ་པའི་ཆོས་ཀྱི་ཡོན་ཏན་བཅུ་ནི། ཆོས་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སྔགས་ཀྱི་སྨིན་གྲོལ་ལ་སོགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ནོ། །མིའི་ནང་ནས་རྒྱལ་རིགས་ཆེ་ཞིང་མཐོ་བ་དང་། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དང་། རྒྱལ་ཆེན་བཞི་ལ་སོགས་པ་འདོད་ཁམས་ཀྱི་ལྷ་རིགས་དྲུག་དང་། གཟུགས་ཁམས་ཀྱི་ལྷ་རིགས་བཅུ་བདུན་དང་། གཟུགས་མེད་པའི་ལྷ་རིགས་བཞི་འཇིག་རྟེན་ན་


KMC007_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་ཞིང་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སེམས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ཀྱིས་ཐུགས་རྗེ་རང་ཤར་གྱི་གཟུགས་སྐུ་གཉིས་ཀྱིས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སེམས་ཅན་ཉེ་བར་འཚོ་བའི་ཡོ་བྱད་གང་ལ་གང་འོས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ལས་བྱུང་བས་ན་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །ངན་སོང་དང་མི་ཁོམས་པའི་གནས་ན་ཡང་གནས་སྐབས་ཀྱི་བདེ་བ་ཅུང་ཟད་ཡོད་པ་དེ་དག་ཐམས་ཅད་ཀྱང་དཀར་པོ་དགེ་བའི་བསོད་


KMC007_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ལས་གྲུབ་པས་ན་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སྐྱེས་བུ་ངན་པ་དག་ཀྱང་དམ་པའི་ཆོས་སུ་བློ་འགྱུར་ནས་སྐྱེས་བུ་དམ་པའི་རིགས་སུ་འགྱུར་ཤིང་། མི་ཀུན་གྱི་གཙུག་ཏུ་འཁུར་བའི་གནས་སུ་གྱུར་པ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སྔར་སྡིག་པ་མི་དགེ་བ་ལ་བག་མེད་དུ་སྤྱད་ཅིང་དམྱལ་བའི་བུད་ཤིང་གི་རྒྱུ་གསོག་པ་དེ་ཡང་། དམ་པའི་ཆོས་ཀྱི་ཕྱོགས་སུ་བློ་སྣ་འགྱུར་ནས་མཐོ་རིས་དང་ཐར་པའི་བདེ་བ་ལ་རེག་པར་གྱུར་པ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །དམ་པའི་ཆོས་ལ་དད་པ་ཙམ་མམ། མོས་པ་ཙམ་མམ། དགའ་བ་ཙམ་མམ། ཆ་ལུགས་འཛིན་པ་ཙམ་ཡང་ཀུན་གྱི་ཡིད་དུ་འོང་ཞིང་། བསྙེན་བཀུར་གྱི་གནས་སུ་གྱུར་པ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །བདོག་པའི་དངོས་པོ་ཐམས་ཅད་སྤངས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། རི་ཁྲོད་དགོན་པ་དག་ཏུ་ཡིབ་ནས་བསྡད་ཀྱང་འཚོ་བའི་ཡོ་བྱད་ཕུན་སུམ་ཚོགས་པར་


KMC007_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །དེ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་མདོར་བསྡུས་པའི་ཆོས་བཅུ་ཡིན་ནོ།། །།མིང་ཙམ་གྱི་ཆོས་བཅུ་ནི། གཞིའི་གནས་ལུགས་བསྟན་དུ་མེད་པས་གཞི་མིང་ཙམ་ཡིན། ལམ་ལ་བགྲོད་བྱ་བགྲོད་བྱེད་མེད་པས་ལམ་མིང་ཙམ་ཡིན། གནས་ལུགས་ལ་བལྟ་བྱ་ལྟ་བྱེད་མེད་པས་རྟོགས་པ་མིང་ཙམ་ཡིན། གཉུག་མ་ལ་བསྒོམ་བྱ་སྒོམ་བྱེད་མེད་པས་ཉམས་མྱོང་མིང་ཙམ་ཡིན། གཤིས་ལ་སྤྱད་བྱ་སྤྱོད་བྱེད་མེད་པས་སྤྱོད་པ་མིང་ཙམ་ཡིན། དོན་ལ་བསྲུང་བྱ་སྲུང་བྱེད་མེད་པས་དམ་ཚིག་མིང་ཙམ་ཡིན། དོན་ལ་བསག་བྱ་གསོག་བྱེད་མེད་པས་ཚོགས་གཉིས་མིང་ཙམ་ཡིན། དོན་ལ་སྦྱང་བྱ་སྦྱོང་བྱེད་མེད་པས་སྒྲིབ་གཉིས་མིང་ཙམ་ཡིན། དོན་ལ་སྤང་བྱ་སྤོང་བྱེད་མེད་པས་འཁོར་བ་མིང་ཙམ་ཡིན། དོན་ལ་འཐོབ་བྱ་ཐོབ་བྱེད་མེད་པས་འབྲས་བུ་མིང་ཙམ་ཡིན། དེ་ནི་མིང་ཙམ་གྱི་ཆོས་བཅུ་ཡིན་ནོ།། །།བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཆོས་བཅུ་ནི། སེམས་ཅན་


KMC007_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཆོས་སྐུར་གནས་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། གཞི་ཆོས་ཉིད་ཀྱི་དབྱིངས་ལ་མཚན་མའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། མཐའ་བྲལ་བློ་འདས་ཀྱི་རྟོགས་པ་ལ་ཕྱོགས་རིས་ཀྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཡིད་ལ་བྱ་བ་མེད་པའི་ཉམས་མྱོང་ལ་དམིགས་པའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། བྱ་བྲལ་རྩོལ་མེད་ཀྱི་སྤྱོད་པ་ལ་བླང་དོར་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཆོས་སྐུ་ལ་གཟུང་འཛིན་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཐུགས་རྗེ་རང་བྱུང་གི་ལོངས་སྐུ་ལ་སྐྱེ་འཆི་འཕོ་འགྱུར་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཐུགས་རྗེ་རང་ཤར་གྱི་སྤྲུལ་སྐུ་ལ་གཉིས་སྣང་འདུ་བྱེད་ཀྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། བསྟན་པ་ཆོས་ཀྱི་འཁོར་


KMC007_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལ་བདག་ལྟ་མཚན་མའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཚད་མེད་ཐུགས་རྗེའི་ཕྲིན་ལས་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པ་སྟེ། དེ་ནི་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཆོས་བཅུ་ཡིན་ནོ།། །།ཟག་མེད་མཁྱེན་པ་དང་ལྡན་པའི་བླ་མ་དང་། རྗེ་བཙུན་སྒྲོལ་མ་ལ་སོགས་ལྷག་པའི་ལྷ་རྣམས་ཀྱིས་བྱང་ཕྱོགས་ཁ་བ་ཅན་གྱི་བསྟན་པའི་གསལ་བྱེད་དུ་མངའ་གསོལ་བའི་དཔལ་ལྡན་མར་མེ་མཛད་ཡབ་སྲས་ཀྱི་གསུང་རྒྱུན་དྲི་མ་མེད་པ་རྣམས་བཀའ་གདམས་པའི་བླ་མ་སྐུ་དྲིན་ཅན་རྣམས་ལས་ཐོས་པ་དང་། རྒྱ་གར་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར་གྲགས་པའི་སྐྱེས་མཆོག་ནཱ་རོ་མཻ་ཏྲི་གཉིས་དང་། མར་པ་ལྷོ་བྲག་པ་ལ་སོགས་པའི་མཁས་གྲུབ་རྣམས་ཀྱི་ཐུགས་ཀྱི་བཅུད་འཛིན་པ་རྗེ་བཙུན་གྱི་རྒྱལ་པོ་མི་ལ་རས་པས་རྗེས་སུ་བཟུང་བའི་གསུང་དྲི་མ་མེད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། བཀའ་ཕྱག་གཉིས་ཀྱི་གདམས་པའི་མཛོད་འཆང་བ་ཤར་དྭགས་པོ་སྙི་སྒོམ་བསོད་ནམས་རིན་ཆེན་གྱིས་བྲིས་པ་རྫོགས་སོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་


KMC007_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཕྱག་རྒྱ་ཆེན་པོའི་བོགས་འདོན་གསོལ་འདེབས་རྡོ་རྗེ་འཆང་ཆུང་མའི་དམིགས་རིམ།


KMC007_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོའི་བོགས་འདོན་གསོལ་འདེབས་རྡོ་རྗེ་འཆང་ཆུང་མའི་དམིགས་རིམ་བཞུགས་སོ། །


KMC007_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲཱ་ཡ། ཕྱག་རྒྱ་ཆེན་པོའི་ཁྲིད་དང་ལུང་གི་རིགས། །མང་དུ་ཐོབ་ཅིང་གནས་འགྱུ་སྲུང་ཕྱོགས་ཤེས། །དེ་ལ་མོས་འདུན་ཆེ་ཕྱིར་མ་བརྗེད་ཙམ། །རྒྱུན་དུ་བསྐྱངས་ཀྱང་བོགས་སྐྱེད་ཅི་ཡང་མེད། །ཡུན་རིང་སོང་ནས་འཁྲེབ་སྟེ་བསྒྱུར་ཉེན་ཆེ། །དེ་ལ་བོགས་འདོན་གདམས་ངག་གལ་ཆེ་བས། །ཕྱག་རྒྱ་ཆེན་པོ་ཟེར་བའི་ཡེ་ཤེས་དེ། །གསར་རྙིང་རྒྱུད་སྡེ་ཀུན་ནས་རྒྱ་ཆེར་གསུངས། །རྒྱ་བོད་གྲུབ་ཆེན་ཐམས་ཅད་གཤེགས་པའི་ལམ། །འགྲན་མེད་ཉི་ཟླ་ལྟ་


KMC007_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཡོངས་སུ་གྲགས། །དེ་ནི་ཤེས་རབ་ཆེ་བས་གོ་བ་མིན། །གཞུང་ལུགས་རྒྱ་ཆེར་ཤེས་ཀྱང་དེ་མི་རྟོགས། །རིག་པའི་གནས་ལྔར་མཁས་ཀྱང་དེ་མི་ཤེས། །འདོད་པ་ཆེན་པོ་བྱས་ཀྱང་ཕན་པ་མེད། །དེ་ཉིད་མ་རྟོགས་རྟོགས་པར་བྱ་བ་དང་། །འཕེལ་བ་དེ་ཉིད་བརྟན་པ་ཐོབ་པའི་ཐབས། །བླ་མའི་མོས་གུས་མ་གཏོགས་གཅིག་ཀྱང་མེད། །གསང་སྔགས་བྱིན་རླབས་ལམ་ཞེས་བྱ་བ་སྟེ། །བྱིན་རླབས་འཇུག་ཐབས་མོས་གུས་ལས་གཞན་མེད། །མོས་གུས་གསོལ་བ་


KMC007_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པ་ཁོ་ན་སྟེ། །མོས་གུས་གསོལ་བ་འདེབས་པའི་ལམ་ཞེས་བྱ། །གསོལ་བ་འདེབས་ཡུལ་གང་རུང་མི་ཆོག་སྟེ། །བརྐོས་ཕོར་རི་མོ་སཱཙྪ་དོད་པ་ལྟར། །ཕྱག་རྒྱ་ཆེན་པོར་བཀའ་བབས་བླ་མ་དགོས། །དེང་སང་གང་ཟག་ཚིག་བརྒྱུད་བླ་མ་ལས། །ཕྱག་ཆེན་ཁྲིད་དང་ལུང་རྣམས་ཐོབ་ཕྱིན་ནས། །གསོལ་བ་དོན་བརྒྱུད་བླ་མར་འདེབས་ཆོག་སྟེ། །དྭགས་པོ་དུས་མཁྱེན་རྒོད་ཚང་པ་རྣམས་ཀྱི། །མ་འོངས་ཕྱག་ཆེན་ཁྲིད་ལུང་ཐོབ་ཕྱིར་ནས། །ཁོང་རྣམས་རྩ་བའི་བླ་མར་བཟུང་མཛོད་ལ། །གསོལ་བ་ཐོབ་དང་བྱིན་གྱིས་རློབ་པ་དང་། །ཉམས་རྟོགས་སྐྱེ་ཞེས་ཞལ་གྱིས་བཞེས་པ་ཡིན། །དེ་ཕྱིར་མོས་གུས་བསྒོམ་གྱི་མགོ་བོ་ཡིན། །གྲུབ་མཐའ་སོ་སོའི་འདོད་གཏམ་མི་གཅིག་ཀྱང་། །པདྨ་དཀར་དང་ཏིང་འཛིན་རྒྱལ་པོ་སོགས། །མདོ་སྣ་གསུམ་ནས་མཉམ་མེད་དྭགས་པོ་འདི། །སྟོང་ཉིད་ཏིང་འཛིན་སྟོན་པའི་སྐྱེས་ཆེན་དུ། །ཐུབ་པས་ལུང་བསྟན་གསལ་ཕྱིར་


KMC007_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་མེད། །དེ་བཞིན་དུས་མཁྱེན་དྲུག་པ་སེང་གེའི་སྒྲ། །ཐུབ་པ་ཨུ་རྒྱན་གཉིས་ཀའི་ལུང་བསྟན་གསལ། །ཕྱག་ཆེན་རྒྱ་གཞུང་བོད་དུ་མང་འགྱུར་ཀྱང་། །གྲུབ་པ་ཐོབ་པ་ཧ་ཅང་མང་བ་མིན། །ཕྱག་ཆེན་ལ་བརྟེན་དྭགས་པོ་ལྷ་རྗེའི་རྒྱུད། །གྲུབ་ཐོབ་གནམ་གྱི་སྐར་མ་ལས་ཀྱང་མང་། །དེ་ཕྱིར་བཀའ་བབ་བྱིན་རླབས་ཚན་ཁ་ཆེ། །མར་པས་མི་ལ་རས་པར་ལུང་བསྟན་ནས། །སངས་རྒྱས་བསྟན་པ་ཇི་སྲིད་གནས་ཀྱི་བར། །ཉམས་དང་རྟོགས་པའི་བརྒྱུད་པ་མི་འཆད་གསུངས། །དེ་ཕྱིར་བརྒྱུད་པའི་བྱིན་རླབས་ཡལ་རྒྱུ་མེད། །དེ་ཕྱིར་སེམས་རྩ་མ་ཞུམ་སྤྲོ་བ་བསྐྱེད། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །དམིགས་པ་འདི་སྒོམས་གསོལ་འདེབས་འདི་ཉིད་ཀྱིས། །རང་ཉིད་ཡི་དམ་ལྷའམ་ཐ་མལ་པའི། །སྤྱི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁའ་ལ། །སྣ་ཚོགས་པད་མ་ཟླ་བའི་གདན་གྱི་སྟེང་། །དྲིན་ཐོབ་བླ་མ་དེ་དང་དབྱེར་མེད་པའི། །ཆོས་


KMC007_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དཔལ་ལྡན་དུས་གསུམ་མཁྱེན་པ་ནི། །སྐུ་མདོག་སྔོ་སྐྱ་བསྒྲེས་ཚུལ་དབུ་སྐྲ་དཀར། །དགེ་སློང་ཆ་ལུགས་ཞྭ་ནག་གསེར་མདོངས་ཅན། །དེ་ཡི་དབུ་གཙུག་དྭགས་པོ་ལྷ་རྗེ་ནི། །བགྲེས་ཚུལ་དབུ་སྐྲ་དཀར་ཞིང་དགས་ཞུ་གསོལ། །དེ་སྟེང་རྗེ་བཙུན་མི་ལ་རས་ཆེན་ནི། །སྔོ་སྐྱ་དབུ་སྐྲ་ཕོར་ཀ་ལིང་ངེ་བ། །སྐུ་ལ་དར་དཀར་ན་བཟའ་གསོལ་བའོ། །དེ་སྟེང་མར་པ་སྐུ་མདོག་དམར་སྨུག་ལ། །དབུ་སྐྲ་རལ་པ་ཨག་ཚོམ་བཅས་པ་སྟེ། །རལ་གུ་སྨུག་པོ་བེར་ཕྱམ་དམར་པོ་ཅན། །དེ་སྟེང་ནཱ་རོ་སྐུ་མདོག་སྨུག་ནག་དང་། །དེ་སྟེང་ཏཻ་ལོ་སྐུ་མདོག་མཐིང་ག་གཉིས། །ཐོར་ཚུགས་རུས་རྒྱན་གྲུབ་ཐོབ་ཆ་ལུགས་ཅན། །དེ་སྟེང་རྡོ་རྗེ་འཆང་ཆེན་སྐུ་མདོག་མཐིང་། །རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་ལོངས་སྤྱོད་རྫོགས། །དུས་གསུམ་མཁྱེན་པའི་མཐའ་སྐོར་ཐམས་ཅད་དུ། །ཕག་གྲུ་དྭགས་པོ་སྒོམ་ཚུལ་འབའ་རོམ་པ། །སྐྱོབ་པ་ཐང་པ་གླིང་རས་རྒྱ་རས་དང་། །སྐྱེ་མེད་ཞང་


KMC007_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་རྗེ་གཡའ་བཟང་བ། །རྒྱལ་བ་རྒོད་ཚང་པ་དང་ཡང་དགོན་པ། །མཁའ་སྤྱོད་དབང་པོ་གྲུབ་ཆེན་རྨ་སེ་དང་། །སངས་རྒྱས་དབོན་པོ་ངོམ་པ་མཁའ་སྤྱོད་པ། །ཚེར་ལུང་ཀུན་དགའ་རྣམ་རྒྱལ་ལ་སོགས་པའི། །འོད་གསལ་ཕྱག་རྒྱ་ཆེན་པོར་མངའ་བརྙེས་པའི། །བཀའ་བརྒྱུད་བླ་མ་ཁྲོམ་ཚོགས་བཞིན་དུ་བསྒོམ། །ཐམས་ཅད་ཕྱག་གཉིས་མཉམ་བཞག་སྤྱན་ཟིམ་མེ། །སངས་རྒྱས་ཞིང་ཁམས་རབ་འབྱམས་ཐམས་ཅད་ནས། །བསྒོམས་པ་ལྟ་བུ་ཡིད་ཀྱིས་སྤྱན་དྲངས་བསྟིམ། །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་རྣམས་དང་། །འབྲི་སྟག་ཚལ་གསུམ་དཔལ་ལྡན་འབྲུག་པ་སོགས། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མ་


KMC007_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་རློབས། །ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། །ཚེ་འདིའི་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །མན་ངག་གཏེར་སྒོ་འབྱེད་པའི་བླ་མ་ལ། །རྒྱུན་དུ་གསོལ་བ་འདེབས་པའི་སྒོམ་ཆེན་ལ། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོག་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱའི་བློ་དང་བྲལ་བར་བྱིན་གྱིས་རློབས། །རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་བཞིན། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ལ། །མ་འགགས་རོལ་པར་འཆར་བའི་སྒོམ་ཆེན་ལ། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །


KMC007_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྗོད། ཞེས་པའང་བན་སྒར་འཇམ་དཔལ་བཟང་པོས་མཛད་པའོ། །དེ་ལྟར་གསོལ་བ་བཏབ་པའི་དུས་སུ་ཡང་། །དམིགས་པ་རྩེ་གཅིག་དད་འདུན་དྲག་པོ་ཡིས། །བླ་མ་རྒྱང་འབོད་ཚུལ་དུ་གསོལ་བ་བཏབ། །གསོལ་བ་ཁྱི་སྐད་མ་རུ་གདབ་གསུངས་པས། །བསླབ་པའི་གྱེར་དབྱངས་ལེགས་པོ་མི་ཤེས་ཀྱང་། །རྣལ་འབྱོར་རང་གདངས་གང་ཤེས་གྱེར་དབྱངས་བྱ། །གསོལ་བ་འདེབས་དུས་བླ་མའི་མོས་གུས་ཀྱིས། །བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་པ་དང་། །ཡུས་ཀྱིས་མནང་ནས་ཅི་དྲག་གང་དྲག་གི །ཉམས་འབར་འཁྲབ་ཅིང་རྒྱུག་མཆོང་བླ་མར་འབོད། །དེ་ནི་མོས་གུས་སྒོམ་གྱི་མགོ་བོ་ཡིན། །དེ་ནས་སྤྱི་བོའི་བླ་མ་ཐམས་ཅད་ནི། །འོད་ཞུ་གཙོ་བོ་དུས་གསུམ་མཁྱེན་པར་ཐིམ། །དུས་གསུམ་མཁྱེན་པ་འོད་ཞུ་བདག་ལ་ཐིམ། །བཀའ་བརྒྱུད་བླ་མ་དེ་རྣམས་སྐུ་གསུང་ཐུགས། །རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ། །ཆུ་ནང་འོ་


KMC007_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མ་བླུགས་བཞིན་འདྲེས་པར་བསྒོམ། །དེ་ནས་གང་ཤར་སེམས་ཀྱི་ངོ་བོ་བལྟ། །ཅི་ལྟར་ཤར་ཡང་བཟོ་བཅོས་མ་བྱེད་པར། །མ་བཅོས་དེ་གར་མ་ཡེངས་ཙམ་དུ་སྐྱོང་། །ཡག་འདོད་ཉེས་སུ་དོགས་པ་རྩད་ནས་སྤང་། །མོས་གུས་སྟོབས་ཀྱིས་སྐྱེས་པའི་ཉམས་རྟོགས་ལ། །གེགས་དང་གོམས་པ་གཅིག་ཀྱང་ཡོད་མ་ཡིན། །རྣམ་རྟོག་འཕྲོ་རྒོད་སྦན་སྦུན་ཅི་བྱུང་ཡང་། །ཆུ་དང་ཆུ་རླབས་བཟང་ངན་མེད་པ་ལྟར། །གནས་དང་བདེ་དང་གསལ་བས་ལེགས་རྒྱུ་མེད། །འཕྲོ་རྒོད་སྦན་སྦུན་བྱུང་ཡང་ཞེན་རྒྱུ་མེད། །ཡེ་ནས་སེམས་ཉིད་ཆོས་སྐུ་རྗེན་པ་ཡིན། །ངོ་ཤེས་མ་ཡེངས་དྲན་རྫིས་བསྐྱངས་པས་ཆོག །གང་ཤར་དོ་ལྟ་རང་གྲོལ་ལ་སོགས་པ། །དང་པོ་ཡིན་གྱིས་རྒྱུན་དུ་དེ་མི་དགོས། །མ་ཡེངས་དྲན་པའི་རྒྱང་སོ་གཅིག་པུས་ཆོག །དེ་ནི་ཡེངས་མེད་སྒོམ་གྱི་དངོས་གཞི་ཡིན། ༈ །ཚེ་འདིར་མི་རྟག་རླུང་གསེབ་མར་མེ་འདྲ། །མངའ་ཐང་ལོངས་སྤྱོད་ཡོད་ཀྱང་འཁྱེར་དབང་


KMC007_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །མཐུན་གྲོགས་འཁོར་འབངས་མང་ཡང་ཁྲིད་དབང་མེད། །དེ་ཕྱིར་སེམས་ལ་ཆགས་ཞེན་འཁྲི་བ་བཅད། །ཟས་ནོར་ལོངས་སྤྱོད་བསྙེན་བསྐུར་ལ་སོགས་པ། །བཟང་པོ་ཆེན་པོ་བྱུང་ཡང་ཆགས་འཛིན་སྤངས། །སྦྱིན་བདག་བྱང་ཆུབ་ཐོབ་ཕྱིར་བསྔོ་སྨོན་བྱ། །ཤུགས་ཀྱིས་བྱུང་ན་ཆེད་དུ་སྡང་མི་དགོས། །དགེ་ཕྱོགས་གང་འགྲུབ་རང་ལུས་དཀྱིལ་འཁོར་མཆོད། །ཡོད་ཀྱང་ཟས་མི་ཟ་བའི་དཀའ་ཐུབ་དང་། །ངོ་སྲུང་མེད་ཅེས་ཀུན་དང་འཁོན་པའང་སྤངས། །འཕྲལ་དུ་འཇིག་རྟེན་མི་དང་བློ་བསྟུན་ཀྱང་། །དོན་ལ་ལྷ་མི་འཁོར་བའི་བདེ་སྐྱིད་འདི། །མི་འཚེངས་ཕན་ཆུང་གནོད་པ་ཆེ་བར་བསམ། །འཁོར་བ་སྡུག་བསྔལ་རྒྱ་མཚོ་འདིས་སྐྲག་ནས། །ཕྱིར་མི་ལྡོག་པར་བདེ་ཆེན་ཞིང་ཁམས་སུ། །འགྲོ་བའི་ཐབས་ལ་ཅི་དྲག་གང་དྲག་བྱ། །དེས་ནི་རིགས་དྲུག་འཁོར་བར་ཞེན་པ་ལོག །ཞེན་ལོག་སྒོམ་གྱི་རྐང་པ་དེ་རང་ཡིན། །ཕྱི་མ་མི་ལུས་བདེ་


KMC007_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་སྨོན་ལམ་འདེབས། །དེ་འདྲ་ཞེན་པ་ལོག་པ་ག་ལ་ཡིན། །མོས་གུས་མགོ་དང་ཡེངས་མེད་ལུས་པོ་དང་། །ཞེན་ལོག་སྒོམ་གྱི་རྐང་པ་ཚང་བ་ན། །སྒོམ་གྱི་མགོ་རྐང་ཚང་བས་འདོད་དོན་འགྲུབ། །དེ་གསུམ་གཅིག་མ་ཚང་ཡང་དོན་མི་འགྲུབ། །བོགས་སྐྱེད་མེད་པ་དེ་གསུམ་མ་ཚང་རྟགས། །དྭགས་པོ་བཀའ་བརྒྱུད་ལུགས་ཀྱི་ཕྱག་ཆེན་གྱི། །དོན་གྱི་གནད་འགགས་གསོལ་འདེབས་འདི་ལ་ཚང་། །ཞྭ་ནག་ཅོད་པན་འཛིན་པ་དྲུག་པ་ཡི། །སྲས་ཀྱི་ཐུ་བོ་འཇམ་དཔལ་བཟང་པོ་དེ། །གཉན་ཆེན་ཐང་ལྷའི་རི་མགུལ་ཕུག་པའི་ནང་། །ལོ་གྲངས་བཅོ་བརྒྱད་མཚམས་བསྡམས་མཛད་པ་ཡིན། །དེ་ཕྱིར་གསོལ་འདེབས་འདི་ཉིད་བྱིན་རླབས་ཆེ། །བཀའ་བརྒྱུད་སྤྱི་ཡི་གསོལ་འདེབས་འཐུས་ཀྱང་ཆེ། །དམིགས་པ་གསལ་ཞིང་གསོལ་འདེབས་འདི་བྱས་ན། །ཉམས་རྟོགས་བོགས་སྐྱེད་འོང་བར་ཐེ་ཚོམ་མེད། །དེ་ཡང་མོས་གུས་དྲག་པོ་བསྐྱེད་གལ་ཆེ། །རཱ་ག་ཨ་


KMC007_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྱས་གྲྭ་པ་སྤྱི་རྣམས་ལ། །ཕན་པའི་བསམ་པས་ཐུན་སྐབས་ཤིག་ལ་སྨྲས། །སྒོམ་ཆེན་པདྨ་མཐར་ཕྱིན་ཞེས་པས་བྲིས། །འདིས་ནི་གཞན་ཕན་རྒྱ་ཆེར་འབྱུང་བར་ཤོག། །།སརྦ་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཐུན་བཞིའི་དམིགས་རིམ་ཟིན་བྲིས།


KMC007_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་བཞིའི་དམིགས་རིམ་ཟིན་བྲིས་བཞུགས་སོ། །


KMC007_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀརྨ་ཀཱ་ཡེ། ངོ་བོ་སྤྱན་རས་གཟིགས་དབང་དངོས་ཡིན་ཞིང་། །གུ་རུ་མཚན་བརྒྱད་ཞང་གི་སྐུ་བརྒྱད་དང་། །ཀརྨ་རབས་བརྒྱད་ངོ་བོ་གཅིག་པར་བཤད། །དེ་ཕྱིར་ཞང་གི་བཀའ་འབུམ་བཀའ་རྒྱ་ལས། །བཏུས་ཤིང་ཅུང་ཟད་བསྣོན་ཁ་བཏབ་ནས་ཀྱང་། །མི་བསྐྱོད་རྡོ་རྗེས་ཐུན་བཞི་འདི་ཉིད་མཛད། །འདི་ཡི་དམིགས་རིམ་དབང་ཕྱུག་རྡོ་རྗེ་ལ། །ཡང་རི་དྲུང་པ་བསོད་ནམས་བཟང་པོ་ཡིས། །ཞུས་ནས་མཛད་པའི་རྒྱས་པ་ཡོད་མོད་ཀྱང་། །གཞུང་


KMC007_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་དམིགས་རིམ་ཁོ་ན་མ་ཡིན་ཞིང་། །ཕྱག་ཆེན་ཆོས་དྲུག་མོས་གུས་ཕྱག་ཆེན་གསུམ། །དོན་བསྡུས་དམིགས་རིམ་ཧ་ཅང་མང་དྲག་ཅིང་། །བར་སྐབས་འདོན་ཆ་སབ་རྒྱུ་མང་བའི་ཕྱིར། །འདི་ཉིད་འདོན་པའི་སྲོག་ནི་མ་བྱུང་ངོ་། །མགོ་འདི་མ་ནམ་བཞི་བསྐོར་འདོན་སྲོལ་སྣང་། །འདི་ཡི་གཞུང་ཚིག་ཉིད་ཀྱི་བསྒོམ་བྱ་ནི། །རང་ཉིད་ཐ་མལ་གནས་པའི་སྤྱི་བོའི་ཐད། །མཁའ་འགྲོ་དམར་མོ་མཛེས་ཤིང་ཡིད་དུ་འོང་། །དབུ་སྐྲ་སིལ་བུ་སྤྱན་གསུམ་ནམ་མཁར་


KMC007_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །སེང་ལྡེང་ཌཱ་རུ་བྷནྡྷ་བདུད་རྩི་བསྣམས། །རྒྱན་མེད་གཅེར་བུ་གཟི་མདངས་འོད་ཟེར་འབར། །ཟག་མེད་བདེ་བ་ཆེན་པོ་རྒྱས་པའི་ཕྱིར། །གར་སྟབས་རྣམ་འགྱུར་སྣ་ཚོགས་ཅིར་ཡང་སྟོན། །དཀར་མོ་སེར་མོ་དམར་མོ་ལྗང་མོ་དང་། །སྔོན་མོ་ནག་མོ་ཁྲ་མོའི་སྐུ་མདོག་ཅན། །དེ་འདྲ་གྲངས་མེད་བྱེ་བ་དུང་ཕྱུར་རྣམས། །ནམ་མཁའ་བར་སྣང་གང་བར་རྡུལ་བཞིན་འཚུབས། །དེ་དབུས་སྤྱི་གཙུག་ཐད་ནས་ཀྱི་ནམ་མཁའ་ལ། །འཇའ་གུར་འོད་ཕུང་འཁྲིགས་པའི་གུར་ཁང་ན། །པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །མི་བསྐྱོད་རྡོ་རྗེ་ཆོས་དབྱིངས་རྡོ་རྗེ་སོགས། །རང་གི་གང་མོས་རྒྱལ་བ་ཀརྨ་པ། །ཆོས་གོས་ངུར་སྨྲིག་ཞྭ་ནག་གསེར་མདངས་ཅན། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསྒོམ། །ན་མོ་གུ་རུ་ཞེས་བྱ་ནས་བཟུང་སྟེ། །


KMC007_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་པའི་དུས་བར་དམིགས་པ་ཡིན། །དེ་ནས་སྣང་ཞིང་སྟོང་ལ་ཞེས་པ་ནས། །ཐུགས་ཀྱི་བྱིན་གྱིས་རློབས་ཤིག་བྱ་བའི་བྱར། །སྐུ་གསུང་ཐུགས་ལ་རྩེ་གཅིག་གསོལ་བཏབ་པས། །བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་ནི། ཁ་དོག་སྣ་ཚོགས་ནམ་མཁའ་ཁྱབ་པར་འཕྲོས། །སྟོང་གསུམ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ནི། །ཀརྨ་པ་ཉིད་བྱེ་བ་ཕྲག་བརྒྱ་སོགས། །ཞིང་ཁམས་ཐམས་ཅད་སྤྲུལ་པས་ཁྱབ་རྣམས་དང་། །སངས་རྒྱས་བྱང་སེམས་ཀུན་གྱི་ཐུགས་རྗེ་བསྐུལ། །ཐམས་ཅད་ཀརྨ་པ་ཡི་སྐུར་གྱུར་ཏེ། །དགེ་སློང་ཆ་ལུགས་ཞྭ་ནག་གསེར་མདངས་ཅན། །ཕྱག་ཞབས་བཞི་པོ་བྱིན་རློབས་ཕྱག་རྒྱ་མཛད། །འཇའ་འོད་མེ་ཏོག་ཆར་དང་སྤོས་དྲིར་བཅས། །ནམ་མཁའ་བར་སྣང་གང་བར་བྱོན་ནས་ཀྱང་། །ཐམས་ཅད་སྤྱི་བོའི་ཀརྨ་པ་ལ་ཐིམ། །དེ་ལྟར་བསྒོམ་ཞིང་གུ་རུ་རཏྣ་ནས། །ཞི་བར་མཛོད་པར་དབྱངས་དང་བཅས་པས་འདོན། །འདི་


KMC007_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤྱན་འདྲེན་བྱིན་འབེབས་གཉིས་ཀ་ཡིན། །འདི་ལྟར་དངོས་སུ་བྱོན་པས་སི་ཏུ་པའི། །ཞལ་གཟིགས་ཐང་ཀ་ཡང་ནི་བྲི་སྲོལ་བྱུང་། །དེ་ནས་ནམ་མཁའ་བར་སྣང་གང་བ་ཡི། །མཁའ་འགྲོ་ཐམས་ཅད་གཅིག་ལ་གཅིག་ཐིམ་ནས། ཁ་དོག་ལྔ་དང་ནག་མོ་ཁྲ་མོ་བདུན། །སྤྱི་བོའི་ཀརྨ་པ་ལ་བསྐོར་ནས་བཞུགས། །ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་མོ་ལས། །འོད་ཟེར་ལྗང་གུ་བདག་དང་བསྲུང་བྱ་ལ། །ཕོག་པས་ཕྲག་དོག་ལས་གྱུར་ནད་གདོན་གྲིབ། །ཐམས་ཅད་བ་མོར་ཉི་ཟེར་ཕོག་ལྟར་བསལ། །ཚེ་རབས་ཐོག་མ་མེད་ནས་ད་ལྟ་ཡན། །ཕྲག་དོག་ལས་གྱུར་སྡིག་སྒྲིབ་ཉེས་ལྟུང་ཀུན། །ལས་ཀྱི་མཁའ་འགྲོའི་དྲུང་དུ་བཤགས་པར་བསྒོམ། །དེ་བཞིན་རིན་ཆེན་མཁའ་འགྲོ་སེར་མོ་ལས། །འོད་ཟེར་གསེར་མདོག་འཕྲོས་པས་ང་རྒྱལ་ལས། །གྱུར་པའི་ནད་གདོན་གྲིབ་སོགས་བསལ་བ་དང་། །དེའི་དྲུང་དུ་ང་རྒྱལ་སྡིག་སྒྲིབ་བཤགས། །པདྨ་མཁའ་འགྲོ་དམར་


