Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དང་པོ།


   
   
   
   
   
   
   
སྐྱབས་འགྲོ་ཡན་ལག་དྲུག་པའི་ལུང་སྦྱོར་སྒྲོན་མེའི་ཕྲེང་མཛེས། དཔལ་གྱི་སེང་གེ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱབས་འགྲོ་ཡན་ལག་དྲུག་པའི་ལུང་སྦྱོར་སྒྲོན་མེའི་ཕྲེང་མཛེས། དཔལ་གྱི་སེང་གེnext

སྐྱབས་འགྲོ་ཡན་ལག་དྲུག་པའི་ལུང་སྦྱོར་སྒྲོན་མེའི་ཕྲེང་མཛེས། དཔལ་གྱི་སེང་གེ

སྐྱབས་འགྲོ་ཡན་ལག་དྲུག་པའི་ལུང་སྦྱོར་སྒྲོན་མེའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །སྐྱབས་འགྲོ་ཡན་ལག་དྲུག་པའི་ལང་ཚོ་གསལ་བྱེད་སྒྲོན་མེའི་ཕྲེང་མཛེས་ཞེས་བྱ་བ། ན་མོ་རཏྣ་ཏྲ་ཡཱ་ཡ། གདུལ་དཀའི་སྒྲིབ་སྐེམས་ཟས་གཙང་སྲས་ཉིན་བྱེད། །པདྨ་སྐྱེས་ཀྱི་གཟི་འབར་འགྲོ་གླིང་མཁར། །ཆེས་གསལ་མར་མེ་མཛད་དཔལ་ཡེ་ཤེས་སྒྲོན། །གསུམ་དེར་གཏན་སྐྱབས་ཉིད་གསོལ་གུས་ཕྱག་འབུལ། །དེ་ལ་འདིར་ཐར་པའི་ལམ་ཐམས་ཅད་ཀྱི་ཐོག་མར་འབྱུང་ཁུངས་ཀྱི་གཞི། བར་དུ་གནས་པའི་རྟེན་སྐྱབས་འགྲོའི་ཆོས་ལེགས་པར་བསྟན་པ་པཎ་ཆེན་བི་མ་ལ་མི་ཏྲའི་གཞུང་འདི་ཉིད་བཤད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་གསུམ་ལས། དང་པོ་ལ་མཚན་སྨོས་པ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ་གསུམ་ལས། དང་པོ་ནི་བྱེད་པའི་མུ་བཞི་ལས། གང་གིས་མཚན་གསོལ་ན། པཎ་ཆེན་བི་མ་མི་ཏྲས་སོ། །གང་ལ་ན། རང་གིས་བརྩམས་པའི་བསྟན་བཅོས་ལའོ། །ཚུལ་ཇི་ལྟར་ན་གཉིས་ལས། སྐད་ཅི་ལྟ་བུས་གསོལ་ན། རྒྱ་སྐད་ལྟར་སྨོས་པ་རྒྱ་གར་སོགས། བོད་སྐད་ལྟར་སྨོས་པ་བོད་སྐད་དུ་སོགས་ཀྱིས་བསྟན་ཅིང་སྐད་གཉིས་ཤན་སྦྱར་ནས་ཀྱང་ཤེས་པར་བྱའོ། །འདོགས་ཚུལ་ཇི་ལྟ་བུས་གསོལ་ན། འདོགས་ཚུལ་ལྔ་ལས། དོན་གྱི་ངོ་བོས་གསོལ་བ་ཇོ་བོ་ཆེན་པོས་སྐྱབས་འགྲོ་བསྟན་པ་ཞེས་གསུངས་པ་ལྟ་བུ་ཡིན་ཀྱང་། འདིར་དོན་གྱི་རྣམ་གྲངས་ལས་གསོལ་བ་སྟེ་སྐྱབས་འགྲོ་ལ་ཡན་ལག་གི་རྣམ་གྲངས་དྲུག་ཏུ་བསྟན་པའོ། །དགོས་པ་ཅིའི་ཕྱིར་གསོལ་ན་གསུམ་སྟེ། སྤྱིར་མིང་ཙམ་བཏགས་པའི་དགོས་པ་ལང་ཀར་གཤེགས་པ་ལས་གསུངས་པ་དང་། བྱེ་བྲག་ཏུ་བཀའ་བསྟན་བཅོས་ལ་དཔེ་དང་དོན་གྱི་གསོལ་བས་དབང་པོ་རབ་ཀྱི་དབུ་ཞབས་ཀྱི་དོན་རྟོགས་པ་སོགས་གསུམ་འབྱུང་བ་དང་། དམིགས་བསལ་བོད་དུ་བསྒྱུར་བའི་གཞུང་གི་དབུར་མཚན་རྒྱ་སྐད་སྨོས་པ་ལ་སྐད་ལ་བག་ཆགས་འཇོག་པ་སོགས་དགོས་པ་བཞི་དང་ལྡན་པའོ། །གཉིས་པ་མཆོད་བརྗོད་ཀྱང་བཞིར་སྦྱར་བ་ལ། གང་གིས་མཆོད་པར་བརྗོད་ན། པཎ་ཆེན་བི་མ་ལས་སོ། །གང་ལ་ན། དཀོན་མཆོག་གསུམ་ལ། ཚུལ་ཇི་ལྟར་ན། ཡོན་ཏན་བསྡུས་ཏེ་བརྗོད་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། ཕྱིས་སུ་ཇོ་བོ་ཨ་ཏི་ཤས་མཛད་པའི་སྐྱབས་འགྲོ་བསྟན་པའི་དབུར་བསྡུས་བརྗོད་འདི་བཀོད་རྗེས། ཚིགས་བཅད་ཀྱིས། ངན་སོང་གསུམ་དང་འགྲོ་བ་ལྔའི། །སྡུག་བསྔལ་མ་ལུས་སེལ་མཛད་ཅིང་། །མཐོ་རིས་མྱ་ངན་འདས་པ་ཡི། །བདེ་བ་སྩོལ་མཛད་དེ་ལ་འདུད། །ཅེས་གསུངས་འདུག་གོ། །དེ་ཡང་དཀོན་མཆོག་ཅེས་པས་རྒྱུའི་སྒོ་ནས་ཡོན་ཏན་བརྗོད་པ་སྟེ། འཇིག་རྟེན་དུ་སེམས་མེད་བེམ་པོའི་ནང་དཀོན་པ་ཡིད་བཞིན་ནོར་བུ་དང་། སེམས་ཅན་ནང་དཀོན་པ་ཚངས་དབང་འཁོར་ལོས་སྒྱུར་རྒྱལ་འདི་དག་ཀྱང་དཀོན་མཆོག་གི་རྐྱེན་ལས་བྱུང་བ་དང་། དལ་འབྱོར་ལུས་རྟེན་དཀོན་པར་གསུངས་པའང་། དཀོན་མཆོག་འཇོག་བྱེད་དུ་གནས་པས་སོ། །གསུམ་ལ་ཞེས་པས་ངོ་བོའི་སྒོ་ནས་ཡོན་ཏན་བརྗོད་པ་སྟེ། སྟོན་སྐྱོབ་འདྲེན་པའི་ཡོན་ཏན་བླ་མེད་ལྡན་པ་མཆོག་གསུམ་ཉིད་ལས་བཞི་པ་སོགས་མི་སྲིད་པས་སོ། །ཕྱག་འཚལ་ལོ་ཞེས་པས་འབྲས་བུའི་སྒོ་ནས་ཡོན་ཏན་བརྗོད་པ་སྟེ། མཆོག་གསུམ་ལ་དམིགས་ཏེ་ལུས་ཕྱག་གཅིག་བྱས་པའི་འབྲས་བུ་འོག་གི་ས་དང་རྒྱ་མཚོའི་རྡུལ་སྙེད་ཀྱི་འཁོར་ལོས་སྒྱུར་རྒྱལ་ཐོབ་ཅིང་མཐར་བྱང་ཆུབ་འགྲུབ་པ་དང་། ཡང་དད་དགའ་ཐེ་ཚོམ་ངོ་བསྲུང་ཕྱིར་གུས་ཕྱག་བྱས་ཀྱང་གནས་སྐབས་ཚངས་སོགས་ལྷའི་བདེ་ཚོགས་དང་མཐར་ལྷའི་མཆོག་རྫོགས་སངས་འགྲུབ་པས་སོ། །ཅིའི་ཕྱིར་མཆོད་པར་བརྗོད་པ་ནི། རང་དང་གཞན་དང་གཉིས་ཀས་ཐོབ་པའི་དགོས་པ་གསུམ་དང་ལྡན་ནོ། །གསུམ་པ་བརྩམ་པར་དམ་བཅའ་བ་ནི། ཆིངས་ཆེན་པོ་ལྔ་ཡི་སྒོ་ནས་བཤད་པ་ལ། དགོས་དོན་དགོས་སོགས་ཆོས་བཞི་བརྗོད་པ། བསྡུས་དོན་ལ་ཚིག་གི་བསྡུས་དོན་ས་བཅད། དོན་གྱི་བསྡུས་དོན་དོན་གྱི་གཙོ་བོ་འགའ་ཞིག་གི་ནང་དུ་བསྡུ་བ་སྟེ། འདིར་སྐྱབས་འགྲོའི་རང་བཞིན་ཤེས་པའི་ཤེས་རབ་དང་། མི་ལྡོག་པའི་བརྩོན་འགྲུས་དང་གཉིས་སུ་ཡན་ལག་དྲུག་འདུ་བ་ལྟ་བུའོ། །ཚིག་དོན་ལ། སྐྱབས་འགྲོའི་མཚན་གཞིའི་ངོ་བོ་དད་མོས་གཉིས་སོ། མཚོན་བྱའི་ངེས་ཚིག་ནི། སྐྱབས་འགྲོ་བསྟན་པ་ལས། འབངས་ཡིན་པའམ་དེ་ལས་གཞན་པའི་ཇོ་བོ་མི་ཚོལ་བས་སྐྱབས་སུ་སོང་བའོ། །ཞེས་གསུངས་པ་བཞིན། དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་ཀྱི་གཙོ་བོ་མི་འཚོལ་བས་སྐྱབས། དེའི་འབངས་སུ་རང་ཉིད་གཏན་དུ་ཕུལ་བས་འགྲོ་བའོ། །མཚོན་བྱེད་ཀྱི་ཆོས་ལ། མཚོན་བྱེད་མཚན་ཉིད་དང་། མཚོན་བྱེད་དཔེ་བཀོད་པ་གཉིས་ལས། སྤྱི་དང་ཁྱད་པར་གྱི་མཚན་ཉིད་ཟླ་ཕྲེང་སོགས་ལས་ཤེས་པར་བྱའོ། །དཔེ་ནི་བསྟན་པ་ལས། རྒྱལ་པོའམ་བློན་པོའི་འབངས་དག །དེ་ཡི་བཀའ་ལས་མི་འདའ་ཞིང་ཅི་ནས་ཀྱང་དེ་མགུ་བར་བྱེད་པ་བཞིན་ནོ། །ཞེས་གསུངས་པ་ལྟར། །བསླབ་གསུམ་གང་ལ་བསླབ་ཀྱང་རྫོགས་སངས་རྒྱས་ཀྱི་གསུང་ཆོས་དཀོན་མཆོག་གི་ཚུལ་དུ་མི་འདའ་བར་འབད་པ་དང་། འཕགས་པ་རྣམས་དགྱེས་པའི་རྣམ་དག་གི་ཚུལ་ཁྲིམས་སོགས་ལ་རྟག་ཏུ་གནས་པར་བྱེད་པའོ། །དབྱེ་བ་ལ། སྐྱབས་འགྲོ་ཉི་ཚེ་བ་དང་། སྐྱབས་འགྲོ་མཚན་ཉིད་པ་གཉིས། ཉི་ཚེ་བ་ལའང་གཉིས་ཏེ། བློ་དང་ཡུལ་གཉིས་ཀ་འཇིག་རྟེན་པར་སོང་བ་གྲུབ་མཐར་མ་ཞུགས་པའི་སྐྱབས་འགྲོ་དང་། བློ་འཇིག་རྟེན་འདས་པའི་ཕྱོགས་ཡུལ་འཇིག་རྟེན་པར་སོང་བ་མུ་སྟེགས་པའི་སྐྱབས་འགྲོ་སྟེ། དང་པོ་ནི། འཇིགས་པ་བརྒྱད་ལྟ་བུ་ལས་ཐར་པའི་ཕྱིར་རི་དང་ལྗོན་ཤིང་སོགས་ཀྱི་དངོས་པོ་དང་། མིའི་དབང་པོ་དང་ལྷ་ལྷ་མིན་འབྱུང་པོ་ལ་སྐྱབས་ཚོལ་བའོ། །གཉིས་པ་ནི། འཁོར་བ་ལས་ཐར་འདོད་ཀྱིས་ཚངས་དབང་ཁྱབ་འཇུག་སོགས་ལ་སྐྱབས་ཚོལ་བའོ། །མཚན་ཉིད་པ་ལའང་གཉིས་ཏེ། བློ་འཇིག་རྟེན་པ་ཡུལ་འཇིག་རྟེན་ལས་འདས་པ་དང་། བློ་ཡུལ་གཉིས་ཀ་འཇིག་རྟེན་ལས་འདས་པར་སོང་བ་ལས། དང་པོ་ནི། སྐྱེས་བུ་ཆུང་ངུའི་སྐྱབས་འགྲོའོ། །གཉིས་པ་ནི། འབྲིང་དང་ཆེན་པོའི་སྐྱབས་འགྲོ་སྟེ། །འདི་ལའང་བརྡར་བཏགས་པ་ཀུན་རྫོབ་སྐྱབས་འགྲོ། ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་སྐྱབས་འགྲོ་གཉིས། ཀུན་རྫོབ་སྐྱབས་འགྲོ་ལའང་། ཐུན་མོང་བ་རྒྱུའི་སྐྱབས་འགྲོ། ཐུན་མོང་མིན་པ་འབྲས་བུའི་སྐྱབས་འགྲོ་གཉིས་ཡིན་ཏེ། བསྟན་པ་ལས། དབྱེ་བ་ནི། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་བྱེ་བྲག་གོ། །ཞེས་གསུངས་སོ། །ཡན་ལག་ལས་གཞན་ཡན་ལག་ཅན་མེད་པ་འདུས་པའི་ཡན་ལག་ཏུ་བྱས་ཏེ་ཡན་ལག་དྲུག་པ། དམ་པའི་ཁས་ལེན་གྱིས་རྩོམ་པ་མཐར་ཕྱིན་བྱེད་བརྩམ་པར་དམ་བཅའ་བའི་ཚིག་བཤད་ཅེས་པའོ། །རྣམ་པར་བརྟགས་པའི་གོ་རིམ་དང་མི་འགལ་བར་ཡན་ལག་དྲུག་རིམ་བཞིན་བཞག་པ་མཚམས་སྦྱར་གྱི་དོན་ཏོ། །མངོན་གསུམ་རྗེས་དཔག་གི་རིགས་པ་དང་། དམ་བཅའ་སྔ་ཕྱི་མི་འགལ་བར་གཏན་ལ་ཕབས་པ་བརྒལ་ལན་གྱི་དོན་ཡིན་པ་ལ་སྐབས་སུ་བབས་པའི་བརྒལ་ལན་ནི། སྟོན་པས་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་མཆོག་བཞག་པ་སྡེ་སྣོད་རིན་པོ་ཆེ་གསུམ་ལ་ནི་གཞན་གང་ཟག་གིས་ཟུར་ཙམ་ལའང་བསྣན་དོར་གྱིས་དཀྲུགས་མི་རུང་སྟེ། ཆོས་སྟོན་ཚུལ་སངས་རྒྱས་ཉིད་ལས་གཞན་འཕགས་གསུམ་གྱི་སྤྱོད་ཡུལ་མིན་པ་བཤིགས་ནས་དམ་ཆོས་ལ་གནོད་པ་བྱས་པ་ཆོས་སྤངས་པའི་ལས་ངན་མཐར་ཐུག་པར་གྱུར་ཕྱིར་ཏེ། རྒྱལ་ཚབ་བྱམས་པས། རྒྱལ་ལས་ཆེས་མཁས་འཇིག་རྟེན་འདི་ལ་འགའ་ཡང་ཡོད་མིན་པས། །མ་ལུས་དེ་ཉིད་མཆོག་ནི་ཇི་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེའི་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུགས། །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་པའི་ཆོས་ལ་གནོད་པ་བྱས་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་འཕགས་ཡུལ་གྱི་བསྟན་བཅོས་རྣམས་ནི་ཕྱི་པའི་གཞུང་ཡན་ཆད་སྡེབ་སྦྱོར་དང་བསྟུན་ནས་བསྲེ་བསླད་བྱེད་དུ་མེད་པ་ཡིན་ཀྱང་། བོད་འདིར་དབུས་གཙང་གི་གསར་རྙིང་ཕྱོགས་ཀྱི་ལོ་ཙཱ་དང་མཁས་པའི་སློབ་དཔོན་ཚད་མར་གྱུར་པ་རྣམས་ཀྱིས་བཀའ་བསྟན་ལ་བཟོ་བཅོས་མ་མཛད་མོད། ད་ལྟར་ཡང་རབ་བྱུང་བཅོ་ལྔ་པའི་སྟོད་ནས་བྱུང་བའི་མཐའ་མི་བླུན་པོ་མཁས་རློམ་གྱི་ང་རྒྱལ་ཅན་འགས་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་བི་མའི་གཞུང་འདིར་རང་བཟོས་བསླད་པ་ནི། དགོས་པ་འོག་ཏུ་བུད་ནས་འབྲེལ་མེད་ལ་སྦྱར་ཏེ་ཡན་ལག་བདུན་པར་སོང་བས་གྲངས་ཉམས་པ་དང་། ཆེ་བའི་ཡོན་ཏན་རྟག་ཏུ་དྲན། །ཟས་དག་གིས་ནི་མཆོད་པ་ཡིན། །ཞེས་ཁ་ཕྲལ་བས་སྙན་དངགས་ཀྱི་རིམ་པ་ཅན་གྱི་རྒྱན་ཉམས་པར་བྱས་པ་དང་། མཚན་དྲི་མེད་བཤེས་གཉེན་ཅེས་བོད་སྐད་དུ་བསྣན་ནས་བསྒྱུར་བས་སློབ་དཔོན་གཞན་དང་མི་ནོར་བའི་རྒྱ་སྐད་ཉམས་པ་དང་། འགྱུར་བྱང་མི་འདུག་ཅེས། བསྒྱུར་མཛད་ལོ་ཙཱ་མངོན་སུམ་ངོས་བཟུང་བ་ལས་ཉམས་པ་དང་། ཆོས་ཆུང་ན་བཞུགས་པས་ཡིད་ཆེའི་གནས་ཡིན་ཞེས། སྒྲུབ་བྱེད་ཕྱིན་ཅི་ལོག་བཀོད་པས། ཇོ་བོའི་ཆོས་ཆུང་མ་བྱུང་བའི་ཚེ། སྔ་འགྱུར་གྱི་གཞུང་ཡང་དག་ཡིན་པ་ཉམས་པར་བྱས་པ་ལྟ་བུ་དེ་ནི་མུ་སྟེགས་སོགས་ཀྱི་ཕྱོགས་བཟུང་ནས་སངས་རྒྱས་ཆོས་ལ་སྐུར་བ་བཏབ་ནས་སྤོང་བ་ལས་ཆེས་ཐུ་བ། རང་གཞུང་ལ་བསྣན་དོར་གྱིས་བཀའ་བཀའ་མིན་བྱེད་པ་དང་། འཕགས་ཡུལ་པཎ་གྲུབ་ཀྱི་གསུང་བརྫུས་མར་སྒྱུར་བ། བསྟན་པ་འཇིག་པའི་རྐྱེན་མ་རུངས་པ་བྱེད་པ་ནི། བདེ་བར་གཤེགས་པའི་བསྟན་པ་གཅེས་སྤྲས་སྐྱོང་མཛད་སྐྱེ་མཆོག་དམ་པ་རྣམས་ཀྱིས་བཏང་སྙོམས་སུ་འཇོག་ཇི་ལྟར་རིགས་ན། །མཁྱེན་པའི་སྤྱན་རས་གཟིགས་ཤིག །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་གཉིས་ཏེ། རྩ་བའི་སྡོམ་བསྟན་པ་དང་། སྡོམ་གྱི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཅིས་འགྲོ་སོགས་རྐང་པ་གསུམ། དེ་ལས་རྩ་བ་ཞེས་པ་འོག་ན་གནས་པ་དང་བརྟན་པ་སྟེ། དཔེ་ལྗོན་ཤིང་སོགས་ཀྱི་རྩ་བ་བཞིན་ནོ། །འདིར་ཡང་དང་པོར་བྱུང་བ་གང་གིས་འགྲེལ་ཚུལ་ཇི་ལྟར་བྱས་ཀྱང་གཞིར་བྱུང་བའི་ཚིག་གི་ཟུར་ཙམ་ཡང་བསྒྱུར་དུ་མེད་པས་རྩ་བ་སྟེ་གཞུང་གི་ཚོགས་ཡིན་ལ། དེ་རྣམས་ཡན་ལག་དྲུག་གི་ཆིངས་ཀྱིས་བཅིངས་ཏེ་སྡོམ་ཐོག་མར་བསྟན་པའོ། །གཉིས་པ་ལ་ཡན་ལག་དྲུག་ལས། དང་པོ་སྐྱབས་སུ་རྒྱུ་ཅིས་འགྲོ་དགོས་པ་ལ། ཉེར་ལེན་དང་། ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་གཉིས་ལས། སྔ་མ་ལ། སྐྱབས་འགྲོའི་བརྒྱུད་པའི་ཉེར་ལེན་དང་། དངོས་ཀྱི་ཉེར་ལེན་གཉིས་ཀྱི་དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྐད་གསུངས་པ་སྟེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས་པའོ། །དངོས་ཀྱི་ཉེར་ལེན་ལ། བསྟན་པ་ལས། རྟེན་གྱི་གང་ཟག་ནི་གཉིས་ཏེ། །ཐེག་པ་ཆེན་པོའི་རིགས་ཅན་དང་། །ཐེག་པ་ཆུང་ངུའི་རིགས་ཅན་ནོ། །ཞེས་གསུངས་པ་ཁམས་སམ་རིགས་ཀྱི་མཐུ་ལས་རིམ་པར་སྙིང་རྗེ་ཆེ་བ་དང་། འཁོར་བ་ལ་སྐྱོ་ཤས་ཆེ་བའང་དངོས་ཀྱི་ཉེར་ལེན་དུ་འགྱུར་ཏེ། མངོན་རྟོགས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་པས་སོ། །ཡང་སྔ་མ་ལས། རང་བཞིན་ནི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པ་དང་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེས་པའོ། །ཞེས་དགེ་བའི་རྩ་བ་གཉིས་མངོན་གྱུར་དང་སྐྱབས་སུ་འགྲོ་བའི་ཚད་ལྡང་རུང་གི་ཚུལ་དུ་ཡོད་པའང་དངོས་ཀྱི་ཉེར་ལེན་ནོ། །ལྷན་ཅིག་བྱེད་རྐྱེན་ལ་གཉིས་ལས། ཐུན་མོང་མིན་པའི་ལྷན་ཅིག་བྱེད་རྐྱེན་ནི། འཇིགས་པ་དྲན་པ་ཡིན་ཏེ། སྐྱེས་བུ་གསུམ་རང་རང་སོ་སོར་འཇིགས་པ་དྲན་པ་རེ་རེ་འབྱུང་བ་ནི། ཀུན་མཁྱེན་ཆོས་རྗེས། སྐྱེས་བུ་ཆུང་རྣམས་ངན་འགྲོས་འཇིགས་པ་དང་། །འབྲིང་གཉིས་སྲིད་པས་འཇིགས་དང་ཆེན་པོ་རྣམས། །གཞན་གྱི་སྡུག་བསྔལ་མི་བཟོད་ཞི་བདེས་འཇིགས། །ཞེས་གསུངས་སོ། །དེ་ཡང་བསྟན་པ་ལས། དགོས་པ་ནི་བཅོམ་ལྡན་འདས་ཀྱིས། ཇི་སྐད་དུ། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །སྡུག་བསྔལ་ཀུན་ལས་མི་གྲོལ་ཞིང་། །གང་ཚེ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ནས། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་དང་། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །སྐྱབས་སུ་འགྲོ་བའི་དགོས་པ་ནི་དེ་ལྟ་བུའོ། །ཞེས་གསུངས་པའི་ལུང་གི་དོན་ལྟར་ན། འཇིགས་པས་སྐྲག་པ་སོགས་ནས། ལྗོན་ཤིང་རྣམས་ལ་སྐྱབས་སུ་འགྲོ། །ཞེས་པའི་ཚིག་དང་། འཇིགས་པས་སྐྲག་པ་གང་གི་ཚེ་ན་མི་གང་ཞིག་མཆོག་གསུམ་ལ་སྐྱབས་སུ་སོང་ནས་ཞེས་པ་འདི་གཉིས་ཀྱིས་རྒྱུ་བསྟན་པ་དང་། སྐྱབས་བེམ་པོ་ལས་ལྷག་པའམ་ངན་སོང་གི་སྡུག་བསྔལ་སེལ་བས་གཙོ་བོ། འགྲོ་བ་ཀུན་ལས་ལྷག་པའམ་འཁོར་བའི་སྡུག་བསྔལ་ཐམས་ཅད་སེལ་བས་མཆོག་དེར་བརྟེན་ནས། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་པས་འབྲས་བུ་བསྟན་པས་ན། དགོས་པ་རྒྱུ་འབྲས་གང་ལ་སྦྱར་ཀྱང་རིགས་མོད། གཞུང་འདིར་འཇིགས་པ་དྲན་པས་སྐྱབས་སུ་འགྲོ་དགོས་ཞེས་རྒྱུ་ལ་སྦྱར་བའོ། །དེ་ལྟར་ལས་འདིར་ཐེག་པ་ཆེན་པོའི་སྐྱབས་འགྲོའི་རྒྱུ་རུ་འདུས་བྱས་འཁོར་བའི་འཇིགས་པ་དྲན་པ། འདུས་མ་བྱས་མྱང་འདས་འཇིགས་པ་དྲན་པ། འཇིགས་པ་ལ་བརྟེན་ཏེ་སྙིང་རྗེ་ཆེན་པོ་བསྐྱེད་པ་གསུམ་མོ། །སྙིང་རྗེ་ཆེན་པོ་བསྐྱེད་པ་འདི་ནི་བསྟན་པ་ལས། བསམ་པ་ནི་ཐེག་པ་ཆེན་པོ་པས་ནི། སེམས་ཅན་མ་ལུས་པའི་དོན་དུ་སེམས་པའོ། །གཅིག་ནི་བདག་འབའ་ཞིག་གི་དོན་དུ་སེམས་པའོ། །ཞེས་གསུངས་པའི་ཐེག་ཆེན་གྱི་བསམ་པའི་ཁྱད་པར་སྙིང་རྗེས་གཞན་དོན་ལ་དམིགས་པ་ཡིན་ནོ། །ཐུན་མོང་གི་ལྷན་ཅིག་བྱེད་རྐྱེན་ཡོན་ཏན་དྲན་པ་ནི་བཀའ་དང་བསྟན་བཅོས་བཞིན་ནོ། །གཉིས་པ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ལ། བརྟེན་བྱ་མིན་པའི་ཡུལ་དང་། བརྟེན་པའི་ཡུལ་གཉིས་ལས། དང་པོ་ལ་བེམ་པོ་དང་། འགྲོ་བས་བསྡུས་པའི་བརྟེན་བྱ་མིན་པ་གཉིས་ལས། བེམ་པོ་ནི། རི་དང་ནགས་ཚལ་སོགས་གོང་གི་ལུང་བཞིན་ནོ། །འགྲོ་བས་བསྡུས་པ་ལ་མི་དང་། མི་མིན་གཉིས་ལས། མི་ལ་གྲུབ་མཐས་བློ་བསྒྱུར་བ་མུ་སྟེགས་ཀྱི་སྟོན་པ་སོགས་དང་། མ་བསྒྱུར་བ། རྒྱལ་པོ་དཔོན་པོ་སོགས་དབང་ཆེ་བ་རྣམས་སོ། །མི་མིན་ནི་ལྷ་ཀླུ་སོགས་མཐོ་རིས་དང་ངན་སོང་གི་འགྲོ་བ་རྣམས་སོ། །བརྟེན་པའི་ཡུལ་ལ་གནས་སྐབས་སྐྱབས་གསུམ་དུ་བཞག་པ་དང་། མཐར་ཐུག་སྐྱབས་གཅིག་ཏུ་སྒྲུབ་པ་གཉིས་ལས། དང་པོ་ལ་ཐེག་དམན་དང་། ཐེག་ཆེན་གྱི་ལུགས་གཉིས་ཀྱི། དང་པོ་ལ། ཉན་ཐོས་བྱེ་བྲག་སྨྲ་བས་ཆོས་ལམ་བདེན་སངས་རྒྱས་དགེ་འདུན་ལ་འདོད་ཀྱི། དེ་དག་གི་གཟུགས་ཕུང་སོགས་རྟེན་དུ་སྣང་བ་རྣམ་སྨིན་ལས་སྐྱེས་པ་དེ་དག་ཏུ་མི་འདོད་དེ། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་ལ། མདོ་སྡེ་པས་རྟེན་ལ་བརྟེན་པས་བསླབ་ཕྱིར་རྟེན་ཀྱང་དེ་དག་ཏུ་འདུ་བར་འདོད་ཅིང་གཉིས་ཀས་ཆོས་འགོག་བདེན་ལ་འཇོག་གོ། །ཐེག་ཆེན་ལུགས་ལ་མཆོག་གསུམ་སྤྱིར་བཤད་པ། བྱེ་བྲག་སོ་སོར་བཤད་པ་གཉིས་ཀྱི། དང་པོ་ལ། དཀོན་མཆོག་གསུམ་གྱི་ངོ་བོ། ངེས་ཚིག །མཚན་ཉིད་རྣམས་ཟླ་ཕྲེང་ལས་ཤེས་པར་བྱ་ཞིང་། དབྱེ་བ་ནི། བསྟན་པ་ལས། ཐེག་པ་ཆེན་པོ་པའི་གཞུང་གིས། དཀོན་མཆོག་གསུམ་འདི་ལྟ་བུ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་དང་། མངོན་པར་རྟོགས་པའི་དཀོན་མཆོག་གསུམ་དང་། མདུན་དུ་བཞུགས་པའི་དཀོན་མཆོག་གསུམ་མོ། །ཞེས་གསུངས་པའི། དེ་ཁོ་ན་ཉིད་ཀྱི་སངས་རྒྱས་དཀོན་མཆོག་ནི། དེ་ཉིད་ལས། ཤེས་བྱ་ཕྱིན་ཅི་མ་ལོག་པར་མཁྱེན་པ། རྣམ་པར་མི་རྟོག་པ་གཉིས་སུ་མེད་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ལ་གནས་པ་དང་། ཞེས་གསུངས་པས། ཤེས་བྱ་བདེན་གཉིས་ཡང་དག་གཟིགས་པ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་དང་། སྤྲོས་པའི་རྟོག་ཚོགས་ལས་འདས་པའི་མཁྱེན་པ་གཉིས་མེད་མཁྱེན་པའི་ཡེ་ཤེས་ཏེ་ཡེ་ཤེས་གསུམ་རྟག་མི་རྟག་གི་མཐའ་མ་གོས་པ་ཆོས་ཀྱི་དབྱིངས་ལ་དབྱེར་མི་ཕྱེད་པར་གནས་པ་སྟེ། དབྱིངས་ཡེ་ཤེས་དབྱེར་མེད་ཀྱི་ཆོས་སྐུའོ། །དེ་ཁོ་ན་ཉིད་ཀྱི་ཆོས་དཀོན་མཆོག་ནི། བསྟན་པ་ལས། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་དང་། ཞེས་པའོ། །དེ་ཁོ་ན་ཉིད་ཀྱི་དགེ་འདུན་དཀོན་མཆོག་ནི། དེ་ཉིད་ལས། མཉམ་པར་བཞག་པའི་དུས་སུ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་ཤེས་པའི་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་གནས་པ་དང་། ཞེས་གསུངས་པའོ། །ཡང་མངོན་པར་རྟོག་པའི་སངས་རྒྱས་དཀོན་མཆོག་ནི། བསྟན་པ་ལས། གཟུགས་ཀྱི་སྐུ་རྣམ་པ་གཉིས་དང་། ཞེས་གསུངས་སོ། །མངོན་པར་རྟོགས་པའི་ཆོས་དཀོན་མཆོག་ནི། དེ་ཉིད་ལས། བདེན་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། ས་དང་ཕ་རོལ་དུ་ཕྱིན་པ་ལ་སོགས་པའི་ཆོས་རྒྱུད་ལ་གནས་པ་དང་། ཞེས་གསུངས་སོ། །མངོན་པར་རྟོགས་པའི་དགེ་འདུན་དཀོན་མཆོག་ནི། བསྟན་པ་ལས། སྦྱོར་བའི་ལམ་པའི་བྱང་ཆུབ་སེམས་དཔའ་དང་། ཞེས་གསུངས་པའོ། །མདུན་དུ་བཞུགས་པའི་སངས་རྒྱས་དཀོན་མཆོག་ནི། །དེ་ཉིད་ལས། རི་མོར་བྲིས་པ་དང་། འབུར་དུ་བཏོད་པ་དང་། ལུགས་མ་དང་། ལྡེར་སོ་ལ་སོགས་པ་དང་། ཞེས་གསུངས་སོ། །མདུན་དུ་བཞུགས་པའི་ཆོས་དཀོན་མཆོག་ནི། བསྟན་པ་ལས། གསུང་རབ་ཡན་ལག་དགུའི་པོ་ཏི་དང་། གླེགས་བམ་ལ་སོགས་པ་དང་། ཞེས་གསུངས་སོ ། །མདུན་དུ་བཞུགས་པའི་དགེ་འདུན་དཀོན་མཆོག་ནི། དེ་ཉིད་ལས། ཚོགས་ལམ་པའི་བྱང་ཆུབ་སེམས་དཔའ་འོ། །ཞེས་གསུངས་པའོ། །གོ་རིམ་ངེས་པ་དང་། གྲངས་ངེས་པའང་ཟླ་ཕྲེང་ལས་ཤེས་པར་བྱ་ཞིང་བྱེ་བྲག་སོ་སོར་བཤད་པའང་། དེར་དབྱེ་བ་སོ་སོ་ནས་རྒྱས་པར་བཤད་པ་ཉིད་དུ་ཤེས་པར་བྱ་ཞིང་། མཐར་ཐུག་སྐྱབས་གཅིག་ཏུ་སྒྲུབ་པའང་དེ་རུ་བཀོད་ཟིན་ཏོ། །གསུམ་པ་ཅི་ཙམ་དུ་སྐྱབས་སུ་འགྲོ་བའི་དུས་ནི། ཉིན་ཞག་གི་དང་། ཇི་སྲིད་འཚོའི་དང་། བྱང་ཆུབ་ཀྱི་མཐའ་ཅན་གསུམ་ཡོད་པ་ལ་བསྟན་པ་ལས། དུས་ནི་ཐེག་པ་ཆེན་པོ་པས་ནི་བྱང་ཆུབ་སྙིང་པོའི་བར་དུའོ། །གཅིག་ནི་ཇི་སྲིད་འཚོའི་བར་དུ་དམ་འཆའ་བའོ། །ཞེས་གསུངས་སོ། །བཞི་པ་བསྐྱབས་འགྲོ་རྒྱུད་ལ་བསྟེན་པའི་ཕན་ཡོན་ལ། སྤྱི་དོན་དང་། གཞུང་དོན་གཉིས་ཀྱི། དང་པོ་ནི། བསྟན་པ་ལས། ཕན་ཡོན་ནི་གསུམ་སྟེ། རྒྱུའི་དུས་ཀྱི་ཕན་ཡོན་དང་། ལམ་གྱི་དུས་ཀྱི་ཕན་ཡོན་དང་། འབྲས་བུའིདུས་ཀྱི་ཕན་ཡོན་ནོ། །རྒྱུའི་དུས་ཀྱི་ལ་ཚེ་འདི་དང་། ཚེ་རབས་གཞན་གྱིའོ། །ཚེ་འ དིའི་ཕན་ཡོན་ནི། འཇིགས་པ་ཆེན་པོ་བརྒྱད་ལས་ཐར་བར་བྱེད་པ་དང་། བར་ཆད་མེད་པ་དང་། བསྟན་པ་ལ་དགའ་བའི་ལྷ་དག་སྡོང་གྲོགས་བྱེད་པ་དང་། འཆི་བའི་དུས་སུ་ཡིད་དགའ་བ་ལ་སོགས་པའོ། །ཚེ་རབས་གཞན་གྱི་ནི། འཁོར་བའི་སྡུག་བསྔལ་དང་ངན་སོང་གི་སྡུག་བསྔལ་ལས་འདྲེན་པར་མཛད་པ་དང་། མྱ་ངན་ལས་འདས་པ་དང་། མཐོ་རིས་ཀྱི་བདེ་བ་རྩོལ་བའོ། །ལམ་གྱི་ཕན་ཡོན་བདེན་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་ལ་སྦྱོར་བར་མཛད་པའོ། །འབྲས་བུའི་ཕན་ཡོན་ནི། མྱ་ངན་ལས་འདས་པ་གཉིས་དང་། སྐུ་གསུམ་ཐོབ་པར་བྱེད་པའོ། །ཞེས་གསུངས་སོ། །གཞུང་དོན་ལ་ལྔ་ལས། རྒྱུ་མཐུན་གྱི་འབྲས་བུར་གྱུར་པའི་ཕན་ཡོན་ལ་གཉིས་ལས། མྱོང་བ་རྒྱུ་མཐུན་ནི། གསུམ་ལ་སྐྱབས་བྱས་པས་རིམ་བཞིན། །རང་ཉིད་སངས་རྒྱས་ཆོས་འཁོར་བསྐོར། །འཕགས་ཚོགས་དགེ་འདུན་ལྡན་པའོ། །བྱེད་པ་རྒྱུ་མཐུན་ནི། ཚེ་རབས་ཐམས་ཅད་དུ་མུ་སྟེགས་པའི་སྤྱོད་པ་ལས་ལོག་ཅིང་སངས་རྒྱས་པའི་ཆོས་བཞིན་སྤྱོད་པ་ཅན་དུ་སྐྱེ་བ་ཡིན་ནོ། །དེའང་མུ་སྟེགས་ལ་ཆད་ལྟ་སྡེ་གཅིག །རྟག་ལྟ་སྡེ་བཞིའི་དང་པོ་རྒྱང་འཕེན་པ་སྟེ། འདིའི་གྲུབ་མཐའ་ལྷའི་བླ་མ་དྲང་སྲོང་ཕུར་བུས་བྱས་ཤིང་། ལུས་བུམ་པ་རྩིག་པ་ལྟ་བུར་གློ་བུར་བར་འཇོག་སྟེ། གློ་བུར་དང་གཉུག་མའི་དོན། ཐོག་མཐའ་གཉིས་ཀ་མེད་པ་གཉུག་མ། མུ་གཞན་གསུམ་གློ་བུར་བར་འཇོག་པ་ལས། ལུས་སེམས་ལ་ཐོག་མཐའ་གཉིས་ཀ་ལྡན་པས་གློ་བུར་བ་ཡིན་པ་ལྟར་སེམས་ཅན་ཀྱང་གློ་བུར་བར་སྒྲུབ་བྱེད། ཚུལ་གསུམ་ནི། བུམ་པ་ཆོས་ཅན། ལུས་སེམས་རྫས་གཅིག་གི་སྐྱེས་བུ་དང་བུམ་པ་གང་རུང་གི་ཟླ་དང་བཅས་པ་ཡིན་ཏེ། ཨུཏྤལ་མ་ཡིན་པའི་དངོས་པོ་ཡིན་པའི་ཕྱིར། རྩིག་རྩར་བུམ་པ་བཞག་པ་བཞིན། ཅེས་རྫ་མཁན་དང་བཟོ་བོས་ལྟོ་ལྡིར་སོགས་ས་དང་རྡོ་དུ་མ་བརྩིག་པར་བྱས་པ་བུམ་རྩིག་ཞིག་ན་རྒྱུན་འཆད་པ་གློ་བུར་ལ། ཐོག་མཐའ་མེད་འཇུག་ཨུཏྤལ་ནི་རྒྱུན་ལྡན་གྱི་ཆོས་གཉུག་མ་སྟེ། རྟགས་སུ་དེ་བཀོད་པས་རིགས་འདྲ་གཞན་ས་ལུའི་ས་མྱུག་སོགས་གོ་བྱེད་ཚིག་སྦྱོར་བཅུ་ལས་ཕྱོགས་མཚམས་སྟོན་པའི་སྦྱོར་བ་སྟེ། རིགས་འདྲ་གཅིག་གིས་ཐམས་ཅད་གོ་བ་ལས་རིགས་ཀྱི་ཚད་འཛིན་སྤྱི་མིན་པའོ། །དེ་དགག་པ་ནི་བཟློག་ན་འགྲུབ་སྟེ། ཨུཏྤལ་ཆོས་ཅན། ལུས་སེམས་རྫས་ཐ་དད་ཀྱི་སྐྱེས་བུའི་སེམས་རྒྱུན་ལྡན་དང་། ཨུཏྤ ལ་གང་རུང་གི་ཟླ་དང་བཅས་པ་ཡིན་ཏེ། བུམ་པ་མ་ཡིན་པའི་དངོས་པོ་ཡིན་པའི་ཕྱིར། རྡོའི་རྩར་ཨུཏྤལ་སྐྱེ་བ་བཞིན། ཞེས་རྡོ་རྒྱུན་ལྡན་ནོ། །ཚུལ་གསུམ་འགོད་ཚུལ་འདིའི་སྦྱོར་བ་ཤིན་ཏུ་ལེགས་ཤིང་རྟོགས་དཀའ་བ་ཞིག་སྟེ་ཐུན་མོང་དུ་འགྱུར་རོ། །རྟག་ལྟ་སྡེ་བཞིའི་འདོད་ཚུལ་སོགས་ཁྱད་པར་འཕགས་བསྟོད་བཞིན་ལས། འགོག་ཚུལ་ནི། ད་ལྟར་གྱི་ཤེས་པ་མི་རྟག་པར་སྣང་བ་ཆོས་ཅན། གྲངས་ཅན་ནམ་སེར་སྐྱས་བདག་ཤེས་རིགས་ལྡན་པར་བརྟགས་པ་དང་ད་ལྟའི་ཤེས་པ་གང་རུང་གི་ཟླ་དང་བཅས་པ་ཡིན་ཏེ། ནམ་མཁའ་མིན་པའི་དངོས་པོ་ཡིན་པའི་ཕྱིར། གློག་གི་རྩར་ད་ལྟའི་ཤེས་པ་བཞག་པ་བཞིན་ནོ། །ཡང་། བུམ་པ་ཆོས་ཅན་བྱེ་བྲག་པའམ་གཟེགས་ཟན་པས་བདག་བེམ་པོར་བརྟགས་པ་དང་བུམ་པ་གང་རུང་གི་ཟླ་དང་བཅས་པ་ཡིན་ཏེ། སེམས་པ་མིན་པའི་དངོས་པོ་ཡིན་པའི་ཕྱིར། ཤིང་གི་རྩར་བུམ་པ་བཞག་པ་བཞིན་ནོ། །ཡང་། མྱུ་གུ་འཇིག་སྡོང་པོའི་དབྱིབས་སྐྱེ་བ་ཆོས་ཅན། གཅེར་བུས་ལུས་ཚད་བཞིན་སྲོག་རྟག་པ་ཞུམ་རྒྱས་སུ་འདོད་པ་དང་། མྱུ་གུ་འཇིག་སྡོང་དབྱིབས་སྐྱེ་བ་གང་རུང་གི་ཟླ་དང་བཅས་པ་ཡིན་ཏེ་གནམ་ལྕགས་ཀྱི་རྡོ་ལ་རི་མོ་བྲིས་པ་མིན་པའི་དངོས་པོ་ཡིན་པའི་ཕྱིར། ཆུའི་དབུ་བ་ཆུང་ངུ་འཇིག་ཆེན་པོར་སྐྱེ་བའི་མི་རྟག་པའི་རྩར་མྱུ་གུ་འཇིག་སྡོང་དབྱིབས་སྐྱེ་བ་བཞག་པ་བཞིན་ནོ། །ཡང་། ས་ལའི་ས་བོན་ཆོས་ཅན། ཁྱབ་འཇུག་པའམ་བྲམ་ཟེས། འགྲོ་བའི་རྒྱུ་སྐྱེས་བུ་རྟག་པར་འདོད་པ་དང་། ས་བོན་མི་རྟག་པ་གང་རུང་གི་ཟླ་དང་བཅས་པ་ཡིན་ཏེ། ཁྱབ་འཇུག་གི་ཕ་དངོས་མེད་ཉིད་དེ་མིན་པ་རྒྱུ་མིན་པ་མིན་པའི་ཕྱིར། སེར་པོར་འགྱུར་བའི་ལོ་མ་སྔོན་པོའི་རྩར་ས་བོན་བཞག་པ་བཞིན་ནོ། །རྣམ་སྨིན་གྱི་འབྲས་བུར་གྱུར་པའི་ཕན་ཡོན་ནི། ངན་སོང་གསུམ་གྱི་སྡུག་བསྔལ་འདྲེན་པར་མཛད་པས་དེ་གསུམ་དུ་མི་སྐྱེ་ཞིང་མཐོ་རིས་ཀྱི་བདེ་བ་རྩོལ་བའོ། །བྱེད་པའི་འབྲས་བུར་གྱུར་པའི་ཕན་ཡོན་ལ་བཞི་ལས། རྟེན་དུ་འགྱུར་བར་བྱེད་པ་ནི། བསྟན་པ་ལས། ལས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་སྐྱེ་བའི་རྩ་བར་གྱུར་པ་དང་། ཐར་པའི་གྲོང་ཁྱེར་ཆེན་པོའི་སྒོར་གྱུར་པ་དང་། བསྙེན་གནས་ལ་སོགས་པའི་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པའོ། །ཞེས་གསུངས་པ་བཞིན་བསྙེན་གནས་སོགས་སོ་ཐར་རིགས་བརྒྱད་དང་། བྱང་སེམས་ཀྱི་སྡོམ་པ་དང་ཐར་པའི་སྒོ་འབྱེད་པའི་རྟེན་སྐྱབས་འགྲོ་ཁོ་ནའོ། །བར་ཆད་མེད་པར་བྱེད་པ་ནི། འཇིགས་ཆེན་བརྒྱད་དང་། བདུད་དང་བདུད་རིས་ཀྱི་འབྱུང་པོའི་བར་ཆད་ཀྱིས་མི་ཚུགས་ལ་བསྟན་ལ་དགའ་བའི་ལྷས་སྲུང་སྐྱོབ་བྱེད་པའོ། །ནད་ཉུང་བར་བྱེད་པ་ནི། ནང་འབྱུང་འཁྲུགས་པ་དང་། ཕྱིའི་འགོ་ནད་སེལ་བའོ། །ཚེ་རིང་བར་བྱེད་པ་ནི་ཚེ་དང་ལས་དང་བསོད་ནམས་ལ་སྟོབས་བསྐྱེད་དེ་ཡུན་རིང་གནས་ཤིང་འཆི་བའི་ཚེའང་འཁྲུལ་སྣང་སོགས་མེད་ཅིང་ཡིད་དགའ་བ་དང་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་ཞིང་སྙིང་རྗེ་སོགས་དགེ་སེམས་ཀྱི་དུས་བྱེད་པའོ། །བྲལ་བའི་འབྲས་བུར་གྱུར་བའི་ཕན་ཡོན་ནི། ལམ་གསུམ་གྱིས་བསྡུས་པའི་འཁོར་བ་སྡུག་བསྔལ་པའི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཉོན་མོངས་པའི་སྒྲིབ་པའམ་ཤེས་བྱའི་སྒྲིབ་པ་གཉིས་པོ་འབྱང་བའོ། །བདག་པོའི་འབྲས་བུར་གྱུར་པའི་ཕན་ཡོན་ནི། །བདེན་བཞི་འཕགས་ལམ་ཡན་ལག་བརྒྱད་བྱང་ཆུབ་ཀྱི་ཡན་ལན་བདུན་སོགས་ལ་སྦྱོར་བར་མཛད་པས་ཚོགས་གཉིས་རྫོགས་པར་རང་རྒྱུད་ལ་སོགས་པ་རྒྱུ་མ་ཚང་བ་མེད་པ་ལས་འབྲས་བུ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་གཉིས་དང་སངས་རྒྱས་སྐུ་གསུམ་ཐོབ་པའོ། །དེའང་ཐེག་ཆེན་གྱིས་སྤྲུལ་སྐུ་ལྷག་བཅས། ཆོས་ལོངས་གཉིས་ལྷག་མེད་དུ་བཞེད་དོ། །ལྔ་པ་སྐྱབས་འགྲོ་མི་ཉམས་པར་བྱེད་པ་བསླབ་བྱ་ནི། བསྟན་པ་ལས། བསླབ་པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་སྟེ་བླ་མའི་ཞལ་སྔ་ནས་ཤེས་པར་འགྱུར་རོ། །ཞེས་གསུངས་པ་ལྟར། ཐུན་མོང་མ་ཡིན་པ་སྐྱབས་གསུམ་སོ་སོའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱ་བཤད་པ་གཉིས་ལས། དང་པོ་ལའང་། རྩ་བའི་བསླབ་བྱ་གསུམ་སོ་སོར་དང་། ཡན་ལག་གི་བསླབ་བྱ་གསུམ་སོ་སོར་བཤད་པ་གཉིས་ཀྱི། དང་པོ་ལ་གསུམ་ལས། སངས་རྒྱས་ཀྱི་རྩ་བའི་བསླབ་བྱ་ནི། དགག་བྱ་གནོད་སྦྱིན། འགོག་ཚུལ་སྐྱབས་སུ་མི་བརྟེན་གུས་པས་ཕྱག་མི་འཚལ་ལོ། །ཆོས་ཀྱི་རྩ་བའི་བསླབ་བྱ་ནི། དགག་གཞི་སེམས་ཅན་ཐམས་ཅད་ལ། དགག་བྱ་ལུས་ངག་གི་མི་དགེ་བདུན་གྱི་འཚེ་བ་དང་། ཡིད་ཀྱི་གནོད་སེམས་འགོག་ཚུལ་རིམ་པ་བཞིན་འཚེ་བ་སྤང་བ་དང་། བརྩེ་བའི་སྙིང་རྗེ་བསྐྱེད་དོ། །ལོག་ལྟ་མི་བགྲངས་པ་ནི་སྐྱབས་འགྲོའི་གཏོང་རྒྱུ་ཡིན་པས་ཏེ། ཀུན་མཁྱེན་ཆེན་པོས། གཏོང་རྒྱུ་བཏགས་པ་ཁས་ལེན་འདས་པ་དང་། །མཚན་ཉིད་པ་ནི་ལོག་ལྟ་སྐྱེས་པས་གཏོང་། །ཞེས་སོ། །བརྣབ་སེམས་ནི་བསྡམ་བྱའི་ཉེས་པའོ། །དགེ་འདུན་གྱི་རྩ་བའི་བསླབ་བྱ་ནི། དགག་གཞི་བདག་དང་གཞན་གྱི་ཡུལ། དགག་བྱ་སྡིག་པ་ཅན་གྱི་གང་ཟག་སྟེ། འདི་ལ་གཉིས། ཆོས་སྒོར་ཞུགས་པ་དང་། ཆོས་སྒོར་མ་ཞུགས་པའི་སྡིག་པ་ཅན་ནོ། །དང་པོ་ལའང་གཉིས་ཏེ། ཕྱི་རོལ་པའི་ཆོས་ལ་ཞུགས་པ་ད