Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དང་པོ།


   
   
   
   
   
   
སྐྱབས་འགྲོའི་ལུང་སྦྱོར་ཟླ་བའི་ཕྲེང་མཛེས། དཔལ་གྱི་སེང་གེ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱབས་འགྲོའི་ལུང་སྦྱོར་ཟླ་བའི་ཕྲེང་མཛེས། དཔལ་གྱི་སེང་གེnext

སྐྱབས་འགྲོའི་ལུང་སྦྱོར་ཟླ་བའི་ཕྲེང་མཛེས། དཔལ་གྱི་སེང་གེ

སྐྱབས་འགྲོའི་ལུང་སྦྱོར་ཟླ་བའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །སྐྱབས་འགྲོ་ཡན་ལག་དྲུག་པའི་ལང་ཚོ་རྒྱས་བྱེད་ཟླ་བའི་ཕྲེང་མཛེས་ཞེས་བྱ་བ། ན་མོ་ཤྲཱི་གུ་རུ་རཏྣ་ཏྲ་ཡཱ་ཡ། པཎ་ཆེན་བི་མའི་མཁྱེན་སྤོབས་ལྷའི་ལམ་དུ། །རབ་གནས་སྨྲ་དབང་ཟླ་བྲལ་འདེགས་རླུང་གཞིར། །ཡན་ལག་རྨད་བྱུང་སྐྱབས་འགྲོའི་མཚོ་འཁྱིལ་བ། །མཆོག་གསུམ་ཡིད་བཞིན་སྤྲིན་ཚོགས་འཕྲོ་ལ་འདུད། །འདིར་གཏན་ལ་དབབ་པར་བྱ་བའི་ཆོས་མཆོག་སྐྱབས་འགྲོ་ཡན་ལག་དྲུག་པ་བརྩམ་པར་དམ་བཅའ་བའི་སྐབས་སུ། སྐྱབས་འགྲོའི་ངོ་བོ་འདོད་པའི་དད་པ་དང་མོས་པ་གཉིས་ཡིན་ཏེ། །ཟླ་བ་སྒྲོན་མེའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་བའི་སྲས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་དང་། མདོ་རྒྱན་ལས། འདིར་ནི་དེ་དངོས་འདོད་པས་ཁས་ལེན། ཞེས་དང་། སློབ་དཔོན་ཟླ་བ་གྲགས་པའི་སྐྱབས་འགྲོ་བདུན་ཅུ་པ་ལས། ཐུབ་དབང་གི་ནི་སྐུ་གསུམ་དང་། །མྱ་ངན་འདས་དང་གང་ཟག་བརྒྱད། །སྡོམ་བརྩོན་བཅས་ལ་མོས་པ་ཡིས། །གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །ཞེས་གསུངས་སོ། །ངེས་ཚིག་ནི། ས་ར་ཎཾ་ཞེས་པ་སྐྱབས་སམ་དཔུང་གཉེན་ནམ་རྟེན་དུ་བྱེད་པ་ལ་འཇུག་གོ། །མཚན་ཉིད་ལ་སྤྱིའི་མཚན་ཉིད་ནི། འཇིགས་པ་སྤང་བའི་དོན་དུ་སྐྱབས་གནས་ལ་བརྟེན་པར་དམ་བཅའ་བའོ། །བྱེ་བྲག་ཐེག་ཆེན་སྐྱབས་འགྲོའི་མཚན་ཉིད་ནི། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་སངས་རྒྱས་ཐོབ་པར་འདོད་པའི་བློས་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་སྟོན་པ་ལམ་གྲོགས་སུ་ཁས་ལེན་པའོ། །དབྱེ་བ་ནི། རྒྱུ་དང་འབྲས་བུས་ཕྱེ་བ་བརྡར་བཏགས་པ་ཀུན་རྫོབ་སྐྱབས་འགྲོ་དང་། རང་བཞིན་ཆོས་ཉིད་ཀྱི་ཐོབ་པ་དོན་དམ་སྐྱབས་འགྲོ་གཉིས་ཡིན་ཏེ། མདོ་རྒྱན་ལས། བརྡར་བཏགས་ཆོས་ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་མཆོག་ཡིན། །ཞེས་སོ། །རྒྱུ་ཅིས་སྐྱབས་སུ་འགྲོ་དགོས་པའི་སྐབས་སུ། བརྒྱུད་པའི་ཉེར་ལེན་བདེ་གཤེགས་སྙིང་པོ་ཡིན་ཏེ། རྒྱུད་བླ་མ་ལས། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི་གོ་རིམ་བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །རྟོགས་བྱ་རྟོགས་པ་དེ་ཡི་ནི། །ཡན་ལག་རྟོགས་པར་བྱེད་ཕྱིར་ཏེ། །གོ་རིམ་ཇི་བཞིན་གནས་གཅིག་དེ། །དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ། །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །དངོས་ཀྱི་ཉེར་ལེན་དད་མོས་སྤྱི་ལ་གནས་པ་ཡིན་ཏེ། མདོ་རྒྱན་ལས། །སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་སོ། །ཐུན་མོང་མ་ཡིན་པའི་ལྷན་ཅིག་བྱེད་རྐྱེན་འཇིགས་པ་དྲན་པ་ལས། འདུས་བྱས་འཁོར་བའི་འཇིགས་པ་དྲན་པ་ལ་གསུམ་སྟེ། རྒྱུ་ཉོན་མོངས་ཅན་གྱི་མ་རིག་པ་བརྟེན་པར་བཅས་པའི་འཇིག་པ་དྲན་པ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་ཉོན་མོངས་ཅན་བྱས་རྟོག །རང་གི་ངོ་བོ་སྒྲོ་བཏགས་འདོད། །བྱིས་པ་རྣམས་ཀྱི་འཁོར་བའི་རྒྱུ། །དེ་རྟོག་གྱུར་པ་ལོག་ཤེས་ཡིན། །ཞེས་སོ། །འདི་མན་གྱི་ཚིགས་སུ་བཅད་པ་ཁུང་མ་སྨོས་པ་ཐམས་ཅད་སྐྱབས་འགྲོ་བདུན་ཅུ་པ་ཡིན་པར་ཤེས་པར་བྱའོ། །ངོ་བོ་བསླུ་ཞིང་མི་རྟག་པའི་འཇིགས་པ་དྲན་པ་ནི། ཐོག་མཐའ་མེད་པའི་སྲིད་པ་རུ། །མ་རིག་གཉིད་ཀྱིས་ལོག་པ་ཡིས། །འགྲོ་ལ་གང་གང་སྣང་བ་དེ། །བརྫུས་ཏེ་རྨི་ལམ་ལྟ་བུར་འདོད། །ཅེས་སོ། །འབྲས་བུ་སྡུག་བསྔལ་དུ་གྱུར་པའི་འཇིགས་པ་དྲན་པ་ནི། སློབ་དཔོན་འཕགས་པ་ལྷས། མི་རྟག་པ་ལ་ངེས་པར་གནོད། །གང་ལ་གནོད་ཡོད་དེ་བདེ་མིན། །དེའི་ཕྱིར་གང་ཞིག་མི་རྟག་པ། །དེ་དག་ཐམས་ཅད་སྡུག་བསྔལ་འགྱུར། །ཞེས་སོ། །འདུས་མ་བྱས་མྱང་འདས་འཇིགས་པ་དྲན་པ་ལའང་གསུམ་སྟེ། རྒྱུ་གང་ཟག་གི་བདག་མེད་དང་ཉོན་མོངས་སྤོང་ཐབས་ཙམ་གྱི་ཆོས་ཀྱི་བདག་མེད་ལ་བརྟེན་ཅིང་སྙིང་རྗེ་ཆེན་པོ་བྲལ་བ་རང་དོན་ཡིད་བྱེད་དང་བཅས་པའི་འཇིགས་པ་དྲན་པ་ནི། དེ་འདིར་ཐར་པའི་ཆ་ནས་ནི། །བརྩམས་ཏེ་རྟག་ཏུ་དགེ་བ་ལ། །ཉན་ཐོས་ཉིད་ཕྱིར་འབད་ན་ནི། །རིམ་གྱིས་ཉན་ཐོས་ཉིད་དུ་འགྱུར། །གང་ཞིག་རང་བྱུང་ཡེ་ཤེས་འདོད། །རང་རྒྱལ་བྱང་ཆུབ་དོན་གཉེར་བ། །རྩོམ་པ་དེ་ཡང་རང་རྒྱལ་གྱི། །བྱང་ཆུབ་ཁོ་ན་ངེས་འཐོབ་བོ། །རང་དོན་ལ་གཞོལ་འདི་དག་ནི། །སྙིང་རྗེ་ཆེན་པོ་དང་བྲལ་བས། །རང་རྒྱལ་རྒྱལ་བའི་གསུང་ལས་སྐྱེས། །ཐེག་པ་ཆེན་པོར་མི་བསྔགས་སོ། །ཞེས་སོ། །ངོ་བོ་ཉེས་དམིགས་ལྔ་དང་ལྡན་པའི་འཇིགས་པ་དྲན་པ་ལ་ལྔ་སྟེ། སངས་རྒྱས་བྱང་སེམས་ཀྱི་ཁྱད་ཆོས་མེད་པའི་ཉེས་པ་ནི། རྒྱལ་བའི་ཡོན་ཏན་མཐའ་ཡས་པ། །ཐེག་པ་ཆེ་ལས་གསུངས་པ་དང་། །བྱང་ཆུབ་སེམས་དཔའི་མཐུ་ཐོས་ནས། །དེ་ནི་སྣོད་ཉིད་འགྱུར་བ་ཡིན། །ཞེས་སོ། །གཞན་དོན་མེད་པའི་ཉེས་པ་ནི། དེས་ནི་ཐེག་པ་ཆེན་པོའི་ཤིང་། །མ་ལུས་རང་གིས་ལམ་གྱིས་བསྲེགས། །བྱང་ཆུབ་སེམས་དཔའ་ནང་དུ་ནི། །སྐྱེས་བུ་དབུལ་པོ་ལྟ་བུར་གནས། །ཞེས་སོ། །རང་སྡུག་བསྔལ་ལ་སྐྲག་པས་སྲིད་པ་སྤང་བའི་ཉེས་པ་ནི། འདི་དག་སྲིད་པས་སྐྲག་པ་ཡི། །ཡིད་ཀྱིས་བྱང་ཆུབ་གཉིས་ཐོབ་པ། །ཞེས་སོ། །འཇིགས་སྲེད་དང་བཅས་པའི་ཉེས་པ་ནི། ཚེ་ཟད་པར་ནི་དགར་འགྱུར་ཞིང་། །ཞེས་སོ། །དམིགས་པ་དང་བཅས་པས་མཐར་ཐུག་གི་མྱང་འདས་མེད་པའི་ཉེས་པ་ནི། མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དེ་ལ་མྱ་ངན་འདས་ཡོད་མིན། །ཞེས་སོ། །འབྲས་བུ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ལྡན་པས་རྣམ་མཁྱེན་སྤང་ཞིང་ཆད་པའི་མྱང་འདས་ལ་གནས་པའི་འཇིགས་པ་དྲན་པ་ནི། མ་རིག་ཉོན་མོངས་མེད་ཡོད་པས། །རྣམ་པ་ཀུན་མཁྱེན་སྤངས་པ་ཉིད། །སློབ་མ་རང་སངས་རྒྱས་དག་གི། །བྱང་ཆུབ་དངོས་པོ་མེད་པ་ཡིན། །ཞེས་སོ། །འཇིགས་པ་ལ་བརྟེན་ནས་སྙིང་རྗེ་ཆེན་པོ་བསྐྱེད་པ་ལ། རྒྱུ་མཚན་ནི་མདོ་རྒྱན་ལས། དེ་ཡང་སྙིང་བརྩེ་ལས་རིག་བྱ། །ཞེས་སོ། །སྙིང་རྗེ་ཆེན་པོ་བསྐྱེད་པའི་ཡུལ་སེམས་ཅན་ཐམས་ཅད་མ་ངེས་པར་ཡིན་པ་ལ་ཡིན་པར་ཤེས་པ་ནི། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། གང་གིས་མངལ་དུ་ལན་གཅིག་མིན་པར་བདག །མ་གནས་པའམ་བདག་ལ་གང་མ་གནས། །སེམས་ཅན་དེ་ནི་འདི་ན་འགའ་ཡང་མེད། །དེའི་ཕྱིར་ཐམས་ཅད་གཉེན་དུ་གྱུར་པ་ཡིན། །ཞེས་སོ། །སྙིང་རྗེ་ཆེན་པོ་སྐྱེད་ཚུལ་ནི་ཚད་མེད་བཞི་སྟེ། དེ་ཡང་མདོ་རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེའི་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་སོ། །ཐུན་མོང་གི་ལྷན་ཅིག་བྱེད་རྐྱེན་ཡོན་ཏན་དྲན་པ་ལ་གཉིས་ཏེ། དཀོན་མཆོག་གསུམ་སོ་སོའི་ཡོན་ཏན་བཀའ་ལྟར་དྲན་པ་ནི། དཀོན་མཆོག་རྗེས་སུ་དྲན་པའི་མདོ་ལྟར་རོ། །དཀོན་མཆོག་གསུམ་ཐུན་མོང་གི་ཡོན་ཏན་བསྟན་བཅོས་ལྟར་དྲན་པ་ནི། ཡོན་ཏན་དམ་པ་རེ་རེ་ཞིང་། །བསམ་ཡས་དེ་ནི་མཁའ་དང་མཉམ། །བྱང་ཆུབ་སེམས་ལ་རྟག་ཕྱག་འཚལ། །བློ་ལྡན་བྱང་ཆུབ་ལ་སྐྱབས་མཆི། །ཞེས་སོ། །གང་ལ་སྐྱབས་སུ་འགྲོ་བའི་ཡུལ་གྱི་སྐབས་སུ། ཡུལ་དཀོན་མཆོག་གི་ངོ་བོ་ནི། དམ་པའི་ཆོས་དང་འཕགས་པའི་གང་ཟག་གོ། །ངེས་ཚིག་ནི། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཉིད་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། །མཚན་ཉིད་ནི། ཐར་འདོད་རྣམས་ཀྱི་སྐྱབས་བླ་ན་མེད་པར་གནས་པ་ཡིན་ཏེ། སངས་རྒྱས་དེ་ཆོས་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་སོ། །དབྱེ་བ་ནི། སྤྱོད་འཇུག་ལས། དུས་གསུམ་གཤེགས་པའི་སངས་རྒྱས་དང་། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞེས་སོ། །དབྱེ་བའི་གྲངས་ངེས་ནི། རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་སོ། །གོ་རིམ་ངེས་པ་ནི། དེ་ཉིད་ལས། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཞེས་སོ། །དབྱེ་བ་སོ་སོ་ནས་རྒྱས་པར་བཤད་པ་ལ། སངས་རྒྱས་དཀོན་མཆོག་གི་ངོ་བོ་ནི། རང་ཉིད་སྤང་རྟོགས་མཐར་ཕྱིན་ནས་གཞན་སྤངས་རྟོགས་ལ་འགོད་པའི་འཕགས་པ་སྟེ། མ་རིག་གཉིད་ནི་རྒྱུན་ཆད་ཅིང་། །ཡང་དག་ཡེ་ཤེས་ངེས་བྱུང་བས། །གང་ཞིག་རྣམས་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སད་ཅི་བཞིན་ནོ། །ཡེ་ཤེས་བླ་ན་མེད་པ་ཡིས། །ཡང་དག་དེ་ཉིད་ཐུགས་ཆུད་པའམ། །ཞི་བ་ཉིད་ཀྱིས་རྟོགས་སངས་རྒྱས། །དེ་བས་སངས་རྒྱས་སངས་རྒྱས་འདོད། །ཅེས་དང་། ཡང་དག་དེ་ཉིད་སྟོན་མཛད་ཅིང་། །མི་མཁས་སེམས་ཅན་རྟོགས་མཛད་པས། །དེས་ཀྱང་སངས་རྒྱས་སངས་རྒྱས་དང་། །དེ་ཡང་སངས་རྒྱས་དང་མཚུངས་འདོད། །ཅེས་སོ། །ངེས་ཚིག་ནི། དུས་གསུམ་ལམ་ལས་ངེས་གྲོལ་ཞིང་། །མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ནི་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་རྣམ་རྒྱས། །ཞེས་སོ། །མཚན་ཉིད་ནི། རྒྱུད་བླ་མ་ལས། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །དབྱེ་བ་ལ་མདོར་བསྟན་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུ། །མཚན་དཔེའི་གཟུགས་བླ་ན་མེད་པ་མངའ་བ་ལོངས་སྐུ། འཇིག་རྟེན་གསུམ་གྱི་འགྲོ་བ་ཐམས་ཅད་ཀྱི་སྟོན་པར་གྱུར་པ་སྤྲུལ་སྐུ་སྟེ། སངས་རྒྱས་རྟོག་པ་མི་མངའ་བའི། །གཟུགས་ཀྱི་སྐུ་ཡི་ཡང་དག་འབྱུང་། །སྤྲུལ་པའི་སྐུ་ནི་ས་སྟེང་དུའང་། །ཡང་དག་བྱང་ཆུབ་སྟོན་པར་མཛད། །ཐུབ་དབང་རྣམས་ཀྱི་སྐུ་གསུམ་སྟེ། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །མདོར་བསྡུས་ནས་ནི་བཤད་པ་འདི། །གུས་པས་བློ་ལ་བཞག་པ་བགྱི། །ཞེས་སོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། རྟེན་སྐུ་གསུམ་དང་། བརྟེན་ཡེ་ཤེས་གསུམ་དང་། འབད་མེད་ཀྱི་མཛད་པ་བཤད་པའོ། །དང་པོ་ལའང་གསུམ་ལས། ཆོས་སྐུ་ངོ་བོ་རྒྱུ་དང་བཅས་པ་ནི། ཡེ་ཤེས་སྤྲོས་པ་མེད་པ་གང་། །