KMC007_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་འོད་ཟེར་གྱིས། །འདོད་ཆགས་ལས་གྱུར་ནད་གདོན་གྲིབ་སོགས་བསལ། །ནད་གདོན་སྡིག་སྒྲིབ་དེའི་དྲུང་དུ་བཤགས། །སངས་རྒྱས་མཁའ་འགྲོ་དཀར་མོའི་འོད་ཟེར་གྱིས། །གཏི་མུག་ལས་གྱུར་ནད་གདོན་གྲིབ་རྣམས་བསལ། །དེ་ཡིས་དྲུང་དུ་གཏི་མུག་ཉེས་ཀུན་བཤགས། །དམ་ཚིག་མཁའ་འགྲོ་ནག་མོའི་འོད་ཟེར་ནི། །མཐིང་ནག་འཕྲོས་པས་དམ་ཚིག་ཆགས་ཉམས་བསལ། །ནག་མོ་འདི་ནི་དཔལ་ལྡན་ལྷ་མོར་གཅིག །དེ་ཡི་དྲུང་དུ་དམ་ཚིག་ཉམས་ཆགས་བཤགས། །རྡོ་རྗེ་མཁའ་འགྲོ་སྔོན་མོའི་འོད་ཟེར་གྱིས། །ཞེ་སྡང་ལས་གྱུར་ནད་གདོན་གྲིབ་སོགས་བསལ། །དེའི་དྲུང་དུ་ཞེ་སྡང་སྡིག་སྒྲིབ་བཤགས། །སྣ་ཚོགས་མཁའ་འགྲོ་སྐུ་མདོག་ཁྲ་མོ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པ་ཡིས། །དུས་གསུམ་ཆ་མཉམ་སྒོ་ནས་བསགས་པ་ཡི། །ནད་གདོན་གྲིབ་སོགས་མ་ལུས་ཐམས་ཅད་བསལ། །འགལ་འཁྲུལ་ཉེས་ལྟུང་


KMC007_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དེ་ལ་བཤགས། །འདི་ནི་སྒྲིབ་སྦྱོང་མཆོག་ཏུ་གྱུར་པ་སྟེ། །སྤྲོས་མེད་དམིགས་པའི་མཁའ་འགྲོ་གྲིབ་སེལ་ཡིན། །འདི་ཉིད་འདི་རུ་དགོས་དོན་ཅི་ཞེ་ན། །ཆགས་ཉམས་སྡིག་སྒྲིབ་ལྡན་པའི་མི་དེ་ལ། །བླ་མའི་བྱིན་རླབས་འཇུག་པར་དཀའ་བ་སྟེ། །བྱིན་རླབས་མ་ཞུགས་ཉམས་རྟོགས་སྐྱེ་མི་སྲིད། །དེ་ཕྱིར་ཐོག་མར་སྡིག་སྒྲིབ་སྦྱོང་ཕྱིར་ཡིན། །ནད་པ་སོགས་ལ་གྲིབ་སེལ་བྱེད་ན་ཡང་། །དཔལ་འབར་གཙང་མ་མཐོ་ཚད་བདུན་བྱས་ལ། །དགེ་འདུན་པ་རྣམས་ཞྭ་ཁྲ་ཆོས་གོས་བྱས། །བླ་མས་ཕྱག་གཉིས་རྡོ་རྗེ་རྩེ་གཅིག་གིས། །ཕྱག་རྒྱས་དཔལ་འབར་ནད་པའི་སྟེང་དུ་བཟུང་། །དེ་ཉིད་གོང་ལྟར་མཁའ་འགྲོ་མར་བསྒོམ་སྟེ། །དེ་ཡི་འོད་ཀྱིས་ནད་གདོན་གྲིབ་བསལ་བསྒོམ། །མཁའ་འགྲོ་རེ་རེའི་ཤོ་ལོ་ཀ་རེ་ལ། །མེ་རུ་ཟད་ལ་ཁད་བར་ཝོར་ལ་འདོན། །མེ་རུ་ཟད་ནས་དེ་ཉིད་ཕྱིར་ལ་དོར། །དེ་འདྲ་དཔལ་འབར་བདུན་པོ་རིམ་བཞིན་བྱ། །གོང་འོག་


KMC007_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་བཞིའི་གཞུང་བཞིན་ཚང་མ་འདོན། །མཇུག་ཏུ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར། །འདི་ཡི་ལུགས་ཀྱི་མཁའ་འགྲོ་གྲིབ་སེལ་གྱི། །ཕྱག་ལེན་ཡིན་ཞེས་སློབ་དཔོན་རྣམས་ཀྱིས་གསུངས། །དེ་ནི་ཞོར་བྱུང་ཙམ་གྱིས་བཤད་པ་ཡིན། །དངོས་གཞི་མཁའ་འགྲོ་གསོལ་འདེབས་ཚར་བའི་མཇུག །མཁའ་འགྲོ་བདུན་པོ་མཁའ་འགྲོ་དམར་མོར་ཐིམ། །དེ་ཉིད་འོད་ཞུ་རང་ལ་ཐིམ་པ་ཡི། །རང་ལུས་ཐ་མལ་ལུས་འདི་གནས་འགྱུར་ནས། །རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ལ། །གཅེར་བུ་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན། །རྒྱན་ཆ་གཞན་མེད་མེ་ཏོག་དམར་པོས་བརྒྱན། །གྲི་གུག་བདུད་རྩིས་གང་བའི་བྷནྡྷ་ཐོགས། །ཕག་ཞག་མེད་ཅིང་སྤྱན་གསུམ་ནམ་མཁར་གཟིགས། ཁ་ཊྭཱཾ་མེད་ཅིང་གཡས་བརྐྱང་གཡོན་བསྐུམ་གྱིས། །འོད་ཕུང་དཀྱིལ་དུ་པད་ཉིའི་གདན་ལ་བཞུགས། །དེ་ནས་སྤྱི་གཙུག་བཞུགས་པའི་ཀརྨ་པ། །མདུན་དུ་བྱོན་ནས་བདེ་མཆོག་


KMC007_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་གྱུར་ཏེ། །སྐུ་མདོག་སྔོན་པོ་སྤྱན་གསུམ་ཁྲོ་ཞིང་མཛུམ། །དབུ་སྐྲ་ཐོར་ཚུགས་ཟླ་ཕྱེད་རྡོ་རྗེས་མཚན། །སྟག་ལྤགས་ཤམ་ཐབས་གླང་ཆེན་ཀོ་རློན་གསོལ། །རུས་པའི་རྒྱན་དྲུག་གསོལ་ཞིང་མེ་ཕུང་འབར། །ཕྱག་གཉིས་ཆོས་འབྱུང་ཕྱག་རྒྱ་སྤྱི་བོར་མཛད། །ཞབས་གཡས་བརྐྱང་ཞིང་གཡོན་པས་གར་སྟབས་མཛད། །དེ་ལ་རང་ཉིད་མཁའ་འགྲོའི་ཕྱག་གཡོན་གྱིས། །བདུད་རྩི་དྲངས་པས་ཡེ་ཤེས་མེ་རབ་འབར། །དེ་ནས་རང་ཉིད་མཁའ་འགྲོའི་འོད་ཟེར་གྱིས། །དེ་ཉིད་བྷ་གའི་ནང་ནས་སྤྱན་དྲངས་ཏེ། །རང་ཉིད་མཁའ་འགྲོའི་ཐུགས་ཀར་པད་ཉིར་བཞུགས། །སྐབས་འདིར་རང་ཉིད་གཅིག་པུ་ཡིན་ན་ནི། །བུམ་ཅན་རླུང་ནི་དྲག་ཏུ་གང་བར་བྱ། །གཅིག་པུ་མིན་ན་བར་རླུང་བཟུང་བས་འཐུས། །དེ་ནས་སྙིང་གའི་ཧེ་རུ་ཀ་དེ་ཡི། །དཔྲལ་བར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་ལྟེ་བར་ཧོཿསེར་པོ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་


KMC007_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི། །ཡེ་ཤེས་བཞི་ཡི་ངོ་བོ་ཡིན་པར་བསྒོམ། །ནམ་མཁའ་གང་ནས་ཨོཾ་ཞེས་བྱ་བའི་བར། །ཚིག་འབྲུ་བཞི་དེ་ལན་གསུམ་གྱེར་བར་བྱ། །དེ་ནས་སྙིང་གི་སངས་རྒྱས་ཀུན་འདུས་པའི། །ཧེ་རུ་ཀ་དཔལ་ཀརྨ་པ་དེ་ལ། །བཟོད་གླགས་མེད་པའི་དད་གུས་རྩེ་གཅིག་པས། །རྗེ་བཙུན་དམ་པ་ཞེས་པ་ནས་བཟུང་སྟེ། །ཐམས་ཅད་མཁྱེན་པའི་བར་དུ་ཚར་གཅིག་འདོན། །ཀརྨ་པ་མཁྱེན་དེ་ལ་བསྙེན་པ་བྱ། །སྙིང་ནས་བྱིན་གྱིས་རློབས་ཤིག་ཟེར་སྐབས་དེར། །སྙིང་གའི་ཀརྨ་པ་དེ་འོད་དུ་ཞུ། །ཀརྨ་པ་ཡི་སྐུ་གསུང་ཐུགས་དང་ནི། །རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་འདྲེས། །རང་ཉིད་མཁའ་འགྲོ་མ་ཡང་འོད་དུ་ཞུ། །དེ་ཡང་ནམ་མཁར་འཇའ་ཚོན་ཡལ་བཞིན་ལ། །ཅི་ཡང་མི་དམིགས་ཕྱག་ཆེན་ཉམས་ལེན་ངང་། །དཔལ་ལྡན་བླ་མ་དམ་པ་ཞེས་ཞེས་པ་ནས། །མི་འབྲལ་ཤོག་ཅེས་བར་དུ་བརྗོད་པ་ཡིས། །འཁོར་གསུམ་ཡོངས་དག་


KMC007_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་མེད་བསྔོ་བ་ཡི། །མོས་གུས་གསོལ་འདེབས་བྱིན་རླབས་ལ་བརྟེན་ནས། །འཕྲལ་དུ་གང་ཤར་ངོ་བོ་སྐྱོང་དེ་ལ། །གེགས་དང་གྲོལ་ས་གཅིག་ཀྱང་མི་འབྱུང་བ། །མོས་གུས་ཕྱག་ཆེན་གསང་སྔགས་ཉེ་ལམ་ཡིན། །སྐྱེ་བ་ཀུན་ཏུ་དཔལ་ལྡན་ཀརྨ་པ། །ཞེས་སོགས་སྨོན་ལམ་འདི་ལ་འཇུག་སྒོ་གཉིས། །གལ་ཏེ་མི་ནས་མི་རུ་སྐྱེས་ན་ནི། །སངས་རྒྱས་སྟོང་གིས་བསྟན་པ་མ་རྫོགས་པར། །ཀརྨ་པ་ཡི་སྤྲུལ་པ་མི་རྫོགས་པས། །དེ་དག་བླ་མར་བསྟན་པའི་སྨོན་ལམ་ཡིན། །གལ་ཏེ་བདེ་བ་ཅན་དུ་སྐྱེ་འདོད་ན། །ཀརྨ་པ་དངོས་འཕགས་པ་སྤྱན་རས་གཟིགས། །འོད་དཔག་མེད་པའི་ཉེ་གནས་ཚུལ་དུ་བཞུགས། །དེ་ཉིད་བླ་མར་བསྟེན་པའི་སྨོན་ལམ་ཡིན། །དེ་དོན་འབྲེལ་པ་ཐོགས་ཆོག་འཇུག་ན་གསལ། །ཐུན་བཞི་འདི་ནི་བླ་སྒྲུབ་མཆོག་ཡིན་ཏེ། །རྫོགས་རིམ་བསྐལ་བ་དུ་མའི་བར་དག་ཏུ། །འདུ་འཛི་རྣམ་གཡེང་སྤངས་ནས་སྒོམ་པ་དང་། །ཡི་དམ་དཀྱིལ་


KMC007_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བྱེ་བ་སྒོམ་པ་ལས། །བླ་མ་ལན་གཅིག་སྒོམ་པ་ལྷག་པ་དང་། །ཡི་དམ་བསྙེན་སྒྲུབ་ས་ཡ་བྱས་པ་བས། །བླ་མའི་གསོལ་འདེབས་གཅིག་ནི་ལྷག་པའི་ཚུལ། །གསང་སྔགས་རྒྱུད་སྡེ་རྣམས་ལས་གསུངས་པའི་ཕྱིར། །ཡང་ཟུར་གྲྭ་གསུམ་སྒོམ་གྲྭ་ལ་སོགས་སུ། །ཉིན་གསུམ་མཚན་གསུམ་འདི་ལ་ཐུན་བཟུང་སྟེ། །གསོལ་འདེབས་ཚིགས་བཅད་ལ་སོགས་འདོན་སྲོལ་ཡོད། །སྲོད་དང་ཐོ་རངས་ནམ་ཕྱེད་ལན་གསུམ་དུ། །འཁར་རྔ་བཏང་རྗེས་ཆོས་ཁྲིམས་པ་དེ་ཡིས། །སྒར་བ་བསྐོར་ཞིང་ཅོག་པུ་ཐམས་ཅད་ཉུག །མ་བཏོན་གཉིད་ནི་བསྡད་ན་ཆད་པ་ཡོད། །ཀཾ་ཚང་ཉམས་ལེན་རྩ་བ་འདི་རང་ཡིན། །འདི་ལྟར་གསོལ་བ་འདེབས་པར་བྱེད་པའི་ཡུལ། །གསོལ་བ་ཁྱི་བཏབ་ཕག་བཏབ་སངས་མི་རྒྱ། །བླ་མ་མིན་པ་བླ་མར་མ་བཅོས་པ། །བླ་མ་ཡིན་པར་བླ་མར་བྱོན་པ་ཡི། །སངས་རྒྱས་མཉན་པ་འདྲ་ཞིག་དགོས་ཞེས་གསུངས། །དེ་དོན་


KMC007_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་ཐུབ་པས་ལུང་བསྟན་ཅིང་། །ཨུ་རྒྱན་པདྨས་མཚན་རྣམས་བཏགས་པ་ཡི། །དྭགས་པོ་དུས་གསུམ་མཁྱེན་པ་ནས་བཟུང་སྟེ། །ཆོས་དབྱིངས་རྡོ་རྗེ་ཡེ་ཤེས་རྡོ་རྗེ་དང་། །བྱང་ཆུབ་རྡོ་རྗེ་བདུད་འདུལ་རྡོ་རྗེ་སྟེ། །བཅུ་གསུམ་འདི་དག་སྤྱན་རས་གཟིགས་དབང་དངོས། །དེ་དག་ནོར་འཁྲུལ་འོང་བའི་སྐབས་མེད་དེ། །གོང་མས་རྒྱབ་མ་གང་འཁྲུངས་བཀའ་ཤོག་བཞག །མཆོག་གི་སྤྲུལ་སྐུ་ཙཱ་རི་མཚོ་དཀར་དུ། །སྐུ་མཚམས་མཛད་ཅིང་ཐུགས་དམ་བརྟག་པ་སྲོལ། །དེ་ཚེ་ཡི་དམ་མཁའ་འགྲོའི་ལུང་བསྟན་གསལ། །དེ་ཕྱིར་བརྒྱུད་པ་འདི་རུ་ཞུགས་ཕྱི་ནས། །དམ་ཆོས་ཚུལ་བཞིན་ཉམས་སུ་མ་ལོན་ཀྱང་། །བླ་མའི་ཕྱོགས་སུ་མགོ་བོ་བསྟན་བྱས་ཏེ། །ཉལ་ནས་བསྡོད་ཀྱང་དོན་ཆེན་འགྲུབ་བོ་གསུངས། །ཞེས་པ་གྲྭ་སློབ་རྣམས་ལ་ཕན་པའི་ཕྱིར། །རཱ་ག་ཨ་སྱས་ཚིག་ཉུང་དོན་འདུས་སྨྲས། །བཤེས་གཉེན་མཐར་ཕྱིན་ཞེས་བྱས་ཡི་གེར་བཀོད། །འདི་ལ་འགལ་


KMC007_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ཉེས་པ་གང་མཆིས་བཤགས། །དགེ་བས་འདི་ཉིད་མཐོང་ཐོས་དྲན་རེག་རྣམས། །མོས་གུས་ཕྱག་ཆེན་ཡེ་ཤེས་འབར་བར་ཤོག། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཟུར་མང་བཀའ་བརྒྱུད་ཀྱི་སྲོལ་འབྱེད་རྨ་སེ་གྲུབ་ཆེན་བློ་གྲོས་རིན་ཆེན་གྱིས་མཛད་པའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཚུལ།


KMC007_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་མང་བཀའ་བརྒྱུད་ཀྱི་སྲོལ་འབྱེད་རྨ་སེ་གྲུབ་ཆེན་བློ་གྲོས་རིན་ཆེན་གྱིས་མཛད་པའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཚུལ་བཞུགས་སོ། །ཟུར་མང་སྙན་བརྒྱུད་ལས་སོ།།


KMC007_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །མ་ཧཱ་ཡོ་གི་ནཱི། །བླ་མེད་ཆེས་གསང་རྒྱུད་སྡེ་རྒྱ་མཚོའི་དོན། །ཨོ་རྒྱན་མཁའ་འགྲོའི་སྙིང་གི་བཅུད་ཕྱུངས་ནས། །ཏེ་ལོ་པ་ནས་རིམ་པར་བརྒྱུད་པ་སྟེ། །ཟླ་འོད་གཞོན་ནུ་དུས་གསུམ་མཁྱེན་པ་ཡིས། །སྐལ་ལྡན་སྐྱེས་བུ་བླ་མེད་ལམ་མཆོག་ལས། །འདྲེན་པའི་དུས་ཐབས་ཞལ་གྱི་གདམས་པ་རྣམས། །མཚུངས་མེད་ཆོས་རྗེ་དེ་བཞིན་གཤེགས་པ་ཡི། །སྐུ་དྲིན་གསོབ་ཕྱིར་རི་ཁྲོད་རྣལ་འབྱོར་པས། །དཔལ་ལྡན་བསྐུལ་ཕྱིར་མདོ་ཙམ་འདིར་བརྗོད་དོ། །དེ་ཡང་དུས་གསུམ་མཉམ་པ་ཉིད་ཀྱི་བདེ་བར་གཤེགས་པ་


KMC007_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ངོ་བོ། །གཟུགས་སྐུ་གཉིས་ཀྱི་འབྱུང་གནས། བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྐུ་གསུང་ཐུགས་ལས་སྤྲུལ་པའི་བཀའ་བརྒྱུད་འདི་རྣམས་ཀྱི་མན་ངག་འདི་རྣམས་ནི། །གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནས་ཏེ་ལོ། །ནཱ་རོ། །མར་པ། མི་ལ། དྭགས་པོ། དུས་གསུམ་མཁྱེན་པ་ནས། དཔལ་ལྡན་བླ་མ་དམ་པ་རང་བྱུང་ཡེ་ཤེས་ཀྱི་བཀོད་པ་ཅན་གྱི་བར་དུ། སྙན་ནས་སྙན། ཐུགས་ནས་ཐུགས་སུ་བྱོན་པ། བྱིན་རླབས་ཀྱི་ཆུ་རྒྱུན་མ་ཡལ་བ། བརྒྱུད་པའི་བཀའ་རྟགས་མ་ཉམས་པའོ། །དེ་ལྟ་བུའི་མན་ངག་


KMC007_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྟོན་པ་ལ། །སྦྱོར་བ་དང་། འཇུག་པའོ། །སྦྱོར་བ་ལ་ལྔ་སྟེ། མཚན་ཉིད་བརྟག་པ། དགའ་སྟོན་བྱེད་པ། དམ་ཚིག་སྦྱིན་པ། ཡོ་བྱད་གསག་པ། །གནས་ཀྱི་མཚན་ཉིད་ལྔའོ། །དང་པོ་མཚན་ཉིད་བརྟག་པ་ནི། །ཁྱོད་ལ་འདི་ལྟ་བུའི་གདམས་ངག་ཞུ་དགོས། །ཞེས་སློབ་མ་བྱུང་བའི་དུས་སུ། རང་ཐང་དེ་མ་ཐག་ཏུ་མི་བཤད་པར། སློབ་མའི་མཚན་ཉིད་བརྟག་པ་གལ་ཆེའོ། སློབ་མའི་མཚན་ཉིད་ནི། རྒྱུད་བསྟན་བཅོས་རྣམས་ལས་གསུངས་པ་ཤེས་པར་བྱས་ལ། དེའི་ཡོན་ཏན་ལྡན་ན་བཤད། དེ་མི་ལྡན་ན་མི་བཤད་པའོ། །སློབ་མས་ཀྱང་སློབ་དཔོན་བརྟག་པ་གལ་ཆེའོ། །གཉིས་པ་དགའ་སྟོན་ནི། སློབ་མ་སྣོད་དུ་རུང་བར་གྱུར་ན། མན་ངག་མཁའ་འགྲོ་མའི་སྲོག་སྙིང་ཡིན་པས། གསོལ་བ་འདེབས་པའི་དུས་སུ་དགའ་སྟོན་དགོས་ཏེ། སློབ་མ་དེས་ཚོགས་ཆེན་པོ་བཤམས་ནས། བླ་མ་མཁའ་འགྲོ་ཆོས་སྐྱོང་དང་མཆེད་གྲོགས་རྣམས་མཉེས་པར་བྱའོ། །དེས་སྔོན་འགྲོའི་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གསུམ་པ་དམ་ཚིག་ནི། དགའ་


KMC007_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་དེ་ཉིད་ཀྱི་ཚོགས་གྲལ་དུ། སློབ་མ་དེ་ལ་བླ་མ་བསྟེན་ཤེས་པར་བྱ་བའི་ཕྱིར་དུ། བླ་མ་ལྔ་བཅུ་པ་བཤད། དབང་བསྐུར་དགོས་པས། གསང་སྔགས་ཀྱི་དམ་ཚིག་བསྲུང་བར་བྱ་བའི་ཕྱིར་དུ། དམ་ཚིག་རྒྱ་མཚོ་མཐའ་ཡས་པ་རྣམས་ཡིད་ལ་བྱ་ཞིང་ནང་ནུབ་ཁ་ཐོན་བཅོལ། དེས་ལམ་དུ་ཉེས་ལྟུང་གིས་མི་གོས་པའོ། །བཞི་པ་ཡོ་བྱད་གསག་པ་ནི། སློབ་མ་དེ་ལ་ཁྱོད་རང་དུས་འདི་ཙམ་ཞིག་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་གྱི་རྟེན་འབྲེལ་ཚེ་འཚོགས་དགོས་པ་ཡིན་པས། བླ་མ་མཉེས་པའི་མཎྜལ། ཡི་དམ་མཁའ་འགྲོ་མཉེས་པའི་ཚོགས་འཁོར། ཆོས་སྐྱོང་མཉེས་པའི་གཏོར་མ་ཁྱེད་རང་གི་ཁམས་གསོ་བའི་ཟས་བཅུད་ཆན་གྱི་རིགས་དང་། གོས་དང་སྟན་རྣམས་དྲོ་ལ་ཡང་ཞིང་འབོལ་པ། དེ་ལ་སོགས་པའི་ཆ་རྐྱེན་རྣམས་དང་། གནས་འདི་ལྟ་བུ་ཞིག་ལ་ཤོག་ཅེས་བསྒོའོ། །དེས་ཕྱི་ནང་གི་རྟེན་འབྲེལ་ཚོགས་ནས་བྱིན་རླབས་འཇུག་པའོ། །ལྔ་པ་གནས་ནི། དབེན་ལ་དྭངས་ཤིང་མཐོ་བའི་གནས་སུ་བསྒོམ་པར་བྱའོ། །དེས་ལུས་སེམས་དྭངས་


KMC007_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཏིང་ངེ་འཛིན་མྱུར་དུ་སྐྱེ་བའི་རྒྱུར་འགྱུར་རོ། །དེའང་བླ་མ་ཉིད་ཀྱི་རྟེན་འབྲེལ་གང་འགྲིགས་སུ་འགྲོ་བར་བྱའོ། །ཡན་ལག་ལྔ་པོ་འདི་དགའ་སྟོན་གྱི་ཉིན་བར་བཤད་པར་བྱའོ། །སྤྱི་དོན་གཉིས་པ་འཇུག་པ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །སྔོན་འགྲོ་ནི། དང་པོ་དགའ་སྟོན་དམ་ཚིག་སྦྱིན་པ་སོགས་ཚར་ནས། ཞག་ཟླ་གང་རུང་ལ་ཡོ་བྱད་གསོག་ཏུ་བཅོལ། དེ་ནས་སློབ་དཔོན་གོང་དུ་བཤད་པའི་གནས་སུ་ཕྱིན་ལ། སྔོན་འགྲོ་ལ་འཇུག་པ་སྟེ། དེའང་བཀའ་བརྒྱུད་ཀྱི་མན་ངག་འདི་རྣམས་རྒྱས་བསྡུས་གང་ཡིན་ཡང་། དཔལ་ལྡན་དྭགས་པོ་རིན་པོ་ཆེའི་ཆོས་བཞིས་ཁོག་དབུབ་དགོས་ཏེ། ཆོས་བཞི་ནི། བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་བསལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་དང་བཞིའོ། །དེ་ལ་བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ་གཉིས་ནི་ཏིང་ངེ་འཛིན་སྐྱེད་པའི་ཐབས་ཡིན། ལམ་འཁྲུལ་པ་བསལ་བ་དང་། འཁྲུལ་པ་ཡེ་ཤེས་སུ་འཆར་བ་གཉིས་ནི། བསྐྱེད་པ་བརྟན་ཅིང་མཐར་ཕྱིན་པའི་ཐབས་ཡིན་


KMC007_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ལ་དང་པོ། བློ་ཆོས་སུ་འགྲོ་བའི་རིམ་པ་ལྔ་སྟེ། དང་པོ་ཉན་པར་བསྐུལ་བ་ནི། སྐྱོན་གསུམ་སྤངས་པའི་སྒོ་ནས་ཆོས་ཉན་པ་དང་། ཡིད་ལ་བཟུང་བ་དང་། དུག་ལྔ་སོགས་མདོར་ན་ཆོས་བརྒྱད་དབང་དུ་མ་སོང་བར་སྤྱོད་ཅིག་པར་བཤད། གཉིས་པ་དལ་འབྱོར་རྙེད་དཀའ་བའི་ཡན་ལག་བཤད། གསུམ་པ་རྙེད་ཀྱང་མི་ཕན་པ་མི་རྟག་པའི་ཡན་ལག་བཤད། བཞི་པ་འཆི་བ་ལ་བདེ་སྡུག་གི་ལས་དཔག་ཏུ་མེད་པ་ལས་རྒྱུ་འབྲས་བཤད། །ལྔ་པ་བླང་དོར་གྱིས་མཐོ་རིས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་ཀྱང་འཁོར་བ་ལས་མ་འདས་པས་འཁོར་བའི་ཉེས་དམིགས་བཤད། དེས་ཉམས་ལེན་ལ་འབྲལ་མི་ཕོད་པ་འབྱུང་ངོ་། །དེ་དག་བཤད་པའི་རིམ་པ་གཞན་དུ་ཤེས་པར་བྱའོ། །ཆོས་ཐུན་ལྔ་པོ་དེ་བློ་ཆོས་སུ་འགྲོ་བའི་རིམ་པའོ། །དོན་གཉིས་པ་ཆོས་ལམ་དུ་འགྲོ་བ་ལ། དོན་དྲུག་གིས་སྔོན་འགྲོ་ཁ་བསྐང་སྟེ། དེ་ལ་དང་པོ་སེམས་བསྐྱེད་པ་གསུམ་བཤད་ཅིང་། ཁྱད་པར་དུ་རྫི་བོ་ལྟ་བུའི་སེམས་བསྐྱེད་པ་ལྷག་པའི་བསམ་པ་རྣམ་པར་དག་པ་བཤད་ཅིང་


KMC007_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་དུ་གཞུག །གཉིས་པ་སྐྱབས་འགྲོའི་ཡན་ལག་བཤད་ཅིང་སྐྱབས་འགྲོ་བྱེད་དུ་གཞུག །གསུམ་པ་མཎྜལ་གྱི་ཡན་ལག་བཤད་ཅིང་བསྒོམ་དུ་གཞུག །བཞི་པ་རྡོ་རྗེ་སེམས་དཔའི་ཡན་ལག་བཤད་ཅིང་བྱེད་དུ་གཞུག །ལྔ་པ་ཆོས་སྒོ་འབྱེད་པའི་དབང་བཞི་བསྐུར། །དྲུག་པ་མཆོག་ཐུན་མོང་གི་རྩ་བ་བླ་མའི་རྣལ་འབྱོར་བཤད་ཅིང་བསྒོམ་དུ་གཞུག །དེའི་ཡན་ལག་གཞན་དུ་ཤེས་པར་བྱས་ལ་བཤད། དེ་དག་གིས་སྔོན་འགྲོའི་རིམ་པ་ཐལ། སྤྱི་དོན་གཉིས་པ་དངོས་གཞིའི་སྒོ་ནས་ཆོས་ལམ་དུ་འགྲོ་བ་ནི་གཉིས་ཏེ། ཐབས་གཙོ་བོར་སྟོན་པའི་རིམ་པ་དང་། ཤེས་རབ་གཙོ་བོར་སྟོན་པའོ། །ཐབས་གཙོ་བོར་སྟོན་པ་ལ་བཞི་སྟེ། ནཱ་རོའི་ཆོས་དྲུག །ནཱ་རོའི་རླུང་སེམས་གཉིས་མེད། ནཱ་རོའི་སྐུ་གསུམ་ངོ་སྤྲོད། དེ་དག་གི་སྤྱི་ཆོས་ཀྱང་ཡིན་ལ། ཁོ་རང་ལམ་གཞུང་གཅིག་ཡིན་པས་ནཱ་རོའི་ཕོ་ཉ་ལམ་དུ་བྱེད་པའི་མན་ངག་དང་བཞིའོ། །འདི་དག་གི་ཁྲིད་རིམ་ཡང་བླ་མའི་རྣལ་འབྱོར་ཡན་ཆད་འདྲ་ལ། བླ་མའི་རྣལ་འབྱོར་གྱིས་ཁོག་ཕུབ་ནས་སོ་སོའི་གཞུང་བཞིན་དུ་ཁྲིད་ལ་


KMC007_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོའི་གནས་ལུགས་མ་རྟོགས་ཀྱི་བར་ལ་ཐབས་དུ་མའི་སྒོ་ནས་ཁྲིད་པར་བྱའོ། །གཉིས་པ་ཤེས་རབ་གཙོ་བོར་སྟོན་པ་ལ་གསུམ་སྟེ། ལྷན་ཅིག་སྐྱེས་སྦྱོར། ཐོག་བབ། ལམ་གཅིག་ཆོད་གསུམ་མོ། །འདི་དག་གི་རིམ་པ་ཡང་བླ་མའི་རྣལ་འབྱོར་ཡན་ཆད་འདྲ་ལ། དེ་མན་ཆད་བླ་མའི་རྣལ་འབྱོར་གྱིས་ཁོག་ཕུབ་ལ། །སོ་སོའི་དམིགས་རིམ་གྱིས་ཕྱག་རྒྱ་ཆེན་པོའི་ལྟ་བ་ལྷག་མཐོང་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་ཁྲིད་པར་བྱའོ། །དེ་ལ་འདིར་ཐོག་བབ་དང་ལམ་གཅིག་ཆོད་གཉིས་དབང་པོ་རབ་ཀྱི་ཆོས་ཡིན་པས། བླ་མའི་རྣལ་འབྱོར་གྱི་སྐབས་སུ་ལུས་གནད་ལྟ་སྟངས་དེ་ཀའི་ངང་ལ་ངོ་སྤྲོད་པ་ཡིན་ཏེ། བློ་གྲོས་དམན་པ་རྣམས་ཀྱིས་རྟོགས་པར་དཀའོ། །དེ་ནི་ཤེས་རབ་གཙོ་བོར་སྟོན་པའི་རིམ་པའོ། །ཐབས་གཙོ་བོར་སྟོན་པའི་རིམ་པ་དང་། ཤེས་རབ་གཙོ་བོར་སྟོན་པའི་རིམ་པ་གང་གིས་ཁྲིད་ཀྱང་། ཕྱག་རྒྱ་ཆེན་པོའི་ལྟ་བ་ལྷག་མཐོང་དྲི་མ་མེད་པ་ཇི་ལྟ་བ་རྒྱུད་ལ་སྐྱེས་པ་ཕན་ཆད་ཆོས་ལམ་དུ་འགྲོ་བའི་རིམ་པའོ། །དེ་དག་ནི་གཞི་ཁྲིད་ཀྱི་མན་


KMC007_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གོ ། ཨྠྀི ལམ་འཁྲུལ་པ་བསལ་བ་དང་། འཁྲུལ་པ་ཡེ་ཤེས་སུ་འཆར་བ་གཉིས་ནི། ལམ་དང་འབྲས་བུའི་རིམ་པ་ཡིན་ཏེ། དེ་ལ་དང་པོ་གནས་ལུགས་དྲི་མ་མེད་པ་རྟོགས་ནས། མཉམ་རྗེས་དང་ཉམས་རྟོགས་ཕྱེད་ནས་སྤྲོས་བྲལ་ཇི་ལྟ་བ་མཐར་ཕྱིན་པ་ནི། ལམ་འཁྲུལ་པ་བསལ་བའོ། །མདོར་ན་མཐའ་བརྒྱད་ལ་སོགས། ལོག་པའི་ལྟ་བ་ངན་པའི་འཁྲུལ་པ་བསལ་བས་ན། འཁྲུལ་པ་བསལ་བའི་ལམ་ཅེས་པའོ། །དེ་ནི་ལམ་ཁྲིད་ཀྱི་རིམ་པ་སྟེ། མན་ངག་བླ་མའི་ཞལ་ལས་ཤེས་པར་བྱའོ། །འཁྲུལ་པ་ཡེ་ཤེས་སུ་འཆར་བ་ནི། རོ་གཅིག་དང་སྒོམ་མེད་ཆེན་པོ་མཐར་ཕྱིན་ནས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཇི་ལྟ་བ་བཞིན་མངོན་དུ་བྱས་ནས་དོན་གཉིས་ལྷུན་གྱིས་གྲུབ་པ་སྟེ། མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྲུབ་མཉམ་པ་ཉིད་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་ཅིང་རྣམ་པར་མི་རྟོག་པའི་དབྱིངས་ཆེན་མོ་ཐུགས་སུ་ཆུད་པའོ། །དེས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞེས་བྱའོ། །དེ་ནི་འབྲས་བུའི་ཁྲིད་རིམ་སྟེ། མན་ངག་བླ་


KMC007_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཞལ་ལས་ཤེས་པར་བྱའོ། ། ཨྠྀི ཐབས་ལམ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་འཁྲུངས་པ་ནི། ལམ་དང་འབྲས་བུ་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པ་ཡང་ཡོད། ལམ་འབྲས་བུ་རིམ་གྱིས་བགྲོད་དགོས་པ་ཡང་ཡོད། སྐབས་སུ་མཚན་ཉིད་ཤེས་པར་བྱ། དེ་མན་ཆད་རྣམས་ནི་རིམ་སྐྱེས་པ་དང་དབང་པོ་ཐོད་རྒལ་བའི་སྒྱུ་ལུས། གཏུམ་མོ། འོད་གསལ་བཞི་ཇི་ལྟ་བ་བཞིན་འབྱོངས་ན་བཞི་པོ་ཇི་ལྟ་བ་བཞི་མ་འབྱོངས་ན། ཁྲིད་ཐབས་ཡིན། དབང་པོ་གཅིག་ཅར་བ་ལ་དེ་ལྟ་བུའི་འགྲིགས་རིམ་ཅིའང་མེད་དེ། བརྡ་ཙམ་གྱི་དུས་ཐབས་ཀྱིས་གྲོལ་བར་འགྱུར་རོ། །དེ་ལྟ་བུའི་གང་ཟག་ནི་ཤིན་ཏུ་དཀོན་ནོ། །དེ་ལྟ་བུ་ཞིག་བྱུང་ན་ཐབས་སུ་མི་འགྱུར་བ་གང་ཡང་མེད་པའོ། །དེ་དག་ནི་བཀའ་བརྒྱུད་ཀྱི་མན་ངག་བསྟན་ཐབས་ཀྱི་ཟིན་རིས་ཅུང་ཙམ་མོ། །ལྷན་ཐབས་རྒྱས་པ་གཞན་དུ་ཤེས་པར་བྱའོ། ། ཨྠྀི ཀྱེ་མ། སྙན་བརྒྱུད་མན་ངག་ཡིད་བཞིན་ནོར་བུའི་ཕྲེང་། །བླ་མེད་གསང་བ་ཇི་བཞིན་མངོན་པའི་ལམ། །ལུང་དང་རྟོག་དཔྱོད་ཉམས་མྱོང་ལྟར་དུ་མིན། །


KMC007_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཡིན་ལགས་ཅུང་ཟད་ངེས་པའི་ཕྱིར། །རི་ཁྲོད་རྣལ་འབྱོར་བློ་གྲོས་རིན་ཆེན་ངས། །ཅུང་ཟད་འདི་བཀོད་མཁའ་འགྲོས་བཟོད་པར་གསོལ། །དགེ་ལེགས་འགྲོ་བའི་དཔལ་དུ་ཤོག །རྒྱམ་གྱི་སྟག་ཆེན་མདའ་ནས་བྲིས་པའོ། ༈ གདམས་ངག་རིན་ཆེན་ཁྱད་པར་འཕགས་པ་བྱེད་པ་ལ་དོན་གཉིས་ཏེ། སྦྱོར་བ་དང་འཇུག་པའོ། །དང་པོ་སྦྱོར་བ་ལ་དྲུག་སྟེ། སྟོན་བྱེད་སློབ་དཔོན་གྱི་མཚན་ཉིད། གནས་དང་། དུས་དང་། གྲོགས་དང་། དམ་རྫས་ཀྱི་མཚན་ཉིད་དོ། །དེས་སྦྱོར་བའི་ཆོས་སོ། །སྤྱི་དོན་གཉིས་པ་འཇུག་པ་ནི། བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱི་ཆོས་འདི་དག །དཔལ་ལྡན་དྭགས་པོ་རིན་པོ་ཆེའི་ཆོས་བཞིའི་སྒོ་ནས་ཉམས་སུ་བླང་དགོས་ཏེ། དེའང་བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ་དང་། ལམ་འཁྲུལ་པ་བསལ་བ་དང་། འཁྲུལ་པ་ཡེ་ཤེས་སུ་འཆར་བ་དང་བཞིའོ། །དེ་ལ་དང་པོ་བློ་ཆོས་སུ་འགྲོ་བ་ལ་བཞི་སྟེ། དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་སོ། །དེའང་འཁོར་བའི་ཉེས་


KMC007_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས། དེའི་གོང་མ་ལས་རྒྱུ་འབྲས། དེའི་གོང་མ་འཆི་བ་མི་རྟག་པ། དེའི་གོང་མ་དལ་འབྱོར་རྙེད་དཀའ་བ། དེ་བཞིན་དུ་དྲིལ་བ་ལ་བརྟེན་ནས་བློ་ཆོས་སུ་འགྲོ་བ་སོགས། སྤྱི་དོན་གཉིས་པ་ཆོས་ལམ་དུ་འགྲོ་བ་ལ། སྦྱོར་བ་དངོས་གཞི་རྗེས་རྣམ་པ་གསུམ་ལས། སྦྱོར་བ་ནི་བདུན་ཏེ། རིག་པའི་གོ་ཆ་དང་། དམ་ཚིག །བྱུང་ཚུལ། སྐྱབས་འགྲོ། སེམས་བསྐྱེད། སྒྲིབ་སྦྱོང་། ཚོགས་བསགས་པའི་ཡན་ལག་གོ །དེ་ལ་ཚོགས་བསགས་པ། དེའི་གོང་མ་སྒྲིབ་སྦྱོང་། དེའི་གོང་མ་སེམས་བསྐྱེད་པ། དེའི་གོང་མ་སྐྱབས་འགྲོ། དེའི་གོང་མ་བྱུང་ཚུལ། དེའི་གོང་མ་དམ་ཚིག །དེའི་གོང་མ་རིག་པའི་གོ་ཆ། དེ་བདུན་གཅིག་ཏུ་དྲིལ་བ་ལ་བརྟེན་ནས་སྦྱོར་བའི་ཆོས་དེ་སོང་། གཉིས་པ་དངོས་གཞི་ལ་གཉིས། མ་སྨིན་པ་སྨིན་པར་བྱེད་པའི་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་གདམས་པ་སྟེ། དེ་ཡང་བདེ་མཆོག་གསང་བ་དུར་ཁྲོད་ལས། །སྨིན་པར་བྱེད་པའི་དབང་བཞི་ལ། །གྲོལ་བྱེད་བསྐྱེད་རྫོགས་གཉིས་ཀྱི་ལམ། །ལམ་གཉིས་ལ་ནི་བརྟེན་ནས་སུ། །སྔགས་


KMC007_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱང་ཆུབ་ཐོབ་པར་བྱ། །ཅེས་གསུངས་པས་ན། དང་པོ་སྨིན་བྱེད་ཀྱི་དབང་ནི་གཉིས་ལས། རྒྱུད་དང་འབྲེལ་པ་གཞུང་གི་དབང་བསྐུར་བ་དང་། བྱིན་རླབས་དང་འབྲེལ་བ་མན་ངག་གི་དབང་བསྐུར་བའོ། །དང་པོ་རྒྱུད་དང་འབྲེལ་བའི་དབང་བསྐུར་ཐོབ་པས། །རྒྱུད་སྡེ་ཉན་བཤད་བསྐྱེད་པའི་རིམ་པ་བསྒོམ་པ་དང་། ལས་རྒྱ་མཚོ་སྒྲུབ་པ་ལ་དབང་བའོ། །འདིར་ནི་བྱིན་རླབས་དང་འབྲེལ་པ་མན་ངག་གི་དབང་ཐོབ་པར་བྱ་སྟེ། ཟབ་མོ་རྫོགས་པའི་རིམ་པ་ཉམས་སུ་ལེན་པ་ལ་དབང་བར་བྱ་བའི་ཕྱིར་རོ། །དེས་སྨིན་བྱེད་ཀྱི་དབང་བསྐུར་བ་སོང་། གཉིས་པ་གྲོལ་བྱེད་ཀྱི་གདམས་པ་བསྐྱེད་རྫོགས་གཉིས་ལས། ཐོག་མར་བསྐྱེད་པའི་རིམ་པ་བསྒོམ་ཞིང་དྲོད་ཚད་ཀྱི་རྟགས་ཐོན་པར་བྱ། དེས་བསྐྱེད་པའི་རིམ་པ་སོང་། དེ་ནས་ཟབ་མོ་རྫོགས་པའི་རིམ་པར་འཇུག་པ་ལ་གཉིས། གསོལ་བ་གདབ་པ་དང་། གདམས་པ་དངོས་སོ། །གསོལ་བ་གདབ་པ་གཞུང་བཞིན་དུ་བྱས་ལ། །དེས་གསོལ་བ་གདབ་པ་སོང་། གཉིས་པ་གདམས་པ་དངོས་ལ་གཉིས། རྩ་བ་དང་


KMC007_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་གོ །དང་པོ་རྩ་བའི་གདམས་པ་ནི། བླ་མར་མོས་གུས་ཀྱི་བྱིན་རླབས་གནད་དུ་བསྣུན་ཅིང་། ཐུན་བཞིའི་རྣལ་འབྱོར་གྱིས་བྱིན་རླབས་ཀྱི་དྲོད་རྟགས་ཐོབ་པར་བྱའོ། །དེས་རྩ་བའི་གདམས་པ་སོང་། གཉིས་པ་རྩ་བ་གདམས་པའི་ཡན་ལག་ནི། བྱིན་རླབས་ཀྱི་ལས་ཁ་ཚར་ཡིན་པས། དེའི་དམིགས་པའི་བསྒྱུར་ཚུལ་ནི། རྩ་བ་མོས་གུས་བྱིན་རླབས་ཀྱི་གཞུང་བཟུང་ལ་ཉམས་སུ་ལེན་པ་སྟེ། །དེ་ལ་ཐབས་གཙོ་བོར་སྟོན་པ་དང་། ཤེས་རབ་གཙོ་བོར་སྟོན་པའོ། །དེ་གཉིས་གང་ལ་འཇུག་པ་དེ་ཉིད་ཀྱི་དམིགས་པའི་རྩལ་ཁ་བསྒྱུར་བར་བྱ་སྟེ། ད་ལན་འདིར་ཤེས་རབ་གཙོ་བོར་སྟོན་པ་ལྷན་ཅིག་སྐྱེས་སྦྱོར་སྟོན་པར་བྱེད་པ་ལ་དོན་གཉིས་ཏེ། གདམས་པ་དགོས་པའི་དོན་བསྟན་པ་དང་། །གདམས་པ་དངོས་སོ། །དེ་ལ་དང་པོ་གདམས་པ་དགོས་པའི་དོན་ནི་གཞུང་ན་གསལ། མདོར་ན། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་སོ། །ཅེས་པས་དགོས་པའི་དོན་སོང་། ད་ནི་སྤྱི་དོན་


KMC007_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གདམས་པ་དངོས་སྟོན་པར་བྱེད་པ་སྟེ། །དེ་ཡང་གོང་དུ་བསྟན་པའི་ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྟོགས་པར་བྱེད་པ་ལ་གཉིས། འཇིག་རྟེན་པའི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་མོ། །དེ་ལ་དང་པོ་འཇིག་རྟེན་པའི་ལམ་ལ་གཉིས། ཕྱིན་ཅི་ལོག་འཁྲུལ་པའི་ལམ་ལ་ཀུན་ཏུ་རྒྱུ་ཞིང་གཡེང་བའི་སེམས་ཀྱིས་རྟོགས་པར་མི་ནུས་པས། ཆོས་མཆོག་བསམ་གཏན་གྱི་རྒྱུ་མཐུན་ཞི་གནས་ཀྱི་ཏིང་ངེ་འཛིན་བསྒྲུབ་པ་དང་། གནས་སྐབས་ཀྱི་མི་རྟོག་པ་མུན་པའི་བློ་ཅན་གྱིས་རྟོགས་པར་མི་ནུས་པས་ལྷག་མཐོང་ལྷན་སྐྱེས་ཡེ་ཤེས་ཀྱི་རྒྱུ་མཐུན་ཤེས་རབ་དྲི་མ་མེད་པའི་གནས་ལུགས་གཏན་ལ་དབབ་པའོ། །དེ་ལ་སེམས་མ་ཟུན་པ་ཟུན་པར་བྱེད་པ། ཟུན་པ་བརྟན་པར་བྱེད་པ། བརྟན་པ་དབང་འབྱོར་པར་བྱེད་པ་དང་གསུམ་མོ། །དེ་ལ་དང་པོ་སེམས་མ་ཟུན་པ་ཟུན་པར་བྱེད་པ་ལ་གཉིས། དམིགས་པ་ལ་བརྟེན་ནས་སེམས་འཛིན་པ་དང་། མི་དམིགས་པ་ལ་བརྟེན་ནས་སེམས་འཛིན་པའོ། །དམིགས་པ་ལ་བརྟེན་ནས་སེམས་འཛིན་པ་ལ་གཉིས། བླ་མ་


KMC007_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་སེམས་འཛིན་པ་དང་། ཐིག་ལེ་ལ་བརྟེན་ནས་སེམས་འཛིན་པའོ། །དེ་ལས་ཐིག་ལེ་ལ་བརྟེན་ནས་སེམས་འཛིན་པ། དེའི་གོང་མ་བླ་མ་ལ་བརྟེན་ནས་སེམས་འཛིན་པ། དེ་གཉིས་གཅིག་ཏུ་དྲིལ་བ་ལ་བརྟེན་ནས། དམིགས་པ་ལ་བརྟེན་ནས་སེམས་འཛིན་པ་སོང་། དོན་གཉིས་པ་མི་དམིགས་པ་ལ་བརྟེན་ནས་སེམས་འཛིན་པར་བྱེད་པ་ལ་གཉིས་ཏེ། སྣང་བ་ལ་བརྟེན་ནས་སེམས་འཛིན་པ་དང་། སྟོང་པ་ལ་བརྟེན་ནས་སེམས་འཛིན་པའོ། །དེ་ལ་སྟོང་པ་ལ་བརྟེན་ནས་སེམས་འཛིན་པ། དེའི་གོང་མ་སྣང་བ་ལ་བརྟེན་ནས་སེམས་འཛིན་པ། དེ་གཉིས་གཅིག་ཏུ་དྲིལ་བ་ལ་བརྟེན་ནས། མི་དམིགས་པ་ལ་བརྟེན་ནས་སེམས་འཛིན་པ་སོང་། །དེའི་གོང་མ་དམིགས་པ་ལ་བརྟེན་ནས་སེམས་འཛིན་པ། དེ་གཉིས་གཅིག་ཏུ་དྲིལ་བ་ལ་བརྟེན་ནས་མ་ཟུན་པ་ཟུན་པར་བྱེད་པ་དེ་སོང་། སྤྱི་དོན་གཉིས་པ་ཟུན་པ་བརྟན་པར་བྱེད་པའི་རིམ་པ་བསྒོམ་པར་བྱ་སྟེ། ཏིང་ངེ་འཛིན་ལ་དབང་འབྱོར་བར་བྱེད་པ་དང་། འཇམ་རླུང་བུམ་པ་ཅན། རླུང་རྡོ་རྗེའི་


KMC007_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ། གསུམ་ཀའམ་གང་རུང་ཞིག་བྱའོ། །དེས་ཟིན་པ་བརྟན་པར་བྱེད་པ་དེ་སོང་། སྤྱི་དོན་གསུམ་པ་བརྟན་པ་དབང་འབྱོར་བར་བྱེད་པ་ལ་གཉིས། སྒོ་ལྔའི་སྣང་བ་དང་བསྲེ་ཞིང་བསྒོམ་པ་དང་། ཡིད་ཀྱི་ཆོས་བསྲེ་ཞིང་བསྒོམ་པའོ། །དེས་བརྟན་པ་དབང་འབྱོར་བར་བྱེད་པ་དེ་སོང་། དེའི་གོང་མ་ཟིན་པ་བརྟན་པར་བྱེད་པ། དེའི་གོང་མ་མ་ཟིན་པ་ཟིན་པར་བྱེད་པ། དེ་གསུམ་གཅིག་ཏུ་དྲིལ་བ་ལ་བརྟེན་ནས་ཆོས་མཆོག་བསམ་གཏན་གྱི་རྒྱུ་མཐུན་ཞི་གནས་ཀྱི་ཏིང་ངེ་འཛིན་སྒྲུབ་པ་སོང་། སྤྱི་དོན་གཉིས་པ་ལྷག་མཐོང་ལྷན་སྐྱེས་ཡེ་ཤེས་ཀྱི་རྒྱུ་མཐུན་ཤེས་རབ་དྲི་མ་མེད་པས་གནས་ལུགས་གཏན་ལ་དབབ་པར་བྱེད་པ་སྟེ། དེ་ལ་གསུམ། འཁྲུལ་པའི་གཞི་རྩ་གཅོད་པ་དང་། ཡིན་ལུགས་གཏན་ལ་དབབ་པ་དང་། བསམ་གཏན་གྱི་ངོ་བོ་ལ་མཉམ་པར་འཇག་ཅིང་ཏིང་ངེ་འཛིན་གྱི་རོ་སྙོམས་པ་དང་གསུམ་སྟེ། དེ་ལ་དང་པོ་ནི་སེམས་ཀྱི་གཞི་རྩ་གཅོད་པ་བསྒོམ་པའི་རིམ་པ་བྱའོ། །དེས་སེམས་ཀྱི་གཞི་རྩ་གཅོད་པ་ཚར། གཉིས་པ་གནས་ལུགས་གཏན་ལ་དབབ་པ་


KMC007_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཡན་ལག་བཞིའི་སྒོ་ནས་གཏན་ལ་དབབ་པ་སྟེ། སྣང་བ་སེམས་སུ་གཏན་ལ་དབབ། སེམས་སྟོང་པ། སྟོང་པ་གཉིས་མེད། གཉིས་མེད་སྤྲོས་བྲལ། སྤྲོས་བྲལ་བསམ་གྱིས་མི་ཁྱབ་པར་གཏན་ལ་དབབ་པའོ། །དེ་བཞི་གཅིག་ཏུ་དྲིལ་བ་ལ་བརྟེན་ནས་གནས་ལུགས་གཏན་ལ་དབབ་པ་དེ་སོང་། དོན་གསུམ་པ་བསམ་གཏན་གྱི་ངོ་བོ་ལ་མཉམ་པར་འཇོག་ཅིང་ཏིང་ངེ་འཛིན་གྱི་རོ་སྙོམས་པ་ནི། དེའི་གོང་མ་གནས་ལུགས་གཏན་ལ་དབབ་པ། དེའི་གོང་མ་སེམས་ཉིད་ཀྱི་གཞི་རྩ་གཅོད་པ། དེ་གསུམ་གཅིག་ཏུ་དྲིལ་བ་ལ་བརྟེན་ནས། ལྷག་མཐོང་ལྷན་སྐྱེས་ཡེ་ཤེས་ཀྱི་རྒྱུ་མཐུན་ཤེས་རབ་དྲི་མ་མེད་པས་གནས་ལུགས་གཏན་ལ་དབབ་པ་དེ་སོང་། དེའི་གོང་མ་ཞི་གནས་བསྒྲུབ་པ་དེ་གཉིས་གཅིག་ཏུ་དྲིལ་བ་ལ་བརྟེན་ནས། འཇིག་རྟེན་པའི་ལམ་དེ་སྤོང་། སྤྱི་དོན་གཉིས་པ་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་རིམ་པ་སྟེ། དེ་ལ་གཉིས། ཡིན་ལུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པ་དང་། ཐབས་ཤེས་ཟུང་འཇུག་གིས་ལམ་དུ་ཁྱེར་བའོ། །དེ་


KMC007_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཅིག་ཏུ་དྲིལ་བ་ལ་བརྟེན་ནས། འཇིག་རྟེན་ལས་འདས་པའི་ལམ་དེ་སོང་། དེའི་གོང་མ་འཇིག་རྟེན་པའི་ལམ་དེ་སོང་། །དེ་གཉིས་གཅིག་ཏུ་དྲིལ་བ་ལ་བརྟེན་ནས་གདམས་ངག་དངོས་དེ་སོང་། དེའི་གོང་མ་དགོས་དོན། དེ་གཉིས་གཅིག་ཏུ་དྲིལ་བ་ལ་བརྟེན་ནས། མན་ངག་ལྷན་ཅིག་སྐྱེས་སྦྱོང་ཚར། ཤེས་རབ་གཙོ་བོར་སྟོན་པའོ། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ངོ་བོ་ནི། སྔར་མ་མཐོང་བའི་ཆོས་ཉིད་གསར་དུ་མཐོང་བ་ཞེས་མངོན་སུམ་དུ་རྟོགས་པ་ལ་བྱའོ། །གལ་ཏེ་དེ་ལས་གཞན་དུ་གྱུར་པ་ན། ཆོས་ལམ་དུ་འགྲོ་བ་ཞེས་མི་བརྗོད་དེ། རྡོ་རྗེ་འཛིན་པ་ཆེན་པོའི་དུས་ཐབས་ཀྱི་དགོས་དོན་སྟེར་བའི་ཕྱིར་རོ། །དེས་ན་ཇི་སྲིད་རྟོགས་པ་མངོན་སུམ་དུ་མ་གྱུར་གྱི་ཚེ་དེ་སྲིད་དུ་བརྩོན་པར་བྱའོ། །དེ་ལྟར་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི། ཆོས་ལམ་དུ་འགྲོ་བའམ་སོང་བ་ཞེས་བྱ་སྟེ། བླ་ན་མེད་པ་སྔགས་ཀྱི་སྒྲ་དོན་ཇི་བཞིན་པར་སོང་བའི་ཕྱིར་རོ། །དེས་ན་སྐབས་འདིར་རྒྱུ་དུས་ཀྱི་གདམས་པ་རེ་ཞིག་རྫོགས་པའི་ཕྱིར། བཀའ་དྲིན་གསོལ་བའི་ཡན་ལག་བྱ་


KMC007_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གཏོང་རག་གི་ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །དེས་རྗེས་ཀྱི་ཆོ་ག་།དེའི་གོང་མ་དངོས་གཞི། དེའི་གོང་མ་སྦྱོར་བའི་ཆོས། དེ་གསུམ་གཅིག་ཏུ་དྲིལ་བ་ལ་བརྟེན་ནས་ཆོས་ལམ་དུ་འགྲོ་བ། བཀའ་བརྒྱུད་ཀྱི་གདམས་པ་ཚར། སྤྱི་དོན་གསུམ་པ་ལམ་འཁྲུལ་པ་བསལ་བ་ནི། རྩེ་གཅིག་སྤྲོས་བྲལ་གྱི་ཏིང་ངེ་འཛིན་མཐར་ཕྱིན་ཏེ། སྤང་བར་བྱ་བའི་སྤྲོས་པ་ཐམས་ཅད་རྩ་བ་ནས་བྲལ་ནས་གཉེན་པའི་སྤྲོས་པ་རགས་པ་དང་ཡང་བྲལ་བའི་ཕྱིར། ལམ་འཁྲུལ་པ་བསལ་བ་ཚར། སྤྱི་དོན་བཞི་པ་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞེས་བྱ་བ་ནི། རོ་གཅིག་སྒོམ་མེད་ཀྱི་ཏིང་ངེ་འཛིན་མཐར་ཕྱིན་ཏེ། ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོ། གསང་བ་བླ་ན་མེད་པའི་སྐུ་བསམ་གྱིས་མི་ཁྱབ་པའི་དབྱིངས་མངོན་དུ་གྱུར་ཏེ། སྒྲིབ་གསུམ་བག་ཆགས་ཀྱི་རྣམ་རྟོག་མ་སྤང་གནས་སུ་དག་ཅིང་ལྷུན་གྲུབ་རྡོ་རྗེ་ཡེ་ཤེས་ཀྱི་ཕྲིན་ལས། འགྱུར་མེད་རྒྱུན་གྱིས་རྟག་པ་ནི། འཁྲུལ་པ་ཡེ་ཤེས་སུ་འཆར་བའོ། །དེས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་དེ་སོང་། དེའི་གོང་མ་ལམ་


KMC007_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་སེལ་བ་དེ་སོང་། དེ་གཉིས་གཅིག་ཏུ་དྲིལ་བ་བརྟེན་ནས། ལམ་གྱི་གདམས་པ་ཚར། དེའི་གོང་མ་གཞིའི་གདམས་པ། དེ་གཉིས་གཅིག་ཏུ་དྲིལ་བ་ལ་བརྟེན་ནས། གཞི་ལམ་གྱི་གདམས་པའོ། ། ཨྠྀི བཀྲ་ཤིས་པར་གྱུར་ཅིག །། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།


KMC007_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན་བཞུགས་སོ།། །།


KMC007_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་གུ་ར་ཝེ། རྣམ་དག་བདེ་བ་མཆོག་གི་དཀྱིལ་འཁོར་དུ། །ཤེས་བྱའི་གནས་སྣང་གཟིགས་པའི་ཡེ་ཤེས་ཀྱིས། །འགྲོ་ལ་ཕན་བདེའི་ཕུན་ཚོགས་སྩོལ་བའི་ལྷ། །དྲིན་ཅན་རྩ་བརྒྱུད་བླ་མའི་ཞབས་ལ་འདུད། །མ་དག་འཁོར་བ་ལས་ཀྱི་དཀྱིལ་འཁོར་དུ། །མི་བཟད་རྣམ་སྨིན་དུ་མའི་འབྲས་བུ་ཅན། །ཡང་ཡང་དུཿཁའི་བཙོན་རར་ཉམ་ཐག་པ། །ངེད་ཅག་སྲིད་འགྲོའི་ལས་ཅན་འདི་ལ་གཟིགས། །འཁྲུལ་འཁོར་དུ་མས་ཐོག་མེད་དུས་ནས་མནར། །སྐྱིད་འདོད་ཆུང་ངུས་སྲིད་པའི་ལས་ཆེན་


KMC007_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བསགས། །རང་རྒྱགས་དྲེགས་པའི་སྣང་བ་དགྲར་འབོད་པའི། །ད་དུང་འཁོར་བའི་ལས་ལ་བཅོས་མེད་ཀྱང་། །རྒྱལ་ཀུན་ཐུགས་རྗེས་གཟིགས་པའི་མདོ་རྒྱུད་དང་། །འཕགས་ཆེན་དམ་པ་རྣམས་ཀྱི་བཀའ་ལུང་དང་། །གྲུབ་ཐོབ་བརྒྱུད་པའི་རྣམ་ཐར་བཟང་པོ་ལྟར། །ཐར་འདོད་འགའ་ལ་གཅེས་པའི་གདམས་ངག་བཤད། །རང་ཡང་སྙིང་ནས་ཚེ་འདི་སྤང་དཀའ་བས། །ད་དུས་སྐྱེ་བོ་མི་སྲུན་ཁོ་ན་ལ། །གནད་ནས་བསྐུལ་ཏེ་ཕན་པར་སྦྱོར་སྐད་པ། །ཕལ་ཆེར་ཁོང་ཁྲོ་འཁྲུགས་པའི་རྒྱུ་རུ་བས། །


KMC007_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་རྣ་བར་གང་སྙན་དམ་ཆོས་མིན། །འཕྲལ་སྣང་གང་དགའ་ཕན་པ་ཡིན་བེས་མེད། །སློབ་མ་བྲིད་པའང་ཐུགས་རྗེ་མ་ཡིན་པས། །དཔང་པོར་སངས་རྒྱས་འཇོག་ཕྱིར་ནོངས་འགྱོད་མེད། །བརྟགས་བཞིན་འཁྲུལ་མེད་གྱུར་ན་དམ་ཆོས་ཡིན། །སྒྲུབ་བཞིན་འགྱོད་མེད་བདེ་ན་ཐར་ལམ་ཡིན། །སློབ་མ་ལམ་ལ་སྦྱོར་ན་བླ་མ་ཡིན། །གསུང་དེ་ཆོས་སུ་གོ་ན་སློབ་མ་ཡིན། །ཆེན་པོའི་མིང་གིས་བསླུས་པའི་བླ་མ་དལ། །དེ་བསྟེན་ཁེ་གྲགས་སྒྲུབ་འདོད་སློབ་མ་དང་། །ལྟར་སྣང་གཞན་མགོ་འཁོར་བའི་དམ་ཆོས་ཅན། །ད་དུས་བདག་འདྲའི་བླ་མར་མ་གྱུར་ཅིག །ཁྱོད་ཅག་ངན་འགྲོའི་གནས་ནས་མི་ལུས་རྙེད། །སྐྱེ་འགྲོ་ལས་ངན་ནར་ནས་བསྟན་ལ་ཞུགས། །ཡང་སྲིད་བཙོན་རར་ཆུད་ཁ་ཐར་འདོད་ན། །དགེ་བ་བསྐུལ་ཕྱིར་གོང་མའི་བཀའ་སྩལ་གདམས། །དང་པོ་སེམས་ལ་ལྕག་འདེབས་རྣམ་པ་བཅུ། །འཁོར་བའི་བདེ་འབྱོར་སྡུག་བསྔལ་བཙོན་རར་ཡིན། ༡ །ནོར་གྱི་གསོགས་འཇོག་དགྲ་འདྲེའི་ངོ་ལེན་ཡིན།


KMC007_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༢ །ཁྱིམ་གྱི་གཟའ་དཔོན་སྤྱི་སྡུག་སྒེར་ཁུར་ཡིན། ༣ །དཔོན་གྱི་ངོ་འཛིན་མི་དོན་རང་ཕུང་ཡིན། ༤ །བླ་སྡེའི་འཁོར་གཡོག་འདི་ཕྱི་སྟོང་ཟད་ཡིན། །ཉེ་བའི་ངོ་སྲུང་ཤ་མཁོན་འཁོར་མེད་ཡིན། །འབད་པའི་བདེ་འདོད་སྡུག་གི་བསྣོན་མ་ཡིན། ༧ །གཡོ་སྒྱུ་ཆེ་འདོད་རང་ཕུང་མགོ་སྐོར་ཡིན། ༨ །ཚེ་འདིའི་ཁ་དངོས་དགའི་སླུ་ཚིག་ཡིན། ༩ །ཆོས་མིན་མཐའ་དག་བདུད་ཀྱི་བསླུ་བ་ཡིན། ༡༠ །དེ་ལས་བྱོལ་བའི་བྱ་བ་བཏང་ཚུལ་བཅུ། །ཚེ་འདི་སྐྱིད་ཀྱང་ཐོངས་ན་གཏན་སྐྱིད་འགྲུབ། ༡ །གཉེན་ཟླས་བྲིད་ཀྱང་ཐར་ན་བྱ་བ་ཐེངས། ༢ །ཡུལ་མཁར་ལེགས་ཀྱང་བོར་ན་རྩོལ་སྒྲུབ་ཆུང་། ༣ །སོ་ནམ་འགྲུབ་ཀྱང་བཞག་ན་སེམས་ལས་མེད། ༤ །ཉེ་བས་ཕན་ཡང་ཐར་ན་རེ་འཁོང་ཟད། ༥ །མང་པོས་བཀུར་ཡང་བྲོས་ན་ཁག་ཁུར་ཆུང་། ༦ །གཞན་དབང་ཆུད་ཀྱང་བྱོལ་ན་ཉེས་འགྱོད་མེད། ༧ །ཆེ་ཁུར་ཐོབ་ཀྱང་སྤངས་ན་རྩི་བགྲངས་ཉུང་། ༨ །མཛའ་བཤེས་མཐུན་ཡང་སྤངས་ན་ངོ་སྲུང་སླ། ༩ །ཟ་


KMC007_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་འབྲིམ་ཡང་བཞག་ན་ཟག་པ་ཆུང་། ༡༠ །དེ་ལ་དགོས་པའི་ཆ་རྐྱེན་རྣམ་པ་བཅུ། །མགོན་དཔོན་དོར་ནས་མཚན་ལྡན་བླ་མ་བསྟེན། ༡ །ཡུལ་མཁར་བསྐྱུར་ནས་ཉམས་དགའི་དབེན་གནས་བཟུང་། ༢ །ནོར་རྫས་བོར་ནས་སྙན་བརྒྱུད་གདམས་ངག་འཆང་། ༣ །འབྲེལ་གྲོགས་སྤངས་ནས་རང་ཉིད་གཅིག་པུར་འདུག ༤ །ཆེ་ཐབས་བོར་ནས་དམན་པའི་ཆ་ལུགས་བཟུང་། ༥ །མཐུན་འཇུག་བོར་ནས་རང་ཐག་རང་གིས་གཅོད། ༦ །གསོག་འཇོག་བཤོལ་ནས་འཕྲལ་གྱི་གང་བྱུང་བྱེད། ༧ །བདེ་འདོད་བོར་ནས་ཆོས་ཕྱིར་དཀའ་ཐུབ་སྤྱད། ༨ །འཁོར་གཡོག་བོར་ནས་འགྲོ་བའི་སྐྱབས་གནས་བྱེད། ༩ །སྣང་ཤས་བོར་ནས་ཚེ་གཅིག་སངས་རྒྱས་བསྒྲུབ། ༡༠ །དེ་ལ་ལོག་པའི་བློ་ལྡོག་རྣམ་པ་བཅུ། །བྱ་བ་བཏང་དུས་ཚེ་འདིས་རྩིས་བགྲང་སྐྱུར། ༡ །བླ་མ་རྙེད་དུས་འཕྲལ་གྱི་བདེ་མ་བརྩི། ༢ །གདམས་ངག་ཞུ་དུས་བཅོང་ཟོག་ཁ་ཆོས་སྤོངས། ༣ །དམ་ཆོས་སྒྲུབ་དུས་མི་ཁའི་དོགས་མ་རྩི། ༤ །ལྟོ་རྒྱབ་


