Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དང་པོ།


   
   
   
   
   
   
   
   
སྐྱབས་འགྲོ་ཡན་ལག་དྲུག་པའི་སྤྱི་དོན། དཔལ་གྱི་སེང་གེ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱབས་འགྲོ་ཡན་ལག་དྲུག་པའི་སྤྱི་དོན། དཔལ་གྱི་སེང་གེnext

སྐྱབས་འགྲོ་ཡན་ལག་དྲུག་པའི་སྤྱི་དོན། དཔལ་གྱི་སེང་གེ

སྐྱབས་འགྲོ་ཡན་ལག་དྲུག་པའི་སྤྱི་དོན་བཞུགས་སོ། །དཔལ་ལྡན་བླ་མ་དམ་པ་རྣམས་དང་དཀོན་མཆོག་བླ་མེད་གསུམ་ལ་ཕྱག་འཚལ་ལོ། །དེ་ཡང་ཀློང་ཆེན་རབ་འབྱམས་པའི་ཞལ་ནས། ཐར་པའི་ལམ་ལ་རིམ་གྱིས་བསླབ་པར་བྱ། །ལམ་རྣམས་ཀུན་གྱི་གཞི་རྟེན་སྐྱབས་སུ་འགྲོ། །ཞེས་གསུངས་པ་བཞིན། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་རྣམས་ཀུན་གྱི་ཐོག་མ་འབྱུང་ཁུང་གི་གཞིར་གྱུར་པ། བར་དུ་གནས་པའི་རྟེན་དུ་གྱུར་པ་སྐྱབས་འགྲོའི་རྣམ་བཞག་ལེགས་པར་བསྟན་པ་པཎ་ཆེན་བི་མ་ལ་མི་ཏྲའི་སྐྱབས་འགྲོ་ཡན་ལག་དྲུག་པའི་བསྟན་བཅོས་འདི་བཤད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ཡོད་པ་ལ། དང་པོ་ལ། མཚན་སྨོས་པ་དང་། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བ་གསུམ་གྱི། ཕྱི་མའི་སྐབས་སུ་སྐྱབས་འགྲོ་ཞེས་པ་ལ་ལྔ་ལས། སྐྱབས་འགྲོའི་ངོ་བོ་ནི། འདོད་པའི་དད་པ་དང་མོས་པའོ། །ངེས་ཚིག་ནི། ས་ར་ཎཾ་ཞེས་པའི་སྒྲ་སྐྱབས་སུ་བྱེད་པའམ་རྟེན་དུ་བྱེད་པའམ་དཔུང་གཉེན་དུ་བྱེད་པ་ལ་འཇུག་གོ། །མཚན་ཉིད་ལ། སྤྱིའི་མཚན་ཉིད་ནི། འཇིགས་པ་སྤང་བའི་དོན་དུ་སྐྱབས་གནས་ལ་བརྟེན་པར་དམ་བཅའོ། །ཁྱད་པར་ཐེག་ཆེན་སྐྱབས་འགྲོའི་མཚན་ཉིད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་སངས་རྒྱས་ཐོབ་པ་འདོད་པའི་བློས་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་སྟོན་པ་ལམ་གྲོགས་སུ་ཁས་ལེན་པའོ། །དབྱེ་ན་རྒྱུ་དང་འབྲས་བུའི་སྐྱབས་འགྲོ་གཉིས་སོ། །རང་བཞིན་ནི། སྐྱབས་སུ་འགྲོ་བའི་འཁོར་གསུམ་གྱི་དམིགས་པ་རྣམ་པར་དག་པ་འོད་གསལ་སྤྲོས་བྲལ་གྱི་དོན་ལ་མཉམ་པར་འཇོག་པའོ། །བར་དུ་དགེ་བ་གཞུང་གི་དོན་ལ་རྩ་བའི་སྡོམ་བསྟན་པ་དང་། སྡོམ་གྱི་དོན་རྒྱས་པར་བཤད་པ་གཉིས་ཀྱི། ཕྱི་མ་ལ་དྲུག་ལས། ཅིའི་འགྲོ་དགོས་པ་རྒྱུའི་སྐབས་སུ་ལྔ་སྟེ། རྒྱུའི་ངོ་བོ་ནི། རྟེན་ཅིང་འབྲེལ་བའོ། །ངེས་ཚིག་ནི། རང་འབྲས་སྒྲུབ་བྱེད་དུ་འཇུག་ཅིང་རྒྱུ་བས་ནའོ། །མཚན་ཉིད་ནི། རང་འབྲས་སྒྲུབ་བྱེད་དུ་གྱུར་པ་རྒྱུའི་མཚན་ཉིད་དོ། །དབྱེ་ན་ཉེར་ལེན་དང་། ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་གཉིས་ཀྱི། རེ་རེ་ལའང་གཉིས་གཉིས་ཡོད་པ་ལས། སྐྱབས་འགྲོའི་སྐབས་འདིར། བརྒྱུད་པའི་ཉེར་ལེན་བདེ་གཤེགས་སྙིང་པོའོ། །དངོས་ཀྱི་ཉེར་ལེན་དད་མོས་སོ། །ཐུན་མོང་མ་ཡིན་པའི་ལྷན་ཅིག་བྱེད་རྐྱེན་འཇིགས་པ་དྲན་པའོ། །ཐུན་མོང་གི་ལྷན་ཅིག་བྱེད་རྐྱེན་ཡོན་ཏན་དྲན་པའོ། །རང་བཞིན་ནི། སྐྱེ་བ་མེད་པའོ། །ཡུལ་གྱི་སྐབས་སུ་ལྔ་སྟེ། ཡུལ་གྱི་ངོ་བོ་ནི། ཕྱོགས་བཅུ་ཐམས་ཅད་ན་ཡོད་པའོ། །ངེས་ཚིག་ནི། དམིགས་བྱར་གྱུར་པས་སོ། །མཚན་ཉིད་ནི། ཤེས་པའི་དམིགས་བྱར་བྱ་བ་ཡུལ་གྱི་མཚན་ཉིད་དོ། །དབྱེ་ན་བསྟེན་བྱར་གྱུར་པའི་ཡུལ་དང་། སྤང་བྱར་གྱུར་པའི་ཡུལ་གཉིས་ལས། སྐྱབས་འགྲོའི་སྐབས་འདིར། བསྟེན་བྱ་བསླུ་བ་མེད་པའི་ཡུལ་དཀོན་མཆོག་གསུམ་ལ་ཐེག་དམན་ཐེག་ཆེན་སྐྱབས་