ཤེས་བྱ་སྐྱེ་བ་མེད་ལས་བྱུང་། །སངས་རྒྱས་རྣམས་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཚོགས་ལས་བྱུང་བ་ཡིན། །ཞེས་སོ། །གཟུགས་སྐུའི་རྒྱུ་དང་བཅས་ཏེ་ལོངས་སྐུ་ཁྱད་པར་དུ་བཤད་པ་ནི། བསོད་ནམས་ཚོགས་ནི་ཚད་མེད་ལས། །འཁྲུལ་པ་དེ་ནི་རྒྱལ་བའི་སྲས། །ས་བཅུ་ལ་ནི་གནས་རྣམས་ཀྱི། །མཐོ་བར་གྱུར་ན་སྐུ་དེ་ཡིས། །ཆོས་ཀྱི་རྫོགས་ལོངས་སྤྱོད་འདི་ནི། །རྒྱལ་སྲས་རྣམས་ནི་སྤྱོད་པ་ཡིན། །རྒྱལ་བ་སྐུ་དེ་ལ་བཞུགས་ནས། །བླ་མེད་བྱང་ཆུབ་ཐུགས་སུ་ཆུད། །ཅེས་སོ། །གཟུགས་སྐུའི་ངོ་བོ་དང་བཅས་ཏེ་སྤྲུལ་སྐུ་ཁྱད་པར་དུ་བཤད་པ་ནི། སངས་རྒྱས་ཀྱི་ནི་གཟུགས་ཀྱི་སྐུ། །མཚན་དང་དཔེ་བྱད་དག་གིས་འབར། །འགྲོ་བ་རང་གི་མོས་པ་ཡི། །དབང་གིས་སྣ་ཚོགས་སྐུ་འཛིན་གང་། །ཞེས་སོ། །གཉིས་པ་བརྟེན་པ་ཡེ་ཤེས་བཤད་པ་ལ་གསུམ་ལས། ཀུན་རྫོབ་ཆོས་ཀྱི་ཡུལ་ཅན་ཇི་སྙེད་མཁྱེན་པའི་ཡེ་ཤེས་ནི། སངས་རྒྱས་རྣམས་ཀྱི་མ་འདྲེས་ཆོས། །ཁྱད་པ་འཕགས་པ་བཅོ་བརྒྱད་དང་། །སངས་རྒྱས་རྣམས་ཀྱི་སྟོབས་སོགས་ཀྱིས། །ཡེ་ཤེས་དེ་ནི་ཡང་དག་བརྒྱན། །ཅེས་སོ། །ཆོས་ཉིད་དོན་དམ་པའི་ཡུལ་ཅན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ནི། ཆོས་རྣམས་ཉིད་ཀྱི་ངོ་བོ་ནི། ཐམས་ཅད་ཡོད་པ་མ་ཡིན་ཏེ། །དེའི་ཕྱིར་སྐད་ཅིག་གཅིག་གིས་ནི། །བདེ་གཤེགས་ཐམས་ཅད་མཁྱེན་པར་འདོད། །ཅེས་སོ། །སྲིད་ཞི་མཉམ་པར་མཁྱེན་པ་ལས་བྱུང་བ་ཡུལ་ཡུལ་ཅན་ལས་འདས་པ་གཉིས་མེད་སྤྲོས་བྲལ་གྱི་ཡེ་ཤེས་ནི། རྒྱལ་བས་དངོས་པོ་དེ་རྣམས་ནི། །གཟུགས་བརྙན་དང་ཡང་འདྲར་མཁྱེན་པས། །གཉིས་མེད་ཡེ་ཤེས་མ་རིག་ཟད། །ཤེས་བྱ་སྐྱེ་མེད་པས་རབ་ཕྱེ། །དེ་བས་དེ་ནི་ཅུང་ཟད་ཀྱང་། །མི་མཁྱེན་ཅི་ཡང་སྟོན་མི་མཛད། །སངས་རྒྱས་ནམ་མཁའ་ཇི་བཞིན་དུ། །དེ་ལྟར་ཆོས་ཉིད་ལ་རབ་བཞུགས། །ཞེས་སོ། །གསུམ་པ་འབད་མེད་ཀྱི་མཛད་པ་བཤད་པ་ནི། ཡིད་བཞིན་ནོར་བུ་ཅི་ཡང་ནི། །མི་བྱེད་རྟོག་པ་མེད་ན་ཡང་། །འགྲོ་བའི་བསམ་པ་ཇི་བཞིན་དུ། །ཚིམ་པར་བྱེད་པ་ཡིན་པར་བཤད། །རྫོགས་སངས་ཐུགས་ཀྱི་རིན་ཆེན་ནི། །རང་གི་མོས་བཞིན་དགོངས་མཛད་པས། །འགྲོ་བའི་བྱ་བ་བྱེད་དེ་ལས། དེ་བཞིན་མཛད་པར་གོ་བ་ཡིན། །དེ་ཉིད་ཕྱིར་ན་འཕགས་པ་རྣམས། །བསམ་མི་ཁྱབ་པའི་རྐྱེན་ལས་འཁྲུངས། །ཡིད་བཞིན་ནོར་བུ་བྱ་བ་ནི། །མཐོང་བ་འབད་པ་ཡོད་མ་ཡིན། །ཞེས་སོ། །སངས་རྒྱས་རྣམས་ནི་རང་བཞིན་དང་གང་དུ་བརྙེས་པའི་གནས་བཅས་བསྟན་ཏེ་དོན་བསྡུ་བ་ནི། ཆོས་རྣམས་དངོས་མེད་ཉིད་ལ་ནི། །བློ་གནས་སངས་རྒྱས་ཡིན་པར་བཤད། །འོག་མིན་གཞལ་ཡས་ཁང་དུ་ནི། །ཡང་དག་མངོན་སུམ་མཛད་པར་འདོད། །ཅེས་སོ། །ཆོས་དཀོན་མཆོག་གི་ངོ་བོ་ནི། གཉེན་པོ་བསླུ་མེད་འདུས་མ་བྱས་མྱང་འདས་ཚིག་དོན་ཏེ། །གང་ཞིག་རྨི་ལམ་སྒྱུ་མ་དང་། །ཆུ་ཟླ་ལྟ་བུ་བསླུ་བྱེད་པ། །སྐྱེ་སོགས་དང་ལྡན་དེ་སྤང་བྱའི། །ཆོས་སྤང་བར་ནི་རིགས་མ་ཡིན། །ཞེས་སོ། །ངེས་ཚིག་ནི། སྔོན་མེད་པ་ལས་སླར་བྱུང་ཞིང་། །བྱུང་ནས་ཀྱང་ནི་ཡང་དག་མེད། །རང་གི་ངོ་བོ་འཛིན་པས་ཆོས། །དོན་དམ་པ་ནི་མི་བརྗོད་དོ། །ཞེས་སོ། །ཀུན་རྫོབ་སྒྱུ་མ་ལྟ་བུར་སྐྱེ་ཞིང་འཇིག་པའི་མཚན་ཉིད་འཛིན་པ་དང་། དོན་དམ་བརྗོད་དུ་མེད་པའི་མཚན་ཉིད་འཛིན་པས་ནའོ། །མཚན་ཉིད་ནི། རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་སོ། །དབྱེ་བ་ལ་ལུང་རྟོགས་གཉིས་ཀྱི། ལུང་གི་ཆོས་ལ་སྤྱིར་བསྟན་པ་ནི། ཐུབ་པ་རྣམས་