KMC007_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཞན་དུས་གྲོང་པའི་གླུད་མ་བསྡུ། ༥ །འཚོ་བའི་ལྷག་མས་བུན་སྐྱེད་ཁེ་མ་དྲན། ༦ །ཆས་གོས་མཆོད་སྤྱད་སྣང་ཤས་འཕྱོང་མ་བཀྱགས། ༧ །ལས་ངན་སློང་དུས་སྡུག་བསྔལ་རོ་མ་མྱོངས། ༨ །སྨིན་དཀའ་ཚོལ་དུས་འཕྲལ་བདེའི་སྨོན་མ་འདེབས། ༩ །བདེ་སྐྱིད་བྱུང་དུས་དགེ་སྦྱོར་སྦུར་མ་ཤོར། ༡༠ །རྒྱུན་དུ་བསླབ་བྱའི་སྤྱོད་ལམ་རྣམ་བཅུ་ནི། །བསོད་སྙོམས་བཙལ་དུས་སོ་ཐར་སྦྱོངས་ཡོན་བཟུང་། ༡ །སྒྲུབ་ལ་དྲིལ་ཚེ་སྔགས་ཀྱི་སྨིན་གྲོལ་བསྒོམ། ༢ །དུས་རྣམ་ཀུན་ཏུ་བྱང་སེམས་བསླབ་བྱ་སྦྱང་། ༣ །རི་མཚམས་སྨྲ་བཅད་སེམས་དབེན་ཁོར་ཡུག་བྱ། ༤ །མཐུན་འཇུག་ངོས་དགའ་སྤྱི་སེར་རྩིས་གདབ་ཕྲལ། ༥ །དམ་པ་རྣམས་ཀྱི་ཐུགས་དང་འགལ་མེད་བྱ། ༦ །མཐུན་རྐྱེན་མི་ལའང་ཆོས་མཐུན་ཐབས་ཀྱིས་བསྐྱང་། ༧ །ལོ་བས་རིང་བའི་ཆ་རྐྱེན་སྤང་དག་བྱ། ༨ །གཅིག་པུར་འདུག་དུས་མཉམ་གཞག་རྗེས་ཐོབ་བསྲེ། ༩ །མང་པོའི་གསེབ་ཏུ་ཡེངས་མེད་བྱ་ར་བསྒྲིམ། ༡༠ །སྒྲུབ་པའི་


KMC007_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་གཅིག་དྲིལ་རྣམ་བཅུ་ནི། །ཐུན་གྱི་དང་པོ་སྐྱོ་ཤས་ངེས་འབྱུང་བསྐྱེད། ༡ །སྐྱབས་སེམས་དུས་སུ་ཕན་སེམས་བརྩེ་གདུང་བསྒོམ། ༢ །ཚོགས་བསགས་སྒྲིབ་སྦྱོངས་འབད་རྩོལ་སེམས་ལས་ཁུར། ༣ །མོས་གུས་བརྗེད་མེད་ཁོང་ཡུས་གདུང་ཤུགས་བསྐྱེད། ༤ །བསྐྱེད་རིམ་བཟླས་བརྗོད་སྟོང་ཉིད་རོལ་པས་ཁྱེར། ༥ །ཉིན་སྣང་ཐམས་ཅད་སྒྱུ་མའི་རྒྱ་ཡིས་གདབ། ༦ །མཚན་སྣང་གཉིད་དང་འོད་གསལ་འདྲེས་པར་བཟུང་། ༧ །ཆོས་སྤྱོད་གཏོར་མ་ཉམས་ཀྱི་ཚོད་ལྟར་བྱ། ༨ །བསྔོ་བ་རང་སེམས་འགྲོ་བ་བསྲེ་ལ་གདབ། ༩ །ཐམས་ཅད་ཀུན་སློང་དགེ་བའི་སྤྱོད་པས་བསྐྱང་། ༡༠ །དེ་ནས་རྩེ་གཅིག་མཉམ་གཞག་སྐྱོང་ཚུལ་བཅུ། །བསྒོམ་རྒྱུ་མི་རྙེད་མ་བསམ་གང་ཤར་ཚོལ། ༡ །ཤར་བའི་རང་ངོ་ལྟོས་ལ་དེ་གར་ཤིག ༢ །དྲན་ཚེ་འགྱུ་བ་མ་བཀག་རང་འགྲོས་སྐྱོངས། ༣ །མ་དྲན་དམིགས་པས་གཅུན་ལ་གནས་སྣ་སྲིངས། ༤ །རང་གྲོལ་སྤྲུལ་མདུད་འདྲ་དུས་འགྱུ་སྣ་ཁྲིད། །སྟོང་གསལ་ནམ་མཁའ་


KMC007_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་དུས་ཡུལ་དང་བསྲེས། ༦ །སེམས་ཀྱི་དྭངས་སྙིགས་སྦྱངས་དུས་དབྱིངས་སུ་སྐྱུར། ༧ །དྲན་ཙམ་བློ་བྲལ་རྟོགས་དུས་ཉིན་སྣང་སྦྱོངས། ༨ །སྣང་བཟང་ཐལ་ཤར་དུས་མཚན་སྣང་སྦྱོངས། ༩ །རིག་པ་གཅེར་བུར་ཐོན་དུས་སྙིང་རྗེ་སྒོམས། ༡༠ །མེད་དུ་མི་རུང་ཐབས་ཀྱི་བསྒྲུབ་བྱ་བཅུ། །སྟོང་ཉིད་མཁའ་ལྟར་རྟོགས་ཀྱང་སྐྱབས་སེམས་སྦྱོངས། ༡ །ཐུགས་ཡིད་གཅིག་ཏུ་འདྲེས་ཀྱང་མོས་གུས་སྒོམས། ༢ །སྣང་སྲིད་ཆོས་སྐུར་རྟོགས་ཀྱང་རི་ཁྲོད་ཟུངས། ༣ །གཉིས་སྣང་འཁྲུལ་པ་དག་ཀྱང་ཕན་སེམས་སྦྱོངས། ༤ །རྣམ་སྨིན་བག་ཆགས་ཟད་ཀྱང་ལས་འབྲས་རྩིས། ༥ །སེམས་ཉིད་ཆོས་སྐུར་རྟོགས་ཀྱང་ཐུན་མཚམས་སྦྲེལ། ༦ །མཉམ་གཞག་རྗེས་ཐོབ་དག་ཀྱང་དགེ་སྦྱོར་འབད། ༧ །མཆོག་དང་ཐུན་མོང་འགྲུབ་ཀྱང་རློམ་སེམས་སྤོངས། ༨ །འགྲོ་ཀུན་སྨིན་ཅིང་གྲོལ་ཡང་ངས་བྱས་སྐྱུར། ༩ །སྐྱེ་རྒུའི་གཙུག་ཏུ་ཁུར་ཡང་ཆེ་ཁུར་ཞོག་༡༠ །མེད་ཀྱང་གང་བྱས་ཆོག་པའི་ལམ་ཁྱེར་བཅུ། །


KMC007_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ན་གཉེན་པོར་བསྟེན་རང་ངོ་ལྟོས། ༡ །ན་ན་གཅེས་འཛིན་མ་བྱེད་འདྲེ་ལ་བྱིན། ༢ །བགེགས་ལ་འདྲེ་བརྡུང་མ་བྱེད་སྙིང་རྗེ་སྒོམས། ༣ །དགྲ་ལ་ཁེ་དྲགས་མ་རྩེ་བདག་འཛིན་ཐུལ། ༤ །གཉེན་ལ་གདུང་སེམས་མ་བསྐྱེད་ཁ་འཛིན་དོར། །གྲོགས་ལ་མཐུན་འཐུག་མ་རྩི་གཅིག་པུར་སྡོད། ༦ །རང་རྒྱལ་ཕོ་ཚུགས་མ་འཛིན་རྣམ་ཐར་སྐྱོངས། ༧ །ཆོས་ཀྱི་ཐ་སྙད་མ་བགྲང་དེ་ཉིད་ཚོལ། ༨ །ལྟད་མོ་ཡུལ་ལ་མ་བལྟ་སེམས་ལ་ལྟོས། ༩ །འགྲོ་ལ་ཕྱོགས་རིས་མ་བྱེད་སྨོན་ལམ་ཐོབ། ༡༠ །དེ་ལྟར་བསྒྲུབས་པའི་འབྲས་བུ་ཕན་པ་བཅུ། །རྣམ་ཐར་བཟང་པོས་རྒྱལ་བའི་བསྟན་ལ་ཕན། ༡ །སྨོན་ལམ་སྙིང་རྗེས་མ་གྱུར་འགྲོ་ལ་ཕན། ༢ །ཉེ་མཁོན་མེད་པས་སྡང་བའི་དགྲ་ལ་ཕན། ༣ །རེ་མཁོན་མེད་པས་ལྟོས་པའི་གཉེན་ལ་ཕན། ༤ །སོས་དལ་སྤྱོད་ལམ་བདེ་བས་ལུས་ལ་ཕན། ༥ །ཉམས་རྟོགས་ཡོན་ཏན་འཕེལ་བས་སེམས་ལ་ཕན། ༦ །བར་ཆད་སྡུག་བསྔལ་ཆུང་བས་ཚེ་འདིར་ཕན། ༧ །གོམས་འདྲིས་


KMC007_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ་ཐོབ་པས་བར་དོར་ཕན། ༨ །བསླུ་མེད་ལམ་སྣ་ཟིན་པས་ཕྱི་མར་ཕན། ༩ །ངེས་པར་མངོན་སངས་རྒྱ་བས་མཐར་ཐུག་ཕན། ༡༠ །དེ་ལྟར་བསྒྲུབས་ན་ཡིད་ཆེས་བདེ་བ་བརྒྱད། །དྲིན་ཅན་བླ་མ་རྣམས་ཀྱིས་བུ་བཞིན་སྐྱོང་། ༡ །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འདུ། ༢ །ཕྱི་རྒྱུད་སྣང་སྲིད་ལྷ་འདྲེས་སྡོང་གྲོགས་བྱེད། ༣ །ཆེ་བཙུན་མཁས་གྲུབ་རྣམས་ཀྱིས་བསྔགས་པར་མཛད། ༤ །སྡང་བའི་དགྲས་སྨོན་བྱམས་པའི་གཉེན་ཡང་དང་། ༥ །དམན་པས་སྐྱབས་ཞུ་དྲེགས་ལྡན་ཆེན་པོས་བཏུད། ༦ །བདེ་སྐྱིད་ཕུན་སུམ་ཚོགས་པས་གནས་སྐབས་སྐྱིད། ༧ །འཇིགས་པ་ཀུན་ལས་གྲོལ་བས་མཐར་ཐུག་བདེ། ༨ །དེ་ལྟར་ལྕག་འདེབས་བཅུ་དང་གཏོང་ཚུལ་བཅུ། །སྒྲུབ་པའི་ཆ་རྐྱེན་བཅུ་དང་བློ་ལྡོག་བཅུ། །ཐབས་ཀྱི་སྤྱོད་ལམ་བཅུ་དང་གཅིག་དྲིལ་བཅུ། །སེམས་ཀྱི་བཞག་ཐབས་བཅུ་དང་བསྒྲུབ་བྱ་བཅུ། །ཟློག་སྒོམ་ལམ་ཁྱེར་བཅུ་དང་ཕན་པ་བཅུ། །ཡིད་ཆེས་སེམས་ཀྱི་གདིང་


KMC007_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བདེ་བ་བརྒྱད། །ངོ་མཚར་བཻཌཱུའི་ཕྲེང་བ་བརྒྱ་རྩ་བརྒྱད། །ཆོས་བྱེད་ཐར་འདོད་མགུལ་པའི་མཛེས་རྒྱན་ཡིན། །ཚུལ་འདི་དོན་མེད་ཉམས་མཚར་ཁོ་ནའི་ཕྱིར། ཁ་བཤད་མང་དུ་འཕེལ་བའི་རྒྱུ་མཚན་གྱིས། །དགེ་སློང་ཀུན་དགའ་ལ་སོགས་བསྐུལ་མཁན་འགའི། །དོན་གཉེར་རྣམས་ལ་ཐུན་མོང་ཆོས་སྦྱིན་བྱེད། ཁ་བཤད་ཁྲམ་པའི་ཤགས་དང་མཚར་གཏམ་རྣམས། །ལ་ལ་དགའ་ཡང་ལ་ལ་སྡུག་པའི་ཕྱིར། །གཞན་ལ་མི་ཕན་ཟག་པ་འཕེལ་བའི་རྒྱུ། །དེ་ཕྱིར་ད་ནི་མི་སྨྲ་ཞེ་བཅད་བྱེད། །སྔོན་རབས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །ཐབས་རྣམས་དུ་མས་འགྲོ་བ་འདུལ་བ་དང་། །བྱ་དང་ཤིང་དང་འོད་དང་མཁའ་ལས་ཀྱང་། །ཆོས་སྒྲས་འགྲོ་ལ་ཕན་བདེར་འགྱུར་བར་སྨོན། །བདག་ལ་ཆོས་ཀྱིས་འབྲེལ་བའི་འགྲོ་བ་ཀུན། །གཡོ་སྒྱུ་ཟོལ་ཟོག་ཆེ་འདོད་ཀུན་སྤངས་ནས། །མཐོང་ཐོས་དྲན་རེག་བདེ་ལ་འགོད་པ་ཡི། །བཀའ་བརྒྱུད་གོང་མའི་དགོངས་པ་སྐོང་བྱེད་ཤོག །མི་ལུས་ཐོབ་ཀྱང་བློ་བདེའི་


KMC007_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གོ་མེད། །རྩོལ་སྒྲུབ་བཞག་ཀྱང་དཀོར་གྱི་རྣམ་སྨིན་ཁུར། །དམ་ཆོས་བཤད་ཀྱང་གཞན་ཕན་མཐུ་ཆུང་བས། །རང་གཞན་སུ་ཡང་ཐར་པའི་འཇུག་ངོགས་བྲལ། །སྙིགས་དུས་སྡུག་བསྔལ་ལས་ཀྱི་བསུ་སྐྱེལ་མཁན། །བདག་འདྲའི་བླ་གཟུགས་ཐོབ་པ་དགའ་མ་ཚོར། །བདག་ཅག་ནམ་ཞིག་འཆི་འཕོས་གྱུར་མ་ཐག །མི་སྲུན་གདུག་པའི་ཕྱོགས་འདིར་མི་སྐྱེ་ཞིང་། །འདོད་གཟུགས་མཐོ་རིས་ཡོན་ཏན་བདུན་ལྡན་གྱིས། །ཐེག་ཆེན་ཆོས་ཀྱིས་སྐལ་ལྡན་སྨིན་པར་ཤོག །ལས་ཀྱིས་སྐྱེས་ཀྱང་རྒྱ་གར་འཕགས་ཡུལ་སོགས། །ཨོ་རྒྱན་སྤྲུལ་པའི་དཔའ་བོ་ཌཱ་ཀིའི་རིགས། །གསང་སྔགས་སྤྱོད་པའི་ལུས་སུ་སྐྱེས་ནས་ཀྱང་། །ཚེ་གཅིག་རྡོ་རྗེ་འཆང་ཆེན་འགྲུབ་གྱུར་ཅིག །གྲུབ་ནས་རྣལ་འབྱོར་གྲུབ་ཆེན་བརྒྱད་པོ་ལྟར། །དངོས་མེད་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་སྟེ། །དམིགས་མེད་སྙིང་རྗེས་འགྲོ་བ་མ་ལུས་པ། །རང་གཞན་ཟག་མེད་དབྱིངས་སུ་འགོད་པར་ཤོག །ཀརྨ་པ་སོགས་རྩ་བརྒྱུད་བླ་མ་དང་། །ཡི་


KMC007_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་སྐྱོང་དཔའ་བོ་མཁའ་འགྲོའི་སྟོབས། །བདག་གི་རྣམ་དཀར་དགེ་རྩ་ཅི་ཡོད་མཐུས། །སྨོན་ལམ་བཏབ་བཞིན་གེགས་མེད་འགྲུབ་གྱུར་ཅིག །སརྦ་མངྒ་ལཾ།། །། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ།


KMC007_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ་བཞུགས་སོ།། །།


KMC007_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡེ། མདོ་རྒྱུད་གཞུང་ལུགས་རྒྱ་ཆེ་གྲངས་མང་ཡང་། །ཚེ་ཐུང་ཤེས་རབ་ཆུང་བས་མཐའ་ཆོད་དཀའ། །མང་དུ་ཤེས་ཀྱང་ཉམས་སུ་མ་བླངས་ན། །རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་དང་འདྲ། །མཁས་པའི་མལ་དུ་ཐ་མལ་རོ་འབྱུང་སྲིད། །མདོ་རྒྱུད་ལུང་དང་རྒྱ་བོད་མཁས་གྲུབ་གསུང་། །བྱིན་རླབས་ཆེ་ཡང་ཕལ་པས་གོ་བ་དཀའ། །གྲྭ་སར་བཤད་པ་བྱེད་ན་མཁོ་ལགས་ཀྱང་། །རྩེ་གཅིག་ཉམས་སུ་ལེན་ལ་དགོས་པ་ཆུང་། །དེ་བས་རྒན་མོ་འཛུབ་ཚུགས་སེམས་ལ་ཕན། །ཕྱག་


KMC007_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལ་སོགས་ཟབ་ཆོས་དཔག་མེད་རྣམས། །སོ་སོའི་རང་གཞུང་མ་འཆུགས་ངེས་པ་ཅན། །ཆོས་བརྒྱུད་སློབ་མར་སྤེལ་ན་མཁོ་ལགས་ཀྱང་། །རང་དོན་ཕྱི་མའི་དོན་གཉེར་ཉམས་ལེན་ལ། །ཐམས་ཅད་གཅིག་ཏུ་དྲིལ་ནས་ཉམས་ལེན་ཟབ། །ཆོས་ལུགས་མ་འཆོལ་ཁ་གཙང་ཚུགས་བཟང་བ། །གྲུབ་མཐའ་བསྟན་པ་འཛིན་ལ་དགོས་མོད་ཀྱི། །ཕྱི་མའི་དོན་ཅིག་ཁོ་ན་བསམ་པ་ན། །ཕྱོགས་རིས་མེད་པར་དག་སྣང་སྦྱང་ན་ཟབ། །བླ་མ་གཅིག་ལ་གཅིག་ཆོག་བློ་གཏད་པ། །དེ་ཡི་བུ་ཆེན་བྱེད་ན་


KMC007_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ལགས་ཀྱང་། །རང་ལ་ཉམས་རྟོགས་ཡོན་ཏན་སྐྱེ་འདོད་ན། །འབྲེལ་ཐོགས་བླ་མ་ཐམས་ཅད་གཅིག་ཏུ་བསྡུས། །རིགས་ཀྱི་བདག་པོར་བསྒོམས་ནས་གསོལ་འདེབས་ཟབ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་མང་པོ་ཡི། །བསྐྱེད་རིམ་སོ་སོའི་བསྙན་སྒྲུབ་སོ་སོ་བ། །བླ་ཆེན་དབང་བསྐུར་བྱེད་ལ་མཁོ་ལགས་ཀྱང་། །སྒྲིབ་པ་སྦྱོང་ཞིང་དངོས་གྲུབ་ཐོབ་པའི་ཐབས། །ཐམས་ཅད་ཀུན་འདུས་ལྷ་གཅིག་སྔགས་གཅིག་ཟབ། །རྫོགས་རིམ་དམིགས་བཅས་དམིགས་མེད་མང་པོ་རྣམས། །ཁྲིད་ཁ་མང་པོ་འཆད་ལ་མཁོ་ལགས་ཀྱང་། །རང་ལ་ཉམས་རྟོགས་ཡོན་ཏན་སྐྱེ་བའི་ཐབས། །ཐམས་ཅད་གཅིག་བསྡུས་ངོ་བོ་སྐྱོང་ན་ཟབ། །སྤྲོས་པ་ཕྱི་ནས་གཅོད་དང་ནང་ནས་གཅོད། །ལྟ་བའི་སྟོན་ལུགས་མི་གཅིག་མང་ན་ཡང་། །ཐབ་ཀྱི་མེ་བསད་དུ་བ་རང་འགགས་ལྟར། །ནང་དུ་རང་སེམས་རྩ་བ་གཅོད་པ་ཟབ། །མཚན་བཅས་མཚན་མེད་སྒོམ་ལུགས་མང་ན་ཡང་། །གསལ་སྟོང་ཟུང་འཇུག་བསྐྱེད་རིམ་དྲན་རྫོགས་ཟབ། །སྤྱོད་


KMC007_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོ་དམན་རྩིང་ཞིབ་མང་ན་ཡང་། །དགེ་སྒྲུབ་སྡིག་སྤང་ཅི་ནུས་འབད་པ་ཟབ། །འབྲས་བུ་ཐོབ་དུས་ཐོབ་ལུགས་མང་བཤད་ཀྱང་། །ལྟ་སྒོམ་སྤྱོད་པ་མ་འཁྲུལ་ཉམས་བླངས་ན། །ངེས་པར་ཐོབ་པའི་ངེས་ཤེས་ལྡན་པ་ཟབ། །བསྟན་ལ་ཕན་ཕྱིར་ཚབས་ཆེན་སྡིག་ལྟུང་སོགས། །ས་ཐོབ་སེམས་ཅན་དཔའ་རྣམས་ལ་མི་སྒྲིབ་ཀྱང་། །རང་རེ་ངན་སོང་གསུམ་ལ་སྐྲག་པའི་ཕྱིར། །སྡིག་ལྟུང་ཐེ་འབགས་མེད་པར་འཛེམ་པ་ཟབ། །ཡར་མཆོད་མར་སྦྱིན་འབྲི་དང་ཀློག་པ་སོགས། །རང་དོན་མིན་པར་འགྲོ་བ་སྤྱིའི་དོན། །འཁོར་གསུམ་དམིགས་མེད་བསྔོ་བར་རྒྱས་འདེབས་ཟབ། །ཟབ་ཆོས་གདམས་པའི་གླུ་སྟེ་དང་པོའོ།། །།ཀྱེ་མ་ཧོ། །བསྐལ་པ་མང་སྟེ་དམ་ཆོས་དར་བ་དཀོན། །ཞིང་ཁམས་མང་ཡང་སངས་རྒྱས་འབྱོན་པ་དཀོན། །སངས་རྒྱས་བྱོན་ཡང་བསྟན་པ་གནས་པ་དཀོན། །འགྲོ་དྲུག་ནང་ནས་མི་ལུས་ཐོབ་པ་དཀོན། །གླིང་བཞིའི་ནང་ནས་འཛམ་གླིང་སྐྱེ་བ་དཀོན། །འཛམ་གླིང་ནང་ནས་


KMC007_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་དར་བ་དཀོན། །དེ་རུ་སྐྱེས་ཀྱང་དབང་པོ་ཚང་བ་དཀོན། །དབང་པོ་ཚང་ཡང་དམ་ཆོས་དྲན་པ་དཀོན། །དམ་ཆོས་འདོད་ཀྱང་བླ་མ་མཚན་ལྡན་དཀོན། །དེ་དང་འཇལ་ཡང་ཉམས་ཁྲིད་ཐོབ་པ་དཀོན། །གལ་ཏེ་ཐོབ་ཀྱང་དབང་གིས་སྨིན་པ་དཀོན། །དེ་གཉིས་འཛོམ་ཡང་རང་ངོ་འཕྲོད་པར་དཀོན། །དཀོན་ཚད་ཐམས་ཅད་ད་རེས་རྙེད་པ་འདི། །སྟབས་ལེགས་མ་ཡིན་སྔོན་གྱི་སྨོན་ལམ་ཡིན། །ད་རེས་འཁོར་བ་འདི་དང་རྒྱབ་གྱེས་ཞིག །མ་ཐུབ་ན་ནི་རིན་ཆེན་གླིང་ནས་ནི། །ལག་པ་སྟོང་པར་འོང་བས་ལོད་པར་ངེས། །ཕྱི་ནས་འདི་འདྲ་འཛོམ་པ་ཨེ་སྲིད་ཙམ། ཁྱད་པར་གསང་སྔགས་བླ་མེད་རྡོ་རྗེ་ཐེག །བྱམས་པ་མན་ཆད་སངས་རྒྱས་སྟོང་གིས་ནི། །གསུང་བ་མི་འགྱུར་ཐོབ་པའི་རེ་བ་མེད། །ད་རེས་ཐོབ་དཀའི་མི་ལུས་རིན་ཆེན་འདི། །ཐོབ་པའི་ལ་དོན་བེབ་ཅིག་མ་ཆོད་ན། །རིང་པོར་མི་ཐོགས་བསྐྱུར་ནས་འཇོག་པ་སྟེ། །བྱ་ཁྱིས་ཟའམ་མེ་ཡིས་བསྲེག་རྒྱུ་ཡིན། །ད་རེས་སྙིང་པོ་མེད་ལ་སྙིང་པོ་


KMC007_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས། །ཞུས་པའི་སྡོམ་པ་དམ་ཚིག་གཙང་མར་སྲུང་། །ཉ་སྟོང་བརྒྱད་སོགས་བསྙེན་གནས་སྡོམ་པ་སྲུངས། །ལག་པར་བེབ་བཅད་བརྒྱ་ཕྱག་རྒྱུན་དུ་འཚོལ། །རྐང་པར་བེབ་བཅད་རྟེན་ལ་བསྐོར་བ་མཛོད། །ལྕེ་ལ་བེབ་བཅད་ཆོས་སྤྱོད་ཡིག་དྲུག་འབུངས། །ལོངས་སྤྱོད་བེབ་བཅད་མཆོད་སྦྱིན་ཚོགས་གསོག་འབད། །སེམས་ལ་བེབ་བཅད་སྟོང་ཉིད་སྙིང་རྗེ་སྒོམས། །ད་ལྟ་འབྱུང་བཞི་གཡར་བའི་སྒྱུ་ལུས་འདི། །བེབ་བཅད་བྱས་ནས་གཏད་དགོས་བྱུང་ཡང་བཟོད། །རྟ་ཁལ་ལམ་བརྒྱགས་བཟང་བའི་མགྲོན་པོ་བཞིན། །འགྲོ་དགོས་བྱུང་ཡང་སྡུག་བསྔལ་ཡོད་པ་ཡིན། །ཐོབ་དཀའི་མི་ལུས་ལ་སྙིང་པོ་ལེན་པའི་གླུ་སྟེ་གཉིས་པའོ།། །།ཀྱེ་མ་ཀྱི་ཧུད་ཨ་ཙ་མ་ན་ཨང་། །སྣོད་ཀྱི་འཇིག་རྟེན་ནམ་ཞིག་མེ་ཆུས་འཇིག །ལོ་ཡང་མི་རྟག་ལོ་སྐོར་རིམ་པར་འཕོ། །ནམ་ཟླ་དུས་བཞི་དྲོ་གྲང་ས་མདོག་བརྗེ། །ཉི་མ་ཤར་ནུབ་དུས་ཚོད་ཡུད་ཡུད་འགྲོ། །བཅུད་ཀྱི་སེམས་ཅན་སྐྱེ་རྒ་ན་དང་འཆི། །མི་


KMC007_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་འགྱུར་བ་ཆུ་ཡི་གཉེར་མ་འདྲ། །དངོས་པོ་གྲུབ་པའི་འདུས་བྱས་ཐམས་ཅད་ལ། །གཅིག་ཀྱང་རྟག་པར་གནས་པར་མི་སྲིད་དེ། །སྐྱེ་མཐའ་འཆི་དང་བརྩིགས་པའི་མཐའ་ནི་འགྱེལ། །དར་མཐའ་རྒུད་དང་བསགས་པའི་མཐའ་ནི་འཛད། །འདུས་མཐའ་བྲལ་བ་འདི་ནི་ཟློག་ཐབས་མེད། །རྫོགས་སངས་རྒྱས་དང་རང་རྒྱལ་དགྲ་བཅོམ་པ། །མཆོག་དང་ཐུན་མོང་གྲུབ་པ་ཐོབ་རྣམས་ཀྱང་། །ཐམས་ཅད་མཐའ་ནི་སྐུ་ལུས་སྤང་དགོས་ན། །དེ་ལས་ལྷག་པ་སུ་ཞིག་གང་དུ་ཡོད། །ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་དང་། །གླིང་ཕྱེད་དབང་དང་རྒྱ་བོད་ཧོར་སོགས་ཀྱི། །རྒྱལ་པོ་ཆེན་པོ་རྣམས་ཀྱང་འཆི་དགོས་ན། །བསོད་ཆུང་ཕལ་པ་ནམ་འཆི་ཅི་ཆ་ཡོད། །ནད་རིགས་བཞི་བརྒྱ་བགེགས་རིགས་སྟོང་ཕྲག་བརྒྱད། །ཚེ་དང་སྲོག་ལ་གནོད་བྱེད་དཔག་ཏུ་མེད། །རླུང་གསེབ་མར་མེ་འདྲ་འདི་ནམ་འདའ་ཨང་། །དཔེར་ན་བསོད་པར་ཁྲིད་པའི་བཙོན་བཞིན་དུ། །ལོ་ཟླ་ཞག་དུས་སོང་ཞིང་འཆི་དང་ཉེ། །འཆི་


KMC007_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཤིན་རྗེ་དེ་དང་ནམ་ཐུག་ཨང་། །སྨན་དང་སྲུང་བ་རིམ་འགྲོའི་ནས་པ་རྡུགས། །ཏུག་གི་ཐུག་པའི་དུས་ཤིག་ནམ་འོང་ཨང་། །ཉི་མ་ནུབ་རིའི་རྩེ་ལ་ཕྱིན་པ་ལྟར། །བཤོལ་ཐབས་མེད་པའི་དུས་ཤིག་ནམ་འོང་ཨང་། །ཉེ་དུ་འཁོར་གཡོག་མང་ཡང་ཁྲིད་དབང་མེད། །གཅིག་པུ་འགྲོ་བའི་དུས་ཤིག་ནམ་འོང་ཨང་། །ལོངས་སྤྱོད་ཆེ་ཡང་ཞག་བརྒྱགས་ཁྱེར་དབང་མེད། །ལག་སྟོང་འགྲོ་བའི་དུས་ཤིག་ནམ་འོང་ཨང་། །ཆ་མེད་ཡུལ་དུ་རྒྱུས་མེད་གཅིག་པུར་འཁྱམས། །གར་འགྲོ་ཆ་མེད་དུས་ཤིག་ནམ་འོང་ཨང་། །ན་ཚ་ཟུག་གཟེར་ཆེ་ཡང་བགོ་ཐབས་མེད། །སྡུག་རེས་གཅིག་ལ་བབས་དུས་ནམ་འོང་ཨང་། །ཐིམ་རིམ་སྣང་མཆེད་འོད་གསལ་ངོས་མི་ཟིན། །ཅི་བྱ་གཏོལ་མེད་དུས་ཤིག་ནམ་འོང་ཨང་། །སྒྲ་འོད་ཟེར་གསུམ་ཞི་ཁྲོའི་ལྷ་ཚོགས་འཆར། །ཉེས་ཆེན་མི་གཅིག་དམག་གིས་བསྐོར་བ་ལྟར། །དངངས་སྐྲག་འཇིགས་སྣང་ཆེན་པོ་ནམ་འོང་ཨང་། །འཇིགས་ཤིང་ཡ་ང་གཤིན་རྗེའི་ཕོ་ཉ་ཁྲིད། །


KMC007_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ལྷ་དང་འདྲེ་ཡིས་དགེ་སྡིག་བཤད། །རྫུན་གྱིས་མི་ཕན་མེ་ལོང་ཡིག་ཆུང་གསལ། །སྔར་བྱས་འགྱོད་པའི་དུས་ཤིག་ནམ་འོང་ཨང་། །དགེ་བ་འདོད་ཀྱང་ཉོ་སྐྱེ་ཚོལ་ཁུང་མེད། །གཤིན་རྗེའི་རྒྱལ་པོས་དཀར་ནག་ཤན་འབྱེད་བྱེད། །དེ་དུས་འགྱོད་མེད་ད་ལྟར་མ་བསྒྲུབ་ན། །རང་གིས་རང་བསླུས་མདོ་མེད་སྙིང་མེད་ཡིན། །ད་ལྟར་མེ་སྟག་ཕོགས་པ་མི་བཟོད་ན། །མི་ཡི་མེ་ལས་དམྱལ་མེ་བདུན་འགྱུར་ཚ། །འཆི་རྒྱུ་མེད་པར་བསྐལ་པར་བཙོ་དང་སྲེག །བྱེད་པར་ཤེས་ན་ཅི་བྱ་སེམས་ལ་དྲིས། །དགུན་ཁ་ཞག་གཅིག་གོས་སྲབ་མི་བཟོད་ན། །བསྐལ་པར་གོས་མེད་འཁྱག་པའི་སྦུབས་སུ་འབྱར། །འཆི་རྒྱུ་མེད་པར་བྱུང་ན་ཅི་འདྲ་བྱེད། །ད་ལྟ་ངག་བཅད་བསྲུང་ན་ཀླད་ཡུ་འཁོར། །ལོ་གྲངས་སྟོང་ཕྲག་ཟས་སྐོམ་སྒྲ་མི་གྲགས། །འོན་ཀྱང་འཆི་མི་ནུས་ན་ཅི་འདྲ་ཡོད། །ད་ལྟར་ཁྱི་རྒན་ཟེར་ནས་གྲི་མགོ་འཕུར། །དངོས་སུ་ཁྱི་ལུས་བླང་ན་ཅི་འདྲ་བྱེད། །ད་ལྟ་དམག་དང་དགྲ་ལ་བྲོས་པས་ཆོག །ལྷ་མིན་ཡུལ་དུ་


KMC007_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ན་ཇི་ལྟར་བྱེད། །ད་ལྟར་གྲལ་ཙམ་དམའ་ན་ཟུག་རྔུ་སྐྱེ། །ལྷ་ལུས་ལྟུང་བའི་སྡུག་བསྔལ་བཟོད་པར་དཀའ། །ངན་སོང་གསུམ་ན་སྡུག་བསྔལ་བཟོད་གླགས་མེད། །ལྷ་མིའི་བདེ་བ་མི་རྟག་འགྱུར་ལྡོག་ཆེ། །སྐྱེ་རྒ་ན་འཆི་ཆུ་བོའི་གཉེར་མ་འདྲ། །འཁོར་བའི་སྡུག་བསྔལ་རྒྱ་ཆེ་གཏིང་ཟབ་པ། །མཐའ་མེད་ཐར་དུས་མེད་པའི་འཇིགས་རུང་བ། །འདི་ལ་སྐྲག་ཕྱིར་སྡིག་ལ་དུག་ལྟར་འཛེམ། །འདི་ལ་ཕན་པའི་དམ་ཆོས་སྨན་ལྟར་བརྟེན། །འདི་ལ་སྐྱོབ་པའི་དཀོན་མཆོག་དཔོན་དུ་ཁུར། །དེ་ལྟར་བཤད་པའི་དོན་དེ་མ་གོ་ན། །མངོན་སུམ་བལྟ་རྒྱུ་གདའ་བ་འདི་རྣམས་ལྟོས། །དེ་ཡང་རྒྱལ་པོ་ཆེན་པོའི་དམག་བསྡུས་ཀྱང་། །ཁྲི་ཕྲག་བཅུ་ལས་མང་བ་འདུས་དཀའ་སྟེ། །མངའ་ཞབས་ན་ཡང་མི་ལུས་ཐོབ་ཚད་ལ། །འབུམ་ཕྲག་བཅུ་ལས་མང་བ་ཡོད་ཤས་ཆུང་། །དབྱར་ཁ་རི་ལོགས་རེ་ཡི་འབུ་སྲིན་གྲངས། །རྒྱལ་པོ་ཆེན་པོའི་མངའ་ཞབས་མི་བས་མང་། །རྒྱ་གྲོགས་རེ་རེའི་ཚང་གི་གྲོག་མ་ཡང་། །རྒྱལ་པོ་