ཡུལ་གྱི་ཁྱད་པར་གཉིས་ཡོད་པ་ལས། ཐེག་དམན་གྱི་སྐྱབས་སུ་འགྲོ་བའི་ཡུལ་སངས་རྒྱས་དཀོན་མཆོག་ནི་སྤྲུལ་སྐུ་ཁོ་ན་ལས་ལོངས་སྐུ་དང་ཆོས་སྐུ་གཞན་ཡོད་པར་མི་འདོད། སྤྲུལ་སྐུ་དེའང་ལྷག་བཅས་ཀྱི་དུས་ན་ལས་ཀྱི་རྣམ་སྨིན་མ་སྤངས་ཤིང་ལྷག་མེད་དུ་འགྲོ་དོན་རྒྱུན་ཆད་པར་འདོད། བྱང་སེམས་འཕགས་པ་ཡང་སངས་རྒྱས་ཁོངས་སུ་གཏོགས་པར་འདོད། ཉན་ཐོས་ཕལ་ཆེར་གྱི་ཉན་རང་དགྲ་བཅོམ་པའང་སངས་རྒྱས་སུ་གཏོགས་པར་འདོད། ཆོས་དཀོན་མཆོག་གི་འགོག་བདེན་མྱ་ངན་ལས་འདས་པ་ཁོ་ནར་འདོད། དགེ་འདུན་དཀོན་མཆོག་ནི་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དེ་དག་ལ་ཞུགས་གནས་གཉིས་གཉིས་སུ་ཕྱེ་བས་དྲུག །དགྲ་བཅོམ་ཞུགས་པ་དང་བདུན་དུ་འདོད་དོ། །དེ་ཡང་མཛོད་ལས་ནི། གང་ཞིག་གསུམ་ལ་སྐྱབས་འགྲོ་ལ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་ཁ་ཆེ་བྱེ་བྲག་སྨྲ་བའི་ཉན་ཐོས་པའི་ལུགས་ཡིན་ཏེ། སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པས་བསྡུས་པའི་ལམ་བདེན་སངས་རྒྱས་དཀོན་མཆོག་གམ། །དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་གཉིས་ཀས་བསྡུས་པའི་ལམ་བདེན་དགེ་འདུན་དཀོན་མཆོག་གམ། སངས་རྒྱས་དགེ་འདུན་ཐམས་ཅད་ཀྱི་ཐུགས་རྒྱུད་ཀྱི་འགོག་བདེན་མྱ་ངན་ལས་འདས་པ་ཆོས་དཀོན་མཆོག་ཏུ་བཞེད་དོ། །དེ་དག་ལས་ཁྱད་པར་དུ་གྱུར་པ་ཐེག་ཆེན་གྱི་སྐྱབས་ཡུལ་ལ། །གནས་སྐབས་སྐྱབས་གསུམ་དུ་བཞག་པ་དང་། མཐར་ཐུག་སྐྱབས་གཅིག་ཏུ་སྒྲུབ་པ་གཉིས་ལས། དང་པོ་ལ་མཆོག་གསུམ་སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོར་བཤད་པ་གཉིས་ཀྱི། དང་པོ་ལ་དྲུག་སྟེ། དཀོན་མཆོག་གསུམ་གྱི་ངོ་བོ་ནི། དམ་པའི་ཆོས་དང་འཕགས་པའི་གང་ཟག་གོ། །ངེས་ཚིག་ནི། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཉིད་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། །མཚན་ཉིད་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་བཞིན། ཐར་འདོད་རྣམས་ཀྱི་སྐྱབས་བླ་ན་མེད་པ་དཀོན་མཆོག་གསུམ་གྱི་མཚན་ཉིད་དོ། །དབྱེ་ན་སངས་རྒྱས་ཆོས་དང་དགེ་འདུན་གསུམ་མོ། །གྲངས་ངེས་ནི། རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱིས་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་སོ། །གོ་རིམ་ངེས་པ་ནི། དེ་ཉིད་ལས། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཞེས་སོ། །གཉིས་པ་ལ་གསུམ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལས། དང་པོ་ལ་ལྔ་སྟེ། སངས་རྒྱས་དཀོན་མཆོག་གི་ངོ་བོ་ནི། སྤངས་རྟོགས་མཐར་ཕྱིན་པའི་འཕགས་པའི་གང་ཟག་གོ །ངེས་ཚིག་ནི། བུདྡྷ་ཞེས་པའི་སྒྲ་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་མ་ལུས་པར་བྱང་ཆུབ་པ་ལའང་འཇུག །དེ་ཡང་སྐྱབས་འགྲོ་བདུན་ཅུ་པ་ལས། དུས་གསུམ་ལམ་ལས་ངེས་གྲོལ་ཞིང་། །མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ནི་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་རྣམ་རྒྱས། །ཞེས་སོ། །མཚན་ཉིད་ནི། སྟོན་པ་བླ་ན་མེད་པ་གང་ཞིག་དོན་གཉིས་མཐར་ཕྱིན་པ་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་དེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །དབྱེ་ན་རྟེན་སྐུ་བཞིའམ་གསུམ་དང་། བརྟེན་པ་ཡེ་ཤེས་ལྔ་དང་། མཛད་པ་ཕྲིན་ལས་གཉིས་ཏེ་གསུམ་གྱི། དང་པོ་ལ་དབྱེ་བ་གྲངས་ངེས་གཉིས་ལས། དབྱེ་བ་ནི། དབྱིངས་དག་མཉམ་སྤྲོས་བྲལ་ངོ་བོ་ཉིད་སྐུ། ཡེ་ཤེས་ཀྱི་རང་བཞིན་ཡོན་ཏན་ཕུན་སུམ་ཚོགས་པ་ཆོས་སྐུ། ངེས་པ་ལྔ་ལྡན་གྱི་བདག་ཉིད་ལོངས་སྐུ། བཟོ་དང་སྐྱེ་བ་བྱང་ཆུབ་མཆོག་གི་རྣམ་པར་འཕྲུལ་པ་སྤྲུལ་སྐུའོ། །དེ་དག་གསུམ་དུ་འདུའོ། །གྲངས་ངེས་ནི། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་ལྟོས་ཏེ་སྐུ་གསུམ་དུ་ངེས་སོ། །གཉིས་པ་ནི། སྟོབས་དང་མི་འཇིགས་ལ་སོགས་འཕགས་ཆོས་ཐམས་ཅད་སྐྱེ་ཞིང་འབྱུང་བའི་དབྱིངས་སྐྱེ་མེད་སྤྲོས་བྲལ་ཆོས་དབྱིངས་ཡེ་ཤེས། ཤེས་བྱའི་གཟུགས་བརྙན་ཐམས་ཅད་ཅིག་ཅར་སྣང་བ་རང་བྱུང་འོད་གསལ་འགག་མེད་ཆེན་པོ་མེ་ལོང་ལྟ་བུའི་ཡེ་ཤེས། འདི་གཉིས་ཆོས་སྐུས་བསྡུས་སོ། །བྱམས་དང་ཐུགས་རྗེ་ཆེན་པོས་རྟག་ཏུ་གང་ཞིང་བདག་གཞན་ཆགས་སྡང་བྲལ་བ་མཉམ་ཉིད་ཡེ་ཤེས། གཟུངས་དང་ཏིང་འཛིན་བསམ་གཏན་སྙོམས་འཇུག་ཀུན་གྱི་གཞིར་གྱུར་ཅིང་ཤེས་བྱ་ཀུན་ཐོགས་མེད་འབྱེད་པ་སོར་རྟོག་ཡེ་ཤེས། འདི་གཉིས་ལོངས་སྐུས་བསྡུས་སོ། །འཇིག་རྟེན་གྱི་ཁམས་ཀུན་ཏུ་ཐབས་སྣ་ཚོགས་དཔག་ཏུ་མེད་པས་སེམས་ཅན་མང་པོའི་དོན་མཛད་པའི་གཞིར་གྱུར་པ་བྱ་གྲུབ་ཡེ་ཤེས། འདི་སྤྲུལ་སྐུས་བསྡུས་སོ། །གསུམ་པ་མཛད་པ་ཕྲིན་ལས་གཉིས་ནི། སངས་རྒྱས་རང་ངོར་ལྟོས་པ་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པའི་མཛད་པའོ། །གདུལ་བྱ་གཞན་ངོར་ལྟོས་པ་ལམ་གྱི་རྟེན་དང་། ལམ་དངོས་དང་། ལམ་གྱི་འབྲས་བུར་འགོད་པ་རྣམས་སོ། །རང་བཞིན་ནི། ཤེས་དང་ཤེས་བྱ་ལས་རྣམ་པར་གྲོལ་བའི་ཆོས་ཉིད་དོ། །ཆོས་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། ཆོས་དཀོན་མཆོག་གི་ངོ་བོ་ནི། ཚིག་དང་དོན་དུ་གནས་པའི་དམ་ཆོས། ངེས་ཚིག་ནི། དྷརྨ་ཞེས་པའི་སྒྲ་འཛིན་པ་ལ་འཇུག །དེ་ཡང་སྐྱབས་འགྲོ་བདུན་ཅུ་པ་ལས། སྔོན་མེད་པ་ལས་སླར་བྱུང་ཞིང་། །བྱུང་ནས་ཀྱང་ནི་ཡང་དག་མེད། །རང་གི་མཚན་ཉིད་འཛིན་པས་ཆོས། །དོན་དམ་པ་ནི་མི་བརྗོད་དོ། །ཞེས་སོ། །མཚན་ཉིད་ནི། སྐྱོབ་པ་བླ་ན་མེད་པ་གང་ཞིག་བདེན་པ་དམ་པ་གཉིས་ལ་བརྟེན་པའི་ཚིག་དོན་དུ་གྱུར་པ་ཆོས་དཀོན་མཆོག་གི་མཚན་ཉིད་དེ། རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་སོ། །དབྱེ་ན་ལུང་དང་རྟོགས་པའི་ཆོས་གཉིས་ཀྱི། ལུང་གི་ཆོས་ལའང་། སྤྱིར་གསུང་རབ་ཡན་ལག་བཅུ་གཉིས་དང་། བྱེ་བྲག་ཏུ་སྡེ་སྣོད་གསུམ་དང་བདུན་ཏེ་གཉིས་སུ་ཡོད་པ་ལས། དང་པོ་ནི། བརྒྱད་སྟོང་པའི་འགྲེལ་པ་སྙིང་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟར་བྱུང་བ་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པ་དག །གསུང་རབས་ཡན་ལག་བཅུ་གཉིས་ཡིན། །ཞེས་པ་དེ་དག་ཀྱང་སྡེ་སྣོད་གསུམ་དུ་འདུའོ། །གཉིས་པ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། ཉན་ཐོས་རྣམས་ཀྱི་དབང་བྱས་ནས། །སྡེ་སྣོད་གསུམ་དུ་བསྟན་པ་ཡིན། །བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱིས། །ངེས་པ་དེ་ནི་ཡོད་མིན་ཏེ། །འཕགས་པ་ནུབ་ཀྱི་རིར་བཤད་དང་། །ཤར་གྱི་རི་པའི་ཉན་ཐོས་པས། །བྱང་ཆུབ་སེམས་དཔའི་དབང་བྱས་ནས། །སྡེ་སྣོད་བདུན་དུ་བཤད་པ་ཡིན། །བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། །དེ་བཞིན་རིག་འཛིན་ཞེས་བྱ་དང་། །མདོ་སྡེ་ཆོས་མངོན་