ཀྱིས་ཡང་དག་གསུངས། །དེ་ཡི་རྒྱུ་ལས་སྐྱེ་འགྱུར་པས། །དེས་ནི་མངོན་སུམ་དག་ཏུ་གཟིགས། །ཞེས་སོ། །དམན་མཆོག་གི་ལུང་གི་ཆོས་ཀྱི་རྣམ་གྲངས་ངེས་པ་བྱེ་བྲག་ཏུ་བསྟན་པ་ནི། ཉན་ཐོས་རྣམས་ཀྱི་དབང་མཛད་ནས། །སྡེ་སྣོད་གསུམ་དུ་འདོད་པ་ཡིན། །བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི། །ངེས་པ་དེར་ནི་ཡོད་མ་ཡིན། །འཕགས་པ་ནུབ་ཀྱི་རིར་བཤད་དང་། །ཤར་གྱི་རི་པའི་ཉན་ཐོས་ཀྱིས། །བྱང་ཆུབ་སེམས་དཔའི་དབང་བྱས་པ། །སྡེ་སྣོད་བདུན་དུ་བཤད་པ་ཡིན། །བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། །དེ་བཞིན་རིག་འཛིན་ཞེས་བྱ་དང་། །མདོ་སྡེ་ཆོས་མངོན་འདུལ་བ་དང་། །རྒྱས་དང་དེ་བཞིན་སྐྱེས་པའི་རབས། །དེ་ལྟར་སྡེ་སྣོད་བདུན་པོ་ནི། །ལུང་ནི་གཉིས་ལས་བསྟན་པ་ཡིན། །གང་ལ་དེ་ནི་ཚད་མིན་འགྱུར། །དེ་ནི་དགྲ་བཅོམ་སྤངས་པ་ཉིད། །ཅེས་སོ། །རྟོགས་པའི་ཆོས་འགོག་ལམ་གཉིས་ནི། །དུས་གསུམ་དུ་ཡང་དངོས་གཅིག་ཕྱིར། །ངོ་བོ་ཉིད་ཀྱིིས་རྟག་ཏུ་བྱུང་། །རྒ་ཤི་དག་ལས་གྲོལ་བ་ཉིད། །ཆོས་རྣམས་དུ་ནི་ཆོས་ཞེས་བཤད། །ཟད་དང་ཆགས་བྲལ་མྱ་ངན་འདས། །འགོག་དང་སྟོང་པ་ཉིད་ཞི་བ། །དེ་བཞིན་ཉིད་དང་ཆོས་རྣམས་ཀྱིས། །གང་གི་ངོ་བོར་དེ་ཉིད་བཤད། །ཅེས་དང་། ལམ་གང་མྱ་ངན་འདས་འགྲོ་བ། །ཞེས་སོ། །དགེ་འདུན་དཀོན་མཆོག་གི་ངོ་བོ་ནི། གྲོལ་དང་གྲོལ་ལམ་ལ་གནས་ཤིང་སྤངས་རྟོགས་མཐར་མ་ཕྱིན་པའི་གང་ཟག་འཕགས་པ་སྟེ། སྟོན་པའི་སློབ་མའི་ཚོགས་འདི་ནི། །གྲོལ་དང་གྲོལ་བའི་ལམ་ལ་གནས། །ཞེས་སོ། །ངེས་ཚིག་ནི། སངས་རྒྱས་ཆོས་དང་དགེ་འདུན་ནི། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང་། །གང་ཕྱིར་དབྱེ་བར་མི་ནུས་པས། །དེའི་ཕྱིར་དགེ་འདུན་ཞེས་བཤད་དོ། །ཞེས་སོ། །མཚན་ཉིད་ནི། རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཞེས་སོ། །དབྱེ་བ་ལ་གསུམ་སྟེ། ཐེག་དམན་དང་ཐེག་ཆེན་དགེ་འདུན་གཉིས་སུ་དབྱེ་བ་དང་། འཕགས་བཞིའི་མཐུའི་ཁྱད་པར་བཤད་ཅིང་ཉན་རང་དགྲ་བཅོམ་དང་སེམས་དཔའ་སངས་རྒྱས་ལས་གཞན་དགེ་འདུན་དུ་སྒྲུབ་པ་དང་། སྐྱབས་འགྲོའི་ཡུལ་འཕགས་པ་ཁོ་ན་ལས་སློབ་མི་སློབ་གང་ཡང་མིན་པའི་ལམ་ཞུགས་ཀྱི་སོ་སྐྱེ་མ་ཡིན་པར་བཤད་པའོ། །དང་པོ་ལ་གསུམ་ལས། ཐེག་དམན་གྱི་དགེ་འདུན་ཟུང་བཞི་ཡ་བརྒྱད་བསྟན་པ་ནི། འཕགས་པའི་བདེན་པ་རྣམ་པ་བཞི། །རྟོགས་ཏེ་ཤེས་ནས་དད་གྱུར་པ། །སྐྱེས་བུ་གང་ཟག་ཡ་བརྒྱད་པོ། །མི་ཕྱེད་དགེ་འདུན་ཞེས་བཤད་དོ། །ཉོན་མོངས་གཞོམ་ཕྱིར་སློབ་པས་ན། །གང་ཟག་བདུན་ནི་སློབ་པ་ཡིན། །ཉེས་པ་མ་ལུས་ཟད་པའི་ཕྱིར། །བརྒྱད་པ་མི་སློབ་པར་བཤད་དོ། །དེ་རྣམས་འབྲས་བུར་གནས་པ་བཞི། །བཞི་ནི་ཞུགས་པ་པོ་ཡིན་ལ། །ཞེས་སོ། །ཐེག་ཆེན་གྱི་དགེ་འདུན་སར་གནས་བྱང་སེམས་བསྟན་པ་ནི། །རབ་ཏུ་དགའ་བ་ཐོབ་པ་ན། །ཀུན་སྦྱོར་གསུམ་པོ་ལེགས་ཟད་པས། །བྱང་ཆུབ་སེམས་དཔའ་འཕགས་འགྱུར་ཞིང་། །རྫོགས་སངས་རིགས་ལས་བྱུང་བ་ཡིན། །ས་ནི་གོང་མ་གོང་མ་ལ། །བྱང་ཆུབ་སེམས་པའི་ཡོན་ཏན་དང་། །ཉེས་ཟད་གང་ཡིན་ས་བཅུ་པའི། །མདོ་ཉིད་ལས་ནི་ཤེས་པར་བྱ། །ཞེས་སོ། །བྱང་སེམས་བསྔགས་འོས་མཆོག་ཏུ་བསྟན་པ་ནི། ཤེས་བྱ་མཐའ་ཡས་དབང་གིས་ནི། །འཁོར་བ་ན་ནི་སྐད་ཅིག་ཡོད། །གལ་ཏེ་རེ་རེའི་དབྱེ་བས་རིང་། །དེ་བཞིན་འདི་ཡང་སྲིད་མཚུངས་འགྱུར། །བྱ་བ་རྒྱ་ཆེན་བྱེད་པའི་ཕྱིར། །སྲིད་པ་རིང་སྙམ་མི་སེམས་སོ། །བསོད་ནམས་ཡེ་ཤེས་སྟོབས་ཀྱིས་ནི། །ལུས་སེམས་སྡུག་བསྔལ་གྱིས་མི་ནོན། །དེས་ན་རྣམ་པ་ཐམས་ཅད་དུ། །བྱང་ཆུབ་སེམས་དཔའ་སྨད་མི་བྱ། །ཞེས་སོ། །གཉིས་པ་ལའང་གསུམ་ལས། འཕགས་བཞིའི་མཐུའི་ཁྱད་པར་བཤད་པ་ནི། ཁམས་གསུམ་སར་གཏོགས་ཉོན་མོངས་ཟད། །བྱང་ཆུབ་ཀྱི་ནི་སྣོད་འགྱུར་ཉིད། །ཕུང་པོ་ཁམས་དང་སྐྱེ་མཆེད་ནི། །གཟུགས་བརྙན་མཚུངས་པར་མཐོང་བས་ན། །ཉན་ཐོས་རང་སངས་རྒྱས་དག་གིས། །སྟོང་ནི་གཉིས་དང་གསུམ་པོ་མཐོང་། །རྣམ་ཀུན་མཁྱེན་པའི་ཡེ་ཤེས་ནི། །རྫོགས་སངས་རྒྱས་ཀྱི་ཡིན་པར་བཤད། །རྒྱལ་བའི་ལམ་གྱི་རྣམ་པ་ཤེས། །བྱང་ཆུབ་སེམས་དཔའི་ཡིན་པར་གསུངས། །ཞེས་སོ། །ཉན་རང་དགྲ་བཅོམ་སངས་རྒྱས་ལས། །གཞན་དགེ་འདུན་དུ་སྒྲུབ་པ་ནི། །དེ་ལ་མྱ་ངན་འདས་ཡོད་མིན། །འོན་ཀྱང་སྲིད་གསུམ་སྐྱེ་བ་ནི། །དེ་དག་ལ་ནི་ཡོད་མིན་གྱི། །ཟད་པ་མེད་པའི་དབྱིངས་ན་འཁོད། །མི་ཤེས་ཉོན་མོངས་མུན་པར་བྱིང་། །ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་བས། །བྱང་ཆུབ་ཀྱིས་ནི་ཚོགས་བསགས་ནས། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་སོ། །གཞན་འདོད་བཀོད་ཅིང་དེ་དགག་པ་དང་བཅས་པས་བྱང་སེམས་སངས་རྒྱས་ལས་གཞན་དགེ་འདུན་དཀོན་མཆོག་ཏུ་སྒྲུབ་པ་ནི། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡི། །མཚན་གྱིས་ཡང་དག་བརྒྱན་པ་ལ། །བློ་དང་ལྡན་པའི་བློན་པོ་ཡིས། །རྒྱལ་པོ་ལྟ་བུ་མཐོ་བར་མཐོང་། །ཉན་ཐོས་རང་སངས་རྒྱས་དག་གིས། །རྫོགས་སངས་རྒྱས་ཀྱི་རིགས་བྱུང་བའི། །བྱང་ཆུབ་སེམས་དཔའ་བློ་ལྡན་ཡང་། །ཐུབ་པའི་དབང་པོ་ལྟ་བུ་མཐོང་། །བྱང་ཆུབ་སེམས་ནི་ལེགས་བསྐྱེད་པའི། །སྡོམ་བརྩོན་མཆིལ་ལྷྭམ་ཁུར་བ་ལ། །བྱང་ཆུབ་སེམས་སོགས་ལ་གུས་པས། །དགྲ་བཅོམ་པ་ཡིས་མཆོད་པར་བཤད། །ཤར་རིའི་ལུང་ལས་དགྲ་བཅོམ་པས། །བྱང་ཆུབ་སེམས་དཔར་ཕྱག་འཚལ་ཉིད། །འདི་དག་དཀོན་མཆོག་གསུམ་གཞན་མིན། །སངས་རྒྱས་ཁོངས་སུ་གཏོགས་པར་འདོད། །ཅེས་དང་། ཇི་ལྟར་དགྲ་བཅོམ་ཟད་ཡེ་ཤེས། །ས་བདུན་སྔོན་དུ་འགྲོ་བ་ཅན། །དེ་བཞིན་རྫོགས་སངས་རྒྱས་ཡེ་ཤེས། །ས་བཅུ་སྔོན་དུ་འགྲོ་བ་ཡིན། །འདི་དག་གཅིག་པུ་མི་འགྲོ་ཡི། །ས་བཅུ་པོ་ནི་སྦྱོང་བྱེད་དེ། །གང་ཕྱིར་ཕ་རོལ་ཕྱིན་པ་བཅུ། །ས་དེ་རྣམས་ལ་རྫོགས་པར་བྱེད། །འབྲས་བུར་གནས་དང་ཞུགས་པ་ནི། །འཕགས་པའི་ལམ་གྱིས་རབ་ཕྱེ་བའི། །སློབ་པ་རྣམས་ཀྱི་ས་བདུན་ནི། །མངོན་པའི་ཆོས་ལས་ཇི་སྐད་བཤད། །དེ་བཞིན་སྡེ་སྣོད་རྒྱས་པ་ལས། །ས་བཅུའི་བསྔགས་པ་བརྗོད་པ་ཡིན། །ཞེས་སོ། །གསུམ་པ་ནི། །ཐམས་ཅད་འཕགས་ལམ་བདག་ཉིད་ཅན། །དེ་བས་འཕགས་མིན་ཇི་ལྟར་འགྱུར། །ཞེས་དང་། གང་ཞིག་འཕགས་ལམ་མ་སྐྱེས་པའི། །བྱིས་རྨོངས་སོ་སོའི་སྐྱེ་བོ་དག །དེ་ནི་སློབ་དང་མི་སློབ་པ། །མིན་ཞེས་བསྟན་བཅོས་ལས་བཤད་དོ། །ཞེས་སོ། །དེ་གནས་སྐབས་སྐྱབས་གསུམ་དུ་འཇུག་ཚུལ་སོང་ངོ་། །ད་ནི་མཐར་ཐུག་གི་སྐྱབས་གནས་སངས་རྒྱས་གཅིག་པུ་ཉིད་ལས་སློབ་ལམ་གྱིས་བསྡུས་པའི་འགོག་བདེན་དང་བཅས་ཆོས་དང་དགེ་འདུན་ཀུན་མཐར་ཐུག་གི་སྐྱབས་མ་ཡིན་པར་བཤད་པ་ནི། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །ཞེས་གསུངས་སོ། །སྐྱབས་སུ་སོང་བའི་ཕན་ཡོན་གྱི་སྐབས་སུ། མདོ་རྒྱན་ལས་ཀྱང་། དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང་བདེ་བྱེད་དཀའ་ལ་སྐྱོ་བ་མེད། །ངེས་པར་འབྱུང་ལ་ཐེག་པ་ཀུན་གྱི་རྟོན་པའི་ཡོན་ཏན་རྟག་ཏུ་ལྡན། །ཞེས་སོ། །རྟེན་དུ་འགྱུར། ཞེས་པ་ནི། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་སོ། །སྡོམ་པ་བརྒྱད་ནི། མངོན་མཛོད་ལས། སོ་སོར་ཐར་ཅེས་བྱ་རྣམས་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཚད་དང་དགེ་སློང་ཉིད། །ཅེས་སོ། །སྐྱབས་སུ་སོང་བའི་གང་ཟག་གི་བསླབ་བྱ་བསྲུང་སྡོམ་གྱི་རིམ་པ་བསྟན་པའི་སྐབས་སུ། གནོད་སྦྱིན་མི་བརྟེན་ཕྱག་མི་འཚལ། །ཅེས་པའི་གནོད་སྦྱིན་ནི། ཡཀྵའི་སྒྲ་ཡ ཀ་ཙིད་ཅེས་པ་གང་སུ་ཡང་རུང་བ་ལ་འཇུག །ཀྵི་ནནྟྲ་ཏི་ཞེས་པ་གནོད་བྱེད་ལ་འཇུག་ཅིང་། གང་སུ་ཡང་རུང་བ་ལ་གནོད་པ་བྱེད་པས་གནོད་ཅེས་པ་སྦྱར། ཡང་ཡཀྵ་པུ་ཛ་ཡན་ཞེས་པ་ཀུན་གྱིས་མཆོད་པ་སྦྱིན་པའི་ཡུལ་དུ་གྱུར་པར་འཇུག་པས་སྦྱིན་ཞེས་པ་སྦྱར། སྒྲ་དོན་བསྡུས་ཏེ་གནོད་སྦྱིན་དུ་བཏགས་པ་སྟེ། འཇིག་རྟེན་པའི་ལྷ་དང་བཅས་པར་འཇུག་ལ། དེ་ཡང་། མཁའ་རྒྱུའི་ཡི་དྭགས་སུ་གྱུར་པ། འདྲེ་རྣམས་དང་བཙན་དང་གནོད་སྦྱིན་སྲིན་པོ་རྒྱལ་པོ་སོགས་འབྱུང་པོ་སྤྱིའི་མིང་སྒྲ་ཡངས་པའི་དབང་དུ་བྱས་པའོ། །འབྱུང་པོ་བརྟེན་པ་རྣམས་ལ་མ་རུངས་པའི་ཕུང་བ་ངན་མཐའ་བཅོ་བརྒྱད་ཀྱི་གྲངས་ཡོད་པའི་ཚུལ་ནི། འབྱུང་པོ་རྣམས་བསམ་ངན་དང་ལས་ངན་རྒྱུན་མ་ཆད་པ་འཁྲུགས་བཞིན་འཆི་ཁའི་ནད་ཀྱིས་རྟག་ཏུ་༡བཏབས་ཤིང་༢ཡི་དྭགས་ཀྱི་སྡུག་བསྔལ་དཔག་མེད་ཡོད་པ་དེ་འདྲ་བརྟེན་མཁན་ལའང་སློང་བའི་ཕུང་བ། འབྱུང་པོ་ལ་རྫོགས་བྱེད་ཀྱི་དགེ་བ་སྨོན་ལམ་ལོག་པས་དཀྲུགས་པ་ཡོད་པའི་སྟོབས་ཀྱིས་བརྟེན་པ་པོ་དེ་ལ་བསོད་ནམས་ཟད་བྱེད་སྟོབས་གཟི་བརྗིད་མངའ་ཐང་སོགས་༣དང་ང་རྒྱལ་༤ཆགས་སྡང་སོགས་བདུད་ཀྱི་བསླུ་བ་མ་རུངས་པ་སྐྱེས་བའི་ཕུང་བ། འབྱུང་པོའི་ལས་ངན་བསམ་སྦྱོར་ངན་པའི་གྲིབ་མས་བརྟེན་པ་པོའི་དགེ་བ་འཛེད་ཅིང་སྡིག་༦ པ་ངང་གིས་འཕེལ་བའི་ཕུང་བ། འབྱུང་པོ་ལ་འདོད་འདུན་བསྐྱེད་པའི་ཉེར་ལེན་ངན་པ་ཅན་ཀུན། ཤི་མ་ཐག་མཁའ་རྒྱུའི་ཡི་དྭགས་དངོས་སམ་ངན་སོང་༧གཞན་དུ་སྐྱེ་བ་དང་༨མཐོ་རིས་སུ་བྱུང་ཡང་། བཀྲ་མི་ཤིས་པའི་སྡིག་སྤྱོད་ཅན་དུ་སྐྱེ་བའི་ཕུང་བ། འབྱུང་པོ་བརྟེན་པ་པོ་དེའི་རྐྱེན་གྱིས། དེ་གནས་པའི་ཡུལ་ཁམས་ལའང་ནད་འཁྲུགས་རྩོད་སོགས་༩སྡུག་བསྔལ་སྣ་ཚོགས་དང་༡༠སྡིག་སྤྱོད་སྣ་ཚོགས་སློང་བའི་ཕུང་བ། འབྱུང་པོ་གནོད་ཚེ་ནུས་པའི་ཡོན་ཏན་ལ་བསྟོད་པ་དང་བཅས་ནས་དེ་ལ་སེམས་འདུན་སྐྱེད་པའི་སྨོན་ལོག་ཅན་དེས་བསླབ་གསུམ་གྱི་དགེ་ཚོགས་གང་བྱས་གདུག་ཅན་གྱི་གོ་འཕང་ཐོབ་བྱེད་ཀྱི་རྐྱེན་དུ་༡༡འགྱུར་ཞིང་༡༢གནོད་པ་མ་རུངས་པའི་ལམ་དུ་ཞུགས་པ་དེ་ལ་སངས་རྒྱས་བྱང་སེམས་ཀུན་དགྱེས་པ་བྲལ་བའི་ཕུང་བ། འབྱུང་པོ་བརྟེན་པ་དེས་མཐོ་རིས་ཀྱི་ལུས་མཆོག་ལ་གནས་པའང་མ་ཤེས་ཤིང་ངན་སོང་དམན་པའི་ཉེས་པའང་མ་ཤེས་པས་དལ་འབྱོར་རྙེད་དཀའ་༡༣དང་འཁོར་བའི་༡༤ཉེས་དམིགས་ཤེས་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕུང་པ། འབྱུང་པོ་མི་དགེའི་རྒྱུས་འཕངས་པ་མི་དགེའི་འབྲས་བུར་སྤྱོད་པ་ལས་བདེ་དགེ་འཚོལ་ཞིང་། ཞེ་སྡང་རྒྱུ་འབྲས་ཅན་རྟེན་དུ་བྱས་ཚེ་སངས་རྒྱས་ལུགས་ལ་རྒྱབ་ཀྱིས་༡༥ཕྱོགས་ཤིང་༡༦སྙིང་རྗེ་རྩད་ནས་འཇོམས་པའི་ཕུང་བ། འབྱུང་པོ་ལ་ཕྱག་འཚལ་མཆོད་ཅིང་བརྟེན་པས་སྐྱབས་འགྲོའི་བསླབ་པ་དང་བྲལ་ནས་སྡོམ་པ་ཐམས་ཅད་༡༧ ཞིག་ཅིང་༡༨མུ་སྟེགས་ཀླ་ཀློ་དང་ཁྱད་མེད་དུ་གྱུར་པའི་ཕུང་བ་སྟེ་ས་བཅས་དགུ་པོ་རེ་རེར་གཉིས་གཉིས་གནས་པ་འབྱུང་པོ་བརྟེན་པ་ལ་ཕུང་བ་བཅོ་བརྒྱད་ཅེས་བྱའོ། །དེང་སང་གི་དུས་ན་གཏི་མུག་གི་ལྟ་བ་ངན་པའི་དབང་གིས། མཐོ་རིས་དང་ངན་སོང་གི་རིས་གང་ཡིན་ཙམ་ཡང་མི་ཤེས་པ་རྣམས་ཀྱིས། ངན་སོང་གི་འགྲོ་བ་གདོན་རིགས་ལྷའི་གཟུགས་སུ་བྱས་ནས་སྐྱབས་འཚོལ་བ་མང་དུ་སྣང་ཡང་དེ་དག་གིས་སྐྱབས་མི་ནུས་པའི་སྟེང་འདི་ཕྱི་ཀུན་ཏུ་གནོད་པར་འདུག་པས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་དཀོན་མཆོག་ཁོ་ནར་བློ་གཏད་བྱེད་པ། མཐོ་རིས་མི་རུ་སྐྱེ་བ་རང་ཉིད་སེམས་ཅན་འབྱུང་པོ་ཀུན་གྱི་སྐྱབས་སུ་ཤེས་པར་བྱའོ། །རྩ་བའི་བསླབ་བྱ་གསུམ་སོ་སོར་བཤད་པ་ནི། ཤིན་ཏུ་རྒྱས་པའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ནི་སྐྱབས་སོང་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་སོ། །ཐུན་མོང་སོགས་ཀྱི་བསླབ་བྱའི་ཆ་ཤས་ནི། དགེ་བསྙེན་དུ་ནི་དམ་འཆའ་བས། །སྐྱབས་ནི་གསུམ་པོ་བསྲུང་བར་བྱ། །མུ་སྟེགས་ཀུན་ལ་གུས་པ་ཡིས། །མཆོད་དང་ཕྱག་འཚལ་མི་བྱའོ། །རྟེན་གྱི་དམ་པ་བླང་ནས་ནི། །སླར་ཡང་དམན་པ་བརྟེན་གྱུར་ན། །ཉེས་བཅས་ཕྱོགས་ལ་གནས་པའི་ཕྱིར། །དེ་ནི་དམ་པའི་བཞད་གད་འགྱུར། །ཞེས་སོ། །སྐྱབས་སྡོམ་ཚུལ་ཇི་ལྟར་བླངས་བའི་སྐབས་སུ། རང་བཞིན་དོན་དམ་པའི་སྐྱབས་འགྲོ་གཏན་ལ་དབབ་པ་གཉིས་སུ་ཡོད་པ་ལ། མེད་དགག་གཏན་ཚིགས་སུ་བཀོད་པ་གཅིག་དུ་བྲལ་གྱིས་བདག་མེད་གཉིས་ཐུན་མོང་དུ་གཏན་ལ་དབབ་པ་ནི། ཇི་ལྟར་འཁོར་ལོ་ལ་སོགས་པ། །ཉེར་བཟུང་ཤིང་རྟར་བརྟགས་པ་ནི། རང་དང་གཞན་དུ་རྣམ་དཔྱད་པས། །རྣམ་པ་ཀུན་ཏུ་མི་དམིགས་སོ། །དེ་བཞིན་ཕུང་པོ་ནས་བརྩམས་ཏེ། །སེམས་ཅན་དུ་ནི་བརྟགས་པ་ཡང་། །རང་དང་གཞན་དུ་རྣམ་དཔྱད་པས། །ཅི་ནས་ཀྱང་ནི་དམིགས་མི་འགྱུར། །ཞེས་སོ། །མ་ཡིན་དགག་གཏན་ཚིགས་སུ་བཀོད་པ་རྟེན་འབྲེལ་ཆེན་པོས་ཆོས་ཀྱི་བདག་མེད་ཁྱད་པར་དུ་གཏན་ལ་དབབ་པ་ནི། ངོ་བོ་ཉིད་ནི་རྒྱུ་རྐྱེན་ལས། །འབྱུང་བ་ཡིན་པར་རིགས་མིན་ཏེ། །རྒྱུ་དང་རྐྱེན་ལས་བྱུང་བ་ནི། །རང་བཞིན་བཅོས་མ་ཡིན་པར་འགྱུར། །ངོ་བོ་ཉིད་ནི་བཅོས་མ་རུ། །ཇི་ལྟར་ཡང་ནི་གྱུར་པ་ཡིན། །བཅོས་མ་མ་ཡིན་ངོ་བོ་ནི། །གཞན་ལ་ལྟོས་པ་ཡོད་མ་ཡིན། །ཆོས་རྣམས་ཉིད་ཀྱི་ངོ་བོ་ནི། །ཐམས་ཅད་ཡོད་པ་མ་ཡིན་ཏེ། །ཞེས་སོ། །བསྔོ་བའི་སྐབས་སུ་བསྔོ་ཚུལ་ཡང་། ཐེག་ཆེན་ཚུལ་ལ་བརྟེན་ནས་ནི། །སྐྱབས་གསུམ་རྣམ་པར་ཕྱེ་བ་ལས། །བསོད་ནམས་གང་དེས་སྐྱེ་བོ་རྣམས། །དཀོན་མཆོག་གསུམ་ལ་གཞོལ་བར་ཤོག །ཅེས་སྐྱབས་འགྲོ་བདུན་ཅུ་པ་ལས་གསུངས་པ་ཇི་བཞིན་ཏེ། གཞུང་དོན་ཚང་བར་སྦྱོར་བ་ཡོངས་སུ་རྫོགས་པ་གྲུབ་པར་གྱུར་ཏོ། །སླར་སྨྲས་པ། བདེ་དགེ་མ་ལུས་དཀོན་མཆོག་གསུམ་པོ་དང་། །གང་གི་རིགས་ཡོད་ཁོ་ནའི་རྟེན་འབྲེལ་དབང་། །རང་ཁམས་འབྲས་བུར་འཆར་བྱེད་ཐབས་ཀུན་གཞི། །སྐྱབས་འགྲོར་རག་ན་འདིར་བརྩོན་སུ་མི་སྒྲིམ། །དེའི་ཕྱིར་ལམ་ཀུན་གཞི་རྟེན་ཆེས་བརྟན་ཕྱིར། །ཐར་འདོད་སྐྱེ་མང་བློ་མིག་རྒྱས་བྱའི་ཕྱིར། །ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་སྦྲེལ་བའི། །ལེགས་བཤད་དཔལ་གྱི་སེང་གེས་བརྩོན་པས་སྦྱར། །དེ་ལས་བྱུང་དགེ་དུས་གསུམ་རྣམ་དཀར་བཅས། །གྲུབ་མཐའ་ཕྱོགས་རེ་སེམས་ཅན་འགའ་འགའི་ཕྱིར། །ཡོངས་སུ་ཆད་པའི་བསྔོ་བ་ལོག་སྤངས་ཏེ། །སངས་རྒྱས་བསྟན་འཕེལ་འགྲོ་ཀུན་ཐར་ཕྱིར་བསྔོ།། །།


previousསྐྱབས་འགྲོའི་ལུང་སྦྱོར་ཟླ་བའི་ཕྲེང་མཛེས། དཔལ་གྱི་སེང་གེnext