KMC007_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་དམག་དཔུང་བས་ཀྱང་མང་། །མི་ལུས་ཐོབ་དེ་ཨི་དཀའ་དེ་ལ་ལྟོས། །ཕ་མ་གཅིག་ཅིང་རྒོད་ཞན་མཉམ་པའི་སྤུན། །ལ་ལ་ཕྱུག་ཅིང་ལ་ལ་དབུལ་དང་འཕོངས། །ལ་ལ་ཚེ་ཐུང་ནད་མང་སྡུག་བསྔལ་ཆེ། །ལ་ལ་ནད་དཀོན་ཚེ་རིང་ཡུན་རིང་བདེ། །མི་ལུས་རིན་ཆེན་ཐོབ་པ་འདྲ་འདྲ་ལ། །ལ་ལ་བཙན་ཞིང་ལ་ལ་ཉམ་ཆུང་བ། །ལ་ལ་ཕྱུག་ཅིང་ལ་ལ་ལྟོག་ཅིང་མུག །རྒོད་ཞན་མ་ཡིན་མཁས་དང་མི་མཁས་མིན། །ཚེ་སྔོན་ལས་འབྲས་ཨི་བདེན་དེ་ལ་ལྟོས། །བསྐལ་པ་ཆགས་ནས་ད་ལྟ་ཡན་གྱི་མི། །སུས་ཀྱང་འཆི་བ་འཚེར་ཏེ་ཐབས་མ་རྙེད། །གཅིག་ཀྱང་ཚེ་ཐར་ལུས་པ་མི་གདའ་ན། །རང་གི་ངོ་ཤེས་ཤི་བ་བརྩི་བགྲང་ཐོངས། །ན་ཉིན་དུ་ཤི་ད་ལོ་དུ་ཤི་བ། །རང་ཡང་དེ་བས་ལྷག་དོན་ཅུང་ཟད་མེད། །ཤི་བ་ཤེས་ཀྱང་དེ་དུས་ཆོས་མཁོ་བ། །ཀུན་གྱིས་ཤེས་ཀྱང་ལོང་ཡོད་བསམ་པས་བསླུས། །དེང་སང་ཚེ་ཚད་བཞི་བཅུ་ཁ་རལ་གསུང་། །རང་དང་ན་མཉམ་རང་བས་གཞོན་པའི་མི། །དུ་ཤི་ཡིད་ལ་ཁྲོམ་ལ་


KMC007_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བློ་ཐོངས། །དེ་ཚོས་ཀྱང་ནི་ད་རུང་མི་འཆི་བསམ། །དགྲ་འདུལ་གཉེན་སྐྱོང་འདུག་ཆིས་སྡིག་འགའ་བྱས། །བསམ་ཐོག་མ་སོང་ཁང་རྣམས་འཆི་བདག་ཁྱེར། །རང་ཡང་དེ་དང་འདྲ་བས་དམ་ཆོས་མཛོད། །ཆོས་མ་དྲན་པས་ཆོས་ལ་འཛུད་པ་དང་། །ཆོས་ལ་ཞུགས་པ་མཐའ་རུ་ཕྱིན་པའི་ཐབས། །འཆི་བ་སྙིང་ནས་དྲན་པ་ཟབ་ཆོས་ཡིན། །གལ་ཏེ་འཆི་བ་སྙིང་ལ་མ་གཟེར་ན། །དམ་ཆོས་བྱས་ཀྱང་ཆེ་ཐབས་རིམ་གྲོར་གོལ། །དེ་ཕྱིར་འཆི་བ་ཉིན་རེ་ལན་གསུམ་དུ། །སྙིང་ལ་གཟེར་བར་དྲན་པ་ཟབ་ཆོས་སོ། །མི་རྟག་པ་དང་རྒྱུ་འབྲས་བསམ་པའི་གླུ་སྟེ་གསུམ་པའོ།། །།ཨེ་མ་དངོས་གཞི་དམིགས་པའི་བསྐོར་འདི་ལ། །གོ་རྒྱུ་རེ་དང་བསྒོམ་རྒྱུ་སོ་སོར་ཡོད། །དང་པོ་གོ་རྒྱུ་འདི་ཚོ་གོ་བ་ལོངས། །དེ་ནས་བསྒོམ་རྒྱུའི་དམིགས་ཐུན་ཅི་ནུས་སྒོམས། །འཁོར་བའི་སྡུག་བསྔལ་གཞན་གྱིས་མི་སྐྱོབ་པས། །བསླུ་མེད་དཀོན་མཆོག་གསུམ་ལ་བློ་གཏད་བཅའ། །མདོ་ལུགས་སངས་རྒྱས་ཆོས་དང་དགེ་


KMC007_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གསུམ། །སྔགས་ལུགས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །དོན་ལ་བླ་མའི་སྐུ་གསུང་ཐུགས་སུ་འདུས། །ཅི་མཛད་ཁྱེད་ཤེས་བློ་གཏད་སྐྱབས་འགྲོ་ཡིན། །རང་ཉིད་སངས་རྒྱས་ཐོབ་པས་མི་ཆོག་སྟེ། །སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཡིན། །དེ་དག་ཐམས་ཅད་སངས་རྒྱས་སར་འགོད་པའི། །སེམས་བསྐྱེད་རྒྱ་ཆེན་སངས་རྒྱས་ས་བོན་ཡིན། །རང་ཉིད་རྫོགས་པའི་སངས་རྒྱས་བསྒྲུབས་པ་ལ། །སངས་རྒྱས་སེམས་ཅན་གཉིས་པ་བཀའ་དྲིན་མཉམ། །ཕ་རོལ་ཕྱིན་དྲུག་ཉམས་སུ་མ་བླངས་པར། །རྫོགས་པའི་སངས་རྒྱས་ཐོབ་པའི་ཐབས་མེད་པས། །སྦྱིན་པ་གཏང་ཡུལ་སེམས་ཅན་དབུལ་ཕོངས་ཅན། །སྙིང་རྗེ་བསྒོམ་ཡུལ་སེམས་ཅན་སྡུག་བསྔལ་ཅན། །ཕན་ལན་གནོད་སྐྱེལ་དགྲ་བགེགས་ཐམས་ཅད་ནི། །བཟོད་པ་སྒོམ་པའི་རྟེན་ཏེ་བྱང་ཆུབ་གྲོགས། །དེ་ལྟར་ཤེས་པས་ཕྱོགས་དང་རིས་མེད་པའི། །འགྲོ་ཀུན་བདག་ཉིད་ཁོ་ནས་སངས་རྒྱས་པར། །བཀོད་པའི་བསམ་བཟང་བློ་སྟོབས་


KMC007_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ནི། །བྱང་ཆུབ་སེམས་བསྐྱེད་ཞེས་བྱའི་ཟབ་ཆོས་ཡིན། །མ་བཤགས་སྡིག་པ་ཆུང་ཡང་ལྗིད་པ་སྟེ། །ཞག་རེ་སོང་ཞིང་སྐྱེད་རེ་འགྲོ་བས་འཕེལ། །སྙིང་ནས་བཤགས་ན་མི་དགེ་སྡིག་པ་མེད། །མི་གཙང་འགོས་ཀྱང་ཆུ་ཡིས་བཀྲུ་དང་མཚུངས། །སྔར་བྱས་སྡིག་པ་བཙན་དུག་ཁོང་ཤོར་ལྟར། །འགྱོད་པར་སྐྱེས་ན་དག་པར་སླ་བ་ཡིན། །དེ་ཐུབ་བསམ་པའི་ང་རྒྱལ་དག་པར་དཀའ། །ཕྱིན་ཆད་མི་བྱའི་དམ་བཅའ་དྲག་པོ་བྱ། །བྱས་ཀྱང་སྐྱོན་མེད་བཤགས་ཆོག་བསམ་པ་ན། །དེ་ཡིས་དག་པར་མི་འགྱུར་རྒྱལ་བས་གསུངས། །དཀོན་མཆོག་ཀུན་འདུས་བླ་མ་སྤྱི་བོར་བསྒོམ། །དེ་དྲུང་བཤགས་པ་རྟེན་གྱི་སྟོབས་ཞེས་བྱ། །བཤགས་ཐབས་མང་ཡང་ཡིག་དྲུག་ཟབ་པའོ། །ཚོགས་བསགས་གང་ཡང་ཅི་ནུས་འབད་བྱ་སྟེ། །བྱ་སླ་བསོད་ནམས་ཆེ་བའི་མཎྜལ་འབུལ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་གྲུབ་ཐོབ་ཚོགས། །དཔག་ཏུ་མེད་ཀྱང་འཇལ་བའི་ལས་དབང་མེད། །རང་ལ་དབང་བསྐུར་


KMC007_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བཤད་མན་ངག་གནང་། །སངས་རྒྱས་ཀུན་པས་བླ་མ་བཀའ་དྲིན་ཆེ། །བླ་མ་ཐ་མལ་པ་ཞིག་ཡིན་ན་ཡང་། །རྡོ་རྗེ་འཆང་དུ་མོས་པས་གསོལ་བཏབ་ན། །ཉམས་རྟོག་ཡོན་ཏན་སྐྱེ་ཞིང་འཕེལ་བ་ཡིན། །སངས་རྒྱས་ཀུན་གྱི་ཐུགས་རྗེ་ཡིན་པར་བཤད། །དེ་ཕྱིར་བླ་མ་བསྒོམ་ནས་གསོལ་བ་བཏབ། །ཆོས་ཀྱི་སྒོར་ཞུགས་དབང་ལུང་ཁྲིད་ཐོབ་ནས། །སྡོམ་པ་དམ་ཚིག་བསྲུང་བར་མ་བྱས་ན། །སྨན་དཔྱད་དུག་ཏུ་སོང་ལྟར་ཕུང་བར་བྱེད། །སྲུང་ཚུལ་ཞིབ་པར་མི་ཤེས་བསྲུང་དཀའ་ཡང་། །དོན་རྩ་གཅིག་ཏུ་བསྡུས་ནས་བསྲུངས་པས་འཐུས། །ཅི་མཛད་ཁྱེད་ཤེས་དཀོན་མཆོག་བློ་ཁེལ་ནི། །སྐྱབས་འགྲོའི་སྡོམ་པ་ཐམས་ཅད་དེ་ལ་འཐུས། །གཞན་ལ་གནོད་པ་ནམ་ཡང་མི་སྐྱེལ་ན། །འདུལ་ཁྲིམས་སོ་ཐར་སྡོམ་པ་དེ་ལ་འཐུས། །དགེ་བ་ཐམས་ཅད་འགྲོ་བ་སྤྱི་ལ་བསྔོ། །རང་གི་ཅི་ནུས་གཞན་ལ་ཕན་གདགས་ན། །བྱང་ཆུབ་སེམས་དཔའི་སྡོམ་པ་དེ་ལ་འཐུས། །རྩ་བའི་བླ་མ་ཡི་དམ་དབྱེར་མེད་ལྟ། །དེ་ལ་ལོག་ལྟ་ནམ་


KMC007_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་བྱས་ན། །གསང་སྔགས་དམ་ཚིགས་ཐམས་ཅད་དེ་ལ་འཐུས། །དེ་ལྟར་སྒོམ་པ་དམ་ཚིག་ལྡན་པ་ལ། །བླ་མས་བྱིན་རླབས་ཡི་དམ་དངོས་གྲུབ་སྟེར། །མཁའ་འགྲོ་ཆོས་སྐྱོང་བར་ཆད་སེལ་བར་ངེས། །དེ་ལྟར་གོ་ནས་སྒོམ་རྒྱུའི་དམིགས་ཐུན་ནི། །རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། །འབྲེལ་ཐོགས་རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །ཐམས་ཅད་གཅིག་བསྡུས་འོད་དཔག་མེད་པ་བསྒོམ། །སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་གང་ཤེས་བྱ། །བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །གླིང་བཞི་རི་རབ་རིན་ཆེན་སྣ་ཚོགས་ནི། །འབུལ་བར་དམིགས་ཏེ་མཎྜལ་ཚིགས་བཅད་བརྗོད། །སྔར་བྱས་སྡིག་པ་འགྱོད་པས་བཤགས་ཚིག་དང་། །ཡིག་དྲུག་བཟླས་པས་འོད་དཔག་མེད་པ་ཡི། །སྐུ་ལས་བདུད་རྩི་འོ་མ་འདྲ་བ་བབས། །ཚངས་བུག་ནས་ཞུགས་ལུས་ཀུན་གང་བ་ཡིས། །དུད་ཁུ་ལྟ་བུའི་སྡིག་སྒྲིབ་མ་ལུས་པ། །འོག་སྒོ་དང་ནི་རྐང་པའི་མཐིལ་ནས་ཐོན། །ས་འོག་སོང་བས་འཆི་


KMC007_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཤིས་རྗེས་འཐུང་། །ངོམ་ཞིང་ཚིམས་པས་ཚེ་སྐྱིན་སྲོག་གླུད་གྱུར། །རང་ལུས་དྲི་མེད་ཤེལ་སྒོང་ལྟ་བུར་གྱུར། །དེ་ནས་སྤྱི་བོའི་བླ་མ་སངས་རྒྱས་དེར། །དད་གུས་བསྐྱེད་ལ་གསོལ་འདེབས་གང་ཤེས་སམ། །གསོལ་འདེབས་སྙིང་པོ་བཛྲ་གུ་རུ་བཟླ། །བླ་མ་དཀོན་མཆོག་ཀུན་འདུས་འོད་དཔག་མེད། །འོད་དུ་ཞུ་ནས་རང་ལ་དབྱེར་མེད་ཐིམ། །སྐུ་གསུང་ཐུགས་དང་ལུས་ངག་ཡིད་གསུམ་པོ། །དབྱེར་མེད་ཆུ་དང་འོ་མ་འདྲེས་ལྟར་དུ། །དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་བསྒོམ། །དམིགས་ཐུན་གྱི་གླུ་སྟེ་བཞི་པའོ།། །།དོན་གྱི་རྩ་བ་བསྐྱེད་རྫོགས་ཟུང་འཇུག་ལམ། །འདི་ལ་གོ་རྒྱུ་བསྒོམ་རྒྱུ་གཉིས་ཡོད་དེ། །སེམས་ཅན་ཀུན་གྱི་སེམས་ཉིད་ངོ་བོ་ནི། །ཡེ་ནས་སངས་རྒྱས་ངོ་བོར་བཞུགས་པ་སྟེ། །ངོ་བོ་སྟོང་པ་ཆོས་སྐུ་སྐྱེ་མེད་ཉིད། །རྣམ་པ་གསལ་ལ་མ་འདྲེས་ལོངས་སྤྱོད་རྫོགས། །ཐུགས་རྗེ་འགགས་མེད་སྣ་ཚོགས་སྤྲུལ་པའི་སྐུ། །དེ་གསུམ་དབྱེར་མེད་ཟུང་འཇུག་ངོ་བོ་ཉིད། །ནམ་ཡང་འགྱུར་


KMC007_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདེ་བ་ཆེན་པོའི་སྐུ། །ཡེ་ནས་རང་ཆས་རང་ལ་བཞུགས་པ་དེ། །སངས་རྒྱས་ཐུགས་རྗེ་བླ་མའི་བྱིན་རླབས་དང་། །ཆོས་ཀྱི་ཟབ་ཁྱད་གནས་ཀྱིས་བྱུང་བ་མིན། །ཡེ་ཐོག་གདོད་ནས་དེ་ལྟར་ཡོད་པ་ཡིན། །དེ་དོན་མདོ་སྔགས་ཐམས་ཅད་བཤད་པ་མཐུན། །འོ་ན་འཁོར་བ་ཅི་ཕྱིར་འཁྱམས་ཞེ་ན། །རང་གི་རང་ངོ་མ་ཤེས་འཁྲུལ་པས་ལེན། །དཔེར་ན་གསེར་གྱི་སྒྱིད་བུ་ཡོད་པའི་མིའི། །གསེར་དངུལ་མ་ཤེས་ལྟོག་སྡུག་མཐོང་དང་འདྲ། །དེ་ཉིད་བླ་མས་ངོ་སྤྲོད་བཀའ་དྲིན་ཆེ། །གསེར་ངོ་སྤྲད་ཀྱང་ལྟོགས་པ་མི་ཕན་ཏེ། །དེ་ཉིད་བཅོད་དང་ཟས་བསྒྲུབ་རྔོ་བཏགས་དང་། །བཙོ་གཡོ་བྱས་ནས་ཟོས་ན་བཀྲེས་པ་འགྲང་། །དེ་བཞིན་བླ་མས་ངོ་སྤྲོད་བྱས་པ་དེ། །ཉམས་སུ་བླང་ན་འཁྲུལ་པ་སེལ་ཏེ་གྲོལ། །དེ་ལྟར་རང་སེམས་སངས་རྒྱས་ཡིན་པ་ནི། །ཐེག་ཆེན་མདོ་དང་གསང་སྔགས་རྒྱུད་སྡེ་མཐུན། །འོན་ཀྱང་མདོ་ནས་རང་ལུས་སངས་རྒྱས་སུ། །ངོ་སྤྲོད་མེད་ལས་ལམ་ཐག་རིང་བ་སྟེ། །བསྐལ་པ་


KMC007_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་གསུམ་ནས་སངས་རྒྱས་ཐོབ། །བླ་མེད་ཚེ་གཅིག་སངས་རྒྱས་ཐོབ་པའི་ཐབས། །རང་ལུས་ལྷ་རུ་ངོ་སྤྲད་པ་ཡིས་ཟབ། །དེ་ཕྱིར་རང་ལུས་ལྷ་ཡི་དཀྱིལ་འཁོར་དུ། །བདེ་མཆོག་གསང་འདུས་བཀའ་བརྒྱད་ལ་སོགས་པ། །བླ་མེད་རྒྱུད་སྡེ་ཀུན་ནས་རྒྱས་པར་གསུངས། །མདོ་བསྡུས་ཕུང་པོ་ལྔ་ནི་རིགས་ལྔ་སྟེ། ཁམས་ལྔ་ཡུམ་ལྔ་ཚོགས་བརྒྱད་སེམས་དཔའ་བརྒྱད། །ཡུལ་བརྒྱད་སེམས་མ་བརྒྱད་དུ་གསར་རྙིང་མཐུན། །ཁྱད་པར་སྙིང་དབུས་ཞི་བ་བཞི་བཅུ་གཉིས། །མགྲིན་པའི་གནས་སུ་དག་པ་རིག་འཛིན་ཚོགས། །ཀླད་པའི་ནང་དུ་ཁྲག་འཐུང་ལྔ་བཅུ་བརྒྱད། །རྩ་རླུང་ཐིག་ལེའི་ཚུལ་དུ་དངོས་སུ་བཞུགས། །དེ་ལྟར་སྙིང་དང་མིག་གི་རྩ་འབྲེལ་ནས། །རྫོགས་ཆེན་ནམ་མཁའ་འཇའ་འོད་ཐིག་ལེ་འཆར། །འཆི་དུས་ལུས་ཀྱི་ལྷ་ཚོགས་ལུས་ནས་ཐོན། །ནམ་མཁའ་བར་སྣང་གང་བར་དངོས་སུ་འཆར། །དེ་ཉིད་ལྷ་རུ་མ་ཤེས་གཤིན་རྗེར་མཐོང་། །སྔངས་སྐྲག་འཇིགས་སྣང་རྒྱལ་འབོགས་ངན་སོང་


KMC007_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་། །དཔེར་ན་དགྲ་འཇིགས་ཆེ་བའི་ལ་སོ་ན། །བསུ་མི་འོང་བ་དགྲ་ཡིན་སྙམས་ནས་བྲོས། །རྗེས་སུ་བསྙགས་པས་དེད་པར་མཐོང་ནས་སྐྲག །ངོ་ཤེས་ན་ནི་སྐྲག་མེད་དགའ་བ་ལྟར། །ཡི་དམ་ལྷ་རུ་ཤེས་ན་ཞིང་ཁམས་བགྲོད། །དེ་ཉིད་ད་ལྟ་གོམས་འདྲིས་བྱ་བའི་ཕྱིར། །ཐོད་རྒལ་ཐིག་ལེ་ཐིག་ཕྲན་བལྟ་བའོ། །དཔེར་ན་དངུལ་རྡོ་དངུལ་ནི་ཡིན་ན་ཡང་། །བཞུ་བཏུལ་མ་བྱས་དངུལ་གོ་མི་ཆོད་ལྟར། །རང་ལུས་ཡི་དམ་ལྷ་ཡི་དཀྱིལ་འཁོར་དུ། །ཤེས་པས་མི་ཆོག་བསྒོམས་པས་དངོས་སུ་གྲུབ། །དཔེར་ན་འོ་མ་མར་གྱིས་ཁྱབ་མོད་ཀྱང་། །མ་བཤིགས་ན་ནི་མར་དུ་མི་འགྱུར་ལྟར། །རང་སེམས་སངས་རྒྱས་ཡིན་པར་གོ་ན་ཡང་། །མ་བསྒོམས་པ་ལ་སངས་རྒྱས་མི་འགྱུར་རོ། །དེ་དོན་ཤེས་པར་མཛོད་ལ་ཉམས་སུ་ལོངས། །ཡི་དམ་མང་ཡང་འཕགས་པ་སྤྱན་རས་གཟིགས། །ཡི་དམ་ཀུན་འདུས་བོད་ཀྱི་ལྷ་སྐལ་ཡིན། །བསྐྱེད་ལུགས་རྒྱས་བསྡུས་མང་ཡང་དྲན་རྫོགས་འདི། །ཉམས་སུ་ལེན་བདེ་


KMC007_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་སླ་བ་ནི། །དེ་ཕྱིར་རང་ལུས་ཐུགས་རྗེ་ཆེན་པོའི་སྐུ། །དཀར་པོ་ཞལ་གཅིག་ཕྱག་བཞི་གཞུང་ལྟར་བསྒོམ། །ཐུགས་ཀར་པདྨ་དཀར་པོ་འདབ་དྲུག་ཏུ། །ལྟེ་བར་ཧྲཱིཿདང་འདབ་དྲུག་ཡི་གེ་དྲུག །ཐམས་ཅད་ལངས་ནས་ཁྲ་དང་ཧྲབ་བེ་བསྒོམ། །ཧྲཱིཿཡིག་མི་འགུལ་ཡིག་དྲུག་གཡས་སུ་འཁོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །ཆར་ལྟར་བབས་ནས་རང་ལ་སིབས་སིབ་ཐིམ། །སླར་ཡང་ཡི་གེ་དྲུག་ལས་འོད་ཟེར་འཕྲོས། །རིགས་དྲུག་སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །ཀུན་གྱི་ཡི་གེ་དྲུག་པ་འུར་དིར་དིར། །སྣོད་ཀྱི་འཇིག་རྟེན་བདེ་ཆེན་ཞིང་དུ་བསྒྱུར། །རེས་འགའ་ཧྲཱིཿལ་དམིགས་པ་རྩེ་གཅིག་བཟུང་། །གཞན་དུ་མི་འཕྲོ་ཡུན་རིང་སེམས་གནས་ན། །དམིགས་བཅས་ཞི་གནས་སྐྱེད་རིམ་ཟུང་འཇུག་གོ །དེ་ནས་དེ་ལྟར་སྒོམ་


KMC007_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་སེམས་དེ་ལ། །ཧྲིག་གེ་བལྟས་པས་བསྒོམས་ཚད་སྟོང་པར་ཡལ། །སེམས་ལ་གཟུགས་དང་ཁ་དོག་དངོས་པོ་མེད། །ལུས་ཀྱི་ཕྱི་དང་ནང་དང་བར་ནའང་མེད། །ཕྱོགས་བཅུ་ཀུན་ཏུ་བཙལ་ཡང་དངོས་པོ་མེད། །གང་ནས་སྐྱེས་དང་གར་གནས་གར་འགྲོ་མེད། །མེད་པའང་མ་ཡིན་རང་སེམས་གསལ་ཧྲིག་གེ་།གཅིག་པུ་མ་ཡིན་སྣ་ཚོགས་ཅི་ཡང་འཆར། །ཐ་དད་མ་ཡིན་ཐམས་ཅད་ངོ་བོ་གཅིག །ཁོ་ཡི་ངོ་བོ་སུས་ཀྱང་བརྗོད་མི་ཤེས། །ཕྱོགས་མཐུན་བརྗོད་ན་བརྗོད་རྒྱུ་ཟད་པ་མེད། །མིས་ནི་སེམས་ཉིད་བདག་དང་ཀུན་གཞི་སོགས། །ཐ་སྙད་རྣམ་གྲངས་མང་པོ་བཏགས་མོད་ཀྱང་། །དོན་ལ་ད་ལྟའི་ཤེས་པ་འདི་ཀ་རང་། །འཁོར་འདས་ཀུན་གྱི་རྩ་བ་འདི་རང་ཡིན། །སངས་རྒྱས་ཐོབ་དང་ངན་སོང་ལྟུང་བ་དང་། །བར་དོར་འཁྱམས་དང་སྐྱེ་བ་བཟང་ངན་དང་། །ཞེས་སྡང་ཁོང་ཁྲོ་ཆགས་སེམས་ཞེན་ཆགས་དང་། །དད་པ་དག་སྣང་བྱམས་དང་སྙིང་རྗེ་དང་། །ཉམས་རྟོག་ཡོན་ཏན་ས་ལམ་


KMC007_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་སོགས། །ཐམས་ཅད་བྱེད་མཁན་སེམས་ཉིད་འདི་ཉིད་རང་། །ཀུན་གྱི་འཆིང་རྩ་ཕུང་རྩ་འདི་ཡིན་པས། །སྲོག་རྩ་བཅད་ན་དབང་པོ་ཀུན་འགགས་ལྟར། །འདི་དོན་རྟོགས་ཤིང་ཉམས་སུ་སུས་བླངས་པ། །ཆོས་རྣམས་ཐམས་ཅད་དེ་རུ་མ་འདུས་མེད། །འདི་ལ་བསྒོམ་རྒྱུ་སྤུ་ཙམ་མེད་པ་སྟེ། །མ་ཡེངས་ཁོ་རང་ངོ་བོ་བལྟས་པས་ཆོག །ལེགས་སུ་རེ་དང་མ་ཉེན་དོགས་པ་དང་། །ཡིན་ནམ་མིན་ནམ་གང་ཡང་མི་སེམས་པར། །གནས་སམ་འགྱུའམ་གསལ་ལམ་མི་གསལ་རུང་། །གང་ཤར་དེ་ཡི་ངོ་བོ་ཧྲིག་གེར་བལྟ། །དངོས་གཞི་དེ་ལྟར་སྒོམ་པའི་དུས་དེ་རུ། །མི་འཕྲོ་ཀྱི་ལེར་གནས་པ་གནས་པ་སྟེ། །མི་སྡོད་ཕྱོགས་བཅུར་རྒྱུག་པ་འགྱུ་བ་ཡིན། །གནས་འགྱུ་གང་ཤར་རིགས་པས་རིག་པ་སྟེ། །སོ་སོར་འཆར་ཡང་ངོ་བོ་གཅིག་ཉིད་ཡིན། །གནས་པ་ཆོས་སྐུ་འགྱུ་བ་སྤྲུལ་པའི་སྐུ། །རིག་པ་ལོངས་སྐུ་དབྱེར་མེད་ངོ་བོ་ཉིད། །སྐུ་གསུམ་འགྲུབ་པའི་རྒྱུའམ་ས་བོན་ཡིན། །དེ་ལྟར་གནས་འགྱུ་གཉིས་ལ་བཟང་ངན་


KMC007_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དེ་ཕྱིར་གདམས་ཀ་མ་བྱེད་གང་ཤར་སྐྱོང་། །དང་པོ་ཡུན་ཐུང་གྲངས་མང་ཡང་ཡང་བལྟ། །དེ་ནས་རིམ་པར་ཡུན་ནི་ཇེ་རིང་བལྟ། །ལས་དང་པོ་པས་བསྐྱེད་རྫོགས་ལ་བཙན་ཐབས་སུ་བསླབ་པའི་གླུ་སྟེ་ལྔ་པའོ།། །།ཨེ་མ་ཧོ། །དེང་སང་ཁྲིད་ཆུང་སྟོན་མཁན་མང་བའི་མཐུས། །ཕྱོགས་མགོ་དེ་ཙམ་ཤེས་པ་མང་ལགས་ཀྱང་། །ཚེ་འདིའི་སྣང་བ་བསླུ་མཁས་ཉམས་དགའ་ཞིང་། །མི་རྟག་འཆི་བ་སྙིང་ལ་མ་གཟེར་བས། །ཤེས་ཙམ་དེ་ལ་ལུས་པ་ཤིན་ཏུ་མང་། །ཁྲིད་མང་ཞུས་ཀྱང་གོ་དྲོད་སླར་ལ་འཁྲེབ། །སྡིག་ལ་མི་འཛེམ་སྤྱོད་པ་ཕལ་ལས་ལོད། ཁྲིད་ཞུས་པ་ལ་གནན་གྱིས་མཚང་འབྲུ་བྱེད། །ཞེན་ལོག་སྒོམ་གྱི་རྐང་པ་མེད་པས་ལེན། །ལམ་སྣེ་ཤེས་ཀྱང་འགྲོ་བར་མ་བྱས་ན། །ཇོ་བོ་ལ་སོགས་མཇལ་ཐབས་མེད་དང་འདྲ། །དེ་ལ་དབང་པོ་རབ་འབྲིང་ཐ་མ་གསུམ། །རབ་ལ་འཇིག་རྟེན་བྱ་བ་སྤང་མི་དགོས། །འཇིག་རྟེན་བྱ་བ་ཉམས་ལེན་བསྲེ་ཞིང་བསྒོམ། །འདོད་ཡོན་མ་སྤངས་ལམ་


KMC007_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁྱེར་བ་སྟེ། །རྒྱལ་པོ་ཨིནྡྲ་བོ་དྷི་ལྟ་བུ་ཡིན། །འབྲིང་ལ་འཇིག་རྟེན་བྱ་བ་ཕལ་ཆེར་སྤངས། །རབ་བྱུང་དང་ཚུགས་བཟུང་ལ་ཉམས་སུ་ལེན། །བཟའ་བཏུང་ཟས་གོས་འབྱོར་པར་བྱ་བ་སྟེ། །རྒྱ་བོད་པཎ་གྲུབ་བླ་མ་ཕལ་ཆེར་ཡིན། །ཐ་མས་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། །ཆོས་དང་འཇིག་རྟེན་བྱ་བ་གཉིས་མི་ལྕོགས། །ཚེ་འདི་བློས་གཏང་ལྟོ་གོས་རྒྱབ་བསྒྱུར་བསྒོམ། །མི་ལ་རྒོད་ཚང་ལ་སོགས་རྣམ་ཐར་ཡིན། །དེ་གསུམ་གང་ལྟར་བྱེད་ཀྱང་གཉུག་བསྲིང་ནས། །མི་བསྐྱུར་ཉམས་སུ་བླང་བས་ཉམས་རྟོགས་འཆར། །དེ་ཡང་གང་ཟག་ཁམས་དང་དབང་པོ་ཡིས། །གཅིག་ལ་འཆར་བ་ཀུན་ལ་མི་འཆར་ཏེ། །ལ་ལ་དང་ནས་ཉམས་རྟོགས་མཐོན་པོ་འཆར། །ལ་ལ་རེས་འཆར་རེས་ནི་ཐབས་རྡུགས་འབྱུང་། །ལ་ལ་རིམ་པར་ཇེ་དྲག་ཇེ་དྲག་འཆར། །འོན་ཀྱང་ཤར་ལུགས་རིམ་གྱིས་བཤད་པར་བྱ། །དང་པོ་སེམས་ནི་སྐད་ཅིག་སྡོད་མི་ཉན། །གར་ཡང་རྒྱུག་ཅིང་མི་དྲན་དགུ་ཡང་དྲན། །དེ་ཚེ་ལུས་གནད་བསྲང་


KMC007_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྷོད་དེ་ཀློད། །གར་འགྲོ་བལྟས་ལ་རྒྱང་སོ་བཙུགས་པས་ནི། །ཚུར་ལ་འཁོར་ནས་ཅུང་ཟད་གནས་པ་འོང་། །གནས་དང་འགྱུ་བར་གཉིས་ག་ཞི་གནས་ཏེ། །ངོ་བོ་སྟོང་པར་རྟོགས་ན་ལྷག་མཐོང་ཡིན། །གནས་སམ་འགྱུའམ་སྟོང་པ་དེ་ཉིད་ནི། །དབྱེར་མེད་གཅིག་ཏུ་རྟོགས་ན་ཟུང་འཇུག་གོ །དེ་ལྟར་རྟོགས་ནས་ཉམས་སུ་ལེན་པའི་ཚེ། །རེས་འགའ་མེ་རེ་ཀྱི་ལེ་གནས་པའི་ཚེ། །འདི་ཉིད་རང་སེམས་རེད་སྙམས་དགའ་བ་སྐྱེ། །རེས་འགའ་མི་གནས་རླུང་ལྟར་འཚུབས་ཤིང་རྒོད། །བལྟས་ཀྱང་བལྟ་རྒྱུ་མི་སྙེད་བུན་བུན་འཚུབས། །མ་རེད་འདི་ཡིན་མེད་སྙམ་ཞེ་མི་དགའ། །དེ་དུས་རྣམ་རྟོག་གང་ཤར་གཅིག་ངོས་བཟུང་། །དེ་ཉིད་གང་ནས་བྱུང་དང་གར་འགྲོ་དང་། །གར་གནས་བལྟས་པས་མི་རྙེད་སྟོང་པ་ཉིད། །དཔེར་ན་སྙུག་གཅིག་བཅད་ནས་བལྟས་པ་ན། །སྙུག་མ་ཐམས་ཅད་ནང་གི་སྟོང་པར་ཤེས། །དེ་བཞིན་རྣམ་རྟོག་གཅིག་ནི་སྟོང་པར་རྟོགས། །རྣམ་རྟོག་ཐམས་ཅད་དེ་དང་འདྲ་བའི་


KMC007_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །གནས་ནས་དགའ་དང་འགྱུ་ན་མི་དགའ་མེད། །ཆུ་དང་ཆུ་རླབས་གཉིས་ལ་ཁྱད་མེད་ལྟར། །གནས་འགྱུ་ཁྱད་མེད་གང་ཤར་ངོ་བོ་བལྟ། །དེ་ཡང་རྒོད་ཅིང་འཚུབས་ན་ལུས་སེམས་ཀློད། །བྱིང་ཞིང་མི་གསལ་རྨུགས་ན་བསྒྲིམ་ལ་བལྟ། །དེ་ནས་སྐབས་ཞིག་འགྱུ་བ་ཉུང་དུ་འགྲོ། །མེ་རེ་ཀྱི་ལེ་གནས་ཞིང་རེས་འགའ་འཕྲོ། །འཕྲོས་ཀྱང་མྱུར་དུ་གནས་པའི་སྟེང་དུ་སླེབས། །དེ་ལས་གནས་པ་ཆགས་ཞེས་མིང་དུ་བཏགས། །དེ་ནས་ཉམས་ལེན་དེ་ཉིད་སྐྱོང་བའི་ཚེ། །ས་ལེ་སེང་ངེ་ཧྲིག་གེ་ཡེ་རེ་བ། །དཔེར་ན་མཚོ་ལ་རླབས་ཀྱིས་མི་གནོད་ལྟར། །འགྱུ་བ་ཅུང་ཟད་ཤར་ཡང་མི་གནོད་པ། །དེ་འདྲ་རེས་འབྱུང་རེས་ནི་མི་འབྱུང་ལ། །རེས་འགའ་སྒོམ་བསམ་ལུས་གནད་བཅས་ཀྱང་དཀའ། །རེས་འགའ་མ་སྒོམས་ན་ཡང་དེ་ལྟར་འཆར། །དེ་ནས་ལུས་བདེ་སེམས་བདེ་ཀྱི་ལེར་གནས། །འགྲོ་འདུག་སྤྱོད་ལམ་ཕལ་གྱིས་དེ་མི་གནོད། །སྒོམ་པར་འདོད་པའི་བྲོད་པ་དེ་ནས་རྙེད། །རེས་འགའ་རྨི་ལམ་དུ་ཡང་


KMC007_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པར་འབྱུང་། །ང་ཡི་ཉམས་རྟོགས་བཟང་པོ་ཡིན་སྙམ་ནས། །དེ་ལ་ཆགས་ཞེན་འཛིན་པ་དམ་པོར་སྐྱེ། །དེ་ལ་ཆགས་ཞེན་མི་བྱ་ངོ་བོ་བལྟ། །རྣམ་པ་བདེ་དང་ངོ་བོ་སྟོང་པ་གཉིས། །དབྱེར་མེད་བདེ་སྟོང་ཕྱག་རྒྱ་ཆེན་པོ་འཆར། །ཆགས་ཞིང་ཞེན་ན་འདོད་ལྷར་སྐྱེ་བའི་རྒྱུ། །ལ་ལ་རྣམ་རྟོག་དགྲ་རུ་བལྟས་ནས་ནི། །ཅི་ཡང་མི་དྲན་པ་དེ་སྒོམ་ཡིན་སྙམ། །དེ་ནི་རྒྱ་ནག་ཧ་ཤང་ལྟ་བ་ཟེར། །ཅི་ཡང་མི་དྲན་ཐོམ་མེ་ལུས་པ་ནི། །འགོགས་པ་ཆ་མཐུན་དུད་འགྲོར་སྐྱེ་བའི་རྒྱུ། །དྲན་རྒྱུ་ཡོན་ཀྱང་དྲན་ནི་མི་བཅུག་པར། །རྣམ་ཤེས་སྙིང་ཁར་བསྡུས་ནས་གནས་པ་ནི། །འགོགས་པ་ཞེས་བྱ་ཉན་ཐོས་ལམ་ཡིན་ནོ། །དེ་ཕྱིར་འགྱུ་བ་ཆེད་དུ་མི་དགག་ཅིང་། །ཆེད་དུ་མི་སྤྲོ་གང་ཤར་ངོ་བོ་བལྟ། །བལྟས་པས་དངོས་པོ་ཅི་ཡང་མ་མཐོང་བ། །དེ་ཚེ་སྟོང་ཉིད་དོན་དམ་མཐོང་བ་ཡིན། །མ་མཐོང་ངང་ལ་མཐོང་རྒྱུ་མེད་པར་ལྟར། །རེས་འགའ་བལྟས་ཀྱང་མི་གསལ་བུན་ནེ་བ། །འགྱུ་བ་བན་བུན་འཚུབས་ཤིང་སྙིང་


KMC007_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མ་དགའ། །སྒོམ་ལུགས་འདི་ཡིང་རྐྱག་གཏད་མེད་པ་འདྲ། །བསམ་པའི་ཐེ་ཚོམ་རྟོག་པ་འགའ་རེ་ལོངས། །དེ་ཉིད་རྩུབ་ཉམས་ཡིན་པས་ངན་རྒྱུ་མེད། །ལུས་སེམས་ཀློད་ལ་ལྟ་སྟངས་ནམ་མཁའ་གཏད། །ནམ་མཁའ་སྔོ་སང་རང་སེམས་བསྲེས་ལ་བལྟ། །སེམས་ཀྱི་དྭངས་སྟིགས་ཕྱིད་དེ་གསལ་སྟོང་འཆར། །རེས་འགའ་གསལ་རིག་སྟོང་གསུམ་རྗེན་ལྷང་ངེ་། །རྟོགས་པ་མཐོན་པོ་ཡིན་སྙམ་ང་རྒྱལ་སྐྱེ། །སུས་ཀྱང་བློ་མི་འགྱུར་བའི་ངེས་ཤེས་སྐྱེ། །དེ་དུས་ངེས་ཤེས་ང་རྒྱལ་དབང་སོང་ན། །གཟུགས་ཁམས་ལྷ་ཡི་གནས་སུ་སྐྱེ་བའི་རྒྱུ། །གསལ་བའི་ངོ་བོ་བལྟས་པས་སྟོང་པ་ཉིད། །གསལ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོར་འཆར། །རེས་འགའ་ལུས་སེམས་ཐམས་ཅད་སྟོང་པ་ཉིད། །ཐམས་ཅད་སྟོང་པར་མཐོང་ནས་ཆོས་གཏམ་མཐོ། །ནམ་མཁའ་སྟོང་པར་ཅིས་ཀྱང་མི་གོས་ལྟར། །དགེ་སྡིག་ཕན་གནོད་ཡོད་དོན་མི་འདུག་སྙམ། །སྤྱོད་པ་རྩིང་ཞིང་དགེ་བ་མི་སྒྲུབ་ན། །སྟོང་ལྟ་ཧད་པོ་ངན་སོང་འགྲོ་བའི་


KMC007_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། །སྟོང་པ་ཉིད་ལ་ལྟ་ཉེས་དེ་ལ་ཟེར། །དེ་ལྟར་ཐམས་ཅད་སྟོང་པར་མཐོང་ན་ཡང་། །ངོ་བོ་སྐྱོང་ཞིང་རྒྱུ་འབྲས་བླང་དོར་འབད། །དེ་ལྟར་ཉམས་ཀྱི་རིམ་པ་དེ་དག་ཀྱང་། །ཡུན་རིང་གནས་དང་ཐུང་ངུར་ཡལ་བ་སོགས། །གཅིག་ཏུ་མི་སྡོད་ནམ་མཁའ་འགྱུར་ལྡོག་འདྲ། །དེ་ནས་རྣམ་རྟོག་ཉུང་ངུ་མ་སོང་ཡང་། །རྣམ་རྟོག་མང་ཡང་སྒོམ་ལ་མི་གནོད་པ། །མཚོ་ལ་ཆར་བ་བབས་བཞིན་སྒོམ་དུ་འཆར། །དེ་ནས་བསྐྱེད་རྫོགས་རེས་འཇོག་མི་དགོས་ཏེ། །ཉམས་ལེན་སྟོང་པའི་རྩི་དང་མ་བྲལ་བར། །རང་ལུས་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ། །ནམ་མཁའ་ལ་ནི་འཇའ་ཚོན་ཤར་ལྟར་བསྒོམ། །ཡི་གེ་དྲུག་པོ་གོང་བས་ཐོབ་ཙམ་བཟླ། །གསུམ་ཀ་མི་ཤོལ་ཉམས་ལེན་བདེ་བ་ཡིན། །སྒོམ་པའི་དུས་ཀྱང་དཀའ་ཚེགས་མེད་པ་རུ། །དྲན་པ་ཙམ་ནས་ཉམས་ལེན་སྟེང་དུ་སླེབས། །དེ་ལ་ཉམས་ལེན་སྐྱོང་བདེ་ཞེས་བྱའོ། །དེ་ནས་ས་རྡོ་རི་བྲག་ལ་སོགས་པ། །བལྟས་པས་ཐམས་ཅད་ན་བུན་ཇི་བཞིན་དུ། །


KMC007_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་གསལ་ཡང་ངོ་བོ་སྟོང་པ་མཐོང་། །སེམས་དང་ནམ་མཁའ་དབྱེར་མེད་གཅིག་འདྲེས་ནས། །ནམ་མཁའ་གར་ཁྱབ་སེམས་ཀྱིས་ཁྱབ་སྙམ་བྱེད། །ཐམས་ཅད་སེམས་ཡིན་སེམས་ལ་ངོ་བོ་མེད། །ཅི་ཡང་མེད་པའི་སྟོང་ཉིད་ཡིན་སྙམ་བྱེད། །ཡོད་པ་མ་ཡིན་དངོས་པོ་རྡུལ་ཙམ་མེད། །མེད་པ་མ་ཡིན་སྣ་ཚོགས་ཅིར་ཡང་འཆར། །ཡོད་མིན་མེད་མིན་གཅིག་ནི་ཡིན་སྙམ་བྱེད། །དེ་དག་འཛིན་པ་དམ་པོས་བཅིངས་ན་ནི། །གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ་བ་སྟེ། །གང་ལའང་འཛིན་པའི་ངེས་ཤེས་མི་བྱ་བར། །འཛིན་མེད་གར་ཤར་ངོ་བོར་ལྷུག་གེར་བལྟ། །དེ་ནས་བལྟ་རྒྱུ་ལྟ་མཁན་གཅིག་ཏུ་འདྲེས། །འདི་བལྟ་དེ་ལྟ་འདི་བསྒོམ་དེ་བསྒོམ་མེད། །འདི་ཡིན་དེ་ཡིན་མེད་པའི་ཐ་མལ་འདྲ། །རེས་འགའ་ཐ་མལ་ཉིད་དུ་བཞག་པ་ལས། །གང་ཡང་བྱ་རྒྱུ་ཟད་པའི་དུས་ཞིག་འབྱུང་། །སྔར་གྱི་བདེ་གསལ་མི་རྟོག་དེ་ཡང་མེད། །ཐོས་པ་ཆུང་བས་ང་ཡི་སྒོམ་པོར་སྙམ། །སྔར་ལྟར་ཨེའང་ཚད་ཀྱང་མི་འབྱུང་


KMC007_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག །ཧམ་པ་ཆེ་ན་སྒོམ་མེད་ཡིན་ནམ་སྙམ། །དེ་ནི་ངོ་བོ་མཐོང་བ་ཞེས་བྱ་སྟེ། །ཐ་མལ་ཤེས་པ་རྗེན་པ་རྟོགས་པ་ཡིན། །ཆོས་ཀུན་རང་གི་སེམས་སུ་ཐག་ཆད་ཅིང་། །སེམས་ནི་སྟོང་ཉིད་སྨྲ་བསམ་བརྗོད་དང་བྲལ། །མ་བཅོས་རང་གར་བཞག་པ་མ་གཏོགས་པ། །བྱ་རྒྱུ་མེད་ཀྱང་སྐབས་སུ་ཡེངས་པའི་དུས། །རང་ངོ་མི་མཐོང་ཐ་མལ་འཁྲུལ་པར་འཆོར། །ཡེངས་འདུག་སྙམ་དུ་འགྱོད་སེམས་དྲན་པས་ཟིན། །དྲན་པས་མ་ཟིན་བར་དུ་ཐ་མལ་པ། །དྲན་པས་ཟིན་ཙམ་ཉམས་ལེན་ཉིད་དུ་འཆར། །འདི་དུས་དྲན་པས་ཡང་ཡང་གསལ་འདེབས་བྱ། །ལྟ་སྟངས་ཡང་ཡང་བྱས་པས་གསལ་ཆ་ཆེ། །རེས་འགའ་རྩ་གཅིག་དབེན་སར་སྒོམ་པ་དང་། །རེས་འགའ་སྤྱོད་ལམ་ཀུན་ཏུ་བསྲེ་ཞིང་བསྒོམ། །འདི་ནས་མདོ་རྒྱུད་གྲུབ་ཐོབ་གསུང་རྣམས་ཀུན། །དཔེ་ཆ་བལྟས་པས་སེམས་དང་འཕྲོད་པ་འོང་། །བརྩོན་འགྲུས་ཆེ་ན་རྨི་ལམ་ཡང་ཡང་ཟིན། །བརྩོན་འགྲུས་ཆུང་ན་ཟིན་གྲངས་ཉུང་དུ་འགྲོ། །ཕྱི་


KMC007_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱི་རོལ་སྣོད་བཅུད་ཐམས་ཅད་ཀུན། །རྣམ་པ་སོ་སོར་མ་འདྲེ་གསལ་ན་ཡང་། །ངོ་བོ་ཆབ་རོམ་ཆུ་རུ་ཞུ་བ་ལྟར། །ཐམས་ཅད་སྟོང་ཉིད་སེམས་དང་དབྱེར་མེད་འདྲེས། །སྒོམ་པའང་སེམས་ཡིན་མ་བསྒོམས་པ་ཡང་སེམས། །སེམས་ནི་ཡེ་ནས་མ་གྲུབ་སྟོང་པ་ཉིད། །སྒོམ་དང་མ་བསྒོམས་ཡེངས་དང་མ་ཡེངས་སོགས། །ཁྱད་མེད་ཡེ་ནས་སྟོང་ཉིད་གནས་གཤིས་རྟོགས། །སངས་རྒྱས་ཀུན་གྱི་ཐུགས་དང་འགྲོ་དྲུག་སེམས། །ཡེ་ནས་ངོ་བོ་དབྱེར་མེད་སྟོང་པ་ཉིད། །ལྟ་བ་འཁོར་འདས་དབྱེར་མེད་དོན་དེ་ནི། །དཔེ་རྒྱུད་བལྟས་དང་བླ་མས་གསུངས་པ་ཡི། །གོ་བ་སྐམ་པོ་མིན་པ་རང་རྒྱུད་ལ། །ནང་ནས་ཚུར་ལ་འཆར་བ་འགྱུར་བ་ཡིན། །དེ་ཙམ་བྱུང་ན་རྟོགས་ལྡན་མིང་ཐོགས་ཙམ། །དེ་ཙམ་མཐོན་པོ་ཡིན་པར་མི་སེམས་ཏེ། །རང་ཉམས་ཤར་ཚོད་ཕན་པའི་སེམས་ཀྱིས་བཤད། །གསང་སྒྲོགས་གྱུར་ན་ལྷ་དང་བླ་མར་བཤགས། །དེ་ཡན་ཕྱིན་མ་མྱོང་བའི་རྣ་ཐོས་ཀྱི། །ས་རྒྱུས་འདོད་ན་དཔེ་རྒྱུད་རྣམས་


KMC007_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟོས། །དེ་ལྟར་ཟག་བཅས་ཟག་མེད་དགེ་བ་རྣམས། །དཔེར་ན་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར། །འཁོར་གསུམ་ཡང་དག་བསྔོ་བས་བསྔོ་བར་གཅེས། །འཁོར་གསུམ་ཡོངས་དག་བཤད་ལུགས་མང་ན་ཡངས། །ཉམས་ལེན་དེའི་ངང་ནས་བསྔོ་བས་མཐུས། །སྐྱེ་བ་སླ་ཞིང་ཕན་ཡོན་རྒྱ་ཆེ་བ། །བདེ་ཅན་དུ་སྐྱེ་བའི་བསྔོ་སྨོན་མཛོད། །སྐྱེའམ་མི་སྐྱེ་སྙམ་པའི་ཐེ་ཚོམ་སྤངས། །སྐྱེ་བར་ངེས་པ་སངས་རྒྱས་སྨོན་ལམ་ཡིན། །ནམ་ཞིག་བར་དོར་ཁྱམས་པར་ངོ་ཤེས་ཚེ། །ཞིང་ཁམས་དེ་རུ་འགྲོ་བར་ཐག་ཆོད་པའི། །དེ་ལྟའི་དུས་ནས་ཡིད་ལ་དུང་ངེ་མཛོད། །བར་དོར་དྲན་མ་ཐོག་ནས་སླེབ་པ་ཡིན། །ཉམས་འཆར་ལུགས་གེགས་སེལ་གྱི་གླུ་སྟེ་དྲུག་པའོ། །བླ་མ་རང་སེམས་ངོ་བོ་དབྱེར་མེད་ཅིང་། །སྟོང་ཉིད་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཀྱང་། །རིག་རྩལ་མ་འགགས་བླ་མ་འོད་དཔག་མེད། །སྤྱི་བོར་བསྒོམས་ལས་གསོལ་བ་བཏབ་པས་ན། །བྱིན་རླབས་ཤུགས་ཀྱིས་རྟོགས་པར་བོགས་སྐྱེད་འདྲ། །དེ་ཕྱིར་


KMC007_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་རྒྱུན་དུ་བསྒོམ། །ཡི་དམ་རང་སེམས་སྣང་ཆ་ཡིན་རྟོགས་ཀྱང་། །རང་ལུས་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ། །སྣང་སྟོང་དབྱེར་མེད་བསྒོམས་ལ་ཡི་དྲུག་བཟླ། །གཟུགས་སྐུའི་ས་བོན་ཐོབ་པའི་རྟེན་འབྲེལ་དང་། །བསྐྱེད་རྫོགས་ཟུང་འཇུག་གསང་སྔགས་བསྟན་པ་ཡིན། །འགྲོ་དྲུག་སེམས་ཅན་རང་བཞིན་མ་གྲུབ་ཀྱང་། །མ་རྟོགས་འཁོར་བར་འཁྱམས་པའི་སེམས་ཅན་ལ། །ཤུགས་འབྱུང་བྱམས་དང་སྙིང་རྗེ་ཆེན་པོ་ཡིས། །འགྲོ་དྲུག་སེམས་ཅན་སྡིག་དང་སྡུག་བསྔལ་ཀུན། །རླུང་གིས་རྔུབས་ལ་ཐམས་ཅད་རང་ལ་བསྟིམ། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བསྒོམ། །རང་གི་བསོད་ནམས་དགེ་རྩ་ཅི་ཡོད་པ། །དབུགས་ཕྱིར་བཏང་དང་མཉམ་དུ་འགྲོ་ལ་བསྟིམ། །འགྲོ་ཀུན་བདེ་སྐྱིད་ཚད་མེད་ཐོབ་པར་བསྒོམ། །སངས་རྒྱས་ཐོས་པའི་ཐབས་ལ་མེད་ཀ་མེད། །བཏང་ལེན་དམིགས་པ་ཟབ་ཆོས་སྙིང་པོ་ཡིན། །སྔ་དྲོ་དགོང་མོ་སཱུརྱའི་འོད་ཟེར་ལ། །ཟིམ་བུར་ཙཀྵུས་བལྟས་པས་


KMC007_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་འོད་ཟེར། །ཐིག་ལེ་ཐིག་ཕྲན་ཡིག་འབྲུ་ལྷ་སྐུ་འཆར། །དེ་དང་ཉམས་ལེན་སེམས་ངོ་བསྲེས་ལ་བལྟ། །གསལ་སྟོང་ཟུང་འཇུག་ལོངས་སྐུའི་ཞིང་ཁམས་མཐོང་། །ལྟ་བ་ཡིད་དཔྱོད་ཙམ་དུ་མ་ལུས་པའི། །མངོན་སུམ་བལྟ་ཆོག་རྫོགས་ཆེན་ཟབ་གནད་ཡིན། །བོགས་འདོན་གྱི་གླུ་སྟེ་བདུན་པའོ། །ཨེ་མ་ཧོ། །བླ་མ་བརྟེན་ཅིང་དམ་ཆོས་བྱས་པའི་དོན། །འཆི་དུས་འདི་བྱེད་ཁྲིག་གེ་ཡོད་པ་དགོས། །དེ་མིན་དགྲ་བྱུང་བློ་སྟོར་ཅི་ཆ་ཡོད། །ནམ་འཆི་ཆ་མེད་རྒྱུན་དུ་ཡིད་ལ་བཞག །ཆགས་པ་ཆེ་ཆུང་མེད་པར་ཆགས་ན་འཆིང་། །ལྷན་ཅིག་སྐྱེས་པའི་ཤ་རུས་བསྐྱུར་དགོས་ན། །གཉེན་དང་ནོར་ལ་ཆགས་པ་སེམས་མེད་ངང་། །གཉེན་དང་ཉེ་དུ་ནོར་རྫས་རང་ལུས་བཅས། །བླ་མ་དཀོན་མཆོག་གསུམ་ལ་ཡིད་ཀྱིས་ཕུལ། །འབུལ་བ་ཚར་ནས་བདག་པོ་མེད་པ་བལྟར། །སུས་ཁྱེར་སུས་བདག་འདི་བ་འཕྲེང་དོན་མེད། །རང་ལུས་ཡི་དམ་ཐུག་རྗེ་ཆེན་པོར་བསྒོམ། །དེ་ཕྱིར་བླ་མ་དཀོན་མཆོག་ཀུན་


KMC007_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ། །འོད་དཔག་མེད་མགོན་བསྒོམས་ལ་གསོལ་བ་བཏབ། །བུག་པ་བརྒྱད་པོ་ཧྲཱིཿཡིག་རེ་རེས་བཀག །ལུས་དབུས་དབུ་མ་མདའ་སྙུག་འབྲིང་པོ་ཙམ། །སྙིང་དབུས་རང་སེམས་ཧྲཱིཿཡིག་དཀར་པོ་གཅིག །ཡར་སྤར་འོད་དཔག་མེད་པའི་ཐུགས་ཀར་བསྟིམ། །དེ་འདྲའི་དམིགས་པ་བརྒྱའམ་ཉེར་གཅིག་ཙམ། །དེ་ནས་ཡིད་ལ་ཅི་ཡང་མི་བསམ་པ། །ཉམས་ལེན་སེམས་ངོའི་སྟེང་དུ་ས་ལེར་བཞག །སྣང་མཆེད་ཐོབ་གསུམ་ཐིམ་རིམ་ཅི་ཤར་ཡང་། །སོ་སོར་འདི་ཡིན་ངོས་སུ་བཟུང་བྱ་མི་དགོས། །རང་སེམས་མིན་པར་ཅི་ཡང་འཆར་རྒྱུ་མེད། །གང་ཤར་དེ་ཡི་ངོ་བོ་ཉིད་ལ་བལྟ། །ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་ཙམ། །གཞི་ཡི་འོད་གསལ་སྤྲིན་མེད་ནམ་མཁའ་ལྟར། །ཚུར་ལ་འཆར་དུས་དེ་ཡི་ངང་ལ་བཞག །ཡུན་རིང་གནས་ན་ཐུགས་དམ་ཟིན་པ་ཡིན། །རྟགས་ནི་མདོག་ལེགས་མིག་ནི་ཟིལ་བུ་འདྲ། ཁ་ཡང་འཛུམ་པ་འདྲ་ན་ཟིན་པར་བཤད། །ཚོག་བུ་སྐྱིལ་ཀྲུང་སེང་གིའི་ཉལ་སྟབས་སོགས། །


KMC007_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་གཡོག་པ་ཡི་གང་བྱུང་མ་གཏོགས་པ། །དོན་ལ་ཉལ་དང་ལངས་ལ་ཁྱད་པར་མེད། །གལ་ཏེ་མ་ཟིན་པའམ་འདྲོག་ན་ཡང་། །འཆི་ཁར་འཕོ་བའི་དམིགས་པ་བྱས་པ་དེས། །རྣམ་ཤེས་ཚངས་བུག་ཐོན་པས་ཕན་ཡོན་ཆེ། །ཆོས་སྐུའི་འཕོ་བ་ཐུགས་དམ་དོན་གཅིག་པས། །གཉིས་མི་འགལ་འདི་གནོད་ཆེ་བརླིང་བ་ཡིན། །དེ་ནས་བར་དོ་བར་ཁྱམས་པར་གྱུར་ན་ཡང་། །གང་ཤར་དེ་ཡི་ངོ་བོ་བལྟས་པ་ཡིས། །རང་སེམས་འཁྲུལ་པའི་སྟོང་གཟུགས་ཉིད་ལས་གཞན། །ཞི་བ་ཁྲོ་བོ་གཤིན་རྗེ་གཅིག་ཀྱང་མེད། །དེ་ནས་སྐྱེ་བ་ལེན་པའི་གྲབས་བྱུང་ན། །འཁོར་བ་ཐོག་མ་མེད་ནས་ད་ལྟའི་བར། །རིགས་དྲུག་སྐྱེ་བ་རྫི་བོའི་རེས་ལྟར་འཁོར། །སྐྱེ་རྒ་ན་འཆི་འཕྲང་རྡོག་བཞིན་དུ་བགྲངས། །དེས་ན་འཁོར་བར་སུན་དྲགས་ཞེ་བཅད་དྲག །ངན་སོང་སྡུག་བསྔལ་དེ་ནི་བསམ་མི་ཚུགས། །ལྷ་དང་མི་ཡང་སྐྱེ་འཆིའི་འཁོར་ལོར་འཁོར། །ད་ནི་སྡུག་བསྔལ་ཀུན་བྲལ་བདེ་བའི་གནས། །ནུབ་ཕྱོགས་བདེ་བ་ཅན་


KMC007_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞིང་ཁམས་སུ། །འོད་དཔག་མེད་ལ་དམ་ཆོས་ཉན་དུ་འགྲོ། །བསམ་པར་བྱས་ཏེ་ཆགས་ཞེན་སྤངས་ལ་འགྲོ། །ད་ལྟ་བཞིན་དུ་གོམ་པས་འགྲོ་མི་དགོས། །བྱ་བཞིན་གཤོག་པས་འཕུར་ཡང་མི་དགོས་ཏེ། །ཡིད་ཀྱི་ལུས་དེས་དྲན་མ་ཐག་ནས་སླེབས། །དེ་སྐྱེས་གཏན་དུ་བདེ་ཞིང་སྡུག་བསྔལ་མེད། །འགྲོ་བ་སེམས་ཅན་དོན་ཡང་འབྱུང་བ་སྟེ། །ས་ཐོབ་ནས་ནི་སྤྲུལ་པས་གཞན་དོན་བྱེད། །འཆི་བ་ལམ་གྱི་གླུ་སྟེ་བརྒྱད་པའོ།། །།དེ་ལྟར་ཉམས་ལེན་གླུ་ཆུང་ལེའུ་བརྒྱད། །དད་ལྡན་ཚོང་དཔོན་བུ་ལུ་ཞེས་བྱ་བས། །ཤོག་གུ་ཕུལ་བའི་བལྡབས་ལེན་ལ་དམིགས་ནས། །ཞག་གསུམ་ཁྲིད་ཆུང་བཤད་པའི་བརྗེད་ཐོ་ལ། །རྟག་ལོ་ས་ག་ཟླ་བའི་ཚེས་གཉིས་ཉིན། །རྫོགས་པར་བྲིས་འདི་རཱ་ག་ཨ་སྱས་སོ། །འཕྲལ་དུ་ཡིད་ལ་གང་ཤར་བྲིས་པ་ལ། །འགལ་བ་མཆིས་ན་མཁས་པ་རྣམས་ལ་བཤགས། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་རྫོགས་སོ།། །།སརྦ་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་


KMC007_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་ཡིག་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ།


KMC007_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་ཡིག་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་བཞུགས། །


KMC007_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོཿཤྲཱི་གུ་ར་ཝེ། །སྲིད་དང་ཞི་བའི་རོལ་པ་བགྲངས་ཡས་ཀྱིས། །མི་འགྱུར་གདོད་ནས་གྲུབ་པ་རྡོ་རྗེ་སེམས། །གཉུག་མའི་རང་བབ་མ་བཅོས་བླ་མ་ལ། །བཏུད་ནས་ཕྱག་རྒྱ་ཆེན་པོའི་མན་ངག་བྲི། །དེ་ཡང་སྔོན་འགྲོ་བྱང་སེམས་སྦྱོང་བ་དང་། །ཡི་དམ་ལྷ་དང་བླ་མ་བསྒོམ་པ་དང་། །དངོས་གཞི་ཕྱག་རྒྱ་ཆེན་པོར་མཉམ་བཞག་ཅིང་། །རྗེས་ལ་བསྔོ་བས་རྒྱས་གདབ་བཅས་པ་ནི། །ཐུན་ཁོང་རེར་ཡང་ཚང་བར་ཉམས་བླང་ཕྱིར། །ཕྱག་ཆེན་ལྔ་ལྡན་ཞེས་བྱར་ཡོངས་སུ་གྲགས། །དེ་ལ་དང་པོ་བྱང་


KMC007_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྦྱོང་བ་ནི། །ཀུན་རྫོབ་སེམས་བསྐྱེད་ཉིད་ཡིན་དེ་ལ་ཡང་། །འགྲོ་བར་འདོད་དང་འགྲོ་བཞིན་པ་འདྲ་བའི། །སྨོན་འཇུག་གཉིས་སོ་སྨོན་པ་སེམས་བསྐྱེད་ནི། །འགྲོ་བ་མཐའ་དག་ཕ་མར་མ་གྱུར་མེད། །བདེ་བ་འདོད་ཀྱང་བདེ་བའི་ཐབས་མ་ཤེས། །སྡིག་པ་འབའ་ཞིག་སྤྱད་པས་འཁོར་བར་འཁྱམས། །དེ་ལ་ཀུན་ཁྱབ་བྱམས་དང་སྙིང་རྗེ་ནི། །རྟག་ཏུ་བསྒོམ་ཞིང་དེ་དོན་རང་ཉིད་ཀྱིས། །བྱང་ཆུབ་བསྒྲུབ་སྙམ་སྙིང་ནས་སྨོན་པའོ། །འཇུག་པ་སེམས་བསྐྱེད་སངས་རྒྱས་འགྲུབ་པའི་རྒྱུ། །ཕར་


KMC007_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་དྲུག་གམ་བཅུ་ཡིན་དེ་དག་ཀྱང་། །ཚོགས་གཉིས་ལ་འདུས་དེ་ཕྱིར་ཚུལ་ཁྲིམས་ནི། །བསོད་ནམས་ཚོགས་ཡིན་ལྷག་མཐོང་ཡེ་ཤེས་ཚོགས། །གཉིས་ཀར་གཏོགས་པ་ཞི་གནས་བསམ་གཏན་སྟེ། །དེ་རྣམས་ལེ་ལོ་མེད་པར་བསྒྲུབ་སྙམ་པའི། །དམ་བཅའ་དང་བཅས་རྩེ་གཅིག་སྒྲུབ་པ་ཡིན། །གཉིས་པ་རང་ལུས་ཡི་དམ་ལྷར་བསྒོམ་སྟེ། །ལྷག་ལྷ་དམིགས་གསལ་ཡོད་དམ་མེད་ཀྱང་རུང་། །འཇིག་རྟེན་དབང་ཕྱུག་ཕྱག་བཞི་པ་བསྒོམ་ཞིང་། །སྣང་གྲགས་རིགས་གསུམ་ལྷ་སྔགས་ཏིང་འཛིན་གྱིས། །ལམ་དུ་ཁྱེར་ཞིང་ཐ་མལ་ཞེན་པ་སྤོང་། །གསུམ་པ་རང་ལྷར་གསལ་བའི་སྤྱི་གཙུག་ཏུ། །པད་ཟླའི་སྟེང་བཞུགས་རྩ་བའི་བླ་མ་ནི། །དཀོན་མཆོག་ཀུན་འདུས་རྡོ་རྗེ་འཆང་ཆེན་ནི། །བཀའ་བརྒྱུད་བླ་མས་བསྐོར་བར་གསལ་བཏབ་ནས། །དུས་གསུམ་རྒྱལ་བའི་ཐུགས་རྗེ་ནུས་པས་ཀྱང་། །བླ་མ་མེད་པར་གདུལ་བྱའི་རྒྱུད་མི་སྨིན། །ཁྱད་པར་རྒྱལ་བ་རྣམས་ཀྱི་མཐུ་རྡུགས་པའི། །སྙིགས་མའི་སྐྱེ་བོ་རྨུ་རྒོད་གྱུར་པ་


KMC007_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་། །དགེ་བའི་སེམས་གཅིག་སྐྱེས་པ་ནས་བརྩམས་ཏེ། །ཐབས་མཁས་ཚུལ་གྱིས་ཕན་གདགས་གྲངས་ལས་འདས། །དེས་ན་སངས་རྒྱས་ཀུན་དང་མཉམ་པའམ། །ལྷག་པར་བསམས་ནས་རྩེ་གཅིག་གསོལ་བ་འདེབས། །མཐར་ནི་ཚར་གསུམ་ཁུག་པའི་དབང་བླངས་ནས། །བླ་མ་འོད་ཞུ་རང་ལ་ཐིམ་པའི་མདོ། །རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་པོ། །དབྱེར་མེད་གྱུར་སྙམ་མ་བཅོས་རང་བབ་བཞག །བཞི་པ་དངོས་གཞི་ཕྱག་ཆེན་བསྒོམ་པ་ལ། །གོ་བྱ་དང་ནི་ཉམས་སུ་ལེན་པ་གཉིས། །དང་པོ་སྣང་སྲིད་འཁོར་འདས་ཆོས་རྣམས་ཀྱི། །རང་བཞིན་གདོད་ནས་རྣམ་དག་ཆོས་དབྱིངས་དེ། །ཟབ་གསལ་གཉིས་མེད་མཐའ་བྲལ་འདུས་མ་བྱས། །དེ་ལ་དང་པོའི་སངས་རྒྱས་ཞེས་བྱ་དང་། །རྒྱུ་རྒྱུད་དང་ནི་གནས་ལུགས་ཕྱག་ཆེན་དང་། །བདེར་གཤེགས་སྙིང་པོ་ཞེས་ཀྱང་རབ་ཏུ་གྲགས། །རང་བཞིན་རྣམ་དག་མཁའ་འདྲ་དེ་ཉིད་ལ། །གློ་བུར་རྣམ་རྟོག་གཡོས་པས་བདག་དང་ནི། །བདག་


KMC007_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གིར་བཟུང་སྟེ་མ་རིག་པ་ལ་སོགས། །རྟེན་འབྲེལ་ལུགས་འབྱུང་འཁོར་བའི་འཁོར་ལོར་གྲུབ། །འདི་ཡི་རང་མཚན་བླ་མས་ངོ་སྤྲད་ནས། །འཁོར་བའི་རྩ་བ་བདག་འཛིན་ཡིན་པ་དང་། །དེ་ཡི་རྩ་བ་རྣམ་རྟོག་ཡིན་ཤེས་ན། །མེ་བསད་དུ་བ་ངང་གིས་འགག་འགྱུར་བཞིན། །རྣམ་རྟོག་སྤངས་པའི་སྟོང་ཉིད་བསྒོམས་པ་ནི། །ཐར་ལམ་མཆོག་སྟེ་དེ་ཉིད་རྟོགས་པའི་ཐབས། །སྔགས་སུ་བསྐྱེད་རིམ་རླུང་སྦྱོར་འབར་འཛག་སོགས། །དུ་མར་གསུངས་དང་མདོ་ལས་ཞི་གནས་ཀྱི། །དམིགས་པ་སྣ་ཚོགས་ལྷག་མཐོང་གཏན་འབེབ་སོགས། །བགྲང་ཡས་གསུངས་པ་དེ་དག་ཐམས་ཅད་ཡིན། །ཅི་ཕྱིར་ཞེ་ན་སྟོང་ཉིད་མ་རྟོགས་པར། །འཁོར་བ་ལས་བརྒལ་སངས་རྒྱས་འབྱུང་མི་སྲིད། །དེ་ཕྱིར་རྒྱལ་བས་ཆོས་རྣམས་གང་བསྟན་པ། །སྟོང་པ་ཉིད་ལ་གཞོལ་ཞིང་འབབ་ཅེས་གསུངས། །འཕགས་པས་སྟོང་ཉིད་བསྒོམས་པས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་པ་དེ་དོན་ཡིན་ཅེས་གསུངས། །དེ་ལྟར་རྣམ་རྟོག་སྤོང་ཞིང་སྒོམ་པ་ལའང་། །