འདུལ་བ་དང་། །རྒྱས་དང་དེ་བཞིན་སྐྱེས་པའི་རབས། །དེ་ལྟར་སྡེ་སྣོད་བདུན་པོ་ནི། །ལུང་ནི་གཉིས་ལས་བསྟན་པ་ཡིན། །གང་ལ་དེ་ནི་ཚད་མིན་གྱུར། །དེས་ནི་དགྲ་བཅོམ་སྤང་བ་ཉིད། །ཅེས་སོ། །རྟོགས་པའི་ཆོས་ལ་ས་དང་ལམ་གྱི་རང་བཞིན་གཉིས་སུ་ཡོད་པ་ལས། དང་པོ་ནི། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལས། །ཉན་ཐོས་པ་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལས། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་གསུངས་པ་ལྟར། ཉན་ཐོས་ཀྱི་ས་བརྒྱད་ནི། རིགས་ཀྱི་ས། བརྒྱད་པའི་ས། མཐོང་བའི་ས། བསྲབ་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། ཉན་ཐོས་ཀྱི་ས། རང་སངས་རྒྱས་ཀྱི་ས་རྣམས་སོ། །བྱང་ཆུབ་སེམས་དཔའི་ས་བཅུ་ནི། ས་དང་པོ་རབ་ཏུ་དགའ་བ་སྟེ། འདིར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྐད་ཅིག་གཅིག་ལ་མངོན་དུ་བྱེད་པ་ནི། སངས་རྒྱས་བརྒྱ་མཐོང་། དེ་དག་གིས་བྱིན་གྱིས་བརླབས་པར་ཤེས། བསྐལ་པ་བརྒྱར་གནས་པ་སྟོན། སྔོན་དང་ཕྱི་མའི་མཐའ་བརྒྱར་མངོན་ཤེས་འཇུག །ཏིང་ངེ་འཛིན་བརྒྱར་མཉམ་པར་འཇོག་ཅིང་ལྡང་། ཞིང་ཁམས་བརྒྱ་གཡོ་ནུས། ཞིང་བརྒྱ་འོད་ཀྱིས་སྣང་བར་བྱེད། སེམས་ཅན་བརྒྱ་སྨིན་པར་བྱེད། ཞིང་བརྒྱར་འགྲོ། ཆོས་སྒོ་བརྒྱ་འབྱེད། ལུས་བརྒྱ་སྟོན། ལུས་རེ་རེ་ལ་འཁོར་བརྒྱས་བསྐོར་བ་སྟོན་པའོ། །ས་གཉིས་པ་དྲི་མ་མེད་པར་སྟོང་ཕྲག་བཅུ་གཉིས། ས་གསུམ་པ་འོད་བྱེད་པར་འབུམ་ཕྲག་བཅུ་གཉིས། ས་བཞི་པ་འོད་འཕྲོ་བར་བྱེ་བ་ཕྲག་བཅུ་གཉིས། ས་ལྔ་པ་སྦྱངས་དཀའ་བར་བྱེ་བ་སྟོང་ཕྲག་བཅུ་གཉིས། ས་དྲུག་པ་མངོན་དུ་གྱུར་པར་བྱེ་བ་འབུམ་ཕྲག་བཅུ་གཉིས། ས་བདུན་པ་རིང་དུ་སོང་བར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས། ས་བརྒྱད་པ་མི་གཡོ་བར་སྟོང་ཆེན་འཇིག་རྟེན་འབུམ་ཕྲག་གཅིག་གི་རྡུལ་གྲངས་དང་མཉམ་པའི་ཡོན་ཏན་བཅུ་གཉིས་ཐོབ། །ས་དགུ་པ་ལེགས་པའི་བློ་གྲོས་སུ་སྟོང་ཆེན་གྱི་འཇིག་རྟེན་གྲངས་མེད་པ་འབུམ་ཕྲག་བཅུ་གཉིས་ཀྱི་རྡུལ་དང་མཉམ་པའི་ཡོན་ཏན་བཅུ་གཉིས་པོ་ཐོབ། ས་བཅུ་པ་ཆོས་ཀྱི་སྤྲིན་དུ་སངས་རྒྱས་ཞིང་བརྗོད་དུ་མེད་པའི་རྡུལ་དང་མཉམ་པའི་ཡོན་ཏན་བཅུ་གཉིས་པོ་ཐོབ་བོ། །གཉིས་པ་ལམ་ལྔ་ལས། ཚོགས་ལམ་ལ་ཆེ་འབྲིང་ཆུང་གསུམ་ཡོད་པ་ལ། ཚོགས་ལམ་ཆུང་ངུ་ལ་བཞི་སྟེ། དམིགས་པ་ནི། བདག་གི་གནས་དང་ལོངས་སྤྱོད་དང་། །བདག་དང་ཀུན་ནས་ཉོན་མོངས་པའམ། །རྣམ་པར་བྱང་བའི་དངོས་པོ་བཞིའོ། །ངོ་བོ་ཤེས་རབ་དང་དྲན་པའོ། །བསྒོམ་ཚུལ་ནི། ནང་གི་ལུས་སོགས་ལ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེར་བཞག་བཞི་བསྒོམ་པའོ། །འབྲས་བུ་ནི། ཕྱིན་ཅི་ལོག་བཞི་སྤོང་བ་དང་བདེན་བཞི་ལ་འཇུག་པ་ལུས་སོགས་དང་བྲལ་བའོ། །ཚོགས་ལམ་འབྲིང་པོ་ལའང་བཞི་སྟེ། དམིགས་ཡུལ་ནི། མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་བཞིའོ། །ངོ་བོ་ནི་བརྩོན་འགྲུས་པོ། །སྒོམ་པ་ནི། གནོད་སེམས་སོགས་སྒྲིབ་པ་ལྔ་མི་དགེ་བ་མ་སྐྱེས་པ་མི་སྐྱེད་པ་དང་། སྐྱེས་པ་རྒྱུན་གཅོད་པ་དང་། དགེ་བ་མ་སྐྱེས་པ་སྐྱེད་པ་དང་། སྐྱེས་པ་སྤེལ་བའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་བརྩམ་མོ། །སེམས་རབ་ཏུ་འཛིན་ཏོ། །སེམས་རབ་ཏུ་འཇོག་གོ། །ཞེས་པ་བརྩོན་འགྲུས་བསྒོམ་པ་གནས་དང་བཅས་པ་ཡིན་ནོ། །འབྲས་བུ་ནི། མི་མཐུན་ཕྱོགས་ཀུན་ཉམས་པ་དང་། གཉེན་པོ་ཐོབ་པ་དང་འཕེལ་བའོ། །ཚོགས་ལམ་ཆེན་པོ་ལ་བཞི་སྟེ། དམིགས་པ་ནི། ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱ་བའོ། །ངོ་བོ་ནི་ཏིང་ངེ་འཛིན་ནོ། །བསྒོམ་ཚུལ་ནི། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ། སེམས་དཔའི་ཏིང་ངེ་འཛིན། དཔྱོོད་པའི་ཏིང་ངེ་འཛིན། བརྩོན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ་བཞིའི་ཚུལ་གྱིས་སོ། །དེ་ཡང་སྤོང་བའི་འདུ་བྱེད་བརྒྱད་ནི། ལེ་ལོའི་གཉེན་པོ་བརྩོན་འགྲུས། བརྩོན་འགྲུས་ཀྱི་རྒྱུ་དད་པ་དང་འདུན་པ། འབྲས་བུ་ཤིན་སྦྱངས། གདམས་ངག་བརྗེད་པའི་གཉེན་པོ་དྲན་པ། བྱིང་རྒོད་ཀྱི་གཉེན་པོ་ཤེས་བཞིན། འདུ་མི་བྱེད་པའི་གཉེན་པོ་སེམས་པ། འདུ་བྱེད་པའི་གཉེན་པོ་བཏང་སྙོམས་ཡིན་ནོ། །བསྒོམ་པའི་འབྲས་བུ་ནི། ཏིང་ངེ་འཛིན་རྣམ་པར་དག་པས་མངོན་པར་འདོད་པའི་རྫུ་འཕྲུལ་སོགས་འགྲུབ་པའོ། །སྦྱོར་ལམ་ཆུང་འབྲིང་ཆེ་གསུམ་གྱི་ཆུང་ངུ་དྲོད་རྩེ་གཉིས་སུ་དབང་པོ་ལྔ་ཡོད་པ་དེ་ལ་བཞི་སྟེ། དམིགས་པ་ནི། འཕགས་པའི་བདེན་པ་བཞི་ཡིན་ནོ། །ངོ་བོ་ནི་དད་སོགས་བཞིའོ། །བསྒོམ་པ་ནི། དད་པའི་དབང་པོ་བདེན་པ་རྣམས་ལ་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་བསྒོམ། བརྩོན་འགྲུས་ཀྱི་དབང་པོ་བདེན་པ་མངོན་པར་རྟོགས་ཕྱིར་སྤྲོ་བའི་ཚུལ་གྱིས་བསྒོམ། དྲན་པའི་དབང་པོ་བདེན་པ་རྣམས་ལ་ཉེ་བར་གནས་པ་མི་བརྗེད་པའི་ཚུལ་གྱིས་བསྒོམ། ཏིང་ངེ་འཛིན་གྱི་དབང་པོ་བདེན་པ་ལ་སེམས་རྩེ་གཅིག་པའི་ཚུལ་གྱིས་བསྒོམ། ཤེས་རབ་ཀྱི་དབང་པོ་རབ་ཏུ་རྣམ་པར་བྱེད་པའི་ཚུལ་གྱིས་བསྒོམ་པ་ཡིན་ནོ། །འབྲས་བུ་ནི། བདེན་པ་མྱུར་དུ་མངོན་སུམ་རྟོགས་པར་བྱེད་དོ། །སྦྱོར་ལམ་འབྲིང་བཟོད་པ་དང་ཆེན་པོ་ཆོས་མཆོག་གཉིས་སུ་མི་མཐུན་ཕྱོགས་ཀྱིས་མི་བརྫི་ཞིང་མི་མཐུན་ཕྱོགས་ངེས་པར་སྲབ་པར་བྱེད་པ་སྟོབས་ལྔ་ཡོད་པའི་དམིགས་པ་སོགས་དབང་པོ་ལྔ་དང་འདྲའོ། །མཐོང་ལམ་ཡེ་ཤེས་བཅུ་དྲུག་གི་བདག་ཉིད་སྐྱེ་བའི་ཚེ་ན། བྱང་ཆུབ་ཀྱི་ཡན་ལག་སོགས་བདུན་ཡོད་པ་ལའང་བཞི་སྟེ། དམིགས་པ་ནི། འཕགས་པའི་བདེན་པ་བཞིའི་ཆོས་ཉིད་ཇི་ལྟར་གནས་པའོ། །ངོ་བོ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སོགས་བདུན་ནོ། །དེ་ཡང་ལྔའི་ཚུལ་གྱིས་ཡན་ལག་ཏུ་འགྱུར་ཏེ། རང་བཞིན་གྱི་ཡན་ལག་ཆོས་རབ་རྣམ་འབྱེད། གནས་ཀྱི་ཡན་ལག་དྲན་པ། ངེས་འབྱུང་གི་ཡན་ལག་བརྩོམ་འགྲུས། ཕན་ཡོན་གྱི་ཡན་ལག་དགའ་བ། ཉོན་མོངས་པ་མེད་པའི་ཡན་ལག་གསུམ་ལས། ཤིན་སྦྱང་ཉོན་མོངས་མེད་པའི་གཞི་ཡིན་ལ། ཏིང་ངེ་འཛིན་ཉོན་མོངས་མེད་པའི་གནས་ཡིན་ཅིང་། བཏང་སྙོམས་ཉོན་མོངས་མེད་པའི་ངོ་བོ་ཡིན་ནོ། །བསྒོམ་ཚུལ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བའི་གཉེན་པོ་ཡོངས་སུ་དབང་བསྒྱུར་བར་བསྒོམ་པ་སྟེ་གཞན་ལའང་སྦྱར་རོ། །འབྲས་བུ་མཐོང་སྤང་རྣམས་སྤོང་བ་ཡིན་ལ། དེ་ཡང་མཐོང་སྤང་ངོས་བཟུང་བ་དང་། ཇི་ལྟར་སྤོང་ཚུལ་བསྟན་པ་གཉིས་ཀྱི། དང་པོ་ལ། སྤྱིར་ཐར་པ་ལ་བར་དུ་གཅོད་པ་ཉོན་སྒྲིབ། ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པ་ཤེས་སྒྲིབ་གཉིས་ཡོད་པའི། ཉོན་སྒྲིབ་ཀུན་བརྟགས་མཐོང་སྤང་། ལྷན་སྐྱེས་སྒོམ་སྤང་། ཤེས་སྒྲིབ་རགས་པ་མཐོང་སྤང་། ཕྲ་བ་སྒོམ་སྤང་དུ་འཇོག་གོ། །མཐོང་སྤང་གི་ཉོན་མོངས་སྲིད་པའི་ཕྲ་རྒྱས་བཅུ་ནི། འཇིགས་ལྟ་སོགས་ལྟ་བ་ལྔ་དང་། འདོད་ཆགས་སོགས་ལྟ་མིན་ལྔ་སྟེ་བཅུའོ། །འདི་དག་བདེན་བཞི་ལ་ལོག་པར་འཇུག་ཚུལ་ལ། སྡུག་ཀུན་གཉིས་ཀྱི་དོན་རང་མཚན་མ་དམིགས། འགོག་ལམ་གཉིས་ཀྱི་མིང་ལ་དམིགས་ཤིང་གཡང་སར་འདུ་ཤེས་པས་སྐྲག་སྟེ་སྤོང་བར་བྱེད་པའི་སྒོ་ནས་ལོག་པར་འཇུག་པ་དེ་ཡང་ལྟ་བ་ལྔ་ལས། བདེན་བཞི་ལ་དམིགས་ཏེ་འཇིག་ལྟས་བདག་དང་བདག་གིར་ལྟ། མཐར་ལྟས་རྟག་ཆད་དུ་ལྟ། ལོག་ལྟས་མེད་པར་ལྟ། ལྟ་བ་དེ་རྣམས་ལ་དམིགས་ཏེ། ལྟ་བ་མཆོག་འཛིན་གྱིས་དམ་པར་ལྟ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱིས་དག་གྲོལ་དུ་ལྟའོ། །ལྟ་མིན་ལྔ་ལས་ལྟ་བ་རྣམས་ལ་དམིགས་ཏེ། ལྟ་བ་ངན་པ་དེ་དག་ལ་འདོད་ཆགས་ཀྱིས་ཞེན་ཅིང་ཆགས། ང་རྒྱལ་གྱིས་རློམ་ཞིང་ཁེངས། ཁོང་ཁྲོས་རང་གི་ལྟ་བ་དང་མི་མཐུན་པ་ལ་ཁྲོ། བདེན་པ་དང་བཅས་ལ་དམིགས་ཏེ། མ་རིག་པས་མཚན་ཉིད་མི་ཤེས་པར་རྨོངས། ཐེ་ཚོམ་གྱིས་གཉེན་པོ་ལ་ཡིད་མི་ཆེའོ། །འདི་དག་འདོད་ཁམས་སུ་བདེན་བཞི་རེ་རེ་ལའང་བཅུ་རེ་འཇུག་པས་བཞི་བཅུ། ཁམས་གོང་མ་གཉིས་སུ་ཁོང་ཁྲོ་མ་གཏོགས་པ་དགུ་རེ་བདེན་བཞིར་འཇུག་པས་སོ་དྲུག་པ་གཉིས་ཏེ། ཐམས་ཅད་བསྡོམ་ན་མཐོང་སྤང་བརྒྱ་དང་བཅུ་གཉིས་ཡིན་ནོ། །གཉིས་པ་ཇི་ལྟར་སྤོང་ཚུལ་ནི། མཐོང་ལམ་གྱི་སྦྱོར་བ་དང་། དངོས་གཞི་ཡེ་ཤེས་བཅུ་དྲུག་མཇུག་དང་བཅས་པ་གཉེན་པོ་བཞིར་གནས་པ་ལ་བརྟེན་ཏེ། སྤོང་ལམ་བཞིའི་མཚན་ཉིད་དང་ལྡན་པས་སྤོང་སྟེ། དེ་ལ་གཉེན་པོ་བཞི་ནི། སུན་འབྱིན་པ་དང་། སྤོང་བ་དང་། རྟེན་གྱི་དང་། ཐག་བསྲིང་བའི་གཉེན་པོའོ། །སུན་འབྱིན་ལ་མགོ་གནོན་གྱི་གཉེན་པོ་དང་། རྩད་འདོན་གྱི་གཉེན་པོ་སྟེ་གཉིས་ཡོད་དོ། །སྤོང་ལམ་བཞི་ནི། སྦྱོར་ལམ། བར་ཆད་མེད་ལམ། རྣམ་གྲོལ་ལམ། ཁྱད་པར་ལམ་མོ། །དངོས་གཞི་ཡེ་ཤེས་བཅུ་དྲུག་གིས་སྤོང་ཚུལ་ཡང་། ཁམས་གོང་འོག་གི་གཉེན་པོ་སོ་སོར་སྐྱེས་པ་དང་། སྤང་བྱ་ཀུན་དྲིལ་ཏེ་ཅིག་ཆར་སྤོང་ཚུལ་གཉིས་སུ་འདོད་པ་ཡོད། སྒོམ་ལམ་དགུར་འཕགས་ལམ་ཡན་ལག་བརྒྱད་ཀྱི་དམིགས་པ་ནི། མཐོང་ལམ་གྱི་འོག་ཏུ་འཕགས་པའི་བདེན་པ་བཞིའི་ཆོས་ཉིད་ཇི་ལྟར་གནས་པའོ། །ངོ་བོ་ནི། ཡང་དག་པའི་ལྟ་བ་སོགས་བརྒྱད་དོ། །དེ་ཡང་བཞིའི་དབང་གིས་ཡན་ལག་ཏུ་འགྱུར་ཏེ། ཡོངས་སུ་གཅོད་པའི་ཡན་ལག་ཡང་དག་པའི་ལྟ་བ། གཞན་ལ་གོ་བར་བྱེད་པའི་ཡན་ལག་ཡང་དག་པའི་རྟོགས་པ། གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ཡང་དག་པའི་ངག །ལས་མཐའ། འཚོ་བ་གསུམ་གྱིས་ལྟ་དང་ཚུལ་ཁྲིམས་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་དོ། །མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཡན་ལག་གསུམ་སྟེ། ཉོན་མོངས་པའི་གཉེན་པོ་ཡང་དག་པའི་རྩོལ་བ་དང་། ཉེ་ཉོན་གྱི་གཉེན་པོ་ཡང་དག་པའི་དྲན་པ། ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པའི་གཉེན་པོ་ཡང་དག་པའི་ཏིང་ངེ་འཛིན་ཏོ། །བསྒོམ་ཚུལ་བྱང་ཆུབ་ཡན་ལག་ལྟར་རོ། །འབྲས་བུ་སྒོམ་སྤང་རྣམ་སྤོང་བ་སྟེ། དེ་ཡང་སྒོམ་སྤང་ངོས་བཟུང་བ་དང་། ཇི་ལྟར་སྤོང་ཚུལ་གཉིས། དང་པོ་ལ་ཉོན་སྒྲིབ་ལྷན་སྐྱེས་དྲུག་ནི། འཇིགས་ལྟ། མཐར་ལྟ། འདོད་ཆགས། ཁྲོང་ཁྲོ། ང་རྒྱལ། མ་རིག་པ་འདི་དག་འདོད་ཁམས་ན་ཆེ་འབྲིང་ཆུང་གསུམ་དགུ་རེ་ཡོད་པའི་ལྔ་བཅུ་རྩ་བཞི། ཁམས་གོང་མའི་ས་བརྒྱད་ན་ཁོང་ཁྲོ་མ་གཏོགས་ལྔ་རེ་ལ་ཆུང་འབྲིང་ཆེ་གསུམ་དགུར་ཕྱེ་བས། ཞེ་ལྔ་པ་བརྒྱད་ཡོད་པ་བཅས་