ང་། ནང་པའི་ཆོས་ལ་ཞུགས་པའི་སྡིག་ཅན་ནོ། །དང་པོ་ནི་ཏལྐ་སྡེ་ལྔའོ། །གཉིས་པ་ལའང་གཉིས་ཏེ། ལུང་གི་ཆོས་ལོག་པར་སྤྱོད་པ་དང་། རྟོགས་པའི་ཆོས་ལོག་པར་སྤྱོད་པ་གཉིས་ཀྱི། དང་པོ་ནི། སྡེ་སྣོད་གསུམ་གྱི་ཚིག་དཀྲུགས་པའོ། །གཉིས་པ་ནི། ཉོན་མོངས་རྣམ་རྟོག་མ་སྤངས་པར་འགོག་བདེན་སྟོང་ཉིད་ཡོད་པར་རློམ་པ་དང་། ལམ་བདེན་ལྟ་སྒོམ་སྤྱོད་གསུམ་ཕྱིན་ཅི་ལོག་ཏུ་སྤྱོད་པ་འདུལ་རྫུ་འདུལ་ལོག་སོགས་སོ། །ཆོས་སྒོར་མ་ཞུགས་པའི་སྡིག་ཅན་ཀྱང་གཉིས་ཏེ། ཆོས་ཀྱི་མིང་ཁས་མི་ལེན་ཅིང་། །སྟོན་པ་ཐ་དད་པ་ཁས་ལེན་པའི་ལུགས་དང་། ཆོས་མ་ཡིན་པ་ལ་གནས་པའི་སྐྱེ་བོའོ། །དང་པོ་ནི། ཀླ་ཀློ་སྟག་གཟིག་པ་སྟེ་འདྲེ་གདོན་ལྷའི་གཟུགས་སུ་འཆོས་པ་དང་། ཤི་གཤེད་གཤིན་པོའི་གཟུགས་སུ་རྫུར་འཇུག་པ་དང་། སེམས་ཅན་གསོད་པའི་དམར་མཆོད་སོགས་བྱེད་པ་སྟེ་ཞང་ཞུང་དང་བོད་དུ་དར་བའོ། །གཉིས་པ་ནི། སྡོམ་མིན་ལ་དང་། བར་མའི་སྡིག་པར་གནས་པའོ། །དེ་དག་འགོག་ཚུལ་ལ། དང་པོ་རྣམས་ནི་ཚུལ་འདི་ཤེས་པས་ཁེགས་ཏེ་མཁས་པ་དང་། གྲུབ་པའི་མངོན་ཤེས་དང་། རྫུ་འཕྲུལ་དང་། ནུས་སྟོབས་ཆེ་བ་དང་། སྐྱེ་བོ་ཕལ་པར་ཐམས་ཅད་མཁྱེན་པ་ཡིན་པའི་གུས་པ་དང་། ཐམས་ཅད་མཁྱེན་པ་ཐམས་ཅད་མཁྱེན་པ་མིན་པར་ལྟ་བ་དང་། བླ་མའི་ཞབས་ཏོག་ཡུན་རིང་སྒྲུབ་པ་དང་། རིགས་རྒྱུད་དམ་གདུང་མཐོ་བ་ནི་དགེ་སློང་ལེགས་པའི་སྐར་མ་ལ་ཡོད་པ་ཡིན་ཏེ་རིམ་པར་སྡེ་སྣོད་བཅུ་གཉིས་བཤད་པ་སངས་རྒྱས་ལས་ཁོ་མཁས་པར་རློམ་པ་དང་། སྔོན་གྱི་སྐྱེ་རབས་འགའམ་མ་འོངས་ལུང་སྟོན་པའམ་ཡི་དྭགས་སུ་སྐྱེས་པའི་གཅེར་བུ་བསྡུག་བསྔལ་འགྱུར་མཐོང་ནས་ལྷན་ཅིག་གཏམ་སྨྲ་བ་དང་། ནམ་མཁའ་ལ་བྱ་ལྟར་འཕུར་བས་དཀོན་བརྩེགས་ལས། དགེ་སློང་སྐར་བཟང་ནམ་མཁའ་ལ་འགྲོ་བ་ལ་ལྟོས་ཤིག །ཅེས་གསུངས་པ་དང་། མུ་སྟེགས་སྟོང་ཚར་བཅད་ནས་ནང་པར་བཀོད་པ་དང་། གཅེར་བུ་བ་སྡུག་བསྔལ་འགྱུར་གསོན་ཚེ་ཐམས་ཅད་མཁྱེན་པར་འཇོག་པ་དང་། བཅོམ་ལྡན་འདས་གླེན་རྨོངས་སུ་རྩི་བ་དང་། ལོ་ཉི་ཤུ་རྩ་བཞིར་སངས་རྒྱས་ཀྱི་ཉེ་གནས་བྱས་པ་དང་། བཅོམ་ལྡན་འདས་ཀྱི་སྐུ་མཆེད་དུ་གྱུར་པ་ལྟ་བུ་དེ་རྣམས་ལ་ཡང་ཡོན་ཏན་ལྟར་སྣང་བ་ཅི་ཡོད་ཀྱང་སྙིང་པོ་མེད་པར་ཤེས་ནས་ཡིད་དགའ་བ་བྱས་ནས་དང་། ལུས་ངག་གིས་བག་ཕེབས་ནས་འགྲོགས་པ་མིན་ནོ། །གཉིས་པ་རྣམས་ནི་ཡིད་དང་ལུས་ངག་གིས་དེ་བཞིན་མི་འགྲོགས་པས་འགོགས་པའོ། །དགག་པའི་བསླབ་བྱ་གསུམ་དེ་རྩ་བ་ཡིན་ཡན་ལག་མིན་པའི་མུའོ། །གཉིས་པ་ཡན་ལག་གི་བསླབ་བྱ་གསུམ་སོ་སོར་བཤད་པ་ལའང་གསུམ་ལས། སངས་རྒྱས་ལ་སྐྱབས་སུ་སོང་བའི་ཡན་ལག་གི་བསླབ་བྱ་ནི། གང་ལ་གུས་པ་སྒྲུབ་ན་སྐུ་གཟུགས་ཚིགས་བཅད་ལྷན་པ་སེར་པོ་བཏབ་པ་ལའོ། །གང་གིས་ན་དད་མོས་སོ། །ཚུལ་ཇི་ལྟར་ན་སྟོན་པར་བརྟགས་པས་སོ། །ཆོས་ལ་སོང་བའི་ཡན་ལག་གི་ནི། གང་ལ་ན་བདེ་བར་གཤེགས་པའི་ཞལ་གསུངས་ཐེག་རིམ་དགུའི་ཆོས་མཐའ་དག་གདུལ་བྱ་ཐ་དད་དང་། ཐར་འདོད་རེ་རེའི་རྟོག་པའི་སྤྲོས་པ་རིམ་པར་གཅོད་བྱེད་ཀྱི་ལམ་མཆོག་ཏུ་གྱུར་པ་ལའོ། །ཚུལ་ཇི་ལྟར་ན་རྒྱ་གར་དུ་ཉན་ཐོས་ཁོ་ནའི་ལུགས་བཟུང་ནས་ཐེག་ཆེན་གྱི་ཆོས་སྐུར་འདེབས་ཀྱིས་སྤོང་བ་ཡོད་ཀྱང་བོད་འདིར་ཐེག་དམན་དུ་ཁས་ལེན་པ་ལྟ་ཞོག །ཐེག་ཆེན་སེམས་ཙམ་གྱི་གྲུབ་མཐའ་ཡིན་པར་ཁས་མི་ལེན་ཅིང་དབུ་མ་ཆེན་པོ་དང་སྔགས་ཀྱི་ཆོས་རློམ་སེམས་ཀྱི་རྒྱུར་གྱུར་ཏེ། གང་ཟག་རང་བློར་མི་ཤོང་བའི་བཀའ་བསྟན་ཚད་མར་གྱུར་བའི་མདོ་རྒྱུད་མང་པོ་སྐུར་འདེབས་ཀྱིས་སྤོང་བ་ནི། བཞི་བརྒྱ་པ་ལས། སེམས་ཅན་རློམ་པ་ཅན་མིན་དཀོན། །རློམ་ཅན་སྙིང་རྗེ་ལྡན་པ་མེད། །དེས་ན་སྣང་བ་ནས་སྣང་བར། །འགྲོ་བ་ཤིན་ཏུ་རྙེད་དཀར་གསུངས། །ཞེས་གསུངས་ན། སོ་སྐྱེ་རྟོག་སྐྱོན་ཅན་གྱི་རྗེས་སུ་འབྲངས་ཏེ་མ་རྟོགས་ཕྱོགས་རྟོགས་ལོག་རྟོགས་ཀྱིས་སྐུར་བ་མི་གདབ་པར་ཤེས་རབ་གསུམ་གྱིས་གུས་པས་སྤྱི་བོར་བླང་བའོ། །དགེ་འདུན་ལ་སོང་བའི་ནི། གང་ལ་ན་སྤྱིར་མཐོ་རིས་དང་ངན་སོང་གི་འགྲོ་བ་གཉིས་སམ། ཆོས་ཞུགས་ཚུལ་ལྡན་དང་ཚུལ་འཆལ་གཉིས་ལྟ་བུ་གང་ཟག་དག་མ་དག་ལའོ། །ཚུལ་ཇི་ལྟར་ན། དམ་པ་བྱང་ཆུབ་སེམས་དཔའ་ལ་སོགས་འཕགས་པའི་དགེ་འདུན་མ་ངེས་པའི་ཕུང་པོར་གནས་པ་ཡིན་པ་བལྟ་བར་བྱ་སྟེ་མ་དག་པ་ངན་སོང་ལས་བྱང་ཆུབ་སེམས་དཔའ་ཁྱིའི་སྐྱེ་བ་བཞེས་པ་ཞིག་གིས་རྟའི་ཤིང་རྟ་ལ་དགའ་བའི་རྒྱལ་པོ་བཏུལ་བར་སློབ་དཔོན་ཟླ་གྲགས་ཀྱིས་བཞི་བརྒྱ་པའི་འགྲེལ་དུ་བཀོད་པ་ལྟར་རོ། །སྒྲུབ་པའི་བསླབ་བྱ་གསུམ་དེ་ཡན་ལག་ཡིན་རྩ་བ་མིན་པའི་མུས་བསྡུས་སོ། །གཉིས་པ་ཐུན་མོང་གི་བསླབ་བྱ་བཤད་པ་ནི། གྲངས་ལྔ་ལས་ལུས་སྲོག་ཕྱིར་ཡང་གསུམ་མི་སྤང་བ་འདིའི་བཟློག་ཕྱོགས་ནི་སྐྱབས་སྡོམ་གཏོང་བྱེད་དུ་ངེས་ཤིང་། དུས་འདིར་རྐྱེན་རྣམས་ཅི་བྱུང་ཡང་མགོན་སྐྱབས་གཞན་དུ་བཙལ་བ་མིན་པའི་བཟློག་ཟླ་ཡང་གཏོང་བྱེད་ཡིན་པ་བྱུང་བའི་སྐྱོན་ནི། བསྟན་པ་ལས། ཉེས་དམིགས་ནི་གཉིས་ཏེ་སྐྱབས་ཉམས་པའམ། མི་ཤེས་པའོ། །སྤངས་པའམ་ཉམས་པ་ནི་ཇི་སྐད་དུ་ཟླ་གྲངས་ཀྱི་ཞལ་སྔ་ནས། རྟེན་གྱི་དམ་པས་བླངས་ནས་ནི། །སླར་ཡང་དམན་ལ་བསྟན་གྱུར་ན། །ཉེས་བཅས་ཕྱོགས་ལ་གནས་པས་ན། །དེ་ན་དམ་པས་བཞད་གད་འགྱུར། ཞེས་གསུངས་ཏེ་མཚོན་པ་ཙམ་མོ། །ཞེས་གསུངས་པ་ཉེས་དམིགས་གཉིས་ནི། སྐྱབས་ཀྱི་མཆོག་སྤངས་ཏེ་འཇིག་རྟེན་པའི་ལྷ་སོགས་དམན་པ་སྐྱབས་སུ་བཙལ་ན་སྐྱབས་ཉམས་པའོ། །དམན་པ་དེ་དག་ལ་ཟག་མེད་ཀྱི་ཡོན་ཏན་དང་བྲལ་བ་སྒྲིབ་པའི་སྐྱོན་མང་པོ་དང་བཅས་པས་སྐྱབས་མི་ནུས་པའི་ཁར་གནོད་པ་དང་སྡིག་པ་སྐྱེད་ཅིང་། སྐྱོབ་པའི་ཐབས་ཡང་དག་པ་སྒྲུབ་ཚུལ་མ་རྨོངས་པས་མི་ཤེས་པའོ། །ཆེ་བའི་ཡོན་ཏན་རྟག་ཏུ་དྲན་པ་དང་། ཟས་དག་གིས་རྟག་ཏུ་མཆོད་པ་དང་། དབང་རབ་ཀྱི་ཆུ་བོའི་རྒྱུན་བཞིན་རྒྱུན་གྱི་སྐྱབས་འགྲོ་བརྗོད་པར་བྱ་དགོས་པ་དང་། འབྲིང་གི་དུས་དྲུག་བརྗོད་པའི་རྒྱུན་གྱི་ཚུལ་ལ་མི་འདའ་བ་དང་། ཐ་མས་དུས་གསུམ་སོགས་བརྗོད་པའི་རྒྱུན་གྱི་ཚུལ་ལ་གནས་དགོས་ཤིང་། རྒྱུན་དུ་གཞན་ལའང་སྐྱབས་འགྲོ་བྱེད་པའི་སྐུལ་མ་གདབ་དགོས་སོ། །ལྔ་པོ་དེའི་དང་པོ་གཉིས་རྩ་བ་དང་གསུམ་ཡན་ལག་ཏུ་འགྱུར་བས་རྩ་བ་ཡན་ལག་གཉིས་ཀའི་བསླབ་བྱ་ཡིན་པའི་མུའོ། །དྲུག་པ་སྐྱབས་སྡོམ་རང་རྒྱུད་ལ་ཆོ་གས་བླང་བའི་ཚུལ་ནི། བསྟན་པ་ལས། ཚུལ་ནི་སྐྱབས་སུ་འགྲོ་བའི་ཆོ་ག་ཡིན་ཏེ། དེ་ནི་བླ་མ་ལ་ཞུ་བར་བྱའོ། །ཞེས་གསུངས་པའི་ཆོ་ག་ལ་མ་ཐོབ་པ་གསར་དུ་ལེན་ཚུལ། ཐོབ་ཟིན་ཡང་ཡང་ལེན་ཚུལ་གཉིས་ཀྱི། སྔ་མ་ལ། དང་པོ་གསར་དུ་རང་སྟོབས་ཀྱི་ཤེས་པས་ལེན་པ་དང་། གཞན་སྟོབས་ཀྱི་བྱ་བས་ལེན་པ་ན། སྦྱོར་བ་ཚོགས་བསགས་པ། དངོས་གཞི་སྐྱབས་སུ་འགྲོ་བ། མཇུག་ཡིད་དམ་དངོས་སུ་ཐབས་ལེགས་བྱ་བའོ། །ཕྱི་མ་ནི་ཚེ་འདིར་འཇིགས་བརྒྱད་དང་ཚེ་རབས་གཞན་དུ་ངན་སོང་འཁོར་བའི་འཇིགས་པ་རང་གཞན་ལ་འབྱུང་བའི་དོགས་པ་སྐྱེས་པའམ། དངོས་སུ་བྱུང་བའི་ཚེ་རྒྱུ་སྐུལ་བ་ཡིན་པར་ཤེས་པས་སྐྱབས་འགྲོ་བྱེད་པའོ། །སྐྱབས་འགྲོ་དེ་རྒྱུད་ལ་སྐྱེས་པའི་ཚད་ནི་ཇི་ལྟ་བུ་ཞེ་ན། བསྟན་པ་ལས། ཚད་ནི་ཁས་བླངས་པ་དང་། སྐྱབས་བྱེད་པ་དང་། རྣམ་པར་རིག་བྱེད་སྐྱེས་པའོ། །ཞེས་གསུངས་པ་ལྟར། བསམ་པས་སྐྱབས་གནས་སུ་རྟེན་པར་བྱེད་པའི་བློ་སྐྱེ་བའི་རྣམ་འགྱུར་ལུས་ལ་བྱུང་བ་མིག་གིས་རིག་ཅིང་མཐོང་དུ་ཡོད་པ་དང་། བརྗོད་པས་སྐྱབས་སུ་ཁས་བླངས་པའི་ཚིག་གི་ཚོགས་རང་གཞན་གྱི་རྣ་བར་སྒྲའི་རྣམ་པར་རིག་ཅིང་ཐོས་པར་བྱེད་པ་སྟེ། མངོན་མཛོད་རང་འགྲེལ་ལས་ཀྱང་སྐྱབས་སུ་འགྲོ་བའི་མཚན་ཉིད་ཅི་ཞེ་ན། ངག་གི་རྣམ་པར་རིག་བྱེད་དག་ཀྱང་ཡིན་ནོ། །ཞེས་གསུངས་སོ། །དེ་ཡན་གྱིས་སྐྱབས་འགྲོ་བསྟན་པ་ལས་ཇི་སྐད་གསུངས་པའི་སྡོམ་དོན་རྣམས་རྫོགས་པར་ཡན་ལག་དྲུག་པོར་སྦྱར་བ་གྲུབ་ལ་སྡོམ་ནི་བསྟན་པ་ལས། རྟེན་དང་གནས་དང་བསམ་པ་དང་། །དུས་དང་རང་བཞིན་ཚད་དང་ནི། ཚུལ་དག་བསླབ་པ་ངེས་པའི་ཚིག །ལས་དང་དཔེ་དང་དབྱེ་བ་དང་། །ཉེས་དམིགས་དགོས་པ་ཕན་ཡོན་ཏེ། །རྣམ་པ་བཅོ་ལྔ་དག་ཏུ་བརྗོད། །ཅེས་གསུངས་པ་བཞིན་ནོ། །སྨྲས་པ། ཕན་པའི་ཆོས་ཀྱང་དམྱལ་སོགས་འཇིགས་སྟེར་གྱི། །རྙེད་སོགས་གསོག་སྲུང་ཆེད་དུ་བསྟེན་གྱུར་ལས། །སྲིད་འབྱོར་རྫུན་ཆེན་བདེན་བདེན་འདྲར་བྱུང་ཀུན། །ཟ་བྱེད་སྲིན་མོས་བསུ་ཚེའི་འཛུམ་དཀར་བཞིན། །འབྱུང་པོ་མྱུར་སྟོབས་ལྷ་མི་བཙན་ཕྱུག་ཆེའི། །ཝུ་བ་བདག་གཅེས་ཞེན་འཐུག་རླུང་ཅན་རྣམས། །ཆུ་བོ་བཞིར་བྱིངས་བྱིས་གཞན་མཐོ་ལེགས་ཀྱི། །སྐམ་སར་འཁྲིད་ནུས་སྐྱབས་སུ་ཇི་ལྟར་འགྱུར། །དེའི་ཕྱིར་མི་རྟག་སྡུག་བསྔལ་སྲིན་མོའི་ཚང་། །འཁོར་བའི་འཇིགས་ལས་རང་གཞན་བརྒལ་འདོད་ཅིང་། །རྟག་བརྟན་བདེ་སྦྱིན་མཆོག་གསུམ་སྐྱབས་བསྟེན་པར། །བློ་རྩེ་གཉིས་སྤངས་གཅིག་ཏུ་འདྲིལ་བར་རིགས། །བདག་བློ་བྱིས་སྐྱོན་རློམ་སེམས་ཆེ་བས་ནི། །འཕགས་གཞུང་ཚིག་དོན་རང་བཟོས་དཀྲུགས་པའི་སྡིག །ཤེས་རབ་ཆུང་བས་དོན་ཟབ་སྤང་བའི་ཉེས། །མངོན་སུམ་ཡོངས་གཟིགས་རྒྱལ་སྲས་སྤྱན་སྔར་བཤགས། །འདི་ལྟར་བརྩོན་བྱས་བསོད་ནམས་གྱུར་གྱི་སྣང་། །ཟླ་འོད་བས་ཆེས་གསལ་དེས་བདེ་གཤེགས་བསྟན། །ཕྱོགས་བཅུར་འཕེལ་གནས་འགྲོ་ཀུན་མཐོ་རིས་དང་། །ཐར་པའི་རྒྱུ་འབྲས་ཁོ་ནས་འཚོ་བར་ཤོག །ཅེས་པ་འདི་ཡང་དཔལ་གྱི་སེང་གེའི་མིང་དུ་འབོད་པས་སྦྱར་བའོ། །དགེའོ། །དགེའོ། །དགེའོ།། །།


previousསྐྱབས་འགྲོ་ཡན་ལག་དྲུག་པའི་ལུང་སྦྱོར་སྒྲོན་མེའི་ཕྲེང་མཛེས། དཔལ་གྱི་སེང་གེnext