KMC007_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མུ་སྟེགས་འགའ་ཞིག་རྟོག་མེད་མཆོག་གི་བདག །ཡིན་སྙམ་འདུ་ཤེས་ལོག་པའི་བསྒོམ་པ་དང་། །རྟོག་མེད་ཏིང་འཛིན་ཧྭ་ཤང་ལུགས་ཡིན་ཞེས། ལས་དང་པོ་ཡི་ཞི་གནས་བཀག་པ་དང་། །ཕྱིས་དུས་གྲགས་ལྡན་ཆེན་པོ་ཕལ་ཆེར་གྱིས། །རྣམ་རྟོག་ཕྲེང་བ་སྒོམ་དུ་སྨྲ་བ་སོགས། །དྲི་མ་ཅན་གྱི་བསམ་གཏན་རབ་སྤངས་ནས། །རྒྱལ་བའི་བཀའ་ལ་བརྒྱུད་པའི་མན་ངག་གིས། །བརྒྱན་པ་ཁ་ཙམ་མ་ཡིན་མྱོང་ཁྲིད་ཀྱིས། །འཁྲིད་བྱས་སྐལ་ལྡན་དག་གིས་ཉམས་མྱོང་བའི། །ཏིང་འཛིན་ཤེས་རབ་ཟུང་དུ་འཇུག་པ་ནི། །ལམ་དུ་བདེ་བར་གཤེགས་པའི་སྙིང་པོ་དང་། །ཐབས་ཀྱི་རྒྱུད་དང་ལམ་གྱི་བདེན་པ་དང་། །ཡེ་ཤེས་ཚོགས་ཞེས་བྱ་བར་བཞེད་པ་ཡིན། །དེ་ཡང་ཏིང་འཛིན་ཞེས་པ་རྟོག་མེད་དུ། །རྩེ་གཅིག་གནས་པའི་ཞི་གནས་བསམ་གཏན་ཡིན། །རྟོག་བྲལ་མ་འཁྲུལ་འོད་གསལ་སེམས་ཉིད་དེ། །ཆོས་རྣམས་ཀུན་གྱི་གནས་ཚུལ་ཡིན་པའི་ཕྱིར། །འཁོར་འདས་མཐའ་དག་སྐྱེ་མེད་སྤྲོས་བྲལ་


KMC007_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །རྟོགས་པའི་ངེས་ཤེས་གཏིང་ནས་ཤར་བ་ནི། །ལྷག་མཐོང་དང་ནི་ཤེས་རབ་ཅེས་སུ་བཤད། །ཞི་ལྷག་དེ་གཉིས་མཉམ་པར་བཞག་དུས་སུ། །ངོ་བོ་གཅིག་པས་ཟུང་འཇུག་ཅེས་བྱ་ཞིང་། །མཉམ་རྗེས་འདྲེས་པར་མ་གྱུར་དེ་སྲིད་དུ། །རྗེས་ཐོབ་དཔྱོད་པའི་ཤེས་རབ་གཙོ་བོ་ཡིན། །མདོ་ལས་ལྷག་མཐོང་ལ་ནི་རིག་པ་དང་། །ཞི་གནས་ལ་ནི་རྐང་པའི་སྒྲ་བསྟན་ཏེ། །མིག་གིས་རིག་པ་མེད་ན་རྐང་པ་ཡིས། །འགྲོ་བའི་ལམ་མི་ཤེས་ཤིང་མི་རིག་ཀྱང་། །རྐང་པ་མེད་ན་དེར་བགྲོད་ག་ལ་ནུས། །དེ་ཕྱིར་རིག་དང་རྐང་པར་ལྡན་ཅེས་གསུངས། །དེ་ལྟར་བསྒོམས་པས་ཆོས་དབྱིངས་མཁའ་འདྲ་ལ། །རང་བཞིན་གནས་པའི་དྲི་མ་མི་སྲིད་ཀྱང་། །གློ་བུར་ཉོན་ཤེས་དྲི་མ་སྤྲིན་འདྲ་བ། །རིམ་གྱིས་སངས་པས་ས་བཅུ་ལམ་ལྔ་དང་། །ཤཱནྟི་པས་བཞེད་རྩེ་གཅིག་སྤྲོས་བྲལ་དང་། །རོ་གཅིག་སྒོམ་མེད་སོགས་ཀྱི་དབྱེ་བ་རྣམས། །རྣམ་པར་བཞག་ཅིང་དྲི་མ་བག་ཆགས་བཅས། །གཏན་ཟད་ཚེ་ན་རྫོགས་པའི་སངས་རྒྱས་


KMC007_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། །མཁའ་ཁྱབ་ཆོས་སྐུ་མངོན་དུ་གྱུར་བ་ན། །བསོད་ནམས་ཚོགས་ཀྱི་གཟུགས་སྐུ་འབྲས་བུ་གཉིས། །ཉིད་དང་འོད་ལྟར་འབད་མེད་འབྱུང་བ་ནི། །འབྲས་བུའི་རྒྱུད་དང་འབྲས་བུའི་སངས་རྒྱས་དང་། །བདེ་གཤེགས་སྙིང་པོ་དག་པ་གཉིས་ལྡན་ཞེས། །རྒྱལ་བའི་བསྟན་འདིར་རབ་ཏུ་གྲགས་པ་ཡིན། །གཉིས་པ་ཉམས་ལེན་དངོས་ལ་བཞག་ཐབས་གཉིས། །ལུས་ཀྱི་བཞག་ཐབས་རྣམ་སྣང་ཆོས་བདུན་བཅས། །སེམས་ཀྱི་བཞག་ཐབས་འདས་དང་མ་འོངས་ཀྱི། །རྣམ་རྟོག་ཚོགས་ལ་སྔོན་བསུ་རྗེས་འབྲང་མིན། །ད་ལྟའི་ཤེས་པ་ཅེར་གྱིས་ངོས་བཟུང་ནས། །བཟོ་བཅོས་མེད་པར་དེ་སྟེང་ལྷོད་ཀྱིས་བཞག །རྟོགས་པ་འཕྲོ་ན་འཕྲོ་མཁན་ངོས་བཟུང་སྟེ། །དགག་སྒྲུབ་སྤང་བླང་མི་བྱ་དེ་ངང་ཀློད། །གལ་ཏེ་རྩེ་གཅིག་པ་ཉིད་མ་ཐོབ་ན། །ཤིང་བུ་རྡེའུ་ལྷ་སྐུ་ཡིག་འབྲུ་སོགས། །སེམས་འཛིན་དམིགས་རྟེན་གང་མོས་ཞིག་ལ་གཏད། །རིམ་གྱིས་གོམས་ནས་ཅུང་ཟད་སེམས་བརྟན་ཚེ། །ཐུན་


KMC007_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་གྲངས་མང་བྱ་ཞིང་ཐུན་གྱི་སྐབས། །དང་པོར་ཚོགས་དྲུག་ཤེས་པ་ཐམས་ཅད་ཀུན། །དྲན་པ་རྩེ་གཅིག་སྟེང་དུ་ཧྲིལ་གྱིས་དྲིལ། །དེ་མ་ཐག་ཏུ་སོག་བོན་མདུད་ཆད་ལྟར། །ལྷོད་ཀྱིས་ཀློད་ནས་མ་ཡེངས་ཙམ་མ་གཏོགས། །བསྒོམ་བྱ་སྒོམ་བྱེད་ཡོད་མེད་ཡིན་མིན་དང་། །བདེ་གསལ་མི་རྟོག་སྟོང་པ་ལ་སོགས་པ། །འདི་བསྒོམ་སྙམ་པའི་གཏད་སོ་ཐམས་ཅད་སྤང་། །ཐ་མར་གཟིང་ལ་འཕུར་བའི་བྱ་རོག་བཞིན། །དྲན་པ་རང་སོ་མ་ཤོར་ཙམ་ཉིད་ལས། །རིག་པ་བདག་བཟུང་མེད་པར་ཅི་དགར་བསྒྱུར། །དེ་ལ་བརྟེན་ནས་ཚོགས་དྲུག་ཡུལ་སྣང་དང་། །ན་ཚ་ཉོན་མོངས་རྣམ་པར་རྟོག་པ་ལ། །དམིགས་རྟེན་བྱས་ནས་བསྲེས་ཏེ་བསྒོམ་པ་ཡིན། །དེ་དག་རྣམས་ཀྱིས་མི་གཡེལ་ཏིང་འཛིན་འཕེལ། །མདོར་ན་ཞི་གནས་བསམ་གཏན་སྒོམ་པའི་ཚེ། །ཧ་ཅང་ཀློད་ན་བྱིང་བར་འགྱུར་བ་སྟེ། །གྲིམས་དྲགས་རྒོད་ཅིང་ཤེས་པ་སོར་མི་གནས། །གྲིམས་ལ་སྐྱོན་ཡོན་སེམས་གདུངས་གྱུར་བ་སྟེ། །ཐེ་ཚོམ་དབང་གྱུར་


KMC007_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་མི་འཐོབ་པས། །སྤྲོ་དང་ངེས་ཤེས་གྲིམ་ལྷོད་རན་པས་བསྒོམ། །བདེ་གསལ་སྟོང་པའི་ཉམས་སྣང་ཅི་ཤར་ཡང་། །ཆགས་ན་འཁོར་བར་གོལ་བས་ཞེན་མེད་དུ། །དགག་སྒྲུབ་མེད་པར་རང་ངོ་ཤེས་བཞིན་བསྐྱང་། །དེ་ནས་ལྷག་མཐོང་ངོ་སྤྲོད་གདབ་པ་ནི། །བྱམས་པ་མགོན་པོས་མདོ་སྡེ་རྒྱན་ཉིད་དུ། །སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་སྟོང་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པ་ཆོས་ཀྱི་དབྱིངས་གནས་ཤེས། །གསུངས་པ་བཞིན་དུ་ལུང་དང་རིག་པ་དང་། །ཉམས་མྱོང་ཚད་མ་གསུམ་གྱིས་གཏན་ཕེབས་ནས། །དང་པོ་རྟོག་པའི་ཡོ་ལང་སྣང་བ་ཀུན། །སེམས་ཙམ་ཉིད་ལས་གཞན་དུ་མ་གྲུབ་པ། །དཔེར་ན་རྨི་ལམ་ཡུལ་བཞིན་ཤེས་པར་བྱ། །ཐོགས་མེད་སེམས་ལས་སྲ་གཤེར་དྲོད་ལ་སོགས། །ཐོགས་བཅས་དངོས་པོ་གྲུབ་པ་ཅི་སྙམ་ན། །བ་ལང་རྫི་ཡིས་སྤྱི་བོར་རྭ་བསྒོམ་པས། །མངོན་སུམ་སྐྱེས་དང་སྔགས་པས་


KMC007_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་བསྒྲུབས་པས། །སོག་མ་མེད་པར་གྱུར་པའི་གཏམ་རྒྱུད་དང་། །བསྐྱེད་རིམ་བརྟན་པས་ཡི་དམ་ལྷ་མཐོང་སོགས། །ཚེ་གཅིག་ཉིད་ལའང་དེ་བཞིན་འགྲུབ་འགྱུར་ན། །ཐོག་མེད་དུས་ནས་བག་ཆགས་ངན་གོམས་པས། །དེ་ལྟར་འགྲུབ་པར་མི་འགྱུར་ཅི་ཞིག་ཡོད། །ཆུ་ཕོར་གང་ལ་ལྷ་ཡིས་བདུད་རྩི་དང་། །ཡི་དྭགས་རྣམས་ཀྱིས་རྣག་ཁྲག་མཐོང་བ་དང་། །རི་ལ་གཞི་བདག་རྣམས་ཀྱིས་ཁང་བཟང་དང་། །མི་ཡིས་ས་རྡོ་ཕལ་པར་མཐོང་བ་སོགས། །སེམས་སྣང་ཙམ་ལས་བདེན་པར་མེད་པའི་རྟགས། །དེ་ལྟར་ཡུལ་སྣང་སེམས་སུ་ངེས་བྱས་ནས། །སེམས་ཀྱང་སྟོང་པ་ཉིད་དུ་ཤེས་བྱ་སྟེ། །སེམས་ལ་དངོས་པོར་གྲུབ་པ་རྡུལ་ཙམ་མེད། །ཅི་ཕྱིར་ཞེ་ན་ཡུལ་གྱི་རྐྱེན་སྣང་ཚེ། །རིག་ཙམ་ཏུར་ཙམ་སྐད་ཅིག་སྐྱེ་ཞིང་འགགས། །དེ་ཡང་རྣམ་ཤེས་ཚོགས་བརྒྱད་དབྱེ་བ་ཅན། །རེ་རེའི་གཞི་རྩ་བཅད་ན་རྩ་བ་གཏོར། །ཀུན་གཞི་ཞེས་པ་མིང་ཙམ་ལས་གཞན་མེད། །དཔེར་ན་སྨིག་སྒྱུ་ལ་ནི་ཆུ་མེད་ཀྱང་། །རི་དྭགས་སྐོམ་


KMC007_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆུར་འཁྲུལ་རྗེས་སྙེགས་བཞིན། །ཤིན་ཏུ་བརྫུན་པའི་སེམས་འདིར་བདག་བཟུང་ནས། །ལས་ངན་གསོག་པ་ཆེས་ཆེར་འཁྲུལ་པ་ཡིན། །དེས་ན་རྒྱལ་བས་མདོ་སྡེའི་སྡེ་སྣོད་དུ། །སེམས་ལ་སེམས་མ་མཆིས་ཞེས་གསལ་བར་གསུངས། །སེམས་མེད་གྱུར་ན་དེ་ཡི་རང་བཞིན་ནི། །འོད་གསལ་ཡིན་ཞེས་གསུངས་པ་ཅི་ཞེ་ན། །སེམས་ཞེས་བྱ་བ་རྣམ་ཤེས་ཚོགས་བརྒྱད་དེ། །དེ་དག་འཁྲུལ་པའི་རང་བཞིན་རྣམ་རྟོག་ཡིན། །སེམས་ཀྱི་རང་བཞིན་འོད་གསལ་ཅེས་བྱ་བ། །རྟོག་མེད་མ་འཁྲུལ་རང་རིག་ཡེ་ཤེས་ཡིན། །དེ་ནི་གསར་དུ་བསྒོམས་པས་ཐོབ་པའམ། །རྒྱལ་བའི་ཐུགས་རྗེས་སྩལ་བ་མ་ཡིན་ཏེ། །ཐོག་མེད་རྒྱུ་རྒྱུད་རང་བཞིན་གནས་རིགས་དེ། །རང་གི་ཚོགས་བསགས་སྒྲིབ་སྦྱོང་བསྒོམས་སྟོབས་དང་། །རྟོག་ལྡན་བླ་མའི་བྱིན་རླབས་ངོ་སྤྲོད་ཀྱིས། །རང་ལ་ཡོད་པ་རང་གིས་མཐོང་བ་ཡིན། །དེ་ཕྱིར་གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་རྙེད་པ་མ་ཡིན་ཏེ། །དཔལ་ལྡན་


KMC007_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ་ཞེས་གསུངས། །དེ་ལྟར་གཟུང་བའི་ཡུལ་དང་འཛིན་པའི་སེམས། །གཉིས་དང་བྲལ་བའི་རང་བཞིན་ལྷན་ཅིག་སྐྱེས། །མཁའ་ལྟར་དག་ཅིང་རྒྱ་ཆད་ཕྱོགས་ལྷུང་མེད། །སྤྲོས་བྲལ་ཞི་ལྷག་ཟུང་དུ་འཇུག་པ་དེར། །སྐད་ཅིག་ཙམ་ཡང་མཉམ་པར་བཞག་ནུས་ན། །བསྐལ་པར་བསགས་པའི་མུན་པ་འཇོམས་ཞེས་གསུངས། །དེ་ལྟའི་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་དེ། །མདོ་སྔགས་གཉིས་ཀའི་ལྟ་བའི་སྙིང་པོའོ། །སློབ་དཔོན་ཀླུ་སོགས་དབུ་མ་ལས་ལྷག་པའི། །ལྟ་བ་མེད་ཅེས་གསུངས་དང་ཚུལ་སྒྲོན་ལས། །དོན་གཅིག་ཅེས་བཤད་ལྟ་བ་གཅིག་པའི་དོན། །དེས་ན་བླ་མེད་དབང་བཞི་བརྒྱ་ཕྲག་ཏུ། །རང་གིས་ནོད་ཅིང་གཞན་ལ་བསྐུར་བཞིན་དུ། །བཞི་བའི་དབང་དོན་ཕྱག་རྒྱ་ཆེན་པོ་ནི། །རང་གིས་ཉམས་སུ་ལེན་པ་ལྟ་ཅི་སྨོས། །མིང་ཙམ་ཐོས་ན་རྣ་བ་འགེབས་པ་ནི། །འདོད་ཁམས་བདག་པོའི་ལས་ལས་གཞན་ཅི་ཞིག །དེ་ལྟར་ཟུང་


KMC007_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རྣལ་འབྱོར་བསྒོམ་པའི་ཚེ། །བདེ་གསལ་མི་རྟོག་རྣམས་ལ་ཞེན་གྱུར་ན། །འདོད་གཟུགས་གཟུགས་མེད་རྣམས་སུ་གོལ་འགྱུར་བས། །མ་ཞེན་མི་འགོགས་ཤུགས་འབྱུང་བསྐྱང་བར་བྱ། །གཞན་ཡང་གོ་བ་ཙམ་གྱིས་ཆོག་རློམས་དང་། །སྣང་བ་བཤིགས་ནས་སྟོང་བར་དམིགས་པ་དང་། །ཅུང་ཟད་ཙམ་ཞིག་རྣམ་རྟོག་འགགས་པ་ལ། །གཡང་ས་ལྟ་བུར་འཇིགས་པར་ལྟ་བ་དང་། །རྣམ་རྟོག་གང་ཤར་སྐྱོན་དུ་འཛིན་པ་སོགས། །བློས་བྱས་རྟོག་གེའི་གྲུབ་མཐའི་ཀུན་སྤངས་ནས། །གང་ཤར་བཟོ་མེད་རང་བབས་སྐྱོང་བ་དང་། །མ་ཡེངས་མི་བསྒོམ་ལྷུག་པར་འཇོག་པ་སོགས། །གྲུབ་པའི་གདམས་ངག་ཉམས་མྱོང་བརྒྱན་པ་ཡི། །ལུགས་བཞིན་བརྩོན་འགྲུས་བརྩམས་ནས་སྒོམ་པའི་ཚེ། །ཡེ་ཤེས་སྙིང་ནས་ཤར་ཞིང་སྒྲོ་འདོགས་ཆོད། །མི་འདོད་བཞིན་དུ་ལམ་རྟགས་ཡོན་ཏན་འཕེལ། །དངུལ་ཆུ་ས་ལ་བོ་བ་ཇི་བཞིན་དུ། །ཆོས་བརྒྱད་རྡུལ་དང་མ་འདྲེས་འཁོར་བ་ཡི། །བདེ་འབྱོར་ཀུན་ལ་དུག་


KMC007_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཞེན་པ་ལོག །སྟོང་དང་རྟེན་འབྱུང་ཟུང་འཇུག་གནད་གོ་བས། །ཐབས་ཤེས་ཟུང་འབྲེལ་དོན་གཉིས་ལྷུན་གྲུབ་ཏུ། །བྱུང་ན་དགེ་སྦྱོར་གནད་དུ་སོང་ཞེས་བྱ། །དེ་ལྟར་སྔོན་འགྲོ་གསུམ་པོ་བསོད་ནམས་ཚོགས། །དངོས་གཞི་ཡེ་ཤེས་ཚོགས་ཏེ་ཚོགས་གཉིས་ཀྱི། །འབྲས་བུ་སྐུ་གཉིས་སམ་ནི་སྐུ་གསུམ་འཐོབ། །དེ་ཡང་གཞི་དང་ལམ་གྱི་འོད་གསལ་གཉིས། །མ་བུ་འཕྲད་ཅེས་འདྲེས་པར་གྱུར་པའི་ཚེ། །རྫོགས་སངས་རྒྱས་ཞེས་བྱ་ཞིང་དེ་ཡི་ཚེ། །ངོ་བོ་སྟོང་པ་ཆོས་ཀྱི་སྐུ་ཡིན་ཅིང་། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ། །རྩལ་སྣང་འགག་མེད་སྤྲུལ་སྐུ་རབ་འབྱམས་སྟེ། །ཐམས་ཅད་རྫོགས་པ་བདེ་བ་ཆེན་པོའི་སྐུ། །སྐུ་བཞིའི་རང་བཞིན་གདོད་མའི་གནས་ལུགས་ཏེ། །རང་ངོ་ཤེས་པ་འབྲས་བུའི་མཆོག་ཡིན་ཕྱིར། །རེ་དོགས་མེད་པ་འབྲས་བུ་ཡིན་ཅེས་གསུངས། ༈ །ལྔ་པ་རྗེས་ལ་བསྔོ་བའི་རྒྱས་འདེབས་ནི། །རང་རིག་བདེར་གཤེགས་སྙིང་པོའི་དཀྱིལ་འཁོར་དུ། །ཚོགས་གཉིས་བསགས་པའི་


KMC007_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་དེས་མཚོན་ཏེ། །དུས་གསུམ་དགེ་བ་ཇི་སྙེད་ཡོད་དོ་འཚལ། །གཅིག་བསྡུས་ལས་དང་བྱེད་པོ་བསྔོ་ཡུལ་བཅས། །འཁོར་གསུམ་མི་དམིགས་སྟོང་ཉིད་ལྟ་བ་ཡིས། །ཟིན་པའི་ངང་ནས་བདག་གཞན་འགྲོ་བ་ཀུན། །འཁོར་བའི་གཟེབ་ལས་མྱུར་དུ་ཐར་གྱུར་ཏེ། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེའི། །གོ་འཕང་ཐོབ་ཕྱིར་རྩེ་གཅིག་བསྔོ་བར་བྱ། །དེ་ཡང་དགེ་བ་རྒྱ་ཆེན་ཅི་བསྒྲུབས་ཀྱང་། །འཁོར་གསུམ་ཡོངས་དག་ལྟ་བས་མ་ཟིན་ན། །རྒྱལ་བས་ཤེར་ཕྱིན་ལ་སོགས་མདོ་སྡེ་རུ། །མིག་དང་བྲལ་བའི་སྐྱེ་བོ་ལྟ་བུ་དང་། །དུག་འདྲེས་ཁ་ཟས་ཟ་བ་འདྲར་གསུངས་པས། །སྐྱོན་མེད་ཐར་བའི་རྒྱུ་རུ་མི་འགྱུར་ཕྱིར། །དེས་ན་བག་དང་ལྡན་པས་རྣམ་ཀུན་ཏུ། །བསྐྱེད་རྫོགས་རྣལ་འབྱོར་དགེ་སྦྱོར་ཅི་བྱེད་ཀྱང་། །འབད་པས་བྱང་ཆུབ་ས་བོན་ཐེབས་པར་མཛོད། །དེ་ལྟར་ཐུན་ཁོང་གཅིག་ཏུ་ཡན་ལག་ལྔ། །ཚང་བར་ཉམས་སུ་ལེན་ཅིང་ལས་དང་པོས། །དངོས་གཞི་ཞིག་ནས་སེམས་འཛིན་ལ་


KMC007_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ། །སྐབས་སུ་གང་བབས་བསྒོམ་ཞིང་གོམས་པའི་ཚེ། །ཟུང་འཇུག་རྣལ་འབྱོར་ལས་གཞན་སྤྲོས་མི་དགོས། །དེ་ནས་ཞོར་བྱུང་དུས་དང་སྦྱར་བ་ནི། །ཐོ་རངས་ཡེ་ཤེས་གསལ་འདེབས་རྣལ་འབྱོར་ཞེས། །གཉིད་ལས་ལངས་མ་ཐག་ཏུ་རྣམ་རྟོག་གིས། །བར་མ་ཆད་པར་གསལ་སྟོང་ཟུང་འཇུག་གི་།རིག་པ་ངོས་བཟུང་གཤིས་ལ་མཉམ་པར་བཞག །དེ་མ་རྟོགས་པའི་འགྲོ་བ་ཐམས་ཅད་ལ། །སྙིང་རྗེ་དྲག་པོ་བསྒོམས་ནས་དགེ་སྦྱོར་བརྩམ། །དེས་ནི་ཉམས་ལེན་བྲོད་ཅིང་མགོ་ནས་ལེགས། །དགེ་སྦྱོར་སྲོལ་དུ་འཇུག་པའི་མན་ངག་ཡིན། །ཉིན་མོ་སྣང་བ་རྒྱས་འདེབས་རྣལ་འབྱོར་ནི། །སྣང་བ་མཐའ་དག་འཁྲུལ་པའི་སེམས་ཡིན་ཞིང་། །འཁྲུལ་པའི་རང་བཞིན་མེད་པ་རྨི་ལམ་འདྲ། །རྨི་ལམ་དངོས་བཟུང་མི་བཏུབ་སྟོང་པ་ཉིད། །དེ་ལྟར་ལྟ་ཞིང་རྒྱས་བཏབ་སྒོམ་པས་ནི། །འཁྲུལ་དབང་མི་འཆོར་རིག་པའི་རྩལ་འབྱོངས་ཤིང་། །བར་དོའི་གནས་སྐབས་སྦྱོང་བའི་མན་ངག་ཡིན། །ནང་ནུབ་འདོད་ཡོན་གྲོགས་ཁྱེར་


KMC007_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ནི། །བཟའ་བཏུང་གོས་དང་གནས་མལ་ལ་སོགས་པ། །རབ་ཏུ་ཞེན་མེད་སྟོང་པར་ཤེས་པའི་ངང་། །ཆོས་ཉིད་རང་ལ་རང་ཐིམ་ཚུལ་དུ་སྦྱང་། །དེ་ཙམ་མ་ནུས་ལྷ་དང་བླ་མ་ནི། །མཆོད་པའི་ཚུལ་དུ་ལོངས་སུ་སྤྱད་བྱ་སྟེ། །འདོད་ཡོན་མི་འཆིང་ཚོགས་རྫོགས་མན་ངག་ཡིན། །སྲོད་ལ་དབང་པོ་གཞི་བསྡུའི་རྣལ་འབྱོར་ནི། །ཉིན་མོར་འཁྲུལ་པའི་དྲན་པ་ཅི་ཤར་ཡང་། །འཕྲོ་མི་མཐུད་པར་རང་ངོ་ཅེར་ཅེར་བལྟ། །མཚན་མོའི་དགེ་སྦྱོར་སྲོལ་འཛུད་མན་ངག་ཡིན། །ནམ་གུང་ཤེས་པ་བུམ་གཞུག་རྣལ་འབྱོར་ནི། །སྙིང་དཀྱིལ་བླ་མ་བསྒོམས་ནས་གསོལ་བ་བཏབ། །རྣམ་རྟོག་རྦད་བཅད་ཆོས་ཉིད་སྤྲོས་བྲལ་ལ། །མཉམ་པར་བཞག་བཞིན་གཉིད་དུ་འགྲོ་བར་བྱ། །དེས་ནི་འདི་དང་འཆི་བའི་གནས་སྐབས་སུ། །འོད་གསལ་མ་བུ་བསྲེ་བའི་གདམས་ངག་ཡིན། །འཆི་ཁ་ཡེ་ཤེས་ཟང་ཐལ་རྣལ་འབྱོར་མི། །དངོས་པོ་ཀུན་ལ་ཆགས་ཞེན་རྦད་ཀྱིས་བཅད། །འདི་དང་ཚེ་རབས་ཉེས་ལྟུང་ཐམས་ཅད་


KMC007_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །རང་གཞན་དགེ་བ་ཐམས་ཅད་གསལ་བཏབ་ནས། །ཡི་རང་བསྒོམ་ཞིང་བྱང་ཆུབ་ཆེན་པོར་བསྔོ། །ཁྱད་པར་ལྕོགས་ན་ཕུང་པོའི་མཆོད་སྦྱིན་བྱ། །རང་སེམས་སྐྱེ་འཆི་མེད་པར་ཐག་བཅད་ནས། །ཐིམ་རིམ་ལ་སོགས་གང་དགར་བོར་བྱ་ཞིང་། །དམིགས་པའི་ཙབ་ཙུབ་མང་པོ་མི་བྱེད་པར། །སྒོམ་དང་མི་སྒོམ་རྡུལ་ཙམ་མེད་པ་ཡི། །རང་བབ་ཕྱག་རྒྱ་ཆེ་ལ་མཉམ་བཞག་བཞིན། །ཟང་ཐལ་ཆོས་སྐུའི་ཀློང་དུ་འཕོ་བར་བྱ། །དེས་ནི་ངན་སོང་ངན་འགྲོའི་སྒོ་འགེགས་ཅིང་། །འཁོར་བ་སྤྱི་དང་ཁྱད་པར་བར་དོ་ཡི། །འཁྲུལ་པའི་ཉེར་ལེན་གཅོད་པར་བྱེད་པ་དང་། །འཆི་བ་ཆོས་སྐུར་རྟོགས་པའི་མན་ངག་ཡིན། །དེ་ལྟར་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི། །གདམས་པ་ཉུང་ངུ་ལས་ཀྱང་ཆེས་ཉུང་འདི། །སྡེ་དགེ་ས་དབང་ཆེན་པོའི་མདུན་ན་འདོན། །བགྲེས་པོ་ཆོས་སོང་བློ་གྲོས་ཞལ་སྔ་ནས། །བསྐུལ་བར་མཛད་པས་གང་དྲན་ལྡེབ་སྦྱོར་གྱིས། །མ་བཅིངས་བབ་ཅོལ་ལྷུག་པར་སྨྲ་བ་པོ། །གཙུག་ལག་ཆོས་ཀྱི་སྣང་བ་ཞེས་


KMC007_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཉམས་རྟོགས་ནོར་བུའི་འབྱུང་གནས་ལྔ་ལྡན་ཁྲིད་ཡིག


KMC007_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྟོགས་ནོར་བུའི་འབྱུང་གནས་ལྔ་ལྡན་ཁྲིད་ཡིག་རྒྱ་མཚོ་ལྟ་བུ་བཞུགས་སོ། །


KMC007_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་གྲགས་པ་ནི། འགྲོ་བའི་མགོན་པོ་ཕག་མོ་གྲུ་པས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་རྣམས་ཉམས་སུ་ལེན་ལུགས་ལྔ་རུ་བསྡུས་ནས་ཕུན་སུམ་ཚོགས་པའི་དགེ་འདུན་སྟོང་ཕྲག་ལྔ་ལ་ཚོགས་སུ་གསུངས་པས་གཞན་རྣམས་ཀྱིས་ཟབ་མོའི་དོན་གྱི་ངེས་པ་མ་རྙེད་པ་ལ། འཇིག་རྟེན་མགོན་པོ་འབྲི་གུང་པས་


KMC007_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུབ་ནས་ཉམས་སུ་བཞེས་པས་རེ་རེས་ཀྱང་གནས་སྐབས་དང་མཐར་ཐུག་གི་ནད་དང་བར་ཆད་ཞི་བ་དང་མཆོག་དང་ཐུན་མོང་གི་ཡོན་ཏན་ཐམས་ཅད་ཐོགས་པ་མེད་པ་ཐོབ་པར་མཁྱེན་ནས་ཟབ་པ་དང་རྒྱ་ཆེ་བའི་བཀའ་སྩལ་ཇི་སྙེད་པ་ཐམས་ཅད་ཀྱང་འདིའི་དོན་དུ་སྟོན་ཅིང་། བཅུ་ཆོས་གསུམ་ཆོས་ཞེས་པ་ཡང་འདིའི་གནད་སྟོན་པ་ཡིན་ཏེ་ཆོས་རྗེ་བླ་མའི་གསུང་གི་མཛོད་ཆེན་པོ་ལྔ་ལྡན་ཡིན་ནོ། །དེ་ལ་བླ་མ་རིན་པོ་ཆེའི་ཞལ་ནས། དང་པོ་བྱང་ཆུབ་ཀྱི་


KMC007_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྒོམ། ཡི་དམ་གྱི་ལྷ་བསྒོམ། བླ་མ་དམ་པ་བསྒོམ། ཕྱག་རྒྱ་ཆེན་པོ་བསྒོམ། རྗེས་བསྔོ་བས་རྒྱས་གདབ། ཅེས་པ་ལྔ་གསུངས་པ་ལས། དང་པོ་ཐ་མ་གཉིས་ཐེག་པ་ཐུན་མོང་བ་ཡིན་ལ་བར་པ་གསུམ་ནི་གསང་སྔགས་ཐུན་མོང་མ་ཡིན་པའི་ཉམས་ལེན་ཡིན་ནོ། །དེ་ལ་དང་པོ་ནི། རྒྱལ་བའི་དབང་པོ་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཀྱིས་ལྔ་ལྡན་ཚོགས་སུ་སྒོམ་པའི་ཆོ་ག་ལས། ལུས་རྣམ་སྣང་ཆོས་བདུན་བཅའ། །འཇམ་རླུང་བཟུང་དུ་བཅུག་ནས། །ཞེས་གསུངས་པ་ལྟར་བྱས་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་བསྒོམ་པ་ལ། སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་ལན་གྲངས་བསམ་གྱིས་མི་ཁྱབ་པར་བདག་གི་མ་བྱས་ཤིང་ཕན་བཏགས་པས་དྲིན་རེ་ཆེ། དྲིན་ཆེན་གྱི་མ་འདི་རྣམས་ལ་དྲིན་ལན་གྱིས་གླན། ཕན་གདགས། བདེ་སྐྱིད་ལ་དགོད་སྙམ་དུ་བློ་ལ་ངེས་པར་བྱེད་པ་ནི་བྱམས་པའོ། །མ་རྒན་དེ་རྣམས་ད་ལྟ་བདེ་བ་དང་ལྡན་ནམ་མི་ལྡན་བལྟས་པས། མི་ལྡན་ཏེ་