ཐམས་ཅད་བསྡོམས་པས་སྒོམ་སྤང་བཞི་བརྒྱ་བཅུ་བཞི་ཡིན་ནོ། །གཉིས་པ་ཇི་ལྟར་སྤོང་ཚུལ་ནི། གཉེན་པོ་ཆུང་འབྲིང་ཆེ་གསུམ་དགུས་སྤང་བྱ་ཆེ་འབྲིང་ཆུང་གསུམ་དགུ་རེ་རེ་བཞིན་སྤོང་ལམ་བཞི་རེས་སྤོང་བ་ཡིན་ནོ། །མི་སློབ་ལམ་ནི། མི་སློབ་པའི་ཆོས་བཅུ་སྟེ་དེ་ཡང་ཟག་མེད་ཀྱི་ཕུང་པོ་ལྔས་བསྡུས་པའོ། །ཆོས་དཀོན་མཆོག་གི་རང་བཞིན་ནི་འོད་གསལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། དགེ་འདུན་དཀོན་མཆོག་གི་ངོ་བོ་ནི། སྤངས་རྟོགས་མཐར་མ་ཕྱིན་པའི་འཕགས་པའི་གང་ཟག་གོ། །ངེས་ཚིག་སངྒ་ཞེས་པའི་སྒྲ་གཅིག་ཏུ་འདུས་ཤིང་མི་ཕྱེད་པ་ལ་འཇུག །དེ་ཡང་སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང་། །གང་ཕྱིར་དབྱེ་བ་མི་ནུས་པ། །དེ་ཕྱིར་དགེ་འདུན་ཞེས་བརྗོད་དོ། །ཞེས་སོ། །མཚན་ཉིད་ནི། འདྲེན་པ་བླ་ན་མེད་པ་གང་ཞིག་རིག་གྲོལ་གཉིས་ལ་གནས་པའི་རྒྱལ་སྲས་འཕགས་པ་དགེ་འདུན་དཀོན་མཆོག་གི་མཚན་ཉིད་དེ། རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་སོ། །དབྱེ་ན་ཐེག་དམན་ཉན་རང་གི་དགེ་འདུན་དང་། ཐེག་ཆེན་བྱང་ཆུབ་སེམས་དཔའི་དགེ་འདུན་གཉིས་ཀྱི། དང་པོ་ལ་ཟུང་བཞི་ཡ་བརྒྱད་ལས། མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ་རྒྱུན་ཞུགས་ཞུགས་པ་ཡིན། བཅུ་དྲུག་པ་ལ་གནས་པ་འབྲས་གནས་སོ། །འདོད་པའི་ཉོན་མོངས་པ་འབྲིང་པོའི་འབྲིང་པོ་མན་ཆད་ཅི་རིགས་སྤང་བ་ལན་ཅིག་ཕྱིར་འོང་གི་ཞུགས་པ་ཡིན། འབྲིང་པོའི་ཆུང་ངུ་སྤང་བ་དེའི་འབྲས་གནས་སོ། །འདོད་ཉོན་ཆུང་ངུ་གསུམ་སྤང་བ་ལ་ཞུགས་པ་ཕྱིར་མི་འོང་ཞུགས་པ་ཡིན། ཆུང་ངུའི་ཆུང་ངུ་ཡང་སྤང་བ་དེའི་འབྲས་གནས་སོ། །ཁམས་གོང་མ་གཉིས་ཀྱི་ཉོན་མོངས་དགུ་རྣམས་ཕལ་ཆེར་སྤང་བ་དགྲ་བཅོམ་ཞུགས་པ་ཡིན། སྲིད་རྩེའི་ཉོན་མོངས་ཀྱང་སྤང་བ་དེའི་འབྲས་གནས་ལགས་སོ། །གཉིས་པ་ནི་ས་བཅུ་ལ་གནས་པའི་གང་ཟག་ཐམས་ཅད་ཡིན་ནོ། །རང་བཞིན་ནི། ཆོས་ཉིད་འདུས་མ་བྱས་ལ་གནས་པའོ། །གཉིས་པ་མཐར་ཐུག་སྐྱབས་གཅིག་ཏུ་སྒྲུབ་པ་ནི། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །ཅེས་སོ། །ཡུལ་གྱི་རང་བཞིན་ཤེས་བྱ་སྐྱེ་མེད་དོ། །དུས་ཀྱི་སྐབས་སུའང་ལྔ་ལས། དུས་ཀྱི་ངོ་བོ་ནི། འདུས་བྱས་རྣམས་ཀྱི་རྒྱུན་ནོ། །ངེས་ཚིག་ནི། འདུས་ཤིང་བསགས་པས་ནའོ། །མཚན་ཉིད་ནི། རྒྱུ་འབྲས་སྤྱད་ཟིན་པའམ་སྤྱད་པར་འགྱུར་བའམ། སྤྱད་བཞིན་པ་དུས་ཀྱི་མཚན་ཉིད། །དབྱེ་ན་འདས་མ་འོངས་ད་ལྟའི་དུས་གསུམ་ལས། སྐྱབས་འགྲོའི་སྐབས་འདིར། ད་ལྟ་དང་མ་འོངས་པའི་དུས་གཉིས་ཀྱིས་བསྡུས་པ། ཐེག་དམན་ལྟར་ན་འདི་ནས་ཇི་སྲིད་འཚོ་དང་ཉན་རང་གི་བྱང་ཆུབ་མ་ཐོབ་བར་དུ་ཁས་ལེན། དེ་ལས་ཁྱད་པར་དུ་ཐེག་པ་ཆེན་པོས་སངས་རྒྱས་མ་ཐོབ་བར་དུ་ཁས་ལེན་ནོ། །རང་བཞིན་ནི། འཕོ་འགྱུར་མེད་པའི་ཆོས་ཉིད་འདུས་མ་བྱས་སོ། །ཕན་ཡོན་གྱི་སྐབས་སུའང་ལྔ་ལས། ཕན་ཡོན་གྱི་ངོ་བོ་ནི། ཡིད་དུ་འོང་བའི་འབྲས་བུའོ། །ངེས་ཚིག་ནི། ཕན་པར་བྱེད་པའི་ཡོན་ཏན་དུ་གྱུར་པས་ནའོ། །མཚན་ཉིད་ནི། དགེ་བ་ལས་བྱུང་བའི་ཕན་བདེའི་སྣང་བ་ཕན་ཡོན་གྱི་མཚན་ཉིད་དོ། །དབྱེ་ན་ལྔ་སྟེ་རྒྱུ་མཐུན་གྱི་འབྲས་བུར་གྱུར་པའི་ཕན་ཡོན། རྣམ་སྨིན་གྱི་འབྲས་བུར་གྱུར་པའི་ཕན་ཡོན། །སྐྱེས་བུ་བྱེད་པའི་འབྲས་བུར་གྱུར་པའི་ཕན་ཡོན། བྲལ་བའི་འབྲས་བུར་གྱུར་པའི་ཕན་ཡོན། བདག་པོའི་འབྲས་བུར་གྱུར་བའི་ཕན་ཡོན་ནོ། །སྐྱབས་འགྲོའི་སྐབས་འདིར་ལྔ་པོ་རིམ་པ་བཞིན། མུ་སྟེགས་སྤྱོད་ལས་ལོག་པ་ཡིན། །ཞེས་དང་། གསུམ་དུ་མི་སྐྱེ་ཞེས་དང་། རྟེན་དུ་འགྱུར། །བར་ཆད་མེད་པས་ནད་ཉུང་རིང་། །ཞེས་དང་། འབྱངས་ཤིང་ཞེས་དང་། སོགས་པའི་ཕན་ཡོན་ནོ། །ཞེས་པས་བསྟན་ཏོ། །རང་བཞིན་ནི། ཆོས་ཉིད་ཟབ་མོའི་མཐུ་ལས་ཕན་བདེ་ལེགས་ཚོགས་ཐམས་ཅད་འབད་མེད་དུ་འབྱུང་བའོ། །བསླབ་བྱའི་སྐབས་སུ་ལྔ་ནི། བསླབ་བྱའི་ངོ་བོ་བག་ཡོད་བྱ་བའི་གཞིའོ། །ངེས་ཚིག་བསླབ་ཅིང་གཞོལ་བའི་གཞིར་གྱུར་པས་ནའོ། །མཚན་ཉིད་ནི། སྡོམ་པའི་ཆོ་གས་བླང་བྱར་གྱུར་པ་བསླབ་བྱའི་མཚན་ཉིད་དོ། །དབྱེ་ན་དགག་པའི་བསླབ་བྱ་དང་། བསྒྲུབ་པའི་བསླབ་བྱ་གཉིས་ལས། སྐྱབས་འགྲོའི་སྐབས་འདིར་དེ་གཉིས་ཀྱིས་བསྡུས་པ་སྐྱབས་གསུམ་སོ་སོའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱ་གཉིས་ཀྱི། དང་པོ་ལའང་གཉིས་ཏེ། རྩ་བའི་བསླབ་བྱ་གསུམ་སོ་སོར་བསྟན་པ་དང་། ཡན་ལག་གི་བསླབ་བྱ་གསུམ་སོ་སོར་བསྟན་པའོ། །དང་པོ་ནི་སྐྱབས་གསུམ་སོགས། གཉིས་པ་ནི། སྐུ་གཟུགས་སོགས། །གསུམ་པ་ནི་ལུས་སྲོག་སོགས། རང་བཞིན་ནི། དགག་སྒྲུབ་ལས་འདས་པའི་ཆོས་ཉིད་རྣམ་པར་དག་པའོ། །བླང་བའི་སྐབས་སུ་ལྔ་ནི། བླང་བའི་ངོ་བོ་མི་ལྡོག་པའི་བརྩོན་འགྲུས་སོ། །ངེས་ཚིག་སྡོམ་པ་རང་རྒྱུད་དུ་ལེན་པས་ནའོ། །མཚན་ཉིད་ནི། རང་སྟོབས་གཞན་སྟོབས་གང་རུང་གི་ཆོ་ག་ལ་བརྟེན་ཏེ་སྡོམ་པ་རང་རྒྱུད་དུ་ལེན་པ་བླང་བའི་མཚན་ཉིད་དོ། །དབྱེ་ན་མ་ཐོབ་པ་གསར་དུ་ལེན་པ་དང་། ཐོབ་ཟིན་ཡང་ཡང་དུ་ལེན་པ་གཉིས་ཡོད་པ་ལས། སྐྱབས་འགྲོའི་སྐབས་འདིར། དང་པོ་ནི། བླང་བ་སོགས་ཀྱིས་བསྟན། གཉིས་པ་ནི། འཇིགས་པ་སོགས་ཀྱིས་བསྟན་ནོ། །རང་བཞིན་ལ། གང་ཟག་གི་བདག་མེད་པའི་ངོ་བོ་དང་། ཆོས་བདག་མེད་པའི་ངོ་བོ་གཏན་ལ་དབབ་པ་གཉིས་ལས། དང་པོ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། ཇི་ལྟར་འཁོར་ལོ་ལ་སོགས་པ། །ཉེར་བཟུང་ཤིང་རྟར་བརྟགས་པ་ནི། །རང་དང་གཞན་དུ་རྣམ་དཔྱད་པས། །རྣམ་པ་ཀུན་ཏུ་མི་དམིགས་སོ། །དེ་བཞིན་ཕུང་པོ་ནས་བརྩམས་ཏེ། །སེམས་ཅན་དུ་ནི་བརྟགས་པ་ཡང་། །ཡང་དག་གཞན་དུ་རྣམ་དཔྱད་པས། །ཅི་ནས་ཀྱང་ནི་དམིགས་མི་འགྱུར། །ཅེས་སོ། །གཉིས་པ་ནི་དེ་ཉིད་ལས། ངོ་བོ་ཉིད་ནི་རྒྱུ་རྐྱེན་ལས། །འབྱུང་བ་ཡིན་པར་རིགས་མིན་ཏེ། །རྒྱུ་དང་རྐྱེན་ལས་བྱུང་བ་ནི། །རང་བཞིན་བཅོས་མ་ཡིན་པར་འགྱུར། །ངོ་བོ་ཉིད་ནི་བཅོས་མ་རུ། །ཇི་ལྟར་ཡང་ནི་གྱུར་པ་ཡིན། །བཅོས་མ་མ་ཡིན་ངོ་བོ་ནི། །གཞན་ལ་ལྟོས་པ་ཡོད་མ་ཡིན། །ཆོས་རྣམས་ཉིད་ཀྱི་ངོ་བོ་ནི། །ཐམས་ཅད་ཡོད་པ་མ་ཡིན་ཏེ། །དེའི་ཕྱིར་སྐད་ཅིག་གཅིག་གིས་ནི། །བདེ་གཤེགས་ཐམས་ཅད་མཁྱེན་པར་འདོད། །ཅེས་སོ། །ཐ་མར་དགེ་བར་མཇུག་གི་དོན་ལ་ལྔ་སྟེ། རྩོམ་པ་པོའི་གང་ཟག་གི་ཆེ་བ་ནི། རྒྱུད་ལ་སོགས། བསྟན་བཅོས་ཇི་ལྟར་བརྩམས་ཚུལ་ནི། རྒྱལ་བློན་སོགས། ཡི་གེ་འབྲི་བ་པོའི་ལོ་ཙཱ་བསྟན་པ་ནི། ལེགས་པར་སོགས། དགེ་ཚོགས་གཞན་དོན་དུ་བསྔོ་བས་རྒྱས་གདབ་པ་ནི། བསོད་ནམས་སོགས། མཛད་པ་པོ་སློབ་དཔོན་གྱི་མཚན་དོན་བསྟན་པ་ནི། སྐྱབས་འགྲོ་སོགས་ཀྱིས་ལེགས་པར་བསྟན་ཏོ། །ཞེས་པ་འདིའང་དཔལ་གྱི་སེང་གེའི་མིང་ཅན་གྱིས་སྦྱར་བ་སྟེ་འདིས་ཀྱང་འགྲོ་བ་མ་ལུས་པ་དཀོན་མཆོག་གསུམ་ལ་གཞོལ་བར་གྱུར་ཅིག། །།དགེའོ། །དགེའོ། །དགེའོ།། །།


previousསྐྱབས་འགྲོ་ཡན་ལག་དྲུག་པའི་སྤྱི་དོན། དཔལ་གྱི་སེང་གེnext