KMC007_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱི་རྒྱུ་ལ་གནས། འབྲས་བུ་ལ་སྤྱོད། རྐྱེན་དང་མི་ལྡན། ཡང་དག་པའི་དོན་ལ་རྨོངས་པས་དམུས་ལོང་ཁྲིད་མཁན་དང་བྲལ་བ་ལྟ་བུ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་མི་བཟོད་པར་བསྒོམ་པ་ནི་སྙིང་རྗེའོ། །དེ་ལྟར་མ་རྒན་རྣམས་སྡུག་བསྔལ་ལས་བསྒྲལ། བདེ་བ་ལ་འགོད་པའི་ཕྱིར་སངས་རྒྱས་ཐོབ་པར་འདོད་པའི་བློས་གོ་ཆ་ཆེན་པོ་བགོས་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པ་བླང་། རང་ཉིད་ཞི་བདེ་སྐད་ཅིག་ཀྱང་ཡིད་ལ་མི་བསམ། བསམ་སྦྱོར་ཐམས་ཅད་གཞན་དོན་དུ་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ཚུལ་གྱིས་སྦྱང་། དོན་དམ་པར་རང་དང་སེམས་ཅན་དང་སྡུག་བསྔལ་དང་དོན་བྱེད་པ་ལ་སོགས་པ་རང་རྒྱུད་པར་མ་གྲུབ་ཅིང་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བར་བསྒོམ་པའོ། །ཐུན་གསུམ་མམ་དེ་ལས་མང་ཡང་རུང་སྟེ་ངེས་ཤེས་གཏིང་ཚུགས་སུ་མ་སྐྱེས་ཀྱི་བར་དུ་བསྒོམ་དུ་འཇུག །དེ་ལྟར་བྱང་ཆུབ་སེམས་བསྐྱེད་པ་ནི་ཞེ་


KMC007_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་ལ་གནད་དུ་འགྲོ། རྒྱལ་འགོང་གི་གདོན་ཞི། ཞེ་སྡང་ཅན་དབང་དུ་འདུ། གཞན་དོན་འབྱུང་། མེ་ལོང་ཡེ་ཤེས་འཆར་རོ། །དེ་བས་འདི་ལ་ནན་ཏན་བྱེད་པ་གལ་ཆེ་སྟེ། བྱམས་དང་སྙིང་རྗེའི་རྟ་ཕོ་ལ། །གཞན་ཕན་གྱིས་དཀྱུས་ཐག་མ་བཅད་ན། །ཁྲོམ་ལྷ་མིའི་འོར་ཆེ་མི་འབྱུང་བས། །སེམས་བྱང་ཆུབ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་སོ། །གཉིས་པ་བསྐྱེད་རིམ་ཡི་དམ་གྱི་ལྷ་བསྒོམ་པ་ནི། ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་ཡི་དཀྱིལ་འཁོར། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོ། །ཐམས་ཅད་ཡེ་ནས་ཟུང་འཇུག་ཏུ་གནས་པ་ཡིན་པ་ལ་ངོ་ཤེས་པས། ད་ནི་ངེས་ཤེས་བསྐྱེད་ཅིང་བརྟན་པར་བྱ་སྟེ། སྭ་བྷཱ་ཝཱའི་སྔགས་བརྗོད་ནས་ཆོས་ཐམས་ཅད་སྟོང་པར་བསྒོམ། དེའི་ངང་ལས་པཾ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་གི་འོད་ཟེར་གྱིས་རྡོ་རྗེ་ས་གཞིར་གུར་བླ་རེ་ཕྱི་རོལ་ཏུ་མེ་ཕུང་


KMC007_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བས་ཁྱབ་པའི་སྲུང་འཁོར་གྱི་དབུས་སུ་ས་བོན་དེ་ཉིད་ཡོངས་སུ་གྱུར་པའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་པ་ལས་རང་ཉིད་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་ཞལ་གཅིག་སྤྱན་གསུམ་མངའ་བ། མཆེ་བ་ཅུང་ཟད་གཙིགས་པ། སྨིན་མ་འཁྱོགས་པ་དང་བཅས་པའི་ཁྲོ་གཉེར་བསྡུས་པ། སྐུ་མདོག་མཐིང་ག་ཨིནྜ་ནཱི་ལ་ལྟ་བུ་འོད་འབར་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ཀྱི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་དང་སྣ་ཚོགས་རྡོ་རྗེ། གཡོན་ཕྱོགས་སུ་ཟླ་བ་ཕྱེད་པས་སྤྲས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། །ཕྱག་གཉིས་ཀྱི་གཡས་པས་རྡོ་རྗེ་རྩེ་དགུར་དང་གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པའི་རྒྱན་ཆ་ལྔ་དང་ཐལ་བ་སྟེ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོ་


KMC007_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་སྦྱར་བ་གན་རྐྱལ་དུ་བསྒྱེལ་བའི་ནུ་མའི་བར་དང་། གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་ཐལ་མོ་སྦྱར་བ་མགོ་བལྟབས་པའི་སྟེང་དུ་བརྫིས་པ། དེའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ་སྐྲ་གྲོལ་ཞིང་ཐོད་པ་སྐམ་པོའི་དབུ་རྒྱན་དང་དོ་ཤལ་བྱས་པ། ཕྱག་གཡས་གྲི་གུག་འཕྱར་བ། གཡོན་པས་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཕྱག་རྒྱ་ལྔས་སྤྲས་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླའི་སྟེང་ན་འཁྲིལ་བར་གསལ་བའི་ཡབ་ཀྱི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ་དང་། བཅོམ་ལྡན་འདས་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ། མགོར་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་སྭཱ་ཧཱཾ་ཧཱུྃ་དམར་པོ། ཕྲག་པ་གཉིས་སུ་བཽཾ་ཥཊ་ཧེ་ནག་པོ། མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོ་དམར་སེར། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་གུས་མཚན་པའི་དཔའ་བོའི་གོ་ཆ་དྲུག་དང་། ཡུམ་གྱི་ལྟེ་བར་ཨོཾ་བཾ་དམར་པོ། སྙིང་གར་ཧཾ་ཡཾ་སྔོན་མོ། །ཁར་ཧྲཱི་མོ་དཀར་


KMC007_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །མགོ་བོར་ཧྲིཾ་ཧྲིཾ་སེར་མོ། །སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ། སྨིན་མཚམས་སུ་ཕཊ་ཕཊ་དུད་ཁས་མཚན་པའི་དཔའ་མོའི་གོ་ཆ་དྲུག་བཀོད་ལ། ཡབ་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔའ་བོ་རྣལ་འབྱོར་མས་བསྐོར་བ་སྤྱན་དྲངས། རིག་མ་བཅུ་དྲུག་གམ་ཨཱརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿཞེས་པས་དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་དུ་བྱས་ཏེ། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔའ་བོ་རྣལ་འབྱོར་མ་རྣམས་སྤྱན་དྲངས་མཆོད་ཅིང་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། །ཞེས་གསོལ་བ་བཏབ་པས་རིན་པོ་ཆེའི་བུམ་པ་འཛིན་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བས་བཅོམ་ལྡན་འདས་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་ལ་དམིགས་པའི་རྣམ་པ་གསལ་བ། ལུས་ངག་ཡིད་གསུམ་ཧེ་རུ་ཀའི་སྐུ་གསུང་ཐུགས་སུ་ངེས་པའི་ང་རྒྱལ་བརྟན་པ།


KMC007_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་སྙིང་རྗེའི་ཟུང་དུ་འཇུག་པའི་ཕྱིར་ཡབ་ཡུམ་དུ་སྣང་བ་སོགས་རྣམ་དག་དྲན་པར་བྱས་ལ། བསྒོམས་པས་སྐྱོ་ན། ཐུགས་ཀའི་ཧཱུྃ་ལས་སྔགས་ཕྲེང་ཐོན། རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། །གསང་གནས་ནས་འཁོར་བ་ས་བོན་ལ་ཐིམ་པར་དམིགས་ཏེ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། །ཅེས་ཉེ་སྙིང་དམ་སྙིང་པོ་སོགས་ཅི་རིགས་བཟླ། ཐུན་བསྡུ་བའི་ཚེ། སྲུང་འཁོར་ཡུམ་ལ། ཡུམ་ཡབ་ལ། ཡབ་ཐུགས་ཀའི་ཧཱུྃ་ལ་བསྡུ། དེ་ཡང་ནཱ་དའི་བར་བསྡུས་ལ་མི་དམིགས་པར་བཞག་གོ །དེ་ལྟར་སྣོད་བཅུད་རང་རྒྱུད་པར་འཛིན་པའི་ཐ་མལ་སྣང་ཞེན་དང་བསྐྱེད་རིམ་ཁོ་ན་ཆེད་དུ་འཛིན་པའི་གྱ་ནོམ་ལྷར་ཞེན་གཉིས་ཀ་སྤངས་ནས་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུ་ཟུང་འཇུག་གི་སྐུར་ངེས་པ་ནི་བསྐྱེད་རིམ་མཐར་ཕྱིན་པ་པའོ། །དེ་ལྟར་བསྐྱེད་རིམ་བསྒོམས་པས་འདོད་ཆགས་ལ་གནད་དུ་འགྲོ། བསེན་མོའི་གདོན་ཞི། འདོད་ཆགས་དབང་དུ་འདུ། སྣང་བ་ཟིལ་གྱིས་ནོན། སོར་རྟོགས་ཡེ་ཤེས་འཆར་རོ། །མདོར་


KMC007_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྐྱེད་རིམ་ལ་ནན་ཏན་བྱེད་པ་གལ་ཆེ་སྟེ། རང་ལུས་རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །གཞི་འགྱུར་མེད་ཀྱི་གཏན་ས་མ་ཟིན་ན། །མ་མཁའ་འགྲོ་ལ་འཁོར་ཚོགས་མི་འདུ་བས། །ལུས་ཡི་དམ་ལྷ་ལ་ནན་ཏན་མཛོད། །ཅེས་གསུངས་སོ། །གསུམ་པ་བླ་མའི་རྣལ་འབྱོར་ནི། བླ་མ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཞུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་ཐམས་ཅད་སྨིན་ཞིང་གྲོལ་བར་མཛད་པའི་སངས་རྒྱས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་མོས་པའི་ངེས་ཤེས་དང་། རང་གི་སེམས་ཉིད་བླ་མ་དབྱེར་མེད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་སྣང་སྟོང་དབྱེར་མེད་དུ་མོས་པ་ཆོས་སྐུའི་མོས་གུས་ཡིན་པ། དེ་ལྟར་གསལ་འདེབས་པའི་ཕྱིར། རང་ལྷར་གསལ་བའི་སྤྱི་བོའི་གཙུག་ཏུ་སྟེང་གི་ནམ་མཁར་སེང་གེའི་ཁྲིར་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་དཀོན་མཆོག་


KMC007_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་ཀྱི་རྣམ་པ་རིགས་བསྡུས་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་དར་གྱི་ཤམ་ཐབས་གསོལ་བ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞི་བའི་ཉམས་ཅན་ལ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཆོས་སྐྱོང་སྲུང་མ་དང་བཅས་པས་བསྐོར་ནས་བཞུགས་པར་མོས་ཏེ་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་འབུལ་བའི་མཆོད་པའི་སྐབས་སུ་མཎྜལ་ལུས་ལོངས་སྤྱོད་མཐའ་དག་ཕུལ་ནས། དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོས་བདག་གི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་འཆང་གི་སྤྱི་བོ་དང་མགྲིན་པ་ཐུགས་ཀའི་ཆ་ནས་འོད་ཟེར་དཀར་དམར་མཐིང་ག་བྱུང་། རང་གི་གནས་གསུམ་དུ་རིམ་བཞིན་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས། སྐུ་གསུང་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་


KMC007_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ། ཐུན་བསྡུ་བའི་ཚེ། འཁོར་རྣམས་བླ་མ་རྡོ་རྗེ་འཆང་ལ་ཐིམ། དེ་ཡང་རང་ཉིད་ལས་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བཞག་གོ །དེ་ལྟར་བླ་མའི་རྣལ་འབྱོར་བསྒོམས་པས་ང་རྒྱལ་ལ་གནད་དུ་འགྲོ། ལྷའི་བུའི་གདོན་ཞི། ང་རྒྱལ་ཅན་དབང་དུ་འདུ། རང་གཞན་བྱིན་གྱིས་རློབ་ནུས། མཉམ་ཉིད་ཡེ་ཤེས་འཆར་རོ། །མདོར་ན་བླ་མའི་རྣལ་འབྱོར་ལ་ནན་ཏན་བྱེད་པ་གལ་ཆེ་བ་ལེན་ཏེ། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་སོ། །བཞི་པ་ཕྱག་རྒྱ་ཆེན་པོ་ནི། སེམས་ཉིད་ཀྱི་བཞུགས་ཚུལ་འཁོར་འདས་ཀྱི་བློ་ཡིས་མ་རེག་པ། སྣང་སྟོང་གིས་སྒྲོ་སྐུར་མ་བཏབ་པ། སྣང་མ་མྱོང་བ། སྟོང་མ་མྱོང་བ། ཡོད་མ་མྱོང་བ། མེད་མ་མྱོང་བ། འཁྲུལ་མ་མྱོང་བ། གྲོལ་མ་མྱོང་བའི་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བ།


KMC007_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱིས་མ་མཛད། སེམས་ཅན་གྱིས་མ་བཅོས། ལམ་གྱིས་མ་སྦྱངས། མདོག་མ་བསྒྱུར། མཐའ་ཡེ་བྲལ། འབྲས་བུ་སྐུ་གསུམ་རང་ཆས། སྤངས་རྟོགས་ཕུན་ཚོགས། མཁྱེན་པ་གཉིས་ལྡན་དུ་ལམ་མེ། ཡེ་ནས་ལྷུན་གྱིས་གྲུབ་པའི་དངོས་པོ། གཤིས་ཇི་ལྟར་གནས་པའི་གནས་ལུགས་དེ་ལ་གཞི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་བླ་མའི་བྱིན་རླབས་དང་དུས་ཐབས་ལ་བརྟེན་ནས་ངོ་སྤྲད་པས་གནས་ལུགས་དེ་བཞིན་བཞག་པས་ཡིན་བཞིན་ངོ་ཤེས་ནས་དེ་ཐོག་ཏུ་བཟོ་མ་བྱས། བློ་ཡིས་མ་བསླད་པར་ཡིན་བཞིན་དུ་བཞག་པས་སྙིང་པོའི་རང་འགྲོས་རྟོག་པ་རང་འགགས་སུ་ཁག་འགག་ནས་ངོ་བོ་གསལ་སྟོང་དུ་རྗེན་སོ་ཤས་བཟང་རྟོག་ངན་རྟོག་ལུང་མ་བསྟན་གསུམ་དང་བྲལ་བའི་གསལ་ལ་མ་འགག་པའི་ཤེས་པ་ཟློས་གཅིག་ཀྱང་མ་བྱས་པ། མིང་དོན་ཐམས་ཅད་དང་བྲལ་བ་ཞིག་འདུག་པ་དེ་སེམས་ཉིད་ཕྱག་རྒྱ་ཆེན་པོ་བྱ་བ་ཡིན། དེའི་ངང་ནས་རྐྱེན་ཅི་ལྟར་ཤར་ཡང་སྲིད་ཞིའི་མཐའ་ལ་མི་གནས་


KMC007_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡིན་ཐོག་ཏུ་ཕྱིན་པ་དེ་འབྲས་བུའི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །མདོར་ན་བླ་མས་བསྟན་དུ་མེད། སློབ་མས་གོ་རུ་མེད། ཉམས་སུ་མྱོང་དུ་མེད་པའི་དོན་བློ་འདས་ཆེན་པོ་འདི་ཡིན་འདི་མིན་གྱི་བློས་བྱས་ཐམས་ཅད་བྲལ་བ་ཐ་མལ་གྱི་ཤེས་པ་སུས་ཀྱང་བཟོ་མ་བྱས་པའི་གཉུག་མའི་རང་བབ་དེ་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། དེ་ཉམས་སུ་ལེན་པའི་ཚུལ་ལ། ཞི་གནས་དང་ལྷག་མཐོང་གཉིས། དང་པོ་ལ་མ་ཟིན་པ་ཟིན་བྱེད། ཟིན་པ་བརྟེན་བྱེད། བརྟེན་པ་བོགས་དབྱུང་བ་གསུམ་གྱི་དང་པོ་ནི། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་དང་ལྡན་པའི་དཔུང་བ་བརྒྱང་། སྒལ་ཚིག་བསྲུང་། ཀོས་ཀོ་མདུན་དུ་ཅུང་ཟད་དགུག་པ་བྱ་ཞིང་། མཆུ་སོ་རང་བབ། ལྟ་སྟངས་སྣ་རྩེའི་ཐད་ཀྱི་ནམ་མཁར་གཏད་དེ་སེམས་རང་བབས་སུ་གཞག །དེ་ལ་མི་གནས་ན། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ནས་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་


KMC007_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་བཤད་པ་ལྟར། མདུན་ཕྱོགས་སུ་སེང་གེའི་ཁྲི་པདྨ་ཟླ་བའི་གདན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསལ་བར་དམིགས་པ་དེ་ལས་གཞན་དུ་མ་ཡེངས་པར་སེམས་རྩེ་གཅིག་ཏུ་བཞག་པའི་ཚེ། བྱིང་རྨུགས་བྱུང་ན་དབུའི་གཙུག་ཏོར་དང་། འཕྲོ་རྒོད་བྱུང་ན་པད་གདན་ལ་སེམས་གཏད་དེ། ལྟ་སྟངས་ཀྱང་སྟོད་སྨད་རན་བས་སྦྱར་ནས་སྐྱོན་བསལ་ལོ། །ཅི་སྟེ་སེམས་གཡེང་ཤས་ཆེ་ན་རླུང་ཕྱི་ནང་དུ་རྒྱུ་བ་རང་ལ་སེམས་གཏད་པ་ཁོ་ན་རྒྱུན་བསྲིངས་པས་གནས་ཆ་བརྟན་པར་འགྱུར་རོ། །གཉིས་པ་ནི། གནས་པ་སྐྱེ་བའི་འགོ་ཟིན་ནས་སྙིང་གར་པདྨ་དཀར་པོ་ལས་ཐིག་ལེ་གཉིས་པ་ཆད་དེ། སྤྱི་གཙུག་ནས་ནམ་མཁར་ཐོན་ཏེ་གནས་པར་དམིགས་པ་དང་། དེ་བཞིན་དུ་ནག་པོ་ཁ་ཐུར་དུ་བལྟ་བའི་དབུས་སུ་ཐིག་ལེ་ནག་པོ་གཉིས་པ་ཆད་དེ། ཆུ་ལམ་ནས་བྱུང་བ་གདན་མཚམས་སུ་གནས་པ་ལ་སེམས་བཟུང་བ་རེས་འཕོག་ཏུ་བྱ་


KMC007_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། སྔ་མ་ལ་ལྟ་སྟངས་བསྟོད་ཅིང་རླུང་རོ་མང་དུ་དབྱུང་ནས་ཤེས་པ་ཧུར་ཕྱུང་སྟེ་བཞག །ཕྱི་མ་ལ་ལྟ་སྟངས་སྨད་ཅིང་དམིགས་པ་དེ་ཉིད་ལ་ནན་ཏུར་བྱས་ནས་སླར་སེམས་རང་བབས་སུ་བཞག་པ་སོགས་སྔར་ལྟར་ཤེས་པར་བྱའོ། །གསུམ་པ་ནི། ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་ཀྱི་ཡུལ་དུ་སྣང་བའི་རྣམ་རྟོག་གང་ཤར་བ་ལས་གཉིས་པར་མི་མཐུད་པ་དེ་ཉིད་ཀྱི་སྟེང་དུ་ལྷན་ནེ་འཇོག་པ་ལ་བསླབ་པས་མཉམ་གཞག་གི་སྐབས་ཀྱི་བོགས་ཐོན་ནས། ཐོག་མར་གཡོ་བའི་ཉམས་སེམས་ཡུལ་ལ་འཕྲོ་ཤས་ཆེ་བ་དྲན་ཤེས་ཀྱིས་བཟུང་བར་དཀའ་བ་བྱུང་ཡང་སྒྱིད་ལུགས་པར་མི་བྱ་ཞིང་། དེ་ལས་ཅུང་ཟད་གཡོ་བའི་ཉམས་ཀྱི་ཚེ་རྣམ་རྟོག་རགས་པའི་གཡོ་བ་ཞི་ཞིང་ཕྲ་མོ་འགྱུ་བ་ངོས་ཟིན་པ་དང་། མཐར་མི་གཡོ་བའི་ཉམས་རྟོག་པ་གང་གིས་ཀྱང་སྐྱོད་པར་མི་ནུས་པའི་ཞི་གནས་དངོས་དང་རྗེས་མཐུན་རིམ་པར་འབྱུང་ངོ་། །དེ་ནས་གཉིས་པ་ལྷག་མཐོང་ངོ་སྤྲད་པ་ནི། ཏིང་ངེ་འཛིན་ལ་རྩེ་གཅིག་


KMC007_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཚེ། ཅི་ཁོ་བོའི་སེམས་གནས་པ་ནི་ཇི་ལྟ་བུ། ཁ་དོག་ནི་ཇི་ལྟ་བུའི་ཚུལ་གྱིས་གནས། དབྱིབས་ཇི་ལྟ་བུའི་ཚུལ་གྱིས་ནས། འོན་ཏེ་གནས་པ་ཁོ་བོས་ཐི་མཐོང་ན་འཕྲོ་བ་ལ་བལྟ་བར་བྱའོ། །སྙམ་པ་འདི་ཉིད་ཀྱང་འཕྲོ་བ་སྟེ། དེ་བས་ན་འདི་ཁ་དོག་ཇི་ལྟ་བུའི་ཚུལ་གྱིས་འཕྲོ། དབྱིབས་ཇི་ལྟ་བུའི་ཚུལ་གྱིས་འཕྲོ། ངོ་བོ་ཇི་ལྟ་བུར་འཕྲོ། འདི་གཟུགས་ཇི་ལྟ་བུ། སྒྲ། དྲི། རོ། རེག །ཆོས་ཇི་ལྟ་བུ་གནས་པ་དང་འགལ་བ་ནི་ཅི་ལྟ་བུ་བརྟག་པར་བྱའོ། །གལ་ཏེ་དེ་ལམ་རྙེད་ན། འདིའི་དང་པོ་བྱུང་ས་ནི་གང་། བར་དུ་གནས་པའི་ས་ནི་གང་། ཐ་མར་འགྲོ་ས་ནི་གང་ཞེས་ཕྱི་ནང་ཐམས་ཅད་དུ་ཡང་དག་པར་བཙལ་ལོ། །གལ་ཏེ་མཐོང་བར་དཀའ་བར་གྱུར་ན་བླ་མ་ལ་མཎྜལ་ཕུལ་ཞིང་གསོལ་བ་བཏབ་བོ། །སེམས་ཀྱི་ངོ་བོ་མ་ཤེས་ན་སྲིད་པ་ལས་མི་གྲོལ། དེ་ལས་མ་གྲོལ་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྲན་པར་མི་ནུས། དེའི་ཕྱིར་བདག་གིས་ངེས་པ་ཁོ་ནར་སེམས་ངོ་ཤེས་པར་བྱ་སྙམ་དུ་ཡིད་ལས་རྣག་པ་


KMC007_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་བྱ། དུས་ཐམས་ཅད་དུ་རང་གི་སེམས་ལ་ཅེར་ཅེར་བལྟ་བ་ཁོ་ན་ལ་འབད་པས་ན་ཅི་ཞིག་ན་ངེས་པར་མཐོང་བར་འགྱུར་རོ། །རང་གི་སེམས་རང་གིས་མ་མཐོང་བར་ངོ་སྤྲད་དུ་མེད་དེ། དཔེར་ན་ཡི་གེ་མ་མཐོང་ན་ཡི་གེ་ཇི་ལྟར་ཁྲིད། གལ་ཏེ་ཕྱོགས་ཙམ་མཐོང་ན་ཡང་དེ་ཙམ་ཞིག་ངོ་སྤྲད་དུ་ཡོད་དོ། །དེ་བལྟས་པས་མི་སྣང་སྙམ་ན། ལྟས་མཁན་དེ་ལའང་ལྟོས་ཤིག །མ་མཐོང་བ་ཙམ་གྱིས་མེད་པར་མི་འགྱུར་ཏེ་ས་འོག་གི་གཏེར་བཞིན་ནོ། །དེ་བས་ན་གང་དུ་ཡང་མ་མཐོང་བ་ནི་མཐོང་བའི་མཆོག་ཡིན་ནོ། །དེ་སྔ་ཕན་ཆད་རིག་པ་མེད་པ་ལ་རིག་པ། ཤེས་པ་མེད་པ་ལ་ཤེས་པ། སེམས་མེད་པ་ལ་སེམས། ཡིད་མེད་པ་ལ་ཡིད། རྟོགས་མེད་པ་ལ་རྟོག་པར་བཟུང་ནས་རྣམ་པར་གཡེང་བ་དེ་གོའམ། རིགས་ཀྱི་བུ་ཁྱོད་ཀྱི་སེམས་ནི་རི་བོང་རྭ་ལྟ་བུར་གཞི་མ་གྲུབ་པ། རང་བཞིན་མེད་པ། འབྱུང་བ་མེད་པ། བྱུང་བ་མེད་པ། སོང་བ་མེད་པ། གནས་པ་མེད་པ། རང་གི་ངོ་བོ་འདུས་མ་བྱས་པས་


KMC007_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པས་ཀྱང་གཟིགས་པར་མི་འགྱུར། དོན་གྱི་ངེས་པ་འདི་ཁྱོད་ཀྱི་སྙིང་ལ་ལེགས་པར་བབས་སམ། དེ་བས་ན་སེམས་མེད་པ་ཉིད་ཀྱི་ངང་དུ་ཞོག་ཅིག །བསམ་དུ་མེད་པའི་ངང་དུ་ཞོག་ཅིག །ཡང་རིགས་ཀྱི་བུ། ཁྱོད་ཀྱི་སེམས་ན་མོ་དང་ཁོ་ན་ཡིན་ན་རིག་ཙམ་ཝལ་ཙམ་དུ་སྣང་ཞིང་སྣ་ཚོགས་སུ་རྟོག་པ་འདི་ངོ་མཚར་བར་མི་འདུག་གམ། དེ་བས་ན་ཁྱོད་ཇི་ལྟར་སྣང་བ་འདི་ཉིད་ལ་རང་གར་ཞོག །ལྷུག་པར་ཞོག །རྗེན་པར་ཞོག །རིགས་ཀྱི་བུ་སྣང་བ་ལ་སྐྱོན་དང་སྟོང་བ་ལ་ཡོན་ཏན་དུ་འཛིན་པའམ། སྟོང་བ་ལ་སྐྱོན་དང་སྣང་བ་ལ་ཡོན་ཏན་དུ་འཛིན་པ་ནི་བྱིས་པ་སྟེ། སྣང་བ་ཉིད་ན་སྟོང་། སྟོང་པ་ཉིད་ན་སྣང་བས་སྣང་སྟོང་རོ་མཉམ་དུ་ཤེས་པར་གྱིས་ཤིག །མདོར་ན་ཁྱོད་ཀྱིས་གང་ཤར་འཛིན་མེད་དུ་ཕྱམ་མེ། ཅི་སྣང་བདེན་མེད་དུ་ཁྲོལ་ལོ། ཐམས་ཅད་དང་གྲོལ་དུ་ཤིགས་སོ། །འཁོར་འདས་གཉིས་མེད་དུ་ཐལ་ལེ། རིག་པ་གཏན་མེད་དུ་བུན་ནེ། བྱུང་སོང་རྗེས་མེད་དུ་ཝལ་ལེ། འཁྲུལ་གྲོལ་


KMC007_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་དུ་ལམ་མེ་བ་འདི་ཙམ་དུ་བདེན་འཛིན་མེད་པར་ཡུན་དུ་སྐྱོངས་ཤིག །དེ་ལྟ་བུའི་སེམས་ཀྱི་ངོ་བོ་འདི་ལ་མ་བཅོས་ཐ་མལ་ཤེས་པ་ཞེས་བྱ། རང་སེམས་གཉུག་མའི་ངོ་བོ་ཞེས་བྱ། དངོས་པོ་གཤིས་ཀྱི་གནས་ལུགས་ཞེས་བྱ། དོན་དམ་ཆོས་སྐུའི་བཞུགས་ཚུལ་ཞེས་བྱའོ། །ཁྱོད་ཀྱི་ད་ལྟའི་སེམས་གསལ་ལེ་ཧྲིག་གེ་ལམ་མེ་བ་ཞིག་མི་འདུག་གམ། དེ་ཉིད་རང་བྱུང་རིག་པའི་ངོ་བོ་ཞེས་བྱ་བ་ཡིན། དེ་ཉིད་འདི་ལྟ་བུ་སྙམ་པའི་ངེས་ཤེས་ཞིག་མི་འདུག་གམ། དེ་ལ་ལྷག་མཐོང་རྟོགས་པའི་ཡེ་ཤེས་ཞེས་བྱ། དེའི་ངང་ལ་ལྷང་ངེ་ལྷན་ནེ་གནས་པ་ཞིག་མི་འདུག་གམ། དེ་ལ་ཞི་གནས་ཏིང་ངེ་འཛིན་གྱི་འཆར་སྒོ་ཞེས་བྱ་བ་ཡིན། དེས་ན་འཁོར་བ་འདི་ཉིད་མྱང་འདས་སུ་ལམ་མེ། སེམས་ཅན་འདི་ཉིད་སངས་རྒྱས་སུ་ཁྲོང་ངེ་། འཁྲུལ་པ་འདི་ཉིད་རང་གྲོལ་དུ་ཤིགས་སེ། ཉོན་མོངས་པ་འདི་ཉིད་ཡེ་ཤེས་སུ་ལྷན་ནེ་བ་འདི་ལ་གཉུག་མ་ཆོས་སྐུའི་ངོ་སྤྲོད་ཞེས་བྱ་བ་ཡིན་པས་གོའམ། བརྡ་


KMC007_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོད་དམ། ངེས་པ་རྙེད་དམ་ཀློང་དུ་གྱུར་ཏམ། ཡང་དག་པའི་ངེས་དོན་འདི་ཁྱོད་ཀྱི་སྙིང་ལ་རྟག་པར་ཟུངས་ལ་གོམས་སུ་མེད་པའི་དོན་ལ་གོམས་པར་གྱིས་ཤིག །བསྐྱང་དུ་མེད་པའི་དོན་འདི་རྟག་ཏུ་སྐྱོང་ཤིག །དེའི་ཕྱིར་ཚེ་འདིའི་ཞེན་པ་སྤང་། མི་རྟག་པ་རྒྱུད་ལ་བསྟེན། རྟག་ཏུ་སྐྱོ་ཤས་སྐྱེད། རྗེ་ལ་གསོལ་བ་ཐོབ། ཅི་གསུང་བཀའ་བཞིན་སྒྲུབས། རྒྱུན་དུ་རི་ཁྲོད་འགྲེམས། བརྩོན་འགྲུས་ལྕག་གིས་སྐུལ། གཉུག་མའི་རང་ཞལ་ལྟོས། ངོ་སྤྲོད་སྙིང་པོར་ཟུང་། ཞེས་སོགས་བློའི་རིམ་པ་དང་བསྟུན་ནས་ངོ་སྤྲོད་པར་བྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བསྒོམས་པས་གཏི་མུག་ལ་གནད་དུ་འགྲོ། ཀླུའི་གནོད་པ་ཞི། གཏི་མུག་ཅན་དབང་དུ་འདུས། འཁོར་བ་ལས་གྲོལ། ཆོས་དབྱིངས་ཡེ་ཤེས་འཆར་རོ། །དེས་ན་འདི་ལ་ནན་ཏན་དུ་བྱེད་དགོས་ཏེ། སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། །མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད། །


KMC007_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་སོ། །ལྔ་པ་བསྔོ་བ་ནི། བསྔོ་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པ། བསྔོ་ས་མི་གནས་པའི་མྱང་འདས། ཆེད་དུ་བྱ་བ་སེམས་ཅན་གྱི་དོན་དུ། བསྔོ་ཚུལ་ལ་བསྔོ་རྒྱུ་བསྔོ་བ་སྔོ་མཁན་གསུམ་ཀ་ངོ་བོས་སྟོང་པ་ཤེས་རབ་ཀྱིས་ཟིན་པར་བྱས་ནས་བསྔོ་བ་སྟེ། དེ་ལྟར་བསྔོ་བ་བྱས་པས་ཕྲག་དོག་ལ་གནད་དུ་འགྲོ། ཀླུ་བཙན་གྱི་གདོན་ཞི། ཕྲག་དོག་ཅན་དབང་དུ་འདུ། དགེ་རྩ་མི་འཁྱར། བྱ་གྲུབ་ཡེ་ཤེས་འཆར་རོ། །དེས་ན་འདི་ལ་ནན་ཏན་དུ་བྱེད་དགོས་ཏེ། །ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པས་སོ། །དེ་ལྟར་ན་བརྟན་པ་ཐོབ་པའི་ཚེ་དོན་ལྔ་པོ་ཐམས་ཅད་ཕྱག་རྒྱ་ཆེན་པོར་འགྱུར་ཏེ། དམིགས་པ་མེད་པ་བྱང་ཆུབ་ཀྱི་སེམས། སྣང་སྟོང་དབྱེར་མེད་ཀྱི་ལྷ་སྐུ། འཁོར་འདས་བླ་མའི་རོལ་པ། རིག་སྟོང་དབྱེར་མེད་ཀྱི་ཕྱག་ཆེན། འཁོར་གསུམ་


KMC007_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་དག་གི་བསྔོ་བ་སོགས་ལ་རིམ་པ་བཞིན་བྱང་སེམས་ཕྱག་ཆེན། ལྷ་སྐུ་ཕྱག་ཆེན། མོས་གུས་ཕྱག་ཆེན། གནས་ལུགས་ཕྱག་ཆེན། བསྔོ་བ་ཕྱག་ཆེན་ཞེས་སོགས་བརྗོད་དུ་རུང་ཞིང་དོན་ལའང་གནས་པས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་ཡོངས་སུ་གྲགས་པ་ཡིན་ནོ། །དེ་དག་ཀྱང་སྦྱོར་དངོས་མཇུག་གི་སྒོ་ནས་ཐུན་གཅིག་དང་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་རུང་ངོ་། །ཞེས་པ་འདི་ནི་ཤཱཀྱའི་གནས་བརྟན་ཆེན་པོ་གཡུང་བྱ་བྲལ་བ་རིན་ཆེན་མགོན་གྱིས་ཡུན་རིང་མོ་ནས་བསྐུལ་བའི་ངོར། དཀོན་མཆོག་འབངས་ཞེས་བགྱི་བས་འགྲོ་མགོན་ཕག་མོ་གྲུ་པའི་གསུང་དང་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པའི་གསུང་དང་། དཔལ་མཁའ་སྤྱོད་པའི་རང་སེམས་ངོ་སྤྲོད་པའི་ཡི་གེ་དང་། ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོས་མཛད་པ་ལྔ་ལྡན་གྱི་ཁྲིད་རྣམས་ལས་ཆེ་ལོང་ཙམ་བསྡུས་ཏེ་བརྗོད་པའི་དགེ་བས་འགྲོ་བ་ཐམས་ཅད་ཕྱག་རྒྱ་ཆེན་པོར་སྙོམས་པར་འཇུག་པར་གྱུར་ཅིག། །།དགེའོ།། ༈ །།མཁོ་


KMC007_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །