cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གཉིས་པ།

གླེགས་བམ། ཁ༽

འགྱུར་མེད་ཚེ་དབང་མཆོག་གྲུབ། ལེགས་བཤད། ལོ་ཆེན་དྷཱརྨ་ཤྲཱི། སློབ་དཔོན་བོ་དྷི་ས་ཏྭ། ངག་དབང་བློ་བཟང་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མི་ཕམ་འཇམ་དབྱངས་རྣམ་རྒྱལ། བྷིཀྵཱ་ག་ག་ན་ཤྲཱི་བྷ་དྲ། མཉྫུ་གྷོ་ཥ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ།

འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱ་རྱ་པྲ་ཏཱི་ཏྱ་ས་མུཏྤཱ་ད་ཧྲྀ་ད་ཡ་ནཱ་མ། བོད་སྐད་དུ། འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཞེས་བྱ་བ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཆོས་གང་རྒྱུས་འབྱུང་དེ་དག་གི། །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དགེ་སྦྱོང་ཆེན་པོ་འདི་སྐད་གསུངས། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ སྙིང་པོ་འདི་ལན་གཅིག་བརྗོད་པས་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་བཟློག་པར་འགྱུར་རོ། །དངོས་པོ་གང་ལ་དམིགས་ཏེ་བརྗོད་ན་སངས་རྒྱས་ཀྱི་སྐུའམ། མཆོད་རྟེན་དུ་བྱས་པར་འགྱུར་མཆོད་པ་གང་ལ་དམིགས་ཏེ། བརྗོད་ན་འཇིག་རྟེན་གྱི་ཁམས་གང་བ་ཙམ་ཕུལ་བར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་རྫོགས་སོ།། །།

འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱ་རྱ་པྲ་ཏཱི་ཏྱ་ས་མུཏྤ་ད་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ཨར་མོ་ནིག་ལྟ་བུའི་རྡོ་ལེབ་ལ། ཚེ་དང་ལྡན་པ་རྟ་ཐུལ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་དང་། འཕགས་པ་བྱམས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པས་བརྒྱན་པ་རྣམས་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ལ་སོགས་པ་དང་། ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་རི་རབ་ཀྱི་རྩེ་མོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་འདི་དག་ནི་མཆོད་རྟེན་བགྱིད་པར་འཚལ་བ་ཤ་སྟག་སྟེ། འཁོར་གྱི་དཀྱིལ་འཁོར་འདིར་མཆིས་ན། ཅི་ནས་ཚངས་པའི་བསོད་ནམས་འཕེལ་བ་དང་། ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་བསོད་ནམས་ཤིན་ཏུ་མང་དུ་འཕེལ་བར་འགྱུར་བ་དེ་ལྟ་དེ་ལྟར་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཆོས་བསྟན་དུ་གསོལ་ཞེས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚིགས་སུ་བཅད་པ་བཀའ་སྩལ་པ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུན་ཏེ་ཥཱ་ནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཆོས་གང་རྒྱུས་བྱུང་དེ་དག་གི། །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །སྤྱན་རས་གཟིགས་དབང་ཕྱུག་འདི་ལྟ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་། །སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མི་གནས་པའི་ས་ཕྱོགས་སུ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་ནི་མོ་ཁབ་ཙམ། གདུགས་ནི་བཀྐུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཆོས་ཀྱི་དབྱིངས་ཚིགས་སུ་བཅད་པ་ནང་དུ་བཅུག་ན། དེས་ཚངས་པའི་བསོད་ནམས་བསྐྱེད་པར་འགྱུར་ཏེ། འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཉན་ཐོས་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།

འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས།

འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་པྲ་ཏཱི་ཏྱ་ས་མུ་ད་པཱ་ད་ཧྲྀ་ད་ཡ་བི་དྷི་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་གང་རྒྱུས་བྱུང་དེ་དག་ནི། །རྒྱུ་ལ་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །ཚིག་འདི་སྒྲུབ་པའི་ཆོ་ག་ནི། །སེམས་ཅན་རྣམས་ལ་ཕན་བྱེད་པ། །ལས་ཀུན་གྲུབ་པར་བྱེད་པའི་ཕྱིར། །དེ་བཞིན་གཤེགས་པས་རབ་ཏུ་གསུངས། །རིགས་ཀྱི་བུ་དག་གང་གིས་ནི། །དང་པོར་བཅོམ་ལྡན་སངས་རྒྱས་ལ། །གུས་ཤིང་དད་པའི་སེམས་བསྐྱེད་ནས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྟེན་འབྲེལ་ཟབ་མོའི་ཆོ་ག་བཤད། །ཐམས་ཅད་ལས་དང་མཐུན་པར་གསུངས། །དང་པོར་འཇུག་པའི་ཚིག་གསུངས་པ། །འདི་ལྟར་ལས་དང་ཉོན་མོངས་ཡོད་གྱུར་ན། །སེམས་ཅན་རྣམས་ནི་འཁོར་བར་འགྲོ་འགྱུར་ལ། །ལས་དང་ཉོན་མོངས་མེད་ན་འཁོར་བ་ལས་ཀྱང་ལྡོག །བདེན་པ་འདི་ཡིས་བདག་གི་བསམ་པ་འགྲུབ་གྱུར་ཅིག །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་བདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་བཞུགས་པ་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ཀྱི་སྨན་པ་རྣམས་ལ་ཕྱག་འཚལ་ལོ། །ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱཾ་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཡེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ སྭཱ་ཧཱ། ལས་རྣམས་ཀུན་གྱི་ཆོ་ག་ལ། །ཚིགས་སུ་བཅད་པ་འདི་དག་བརྗོད། །བསམ་རྒྱུད་རང་གི་ལག་མཐིལ་པ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ། །སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན། །དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། །མེ་ཡི་ཁམས་ལ་ཞུགས་པར་བསྒོམ། །དེ་ནི་ལྷ་དག་རྗེས་སུ་དྲན། །ད་ནི་སྦྱོར་བའི་ལས་བཤད་དེ། །རིམ་པ་བཞིན་དུ་སོ་སོར་བསྟན། །རིམས་ཀྱིས་བཏབ་ནས་ན་བ་དང་། །ཀླད་པ་ན་དང་མིག་ནད་དང་། །ཁོང་ནད་ལ་སོགས་ནད་རྣམས་ལ། །ཚིགས་བཅད་འདི་དང་སྙིང་པོ་འདི། །མང་པོར་བཟླས་ཤིང་ལངས་ནས་ནི། །ལག་པ་གཡས་པའི་ཁུ་ཚུར་གྱིས། །དབྱུང་བའི་ཐབས་སུ་བྱབ་པར་བྱའོ། །ནད་རྣམས་ཐམས་ཅད་སོས་པར་འགྱུར། །ཉིན་གཅིག་ཉིན་གཉིས་ཉིན་གསུམ་དང་། །ཉིན་བཞི་རྟག་པའི་རིམས་རྣམས་ལ། །བུ་མོ་གཞོན་ནུས་བཀལ་བ་ཡི། །སྐུད་པ་དཀར་པོ་སུམ་སྒྲིལ་ལ། །བཟླས་བརྗོད་ཉི་ཤུ་བརྒྱད་བཟླས་ནས། །མགུལ་དུ་བཏགས་ན་བདེ་བར་འཚོ། །ནད་ལ་ཕན་པའི་སྨན་རྣམས་ལ། །གཟུངས་སྔགས་འདི་དག་བཟླས་ཤིང་བཏང་། །སྙིང་ནད་རྩིབ་ལོགས་ན་བ་དང་། །ཁོང་ན་ནད་རྣམས་ཅི་ཡོད་ལ། །ཆུ་ལ་སྔགས་འདི་མང་བཟླས་ནས། །བླུད་ན་ཕན་ཞིང་བདེ་བར་འགྱུར། །ནད་ལ་ཕན་པའི་སྨན་རྣམས་ལ། །བཟླས་ཤིང་བཏང་ན་འཚོ་བར་འགྱུར། །གཡན་པ་དང་ནི་འབྲུམ་བུ་དང་། །ཕོལ་མིག་དང་ནི་རྨ་རེད་ལ། །གྲོག་ཚང་ས་ལ་སྙིང་པོ་འདི། །མང་དུ་བཟླས་ཤིང་བཏབ་ན་འཚོ། །གཞང་འབྲུམ་གཞང་ནད་ཟ་གུ་དང་། །ཕོ་མཚན་སྐྲང་ཞིང་ན་བ་ལ། །སྐྱེར་བར་ཁཎྜའི་རིལ་བུའམ། །བྱང་ཆུབ་སེམས་དཔའི་རིལ་བུ་ལ། །ཉི་ཤུ་བཟླས་ཤིང་བསྐུས་ན་ཕན། །ནད་ཀྱི་རྣམ་པ་གང་ན་ཡང་། །ནད་ཚབས་ཆེ་ཆུང་ཚོད་བརྟགས་ནས། །ཚིགས་སུ་བཅད་པའི་བཟླས་བརྗོད་ལ། །མང་ཉུང་ནད་དང་སྦྱར་ནས་ཀྱང་། །ལུ་ལ་བྱབ་ཅིང་བཟླས་ན་ཕན། །འཁྲུ་བག་ནད་ཀྱིས་བཏབ་པ་ལ། །སྨན་ནམ་རིལ་བུ་ཁ་ཟས་ལ། །བདུན་ནམ་ཉི་ཤུ་བཟླས་ནས་ཀྱང་། །ཁོང་དུ་བཏང་ན་ཕན་པར་འགྱུར། །དེ་ཡི་བཟླས་བརྗོད་སྔ་མ་སྟེ། །འདི་དག་རབ་ཏུ་བཟླས་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུ་ནྟེ་ཥྭ་ནྟ་ཐཱ་ག་ཧོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། དེ་དག་བཟླས་ན་ནད་རྣམས་འཚོ། །དེ་ནི་ནད་རྣམས་འཚོ་བའོ། །དེ་ནས་ཡང་ནི་བཀའ་སྩལ་པ། །ནས་དང་གྲོ་དང་སྲན་མ་དང་། །འབྲས་དང་སྲན་ཆུང་མོན་སྲན་དང་། །ཤིང་ཏོག་རྒུན་འབྲུམ་ཨ་རུ་ར། །དེ་དག་ཀུན་ལ་ཟ་བ་ཡི། །སྲིན་བུ་སྦུར་བུ་ཕྱེ་མ་ལེབ། །བྱེའུ་དང་བྱི་བ་ནེ་ཙོ་དང་། །ལོ་ཏོག་ཟ་བ་ཁ་བཅིང་ན། །ཞིང་གི་ཁྱོན་དང་སྦྱར་ནས་ཀྱང་། །བྱེ་མ་ས་དང་ཐལ་བ་དང་། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། །ཞིང་དང་ཤིང་ཏོག་གཏོར་བྱས་ན། །དེ་དག་ཀུན་ཀྱང་ཀ་བཅིངས་འགྱུར། །ཧ་ཅང་ཆར་པ་ཆེས་པ་ན། །བཅོམ་ལྡན་འདས་ལ་ཕུལ་བ་ཡི། །མེ་ཏོག་དམན་མ་རེ་རེ་ལ། །བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱ། །གཙང་ཞིང་བདེ་བའི་གནས་དག་ཏུ། །དཀྱིལ་འཁོར་ཆེན་པོའི་དབུས་དག་ཏུ། །བུམ་པ་གང་བའི་སྟེང་དག་ཏུ། །ཁམ་ཕོར་གཙང་མའི་ནང་དུ་ཡང་། །མེ་ཏོག་གཙང་མ་བཟླས་པ་དེ། །བསྲེགས་ན་ཆར་པ་འཆད་པར་འགྱུར། །སེར་བ་དྲག་པོ་འོང་བ་ན། །སེ་བ་ཉ་མིག་ལྕུག་མ་ལ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། །སེར་བ་གང་ནས་གཡོ་ངོས་སུ། །ཀླད་ལ་བསྐོར་ཞིང་བྱབས་ན་འཆད། །ཡང་ན་ཐལ་ཆེན་ཡུངས་ཀར་ལ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ། །ཐུན་པོ་བྱས་ཏེ་ལྕུག་མ་ལ། །བཏགས་ཏེ་བཙུགས་ན་སེར་བ་འཆད། །འབྱུང་པོ་ཤ་ཟ་ཡི་དྭགས་དང་། །བརྗེད་བྱེད་གདོན་གྱིས་ཟིན་པ་ལ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །བུམ་པ་གཙང་མ་ལྔ་བཞག་སྟེ། །གུ་གུལ་དུད་པས་བདུགས་ནས་ཀྱང་། །ཡུངས་ཀར་ག་པུར་ཙནྡན་དང་། །གླ་རྩི་ལ་སོགས་སྨན་སྦྱར་ཏེ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། །གོས་དང་ཟས་ནི་དགར་པོ་སྦྱར། །དཀྱིལ་འཁོར་དེ་ཡི་ནང་དུ་གཞུག །བུམ་པའི་ཆུ་ཡིས་བཀྲུ་བར་བྱ། །སངས་རྒྱས་སྐུ་བསིལ་བྱས་པའི་ཆུས། །བཀྲུ་ཞིང་བླུད་ན་རབ་ཏུ་ཕན། །ནད་དང་གནོད་པ་ཀུན་ལས་ཐར། །འབྱུང་པོ་བརྗེད་བྱེད་ན་ཤ་ཟ་ཡིས། །གླགས་ཀྱང་རྙེད་པར་མི་འགྱུར་རོ། །བྱིས་པ་གདོན་གྱིས་འཇིགས་པ་ལ། །གི་ཝང་ལ་ནི་སྔགས་བཟླས་ནས། །སྙིང་པོ་སྟོབས་ཆེན་འདི་བྲིས་གདགས། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ད་ཧ། པ་ཙ་བི་དྷྭ་ན་ས་ཡ། ཛ་ཊི་ལཾ་བྷོ་དྷ་ར། ཨུ་ཙྪུཥྨ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། གཙང་སྦྲ་བྱས་ཏེ་མགུལ་བར་གདགས། །དེ་བཞིན་ཡུངས་ཀར་དག་ལ་ཡང་། །བཟླས་བརྗོད་བྱས་ཏེ་གཏུམས་ལ་གདགས། །མཁའ་འགྲོའི་གདོན་གྱིས་ཟིན་པ་ན། །ཡུངས་ཀར་དང་ནི་གུ་གུལ་ལ། །སྔགས་གཉིས་ལན་ནི་བདུན་བདུན་བཟླས། །དུད་པས་བདུགས་ན་འཚོ་བར་འགྱུར། །དེ་ལ་ཐེ་ཙོམ་མི་ཟའོ། །བྱིས་པ་གདོན་དང་ནད་ལས་ཐར། །བུད་མེད་བུ་ནི་ཐོགས་གྱུར་ན། །ཆུ་ལ་བཟླས་བརྗོད་ལྔ་བདུན་བྱས། །བླུད་ན་ལེགས་པར་བཙས་པར་འགྱུར། །བུད་མེད་མོ་གཤམ་བུད་མེད་ལ། །སངས་རྒྱས་སྐུ་བསིལ་བྱས་པའི་ཆུ། །དེ་ལ་སྔགས་བརྗོད་ཉི་ཤུ་བྱ། །ཁྲུས་བྱས་ལུས་ནི་གཙང་མ་ལ། །ཆུ་དེ་བླུད་ན་བུ་ཚ་འཕེན། །རིགས་རྒྱུད་དག་ནི་འཕེལ་བར་འགྱུར། །ལམ་དུ་ཞུགས་ཏེ་འགྲོ་བ་ན། །སྐུད་པ་དང་ནི་གོས་ཀྱི་གྲྭར། །བཟླས་བརྗོད་བདུན་བཟླས་མདུད་པ་བདུན། །མདུད་བཅིང་བཟླས་ཏེ་སོང་བ་ན། །བདེ་བར་འགྲོ་ཞིང་དོན་ལ་ཡང་འགྲུབ། །དགྲ་དང་ཉེ་ཞོ་མེད་པར་འགྱུར། །ཡིད་ནི་གཞུངས་པར་འདོད་པ་ན། །ཤུ་དག་ཚོན་གང་ཙམ་པ་དང་། །མར་སྲང་སུམ་བརྒྱ་དྲུག་ཅུ་ལ། །བཟླས་བརྗོད་བྱས་ཏེ་བསྲེས་ནས་ཀྱང་། །བུམ་པ་ཅིག་ཏུ་བླུག་ལ་དཀྲུགས། །ཉི་མ་རེ་རེ་ལོ་གཅིག་ཏུ། །ཤུ་དག་གི་ནི་དུམ་རེ་དང་། །མར་སྲང་དག་གི་རེ་རེ་ལ། །བཟླས་བརྗོད་རེ་རེ་བྱ་ཞིང་བཟའ། །དེས་ནི་ཡིད་གཞུངས་བློ་ལྡན་འགྱུར། །དེ་བཞིན་བ་ནི་སེར་སྐྱ་མའི། །མར་དང་འོ་མ་དག་ལ་ཡང་། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་དུ། །བཟླས་ཏེ་འོ་ཐུག་དཀྲུག་ཅིང་བཟའ། །ཡིད་གཞུངས་པ་ཡི་མཆོག་ཏུ་འགྱུར། །མི་དང་འགྲོགས་ཤིང་མཛའ་འདོད་ན། །གང་དག་ཡིད་ལ་འཐད་པ་ལ། །མེ་ཏོག་དང་ནི་རྩྭ་ཤིང་ལ། །འབྲས་བུའམ་ནི་འཇི་བ་དག །ལག་པ་གཡས་པའི་ཆང་པར་བཅུག །བཟླས་བརྗོད་བརྒྱ་ནི་རྩ་གཅིག་གདབ། །གང་གི་ལག་ཏུ་བྱིན་པ་ན། །དེ་དང་རྟག་ཏུ་མཛའ་བར་འགྱུར། །རྟ་ལ་སོགས་པའི་ཕྱུགས་རྣམས་ཀུན། །འཆི་བར་ཉེ་བར་གནས་པ་ན། །ཆུ་དང་ཡུངས་ཀར་བཅས་པ་ལ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ། །དེ་ལ་གཏོར་ན་སོས་པར་འགྱུར། །ཡང་ན་ཡུངས་ཀར་བརྒྱ་བརྒྱད་ལ། །བཟླས་པའི་ཐུམ་པོ་མགུལ་དུ་གདགས། །དེ་ནི་ནད་མེད་བདེ་བར་འགྱུར། །མི་རྣམས་འཆི་བས་འཇིགས་གྱུར་ན། །ཡུངས་ཀར་ལ་ནི་བཟླས་བརྗོད་བྱ། །ཐུམ་པོ་བྱས་ཏེ་སྒོ་ལ་གདགས། །བཟླས་བརྗོད་བརྒྱ་སྟོང་འབུམ་ཡང་བཟླས། །མི་ནད་དང་ནི་ཕྱུགས་ནད་ཀུན། །མིང་ཡང་མེད་ཅིང་བདེ་བར་འགྱུར། །དེ་དག་ཀུན་གྱིས་བཟླས་བརྗོད་ནི། །འདི་དག་ཀུན་དུ་རྒྱ་ཆེར་གསུངས། །ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཡེ་དྷ་རྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། རྟག་ཏུ་བཟླས་བརྗོད་བྱས་ན་ནི། །བསམ་པ་ཡོངས་སུ་རྫོགས་པར་འགྱུར། །གནོད་པ་ཅིས་ཀྱང་ཚུགས་མི་འགྱུར། །དམ་ཆོས་ཡོངས་སུ་གཟུང་བར་འགྱུར། །ཚིགས་སུ་བཅད་པ་འདི་དག་ནི། །མཐུ་དང་རྫུ་འཕྲུལ་པས་མ་མི་ཁྱབ། །ཆོ་ག་འདི་དག་ཐམས་ཅད་ནི། །གང་ལ་དད་པས་ཡིད་ཆེས་ན། །འགྲུབ་པར་ཐེ་ཚོམ་མེད་པར་འགྱུར། །བཟླས་བརྗོད་འབུམ་ནི་བྱས་གྱུར་ན། །དགོས་པ་ཐམས་ཅད་འགྲུབ་པར་འགྱུར། །སྟོན་པ་ཤཱཀྱའི་ཐུགས་རྗེ་འདི། །དགེ་སློང་ནེར་བན་རཀྵི་ཏས། །ཐོ་གར་ཡུལ་ནས་རྙེད་པ་སྟེ། །འགྲོ་བ་ཀུན་གྱི་དཔལ་དུ་ཤར། །འཕགས་པ་བརྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས་རྫོགས་སོ།། །།

འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་བསྒྲུབ་ཐབས་བསྙུང་བར་གནས་པ་དང་འབྲེལ་བའི་ཆོ་ག་གཞན་ཕན་འོད་ཀྱི་དྲྭ་བ། འགྱུར་མེད་ཚེ་དབང་མཆོག་གྲུབ།

འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་བསྒྲུབ་ཐབས་བསྙུང་བར་གནས་པ་དང་འབྲེལ་བའི་ཆོ་ག་གཞན་ཕན་འོད་ཀྱི་དྲྭ་བ་ཞེས་བྱ་བ་བཞུགས་སོ། །ན་མོ་ལོ་ཀི་ཤྭ་ར་ཡ། སྙིང་རྗེའི་འོ་མཚོར་འཁྲུངས་པའི་ཞལ་ཁོ་ནས། །སྟོན་མཚན་ཟླ་བའི་དཔལ་ལ་རྒོལ་མིན་ཡང་། །གང་སྐུའི་ཡིད་ལ་ཤར་བས་སྲིད་ཉོན་གྱི། །གདུང་བས་ཕ་མཐར་སྙིལ་བྱེད་མགོན་དེས་སྐྱོང་། །དེ་ལ་རེ་ཞིག་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རིགས་སྔགས་གྲུབ་པ་དགེ་སློང་མ་དཔལ་མོའི་ལུགས་ཀྱི་འཕགས་པའི་དཀྱིལ་འཁོར་ལ་བརྟེན་ནས་བསྒོམ་བཟླས་ཀྱི་ཆོ་ག་ཉམས་སུ་བླངས་པར་བྱ་བ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་ཆོ་གའོ། །དང་པོ་ནི། གནས་ཁང་བྱི་དོར་བྱས་ལ་ཐུགས་རྗེ་ཆེན་པོའི་སྐུ་བྲིས་འབུར་སོགས་རྟེན་གསུམ་བཀྲམ་པའི་སྟེང་དུ་བླ་རེ་དང་འཕན་གྱིས་བརྒྱན། དམིགས་རྟེན་གྱི་དཀྱིལ་འཁོར་རས་སམ། ཡང་ན་མཎྜལ་ལྟ་བུའི་སྟེང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བ་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་མཛེས་ཚོན། བྱས་པའི་དབུས་དང་ཕྱོགས་བཞིར་གཙོ་འཁོར་གྱི་སྐུའམ་ས་བོན། མིང་ཡང་ལྷའི་ཁ་དོག་དང་མཚོན་གྱི་ཐེག་ལེ་དང་ཚོམ་བུ་གང་རུང་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་ལྔའི་མཆོད་པ་རབ་བརྒྱ་སྟོང་གང་འབྱོར། ཐ་ནའང་གཙོ་འཁོར་ལྔ་ལ་ཚར་རེ་ལས་མི་ཉུང་བ་བཤམས་པའི་མདུན་ངོས་སུ་ཤ་ཆང་མ་འདྲེས་པའི་དཀར་གསུམ་མངར་གསུམ་གྱི་རྒྱུད་ལས་འདས་གཏོར་ཆོས་སྐྱོང་འབྱུང་པོ་སྤྱི་གཏོར་གསུམ་ཀ་ཟླུམ་གཏོར་དཀར་པོ་རེ་བཤམས། དཀྱིལ་འཁོར་མདུན་དུ་བུམ་པ་དཀར་པོ་གཙང་མ་རས་དཀར་པོའི་མགུལ་མཆིངས་ཅན། ཆུ་གཙང་གི་སུམ་གཉིས་བཀང་བ་བུམ་རྫས་ཉེར་ལྔ་བཏབ་ལ་འབྲས་བུ་ཅན་གྱི་ཤིང་གི་ཁ་རྒྱན་བཅས་མེ་ཏོག་གི་ཚོམ་བུའམ་འདབ་བརྒྱད་ཀྱི་གདན་ལ་བཀོད། གཉིས་པ་ཆོ་ག་དངོས་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་ནི། ལོ་སར་ཟླ་བའི། ཁྱད་པར་ས་ག་ཟླ་བ་ལྟ་བུའི་ཉ་སྟོང་སོགས་དུས་ཚེས་ཁྱད་པར་ཅན་གྱི་སྔ་ཉིན་ནས་ནམ་གྱི་དུས་སུ་ཡན་ལག་ལྔ་ཁྲུས་བྱས་ལ། ཐོག་མར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་གསུམ། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་དང་ཚད་མེད་བཞི་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ལན་གསུམ་བརྗོད། དེ་ནས་གསོ་སྦྱོངས་ལེན་ཚུལ་བླ་མ་དང་རྟེན་ལ་ཕྱག་གསུམ་འཚལ་ནས། ཚིག་བརྗོད་པས་དོན་དྲན་པའི་སྒོ་ནས་རྗེས་ཟློས་བྱེད་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པ་རྣམས་པར་གྲོལ་བའི་ཐུགས་ལེགས་པ་རྣམ་པར་གྲོལ་བའི་ཤེས་རབ་ཅན། དེ་དག་གིས། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། གསོ་སྦྱང་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་སོང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱང་ངེས་པར་ཡང་དག་པར་བླངས་བར་བགྱིའོ། །ཞེས་ལན་གསུམ་དང་། དེངས་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླངས་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེར་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་བརྒྱན། །གར་དང་གླུ་སོགས་སྤངས་བར་བྱ། །ཇི་ལྟར་དགྲ་བཅོམ་རྟགས་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤངས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་འཁྲུལ་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཞེས་ལན་གསུམ་བརྗོད་ནས། ༀ་ཨ་མོ་གྷཱ་ཤི་ལ། སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྷ་སཏྭ་པདྨ་བྷི་བྷཱུ་ཥི་ཏ་བྷུ་ཛཿ དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱི་རྗེས་ཟློས་ཀྱི་སྣ་དྲངས་ཏེ་ཚར་ཉེར་གཅིག་བཟླའོ། །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམས་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཞེས་བསྔོ་སྨོན་བྱ། གཉིས་པ་དངོས་གཞི་སྔར་གྱི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས། སྐྱབས་འགྲོ་དང་སེམས་བསྐྱེད་དང་ཚད་མེད་བཞི་ལན་གསུམ་རེ་བརྗོད་ནས། ཡོ་བྱད་བྱིན་གྱིས་བརླབས་པ་ནི། ༀ་སྭཱ་བྷཱ་ཝས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ༀ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྡའི་བར་སོ་སོའི་ཕྱག་རྒྱ་དང་བཅས་པ་བྱིན་གྱིས་བརླབས། དེ་ནས་ཚོགས་ཞིང་སྤྱན་འདྲེན་པ་ནི། བླ་མ་ཐུགས་རྗེ་ཆེན་པོ་ལ། །སངས་རྒྱས་བྱང་སེམས་རྩ་བ་གསུམ། །ཆོས་སྐྱོང་འཁོར་བཅས་སྤྲིན་དཔུང་བཞིན། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །སོགས། བླ་མ་རྣམས༴ སོགས། དུས་གསུམ༴ སོགས། ཕྱག་སྟོང་༴ སོགས། ཆོས་སྐུ༴ སོགས། དགེ་སློང་༴ སོགས། རྒྱ་གར༴ སོགས། སྟོན་པ༴ སོགས། ཐབས་མཁས༴ སོགས། འཇིག་རྟེན༴ སོགས། ཐུགས་རྗེ༴ སོགས། གཞོན་ནུའི༴ སོགས། སྐྱོན་གྱི༴ སོགས། ལྷ་དང་༴ སོགས། སྟོབས་པོ༴ སོགས། ཕྱག་བྱར༴ སོགས། མཆོག་ཏུ༴ སོགས། ཇི་སྙེད༴ སོགས། དུས་གསུམ༴ སོགས། རྒྱལ་བ༴ སོགས། བགྱི་བར་བརྗོད། མཎྜལ་ཚོམ་བུ་རྒྱས་པར་བཀོད་ལ། ༀ་བཛྲ་སོགས་ནས། ས་གཞི༴ སོགས་ཀྱི་ཕུལ། སྡིག་བཤགས་ཡན་ལག་ནི། ཨུ་ཧུ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟར་ལ་ཐུག་གིས་བར་དུ། ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པར་མཚུངས་པར་སྤྱོད་པར་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་བསྐུར་པ་བཏབ་པ་དང་། སེམས་ཅན་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་རྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་སོགས། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་བགྱིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །ཞེས་ལན་གསུམ་བྱ་ཞིང་། འདོད་ཆགས་ཞེ་སྡང་སོགས། སོར་སོར་བཤགས། །བར་བརྗོད་ཅིང་། སླར་ཡི་རང་བ་དང་། ཆོས་འཁོར་བསྐོར་བ། མྱ་ངན་མི་འདའ་བར་གསོལ་བ་གདབ་པ། དགེ་བ་བསྔོ་བའི་ཡན་ལག་རྣམས་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་སོགས། ཕྱིར་བསྔོའོ། །བར་བརྗོད། དེ་ནས་ཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་བསམ། བདག་བསྐྱེད་དང་མདུན་བསྐྱེད་རིམ་པ་ནི། བདག་བསྐྱེད་ཚུལ། ༀ་སྭཱ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨཱཿལས་ཟླ་བའི་སྟེང་དུ་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུས་ལས་གསེར་གྱི་པདྨའི་ལྟེ་བར་ཧྲཱིཿས་མཚན་པ་དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་སངས་རྒྱས་དང་བྱང་སེམས་ཐམས་ཅད་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞལ་བཅུ་གཅིག་གི་རྩ་བའི་ཞལ་དཀར་བ། གཡས་ཞལ་ལྗང་བ། གཡོན་ཞལ་དམར་བ། དེའི་སྟེང་གི་ཞལ་གསུམ་ལྗང་དམར་དཀར་བ། དེའི་སྟེང་གི་ཞལ་གསུམ་དམར་དཀར་ལྗང་བ། དེ་རྣམས་ཞི་བའི་ཞལ་སྒེགས་པའི་རྣམ་པ་ཅན། དེའི་སྟེང་ཁྲོ་བོའི་ཞལ་ནག་མོ་སྐྲ་སེར་པོ་གྱེན་དུ་བརྫེས་པ། དེའི་སྟེང་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་དམར་པོ་གཙུག་གཏོར་དང་བཅས་པ། རྩ་བའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་ཕྲེང་བ། གསུམ་པས་མཆོག་སྦྱིན་གྱི་མཐིལ་ནས་བདུད་རྩིའི་རྒྱུན་བབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ། གཡོན་གཉིས་པས་པདྨ་དཀར་པོ་འདབ་མ་བརྒྱད་པ། གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་བསྣམས་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་མཆོག་སྦྱིན་གྱི་ཕྱག་རྒྱ་རྣམ་པར་བརྐྱང་བ། ཕྱག་ཐམས་ཅད་ཀྱི་མཐིལ་ནས་སྤྱན་རེ་རེ་དང་བཅས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཤིང་རས་གསར་པའི་ཤམ་ཐབས་དང་རི་དྭགས་ཀྱི་ལྤགས་པས་ནུ་མ་གཡོན་པ་བཀབ་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་སྤྲས་པ། མཚན་དཔེ་ཡོངས་སུ་རྩོགས་པ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་སྐུ་ཅན། དཔྲལ་བ་ཨོཾཿ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃཿ ཐུགས་ཀའི་དབུས་སུ་ཟླ་བའི་སྟེང་དུ་ཧྲཱིཿདེ་ལས་འོད་ཟེར་འཕྲོས། རང་བཞིན་གྱིས་གནས་དང་། ལྷོ་ཕྱོགས་པོ་ཊ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མ་ཛཿས་སྤྱན་དྲངས། ༀ་སརྦ་ཏ་ཐ་ག་ཏ་ཨ་ཝ་ལོ་གི་ཏེ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ༔ ནས། ཤབྡའི་བར་གྱི་མཆོད། ཡང་འོད་འཕྲོས་དབང་ལྷ་རིགས་ལྔ་བཛྲ་ས་མ་ཛ༔ས་སྤྱན་དྲངས། ཨརྒྷཾ། པདྱཾ་ནས། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། སོགས་ནས། ཤྲི་ཡེ་ཧཱུྃ། ཞེས་གསུངས་ཞིང་དབང་བསྐུར། སྤྱི་བོར་འོད་དཔག་མེད། དཔྲལ་བར་མི་སྐྱོད་པ། རྣ་བ་གཡས་པ་རིན་འབྱུང་། ལྟག་པར་རྣམ་སྣང་། རྣ་ལྟག་གཡོན་པ་དོན་འགྲུབ་ཀྱི་དབུ་རྒྱན་པར་གྱུར། དེ་ནས་སྔགས་དམིགས་ནི། རང་གི་སྙིང་གའི་ཧྲཱི༔ཡིག་གི་མཐར་གཟུངས་སྔགས་གསལ་བཏབ་སྟེ། གཟུངས་བཟླས་པས་དེའི་འོད་ཟེར་གྱིས་མདུད་དུ་བཞུགས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་འོད་ཟེར་གྱི་རྣམས་པ་ཕྱིར་འཕྲོས། རང་གི་སྤྱི་བོ་ནས་ཞུགས་སྙིང་གིས་གཟུངས་སྔགས་ལ་ཐིམ། སླར་འོད་ཟེར་གོང་ལྟར་འཕྲོས་པས་མདུན་གྱི་ཡེ་ཤེས་སེམས་དཔའི་ཐུགས་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། ཚུལ་འདུས་རང་གི་སྙིང་གའི་ཧྲཱིཿལ་ཐིམ་པར་གྱུར། བར་བསམ་ལ། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་ཨརྱ་ཛྙཱ་ན་ས་ག་ར། བཻ་རོ་ཙ་ན་བྷུ་ཧ་ར་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བྷཱུདྷ་ཡ། ན་མ་སརྦ་ཏ་ཐཱ་ག་ཏ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བྷུདྷེ་བྷྱ༔ ན་མ་ཨཏྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ༀ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨི་ཊྚེ་ཝ་ཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭཱ་ལ་མ་པ་ན་ཡེ་སྭཱ་ཧཱ། ཞེས་གཟུངས་རིང་ཚར་གཅིག་ཏདྱ་ཐ་མན་ཆད་བརྒྱ་དང་བདུན་བཟླའོ། །མི་ཤེས་པ་རྣམས་ཀྱི་ཡིག་དྲུག་སྟོང་ཕྲག་ལས་མི་ཉུང་བར་བཟླའོ། །བདག་བསྐྱེད་བཟླས་པ་གྲུབ་པ་རྣམས་མདུན་གྱི་ཡེ་ཤེས་པ་ལ། ཨརྒྷཾ་ནས་ཤབྡའི་བར་མཆོད། དུས་གསུམ་བདེ་བར་གཤེགས་པ་སོགས་ཀྱིས་བསྟོད་ཅིང་ཡི་གེ་བརྒྱ་བའི་བཟོད་གསོལ་རྣམས་བྱེད་ལ། བཛྲ་མུས་གཤེགས་གསོལ་བྱས་ལ། རང་ཉིད་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པར་གྱུར། ཅེས་བདག་བསྐྱེད་ཞལ་ཕྱག་ཐམས་ཅད་བསྡུས་ཏེ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གཡོན་གསེར་གྱི་པད་མ་འཛིན་པར་བསྒོམ། དེ་ནས་མདུན་བསྐྱེད་བྱ་བ་ནི། ༀ་སྭ་བྷཱ་ཝ་སོགས་སྦྱངས། སྟོང་པའི་ངང་ལས་རང་གི་སྙིང་གའི་ཧྲཱིཿལས་བྷྲཱུཾ་ཆད་དེ་མདུན་བསྐྱེད་ཀྱི་གནས་སུ་བབས་པ་ལས། གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ཕྱོགས་བཞིར་ཟླ་བའི་གདན་རེ་རེ། དབུས་སུ་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་བཅུ་གཅིག་གི་རྩ་ཞལ་དཀར་བ། གཡས་ཞལ་ལྗང་བ། གཡོན་ཞལ་དམར་བ། དེའི་སྟེང་གི་ཞལ་གསུམ་ལྗང་དཀར་བ། དེའི་སྟེང་གི་ཞལ་གསུམ་དམར་དཀར་ལྗང་བ། དེ་རྣམས་ཞི་བའི་ཞལ་སྒེགས་པའི་རྣམ་པ་ཅན། དེའི་སྟེང་དུ་ཁྲོ་བོའི་ཞལ་ནག་པོ་སྐྲ་སེར་པོ་གྱེན་དུ་བརྫེས་པ། དེའི་སྟེང་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་དམར་པོ་གཙུག་གཏོར་དང་བཅས་པ། རྩ་བའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་ཕྲེང་བ། གསུམ་པས་མཆོག་སྦྱིན་གྱི་མཐིལ་ནས་བདུད་རྩིའི་རྒྱུན་བབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ། གཡོན་གཉིས་པས་པདྨ་དཀར་པོ་འདབ་མ་བརྒྱད་པ། གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་བསྣམས་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་ཅུ་རྩ་གཉིས་མཆོག་སྦྱིན་གྱི་ཕྱག་རྒྱ་རྣམ་པར་བརྐྱང་བ། ཕྱག་ཐམས་ཅད་ཀྱི་མཐིལ་ནས་སྤྱན་རེ་རེ་དང་བཅས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱི་བཞེངས་ཤིང་རས་གསར་བའི་ཤམས་ཐབས་དང་། རི་དྭགས་ཀྱི་ལྤགས་པས་ནུ་མ་གཡོན་པ་བཀབ་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་སྤྲས་པ། མཚན་དཔེ་ཡོངས་སུ་རྫོགས་པ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་སྐུ་ཅན། དེའི་དབུ་གཙུག་ཏུ་སངས་རྒྱས་འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཤར་དུ་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་ས་གནོན་གྱི་ཕྱག་རྒྱ་ཅན། ལྷོར་ཏྲྃ་ལས་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་ༀ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨཱ་ལས་དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། གཤེགས་པ་གཞན་གསུམ་གཡོན་མཉམ་བཞག་མཛད་པ། ཐམས་ཅད་ཀྱང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་སངས་རྒྱས་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །མཚམས་ཀྱི་འདབ་མ་བཞི་བུམ་པ་བཞིར་གྲུབ་པར་གྱུར། དེ་ནས་གནས་གསུམ་བྱིན་གྱིས་རླབས་པ་དང་། སྤྱན་འདྲེན་པ་ནི། ལྷ་དེས་ཐམས་ཅད་ཀྱི་དཔྲལ་བ་ༀ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བའི་སྟེང་དུ་ཧྲཱིཿདེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་། ལྷོ་ཕྱོགས་པོ་ཊ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མ་ཛཿས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨརྱ་ཨ་ཝ་ལོ་ཀི་ཏེ་ཨརྒྷཾ། པྲ་ཏིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་ཡང་འོད་འཕྲོས་དབང་ལྷ་རིགས་ལྔ་བཛྲ་ས་མ་ཛཿས་སྤྱན་འདྲེན་པ་ནི། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས། ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། དེ་ནས་མཆོད་པ་འབུལ་བ་ལ། དང་པོ་བྱིན་རླབས་ནི། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཀྱིས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དངས་ཞིང་ཐོགས་པ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་ཕུང་པོ་ལྟ་བུ་དཔག་ཏུ་མེད་པར་གྱུར། ༀ་བཛྲ་ཨཱཿཧཱུྃཿ སོགས་ནས། ཤབྡ་ཨཱཿཧཱུྃ་བཛྲ་སྤ་ར་ཎ་ཁཾཿ དེ་ནས་འབུལ་བ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱཿ རབ་འབྱམས་རྒྱ་མཚོ༴ ཞབ་བསིལ༴ བདག་གིས༴ རྒྱལ་བ༴ ༀ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་པདྱཾ༴ རབ་འབྱམས་རྒྱ་མཚོ༴ མེ་ཏོག༴ བདག་གི༴ རྒྱལ་བ༴ ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝ་ར་པུཥྤེ༴ རབ་འབྱམས༴ བདུག་སྤོས༴ བདག་གི༴ རྒྱལ་བ༴ ༀ་སརྦ་ཏ་ཐ་ག་ཏ་དྷུ་པེ་པྲ་ཏིཙྪ་སྭཱ་ཧཱ། རབ་འབྱམས་རྒྱ༴ སྣང་གསལ༴ བདག་གི༴ རྒྱལ་བ༴ ༀ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་ཨ་ལོ་ཀེ༴ རབ་འབྱམས༴ དྲི་ཆབ༴ བདག་གི༴ རྒྱལ་བ༴ ༀ་སརྦ་ཏ་ཐ་ག་ཏ་ས་པཱ་རི་ཝ་ར་གནྡྷེ༴ རབ་འབྱམས༴ ཞལ་ཟས༴ བདག་ནི༴ རྒྱལ་བ༴ ༀ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་ནཻ་ཝེ་དྱ༴ རབ་འབྱམས༴ རོལ་མོ༴ བདག་གི༴ རྒྱལ་བ༴ ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝ་ར་ཤབྡ་པྲ་ཏིཙྪ་སྭཱ་ཧཱ། ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད་ལ་མཎྜལ་རྒྱས་པར་འབུལ་ལོ། །བསྟོད་པ་བྱ་བ་ནི། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་སོགས། ཆོས་སྐུ་ནམ་མཁའ༴ གཟུགས་སྐུ༴ ཐབས་དང་༴ རིགས་ལྔ༴ དེ་ནས་བཟླས་དམིགས་ནི། བདག་མདུན་གཉིས་ཀའི་ཕྱག་མཛུབ་ལས་བདུད་རྩིའི་རྒྱུན་བབ་པས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་གང་བར་གྱུར། ན་མོ་རཏྣ་ཏྲ་ཡ་ཡ། ན་མོ་ཨརྱ་ཛྙཱ་ན་ས་སོགས། མ་པ་ན་ཡ་སྭཱ་ཧཱ། གཟུངས་རིང་བརྒྱ་རྩ་གཅིག་བཟླ་ཞིང་ཕྱག་འཚལ་ཞིང་བསྟོད་པ་བྱ་བ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་དགེ་སློང་མ་དཔལ་མོ་རབ་ཏུ་བྱུང་བའི་ཆ་བྱད་ཅན་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་ཏེ་ངོ་ཆེན་མཛད་པར་གྱུར། དེ་ལྟར་བསམ་པ་དང་། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་གྲངས་མེད་དུ་སྤྲུལ་ནས་ཕྱག་འཚལ། ངག་གི་བསྟོད་པ་དག་པར་བརྗོད་ལ། ཡིད་ཀྱི་དད་པ་དྲག་པོའི་སྒོ་ནས། ༀ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་དུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེགས་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐེ་རག་མཆོག་ནི་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོས་ཉེ་བར་བསགས་པའོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པས་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡི་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེད་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཡང་རུང་། །སྐྱེ་བ་འདིའམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོངས་པ་ཀུན་འགྲུབ་འགྱུར། །ཞེས་ཕྱག་དང་བཅས་པས་བསྟོད་པ་ཚར་ཉེར་གཅིག་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། དང་པོ་འདོད་གསོལ་ནི། འཕགས་པ་སྤྱན་རས་གཟིགས་དབང་དང་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀུན། །དེངས་འདིར་བདག་ལ་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བདེ་གཤེགས་ཀྱི། །བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་པའི་རྩ་ལག་བཤེས་གཉེན་རྣམས། །སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ། །མཐའ་ཡས་སྐྱེ་དགུ་མ་ལུས་ཀུན། །བདེ་ཞིང་དམ་པའི་ཆོས་ལ་སྤྱོད། །བྱམས་དང་སྙིང་རྗེའི་སེམས་འབྱངས་ཞིང་། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་དང་། །ཇི་ལྟར་ཇི་སྙེད་ཤེས་རབ་ཆེ། །རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཞེས་བརྗོད། དེ་ནས་གཏོར་འབུལ་ནི། འདས་མ་འདས་ཀྱི་གཏོར་མ་བྱིན་གྱིས་རླབས་པ་ནི། ༀ་བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསངས། ༀ་སྭཱ་བྷཱ་ཝ་སོགས་ཀྱི་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད། ཐོག་མར་རྩ་གསུམ་སངས་རྒྱས་བྱང་སེམས་སོགས་ལ་འབུལ་བ་ནི། ཏདྱ་ཐཱ། སོགས་སྙིང་པོ་ལན་གསུམ་བརྗོད་དོ། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་འདི། །བླ་མ་རྣམས་དང་དཀྱིལ་འཁོར་ལྷ། །སངས་རྒྱས་བྱང་སེམས་ཚོགས་ལ་འབུལ། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །གཉིས་པ་མཁའ་འགྲོ་ཆོས་སྐྱོང་སོགས་ལ་འབུལ་བ་ནི། ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤནྣ་ཏོད་ཏ་ༀ་ཨཱ༔ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་དང་། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །དམ་ཆོས་བསྒྲུབས་པའི་འགལ་རྐྱེན་རྣམས། །ཞི་ཞིང་མཐུན་རྐྱེན་ལྷུན་གྲུབ་མཛོད། །གསུམ་པ་སྡེ་བརྒྱད་སོགས་གཞི་བདག་སྤྱི་ལ་འབུལ་བ་ནི། ༀ་ཨ་ཀ་རོ་སོགས། ཕཊ་སྭཱ་ཧཱ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ༴ དེ་བཞིན་གཤེགས་པ་སྐུ་འཇམ་ཀླས༴ དེ་བཞིན་གཤེགས་པ་འཇིགས་པ་ཐམས་དང་བྲལ་བ་ལ་ཕྱག་འཚལ་ལོ། །གཞི་བདག་ལ་སོགས་མཐུ་ལྡན་སྡེ་བརྒྱད་རྣམས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །བསྟན་དར་བདག་སོགས་འགལ་རྐྱེན་ཀུན་ཞིང་ཞིང་། །ཆོས་ལྡན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་འབུལ་ལོ། །དེ་ནས་མེ་ལོང་ངོས་ལ་ལྷ་ཡི་གཟུགས་བརྙན་ཤར་བ་ལ་བུམ་ཆུས་ཁྲུས་བྱ་བ་ནི། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་དབང་ལ། །དྲི་ཞིམ་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་དྲི་མ་ཀུན་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པའི་ས་ཐོབ་ཤོག །ཅེས་བརྗོད། སྤྲོ་ན་སྐུ་ཕྱི་བ་དང་ན་བཟའ་འབུལ་བའི་ཤོ་ལོ་ཀ་གཉིས་བརྗོད། དེ་དག་མེད་རུང་ཆ ད་སྐྱོན་མེད་དོ། །སྨོན་ལམ་ནི། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསོལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་༴ སྤྱན་རས་གཟིགས་ཀྱི་དམ་ཚིག་ལ་གནས་ཤོག །བར་བརྗོད། དེ་ནས་བཟོད་གསོལ་ནི། མ་རྙེད་ཡོངས་སུ་མ་ཚགས་དང་། །གང་ཡང་ནུས༴ འདིར་ནི་བགྱིས༴ དེ་ཀུན་ཁྱོད་ཀྱིས་བཟོད་པ་གསོལ། །ༀ་པདྨ་ས་ཏྭ་ས་མ་ཡ། སོགས། ལན་གསུམ་བཟླས་ཤིང་། རང་ལ་ཁྲུས་གསོལ་ཚེ་སྔར་གྱི་བུམ་པ་སྤྱི་བོར་ཐོགས་ལ། ༀ་མ་ཎི་པདྨེ་ཧཱུྃ༔ ཞེས་བརྗོད། འཕགས་པ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་རང་གི་མདུན་གྱི་ནམ་མཁར་བྱོན། །སྐུའི་ཆ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། །རང་གི་ལུས་ཕྱི་ནང་བར་གསུམ་ཐམས་ཅད་བཀྲུས་པས་སྒོ་གྱི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་ཐམས་ཅད་ལྷག་མ་མེད་པར་དག་པར་གྱུར། པར་བསམ་ལ། ཁྲུས་ལན་གསུམ་བྱས་པས། དང་པོས་ཉོན་སྒྲིབ་དག །གཉིས་པས་ཤེས་སྒྲིབ་དག །གསུམ་པས་སྐྱེ་མེད་ཆོས་སྐུ་རྟོགས་པར་བསམ་ཞིང་གཙོ་འཁོར་གསུམ་པོ་རང་ལ་ཐིམ་པར་བསྒོམ། དགེ་བ་འདི་ཡི༴ ཐུགས་རྗེ༴ འགྲོ་བ༴ དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང་། ཐུན་བར་རྣམས་སུའང་ལྷའི་ང་རྒྱ་གྱི་ངང་ཡིག་དྲུག་དང་གཟུངས་སོགས་ལས་འབད་པ་གལ་ཆེ་བ་ཡིན་ནོ། །སྦྱོར་དངོས་གཉིས་ལ་ཐུན་གསུམ་པའི་འཇུག་དང་རྗེས་ཆོག་བཅས་ཀྱི་མཐའ་བསྔོ་སྨོན་རྒྱས་པ་ནི། ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་སོགས། སེམས་ཅན་རྣམས་ལ་ཕན་པ་མང་བགྱིས་ཤོག །དེ་ནས་བཀྲ་ཤིས་བརྗོད་པ་ནི། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མོའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་དེངས་འདིར་རྩོལ། །དཔལ་ལྡན་བླ་མས་དེངས༴ ཡི་དམ་ལྷ་ཡི༴ ཆོས་སྐྱོང་སྲུང་༴ གཞི་བདག་རྣམས༴ འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་པ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པར་གསུངས་ཞིང་རྫུན་མེད་པ། །བདེན་པ་དེས་ཀྱང་རྟགས་ཏུ་བདེ་ལེགས་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །སོགས་ཀྱི་མཐའ་བརྒྱན་པར་བྱའོ། །ཡང་རྗེས་མཆོག་མཇུག་ཏུ་བདག་ཁྲུས་ཀྱི་རྗེས། དཀྱིལ་འཁོར་རས་བྲིས་ཡིན་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ༔ སོགས་ཀྱི་རྟེན་བཞུགས་བྱ་ཞིང་། རྡུལ་ཚོན་ཡིན་ན། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ་མོ། །སྤྱིར་ནི་འདོན་འགྲིགས་དང་ལག་ལེན་བྱ་ཚུལ་ནི། བསྙུངས་གནས་གཅིག་ལས་མི་བྱེད་ཚེ། ཉིན་དང་པོ་སྦྱོར་བ་ལ་ཆོ་ག་གསུམ། དང་པོ་ནམ་ལངས་ལག་རིས་མཐོང་ཚེ་ཡན་ལག་ལྔ་ཁྲུས་དང་གསོ་སྦྱང་བླང་ངོ་། །རྗེས་ཇ་བཏུང་། དེ་ནས་སྐྱབས་འགྲོ་ནས་བསྔོ་སྨོན་བསྡུས་པའི་བར་གྲུབ་ནས། ཉིན་གུང་ངེས་པ་ལ་ཤ་ཆང་རྒོག་པ་ལ་ཕུག་སྲན་མ་སོགས་མ་ཡིན་ཟས་ལ་གུང་ཚིག་བྱས་ལ་ཁྲུས་སོང་བྱ་རྗེས་ཐུན་མཚམས་རྣམས་སུ་ཇ་བཏུང་ཆོག །ཐུན་ལ་ཞུགས་ནས་ཐུན་མཚམས་ཀྱི་བར་དུ་བཏུང་པ་སྤོངས། ཆོ་ག་དང་གཟུངས་ཀྱི་རྒྱུན་མི་བཅད་ཐུན་གཉིས་པ་ལ་གསོ་སྦྱངས་མི་དགོས་མ་རྟོགས་སྐྱབས་འགྲོ་ནས་བཟུང་བསྔོ་སྨོན་བསྡུས་པའི་བར་སྔར་དང་འདྲ། ཐུན་གསུམ་པ་ལ་ཐུན་གཉིས་པ་ཇི་བཞིན་ལས་བསྔོ་སྨོན་རྒྱས་པ་དང་བཀྲ་ཤིས་བརྗོད། གཉིད་དུ་འགྲོ་ཁར་རང་ཉིད་ཐུགས་རྗེ་ཆེན་པོ་འོད་དུ་ཞུ་ནས་ཐུགས་ཀའི་ཧྲཱིཿལ་ཐིམ་ཧྲཱིཿཡང་འོད་དུ་ཞུ་ནས་རང་བཞིན་སྟོང་པའི་ངང་ལས་མཉམ་བཞག་གི་གཉིད་དུ་འགྲོ་བར་བྱ། དེ་ལྟར་མི་ལྕོགས་ན་ལྷ་དང་བླ་མ་ལ་གུས་པ་ཡང་ཡང་ངང་ལས་གཉིད་ལོགས་པས་དགོས་པ་ཁྱད་པར་ཅན་ཡོད་དོ། །ཉིན་གཉིས་པ་དངོས་གཞི་ལ་ཡང་སྔར་ནུབ་ཉལ་ནས་བཟུང་ངག་བཅད་པའི་མུར་ངག་མི་བཏང་བར་ནས་ལང་པ་དང་མཉམ་དུ། ཡན་ལག་ལྔ་ཁྲུས་གསོ་སྦྱངས་ལེན་པ་ནས་བཟུང་ཐུན་གསུམ་ཀ་གཅོད་ཚུལ་ཉིན་སྔ་མ་ཇི་ལྟ་བ་བཞིན་ལས། བཟའ་བཏུང་རྡུལ་ཆ་ཙམ་ཡང་མི་བཏང་མ་ཟད་བུམ་ཆུ་ཁོང་དུ་མི་བཏང་བར་སྨྲ་བཅད་བྱེད་པ་རྣམས་ཁྱད་པར་རོ། །ཉིན་གསུམ་པ་རྗེས་ཆོག་ལ། ལག་རིས་མཐོང་བའི་དུས་སུ་ཐོག་མར་ལུས་ཀྱི་སྲིན་བུ་ལ་ཕན་ཕྱིར། ཐུག་པ་སླ་མོ་ཞིག་བཏང་ནས་ངག་གྲོལ། དེ་ནས་གསོ་སྦྱང་མི་དགོས་ཞིང་། སྐྱབས་སེམས་ནས་བཟུང་བསྔོ་སྨོན་བསྡུས་པའི་བར་སོང་རྗེས། འོག་གི་བརྟེན་བཞུགས་གཤེགས་གསོལ་གང་འོས་ཀྱི་མཇུག་ཏུ་ཐུགས་རྗེ་ཆེན་པོ་རྐང་གཉིས་མའི་བསྔོ་སྨོན་རྒྱས་པ་དང་བཀྲ་ཤིས་པ་རྣམས་བརྗོད་པར་བྱ་བ་ཡིན་ཞིང་། ཡང་བསྙུངས་གནས་དུས་གཅིག་ལ་མང་པོ་བྱེད་ན། སྦྱོར་དངོས་གཉིས་སྦྲེལ་མ་གང་རུང་འགྲུབ་རྗེས་སུ་རྗེས་ཆོག་གཅིག་གིས་ཆོག་གོ། །རྗེས་ཆོག་ལ་གཟུངས་རྣམས་སྔ་མ་ལས་མི་ཉུང་བ་དང་། བསྟོད་པ་ཚར་བདུན་སོགས་ལོང་སྐབས་དང་བསྟུན། འདི་ཉིད་སྔགས་ཕྱི་པ་ཡིན་པའི་ལུས་ངག་གི་བྱ་བ་ཕྲ་ཞིབས་ཙམ་ཡང་བསྲུང་དགོས་ཤིང་སྦྱོར་དངོས་རྗེས་ཀྱི་ཐུན་སྒང་ལ་ངག་བཏང་བ་གཉིད་སོགས་ཀྱི་བར་ཆོད་པར་གཟུངས་ཀྱི་གྲངས་མ་རྫོགས་པར་གཞན་དུ་འགྲོ་འདུག་བྱས་ན་དེ་མ་ཐག་ལགས་གཉིས་བཀྲུས་ཏེ་གཙོག་པུར་འདུག་ཅིང་། ལག་གཉིས་པུས་མོའི་ནང་དུ་འོང་བར་བྱས། ལག་པ་གཡོན་པའི་མཐིལ་དུ་ཆུ་གཙང་བླུགས་པ་གཡས་པའི་སོར་མོས་བླངས་ཏེ་ཁ་ལ་ལན་མང་དུ་བྱབས་ཤིང་། ཁ་དང་སྣ་མིག་རྣ་བ་ཟུང་དང་ལག་པ་སྟེ་བ་མགོ་རྣམས་སུ་རེག་ཅིང་ཁ་ཤར་བའི་ཉེ་རེག་བྱས་རྗེས། སླར་ཡང་གྲངས་ཀྱི་མགོ་ནས་བརྩམས་སྟེ་བཟླས་བརྗོད་བསྐྱར་དགོས་པ་སོགས་ལག་ལེན་ཅིང་སོར་མ་སོང་བར། ཚུལ་བཞིན་དུ་བསྒྲུབ་ན་མཆོག་ཐུན་མོང་གི་འདོད་དོན་འགྲུབ་པར་འགྱུར་བའོ། །གཞན་ཕན་བློས་དྲངས་འཕགས་མཆོག་བསྙེན་པའི་ཐབས། །འདིར་འབད་དགེ་བས་ཉེར་མཚོན་བདག་གཞན་གྱིས། །དུས་གསུམ་བསགས་དགེ་མ་ལུས་གཅིག་བསྡོམས་ཏེ། །མཁའ་མཉམ་མ་རྣམས་གཏན་བདེ་ཐོབ་ཕྱིར་བསྔོ། །གནས་སྐབས་སུ་ཡང་བདུད་སྡེའི་ཉེར་འཚེ་དང་། །རྒུད་པའི་ཕྱོགས་རྟོགས་མ་ལུས་ངང་གི་ཞི། །ཚེ་དཔལ་ཆོས་དང་ཐར་པའི་འཚོ་བ་ཡི། །བཀྲ་ཤིས་དམ་པ་འགྲོ་ཀུན་བསྲུང་གྱུར་ཅིག །ཅེས་པ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ཀྱི་ཆོ་ག་མཁས་མཆོག་རྣམས་ཀྱི་མཛད་པ་ལས་ཚིག་གིས་སྤྲོས་པ་ཉུང་བར་བྱས་ཤིང་། བསྒོམ་བཟླས་རྩ་བ་བསྒྲུབ་ཐབས་རིན་འབྱུང་དུ་བཞུགས་པ་གཞིར་བཞག །ཡན་ལག་རིགས་མཐུན་གཞན་ནས་ཁ་བསྐངས་སྟེ་རང་གཞན་ཉེར་མཁོའི་ཆེད་དུ་ཕན་སེམས་ཀྱི་དཔལ་ཀཿཐོག་ཏུ་འགྱུར་མེད་ཚེ་དབང་མཆོག་གྲུབ་པས་ནག་འགྲོས་སུ་བཀོད་པའི་དགེ་བས་སེམས་ཅན་ཐམས་ཅད་མཁྱེན་པ་ཐོབ་པར་གྱུར་ཅིག། །།

ཕྱག་འཚལ། འགྱུར་མེད་ཚེ་དབང་མཆོག་གྲུབ།

༅། །ཕྱག་འཚལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །སོགས། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་ཐུགས་རྗེ་ཅན། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས༴ ཆོས་སྐུ༴ དགེ་སློང་དཔལ་མོ་ཟླ་བ་གཞོན་ནུ་དང་། །ཡེ་ཤེས་བཟང་པོ་ཟླ་བ་རྒྱལ་མཚན་དང་། །འགྲོ་ལ་ཕན་བཞེད་རྒྱལ་སྲས་སྙིང་སྟོབས་ཅན། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱ་གར་པཎ་ཆེན༴ སྟོན་པ་བླ༴ ཐབས་མཁས༴ འཇིག་རྟེན་འདྲེན༴ ཐུགས་རྗེ་ཀུན༴ གཞོན་ནུའི་ཆ་ལུགས༴ སྐྱོན་གྱིས་མ༴ ལྷ་དང་ལྷ༴ སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིགས་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་པོ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །

འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་སྨོན་ལམ་དུ་བྱ་བ་གཞན་ཕན་པད་དཀར་ཕྲེང་བ། འགྱུར་མེད་ཚེ་དབང་མཆོག་གྲུབ།

འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་སྨོན་ལམ་དུ་བྱ་བ་གཞན་ཕན་པད་དཀར་ཕྲེང་བ་བཞུགས་སོ། །ན་མོ་ཨརྱ་ལོ་ཀི་ཤྭ་ར་ཡེ། དུས་གསུམ་རྒྱལ་བའི་བརྩེ་ཆེན་ཡེ་ཤེས་གཏེར། །སྙིང་རྗེའི་དབང་ཕྱུག་སྒྱུ་འཕྲུལ་དྲྭ་བའི་སྐུར། །ཡོངས་བཞེས་མཁའ་ཁྱབ་འགྲོ་བའི་གཉེན་གཅིག་པུ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གང་ཁྱོད་གདོད་ནས་བསྐལ་ཆེན་འཛིན་པ་རུ། །འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་པོ་ཞེས། །མངོན་སངས་རྒྱས་ཀྱང་སླར་སེམས་ཅན་དོན། །རྒྱལ་སྲས་གཞོན་ནུར་སྟོན་ལ་ཕྱག་འཚལ་ལོ། །འཁོར་ལོས་བསྒྱུར་བ་རྩིབས་ཀྱི་མུ་ཁྱུད་ཀྱི། །སྲས་ཀྱི་ཐུ་བོར་གྱུར་ནས་འགྲོ་དྲུག་གི། །སྡུག་བསྔལ་རྟག་ཏུ་གཟིགས་པའི་མིག་མི་འཛུམ། །སྤྱན་རས་གཟིགས་སུ་གྲགས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གཞན་ཕན་རྗེས་སོང་དམ་བཅའི་དཔུང་། །རྒྱལ་སྲས་གཞན་གྱི་ཁུར་དུ་མི་བཟོད་པས། །སྲིད་འགྲོ་མ་སྟོོང་དེ་སྲིད་རང་ཉིད་ཀྱི། །ཞི་བདེ་དགྲ་ལྟར་སྤངས་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་ཞིང་དུ་དེ་སྙེད་སྐུས་བཀོད་པ། །སྣང་ཡང་ཞིང་འདིར་འཛམ་གླིང་ཤར་ལྷོའི་མཚམས། །ཆུ་གཏེར་ཆེ་ངོགས་གྲུ་འཛིན་དཔལ་གྱི་རི། །རྒྱལ་བའི་ཞིང་ཁམས་ཆེ་དེར་སྐྱེ་བར་ཤོག །ལས་ཀྱི་སྒྲིབ་པ་མི་འགྱུར་རི་རྒྱལ་དེའི། །རྩ་བར་རྗེ་བཙུན་འཕགས་མ་སྒྲོལ་མ་ཡིས། །ཀླུ་ཡི་ཚོགས་ལ་ཆོས་སྟོན་མཐོང་བ་དང་། །སྒྲིབ་པ་དག་ནས་ཡེ་ཤེས་མཐོང་གྱུར་ཅིག །རི་ཡི་སྐེད་པར་འཕགས་མ་ཁྲོ་གཉེར་ཅན། །ལྷ་མིན་གནོད་སྦྱིན་ཚོགས་ལ་ཆོས་སྟོན་པ། །ངེས་པར་མཐོང་ནས་ཡེ་ཤེས་བརྟན་གྱུར་ཞིང་། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་པར་ཤོག །རི་ཡི་རྩེ་མོར་འཕགས་པའི་གཞལ་མེད་ཁང་། །སྨོན་ལམ་མཐུ་ཡི་འཕྲུལ་པའི་ཞིང་ཁམས་མཆོག །རིན་ཆེན་ལས་གྲུབ་སྒོ་འཕར་སྟོང་ལྡན་པ། །འཕགས་མས་ལམ་སྣ་དྲངས་ཏེ་བགྲོད་གྱུར་ཅིག །དེ་ཚེ་སྒོ་རེ་ཕྱེ་བས་ཏིང་འཛིན་རེ། །འཐོབ་ཅིང་ལྷ་ཀླུ་དྲི་ཟ་མིའམ་ཅི། །གྲུབ་པའི་རིག་འཛིན་འཁོར་གྱི་དཀྱིལ་འཁོར་དབུས། །འཕགས་པའི་གཟུགས་སྐུ་ལྷམ་མེར་མཐོང་གྱུར་ཅིག །གང་ལ་ཐེག་པ་གསུམ་གྱིས་ཆོས་འཁོར་གྱིས། །བློ་དང་མཚམས་པར་རྣམ་གྲོལ་ལ་འགོད་ཅིང་། །བདག་གི་སྒྲིབ་གཉིས་མུན་པ་དེར་སོང་ཏེ། །བྱང་ཆུབ་ལམ་དུ་དབུགས་འབྱིན་ཐོབ་གྱུར་ཅིག །ན་ལན་དྷ་རུ་ཙནྟྲ་གོ་མི་ལ། །དངོས་སུ་རྩོད་པའི་རིག་པ་སླབ་ཇི་བཞིན། །བདག་ཀྱང་ཞལ་གྱི་བདུད་རྩི་ཉེར་གསོས་ནས། །མངོན་རྟོགས་ཡོན་ཏན་ལོང་ཚོ་རྫོགས་པར་ཤོག །ཞི་བའི་གོ་ཆ་བརླབས་ཆེན་བཀའ་ཐུབ་ཀྱིས། །འཕགས་པ་ལྷ་ལྔ་འཛམ་གླིང་སྤྱན་དྲངས་ནས། །གདུལ་བྱའི་རེ་བ་བསྐང་ལྟར་བདག་ཉིད་ཀྱང་། །གཞན་དོན་སྤྲོ་བས་འཕགས་མཆོག་མཉེས་གྱུར་ཅིག །སྦྱིན་སོགས་ལེགས་སྤྱོད་ལྔ་ཡི་གྲུ་གཟིངས་ཆེ། །ཤེས་རབ་ཟབ་མོའི་བ་དན་གཡོ་བ་ཡིས། །སྲིད་པའི་ཆུ་གཏེར་ཕ་རོལ་བརྒལ་གྱུར་ནས། །འགྲོ་སྒྲོལ་དེད་དཔོན་ཁྱེད་དང་མཚུངས་པར་ཤོག །ཞིང་ཁམས་དེ་ན་འཕགས་པ་ཟླ་བ་ཡིས། །ལུས་མ་སྤངས་པར་བྱང་ཆུབ་སྤྱོད་མཆོག་གིས། །ཁྱོད་མཉེས་མཛད་བཞིན་བདག་ཀྱང་དེ་བཞིན་དུ། །གྱུར་ནས་མཉེས་པ་འབའ་ཞིག་བསྒྲུབ་པར་ཤོག །ནམ་ཞིག་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་ནས། །མ་རྣམས་འཁོར་བ་དོང་སྤྲུགས་གྱུར་གྱིས་བར། །མགོན་པོ་སྤྱན་ར ས་གཟིགས་དང་མི་འབྲལ་ཞིང་། །སྤྱན་རས་གཟིགས་ཀྱི་མཛད་དང་མཚུངས་པར་ཤོག །དགེ་རྩ་འདིས་མཚོན་བདག་དང་སེམས་ཅན་གྱིས། །དུས་གསུམ་བསགས་པའི་ལེགས་སྤྱད་གཅིག་བསྡོམས་མཐུས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ནས། །འགྲོ་རྣམས་མ་ལུས་སྒྲོལ་བའི་དཔལ་ཐོབ་ཤོག །ཅེས་ཐུགས་རྗེ་ཆེན་པོའི་བསྙུངས་གནས་ཀྱི་མཐར་སྦྱར་རྒྱུའི་སྨོན་ཚིག་གཅིག་དགོས་ཞེས་རང་གི་སློབ་མ་སྔགས་འཆང་རབ་འབྱམས་པ་བསོད་ནམས་མཆོག་ལྡན་དང་བློ་བཟང་ཕུན་ཚོགས་ཀྱི་བསྐུལ་ངོར་རྒྱལ་ཁམས་པ་ཚེ་དབང་མཆོག་གྲུབ་ཀྱི་ཐུན་མཚམས་སུ་བརྗོད་པས་སརྦ་སིདྷནྟུ། དགེའོ།། །།

ཨ་མ་དྲན་ནས་མ་ཎི་བསྐུལ་བ། ལེགས་བཤད།

ཨ་མ་དྲན་ནས་མ་ཎི་བསྐུལ་བ། ༀ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ སྐྱེ་མེད་ཀ་དག་ཆོས་སྐུའི་ནམ་མཁའ་ལ། །སྙིང་རྗེའི་རང་མདངས་གཟུགས་སྐུ་སྤྱན་རས་གཟིགས། །བཅུ་གཅིག་ཞལ་དང་གཉིས་མེད་བླ་མ་ལ། །གུས་པས་ཕྱག་འཚལ་སྙིང་ནས་གསོལ་བ་འདེབས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ བདག་ཉིད་བསྐྱངས་པའི་ཨ་མ་དྲིན་ཆེན་མོ། །ཆགས་སྡང་སོ་ནམ་ལས་ཀྱིས་བྲེལ་ཆེས་པས། །འཆི་ཆོས་དགེ་བ་མ་དྲན་མདོ་མེད་འདི། །བློ་སྣ་དགེ་ལ་སྒྱུར་ཅིག་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ དམ་པའི་ལྷ་ཆོས་ཅུང་ཟད་སྒྲུབ་ན་ཡང་། །ཁ་ཡེངས་མིག་ཡེངས་འཁྲུལ་པ་ཁོ་ནར་སོགས། །འཆི་ཚེ་གཏད་སོ་མེད་པའི་ཨ་མ་ལ། །ཐུགས་རྗེ་མ་ཆུང་བླ་མ་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨ་མ་རྒན་མོ་སྐྲ་དཀར་སོ་ལྷུང་ཡང་། །ཤི་ངོ་མ་ཤེས་ཡུན་གྱི་འདུག་ཆིས་བསྒྲུབས། །མི་རྟག་འཆི་བ་དབང་མེད་སླེབ་ཙ་ན། །རེ་ས་གཞན་ན་མེད་དོ་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ གློ་བུར་འཆི་བདག་གཤིན་རྗེའི་དམག་བྱུང་ནས། །ཨ་མ་རྒན་མོ་གཅིག་པུར་ཁྲིད་ནས་ཐལ། །མ་ཎིའི་འུར་དབྱངས་དགེ་བའི་དཔུང་དང་བཅས། །ར་མདའ་མཛོད་ཅིག་བླ་མ་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ འཇིག་རྟེན་ཚེ་འདི་བསྒྲུབས་ཀྱང་མ་འགྲུབ་པར། །བདག་གི་ཨ་མ་ཕྱི་མའི་ཡུལ་དུ་ཐལ། །ད་ཙམ་གར་ཡོད་བསམ་ནས་ཡི་མུག་པས། །ལམ་སྣ་དྲོངས་ཤིག་བླ་མ་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཚེ་འདིར་མི་ཁོམས་དབང་གིས་ཨ་མ་ལ། །དགེ་བ་བསྒྲུབ་ཏུ་མ་བཅུག་ལས་ལ་བཀོལ། །ད་ནི་འགྱོད་པ་སྙིང་ལ་མེ་འབར་བས། །མ་ཎི་དགེ་རྫོངས་སྤྲོད་ཅིག་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཚེ་འདིར་རང་གིས་ལས་ངན་གང་བསགས་པ། །ཕྱི་མ་རང་གིས་ཁུར་ནས་འགྲོ་དགོས་པས། །རང་བྱས་དགེ་བ་མེད་པ་སྙིང་རེ་རྗེ། །ཨ་མའི་སྡིག་པ་སྦྱོངས་ཤིག་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ སྡིག་པ་ཆེ་བས་སྡུག་བསྔལ་མི་བཟད་པར། །ངུས་པའི་མཆི་མ་ཁྲག་ཏུ་འབབ་ཙ་ན། །ཨ་མ་རྒན་མོའི་ལག་པ་ནས་བཟུང་ནས། །བདེ་བ་ཅན་དུ་སྐྱོལ་ཅིག་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཚེ་འདིར་དགེ་བ་འགྲུབ་པའི་ཨ་མ་ནི། །ཤི་ཡང་མི་འགྱོད་དམྱལ་བར་འགྲོ་དྭོགས་མེད། །ཤི་མ་ཐག་ཏུ་བདེ་བ་ཅན་དུ་འཁྲུངས། །དེ་ན་སྲས་བཞིན་སྐྱོངས་ཤིག་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཚེ་འདས་ཨ་མ་དྲན་ནས་གདུང་བའི་ངག །མ་ཎིའི་འུར་དབྱངས་བསྒྲགས་པའི་དགེ་བ་འདི། །ཨ་མ་གར་སྐྱེའི་རྗེས་སུ་འགྲོ་ངེས་པའི། །ཐུགས་བསྐྱེད་བསྔོ་སྨོན་མཛོད་ཅིག་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ བདག་ཅག་ཤུལ་ཏུ་ལུས་པའི་མི་རྣམས་ཀྱིས། །ཚེ་འདས་དོན་དུ་བསྙུང་བར་གནས་པ་སོགས། །དགེ་བས་བདེ་བ་ཅན་དུ་འོད་དཔག་མེད། །ཞལ་མཇལ་གསུང་ཐོས་མཛོད་ཅིག་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ དེང་འདིར་འདུས་པ་རྒྱ་མཚོའི་སྤྱན་སྔ་རུ། །ཡོན་དང་བཅས་ཏེ་མ་ཎི་བསྐུལ་བ་དང་། །ཚེ་འདས་མིང་ནས་སྨོས་ཏེ་བསྔོས་པ་ལྟར། །འགྲུབ་པའི་མཐུན་འགྱུར་མཛོད་ཅིག་སྤྱན་རས་གཟིགས། །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཞེས་ཨ་མ་དྲན་ནས་མ་ཎི་བསྐུལ་བ་འདིའང་སྨྱུང་གནས་ཀྱི་ཆ་ལག་ཏུ་སཱུཀྟས་གདུང་བའི་ང་རོས་འབོད་པའོ། །ཕྱག་དཔེ་འདི་བླ་མ་ལེགས་བཤད་ཀྱི་གསུང་བྱིན་ཅན་ཡིན་པས་ཕྱག་བྲིས་དངོས་ལས་ཞལ་བཤུས་ཏེ་བདག་བྱང་རྒྱམ་པས་འཛུད་པ་དགེའོ། །

སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་རྗེས་གནང་གི་ཡི་གེ་བཀླགས་པས་གྲུབ་པ། ལོ་ཆེན་དྷརྨ་ཤྲཱི།

སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་རྗེས་གནང་གི་ཡི་གེ་བཀླགས་པས་གྲུབ་པ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། བླ་མ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདིར་ཐུགས་རྗེ་ཆེན་པོ་བཅུ་ཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་གནང་བྱེད་པར་འདོད་པས། དཀྱིལ་འཁོར་པདྨ་འདབ་བརྒྱད་ཀྱི་དབུས་དང་ཕྱོགས་བཞིར་ཟླ་གདན་ལ། ཚོམ་བུ་དབུས་དཀར། ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་གུ། མཚམས་ཀྱི་འདབ་མ་བཞིར་ཚོམ་བུ་སེར་པོ་རེ་རྣམས་བཀོད། མཐའ་མཆོད་པས་བསྐོར། བུམ་པ་གཉིས་ཆས་སུ་བཅུག་ལ་རྣམ་བུམ་དཀྱིལ་འཁོར་གྱི་མདུན་དང་། ལས་བུམ་ཅི་བདེར་བསྒྲིག །གཏོར་མ་འདས་གཏོར་གཅིག །ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་སོགས་གང་དགོས་བཤམ། དེ་ནས་བདག་བསྐྱེད་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་ཏུ་འགྲོ་བས། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿཡིག་དཀར་པོའི་འོད་ཀྱི་འཕྲོ་འདུ་ལས། གསེར་གྱི་པདྨའི་ལྟེ་བར་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་བཅུ་གཅིག་གི་རྩ་བའི་ཞལ་དཀར་བ། གཡས་ལྗང་གཡོན་སྔོ་བ་དེའི་སྟེང་གི་ཞལ་གསུམ་ལྗང་དམར་དཀར་བ། དེའི་སྟེང་གི་ཞལ་གསུམ་དམར་དཀར་ལྗང་བ། དེ་རྣམས་ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན་དེའི་སྟེང་དུ་ཁྲོ་ཞལ་ནག་པོ་སྐྲ་སེར་གྱེན་དུ་བརྫེས་པ། དེའི་སྟེང་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ། རྩ་བའི་ཕྱག་དང་པོ་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་ཕྲེང་བ། གསུམ་པ་མཆོག་སྦྱིན་ལས་བདུད་རྩིའི་རྒྱུན་འབབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ། གཡོན་གཉིས་པས་གསེར་གྱི་པདྨ། གསུམ་པས་རིལ་བ་སྤྱི་བླུག །བཞི་པས་མདའ་གཞུ་བསྣམས་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཞབས་མཉམ་པའི་སྟབས་ཀྱིས་བཞེངས་ཤིང་རས་བཟང་པོའི་ཤམ་ཐབས་དང་། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་སྤྲས་པ། མཚན་དཔེ་ཡོངས་སུ་རྫོགས་པ། འོད་ཟེར་དཀར་པོ་འཕྲོ་བའི་སྐུ་ཅན། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་ལྷོ་ཕྱོགས་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛ༔ ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ཞེས་སོགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྩ་ཞལ་མགོ་བོའི་གནས་ལྔར་བླ་མའི་ངོ་བོ་འོད་དཔག་མེད་རིགས་ཀྱི་བདག་པོར་བྱས་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། དེ་ནས་བཟླས་པ་ནི། རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཇོ་བོའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་པས་ཧྲཱིཿལ་སྔགས་ཕྲེང་གིས་བསྐོར་བར་མོས་ལ། དེ་ལ་ཡིད་གཏད་དེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར། བཻ་རོ་ཙ་ན། བྻཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷད་བྷྱ༔ སམྱཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྡྷིས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚི་ཝཱིཊྚི། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མཱ་ཝཱ་རེ། ཨི་ལི་མི་ལི། ཙི་ཏི་ཛཱ་ལ་མ་པ་ན་ཡ་སྭཱ་ཧཱ། ཞེས་པ་ལན་གཅིག་དང་། ཏདྱ་ཐཱ་མན་ཆད་ཅུང་ཟད་བཟླས་ནས། ཡིག་དྲུག་གཙོ་བོར་བཟླའོ། །དེ་ནས་མཆོད་རྫས་རྣམས། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ༀ་ལས་མཆོད་རྫས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟ་བུར་ནམ་མཁའི་ཁམས་གང་བར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་བརྗོད་པས་བྱིན་གྱིས་བརླབ། མདུན་བསྐྱེད་ནི། དཀྱིལ་འཁོར་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རང་གི་སྙིང་གའི་ཧྲཱིཿལས་བྷྲཱུྃཿཆད། མདུན་བསྐྱེད་ཀྱི་གནས་སུ་བབས་པ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ར་བབས་བཞི་དང་ལྡན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་དང་པད་འདབ་བརྒྱད་ཀྱི་ཕྱོགས་བཞིར་ཟླ་བའི་གདན་རེ་རེ། དབུས་སུ་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། འཕགས་པ་སྤྱན་རས་གཟིགས་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞེས་པ་ནས། འོད་ཟེར་དཀར་པོ་འཕྲོ་བའི་སྐུ་ཅན། ཞེས་པའི་བར་སྔར་ལྟར་ལས། དེའི་སྤྱི་བོར་ཧྲཱིཿལས་འོད་དཔག་མེད་དམར་པོ་མཉམ་བཞག །འདབ་མ་བཞིའི་ཤར་དུ་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་བཞག །ལྷོར་ཏྲཱྃ་ལས་རིན་འབྱུང་སེར་པོ་མཆོག་སྦྱིན་མཉམ་བཞག །ནུབ་ཏུ་ༀ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨཱཿལས་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་མཉམ་བཞག །ལྔ་ཀ་རབ་ཏུ་བྱུང་བའི་ཆས་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚམས་ཀྱི་འདབ་མ་བཞིར་བུམ་པ་བཞི་འགྲུབ་པར་གྱུར། གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོ། ཞེས་པ་ནས། ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་བར་གྱུར། ཅེས་བརྗོད་ཅིང་། རིགས་བདག་ནི་རྒྱས་འདེབས་མི་དགོས་གསུངས། དེ་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ཅེས་སོགས། ཚིགས་བཅད་སྔགས་དང་བཅས་པའམ། བསྡུ་ན། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱི་སྔགས་དང་ཕྱག་རྒྱས་མཆོད། བསྟོད་པ་སྤྲོ་ན་པོ་བསྟོད་དམ། བསྡུ་ན། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །ཞེས་པས་བསྟོད། འདས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཧཱུྃ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། ༀ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨི་དཾ་བ་ལིན་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཆོས་སྐྱོང་དང་ཞི་བདག་སོགས་རང་རང་གི་སྔགས་སམ། བསྡུ་ན། ཨ་ཀཱ་རོས་བསྔོས་ལ་ཕྲིན་ལས་བཅོལ། དེ་ནས་བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་པདྨ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་བཞིར་ཟླ་བ་ལ་གནས་པའི་ཧྲཱིཿཧཱུྃ་ཏྲཱྃ་ༀ་ཨཱཿལས་དབུས་སུ་ཐུགས་རྗེ་ཆེན་པོ། དེའི་སྤྱི་བོར་འོད་དཔག་མེད་དང་། ཕྱོགས་ཀྱི་པདྨ་འདབ་བཞི་ལ་རྒྱལ་བ་རིགས་བཞི། ལས་བུམ་དུ་པད་ཉིར་ཧྲཱིཿལས་རྟ་མགྲིན་དམར་པོ་དབྱུག་པ་དང་ཞགས་པ་ཐོགས་པ་སྐད་ཅིག་གིས་གསལ་བར་མོས་ལ། གཟུངས་ཐག་ལ་འཇུས་ཏེ། རྣམ་བུམ་དུ་གཟུངས་རིང་ཐུང་དང་ཡིག་དྲུག །ལས་བུམ་དུ། ༀ་ཧ་ཡ་གྲཱི་བ་ཧཱུྃ། ཞེས་བཟླས་མཐར། མཆོད་བསྟོད་བྱས་ལ། ལྷ་འོད་དུ་ཞུ་བའི་བུམ་ཆུར་མོས་པར་བྱའོ། །དེ་ལྟར་སློབ་དཔོན་གྱི་བྱ་བ་རྣམས་ཚར་ནས། སློབ་མ་རྣམས་ཁྲུས་བྱས། སྔོན་གཏོར་བཏང་ཞིང་བགེགས་བསྐྲད། ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་ཟིན་པ་དང་། འདི་སྐད་ཅེས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་རྣམས་ནས་ཇི་སྐད་གསུངས་པ་ལྟ་གསལ་བཏབ་ནས་གསན་པར་ཞུ། འདིར་གང་གསན་པར་བྱ་བའི་ཆོས་ནི། ཞེས་འབྲེལ་བླང་བའི་ཆོས་བཤད་དང་། བརྒྱུད་པའི་ལོ་རྒྱུས་སོགས་སྐབས་བབས་ཀྱི་བཤད་པ་རྒྱས་བསྡུས་ཅི་རིགས་བྱས་རྗེས། འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་གནང་སྒྲུབ་པའི་སྐབས་སུ་བབས་པ་ཡིན། དེའང་གཉིས་ལས་དང་པོ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་བདག་བསྐྱེད་སྔོན་དུ་བཏང་ནས་མདུན་བསྐྱེད་བསྒྲུབས་ཏེ་མཆོད་བསྟོད་གཏོར་མ་འབུལ་བ་དང་། བུམ་པ་སྒྲུབ་པ་རྣམས་ཡིན་ཏེ་ལེགས་པར་གྲུབ་ནས། ད་གཉིས་པ་སློབ་མའི་བྱ་བ་ལ་བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པའི་དྲུང་དུ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་བཅུག །དེ་ལྟར་མཎྜལ་ཕུལ་ནས་སྙིམས་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། ལྷག་པའི་ལྷ་ཡི་ངོ་བོ་ཉིད། དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། བདག་ལ་རྗེས་གནང་སྩལ་དུ་གསོལ། ཞེས་ལན་གསུམ། དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་སྤྲིན་ཕུང་འཐིབས་པ་བཞིན་བཞུགས་པའི་དྲུང་དུ་སྐྱབས་གསུམ་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སེམས་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ལན་གསུམ་བྱ། གསུམ་པ། དཔོན་སློབ་གཉིས་ཀའི་བྱ་བ་ལ་གཉིས་ལས། དང་པོ་རྗེས་གནང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། ༀ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས། ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་པ་སྟོང་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་འཕགས་པ་སྤྱན་རས་གཟིགས་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞེས་པ་ནས། འོད་ཟེར་དཀར་པོ་འཕྲོ་བའི་སྐུ་ཅན། ཞེས་པའི་བར་སྔར་ལྟར་ལས། དེའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པའི་མོས་པ་མཛོད། གཉིས་པ་རྗེས་གནང་དངོས་གཞི་ལ་གསུམ་ལས། དང་པོ་སྐུའི་རྗེས་གནང་ནི། སློབ་དཔོན་ཡང་རང་གིས་བསྒོམས་པ་དང་འདྲ་བའི་འཕགས་པ་ཐུགས་རྗེ་ཆེན་པོ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཡི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཕགས་པ་སྤྱན་རས་གཟིགས་འཁོར་དང་བཅས་པའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པའི་སྒོ་དང་། བ་སྤུའི་བུ་ག་རྣམས་ནས་མཚོ་ལ་ཆར་བབས་པ་བཞིན་ཏུ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཛཿཧཱུྃ་བྃ་ཧོཿས་གཉིས་མེད་དུ་བསྟིམ་ཞིང་དྲིལ་བུའམ་ཏིང་ཤག་འཁྲོལ་སྤོས་འཐུལ་ཞིང་རོལ་མོ་བྱ། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རིགས་ལྔ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ༀ་སརྦ་ཏ་ཐ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད་པ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཁྱེད་ནི་མགོན་པོ་ཐུགས་རྗེ་ཅན། །ཀུན་ནས་ཁྱབ་པའི་ཡེ་ཤེས་ཀྱིས། །ཐམས་ཅད་མ་ལུས་སྒྲོལ་མཛད་པ། །བདག་སོགས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ། དེ་ནས་ལས་བུམ་གྱི་ཆུ་འཐོར་ཞིང་། ༀ་ཧ་ཡ་གྲཱི་བ་ཧཱུྃ། ཞེས་པས་བགེགས་བསྐྲད། རིགས་ལྔའི་ཐུགས་ཀ་ནས་བདུད་རྩིས་གང་བའི་བུམ་པ་བསྣམས་པའི་ཡུམ་རྣམས་བྱོན་ནས་དབང་བསྐུར་བའི་མོས་པ་མཛོད། བུམ་པ་སྤྱི་བོར་གཏུག་ཅིང་བུམ་ཆུ་བླུད་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ག་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་བས། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོའི་གཙུག་ཏུ་འོད་དཔག་མེད། དཔྲལ་བར་མི་བསྐྱོད་པ། རྣ་ལྟག་གཡས་སུ་རིན་འབྱུང་། ལྟག་པར་རྣམ་སྣང་། རྣ་ལྟག་གཡོན་དུ་དོན་གྲུབ་རྣམས་ཀྱིས་དབུ་བརྒྱན་པར་བསམ་མོ། །གཉིས་པ་གསུང་གི་རྗེས་གནང་ལ་ལུང་གསུམ་ལས། དང་པོ་རྗེས་སུ་བཟླས་པའི་ལུང་བླང་བའི་ཕྱིར། སློབ་དཔོན་གྱིས་ཡེ་ཤེས་སེམས་དཔའི་ཐུགས་ཀར་པད་ཟླ་ལ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿདཀར་པོ་དེ་ལས་སྔགས་ཀྱི་ཕྲེང་བ་བྱུང་། སློབ་དཔོན་གྱི་ཞལ་ནས་འཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པ་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧྲཱིཿལ་ཐིམ་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ་རཏྣ་ཏྲཱ་ཡཱ་ཡ་སོགས་གཟུངས་རིང་བརྗོད། དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། གཉིས་པ་བྱིན་རླབས་ཀྱི་ལུང་ནི། སློབ་དཔོན་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། བདག་ལ་འགོ་བར་མཛད་དུ་གསོལ། ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་རླབས་ཏེ་ཁྱེད་རང་གི་སྤྱི་བོར་ཕུལ་བའི་མོས་པ་མཛོད། སློབ་དཔོན་གྱིས་མེ་ཏོག་འཐོར་བཞིན་ཏུ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པ་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་འཕགས་པ་སྤྱན་རས་གཟིགས་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །གསུམ་པ་དམ་བཅའི་ལུང་གི་ཕྱིར། འཕགས་པ་སྤྱན་རས་གཟིགས་འདི་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་བར་གྱི་ཡི་དམ་དུ་བཟུང་ངོ་། །བདག་ཐུགས་ཀྱིས་མ་བཏང་ཞིག་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། འཕགས་པ་སྤྱན་རས་གཟིགས་འཁོར་དང་བཅས་པ་ཡི་དམ་གྱི་ལྷར་བཟུང་ནས་འདིའི་གསང་སྔགས་ཅི་ནུས་རེ་བཟླ་བར་དམ་འཆའ་བ་ལགས་སོ། །ཞེས་ལན་གསུམ་བརྗོད། གསུམ་པ་ཐུགས་ཀྱི་རྗེས་གནང་གི། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་པ་དང་། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་ཕྲེང་བ་དང་པདྨ་སོགས་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་རྒྱང་གིས་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་དག་གིས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་གནང་ལེགས་པར་གྲུབ་པ། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བྱ་སྙམ་པས། གཙོ་བོས་ཇི་ལྟར་སོགས་གསུམ། རྗེས་གནང་ཟབ་མོ་ཐོབ་པའི་ཡོན་ཏུ་མཎྜལ། སླང་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས། དེང་ནས་བརྩམས་ཏེ་བདག་བྲན་དུ། སོགས་གསུམ། དེ་ལྟར་བསྒྲུབས་པ་ལས་བྱུང་བའི་དགེ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་སོགས་བསྔོས་ནས། ཕྱག་ཕུལ་ནས་འགྲོར་གཞུག་གོ། །དེ་ནས་མཇུག་ཆོག་ནི། སློབ་དཔོན་གྱིས་མཆོད་པ་ཁ་གསོས་ལ་མདུན་བསྐྱེད་ལ་མཆོད་བསྟོད་སྔར་ལྟར་བྱས་ནས་འདོད་པའི་དོན་ལ་གསོལ་བ་བཏབ་ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན། འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས། མེད་ན། ༀ་ཁྱེད་ཀྱིས་སེམས་ཅན་དོན་སོགས་ཀྱི་མཐར། བཛྲ་མུཿ ཞེས་པས། ཡེ་ཤེས་པ་གཤེགས། མདུན་བསྐྱེད་ཀྱི་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཀྱི་ཞལ་ཕྱག་རྣམས་ཀྱང་རྩ་བའི་ཞལ་ཕྱག་ལ་བསྡུས་ཏེ། རང་ཉིད་ཕྱག་གཉིས་པ་མཆོག་སྦྱིན་དང་གསེར་གྱི་པདྨ་འཛིན་པར་བསམས་ལ། སྨོན་ལམ་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་ནས་མཆོད་གཏོར་རྣམས་བསྡུའོ། །སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་རྗེས་གནང་གི་ཡི་གེ་འདི་ནི་རང་གི་ཚ་བོ་ཐུབ་སྟོན་འཇམ་དབྱངས་བསོད་ནམས་བཟང་པོའི་ངོར་གཉོས་བཙུན་རྨོངས་པ་དྷརྨ་ཤྲཱིས་ཟིན་བྲིས་སུ་སྤེལ་བའོ། །འདིའི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། པཎྜི་ཏ་ཟླ་བ་གཞོན་ནུ། པཎྜི་ཏ་ཡེ་ཤེས་བཟང་པོ། བལ་པོ་པེ་ཉ་བ། ཀྱང་སེམས་རྒྱལ་མཚན། གྲུབ་ཆེན་ཉི་ཕུག་པ། སྲུངས་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། མཁན་པོ་རྩི་འདུལ་བ། མཁན་ཆེན་ལྡོག་སྟོན་པ། བྱང་སེམས་ཆུང་ཟང་བ། རིན་པོ་ཆེ་ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད། གཉག་ཆེན་བསོད་དབང་། གཉག་དབོན་བསོད་ནམས་བཟང་པོ། འཕགས་ཆེན་བསོད་ནམས་དར། འཕགས་པ་བསོད་ནམས་རྒྱ་མཚོ། མ་ཎི་བ་གྲགས་པ་བསོད་ནམས། ཀུན་དགའ་མཆོག་གྲུབ། ཀུན་དགའ་གྲོལ་མཆོག །རྡོ་རྗེ་རིང་པ། རྗེ་བཙུན་སྒྲོལ་བའི་མགོན་པོ། བཀྲ་ཤིས་ཕུན་ཚོགས། ཤཱཀྱ་བསྟན་འཕེལ། སྟོན་སྒོམ་བྱམས་པ་ཕུན་ཚོགས་རྣམ་རྒྱལ། དེས་བདག་དྷརྨ་ཤྲཱི་ལའོ། །ཡང་ན་འཕགས་ཆེན་བསོད་ནམས་དར་ནས། འཇམ་དཔལ་བཟང་པོ། རྡེ་མཉན་པ། མི་བསྐྱོད་ཞབས། དཀོན་མཆོག་ཡན་ལག །བཛྲེ་ཤྭ་ར། རྗེ་ཆོས་ཀྱི་དབང་ཕྱུག །སྨན་ལུང་སྤྲུལ་སྐུ་འཇམ་དབྱངས། ཏྲེ་བོ་ཆོས་ཀྱི་དབང་པོ། བྱམས་པ་ཕུན་ཚོགས་རྣམ་རྒྱལ། དེས་བདག་ལའོ། །ཡང་ན་རྒྱལ་སྲས་ཐོགས་མེད་ནས། ལོ་ཆེན་བྱང་རྩེ། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་སངས་རྒྱས་འཕེལ། གོ་རམ་པ་བསོད་ནམས་སེང་གེ། གོང་སྟོན་དབང་ཕྱུག་གྲུབ། མཁན་ཆེན་ཆོས་གྲགས་རྒྱ་མཚོ། མཁན་ཆེན་བློ་གྲོས་རབ་ཡངས། བྱ་བཏང་དཀོན་མཆོག་དབང་པོ། བྱ་རྒོད་པ་ཀརྨ་བསྟན་འཕེལ། བྱ་རྒོད་པ་ཀུན་དགའ་ཆོས་ལྷུནཿ བྱ་རྒོད་པ་དྷརྨ་ཝརྡྷ། རྣལ་འབྱོར་དབང་ཕྱུག་ཆོས་སྐྱོང་རྒྱལ་མཚན། དེས་བདག་དྷརྨ་ཤྲཱི་ལའོ། ༈ །ལོ་ཆེན་དྷརྨ་ཤྲཱི་ནས། ཁ་རག་སྒོམ་ཆེན་ཕུན་ཚོགས་དབང་པོ། གྲྭ་ཐང་མཁན་ཆེན་ཀུན་དགའ་མཁྱེན་རབ། རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། དེས་སོ། །ཡང་ན། བསྟན་འཛིན་ཆོས་རྒྱལ་ནས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཆོག་སྤྲུལ་ཐུབ་བསྟན་རྒྱལ་མཚན། དེ་ལ་ཡིག་ཆའི་ལུང་བཅས་ཐོབ། སྨྱུང་ཆོག་གི་བརྒྱུད་པ་ནི་གཉིས་ཀ་ལྟར་རོ།། །།

མི་འཁྲུག་པའི་བསྒོམ་བཟླས། མུན་སེལ།

མི་འཁྲུག་པའི་བསྒོམ་བཟླས་འདོད་པས་ཐོག་མར་སྐྱབས་སེམས་སྔོན་དུ་སོང་རྗེས། ཧཱུྃ། རྒྱལ་བའི་ཞིང་མཆོག་མངོན་པར་དགའ་བའི་དབུས། །རབ་དཀར་དྲི་མེད་པད་ཟླའི་གདན་སྟེང་དུ། །རང་ཉིད་རྡོ་རྗེ་མི་འཁྲུགས་སྐུ་མདོག་མཐིང་། །ཞལ་གཅིག་ཕྱག་གཉིས་གཡས་པས་ས་གནོན་དང་། །གཡོན་པས་མཉམ་བཞག་སྟེང་དུ་རྡོ་རྗེ་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་བཞུགས། །ངོ་མཚར་མཚན་དཔེའི་འོད་སྟོང་རབ་འབར་བ། །འཁོར་དུ་སངས་རྒྱས་བྱང་སེམས་སྤྲིན་ལྟར་གཏིབ། །གནས་གསུམ་ༀ་ཨཱཿཧཱུྃ་གི་འོད་ཟེར་གྱིས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསྟིམས། །ཐུགས་དབུས་ཟླ་བའི་གདན་ལ་ཧཱུྃ་ཡིག་མཐིང་། །དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་བའི་སྒྲིབ་པ་སྦྱང་། །ཞིང་ཁམས་ཐམས་ཅད་མངོན་པར་དགའ་བའི་ཞིང་། །སྣང་བ་ཐམས་ཅད་མི་འཁྲུགས་མགོན་པོའི་སྐུ། །སྒྲ་གྲགས་ཐམས་ཅད་གྲགས་སྟོང་སྔགས་ཀྱི་གསུང་། །དྲན་རྟོགས་ཐམས་ཅད་དབྱིངས་ཡེ་དབྱེར་མེད་ཐུགས། །ཡེངས་མེད་འཛིན་མེད་ཁྱབ་བརྡལ་ངང་ནས་བཟླ། །ན་མོ་རཏྣ༴ སོགས་ནས། མཐར་ཨརྒྷཾ་སོགས་ཀྱིས་མཆོད་ལ་བསྟོད་པ་ནི། གང་སྐུ་དྲན་པས་ངན་འགྲོའི་སྡུག་བསྔལ་སེལ། །གཟུངས་སྔགས་བཟླས་པས་མཚམས་མེད་ལས་སྒྲིབ་སྦྱང་། །ཏིང་འཛིན་བསྒོམས་པས་ཚེ་འདིར་འོད་སྐུར་གྲོལ། །མི་འཁྲུགས་མགོན་པོའི་སྐུ་གསུང་ཐུགས་ལ་བསྟོད། བསྡུ་ལྡང་ནི། ཨཿ གསལ་སྣང་ཀ་དག་དབྱིངས་སུ་འཇའ་ལྟར་ཡལ། །སླར་ཡང་དཀྱིལ་འཁོར་གསུམ་གྱི་རོལ་བར་ཤར། །ཅེས་པའང་ཉེར་མཁོའི་ཆེད་དུ་མུན་སེལ་ནས་བྲིས་སོ། །དགེའོ། །བཀྲ་ཤིས་མངྒ་ལཾ།།

དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ། བོ་དྷི་ས་ཏྭ།

དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཨཥྚྲ་ཏ་ཐཱ་ག་ཏ་སྟོ་ཏྲ། བོད་སྐད་དུ། དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་ཡང་དཔལ་གྱུར་བ། །མཚན་གྱི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་པད་མས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་པས་མཁྱེན་པ་འཕགས། །རྒྱ་མཚོ་ལྟ་བུར་ཟབ་པའི་ཐུགས་མངའ་བ། །སྒྲ་དབྱངས་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟངས་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་ཞི་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་པོ། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་སྐུ་མངའ་ཞིང་། །འགྲོ་བའི་དུག་གསུམ་མ་ལུས་སེལ་མཛད་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ། །རྣམ་དག་ཆོས་ཀྱི་དབྱིངས་ལས་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །ཆོས་བློ་མངོན་པར་མཁྱེན་ལ་ཕྱག་འཚལ་ལོ། །འགྲོ་བའི་ནད་བསོ་མཛད་པ་སྨན་པའི་མཆོག །བེ་དུརྱ་ལྟར་དང་པའི་སྐུ་མངའ་ཞིང་། །སྐུ་འི་འོད་ཀྱིས་འགྲོ་བ་སྒྲོལ་མཛད་པ། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བེ་དུརྱ་འི་འོད་ལ་ཕྱག་འཚལ་ལོ། །ཉི་མ་ལྟ་བུར་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་ཉོན་མོངས་གདུང་བ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བེ་དུརྱ་འི་འོད་ལ་ཕྱག་འཚལ་ལོ། །ལྷ་མིའི་སྟོན་པ་སྨན་པའི་རྒྱལ་པོ་སྟེ། །བཅོམ་ལྡན་འཇིག་རྟེན་གསུམ་ལ་སྐྱབས་མཛད་པ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བེ་རུརྱ་འི་འོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་འཇིག་རྟེན་གསུམ་གྱི་སྨན་པ་སྟེ། །འདོད་ཆགས་ཞེ་སྡང་གཏི་མུག་རྩད་ནས་གཅོད། །སེམས་ཅན་ཐམས་ཅད་བདེ་ལ་རབ་ཏུ་འགོད། །བེ་དུརྱ་འི་འོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྤྱན་གྱིས་འགྲོ་བ་ཀུན་ལ་གཟིགས། །ཐུགས་རྗེའི་སྤྱན་གྱིས་འགྲོ་བ་ཀུན་ལ་ཁྱབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བེ་དུརྱ་འི་འོད་ལ་ཕྱག་འཚལ་ལོ། །རླུང་དང་མཁྲིས་པ་བད་ཀན་འདུས་ལ་སོགས། །འབྱུང་བ་བཞི་པོ་འཁྲུགས་པར་གྱུར་པ་ལ། །ནད་ཀྱི་གཉེན་པོར་ཕྱག་གཡས་ཨ་རུ་ར། སྨན་པའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་མདོག་མཐིང་ཀ་ཨུད་པལ་སྔོན་པོ་འདྲ། །ཕྱག་གཡོན་བདུད་རྩི་སྨན་གྱི་ལྷུང་བཟེད་བསྣམས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བེ་དུརྱ་འི་འོད་ལ་ཕྱག་འཚལ་ལོ། །ཉེས་པ་རྒྱ་མཚོ་དག་ནི་གཞིར་སྤངས་ནས། །ཡོན་ཏན་རྒྱ་མཚོ་དག་གི་ཕ་རོལ་ཕྱིན། །ཐམས་ཅད་མཁྱེན་པ་ལྷ་འི་ལྷར་གྱུར་པ། །བེ་དུརྱ་འི་འོད་ལ་ཕྱག་འཚལ་ལོ། །སྨོན་ལམ་རྒྱ་ཆེན་ཡོངས་སུ་དག་གྱུར་པས། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བེ་རུརྱ་འི་འོད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ་སློབ་དཔོན་ཞི་བ་འཚོས་མཛད་པ་རྫོགས་སོ།། །།

དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། སློབ་དཔོན་བོ་དྷི་ས་ཏྭ།

དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་བཞུགས་སོ། །དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། དེ་བཞིན་གཤེགས་པ་བདུན་ལ་ཕྱག་འཚལ་ལོ། །འདིའི་ཆོ་ག་བྱེད་པར་འདོད་པས། ལུས་ལེགས་པར་བཀྲུས་ལ་གོས་བཟང་པོ་དྲི་མ་མེད་པ་བགོ་ཞིང་། ཁ་ཟས་གཙང་མ་བཟའ་བར་བྱ། སེམས་ཉོན་མོངས་པ་ལ་སོགས་པའི་དྲི་མ་མེད་པར་བྱས་ཏེ། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་ཤིང་། དད་པ་དང་གུས་པ་བསྐྱེད། ཚད་མེད་པ་བཞི་བསྒོམ། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང་། དུས་བཟང་པོ་ཚེས་བརྒྱད་ལྟ་བུ་ལ་བརྩམ། དེ་ནས་ཡིད་དུ་འོང་བ་གཙང་མར་བྱས་ལ། གདུགས་དང་རྒྱལ་མཚན་མང་པོས་ལེགས་པར་བརྒྱན་པའི་ནང་དུ། ས་གཞི་སྤོས་ཀྱི་མཎྜལ་ཆེན་པོ་བྱས་ལ། ཚོན་ཕྱེ་མའམ། མེ་ཏོག་གིས་བཀྲམ་པར་བྱའོ། །ལུགས་སྐུའམ་རས་བྲིས་སམ། འཇིམ་པ་ལས་བྱས་པ་ཡང་རུང་སྟེ། རིང་བསྲེལ་དང་བཅས་པ་བྱ། འཁོར་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་གདན་ཡང་བཤམ། མཆོད་པ་ཅི་འབྱོར་པ་ཡང་བཤམ་སྟེ། སྐུ་གཟུགས་རེ་རེའི་སྤྱན་སྔར་མར་མེ་བདུན་བདུན་དང་ཚོན་སྣ་ལྔ་པའི་བ་དན་བདུན་བདུན་བཞག །གཞན་ཡང་སྤོས་དང་། མེ་ཏོག་དང་། དྲི་དང་ལྷ་བཤོས་དང་། རོལ་མོའི་བྱེ་བྲག་དང་། རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་དང་། བུམ་པ་ལ་སོགས་པ་སྟ་གོན་བྱའོ། །མདོ་སྡེ་འདི་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སོགས་པ་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་གཞན་ཡང་ཅི་ནུས་ཀྱིས་བཀླག །གཟུངས་ཀྱིས་ཆོ་ག་འདི་ཞག་བདུན་ནམ། ཉི་ཤུ་རྩ་གཅིག་གམ། སུམ་ཅུ་རྩ་ལྔའམ། བཞི་བཅུ་རྩ་དགུ་སྙེད་དུ་བཀླག་པར་བྱའོ། །དེ་ལྟར་མཆོད་པ་བཤམས་པ་དང་། དགེ་འདུན་ཚོགས་ནས་སྟན་བདེ་བ་ལ་འདུག་ནས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་ཅི་ནུས་སུ་བསྒོམ། དེ་ལས་ལངས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚད་མེད་པ་བཞི་བསྒོམ་ཞིང་། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱ། དེ་ལྟར་རང་གི་ནུས་པ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པས། དེ་ལྟར་བྱིན་གྱིས་རླབས་པར་ཡང་བསམ། དེ་ནས་གནས་བྱིན་གྱིས་རླབས་པར་བྱ་སྟེ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱབ་པར་རྒྱས་པའི་མདོ་ལས་བྱུང་བའི་ཆོ་ག་བཞིན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་དམ་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་། མཆོད་པའི་ཚོགས་སྦྱར་བ་འདི་རྣམས། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། ཐག་གྲུ་ཆེ་བ། ཡངས་པ་རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ། ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ་ལྷའི་མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩིགས་པ། གསེར་དང་དངུལ་དང་། མུ་ཏིག་གི་ཕྱེ་མ་གྲམ་བུར་བདལ་བ། ཨུཏྤལ་དང་། ཀུ་མུད་ཏ་དང་། པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང་། ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པ། དགའ་ཞིང་འཕྱོ་ལ་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྫིང་དང་ལྡིང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྗོན་པ། ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་འཕྲེང་དང་། རིན་པོ་ཆེ་འཕྱང་པ་མེ་ཏོག་གི་མགོ་ལྕོགས་དང་། འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་སྦྲེངས་པས་ལེགས་པར་བརྒྱན་པའི་ས་གཞི་ལ། གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ་གནས་ཐ་དད་པ་ཤིན་ཏུ་རྣམ་པར་བྱེ་བ་མཐའ་ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་མཐའ་ཡས་པར་རྣམ་པར་རྒྱུ་བ་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷགས་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས་དྲན་པ་དང་། བློ་གྲོས་དང་། རྟོགས་པ་ཆེན་པོས་ངེས་པ་འབྱུང་བ་ཞི་གནས་དང་ལྷག་མཐོང་གི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨའི་རྒྱལ་པོ། ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལས་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ། པདྨའི་གདན་རིན་པོ་ཆེའི་སེང་གེའི་ཁྲིའི་སྟེང་ལ། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང་། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་བཞུགས་གནས། འཕགས་པ་སོ་སོའི་སྨོན་ལམ་ཁྱད་པར་ཅན་དང་། མངའ་ཐང་དང་འཚམ་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་ཏུ་ཡང་ཆ་རིགས་དང་འཚམ་པར་ཡང་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་ན་བཟའ་དང་རྒྱལ་མཚན་དང་རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་དུ་བཟླས། ཡང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་དུ་བཟླས། མཆོད་པའི་ཚོགས་བྱིན་གྱི་རླབས་པའི་འོག་ཏུ་འཕགས་པ་སྤྱན་དྲངས་ཏེ། བུས་མོ་བཙུགས་ཏེ་མེ་ཏོག་བླངས་ཐལ་མོ་སྦྱར་ནས་ཚིགས་འདི་སྐད་ཅེས། བཅོམ་ལྡན་འདས་དེ་བཞིན་ག ཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོ འི་དབྱངས་དང་། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དང་། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་སླད་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མང་པོ་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བཟང་ཞིང་རླབས་ཆེ་བ། མཐུ་དང་བྱིན་རླབས་དཔག་ཏུ་མ་མཆིས་པ་མངའ་བ་ལ་བསྟེན་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་རླབས་པར་ཅི་གནང་། དེ་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གདུལ་བྱའི་དབང་གིས་འཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱིས་ཁམས་གཞན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ཡང་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་སྔོན་གྱི་སྨོན་ལས་ཁྱད་པར་ཅན་ལས་གླེངས་ཏེ། བདག་ཅག་རྣམས་མངའ་རིས་ཀྱི་གདུལ་བྱ་རྣམས་ཕྱག་མཚན་དུ་བཞེས་པའི་ནང་དུ་གཏོགས་ཏེ། བཀའ་དྲིན་ཐོབ་པའི་འཕྲོ་མཆིས་པ་ཙམ་ལ་བསྟན་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་རླབས་པར་ཅི་གནང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། རྒྱལ་བའི་སྲས་པོ་སྐྱབས་གྲོལ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་བཀའ་བརྩལ་པའི་ཚེ་གདན་འཛོམ་པར་འདུས་ཏེ། མདོའི་དོན་བྱིན་གྱིས་བརླབས་ཤིང་། དེ་བཞིན་གཤེགས་པའི་བཀའ་བསྒྲུབ་པར་ཐུགས་བསྐྱེད་པ་དེ་དག་ཀྱང་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབས་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་རླབས་པར་ཅི་གནང་། སྔོན་གྱི་དེ་བཞིན་གཤེགས་པ་གདན་འཛོམ་པ་ཆེན་པོས་བཀས་གཏད་ཅིང་སོ་སོ་ནས་ཀྱང་ལྷའི་ཚིག་བདེན་པས་འདོད་གསོལ་དུ་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམ་བཞི་སྐྱོང་བར་མཛད་ཅིང་། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འདི་ཡང་ལྷག་པར་ཕྱག་མཚན་དུ་བཞེས་པ། ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་ལ་སོགས་པ་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ཀྱང་། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་རླབས་པར་ཅི་གནང་། སྔོན་དེ་བཞིན་གཤེགས་པ་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འཆང་བ་དང་མཆོད་པ་ལ་སོགས་པའི་སེམས་ཅན་དེ་དག་ཕྱག་མཚན་དུ་བཞེས་ཤིང་བསྲུང་བར་ཞལ་གྱི་བཞེས་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཐམས་ཅད་ལ་ཡང་སྔོན་གྱི་ཐུགས་དམ་བཟང་པོ་ལས་གླེངས་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་རླབས་པར་ཅི་གནང་། སྐབས་འདིར་སྤྱན་དྲང་བའི་ཚིགས་བཅད་བཀླག །སྤྱན་དྲངས་པའི་རྗེས་ལ། སོ་སོའི་ཞིང་ཁམས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ། གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས། ཆོས་པུ་སྟི་ཡང་བཞུགས། བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་གླིང་བཞི་ནས་བྱུང་བའི་མ། ཡང་ན་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་བཞུགས་པའི་གདན་བཤམ། དེའི་མདུན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། སྐྱབས་གྲོལ་དང་། ཕྱག་ན་རྡོ་རྗེ་གསུམ་གདན་འཛོམ་པ་ལ་སྔོན་གྱི་ཐུགས་དམ་བསྐུལ་ཞིང་འཕྲིན་ལས་མཛད་ཅིང་བཞུགས་པར་བསམ། གཡས་གྲལ་དུ་ཚངས་པ་དང་བརྒྱ་བྱིན་གྱི་གདན་བཤམ། གསུམ་པ་ལ་གཡོན་གྲལ་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ཀྱི་གདན་བཤམ། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་རང་རང་གིས་དམ་བཅས་པ་བཞིན་བསྒྲུབ་ཅིང་བཞུགས་པར་བསམ། མཆོད་པ་དང་དཀྱིལ་འཁོར་སྔར་བདེན་པ་བདར་བའི་ཚུལ་དང་འདྲ་བར་མོས་པ་བྱའོ། །དེ་ལྟར་བསམས་པའི་རྗེས་ལ་སྤྱིར་ཕྱག་འཚལ་ཞིང་མཆོད་དེ། མཆོད་ཡོན་ལ་སོགས་པ་ཅི་འབྱོར་པས་སོ། །ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཞབས་འབྲིང་བ། བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཚོགས་དུ་མས་ཀུན་ནས་བསྐོར་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་བྱང་ཆུབ་སེམས་དཔའི་འཁོར་དུ་མས་ཀུན་ནས་བསྐོར་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བ་དང་བཅས་པ་ལ་ཕྱག་འཆལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་འཁོར་བྱང་ཆུབ་སེམས་སེམས་དཔའ་ཉི་མ་ལྟར་རྣམ་པར་སྣང་བྱེད་དང་། ཟླ་བ་ལྟར་རྣམ་པར་སྣང་བྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྐྱབས་གྲོལ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་སོགས་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐས་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ་འབུལ་ལོ་མཆོད་དོ། །མིང་འདི་ཞེས་བྱ་བ་དང་། བདག་ཅག་གི་ཐོག་མ་མ་མཆིས་པ་འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་། སོ་སོ་སྐྱེ་བའི་དགེ་བའི་རྩ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདས་པའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་དུ་བཞུགས་པར་གསོལ་བར་འཚལ་ལོ། །དེང་བཅོམ་ལྡན་འདས་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས། སླད་མིའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན། སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པས་ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་། བདེ་བའི་སླད་དུ་སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱི་ཐབས་མཁས་པ་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་རླབས་པོ་ཆེ་ཇི་ལྟར་བཏབ་ཅིང་། བྱིན་གྱིས་བརླབས་པ་དང་། དོན་དེ་ཉིད་ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པས་ཇི་ལྟར་བཀའ་སྩལ་ཅིང་། བྱིན་གྱིས་བརླབས་པ་དང་། འཕགས་པ་འཇམ་དཔལ་དང་། སྐྱབས་གྲོལ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བཅོམ་ལྡན་འདས་དེ་དག་གི་བཀའ་ལུང་ཡང་དག་པར་བསྒྲུབ་པ་དང་། སོ་སོའི་དགོངས་སྤྱོད་རྒྱ་ཆེན་པོ་རྫོགས་པར་བཀང་བའི་སླད་དུ་མདོ་སྡེའི་དོན་བསྒྲུབ་པའི་འཕྲིན་ལས་མཛད་པས་འཕགས་པའི་བཀས་བརྟགས་པས་ཞལ་གྱིས་བཞེས་ཤིང་། ཇི་ལྟར་བྱིན་གྱི་རླབས་པ་དང་། ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་སོགས་ཏེ། དམ་པའི་ཆོས་སྐྱོང་བའི་དགེ་བསྙེན་ཆེན་པོ་ཐམས་ཅད་གདན་འཛོམ་པའི་སྤྱན་སྔར་མདོ་སྡེ་དང་མདོ་སྡེ་འཛིན་པའི་སེམས་ཅན་བསྲུང་བ་དང་། བསྐྱབ་པར་ཇི་ལྟར་ཞལ་གྱིས་བཞེས་པ་ལ་སོགས་པ་སྔོན་འཕགས་པ་རྣམས་ཀྱིས། ཇི་ལྟར་བྱིན་གྱིས་རླབས་ཤིང་། བཀའ་སྩལ་བའི་མདོ་སྡེ་ལས་བྱུང་བ་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དེ་རྣམས་གདན་འཛོམ་པ་མཛད་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས། འབྱོར་བའི་སྟོབས་ཅི་མཆིས་པས་མཆོད་པའི་ཚོགས་སྦྱར་ནས་གདན་འཛོམ་པའི་སྤྱན་སྔར་མཚན་ནས་བརྗོད་དེ་མཆོད་པ་འབུལ། བཀའ་དྲིན་ནོད་ཅིང་མཆིས་ན་གདན་འཛོམ་པས་སྔོན་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་བསྩལ་པ་བཞིན་དུ། མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་མཛད་ཅིང་ཕན་ཡོན་ཇི་སྐད་འབྱུང་བའི་བཀའ་དྲིན་ཐམས་ཅད་ཆེ་གེ་མོ་ལ་སོགས་པ་བདག་ཅག་གིས་འཕྲལ་དུ་ཐོབ་པར་བསྩལ་བར་ཅི་གནང་། དེའི་འོག་ཏུ་འཕགས་པ་རྣམས་ལ་རེ་རེ་ནས་མཆོད་པ་འབུལ་ཞིང་སྨོན་ལམ་གདབ་པར་བགྱིའོ། ། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་མཚན་ནས་བརྗོད་དེ་མཆོད་ནས་སྨོན་དུ་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་འབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་མཚན་ལེགས་་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ། རིམས་དང་གཤེད་བྱེད་དང་བྱད་དང་རོ་ལངས་དང་འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་ཀྱི་གནོད་པ་དང་ནད་ཐམས་ཅད་འཕྲལ་དུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་དང་ནད་ཐམས་ཅད་མེད་པར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང་འོན་པ་དང་། ལྐུག་པ་དང་སྨྱོན་པ་དང་ཤ་བཀྲ་དང་ནད་ཚབས་ཆེན་པོས་བཏབ་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག །སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པའི་སྤྱོད་པ་མང་བ། དམ་པའི་ཆོས་སྤོང་བ། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས། སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཡོངས་སུ་ཟད་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དུ་སུ་ཡང་སེམས་ཅན་དམྱལ་བ་དང་ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལྷ་ཡུལ་བའི་ལྷའི་བདེ་བ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དབུལ་པོར་གྱུར་ཏེ་ཟས་དང་སྐོམ་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་འཕྲེང་བ་དང་། ཡོ་བྱད་མི་བདོག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང་གོས་དང་། ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་ཕྲེང་བ་དང་ཡོ་བྱད་འཕེལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཅིང་བ་དང་བརྡེག་པ་དང་གོ་རར་བཞུགས་པ་དང་། མཚོན་ཆའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང་བརྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་གྱུར་ཅིག །ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་། སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པའི་ནང་དུ་ཆུད་དེ་སྲོག་ལ་བབ་ཅིང་ཉམ་ཐག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་གདུང་བའི་མེ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སེང་གེ་དང་སྟག་དང་དོམ་དྲེད་སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །འཇིགས་པ་མེད་པ་དང་ཞི་བའི་གནས་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་། རྩོད་ཅིང་འགྱེད་པར་གྱུར་ཏེ། འཁྲུགས་ཤིང་འཇིགས་སྐྲག་ནས་དངངས་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབས་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆུའི་ནང་དུ་སོན་པ་གྲུར་ཞུགས་པ། གླིང་མེད་པར་ཕྱིན་པ་སྲོག་འདོར་བ་ཆུ་ཀླུང་དང་རྒྱ་མཚོའི་ནང་དུ་སོན་ཏེ་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིག །འཇིགས་པ་མེད་པར་བརྒལ་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་འབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། བཅོམ་ལྡན་འདས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་ཀྱི་མཐའ་དང་། ཚོང་ལ་དགའ་སྟེ་གཡེང་བ་སྣ་ཚོགས་མང་བས། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས་སུ་ཉམས་ཏེ། འཁོར་བ་ན་འཁྱམས་ཤིང་སོ་སོར་འཁོར་བའི་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་རྒས་པ་དང་ན་བ་དང་རྒུད་པ་དང་། འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་སྣ་ཚོགས་སོ་སོར་མྱོང་བ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་གཟའ་བ་དང་བགོ་བ་དང་བཏུང་བ་དང་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་དང་། ནོར་དང་འབྲུ་དང་དབྱིག་དང་གོས་དང་གསེར་རྣམས་འབྱུང་ཞིང་འབྱོར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ངན་སོང་དང་སེམས་ཅན་དམྱལ་བ་ལ་སོགས་པ་སེམས་ཅན་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གྲང་བ་དང་ཚ་བ་དང་བཀྲེས་པ་དང་། སྐོམ་པས་ལུས་ཡོངས་སུ་གདུང་ཤིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དེ་དག་ཐམས་ཅད་ཀྱི་སྔོན་གྱི་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །སྐྱེ་བ་དེ་ཡང་ཐ་མར་གྱུར་ཅིག །བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་གྱུར་ཅིག །ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བུད་མེད་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཞིང་བུད་མེད་ཀྱི་སྐྱེ་གནས་ལ་སྨོད་པ་དང་སེམས་ཅན་གང་དག་བཙའ་བའི་དུས་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །སྐྱེ་བ་དེ་ཡང་ཐ་མར་གྱུར་ཅིག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པ་ཉིད་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འཆི་བ་དང་དགྲ་དང་དགོན་པའི་གནོད་པས་བཙེས་པ་དང་། ཕན་ཚུན་ཕ་མ་དང་སྲིང་མོ་དང་མཛའ་བཤེས་དང་ཉེ་དུའི་མྱ་ངན་མྱོང་ཞིང་སྡུག་བསྔལ་བ་དང་མྱ་ངན་གྱི་ཟུག་རྔུས་ལུས་ལ་ཟུག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཆི་བ་དང་དགྲ་དང་དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །མྱ་ངན་དང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མཚན་མོ་མུན་པ་མུན་ནག་ན་རྣམ་པར་རྒྱུ་བ། ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་ལ་ཞུགས་པ། སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པ། འཇིགས་པ་དང་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཅིག །སྡིག་པ་ཅན་གྱི་གདོན་ཐམས་ཅད་ལས་ཐར་བར་གྱུར་ཅིག །མཆོད་པ་དང་རིམ་གྲོ་བྱ་བ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་ལ་དྲན་པ་རྨོངས་ཏེ་དགེ་བའི་ཆོས་རྣམས་དང་སྟོབས་དང་། བྱང་ཆུབ་ཀྱིན་ཡན་ལག་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང་དྲན་པ་དང་སྟོབས་དང་གཟུངས་ཀྱི་སྒོ་རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་མངོན་དུ་གྱུར་ཅིག །ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བསྐལ་པ་ཆེན་པོ་ཟད་པའི་ཚེ། འཛམ་བུའི་གླིང་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བ་འཁྲུགས་པར་གྱུར་ཏེ་ངུ་ཞིང་མྱ་ངན་བྱེད་ལ། སྔོན་གྱི་མི་དགེ་བའི་ལས་ཀྱི་རྒྱུས་སྡུག་བསྔལ་འབྱུང་ཞིང་སྐྱབས་མེད་མགོན་མེད་པ་དེ་དག་ཐམས་ཅད་སྡུག་བསྔལ་དང་མྱ་ངན་དང་བྲལ་བར་གྱུར་ཅིག །བསིལ་བའི་དངོས་པོ་ཐོབ་པར་གྱུར་ཅིག །ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོག ས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་སོགས་པ་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་། སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་འབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྲོག་གཅོད་པ། མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱེད་པ། སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་པའི་ལས་བྱས་པས་ཚེ་ཐུང་ཞིང་ནད་མང་བ་དང་ཆུ་དང་དུག་དང་མཚོན་དང་མེ་དང་ནད་སྣ་ཚོགས་ཀྱིས་འཆི་བར་འགྱུར་བ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་སྟེ། ཚེ་རིང་བར་གྱུར་ཅིག །ནད་མེད་པར་གྱུར་ཅིག །སུ་ཡང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱས་ཏེ་གཞན་གྱི་རྫས་བརྐུས་ཕྲོགས་པས་དབུལ་པོར་སྐྱེས་ཏེ་སྒྲེན་མོ་དང་བཀྲེས་པ་དང་སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་འཕྲལ་དུ་སྡིག་པ་ཐམས་ཅད་བྱང་སྟེ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་ཕྱུག་ཕུན་སུམ་ཚོགས་ཤིང་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཅིག་ལ་གཅིག་གནོད་སེམས་དང་ལྔན་ཞིང་ཕན་ཚུན་སྲོག་གཅོད་པར་བྱེད་པ་དང་། འཐབ་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་ཏེ། ཚུལ་ཁྲིམས་འཆལ་བར་གྱུར་ནས་སྡིག་པ་ཀུན་ཏུ་སྤྱོད་ཅིང་བསླབས་པ་དྲལ་ལ། དད་པས་བྱིན་པ་ལོངས་སྤྱོད་པས་ངན་སོང་གསུམ་དུ་ལྟུང་ཞིང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་འཕྲལ་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཚུལ་ཁྲིམས་ཡང་དག་པར་འཛིན་ཅིང་ལུས་དང་ངག་དང་ཡིད་སྡོམ་པ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ཏཏྱཐཱ། འདི་ལྟ་སྟེ། སིདྡྷི་གྲུབ་མ་གྲུབ་ལེགས་གྲུབ་མ་སིདྡྷི། སུ་སིདྡྷི། མོ་ཙ་ནི། མོ་ཀྵ་ནི། མུཀྟེ། གྲོལ་ཞིང་ཐར་པ་གྲོལ་བ་མ། བི་མུཀྟི། རྣམ་གྲོལ། ཨ་མ་ལེ་བི་མ་ལེ་དྲིལ་མེད་དྲིལ་མ། མཾ་ག་ལྱེ། བཀྲ་ཤིས་དབྱིག་སྙིང་རིན་ཆེན་སྙིང་། ཧིར་ཎྱཱ་གརྦྷེ། རཏྣ་གརྦྷེ། སརྦ་དོན་རྣམས་ཐམས་ཅད་ཨརྠ་སཱ་དྷཱ་ནི་སྒྲུབ་བྱེད་ཅིང་། བ་ར་མཱ་སྠ་སཱ་དྷཱ་ནི། མཆོག་གི་རྣམས་སྒྲུབ་བྱེད་པ། མ་ན་སི། ཡིད་ལ་ཆེན། མཱ་ཧཱ་མ་ན་སི།པོའི་ཡིད་ལ་ནི། ཨད་བྷུ་ཏེ། རྨད་བྱུང་ཤིན་ཏུ། ཨརྻང་བྷུ་ཏེ། རྨད་བྱུང་མ། བྷི་ཏ་བྷ་ཡངས་འཇིགས་བྱེད་འཇིགས་པའི་སུ་བརྞེ་མདོག་ལེགས་མ། བྲ་ཧྨ་གྷོ་ཥེ། ཚངས་དབྱངས་ཚངས་པ་བྲ་ཧྨཱརྦྷུ་བྲ་ཧྨཱརྦྷུཥི་ཏེ་ཥི་ཏེ། ངེས་འབྱུང་མ། སརྦ་ཨ་རྠེ་ཥྱ། གཞན་གྱིས་མི་ཐུབ་ཨ་བ་རཱ་ཛི་ཏེ། དོན་ཀུན་ལ། སརྦ་ཏྲ་ཨ་པྲ་ཏི་ཐམས་ཅད་དུ་ནི་ཧ་ཏེ། ཐོགས་མེད་མ། ཙ་ཏུ་ཥཥྠི་སངས་རྒྱས་བྱེ་བ་བུདྡྷ་ཀོ་ཊི། དྲུག་ཅུ་བཞིས། བྷ་ཥི་ཏེ། གསུང་མ་ན་མཿདེ་བཞིན་གཤེགས་ཀུན་ལ་སརྦ་ཏ་ཐཱ་ག་ཏཱ་ནཱཾ་སྭཱ་ཧཱ། ཕྱག་འཚལ་བ་ཡི་གཞི་ཚུགས་ཤིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་དེས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ། སེམས་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། འཆི་བ་དང་དགྲ་དང་དགོན་པས་གནོད་པར་གྱུར་པ། ཚེ་བསྐལ་པར་ཐུབ་པའི་སེམས་ཅན་དམྱལ་བ་གཞོལ་བའི་སེམས་ཅན་རྣམས་གཟིགས་ནས། དེ་དག་གི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་གཟུངས་སྔགས་ཀྱི་གཞི་གསུངས་པ་འདི་བཟླས་པའི་བྱིན་གྱི་བརླབས་ཀྱི་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཐམས་ཅད་བྱང་བར་གྱུར་ཅིག །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཆི་བའི་ཚེ་ཡང་བཅོམ་ལྡན་འདས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པས་དགོངས་པར་གྱུར་ཅིག །ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་གུས་པས་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་འབུལ། །དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་མྱ་ངན་མེད་མེ་མཆོག་དཔལ་གྱི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མྱ་ངན་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་མང་བ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་དེ་དག་ཐམས་ཅད་ཀྱི་མྱ་ངན་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུག་པ་མང་བ་དེ་དག་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སུ་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་མྱོང་བར་མ་གྱུར་ཅིག །ཚེ་རིང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་མུན་པ་མུན་ནག་ཆེན་པོ་ཅན་དུ་སྐྱེ་བར་འགྱུར་བའམ་སྐྱེས་པ་དེ་དག་ལ། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སྐུ་ལས་འོད་ཟེར་གྱི་སྣང་བ་བྱུང་བས་རེག་ཅིང་མཐོང་བར་གྱུར་ཏེ། དེ་མ་ཐག་ཏུ་སྡིག་པ་ཐམས་ཅད་བྱང་ནས་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཐམས་ཅད་ལས་ཡོངས་སུ་ཐར་གྱུར་ཅིག །སྡུག་བསྔལ་གྱི་ཚོར་བ་མྱོང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་སྡིག་པ་མི་དགེ་བ་བགྱིས་ཏེ་གཞན་གྱི་རྫས་ཕྲོགས་པས། དབུལ་པོ་དམན་པའི་ཁྱིམ་དུ་སྐྱེས་ནས་གོས་དང་བཟའ་བ་དང་བཏུང་བ་དང་མལ་ཆ་དང་རྒྱན་མི་བདོག་པ་དང་། གྲང་བ་དང་ཚ་བའི་སྡུག་བསྔལ་མྱོང་བ་དང་། བཀྲེས་པ་དང་སྐོམ་པས་ལུས་གཟིར་ཞིང་མདོག་ངན་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བགོ་བ་དང་། བཟའ་བ་དང་། བཏུང་བ་དང་མལ་ཆ་ཐམས་ཅད་ལ་ལོངས་སྤྱོད་པར་གྱུར་ཅིག །ལུས་ལ་ལྷའི་ལུས་ཀྱི་ཁ་དོག་གིས་བརྒྱན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་། ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་ཕྲོགས་ཏེ་ནད་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་གནོད་སྦྱིན་དང་སྲིན་པོ་དང་། འབྱུང་པོ་དང་ཤ་ཟ་རྣམས་ཀྱིས་གཙེས་ཞིང་མདངས་ཕྲོགས་པ་ཐམས་ཅད་རབ་ཏུ་ཞི་ཞིང་། བྱམས་པ་ལ་གནས་པར་གྱུར་ཅིག །ནད་ཀྱི་སྡུག་བསྔལ་སྣ་ཚོགས་ལས་ཡོངས་སུ་ཐར་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སངས་རྒྱས་ཀྱི་ཞིང་དུ། པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་། སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་མྱ་ངན་མེད་མཆོག་དཔལ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་། སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་སྐད་ལན་བདུན་བཟླས། སྐབས་འདིར་མཆོད་པ་འབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་ཐོས་ཏེ། ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དེའི། སྔོན་གྱི་སྨོན་ལན་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག །ལོག་པར་ལྟ་བ་ཅན་གྱི་ཁྱིམ་དུ་སྐྱེས་པས། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མ་དད་པ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་རིང་དུ་གྱུར་པ་དེ་དག །ལས་ཀྱི་སྒྲིབ་པ་དེ་ཟད་པར་གྱུར་ནས། །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ། ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཅིག །སངས་རྒྱས་ཆོས་དང་དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ། ཆོས་ཀྱི་སྒྲ་མི་གྲག་པ། དགེ་འདུན་གྱི་སྒྲ་མི་གྲག་པ་ཡུལ་མཐའ་འཁོབ་ཏུ་སྐྱེས་ཏེ། མི་དགེ་བའི་བཤེས་གཉེན་གྱིས་རྒྱུས་སྡིག་པའི་ལས་བྱེད་པ་དེ་དག་དེ་ནས་ཤི་འཕོས་ནས་ངན་སོང་གསུམ་དུ་ལྟུང་ཞིང་། དགེ་བའི་ཆོས་རྣམས་ལས་ཉམས་པར་འགྱུར་བ་དེ་དག་ལ། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་རྣ་ལམ་དུ་གྲག་པར་གྱུར་ཅིང་། ཆོས་ཀྱི་སྤྲིན་དང་རྒྱ་མཚོའི་སྒྲ་འབྱུང་བར་གྱུར་ཅིག །དེ་དག་གིས་ཆོས་ཀྱི་སྒྲ་དེ་ཐོས་ནས་སྔོན་གྱི་ལས་ཟད་པར་གྱུར་ཏེ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་གང་དག །གོས་དང་རྒྱན་དང་། སྤོས་དང་ཕྲེང་བ་དང་བྱུག་པ་དང་མལ་ཆ་དང་། ན་བའི་གསོས་སྨན་དང་བྲལ་ཞིང་མི་ལྡན་པའི་དབང་གིས་སྡུག་བསྔལ་མྱོང་ཞིང་། སྡིག་པའི་ལས་བྱེད་པ་དེ་དག་ལ། གོས་དང་། རྒྱན་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ལོངས་སྤྱོད་རྣམས་བསམ་མ་ཐག་ཏུ་འབྱུང་ཞིང་མི་ལྡན་པ་མེད་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ། སུ་ཡང་ཅི་དང་ཡང་མི་ལྡན་པ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས། ཕན་ཚུན་འཐབ་མོ་འཐབ་པ་དང་། རྩོད་པ་དང་། འགྱེད་པར་གྱུར་ཏེ། གཅིག་ལ་གཅིག་གནོད་པ་བྱ་བ་དང་། གསོད་པར་བྱ་བའི་ཕྱིར་བརྟུལ་བ་མཚོན་དང་། མདའ་དང་དབྱུག་པ་དག་གིས་བསྣུན་ཏེ། སྡུག་བསྔལ་བར་གྱུར་པ་དེ་དག་མདའ་དང་མཚོན་དང་དབྱིག་པ་ལ་སོགས་པ་ལས་སླར་ལོག་པར་གྱུར་ཅིག །ཕྱིར་ཕྱོགས་པར་གྱུར་ཅིག །དགྲ་ཐམས་ཅད་ཀྱང་བྱམས་བ་ལ་གནས་པར་གྱུར་ཅིག །སུའི་སྲོག་གི་དབང་པོ་ཡང་འགག་པར་མ་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་། སྐྱེས་མ་ཐག་ཏུ་གཟུངས་དང་། ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་། སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་འབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་མཚན་ཐོས་ཏེ། ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་དང་། ས་བོན་འདེབས་པ་དང་། ཚོང་བྱེད་པ་དང་། འཐབ་མོ་དང་། རྩོད་པ་ལ་སོགས་པ་སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་བསམས་མ་ཐག་ཏུ་འཚོག་ཆས་ཐམས་ཅད་འབྱོར་པར་གྱུར་ཅིག །གནོད་སེམས་མེད་པར་གྱུར་ཅིག །རྟག་ཏུ་དགེ་བའི་ཆོས་བྱེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མི་དགེ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཅིག །སེམས་ཅན་གང་ཡང་དམྱལ་བར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཞན་གྱི་དབང་དུ་སོང་སྟེ། ཆད་པས་བཅད་པ་དང་། བཅིང་བ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། གསད་པའི་འོས་སུ་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ། བཅིང་པ་དང་བརྡེག་པ་ལ་སོགས་པ་ལས་ཐར་བར་གྱུར་ཅིག །བླ་ན་མེད་པའི་རང་དབང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་ཚེ་ཐུང་བར་འགྱུར་བའི་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ། འཆི་བར་འགྱུར་བ་དེ་དག་ཐམས་ཅད་སྡིག་པའི་ལས་ཐམས་ཅད་ཡོངས་སུ་བྱང་སྟེ། ཚེ་རིང་ཞིང་དུས་མ་ཡིན་པར་འཆི་བར་འགྱུར་པས། ནམ་ཡང་འགའ་ཡང་འཆི་བར་མ་གྱུར་ཅིག །འཆི་ཀར་ཡང་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་མཚན་རྣ་ལམ་དུ་གྲག་ཅིང་། རྗེས་སུ་དྲན་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཏུ་སྐྱེས་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་། སྐྱེས་མ་ཐག་ཏུ་གཟུངས་དང་། ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་། སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་སྐད་ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྻའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ། ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པར་གྱུར་ཏེ། བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིག །ལུས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དཔག་གིས་མི་ལང་བ་དག་ལྷམ་མེ་ལྷན་ནེ་ལྷང་ངེར་གྱུར་ཅིག །ལུས་ནོར་བུ་རིན་པོ་ཆེ་བཻ་ཌཱུརྻ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་། དྲི་མ་མེད་ལ་འོད་གསལ་བ་དང་། ཁོ་ལག་ཡངས་ཤིང་ཆེ་བ་དང་། དཔལ་དང་གཟི་བརྗིད་འབར་བ་དང་། ལེགས་པར་གནས་པ་དང་། ཉི་མ་དང་ཟླ་བ་ལས་ལྷག་པའི་འོད་ཟེར་ཀྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྻའི་འོད་ཀྱི་རྒྱལ་པོ་ཅི་འདྲ་བ་དེ་འདྲ་བར་གྱུར་ཏེ། སེམས་ཅན་གང་དག་འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་དག་དང་། གང་དག་ཡང་མིའི་འཇིག་རྟེན་འདི་ན་མཚན་མོ་མུན་པ་མུན་ནག་གི་ནང་ན་ཕྱོགས་ཐ་དད་པར་འགྲོ་བ་དེ་དག་བདག་གི་འོད་ཀྱིས་ཕྱོགས་དགའ་མགུར་འགྲོ་ཞིང་ལས་རྣམས་ཀྱང་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེའི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས། བདག་ཅག་ལ་སོགས་པ་སེམས་ཅན་གྱི་ཁམས་དཔག་གིས་མི་ལང་བ་དག་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཏེ། སུ་ཡང་ཅིག་ཀྱང་བྲེལ་བ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལམ་ངན་པར་ཞུགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ལ་ཞུགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྡོམ་པ་གསུམ་གྱིས་སྡོམས་པ་དང་། ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག །སུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་ཏེ། ངན་འགྲོར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལུས་ངན་པ་དང་། དབང་པོ་མ་ཚང་བ་དང་། མདོག་མི་སྡུག་པ་དང་། སྐེམ་པོ་དང་། ཡན་ལག་སྐྱོན་ཅན་དང་། སྒུར་པོ་དང་། ཤ་བཀྲ་ཅན་དང་། ཞར་བ་དང་། ལོང་བ་དང་། འོན་པ་དང་། ལྐུག་པ་དང་། སྨྱོན་པ་དང་། ལུས་ལ་ནད་ཀྱིས་བཏབ་པ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་ཐམས་ཅད་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་གཟེར་བ། སྐྱབས་མེད་པ། མགོན་མེད་པ། འེ་ཚོགས་ཆས་དང་། སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་པ། སྡུག་བསྔལ་བ་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་པ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་ལ་གནས་པར་གྱུར་ཅིག །བུད་མེད་གང་དག་བུད་མེད་ཀྱི་སྐྱོན་བརྒྱད་དག་གིས་ཀུན་ནས་ཉོན་མོངས་པར་གྱུར་པ། བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ། བུད་མེད་ཀྱི་སྐྱེ་གནས་ལས་ཐར་བར་འདོད་པ་དེ་དག་ཐམས་ཅད་བུད་མེད་ཀྱི་དངོས་པོ་ལས་ལོག་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྟ་བ་ཐ་དད་པ་མི་མཐུན་པ་ཟིང་ཟིང་བས་མི་མཐུན་པ་དག་སྤངས་ཏེ་ཡང་དག་པའི་ལྟ་བ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་སུ་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང་། གང་དག་བཅིང་བ་དང་རྡེག་པ་དང་གོ་རར་གཞུག་པ་དང་གསད་པར་འོས་པ། རྒྱུ་དུ་མས་ཀུན་ཏུ་གཙེས་པ། ང་རྒྱལ་དང་བྲལ་བ། ལུས་དང་ངག་དང་སེམས་སྡུག་བསྔལ་གྱིས་ཉན་པ་དེ་དག་བདག་གི་བསོད་ནམས་ཀྱི་མཐུས། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཀྲེས་པ་དང་སྐོམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་འཚོལ་བ་ལ་རབ་ཏུ་བརྩོན་པ། སྡིག་པའི་ལས་བྱེད་པ་དེ་དག་བདག་གིས་ཁ་དོག་དང་དྲི་དང་རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་བྱས་ཏེ་ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་འགོད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྒྲེན་མོ་བགོ་བ་མེད་པ་དབུལ་བ། སྡུག་བསྔལ་བ། གྲང་བ་དང་ཚ་བ་དང་སྦྲང་བུ་དང་། ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་བདག་གིས་གོས་ཡོངས་སུ་སྤྱད་པར་འོས་པ། ཚོན་སྣ་ཚོགས་སུ་ཁ་བསྒྱུར་བ་དག་དང་རིན་པོ་ཆེའི་རྒྱན་དང་སྤུད་པ་དང་ཕྲེང་བ་དང་བྱུག་པ་དང་རོལ་མོའི་སྒྲ་དང་སིལ་སྙན་དང་ཕག་རྡོབ་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་དགའ་བ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པའི་གདུང་བས་མི་རྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་། སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་། སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལས་ཀྱི་སྒྲིབས་པ་སྣ་ཚོགས་ཀྱིས་སྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་དེ་བཞིན་གཤེགས་པ་བདུན་གྱི་ཐབས་མཁས་པ་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བྱིན་གྱིས་རླབས་ཞིང་དཔལ་གྱི་མགུལ་ནས་འདི་སྐད་དུ་འཇམ་དཔལ་དེ་ལྟར་བས་ན། ཡོན་ཏན་ཐམས་ཅད་དོན་དུ་གཉེར་བ་རྣམས་ཀྱིས་ཉོན་མོངས་པ་དང་མ་འདྲེས་པར་དེ་བཞིན་གཤེགས་པ་བདུན་གྱི་མཚན་བཟུང་བར་བྱ། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཡིད་ལ་བྱ། གུས་པས་དད་པར་བྱ། སྐུ་གཟུགས་ཀྱང་བྱ། མེ་ཏོག་དང་བདུག་པ་དང་མར་མེ་དང་བྱུག་པ་དང་ཞལ་ཟས་དང་རོལ་མོའི་སྒྲ་ལ་སོགས་པས་མཆོད་པར་བྱ། ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་བྱ། ཉིན་བདུན་གཙང་མར་བྱས་ཏེ་ས་ཕྱོགས་གཙང་མར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་གདབ་པར་བྱ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་སེམས་སུ་བྱ་ཞེས་བྱ་བ་ལ་སོགས་པ་དང་གཞན་ཡང་། ཏདྱཐཱ། འདི་ལྟ་སྟེ། གྷུ་མེ་གྷུ་མེ། ཨི་མི། ནི་མི་ཧི། མ་ཏི་མ་ཏི། སབྟ་ཏ་ཐཱ་ག་ཏ་ས་མཱདྷྱ་དྷིཥྛི་ཏེ། ཨ་ཏི་མ་ཏེ། པཱ་ལེ། པཱ་པཾཤོ་དྷཱ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷེ། བུདྡྷོཏྟཱམེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ། ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་ནི་བཱ་ར་ཎི། བུདྡྷེ་སུ་བུདྡྷེ་བུདྡྷ་ཨ་དྷིཥྛི་ན། རཀྵནྟུ་མེ། བདག་ལ་བསྲུང་བར་མཛད་དུ་གསོལ། སརྦ་དེ་བཱ། མི་མཉམ་མཉམ་པའི་ས་མེ་ཨ་པ་མེ། ལྷ་རྣམས་ཀུན། ས་མ་ཧྭཱ། བདག་ལ་དགོངས་པར་ཧ་རན་ཏུ་མེ། མཛད་དུ་གསོལ། སརྦ་བུདྡྷ། སངས་རྒྱས་བྱང་ཆུབ་བོ་དྷི་སཏྭཱ་ནཾ། སེམས་དཔའ་ཀུན། ཤ་མེ་ཤ་མེ། ཞི མ་ཞི མ་པྲ་ཤ་མནྟུ་མེ། བདག་ཞིར་མཛོད། སརྦ་ཤིན་ཏུ་འཚོ་བའི་ཨི་ཏྱུ་པ་ཏྲཱ་བ། ནད་ཐམས་ཅད། བྱཱ་དྷ་ཡཿཔཱུ་ར་ཎི་རྫོགས་ཤིང་རྫོགས་པར་པཱུ་ར་ཎི། བྱེད་པ་དང་། པཱུ་ར་ཡ་མེ། བདག་གི་བསམ་པ་སརྦ་ཨཱ་ཤཱ་ཡེ། རྫོགས་པར་མཛོད། བཻ་ཌཱུརྻ་བཻཌཱུརྻའི་པྲ་ཏི་བྷཱ་སེ། འོད་ཀྱིས་ནི། སརྦ་སྡིག་ཀུན་ཟད་པའི་པཱ་པཾ་ཀྵ་ཡངྐ་རི་སྭཱ་ཧཱ། གཞི་ཚུགས་ཤིག །བཻ་ཌཱུརྻའི་འོད་ཅེས་བྱ་བའི་གཟུངས་འདི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། འཆང་ངམ། ཀློག་གམ། མཆོད་དམ། ལན་སྟོང་རྩ་བརྒྱད་དུ་བཏོན་ན། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་པར་འགྱུར་། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱིས་ཡང་དག་པར་བསྲུང་བར་འགྱུར། ལྷ་ཐམས་ཅད་དང་། བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དག་གིས་ཀྱང་ཡོངས་སུ་བསྐྱང་བར་འགྱུར། མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར། རིང་དུ་འཚོ་བར་འགྱུར། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར། འཆི་བ་དང་དགྲ་དང་། དགོན་པའི་གནོད་པ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར། དགྲ་ཐམས་ཅད་ཀྱི་དབང་དུ་འགྲོ་བར་མི་འགྱུར་ཅི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ཅད་ཆེ་གེ་མོ་ལ་སོགས་པའི་དོན་དུ་མདོ་ལས་བྱུང་བའི་ཆོ་ག་བཞིན་དུ། དེ་བཞིན་གཤེགས་པ་བདུན་དང་། སྟོན་པ་བདེ་བར་གཤེགས་པ་རྣམས་གདན་འཛོམ་པའི་སྤྱན་སྔར་མཆོད་ཅིང་སྨོན་ལམ་གསོལ་བ་དང་གཟུངས་སྔགས་བཟླས་པས་ཅི་ལྟར་བྱིན་གྱི་བརླབས་ཤིང་བཀའ་བསྩལ་བ་བཞིན་དུ་བྱིན་གྱིས་རླབས་ཅིང་། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་ཐམས་ཅད་བདག་ཅག་ལ་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་མཛད་ཅིང་བསྩལ་བར་ཅི་གནང་། མ་རིག་མུན་སེལ་སྒྲོན་མེའི་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པ། འགྱུར་བ་མི་མངའ་བ་དེ་བདག་ཅག་ལ་བདེན་པ་མངོན་སུམ་དུ་བསྟན་པར་ཅི་གནང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ཐུགས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ། སྐུ་ཡོན་ཏན་དྲི་མ་མེད་པའི་ཚོགས་ཀྱི་འོད་ཟེར་གྱིས་བརྒྱན་པ། ཞབས་རྟེན་གྱི་པདྨ་ལ་ལྷ་དང་མི་དང་ལྷ་མ་ཡིན་དང་ཀླུ་དང་རིག་སྔགས་འཆང་རྣམས་ཀྱི་ཐོར་ཚུགས་དང་ཅོད་པན་གྱིས་གཏུགས་པ། ངན་སོང་གི་འགྲོ་བ་སྣ་ཚོགས་འཛོམ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དུས་ངན་པའི་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་སྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱི་གཙེས་པ། ལྟ་བ་ངན་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྒྲིབས་པ། ལམ་དང་ས་དམན་པར་འོག་ནས་འོག་ཏུ་ལྷུང་བར་འགྱུར་བའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ་གང་ཐོས་པ་ཙམ་གྱིས་ཅི་ནས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་སྡིག་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་བདེ་བར་འགྱུར་བ་དང་བདུད་སྡིག་ཅན་གྱིས་མི་བརྫི་བར་འགྱུར་བ་དང་། གནོད་པ་དང་མི་བདེ་བ་ཐམ ས་ཅད་རབ་ཏུ་ཞི་བར་འགྱུར་བ་དང་འདོད་དགུའི་རེ་བ་རྫོགས་ཤིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བའི་དེ་བཞིན་གཤེགས་པ་བདུན་གྱི་མཚན་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་དམིགས་ཀྱིས་ཞུ་བ་མཛད་ཅིང་གདན་འཛོམ་པའི་དབུས་སུ་འདི་སྐད་ཅེས་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། གང་དག་མདོ་སྡེ་འདི་འཆང་བ་དང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། ཡི་གེར་འབྲི་བ་དང་འབྲིར་སྩོལ་བ་དང་གླེགས་བམ་དུ་བྲིས་ཏེ་མེ་ཏོག་དང་བདུག་པ་དང་སྤོས་དང་ཕྲེང་བ་དང་བྱུག་པ་དང་གདུགས་དང་རྒྱལ་མཚན་རྣམས་ཀྱིས་བཀུར་སྟིར་བགྱིད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་བདག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་རྣམ་པ་སྣ་ཚོགས་སུ་བསྒྲག་པར་བྱའོ། །ཐ་ན་རྨི་ལམ་དུ་ཡང་སངས་རྒྱས་ཀྱི་མཚན་རྣ་ལམ་དུ་ཉེ་བར་བསྒྲག་པར་བགྱིའོ། །ཚོན་སྣ་ལྔ་པའི་རས་ཀྱིས་དཀྲིས་ཏེ་ཕྱོགས་གཙང་མར་བཞག་ན་གང་ན་མདོ་སྡེ་འདི་གནས་པ་དེར་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཞན་ཡང་མཆིས་པར་འགྱུར། མདོ་སྡེ་འཛིན་པ་དེ་དག་དུས་མ་ལགས་བར་འཆི་བར་མི་འགྱུར། སུས་ཀྱང་མདངས་འཕྲོག་པར་མི་ནུས་ཏེ་འཕྲོག་ན་ཡང་སླར་འཕྲོག་པར་འགྱུར་རོ་ཞེས་བགྱི་བ་ལ་སོགས་པ་གསུངས་ཤིང་འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང་དེ་བཞིན་གཤེགས་པ་གདན་འཛོམ་པ་ལ་ཐུགས་དམ་ལས་གློངས་ཏེ་བསྐུལ་བ་དང་། མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ་མདོ་སྡེའི་ཕན་ཡོན་ཇི་སྐད་བཀའ་བསྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབས་ཅིང་བསྩལ་བར་ཅི་གནང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྐྱབས་གྲོལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། བཅོམ་ལྡན་འདས་འཕགས་པ་སྐྱབས་གྲོལ་དུས་ངན་པའི་སེམས་ཅན་ཕོངས་ཤིང་སྡུག་བསྔལ་བ་རྣམས་ལ་ཐུགས་རྩེ་བར་དགོངས་ཏེ་སྟོན་པ་བཅོམ་ལྡན་འདས་གདན་འཛོམ་པའི་སྤྱན་སྔར་འདི་སྐད་དུ་བཙུན་པ་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་བྲོ་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ། ཡུན་རིང་པོར་བྲོ་ནད་ཀྱིས་ལུས་ཀྱི་ཤ་སྲབ་ཤིང་བཀྲེས་པ་དང་སྐོམ་པས་གྲེ་བ་དང་མཆུ་ནི་བསྐམས། འགུམ་པ་ལ་ནི་མངོན་དུ་ཕྱོགས། མཛའ་བཤེས་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ངུ་བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང་། གཤིན་རྗེའི་མི་རྣམས་ཀྱིས་ནི་དྲངས་ཏེ་དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་མདུན་དུ་ཁྲིད་ཅིང་མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་འབྲང་བ་གང་ལགས་པ་དེས་དགེ་བའམ་མི་དགེ་བ་བགྱིས་པ་དེ་དག་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཕུལ་བ་དང་ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས་དགེ་བའམ་མི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་བསྒོ་བ་ལ། གང་དག་ནད་པ་དེའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེ་ལ་སྐྱབས་སུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པར་བགྱིད་ན་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱིས་འཚལ་བའི་གནས་དེར་མཆིས་ཏེ་ཡང་ན་ནི་གདུགས་བདུན། ཡང་ནི་གདུགས་ཉི་ཤུ་རྩ་གཅིག །ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་ཕར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱི་མངོན་སུམ་དུ་འགྱུར་ཏེ་སྲོག་གི་སླད་དུ་ཡང་སྡིག་པའི་ལས་མི་བགྱིད་དོ། །མཆོད་པའི་སྦྱོར་བ་ནི་བཙུན་པ་ཀུན་དགའ་བོ་གང་དག་ནད་ཆེན་པོ་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་གིས་ནད་པ་དེའི་དོན་དུ་ཉིན་བདུན་མཚན་བདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་སྡོམ་པ་བླང་བར་བྱ། དགེ་སློང་གི་དགེ་འདུན་ལ་ཟས་དང་སྐོམ་རྣམས་དང་ཡོ་བྱད་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་དང་རིམ་གྲོ་བྱ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཡིད་ལ་བྱ། མདོ་སྡེ་འདི་ཡང་ལན་བཞི་བཅུ་རྩ་དགུར་འདོན་པར་བྱའོ། །ཞག་བཞི་བཅུ་རྩ་དགུར་མེར་མེ་འབུད་པར་བྱའོ། །སྐུ་གཟུགས་བདུན་བྱའོ། །སྐུ་གཟུགས་རེ་རེའི་སྤྱན་སྔར་་མར་མེ་བདུན་བདུན་བཞག །མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱས་ཏེ་ཅི་ནས་ཀྱང་ཞག་བཞི་བཅུ་རྩ་དགུར་མར་མེ་མི་ཟད་པར་བྱའོ། །ཚོན་སྣ་ལྔ་བའི་བ་དན་བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ། །བཙུན་པ་ཀུན་དགའ་བོ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ་ནད་ཀྱི་གནོད་པ་དང་རང་ངམ་ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པའི་རྒྱུ་སྐར་རམ་གཟའ་ཟླ་བའམ་ཉི་མའི་གནོད་པའམ་དུས་མ་ཡིན་པའི་རླུང་ངམ་ཆར་རམ་ཐན་པའི་གནོད་པ་ཡང་རུང་། གནོད་པ་དང་ནད་འགོ་བའམ་འཁྲུག་པ་ཞིག་ཉེ་བར་གནས་པར་གྱུར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱ། བཙོན་དུ་བཟུང་བ་རྣམས་གཏང་བར་བྱ་ཞིང་གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེ་ལ་དེ་ལྟ་བུའི་མཆོད་པ་བྱས་ན། རྒྱལ་པོ་དེའི་དགེ་བའི་རྩ་བ་དང་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་ཡུལ་བདེ་བ་དང་ལོ་ལེགས་པ་དང་ཆར་དང་རླུང་དུས་སུ་ལྡང་ཞིང་ལོ་ཏོག་འགྲུབ་པར་འགྱུར། ཡུལ་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་ནད་མེད་པ་དང་བདེ་བ་དང་མཆོག་ཏུ་དགའ་བ་མང་བར་འགྱུར། ཡུལ་དེར་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་མ་རུང་པས་སེམས་ཅན་རྣམས་ལ་འཚེ་བར་མི་འགྱུར། ལྟས་ངན་པ་ཐམས་ཅད་མཐོང་བར་མི་འགྱུར། རྒྱལ་པོ་དེའི་ཚེ་དང་མདོག་དང་སྟོབས་དང་ནད་མེད་པ་དང་དབང་ཕྱུག་རྣམས་མངོན་པར་འཕེལ་བར་འགྱུར་རོ་ཞེས་བགྱི་བ་ལ་སོགས་པ་བཀའ་བསྩལ་པ་གསུང་ཤིང་འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང་དེ་བཞིན་གཤེགས་པ་གདན་འཛོམ་པ་ལ་ཐུགས་དམ་ལས་གླེངས་ཏེ་བསྐུལ་བ་དང་མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་འཕྲིན་ལས་མཛད་དེ། མདོ་སྡེ་འདི་ལས་ཕན་ཡོན་ཇི་སྐད་བཀའ་བསྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་རླབས་ཅིང་བསྩལ་པར་ཅི་གནང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་ཀུ་བེ་ར་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་ཀུ་བེ་ར་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཆེན་པོ་རྣམས་ཀྱིས་ཇི་ལྟར་སྔོན་གདན་འཛོམ་པ་ཆེན་པོའི་སྤྱན་སྔར་ལྷའི་དམ་ཚིག་བདེན་པར་མདོང་གསོལ་དུ་གསུང་གཅིག་ཁོ་ནར་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཐོས་དེ་བཞིན་གཤེགས་པ་རྣམས་ཀྱང་མངོན་དུ་མཐོང་སྟེ་མཆོད་པ་ཡང་བགྱིས་སོ། །ཡང་བཅོམ་ལྡན་འདས་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དང་གཟུངས་ཀྱི་ཚིག་འདི་དག་སྤྱོད་པ་དེར་བདག་ཅག་གཡོག་དང་བཅས་ཏེ་མཆིས་པར་བགྱིའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་འཆང་བ་དང་ཀློག་པ་དང་མཆོད་པར་བགྱིད་པ་དང་ཡི་གེར་འབྲིར་རྩོལ་བ་དེར་བདག་ཅག་མཐུན་པར་ལྷན་ཅིག་ཏུ་མཆིས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་རྒྱལ་པོའམ་རྒྱལ་པོའི་བློན་པོ་མདོ་སྡེའི་དབང་པོ་འཛིན་པ་དང་འབྲི་བ་དེ་ལ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བསྲུང་བར་བགྱིའོ། །གྲོང་དང་གྲོང་ཁྱེར་དང་ཕྱོགས་ཀྱང་ཡོངས་སུ་བསྐྱངས་བར་བགྱིའོ། །འཆི་བ་དང་། དགྲ་དང་དགོན་པའི་གནོད་པ་དང་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱིའོ། །བདག་ཅག་ནི་དེ་བཞིན་གཤེགས་པ་དང་སེམས་ཅན་ཐམས་ཅད་ལ་བྱམས་པ། བྱས་པ་བཟོ་བ་ལགས་ཏེ་དུས་མ་ལགས་པར་འགུམ་པ་ཐམས་ཅད་བཟློག་པར་བགྱིའོ། །འཐབས་དང་། འཐབ་མོ་དང་རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཇི་ལྟར་བསམ་པ་ཡིད་བཞིན་དུ་འགྲུབ་པ་དང་སེམས་དང་ལུས་བདེ་ཞིང་ལོངས་སྤྱོད་དང་དབང་ཕྱུག་དང་ནོར་དང་འབྲུ་རྣམས་འཕེལ་བར་བགྱིའོ། །ཐམས་ཅད་དུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་རང་གིས་བྲོ་བོར་བ་དང་དམ་བཅས་པ་འདི་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་རྗེས་སུ་དྲན་པར་བགྱིའོ། །ཏདྱ་ཐཱ། ཨ་གྷུ་མ་གྷུ་ཏ་ར་གྷུ། མ་མ་གྷུ་གྷུ་རེ། ཧ་ཧུ་ཧེ། མྲ་མྲ་མྲ་མྲ། ཛུ་ཛུ་རེ་ཛུ་རེ་སྭ་ཧཱ། །གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་རྣམས་དང་གཟུངས་ཀྱི་ཚིག་འདི་དག་འཆང་བ་དང་ཀློག་པ་དང་ཡི་གེར་འབྲི་བ་དང་ཡི་གེར་འབྲིར་སྩལ་བ་དང་རབ་ཏུ་གུས་པས་མཆོད་པར་བགྱིད་པ་དེ་དག་ངན་སོང་གསུམ་དུ་མི་འཆི་བར་རིག་པར་བགྱིས་ཏེ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་སླར་མི་ལྡོག་པར་འགྱུར། ཇི་ལྟར་འཚལ་བའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར། དེ་བཞིན་གཤེགས་པ་མཐོང་བར་འགྱུར། ཚེ་རབས་དྲན་པར་འགྱུར། ཏིང་ངེ་འཛིན་དང་གཟུངས་ཀྱང་ཐོབ་པར་འགྱུར་རོ་ཞེས་གསུངས་ཤིང་ཞལ་གྱིས་བཞེས་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གང་མདོ་སྡེའི་དབང་པོ་འཛིན་པ་དེ་དག་གི་དོན་དུ་བདག་གིས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་སྩལ་བར་བགྱི་ཡིས་སངས་རྒྱས་བཅོམ་ལྡན་འདས་རྣམས་པ་དག་ལ་དགོངས་སུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དག་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། འདི་ལྟ་སྟེ། ཨཱོཾ་བཛྲེ་བཛྲེ། མཆོག་ལྟེར་རྡོ་རྗེ་རྡོ་རྗེ་མ། མ་ཧཱ་བཛྲེ། རྡོ་རྗེ་ཞགས་འཛིན་བཛྲེ་པཱ་ཤཱ་དྷ་རི་ཎི། རྡོ་རྗེ་ཆེ། ས་མ་ས་མ། ཀུན་ནས་མཉམ་ཞིང་མཉམ་པ་མ། ས་མནྟ། ཨ་པྲ་ཏི་ཧ་ཏ་བཛྲེ། ཐོགས་པ་མེད་པའི་རྡོ་རྗེ་མས། ཤ་མ་ཤ་མ། ཞི་བ་ཞི་བ་རབ་ཞི་བར། པྲ་ཤ་མནྟུ་མེ། སརྦ་མཛོད་ཅིག་ནད་རྣམས་ཐམས་ཅད་པ་བྱཱ་དྷ་ཡཿ ཀུ་རུ་ལས་རྣམས་ཐམས་ཅད་མཛོད་ཅིག་མཛོད་ཀུ་རུ་སརྦ་ཀརྨྨཱ་ཎི། བཅོམ་ལྡན་དམ་ཚིག་རྗེས་དྲན་པའི། ས་མ་ཡ་མ་ནུ་སྨ་ར་བྷ་ག་ཝཱན། ཕྱག་ན་རྡོ་རྗེ་བདག་གི་ནི། བཛྲ་པཱ་ཎི། བསམ་ཀུན་རྫོགས་པའི་གཞི་ཚུགས་ཤིང་། སརྦ་ཨཱ་ཤཱ་མེ་པ་རི་པཱུ་ར་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་འདི་དག་གི་མཚན་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་ཀློག་པ་དེའི་རེ་བ་ཐམས་ཅད་བདག་གིས་ཡོངས་སུ་བསྐང་བར་བགྱིའོ། །དོན་ཐམས་ཅད་ཡོངས་སུ་བསྒྲུབ་པར་བགྱིའོ། །གལ་ཏེ་དེས་བདག་མཐོང་བར་འཚལ་ན་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲིར་སྩལ་བར་བགྱི། དེ་བཞིན་གཤེགས་པ་འདི་དག་གི་སྐུ་གཟུགས་བདུན་ཡང་བགྱི། རྡོ་རྗེ་འཛིན་ཡང་སྐུ་གདུང་དང་བཅས་པར་བགྱི། དེ་བཞིན་གཤེགས་པ་དེ་དག་ལ་ཡང་ཇི་སྐད་གོང་དུ་སྨོས་པ་བཞིན་དུ་སྤོས་དང་བདུག་པ་དང་མར་མེ་དང་ཕྲེང་བ་དང་རྒྱན་དང་རོལ་མོའི་སྒྲ་དང་སིལ་སྙན་དང་ཕེག་རྡོབ་པ་རྣམས་ཀྱིས་མཆོད་དེ་བསྐོར་བར་བགྱི། གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཀྱང་གདོན་པར་བགྱི། སེམས་ཅན་ཐམས་ཅད་ལ་ཡང་ཕན་པའི་སེམས་དང་བྱམས་པའི་སེམས་སུ་བགྱི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བསྙེན་གནས་ལ་གནས་ཏེ་ལན་གསུམ་ཁྲུས་བགྱི་ཞིང་གོས་ལན་གསུམ་བརྗེ་བར་བགྱི། ཚེས་བརྒྱད་ནས་བརྩམས་ཏེ་ཟླ་བ་ཕྱི་མའི་བཅོ་ལྔ་ཉའི་བར་དུ་ཉིན་གཅིག་བཞིན་རིག་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ན་དེ་ལ་བདག་གིས་རྨི་ལམ་དུ་མཐོང་བ་བསྩལ་བར་བགྱི་འབེལ་བའི་བཀའ་མཆིད་ཀྱང་བགྱི། རེ་བ་ཐམས་ཅད་ཀྱང་ཡོངས་སུ་བསྐང་བར་བགྱིའོ་ཞེས་བྱ་བ་ལ་སོགས་པ་འཕགས་པའི་བཀའ་མི་འགྱུར་བ་ཚད་མར་གྱུར་བས་ཞལ་གྱིས་བཞེས་པ་བཞིན་དུ་དིང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང་གདན་འཛོམ་པས་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ་ཕན་ཡོན་ཇི་སྐད་བཀའ་བསྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབས་པར་ཅི་གནང་། ལྷག་པར་ཡང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པ་གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང་། སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་པ་དང་བདུད་ཀྱི་ཕྱོགས་སུ་གྱུར་པ་ཐམས་ཅད་ཡུལ་ཕྱོགས་སུ་མི་ནད་དང་ཕྱུགས་ནད་གཏོང་བ་དང་ཐན་པ་དང་སད་དང་སེར་བ་ལ་སོགས་པས་ལོ་ལོག་མ་རུངས་བར་བགྱིད་པ་དང་གནོད་པ་དང་མཚན་མ་ངན་པ་དང་བཀྲ་མི་ཤིས་པ་མང་པོ་སྟོན་ཅིང་སེམས་ཅན་ལ་སྡང་བར་སེམས་པའི་གདོན་བགེགས་རིགས་ཐ་དད་པ་མང་པོ་ཡུལ་ཕྱོགས་འདི་ན་རྒྱུ་ཞིང་གནས་པ་ཅི་མཆིས་པ་ཐམས་ཅད་དང་། ཆེ་གེ་མོ་ལ་སོགས་པ་ལ་སྔོན་གྱི་ལས་ཀྱིས་བདས་པའམ་འཕྲལ་གྱི་རྐྱེན་ལ ས་བྱུང་བའམ་ཡུལ་ཕྱོགས་དང་ཕ་ཚན་དང་རིགས་བརྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ། ཆེ་གེ་མོའི་ལུས་དང་སྲོག་དང་ཆབ་སྲིད་དང་དབང་ཕྱུག་དང་འཁོར་དང་ཡོ་བྱད་ལ་སོགས་པ་གང་ཡང་རུང་བ་ལ་ཅི་ཡང་རུང་བའི་སྒོ་ནས་གནོད་པ་བགྱིད་པའི་གདོན་བགེགས་ཅི་མཆིས་པ་ཐམས་ཅད་གང་ལ་གང་འཚམས་བའི་ཐབས་ཀྱིས་འདུལ་ཞིང་འཁོན་དང་གནོད་པའི་བསམ་པ་འདོར་དུ་སྩལ་ཏེ་ཞི་བ་དང་དགེ་བ་དང་བྱམས་པའི་བསམ་པ་ཅན་དུ་འགྱུར་ཞིང་སྔོན་ཆད་བཀྲ་མི་ཤིས་པ་དང་གནོད་པའི་སྦྱོར་བ་ངན་པ་བགྱིས་པ་རྣམས་ཀྱང་འཇིག་ཅིང་འདོར་དུ་སྩལ། སླན་ཆད་ཀྱང་གནོད་པའི་བག་ཅིང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྒག་ཅིང་གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་བསྩལ་བའི་ཕྲིན་ལས་མཛད་པར་ཅི་གནང་། མཐུ་དཔལ་དང་ལྡན་པའི་དགེ་བསྙེན་བཅུ་གཉིས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་དབུལ། །མཐུ་དཔལ་དང་ལྡན་པའི་དགེ་བསྙེན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་རེ་རེ་ལ་གཡོག་འཁོར་གནོད་སྦྱིན་བདུན་འབུམ་བདུན་འབུམ་དང་བཅས་པ་རྣམས་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གདན་འཛོམ་པའི་སྤྱན་སྔར་ལྷའི་ངག་བདེན་པས་གསུང་གཅིག་ཏུ་འདི་སྐད་དུ་སངས་རྒྱས་ཀྱི་མཐུས། བདག་ཅག་གི་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུ རྱའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ་བདག་ཅག་ལ་ཡང་ངན་འགྲོར་འགྲོ་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེས་ན་བདག་ཅག་ལྷན་ཅིག་ཏུ་མཐུན་པར་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་སྤྲོ་བར་བགྱིའོ། །བྱེ་བྲག་ཏུ་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་དགོན་པའི་གནས་གང་ན་མདོ་སྡེ་འདི་སྤྱོད་པ་དང་གང་ན་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་མཚན་འཆང་བ་དང་མཆོད་པ་དང་རིམ་གྲོ་བྱེད་པའི་སེམས་ཅན་དེ་དག་ལ་བདག་ཅག་གིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ་ཞེས་ཞལ་གྱི་བཞེས་ཏེ་ཐུགས་དམ་དུ་བཞེས་ཤིང་བཅོམ་ལྡན་འདས་ཀྱིས་ཀྱང་གང་གི་ཕྱིར་ཁྱེད་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེ་ལ་བྱས་པ་གཟོ་ཞིང་རྗེས་སུ་དྲན་ལ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བཞུགས་པ་ལེགས་སོ་ལེགས་སོ་ཞེས་རྗེས་སུ་གནང་བ་སྟོན་པ་དེ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་དུལ་ཞིང་ཞི་བའི་འཁོར་དང་ལྡན་པར་བྱམས་པ་དང་ཐུགས་བརྩེ་བས་མཆོད་པ་བཞེས་ཤིང་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བཀང་བའི་ཕྲིན་ལས་མཛད་དེ་ཕན་ཡོན་ཇི་སྐད་བཀའ་བསྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབས་པར་ཅི་གནང་། ལྷག་པར་ཡང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པ་གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང་སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་པ་དང་བདུད་ཀྱི་ཕྱོགས་སུ་གྱུར་པ་ཐམས་ཅད་དང་ཡུལ་ཕྱོགས་སུ་མི་ནད་དང་ཕྱུགས་ནད་གཏོང་བ་དང་ཐན་པ་དང་སད་དང་སེར་བ་ལ་སོགས་པས་ལོ་ཐོག་མ་རུངས་བར་བགྱིད་པ་དང་གནོད་པ་དང་མཚན་མ་ངན་པ་དང་བཀྲ་མི་ཤིས་པ་མང་པོ་སྟོན་ཅིང་སེམས་ཅན་ལ་སྡང་བར་སེམས་པའི་གདོན་བགེགས་རིགས་ཐ་དད་པ་མང་པོ་ཡུལ་ཁམས་དང་ཡུལ་ཕྱོགས་འདིར་རྒྱུ་བ་མཆིས་སོ་འཚལ་དང་། ཆེ་གེ་མོ་ལ་སྔོན་གྱི་ལས་ཀྱིས་བདས་པའམ་འཕྲལ་གྱི་རྐྱེན་ལས་གྱུར་པའི་མ་ཡུལ་ཕྱོགས་དང་ཕ་ཚན་དང་རིགས་བརྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ་ཆེ་གེ་མོའི་ལུས་དང་སྲོག་དང་ཆབ་སྲིད་དང་དབང་ཕྱུག་དང་འཁོར་དང་ཡོ་བྱད་ལ་སོགས་པ་གང་ཡང་རུང་བ་ལ་ཅི་ཡང་རུང་བའི་སྒོ་ནས་གནོད་པ་བགྱིད་པའི་གདོན་བགེགས་ཅི་མཆིས་པ་ཐམས་ཅད་གང་ལ་གང་འདུལ་བའི་ཐབས་ཀྱིས་གདུལ་ཞིང་འཁོན་དང་གནོད་པའི་བསམ་པ་འདོར་དུ་སྩལ་ཏེ་ཞི་བ་དང་དགེ་བ་དང་བྱམས་པའི་བསམ་པ་ཅན་དུ་བགྱི་ཞིང་སྔོན་ཆད་བཀྲ་མི་ཤིས་པ་དང་གནོད་པའི་སྦྱོར་བ་ངན་པ་བགྱིས་པ་རྣམས་ཀྱང་འཇིག་ཅིང་འདོར་དུ་སྩལ། སླན་ཆད་ཀྱང་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྒག་ཅིང་གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་ཕྲིན་ལས་མཛད་པར་ཅི་གནང་། རེ་རེ་ནས་མཆོད་པ་དབུལ་ཞིང་སྨོན་ལམ་གདབ་པ་རྫོགས་པའི་སྐབས་འདིར་གཟུངས་སྔགས་བཟླས་ལ་ཁྲུས་བྱ། འཕགས་པ་གདན་འཛོམ་པ་ལ་སྤྱིར་མཆོད་པ་ཅི་འབྱོར་པ་དབུལ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་ལས་བྱུང་བ་བཞིན་དུ་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་དང་སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་སྤྱན་དྲངས་ནས་མཚན་ནས་བརྗོད་དེ་ཕྱག་འཚལ་བ་དང་མཆོད་ཅིང་། དེ་དག་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བཏབ་པ་དང་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་དགེ་བ་ལ་རྗེས་སུ་ཡི་རང་བ་དང་བསྐུལ་ཞིང་གསོལ་བ་བཏབ་པ་ལ་སོགས་པའི་བསོད་ནམས་ཅི་མཆིས་པའི་སྟོབས་དང་དེ་དག་གི་མཐུ་དཔལ་དང་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་༧ དཀྱུས་སུ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱིས་ཞལ་སྔ་ནས་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཅི་མངའ་བ་ཐམས་ཅད་བྱང་བར་གྱུར་ཅིག །སྐུ་ལ་སྙུན་མི་མངའ་ཞིང་སྐུ་ཚེ་བསྟན་འགྲོའི་ཕན་བདེའི་རྩ་ལག་ཏུ་གྱུར་པ་དབང་ཕྱུག་དམ་པ་རྣམས་ཀྱི་ཞེས་རྒྱལ་དབང་ལྔ་པས་ཁ་བསྒྱུར་གནང་བ་ལྟར་འདོན་པ ར་འདི་མཆན། ༧རིང་བ་དང་དབུ་རྨོག་བཙན་པ་དང་ཆབ་སྲིད་འཇམ་དར་ཆེ་བ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །མཐར་ཡང་ཚོགས་གཉིས་ཡོངས་སུ་རྫོགས་ནས་གཡུང་དྲུང་གི་སྐུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིག །ཆབ་འོག་ཏུ་གཏོགས་པའི་འབངས་ཐམས་ཅད་ཀྱང་ཕྱི་ནང་གི་གནོད་པ་ཐམས་ཅད་རབ་ཏུ་ཞི་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག །ཡུལ་ཁམས་ཐམས་ཅད་ཏུ་ཡང་མི་ནད་དང་ཕྱུགས་ནད་དང་ལོ་ཉེས་དང་དགྲའི་གནོད་པ་དང་བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བ་དང་ཆར་ཆུ་དུས་སུ་བབ་སྟེ་ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐམས་ཅད་དང་ལྡན་ཞིང་འཇིག་རྟེན་གྱི་ཁམས་དེ་དག་ཏུ་སྐྱེས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་ཞལ་མཐོང་སྟེ་གདམ་ངག་ཐོབ་ནས་ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་གྱུར་ཅིག །ཁྱད་པར་དུ་ཡང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པར་གྱུར་ཅིག །ལན་གསུམ། དེ་ནས་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་འཁོར་དང་བཅས་པ་དང་སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་གདན་འཛོམ་པའི་སྤྱན་སྔར་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་པ་དང་མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་དང་གཙང་སྦྲ་མ་ཕྱེད་པ་དང་མདོ་ལས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན་ཐུགས་རྩེ་བར་དགོངས་ཏེ་བཟོད་པ་བཞེས་ཤིང་འཕྲལ་དུ་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབས་པར་ཅི་གནང་། ལན་གཉིས། དེ་ནས་གཤེགས་སུ་གསོལ་བ་ནི། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་ཐུགས་རྗེས་འབྱོན་པར་མཛོད། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལགས་ཀྱི། སོ་སོའི་ཞིང་ཁམས་སུ་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་གཤེགས་སུ་གསོལ་ལོ། །དེ་བཞིན་གཤེགས་པ་བདུན་གྱི་སྔོན་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་ཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་སློབ་དཔོན་བོ་དྷི་ས་ཏྭས་མཛད་པ་རྫོགས་སོ།། །།

བདེ་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ། ངག་དབང་བློ་བཟང་རྒྱ་མཚོ།

བདེ་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ་ཞེས་བྱ་བ་བཞུགས་སོ། །ངོ་མཚར་བཀོད་པའི་ཞིང་ཁམས་བདུན་དུ་མཚན་དཔེའི་དཀྱིལ་འཁོར་རྟག་གསལ་ཡང་། །ཆེར་སྙིགས་ལྔ་བདོའི་སྨག་རུམ་བཅིལ་ལ་ལྷག་པར་ཐུགས་རྗེ་ཆེན་པོའི་ཉི། །ཉེར་བསྐྱོད་རླུང་གི་ཤིང་རྟས་རབ་དྲངས་འགྲོ་བློའི་ནམ་མཁར་ཡོངས་ཤར་ལས། །ཕན་བདེའི་སྣང་བས་གཅིག་ཏུ་ཁྱབ་མཛད་བདེར་གཤེགས་མཆེད་བདུན་གཏན་གྱི་སྐྱབས། །གང་གི་ཁྱད་པར་སྨོན་ལམ་ཚངས་པའི་དབྱངས། །དཔལ་གྱི་མགྲིན་པའི་གཡས་འཁྱིལ་དུང་དཀར་སྒྲས། །བྱང་ཆེན་དེ་སྲིད་རྣ་བར་སྙན་པོའི་གཏམ། །སྦྱིན་མཛད་ཤཱཀྱ་སེང་གེས་འགྲོ་འདི་སྐྱོངས། །ཐུབ་གསུང་བརྒྱད་བརྒྱའི་འདབ་སྟོང་བཞད་ཚལ་ནས། །རྣམ་དཔྱོད་བུང་བས་སྙིང་པོའི་ཟེའུ་འབྲུའི་བཅུད། །ལེགས་ཕྱུང་མདོ་ཆོག་སྦྲང་རྩི་བདེ་སྐྱིད་ལུས། །བརྟས་བྱེད་མཁན་ཆེན་ཞི་འཚོ་ཕྱག་གི་ཡུལ། །འཇམ་དཔལ་སྒྱུ་དྲྭ་ལྷ་གཅིག་ཁྲི་སྲོང་རྗེ། །འབངས་བཅས་འདི་ཕྱི་གཏན་འདུན་འགྲུབ་ནུས་སྨན། །རྣམ་རྒྱལ་འཕྲེང་སྤེལ་མཁས་གྲུབ་རིམ་བརྒྱུད་པ། །བཤེས་གཉེན་དམ་པའི་ཚོགས་ལ་སྙིང་ནས་དད། །ཁྱད་པར་ཆོས་འདིའི་བདུད་རྩི་རོ་བདའ་བ། །བདག་བློའི་ཟ་མ་ཏོག་ཏུ་འཁྱིལ་མཛད་པའོ། །ཡོངས་འཛིན་རྣམ་གསུམ་བཀའ་དྲིན་བྱང་ཆུབ་བར། །གཞལ་བའི་སྙིང་སྟོབས་སྤོབས་པ་གཟེངས་སུ་མཐོ། །འཁོར་བ་མྱ་ངན་ཤུལ་རིང་དུབ་པའི་མགྲོན། །རིས་མེད་འགྲོ་ཀུན་མྱང་འདས་སིམ་པའི་གྲོང་། །འཁྲིད་པའི་ས་མཁན་བདེར་གཤེགས་བརྒྱད་མཆོད་སྒོ། །འབྱེད་པའི་ལྡེ་མིག་ཆོག་བསྒྲིབས་འདི་ཀོ་མཚར། །རྡུལ་བྲལ་སྟོན་ཟླ་ལྟར་དཀར་ལྷག་བསམ་གྱིས། །ལེགས་དྲངས་ཐོས་བསམ་ཡིད་བཞིན་དབང་གི་རྒྱལ། །དཔྱད་བཟོད་སྲི་ཞུར་བགྱིད་ལས་ཕན་དང་བདེའི། །འཛད་མེད་འདོད་དགུའི་ཆར་ཆེན་འདི་ན་འབེབས། །དེ་ཡང་འོ་སྐོལ་སྙིགས་མའི་འགྲོ་བ་རྣམས་ལ་ལྷག་པར་ཐུགས་རྗེ་ཆེ་བ་བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་བརྒྱད་ཀྱི་མཆོད་པའི་ཆོ་ག་འདི་ལ་ཡིད་ཆེས་ཤིང་ཁུངས་བཙུན་པའི་ལོ་རྒྱུས། དད་པ་བསྐྱེད་པར་བྱ་བའི་ཕྱིར་ཕན་ཡོན། མདོ་སྔགས་ཀྱི་ཁྱད་པར་དང་ལོག་རྟོག་གི་བསླད་ཞུགས་པ་རྣམས་ལ་དཔྱད་དེ་འཁྲུལ་པ་བསལ་བ། ཉམས་སུ་བླང་བྱའི་ཆོ་ག་དངོས་བཤད་པ་དང་བཞི་ལས། །དང་པོ་ལོ་རྒྱུས་ལ་མདོ་གསུངས་ཚུལ་དང་། བོད་དུ་དར་ཚུལ་གཉིས། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཡངས་པ་ཅན་གྱི་གྲོང་རོལ་མོའི་སྒྲ་ཅན་གྱི་ཤིང་ལྗོན་པའི་དྲུང་ན་འཁོར་དགེ་སློང་བརྒྱད་ཁྲི། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། བློ་གྲོས་ཆེན་པོ། བྱམས་པ། སྤོབས་པ་བརྩེགས་པ་ནས་ལག་ན་རྡོ་རྗེའི་བར་མཚན་སྨོས་པ་བཅུ་གཉིས་ལ་སོགས་པ་སུམ་ཁྲི་དྲུག་སྟོང་དང་། གཞན་ཡང་ཐེག་པ་ཆེན་པོ་ལ་ལྷག་པར་མོས་པའི་ལྷ་དང་ལྷ་མ་ཡིན་དང་དྲི་ཟ་དང་ཀླུ་ལ་སོགས་པ་གྲངས་མེད་པའི་ཚོགས་རྣམས་ལ་ཐོག་མ་དང་བར་དང་མཐའ་མར་དགེ་བའི་ཆོས་གསུངས་ཤིང་བཞུགས་པའི་ཚེ་འཕགས་པ་འཇམ་དཔལ་སྟན་ལས་ལངས་ཏེ་གཡས་ཕྱོགས་སུ་བསྐོར་བ་ལན་གསུམ་མཛད་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཞུས་པ། བཙུན་པ་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་ཞེས་སོགས་ཀྱིས་གསོལ་བའི་སྒོ་ནས། གང་ཐོས་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བའི་ཡོན་ཏན་དང་ལྡན་པའི་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའམ་ལག་ན་རྡོ་རྗེའི་དམ་བཅས་བའམ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་ཞིང་རེ་བ་ཐམས་ཅད་ཡོངས་སུ་སྐོང་བའམ། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ཀྱི་དམ་བཅས་པའི་མདོ་སྡེ་སྟེ་མཚན་གྱི་རྣམ་གྲངས་བཞི་དང་ལྡན་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཞུས་སོ། །བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་གྱིས་ནད་པ་དང་། འཆི་ཁ་མའི་དོན་ཇི་ལྟར་བགྱི་ཞེས་ཞུས་པ་དང་ནད་པའི་རིམ་གྲོ་བྱེད་ལུགས་ལ་སོགས་པ་གསུངས། ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པས་ཀྱང་དེ་བཞིན་གཤེགས་པ་བདུན་གྱི་མཚན་དང་མདོ་སྡེ་འཛིན་པ་དང་མཆོད་པའི་གང་ཟག་ལ་བསྲུང་སྐྱོབ་བྱེད་པར་ཁས་ཀྱིས་འཆེས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་གཡོག་བདུན་འབུམ་བདུན་འབུམ་དང་བཅས་པ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་བདུན་གྱི་མཚན་འཛིན་པ་དང་དེ་དག་ལ་མཆོད་པའི་གང་ཟག་དང་མདོ་སྡེ་རིན་པོ་ཆེ་འདི་གང་ན་བཞུགས་པའི་ས་ཕྱོགས་དེར་བསྲུང་སྐྱོབ་བྱེད་པར་ཁས་བླངས། དེ་ལྟར་བཅོམ་ལྡན་འདས་ཀྱིས་འཇམ་དཔལ། སྐྱབས་གྲོལ། ཀུན་དགའ་བོ་ལ་སོགས་པར་གསུངས་ཤིང་། ཕྱོགས་གང་དུ་གཏོགས་ན་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འཚང་རྒྱ་བའི་ཚུལ་བསྟན་པའི་ལོ་ཀུན་དགའ་བོ་འཁྲུངས། དེ་ནས་ལོ་བདུན་གྱི་བར་སྟོན་པའི་ཞལ་མ་མཇལ་བས་བདེན་བཞིའི་ཆོས་འཁོར་གྱི་ཁོངས་སུ་གཏོགས་པའི་དོགས་པ་མེད་ཅིང་འཁོར་ལོ་བར་པ་ལས་ཀྱང་འཕྱི་བའི་རྒྱུ་མཚན་སྤྱོད་ཕྱོགས་རྒྱ་ཆེན་པོ་གཙོ་བོར་སྟོན་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཡིན་པས་འཁོར་ལོ་ཐ་མར་གཏོགས་པར་མདོ་ལུགས་གཙོ་བོར་བྱེད་ན་ཁས་ལེན་དགོས་ཤིང་། སྔགས་ལུགས་སུ་བྱེད་ན་བྱ་རྒྱུད་ཀྱི་དེ་གཞིན་གཤེགས་པའི་རིགས་སུ་གཏོགས་སོ། །དེ་ཡང་ཀུན་དགའ་བོས་བཀའ་བསྡུས་པའི་མཐར་ཡི་གེར་བཏབ་བོ། །གཉིས་པ་བོད་དུ་དར་ཚུལ་ནི། འཕགས་པ་རིགས་གསུམ་མགོན་པོས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པ་ན་སྟོད་མངའ་རིས་ཀྱི་ཆ་གཡའ་རི་དང་གངས་རིས་བསྐོར་ཞིང་གླང་པོ་ཆེ་དང་རི་དྭགས་ཀྱི་ཡུལ། བར་དབུས་གཙང་བྲག་དང་སྤང་ལྗོངས་ཀྱིས་བསྐོར་ཞིང་རི་དྭགས་དང་སྤྲེའུའི་ཡུལ། སྨད་མདོ་ཁམས་རྩི་ཤིང་ནགས་ཚལ་གྱིས་བསྐོར་ཞིང་སྤྲེའུ་དང་བྲག་སྲིན་གྱི་ཡུལ་དུ་ཡོད་པ་ལ་འཕགས་པ་གསུམ་བཀའ་བགྲོས་ནས་ཐུགས་རྗེ་ཆེན་པོ་ཕྱག་ན་པདྨོ་དང་། འཕགས་མ་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་རིགས་དྲུག་ནས་འཕོས་པའི་ཕྲུ་གུ་དྲུག་བྱུང་བ་རྣམས་རིམ་གྱིས་འཕེལ་ཏེ་བོད་མིའི་རྒྱལ་ཁམས་སུ་གྱུར་པ་ལས། རུས་ཆེན་བཞིར་གྱེས་པའི་ཁམས་ཡེ་སང་དཀར་པོ་གནམ་གྱི་འཇུ་ཐག་ཅན་དང་གཅིག །ཡེ་སྨོན་ནག་མོ་ཁྲོ་ཆུའི་ཕ་བོང་འདྲ་བ་གཉིས། སྤྱད་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་རྣམས་སུ་དབྱེ་བ་བྱུང་ཞིང་། དེ་ལས་རྒྱལ་ཕྲན་སིལ་མ་མང་དུ་བྱུང་ཡང་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་མེད་ན་བསྟན་པ་མི་ཚུགས་པར་དགོངས་ཏེ་དེ་བཞིན་གཤེགས་པ་དང་དགུང་ཟླ་མཉམ་པའི་རྒྱལ་པོ་ཤར་བའི་བུ་ཐ་ཆུང་སོར་མོ་དྲྭ་བས་འབྲེལ་བ། མིག་མས་འགེབས་དང་གཡུའི་སྨིན་མ་ཅན། དུང་སོ་འཁོར་མར་ཡོད་པ་མི་ལས་འདས་པའི་མཚན་ལྟས་ཁྱད་པར་ཅན་བྱུང་བ་མཚན་མཁན་གྱིས་དཔྱོད་མ་ཤེས་པར་གའུར་བཅུག་སྟེ་གངྒཱའི་ཆུ་ལ་བསྐྱུར་བ་ཡང་ཟེར། ལུགས་གཅིག་ལ་ལྷ་འདྲེའི་སྤྲུལ་པར་དོགས་ནས་སྤྱུགས་པར་གྲགས་པ་གང་ལྟར་ནའང་སྐྱོ་བ་སྐྱེས་ཏེ་བྱང་ཕྱོགས་ཀྱི་ནགས་ཁྲོད་དུ་འཁྱམས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི་སྣང་བ་བསྒྱུར་ནས་ལྷ་རི་གྱང་མཐོའི་རྩེ་མོར་བྱོན་ཏེ་གཟིགས་པས་ཡར་ཀླུངས་ཡུལ་ཕུན་སུམ་ཚོགས་པར་མཁྱེན་ནས་བཙན་ཐང་སྒོ་བཞིར་ཕེབ་པ་ཕྱུགས་རྫིས་གཉའ་བར་ཁྲི་བཅས་ཏེ་སྤྱན་དྲངས་པ་གཉའ་ཁྲི་བཙན་པོ་ཡིན་ལ། དེ་ནས་རྒྱལ་རབས་ཉི་ཤུ་རྩ་ལྔར་ལྷ་འདྲེ་རང་གིས་བསླབས་པའི་སྣང་གཤེན་པས་ལྷ་མཆོད་བྱས་ནས་རིམ་གྲོ་སོགས་ཀྱིས་ཆབ་སྲིད་བོན་སྒྲུང་གིས་བསྐྱངས་པར་གྲགས། དེ་ནས་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་ཕོ་བྲང་ཡུམ་བུ་གླ་སྒང་དུ་མདོ་སྡེ་ཟ་མ་ཏོག །སྤང་སྐོང་ཕྱག་རྒྱ་པ། གཙུག་ཏོར་དྲི་མེད། གསེར་གྱི་མཆོད་སྡོང་རྣམས་བབས་པས་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་རྒྱལ་པོ་འདི་སངས་རྒྱས་སྨན་གྱི་བླའི་སྤྲུལ་པ་ཡིན་པར་ཡང་གྲགས། དེ་ནས་རྒྱལ་རབས་ལྔ་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་མི་རྗེ་སྲོང་བཙན་སྒམ་པོས་སྒྲོལ་མ་དང་ཁྲོ་གཉེར་ཅན་གྱི་རྣམ་འཕྲུལ་ཀོང་ཇོ་དང་ཁྲི་བཙུན་ཁབ་ཏུ་བཞེས་ཏེ་ཇོ་བོ་རྣམས་གཉིས་སྤྱན་དྲངས། འཕྲུལ་སྣང་དང་ར་མོ་ཆེས་གཙོས་པའི་རྟེན་བརྟེན་པ་མང་དུ་བཞེངས། པཎྜི་ཏ་ཤཱཀྱ་སང་ཧས་མཚོན་པའི་རེ་ཟུང་གདན་དྲངས་ཤིང་། ཐུ་མིས་བོད་ལ་ཡི་གེ་མེད་པ་གསར་དུ་བཟོས། དེ་དག་ལ་ཉེ་བར་མཁོ་བ་སུམ་རྟགས་སོགས་བསྟན་བཅོས་བརྒྱད་མཛད། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར། རབ་བྱུང་གི་སྡེ་མ་ཚུགས་ཀྱང་འབངས་རྣམས་དགེ་བ་བཅུའི་ཁྲིམས་ལ་བཀོད་དེ་བསྟན་པའི་སྲོལ་བཏོད། དེ་ནས་རྒྱལ་རབས་ལྔ་ན་འཇམ་དཔལ་གྱི་སྤྲུལ་པ་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྦ་གསལ་སྣང་སྤྱན་འདྲེན་གྱི་ཕོ་ཉར་བརྫངས་པས། ཟ་ཧོར་གྱི་ཡུལ་དུ་འཁྲུངས་ཞིང་ཐམས་ཅད་ཡོད་པར་སྨྲ་བའི་གྲུབ་མཐའ་འཛིན་པ་པཎ་ཆེན་ཞི་བ་འཚོ་ཞེས་བྱ་བ་ཐུགས་དམ་གྱི་ལྷ་འཇམ་དཔལ་དང་འབྲལ་མེད་དུ་འགྲོགས་ཤིང་ཞལ་གཟིགས་པ། རིག་པའི་གནས་ལྔ་ལ་མཁས་པ། སྐུ་ཚེ་ལ་མངའ་བརྙེས་པས་དགུང་ལོ་དགུ་བརྒྱ་ལྷག་བཅས་བཞེས་པ། རྫུ་འཕྲུལ་གྱི་བཻ་ཌཱུརྱའི་ཞིང་དུ་བྱོན་པའི་མངོན་ཤེས་ཅན་དེ་གསོལ་བ་བཏབ་པ་བཞིན་ཕེབས། དགེ་བཅུ་དང་ཁམས་བཅོ་བརྒྱད་ལས་བརྩམས་པའི་ཆོས་གསུངས་ཀྱང་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ཁྲོས་ཏེ་མི་ཤིས་པ་མང་དུ་བྱུང་བས་ཞི་འཚོས་ལུང་བསྟན་པ་བཞིན་འཛམ་བུ་གླིང་ན་ཆེ་བའི་སྔགས་མཁན་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་གདན་དྲངས། ལྷ་སྲིན་དམ་ལ་བཏགས་ཤིང་ས་གཞི་བཏུལ་བས་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེད་པ་བཞིན་བསྒྲུབས་ནས་ཆོས་བྱེད་པ་ལ་བར་ཆད་མེད་པར་བརྟེན། མཁན་པོས་སད་མི་མི་བདུན་སོགས་ཤེས་རབ་ཅན་སུམ་བརྒྱ་རབ་ཏུ་བྱུང་བའི་མཁན་པོ་མཛད་པས་མཁན་ཆེན་དང་བྱང་ཆུབ་ཀྱི་ཐུགས་ལྷག་པར་འབྱོངས་པས་བོ་དྷི་སཏྭར་གྲགས། འདིའི་རྒྱལ་པོའི་སྐུ་རིམ་ལ་གཙུག་ཏོར་དྲི་མེད་ཀྱི་གཟུགས་ཆོ་ག་དང་སྨན་བླའི་མདོ་ཆོག་གཉིས་མཛད་པའི་ཆོ་ག་འདི་ཉིད་ཤིན་ཏུ་རྒྱས་པའི་སྡེ་སྣོད་མདོ་བརྒྱད་བརྒྱ་པ་ལས་སྔོན་འགྲོ་བཤམ་ཞིང་བསྒོམ་པ་ལ་འགལ་རྐྱེན་སེལ་བ་ཕྱི་ནང་གི་ཁྲུས་དང་མཐུན་རྐྱེན་བསྒྲུབ་པ་དཀྱིལ་འཁོར། མཆོད་པ། ལྷ་བསྒོམ་ཞིང་སྤྱན་དྲངས་པ། དངོས་གཞིའི་སྐབས་མདོར་བསྟན་སྤྱིའི་ཕྱག །རྒྱས་བཤད་སོ་སོའི་ཕྱག་མཆོད་སྨོན་ལམ། མཇུག་ཆོག་གཏང་རག་གི་ཕྱག་སོགས་སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་བསྡུས་ཏེ་ལག་ལེན་ཁྲིགས་ཆགས་སུ་མཛད་པ་འདི་ཉིད་ཀྱི་རྫས་དང་ཡོ་བྱད་བཤད་ཚོད་བཞིན་དུ་རྒྱལ་པོས་བསྒྲུབས་ཏེ་ཚེས་བརྒྱད་བྱུང་རེས་ཀྱི་མ་ཆག་པར་གནང་། སྨན་བླའི་ཏིང་ངེ་འཛིན་གྱི་ཡེ་ཤེས་པ་གདན་དྲངས་ནས་བསམ་ཡས་དབུ་རྩེའི་ལྷ་ཚོགས་རྣམས་རབ་ཏུ་གནས། ཆོ་ག་འདི་མ་ཆག་པའི་མཐུས་རྒྱལ་པོ་སྐུ་ཚེ་རིང་། མངའ་ཐང་མཐོ་ཞིང་འཇམ། བོད་དང་བོད་ཆེན་པོའི་རྒྱལ་ཁམས་དར་ཞིང་ལོ་ཆུ་ལེགས། མི་ཕྱུགས་ལ་ནད་མེད་ཅིང་དམ་པའི་ཆོས་དར་ཞིང་རྒྱས། དེའི་དུས་ན་བོད་ཀྱི་བདེ་སྐྱིད་སུམ་ཅུ་རྩ་གསུམ་གྱི་ལྷ་དང་མཉམ་ཟེར། རྒྱལ་པོས་མདོ་དང་ཆོ་ག་ཆ་ལག་དང་བཅས་པ་དངུལ་ཤོག་ལ་ཛམྦུ་ཆུ་བོའི་གསེར་དང་བཻཌཱུརྻ་སྤེལ་མས་བྲིས་ཏེ་དངུལ་གྱི་སྒྲོམ་བུ་ལ་རིན་པོ་ཆེ་དུ་མས་སྤྲས་པའི་ནང་དུ་དར་སྣ་ཚོགས་པའི་ན་བཟའ་མང་དུ་གསོལ་ནས་བཅུགས་ཏེ་མཆོད་པ་རྒྱ་ཆེན་པོ་མ་ཆག་པར་ཕུལ། སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་ཡོན་མཆོད་གཉིས་ཀྱིས་སྨོན་ལམ་གཅིག་ཏུ་བཏབ་པ་རང་ཅག་ཁ་བ་ཅན་པ་རྣམས་ཀྱི་བསོད་ནམས་ཀྱི་དཔལ་དུ་སྨིན་པར་མངོན། ཡབ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རིགས་ཀྱི་སྲས་ཆུང་བ་མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན་ལ་གནང་། དེས་ཀྱང་ཡབ་ཀྱི་མཛད་པ་ལྟར་སྨན་བླའི་མཆོད་པ་བཟུང་བས་ནུབ་ཅིག་བཻཌཱུར་སྣང་བའི་ཞིང་ཁམས་མཐོང་ཞེས་ཞུས་པས་ཇི་ལྟར་བྱུང་གསུང་བར་རྒྱུ་མཚན་རྣམས་གསོལ་པ་ན་ཡབ་དགྱེས་ནས་ཤིན་ཏུ་མད་པར་འདུག །སྨན་བླའི་ཞིང་ཁམས་སུ་སྐྱེ་བར་ངེས་པས་ཕྱིན་ཆད་ཀྱང་མཆོད་པ་ལ་བརྩོན་པར་གྱིས་གསུངས། འདིས་སྐར་མའི་ཚད་ལ་བརྟེན་ནས་བརྩིགས་པས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་དུ་གྲགས་པ་བཞེངས། དེས་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཁྲི་ལྡེ་གཙུག་བརྟན་ནམ་རལ་པ་ཙན་ལ་གནང་། འུ་ཤང་རྡོའི་ལྷ་ཁང་བཞེངས་ཤིང་མཆོད་གནས་སྡེ་གཉིས་ལ་བསྙེན་བཀུར་དང་ཆོས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་མདོའི་མཆོད་པ་ལ་བརྩོན་པར་མཛད། དེས་ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་གནང་། དེ་ཡང་གླང་དར་གྱིས་བསྟན་པ་བསྣུབས་ནས་ནུབ་པར་ཉེ་བའི་ཚེ། སྲས་མངའ་བདག་འོད་སྲུངས་ཆུང་ངུའི་དུས་སུ་ཡབ་མེས་ཀྱི་ཐུགས་དམ་དངུལ་གྱི་གའུའི་ནང་ན་འདུག་པ་གཟིགས་པས་དད་ནས་ཡུམ་ལ་འདི་ཅི་ཡིན་དྲིས་པས་འདི་གོང་མ་རྣམས་ཀྱི་ཐུགས་དམ་ཡིན། རྒྱལ་བུ་རང་གི་ཡབ་ཆོས་ལ་གནག་པས་ཚེ་ཐུང་བདེ་སྐྱིད་མ་བྱུང་ཟེར། ད་འདི་སུས་ཤེས་བྱས་པས་ལྷ་ལུང་དཔལ་གྱི་རྡོ་རྗེས་ཤེས་ཟེར། ཁོང་ལ་ཞུ་དགོས་བྱས་པས། མ་ན་རེ་རིགས་ངན་ཟེར། རྒྱལ་བུའི་ཞལ་ནས་རིགས་མི་གཙོ་ཆོས་གཙོ་གསུངས་ཏེ་སློབ་དཔོན་བདེ་བའི་རྡོ་རྗེ་སྤྱན་འདྲེན་དུ་བཏང་ནས་ཕོ་བྲང་དུ་འདིའི་མཆོད་པ་ཞུས་པས་ནམ་མཁའ་ནས་མེ་ཏོག་གི་ཆར་དང་རོལ་མོའི་སྒྲས་མཆོད་པ་རྒྱལ་བུས་གཟིགས་པས་ངོ་མཚར་སྐྱེས། ད་སྨན་བླའི་ཐུགས་ཀྱིས་འཛིན་པར་འདུག །གང་སྨོས་པའང་འགྲུབ་གསུངས་ནས་ཚེས་བརྒྱད་བྱུང་རེས་ཀྱི་སྨན་བླའི་མཆོད་པ་མ་ཆག་པར་མཛད། མྱ་ངན་ལས་འདས་ནས་དབུ་ཐོད་ལ་སྨན་རྒྱལ་གྱི་སྐུ་གསལ་བར་བྱོན། འདི་ཡན་ལ་བརྒྱུད་པ་སྔ་དར་དང་མན་ལ་ཕྱི་དར་ཞེས་གྲགས། དེས་སྲས་མངའ་བདག་དཔའ་འཁོར་བཙན་ལ་གནང་བར་ཡབ་མེས་ཀྱི་ལུགས་བཞིན་མཆོད་པ་གནང་བས་གྲོངས་པའི་ཚེ་ལྗགས་ལ་སྨན་བླ་གཙོ་འཁོར་གསུམ་དང་རིང་བསྲེལ་མང་དུ་བྱོན། དེས་སྲས་སྐྱིད་ལྡེ་ཉི་མ་མགོན་ལ་གནང་། ཁོང་མངའ་རིས་སྟོད་དུ་སྤྱུགས་པའི་ཚེ་ཡབ་མེས་ཀྱི་ཐུགས་དམ་ཁྱེར་ནས་མཆོད་པར་སྐུ་ཚེ་དང་མངའ་ཐང་འཕེལ། ཡུལ་ཁམས་རྣམས་བདེ་བར་གྱུར། དེས་སྲས་བཀྲ་ཤིས་ལྡེ་ལ་གནང་། དེས་ཚེས་བརྒྱད་ལ་མ་ཆག་པ་དང་ཆོ་འཕྲུལ་ཟླ་བ་ལ་ནར་མར་མཛད་པ་ལན་ཅིག་སྐུ་ཁམས་མ་བདེ་བས་རིམ་གྲོ་ལ་སྨན་བླའི་མཆོད་པ་དང་གཟུངས་བཟླས་པའི་ཆུས་ཁྲུས་བྱས་ནས་གཟིམས་པས་མནལ་ལམ་དུ་མི་དཀར་པོ་ཞིག་གིས་ཁྱོད་ཀྱི་འདི་ལས་ནད་ཡིན་པས། སྨན་གྱི་ཆོད་པ་འདི་བརྒྱ་རྩ་བརྒྱད་དུ་ཡི་དམ་དུ་གྱིས་གསུངས། དེ་ཙམ་འབྱོར་བའི་ཆ་རྐྱེན་མེད་བྱས་པས་ཁྱོད་རང་གི་ཁང་པའི་ཕྱོགས་ནས་འདོམ་གསུམ་ཤར་དུ་གཞལ་བའི་ས་ན་གསེར་ཕྱེ་བྲེ་གསུམ་ཡོད། དེ་ཐོན་ལ་མཆོད་པ་གྱིས་གསུངས་པར་མནལ་སད་པ་དང་ཐུགས་བདེ་བར་བྱུང་། མི་དཀར་པོ་དེ་བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་ཡིན་པར་འདུག །གསེར་ཕྱེ་བཏོན་ཏེ་མཆོད་པ་བྱས་པས་སྙུན་བདེ་ཞིང་སྐྱེ་བ་སྔ་ཕྱི་ཤེས་པའི་མངོན་ཤེས་ཤར་རོ། །དེས་སྲས་ཁོ་རེ་ལ་གནང་། དེ་ལ་དེ་ཝ་རཱ་ཛ་དང་། ནཱ་ཱག་རཱ་ཛར་གྲགས་པའི་སྲས་གཉིས་བྱུང་བ་བྱང་སེམས་ཉི་སྣང་དང་ཟླ་སྣང་གི་སྤྲུལ་པར་གྲགས། ཡབ་སྲས་གསུམ་ཀ་རབ་ཏུ་བྱུང་བའི་ཡབ་ཀྱི་མཚན་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། དགེ་འདུན་མང་པོ་བསྡུས་ཏེ་ཉན་བཤད་སྒོམ་གསུམ་བཙུག །བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་མཛད་ཅིང་སྨན་བླའི་མཆོད་པ་མདོ་ནས་བཤད་ཚོད་དང་མཐུན་པར་ཆོ་འཕྲུལ་དང་ཚེས་བརྒྱད་ལ་མ་ཆག་པ་དང་། རྒྱུན་གྱི་ཐུགས་དམ་གྱི་གཙོ་བོར་མཛད། སྐུ་གཤེགས་པའི་དུས་སྤུར་སྦྱངས་པས་ཉིན་ཞགས་བདུན་དུ་འཇའ་འོད་དང་མེ་ཏོག་གི་ཆར་བབས། ཐུགས་ཀྱི་དཀྱིལ་ནས་སྨན་བླ་ཚོན་གང་བ་ཞིག་བྱོན། ནམ་མཁའ་ལ་རོལ་མོའི་སྒྲ་དང་བཅས་ནས་བཻ་ཌཱུརྻའི་ཞིང་ཁམས་བཞུད་པ་མཐོང་བར་གྲགས་ཤིང་ལོ་རྒྱུས་ལ་ལར་ཆོས་ཀྱི་དོན་དུ་གསེར་སློང་བར་བྱོན་པས་གར་ལོག་གིས་བཙོན་དུ་བཟུང་བ་དང་འགའ་ཞིག་གཡུལ་སྤྲད་ནས་ཤོར་བ་སོགས་མི་མཐུན་པ་མང་ཞིང་བཙོན་ནང་དུ་གཤེགས་པར་མཐུན་པས་མྱ་ངན་འདས་ཁའི་ལྟས་སོགས་ཀྱི་ལོ་རྒྱུས་ཆོས་འབྱུང་ཕལ་ཆེར་ན་མི་གསལ་ཡང་གདུང་བདག་མེད་དུ་བསྐྱུར་བར་གཞན་གྱིས་ཞབས་ཏོག་འདྲ་བྱུང་ངམ་སྙམ། དེས་གཅུང་གི་སྲས་མངའ་བདག་ལྷ་ལྡེ་ལ་གནང་། དེས་སྲས་མངའ་བདག་འོད་ལྡེ་ལ་གནང་། དེས་སྲས་རྩེ་ལྡེ་ལ་གནང་། ལྷ་ལུང་དཔལ་རྡོར་མ་གཏོགས་འདི་ཡན་ཆད་བོད་ཆོས་རྒྱལ་གྱི་གདུང་ཤ་སྟག་ཡིན། མངའ་རིས་གནར་པ་དགྲ་བཅོམ་བྱང་ཆུབ་ཚུལ་ཁྲིམས་ཞེས་སྡེ་སྣོད་གསུམ་ལ་བློ་སྦྱངས་པ་དེས་མངའ་བདག་རྩེ་ལྡེ་ལ་སྨན་བླའི་མཆོད་ཆོག་ཞུས་ནས་ཐུགས་དམ་དུ་མཛད། རང་གཞན་ཐམས་ཅད་ལ་ཕན་འདིས་ཐོགས། དུས་ལན་ཅིག་ཙ་ན་ཡོན་བདག་གཅིག་གིས་གདན་དྲངས་ནས་ང་ལ་ཆ་རྐྱེན་ཡོད་པ་ལ་བུ་གཅིག་ཀྱང་མེད། སྨན་བླའི་མཆོད་པ་ཞིག་ཞུ་ཟེར་མཆོད་པ་བྱས་ཏེ་ཁྱོད་ལ་བུ་བདུན་ཡོང་བར་ཡོད་པས་བཞི་ངའི་བཙུན་པ་བྱེད་གསུངས་པ་བཞིན་བྱུང་སྟེ་བུ་བཞི་ཕུལ་བ་རབ་ཏུ་བྱུང་ཞིང་ཕྱིས་དགེ་བའི་བཤེས་གཉེན་བཟང་པོ་རེ་བྱུང་སྐད། མངའ་རིས་དགྲ་བཅོམ་པ་དགུང་ལོ་བརྒྱད་ཅུའི་ཐོག་གྲོངས་པའི་ཚེ་སྨན་བླ་མཆེད་བདུན་དབུ་ཐོད་ལ་བྱོན། འདི་སྤ་གྲོའི་སྤ་གོར་བྲག་ནག་ཏུ་བཞུགས་པས་དགེ་བཤེས་བྲག་ནག་པར་གྲགས། དེ་གཙང་གི་ལྷན་དུང་ལྷར་བྱོན། རུས་པ་ཞུ་ཡིན་པས་ཞུ་ལྷན་པ་ཤེས་རབ་གྲགས་བྱ་བར་གནང་། འདིས་སྨན་བླའི་ཆོ་ག་མཛད་པས་བདེ་གཤེགས་འཁོར་བཅས་མངོན་སུམ་དུ་སྤྱན་འདྲོངས་པ་ཕོ་རོག་པ་མདོ་སྡེ་མགོན་གྱིས་བྲག་སྔོན་ཕུག་པ་ནས་གཟིགས་པར་གྲགས། གསེར་བཟང་དྲི་མེད་ཀྱི་ཞིང་ཁམས་མཇལ། ཚ་བོ་ཞིག་བཙོན་དུ་ཤོར་བ་སྨན་བླར་གསོལ་བ་བཏབ་པས་ཐོན། དེས་ར་ས་ཆུ་ལྷང་པ་དར་མ་རྒྱལ་མཚན་ལ་གནང་། སྐྲན་གྱི་ནད་བདུན་ཞུགས་པ་སྨན་བླར་གསོལ་བ་བཏབ་པས་ཞི། གྲོངས་པའི་ཚེ་དུང་གཡས་འཁྱིལ་དང་རིང་བསྲེལ་མང་དུ་བྱོན། དེས་སྣར་ཐང་གྲོ་མོ་ཚར་མཚན་ཐོགས་པ་མཚན་དངོས་གྲོ་སྟོན་བདུད་རྩི་གྲགས་ལ་གནང་། ཕ་མའི་དོན་དུ་མདོ་ཆོག་མང་དུ་མཛད་པས་སྨན་བླའི་ཞིང་ཁམས་ཡང་ཡང་གཟིགས་ཤིང་ཡབ་ཡུམ་གཉིས་ཞིང་ཁམས་དེར་སྐྱེ་བའི་མཚན་མ་རྙེད། གར་བཞུགས་ཀྱང་སྨན་བླའི་ཞིང་ཁམས་ཡིད་ལ་འོང་གསུང་། ལྷ་སྒོམ་ཞིག་པོ་བྱ་བར་མཛེ་བྱུང་བས་གཡུ་དྲུག་དམར་བརྒྱ་རི་མ་ཞིག་ཕུལ་ནས་ནད་གསོ་བར་ཞུས་པས་སྨན་བླའི་ལྷ་བཤོས་བྱིན། སྨན་གྱི་གཟུངས་ཆུས་བཀྲུས་པས་ལོ་གཅིག་ན་མཛེ་གསོས། དད་པ་ཐུན་མོང་མ་ཡིན་པ་ཐོབ། ཆ་རྐྱེན་ཐམས་ཅད་སྨན་བླའི་ཐེབས་སུ་ཕུལ་ཞིང་ཤི་ཙ་ན་འཇའ་དང་རིང་བསྲེལ་དུ་སོང་། གྲོ་མོ་ཆེ་བས་མཆོག་ཟུང་ལྟ་བུའི་སྲས་གཉིས་སུ་གྲགས་པའི་སངས་རྒྱས་སྒོམ་པ་སེང་གེ་སྐྱབས་ལ་གནང་། མྱ་ངན་ལས་འདའ་དུས་སྨན་བླའི་ཞིང་ཁམས་སུ་འགྲོ་གསུང་། གཤེགས་པའི་ཚེ་ཉིན་ཞག་བདུན་དུ་མེ་ཏོག་གི་ཆར་བབས་ཤིང་དབུ་ཐོད་ལ་སྨན་བླ་བྱོན། དེས་མཆིམས་ནམ་མཁའ་གྲགས་ལ་གནང་། ཐུགས་དམ་གྱི་གཙོ་བོ་སྨན་བླར་མཛད་པས་ཐུགས་ཡིད་ཆེས་པ་ཤ་སྟག་བྱུང་། དེས་བཤེས་གཉེན་ཆེན་པོ་བསོད་ནམས་ཡེ་ཤེས་ལ་གནང་། བླ་མ་འདི་གཉིས་བརྒྱུད་ཡིག་གཞན་ནས་མ་རྙེད་ཀྱང་སྟག་ཚང་བའི་ཉམས་ལེན་བདེ་འཇུག་ནས་བྱུང་། དེས་ཚོགས་ཆོས་ལུང་མཁན་ཆེན་ཞིང་སྟོད་བསོད་ནམས་གྲགས་པ་ལ་གནང་། འདི་ཉིད་ཀྱི་ཐུགས་ལ་བྱང་ཆུབ་ཀྱི་སེམས་རྩོལ་མེད་དུ་འཁྲུངས་པ་སོགས་རྣམ་ཐར་འགངས་ཆེ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་བསྙེན་རྫོགས་ཀྱི་སྡོམ་པའང་འདི་ལ་བཞེས། ཡང་ན་སངས་རྒྱས་སྒོམ་པ་ནས། གཉགས་སྙིང་པོ་རྒྱ་མཚན། དེས་སྤྲུ་ལུང་པ་ཀུན་དགའ་སྨོན་ལམ། དེས་སྤང་ཁང་གྲགས་པ་དཔལ། དེལ་མཁན་ཆེན་བསོད་ནམས་གྲགས་པས་གསན། དེ་ནས་རིམ་པ་བཞིན་མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་འཇམ་དབྱངས་རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ཚུལ་ཁྲིམས་དཔའ་འབྱོར། ཆོས་ལུང་ཤར་གླིང་པ་འཁྲུལ་ཞིག་ཀུན་བཟང་མཐུ་སྟོབས་དཔའ་འབར། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིགས་ཀུན་བདག་པོ་མགོན་པོ་བསོད་ནམས་མཆོག་ལྡན། ཞ་ལུ་མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། དེ་ལ་བདག་གིས་མདོ་ཆོག་གི་ལུང་ནོས། ཡང་ན་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་ནས། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། མཁས་གྲུབ་ཆེན་པོ་བློ་མཆོག་རྡོ་རྗེ། དེ་ལ་བདག་གིས་ཞུས། གཞན་ཡང་ཞི་བ་འཚོ་ནས། བོ་དྷི་སཏྭ་ཆུང་བ། རྒྱལ་པོ་དགེ་བའི་དཔལ། ཇོ་བོ་ཆེན་པོ་ཨ་ཏི་ཤ །ལྷ་བཙུན་བྱང་ཆུབ་འོད། ཏི་སི་བ་ཆེན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། ཀོང་པོ་ལོ་ཙཱ་བ། དགྲ་བཅོམ་པ་རྒྱལ་མཚན། གྱ་བ་དབང་མཛེས། གྱ་བ་དཔལ་མཛེས། ཡོན་ཏན་དབང་ཕྱུག །ཤངས་པ་འདུལ་འཛིན། མཁན་ཆེན་བསོད་ནམས་གྲགས་པའི་བར་དུ་བརྒྱུད་པའང་སྣང་། མངའ་བདག་རྩེ་ལྡེ་ཡན་གྱི་བརྒྱུད་པ་རྣམས་ལ་ཀུན་མཁྱེན་བུ་སྟོན་གྱི་བཞེད་པར་འདི་དང་མི་མཐུན་ཙམ་འདུག་པ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ལ་འཁྲུལ་པ་ཅི་ལ་མངའ་ནའང་གང་ལ་གོམས་པ་གཙོ་ཆེའམ་སྙམ་སྣར་ཐང་པའི་བཞེད་བཞིན་བཀོད་ལ། གནར་བ་མན་གྱི་བརྒྱུད་པ་ཕྱི་མ་ལ་ཡིག་རྙིང་འདྲ་དང་གསན་ཡིག་ལ་ལར་མཐུན་མི་མཐུན་ཅི་རིགས་སྣང་བ་ཡིག་སྐྱོན་ཤོར་བ་ཡིན་ནམ་ཐེ་ཚོམ་གྱི་གཞིར་འདུག་པས་ཐམས་ཅད་མཁྱེན་པ་སྟག་ཚང་བ་དང་ཀུན་མཁྱེན་མཁྱེན་བརྩེའི་གསན་ཡིག་ལ་ཡིད་བརྟན་དུ་བཟུང་ངོ་། །བྱ་རྒྱུད་དང་འབྲེལ་བའི་སྨན་བླ་སྤྲུལ་སྐུའི་རྗེས་གནང་ནི་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་ནས། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེ་ལ་བདག་གིས་ནོས། སྟག་ཚང་ལོ་ཙཱ་བས་ལོངས་སྐུའི་རྗེས་གནང་དུ་གྲགས་པ་རིག་པའི་དབང་ལྔ་ཙམ་ལ་རིགས་ལྔའི་སྡོམ་བཟུང་བྱེད་པའི་ཕྱག་སྲོལ་ཞིག་འདུག་པ་ནི་མ་དག་པར་ངེས་པས་བདག་གིས་མ་ཞུས་གསུངས་པ་དང་། ངོར་པ་རྡོ་རྗེ་འཆང་གིས་སྨན་བླ་ལོངས་སྐུའི་རྗེས་གནང་ཟེར་ནས་དབང་བཞི་མདོར་བསྡུས་ཤིག་སྦྱོར་བ་བླུན་པོ་རྣམས་ཀྱིས་རང་བཟོས་ཡི ན་ཚུལ་གསུངས་པ་མེད་པར་སྣང་མོད། སྨན་བླ་ལྷ་ང་གཅིག་གི་དཀྱིལ་འཁོར་དུ་བྱ་རྒྱུད་ལུགས་ཀྱི་ཆུ་ཅོད་པན་ལ་བརྟེན་པའི་དབང་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ནས། ཟུར་ཆེན་ཀུན་མཁྱེན་ཆེན་པོ་ལས་བརྒྱུད་པ་བདག་གིས་ཐོབ་པ་ནི་རྒྱུད་སྡེ་དང་མཐུན་ནམ་སྙམ་མོ། །གཉིས་པ་དད་པ་བསྐྱེད་ཕྱིར་ཕན་ཡོན་ནི། ཇི་སྐད་དུ། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་མོ་ཇི་བཞིན་ནོ། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས་པ་ལྟར་དད་པ་ལ་དཀོན་མཆོག་གི་ཡོན་ཏན་ལ་དད་པ། ལས་འབྲས་ལ་ཡིད་ཆེས་པའི་དད་པ། བདེན་བཞིའི་བླང་དོར་ལ་བྱེད་འདོད་པའི་དད་པ་གསུམ་ལས། དང་པོ་ཉིད་ལ་ཡིད་ཆེས་བསྐྱེད་དགོས་པ་ནི། ལུང་ཕྲན་ཚེགས་ལས། ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྷུང་ཡང་སྲིད། །ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་སྐམ་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་པ་མིན། །ཞེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྫུན་གསུང་པ་ནི་ནམ་ཡང་མེད་ལ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པ་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པ་ལས་གང་དག་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་མེ་ཏོག་དང་སྤོས་དང་དྲི་དང་འཕྲེང་བ་དང་བྱུག་པ་དང་ན་བཟའ་དང་རྒྱན་རྣམས་ཀྱི་མཆོད་པས་མཆོད་པ་ལྟ་སྨོན་ཀྱང་ཅི་དགོས། ལྷའི་བུ་དག །གང་སེམས་ཅན་ལ་ལས་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་སྟོང་ངམ་བསྐལ་པ་བྱེ་བ་ལོན་ཀྱང་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་མཚན་ནས་ལན་བདུན་བརྗོད་ནས་ནམ་མཁའ་ལ་མེ་ཏོག་གཏོར་ན་དེ་དག་ཐམས་ཅད་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ། །མེ་ཏོག་ནམ་མཁའ་ལ་གཏོར་བ་ལྟ་ཞོག་གི། གང་དག་དད་པས་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པ་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་དེ་བཞིན་གཤེགས་པའི་ཆོ་འཕྲུལ་བསླབ་པ་གཅིག་ཙམ་འཛིན་ནམ། ཉིན་གཅིག་གམ་མཚན་གཅིག་གམ། ཡུད་ཙམ་ཞིག་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིད་ལ་བྱེད་པར་བརྩོན་ན་དེ་སྡུག་བསྔལ་མཐར་བྱས་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་དང་། ལུང་གཞི་ལས། མཁས་པ་གང་ཞིག་རབ་ཏུ་སེམས་དད་པས། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །ཛམྦུའི་ཆུ་བོའི་གསེར་གྱི་སྲང་ཚོད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཁམས་གསུམ་དག་ན་བདེ་ཞིང་སྐྱིད་པ། །ཐམས་ཅད་དཀོན་ཅོག་མཆོད་ལས་བྱུང་བས། །དེས་ན་བདེ་ཞིང་སྐྱིད་པ་འདོད་པས་དཀོན་ཅོག་གསུམ་པོ་མཆོད་ལ་བརྩོན་བྱ། །ཞེས་དཀོན་མཆོག་གསུམ་པོ་དངོས་དང་དེའི་རྟེན་ལ་མཆོད་པའི་ཕན་ཡོན་མཐའ་ཀླས་པ་དེ་བཞིན་གསུངས་པར་མ་ཟད་རང་རྒྱལ་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱ་ལ་ལོ་མང་དུ་བསྙེན་བཀུར་བྱས་པ་བས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དད་པའི་སེམས་ཀྱིས་ཡུད་ཙམ་ཞིག་མིག་གིས་བལྟས་པ་བསོད་ནམས་ཆེ་བར་གསུངས་ཤིང་། བྲམ་ཟེ་ཞིག་གིས་ལམ་ཁར་དེ་བཞིན་གཤེགས་པ་ལ་ཚིགས་བཅད་གཅིག་གིས་བསྟོད་པས་བསྐལ་པ་ཆེན་པོ་ཉི་ཤུའི་བར་དུ་ངན་སོང་གི་སྒོ་ཁེགས་པར་གསུངས། དེ་ཡང་སངས་རྒྱས་བཞུགས་པའི་དུས་ལས་ཀྱང་འདས་རྗེས་རིང་བསྲེལ། གསུང་རབ། དེ་འཛིན་པའི་ཆོས་སྨྲ་བ་ལ་མཆོད་པ་ཕན་ཡོན་ཆེ་ཞིང་ཁྱད་པར་ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེ་འཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགགས་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་དེ་ནི་དེ་བས་ཁྱད་པར་འཕགས། །ཞེས་དངོས་སུ་བསླབ་པ་ལ་སྦྱར་ནའང་དབྱིབས་མཚུངས་པས་དམ་པའི་ཆོས་འཇིག་པར་ཉེ་བ་ན་ལྷ་བཤོས་སོགས་ཀྱི་མཆོད་པ་ཕུལ་བ་བསོད་ནམས་ཆེ་ཞིང་དེ་ལས་བཀུར་སྟིའི་ཕྱག་འཚལ་དང་བསྟོད་པ། དེ་ལས་རྟེན་གསར་དུ་བཞེངས་ཤིང་རྙིང་པ་གསོ་བ། དེ་བས་ཀྱང་ཐོས་བསམ་སྒོམ་གསུམ་སྒྲུབ་པའི་མཆོད་པ་ལྷག་པའི་རྒྱུ་མཚན་ལ་ངེས་པ་དྲང་དགོས་ཤིང་བྱེ་བྲག་ཆོས་འདི་པའི་ཕན་ཡོན་མཉམ་མེད་ཇོ་བོ་ཆེན་པོ་དཱི་པཾ་ཀཱ་རས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཞིང་ཁམས་རེ་ལ་བསྟོད་པ་རེ་མཛད་སྐབས་བདེ་གཤེགས་གཞན་བདུན་ལ་མཚན་གྱི་མེ་ཏོག་སོགས་དང་སྨན་བླར། མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །ཞེས་སོགས་མཛད་ལ། མདོ་ཆོག་ཆུང་བར་གྲགས་པ་ལ་དྲུང་པ་གྲགས་དོན་པས་མཆན་བུ་ཞིག་བཏབ་པའི་མཇུག་ན་མཚན་གྱི་མེ་ཏོག་མཁན་པོས་མཛད་པའི་ཁ་བྱང་འདུག་པ་ཡི་གེ་མ་དག་པ་ཞིག་ལ་ཡིད་བརྟན་དུ་བཟུང་བ་འདྲ། ཐམས་ཅད་མཁྱེན་པ་སྟག་ཚང་ལོ་ཙཱ་བ་སོགས་མཁས་པའི་གསུང་ལ་ཇོ་བོས་གནང་བར་བཤད་ལ། མཚན་ཙམ་ཐོས་པས་ངན་སོང་གི་འཇིགས་པ་ལས་སྐྱོབ་ཅིང་གལ་ཏེ་ངན་སོང་དུ་སོང་ཡང་དྲན་པ་ཙམ་གྱིས་དེ་ལས་ཐར་བར་འགྱུར་བས་སངས་རྒྱས་ཀྱི་སྤངས་རྟོགས་ལ་ཁྱད་པར་མེད་ནའང་ཐབས་མཁས་པ་དང་སྨོན་ལམ་དང་མཚན་གྱི་ཕན་ཡོན་ལ་བརྟེན་ནས་འགྲོ་བའི་རྒྱུད་ལ་ཐུགས་རྗེ་འཇུག་ཆེ་བའི་དབང་དུ་བྱས་ཏེ་དགེ་བའི་བཤེས་གཉེན་མཆིམས་ཆེན་པོས་བདེ་གཤེགས་གཞན་རྣམས་ལ་ཕྱག་འཚལ་བདུན་བདུན། ཤཱཀྱ་ཐུབ་པ་བཅོ་ལྔ། སྨན་བླར་ཉེར་གཅིག་བྱ་བའི་ཁྱད་པར་མཛད་ཅིང་ཆོས་འདིའི་འགྲོ་དོན་གྱི་དུས་ཀྱང་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་བྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སྐབས་ཡིན་ལ། དེའི་རྒྱུ་མཚན་སྤྱིར་བསྟན་པ་ཉམས་དམའ་བར་སོང་ན་གསུང་རབ་སྤྱི་དང་གཟུངས་སྔགས་སོགས་ཀྱི་མཐུ་ཆུང་ངུ་འགྲོ་བར་གསུང་མོད། མདོ་འདི་ནི་དུས་ངན་སྙིགས་མའི་སེམས་ཅན་གྱི་དོན་དུ་ནན་གྱིས་གསུངས་པས་ནུས་པ་ཆེར་འགྲོ་བ་སྨོན་ལམ་གྱི་སྟོབས་ལས་བྱུང་པ་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བ་དང་། བདུད་སྡིག་ཅན་གྱིས་མི་བརྗི་བར་བྱ་བ་སོགས་ཕན་ཡོན་སྤྱི་དང་བྱེ་བྲག་ཏུ་སེར་སྣ་དང་ཚུལ་འཆལ་དང་ང་རྒྱལ་དང་ཕྲག་དོག་དང་ཕྲ་མ་དང་ལས་སྦྱོར་ངན་པ་བྱས་པས་རྣམ་སྨིན་ཆེར་མྱོང་བ་རྣམས་ཀྱང་སྔོན་སྨན་བླའི་མཚན་ཐོས་པ་དྲན་ནས་སྡུག་བསྔལ་ལས་ཐར་ཏེ་བདེ་བ་ཕུན་སུམ་ཚོགས་པ་འབྱུང་བ་དང་བསླབ་པ་ཐམས་ཅད་འཆལ་ཀྱང་རྣམ་སྨིན་མི་འབྱུང་ཞིང་འཁོར་ལོས་སྒྱུར་རྒྱལ་སོགས་སུ་སྐྱེ་བ་དང་བུད་མེད་ཀྱི་སྐྱེ་གནས་ལས་ཐར་ཞིང་བུ་ནོར་ཚེ་དང་དབང་ཕྱུག་གང་འདོད་འབྱུང་ལ། བུ་བཙའ་བའི་ཚེ་ནད་མི་འབྱུང་བ་སོགས་དེ་བཞིན་གཤེགས་པའི་ཕན་ཡོན་རྒྱ་ཆེན་གསུང་པར་འཇམ་དཔལ་གྱིས་མཚན་བསྒྲག་པར་དམ་བཅས་ཤིང་མདོ་སྡེ་གནས་སར་སྲུང་མ་སྦྲན་ཞིང་། སྟོན་པས་ཀུན་དགའ་བོ་ལ་ཆོས་དཀོན་ཅོག་གི་སྨོན་ལམ་དེ་བཞིན་གཤེགས་པའི་བཀའ་ཡང་དག་པར་གྱུར་པ་སོགས་ཀྱིས་ཡིད་ཆེས་བསྐྱེད་པར་མཛད། ནད་དྲག་པོས་ཤི་བ་གསོས་ཤིང་རྒྱལ་སྲིད་ལ་ཉེར་འཚེ་མི་འབྱུང་ཞིང་ཞི་བ། ཀུན་དགའ་བོས་སྲོག་དབང་ཆད་པ་སླར་མཚམས་མི་སྦྱོར་བའི་རྩོད་པ་བཀོད་པ་ལ། བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་གྱིས་དུས་མིན་གྱི་འཆི་བ་བཅུ་གསོ་བར་ཐེག་ཆེན་གྱི་ལུང་ལས་གསུངས་ཚུལ་གྱིས་ལན་བཏབ་པ། མཚན་ཐོས་པས་གནོད་སྦྱིན་བདུན་འབུམ་ཕྲག་བཅུ་གཉིས་ཀྱིས་བདེན་པ་མཐོང་ནས་མདོ་འདི་བསྲུང་བར་དམ་བཅས་པ་རྣམས་ནི་གདན་མ་འཛོམ་པའི་བར་གྱི་བཀའ་མཆིད་དང་ལྷའི་བུ་ཁ་ཅིག་དོན་དེ་དག་ལ་ཡིད་གཉིས་སྐྱེས་ཏེ་སྟོན་པས་སངས་རྒྱས་ཀྱི་ཞིང་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་མཛད་དེ་བདེ་གཤེགས་བདུན་སྤྱན་དྲངས་ནས་གདན་འཛོམ་པ་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་ཀྱིས་བཻ་ཌཱུརྻའི་གཟུངས་ཞུས་པར་བརྒྱད་ཀས་མགྲིན་གཅིག་ཏུ་ཕན་ཡོན་རྒྱས་པ་དང་བཅས་པ་གསུངས། གསང་བདག་འཁོར་བཅས་ཀྱིས་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་བདུན་གྱིས་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཐོས་ཞེས་སོགས་ཀྱི་བཀའ་མཆིད་ཀྱང་བགྱིས། ཕྱག་རྡོར་གྱིས་གཟུངས་བྱིན་གྱིས་བརླབས་ཤིང་ཚངས་པ་ལ་སོགས་པར་བསྲུང་བར་བཀའ་བསྒོས། ཀུན་དགའ་བོས་ཆོས་ཀྱི་རྣམ་གྲངས་ཀྱིས་ཞུས་པ་རྣམས་གདན་འཛོམ་པའི་བཀའ་མཆིད་དེ། ཕན་ཡོན་དེ་དག་ལ་བརྟེན་ནས་མཉམ་མེད་ཇོ་བོ་ཆེན་པོ་ཡབ་སྲས་ཀྱི་བཀའ་གདམས་གླེགས་བམ་རིན་པོ་ཆེའི་ཞུ་ལན་ནོར་བུའི་འཕྲེང་བར། སྤྲུལ་པའི་ཆོས་རྒྱལ་དཔལ་ལྡན་མར་མེ་མཛད་བཟང་པོ་མ་དག་པའི་གདུལ་བྱ་ལ་དུས་དྲུག་ཏུ་གཟིགས་ཤིང་བཞུགས་པའི་ཚེ་སྙིགས་མའི་མགོན་པོ་རྒྱལ་བ་བདུན་དང་། རང་གི་སྟོན་པ་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་སངས་རྒྱས་དང་ཞེས་སོགས་ཀྱིས་ཆེད་དུ་བསྔགས་པ་དང་། ཇོ་བོ་ཡབ་སྲས་ནས་བརྒྱུད་པའི་བཀའ་གདམས་པ་རྣམས་བདེ་གཤེགས་བརྒྱད་དང་གནས་བརྟན་བཅུ་དྲུག་གི་མཆོད་པ་མཛད་པས་ཕྱོགས་དེའི་མོས་པ་དང་ལྡན་པ་རྣམས་ལའང་འབྲེལ་ཆེ་ཞིང་རིས་སུ་མ་ཆད་པའི་ཕན་བདེའི་རྩ་ལག་དམ་པའོ། །གསུམ་པ་མདོ་སྔགས་ཀྱི་ཁྱད་པར་དང་ལོག་རྟོག་གི་བསླད་ཞུགས་པ་རྣམས་ལ་དཔྱད་དེ་འཁྲུལ་པ་བསལ་པ་ནི། སྤྱིར་བདེ་གཤེགས་བདུན་གྱི་ཆོ་ག་འདི་མདོ་སྔགས་གང་དུ་གཏོགས་ཚུལ་ལ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཤོ་ལོ་ཀ་བརྒྱད་བརྒྱ་པ་པཎྜི་ཏ་ཇི་ན་མི་ཏྲ། དཱ་ན་ཤཱི་ལ། ཤཱི་ལིནྡྲ་བོ་དྷི། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་རྣམས་ཀྱིས་བསྒྱུར་བ་དང་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་སྔོན་གྱི་སྨིན་ལམ་ཁྱད་པར་རྒྱས་པའི་མདོ་པཎྜི་ཏ་སྔོན་མ་གཉིས་དང ། ལོ་ཙཱ་བ་བཤད་མ་ཐག་པས་བསྒྱུར་བའི་སྨན་མདོ་གཉིས་ཀ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་དང་། ཚལ་པ་སི་ཏུ་དགེ་བའི་བློ་གྲོས་གཉིས་ཀྱིས་བསྒྲིགས་པའི་བཀའ་འགྱུར་གྱི་སྒྲིག་རྩོམ་མཐུན་པར་བྱ་རྒྱུད་ཀྱི་དེ་བཞིན་གཤེགས་པའི་རིགས་སུ་མཛད་ཅིང་། ཀུན་མཁྱེན་བུ་དང་ཞ་ལུ་ལོ་ཆེན་གྱི་བསྟན་འགྱུར་གྱི་དཀར་ཆག་གཉིས་སུའང་མཁན་པོས་མཛད་པའི་མདོ་ཆོག་བྱ་རྒྱུད་ཀྱི་དགོངས་འགྲེལ་ཁྲོད་དུ་བཀོད་པ་ཡིན་ལ། རྫེ་ཙོང་ཁ་པ་བློ་བཟང་གྲགས་པ་ཡང་བྱ་རྒྱུད་དུ་བཞེད་པར་བརྟེན་མཁས་གྲུབ་དགེ་ལེགས་དཔའ་བ་དང་། པཎ་ཆེན་བསོད་ནམས་གྲགས་པའི་རྒྱུད་སྡེ་སྤྱི་རྣམ་སོགས་རི་བོ་དགའ་ལྡན་པའི་ཡིག་ཆ་མང་པོར་ཡང་སྔགས་ཕྱོགས་སུ་བཤད་པས། མཁན་པོས་མཛད་པའི་ཆོ་ག་འདི་ཉིད་ཀྱང་སྔགས་ལུགས་སུ་འགྲེལ་པ་དང་། མདོ་ལུགས་སུ་འགྲེལ་བའི་ལུགས་སྲོལ་སྣ་ཚོགས་བྱུང་བ་གཉིས་ཀ་མི་འཐད་པ་མ་ཡིན་ཏེ། བཤད་ཁུངས་ཀྱི་མདོ་འདི་རྒྱུད་དུ་གཏོགས་པས་སྔ་མ་ལྟར་བྱས་པ་འགྲེལ་མི་མཚུངས་པ་མ་ཡིན་ཅིང་མཁན་པོས་མཛད་པ་དངོས་བསྟན་ལྟར་ན་མདོ་ལུགས་གཙོ་བོར་སྟོན་པས་གནས་ལྔ་ཡོངས་སུ་རྫོགས་པའི་དོན་གྱི་པཎ་ཆེན་སྟག་ཚང་ལོ་ཙཱ་བས་མཛད་པའི་ཉམས་ལེན་བདེ་འཇུག་ལས། ཁ་ཅིག་འདི་བྱ་རྒྱུད་དུ་བསྡུས་ནས་རྒྱུད་ཀྱི་ཆོ་གར་བྱེད་པའང་མི་རིགས་ཏེ་མདོའི་ཆོ་ག་གཏན་མེད་དུ་ཐལ་ཚུལ། མདོ་སྡེ་ལས་བྱུང་བའི་ཆོ་ག་ཞེས་སོགས་ཀྱི་ཁུངས་སྨོས་པའི་རང་ཚིག་དང་འགལ་ཚུལ། དེ་ཉིད་བསྡུ་པར་ཐེག་པ་ཆེན་པོའི་མདོ་དང་གསང་འདུས་ཀྱི་རྩ་རྒྱུད་མདོ་དང་བསྲེས་ཞེས་པ་ལྟ་བུར་འཁྲུལ་ནས་རིགས་འགྲེ་བྱས་ཚེ་སཱུ་ཏྲ་དང་སཱུ་ཏྲ་སེ་ནའི་ཁྱད་པར་མ་ཕྱེད་པས་མདོ་སྔགས་མི་འགལ་བར་འགྱུར་བ། རྒྱུད་སྡེ་གོང་མ་གོང་མ་ནས་འོག་མ་འོག་མར་བསྒྲུབ་ཚུལ་ཐུན་མོང་པ་རྣམས་ལེན་དུ་རུང་ཡང་དབང་མ་ཐོབ་པའི་གང་ཟག་གིས་འོག་མ་དང་ཐུན་མོང་དུ་སྤྱད་དུ་མི་རུང་བ་གྱད་ནར་སོན་པ་དང་བྱིས་པ་གཉིས་ཀྱིས་རྡོ་ཐེག་མི་ཐེག་གི་དཔེ་དང་བཅས་དོགས་སེལ་རྒྱས་པར་གསུངས་པ་མཁན་པོ་བྱང་ཆུབ་སེམས་དཔའི་མདོ་དང་ཤིན་ཏུ་འབྱོར་ཞིང་རྣམ་དཔྱོད་མཆོག་ཏུ་ཡངས་པའི་ལེགས་བཤད་ཡིན་མོད། འོན་ཀྱང་ཀུན་མཁྱེན་བུ་སོགས་མཁས་པ་མང་པོས་སྔགས་ཕྱོགས་སུ་བཞེད་པ་མཐའ་གཅིག་ཏུ་མི་འཐད་པར་སྨྲ་བ་ནི་རང་ཉིད་ཆོས་མིག་མ་ཐོབ་པས་དཀའ་ཞིང་རང་གི་བློ་གྲོས་ཆུང་ངུའི་མིག་གིས་ཅུང་ཟད་བརྟགས་ན་སྟག་ཚང་ལོ་ཙཱ་བས། གཞན་ཐམས་ཅད་མདོ་འདིར་ཁྲིགས་ཆགས་སུ་མི་གསལ་ཡང་སློང་དཔོན་བདག་ཉིད་ཆེན་པོ་འདིས་མདོ་གཞན་ནས་འབྱུང་བ་དང་འགའ་ཞིག་བྱ་བ་སྤྱིའི་ཆོ་ག་ནས་ཅུང་ཟད་བླང་དུ་རུང་བ་རྣམས་བསྡུས་པར་གསལ་ལོ། །ཞེས་པ་དང་། པཎ་ཆེན་ཤཱཀ་མཆོག་པས་མཛད་པའི་འཆི་བ་མེད་པའི་མཛོད་ཀྱི་རྔ་སྒྲ་ལས་རྣམ་པར་ཕྱེ་བ་ཞེས་པས་ཐིག་དང་བྱེ་མ་གྲམ་བུར་བརྡལ་བ་ཞེས་པས་ཚོན་འགྱེད་པ་བསྟན་ཚུལ་གྱི་འབྲུ་གཉེར་བའང་དོན་ལ་འབྱོར་ཞིང་ཐིག་ཚོན་རྣམ་བཞག་སྔགས་ལུགས་ཕྱིན་པས་མདོ་རྒྱུད་སོ་སོར་བཀྲལ་ཆོག་པ་ཞིག་ཡོད་པར་མངོན་པས་སྔགས་ལུགས་སུ་བྱེད་ན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་བདེ་གཤེགས་བརྒྱད་ཀྱི་མཆོད་ཆོག་ལྟར་གཞལ་ཡས་ཁང་སྔགས་ལུགས་ཀྱི་མཚན་ཉིད་ཚང་བ་འོད་ཟེར་ལྔས་བསྐོར་བ། ནང་གི་ལྷ་བྲིས་འབུར་གང་རུང་འགོད་ལུགས་དང་འོག་ཏུ་གསལ་འདེབས་ཀྱི་ཆོས་བརྗོད་པ་མཆིམས་དང་རྒྱ་སྟོན་གྱི་ཡི་གེ་སོགས་ལ་བརྟེན་ཅིང་ལྷའི་སྐུ་མདོག་རྣམས་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་བའི་གསུང་གི་རྗེས་སུ་འབྲང་། གཟུངས་བུམ་ཡང་སྔགས་ལུགས་ལྟར་བསྒྲུབ་ཚུལ་དངོས་གཙང་ཞིང་དེའི་སྡོམ་ཚིག་ཀུན་མཁྱེན་མཁྱེན་བརྩེས་མཛད་པར། རྒྱུད་འདི་བྱ་རྒྱུད་ནམ་ཡང་མ་ཡིན་ཏེ། །ཡིན་ན་མདོ་ཆོག་མཚན་གཞི་བསྟན་དགོས་ཞེས། །ལྷ་སྔགས་དགྲ་བཞིན་སྤོང་བར་བྱེད་པ་སོགས། །ཧ་ཅང་མཁས་པས་དཔྱད་དྲགས་སྐུར་འདེབས་ཀྱིས། །རྣམ་པར་བསླད་ཀྱང་དེ་ལྟར་ཤེས་པ་ཉུང་། །སྒྲོ་སྐུར་བྲལ་བའི་བྱ་རྒྱུ་ཉམས་ལེན་འདི། །ཞེས་གསུངས་ལ། སྔགས་ལུགས་ལྟར་ཉམས་སུ་ལེན་ན་སྒྲུབ་པ་པོ་རྣམས་ཀྱིས་རིགས་གསུམ་སྤྱིའམ་དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པའི་བྱ་རྒྱུད་ཀྱི་དབང་མཚན་ཉིད་པ་ཐོབ་དགོས་ཤིང་ལག་ལེན་གྱི་སྐབས་དཀྱིལ་འཁོར་གཞན་ལས་ལྷ་དང་ལྷ་སྟ་གོན་ངེས་པར་དགོས་པ་འདིར་དམིགས་ཀྱིས་བསལ་ཏེ་བཏང་སྙོམས་སུ་འཇོག་ཀྱང་ཐིག་ཚོན་གྱི་ཆོ་ག་གསང་བ་སྤྱི་རྒྱུད་དམ་དེ་ལ་བརྟེན་ནས་རྗེ་དཀོན་མཆོག་ལྷུན་གྲུབ་སོགས་ཚད་ཐུབ་ཀྱི་མཁས་པས་གནང་བའི་ཡི་གེའི་སྟེང་ནས་ངེས་པར་བྱ་དགོས། དེ་ཡང་སྤྱིར་བྱ་རྒྱུད་ལ་ཆོ་གའི་ཆིངས་གོང་མ་ནས་བླངས་ཏེ་མཛད་ཅིང་ལྷ་བསྒོམ་ཚུལ་ལ་ཡང་སློབ་དཔོན་སངས་རྒྱས་གསང་བས། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ནོ། །ཞེས་ལྷ་དྲུག་གི་རྣམ་བཞག་གསུངས་པ་རྗེ་ཙོང་ཁ་པས་རྡོ་རྗེ་འཆང་གི་ལམ་གྱི་རིམ་པར་རྒྱས་པར་གསུངས་ཤིང་ལ་ལ་དེ་ལྟར་མ་བསྒོམས་ན་བྱ་རྒྱུད་ཚད་ལྡན་མ་ཡིན་པ་ལྟ་བུའི་བློ་ཆུང་བྱེད་ནའང་མཐའ་གཅིག་ཏུ་མ་ངེས་ཏེ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་དང་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཚེ་དཔག་མེད་ལ་ཆོ་ག་གསུམ་བསྐྱེད་ལས་མེད་པ་སོགས་མཐའ་ཀླས་ཤིང་སྐབས་འདིའི་ཉམས་སུ་ལེན་ཚུལ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་དང་བྲལ་བ་དང་བདག་ཉིད་ལྷར་སྙེམས་པ་དང་བྲལ་བས་བསྒྲུབ་པ་ནི་བྱ་བའི་རྒྱུད་ལ་རབ་ཏུ་གནས་ཞེས་པ་ལྟར་བྱ་རྒྱུད་རང་རྐང་གི་ལུགས་གཅིག་ལ་དེ་ལྟར་བཤད་པས་འདིར་བདག་བསྐྱེད་མེད་པ་ལ་ལྷ་སྤྱན་དྲངས་ནས་མཆོད་ཅིང་འདོད་དོན་ཞུ་བ་རྗེ་འབངས་སུ་བྱ་བའི་ལུགས་སོ། །དེ་ཡང་རྒྱུད་སྡེ་བཞིའི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་རྣམས་ལ་ཡང་བསྙེན་སྒྲུབ་ལྟ་ཅི་དབང་ཙམ་ཡང་མ་ཐོབ་པར་ལྟོ་རྒྱབ་ཀྱི་ཆེད་དུ་ཆོ་ག་དེ་དག་ལ་ཚམ་ཚོམ་མེད་པར་འཇུག་ཅིང་ཐོབ་ལོམ་འགས་ལག་ལེན་རྣམ་པར་མ་དག་པའི་ཆོ་ག་དྲི་བཅས་དང་རྫུན་ཅན། ལ་ལས་རྒྱུན་མེད་བཞིན་དུ་གཞན་མགོ་བསྐོར་ཏེ་བསྐུར་བ་ལ་ཡིད་བརྟན་དུ་གཟུང་བ་སོགས་བསྟན་པ་རིན་པོ་ཆེ་བཙོག་ཆུས་བསླད་པའི་དུས་ངན་འདིར་གསང་སྔགས་དང་འབྲེལ་བ་སྐད་ཀྱི་སྙན་གྲགས་ལས་རྗེ་སྟག་ཚང་བའི་བཞེད་པ་བཞིན་མདོ་ལུགས་ཁོ་ན་ཉམས་སུ་ལེན་པ་ཇོ་བོ་བཀའ་གདམས་པའི་གསུང་སྒྲོས་སུ། ཁེ་ཆེ་ལ་ཉེན་ཆུང་གསུངས་པ་དང་དོན་མཐུན་པར་མངོན་པས་དངོས་བསྟན་ཉམས་སུ་ལེན་ཚུལ་འོག་ཏུ་སྟོན་ནོ། །པཎ་ཆེན་ཤཱཀ་མཆོག་པས་མདོའི་ཆོ་ག །སྔགས་ཀྱི་ཆོ་ག །ཐུན་མོང་ཇི་ལྟར་བྱ་བ་གསུམ་དུ་གསུངས་ཏེ་ཕྱི་མ་ལ་དཀྱུས་སུ་ཇི་ལྟར་གསལ་བ་བཞིན་བཀླགས་པས་ཆོག་པ་ཡིན་ནོ། །ཞེས་པ་མདོ་ཆོག་ལ་མཆིམས་ཀྱི་ལྷན་ཐབས་མཛད་པར་མི་མཁས་པ་མང་པོས་བླུན་བཅོས་ཀྱི་མདོ་སྔགས་བསྲེས་པའི་ཉག་ཉོག་སྣ་ཚོགས་ཡོད་འདུག་པ་དེ་ལ་ཐུགས་རྩེ་གཏད་འདྲ་བ་མ་དག་པའི་ཡིག་ཧྲུལ་ལ་ཡིད་བརྟན་ཅི་ལ་འོང་ཞིང་མདོ་རྒྱུད་ཀྱི་ཉམས་ལེན་ཅིག་ཆར་དུ་བསྒྲུབ་པ་ལྟ་ཅི་དགོས། མངའ་རིས་སུ་ལོ་ཆེན་རིན་ཆེན་བཟང་པོས་མཐོ་ལྡིང་ལྷ་ཁང་གི་སྟེང་ཐོག་ཏུ་བྱ་སྤྱོད། བར་ཁང་དུ་རྣལ་འབྱོར་རྒྱུད། འོག་ཁང་དུ་བླ་མེད་སོགས་སོ་སོའི་ཉམས་ལེན་མཛད་པ་ནི་མཁས་པ་མགུ་བ་བསྐྱེད་པའི་རྣམ་དཔྱོད་ཀྱི་རྩལ་ཕུལ་དུ་བྱུང་བར་མངོན། ཐུན་མོང་གི་ས་བཅད་འདིས་སེང་གེ་དཀར་མོ་ལ་སྣ་གོང་ཅུང་ཟད་ཉག་པའི་མི་ཁར་སོང་འཚལ་ཞིང་། དྲུང་པ་གྲགས་པ་དོན་གྲུབ་ཀྱིས་ལྷ་ལུང་ཀླུ་སྡིངས་སུ་མཛད་པ་དེ་ལའང་མདོ་སྔགས་གཉིས་མཉམ་པ་བསྲེ་འདུག་པ་འཛམ་གླིང་རྒྱན་གཅིག་གི་བརྟུལ་ཞུགས་ལ་རྒྱུ་མཚན་གླེང་ཡུལ་དུ་མི་སེམས་སོ། །གཉིས་ཀ་འགལ་མེད་དུ་ཉམས་སུ་ལེན་མི་ནུས་ཤིང་མདོ་ལུགས་ལྟར་ཉམས་སུ་ལེན་ན་ཆོ་གའི་འགོ་བོར་སྭ་བྷཱ་ཝ་སོགས་བརྗོད་པ། ཡོ་ག་དང་བླ་མེད་ཀྱི་མཆོད་པ་བྱིན་རླབས། གཏོར་བསྔོས་ཀྱི་སྐབས་བཛྲ་ཡཀྵ་དང་ཕྱག་རྒྱས་སྦྱང་བ། བུམ་སྒྲུབ་ས་བོན་ལས་བསྐྱེད་པ། བསྟོད་པའི་སྐབས་གང་དྲིན་མ་སོགས་སྔགས་དང་འབྲེལ་བའི་ཚིགས་བཅད། ཤར་ཕྱོགས་གཞན་གྱིས་མི་ཐུབ་ཞིང་ཁམས་ནས། །ཞེས་སོགས་སོ་སོའི་གནས་དང་སྦྱར་བའི་ཚིགས་བཅད་བསྐང་གསོལ་དཔེ་བླངས་པ་ལྟ་བུའི་སྤྱན་འདྲེན་གྱི་ཚིག་སྣ་ཚོགས། དཀྱིལ་འཁོར་གཞན་དག་གི་མཆོད་ཕྲེང་མང་པོ་བླངས་ཏེ་གདངས་དང་བཅས་གཞན་སྣང་འདྲིད་པ་ལྷུར་ལེན་ཐབས་སོགས་དགོན་པ་མང་པོའི་བླ་མ་དང་བྱང་འདྲེན་གྱིས་སྣང་བ་ལ་གང་དྲན་བཅུག་པའི་རང་བཟོ་འབའ་ཞིག་ཏུ་ཟད་ཅིང་ལོ་རྒྱུས་འགའ་ཞིག་ཏུ་མཁན་པོས་སྤང་མཆོད་སྤྱན་འདྲེན་རིང་མོ། མདོ་བསྐུལ་རིང་མོ་ལ་སོགས་པ་མཆོད་བརྗོད་ཀྱི་ཆོ་གའི་རིམ་པ་མཐའ་ཡས་པ་མཛད་ཟེར་བ་སྣང་ཡང་། སྡོམ་གསུམ་རབ་དབྱེར། མདོ་བསྐུལ་རིང་མོ་ཞེས་བྱ་བ། །བཀའ་ལ་ནོར་བ་བྱེད་པ་མཐོང་། །མདོ་རྒྱུད་ཀུན་ལས་འདི་མ་གསུངས། །འདི་འདྲའི་རིགས་ཀྱི་ཆོས་འཕེལ་ན། །བསྟན་པའི་རྩ་བ་ནུས་པར་འགྱུར། །སངས་རྒྱས་གསུངས་པའི་ཆོ་ག་ཀུན། །སླ་བར་གྱུར་ཀྱང་མི་བྱེད་ལ། །སངས་རྒྱས་ཀྱིས་ནི་མ་གསུངས་པ། །དཀའ་ཡང་འབད་ནས་བྱེད་པ་མཚར། །ཞེས་གསུངས་པས་འདི་དག་ཁ་གཡར་བ་ལས་ཚད་ལྡན་མིན་ནམ་སྙམ་མོ། །སློབ་དཔོན་ཤཱི་ལ་བྷ་དྲ་དང་གཉགས་དབོན་བསོད་ནམས་བཟང་པོ་སོགས་མཁས་པའི་ཡིག་ཆར་གཤིན་དོན་གྱི་ཆོ་ག་བཤད་པའང་སྟག་ཚང་ལོ་ཙཱ་བས། གཤིན་པོ་ལ་རིགས་དྲུག་རྣམ་དག་ཏུ་གྲགས་པའི་རྙིང་མའི་གཤིན་ཆོག་དང་བསྲེས་པ་ནི་ནམ་ཡང་མི་འཐད་ལ། ཞེས་པ་ནི་མི་བཞེད་པར་མ་ཟད། ངོར་ཆེན་གྱིས་བྱེ་བྲག་ཏུ་གཤིན་པོའི་དོན་དུ་བྱེད་ན་སྤྱན་དྲངས་པའི་རྗེས་མིང་བྱང་ངམ་རྟེན་བཤམས་ནས། དེ་ལ་བགེགས་སྦྱོང་བ་ནས་སྐྱབས་འགྲོའི་བར་བྱེད་ཅིང་། ཁྲུས་ཀྱི་སྐབས་སུ་ཁྲུས་དང་དུག་དབྱུང་སོགས་བྱེད་པ་དང་མཇུག་ཏུ་སྐྱེས་བཅུ་གཉིས་ཀྱི་སྨོན་ལམ་བྱེད་པ་དང་ཞེས་མ་དག་པའི་གྲངས་སུ་མཛད་དེ་སྔགས་ལུགས་ཀྱི་སྐབས་སུ་ཡང་མ་བཞེས་པས་སྔགས་ལུགས་སུ་ཁས་བླངས་ཀྱང་རིགས་འགྲེ་ཧ་ཅང་དཔའ་ཐལ་བའི་དེང་སང་གི་བླ་མ་རྣམས་ཀྱིས་བརྒྱུད་ཁུངས་མེད་པར་ལྷ་དང་བླ་མ་ཡིན་ཚད་ལ་འདས་ཁ་མའི་འཕོ་བའི་ཉམས་ལེན་སྦྱར་བ་དང་འདྲ་བས་རྗེ་མཁྱེན་བརྩེས། ལ་ལ་ཚོམ་བུ་ཙམ་ཡང་མི་འགོད་ལ། །ཆང་འཐུང་ངང་ནས་བློ་ལ་གང་ཡོད་ཀྱི། །ཉག་ཉོག་ཐམས་ཅད་ཆོ་གར་བསྲེ་བ་དང་། །མིང་བྱང་དགུག་གཞུག་ཁྲུས་རྗེས་བསྲེས་པ་སོགས། །ཧ་ཅང་བླུན་པོས་བྱས་པའི་སྒྲོ་བཏགས་དང་། །ཞེས་གསུངས་པ་ཐོག་ཏུ་བབས། ལ་ལ་ཆོས་དཀོན་མཆོག་མཆོད་པའི་དུས་ཕྱོགས་བཅུའི་སངས་རྒྱས་དང་། སྐྱབས་གྲོལ་གྱི་སྐབས་དོན་ཞགས་ལྷ་ལྔའི་ཕྱག་མཆོད་སྦྱོར་བ། ཕྱག་འཚལ་གྱི་ཚེ་བཀའ་གདམས་བརྒྱུད་པའི་ཕྱག་འཚལ་སྦྱོར་བ་སོགས་ཀྱང་འདོན་ཆ་མང་བ་གཙོ་བོར་བཏོན་པའི་སྐྱོན་དང་མདོ་ཆོག་འདི་ཀའི་བཀླགས་ལུང་གི་བླ་བརྒྱུད་ལ། སྐྱི་སྣང་ཚང་བ་དེང་དུ་མེད་པར་དགོན་བླ་རབས་སོགས་མོས་ཚད་བཅུག་པ་སྡེ་དགོན་གོག་པོའི་རྣམ་ཐར་ཁོ་ནར་མངོན། ངོར་ཆེན་གྱི་ཤཱཀ་ཐུབ་ལ་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་སྦྱོར་བ་མི་འཐད་པར་གསུངས་ནའང་སྟག་ཚང་ལོ་ཙཱ་བས་འཐད་པར་གསུངས་པ་སངས་རྒྱས་ཤཱཀྱ་ཐུབ་པའི་འཁོར་གྱི་གཙོ་བོ་ཐེག་དམན་ལྟར་ན་གནས་བརྟན་བཅུ་དྲུག་ཡིན་པས་དོན་གྱིས་ཐོབ་པར་སེམས་མོད། འོན་ཀྱང་ཕྱག་མཆོད་དངོས་སུ་སྦྱོར་ན་ཚིག་ཉོག་གི་རྒྱུ་ཆེ་བས་དེ་ལས་སྔོན་གྱི་ཡིག་རྙིང་ལ་བརྟེན་ནས་གནས་བརྟན་ཕྱག་མཆོད་ལོགས་སུ་བྱས་ན་དངོས་གཙང་ངོ་། །རྨི་རུ་བླ་མ་བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱལ་མཚན་གྱིས་མཁས་པ་བསྟེན་ནས་སྒྲོ་འདོགས་གཅོད་པ་ལྟ་ཅི་སྨོས་བཀླགས་ལུང་མཚན་ཉིད་ཚང་བ་ཙམ་ཡང་མ་བཙལ་བར་རྟོག་གེ་རྒན་པོའི་ཧམ་པས་གཉགས་དབོན་གྱི་པར་མ་དེ་དང་། གཞན་ཡང་ཡིག་རྙིང་ཐོར་བུ་མཐོང་བར་བརྟེན་ལྷ་ཚོགས་རྣམས་ཀྱི་མངོན་རྟོགས་གསལ་འདེབས་སོགས་ལྷན་ཐབས་མི་ཉུང་བ་ཞིག་བྲིས་ནས། ལེགས་བཤད་དུ་རློམས་ཏེ། པོ་ཏཱ་ལའི་བཀའ་འགྱུར་ཁང་དུ་ཇ་གྲལ་གྱི་སར་སྨན་བླར་རྒྱས་འབྲིང་བསྡུས་གསུམ་ཕྱེད་ཀྱིན་ཡོད་ཅེས་གླེང་པ་རྒྱས་པ་ལ་ལྷན་ཐམས་དེ་སྦྱར་བ་དང་མ་སྦྱར་བའི་དཀྱུས་མ་འབྲིང་པོ་ལྟ་བུའི་རྩིས་ཀྱི་ཞེ་འདོད་སྣང་བ་སྔགས་ཕྱོགས་སུ་སྦྱར་ན་ཐིག་ཚོན་དཀྱིལ་འཁོར་གྱི་རྣམ་བཞག་སོགས་དགོས་པའི་དོགས་པ་ཙམ་ཡང་མ་ཤར་ཞིང་ལྷའི་སྐུ་མདོག་ཕྱག་མཚན་གསལ་པོར་བསྒོམ་པ་སྔགས་ལུགས་ལ་དགོས་ཤིང་མདོ་ལུགས་ལ་བདེན་པའི་སྟོབས་དང་མོས་པའི་མཐུས་མཆོད་གསོལ་བྱེད་པ་མ་གཏོགས་བསྐྱེད་རིམ་ལྟ་བུའི་གསལ་སྣང་མི་དགོས་ལ། བུམ་པ་མདོ་ལུགས་ལྟར་བསྒྲུབ་པ་དང་གསོ་སྦྱོང་ལེན་ཡུལ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་སོགས་འགལ་འདུ་སྣ་ཚོགས་པའི་སྔགས་ལུགས་སྦྱར་བ་དེ་རྒྱས་པ་དང་། མ་སྦྱར་བ་འབྲིང་པོར་བྱེད་པའི་ལེགས་བཤད་འདི་འདྲ་སྔོན་གྱི་མཁས་པ་རྣམས་ཀྱིས་མ་རྙེད་འདུག་པས་འདི་འདྲའི་རིགས་ལ་ལྷ་བ་ལེགས་བཤད་དུ་མིང་འདོགས་དགོས་པར་སྣང་། ཉིད་ལྷ་བ་སྐུ་སྐྱེའི་རིམ་འདེགས་པར་སོང་བས་གསུང་རབ་བྱིང་དང་མི་མཐུན་པའི་ཆོས་སྐད་འོང་བ་མོད་པར་སྣང་ངོ་། །དེའང་མདུན་གྱི་མཆོད་ཡུལ་དུ་ཆོ་ག་ལས་བྲིས་འབུར་གྱི་རྟེན་འགོད་པར་གསུངས་པ་མདོ་སྔགས་གཉིས་ཀའི་ལུགས་དང་མཐུན་རུང་རྗེ་སྟག་ཚང་པས། པདྨ་འདབ་བརྒྱད་ལ་ཤར་དུ་སྨན་ཐུབ་གཉིས། ལྷོར་མཚན་ཟླ་གཉིས་སོགས་ཀྱིས་བསྐོར་བ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་གུའམ་དམར་སྐྱ་སྟེ། སྨན་བླ་ལ་ནི་བཻ་ཌཱུརྻའི་འོད་ཅེས་གསུངས་ཀྱང་གཞན་རྣམས་ནི་སྐུ་མདོག་ངེས་པར་དཀའ་བས་མཛེས་ཚོན་དུ་གསལ་ལོ། །ཞེས་མདོ་འདི་ཀའི་བཤད་ཁུངས་ཀྱི་སྐུ་མདོག་ཕྱག་མཚན་མ་གསལ་བས་དེང་སང་བྱེད་པ་རྣམས་ནི་རྗེ་སྟག་ཚང་བས། བདེ་གཤེགས་བྱང་སེམས་སོགས་ཀྱི་སྐུ་མདོག་ཕྱག་མཚན་དེང་སང་གི་མཆོད་ཕྲེང་ལ་གྲགས་པ་ཚོར་བཤད་པ་ལའང་མདོའི་ཁུངས་མེད་ཀྱང་རྣལ་འབྱོར་རྒྱུད་ནས་བྱམས་པ་འཇམ་དབྱངས་སོགས་ཀྱི་སྐུ་མདོག་ཕྱག་མཚན་བཤད་པ་སྐབས་སུ་མ་བབས་པ་དང་ཁྱད་པར་གནོད་སྦྱིན་གྱི་ཕྱག་མཚན་ནི་རྒྱུད་ཀྱི་ཁུངས་ཀྱང་མ་མཐོང་བས་དཀའ། ཞེས་གསུངས་པ་མདོར་དངོས་བསྟན་ལ་མེད་པས་ཐུགས་བདེན་མོད། འོན་ཀྱང་མདོ་ལུགས་ལ་བསྐྱེད་རིམ་ལྟར་ལྷའི་གསལ་སྣང་མ་དགོས་རུང་བྲིས་འབུར་ལ་གསལ་ཁ་མེད་ན་འབུར་མ་དང་བྲིས་བྱ་བའི་རྔོ་མ་ཐོགས་པས་སྐུ་མདོག་ཕྱག་མཚན་མེད་ཐབས་མ་བྱུང་བར་དགོངས་ཏེ་རྗེ་སྟག་ཚང་བས། ཆོ་ག་འདི་ལ་རྣལ་འབྱོར་མཛད་པའི་གང་ཟག་མང་པོ་བྱང་ཆུབ་སེམས་དཔའ་དག་པའི་སྣང་བ་ཁྱད་པར་ཅན་མངའ་བ་བྱོན་པ་རྣམས་ཀྱི་གཟིགས་སྣང་སོགས་ཡིན་སྲིད་པས་མཐའ་གཅིག་ཏུ་དགག་པར་མི་ནུས་ཤིང་རི་མོར་འབྲི་བ་སོགས་ལ་སྐུ་མདོག་ཕྱག་མཚན་ངེས་པ་ཅན་བྱེད་ན་སྔ་མའི་ཕྱག་ལེན་ལ་བརྟེན་པ་ལས་མ་འདས་པས་ཕྱག་མཆོད་ཀྱི་སྐྱབས་སུ་འགལ་བ་ཆེར་མེད་པར་མངོན་ནོ། །ཞེས་གསུངས་པ་སྔོན་གྱི་ཡི་གེ་ཁུངས་བཙུན་ལ་བརྟེན་དགོས་པའི་ཤེས་བྱེད་དུ་སོང་ཞིང་སྔ་རབས་ཀྱི་ཡིག་རྙིང་མཐུན་མི་མཐུན་སྣ་ཚོགས་བྱུང་ནའང་རྗེ་ངོར་ཆེན་གྱི་ཡི་གེ་ལྟར་བྱས་ན་དཔྱད་བཟོད་པར་མཐོང་། དེ་ཡང་བཞུགས་ཚུལ་ལ་ཤཱི་ལ་བྷ་དྲ། ངོར་ཆེན། སྟག་ཚང་ལོ་ཙཱ་བ། བྱ་རྒྱུད་ལུགས་ཀྱི་དབང་ཆོག་རྡོ་རྗེ་འཆང་ཕ་བོང་ཁ་པས་མཛད་པ་སོགས་ནས་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་བཤད་ཅིང་འགོད་ལུགས་དཀྱིལ་ཆོག་ཏུ་གཙོ་བོ་སྨན་བླ་དང་བྱང་ཤར་དུ་ཡུམ་ཆེན་མོ། ངོར་ལུགས་ལ་ལྟེ་བར་ཡུམ་ཆེན་མོ། གཞན་གཉིས་ལ་ལྟེ་བར་ཆོས་དཀོན་མཆོག །པཎ་ཆེན་ཤཱཀ་མཆོག་གིས་སེང་གེའི་ཁྲི་ཆེན་པོ་བརྒྱད་ཚར་དུ་དངར་བར་བསྒྲིགས་པ། དེ་རེ་རེའི་སྟེང་དུ་དེ་བཞིན་གཤེགས་པ་རེ་རེ་དང་མདོ་འདིའི་པོ་ཏི་ཡང་རེ་རེ་བཞུགས་ཞེས་གྲལ་གཅིག་ལ་སྒྲེང་ཚར་དུ་བསྒྲིགས་པའི་བར་ན་པོ་ཏི་རེ་བཞུགས་པའི་ཁུངས་ཆོ་ག་རྒྱས་པ་ལ་བཅོལ་བ་འདྲ་ཞིང་། མཁན་པོས་མཛད་པའི་མདོ་ཆོག་ཆེ་བར་གྲགས་པར་དེ་པའི་གཡས་གཡོན་གྱི་གྲལ་སྟོད་དུ་འཁོར་བྱང་ཆུབ་སེམས་དཔའ་རྣམས་བཞུགས། གཡས་གཡོན་གྱི་གྲལ་སྨད་དུ་ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་བཞུགས། གདན་འཛོམ་པའི་དབུས་སུ་པདྨའི་གདན་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་ཕྱག་ན་རྡོ་རྗེ་དང་སྐྱབས་གྲོལ་གསུམ་གདན་འཛོམ་པ་ལ། ཞེས་བྱུང་བ་ལ་གཞལ་ཡས་ཁང་གི་བཞུགས་ཚུལ་དང་མི་མཐུན་པའི་བོད་ཀྱི་ཚོམས་ཅན་དུ་གྲགས་པ་དང་ཐང་ལ་ཡོལ་བས་བསྐོར་བའི་ནང་དུ་ཆང་ས་ལྟ་བུའི་གྲལ་སྒྲིག་གི་ཉམས་ཤིག་འདུག་པ་བུ་སྟོན་ཐམས་ཅད་མཁྱེན་པས། ཆོས་འབྱུང་དང་དཀར་ཆག་ཏུ་མདོ་ཆོག་རྒྱས་འབྲིང་བསྡུས་གསུམ་ཚད་མར་མཛད་པ་ཟླ་མེད་པའི་མཁས་པ་ཆེན་པོའི་གསུང་ལ་འཁྲུལ་པ་མི་མངའ་ནའང་ཀུན་རིག་རྩ་བའི་དཀྱིལ་འཁོར། གཙུག་དགུ། འཆི་བདག་འཇོམས་པ་མ་གཏོགས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་ལྷག་མ་རྣམས་དང་མཁའ་འགྲོ་རྒྱ་མཚོའི་དབང་མི་བཞེད་པ་སོགས་སྐབས་འགར་དྲང་དོན་དུ་འགྲེལ་དགོས་ཀྱང་སྣང་ཞིང་། ངེས་པར་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཆེན་རིན་ཆེན་ཆོས་སྐྱོང་བཟང་པོས་མཛད་པའི་བསྟན་འགྱུར་དཀར་ཆག་ཏུ། བདེ་གཤེགས་བདུན་གྱི་སྨོན་ལམ་ཆོ་ག་དང་ཞེས་པ་ལས་རྒྱས་འབྲིང་བསྡུས་གསུམ་ཡོད་ཚུལ་མ་གསུངས་ཤིང་དེར་མ་ཟད། དེ་ཉིད་ཕྱོགས་གཅིག་སྡུད་པའི་བྱེད་པོ་མཆོག །ཁ་པ་ཅན་གྱི་འདྲེན་པ་གཅིག་པུ་བ། །དྲི་མེད་རྒྱལ་བའི་རིང་ལུགས་གཅེས་འཛིན་པའི། །ཀུན་མཁྱེན་གཉིས་པ་བུ་སྟོན་ཁ་ཆེ་ཡིན། །འདི་ལ་བརྟེན་ནས་ཁ་བ་ཅན་ལྗོངས་འདིའི། །ཕྱོགས་ཕྱོགས་དག་ཏུ་ཐུབ་བསྟན་ལ་བསམས་ནས། །འབྱོར་པས་མངོན་མཐོའི་སྦྱིན་བདག་འགའ་ཞིག་དང་། །བསྟན་འཛིན་རྣམས་ཀྱིས་རྒྱས་པར་བྱས་པ་ཡིན། །སླར་ཡང་ཆོས་ཀྱི་སྤྱན་ལྡན་མཁས་པའི་ཚོགས། །སླད་ནས་འབྱུང་བ་རྣམས་ཀྱིས་འདི་ལ་ཡང་། །མ་ཚང་མ་ཆུད་ནོར་བ་ཆད་པ་དང་། །ཟློས་དང་གོ་རིམ་འཁྲུགས་པ་ལ་སོགས་པ། །བཅོས་པར་བྱ་བ་དུ་མ་ཡོད་པ་རྣམས། །རྐང་གཉིས་མཆོག་གི་བསྟན་ལ་ལེགས་བསམ་ནས། །རྣམ་དག་ལུང་རིགས་གཟུ་བོའི་བློར་ལྡན་པས། །ལེགས་པར་འཆོས་པའི་རྩོལ་བ་མི་འདོར་ཞུ། །ཞེས་གསུངས་པས་དཀར་ཆག་སྔ་མ་རྣམས་ལའང་དག་མ་དག་གི་དཔྱད་པ་དགོས་པར་བསྟན་པའི་ཕྱིར་དད་པའི་རྗེས་འབྲང་ཅི་བྱ་མི་རིགས་བར་སེམས་ལ། ངོར་ཆེན་གྱི་ཆོ་ག་རྒྱས་བསྡུས་གཉིས་བཀའ་གདམས་པ་ཞིག་གིས་བྱས་ཀྱིས་མཁན་ཆེན་ཞི་བ་འཚོས་མཛད་པ་ནི་མ་ཡིན་ནོ་ཞེས་ཐག་བཅད། ཤཱི་ལ་བྷ་དྲ། སྟག་ཚང་པ། ཤཱཀ་མཆོག་པ་གསུམ་གྱི་ཡིག་ཆར་མདོ་རྒྱས་བསྡུས་གཉིས་ཀྱི་འཕྲོས་ཙམ་ཡང་མི་འདུག་ཅིང་བྱམས་དང་སྙིང་རྗེ་སེམས་བསྐྱེད་ཀྱི་སྐོར་རྒྱས་པ་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་སོགས་ལྷ་ཀླུ་སྤྱན་འདྲེན་གྱི་ཚིགས་བཅད་སྐོར་དེ་བཞིན་གཤེགས་པ་བདུན་གྱི་སྤྱན་འདྲེན་གོང་དུ་ཡོད་པ། བདེ་བར་གཤེགས་པ་བདུན་གྱི་མཚན་ཡིད་ལ་གཟུང་བར་བྱ་ཞེས་པ་ལས་འཕྲོས་ཏེ། བདེ་གཤེགས་བདུན་སོ་སོ་དང་། བྱེ་བྲག་ཏུ་སྨན་བླའི་ཕན་ཡོན་རྒྱས་བཤད་སོགས་མང་ཙམ་སྣང་ཡང་ཁ་ཐག་རིང་བ་ལས་དགོས་དོན་ལྷག་པོ་ཆེར་མི་འདུག་པས་མཁན་པོ་ཐམས་ཅད་མཁྱེན་པས་མཛད་པའི་མདོ་ཆོག་གཅིག་པུ་འདི་ཀ་ལས་མེད་པར་མངོན་ཞིང་། མདོ་ཆོག་ཆུང་བ་དེ་ལ་སྒོས་ཀྱི་སྨོན་ལམ་བརྒྱད་དོར་ནས་ཐོག་མཐའ་བཟུང་བ་ཙམ་ལས་བརྗོད་བྱ་ཁྱད་ཐོན་མ་བྱུང་མོད། འོན་ཀྱང་ཀར་ལུགས་དྲུང་པ་གྲགས་པ་དོན་གྲུབ་ཀྱིས་མཛད་པའི་སྨོན་ལམ་ཐམས་ཅད་ནས་ཚྭ་རན་བལྟས་པ་ལྟ་བུའི་ཤེར་སྙིང་ཤློ་ཀ་གཅིག་ལ་བསྡུས་ཟེར་བའི་དཔེ་ཟླ་དེ་འདྲ་ལས་ནི་དྲག་ཤས་ཆེ། སློབ་དཔོན་ཚུལ་ཁྲིམས་བཟང་པོས། ཕྱོགས་སྐྱོང་གི་འོག་ཏུ་མཁན་པོ་དང་ཆོས་རྒྱལ་ཡོན་མཆོད་བཞུགས་པར་གསུངས་པ་ནི། ཧ་ཅང་ཐལ་ཆེས་ཏེ། དེ་ལྟར་ན་རྒྱུད་སྡེ་སོ་སོའི་ལྷ་ཚོགས་ཀྱི་ཁྲོད་དུ་ལོ་པཎ་དང་སྦྱིན་བདག་འཇུག་དགོས་པར་འགྱུར་རམ་སྙམ་ཞིང་ཤཱཀ་མཆོག་པས། རྟ་བབས་དྲྭ་བ་ཕྱེད་སོགས་འདུལ་བ་གནས་མལ་གྱི་གཞི་ལས་ཀྱང་བཤད་གསུངས་པ་ལེགས་པའི་ཆར་འགྱུར་ན་ཡང་དེ་འདྲ་བྲིས་ཚེ་བླུན་པོ་རྣམས་ཀྱིས་དཀྱིལ་འཁོར་དུ་འཁྲུལ་གཞི་བྱུང་དོགས་པའི་སྟག་ཚང་པས་ཕ་གུ་ཚུན་བཤད་པ་རྒྱས་བསྡུས་འཚམས་ལ་བྱིན་བརླབ་གསུམ་པ་སྟན་བྱིན་བརླབ་ཀྱི་སྐབས་ལྷ་རྣམས་སྔོ་གྲངས་སུ་བྱས་པར་འགའ་ཞིག་ལ་ལྷ་བསྐྱེད་དམ་སྙམ་པའི་ལོག་རྟོག་འབྱུང་སྲིད་མོད། དེ་ནི་སོ་སོའི་སྟན་བཤམས་པ་ལ་ལྷ་རྣམས་སྤྱན་དྲངས་པའི་ཚེ་དེ་བཞིན་དུ་འགྲུབ་པའི་སྨོན་ལམ་ཡིན་ལ། སྤྱན་འདྲེན་ལུགས་ཀྱང་ཤཱཀ་མཆོག་པས། མ་ག་དྷ་བཟང་མོའི་རྟོག་བརྗོད་དཔེར་མཛད་པ་རྣམ་དཔྱོད་ཀྱི་རྩལ་ཡིན་ཅིང་ཆོས་དཀོན་མཆོག་ལ་ལུང་རྟོགས་གཉིས་ལས་ནི་རྟེན་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་སྤྱན་འདྲེན་པ་དེ་ཉིད་ཀྱི་ཆོག་ལ། ཆོས་དབྱིངས་ཤིན་ཏུ་རྣམ་དག་གང་གི་ངོ་བོ་ལ་སྤྱན་འདྲེན་མི་དགོས་པས་སྤྱན་འདྲེན་ལོགས་སུ་མ་བཤད། ཅེས་དང་། དེའི་འཕྲོས་ལས། ཡུམ་ཆེན་མོའི་སྐུ་འབྲི་བར་མི་འཐད་པར་བཤད་པ་མདོ་ལུགས་སོར་བཞག་ན་དེ་ལེགས་པར་མངོན་ཏེ། རྗེ་སྟག་ཚང་པས། ཆོས་དཀོན་ཅོག་གཙོ་བོར་ལུང་ལ་སྦྱར་ནས་གསུངས་པ་ལ་སྤྱིར་ལྷ་སྐུ་དང་སྒོས་ཆོས་སྤྱི་ལ་སྦྱོར་རྒྱུ་ཤེར་ཕྱིན་ཁོ་ན་དང་དེ་ཡང་ཡོ་ག་ནས་བཤད་པའི་དམར་སེར་ཕྱག་གཡས་སོགས་ནི་རང་བཟོ་ཁོ་ན་ཡིན་ནོ། །ཞེས་པས་ཤེས་ནུས། སྔགས་ལུགས་ཀྱི་ཆོ་ག་དང་དབང་གི་རྣམ་བཞག་བྱེད་ན་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་ངེས་པར་དགོས་ཤིང་ཆོས་ཐམས་ཅད་ཀྱི་སྙིང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལྷག་པ་མེད་པས་སྐྱོན་དུ་མི་འགྱུར་བར་སེམས། ངོར་ཆེན་གྱི་ལྷ་རྣམས་ཞལ་ཕྱིར་བལྟས་ཀྱི་ཙཀ་ལི་ལ་ཕོ་བྲང་དུ་མིང་བཏགས་པ་བོན་པོའི་ལུགས་ཀྱི་རྟེན་བཤམ་པ་དང་། ཞེས་གསུངས་པ་མདོ་ཆོག་གི་ཚིག་དོན་ལ་དཔགས་ཀྱང་ལེགས་པར་མ་མཐོང་ཞིང་བསྟན་པ་སྔ་དར་གྱི་དུས་ཆོས་དང་འཕྲད་གྱི་དོན་ཚུལ་བཞིན་དུ་མ་གོ་བའི་མིའི་རིགས་དང་བོན་ཆོས་ལ་གནག་པ་དག་གི་ཆེད་དུ། སངས་རྒྱས་དང་བྱང་སེམས་ཀྱི་སྐུ་ལ་རྒྱལ་བློན་གྱི་མིང་འདོགས་པ་སོགས་བྱུང་འདུག་པས་དུས་དེར་དགོས་དབང་གིས་བོན་དང་ཕྱོགས་མཐུན་པར་མཛད་པའམ་ཡང་ན་ལས་དང་པོ་པ་འདྲས་ལག་ལེན་ཁོང་དུ་མ་ཆུད་པའི་རྒྱུན་འབྱམས་པའི་ངེས་པ་མི་འདུག །རྗེ་སྟག་ཚང་པས། ཕོ་བྲང་དུ་གྲགས་པ་མང་པོའི་དར་ཤམ་གྱི་ཙཀ་ལི་ལ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒོ་དང་སྒོ་ཁྱུད་དྲྭ་ཕྱེད་སོགས་བྱས་པའང་མི་འཐད་དེ་མདོའི་ཁུངས་མེད་ལ། རྒྱུད་ཀྱི་ཁུངས་རྣམས་དང་སྐབས་མ་འབྲེལ་བའི་ཕྱིར་རོ། །ཞེས་པའི་གསུངས་ལ་དཔག་ན་མདོ་ནས་བཤད་པའི་དཀྱིལ་འཁོར་མ་འགྲུབ་པའི་རིགས་ལ་དེ་ཚབ་ཏུ་བྱས་པར་འགལ་བ་མེད་ཅིང་དཀྱིལ་འཁོར་གྱི་སྟེང་དུ་ཕོ་བྲང་བཙུགས་ན་མི་འཐད་པ་ཡིན་ནམ་ཡང་ན་དར་ཤམ་ལ་དཀྱིལ་འཁོར་གྱི་རི་མོ་བྱས་པའང་བྱུང་སྲིད་པ་ལ་དགོངས་སམ་སྙམ། པཎ་ཆེན་ཤཱཀ་མཆོག་པས། གཞན་དང་སྨན་བླའི་ཕོ་བྲང་དུ་གྲགས་པའི་ཆོས་པོ་ཏི་དབུས་སུ་བཞུགས་པ་ལ་ལྷ་རྣམས་ཞལ་ཕྱིར་བསྟན་ནས་བྲིས་པ་འདི་ནི་མདོ་སྔགས་ཀྱི་ལུགས་གང་དང་ཡང་མི་མཐུན་མོད། བསོད་ནམས་གསོག་པའི་ཡན་ལག་ཏུ་འགལ་བ་མེད་དོ། །ཞེས་པར་དཔག་ན་དེང་སང་བྲིས་ཐང་ཙམ་རེ་གཉིས་དགྲམ་པ་ལས་ཚོམ་བུས་མཐའ་རྟེན་པའི་དམིགས་རྟེན་གྱི་རིགས་མ ི་བཤམ་པའི་སླ་ཆོས་གཙོར་བཏོན་འདི་འདྲ་ལས་ཕོ་བྲང་ཡང་སྐྱོན་དུ་མི་འགྱུར་བ་འདྲ་ལ། འོན་ཀྱང་མཁས་པ་ལ་ལས་ལྷ་རྣམས་རྒྱབ་སྤྲོད་མཛད་པར་བརྟེན་བོད་ཀྱི་རྒྱལ་ཁྲིམས་ཞིག་ཅིང་མི་ཤེས་པ་བྱུང་བ་སོགས་གསུང་འདུག་པ་སྔགས་རྙིང་མའི་སྒྲོམ་ཁྲིར་ཙཀ་ལི་མང་པོ་འགོད་པ་ནི་རྒྱན་དགོད་ལས་དངོས་གཞི་མ་ཡིན་ལ། འདིར་ནི་རྟེན་བཤམ་པར་བཤད་པ་དེ་ཀ་དངོས་བསྟན་པ་ཡིན་པས་མི་ཤིས་པའི་དོགས་གནས་ཙམ་འདྲ་ཡང་། ཀཀྞིའི་དཀྱིལ་འཁོར་ཞལ་སྦུབ་པ་སོགས་ལ་དཔག་ན་བློའི་བྱེ་བྲག་ལས་མཐའ་གཅིག་ཏུ་མ་ངེས་ཤིང་། གཙོ་བོ་ནི་གང་ཟག་གི་རྟོགས་པ་མཐོ་དམའ་ལ་རག་པ་འདྲའོ། །གཞན་མ་ཤཱཀ་མཆོག་པའི་དེར་ཚད་མེད་ཀྱི་རྗེས་སུ་སྟོང་ཉིད་དང་སེམས་བསྐྱེད་ཀྱི་གོ་རིམ་གཞན་དང་མི་མཐུན་པས་མི་འཐད་པར་སེམས་ཤིང་། བྷཻ་ཥ་ཛྱེ་མདོ་དང་ཆོ་གར་མེད་གསུངས་པ་བདེན་ཀྱང་ལྷན་ཐབས་སུ་ཅུང་ཟད་དགོས་པ་ཁ་འཕངས་པས་མི་གསལ་བས་གཟུངས་འདི་ཡང་མཁན་པོའི་དགོངས་པར་དོན་གྱིས་འགྲོ་བར་བརྟེན་མཁས་པ་རྣམས་ཀྱིས་སྦྱར་བ་ཡིན་ཅིང་། མ་རིག་མུན་སེལ་མདོ་ཆོག་ན་མེད་གསུང་ནའང་བསྟན་འགྱུར་ཁུངས་བཙུན་པར་ཡོངས་གྲགས་ཀྱི་ཆོ་གར་འདུག་པས་དཔེ་མ་དག་པ་ཞིག་གཟིགས་པ་འདྲ། ཆོ་གར་གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ། ཞེས་པར་ལ་ལ་དག་མངོན་པ་མཛོད་དུ། མི་ལྡོག་དེ་ནི་དྲི་ཟའོ། །ཞེས་ཕུང་པོ་རྙིང་པ་ལ་འཇུག་པར་མི་སྲིད་པའི་དོགས་གནས་བྱེད་ནའང་ཐེག་པ་ཆེ་ཆུང་གི་བཤད་ཚུལ་ལ་མཐའ་གཅིག་ཏུ་ཚད་བཟུང་དཀའ་བས་དཔེར་ན་དུས་ཀྱི་འཆི་བ་ལ་རིམ་གྲོ་སོགས་ཀྱིས་མི་ལྡོག་ཅིང་དུས་མིན་ལ་ལྡོག་ནུས་པའི་རིགས་པས་ཚེ་ཟད་ནས་ཤི་བའི་རྣམ་ཤེས་ཕུང་པོ་རྙིང་པར་མི་འཇུག་ཀྱང་མ་ཟད་ན་འཇུག་ནུས་པའི་གནད་འགག་གཅིག་ཡོད་འདུག་པས་འཇམ་དཔལ་གྱིས་ཆོ་ག་ཞུས་པའི་དགོངས་པ་དང་གཉིས་ཀྱི། ཕྱི་མའི་སྐབས་ཤཱཀ་མཆོག་པས། མཐར་བྱེད་ཀྱི་གཤིན་རྗེས་ཟིན་པའི་རྣམ་པར་ཤེས་པ་སླར་ལོག་སྟེ་ཚེ་རིང་བར་འགྱུར་བ་ལ་སོགས་ཞེས་གསུངས་པ་དོན་དང་འབྱོར་བར་མཐོང་ཞིང་མདོའི་དངོས་བསྟན་གྱི་ཚིག་དང་མཁན་པོས་ལྷན་ཐབས་སུ་བླན་པའི་ཁྱད་པར་ལ་གཞུང་འདིར་ས་གཞི་བརླབ་པ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ་བཞུགས་པའི་བར་ནི་སྔོན་མདོ་སྡེ་འདི་གསུང་བའི་དུས་སུ་ལྷའི་བུ་ཤེས་རབ་ཆུང་བ་རྣམས་ཀྱི་ཐེ་ཚོམ་བསལ་པའི་སླད་དུ་དེ་བཞིན་གཤེགས་པ་བདུན་ཞིང་འདིར་སྤྱན་དྲངས། ཤཱཀ་ཐུབ་དང་ཐབས་གཅིག་ཏུ་བཞུགས་པ་ལ། འཇམ་དཔལ་དང་ཕྱག་ན་རྡོ་རྗེ་གཉིས་ཞུ་བ་ཞུ་ལན་དངོས་སུ་མཛད་ཅིང་མདོའི་དོན་དང་གཟུངས་སྔགས་བརླབས་པར་མཛད་པ་ལ་བརྟེན་པའོ། །དེ་ལྟ་མོད་ཀྱི་ཤཱཀ་ཐུབ་མན་ཆད་སྤྱན་དྲང་བའི་ཚིག་རྣམས་ནི་མདོ་དང་དངོས་སུ་སྦྱོར་རྒྱུ་མེད་ཀྱང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པ་ཞེས་པ་ནས། ལེགས་པར་བརྒྱན་པའི་ས་གཞི་ལ་ཞེས་པའི་བར་ཕལ་ཆེར་མདོར་དངོས་སུ་སྣང་ལ། གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ཞེས་པ་ནས། སྨོན་པ་མེད་པ་ནས་འཇུག་པ་ཞེས་པའི་བར་མདོར་མི་སྣང་ཡང་ཐོགས་མེད་ཀྱི་ཐེག་བསྡུས་ལས་བྱུང་བ་བཞིན་བསྣན། ཞིང་ཁམས་དེ་དང་དེ་དག་གི་དབུས་ན་གཞལ་ཡས་ཁང་མཚམས་ཉིད་ཚང་བ་ཡོད་པ་སྨན་བླའི་ཐད་ཀྱི་མདོར་གསལ། །མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག་དང་། ལོངས་སྤྱོད་པར་གྱུར་ཅིག་དང་། དེ་བཞིན་དུ་གྱུར་ཅིག །ཞེས་པ་རྣམས་མདོ་དང་སྦྱོར་རྒྱུ་མེད། གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས་པ་དང་བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་གླེང་གཞི་ལས་བྱུང་བ་ཞེས་པ་ནི་མདོ་དང་སྦྱོར་རྒྱུ་ཡོད། ཆོས་པོ་ཏི་བཞུགས་པ་དང་འཇམ་དཔལ་ལ་སོགས་པའི་གདན་ལྷག་མ་བཤམ་པ་ནི་མདོ་དང་སྦྱོར་རྒྱུ་མེད། ཡང་དེ་བཞིན་གཤེགས་པ་བདུན་ལ་ཕྱག་མཆོད་འབུལ་བ་དང་དེ་དག་གི་སྔོན་གྱི་སྨོན་ལམ་དང་མཐུན་པའི་སྨོན་ལམ་འདེབས་པ་ནི་མདོ་དང་སྦྱོར་རྒྱུ་ཡོད། ཤཱཀ་ཐུབ་མན་གྱི་ཕྱག་མཆོད་གཉིས་ལ་མདོ་དང་སྦྱར་རྒྱུ་མེད་ཅིང་ཆོ་གའི་ཚིག་གཞན་རྣམས་ནི་མདོའི་ཚིག་དངོས་བསྟན་ལ་ཡོད་དོ། །རྗེས་ཆོག་གི་ཚིག་རྣམས་ནི་མཁན་པོ་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཉེ་བར་སྦྱར་བ་ཡིན་ནོ། །ཞེས་གསུངས་པ་ནི་ལེགས་པར་སྣང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཞེས་སོགས་ནི་སྨོན་ལམ་རྣམས་འགྲུབ་བྱེད་དུ་མདོར་མེད་ཀྱང་མཁན་པོས་མཛད་པ་ཡིན་ནོ། ༈ །བཞི་པ་ཉམས་སུ་བླང་བྱའི་ཆོ་ག་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། དང་པོ་མདོ་ཆོ ག་ལས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་ཀློག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། དེ་བཞིན་གཤེགས་པ་བདུན་ལ་ཕྱག་འཚལ་ལོ། །ཆོ་ག་བྱེད་པར་འདོད་པས་ལུས་ལེགས་པར་བཀྲུས་ལ་གོས་བཟང་པོ་དྲི་མ་མེད་པ་བགོ་ཞིང་ཁ་ཟས་གཙང་མ་བཟའ་བར་བྱ། སེམས་ཉོན་མོངས་པ་ལ་སོགས་པའི་དྲི་མ་མེད་པར་བྱས་ཏེ། དཀོན་ཅོག་གི་ཡོན་ཏན་དང་མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་ཤིང་དད་པ་དང་གུས་པ་བསྐྱེད། ཚད་མེད་པ་བཞི་བསྒོམ། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམས་གཟུང་། དུས་བཟང་པོ་ཚེས་བརྒྱད་ལྟ་བུ་ལ་བརྩམ། གནས་ཡིད་དུ་འོང་བ་གཙང་མར་བྱས་ལ་གདུགས་དང་རྒྱལ་མཚན་མང་པོས་ལེགས་པར་བརྒྱན་པའི་ནང་དུ་སྤོས་ཀྱི་མཎྜལ་ཆེན་པོ་བྱས་ལ་ཚོན་ཕྱེའམ་མེ་ཏོག་གིས་དགྲམ་པར་བྱའོ། །ལུགས་སྐུའམ་རས་བྲིས་སམ། འཇིམ་པ་ལ་བྱས་པ་ཡང་རུང་སྟེ་རིང་བསྲེལ་དང་བཅས་པ་བྱ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གདན་ཡང་བཤམ། མཆོད་པ་ཅི་འབྱོར་པ་ཡང་བཤམས་ཏེ། སྐུ་གཟུགས་རེ་རེའི་སྤྱན་སྔར་མར་མེ་བདུན་བདུན་དང་ཚོན་སྣ་ལྔའི་བ་དན་བདུན་བདུན་བཞག །གཞན་ཡང་སྤོས་དང་། མེ་ཏོག་དང་། དྲི་དང་། ལྷ་བཤོས་དང་། རོལ་མོའི་བྱེ་བྲག་དང་། རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་ཀྱི་རྫས་བརྒྱད་དང་། བུམ་པ་ལ་སོགས་པ་སྟ་གོན་བྱའོ། །མདོ་སྡེ་འདི་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་ཡང་ཅི་ནུས་ཀྱིས་བཀླག །གཟུངས་ཀྱི་ཆོ་ག་འདི། ཞག་བདུན་ནམ་ཞག་ཉི་ཤུ་རྩ་གཅིག་གམ། སུམ་ཅུ་རྩ་ལྔའམ། བཞི་ཅུ་རྩ་དགུ་སྙེད་དུ་བཀླག་པར་བྱའོ། །དེ་ལྟར་མཆོད་པ་བཤམས་པ་དག་དགེ་འདུན་ཚོགས་ནས་བསྟན་བདེ་པ་ལ་འདུག་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་ནུས་སུ་བསྒོམ། ཞེས་གསུངས་པའི་དོན་བསམ་པ་དང་བསྒོམ་པ་གཉིས་ཡོད་པའི་བཤམས་པ་ལ། གནས་ཁྱད་པར་ཅན་ཡིད་དུ་འོང་བར་ཕྱག་དར་དང་ཆག་ཆག་གདབ་ཅིང་ས་རྒྱན་གནམ་རྒྱན་སོགས་བཀོད་པས་མཛེས་པར་སྟེགས་བུའམ་མ་འགྲུབ་ན་ཞལ་བ་སྤོས་དང་སྨན་གྱི་བྱུག་པས་དྲི་ཞིམ་པར་བྱ། དེར་གཞལ་ཡས་ཁང་བྲི་བ་ལ་སྔགས་ནས་བྱུང་བའི་ཐིག་ཚོན་གྱི་ཆོ་ག་མི་དགོས་ཀྱང་ཚད་མི་འཕྱུག་པའི་ཕྱིར་དུ་ཐིག་ཆེན་བརྒྱད་ནས་སྒོ་ཁྱུད་ཀྱི་བར་གདབ། ཚོན་བཀྱེ་ལུགས་རྟ་བབས་སོགས་སྤངས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པའི་དབུས་སུ་ལྷ་སྣམ་དཀར་པོ་གྲུ་བཞི་པ། དེའི་ཕྱི་རོལ་དུ་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ལྷ་སྣམ་གྲུ་བཞི་པ་གཉིས་བྱས་ལ། ལྟེ་བར་པདྨ་འདབ་མ་བརྒྱད། བར་མ་ལ་པདྨ་བཅུ་དྲུག་ཕྱི་མ་ལ་ཉེར་བཞི། དབུས་དང་ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་ལ་སེང་གེའི་ཁྲི་རེ་རེ། བར་མར་ཟླ་གདན་རེ། ཕྱི་མའི་ཤར་སྒོ་ནས་བརྩམས་ཏེ་གཡས་གྲལ་ལ་ཕྱོགས་སྐྱོང་བཅུ་དང་ཉི་མ་ཟླ་བར་བྲག་རིའི་གདན། གཡོན་གྲལ་ལ་སྡེ་དཔོན་བཅུ་གཉིས་ལ་ཟ་འོག་གི་གདན། སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་ལ་པད་ཟླའི་གདན་རྣམས་རྡུལ་ཚོན་གྱིས་ལེགས་པར་བཞེངས། དེའི་ཕྱི་རོལ་ཏུ་རིན་པོ་ཆེའི་བྱེ་མ་བརྡལ་བ་དང་ཨུཏྤལ་སོགས་ཞིང་གི་ཁྱད་པར་བཤད་པ་རྣམས་བདེ་བ་ཅན་གྱི་ཞིང་བཀོད་ལྟར་ཐོ ན་ན་གང་ལེགས་འབྲི། ཕ་གུའང་སྔགས་ལུགས་ལྟར་རྩིག་པའི་སྟེང་དུ་མ་ཡིན་པར་ཕྱི་རོལ་ནས་མཐའ་བསྐོར་བའི་རྒྱ་ཆེ་བ་སྟེ་དཔེར་ན་སྐྱེད་མོས་ཚལ་ཡངས་པའི་དབུས་སུ་རྒྱ་གར་གྱི་ཁང་བཟང་འདྲ་བ་དང་དེའི་མཐར་ལྕགས་རིས་བསྐོར་བ་ལྟ་བུའི་དོན་སྤྱི་ཤེས་དགོས་ཤིང་རྩིག་པའི་སྟེང་ནས་བྲེ་ཕུལ་གྱིས་བཏེག་པའི་རིན་པོ་ཆེའ ི་རྒྱ་ཕིབ་ཅན་ནོ། །དེར་འགོད་པའི་དམིགས་རྟེན་ནི་དབུས་སུ་མཉྫི་ལྟ་བུའི་ཁར་མདོ་བརྒྱད་བརྒྱ་པའི་གླེགས་བམ་བཞུགས། ཤར་ནས་བརྩམས་ཏེ་ལྷ་རྣམས་འགོད་པ་ལ། བྲིས་འབུར་གང་བྱེད་ཀྱང་མངོན་རྟོག་མེད་ཁ་མེད་དུ་འདུག་པ་བཞེད་ཚུལ་མང་ཡང་རྒྱལ་བའི་སྲས་ཐོགས་མེད་བཟང་པོ་དཔལ་གྱི་ལུགས་བཞིན། ཤར་དུ་ཤཱཀ་ཐུབ་སེར་པོ་གཡས་ས་གནོན་དང་གཡོན་མཉམ་གཞག་ཅན། ལྷོར་སྒྲ་དབྱངས་སེར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་བཞག་ཅན། ནུབ་ཏུ་མྱ་ངན་མེད་མཆོག་དམར་སྐྱ་ཕྱག་གཉིས་མཉམ་བཞག་ཅན། བྱང་དུ་མཚན་ལེགས་སེར་པོ་གཡས་མི་འཇིགས་པ་དང་གཡོན་མཉམ་གཞག་ཅན། བྱང་ཤར་དུ་སྨན་བླ་སྔོན་པོ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨ་རུ་ར་དང་གཡོན་མཉམ་བཞག་སྟེང་ན་ལྷུང་བཟེད་ཅན། ཤར་ལྷོར་གསེར་བཟང་སེར་པོ་ཕྱག་གཉིས་ཆོས་འཆད་ཅན། ལྷོ་ནུབ་ཏུ་ཆོས་བསྒྲགས་དཀར་དམར་ཕྱག་གཉིས་ཆོས་འཆད་ཅན། ནུབ་བྱང་དུ་མངོན་མཁྱེན་དམར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག་ཅན། ཐམས་ཅད་ཀྱང་ཆོས་གོས་དུར་སྨྲིག་དང་མཚན་བཟང་གིས་སྤྲས་པ་རྡོ་རྗེའི་སྐྱིལ་ཀྲུང་ཅན། བར་གྱི་སྣམ་བུ་དང་པོའི་ཤར་དབུས་སུ་འཇམ་དབྱངས་དམར་སེར་གླེགས་རལ་ཅན། དེའི་གཡས་སུ་སྐྱབས་གྲོལ་དཀར་པོ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་བརླའི་སྟེང་དུ་བཞག་ནས་བསྙེམས་ཚུལ་གྱིས་ཅུང་ཟད་འགྱིང་བ། བྱང་ཤར་གྱི་གྲར་ཉི་མ་ལྟར་སྣང་བྱེད་དམར་སེར་གཡས་ཨུཏྤ་ལའི་སྟེང་ན་ཉི་མས་མཚན་པའི་གླེགས་བམ། གཡོན་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། འཇམ་དབྱངས་ཀྱི་གཡོན་དུ་ཕྱག་རྡོར་ལྗང་གུ་གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་རིན་པོ་ཆེའི་ཕྲེང་བ་ཅན། ཤར་ལྷོའི་གྲྭར་ཟླ་བ་ལྟར་སྣང་བྱེད་དཀར་པོ་གཡས་ཨུཏྤ་ལའི་སྟེང་ན་གླེགས་བམ་ཟླ་བ་ཚེས་པས་མཚན་པ་གཡོན་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། གླིང་གཞི་ནས་བྱུང་བའི་འཛིན་པ་བཅུ་གཅིག་ནི། ལྷོའི་སྣམ་བུ་ལ་སྤྱན་རས་གཟིགས་དཀར་པོ་པདྨ། དེའི་གཡོན་དུ་བློ་གྲོས་ཆེན་པོ་སེར་པོ་མིག་གིས་སྤྲས་པའི་པདྨ། བྱམས་པ་མགོན་པོ་སེར་པོ་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་རིལ་པ་སྤྱི་བླུགས་ཀྱིས་མཚན་པ། ལྷོ་ནུབ་ཀྱི་གྲྭར་སྤོབ་པ་བརྩེགས་དཀར་པོ་རལ་གྲི། ནུབ་ཏུ་རྣམ་གནོན་དོན་ཡོད་དཀར་པོ་རལ་གྲི། ལྟ་ན་སྡུག་དཀར་པོ་པདྨའི་སྡོང་བུའི་སྟེང་ན་གླེགས་བམ་རིན་པོ་ཆེས་སྤྲས་པ། མུན་པ་ངེས་པར་འཇོམས་པའི་བློ་གྲོས་དཀར་པོ་དབྱུག་པ། ནུབ་བྱང་གི་གྲྭར་བསམ་པ་ལེགས་པར་སེམས་དཔའ་དཀར་པོ་བུམ་པ། བྱང་དུ་ལྷུན་པོ་བརྩེགས་དཀར་པོ་ཟླ་ཕྱེད་ཀྱི་མཚན་པའི་པདྨའི་སྡོང་བུ། སང་སང་པོའི་དབྱངས་སྔོ་སྐྱ་ཨུཏྤལ་རིན་པོ་ཆེ་འབར་བ་དང་རྡོ་རྗེས་སྤྲས་པ། ལྷུན་པོ་རྩེ་འཛིན་རྒྱལ་པོ་སེར་པོ་རིན་པོ་ཆེའི་སྙེ་མ། བཅུ་གཅིག་པོ་རྣམ་གཡས་པས་རང་རང་གི་ཕྱག་མཚན་ཐུགས་ཀ་དང་གཡོན་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་གསོལ་ཞིང་ཞི་བའི་ཉམས་ཅན་སེམས་སྐྱིལ་གྱིས་བཞུགས་པ། སྣམ་བུ་ཕྱི་མའི་ཤར་སྒོའི་གཡོན་དུ་གནོད་སྦྱིན་གྱི་སྡེ་དཔོན་མི་འཇིགས་སེར་པོ་རྡོ་རྗེ། དེའི་གཡས་སུ་རྡོ་རྗེ་སྨུག་ནག་རལ་གྲི། རྒྱན་འཛིན་སེར་པོ་དབྱུག་ཏོ། །བྱང་ཤར་གྱི་གྲྭར་གཟའ་འཛིན་སྔོ་སྐྱ་དབྱུག་ཏོ། །བྱང་དུ་རླུང་འཛིན་དམར་པོ་རྩེ་གསུམ། གནས་བཅས་དུད་ཁ་རལ་གྲི། དབང་འཛིན་དམར་པོ་བྱུག་པ། གཏུང་འཛིན་སེར་པོ་དབྱུག་ཏོ། །ནུབ་བྱང་གི་གྲྭར་སྨྲ་འཛིན་སེར་པོ་སྟྭ་རེ། ནུབ་ཏུ་བསམ་འཛིན་སེར་པོ་ཞགས་པ། གཡོ་འཛིན་སྔོན་པོ་དབྱུག་ཏོ། །རྫོགས་བྱེད་དམར་པོ་འཁོར་ལོ། །གཡས་རང་རང་གི་ཕྱག་མཚན་ཐུགས་ཀ་དང་གཡོན་རིན་པོ་ཆེ་སྐྱུག་པ འི་ནེའུ་ལེ་འཛིན་ཅིང་རིན་པོ་ཆེའི་རྒྱན་དང་དར་ལྷབ་ལྷུབ་མནབ་པ། ལྟོ་བ་དང་གསུས་ཁྱིམ་ཆེ་བ། འཇིགས་ཤིང་རྔམས་པའི་ཆ་བྱད་ཅན། རྒྱལ་པོ་རོལ་པའི་ལྟབས་ཀྱིས་བཞུགས་པ། ཤར་སྒོའི་གཡས་སུ་ཤིང་རྟའི་སྟེང་དུ་ཉི་མ་དམར་པོ་ཕྱག་གཉིས་ཉི་མའི་དཀྱིལ་འཁོར། དེའི་གཡོན་དུ་ངང་པའི་སྟེང་དུ་ཟླ་བ་དཀར་པོ་ཕྱག་གཉིས་ཟླ་བ། ངང་པའི་སྟེང་དུ་ཚངས་པ་སེར་པོ་གདོང་བཞི་པ་གཡས་འཁོར་ལོ་དང་གཡོན་བུམ་པ། ཤར་ལྷོའི་གྲྭར་བརྒྱ་བྱིན་དཀར་པོ་གླང་པོ་ཆེ་ལ་གནས་པ་རྗོ་རྗེ། ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ་གནས་པ་མེ་ཐབ། གཤིན་རྗེ་སྔོན་པོ་མ་ཧེ་ལ་གནས་པ་དབྱུག་ཏོ། །སྲིན་པོ་ནག་པོ་རོ་ལངས་ལ་ཞོན་བ་རལ་གྲི། ཆུ་ལྷ་དཀར་པོ་ཆུ་སྲིན་ལ་གནས་པ་སྤྲུལ་ཞགས། ལྷོ་ནུབ་ཀྱི་གྲྭར་རླུང་ལྷ་སྔོ་སྐྱ་ཤ་བ་ལ་གནས་པ་བ་དན། ནུབ་ཏུ་གནོད་སྦྱིན་སེར་པོ་རྟ་ལ་གནས་པ་དབྱུག་ཏོ། །དབང་ལྡན་དཀར་པོ་གླང་ལ་གནས་པ་རྩེ་གསུམ། སའི་ལྷ་མོ་སེར་མོ་ཕག་ལ་གནས་པ་ཕྱག་གཉིས་ཀྱིས་བུམ་པ་འཛིན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་ཅོད་པན་དང་དར་གྱིས་མཛེས་པ། ཤར་སྒོར་ཡུལ་འཁོར་བསྲུང་དཀར་པོ་ཕྱག་གཉིས་པི་ཝང་། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་སྒོར་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས། བྱང་སྒོར་རྣམ་ཐོས་སྲས་སེར་པོ་ནེའུ་ལེ་འཛིན་པ། བཞི་ཀའང་རིན་པོ་ཆེའི་ཅོད་པན་དང་དར་སྣ་ཚོགས་ཀྱི་བགླུབས་ཤིང་ཞབས་གཉིས་མཉམ་སྟབས་ཀྱིས་བཞེངས་པ་རྣམས་ཀྱི་སྐུ་རབ་གསེར་དངུལ། འབྲིང་སྨན་འདག །ཐ་མའང་ཙཀ་ལི་བྲིས་པ་གནས་སོ་སོར་དགོད། ཡིག་རྙིང་ཚོར་རས་བྲིས་བྱེད་པའི་གསལ་ཁ་མ་བྱུང་ཡང་ཆུ་ཚོན་གྱི་ཕོ་བྲང་ལ་ལྷ་རྣམས་བྲིས་ན་འཇུག་པ་བདེ་བར་མངོན་ཤིང་དེ་ཙམ་ཡོ་བྱད་དང་གནས་དུས་ཀྱིས་མ་འབྱོར་པ་ལ་མཎྜལ་ལྟ་བུར་འབྲས་དཀར་གྱི་ཚོམ་བུ་གོང་གི་འགོད་ཚུལ་ལྟར་བྱས་ན་དེ་ལ་ལྷ་བསྐྱེད་པ་མིན་ཀྱང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཀྱི་གདན་ལྟ་བུ་གནས་མི་འཆོལ་བའི་གནད་ཡོད་ཅིང་བདེན་པའི་བྱིན་རླབས་ཀྱིས་གྲུབ་པའི་གདན་ཡངས་ཤིང་རྒྱ་ཆེ་བར་སྤྱན་དྲངས་པའི་ལྷ་རྣམས་བཞུགས་པ་མ་གཏོགས་བཤད་མ་ཐག་པའི་རྟེན་རྣམས་ལ་བསྟིམ་པ་མ་ཡིན་མོད་སྐུ་གཟུགས་བདུན་བྱའོ། །ཞེས་པའི་ཚིག་གི་ནུས་པས་སྐུ་གཟུགས་བདུན་པོ་ངེས་པར་དགོས་ཤིང་འཁོར་རྣམས་ཀྱང་ཤུགས་ལས་འབྱུང་བར་བརྟེན་མཁས་པ་ཚད་ཐུབ་རྣམས་ཀྱིས་མཛད་ཅིང་འོག་ཏུ་མགྲོན་གྱི་ཚོགས་གཤེགས་སུ་གསོལ་བས་རྟེན་གྱི་ཡེ་ཤེས་པ་གཤེགས་པའི་དོགས་པ་ནམ་ཡང་མི་འཚལ་ལོ། །མཆོད་པའི་གཙོ་བོ་བདེ་གཤེགས་རེ་རེ་ལ་མར་མེ་བདུན་བདུན། ཚོན་སྣ་ལྔ་པའི་བ་དན་བདུན་བདུན་དགོས་པ་ནི་སྐྱབས་གྲོལ་གྱི་སྨོན་ལམ་ལས་བྱུང་བ་ལྟར་ཤེས་ནུས་ལ། གཞན་ཡང་སྨན་སྤོས་བཟང་པོ་བཏབ་པའི་མཆོད་ཡོན་དང་བྱུག་པ་མེ་ཏོག་དངོས་སམ་བཅོས་མ་དང་སིལ་མ། ཙན་དན་ཨ་ཀ་རུ་དང་དུ་རུ་ཀ་སོགས་སྲེག་རྫས་དང་ཕྱེ་མ་ཕུལ་བས་མཚོན་དྲི་བཟང་པོའི་བདུག་སྤོས། ཟས་སྣ་ཚོགས་སྦྱར་བའི་ལྷ་གཤོས། སིལ་སྙན་སོགས་རོལ་མོ་སྣ་ཚོགས། གདུགས། རྒྱལ་མཚན། ན་བཟའ། རིན་ཆེན་སྣ་བདུན། བཀྲ་ཤིས་རྫས་བརྒྱད་དང་རྟགས་བརྒྱད་སོགས་དངོས་འབྱོར་གྱི་མཆོད་པ་ཕུན་སུམ་ཚོགས་པར་བཤམ་ཞིང་འགྲུབ་ན་སོ་སོར་བདུན་ཚན་བྱ། གནོད་སྦྱིན་ཕྱོགས་སྐྱོང་གཞི་བདག་སོགས་ལ་གཏོར་མ་མ་ཕུལ་ཀྱང་རུང་མོད། མདོ་དང་འབྲེལ་བའི་སྒོ་ནས་འབུལ་ན་བཤོས་རེ་བཤམས། གཟུངས་བུམ་དྲི་བཟང་གི་ཆུས་བཀང་བ་མགུལ་ཆིངས་དང་འབྲས་བུ་ཅན་གྱིས་ཁ་བརྒྱན་པ་བསྟར། དགེ་སློང་གི་དགེ་འདུན་འཛོམ་པ་ལ་བསྙེན་བཀུར་ཞིང་མདོ་བརྒྱད་བརྒྱ་པ་དང་ཤེར་ཕྱིན་སོགས་མདོ་སྡེ་ཟབ་མོ་མང་དུ་བཀླག་པའི་རྒྱབ་ཆོས་བྱ། དུས་ནི་ནམ་བྱུང་ལའང་བྱར་རུང་ལ། ཁྱད་པར་འོ་སྐོལ་གྱི་སྟོན་པ་འདི་ཉིད་ས་ལུག་དབྱར་འབྲིང་ཆུ་སྟོད་ཀྱི་ཉ་བའི་ཚེས་བཅོ་ལྔ་ལ་ཡུམ་གྱི་ལྷུམས་སུ་ཞུགས། ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ལ་སྐུ་བལྟམས། ས་བྱི་དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་རབ་ཏུ་བྱུང་། ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སངས་རྒྱས། ལོ་དེ་ཀའི་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ཝཱ་རཱ་ཎ་སཱིར་བདེན་བཞིའི་ཆོས་འཁོར་བསྐོར། ལྕགས་བྱི་སྟོན་ཟླ་འབྲིང་པོའི་ཉེར་གཉིས་ལ་ལྷ་ལས་བབས། ལྕགས་འབྲུག་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདས་པའི་དུས་སྟོན་རྣམས་འཁྲུལ་མེད་ཕུག་པའི་ལུགས་སྲོལ་བཞིན་བཀོད་ཀྱི། ཆོས་རྗེ་ས་སྐྱ་བ་མེ་ཡོས་དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་སྐུ་བལྟམས་པ། ཀུན་མཁྱེན་བུ་ཤིང་རྟར་བལྟམས་པ། ཁ་ཆེ་པཎ་ཆེན་དང་ཁྲོ་ཕུ་ལོ་ཙྭ་བ་ཐ་སྐར་ཟླ་བའི་ཉེར་གཉིས་ལ་ལྷ་བབས་སུ་ངོས་འཛིན་པ་སོགས་མཁས་པའི་བཞེད་ཚུལ་ཟབ་ཅིང་བརླིང་བས་དཔྱད་པར་དཀའ་ཡང་ལོ་སྟར་གྱི་ཟླ་བའི་དུས་ཆེན་དེ་དག་འབྱུང་ཞིང་མཉམ་ཡོད་མཆོད་པ་ནི་སངས་རྒྱས་དགུང་ལོ་གང་གི་དུས་བྱུང་བའི་གསལ་ཆ་ཡིད་བརྟན་གྱི་ངེས་རྙེད་མ་བྱུང་རུང་རྟ་ཆེན་གྱི་ཟླ་བ་ཡིན་པར་ཡོངས་སུ་གྲགས་ཤིང་ལ་ལ་དབོ་ཟླར་ཡང་ངོས་འཛིན་མོད་བཤད་མ་ཐག་བའི་དུས་དེ་དག་དང་ཁྱད་པར་ཆོ་འཕྲུལ། བྱང་ཆུབ་བརྙེས་པ། ཆོས་འཁོར་བསྐོར་བ། ལྷ་བབས་རྣམས་དུས་ཆེན་བཞི་ཞེས་དགེ་བ་གང་བྱས་བྱེ་བ་ཕྲག་བརྒྱར་འགྱུར་བར་ལུང་སིལ་བུ་དང་མྱང་འདས་སོགས་ལས་གསུངས་པས་ཕན་ཡོན་ལྷག་པར་ཆེའོ། །ཇོ་བོ་ཆེན་པོའི་བཞེད་པར་གྲགས་པའི་སྟོན་པའི་འཁྲུངས་ལོ་ནི་སྟོད་ལུང་ཇོ་བོ་ཟེར་བ་ཞིག་དང་མཚན་གྱི་འཁྲུལ་གཞི་བྱུང་བ་ལས་དཔལ་དི་པཾ་ཀཱ་རའི་དགོངས་པ་ནི་མིན་ནོ། །གཉིས་པ་བསྒོམ་པ་ནི། ལུས་ལེགས་པར་བཀྲུས་ཤིང་གོས་གཙང་མ་གྱོན་པ་ཕྱིའི་ཁྲུས་དང་ཤ་ཆང་སྒོག་བཙོང་སོགས་མ་དག་པའི་ཟས་སྤངས་ཏེ། དཀར་གསུམ་མངར་གསུམ་གྱིས་མཚོན་པའི་ཟས་གཙང་མར་བརྟེན་ཅིང་སེམས་ཉོན་མོངས་པ་དང་བྲལ་བ་ནང་གི་ཁྲུས་དང་ལྡན་པའི་སྒོ་ནས་ཁྱིམ་པ་ཡིན་ན་གསོ་སྦྱོང་ལ་གནས་པ་དང་། རབ་ཏུ་བྱུང་བ་རྣམས་ཐེག་པ་ཆེན་པོའི་གསོ་སྦྱོང་ལ་གནས་དགོས་པས། དཀོན་ཅོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་བླ་མ་རྒྱལ་བ་སྲས་དང་བཅས་པ་དེང་འདིར་གསོ་སྦྱོང་ལེན་པའི་ཞིང་དུ་འབྱོན་པར་ཅི་གནང་། ཞེས་བདེན་པའི་མཐུས་བྱོན་ཏེ་བཞུགས་པར་མོས་ལ། ཆེར་སྙིགས་འགྲོ་ལ་ཐུགས་རྗེས་ཆེན་པོ་ཡིས། །ཤིན་ཏུ་རྒྱས་པའི་མདོ་སྡེའི་སྙིང་པོའི་དོན། །སྩོལ་མཛད་དངོས་བརྒྱུད་ཡོངས་འཛིན་ལ་སོགས་པའི། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་པའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །ཕྱོགས་བཅུའི་འགྲོ་ཀུན་ཡོངས་སུ་སྐྱོབ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །མཐུན་པའི་སྨོན་ལམ་མཆོག་ཏུ་རྨད་བྱུང་ཞིང་། །སྤྱོད་པ་སྤྱད་ཚེ་ན་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་གྱུར་འགྲོ་བ་མཐའ་དག་སྐྱོབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིགས་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གའུ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེ་སོགས། རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་ཕྱག་འཚལ། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །འཇམ་དཔལ་དབྱངས་དང་སྐྱབས་གྲོལ་གསང་བའི་བདག །སྤྱན་རས་གཟིགས་སོགས་རླབས་ཆེན་སྤྱོད་པ་ཡིས། །འགྲོ་ཀུན་སྲིད་ཞི་ལས་སྒྲོལ་ཁུར་ཁྱེར་བའི། །ཐེག་ཆེན་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །དགྲ་བཅོམ་བློ་མཆོག་དབང་པོ་ཀུན་དུལ་བ། །བསྟན་པའི་སྲིད་དུ་ལེགས་པར་བརྟན་བཞུགས་ནས། །བསྟན་པ་འཛིན་དང་སྤེལ་དང་བསྲུང་མཛད་པའི། །དགྲ་བཅོམ་གནས་བརྟན་བཅུ་དྲུག་ལ་ཕྱག་འཚལ། །ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས། །རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའོ། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་བསྲུང་བའི། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པ། །ནོར་སྦྱིན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པའི། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པས་ཕྱག་བྱ། དེ་ནས་རང་གནས་སུ་འཁོད་དེ་རོལ་མོ་ཇི་སྙེད་པ་འབུད་དཀྲོལ་བྱ་ཞིང་། མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་བརྗོད། རོལ་མོ་བཞག་སྟེ། འདོད་ཆགས་ཞེ་སྡང་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པས་ཡན་ལག་བདུན་པ་བྱས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་དོན་ཡིད་ལ་དྲན་བཞིན་པས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྷག་པར་རྫོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་ཏུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ཏེ་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་པ་ལན་གསུམ་གྱི་སྡོམ་པ་བླངས་ལ། དེའི་བསླབ་བྱ་འདི་རྣམས་བསླབ་སྙམ་པས། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ནི་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་འཁྲུག་འཇིག་རྟེན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གསུམ་བརྗོད། ༀ་ཨ་མོ་གྷ་ཤྲཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷུ་ཥཱི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་བདུན་ནམ་ཉེར་གཅིག་བཟླ། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །སོགས་ཀྱིས་སྨོན་ལམ་གདབ། ཅེས་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་ཞིང་དད་པ་གུས་པ་སོགས་བསམ་པའི་ཁྱད་པར་གྱི་སྤྲོ་བ་བསྐྱེད། སྐྱབས་འགྲོ་ནི། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆོའོ། །ཞེས་ལན་བདུན་ནམ་གསུམ་སོགས་ཅི་རིགས་པ་བརྗོད། སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་བདེ་བར་གཤེགས་པ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་མཆོད་ཐུགས་དམ་བསྐུལ་བ་ལ་སོགས་པའི་ལམ་གྱི་རིམ་པ་ལ་གནས་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་ངང་ནས་ཚད་མེད་བཞི་བསྒོམ་པ་ནི། བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་བྱ། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བྱའོ། །རྗེ་སྟག་ཚང་པས། བདག་མེད་ཀྱི་ལྟ་བའི་ཏིང་ངེ་འཛིན་ཅི་ནུས་སུ་བསྒོམ་པ་ལས་ལངས་ནས། དེ་མ་རིག་པའི་སེམས་ཅན་ལ་ཚད་མེད་བཞི་དང་བྱང་ཆུབ་ཀྱི་སེམས་བསྒོམ་ནས། ཞེས་གསུངས་པ་རྒྱུ་འབྲས་སུ་མཛད་པའམ་ཚད་མེད་དེ་ཀས་གོ་བཅད་ནས་གཉིས་པོ་ངོ་བོ་གཅིག་ཏུ་བཞེད་པ་འདྲ་ནའང་སེམས་བསྐྱེད་ལོགས་སུ་བྱེད་པ་གསུང་འདི་ཀའི་འོག་ཏུ་གསལ་བས་ཆོ་ག་མཁན་པོའི་གཞུང་དང་མཐུན་ནོ། །བྱིན་བརླབ་བཞི་སྐོར་ལས་ས་གཞི་བརླབ་པ་ནི། དཀོན་ཅོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལས་བྱུང་བའི་ཆོ་ག་བཞིན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་མཆོད་པའི་ཚོགས་སྦྱར་བ་འདི་རྣམས་ཅི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབ་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ་དྲི་མ་མེད་ཅིང་འོད་གསལ་བ། ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་བསུང་ངད་དང་ལྡན་པའི་ལྷའི་ཏོག་སྣ་ཚོགས་ཀྱི་གཅལ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩེགས་པ། གསེར་དང་། དངུལ་དང་། མུ་ཏིག་གི་ཕྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་དང་། ཀུ་མུད་དང། པདྨ་འགྱིང་ཞིང་ལྡེམས་པས་ཁེབས་པར་གྱུར་ཅིང་། ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོགས་པ། དགའ་ཞིང་འཕྱོལ་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ་རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྗོན་པ་ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་འཕྲེང་དང་། རིན་པོ་ཆེ་དཔྱངས་པ། མེ་ཏོག་གི་མགོ་ལྕོགས་དང་འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་བསྒྲེངས་བས་ལེགས་པར་བརྒྱན་པའི་ས་གཞི་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག །ཁང་བཟང་བརླབ་པ་ནི། དེའི་དབུས་སུ་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་པ་རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ་བདུད་ཐམས་ཅད་ཡོངས་སུ་སྤངས་པ་ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས་དྲན་པ་དང་། བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་གི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ནས་འཇུག་པ་རིན་པོ་ཆེའི་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོ་འབྱུང་བར་གྱུར་ཅིག །གདན་ཁྲི་བརླབ་པ་ནི། དེའི་དབུས་སུ་པདྨའི་གདན་རིན་པོ་ཆེའི་སེང་གེའི་ཁྲི་སྟན་ལ། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང་། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་བཞུགས་གནས་འཕགས་པ་སོ་སོའི་སྨོན་ལམ་ཁྱད་པར་ཅན་དང་མངའ་ཐང་འཚམས་པར་གྲུབ་པར་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །མཆོད་པ་བརླབ་པ་ནི། ཕྱི་ནང་ཀུན་ཏུ་ཡང་ཆོ་རིགས་དང་འཚམས་པར་ཡང་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་ན་བཟའ་དང་། རྒྱན་དང་རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱི་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་བཟླས། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བར་མཆོད་པའི་སྤྲིན་གྱི་གཟུངས་འདི་ཉིད་ལྷག་པར་ཕན་ཡོན་ཆེ་བ་མདོ་ལས་གསུངས་པས། ༀ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མ་རྡ་ནི། ཏ་ཐཱ་ག་ཏཱ་ཡ་ཨ་རྷ་ཏེ། ས་མྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བི་དྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་ལྭ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་ཇི་རིགས་པ་བརྗོད། ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱི་དེ་བཞིན་ཉིད་དུ་གྱུར་ཅིག །ཅེས་ལན་གསུམ་བཟླས། མཆོད་པའི་ཚོགས་བྱིན་གྱིས་བརླབས་པའི་འོག་ཏུ་འཕགས་པ་སྤྱན་དྲང་པ་ནི། པུས་མོ་བཙུགས་ཏེ་མེ་ཏོག་བླང་ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས། ཞེས་བྱུང་བའི་སྤྱན་འདྲེན་གྱི་ཚིག་འདི་དག་ངག་ཏུ་བརྗོད་པ་དང་ལྷན་ཅིག་པར་དམིགས་པ་ནི། ཤར་ཕྱོགས་གངྒཱའི་ཀླུང་ཇི་སྙེད་འདས་པ་ན་གཞན་གྱི་མི་ཐུབ་རྣམ་པར་དག་པའི་ཞིང་ནས་མཚན་ལེགས། གདྒཱའི་ཀླུང་བདུན་འདས་པ་ན་རིན་ཆེན་ལྡན་པའི་ཞིང་ན་རིན་ཟླ། གདྒཱའི་ཀླུང་ལྔ་འདས་པ་ན་སྤོས་ཀྱིས་ཡོངས་སུ་གང་བའི་ཞིང་ནས་གསེར་བཟང་། གདྒཱའི་ཀླུང་བདུན་འདས་པ་ན་མྱ་ངན་དང་བྲལ་བའི་ཞིང་ནས་མྱ་ངན་མེད། གདྒཱའི་ཀླུང་བརྒྱད་འདས་པ་ན་ཆོས་ཀྱི་རྒྱལ་མཚན་ཞིང་ནས་ཆོས་བསྒྲགས། གདྒཱའི་ཀླུང་དགུ་འདས་པ་ན་རིན་ཆེན་རྒྱ་མཚོའི་ཞིང ནས་མངོན་མཁྱེན། གདྒཱའི་ཀླུང་བཅུ་འདས་པ་ན་བཻ་ཌཱུརྻ་སྣང་བའི་ཞིང་ནས་སྨན་བླ་རྣམས་འཁོར་གྲངས་མེད་པ་དང་བཅས་པ་ནམ་མཁའ་ལ་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་གཤེགས་པར་མོས་པ་བརྟན་པོར་བྱེད་པ་ནི་གནད་དུ་ཆེའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང་། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་དང་། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཚོགས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་སྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་སླད་དུ་དེ་བཞིན་གཤེག་པ་རྣམས་ཀྱི་ཐབས་མཁས་པ་མང་པོ་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བཟང་ཞིང་རླབས་ཆེ་བ། མཐུ་དང་བྱིན་བརླབས་དཔག་ཏུ་མ་མཆིས་པ་མངའ་བ་ལ་བརྟེན་ཏེ། བླ་དཔོན་སོགས་རང་རང་གི་མིང་འབྱིན་འཇུག་གང་དགོས་སམ། ཡང་ན། བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གདུལ་བྱའི་དབང་གིས་འཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱི་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ཡང་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་ལས་གླེངས་ཏེ། བདག་ཅག་མངའ་རིས་ཀྱི་གདུལ་བྱ་རྣམས་ཕྱག་མཚན་དུ་བཞེས་པའི་ནང་དུ་གཏོགས་ཏེ་བཀའ་དྲིན་ཐོབ་པའི་འཕྲོ་མཆིས་པ་ཙམ་ལ་བརྟེན་ཏེ། བླ་དཔོན་སོགས། བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། རྒྱལ་བའི་སྲས་པོ་སྐྱབས་གྲོལ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་བཀའ་སྩལ་པའི་ཚེ་གདན་འཛོམ་པར་འདུས་ཏེ། མདོའི་དོན་བྱིན་གྱིས་བརླབས་ཤིང་དེ་བཞིན་གཤེགས་པའི་བཀའ་བསྒྲུབ་པར་ཐུགས་བསྐྱེད་པ་དེ་དག་ཀྱང་། མིང་གང་དགོས་སམ། བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། སྔོན་དེ་བཞིན་གཤེགས་པ་གདན་འཛོམ་པ་ཆེན་པོས་བཀས་གཏད་ཅིང་སོ་སོ་ནས་ཀྱང་ལྷའི་ཚིག་བདེན་པས་མདོང་གསོལ་དུ་ཞལ་གྱི་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམ་བཞི་སྐྱོང་བར་མཛད་ཅིང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འདི་ཡང་ལྷག་པར་ཕྱག་མཚན་དུ་བཞེས་པ། ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་ལ་སོགས་པ་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ཀྱང་མིང་གང་རུང་ངམ། བདག་ཅག་ལ་སོགས་པའི་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབས་པར་ཅི་གནང་། སྔོན་དེ་བཞིན་གཤེགས་པ་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འཆང་བ་དང་མཆོད་པ་ལ་སོགས་པའི་སེམས་ཅན་དེ་དག་ཕྱག་མཚན་དུ་བཞེས་ཤིང་བསྲུང་བར་ཞལ་གྱིས་བཞེས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཟང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཐམས་ཅད་ལ་ཡང་སྔོན་གྱི་ཐུགས་དམ་བཟང་པོ་ལས་གླེངས་ཏེ། མིང་གང་རུང་ངམ། བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། གཤེགས་བྱོན་སྐྱེ་འབྲི་མེད་པའི་སྐུ། །ཇི་ལྟར་སྨོན་བཞིན་ཡོད་པ་ལྟར། །དཀར་པོ་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་སྐྱབས་སུ་གཤེགས་སུ་གསོལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གིས་ཕུལ་པའི་མཆོད་ཡོན་འདི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཁྱོད་ཀྱི་རང་བཞིན་ཡོངས་དག་པས། །སྲེད་སོགས་འཆིང་བ་མི་མངའ་ཡང་། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་མོས་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །འགྲོ་བ་ཉོན་མོངས་སྐོམ་གྱིས་གདུངས་པ་ལ། །ཆོས་ཀྱི་ཆུ་ཡིས་ཚིམ་པར་བྱ་བའི་ཕྱིར། །ཉེས་བྲལ་སྒྲིབ་པའི་དོན་ལ་དམིགས་ནས་ཀྱང་། །བདག་གིས་ཁྱེད་ལ་བུམ་ཆུ་དབུལ་བར་བགྱི། །ཆོས་སྟོན་དག་པའི་དཀྱིལ་འཁོར་འདིར། །དཔལ་ཆེན་དག་པའི་གདན་བཤམས་ཏེ། །ཏིང་འཛིན་མི་གཡོ་མཉམ་བཞག་པས། །དགྱེས་པར་དགོངས་ཏེ་གདན་ལ་བཞུགས། །གཙང་དང་གདན་ཁྲི་ཡངས་པ་ལ། །ཐོགས་དང་དོག་པ་མེད་པའི་སྐུ། །མཉམ་ཉིད་ཚུལ་གྱིས་འདིར་བཞུགས་ལ། །བདེ་བར་སྦྱར་བ་བཞེས་སུ་གསོལ། །སོ་སོའི་ཞིང་ཁམས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ། གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ། དེ་བཞིན་གཤེགས་པ་བརྒྱད་བཞུགས། ཆོས་པོ་ཏི་ཡང་བཞུགས། བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་གླེང་གཞི་ལས་བྱུང་བའམ་ཡང་ན་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་བཞུགས་པའི་གདན་བཤམ། དེའི་མདུན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། སྐྱབས་གྲོལ་དང་། ཕྱག་ན་རྡོ་རྗེ་གསུམ་གདན་འཛོམ་པ་ལ་སྔོན་གྱི་ཐུགས་དམ་བསྐུལ་ཞིང་ཕྲིན་ལས་མཛད་ཅིང་བཞུགས་པར་བསམ། གསུམ་པ་ལ་གཡོན་གྲལ་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ཀྱི་གདན་བཤམ། གཡས་གྲལ་དུ་ཚངས་པ་དང་བརྒྱ་བྱིན་གྱི་གདན་བཤམ། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་རང་རང་གིས་དམ་བཅས་པ་བཞིན་བསྒྲུབ་ཅིང་བཞུགས་པར་བསམ། མཆོད་པ་དང་དཀྱིལ་འཁོར་སྔར་བདེན་པ་བདར་བའི་ཚུལ་དང་འདྲ་བར་མོས་པར་བྱའོ། །གཉིས་པ་དངོས་གཞི་ལ། དེ་ལྟར་བསམས་པའི་རྗེས་ལ་སྤྱི་ཕྱག་འཚལ་ཞིང་མཆོད་དེ། མཆོད་ཡོན་ལ་སོགས་པ་ཅི་འབྱོར་པས་སོ། །ཞེས་གསུངས་པ་ལྟར་མདོར་བསྟན་སྤྱིའི་ཕྱག་མཆོད། རྒྱས་བཤད་སོ་སོའི་ཕྱག་མཆོད་དང་སྨོན་ལམ་གཉིས་སུ་ཡོད་པའི་དང་པོ་ལ། ལྷར་བཅས་སྐྱེ་དགུའི་འདྲེན་པ་ཟས་གཙང་སྲས། །རྒྱལ་བའི་སྲས་མཆོག་མགོན་པོ་འཇམ་དཔལ་དབྱངས། །བསྟན་པའི་རྩ་ལག་མཁན་ཆེན་ཞི་བ་འཚོ། །ཁྲི་སྲོང་ལྡེའུ་བཙན་བཞི་ལ་ཕྱག་འཚལ་ལོ། །ལྷ་ཡི་སྲས་པོ་སད་ན་ལེགས་མཇིང་ཡོན། །གསར་བཅད་སྐད་ཀྱིས་གཏན་འབེབས་ཁྲི་རལ་པ། །ཡིད་སྲུབས་གཤེད་གྱུར་ལྷ་ལུང་དཔལ་རྡོ་རྗེ། །མངའ་བདག་འོད་སྲུངས་བཞི་ལ་ཕྱག་འཚལ་ལོ། །དཀོན་མཆོག་བླ་མར་འཛིན་པ་དཔལ་འཁོར་བཙན། །བསྟན་ལ་ཉེར་གུས་སྐྱིད་ལྡེ་ཉི་མ་མགོན། །མངའ་བདག་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་ལྡེ། །ལྷ་ཡི་བླ་མ་བཞི་ལ་ཕྱག་འཚལ་ལོ། །ནོར་འཛིན་སྐྱོང་བ་མངའ་བདག་ལྷ་ཡི་ལྡེ། །མང་བཀུར་རིགས་ཀྱི་བཙུན་པ་འོད་ལྡེའི་ཞབས། །གངས་ཅན་གཉེན་གྱུར་ལྷ་གཅིག་རྩེ་ལྡེའི་མཚན། །མངའ་རིའི་དགྲ་བཅོམ་བཞི་ལ་ཕྱག་འཚལ་ལོ། །དགེ་བའི་བཤེས་གཉེན་ཞུ་ལྷན་ཤེས་རབ་གྲགས། །ར་ས་ཆུ་ལྷད་དར་མ་རྒྱལ་མཚན་རྗེ། །སྣར་ཐང་བསྟན་ཉི་གྲོ་སྟོན་བདུད་རྩི་གྲགས། །སངས་རྒྱས་སྒོམ་པ་བཞི་ལ་ཕྱག་འཚལ་ལོ། །གཉགས་ཀྱི་རིགས་འཁྲུངས་སྙིང་པོ་རྒྱལ་མཚན་དཔལ། །མཚུངས་མེད་སྤྲུ་ལུང་ཀུན་དགའ་སྨོན་ལམ་ཞབས། །སྤང་སྒང་བླ་མ་གྲགས་པ་རྒྱལ་མཚན་དཔལ། །ཞང་སྟོན་བསོད་གྲགས་བཞི་ལ༴ ཆོས་ལུང་མཁན་ཆེན་གྲགས་པ་རྒྱལ་མཚན་དཔལ། །འཇམ་དཔལ་དབྱངས་དངོས་རིན་ཆེན་རྒྱལ་མཚན་ཞབས། །འདུལ་འཛིན་མཆོག་གྱུར་རྒྱལ་བ་ཕྱག་ནའི་མཚན། །ཀུན་དགའ་བློ་གྲོས་བཞི་ལ༴ སྡོམ་བརྩོན་ཆེན་པོ་ཚུལ་ཁྲིམས་དཔལ་འབྱོར་དང་། །འཁྲུལ་ཞིག་ཀུན་བཟང་མཐུ་སྟོབས་དཔལ་འབར་རྗེ། །ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་ཞབས། །དབང་ཕྱུག་རབ་བརྟན་བཞི་ལ༴ ཐུབ་བསྟན་གསལ་མཛད་བསོད་ནམས་མཆོག་ལྡན་དཔལ། །རིག་འཛིན་ཆེན་པོ་ཆོས་དབྱིངས་རང་གྲོལ་རྩལ། །བརྒྱུད་སྲོལ་ཀུན་འདུས་བློ་བཟང་རྒྱ་མཚོའི་སྡེ། །གཏེར་བདག་གླིང་པ་བཞི་ལ༴ སྨྲ་བའི་དབང་ཕྱུག་ལོ་ཆེན་དྷརྨ་ཤྲཱི། །རྒྱལ་སྲས་དྲིན་ཆེན་རིན་ཆེན་རྣམ་པར་རྒྱལ། །མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་ཞབས། །ཕྲིན་ལས་རྣམ་རྒྱལ་བཞི་ལ༴ མཚུངས་མེད་རྗེས་བཙུན་ཕྲིན་ལས་ཆོས་ཀྱི་སྒྲོན། །སྨྱོས་སྟོན་འགྱུར་མེད་སངས་རྒྱས་ཀུན་དགའ་དཔལ། །མཁན་ཆེན་མདོ་སྔགས་བསྟན་འཛིན་ནོར་བུའི་སྡེ། །ཕན་བདེའི་འོད་ཟེར་བཞི་ལ༴ ཡང་ན། སྨྲ་བའི་དབང་ཕྱུག་ལོ་ཆེན་དྷརྨ་ཤྲཱི། །རྒྱལ་སྲས་དྲིན་ཆེན་རིན་ཆེན་རྣམ་པར་རྒྱལ། །རབ་འབྱམས་འགྱུར་མེད་བསླབ་གསུམ་རིན་ཆེན་དཔལ། །རིག་འཛིན་བཟང་པོ་བཞི་ལ༴ བྱང་ཆུབ་སེམས་དཔའ་པདྨ་བཀྲ་ཤིས་དཔལ། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སྡེ། །རྣམ་འདྲེན་མཁན་ཆེན་པདྨ་རྡོ་རྗེའི་ཞབས། །ལུང་རྟོགས་བསྟན་ཉི་བཞི་ལ༴ མཁས་བཙུན་ཆེན་པོ་འཇིགས་མེད་ཀུན་དགའ་གྲགས། །མཁན་ཆེན་མདོ་སྔགས་བསྟན་འཛིན་ནོར་བུའི་སྡེ། །རྣམ་འདྲེན་འགྱུར་མེད་ཕན་བདེའི་འོད་ཟེར་སོགས། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། མཇུག་གི་ཤློ་ཀ་གཉིས་རྗེ་སྟག་ཚང་བའི་གསུང་ལས། གངས་ཅན་ཕན་བདེའི་དཔལ་འབྱོར་འབྱུང་བའི་སྒོ། །དམན་མཆོག་ཀུན་གྱིས་བསྒྲུབ་ཏུ་རུང་བའི་ལམ། །ཆོས་རྒྱལ་ཐུགས་དམ་མདོ་སྡེའི་ཆོ་ག་འདི། །འཛིན་སྐྱོང་སྤེལ་མཛད་རྣམས་ལ་ཕྱག་འཚལ་ལོ། །དོན་གཉིས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །བདེན་གཉིས་ཟུང་འཇུག་བསྟན་པ་དམ་པའི་ཆོས། །ཚོགས་གཉིས་ཉམས་ལེན་འཕགས་མཆོག་དགེ་འདུན་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བརྒྱུད་པ་འདིར་ངེད་ཀྱི་བཀླགས་ལུང་ནོད་པ་སོར་བཞག་བྲིས་པ་ཡིན་གྱི་རང་གིས་བླ་མ་གཞན་ལས་ཐོབ་ན་ཟག་ཟོག་མིན་པའི་བླ་མ་རེ་རེ་བཞིན་ནས་བགྲང་དུ་ཡོད་ཚེ་དེ་དོན་ལྟར་བཅུག་ཆོག་པས་འདི་ཁོ་ན་བྱེད་མི་དགོས་ལ། གྲུབ་མཐའ་སོ་སོའི་ཕྱོགས་ཞེན་གྱིས་རང་གང་མོས་བཅུག་པའི་ངོ་མཚར་བརྒྱུད་པ་ཡིན་པ་སྐད་བྱས་ཚེ་འཇིག་རྟེན་པའི་ཆོས་སྣང་ཆེ་བའི་རིགས་ཁ་ཏོན་བྱེད་སྐབས་རང་གི་ཕ་མ་སོགས་ཀྱང་མི་འཇུག་པའི་ངེས་པ་མི་འདུག་པས་དགོངས་འཚལ་ལོ། །འདིར་རྒྱལ་མཆོག་ལྔ་པ་བློ་བཟང་རྒྱ་མཚོ་ནས་བདག་གི་འདྲེན་མཆོག་འགྱུར་མེད་ཕན་བདེའི་འོད་ཟེར་འབར་གྱི་བརྒྱུད་ལུགས་གཉིས་ཁ་སྐོང་བ་པོ་ནི་ཛྙཱ་ནའོ། །ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཞམ་འབྲིང་བ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཚོགས་དུ་མས་ཀུན་ནས་བསྐོར་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་ལ༴ མཆོད་དོ༴ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་བརྒྱ་མཚོའི་བྱངས་བྱང་ཆུབ་སེམས་དཔའི་འཁོར་དུ་མས་ཀུན་ནས་བསྐོར་བ་ལ༴ མཆོད་དོ༴ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བ་དང་བཅས་པ་ལ༴ མཆོད་དོ༴ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་འཁོར་བྱང་ཆུབ་སེམས་དཔའ་ཉི་མ་ལྟར་རྣམ་པར་སྣང་བྱེད་དང་ཟླ་བ་ལྟར་རྣམ་པར་སྣང་བྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ༴ གང་གི་སྐུ་ནི་ཨིནྡྲ་ནཱི་ལའི་མདོག །མཚན་དཔེ་ཉི་མའི་འོད་སྟོང་འབར་བའི་མཁའ། །ཀུན་ལ་ཞི་བདེའི་གོ་སྐབས་འབྱེད་པའི་དབྱིངས། །བཅོམ་ལྡན་སྨན་བླའི་སྐུ་ལ་ཕྱག་འཚལ་ལོ། །གང་གི་གསུང་ནི་དྲི་ཟའི་རྒྱུད་སྟོང་ལྟར། །ཚངས་པའི་དབྱངས་ཀྱིས་སྣ་ཚོགས་གདུལ་བྱའི་ཡིད། །ཀུན་ཏུ་ཚིམ་བྱེད་གསུང་རབ་རྒྱ་མཚོའི་གཏེར། །བཅོམ་ལྡན་སྨན་བླའི་གསུང་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ནི་ཡེ་ཤེས་རྒྱ་མཚོའི་ངང་། །དམིགས་མེད་ཐུགས་རྗེའི་རྦ་རླབས་ཆེར་གཡོས་ཤིང་། །སྨོན་ལམ་རྒྱ་མཚོ་མཛད་པ་ལྷུན་གྲུབ་པའི། །བཅོམ་ལྡན་སྨན་བླའི་ཐུགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །མ་རིག་མུན་སེལ་སྒྲོན་མེའི་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཚོན་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའ་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ། འབུལ་ལོ། །མཆོད་དོ། །མིང་ངམ། བདག་ཅག་གི་ཐོག་མ་མ་མཆིས་པ་ནས་འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདས་པའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་དུ་བཞུགས་པར་གསོལ་བར་འཚལ་ལོ། །དེ་ལྟར་བགྱི་བའི་བསོད་ནམས་ཀྱི་ཕུང་པོ་ཅི་མཆིས་པ་ཐམས་ཅད་བདག་གཞན་མ་ལུས་པ་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པའི་རྒྱུར་བསྔོའོ། །བཅོམ་ལྡན་འདས་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་མཐའ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་ཕོངས་པར་གྱུར་བའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱི་ཐབས་མཁས་པ་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་རླབས་པོ་ཆེ་ཇི་ལྟར་བཏབ་ཅིང་བྱིན་གྱིས་བརླབས་པ་དང་། དོན་དེ་ཉིད་ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པས་ཇི་ལྟར་བཀའ་སྩལ་ཞིང་བྱིན་གྱིས་བརླབས་པ་དང་། འཕགས་པ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་དེ་དག་གི་བཀའ་ལུང་ཡང་དག་པར་བསྒྲུབ་པ་དང་སོ་སོའི་དགོངས་སྤྱོད་རྒྱ་ཆེན་པོ་རྫོགས་པར་བསྐང་བའི་སླད་དུ་མདོ་སྡེའི་དོན་སྒྲུབ་པའི་ཕྲིན་ལས་མཛད་པས་འཕགས་པའི་བཀའ་བརྟགས་པས་ཞལ་གྱིས་བཞེས་ཤིང་ཇི་ལྟར་བྱིན་གྱིས་བརླབས་པ་དང་། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་སོགས་ཏེ་དམ་པའི་ཆོས་སྐྱོང་བའི་དགེ་བསྙེན་ཆེན་པོ་ཐམས་ཅད་གདན་འཛོམ་པའི་སྤྱན་སྔར་མདོ་སྡེ་དང་མདོ་སྡེ་འཛིན་པའི་སེམས་ཅན་བསྲུང་བ་དང་བསྐྱབ་པར་ཇི་ལྟར་ཞལ་གྱིས་བཞེས་པ་ལ་སོགས་པ་སྔོན་འཕགས་པ་རྣམས་ཀྱིས་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་བའི་མདོ་སྡེ་ལས་བྱུང་བ་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དེ་རྣམས་གདན་འཛོམ་པ་མཛད་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས། འབྱོར་པའི་སྟོབས་ཅི་མཆིས་པས་མཆོད་པའི་ཚོགས་སྦྱར་ནས་གདན་འཛོམ་པའི་སྤྱན་སྔར་མཚན་ནས་བརྗོད་དེ་མཆོད་པ་འབུལ། བཀའ་དྲིན་ནོད་ཅིང་མཆིས་ན་གདན་འཛོམ་པས་སྔོན་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པ་བཞིན་དུ་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་མཛད་ཅིང་ཕན་ཡོན་ཇི་སྐད་འབྱུང་བའི་བཀའ་དྲིན་ཐམས་ཅད། མིང་སོ་སོའམ་བདག་ཅག་གིས་འཕྲལ་དུ་ཐོབ་པར་སྩལ་བར་ཅི་གནང་། བཅོམ་ལྡན་འདས་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ། རྣམ་པར་དཀར་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པ། དགེ་འདུན་རྣམས་ཀྱི་ཆོས་སྤྱོད་བཅུའི་སྒྲུབ་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ། དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། སེམས་ཅན་ལ་བདེ་སྐྱིད་འབྱུང་བ། ཁྱད་པར་དུ་ཡང་སྦྱིན་པའི་བདག་པོས་གཙོ་བྱས་སེམས་ཅན་ཐམས་ཅད་སྒྲིབ་གཉིས་བྱང་ཚོགས་གཉིས་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་དཔག་མེད་བཞི་ལྡན་གྱི་ཕྱག་ཅེས་གསུངས་པ་ལྟར། ཡུལ་སངས་རྒྱས་དཔག་ཏུ་མེད་པ་ལ། རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་ནས། སེམས་ཅན་དཔག་ཏུ་མེད་པའི་དོན་གྱི་སླད་དུ། ཕྱག་དཔག་ཏུ་མེད་པ་བཙལ་བས་ཡོན་ཏན་དཔག་ཏུ་མེད་པ་འབྱུང་། ཞེས་ཤཱི་ལ་བྷ་དྲའི་ཁྲིགས་སུ་དཔག་མེད་བཞི་ཞེས་བྱུང་བ་རྒྱུའི་དཔག་མེད་བཞི་ལ་དགོངས་པ་འདྲའོ། །མོས་པའི་ཁྱད་པར་མཆོད་ཡོན་རྣམས་ཡན་ལག་བརྒྱད་དང་ལྡན་པའི་མཚོ་ཆེན་པོ་རླབས་འཕྲེང་དལ་བུར་གཡོ་ཞིང་ལྦུ་བའི་དོ་ཤལ་འཁྲིགས་པ་གྲངས་མེད་པ་དང་། རང་གི་ལུས་ཀྱིས་དེ་བཞིན་དུ་སྤྲུལ་ཏེ་འབུལ་བ་པོའི་ཚུལ་གྱིས་སྐུལ་དབུལ། ཨུ་དུམ་ཝཱ་ར། མནྡཱ་ར་བ། པདྨ། ཨུཏྤལ། བ་ཀུ་ལ་སོགས་ལྷ་མིའི་མེ་ཏོག་སྣ་ཚོགས་པ་ནམ་མཁའི་ཁམས་གང་པ་ཐང་དུ། ཙན་དན་དཀར་དམར་དང་སྦྲུལ་གྱི་སྙིང་པོ། ཨ་ཀ་རུ། དུ་རུ་ཀ །སྨན་སྣ་ཚོགས་བསྲེགས་པའི་དུད་པ་སྤྲིན་ཕུང་འཐིབས་པ་དང་ཕྱེ་མ་ཕུར་མའི་དྲི་ངད་བཟང་པོ་ཤངས་ལ། སྣོད་ཀྱི་འཇིག་རྟེན་ཙམ་གྱི་ཀོང་བུར་འབྲུ་མར་དང་རྩི་བཅུད་ཀྱི་མར་ཁུ་རྒྱ་མཚོ་ལྟ་བུ་གཏམས་པར་སྡོང་བུ་རི་རབ་ཙམ་ལ་སྤར་བའི་མར་མེ་མཐའ་ཡས་པའི་སྣང་བས་ཉི་ཟླ་ཟིལ་གྱིས་ནོན་ནུས་པ་སྤྱན་སྔར། བཟང་དྲུག །ག་བུར། ཙན་དན་སོགས་དྲི་ཞིམ་པོའི་སྨན་གྱི་ཡོངས་སུ་སྤགས་པའི་དྲི་ཆབ་གདྒཱའི་རྒྱུན་ལྟ་བུ་ཐུགས་ཀ །ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པ་རྣམས་ཀྱི་ཟས་གཡོས་སུ་བྱས་པ་དང་། མ་བྱས་པའི་བཅའ་བའི་རིམ་པ་བཟང་དགུ་རོ་བརྒྱ་ཕྲག་བདའ་བའི་ལྷ་བཤོས་ལྗགས། སིལ་སྙན། གླིང་བུ། ཕེག་རྡོབ། རྫ་རྔ། ཟོམ་རྔ་སོགས་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བའི་སྒྲ་སྙན་ལ། གཞན་ཡང་གདུགས་དང་རྒྱལ་མཚན། བ་དན། ལྡ་ལྡི། རིན་ཆེན་སྣ་བདུན། བཀྲ་ཤིས་རྫས་རྟགས་སོགས་མཆོད་པའི་རྫས་དང་ཡོ་བྱད་ཇི་སྙེད་པ་དངོས་དང་གཟུགས་སུ་བྱས་པ་བློས་མང་པོར་སྤྲུལ་པ་ནི་བདག་པོས་ཡོངས་སུ་བཟུང་བའི་མཆོད་པ། རི་རབ། གསེར་རི། རོལ་མཚོ། གླིང་བཞི། ཉི་ཟླ་སོགས་ཡོངས་སུ་མ་བཟུང་བའི་མཆོད་པ། ལུས་ཡིད་བཞིན་གྱི་ནོར་བུའམ། རིན་པོ་ཆེའི་གཞལ་མེད་ཁང་ངམ། ཡང་ན་འབངས་སུ་ཕུལ་ཏེ་བཀའ་བཞིན་དུ་སྒྲུབ་པ་ནི་ལུས་འབུལ་བའི་མཆོད་པ། གོང་དུ་མཆོད་པའི་སྤྲིན་གྱི་གཟུངས་བཀླགས་པའི་མཐུས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་གྱུར་པ་ནི་གཟུངས་ཀྱི་མཆོད་པ། མཆོད་པ་དེ་དག་ཚད་གཟུང་དང་བྲལ་ཏེ་བསམ་གྱིས་མི་ཁྱབ་པ་ནི་མོས་པའི་མཆོད་པ། བདེ་གཤེགས་བརྒྱད་འཁོར་དང་བཅས་པ་སྤྱན་དྲངས་པ་ནི་རྟེན་གྱི་སྟོབས། སྔོན་ཆད་ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་དྲག་པོ་བསྐྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། སླན་ཆད་སྲོག་ལ་བབས་ཀྱང་མི་བགྱི་སྙམ་པ་ནི་ཉེས་པ་ལས་སླར་ལྡོག་པའི་སྟོབས། བཤད་མ་ཐག་པའི་ཕྱག་མཆོད་དང་དེ་ཡང་དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་རང་བཞིན་གྱི་སྡིག་སྒྲིབ་ཐམས་ཅད་འདག་ཅིག །ཅེས་བརྗོད་པའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་འབྱུང་བའི་འོད་ཟེར་གྱིས་སྨན་པ་མཁས་པས་སྐྱུགས་སྨན་བཏང་བ་བཞིན་ཕྱིར་དྲངས་ཏེ་རང་གི་ལུས་ཤེལ་གོང་ཕྱིས་པ་ལྟར་མོས་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་བཤགས་པ། རང་གཞན་ཐམས་ཅད་ཀྱི་དུས་གསུམ་གྱི་དགེ་བ་ལ་སེམས་དགའ་བ་སྟེ། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་པ་ལྟར་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱས་ན་བསོད་ནམས་མཉམ་པོར་ཐོབ་པའི་ཕན་ཡོན་ཡོད། རྒྱལ་བུ་དོན་ཐམས་ཅད་གྲུབ་པ་སངས་རྒྱས་ནས་རིང་པོར་མ་ལོན་པའི་ཚེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་ཆོས་མི་གསུང་བའི་ཚུལ་བསྟན་པའི་ཚེ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་གསོལ་བ་བཏབ་པ་ལྟར། འདིར་ཡང་རང་གི་ལག་ཏུ་འཁོར་ལོ་ལྟ་བུ་ཐོགས་ཏེ་གདུལ་བྱ་སོ་སོའི་ཁམས་དང་། བསམ་པ་དང་། དབང་པོ་དང་འཚམས་བར་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ། སངས་རྒྱས་དང་བྱང་སེམས་རྣམས་འགྲོ་བའི་དོན་ལ་དུས་དྲུག་ཏུ་མི་གཡེལ་ནའང་སེམས་ཅན་རྣམས་ཉོན་མོངས་པ་ཧྲགས་པས་ཐུགས་འབྱུང་སྟེ་ཞི་བའི་དབྱིངས་སུ་འབྱོན་པར་བཞེད་པ་རྣམས་ལ་བསྐལ་པར་མྱ་ངན་ལས་མི་འདའ་བར་འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་གདབ། དགེ་བ་མཐའ་ཀླས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་བློ་གྲོས་མི་ཟད་པས་ཞུས་པའི་མདོར་ཚིག་ལྷུག་པར་ཡོད་པའི་དོན་བཀའ་གདམས་པ་ཞིག་གིས་མཛད་པར། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་མཛད། །དེ་བཞིན་དུ་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དགེ་བ་བྱང་ཆུབ་ཀྱི་རྒྱུ་རུ་བསྔོས་པ་ནི་ནམ་ཡང་མི་འཛད་པའི་ཡན་ལག་ཁྱད་པར་ཅན་ཡིན་ཞིང་། དེ་ལྟར་ཡན་ལག་བདུན་པ་སོ་ནམ་དང་འབྲས་བུ་སྟོན་ཐོག་དང་འདྲ་བ་ནི་ཐུགས་དམ་བསྐུལ་བ་ཡིན་པས། ཡུལ་ཁྱད་པར་ཅན་རྣམས་ལ་གདུང་ཤུགས་རྩེ་གཅིག་པས་སྔོན་གྱི་ཐུགས་དམ་བཅས་པ་རྣམས་ད་ལྟ་བདག་ཅག་ལ་འགྲུབ་པར་མཛད་དུ་གསོལ། ཞེས་སྤྱིའི་ཐུགས་དམ་བསྐུལ་བ་ཞེས་ཀྱང་བྱ། མཆོད་པ་འགྲུབ་པའི་རྒྱུར་གསོལ་བ་གདབ་པ་ཞེས་ཀྱང་བྱ་བའོ། །གཉིས་པ་རྒྱས་བཤད་སོ་སོའི་ཕྱག་མཆོད་སྨོན་ལམ་ལ་བདེ་གཤེགས་བརྒྱད། ཆོས། དགེ་འདུན། ཞར་བྱུང་གཟུངས་བུམ་སྒྲུབ་པ་རྣམས་ཡོད་པ་ལས། བདེ་བར་གཤེགས་པ་བརྒྱད་ཀྱི་དང་པོ་མཚན་ལེགས་ནི། དེའི་འོག་ཏུ་འཕགས་པ་རྣམས་ལ་རེ་རེ་ནས་མཆོད་པ་དབུལ་ཞིང་སྨོན་ལམ་གདབ་པར་བགྱིའོ། །དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་མཚན་ནས་བརྗོད་དེ་མཆོད་ནས་སྨོན་ལམ་དུ་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡག་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས་ལ་ཞེས་བྱུང་ཡང་དེང་སང་ལན་བདུན་མི་མཛད་པའི་སླ་ཆོས་མཁན་མང་བ་ཆད་ལྷག་ཏུ་འགྱུར་ཉེན་ཆེ་བས་ངེས་པར་བལྡབས་པ་ལེགས་ཤིང་། སྐབས་འདིར་མཆོད་པ་དབུལ་ཞེས་བྱུང་བ་གོང་གི་འཕགས་པའི་ཚོགས་དེ་དག་ལ་ཞེས་སོགས་ལྷག་མ་དྲུག་པོ་སྦྱོར་བ་འོག་མ་ཀུན་ལ་འགྲེ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱི་ལུས་ཡོངས་སུ་གཟིར་ཏེ། རིམས་དང་གཤེད་བྱེད་དང་བྱད་དང་རོ་ལངས་དང་འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་ཀྱི་གནོད་པ་དང་ནད་ཐམས་ཅད་འཕྲལ་དུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གནོད་དང་ནད་ཐམས་ཅད་མེད་པར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང་འོན་པ་དང་སྨྱོན་པ་དང་ཤ་བཀྲ་དང་ནད་ཚབས་ཆེན་པོས་བཏབ་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག །སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ་མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པའི་སྤྱོད་པ་མང་བ་དམ་པའི་ཆོས་སྤོང་བ་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཟད་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་བར་དུ་སུ་ཡང་སེམས་ཅན་དམྱལ་བ་དང་ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལྷ་ཡུལ་པའི་ལྷའི་བདེ་བ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དབུལ་པོར་གྱུར་ཏེ་ཟས་དང་སྐོམ་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་འཕྲེང་བ་དང་ཡོ་བྱད་མི་བདོག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང་གོས་དང་ནོར་བུ་འབྲུ་དང་མལ་ཆ་དང་སྤོས་དང་འཕྲེང་བ་དང་ཡོ་བྱད་འཕེལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཅིང་བ་དང་བརྡེག་པ་དང་གོ་རར་གཞུག་པ་དང་མཚོན་ཆའི་ཚོགས་རྣམས་པ་སྣ་ཚོགས་ཀྱི་ལུས་ཡོངས་སུ་གཟིར་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང་བརྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་། སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པའི་ནང་དུ་ཚུད་དེ་སྲོག་ལ་བབས་ཤིང་ཉམ་ཐག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །འཇིགས་པ་མེད་པ་དང་ཞི་བའི་གནས་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་རྩོད་ཅིང་འགྱེད་པར་གྱུར་ཏེ་འཁྲུགས་ཤིང་འཇིགས་སྐྲག་ནས་དངངས་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆུའི་ནང་དུ་སོན་པ་གྲུར་ཞུགས་པ་གླིང་མེད་པར་ཕྱིན་པ་སྲོག་འདོར་བ་ཆུ་ཀླུང་དང་རྒྱ་མཚོའི་ནང་དུ་སོན་ཏེ་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིག །འཇིགས་པ་མེད་པར་རྒལ་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་མཚན་ལེགས་ཡོངས་བསྒྲགས་རྒྱལ་པོ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བརྒྱད་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །ཐུབ་པའི་བསྟན་དང་སྐྱེ་རྒུ་བདེ་ཞིང་སྐྱིད། །ཁྱད་པར་སྦྱིན་པའི་བདག་པོས་གཙོ་བྱས་པའི། །འགྲོ་རྣམས་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་པོ། །རབ་རྫོགས་བྱང་ཆེན་མྱུར་དུ་ཐོབ་བྱིན་རློབས། །གཉིས་པ་བདེ་གཤེགས་སྒྲ་དབྱངས་རྒྱལ་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་འབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། བཅོམ་ལྡན་འདས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་ཀྱི་མཐའ་དང་ཚོང་ལ་དགའ་སྟེ་གཡེང་བ་སྣ་ཚོགས་མང་བས་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས་སུ་ཉམས་ཏེ། འཁོར་བ་ན་འཁྱམས་ཤིང་སོ་སོར་འཁོར་བའི་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་། རྒ་བ་དང་ན་བ་དང་རྒུད་པ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུག་པ་སྣ་ཚོགས་སོ་སོར་མྱོང་བ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་བཟའ་བ་དང་བགོ་བ་དང་བཏུང་བ་དང་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་དང་ནོར་དང་འབྲུ་དང་དབྱིག་དང་གསེར་རྣམས་འབྱུང་ཞིང་འབྱོར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ངན་སོང་དང་སེམས་ཅན་དམྱལ་བ་ལ་སོགས་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དེ་དག་ཐམས་ཅད་ཀྱི་སྔོན་གྱི་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །སྐྱེ་བ་དེ་ཡང་མཐའ་མར་གྱུར་ཅིག །བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བུད་མེད་གང་དག་ནད་སྣ་ཚོགས་ཀྱི་ལུས་ཡོངས་སུ་གཟིར་ཞིང་བུད་མེད་ཀྱི་སྐྱེ་གནས་ལ་སྨོད་པ་དང་། སེམས་ཅན་གང་དག་བཙའ་བའི་དུས་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །སྐྱེ་བ་དེ་ཡང་མཐའ་མར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པ་ཉིད་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འཆི་བ་དང་དགྲ་དང་དགོན་པའི་གནོད་པས་གཙེས་པ་དང་ཕན་ཚུན་ཕ་མ་དང་སྲིང་མོ་དང་མཛའ་བཤེས་དང་ཉེ་དུའི་མྱ་ངན་མྱོང་ཞིང་སྡུག་བསྔལ་བ་དང་མྱ་ངན་གྱི་ཟུག་རྔུས་ལུས་ལ་ཟུག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཆི་བ་དང་དགྲ་དང་དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །མྱ་ངན་དང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མཚན་མོ་མུན་པ་མུན་ནག་ན་རྣམ་པར་རྒྱུ་བ་ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་ལ་ཞུགས་པ་སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པ། འཇིགས་པ་དང་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཅིག །སྡིག་པ་ཅན་གྱི་གདོན་ཐམས་ཅད་ལས་ཐར་བར་གྱུར་ཅིག །མཆོད་པ་དང་རིམ་གྲོ་བྱ་བ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་ལ་དྲན་པ་རྨོངས་ཏེ། དགེ་བའི་ཆོས་རྣམས་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་དང་། སངས་རྒྱས་དང་ཆོས་དང་། དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང་དྲན་པ་དང་སྟོབས་དང་གཟུངས་ཀྱི་སྒོ་རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་མངོན་དུ་གྱུར་ཅིག །ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བསྐལ་པ་ཆེན་པོ་ཟད་པའི་ཚེ་འཛམ་བུའི་གླིང་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བ་འཁྲུགས་པར་གྱུར་ཏེ། ངུ་ཞིང་མྱ་ངན་བྱེད་ལ་སྔོན་མི་དགེ་བའི་ལས་ཀྱི་རྒྱུས་སྡུག་བསྔལ་འབྱུང་ཞིང་། སྐྱབས་མེད་མགོན་མེད་པ་དེ་དག་ཐམས་ཅད་སྡུག་བསྔལ་དང་མྱ་ངན་དང་བྲལ་བར་གྱུར་ཅིག །བསིལ་བའི་དངོས་པོ་ཐོབ་པར་གྱུར་ཅིག །ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བརྒྱད་བཏབ་པའི་འབྲས། །མན་གོང་བཞིན་སྦྱོར། གསུམ་པ་བདེ་གཤེགས་གསེར་བཟང་དྲི་མེད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་ཕུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྲོག་གཅོད་པ་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱེད་པ་སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་པའི་ལས་བྱས་པས་ཚེ་ཐུང་ཞིང་ནད་མང་བ་དང་ཆུ་དང་དུག་དང་མཚོན་དང་མེ་དང་ནད་སྣ་ཚོགས་ཀྱིས་འཆི་བར་འགྱུར་བ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་སྟེ་ཚེ་རིང་བར་གྱུར་ཅིག །ནད་མེད་པར་གྱུར་ཅིག །སུ་ཡང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱས་ཏེ། གཞན་གྱི་རྫས་བརྐུས་འཕྲོག་པས་དབུལ་པོར་སྐྱེས་ཏེ་སྒྲེན་མོ་དང་བཀྲེས་པ་དང་སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་འཕྲལ་དུ་སྡིག་པ་ཐམས་ཅད་བྱངས་སྟེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་ཕྱུག་ཕུན་སུམ་ཚོགས་ཤིང་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཅིག་ལ་གཅིག་གནོད་སེམས་དང་ལྡན་ཞིང་ཕན་ཚུན་སྲོག་གཅོད་པར་བྱེད་པ་དང་འཐབ་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་བཞེ་སྡང་དང་གཏི་མུག་གིས་བསྒྲིབས་ཏེ་ཚུལ་ཁྲིམས་འཆལ་བར་གྱུར་ནས་སྡིག་པ་ཀུན་ཏུ་སྤྱོད་ཅིང་བསླབ་པ་བྲལ་ལ་དད་པས་བྱིན་པ་ལོངས་སྤྱོད་པས་ངན་སོང་གསུམ་དུ་ལྷུང་ཞིང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་འཕྲལ་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུགས་ཀྱི་བར་དུ་ཚུལ་ཁྲིམས་ཡང་དག་པར་འཛིན་ཅིང་ལུས་དང་ངག་དང་ཡིད་སྡོམ་པ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ཏདྱ་ཐཱ། སིདྡྷེ་སིདྡྷེ། སུ་སིདྡྷེ། མོ་ཙ་ནི་མོཀྵ་ནི། མུ་ཀྟི། བི་མུཀྟི། ཨ་མ་ལེ། བི་མ་ལེ། མདྒ་ལྱ། ཧི་ར་ཎྱ་གརྦྷེ། རཏྣ་གརྦྷེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མཱ་རྠ་སཱ་དྷ་ནི། མ་ན་སེ། མ་ཧཱ་མ་ན་སེ། ཨད་བྷུ་ཏྟེ། ཨཏྱད་བྷུ་ཏྟེ། བྷཱི་ཏ་བྷ་ཡེ། སུ་བརྞེ་བྲཧྨ་གྷོ་ཥེ། བྲཧྨ་དྷཱུ་ཥི་ཏེ། སརྦ་ཨརྠེཥུ། ཨཱ་པ་རཱི་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ་ཙ་ཏུཥྤ་ཥྛི་བྷུ་ཏ་ཀོ་ཊི། བྷཱ་ཥི་ཏེ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་སྭཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་དེས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ། སེམས་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ་དང་འཆི་བ་དང་དགྲ་དང་དགོན་པས་གནོད་པར་གྱུར་པ། ཚེ་བསྐལ་བར་ཐུབ་པའི་སེམས་ཅན་དམྱལ་བར་གཞོལ་བའི་སེམས་ཅན་རྣམས་གཟིགས་ནས་དེ་དག་གི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་གཟུངས་སྔགས་ཀྱི་གཞི་གསུངས་པ་འདི་བཟླས་པའི་བྱིན་གྱིས་བརླབས་ཀྱིས་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཐམས་ཅད་བྱང་བར་གྱུར་ཅིག །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཆི་བའི་ཚེ་ཡང་བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པས་དགོངས་པར་གྱུར་ཅིག །ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྡུལ་ཞུགས་གྲུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཅིང་། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་སེར་བཟང་དྲི་མེད་སྣང་བ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། མན་སྦྱོར། བཞི་པ་བདེ་གཤེགས་མྱ་ངན་མེད་མཆོག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་གུས་པས་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་མང་བ་དང་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་དེ་དག་ཐམས་ཅད་ཀྱི་མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་མང་བ་དེ་དག་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སུ་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་མྱོང་བར་མ་གྱུར་ཅིག །ཚེ་རིང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་མུན་པ་མུན་ནག་ཆེན་པོ་ཅན་དུ་སྐྱེ་བར་འགྱུར་བའམ་སྐྱེས་པ་དེ་དག་ལ། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སྐུ་ལས་འོད་ཟེར་གྱི་སྣང་བ་བྱུང་བས་རེག་ཅིང་མཐོང་བར་གྱུར་ཏེ་དེ་མ་ཐག་ཏུ་སྡིག་པ་ཐམས་ཅད་བྱང་ནས་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་སྡིག་པ་མི་དགེ་བ་བགྱིས་ཏེ་གཞན་གྱི་རྫས་འཕྲོག་པས་དབུལ་པོ་དམན་པའི་ཁྱིམ་དུ་སྐྱེས་ནས་གོས་དང་བཟའ་བ་དང་བཏུང་བ་དང་མལ་ཆ་དང་རྒྱན་མི་འདོག་པ་དང་། གྲང་བ་དང་ཚ་བའི་སྡུག་བསྔལ་མྱོང་བ་དང་བཀྲེས་པ་དང་སྐོམ་པས་ལུས་གཟིར་ཞིང་མདོག་ངན་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བགོ་བ་དང་བཟའ་བ་དང་བཏུང་བ་དང་མལ་ཆ་ཐམས་ཅད་ལ་ལོངས་སྤྱོད་པར་གྱུར་ཅིག །ལུས་ལ་ལྷའི་ལུས་ཀྱི་ཁ་དོག་གིས་བརྒྱན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་རྣམས་ཀྱི་གཙེས་ཤིང་མདངས་ཕྲོགས་ཏེ་ནད་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་རྣམས་ཀྱི་གཙེས་ཤིང་མདངས་ཕྲོགས་པ་ཐམས་ཅད་རབ་ཏུ་ཞི་ཞིང་བྱམས་པ་ལ་གནས་པར་གྱུར་ཅིག །ནད་ཀྱི་སྡུག་བསྔལ་སྣ་ཚོགས་ལས་ཡོངས་སུ་ཐར་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་། སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་མྱ་ངན་མེད་མཆོག་དཔལ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་མྱ་ངན་མེད་མཆོག་རྒྱལ་པོ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། །མན་སྦྱོར། ལྔ་པ་བདེ་གཤེགས་ཆོས་བསྒྲགས་རྒྱ་མཚོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོག་པར་ལྟ་བ་ཅན་གྱི་ཁྱིམ་དུ་སྐྱེས་པས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་དད་པ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་རིང་དུ་གྱུར་པ་དེ་དག་ལས་ཀྱི་སྒྲིབ་པ་དེ་ཟད་པར་གྱུར་ནས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཅིག །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲགས་པ། ཆོས་ཀྱི་སྒྲ་མི་གྲགས་པ། དགེ་འདུན་གྱི་སྒྲ་མི་གྲགས་པ་ཡུལ་མཐའ་འཁོབ་ཏུ་སྐྱེས་ཏེ་མི་དགེ་བའི་བཤེས་གཉེན་གྱི་རྒྱུས་སྡིག་པའི་ལས་བྱེད་པ་དེ་དག །དེ་ནས་ཤི་འཕོས་ནས་ངན་སོང་གསུམ་དུ་ལྟུང་ཞིང་དགེ་བའི་ཆོས་རྣམས་ལས་སེམས་པར་འགྱུར་བ་དེ་དག་ལ། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་རྣ་ལམ་དུ་གྲགས་པར་གྱུར་ཏེ་ཆོས་ཀྱི་སྤྲིན་དང་རྒྱ་མཚོའི་སྒྲ་འབྱུང་བར་གྱུར་ཅིག །དེ་དག་གིས་ཆོས་ཀྱི་སྒྲ་དེ་ཐོས་ནས་སྔོན་གྱི་ལས་ཟད་པར་གྱུར་ཏེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་གོས་དང་རྒྱན་དང་སྤོས་དང་འཕྲེང་བ་དང་བྱུག་པ་དང་མལ་ཆ་དང་ན་བའི་གསོས་སྨན་དང་བྲལ་ཞིང་མི་ལྡན་པའི་དབང་གིས་སྡུག་བསྔལ་མྱོང་ཞིང་སྡིག་པའི་ལས་བྱེད་པ་དེ་དག་གོས་དང་རྒྱན་དང་སྤོས་དང་ཕྲེང་བ་དང་བྱུག་པ་དང་མལ་ཆ་དང་ན་བའི་གསོས་སྨན་དང་ལོངས་སྤྱོད་རྣམས་བསམ་མ་ཐག་ཏུ་འབྱུང་ཞིང་མི་ལྡན་པ་མེད་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སུ་ཡང་ཅི་དང་ཡང་མི་ལྡན་པ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཕན་ཚུན་འཐབ་མོ་འཐབ་པ་དང་རྩོད་པ་དང་འགྱེད་པར་གྱུར་ཏེ་གཅིག་ལ་གཅིག་གནོད་པར་བྱ་བ་དང་གསད་པར་བྱ་བའི་ཕྱིར་རྟུལ་བ་མཚོན་དང་མདའ་དང་དབྱུག་པ་དག་གིས་བསྣུན་ཏེ་སྡུག་བསྔལ་བར་གྱུར་པ་དེ་དག་མདའ་དང་མཚོན་དང་དབྱུག་པ་ལ་སོགས་པ་ལས་སླར་ལྡོག་པར་གྱུར་ཅིག །ཕྱིར་ཕྱོགས་པར་གྱུར་ཅིག །དགྲ་ཐམས་ཅད་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །སུའི་སྲོག་གི་དབང་པོ་ལ་ཡང་འགག་པར་མ་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་ཆོས་བསྒྲགས་རྒྱ་མཚོ་དབྱངས་མཆོག་གིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། །མན་སྦྱོར། དྲུག་པ་བདེ་གཤེགས་མངོན་མཁྱེན་རྒྱལ་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་དང་ས་བོན་འདེབས་པ་དང་། ཚོང་བྱེད་པ་དང་འཐབ་མོ་དང་རྩོད་པ་ལ་སོགས་པ་སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་བསམ་མ་ཐག་ཏུ་འཚོག་ཆས་ཐམས་ཅད་འབྱོར་བར་གྱུར་ཅིག །གནོད་སེམས་མེད་པར་གྱུར་ཅིག །རྟག་ཏུ་དགེ་བའི་ཆོས་བྱེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཅིག །སེམས་ཅན་གང་ཡང་དམྱལ་བར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཞན་གྱི་དབང་དུ་སོང་སྟེ་ཆད་པས་བཅད་པ་དང་། བཅིང་པ་དང་བརྡེག་པ་དང་གོ་རར་གཞུག་པ་དང་གསད་པའི་འོས་སུ་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་པ་དང་བརྡེག་པ་ལ་སོགས་པ་ལས་ཐར་བར་གྱུར་ཅིག །བླ་ན་མེད་པའི་རང་དབང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཚེ་ཐུང་བར་འགྱུར་བའི་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ་འཆི་བར་འགྱུར་པ་དེ་དག་ཐམས་ཅད་སྡིག་པའི་ལས་ཐམས་ཅད་ཡོངས་སུ་བྱང་སྟེ་ཚེ་རིང་ཞིང་དུས་མ་ཡིན་པར་འཆི་བར་འགྱུར་བས་ནམ་ཡང་འགའ་ཡང་འཆི་བར་མ་གྱུར་ཅིག །འཆི་ཁར་ཡང་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་མཚན་རྣ་ལམ་དུ་གྲགས་ཤིང་རྗེས་སུ་དྲན་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེས་ཤིང་སྐྱེས་མ་ཐག་ཏུ་གཟུགས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་ཆོས་ཀྱི་རྒྱ་མཚོ་མངོན་མཁྱེན་གྱིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། །མན་སྦྱོར། བདུན་པ་བདེ་གཤེགས་སྨན་གྱི་བླ་མ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་ལ་གུས་པས་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་ཕུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལུས་ལེགས་པར་བརྒྱན་པར་གྱུར་ཏེ་བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིག །ལུས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དཔག་གིས་མི་ལང་བ་དག་ལྷམ་མེ་ལྷན་ནེ་ལྷང་ངེར་གྱུར་ཅིག །ལུས་ནོར་བུ་རིན་པོ་ཆེ་བཻ་ཌཱུརྻ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་དྲི་མ་མེད་ལ་འོད་གསལ་བ་དང་ཁོ་ལག་ཡངས་ཤིང་ཆེ་བ་དང་དཔལ་དང་གཟི་བརྗིད་འབར་བ་དང་ལེགས་པར་གནས་པ་དང་ཉི་མ་དང་ཟླ་བ་ལས་ལྷག་པའི་འོད་ཟེར་གྱི་དྲྭ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་ཅི་འདྲ་བ་དེ་འདྲ་བར་གྱུར་ཏེ་སེམས་ཅན་གང་དག་འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་དག་དང་། གང་དག་ཡང་མིའི་འཇིག་རྟེན་འདི་ན་མཚན་མོ་མུན་པ་མུན་ནག་གི་ནང་ན་ཕྱོགས་ཐ་དད་པར་འགྲོ་བ་དེ་དག་ཐམས་ཅད་བདག་གི་འོད་ཀྱིས་ཕྱོགས་དགའ་མགུར་འགྲོ་ཞིང་ལས་རྣམས་ཀྱང་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེའི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་བདག་ཅག་ལ་སོགས་པ་སེམས་ཅན་གྱི་ཁམས་དཔག་གིས་མི་ལང་བ་དག་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཏེ་སུ་ཡང་ཅིས་ཀྱང་བྲེལ་བ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལམ་ངན་པར་ཞུགས་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ལ་འཇུག་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྡོམ་པ་གསུམ་གྱིས་བསྡམ་པ་དང་ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག །སུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་ཏེ་ངན་འགྲོར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལུས་ངན་པ་དང་། དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང་སྐེམ་པོ་དང་ཡན་ལག་སྐྱོན་ཅན་དང་རྒུར་པོ་དང་ཤ་བཀྲ་ཅན་དང་ཞར་བ་དང་ལོང་བ་དང་འོན་པ་དང་སྨྱོན་པ་དང་ལུས་ལ་ནད་ཀྱིས་བཏབ་པ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་ཐམས་ཅད་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅགས་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་གཟིར་བ་སྐྱབས་མེད་པ་མགོན་མེད་པ། འཚོག་ཆས་དང་སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ་སྡུག་བསྔལ་བ་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་པ་དང་ཡོ་བྱད་ཕུན་སུམ་ཚོགས་པ་ལ་གནས་པར་གྱུར་ཅིག །བུད་མེད་གང་དག་བུད་མེད་ཀྱི་སྐྱོན་བརྒྱ་དག་གིས་ཀུན་ནས་ཉོན་མོངས་པར་གྱུར་པ་བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ། བུད་མེད་ཀྱི་སྐྱེ་གནས་ལས་ཐར་བར་འདོད་པ་དེ་དག་ཐམས་ཅད་བུད་མེད་ཀྱི་དངོས་པོ་ལས་ལོག་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྟ་བ་ཐ་དད་པ་མི་མཐུན་པ་ཟིང་ཟིང་བས་མི་མཐུན་པ་དག་སྤངས་ཏེ་ཡང་དག་པའི་ལྟ་བ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་སུ་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང་། གང་དག་བཅིང་བ་དང་བརྡེག་པ་དང་གོ་རར་གཞུག་པ་དང་གསད་པར་འོས་པ་རྒྱུ་དུ་མས་ཀུན་ཏུ་གཙེས་པ། ང་རྒྱལ་དང་བྲལ་བ་ལུས་དང་ངག་དང་སེམས་སྡུག་བསྔལ་གྱི་ཉེན་པ་དེ་དག་བདག་གི་བསོད་ནམས་ཀྱི་མཐུས་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཀྲེས་པ་དང་སྐོམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་འཚོལ་བ་ལ་རབ་ཏུ་བརྩོན་པ་སྡིག་པའི་ལས་བྱེད་པ་དེ་དག་བདག་གིས་ཁ་དོག་དང་དྲི་དང་རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་བྱས་ཏེ། ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་འགོད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྒྲེན་མོ་བགོ་བ་མེད་བ་དབུལ་བ་སྡུག་བསྔལ་བ་གྲང་བ་དང་ཚ་བ་དང་སྦྲང་བུ་དང་ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་བདག་གིས་གོས་ཡོངས་སུ་སྤྱད་པར་འོས་པ། ཚོན་སྣ་ཚོགས་སུ་ཁ་བསྒྱུར་བ་དག་དང་རིན་པོ་ཆེའི་རྒྱན་དང་སྤུད་པ་དང་འཕྲེང་བ་དང་བྱུག་པ་དང་རོལ་མོའི་སྒྲ་དང་སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་དགའ་བ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པའི་གདུང་བས་མི་བརྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་སྨན་བླ་བཻ་ཌཱུརྻའི་འོད་ཀྱིས། །སྔོན་ཚེ་སྨོན་ལམ་བཅུ་གཉིས་བཏབ་པའི་འབྲས། །མན་སྦྱོར། བརྒྱད་པ་བདེ་གཤེགས་ཤཱཀྱའི་རྒྱལ་པོ་ནི། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་འབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱི་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ་མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་ཕོངས་པར་གྱུར་པ་ཐམས་ཅད་རྗེས་སུ་གཟུང་ཞིང་ལྷ་དང་མིའི་དོན་དང་སྨན་པ་དང་བདེ་བའི་སླད་དུ་དེ་བཞིན་གཤེགས་པ་བདུན་གྱི་ཐབས་མཁས་པ་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བྱིན་གྱིས་བརླབས་ཤིང་དཔལ་གྱིས་མགུར་ནས་འདི་སྐད་དུ། འཇམ་དཔལ་དེ་ལྟ་བས་ན་ཡོན་ཏན་ཐམས་ཅད་དོན་དུ་གཉེར་བ་རྣམས་ཀྱིས་ཉོན་མོངས་པ་རྣམས་དང་མ་འདྲེས་པར་དེ་བཞིན་གཤེགས་པ་བདུན་གྱི་མཚན་བཟུང་བར་བྱ། ཉིན་ལན་གསུམ་མཚན་ལན་གསུམ་ཡིད་ལ་བྱ། གུས་པས་དང་བར་བྱ། སྐུ་གཟུགས་ཀྱང་བྱ། མེ་ཏོག་དང་བདུག་པ་དང་མར་མེ་དང་བྱུག་པ་དང་ཞལ་ཟས་དང་རོལ་མོའི་སྒྲ་ལ་སོགས་པས་མཆོད་པར་བྱ། ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་བྱ། ཉིན་བདུན་གཙང་མར་བྱས་ཏེ་ས་ཕྱོགས་གཙང་མར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་གདབ་པར་བྱ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་སེམས་སུ་བྱ་ཞེས་བྱ་བ་ལ་སོགས་པ་དང་གཞན་ཡང་། ཏདྱཐཱ། གྷུ་མེ་གྷུ་མེ། ཨི་མེ་ནེ་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ། ས་མཱ་དྷྱཱ་དྷི་ཥྛི་ཏི། ཨ་ཏེ་མ་ཏེ། པཱ་ལེ་པཱ་པཾ་ཤོ་དྷ་ནི། སརྦྦ་པཱ་བཾ་ནཱ་ཤ་ཡ། མ་མ་བུདྡྷེ། བུ དྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པཱ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦྦ་ཨ་ཀཱ་ལ་མྲཱྀ་ཏྱུ། ནཱི་བཱ་ར་ཎི། བུདྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷི་ཥྛི་ཏེ་ན། རཀྵ་ནྟུ་མེ། སརྦ་དེ་བཱཿ ས་མེ་ཨ་ས་མེ། ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ་བོ་དྷི་ས་ནཱཾ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ། སརྦ་ཨཱི་ཏྱུ་པ་དྲ་བ་བྱཱ་དྷ་ཡ། པུ་ར་ཎི་པུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨཱ་ཤ་ཡ་བཻ་ཌཱུརྻ་པྲ་ཏི་བྷ་སེ། སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། བཻ་ཌཱུརྻའི་འོད་ཅེས་བྱ་བའི་གཟུངས་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཆང་ངམ་ཀློག་གམ་མཆོད་དམ་ལན་སྟོང་རྩ་བརྒྱད་དུ་བཏོན་ན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་པར་འགྱུར། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱིས་ཡང་དག་པར་བསྲུང་བར་འགྱུར། ལྷ་ཐམས་ཅད་དང་བརྒྱ་བྱིན་དང་ཚངས་པ་དང་རྒྱལ་པོ་ཆེན་པོ་བཞི་དག་གིས་ཀྱང་ཡོངས་སུ་སྐྱོང་བ་འགྱུར། མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར། རིང་དུ་འཚོ་བར་འགྱུར། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། འཆི་བ་དང་དགྲ་དང་དགོན་པའི་གནོད་པ་དང་། འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུ་འགྲོ་བར་མི་འགྱུར། ཅི་བསམ་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་ཇི་སྐད་བཀའ་སྩལ་པ་དེ་དག་ཐམས་ཅད། མིང་ངམ། བདག་ཅག་ལ་སོགས་པའི་དོན་དུ་མདོ་ལས་བྱུང་བའི་ཆོ་ག་བཞིན་དུ་དེ་བཞིན་གཤེགས་པ་བདུན་དང་སྟོན་པ་བདེ་བར་གཤེེགས་པ་རྣམས་གདན་འཛོམ་པའི་སྤྱན་སྔར་མཆོད་ཅིང་སྨོན་ལམ་གསོལ་བ་དང་གཟུངས་སྔགས་བཟླས་པས་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པ་བཞིན་དུ་བྱིན་གྱིས་བརླབས་ཤིང་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་མཛད་ཅིང་སྩལ་བར་ཅི་གནང་། བཅོམ་ལྡན་མཉམ་མེད་ཤཱཀྱ་ཐུབ་པ་ཡིས། །བཻ་ཌཱུརྻའི་གཟུངས་ཕན་ཡོན་གསུངས་པའི་འབྲས། །མན་སྦྱོར། གཉིས་པ་དམ་པའི་ཆོས་ནི། མ་རིག་མུན་སེལ་སྒྲོན་མེ་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་ཕུལ། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པ། འགྱུར་བ་མི་མངའ་བ་དེས་བདག་ཅག་ལ་བདེན་པ་མངོན་སུམ་དུ་བསྟན་པར་ཅི་གནང་། མཚན་ཐོས་ཙམ་གྱིས་སྐྱོན་སེལ་ཡོན་ཏན་འཕེལ། །ཞེས་སོགས་བདེར་གཤེགས་བཀའ་ལུང་འགྱུར་མེད་འབྲས། །མན་སྦྱོར། གསུམ་པ་དགེ་འདུན་ལ་འཇམ་དཔལ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ཐུགས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ་སྐུ་ཡོན་ཏན་དྲི་མ་མེད་པའི་ཚོགས་ཀྱི་འོད་ཟེར་གྱིས་བརྒྱན་པ། ཞབས་རྟེན་གྱི་པདྨ་ལ་ལྷ་དང་མི་དང་ལྷ་མ་ཡིན་དང་ཀླུ་དང་རིག་སྔགས་འཆང་རྣམས་ཀྱི་ཐོར་ཚུགས་དང་ཅོད་པན་གྱིས་གཏུགས་པ། ངན་སོང་གི་འགྲོ་བ་སྣ་ཚོགས་འཇོམས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་བ་དབུལ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དུས་ངན་པའི་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ལྟ་བ་ངན་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྒྲིབས་པ། ལམ་དང་ས་དམན་པར་འོག་ནས་འོག་ཏུ་ལྟུང་བར་འགྱུར་བའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། གང་ཐོས་པ་ཙམ་གྱི་ཅི་ནས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། སྡིག་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་དག་པར་འགྱུར་བ་དང་། བདུད་སྡིག་ཅན་གྱིས་མི་བརྗི་བར་འགྱུར་བ་དང་གནོད་པ་དང་མི་བདེ་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ་དང་འདོད་དགུའི་རེ་བ་རྫོགས་ཤིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་བར་འགྱུར་བའི་དེ་བཞིན་གཤེགས་པ་བདུན་གྱི་མཚན་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་དམིགས་ཀྱིས་ཞུ་བ་མཛད་ཅིང་གདན་འཛོམ་པའི་དབུས་སུ་འདི་སྐད་ཅེས། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་གང་དག་མདོ་སྡེ་འདི་འཆང་བ་དང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་ཡི་གེར་འདྲི་བ་དང་ཡི་གེར་འདྲིར་སྩོལ་བ་དང་གླེགས་བམ་དུ་བྲིས་ཏེ། མེ་ཏོག་དང་བདུག་པ་དང་སྤོས་དང་འཕྲེང་བ་དང་བྱུག་པ་གདུགས་དང་རྒྱལ་མཚན་རྣམས་ཀྱིས་བཀུར་སྟིར་བགྱིད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་བདག་གིས་དེ་བཞིན་གཤེག་པ་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་དེའི་མཚན་རྣམ་པ་སྣ་ཚོགས་སུ་བསྒྲག་པར་བྱའོ། །ཐ་ན་རྨི་ལམ་དུ་ཡངས་སངས་རྒྱས་ཀྱི་མཚན་རྣ་ལམ་དུ་ཉེ་བར་བསྒྲག་པར་བགྱིའོ། །ཚོན་སྣ་ལྔ་པའི་རས་ཀྱིས་དཀྲིས་ཏེ་ཕྱོགས་གཙང་མར་བཞག་ན་གང་ན་མདོ་སྡེ་འདི་གནས་པ་དེར་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཞན་ཡང་མཆིས་པར་འགྱུར། མདོ་སྡེ་འཛིན་པ་དེ་དག་དུས་མ་ལགས་པར་འཆི་བར་མི་འགྱུར། སུས་ཀྱང་མདངས་འཕྲོག་པར་མི་ནུས་ཏེ་ཕྲོགས་ན་ཡང་སླར་འཕྲོག་པར་འགྱུར་རོ་ཞེས་བགྱི་བ་ལ་སོགས་པ་གསུངས་ཤིང་འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ། མཆོད་པ་བཞེས་ཤིང་དེ་བཞིན་གཤེགས་པ་གདན་འཛོམ་པ་ལ་ཐུགས་དམ་ལས་གླེངས་ཏེ་བསྐུལ་བ་དང་མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ། མདོ་སྡེའི་ཕན་ཡོན་ཇི་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོག་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་ཅིང་སྩལ་བར་ཅི་གནང་། འཇམ་དཔལ་གང་གི་ཟབ་རྒྱས་མདོ་སྡེ་འདི། །ནན་གྱིས་ཞུ་བ་མཛད་པའི་ཕན་ཡོན་འབྲས། །མན་སྦྱོར། སྐྱབས་གྲོལ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྐྱབས་གྲོལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། བཅོམ་ལྡན་འདས་ཕགས་པ་སྐྱབས་གྲོལ་དུས་ངན་པའི་སེམས་ཅན་ཕོངས་ཤིང་སྡུག་བསྔལ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། སྟོན་པ་བཅོམ་ལྡན་འདས་གདན་འཛོམ་པའི་སྤྱན་སྔར་འདི་སྐད་དུ། བཙུན་པ་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་བྲོ་ནད་སྣ་ཚོགས་ཀྱི་ལུས་ཡོངས་སུ་གཟིར་ཏེ་ཡུན་རིང་པོར་བྲོ་ནད་ཀྱིས་ལུས་ཀྱི་ཤ་སྲབ་ཅིང་བཀྲེས་པ་དང་སྐོམ་པས་གྲེ་བ་དང་མཆུ་ནི་བསྐམས། འགུམ་པ་ལ་ནི་མངོན་དུ་ཕྱོགས། མཛའ་བཤེས་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ངུ་བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང་། གཤིན་རྗེའི་མི་རྣམས་ཀྱི་ནི་དྲངས་ཏེ། དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་མདུན་དུ་ཁྲིད་ཅིང་མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་འབྲང་བ་གང་ལགས་པ་དེས་དགེ་བའམ་མི་དགེ་བ་བགྱིས་པ་དེ་དག་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཕུལ་བ་དང་ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས་དགེ་བའམ་མི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་བསྒོ་བ་ལ། གང་དག་ནད་པ་དེའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེ་ལ་སྐྱབས་སུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པར་བགྱིད་ན། དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱི་འཚལ་བའི་གནས་དེར་མཆིས་ཏེ་ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉི་ཤུ་རྩ་གཅིག །ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱི་མངོན་སུམ་དུ་གྱུར་ཏེ་སྲོག་གི་སླད་དུ་ཡང་སྡིག་པའི་ལས་མི་བགྱིད་དོ། །མཆོད་པའི་སྦྱོར་བ་ནི་བཙུན་པ་ཀུན་དགའ་བོ་གང་དག་ནད་ཆེན་པོ་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་གིས་ནད་པ་དེའི་དོན་དུ་ཉིན་བདུན་མཚན་བདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་སྡོམ་པ་བླང་བར་བྱ། དགེ་སློང་གི་དགེ་འདུན་ལ་ཟས་དང་སྐོམ་རྣམས་དང་ཡོ་བྱད་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་དང་རིམ་གྲོར་བྱ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཡིད་ལ་བྱ། མདོ་སྡེ་འདི་ཡང་ལན་བཞི་བཅུ་རྩ་དགུར་གདོན་པར་བྱའོ། །ཞག་བཞི་བཅུ་རྩ་དགུར་མར་མེ་བུད་པར་བྱའོ། །སྐུ་གཟུགས་བདུན་བྱའོ། །སྐུ་གཟུགས་རེ་རེའི་སྤྱན་སྔར་མར་མེ་བདུན་བདུན་བཞག་མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱས་ཏེ་ཅི་ནས་ཀྱང་ཞག་བཞི་བཅུ་རྩ་དགུར་མར་མེ་མི་ཟད་པར་བྱའོ། །ཚོན་སྣ་ལྔ་པའི་བ་དན་བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ། །བཙུན་པ་ཀུན་དགའ་བོ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ་ནད་ཀྱི་གནོད་པ་དང་རང་ངམ་ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པའམ་རྒྱུ་སྐར་རམ་གཟའ་ཟླ་བའམ་གཟའ་ཉི་མའི་གནོད་པའམ་དུས་མ་ཡིན་པའི་རླུང་ངམ་ཆར་རམ་ཐན་པའི་གནོད་པ་ཡང་རུང་གནོད་པ་དང་ནད་འགོ་བའམ་འཁྲུག་པ་ཞིག་ཉེ་བར་གནས་པར་གྱུར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱ། བཙོན་དུ་བཟུང་བ་རྣམས་གཏང་བར་བྱ་ཞིང་གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེ་ལ་དེ་ལྟ་བུའི་མཆོད་པ་བྱས་ན། རྒྱལ་པོ་དེའི་དགེ་བའི་རྩ་བ་དང་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་ཡུལ་བདེ་བ་དང་ལོ་ལེགས་པ་དང་ཆར་དང་རླུང་དུས་སུ་ལྡང་ཞིང་ལོ་ཏོག་འགྲུབ་པར་འགྱུར། ཡུལ་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་ནད་མེད་པ་དང་བདེ་བ་དང་མཆོག་ཏུ་དགའ་བ་མེད་པར་འགྱུར། ཡུལ་དེར་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་མ་རུངས་པས་སེམས་ཅན་རྣམས་ལ་འཚེ་བར་མི་འགྱུར། ལྟས་ངན་པ་ཐམས་ཅད་མཐོང་བར་མི་འགྱུར། རྒྱལ་པོ་དེའི་ཚེ་དང་མདོག་དང་སྟོབས་དང་ནད་མེད་པ་དང་དབང་ཕྱུག་རྣམས་མངོན་པར་འཕེལ་བར་འགྱུར་རོ། །ཞེས་བགྱི་བ་ལ་སོགས་པ་བཀའ་སྩལ་པ་གསུངས་ཤིང་འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང་དེ་བཞིན་གཤེགས་པ་གདན་འཛོམ་པའི་ཐུགས་དམ་ལས་གླེངས་ཏེ་བསྐུལ་བ་དང་མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ། མདོ་སྡེ་འདི་ལས་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་ཅིང་སྩལ་བར་ཅི་གནང་། སྐྱབས་གྲོལ་མཛད་པས་ནད་འཆི་སྲིད་ཉམས་སོགས། །ཉེས་ཞི་བདེ་སྐྱིད་དར་བའི་སྨོན་ལམ་འབྲས། །མན་སྦྱོར། ཕྱག་ན་རྡོ་རྗེ་སོགས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་ཀུ་བཻ་ར་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཕྱོགས་སྐྱོང་བ་བཅུ་རྒྱལ་ཆེན་བཞི་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཕྲིན་ལས་མཛོད་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་སོགས་དང་། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་ཀུ་བཻ་ར་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཆེན་པོ་རྣམས་ཀྱིས་ཇི་ལྟར་སྔོན་གདན་འཛོམ་པ་ཆེན་པོའི་སྤྱན་སྔར་ལྷའི་ཚིག་བདེན་པར་མདོང་གསོལ་དུ་གསུང་གཅིག་ཁོ་ནར་འདི་སྐད་ཅེས། བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཐོས། དེ་བཞིན་གཤེགས་པ་རྣམས་ཀྱང་མངོན་དུ་མཐོང་སྟེ་མཆོད་པ་ཡང་བགྱིས་སོ། །ཡང་བཅོམ་ལྡན་འདས་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དང་གཟུངས་ཀྱི་ཚིག་འདི་དག་སྤྱོད་པ་དེར་བདག་ཅག་གཡོག་དང་བཅས་ཏེ་མཆིས་པར་བགྱིའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་འཆང་བ་དང་ཀློག་པ་དང་མཆོད་པར་བགྱིད་པ་དང་ཡི་གེར་འདྲིར་སྩོལ་བ་དེར་བདག་ཅག་མཐུན་པར་ལྷན་ཅིག་ཏུ་མཆིས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་རྒྱལ་པོའམ་རྒྱལ་པོའི་བློན་པོ་མདོ་སྡེའི་དབང་པོ་འཛིན་པ་དང་འདྲི་བ་དེ་ལ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བསྲུང་བར་བགྱིའོ། །གྲོང་དང་གྲོང་ཁྱེར་དང་ཕྱོགས་ཀྱང་ཡོངས་སུ་བསྐྱང་བར་བགྱིའོ། །འཆི་བ་དང་དགྲ་དང་དགོན་པའི་གནོད་པ་དང་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །བདག་ཅག་ནི་དེ་བཞིན་གཤེགས་པ་དང་སེམས་ཅན་ཐམས་ཅད་ལ་བྱམས་པ། བྱས་པ་གཟོ་བ་ལགས་ཏེ་དུས་མ་ལགས་པར་འགུམ་པ་ཐམས་ཅད་བཟློག་པར་བགྱིའོ། །འཐབ་པ་དང་འཐབ་མོ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཇི་ལྟར་བསམ་པ་ཡིད་བཞིན་དུ་འགྲུབ་པ་དང་སེམས་དང་ལུས་བདེ་ཞིང་ལོངས་སྤྱོད་དང་དབང་ཕྱུག་དང་ནོར་དང་འབྲུ་རྣམས་འཕེལ་བར་བགྱིའོ། །ཐམས་ཅད་དུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་རང་གིས་བྲོ་བོར་བ་དང་དམ་བཅས་པ་འདི་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་རྗེས་སུ་དྲན་པར་བགྱིའོ། །ཏདྱ་ཐཱ། ཨ་གྷུ། མ་གྷུ། ཏ་ར་གྷུ། མ་མ་གྷུ། གྷུ་རེ། ཧཱ་ཧཱུ་ཧེ། མྲ་མྲ་མྲ་མྲ། ཛུ་ཛུ་རི་ཛུ་རེ་སྭཱ་ཧཱ། གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་རྣམས་དང་གཟུངས་ཀྱི་ཚིག་འདི་དག་འཆང་བ་དང་ཀློག་པ་དང་ཡི་གེར་འབྲི་བ་དང་ཡི་གེར་འབྲིར་སྩལ་བ་དང་རབ་ཏུ་གུས་པས་མཆོད་པར་བགྱིད་པ་དེ་དག་ངན་སོང་གསུམ་དུ་མི་འཆི་བར་རིག་པར་བགྱིས་ཏེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་སླར་མི་ལྡོག་པར་འགྱུར། ཇི་ལྟར་འཚལ་བའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར། དེ་བཞིན་གཤེགས་པ་མཐོང་བར་འགྱུར། ཚེ་རབས་དྲན་པར་འགྱུར། ཏིང་ངེ་འཛིན་དང་གཟུངས་ཀྱང་ཐོབ་པར་འགྱུར་ཞེས་གསུངས་ཤིང་ཞལ་གྱིས་བཞེས་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གང་མདོ་སྡེའི་དབང་པོ་འཛིན་པ་དེ་དག་གི་དོན་བདག་གིས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་སྩལ་བར་བགྱི་ཡི་སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་ལ་དགོངས་སུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དག་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། བཛྲེ་པ་ཤ་དྷཱ་ར་ཎཱི། ས་མ་ས་མ། ས་མ་ནྟ། ཨ་པྲ་ཏི་ཧ་ཏ་བཛྲེ། ཤ་མ་ཤ་མ། པྲ་ཤ་མ་ནྟུ། སརྦ་བྱཱ་ངྷ་ཡ། ཀུ་རུ་ཀུ་རུ་སརྦ་ཀརྨ་ཎ། ས་མ་ཡ་མ་ནུ་སྨ་ར་བྷ་ག་བཱན། བཛྲ་པ་ཎི། སརྦ་ཨ་ཤ་མ་མེ་པཱ་རི་པཱུ་ར་ཡ་སྭཱ་ཧཱ། བཅོམ་ལྡན་འདས་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་འདི་དག་གི་མཚན་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་ཀློག་པ་དེའི་རེ་བ་ཐམས་ཅད་བདག་གིས་ཡོངས་སུ་བསྐང་བར་བགྱིའོ། །དོན་ཐམས་ཅད་ཡོངས་སུ་བསྒྲུབ་པར་བགྱིའོ། །གལ་ཏེ་དེས་བདག་མཐོང་བར་འཚལ་ན་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲིར་སྩལ་བར་བགྱི། དེ་བཞིན་གཤེགས་པ་འདི་དག་གི་སྐུ་གཟུགས་བདུན་ཡང་བགྱི། རྡོ་རྗེ་འཛིན་ཡང་སྐུ་གདུང་དང་བཅས་པར་བགྱི། དེ་བཞིན་གཤེགས་པ་དེ་དག་ལ་ཡང་ཇི་སྐད་གོང་དུ་སྨོས་པ་བཞིན་དུ། སྤོས་དང་བདུག་པ་དང་མར་མེ་དང་འཕྲེང་བ་དང་རྒྱན་དང་རོལ་མོའི་སྒྲ་དང་སིལ་སྙན་དང་ཕེག་རྡོབ་པ་རྣམས་ཀྱིས་མཆོད་དེ་བསྐོར་བར་བགྱི། གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཀྱང་གདོན་པར་བགྱི། སེམས་ཅན་ཐམས་ཅད་ལ་ཡང་ཕན་པའི་སེམས་དང་བྱམས་པའི་སེམས་སུ་བགྱི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བསྙེན་གནས་ལ་གནས་ཏེ་ལན་གསུམ་ཁྲུས་བགྱི་ཞིང་གོས་ལན་གསུམ་བརྗེ་བར་བགྱི། ཚེས་བརྒྱད་ནས་བརྩམས་ཏེ་ཟླ་བ་ཕྱི་མ་བཅོ་ལྔ་ཉའི་བར་དུ་ཉིན་གཅིག་བཞིན་རིག་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ན་དེ་ལ་བདག་གིས་རྨི་ལམ་དུ་མཐོང་བ་སྩལ་བར་བགྱི། འབེལ་བའི་བཀའ་མཆིད་ཀྱང་བགྱི། རེ་བ་ཐམས་ཅད་ཀྱང་ཡོངས་སུ་བསྐང་བར་བགྱིའོ་ཞེས་བྱ་བ་ལ་སོགས་པ་འཕགས་པའི་བཀའ་མི་འགྱུར་བར་ཚད་མར་གྱུར་པ་ཞལ་གྱི་བཞེས་པ་བཞིན་དུ། དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང་གདན་འཛོམ་པས་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ལྷག་པར་ཡང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པ་གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང་། སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་པ་དང་བདུད་ཀྱི་ཕྱོགས་སུ་གྱུར་པ་ཐམས་ཅད་དང་ཡུལ་ཕྱོགས་སུ་མི་ནད་དང་ཕྱུགས་ནད་གཏོང་བ་དང་ཐན་པ་དང་སད་དང་སེར་བ་ལ་སོགས་པས་ལོ་ཏོག་མ་རུངས་པར་བགྱིད་པ་དང་གནོད་པ་དང་མཚན་མ་ངན་པ་དང་བཀྲ་མི་ཤིས་པ་མང་པོ་སྟོན་ཅིང་སེམས་ཅན་ལ་སྡང་བར་སེམས་པའི་གདོན་བགེགས་རིགས་ཐ་དད་པ་མང་པོ་ཡུལ་ཕྱོགས་འདི་ན་རྒྱུ་ཞིང་གནས་པ་ཅི་མཆིས་པ་ཐམས་ཅད་དང་། མིང་གང་རུང་ངམ། བདག་ཅག་ལ་སོགས་པ་ལ་སྔོན་གྱི་ལས་ཀྱི་བདས་པའམ་འཕྲལ་གྱི་རྐྱེན་ལས་བྱུང་བའམ་ཡུལ་ཕྱོགས་དང་ཕ་ཚན་དང་རིགས་བརྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ། མིང་ངམ། བདག་ཅག་ལ་སོགས་པ་རྣམས་ཀྱི་ལུས་དང་སྲོག་དང་ཆབ་སྲིད་དང་དབང་ཕྱུག་དང་འཁོར་དང་ཡོ་བྱད་ལ་སོགས་པ་གང་ཡང་རུང་བ་ལ་ཅི་ཡང་རུང་བའི་སྒོ་ནས་གནོད་པ་བགྱིད་པའི་གདོན་བགེགས་ཅི་མཆིས་པ་ཐམས་ཅད་གང་ལ་འཚམས་པའི་ཐབས་ཀྱིས་འདུལ་ཞིང་། འཁོན་དང་གནོད་པའི་བསམ་པ་འདོར་དུ་སྩལ་ཏེ་ཞི་བ་དང་དགེ་བ་དང་བྱམས་པ འི་བསམ་པ་ཅན་དུ་འགྱུར་ཞིང་སྔོན་ཆད་བཀྲ་མི་ཤིས་པ་དང་གནོད་པའི་སྦྱོར་བ་ངན་པ་བགྱིས་པ་རྣམས་ཀྱང་འཇིག་ཅིང་འདོར་དུ་སྩལ། སླན་ཆད་ཀྱང་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྒག་ཅིང་གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་འཕྲིན་ལས་མཛད་པར་ཅི་གནང་། གསང་བདག་ལ་སོགས་རྣམས་ཀྱིས་དམ་བཅས་ཤིང་། །གཟུངས་སྩལ་ཕྱག་རྡོར་སྒྲུབ་ཐབས་བསྟན་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །ཐུབ་པའི་བསྟན་དར་སྐྱེ་རྒུ་བདེ་ཞིང་སྐྱིད། །ཁྱད་པར་སྦྱིན་པའི་བདག་པོས་གཙོ་བྱས་པའི། །འགྲོ་བ་རྣམས་ཀྱི་སྒྲིབ་བྱང་ཚོགས་རྫོགས་ཤིང་། །བགེགས་རིགས་བཟློག་ཅིང་མཐུན་རྐྱེན་ཚང་བ་མཛོད། །གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ནི། མཐུ་དཔལ་དང་ལྡན་པའི་དགེ་བསྙེན་བཅུ་གཉིས་ལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་ལ༴ མཆོད་དོ༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་ལ༴ མཆོད་དོ༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་ལ༴ མཆོད་དོ༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་ལ༴ མཆོད་དོ༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་ལ༴ མཆོད་དོ༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཏུང་འཛིན་ལ༴ མཆོད་དོ༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་ལ༴ མཆོད་དོ༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་ལ༴ མཆོད་དོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་ལ༴ མཆོད་དོ༴ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་ལ༴ མཆོད་དོ༴ ལན་གསུམ་བཟླས། སྐབས་འདིར་མཆོད་པ་དབུལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་སྦྱིན་བདག་གི་བར་ཆད་ཞི་བའི་ཕྲིན་ལས་མཛོད་ཅིག་མཐུ་དཔལ་དང་ལྡན་པའི་དགེ་བསྙེན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་རེ་རེ་ལ་གཡོག་འཁོར་གནོད་སྦྱིན་བདུན་འབུམ་བདུན་འབུམ་དང་བཅས་པ་རྣམས་དགོངས་སུ་གསོལ། ཇི་ལྟར་སྔོན་གདན་འཛོམ་པའི་སྤྱན་སྔར་ལྷའི་ངག་བདེན་པས་གསུང་གཅིག་ཏུ་འདི་སྐད་དུ། སངས་རྒྱས་ཀྱི་མཐུས་བདག་ཅག་གི་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ་བདག་ཅག་ལ་ཡང་ངན་འགྲོར་འགྲོ་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེས་ན་བདག་ཅག་ལྷན་ཅིག་ཏུ་མཐུན་པར་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་སྤྲོ་བར་བགྱིའོ། །བྱེ་བྲག་ཏུ་གྲོང་ངམ་གྲོང་ཁྱེར་རམ་གྲོང་བརྡལ་ལམ་དགོན་པའི་གནས་གང་ན་མདོ་སྡེ་འདི་སྤྱོད་པ་དང་གང་ན་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཡིད་ལ་འཆང་བ་དང་མཆོད་པ་དང་རིམ་གྲོ་བྱེད་པའི་སེམས་ཅན་དེ་དག་ལ་བདག་ཅག་གི་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ་ཞེས་ཞལ་གྱིས་བཞེས་ཏེ་ཐུགས་དམ་དུ་བཞེས་ཤིང་བཅོམ་ལྡན་འདས་ཀྱིས་ཀྱང་། གང་གི་ཕྱིར་ཁྱེད་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་དེ་ལ་བྱས་པ་གཟོ་ཞིང་རྗེས་སུ་དྲན་ལ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ། །ཞེས་རྗེས་སུ་གནང་བ་སྟོན་པ་དེ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་དུལ་ཞིང་ཞི་བའི་འཁོར་དང་ལྡན་པར་བྱམས་པ་དང་ཐུགས་བརྩེ་བས་མཆོད་པ་བཞེས་ཤིང་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ལྷག་པར་ཡང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པ་གསུང་རབ་དམ་པའི་ཆ ོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང་། སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་བ་དང་བདུད་ཀྱི་ཕྱོགས་སུ་གྱུར་པ་ཐམས་ཅད་དང་ཡུལ་ཕྱོགས་སུ་མི་ནད་དང་ཕྱུགས་ནད་གཏོང་བ་དང་། ཐན་པ་དང་སད་དང་སེར་བ་ལ་སོགས་པས་ལོ་ཏོག་མ་རུངས་པར་བགྱིད་པ་དང་། གནོད་པ་དང་མཚན་མ་ངན་པ་དང་། བཀྲ་མི་ཤིས་པ་མང་པོ་སྟོན་ཞིང་སེམས་ཅན་ལ་སྡང་བར་སེམས་པའི་གདོན་བགེགས་ཀྱི་རིགས་ཐ་དད་པ་མང་པོ་ཡུལ་ཁམས་དང་། ཡུལ་ཕྱོགས་འདིར་རྒྱུ་བ་མཆིས་སོ་འཚལ་དང་། མིང་ངམ། བདགཅག་ལ་སོགས་པ་ལ་སྔོན་གྱི་ལས་ཀྱིས་བདས་པའམ་འཕྲལ་གྱི་རྐྱེན་ལས་གྱུར་པའམ་ཡུལ་ཕྱོགས་དང་ཕ་ཚན་དང་རིགས་བརྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ། མིང་ངམ། བདག་ཅག་ལ་སོགས་པ་སེམས་ཅན་རྣམས་ཀྱི་ལུས་དང་སྲོག་དང་ཆབ་སྲིད་དང་། དབང་ཕྱུག་དང་འཁོར་དང་ཡོ་བྱད་ལ་སོགས་པ་གང་ཡང་རུང་བ་ལ་ཅི་ཡང་རུང་བའི་སྒོ་ནས་གནོད་པ་བགྱིད་པའི་གདོན་བགེགས་ཅི་མཆིས་པ་ཐམས་ཅད་གང་ལ་གང་འདུལ་བའི་ཐབས་ཀྱིས་གདུལ་ཞིང་འཁོན་དང་གནོད་པའི་བསམ་པ་འདོར་དུ་སྩལ་ཏེ་ཞི་བ་དང་དགེ་བ་དང་བྱམས་པའི་བསམ་པ་ཅན་དུ་བགྱི་ཞིང་སྔོན་ཆད་བཀྲ་མི་ཤིས་པ་དང་གནོད་པའི་སྦྱོར་བ་ངན་པ་བགྱིས་པ་རྣམས་ཀྱང་འཇིག་ཅིང་འདོར་དུ་སྩལ། སླན་ཆ ད་ཀྱང་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྒྲག་ཅིང་གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་ཕྲིན་ལས་མཛད་པར་ཅི་གནང་། གནོད་སྦྱིན་རྣམས་ཀྱིས་བདེན་མཐོང་མདོ་འདི་ཉིད། །བསྲུང་བར་དམ་བཅའ་མཛད་པ་ཇི་བཞིན་འབྲས། །སོགས་ཕྱག་རྡོར་ལྟར་སྦྱོར། གཞི་བདག་ལ་གཏོར་མ་བསྔོ་བ་ནི། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་སའི་ལྷ་མོ་བརྟན་མས་གཙོ་བྱས་བོད་ཁ་བ་ཅན་པའི་རྒྱལ་ཁམས་བསྲུང་ཞིང་སྐྱོབ་པའི་སྲུང་མ་སྤྱི་དང་བྱེ་བྲག་ཡུལ་ཕྱོགས་འདི་དག་གི་དགོན་གྲོང་གནས་མལ་བསྲུང་བའི་ལྷ་ཀླུ་བརྟན་མ་བཅུ་གཉིས་སོགས་མི་མ་ཡིན་མཐུ་པོ་ཆེ་རྣམས་ལ་འབུལ་ལོ། །མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཆོས་བསྒྲུབ་པའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཡིན་བཞིན་དུ་སྒྲུབ་པར་མཛད་དུ་གསོལ། རེ་རེ་ནས་མཆོད་པ་དབུལ་ཞིང་སྨོན་ལམ་རྫོགས་པའི་སྐབས་འདིར་གཟུངས་སྔགས་བཟླས་ལ་ཁྲུས་བྱ། ཞེས་བྱུང་བ་ལྟར། བཞི་པ་ཞར་བྱུང་གཟུངས་སྒྲུབ་ནི། གཟུངས་ཀྱི་བུམ་པ་ལ་དམིགས་ཏེ་སྐབས་འདིར་བྱ། ཞེས་གསུངས་པས། ཏདྱ་ཐཱ། གྷུ་མེ་སོགས། ཏདྱ་ཐཱ། ༀ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ། ཞེས་མང་དུ་བཟླ། སྔགས་བཟླས་པའི་རྐྱེན་གྱིས་བདེ་བར་གཤེགས་པ་བརྒྱད་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་སྟེ་བུམ་པའི་ཆུ་ལ་ཐིམ་པས་བྱིན་གྱིས་བརླབ་པར་བསམ་པའི་ཆུས་ལྷ་ལའང་ཁྲུས་གསོལ་ཞིང་རང་གཞན་རྣམས་ལ་ཁྲུས་བྱ། གཤིན་པོའི་རུས་པ་སོགས་ལ་གཏོར་ན་ཕན་ཡོན་ཆེ་བ་ལས་མི་འགལ་བར་སེམས་སོ། །གསུམ་པ་མཇུག་ཆོག་གཏང་རག་གི་ཕྱག་འཚལ་ནི། ལྷར་བཅས་སྐྱེ་རྒུའི་འདྲེན་པ་ཟས་གཙང་སྲས། །ཞེས་པ་ནས། བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གོང་ལྟར་ལ། མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གི་མཐོང་ཐོས་དྲན་པའི་དཔལ་གྱུར་པའི། །སྟོན་པ་མཚན་ལེགས་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་བའི། །སྒྲ་དབྱངས་རྒྱལ་པོ་ཁྱེད་ལ༴ ཛམྦུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་ལས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་སེལ་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ༴ ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་། །འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པའི། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻཡི་འོད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་དང་། རྒྱས་པར་སྤྲོ་འདོད་ན་སྟག་ཚང་ལོ་ཙཱ་བས་མཛད་པའི་བསྟོད་པ་འདི་ཉིད་ཚིག་སྦྱོར་ལེགས་པས་ཡང་བསྐྱར་གྱི་ཚུལ་དུ་བྱས་པ་མི་འགལ་ཞིང་མི་བྱེད་ནའང་ཆོས་དཀོན་ཅོག་མན་འདི་ནང་བཞིན་སྦྱོར། ཤར་ཕྱོགས་གདྒཱའི་ཀླུང་གི་བྱེ་སྙེད་ན། །གཞན་གྱི་མི་ཐུབ་རྣམ་དག་ཞིང་གི་དཔལ། །བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས། །མཚན་ལེགས་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་གདྒཱའི་ཀླུང་བདུན་བྱེ་སྙེད་ན། །རིན་ཆེན་ལྡན་པ་རྣམ་དག་ཞིང་གི་དཔལ། །བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས། །རིན་ཆེན་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་གངྒཱའི་ཀླུང་ལྔའི་བྱེ་སྙེད་ན། །སྤོས་ཀྱི་ཡོངས་གང་རྣམ་དག་ཞིང་གི་དཔལ། །བགྲངས་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་གངྒཱའི་ཀླུ་བདུན་བྱེ་སྙེད་ན། །མྱ་ངན་བྲལ་བའི་རྣམ་དག་ཞིང་གི་དཔལ། །བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས། །མྱ་ངན་མེད་མཆོག་དཔལ་ལ༴ ཤར་ཕྱོགས་གངྒཱའི་ཀླུང་བརྒྱད་བྱེ་སྙེད་ན། །ཆོས་ཀྱི་རྒྱལ་མཚན་རྣམ་དག་ཞིང་གི་དཔལ། །བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ༴ ཤར་ཕྱོགས་གདྒཱའི་ཀླུང་དགུའི་བྱེ་སྙེད་ན། །རིན་ཆེན་རྒྱ་མཚོའི་རྣམ་དག་ཞིང་གི་དཔལ། །བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས། །མངོན་མཁྱེན་རྒྱལ་པོའི་ཞབས་ལ༴ ཤར་ཕྱོགས་གདྒཱའི་ཀླུང་བཅུའི༴ བཻ་ཌཱུརྻ་སྣང་རྣམ་དག་ཞིང་གི་དཔལ། །བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས། །སྨན་གྱི་བླ་མའི་ཞབས་ལ༴ ཐུགས་རྗེ་བརྩོན་འགྲུས་མཆོག་གི་རྩེར་གཤེགས་པས། །སྙིགས་དུས་རྒྱལ་བ་གཞན་གྱིས་མི་འདུལ་བའི། །མི་མཇེད་ཚེ་ལོ་བརྒྱ་པའི་ཞིང་གི་དཔལ། །འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་། །སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུང་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ༴ ཆོས་ཀྱི་རྒྱལ་བུ་གཞོན་ནུ་མཁྱེན་པའི་གཏེར། །བདག་ཅག་ཉེས་བརྒྱས་གཟིར་བའི་འགྲོ་བ་ལ། །ཟབ་ཡངས་ལམ་འདི་མངོན་དུ་གྱུར་མཛད་པ། །རྗེ་བཙུན་འཇམ་པའི་དབྱངས་ལ༴ ཐབས་མཁས་ཐུགས་རྗེས་ཕུལ་དུ་བྱུང་བའི་མཐུས། །དུས་མིན་འཆི་གསོ་རྒྱལ་སྲིད་སྤེལ་སོགས་སླད། །མཆོད་པའི་སྦྱོར་བ་གསལ་བར་སྟོན་མཛད་པ། །འཕགས་པ་སྐྱབས་གྲོལ་མཛད་ལ་ཕྱག་འཚལ་ལོ། །ཡང་པ་ཅན་དུ་བདེ་གཤེགས་བརྒྱད་འཇོམ་ནས། །སྤྱི་སྒོས་བསྟན་པ་བསྲུང་བར་བཀའ་བསྒོས་ཤིང་། །རང་རང་བདེན་པའི་ངག་གིས་ཞལ་བཞེས་པ། །གསང་བདག་འཁོར་དང་བཅས་ལ༴ ཡངས་པ་ཅན་དུ་སྨན་བླའི་མཚན་ཐོས་པས། །བདེན་མཐོང་མདོ་འདི་བསྲུང་བར་དམ་བཅས་པ། །བདུན་འབུམ་འཁོར་གྱིས་བསྐོར་བའི་བཅུ་གཉིས་པོ། །གནོད་སྦྱིན་སྡེ་དཔོན་རྣམས་ལ༴ མཁའ་ཁྱབ་ཞིང་གི་ཕྱག་འོས་ཐམས་ཅད་ལ། །ཡོན་ཏན་ཞིང་དུ་ལྷག་པར་མོས་པའི་བློས། །འགྲོ་ཀུན་ཞིང་རྡུལ་གྲངས་སྙེད་ལུས་སྤྲུལ་ནས། །སངས་རྒྱས་ཞིང་མཐར་རྟག་ཏུ་གུས་ཕྱག་འཚལ། །ཇི་སྙེད་སུ་དག་ཕྱོགས་བཅུའི་སོགས་ཡན་ལག་བདུན་པ་བྱ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་ལས་བྱུང་བ་བཞིན་དུ་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་དང་སྟོན་པ་བཅོམ་ལྡན་འདས་དམ་པ་བློ་མཐུན་པ་འཁོར་དང་བཅས་པ་སྤྱན་དྲངས་ནས་མཚན་ནས་བརྗོད་དེ་ཕྱག་འཚལ་བ་དང་མཆོད་ཅིང་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པའི་སྨོན་ལམ་བཏབ་པ་དང་། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་དགེ་བ་ལ་རྗེས་སུ་ཡི་རང་བ་དང་། བསྐུལ་ཞིང་གསོལ་བ་བཏབ་པ་ལ་སོགས་པའི་བསོད་ནམས་ཅི་མཆིས་པའི་སྟོབས་དང་། དེ་དག་གི་མཐུ་དཔལ་དང་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་བསྟན་འགྲོའི་ཕན་བདེའི་རྩ་ལག་ཏུ་གྱུར་པ་དབང་ཕྱུག་དམ་པ་རྣམས་ཀྱི་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཅི་མངའ་བ་ཐམས་ཅད་བྱང་བར་གྱུར་ཅིག །སྐུ་ལ་སྙུན་མི་མངའ་ཞིང་སྐུ་ཚེ་རིང་བ་དང་དབུ་རྨོག་བཙན་པ་དང་ཆབ་སྲིད་འཛོམ་དར་ཆེ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །མཐར་ཡང་ཚོགས་གཉིས་ཡོངས་སུ་རྫོགས་ནས་གཡུང་དྲུང་གི་སྐུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིག །ཆབ་འོག་ཏུ་གཏོགས་པའི་འབངས་ཐམས་ཅད་ཀྱང་ཕྱི་ནང་གི་གནོད་པ་ཐམས་ཅད་རབ་ཏུ་ཞི་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག །ཡུལ་ཁམས་ཐམས་ཅད་དུ་ཡང་མི་ནད་དང་ཕྱུགས་ནད་དང་ལོ་ཉེས་དང་དགྲའི་གནོད་པ་དང་བཀྲ་མི་ཤེས་པའི་བག་ཅི་ཡང་མི་འབྱུང་བ་དང་ཆར་ཆུ་དུས་སུ་བབས་ཏེ་ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང་། བདེ་སྐྱིད་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐམས་ཅད་དང་ལྡན་ཞིང་འཇིག་རྟེན་གྱི་ཁམས་དེ་དག་ཏུ་སྐྱེས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་ཞལ་མཐོང་སྟེ། གདམས་ངག་ཐོབ་ནས་ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་གྱུར་ཅིག །ཁྱད་པར་དུ་ཡང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པར་གྱུར་ཅིག །དེ་ནས་བཟོད་པར་གསོལ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་འཁོར་དང་བཅས་པ་དང་སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་གདན་འཛོམ་པའི་སྤྱན་སྔར། མིང་ངམ། བདག་ཅག་ལ་སོགས་པའི་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར་བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་པ་དང་མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་དང་། གཙང་སྦྲ་མ་བྱེད་པ་དང་མདོ་ལས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་གང་། །དེ་ཡང་བཟོད་པར་མཛད་དུ་གསོལ། །དུས་ངན་སེམས་ཅན་བསོད་ནམས་དམན། །མ་རིག་ཉོན་མོངས་དང་འདྲེས་པས། །འཕགས་པའི་ཐུགས་དགོངས་མ་རྫོགས་པ། །དེ་ཡང་བཟོད་པར༴ སེར་སྣའི་དབང་གྱུར་མི་མཁས་པས། །མཆོད་པ་ངན་ཞིང་བཤམ་ཉེས་པ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པས། །དེ་ཡང་བཟོད་པར༴ བག་མེད་སྤྱོད་པ་མ་དག་པས། །མདོ་ལས་བྱུང་བའི་ཆོ་ག་བཞིན། །མ་ལྕོགས་འཁྲུལ་པ་ཅི་མཆིས་པ། །དེ་ཡང་བཟོད་པར༴ ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། །བདག་གིས་བརྗེད་ངས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །དེ་ནས་གཤེགས་སུ་གསོལ་བ་ནི། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་ཐུགས་རྗེས་འབྱོན་པར་མཛོད། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཡིན་ལགས། སོ་སོའི་ཞིང་ཁམས་སུ་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་གཤེགས་སུ་གསོལ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེ། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །དགེ་བ་འདི་ཡིས་མྱུར་དུ་བདག །སྨན་པའི་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་འགྲུབ་པར་ཤོག །ཤིས་བརྗོད་ནི། སྙིགས་མའི་འགྲོ་ལ་ཐུགས་རྗེ་ཉི་མའི་འོད། །ཆེས་ཆེར་རབ་འབར་བཅོམ་ལྡན་བདེ་གཤེགས་བདུན། །སྨོན་ལམ་གསུངས་པ་དོན་ཀུན་གྲུབ་པ་སོགས། །རྫོགས་པའི་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །ཐོས་པ་ཙམ་གྱིས་སྲིད་ཞིའི་སྡུག་བསྔལ་ལས། །རྣམ་པར་སྒྲོལ་ནུས་ཟབ་དང་རྒྱ་ཆེ་བའི། །སྙིང་པོ་སྨན་གྱི་མདོ་སྡེ་བརྒྱད་བརྒྱ་པ། །གསུང་མཆོག་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །ཞུ་གསོལ་བསྲུང་སྐྱོབ་མཛད་པའི་སེམས་དཔའ་ཆེ། །ཉན་ཐོས་ཕྱོགས་སྐྱོང་གནོད་སྦྱིན་སྡེ་དཔོན་སོགས། །ཆོས་འདི་ཡུན་དུ་འཕེལ་ཞིང་གནས་བྱེད་པའི། །དགེ་འདུན་འདུས་པའི་ཚོགས་ཀྱི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མདོ་ལས་བྱུང་བ་ཇི་ལྟར་རིགས་པ་བརྗོད་དེ་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་དགྲམ་པར་བྱའོ། །རྒྱལ་པོའི་ཕྲིན་ལས་འཇུག་པ་ནམ་མཁའི་མཐའ། །ཚད་མའི་སྲང་ལ་ཀུན་མཁྱེན་ཡེ་ཤེས་ཀྱིས། །གཞལ་མིན་སྒྲིབ་པའི་ལུས་ཅན་བློས་རྟོགས་པའི། །སྐལ་བ་རྡུལ་ཕྲན་ཆ་ཡང་སུ་ཡིས་རྙེད། །ཁོལ་བུར་ལུས་མིན་གྱུར་ཏོ་ཅོག་སྐྱོན་དྲི། །ཉེར་བསྒྲུབས་ཡོན་ཏན་མཐའ་དག་ཡོངས་རྫོགས་པར། །གཅིག་ཏུ་མཉམ་པའི་རྒྱལ་རྣམས་སྐལ་དམན་འགྲོར། །ཉེ་རིང་བར་མའི་ཁྱད་པར་ག་ལ་ཞིག །འོན་ཏེ་ཆེར་སྙིགས་བོད་པའི་སྨག་རུམ་འདིར། །ལྷག་པར་ཐུགས་རྗེའི་མཐུ་དཔུང་ཉིན་མོར་བྱེད། །འཆར་ནུབ་སྤངས་པའི་སྣང་བ་དམ་པའི་གཟི། །བདེ་གཤེགས་མཆེད་བདུན་སྨོན་ལམ་རླུང་གིས་དྲངས། །ལྷ་གཅིག་ཁྲི་སྲོང་ལེགས་བྱས་ཛ་མྦུའི་འབྲས། །མདོ་ཆོག་རྒྱ་མཚོར་རོ་གཅིག་འདྲེས་པ་ལས། །ཕན་བདེའི་གསེར་གྱི་སྙེ་མ་གཡུར་ཟ་མཁན། །གང་ཅན་སྐུ་དྲིན་མཚུངས་མེད་ཞི་བ་འཚོ། །རྒྱས་པའི་སྡེ་སྣོད་སྨན་མདོ་བརྒྱད་བརྒྱ་བ། ཚིག་དོན་ཟབ་བརླིང་རིན་ཆེན་འབྱུང་གནས་ཆེར། །གངས་ཅན་བསོད་ནམས་རི་བོ་བསྒྲིལ་བ་ལས། །མདོ་ཆོག་གཉིས་སྐྱེས་རྒྱ་པོའི་དཀྱིལ་འཁོར་ཐོན། །འོན་ཏེ་མཁས་རློམས་དུ་མའི་སྒྲིགས་རྩོམ་གྱིས། །ལོག་རྟོག་ཆུ་འཛིན་བུ་མོའི་ཕང་ཉལ་བ། །དཔྱད་གསུམ་དག་བྱེད་དྲི་བཞོན་གྱིས་བསལ་ཏེ། །གཅིག་ཏུ་དཀར་བའི་ཟེགས་མ་བསིལ་ཟེར་ཐོན། །སྲས་བཅས་རྣམས་མཁྱེན་སྲུང་མར་བཅས་པ་ཡིས། །སྔོན་བཏབ་སྨོན་ལམ་བགྲངས་ཡས་མུཀྟི་ཀཿ རིས་མེད་སྐྱེ་རྒུའི་ཉ་ཕྱིས་ཁོག་ཡངས་པོར། །སྦྲུལ་པའི་སྐལ་བཟང་མངོན་སུམ་མྱོང་བར་ཤོག །ཅེས་བདེ་བར་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཆོ་ག་འདི་ཉིད་གངས་ཅན་ཕན་བདེའི་རྩི་སྨན་གྱི་ལྗོན་པ་ཆེན་པོ་ཡིན་པར་མཆིམས་ནམ་མཁའ་གྲགས་ཀྱི་མཁན་པོའི་གཞུང་ལ་དགོས་ངེས་ཀྱི་ལྷན་ཐབས་མཛད་པའི་ཁུངས་བཙུན་ནའང་བར་སྐབས་སུ་མདོ་ཆོག་རྒྱས་བསྡུས་ཀྱི་དབྱེ་བ་སོགས་མཁན་པོར་ཁ་གཡར་བ་དང་མཆིམས་ཀྱི་ཆོག་བསྒྲིགས་མ་ལ་གཞན་གྱིས་འབྲེལ་མེད་མང་དུ་སྦྱར་བའི་ཉི་མ་འཕུལ་ཐབས་དང་གཞན་མགོ་བསྐོར་བ་ལྷུར་བླངས་ཤིང་། ལ་ལ་ཉུང་བ་ཙམ་གྱིས་ཡ་མཚན་པར་རློམས་ཏེ་ཚིག་སྣ་བསྡུས་པའི་ཤོག་ལྡེབ་གསུམ་བཞི་ལ་ཚང་བའི་ཡི་གེ་མང་པོའི་ལུགས་སྲོལ་འདི་ཉིད་ཚོང་དུས་འོ་མ་ལྟར་བསླད་པ་མཐོང་བས་རྐྱེན་བྱས་མཁའ་མཉམ་ཀྱི་སྐྱེ་དགུ་མཐའ་དག་ལ་ཕན་འདོད་ཀྱི་ལྷག་པའི་བསམ་པས་དྲངས་ཏེ་སྔ་མོ་ནས་རྩོམ་འདུན་ཡོད་པ་དང་། དབུས་གཙང་དུ་ཆོས་སྡེ་གསར་བཙུགས་ཕལ་ཆེར་ལའང་མདོ་ཆོག་ཚུགས་ཡོད་པར་ཕན་རླབས་ཆེ་འདྲ་སྙམ་པའི་སྟེང་། ཐོས་བསམ་དར་རྒྱལ་གླིང་པའི་སློབ་དཔོན་ཕྲིན་ལས་རྒྱ་མཚོ། ཤངས་པ་དགའ་ལྡན་ཆོས་འཁོར་བའི་སློབ་དཔོན་དོན་གྲུབ་རྒྱ་མཚོ། དབུ་མཛད་བློ་བཟང་ཡོན་ཏན། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ། གསོལ་དཔོན་གེ་ར་བ་བློ་བཟང་མཁྱེན་བརྩེ་རྣམས་ཀྱིས་བསྐུལ་བ་དང་། ཕྱག་མཛོད་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་རྨི་རུ་བ་ཚོར་བྲག་སྒོ་རབ་འབྱམས་པས་སྣང་བར་གང་དྲན་གྱི་རྒྱས་འབྲིང་བསྡུས་པ་སོགས་སྣ་ཚོགས་བྱས་ཚུལ་གྱི་སྒྱུར་སྦྱང་ལ་བརྟེན་ཆོག་བསྒྲིགས་ཞིག་དགོས་ཞེས་རྨི་རུ་བླ་མ་རིན་ཆེན་རྒྱ་མཚོས་བསྐུལ་བས་ཀྱང་རྐྱེན་བྱས། ཉེ་ཆར་ཆེན་པོ་ཧོར་གྱི་རྒྱལ་ཁམས་ཀྱི་སའི་ཁལ་ཁ་གཡོན་རུ་ནས་འཇམ་དབྱངས་སྤྲུལ་པའི་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གསེར་གྱི་མཎྜལ་དང་ཧོར་གོས་མངགས་བཏགས་སོགས་ཀྱི་ཁྱད་ནོར་དང་བཅས་གསུང་གིས་བསྐུལ་བས་མཚམས་སྦྱར་ཏེ། ཡིད་ཆེས་ཤིང་སྤྲོ་བ་བསྐྱེད་པ་མདོ་སྔགས་ཀྱི་ཁྱད་པར་འབྱེད་པའི་དཔྱད་པ་སྔོན་དུ་བཏང་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་གསུང་དངོས་མར་མེད་དུ་མི་རུང་བའི་མཚམས་སྦྱོར་དང་གསལ་བྱེད་ཀྱིས་བརྒྱན་པའི་བདེ་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ་ཞེས་པ་འདི་ནི། ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་ཆོས་འདི་ལ་ལྷག་པར་མོས་པའི་དད་པ་ཐོབ་པ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལ ང་ཚོའི་སྡེས་བག་ཡོད་ཅེས་པ་ཆུ་གླང་མགོས་ཉ་བའི་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་གྱི་དུས་དགེ་བར། རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཙུག་ལག་ཁང་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་ལུས་ཅན་མཐའ་དག་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། །།

སྨན་བླའི་མདོ་ཆོག་གི་སྙིང་པོ་ཤིན་ཏུ་བསྡུས་པ་ཕན་བདེའི་དཔལ་སྟེར། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

སྨན་བླའི་མདོ་ཆོག་གི་སྙིང་པོ་ཤིན་ཏུ་བསྡུས་པ་ཕན་བདེའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷཻ་ཥཱ་ཱརཱ་ཛཱ་ཡ། །དེ་ལ་འདིར་སྨན་བླའི་མདོ་ཆོག་གི་སྙིང་པོ་ཕྱག་མཆོད་སྨོན་ལམ་ཤིན་ཏུ་མདོར་བསྡུས་པ་བྱ་བའི་ཚུལ་ནི། རྟེན་གྱི་དྲུང་ཅི་འབྱོར་པའི་མཆོད་པ་བཤམས་ལ། ངེས་འབྱུང་དང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་ཚོགས་ཀྱིས་སྐྱབས་སེམས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་པའི་མཐུས། །སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་གཞིར། །ཡིད་འཕྲོག་རིན་ཆེན་ལས་གྲུབ་གཞལ་མེད་ཁང་། དེ་དབུས་སེང་ཁྲི་པད་ཟླའི་གདན་གྱི་སྟེང་། །བདེ་གཤེགས་འཁོར་བཅས་གདན་འཛོམ་བཞུགས་ནས་ཀྱང་། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་པས་ས་གཞི་སོགས་བྱིན་གྱིས་བརླབས། །སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་འདོན། །དེ་ནས་འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟོད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཅེས་གསོལ་བས་མངོན་སུམ་ལྟ་བུར་བྱོན་ཞིང་བཞུགས་པར་བསམས་ལ། །འབྱོན་ལེགས་སོགས་རྒྱས་པར་བྱ་བའམ། ཡན་ལག་བརྒྱད་ལྡན་མཆོད་ཡོན་རྒྱ་མཚོས་མཆོད། །འཆི་མེད་བདུད་རྩིའི་རྒྱན་གྱིས་ཁྲུས་གསོལ་ཞིང་། །སྲབ་འཇམ་ལྷ་ཡི་རེག་བྱས་བསྙེན་བསྐུར་བགྱི། །བསོད་ནམས་ཞིང་དུ་བཞུགས་པར་གསོལ་བ་འདེབས། །ཞེས་པའི་མཐར་ཕྱག་མཆོད་དངོས་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་ཕྱེ་འདྲ་བའི། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །བདེ་བར་གཤེགས་པ་བརྒྱད་ཀྱི་མདོ་ཆོག་གི། །ལམ་བཟང་གསལ་མཛད་དངོས་རྒྱུད་བླ་མ་དང་། །ཕྱོགས་བཅུའི་སངས་རྒྱས་དེས་གསུངས་དམ་པའི་ཆོས། །དེར་འཛིན་དགེ་འདུན་བཅས་ལ་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་གྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པའི། །སྟོན་པ་མཚན་ལེགས་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་བའི། །སྒྲ་དབྱངས་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཛམྦུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་པ་སེལ་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོ་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་། །འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པའི། །ཆོས་བསྒྲགས་རྒྱ་མཚོའི་དཔལ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ། །རྣམ་དག་ཆོས་ཀྱི་དབྱིངས་ལས་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་། །སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུང་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་སྐྱབས་གྲོལ་གསང་བའི་བདག །ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་བཞི། །གནོད་སྦྱིན་སྡེ་དཔོན་ཆེན་པོ་བཅུ་གཉིས་སོགས། །འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་གྱུར་འགྲོ་བ་མཐའ་དག་སྐྱོབས་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེར་གཤེགས་འཁོར་དང་བཅས་ལ་སྐྱབས་སུ་མཆི། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བདེ་གཤེགས་བརྒྱད་དང་རིགས་གསུམ་སེམས་དཔའ་སོགས། །བཅོམ་ལྡན་གདན་འཛོམ་ཆེན་པོ་འཁོར་བཅས་ཀྱིས། །བདག་དང་སྙིགས་མའི་འགྲོ་བ་མཐའ་དག་ལ། །ཐུགས་རྗེ་ཆེན་པོས་ལྷག་པར་ཉེར་དགོངས་ཏེ། །ཇི་ལྟར་སྔོན་ཚེ་སྨོན་ལམ་དམ་བཅས་བཞིན། །བདེན་པའི་འབྲས་བུ་མངོན་སུམ་སྣང་མཛད་ནས། །གནས་སྐབས་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་དད་བརྩོན་ཤེས་རབ་སོགས། །མཐུན་རྐྱེན་ལེགས་ཚོགས་མཐའ་དག་རྒྱས་པ་དང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་འཕེལ་བར་བྱིན་གྱིས་རློབས། །ཚེ་ཡི་མཐར་ཡང་བཅོམ་ལྡན་སྲས་བཅས་ཀྱིས། །དག་པའི་ཞིང་དུ་མངོན་སུམ་འཁྲིད་པ་དང་། །མྱུར་དུ་བྱང་ཆུབ་སྙིང་པོར་ལུང་བསྟན་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཅེས་ཕྱག་དང་བཅས་ཏེ་ལན་ཇི་ལྟར་རིགས་པ་དང་། སྤྲོ་ན་གཟུངས་རིང་ཐུང་གང་འོས་བཟླས་མཐར། །རྟེན་ཡོད་ན་ནོངས་བཤགས། བརྟན་བཞུགས་སོགས་སྤྱི་ལྟར་དང་། མེད་ན། མཆོད་པའི་ཡོ་བྱད་མ་འབྱོར་ཉམས་པ་སོགས། །ནོངས་པ་གང་མཆིས་བཟོད་པར་བཞེས་ནས་ཀྱང་། །བཅོམ་ལྡན་འཁོར་བཅས་རང་རང་ཞིང་ཁམས་སུ། །གཤེགས་ཏེ་སླར་ཡང་འབྱོན་པ ར་མཛད་དུ་གསོལ། །བདག་གཞན་དགེ་བའི་རྩ་བ་འདི་ཡི་མཐུས། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིང་། །སྡུག་བསྔལ་ཀུན་འབྱུང་མ་ལུས་རབ་སྤངས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག །བདེ་གཤེགས་བརྒྱད་དང་དེས་གསུངས་དམ་པའི་ཆོས། །དེ་འཛིན་འཕགས་པའི་དགེ་འདུན་བཅས་པ་ལ། །རྨད་བྱུང་དགེ་མཚན་ཇི་སྙེད་མཆིས་པ་དེས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པར་བྱའོ། །ཞེས་པའང་ཀུན་མཁྱེན་བོ་དོང་པ་ཆེན་པོའི་རིང་ལུགས་འཛིན་པའི་རབ་འབྱམས་སྨྲ་བ་ངག་དབང་བསྟན་འཛིན་གྱིས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཏེ་གསུང་གིས་བསྐུལ་བའི་ངོ ར། སྙོམ་ལས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་ལྡན་བསམ་འགྲུབ་ཆོས་ལྡིང་གི་ཆོས་གྲྭར་སྦྱར་བའི་དགེ་བས་འགྲོ་ཀུན་དོན་གཉིས་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། ༈ །།སྨན་བླའི་གཟུངས་རིང་ནི། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི་ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མ་དྷྱཱ་དྷིཥྛི་ཏེ། ཨ་ཏི་མ་ཏི། བཱ་ལེ། པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བྷུ་དྷ། བུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷཀྵེ་ཏྲ་པ་རི་ཤི་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི

གཞུང་གི་མཚམས་རྣམས་སུ་སོ་སོའི་མིང་བསྒྱུར་བའི་དཔེར་མཚོན།

གཞུང་གི་མཚམས་རྣམས་སུ་སོ་སོའི་མིང་བསྒྱུར་བའི་དཔེར་མཚོན་ན། བླ་མའི་རིགས་ལ། དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་གྱི་སྐུའི་རིམ་གྲོ་དང་བདག་ཅག༴ དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་མྱ་ངན་ལས་འདས་པའི་དགོངས་པ་ཡོངས་སུ་རྫོགས་པ་དང་བདག་ཅག༴ དེས་མཚོན་དཔོན་ཆེན་གྱི་རིགས་ལ། མིའི་དབང་པོ་རྡོ་རྗེ་རབ་བརྟན་གྱི་སྐུའི་རིམ་གྲོ་དང་བདག་ཅག༴ མིའི་དབང་པོ་རྡོ་རྗེ་རབ་བརྟན་སྐུ་གཤེགས་པའི་དགོངས་པ་རྫོགས་པ་དང་བདག་ཅག༴ བཙུན་པའི་རིགས་ལ། གནས་བརྟན་ནམ་རབ་བྱུང་ངག་དབང་དོན་འགྲུབ་ཀྱི་རིམ་གྲོ་དང་བདག་ཅག༴ འདས་པའི་རིགས་ལ། ངག་དབང་དོན་འགྲུབ་ངན་སོང་ལས་སྒྲོལ་བ་དང་བདག་ཅག༴ འཇིག་རྟེན་པའི་རིགས་ལ། སྦྱིན་པའི་བདག་པོ་བསོད་ནམས་དབང་པོའི་རིམ་གྲོ་དང་བདག་ཅག༴ འདས་པ་ལ། བསོད་ནམས་དབང་པོ་ངན་སོང་ལས་སྒྲོལ་ཞིང་ཐར་པ་ཐོབ་པ་དང་བདག་ཅག༴ མིང་དངོས་སུ་སྨོས་མ་ཐུབ་པ་དགོན་པ་ལྟ་བུ་ལ། ཆོས་འཁོར་ཡང་རྩེའི་འདུས་སྡེ་དཔོན་སློབ་ཀྱི་སྐུའི་རིམ་གྲོ་དང་བདག་ཅག༴ ཁྱིམ་པའི་རིགས་ལ། སྦྱིན་པའི་བདག་པོ་དཔལ་འབྱོར་གྲགས་པ་ཡབ་ཡུམ་སྲས་འཁོར་རྣམས་ཀྱི་སྐུའི་རིམ་གྲོ་དང་བདག་ཅག་སོགས་རིག་པས་དཔྱད་ཤེས་པར་བྱའོ། །ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མེ་ནེ་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་གཱ་ཏ། ས་མཱ་དྷྱ་དྷིཥྛི་ཏེ། ཨ་ཏེ་མ་ཏེ། པཱ་ལེ་པཱ་པཾ་ཤོ་དྷ་ནི། སརྦྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷེ། བུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵི་ཏྲ་པཱ་ཱརི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦྦ་ཨ་ཀཱ་ལ་མྲཱྀ་ཏྱུ། ནཱི་བཱ་ར་ཎི། བུ དྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷི་ཥྛི་ཏེ་ན། རཀྵནྟུ་མེ། སརྦ་དེ་བཱཿ ས་མེ་ཨ་ས་མེ། ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ་བོ་དྷི་སཏྭ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ། སརྦ་ཨཱི་ཏྱུ་པ་དྲ་བ་བྱཱ་དྷཱ་ཡ། པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ། སརྦྦ་ཨཱ་ཤ་ཡཱ་བཻ་ཌཱུརྻ་པྲ་ཏི་བྷ་སེ། སརྦྦ་པཱ་པཾ་ཀྵ་ཡཾ་ཀཱ་རི་སྭཱ་ཧཱ།། །།

སྨན་བླའི་མདོ་ཆོག་བསྡུས་པ་བདུད་རྩིའི་བུམ་བཟང་། མི་ཕམ་འཇམ་དབྱངས་རྣམ་རྒྱལ།

སྨན་བླའི་མདོ་ཆོག་བསྡུས་པ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མ་ཉྫུ་གྷོ་ཥཱ་ཡ། གང་གི་མཚན་ཙམ་ཐོས་པས་སྲིད་འགྲོ་ཡི། །སྡུག་བསྔལ་རྒྱུ་དང་བཅས་པ་རབ་སྤངས་ནས། །བླ་མེད་བྱང་ཆུབ་མཆོག་ཏུ་འདྲེན་མཛད་པ། །ཤཱཀྱའི་ཏོག་བཅས་བདེ་གཤེགས་བདུན་ལ་འདུད། །བདེ་གཤེགས་བདུན་གྱི་སྨོན་ལམ་བསྟན་པའི་མདོ། །ཆོ་གར་ལེགས་མཛད་མཁན་ཆེན་ཞི་འཚོའི་གཞུང་། །གང་ལས་སྙིང་པོ་དྲིལ་ཏེ་འཇུག་བདེའི་ཕྱིར། །གསལ་བའི་ངག་གི་ཚིགས་སུ་བཅད་པ་བསྡེབས། །འདིར་བདེ་གཤེགས་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ཆོག་ཉམས་སུ་ལེན་པར་འདོད་པས། རབ་གསོ་སྦྱོང་ལ་གནས་པས་ཁྲུས་དང་གཙང་སྦྲ་དང་ལྡན་པར་བྱས་ནས་གནས་ཁང་བྱི་དོར་བྱས་ཏེ་མེ་ཏོག་དང་སྤོས་བཀྲམ་པའི་སྟེགས་བུར་བདེ་གཤེགས་བརྒྱད་ཀྱི་སྣང་བརྙན་དང་། སྨན་མདོའི་གླེགས་བམ་གྱི་མདུན་དུའམ། ཡང་ན་གཞལ་ཡས་ཁང་གི་ཐིག་བཏབ་ལ་དེར་ལྷ་གནས་སུ་ཚོམ་བུ་འགོད་པའམ། མཎྜལ་ལ་ཚོམ་བུ་རྒྱས་བསྡུས་ཅི་འོས་སུ་བཀོད་པ་ལྷ་གནས་ཀྱི་གདན་ས་འཛིན་པ་ཙམ་དུ་བྱས་པའི་མདུན་དུ། མཆོད་པའི་གཙོ་བོ་མར་མེ་དང་སྣ་ཚོགས་པའི་མདོག་ཅན་གྱི་བ་དན་ཞེ་དགུའི་བར་དང་། རྒྱས་པར་དེ་སྟེང་ལྷ་གྲངས་མཉམ་པ་སོགས་ཇི་འབྱོར་པར་བཤམ། གཞན་ཡང་ཉེར་སྤྱོད་རོལ་མོ་གདུགས་རྒྱལ་མཚན་ན་བཟའ་རིན་ཆེན་བདུན་རྫས་རྟགས་བརྒྱད་སོགས་དངོས་འབྱོར་གྱི་མཆོད་པ་ཡིད་དུ་འོང་བས་བསྐོར། བུམ་ཁྲུས་འདོད་པས་དྲི་བཟང་གིས་བཀང་བའི་བུམ་པ་ཆས་ལྡན་དང་། སྐུ་ཁྲུས་གསོལ་བའི་མེ་ལོང་ན་བཟའ། ཆོས་སྐྱོང་དང་གཞི་བདག་ལ་འབུལ་རྒྱུའི་དཀར་གཏོར་ཟུང་སོགས་འདུ་བྱའོ། །བསྡུ་ན་དབུས་སུ་སྟོན་པ་དང་སྨན་བླ་སོགས་སངས་རྒྱས་དང་འཇམ་དཔལ་སོགས་བྱང་སེམས་ཀྱི་སྐུ་རྟེན་དང་སྨན་མདོ་སོགས་ཀྱི་གླེགས་བམ་ཙམ་བཀོད་ནས། དེ་མཐར་ཉེར་སྤྱོད་སོགས་མཆོད་པ་ཇི་འབྱོར་བས་བསྐོར་ལ་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་ལྡན་པས་འཁོད་དེ་ཉམས་ལེན་ལ་འཇུག་པར་བྱའོ། །དེ་ལ་ཐོག་མར་སྐྱབས་འགྲོ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞི་བ་བླ་ན་མེད་པ་སོ་སོ་རང་གི་རིག་པ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ། སྡིག་པ་བཤགས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔལ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གི་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། བདག་གིས་སྡིག་པ་མི་དགེ་བའི་ལས་གང་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་སོ་སོར་བཤགས་སོ། །ལན་གསུམ། བདག་འབུལ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་དབུལ་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་བཞེས་སུ་གསོལ། །ལན་གསུམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གིས་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་ཕྱིར། རང་གི་སེམས་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་བསྐྱེད་དོ། །འདི་ཡན་རྣམ་སྣང་མངོན་བྱང་གི་ཚིག་གོ། །མཆན། ལན་གསུམ་བྱས་ཏེ་སྟོང་པ་ཉིད་ལ་བློ་ཅི་ནུས་སུ་བཞག །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་བདེ་བར་གཤེགས་པ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་མཆོད་ཐུགས་དམ་བསྐུལ་པ་ལ་སོགས་པའི་ལམ་གྱི་རིམ་པ་ལ་གནས་པར་བྱའོ། །ལན་གསུམ་གྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྒོམ་པ་རྣམས་སྔོན་འགྲོའོ། །དེ་ནས་ཆོ་གའི་དངོས་གཞིའི་དང་པོ་ས་གཞི་སོགས་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའི་བྱིན་རླབས་དང་། །ཚོགས་གཉིས་ཡོངས་རྫོགས་མངའ་ཐང་ཆེན་པོ་དང་། །ཆོས་དབྱིངས་རྣམ་དག་བསམ་མི་ཁྱབ་པའི་མཐུས། །བདེ་གཤེགས་བདུན་གྱི་མདོ་ལས་གསུངས་པ་བཞིན། །རྒྱལ་བ་སྲས་བཅས་གདན་འཛོམ་དཀྱིལ་འཁོར་དང་། །མཆོད་པའི་ཚོགས་སུ་སྦྱར་བ་འདི་དག་ཀུན། །སྲས་བཅས་རྒྱལ་བའི་སྨོན་ལམ་ལས་གྲུབ་པའི། །བདེ་བ་ཅན་སོགས་དག་པའི་ཞིང་རྣམས་བཞིན། །རིན་ཆེན་ས་གཞི་མཉམ་ཡངས་བདེ་འཇམ་གསལ། །མེ་ཏོག་གཅལ་བཀྲམ་ཙནྡན་དྲི་བསུང་ལྡང་། །གསེར་དངུལ་མུ་ཏིག་བྱེ་མ་གྲམ་བུར་བརྡལ། །རིན་ཆེན་ཕ་གུས་མཐའ་བསྐོར་ཡིད་འོང་བའི། །མེ་ཏོག་སྣ་ཚོགས་ལྗོན་ཤིང་ཆུ་མཚོས་བརྒྱན། །གསེར་གྱི་དྲིལ་བུ་མེ་ཏོག་རྒྱན་ཕྲེང་སོགས། །ཕུན་ཚོགས་ཞིང་གི་བཀོད་པས་བརྒྱན་གྱུར་ཅིག །ས་གཞི་བྱིན་རླབས་སོ། །དབུས་སུ་རིན་ཆེན་བདུན་འབར་གཞལ་མེད་ཁང་། །དཔག་མེད་འཇིག་རྟེན་འགེངས་པའི་འོད་ཟེར་ཅན། །ཐ་དད་གནས་ཀྱིས་ཕྱེ་བ་མཐའ་ཡས་པར། །ལེགས་གནས་རྒྱ་ཁྱོན་ཡོངས་སུ་མ་ཆད་ཅིང་། །འཇིག་རྟེན་ལས་འདས་དགེ་རྩ་ལས་བྱུང་བ། །ཀུན་ལས་བཀོད་འཕགས་རྒྱལ་བའི་ཡེ་ཤེས་འཕྲུལ། །དབང་སྒྱུར་རྣམ་པར་རིག་པའི་མཚན་ཉིད་ཅན། །ཤིན་ཏུ་རྣམ་དག་དེ་བཞིན་གཤེགས་པའི་གནས། །བྱང་སེམས་ལྷ་སོགས་འདུས་པ་མཐའ་ཡས་པ། །ཆོས་ཀྱི་དགའ་བས་འགྲོ་ཀུན་དོན་སེམས་ཤིང་། །བདུད་དང་ཉོན་མོངས་གནོད་བྲལ་དྲན་པ་སོགས། །ཡོན་ཏན་འབྱུང་གནས་རྣམ་ཐར་སྒོ་ལྡན་པ། །རིན་ཆེན་པདྨའི་རྒྱལ་པོས་བརྟེན་པ་ཡི། །གཞལ་མེད་ཁང་མཆོག་ཆེན་པོ་འབྱུང་གྱུར་ཅིག །ཁང་བཟང་བྱིན་རླབས་སོ། །དེ་དབུས་རིན་ཆེན་སེང་ཁྲི་པདྨའི་གདན། །མཛེས་ཤིང་ཡངས་པར་བདེ་གཤེགས་བརྒྱད་ལ་སོགས། །རྒྱལ་བ་རྒྱས་སྲས་དམ་ཆོས་སྲུང་བའི་མགོན། །སོ་སོར་འཚམས་པའི་གདན་བཟང་འབྱུང་གྱུར་ཅིག །གདན་ཁྲི་བརླབ་པའོ། །ཕྱི་ན ང་ཀུན་ཏུ་ལྷ་མིའི་ཡོ་བྱད་མཆོག །རོལ་མོ་རྒྱན་ཕྲེང་ཞལ་ཟས་ན་བཟའ་སོགས། །སྲས་བཅས་རྒྱལ་པའི་སྨོན་ལམ་ལས་བྱུང་བའི། །ཀུན་བཟང་མཆོད་པའི་སྤྲིན་གྱིས་མཛེས་གྱུར་ཅིག །མཆོད་པ་བརླབ་པ་སྟེ་བཞི་སྐོར་རོ། །མཆོད་གཟུངས་གསུམ་མམ་བདུན་བརྗོད་ལ་སླར་ཡང་བདེན་པའི་སྟོབས་ཀྱིས་སྨོན་ལམ་གདབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་ཇི་ལྟར་སྨོན་པ་དེ་དེ་བཞིན་དུ་འགྲུབ་ཅིང་། འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་བྱའོ། །དེ་ནས་སྤྱན་འདྲེན་པ་ནི། བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་ལ། །ཐུགས་རྗེས་ལྷག་པར་དགོངས་ཏེ་ཞིང་མཆོག་ནས། །བདེ་གཤེགས་བདུན་དང་ཤཱཀྱའི་རྒྱལ་པོ་སོགས། །རྒྱལ་བ་རྒྱ་མཚོ་རྒྱལ་སྲས་ཚོགས་དང་བཅས། །དམ་ཆོས་སྲུང་མཛད་འཇིག་རྟེན་སྐྱོང་བ་རྣམས། །མགོན་སྐྱབས་དཔུང་གཉེན་སླད་དུ་སྤྱན་འདྲེན་ན། །ཡངས་པ་ཅན་དུ་བདེ་བར་གཤེགས་པ་ཡིས། །མདོ་ཆོག་འདི་ཉིད་གསུངས་པའི་དུས་བཞིན་དུ། །དེང་འདིར་མཆོད་ཚོགས་སྦྱར་བའི་དཀྱིལ་འཁོར་འདིར། །རྫུ་འཕྲུལ་ཐུགས་རྗེའི་སྟོབས་ཀྱིས་གཤེགས་ནས་ཀྱང་། །གདན་འཛོམ་མཛད་ཅིང་བདག་སོགས་སེམས་ཅན་རྣམས། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབ་པར་མཛོད། །གཤེགས་བྱོན་སྐྱེ་བྲི་མེད་པའི་སྐུ། །ཇི་ལྟར་སྨོན་བཞིན་ཡོད་པ་ལྟར། །དཀར་པོ་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་སྐྱབས་སུ་གཤེགས་སུ་གསོལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གིས་ཕུལ་བའི་མཆོད་ཡོད་འདི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཁྱོད་ཀྱི་རང་བཞིན་ཡོད་དག་པས། །སྲེད་སོགས་འཆིང་བ་མི་མངའ་ཡང་། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །གཙང་དང་གདན་ཁྲི་ཡངས་པ་ལ། །ཐོགས་དང་དོག་པ་མེད་པའི་སྐུ། །མཉམ་ཉིད་ཚུལ་གྱིས་འདིར་བཞུགས་ལ། །བདེ་བར་སྦྱར་བ་བཞེས་སུ་གསོལ། །དེ་ལྟར་སོ་སོའི་ཞིང་ཁམས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ། གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས། ཆོས་པོ་ཏི་ཡང་བཞུགས། བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་གླེང་གཞི་ལས་བྱུང་བ་སོགས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཚོགས་གདན་བཤམས་པ་ལ་བཞུགས། དེའི་མདུན་དུ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་གསུམ་གདན་འཛོམ་པས་སྔོན་གྱི་ཐུགས་དམ་བསྐུལ་ཞིང་ཕྲིན་ལས་མཛད་པར་བཞུགས། གསུམ་པ་ལ་གཡས་གྲལ་དུ་ཚངས་པ་བརྒྱ་བྱིན་དང་། གཡོན་གྲལ་དུ་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་དང་། སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་རྣམས་རང་རང་གི་གདན་ལ་བཞུགས་ཏེ་དམ་བཅས་བསྒྲུབ་པར་བསམ་མོ། །དེ་ལྟར་བཞུགས་པ་ལ་ཕྱག་སོགས་མཆོད་པ་འབུལ་བར་བྱ་སྟེ། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །ཆོས་ཀྱི་རྒྱལ་བུ་འཇམ་དཔལ་གཞོན་ནུའི་ཞབས། །བཀའ་དྲིན་མཚུངས་མེད་མཁན་ཆེན་ཞི་འཚོ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉམས་ཐག་འགྲོ་རྣམས་སྒྲོལ་བའི་ཐུགས་རྗེ་ཅན། །བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོས། །འཇམ་དཔལ་སྐྱབས་གྲོལ་གསང་བདག་ཚངས་དབང་དང་། །རྒྱལ་ཆེན་གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྲས་བཅས་བཞུགས་པའི་ཕྱོགས་དེ་དང་། །ཉན་ཐོས་རང་རྒྱལ་སློབ་དང་མི་སློབ་སྡེ། །སྐུ་གཟུགས་གླེགས་བམ་མཆོད་རྟེན་ལ་སོགས་པ། །ཕྱག་བྱར་འོས་པ་ཀུན་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་ཞིང་གི་རྒྱལ་བ་སྲས་བཅས་ལ། །ཡོན་ཏན་ཞིང་དུ་ལྷག་པར་མོས་པའི་བློས། །འགྲོ་ཀུན་ཞིང་རྡུལ་གྲངས་སྙེད་ལུས་སྤྲུལ་ནས། །སངས་རྒྱས་ཞིང་མཐར་རྟག་ཏུ་གུས་ཕྱག་འཚལ། །ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་བྱ། བཅོམ་ལྡན་གདན་འཛོམ་ཆེན་པོ་དགོངས་སུ་གསོལ། །ལྔ་བརྒྱ་ཐ་མའི་སེམས་ཅན་སྐྱོབ་པའི་སླད། །བདེ་གཤེགས་སྲས་བཅས་འཇིག་རྟེན་སྐྱོང་རྣམས་ཀྱིས། །བདེན་པའི་སྨོན་ལམ་ཞལ་བཞེས་དམ་བཅའ་ཡིས། །དུས་མཐར་ཆོས་ལྟར་བཅོས་པ་འབྱུང་བ་ན། །སྣ་ཚོགས་ལས་ཀྱིས་བསྒྲིབ་པའི་སེམས་ཅན་རྣམས། །མྱ་ངན་སྡུག་བསྔལ་ནད་མང་ཕོངས་གྱུར་ཚེ། །སྐྱོབ་པར་འགྱུར་ཞེས་བདེན་གསུང་ཚད་མའི་དོན། །མདོ་ལས་ཇི་ལྟར་འབྱུང་བ་དེ་བཞིན་དུ། །བདག་ཅག་མདོ་སྡེའི་ཆོ་ག་བགྱིད་རྣམས་ལ། །བདེན་པའི་བྱིན་རླབས་མངོན་སུམ་སྩོལ་ནས་ཀྱང་། །བསྟན་འགྲོའི་ཕན་བདེ་འཕེལ་བར་མཛད་དུ་གསོལ། །ཞེས་སྤྱི་དང་། བྱེ་བྲག་ཏུ་སངས་རྒྱས་བརྒྱད་ལ་ཕྱག་མཆོད་ཕུལ་བ་སོགས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་ལན་བདུན་མཐར་བྱས་པ་ཅི་རིགས་པར་དད་པའི་སེམས་ཀྱིས་རྩེ་གཅིག་ཏུ་བརྗོད་ནས། གསེར་གྱི་མདོག་ཅན་སྐྱབས་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །གཞན་གྱི་མི་ཐུབ་ཞིང་གི་དཔལ་གྱུར་པ། །མཚན་ལེགས་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པས་དཔལ་གྱུར་པའི། །མཚན་ལེགས་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་དེ་དག་ཐམས་ཅད་ལ། །མཆོད་ཡོན་བྱུག་པ་མེ་ཏོག་བདུག་སྤོས་དང་། །མར་མེ་ཞལ་ཟས་སིལ་སྙན་རོལ་མོའི་ཚོགས། །གདུགས་དང་མཛེས་པའི་བ་དན་ལ་སོགས་པ། །དངོས་སུ་ཇི་ལྟར་འབྱོར་པའི་མཆོད་པ་དང་། །ཕྱོགས་བཅུར་བདག་པོས་ཡོངས་སུ་མ་བཟུང་བའི། །ལྷ་མིའི་ཡོ་བྱད་ཕུན་སུམ་ཚོགས་ཀུན་དང་། །གཟུངས་དང་རིག་པའི་མཐུ་དང་མོས་སྟོབས་ཀྱིས། །བསྐྱེད་པའི་མཆོད་སྤྲིན་བཟང་པོ་སྤྱོད་པ་ཡི། །སྨོན་ལམ་ལས་བྱུང་རྒྱ་མཚོ་ཐམས་ཅད་པ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའི་མཐའ་ཀླས་རྒྱས་པར་བཀང་སྟེ་འབུལ། །བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །ཉོན་མོངས་དབང་གིས་བགྱི་འོས་མ་བགྱིས་ཤིང་། །མི་འོས་ལས་བགྱི་སྡིག་ལྟུང་ཅི་བསགས་པ། །གནོད་ཞིང་འགྱོད་པས་ཡང་དག་བཤགས་པར་བགྱི། །འཕགས་དང་སོ་སོའི་སྐྱེ་བོའི་དགེ་བ་ནི། །དུས་གསུམ་བསགས་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ཐམས་ཅན་ལ། །ཆོས་འཁོར་བླ་ན་མེད་པ་བསྐོར་བར་བསྐུལ། །འཇིགས་རྟེན་སྒྲོན་མེ་མྱ་ངན་འདས་བཞེད་པ། །དེ་ཀུན་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཀུན་བདག་གཞན་མ་ལུས་པས། །བླ་མེད་བྱང་ཆུབ་མངོན་བྱེད་རྒྱུར་བསྔོའོ། །རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་མཚན་ལེགས་ཡོངས་བསྒྲགས་རྒྱལ་པོ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བརྒྱད་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །གང་མཚན་ཐོས་པས་བྱང་ཆུབ་སྙིང་པོའི་བར། །སྣ་ཚོགས་ནད་དང་རིམས་དང་གཤེད་བྱེད་དང་། །བྱད་དང་རོ་ལངས་འཇིགས་པས་གཙེས་པ་དང་། །སྡིག་པ་ཅན་གྱི་གདོན་རྣམས་ཞི་གྱུར་ཅིག །འོན་ལོང་སྨྱོན་པ་ཤ་བཀྲ་ཅན་དང་ནི། །ནད་ཚབས་ཆེན་པོས་བཏབ་པ་དེ་དག་ཀྱང་། །བྱང་ཆུབ་བར་དུ་དབང་པོ་ཀུན་ཚང་ཞིང་། །ནད་དང་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་གྱུར། །དུག་གསུམ་གྱིས་བསྒྲིབ་ཆོས་སྤངས་མཚམས་མེད་སོགས། །མི་དགེའི་ལས་ཀྱིས་ངན་སོང་འགྲོ་རྣམས་ཀྱང་། །ལས་ཀྱི་སྒྲིབ་ཟད་ངན་སོང་རྒྱུན་ཆད་དེ། །བྱང་ཆུབ་བར་དུ་ལྷ་མིའི་བདེ་མྱོང་ཤོག །གང་དག་ཟས་སྐོམ་གོས་ལ་སོགས་པ་ཡིས། །དབུལ་བར་གྱུར་བའི་སྡུག་བསྔལ་ལྡན་རྣམས་ཀྱང་། །བྱང་ཆུབ་བར་དུ་དབྱིག་དང་གོས་སོགས་ཀྱི། །ཡོ་བྱད་འདོད་དགུ་འཕེལ་བས་འབྱོར་གྱུར་ཅིག །བཅིངས་དང་བརྡེག་དང་གོ་རར་གཞུག་པ་དང་། །མཚོན་ཆའི་ཚོགས་ཀྱིས་ལུས་ལ་གཟིར་རྣམས་ཀྱང་། །བྱང་ཆུབ་བར་དུ་བརྡེག་དང་འཆིང་སོགས་ཀྱི། །ལུས་ཀྱི་གདུང་བ་ཐམས་ཅད་བྲལ་གྱུར་ཅིག །མགོན་མེད་ལུས་ལ་གདུང་བའི་མེ་འབར་བ། །སྟག་སེང་དོམ་དྲེད་སྦྲུལ་གྱི་འཇིགས་པ་རྣམས། །བྱང་ཆུབ་བར་དུ་སྟག་སོགས་བྱམས་ལྡན་ཞིང་། །འཇིགས་མེད་ཞི་བའི་གནས་ལ་གནས་གྱུར་ཅིག །སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་། །རྩོད་དང་འགྱེད་དང་འཁྲུགས་པས་སྐྲག་པ་རྣམས། །བྱང་ཆུབ་བར་དུ་འཐབ་སོགས་མི་འབྱུང་བར། །ཕན་ཚུན་བྱམས་པའི་སེམས་ལ་གནས་གྱུར་ཅིག །གང་དག་ཆུ་དང་ཆུ་ཀླུང་རྒྱ་མཚོའི་ནང་། །གླིང་དུ་མ་ཕྱིན་འཇིགས་པས་མནར་བ་རྣམས། །བྱང་ཆུབ་བར་དུ་ཆུ་ཡི་འཇིགས་པ་ལས། །དབུགས་འབྱིན་བདེ་བར་བརྒལ་བ་ཉིད་གྱུར་ཅིག །འདི་ནས་ཤི་འཕོ་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །མཚན་ལེགས་ཡོངས་བསྒྲགས་ལ་སོགས་བརྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་སོགས་བརྗོད། སྐུ་མདོག་སེར་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔའ་གྱིས་བརྗིད། །རིན་ཆེན་ལྡན་པའི་ཞིང་གི་དཔལ་གྱུར་པ། །རིན་ཆེན་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་བ། །སྒྲ་དབྱངས་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས་གོང་བཞིན་དང་། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བརྒྱད་བཏབ་པའི་འབྲས། །དཔལ་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །ཞིང་ལས་ཚོང་སོགས་གཡེང་བ་སྣ་ཚོགས་ཀྱིས། །དགེ་བའི་སེམས་བྲལ་འཁོར་བར་སྡུག་བསྔལ་རྣམས། །བྱང་ཆུབ་མཆོག་བར་ལོངས་སྤྱོད་ཕུན་ཚོགས་ཤིང་། །བྱང་སེམས་དགེ་འཕེལ་འཁོར་བའི་གདུང་བྲལ་ཤོག །སྐྱེ་གནས་བཞི་བསྡུ་ཚ་གྲང་བཀྲེས་སྐོམ་གྱིས། །གདུང་རྣམས་སྒྲིབ་ཟད་སྐྱེ་བའི་ཐ་མར་གྱུར། །བྱང་ཆུབ་བར་དུ་སྐྱེ་བའི་སྡུག་བསྔལ་ལས། །ཐར་ཞིང་ལྷ་ཡི་བདེ་བ་མྱོང་གྱུར་ཅིག །ཉོན་མོངས་མང་ལྡན་བཙའ་བའི་གདུང་སོགས་ཀྱིས། །སྐྱེ་བའི་གནས་ཀྱིས་སྐྱོ་བའི་བུད་མེད་རྣམས། །སྔུག་བསྔལ་རྒྱུན་ཅད་སྐྱེ་བའི་ཐ་མར་གྱུར། །བྱང་ཆུབ་བར་དུ་སྐྱེས་པ་ཉིད་ཐོབ་ཤོག །འཆི་དང་དགྲ་དང་དགོན་པས་གཙེས་པ་དང་། །ཕ་མ་བཤེས་སོགས་ཉེ་དུའི་མྱ་ངན་གྱིས། །མནར་རྣམས་བྱང་ཆུབ་སྙིང་པོའི་བར་དུ་ཡང་། །མྱ་ངན་སྡུག་བསྔལ་ཐམས་ཅད་བྲལ་གྱུར་ཅིག །སྣ་ཚོགས་ལས་མཐའ་སྤྱོད་ཅིང་མུན་པར་རྒྱུ། །གདོན་གྱིས་གཙེས་རྣམས་བྱང་ཆུབ་སྙིང་པོའི་བར། །མུན་པ་དང་བྲལ་གདོན་རྣམས་བྱམས་པས་གནས། །སྣ་ཚོགས་མཆོད་དང་རིམ་གྲོར་བརྩོན་གྱུར་ཅིག །དམན་པར་མོས་ཤིང་ཤེས་རབ་དྲན་པ་ཉམས། །དགེ་བའི་སེམས་བྲལ་མཆོག་གསུམ་བརྗེད་རྣམས་ཀྱང་། །བྱང་ཆུབ་བར་དུ་ཏིང་འཛིན་གཟུངས་སོགས་གྲུབ། །ཤེས་རབ་ཆེན་པོས་དགེ་ཆོས་སྤེལ་གྱུར་ཅིག །ཐེག་པ་དམན་པར་མོས་ཤིང་བླ་མེད་ཀྱི། །ས་ལ་རྒྱབ་ཀྱིས་ཕྱོགས་རྣམམས་བྱང་ཆུབ་བར། །ཉན་རང་སེམས་བྲལ་བྱང་ཆུབ་སེམས་ལྡན་ཞིང་། །བྱང་ཆུབ་མཆོག་ལས་ཕྱིར་མི་ལྡོག་གྱུར་ཅིག །ཟད་པའི་བསྐལ་པ ར་འཛམ་བུའི་གླིང་ཀུན་ཏུ། །འབར་བས་འཁྲུགས་ཏེ་སྐྱབས་མེད་སྡུག་བསྔལ་རྣམས། །མྱ་ངན་ཀུན་བྲལ་བསིལ་བའི་དངོས་པོ་ཐོབ། །རྒྱལ་བའི་ཞབས་དྲུང་རྫུས་ཏེ་སྐྱེ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུན་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །སྒྲ་དབྱངས་རྒྱལ་པོ་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། འཛམ་བུའི་གསེར་འདྲ་ཆོས་སྟོན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །སྤོས་ཀྱིས་ཡོངས་གང་ཞིང་གི་དཔལ་གྱུར་པ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས་དང་། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་གསེར་བཟང་དྲི་མེད་སྣང་བ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །གང་དག་སྲོག་གཅོད་ལས་མང་བགྱིས་པ་ཡིས། །ཚེ་ཐུང་ནད་མང་མེ་ཆུ་དུག་མཚོན་གྱིས། །འཆི་བ་རྣམས་ཀྱང་ལས་སྒྲིབ་དེ་ཟད་ནས། །དུས་མིན་འཆི་བྲལ་ཚེ་རིང་ནད་མེད་གྱུར། །སྣ་ཚོགས་མི་དགེའི་ལས་དང་གཞན་གྱི་རྫས། །ཕྲོགས་པས་དབུལ་པོར་སྐྱེས་ཏེ་སྡུག་བསྔལ་རྣམས། །བྱང་ཆུབ་བར་དུ་སྡིག་པ་ཀུན་བྲལ་ཏེ། །དབང་ཕྱུག་ཕུན་ཚོགས་མ་ཚང་མེད་ཐོབ་ཤོག །གནོད་སེམས་དབང་གིས་ཕན་ཚུན་སྲོག་གཅོད་ཅིང་། །འཐབ་པ་རྣམས་ཀྱང་བླ་མེད་བྱང་ཆུབ་བར། །ཕན་ཚུན་ཕ་མ་ལྟ་བུའི་འདུ་ཤེས་ཀྱིས། །བྱམས་པ་ཆེན་པོའི་སེམས་ལ་གནས་གྱུར་ཅིག །དུག་གསུམ་དབང་གིས་ཁྲིམས་འཆལ་སྡིག་སྤྱོད་པས། །ངན་སོང་འགྲོ་རྣམས་བླ་མེད་བྱང་ཆུབ་བར། །སྒྲིབ་བྱང་ཉོན་མོངས་རྣམས་བྲལ་ཚུལ་ཁྲིམས་མཆོག །འཛིན་ཅིང་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །གསེར་བཟང་དྲི་མེད་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། སྐུ་མདོག་དམར་སྐྱ་མཉམ་བཞག་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །མྱ་ངན་མེད་པའི་ཞིང་གི་དཔལ་གྱུར་པ། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཞི་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་ཞི་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱི་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་མྱ་ངན་མེད་མཆོག་རྒྱལ་པོ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །མྱ་ངན་སྡུག་བསྔལ་ཡིད་མི་བདེ་བ་དང་། །འཁྲུགས་པ་མང་བས་སྡུག་བསྔལ་མྱོང་བ་རྣམས། །མྱ་ངན་སོགས་ཞི་སྡུག་པ་དང་བྲལ་བའི། །སྡུག་བསྔལ་རྒྱུན་ཆད་ཚེ་རིང་ཉིད་གྱུར་ཅིག །སྣ་ཚོགས་སྡིག་བྱས་མནར་མེད་འགྲོ་བ་རྣམས། །རྒྱལ་བའི་འོད་ཀྱིས་རེག་པས་སྡིག་བྱང་ནས། །སྡུག་བསྔལ་དེ་ལས་ཐར་ཏེ་བྱང་ཆུབ་བར། །ལྷ་མིའི་བདེ་བ་མཆོག་ཏུ་མྱོང་གྱུར་ཅིག །གཞན་ནོར་ཕྲོགས་པ་མི་དགེའི་ལས་དབང་གིས། །དབུལ་ཞིང་བཀྲེས་སྐོམ་ཁ་དོག་ངན་པ་རྣམས། །བྱང་ཆུབ་བར་དུ་ལོངས་སྤྱོད་ཕུན་ཚོགས་ཤིང་། །ལྷ་ཡི་ལུས་ཀྱི་ཁ་དོག་ལྡན་གྱུར་ཅིག །གནོད་སྦྱིན་སྲིན་པོ་ཤ་ཟ་འབྱུང་པོ་ཡིས། །གཙེས་ཤིང་མདངས་ཕྲོགས་སྣ་ཚོགས་ནད་བཅས་རྣམས། །བྱུང་ཆུབ་བར་དུ་གདོན་རྣམས་བྱམས་བྱེད་ཅིང་། །སྣ་ཚོགས་ནད་ཀྱི་འདམ་ལས་ཐར་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །མྱ་ངན་མེད་མཆོག་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། སྐུ་མདོག་དཀར་དམར་ཆོས་སྟོན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོག་གཉིས་དཔལ་གྱིས་བརྗིད། །ཆོས་ཀྱི་རྒྱལ་མཚན་ཞིང་གི་དཔལ་གྱུར་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་ཐུགས་མངའ་བས། །འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། །རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་ཆོས་བསྒྲགས་རྒྱ་མཚོའི་དབྱངས་མཆོག་གིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །ལོག་ལྟའི་གནས་སྐྱེས་མཆོག་གསུམ་དད་པ་བྲལ། །བྱང་ཆུབ་སེམས་སྤངས་རྣམས་ཀྱང་སྒྲིབ་ཟད་ནས། །བྱང་ཆུབ་མཆོག་བར་ཡང་དག་ལྟ་བ་དང་། །མི་ལྡོག་དད་དང་བྱང་སེམས་ལྡན་གྱུར་ཅིག །ཆོས་མེད་མཐའ་འཁོབ་ཡུལ་སྐྱེས་སྡིག་གྲོགས་རྒྱུས། །སྡིག་བྱེད་དགེ་ཉམས་ངན་སོང་གཞོལ་རྣམས་ཀྱིས། །སངས་རྒྱས་ཆོས་ཀྱི་སྒྲ་ཐོས་སྒྲིབ་བྱང་ནས། །བྱང་ཆུབ་བར་དུ་བྱང་སེམས་ལྡན་གྱུར་ཅིག །གང་དག་གོས་རྒྱན་ཕྲེང་བ་ལ་སོགས་དང་། །བྲལ་བའི་དབང་གིས་གདུང་ཞིང་སྡིག་བྱེད་རྣམས། །བྱང་ཆུབ་བར་དུ་བསམ་པ་ཙམ་གྱིས་ཀྱང་། །ལོངས་སྤྱོད་མ་ཚང་མེད་པ་ཐོབ་གྱུར་ཅིག །ཕན་ཚུན་འཐབ་ཅིང་མཚོན་སོགས་བསྣུན་པ་རྣམས། །འཚེ་ལས་ཕྱིར་ཕྱོགས་བྱམས་ལྡན་སྲོག་མི་འགག །བྱང་ཆུབ་བར་དུ་རང་གི་རྫས་ལོངས་སྤྱོད། །དབང་ཕྱུག་དག་གིས་ཆོག་ཤེས་ཉིད་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །ཆོས་བསྒྲགས་རྒྱ་མཚོ་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། བྱེ་རུའི་མདོག་ཅན་མཆོག་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །རིན་ཆེན་རྒྱ་མཚོའི་ཞིང་གི་དཔལ་གྱུར་བ། །མངོན་མཁྱེན་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཐུགས། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱི་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་ཆོས་ཀྱི་རྒྱ་མཚོ་མངོན་མཁྱེན་གྱིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །ཞིང་ལས་ཚོང་དང་འཐབ་རྩོད་སྡིག་བྱེད་རྣམས། །གང་མཚན་ཐོས་པས་བསམ་པ་ཐག་ཏུ་ཡང་། །འཚོགས་ཆས་ཀུན་འབྱོར་གནོད་པའི་སེམས་ཞི་སྟེ། །རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་གྱུར་ཅིག །གང་དག་མི་དགེ་བཅུ་ཡི་ལས་བྱས་ནས། །དམྱལ་བར་གཞོལ་ལ་རྣམས་ཀྱིས་སངས་རྒྱས་མཚན། །ཐོས་ནས་དགེ་བཅུའི་ལས་ལམ་དང་ལྡན་ཞིང་། །སུ་ཡང་དམྱལ་བར་འགྲོ་བར་མ་གྱུར་ཅིག །བརྡེག་སོགས་ཆད་པས་གསད་འོས་གཞན་དབང་ཅན། །རྒྱལ་བའི་མཚན་ཐོས་སངས་རྒྱས་འོད་ཀྱིས་རེག །བྱང་ཆུབ་བར་དུ་བརྡེག་སོགས་རྒྱུན་ཆད་ནས། །བླ་མེད་རང་དབང་ཕུན་ཚོགས་ཐོབ་གྱུར་ཅིག །མི་དགེའི་ལས་ཀྱིས་ཚེ་ཐུང་འཆི་རྣམས་ཀྱིས། །རྒྱལ་བའི་མཚན་ཐོས་བདེ་འགྲོའི་གནས་སུ་སྐྱེས། །བྱང་ཆུབ་བར་དུ་ལྷ་མིའི་བདེ་མྱོང་ཞིང་། །སྡིག་བྱང་དུས་མིན་འཆི་བྲལ་ཚེ་རིང་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །མངོན་མཁྱེན་རྒྱལ་པོ་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། སྐུ་མདོག་སྔོན་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །བཅུ་གཉིས་སྨོན་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །བཻ་ཌཱུརྻ་སྣང་ཞིང་གི་དཔལ་གྱུར་པ། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །གང་གི་སྐུ་ནི་ཨིནྡྲ་ནཱི་ལའི་མདོག །མཚན་དཔེ་ཉི་མའི་འོད་སྟོང་འབར་བའི་མཁའ། །ཀུན་ལ་ཞི་བདེའི་གོ་སྐབས་འབྱེད་པའི་དབྱིངས། །བཅོམ་ལྡན་སྨན་བླའི་སྐུ་ལ་ཕྱག་འཚལ་ལོ། །གང་གི་གསུང་ནི་དྲི་ཟའི་རྒྱུད་སྟོང་ལྟར། །ཚངས་པའི་དབྱངས་ཀྱིས་སྣ་ཚོགས་གདུལ་བྱའི་ཡིད། །ཀུན་ཏུ་ཚིམ་བྱེད་གསུང་རབ་རྒྱ་མཚོའི་གཏེར། །བཅོམ་ལྡན་སྨན་བླའི་གསུང་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ནི་ཡེ་ཤེས་རྒྱ་མཚོའི་ངང་། །དམིགས་མེད་ཐུགས་རྫེའི་རྦ་རླབས་ཆེར་གཡོས་ཤིང་། །སྨོན་ལམ་རྒྱ་མཚོ་མཛད་པ་ལྷུན་གྲུབ་པའི། །བཅོམ་ལྡན་སྨན་བླའི་ཐུགས་ལ་ཕྱག་འཚལ་ལོ། །དེང་འདིར་ཕགས་ཚོགས་སོགས། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་པའི་མཐུས། །བཅོམ་ལྡན་སྨན་བླ་བཻ་ཌཱུརྻ་འོད་ཀྱིས། །སྔོན་ཚེ་སྨོན་ལམ་བཅུ་གཉིས་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །སྨན་པའི་རྒྱལ་པོ་རྒྱལ་བ་མཆོག་གི་སྐུའི། །འོད་ཀྱིས་དཔག་མེད་འཇིག་རྟེན་སྣང་བྱེད་ཅིང་། །མཚན་དཔེས་ལེགས་པར་བརྒྱན་པ་སངས་རྒྱས་སྐུ། །དེ་འདྲར་སེམས་ཅན་ཀུན་ཀྱང་འགྱུར་བར་ཤོག །གང་སྐུ་དྲི་མེད་བཻ་ཌཱུརྻ་ལྟ་བུ། །གཟི་བརྗིད་དཔལ་འབར་འོད་ཟེར་དྭ་བ་ཡིས། །མུན་པར་རྒྱུ་བའི་འགྲོ་ཀུན་སྣང་བྱས་ནས། །དགའ་མགུར་འགྲོ་ཞིང་དགེ་ལས་བྱེད་གྱུར་ཅིག །རྒྱ་བའི་ཐབས་དང་ཤེས་རབ་དཔག་མེད་མཐུས། །འཇིག་རྟེན་དཔག་ཏུ་མེད་པའི་སེམས་ཅན་རྣམས། །ལོངས་སྤྱོད་མི་ཟད་པ་དང་ལྡན་གྱུར་ནས། །སུ་ཡང་ཅིས་ཀྱང་བྲེལ་བ་མེད་གྱུར་ཅིག །གང་དག་ལམ་ངན་ཞུགས་པའི་འགྲོ་བ་རྣམས། །བྱང་ཆུབ་མཆོག་གི་ལམ་ལ་འགོད་པ་དང་། །ཉན་རང་དམན་པའི་ལམ་དུ་ཞུགས་རྣམས་ཀྱང་། །ཐེག་པ་ཆེན་པོའི་ལམ་ལ་གཟུད་གྱུར་ཅིག །གང་གི་དྲུང་ནས་ཚངས་པར་སྤྱོད་པ་དང་། །མཚན་ཐོས་རྣམས་ཀྱང་སྡོམ་པ་གསུམ་དང་ལྡན། །ཚུལ་ཁྲིམས་མི་ཉམས་ཚུལ་ཁྲིམས་འཆལ་གྱུར་ནས། །སུ་ཡང་ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལུས་ངན་དབང་པོ་མི་ཚང་མདོག་མི་སྡུག །རྒུར་པོ་ཤ་བཀྲ་ཞར་ལོང་འོན་པ་སོགས། །ཡན་ལག་སྐྱོན་ཅན་སྨྱོན་པ་ནད་ཅན་རྣམས། །སྒྲིབ་བྱང་དབང་པོ་ཡན་ལག་རྫོགས་གྱུར་ཅིག །སྣ་ཚོགས་ནད་ཀྱིས་གཟིར་ཞིང་སྐྱབས་མེད་པ། །དབུལ་བས་འཚོགས་ཆས་དང་བྲལ་སྡུག་བསྔལ་རྣམས། །མཚན་ཐོས་ཙམ་གྱིས་བྱང་ཆུབ་སྙིང་པོའི་བར། །ནད་གནོད་ཀུན་བྲལ་ཕུན་ཚོགས་འབྱོར་གྱུར་ཅིག །གང་དག་བུད་མེད་སྐྱོན་གྱིས་ཡིད་དབྱུང་ནས། །སྐྱེ་གནས་དེ་ལས་ཐར་བར་འདོད་པ་རྣམས། །བུད་མེད་དངོས་པོ་དག་ལས་སླར་ལོག་ནས། །བྱང་ཆུབ་བར་དུ་སྐྱེས་པ་ཉིད་ཐོབ་ཤོག །འགྲོ་ཀུན་བདུད་ཀྱི་ཞགས་པ་ལས་ཐར་ཏེ། །སྣ་ཚོགས་ལྟ་བས་གཟེངས་པར་གྱུར་པ་ཀུན། །ཡང་དག་ལྟ་བའི་གནས་ལ་འགོད་བྱེད་ཅིང་། །བྱང་ཆུབ་སེམས་དཔའི་སྤྱོད་ལ་གཞུག་པར་ཤོག །བཅིངས་བརྡེག་གོ་རར་གཞུག་ཅིང་གསད་འོས་པ། །རྒྱལ་པོའི་འཇིགས་པས་གཙེས་ཞུམ་སྡུག་བསྔལ་རྣམས། །སངས་རྒྱས་བསོད་ནམས་བསམ་མི་ཁྱབ་པའི་མཐུས། །གནོད་པ་ཀུན་ལས་ཡོངས་སུ་ཐར་གྱུར་ཅིག །བཀྲེས་སྐོམ་མེ་འབར་ཟས་འཚོལ་སྡིག་བྱེད་རྣམས། །ཁ་དོག་དྲི་རོ་ལྡན་པའི་ཟས་མཆོག་གིས། །ཚིམ་བྱས་སླར་ཡང་ཆོས་ཀྱི་བདུན་རྩིའི་རོས། །ཤིན་ཏུ་བདེ་ལ་འགོད་པར་བྱེད་གྱུར་ཅིག །དབུལ་ཞིང་སྒྲེན་མོ་གྲང་སོགས་གདུང་བ་རྣམས། །གོས་སོགས་འདོད་དགུས་འགྲོ་ཀུན་བསམ་རྫོགས་བྱེད། །འཕགས་པ་དགྱེས་པའི་ཚུལ་ལྡན་ཉོན་མོངས་ཀྱིས། །མི་བརྫི་རྣམ་གྲོལ་བདེ་བར་གནས་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །སྨན་པའི་རྒྱལ་པོ་ལ་སོགས་རྒྱལ་རྣམས་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་སོགས་བརྗོད། གསེར་གྱི་མདོག་ཅན་ས་གནོན་ཕྱག་རྒྱ་ཅན། །རྨད་བྱུང་ཐུགས་རྗེ་བརྩོན་འགྲུས་ཆེན་པོའི་མཐུས། །མི་མཇེད་འཇིག་རྟེན་ཁམས་ཀྱི་དཔལ་གྱུར་པ། །འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་། །བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱི་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །སྟོན་པ་མཆོག་དེས་ཉམ་ཐག་འགྲོ་བ་དང་། །འཇིག་རྟེན་ལྷ་མིར་བཅས་ལ་སྨན་སླད་དུ། །བདེ་གཤེགས་བདུན་གྱི་སྨོན་ལམ་རྒྱས་པའི་མདོ། །བསྟན་ཅིང་བྱིན་གྱིས་བརླབ་པར་མཛད་ནས་སུ། །དཔལ་གྱི་མགུལ་ནས་བདེན་པའི་གསུང་ཕྱུངས་ཏེ། །བདེ་གཤེགས་བདུན་གྱི་མཚན་དང་བཻ་ཌཱུརྻའི། །གཟུངས་མཆོག་ཕན་ཡོན་བསྔགས་པ་མཛད་པ་བཞིན། །དེང་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །བདེ་བར་གཤེགས་པ་ཁྱེད་སྐུ་ཅི་སོགས། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་དད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །དེ་ནས་ཆོས་དཀོན་མཆོག་ལ། མ་རིག་མུན་སེལ་སྒྲོན་མེ་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ལན་བདུན་སོགས་བརྗོད། ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་། །སྡུག་བསྔལ་ཟུག་རྔུ་རྩ་བ་དྲུང་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །གློ་བུར་དྲི་མས་དབེན་པ་ཆོས་ཀྱི་དབྱིངས། །སྒྲིབ་གཉིས་མུན་པ་སེལ་བ་འཕགས་པའི་ལམ། །ཆོས་ཉིད་རྟོགས་པའི་རྒྱུ་མཐུན་གསུང་རབ་མཆོག །ལུང་རྟོགས་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། ཡང་དག་ཚད་མར་གྱུར་བ་བདེ་གཤེགས་བཀའ། །འགྱུར་བ་མི་མངའ་བདེན་པའི་མཆོག་ཉིད་དུ། །གུས་པའི་ཡིད་ཀྱི་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་འཆོད་ཕུལ་པའི་མཐུས། །མཚན་ཐོས་ཙམ་གྱིས་སྐྱོན་སེལ་ཡོན་ཏན་འཕེལ། །ཞེས་སོགས་བདེ་གཤེགས་བཀའ་ལུང་འགྱུར་མེད་འབྲས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཅིང་། །མཁས་ཁྱབ་ཆོས་ཀྱི་སྒྲོན་མེ་འབར་གྱུར་ཅིག །དམ་ཆོས་དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །བདག་སོགས་དེང་ནས་སྲིད་པ་ཇི་སྲིད་དུ། །རྒྱལ་བ་ཀུན་གྱི་དམ་ཆོས་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་གྱུར་ཅིག །དགེ་འདུན་དཀོན་མཆོག་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། ཆོས་ཀྱི་རྒྱལ་བུ་གཞོན་ནུ་མཁྱེན་པའི་གཏེར། །བདག་ཅག་ཉེས་བརྒྱས་གཟིར་བའི་གྲོ་བ་ལ། །ཟབ་ཡངས་ལམ་འདི་མངོན་དུ་གྱུར་མཛད་པ། །རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེ་ཕུལ་དུ་བྱུང་བའི་མཐུས། །དུས་མིན་འཆི་གསོ་རྒྱལ་སྲིད་སྤེལ་སོགས་སླད། །མཆོད་པའི་སྦྱོང་བ་གསལ་བར་སྟོན་མཛད་པ། །འཕགས་པ་སྐྱབས་གྲོལ་མཛད་ལ་ཕྱག་འཚལ་ལོ། །ཡངས་པ་ཅན་དུ་བདེ་གཤེགས་བརྒྱད་འཛོམ་ནས། །སྤྱི་སྒོས་བསྟན་པ་སྲུང་བར་བཀའ་བསྒོས་ཤིང་། །རང་རང་བདེན་པའི་ངག་གིས་ཞལ་བཞེས་པ། །གསང་བདག་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དང་ཉི་ཟླ་ལྟར་སྣང་བྱེད། །བློ་གྲོས་ཆེན་པོ་མ་ཕམ་པ་ལ་སོགས། །འཁོར་གྱི་བྱང་སེམས་སུམ་ཁྲི་དྲུག་སྟོང་དང་། །ཕྱོགས་བཅུའི་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། བྱང་ཆུབ་སེམས་དཔའི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །འཇམ་དཔལ་ལ་སོགས་རྒྱལ་སྲས་མཆོག་རྣམས་ཀྱིས། །རྒྱལ་བའི་ཐུགས་དམ་བསྐུལ་ཞིང་གླེང་བསླང་ནས། །ཕན་ཡོན་བསམ་མི་ཁྱབ་པའི་མདོ་སྡེ་ཉིད། །སྤེལ་ཞིང་དེ་འཛིན་སྲུང་སྐྱོབ་བྱིན་བརླབ་པར། །བདེན་པའི་ཞལ་བཞེས་བསླུ་བ་མེད་པ་རྣམས། །དེང་འདིར་མདོ་སྡེའི་ཆོ་ག་བགྱིད་རྣམས་ལ། །བདེན་པ་མངོན་སུམ་ཉིད་དུ་བསྩལ་བ་དང་། །ཡེ་ཤེས་ཐུགས་རྗེ་བྱིན་རླབས་ཆེན་པོའི་མཐུས། །མདོ་སྡེའི་ཆོ་ག་རྫོགས་པར་བསྐང་ནས་སུ། །མདོ་ལས་གསུངས་པའི་ཕན་ཡོན་མ་ལུས་པ། །འཕྲལ་དུ་མངོན་སུམ་མཐོང་བར་མཛད་པ་ཡིས། །རེ་བ་ཡོངས་སུ་རྫོགས་པར་མཛད་དུ་གསོལ། །ཆོས་སྐྱོང་བ་རྣམས་ལ། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་སོགས་པ་དམ་པའི་ཆོས་སྐྱོོང་བའི་ལྷའི་དགེ་བསྙེན་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ་སོགས་བརྗོད། ཚངས་པ་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་སྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡངས་པ་ཅན་དུ་སྨན་བླའི་མཚན་ཐོས་པས། །བདེན་མཐོང་མདོ་འདི་སྲུང་བར་དམ་བཅས་པ། །བདུན་འབུམ་འཁོར་གྱི་བསྐོར་བའི་བཅུ་གཉིས་པོ། །གནོད་སྦྱིན་སྡེ་དཔོན་རྣམས་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས་འཇིག་རྟེན་སྐྱོང་བ་སྡེ་དཔོན་བཅས་པས་ཀྱང་། །སྔོན་ཚེ་སྟོན་པའི་སྤྱན་སྔར་ཞལ་བཞེས་པ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །མདོ་སྡེ་འཛིན་ལ་སྲུང་ཞིང་སྐྱོབ་པ་དང་། །དགྲ་དང་གནོད་པ་ནད་རིམས་འཐབ་རྩོད་ཞི། །དུས་མིན་འཆི་བྲལ་ལུས་སེམས་བདེ་བྱེད་ཅིང་། །ལོངས་སྤྱོད་དབང་ཕྱུག་ནོར་དང་འབྲུ་འཕེལ་ལ། །ཇི་ལྟར་བསམ་པ་ཡིད་བཞིན་བསྒྲུབ་བོ་ཞེས། །བཅོམ་ལྡན་གདན་འཛོམ་ཆེན་པོའི་སྤྱན་སྔ་རུ། །ལྷ་ཡི་བདེན་ཚིག་མདོང་གསོལ་མཛད་པ་བཞིན། །རྒྱ་ཆེན་མཆོད་སྦྱིན་གཏོར་མ་འདི་བཞེས་ནས། །གཏོར་མ་མི་ཕུལ་བའི་དུས་སུ་གཏོར་འབུལ་གྱི་ཚིག་རྐང་གཅིག་འདི་བཞག་ལ་དེའི་ཚབ་ཏུ། སྔོན་གྱི་དམ་བཅའ་མ་བསྙེལ་དེང་དགོངས་ནས། ཞེས་སྦྱར་བར་བྱའོ། །བདག་ཅག་མདོ་སྡེའི་ཆོ་ག་བགྱིད་རྣམས་ལ། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིན་བཞིན་སྒྲུབས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །འགྲོ་ཀུན་བདེ་སྐྱིད་འབྱུང་བའི་ཕྲིན་ལས་མཛོད། །གཏོར་མ་ཕུལ་ལོ། །སླར་གཞི་བདག་གཏོར་མ་ནི། འདོད་ཡོན་ལྔ་ལྡན་མཆོད་སྦྱིན་གཏོར་མ་འདི། །ལྷ་མོ་བརྟན་མ་བརྟན་མ་བཅུ་གཉིས་སོགས། །གངས་ཅན་སྤྱི་དང་ཕྱོགས་འདིའི་གནས་བདག་ལ། །འབུལ་ལོ་གེགས་ཞི་བསམ་དོན་འགྲུབ་པར་མཛོད། །ཅེས་པས་ཕུལ་ལོ། །རྒྱུན་འདོན་སོགས་ཀྱི་དུས་གཏོར་མ་གཉིས་པོ་མ་ཕུལ་ཀྱང་ཆོག་ཅེས་སྔོན་གྱི་བླ་མ་དག་གསུངས། སྐབས་འདིར། སྔགས་བཟླས་པའི་རྐྱེན་གྱིས་བདེ་བར་གཤེགས་པ་བརྒྱད་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་བདུད་རྩིའི་རྣམ་པར་དཔག་ཏུ་མེད་པ་བྱུང་སྟེ། བདག་དང་སྦྱིན་བདག་གམ། བུམ་པ་ཡོད་ན། བུམ་པའི་ཆུ་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་ལ། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི། ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ། ས་མ་དྷྱཱ་དྷིཥྛིཏེ། ཨ་ཏི་མ་ཏེ། པ་ལེ་པཱ་པཾ་ཤྭ་དྷ་ནི། སརྦ་པཱ་པཾ་ནཱ་ཤཱ་ཡ། མ་མ་བུདྡྷེ། བུདྡྷོ་ཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ། པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲི་ཏྱུ་ནི་པཱ་ར་ཎི། བུདྡྷེ་སུ་བུདྡྷེ། བུདྡྷཱ་དྷིཥྛི་ཏེ་ན། རཀྵ་ནྟུ་མེ། སརྦ་དེ་བཱ། ས་མེ། ཨ་ས་མེ། ས་མནྟ་ཧ་རནྟུ་མེ། སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། ཤ་མེ་ཤ་མེ། པྲ་ཤ་མ་ནྟུ་མེ། སརྦ་ཨི་ཏྱུ་པ། དྲ་བ་བྱཱ་དྷ་ཡ། པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མི། སརྦ་ཨཱ་ཀཱ་ཤཱ་ཡ། བཻ་ཌཱུརྻ་པྲ་ཏི་བྷཱ་ས་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་བཻ་ཌཱུརྱའི་གཟུངས་སུ་གྲགས་པའི་གཟུངས་རིང་གང་མང་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ། བྷཻ་ཥཛྱེ་གུ་རུ་བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀབྷཻཥཛྱེ་བྷཻ་ཥཛྱེ། མ་ཧཱ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ་རཱ་ཛཱ། ས་མུ་དྒ་ཏེ་སྭཱ་ཧཱ། ཞེས་སྨན་གཟུངས་རིང་ཐུང་གང་འགྲུབ་བཟླ། དེ་ལྟ་བུའི་བུམ་ཆུས་ལྷ་ལའང་ཁྲུས་གསོལ་ཞིང་། རང་གཞན་གྱིས་འཐུང་ཞིང་ཁྱུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ལས་ཐར་བར་འགྱུར་རོ། །གཤིན་པོའི་རུས་པ་སོགས་ལ་གཏོར་བས་ཕན་ཡོན་ཆེ་ཞིང་། གནས་ཁང་དང་ཡུལ་ཕྱོགས་ཞིང་ས་སོགས་ལ་གཏོར་བས་བཀྲ་ཤིས་པ་སོགས་ཕན་ཡོན་ཆེན་པོ་འབྱུང་བར་ངེས་སོ། །མཇུག་ཏུ་མཆོད་བསྟོད་ནི། ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། །མཆོད་གཟུངས་ཚར་གཅིག་བཟླ། མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་བསྟོད། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །སྨོན་ལམ་ནི། དེང་འདིར་མདོ་སྡེའི་ཆོ་ག་ཇི་བཞིན་དུ། །རྒྱལ་བ་འཁོར་བཅས་ཕྱག་འཚལ་མཆོད་སོགས་མཐུས། །བདེ་གཤེགས་རྣམས་ཀྱིས་སྨོན་ལམ་གང་བཏབ་དང་། །རྒྱལ་སྲས་ཚད་མ་རྣམས་ཀྱིས་ཞལ་བཞེས་དང་། །ཆོས་སྐྱོང་སྲུང་མས་ཐུགས་དམ་གང་བཅས་པ། །བདག་ཅག་རྣམས་ལ་འགྲུབ་པར་མཛད་དུ་གསོལ། །ཐུབ་བསྟན་དར་ཞིང་བསྟན་འཛིན་ཞབས་པད་བརྟན། །མི་བདག་ཆོས་ལྡན་འབངས་རྣམས་དགེ་ལ་འཁོལ། །འགྲོ་ཀུན་བདེ་སྐྱིད་འཕེལ་ཞིང་ཆོས་ལ་མོས། །ནད་གདོན་དབུལ་ཕོངས་འཐབ་རྩོད་རྒྱུན་ཆད་དེ། །བྱམས་པའི་སེམས་ལྡན་ཆོས་དང་བཀྲ་ཤིས་རྒྱས། །སྒྲིབ་བྱང་ཚོགས་རྫོགས་བྱང་ཆེན་མྱུར་ཐོབ་ཤོག །བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །བཟོད་གསོལ་ནི། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །བག་མེད་སྤྱོད་པ་མ་དག་པས། །མདོ་ལས་བྱུང་བའི་ཆོ་ག་བཞིན། །མ་ལྕོགས་འཁྲུལ་པ་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །གཤེགས་གསོལ་ནི། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་ཐུགས་རྗེས་འབྱོན་པར་མཛོད། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལགས་ཀྱིས་སོ་སོའི་ཞིང་ཁམས་སུ་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་གཤེགས་སུ་གསོལ་ལོ། །དགེ་བ་བསྔོ་བ་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་ཚིགས་བཅད་གཉིས་དང་། དགེ་བ་འདི་ཡིས་མྱུར་དུ་བདག །སྨན་པའི་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་འགྲུབ་པར་ཤོག །ཤིས་པ་བརྗོད་པ་ནི། སྙིགས་མའི་འགྲོ་ལ་ཐུགས་རྗེ་ཉི་མའི་འོད། །ཆེས་ཆེར་རབ་འབར་བཅོམ་ལྡན་བདེ་གཤེགས་བདུན། །སྨོན་ལམ་གསུངས་པ་དོན་ཀུན་གྲུབ་པ་སོགས། །རྫོགས་པའི་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །ཐོས་པ་ཙམ་གྱིས་སྲིད་ཞིའི་སྡུག་བསྔལ་ལས། །རྣམ་པར་སྒྲོལ་ནུས་ཟབ་དང་རྒྱ་ཆེ་བའི། །སྙིང་པོ་སྨན་གྱི་མདོ་སྡེ་བརྒྱད་བརྒྱ་པ། །གསུང་མཆོག་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །ཞུ་གསོལ་སྲུང་སྐྱོབ་མཛད་པའི་སེམས་དཔའ་ཆེ། །ཉན་ཐོས་ཕྱོགས་སྐྱོང་གནོད་སྦྱིན་སྡེ་དཔོན་སོགས། །ཆོས་འདི་ཡུན་དུ་འཕེལ་ཞིང་གནས་བྱེད་པའི། །དགེ་འདུན་འདུས་པའི་ཚོགས་ཀྱི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པས་དགེ་ལེགས་སུ་བྱའོ། །དེ་ལྟར་བདེ་གཤེགས་གསུང་གིས་ལེགས་བསྔགས་པའི། །མདོ་སྡེའི་རྒྱལ་པོའི་ཆོ་གའི་ཡང་སྙིང་ནི། །བརྩེ་བའི་བསམ་བས་གསལ་བར་བྱས་པའི་མཐུས། །འགྲོ་ཀུན་སྨན་པའི་རྒྱལ་པོ་འགྲུབ་གྱུར་ཅིག །ཅེས་མདོ་ཆོག་བདུད་རྩིའི་བུམ་བཟད་ཞེས་བྱ་བ་འདི་ནི་འཇུག་པ་བདེ་ཞིང་དོན་འདུས་ལ་དགོས་པ་ཆེ་བའི་གནད་མཐོང་ནས་རབ་ཚེས་ལྕགས་ཡོས་ནག་ཟླའི་ཚེས་ཉེར་ལྔར་མི་ཕམ་པས་སྦྱར་བའི་དགེ་བས་མཁས་ཁྱབ་ཀྱི་སེམས་ཅན་ལ་ཕན་བདེ་བླ་ན་མེད་པ་རྟག་ཁྱབ་ལྷུན་གྲུབ་ཏུ་བྱུང་བར་གྱུར་ཅིག །འདི་ལས་རྒྱས་པར་འདོད་ན་ལྔ་པ་ཆེན་པོའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ་དང་། བསྡུས་པ་ལ་མོས་ན་པཎ་ཆེན་ཐམས་ཅད་མཁྱེན་པའི་མདོ་ཚོགས་བདུད་རྩིའི་ཡང་ཞུན་སྙིང་པོ་སོགས་དམ་པ་རྣམས་ཀྱིས་མཛད་པའི་གཞུང་ལྟར་ཉམས་སུ་བླང་བར་བྱའོ།། །།

འགྲེས་བྱང་།

༈ དེང་འདིར་འཕགས་ཚོགས་དེ་དག་ཐམས་ཅད་ལ། །མཆོད་ཡོན་བྱུག་པ་མེ་ཏོག་བདུག་སྤོས་དང་། །མར་མེ་ཞལ་ཟས་སིལ་སྙམ་རོལ་མོའི་ཚོགས། །གདུགས་དང་མཛེས་པའི་བ་དན་ལ་སོགས་པ། །དངོས་སུ་ཇི་ལྟར་འབྱོར་པའི་མཆོད་པ་དང་། །ཕྱོགས་བཅུར་བདག་པོས་ཡོངས་སུ་མ་བཟུང་བའི། །ལྷ་མིའི་ཡོ་བྱད་ཕུན་སུམ་ཚོགས་ཀུན་དང་། །གཟུངས་དང་རིག་པའི་མཐུ་དང་མོས་སྟོབས་ཀྱིས། །བསྐྱེད་པའི་མཆོད་སྤྲིན་བཟང་པོ་སྤྱོད་པ་ཡི། །སྨོན་ལམ་ལས་བྱུང་རྒྱ་མཚོ་ཐམས་ཅད་ལ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའི་མཐའ་ཀླས་རྒྱས་པར་བཀང་སྟེ་འབུལ། །བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །ཉོན་མོངས་དབང་གིས་བགྱི་འོས་མ་བགྱིས་ཤིང་། །མི་འོས་ལས་བགྱིས་སྡིག་ལྟུང་ཅི་བསགས་པ། །གནོང་ཞིང་འགྱོད་པས་ཡང་དག་བཤགས་པར་བགྱི། །འཕགས་དང་སོ་སོའི་སྐྱེ་བོའི་དགེ་བ་ནི། །དུས་གསུམ་བསགས་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ཐམས་ཅད་ལ། །ཆོས་འཁོར་བླ་ན་མེད་པ་བསྐོར་བར་བསྐུལ། །འཇིག་རྟེན་སྒྲོན་མེ་མྱ་ངན་འདའ་བཞེད་པ། །དེ་ཀུན་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཀུན་བདག་གཞན་མ་ལུས་པ། །བླ་མེད་བྱང་ཆུབ་མངོན་བྱེད་རྒྱུར་བསྔོའོ། །འགྲེས་བྱང་ངོ་།། །།

སངས་རྒྱས་སྨན་བླ་མཆེད་བདུན་གྱི་རྗེས་གནང་བྱ་ཚུལ་བཀླག་ཆོག་དོན་གྲུབ་བསམ་འཕེལ། བྷིཀྵཱ་ག་ག་ན་ཤྲཱི་བྷ་དྲ།

སངས་རྒྱས་སྨན་བླ་མཆེད་བདུན་གྱི་རྗེས་གནང་བྱ་ཚུལ་བཀླག་ཆོག་དོན་གྲུབ་བསམ་འཕེལ་ཞེས་བྱ་བ་བཞུགས་སོ། །བླ་མ་དང་སངས་རྒྱས་སྨན་བླ་ལ་ཕྱག་འཚལ་ལོ། །འདིའི་རྗེས་གནང་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གནས་ཡིད་དུ་འོང་བར་གཞི་བཟང་པོའི་སྟེང་དུ་མཉྫིའི་ཁར་མཎྜལ་ལ་ཚོམ་བུ་བདུན་བཀོད་པའི་མཐར་མཚམས་འཛིན་གྱི་མེ་ཏོག་ཆུ་གཉིས་ཉེར་སྤྱོད་ལྔ་ཕྱོགས་མཚམས་བརྒྱད་དང་། མདུན་དུ་གཏོར་མ་ཟླུམ་པོ་གསུམ། སློབ་དཔོན་གྱི་མདུན་དུ་ཏིང་ཤག །མེ་ཏོག །སློབ་མ་ལ་བཀྱེ་བསྡུའི་མེ་ཏོག་མཎྜལ་ལ་སོགས་ཕྱག་ལེན་ལྟར་བཤམ་མོ། །གཉིས་པ་དངོས་གཞི་ནི། ངག་ཏུ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ༀ་བཛྲ་ཨརྒྷཾ་སྭཱ་ཧཱ། ༀ་བཛྲ་པཱ་དྱཾ་སྭཱ་ཧཱ། ༀ་བཛྲ་པུཥྤེ་སྭཱ་ཧཱ། ཞེས་སོགས་ནས། ༀ་བཛྲ་ཤཔྡ་སྭཱ་ཧཱ། ༀ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཏྲཱ་ལི་ནི། པྲཛྙཱ་པ་ར་མི་ཏ་ནཱ་ད་སཾ་བྷ་ཝེ། བཛྲ་དྷརྨ་ཧྲྀ་ད་ཡ་ས་ནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱཿཁཾ་སྭཱ་ཧཱ། ལན་གསུམ་རོལ་མོ་དང་བཅས་པ་བརྗོད། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཉེར་གཅིག་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སངས་རྒྱས་སྨན་བླའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་སྐད་ཅིག་གིས་སངས་རྒྱས་སྨན་བླར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སངས་རྒྱས་སྨན་གྱི་བླ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །ༀ་བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛ་ཡ་ས་པ་རི་ཝཱ་ར་ༀ་བཛྲ་ཨརྒྷཾ་སོགས་ནས། ཤཔྡ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་བརྗོད། ༀ་སྭ་བྷཱ་ཝ་སོགས་དང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པས་དུག་གསུམ་འཇོམ་པའི་ཨ་རུ་ར་དང་། གཡོན་པས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་དུ་སྨན་གྱི་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གསོལ་ཞིང་། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་པད་ཟླའི་སྟེང་དུ་མྃ་ལས་རྒྱལ་སྲས་ཉི་མ་ལྟར་སྣང་བྱེད་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། གཡོན་པས་པདྨའི་སྡོང་བུ་ཐུགས་ཀར་བཟུང་བའི་སྟེང་ན་ཉི་མ་བསྣམས་པ། གཡོན་དུ་ཟླ་བའི་སྟེང་དུ་ཨ་ལས་རྒྱལ་སྲས་ཟླ་བ་ལྟར་སྣང་བྱེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡོན་པས་པདྨའི་སྡོང་བུ་ཐུགས་ཀར་བཟུང་བའི་སྟེང་ན་ཟླ་བ་བསྣམས་པ། གཉིས་ཀའང་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། དར་གྱི་སྟོོད་གཡོགས་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། གཙོ་བོ་ལ་འདུད་པའི་ཚུལ་གྱིས་བཞུགས་པ། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སངས་རྒྱས་སྨན་བླ་གཙོ་འཁོར་གསུམ་གྱི་རྣམ་པར་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ་དང་། འཁོར་གཉིས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན། ཐུགས་ཀའི་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་སེམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་རང་ལ་ཐིམ། ཏདྱ་ཐཱ། ༀ་བྷཻ་ཥཛྱེ་བྷཻ་ཥཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ། ཞེས་ཉེ་སྙིང་དང་། ༀ་ན་མོ་བྷ་ག་ཝ་ཏེ་བྷཻཥཛྱེ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བྷཻ་ཥཛྱེ་རཱ་ཛྱ་མུདྒ་ཏེ་སྭཱ་ཧཱ། ཞེས་དང་། སྤྲོ་ན་སྔགས་རིང་ཀྱང་བཟླའོ། །སྔགས་གཉིས་ཅི་ནུས་བཟླས་པའི་མཐར། རང་གི་སྙིང་ག་ནས་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པ་ལ། ༀ་བྷཻ་ཥཛྱེ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛ་ཡ་ས་པ་རི་ཝཱ་ར་ༀ་བཛྲ་ཨརྒྷཾ་སོགས་མཆོད་པ་གོང་ལྟར་དང་། ཐུགས་རྗེ་ཀུན་ལ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ༀ་བཛྲ་མུཿཡེ་ཤེས་པ་གཤེགས། འཁོར་དང་གདན་རང་ལ་ཐིམ། དེ་ནས་མདུན་བསྐྱེད་ནི། མཎྜལ་ལ་དམིགས་ཏེ། ཨམྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་དབུས་དང་གཡས་གཡོན་དང་། དེའི་ཕྱོགས་བཞིར་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་སུ་བཅོམ་ལྡན་འདས་སངས་རྒྱས་སྨན་གྱི་བླ་སོགས་ནས། བཞུགས་པ། གཡས་སུ་བདེ་བར་གཤེགས་པ་ཆོས་གྲགས་རྒྱ་མཚོ་སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡོན་དུ་བདེ་བར་གཤེགས་པ་མངོན་མཁྱེན་རྒྱལ་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཤར་དུ་བདེ་བར་གཤེགས་པ་གསེར་བཟང་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ལྷོར་བདེ་བར་གཤེགས་པ་སྒྲ་དབྱངས་རྒྱལ་པོ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ནུབ་ཏུ་བདེ་བར་གཤེགས་པ་མྱ་ངན་མེད་མཆོག་སྐུ་མདོག་དམར་སྐྱ་མཉམ་གཞག་གི་ཕྱག་རྒྱ་མཛད་པ། བྱང་དུ་བདེ་བར་གཤེགས་པ་མཚན་ལེགས་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མི་འཇིགས་པ་སྦྱིན་པ་དང་། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཤེས་བྱ་ཇི་ལྟ་བ་ཇི་སྙེད་མཁྱེན་པ། འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པར་བྱས་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་སྨན་བླ་བདེ་བར་གཤེགས་པ་བདུན་དང་བཅས་པ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་ནས། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་སོགས་ནས། ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔའ་རེ་རེས་དབུར་བརྒྱན། མཆོད་པ་བྱིན་རླབས་གོང་བཞིན་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རེ་རེའི་འགོར་སྦྱར་བའི། ཨརྒྷཾ་སོགས་ནས། ཤཔྡ་སྭཱ་ཧཱ། ༀ་བཛྲ་དྷརྨཱ་ར་ཎི་ཏ་སོགས་དང་། བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །འཕོངས་གྱུར་འགྲོ་བ་མཐའ་དག་བསྐྱབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེ་བར་གཤེགས་པ་བདུན་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་གཏོར་མ་ཆུས་སྦྱངས་ལ། དང་པོ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ། ༀ་སརྦ་ཏ་ཏཱ་ས་པ་རི་ཝཱ་ར་ༀ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱི་དབུལ། མཆོད་བསྟོད་སྔ་མ་ལྟར་དང་། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གཉིས་པ། ༀ་ཨཱཿཧཱུྃ་ལན་གསུམ། ༀ་ཨ་ཀཱ་རོ་སོགས་ལན་གསུམ་གྱི་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ལ་ཕུལ། ༀ་པུ་ཥྤེ་སོགས་ཀྱིས་མཆོད། རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །སོགས་ནས། རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གསུམ་པ་ནི། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། གཞི་བདག་ལ་ༀ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། གཞི་བདག་ཆེན་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཀུན་འགྲུབ་ཤོག །སྔགས་གཉིས་ཅི་ནུས་བཟླས་པའི་མཐར་གསོལ་བཏབ་གོང་བཞིན་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་ཚར་ནས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་གདུལ་བྱ་རྣམས་ཀྱི་བསམ་པ་དང་། ཁམས་དང་བག་ལ་ཉལ་ལ་དགོངས་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་ནང་ནས་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང་། གསང་སྔགས་ཀྱི་ཐེག་པ་གཉིས་ལས། འདིར་གསང་སྔགས་ཀྱི་ཐེག་པ་ཡིན། དེ་ལ་ཡང་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་དང་བཞི་ལས། འདིར་བྱ་བའི་རྒྱུད་ཡིན། དེ་ལ་ཡང་བྱ་བ་སྤྱིའི་རྒྱུད་དང་། སོ་སོའི་རྒྱུད་གཉིས་ལས་འདིར་ཕྱི་མ་ཡིན། དེ་ལའང་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དང་། པདྨའི་རིགས་ཀྱི་རྒྱུད་དང་། རྡོ་རྗེའི་རིགས་ཀྱི་རྒྱུད་དང་། ནོར་བུའི་རིགས་ཀྱི་རྒྱུད་དང་། ལྔས་རྩེ ན་གྱི་རིགས་ཀྱི་རྒྱུད་དང་། འཇིག་རྟེན་པའི་རིགས་ཀྱི་རྒྱུད་དང་དྲུག་ལས། འདིར་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་ཡིན། དེ་ལ་ཡང་རྣམ་པ་བརྒྱད་ཡོད་པའི་ནང་ནས་འདིར་རིགས་ཀྱི་གཙོ་བོ་ཡིན། དེ་ལ་ཡང་བྱ་བའི་རྒྱུད་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས་སྨན་བླའི་མདོ་བརྒྱད་བརྒྱ་བ་དང་། སྨན་ལ་སྔགས་ཀྱིས་བཏབ་པ་དང་། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའ་ི གཟུངས་རྣམས་ཀྱི་རྗེས་སུ་འབྲངས་ནས། མཁན་པོ་བོ་དྷི་སཏྭ་སོགས་ཀྱིས་བཀྲལ་བའི་སངས་རྒྱས་སྨན་བླ་མཆེད་བདུན་གྱི་རྗེས་སུ་གནང་བ་སྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། མཎྜལ་འབུལ་བ། གསོལ་བ་གདབ་པ། རྒྱུད་ཡོངས་སུ་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་རྣམས་སྔོན་དུ་འགྲོ་དགོས་པས། ཐོག་མར་སློབ་དཔོན་ལ་སངས་རྒྱས་སྨན་བླ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས། རྒྱུད་དག་པའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སངས་རྒྱས་སྨན་བླ་གཙོ་འཁོར་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པའི་མོས་པ་བྱས་ཏེ། དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་གྱི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ནས། འགྲུབ་པར་ཤོག །ཅེས་པས་རྒྱུད་དག་པར་བྱས་ནས། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བདེ་བར་གཤེགས་པ་སྨན་བླ་མཆེད་བདུན་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཁྱེད་རང་གི་མིང་ནས་སྨོས་ཏེ། ཞེས་བགྱི་བ་ལ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ཡི་དམ་དུ་སློབ་དཔོན་གྱི་སྩལ་དུ་གསོལ། ཞེས་པ་རྣམས་རྗེས་སུ་གནང་བའི་སྔོན་འགྲོ་ཡིན། རྗེས་གནང་གི་དངོས་གཞི་ལ། བྱིན་གྱིས་བརླབ་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཐ་མལ་པར་གསལ་བའི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་སྐུ་མདོག་སོགས་ནས། སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་བདེ་བར་གཤེགས་པ་མངོན་མཁྱེན་རྒྱལ་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། དེའི་སྤྱི་བོར་བདེ་བར་གཤེགས་པ་ཆོས་གྲགས་རྒྱ་མཚོ་སྐུ་མདོག་དཀར་དམར་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། དེའི་སྤྱི་བོར་བདེ་བར་གཤེགས་པ་མྱ་ངན་མེད་མཆོག་སྐུ་མདོག་དམར་སྐྱ་མཉམ་གཞག་གི་ཕྱག་རྒྱ་མཛད་པ། དེའི་སྤྱི་བོར་བདེ་བར་གཤེགས་པ་གསེར་བཟང་དྲི་མེད་སྐུ་མདོག་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། དེའི་སྤྱི་བོར་བདེ་བར་གཤེགས་པ་སྒྲ་དབྱངས་རྒྱལ་པོ་སྐུ་མདོག་སེར་པོ་ཕྱག་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། དེའི་སྤྱི་བོར་བདེ་བར་གཤེགས་པ་མཚན་ལེགས་སེར་པོ་ཕྱག་གཡས་མི་འཇིགས་པ་སྦྱིན་པ་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གསོལ་ཞིང་པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ། འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པར་བྱས་པའི་སྐུ་ཅན་རེ་རེར་ལམ་སྟེ་གྱུར་པའི་མོས་པ་དང་བཅས་བདེ་བར་གཤེགས་པ་སོ་སོའི་སྤྱན་སྔར་རིམ་བཞིན་ཕྱག་མཆོད་གསོལ་བ་འདེབས་པའི་རྗེས་ཟློས་དང་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོགས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོས་སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་སྐད་ཅིག་ལ་འབྱོང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བདེ་བར་གཤེགས་པ་མཚན་ལེགས་འོད་དུ་ལྟེམ་གྱིས་ཞུ་ནས་སྒྲ་དབྱངས་རྒྱལ་པོ་ལ་ཐིམ་པའི་མོས་པ་མཛོད། དེ་བཞིན་དུ་མཚན་སོ་སོའི་འགོ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་དང་། རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ༴ གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ༴ མྱ་ངན་མེད་མཆོད་དཔལ༴ ཆོས་གྲགས་རྒྱ་མཚོའི་དབྱངས༴ ཆོས་ཀྱི་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ༴ སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ༴ ཞེས་པ་རྣམས་ཀྱི་མཚན་རེ་རེ་ནས་སྦྱར་བའི་ཕྱག་མཆོད་གསོལ་འདེབས་དང་། གོང་མ་གོང་མ་འོག་མ་འོག་མ་ལ་བསྟིམ་པའི་ཚུལ་རིགས་འགྲེ་སྦྱར་ལ། མཐར་ཞེས་གསོལ་བ་བཏབ་པས་བདེ་བར་གཤེགས་པ་སྨན་གྱི་བླ་འོད་དུ་ལྟེམ་གྱིས་ཞུ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཐིམ་པས་འོད་ཟེར་དེ་ཉིད་ཀྱིས་ཁྱེད་རང་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ལྷག་མ་གཤང་གཅི་དང་རྐང་མཐིལ་ནས་ནག་ནུར་ནུར་བུད་ནས་སོང་བས་ལུས་ཤེལ་གོང་དག་པ་ལྟར་གྱུར། དེའི་ངང་ལས་ཁྱེར་རང་རྣམས་སྐད་ཅིག་གིས་པད་ཟླའི་གདན་ལ་སངས་རྒྱས་སྨན་གྱི་བླ་སོགས་ནས། བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་ཞིག་གསལ་བཏབ་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པར་འཕྲོས་པས་གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པར་མོས། སླར་ཡང་སློབ་དཔོན་མདུན་བསྐྱེེད་དང་བཅས་པའི་ཐུག་ཀ་ནས་ཀྱང་སངས་རྒྱས་སྨན་བླའི་ལྷ་ཚོགས་ཆེ་བ་རི་རབ་ཙམ་ཆུང་བ་རྡུལ་ཕྲན་ཙམ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་དང་བ་སྤུའི་བུ་ག་ནས་མར་སིབ་ཀྱིས་ཐིམ་ནས་ཐུགས་ཀའི་ཧཱུྃ་ལ་གཉིས་སུ་མེད་པར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཛཿཧཱུྃ་བྃ་ཧོཿཡང་ཡང་བརྗོད་ཅིང་ཏིང་ཤག་དཀྲོལ། དེ་ཉིད་བརྟན་པའི་ཕྱིར་དུ་སྤྱི་བོར་མེ་ཏོག་བཞག་སྟེ། ངག་ཏུ། ཏདྱ་ཐཱ། ༀ་བྷཻ་ཥཛྱེ་སོགས་བརྗོད། ཞེས་པ་ནི་བྱིན་གྱིས་བརླབས་པའི་རྗེས་སུ་གནང་བ་ཡིན། སྔགས་ཀྱི་རྗེས་གནང་གི་དོན་དུ་སློབ་དཔོན་གྱི་ཐུགས་ཀར་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་གསལ་བཏབ། ཁྱེད་རང་རྣམས་སངས་རྒྱས་སྨན་བླར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གཅིག་གསལ་བར་དམིགས་ནས། སློབ་དཔོན་ལ་སངས་རྒྱས་སྨན་བླ་དངོས་ཡིན་སྙམ་པའི་གུས་འདུད་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་ལས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་གི་འཐར་གཡས་སྐོར་དུ་འཁོད་པར་མོས་ནས་སྔགས་འདི་གཉིས་ཀྱི་རྗེས་ཟློས་ལན་གསུམ་མཛོད། སྔགས་གཉིས་བཟླ། དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཏེ་སློབ་དཔོན་ལ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་སློབ་དཔོན་གྱིས་ཀྱང་མེ་ཏོག་ཕྲེང་བ་སྔགས་སུ་བྱས་ཏེ་ཁྱེད་རང་གི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །རྡོ་རྗེ་སློབ་མའི་རྒྱུད་ལ་སངས་རྒྱས་སྨན་བླ་གཙོ་འཁོར་རྣམས་ཀྱི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་གཏོར། ད་ནས་བཟུང་སྟེ་ཞག་རེ་ལ་སངས་རྒྱས་སྨན་བླའི་སྙིང་པོ་དུ་ཙམ་འདྲེན་ཁས་ལེན་དུ་བཅུག་ལ། དམ་བཅའ་བའི་སླད་དུ། དུས་ད་ནས་བཟུང་སྟེ་སངས་རྒྱས་སྨན་བླའི་གོ་འཕང་མ་ཐོབ་ཀྱི་བར་དུ། བདེ་བར་གཤེགས་པ་སྨན་བླ་མཆེད་བདུན་ཡི་དམ་དུ་འཛིན་ཅིང་དེའི་སྔགས་དམ་བཅའ་བཞིན་དུ་ཉི་མ་རེ་ལ་བརྒྱ་རྩ་ལ་སོགས་པ་འདྲེན་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་སྨན་བླ་གཙོ་འཁོར་རྣམས་ཡི་དམ་གྱི་ལྷར་འཛིན་ཅིང་དེའི་གསང་སྔགས་ཀྱང་ཉི་མ་རེ་ལ་བརྒྱ་རྩ་ལ་སོགས་པ་བཟླ་བ་དམ་བཅའ་ལགས་སོ། །ཞེས་ལན་གསུམ་བརྗོད། ཕྱིས་ཀྱི་དཔེ་ཁ་ཅིག་ལ་མཚམས་འདིར་ཐུགས་ཀྱི་རྗེས་གནང་སྤྱི་འགྲེ་སྦྱར་འདུག་ཀྱང་། ཐར་རྩེ་པཎ་ཆེན་རིན་པོ་ཆེའི་ཕྱག་དཔེ་དངོས་ལ་མི་འབྱུང་བར་མ་ཟད། ཡིག་རྙིང་རྣམས་སུའང་མི་སྣང་བས་རང་བཟོས་བཅུག་པར་ངེས་སོ། །མེ་ཏོག་སྤྱི་བོར་བཞག་ཅིང་། རྡོ་རྗེ་སློབ་མ་རྣམས་ཀྱི་རྒྱུད་ལ་སངས་རྒྱས་སྨན་བླ་གཙོ་འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །དེ་ལྟར་ཁས་བླངས་པའི་དམ་ཚིག་འཛིན་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས་བརྗོད། མཎྜལ་ཕུལ། དེང་ནས་བརྩམས་ཏེ་སོགས་བརྗོད། དགེ་བ་བསྔོ། གསུམ་པ་རྗེས་ནི། མཆོད་པ་བྱིན་རླབས་སོགས་ནས། བདེ་བར་གཤེགས་པ་བདུན་ལ་ཕྱག་འཚལ་ལོ་བར་གོང་ལྟར། ཡི་གེ་བརྒྱ་པ་ལན་གསུམ། མ་འབྱོར་བ་དང་ཉམས་པ་སོགས་བརྗོད། ༀ་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་སྨན་བླ་འགྲུབ་གྱུར་ནས། །སོགས་དང་། སྟོན་མཆོག་དམ་པ་སོགས་དང་། ཉིན་མོ་བདེ་ལེགས་སོགས་བརྗོད། ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཞེས་པ་འདི་ནི་བསྐུལ་བ་པོའི་བཞེད་པ་ལྟར་བྷིཀྵཱ་ག་ག་ན་ཤྲཱི་བྷ་དྲས་ཨེ་ཝྃ་ཐར་པ་རྩེར་མྱུར་བར་སྦྱར་བ་སརྦ་དཱ་མདྒ་ལཾ། །སླར་ཡང་གོང་འོག་གི་ཆར་ཚིག་གི་གསལ་བྱེད་འགའ་རེ་དང་། ཁྱད་པར་བྱིན་རླབས་སྐབས་ཀྱི་ངག་འདོན་བཀླག་ཆོག་ཏུ་བཀོད་པ་སོགས་བྱ་བྲལ་བ་མཉྫུ་གྷོ་ཥས་བགྱིས་པ་དགེ། །།

བཅོམ་ལྡན་འདས་སྨན་གྱི་བླ་མའི་རྗེས་གནང་གི་བརྒྱུད་འདེབས་ཨུཏྤལ་ཕྲེང་མཛེས། མཁྱེན་བརྩེའི་དབང་པོ།

༈ བཅོམ་ལྡན་འདས་སྨན་གྱི་བླ་མའི་རྗེས་གནང་གི་བརྒྱུད་འདེབས་ཨུཏྤལ་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །སངས་རྒྱས་སྨན་པའི་རྒྱལ་པོ་ཤཱཀྱའི་ཏོག །འཇམ་དབྱངས་ཞི་འཚོ་ཁྲི་སྲོང་སད་ན་ལེགས། །ཁྲི་རལ་དཔལ་རྡོར་འོད་སྲུང་དཔལ་འཁོར་བཙན། །སྐྱིད་ལྡེ་ཉི་མ་མགོན་ལ་གསོལ་བ་འདེབས། །བཀྲ་ཤིས་ལྡེ་དང་ལྷ་བཙུན་ཡེ་ཤེས་འོད། །ལྷ་ལྡེ་འོད་ལྡེ་རྩེ་ལྡེ་དགྲ་བཅོམ་པ། །ཤེས་རབ་གྲགས་པ་དར་མ་རྒྱལ་མཚན་དང་། །དཔལ་ལྡན་གྲོ་བ་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་སྒོམ་པ་སྙིང་པོ་རྒྱལ་མཚན་ཞབས། །སྤྲུ་ལུང་པ་དང་གྲགས་དཔལ་བསོད་ནམས་གྲགས། །རྒྱལ་སྲས་ཐོགས་མེད་འཁུས་ལོ་དཔལ་ཡེའི་མཚན། །སེང་གེ་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་རྒྱལ་མཚན་གྲགས་སེང་བློ་བཟང་བ། །མཁྱེན་རབ་ཆོས་རྗེ་སྤྱན་སྔ་ངག་གི་དབང་། །ཀུན་དགའ་ཆོས་གྲགས་མཆོག་ལེགས་བསྟན་འཛིན་བཟང་། །ངག་དབང་ལྷུན་གྲུབ་རྣམས་ལ་གསོལ་བ་འདེབས། །རྨོར་ཆེན་རྗེ་དང་འཇམ་མགོན་གནས་གསར་བ། །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང་། །ཀུན་དགའ་བསྟན་འཛིན་འཇམ་དབྱངས་མཁྱེན་བརྩེའི་དབང་། །བློ་གྲོས་མཐའ་ཡས་བསྟན་པའི་རྒྱལ་མཚན་རྗེ། །རྡོ་རྗེ་འཛིན་པ་འགྱུར་མེད་ངེས་དོན་དབང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བར་བསྐུལ། །དེ་ལྟར་བསགས་ལས་བྱུང་བའི་དགེ་ཚོགས་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས། །བདག་གཞན་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཐེག་མཆོག་བཤེས་ཀྱིས་རྗེས་སུ་བཟུང་གྱུར་ཅིག །སྲིད་ལས་ངེས་འབྱུང་ཚུལ་ཁྲིམས་རྣམ་པར་དག །རྒྱལ་སྲས་སྤྱོད་པ་རྒྱ་མཚོས་རྒྱུད་སྦྱངས་ཤིང་། །བདག་དང་ཕུང་པོ་རྣམ་རིག་ལས་འདས་པའི། །དོན་དམ་བྱང་ཆུབ་སེམས་མཆོག་རྟོགས་པར་ཤོག །ཁྱད་པར་བདེ་གཤེགས་སྨན་པའི་རྒྱལ་པོ་ཡི། །ཡིད་འོང་མཚན་དཔེའི་སྣང་བརྙན་ལེགས་བསྒོམས་ཤིང་། །གཟུངས་སྔགས་ཟབ་མོའི་བཟླས་བརྗོད་བརྩོན་པའི་མཐུས། །སྒྲིབ་གཉིས་རྒྱུར་བཅས་ལྷག་མེད་འཇིལ་གྱུར་ཅིག །གཞན་ཡང་ནད་གདོན་ཉེར་འཚེ་ཀུན་ཞི་ཞིང་། །ཚེ་དཔལ་འབྱོར་པའི་སྐལ་བཟང་རབ་རྒྱས་ནས། །གནས་སྐབས་མཐར་ཐུག་ཕན་དང་བདེ་བ་ཡི། །ཆོས་མཐུན་བསམ་སྦྱོར་ཡིད་བཞིན་འགྲུབ་པར་ཤོག །ཚེ་ཡི་མཐར་ཡང་བདེ་གཤེགས་སྲས་བཅས་ཀྱིས། །མངོན་སུམ་རྗེས་བཟུང་གསུང་གིས་དབུགས་འབྱུང་ཞིང་། །དག་པའི་ཞིང་དུ་བརྫུས་ཏེ་སྐྱེས་ནས་ཀྱང་། །དོན་གཉིས་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་དགེ་སློང་གུ་ཎ་ལ་ཀྵྨཱིའི་བཞེད་སྐོང་དུ་ཆོས་སྨྲ་བའི་གཟུགས་བརྙན་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། གོང་གི་མཁྱེན་བརྩེ་ནས་བརྒྱུད་རིམ་ཁ་སྐོང་ཚིགས་གཉིས་པོ་ཛྙཱ་ནས་སོ།། །།

སྨན་བླ་གཙོ་འཁོར་གསུམ་གྱི་སྒོམ་བཟླས་ལ་བརྟེན་ནས་བསྙེན་པ་བྱ་ཚུལ་སོགས་ཉུང་གསལ་ཀུན་ཕན་བདུན་རྩི། མཉྫུ་གྷོ་ཥ།

༈ སྨན་བླ་གཙོ་འཁོར་གསུམ་གྱི་སྒོམ་བཟླས་ལ་བརྟེན་ནས་བསྙེན་པ་བྱ་ཚུལ་སོགས་ཉུང་གསལ་ཀུན་ཕན་བདུན་རྩི་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷཻ་ཥ་ཛྱེ་རཱ་ཛ་ཡ། བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་གཙོ་འཁོར་གསུམ་གྱི་རྣལ་འབྱོར་ལ་བརྟེན་ནས་བསྙེན་པ་བྱ་བའི་ཚུལ་ནི། འདི་ཉིད་ཀྱི་རྗེས་གནང་དང་ལུང་ལེགས་པར་ཐོབ་ཅིང་། ཁས་བླངས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཁྲུས་དང་གཙང་སྤྲའི་ཀུན་སྤྱོད་ལ་གཙོ་བོར་གནས་པའི་སྒྲུབ་པ་པོས་གནས་དབེན་ཞིང་ཡིད་དང་མཐུན་པའི་བསམ་གཏན་གྱི་ཁང་བུར་ཕྱག་དར་བྱས་ཏེ། རང་གི་མདུན་དུ་སྨན་བླ་གཙོ་འཁོར་རྣམས་ཀྱི་བྲིས་འབུར་གྱི་སྐུ་གང་རིགས་བཤམས་པའི་སྤྱན་སྔར་གཏོར་མ་དཀར་ཟླུམ་ཆེ་ཆུང་གཉིས། གཞི་བདག་གཏོར་མ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། ཆ་གསུམ་བཏང་ལ་མཚམས་བཅད། སྐྱབས་འགྲོ་ནས་བཟླས་པའི་བར་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་སྒྲུབ་ཐབས་ལྟར་ཉམས་སུ་བླང་། མི་ཕམ་པའི་གསུང་སྨན་བླའི་མདོ་ཆོག་བདུད་རྩིའི་བུམ་བཟང་ལྟར་ཉམས་སུ་བླངས་པས་འཐུས། མཆན། བཟླས་པའི་མཇུག་ཏུ་སྤྲོ་ན། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པ་ལ་མཆོད་བསྟོད་བྱས་ནས་འཁོར་དང་གདན་རང་ལ་ཐིམ་ཞེས་པའི་བར་དཀྱུས་ལྟར་ལ། རང་གི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་སྨན་བླ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་བྱ། སྔ་ཐུན་གྱི་མཐར། འཁོར་དང་གདན་རང་ལ་ཐིམ་པའི་རྗེས་སུ། མཆོད་གཏོར་བསང་སྦྱང་བྱིན་རླབས་དཀྱུས་བཞིན་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་བདེ་བར་གཤེགས་པ་བདུན་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བའི་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿས་གཏོར་མགྲོན་སྤྱན་དྲང་། པདྨ་ཀ་མ་ལཱ་ཡེ་སྟྭཾ་གྱིས་གདན་འབུལ། གཏོར་མ་འབུལ་བ་དཀྱུས་བཞིན། གཞི་བདག་གཏོར་མ་རྒྱུན་དུ་མ་ཕུལ་ཀྱང་ཆོག །མཐར་ཡི་གེ་བརྒྱ་པ་ལན་གསུམ། མ་འབྱོར་པ་དང་སོགས། རྟེན་ཡོན་ན་བརྟན་བཞུགས་དང་། མེད་པ་རྣམས་ༀ་བཛྲ་མུཿས་གཤེགས་སུ་གསོལ། རང་གི་དཔྲལ་བར་ༀ་སོགས་གོང་བཞིན་མཐར། ཤིས་བརྗོད་བཅས་བྱ། ཐུན་མཚམས་སུ་གྲུབ་ན་མདོ་ལུགས་ཀྱི་ཕྱག་མཆོད་རྒྱས་བསྡུ་གང་ཡང་རུང་བ་དང་། མ་གྲུབ་ཀྱང་སྨན་མདོ་ཆེ་ཆུང་ཇི་ལྟར་རིགས་པ་གདོན། དེ་ལྟ་བུའི་རིམ་པས་བསྙེན་ཚད་གཟུངས་ཐུང་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་བ་ཡིན་ལ། ཐུན་སོ་སོའི་མཐར་གཟུངས་འབྲིང་པོ་ཅི་ནུས་དང་། ཁྱད་པར། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མེ་ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མ་དྷྱཱ་དྷིཥྛི་ཏེ། ཨ་ཏི་མ་ཏི། པ་ལེ། པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷེ། བུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་ནི་པཱ་རི་ཎི། བུདྡྷེ་སུ་བུདྡྷེ་བུདྡྷཱ་དྷི་ཥྛ་ན། རཀྵ་ནྟུ་མེ། སརྦ་དེ་བཱ་ས་མེ་ཨ་ས་མེ་ས་མནྟཱ་ཧ་རནྟུ་མེ། སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་དྲ་བ་བྱཱ་དྷ་ཡ། པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡི་མེ། སརྦ་ཨཱ་ཀཱ་ཤཱ་ཡ། བཻ་ཌཱུརྻ་པྲ་ཏི་བྷ་སེ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པའི་གཟུངས་རིང་འདི་ཉེར་གཅིག་རེ་ལ་ཉུང་མཐའ་བྱས་པ་བཟླ་བ་ཤིན་ཏུ་གལ་ཆེ། གཞན་མཚམས་ཀྱི་སྐབས་སྤང་བླང་སོགས་བྱ་རྒྱུད་ཀྱི་བསྙེན་པ་སྤྱི་ལྟར་ཤེས་པར་བྱས་ལ་ཉམས་སུ་བླང་ངོ་། །དེ་ལྟ་འབད་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་བ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་དང་། ཚེ་ཡི་མཐར་ཡང་བཅོམ་ལྡན་འཁོར་བཅས་མངོན་སུམ་དུ་མཐོང་ཞིང་དག་པའི་ཞིང་དུ་སྐྱེ་བར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པར་གསུངས་སོ། །ཡང་རང་གཞན་ལ་ཕན་གདགས་པའི་སླད་དུ་གཟུངས་སྒྲུབ་བྱེད་པར་འདོད་ན། མདུན་དུ་བྲིས་སྐུའི་སྤྱན་སྔར་སྟེགས་ཀྱི་ཁར་བུམ་པ་དྲི་བཟང་གི་ཆུས་གང་བ་ཁ་རྒྱན་མགུལ་ཆིངས་དང་བཅས་པའི་སྟེང་དུ། དུང་ཆོས་མཆོད་ཡོན་གྱིས་བཀང་བ་དང་། གཟུངས་ཐག་རྡོ་རྗེ་བཅས་བཤམ། ཅི་འབྱོར་པའི་མཆོད་པ་ཚར་དུ་དངང་བས་མཛེས་པར་བྱ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཧྲཱིཿལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཟུངས་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོག་བཞིན་པས་འཁོད་པར་གྱུར། ཅེས་བརྗོད་ལ། མདོ་ཆོག་ལས་འབྱུང་བའི་འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ་སོགས་ནས། འབུལ་ལོ་མཆོད་དོ་ཞེས་པའི་བར་གྱི་མཆོད། དཔལ་བཻ་ཌཱུརྻའི་གཟུངས་སྔགས་མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཁྱེད་ཀྱི་བདག་དང་བསྒྲུབ་བྱ་དམིགས་བསལ་ཡོད་ན་དེའི་མིང་གཞུག །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་ཤིང་སྒྲིབ་པ་སྦྱང་བ་དང་། ཆོས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་དུང་ཆོས་ཀྱི་ཆུ་ལ་ཕོག །དེ་ལུད་ནས་བུམ་པའི་ནང་དུ་ལྷུང་བ་ཡིག་འབྲུ་རྣམས་ལ་ཐིམ་པ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་གྱུར། ཞེས་པའི་དམིགས་པ་དང་སྦྱར་ཏེ་གཟུངས་རིང་གཙོ་བོར་བཟླ་ཞིང་། ཐུན་འཇོག་པ་ན་མཆོད་པ་གོང་ལྟར་དང་། དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་ཏེ་གསོལ་བ་གདབ་པས་ཡིག་འབྲུ་རྣམས་འོད་དུ་ལྟེམ་གྱིས་ཞུ་བ་ལས་བུམ་པའི་ཆུ་གཟུངས་སྔགས་ཀྱི་ནུས་པ་མཐའ་དག་དང་ལྡན་པར་བསམ། དེ་ལྟར་ཐུན་དུ་བཅད་ནས་ཞག་བདུན་སོགས་ཇི་ལྟར་རིགས་པ་བསྒྲུབས་པའི་མཐར་རང་ཉིད་ཀྱིས་བཀྲུ་བ་དང་བཏུང་བ་སོགས་བྱ། བསྒྲུབ་བྱ་གཞན་ལ་བྱེད་ན་བཀྲུ་བྱབས་སྲུང་གསུམ་མམ་བཀྲུ་བ་དང་ཤིང་བརྗོད་རྒྱས་པར་བྱས་པས་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་སྒྲིབ་གཉིས་ཡོངས་སུ་བྱང་བ་དང་། ཚེ་བསོད་དཔལ་འབྱོར་རྒྱས་པ་སོགས་གཟུངས་སྔགས་ཀྱི་ཕན་ཡོན་ཇི་སྐད་བཤད་པ་རྣམས་འཐོབ་པར་འགྱུར་ལ། གཤིན་པོའི་རུས་པ་དང་དུར་ཁྲོད་ཀྱི་ས་གཞི་སོགས་ལ་འཐོར་བས་དམིགས་ཡུལ་གྱི་ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་བྱང་བས་མཚོན་ཡོན་ཏན་མཐའ་ཡས་ཤིང་། ཚུལ་དེ་བཞིན་དུ་བྱེ་མའམ། ཡུངས་ཀར་སོགས་ལ་བསྔགས་ནས་འཐོར་བས་ཀྱང་རུང་བར་གསུངས་སོ། །ཞེས་པའང་རང་གཞན་མང་པོ་ལ་ཕན་པའི་བསམ་པ་ཁོ་ནས་ཡིག་ཆ་སྔ་མ་འགའ་ཞིག་གི་དོན་མདོར་བསྡུས་ཏེ་ཤཱཀྱའི་དགེ་སློང་བྱ་བྲལ་བ་མཉྫུ་གྷོ་ཥས་སྦྱར་བའི་དགེ་བས་འགྲོ་ཀུན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་ཏེ་བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།

སྨན་བླའི་སྒོམ་བཟླས་ཤིན་ཏུ་བསྡུས་པ་ཕན་བདེའི་མྱུར་ལམ། མཉྫུ་གྷོ་ཥ།

༈ སྨན་བླའི་སྒོམ་བཟླས་ཤིན་ཏུ་བསྡུས་པ་ཕན་བདེའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷཻ་ཥ་ཛྱེ་རཱ་ཛ་ཡ། འདིར་སྨན་བླའི་སྒོམ་བཟླས་མདོར་བསྡུ་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་སྐྱབས་སེམས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་། །རང་སེམས་ཧཱུྃ་ཡིག་འོད་ཀྱིས་དོན་གཉིས་བསྒྲུབས། །ཚུར་འདུས་བདག་ཉིད་བཅོམ་ལྡན་སྨན་གྱི་བླ། །སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་ཨ་རུ་ར། །གཡོན་པས་མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་གསོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གཡས་སུ་རྒྱལ་སྲས་ཉི་ལྟར་སྣང་བྱེད་དམར། །ཕྱག་གཡོན་ཉི་མས་མཚན་པའི་པདྨ་བསྣམས། །གཡོན་དུ་ཟླ་ལྟར་སྣང་བྱེད་སྐུ་མདོག་དཀར། །ཕྱག་གཡོན་ཟླ་བས་མཚན་པའི་པདྨ་འཛིན། །གཉིས་ཀ་གཡས་པས་མཆོག་སྦྱིན་ཕྱག་རྒྱ་མཛད། །དར་དང་རིན་ཆེན་རྒྱན་རྫོགས་གཙོ་བོ་ལ། །འདུད་པའི་ཚུལ་གྱིས་པད་ཟླའི་གདན་ལ་བཞེངས། །གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན། །དེ་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་ཀུན། །བཅོམ་ལྡན་སྨན་གྱི་བླ་མའི་རྣམ་པ་རུ། །མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿརང་ལ་གཉིས་མེད་ཐིམ། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་ཕྲེང་ལས། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །སྲས་བཅས་རྒྱལ་པའི་ཐུགས་རྗེ་བྱིན་རླབས་ཀུན། །ཚུར་འདུས་བདག་རྒྱུད་བྱིན་གྱིས་བརླབ་པར་གྱུར། །ཏདྱ་ཐཱ། ༀ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ། ཞེས་ཅི་ནུས་དང་། སྤྲོ་ན་གཟུངས་རིང་ཀྱང་བཟླ། མཐར་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པ་ལ། ༀ་བྷཻ་ཥ་ཛྱེ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་སྨན་གྱི་བླས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་གདབ་ལ། ༀ་བཛྲ་མུཿས་གཤེགས་སུ་གསོལ། འཁོར་དང་གདན་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གིས་མཚན་པར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་སྨན་བླ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་བྱ། བསྙེན་པ་བྱེད་ན་ཁྲུས་དང་གཙང་སྦྲ་ལ་གནས་པས་གཟུངས་ཐུང་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ། ཐུན་མཚམས་སུ་ཕྱག་མཆོད་རྒྱས་བསྡུ་གང་རིགས་སམ། སྨན་མདོ་ཆེ་ཆུང་ཇི་ལྟར་ནུས་པ་བཀླག་པར་བྱའོ། །ཞེས་པའང་ཉེར་མཁོའི་སླད་དུ་མང་དུ་ཐོས་པའི་བྱ་བྲལ་བ་མཉྫུ་གྷོ་ཥས་སྦྱར་བ་སྟེ། དགེ་བས་འགྲོ་ཀུན་ཕན་བདེའི་རྒྱུར་གྱུར་ཅིག །མདྒ་ལཾ།།

དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད།

དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད་བཞུགས། རྒྱ་གར་སྐད་དུ། སརྦ་མཎྜལ་སཱ་མཱནྱ་བི་དྷི་ན་གུ་ཧྱ་ཏནྟྲ། བོད་སྐད་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་གཞན་ཡང་གསང་བའི་རྒྱུད། །དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱི། །སྤྱི་ཡི་ཆོ་ག་རྒྱས་པ་དག །མདོར་བསྡུས་རབ་ཏུ་བཤད་པར་བྱ། །གཞན་གྱིས་མི་ཐུབ་ལ་སོགས་གང་། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །རབ་ཏུ་གནས་པ་ལ་སོགས་གང་། །པདྨོ་རིགས་ཀྱིར་བཤད་པ་དང་། །འཇིག་རྟེན་དག་ལ་བརྩེ་ཕྱིར་ངས། །རྣམ་པར་གནོན་པ་ལ་སོགས་པ། །དཀྱིལ་འཁོར་སུམ་སྟོང་དག་དང་ནི། །ལྔ་བརྒྱར་བཤད་པ་གང་ཡིན་པ། །དཀྱིལ་འཁོར་དེ་དག་རྣམས་ཀྱི་སྤྱིའི། །ཆོ་ག་འདི་ནི་ངས་བཤད་དེ། །དེ་ལྟ་བས་ན་ཆོ་ག་འདིས། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །སློབ་དཔོན་བསྟན་བཅོས་ཀུན་ཤེས་པ། །ཚུལ་ཁྲིམས་ལྡན་ཞིང་སྙིང་རྗེའི་བདག །དྲང་ཞིང་བཟོད་ལ་གཙང་སྦྲ་ཅན། །དད་དང་དྲན་ལྡན་སྙིང་སྟོབས་ལྡན། །སྨྲ་མཁས་མི་འཇིགས་སྲན་ཐུབ་པ། །སྒྱུ་རྩལ་དག་ལ་མཁས་ཤིང་གསལ། །མཛེས་དང་ལྡན་ཞིང་དེ་བཞིན་དུ། །གུས་ལྡན་དུལ་ལ་ཁོང་གཟོ་བ། །རྟག་ཏུ་དམ་པའི་ཆོས་ལ་དགའ། །ཐེག་པ་ཆེ་ལ་མོས་པ་ཅན། །གསང་སྔགས་སྤྱོད་པ་ལ་བསླབས་ཤིང་། །དཀྱིལ་འཁོར་དག་གི་བྱེ་བྲག་ཤེས། །སློབ་མ་དག་གི་ཚུལ་ཤེས་ཤིང་། །དེ་བཞིན་གསང་སྔགས་རྒྱུད་ཀྱང་འཛིན། །རྗེས་སུ་གནང་ཞིང་དབང་སྐུར་ལ། །ཆོག་ཤེས་བཟླས་བརྗོད་ལྷུར་ལེན་པ། །སློབ་དཔོན་རིགས་ལ་བསྙེན་བཀུར་བྱས། །དཀྱིལ་འཁོར་ཐམས་ཅད་ཁོང་དུ་ཆུད། །གསང་སྔགས་ཀུན་དང་བླ་མ་དང་། །དེ་བཞིན་གློ་བུར་འགྲོན་མཆོད་བྱེད། །ཕྱག་རྒྱ་ལ་སོགས་བཅིང་བ་དང་། །དཀྱིལ་འཁོར་བྲི་བའི་ལས་རྣམས་དང་། །གསང་སྔགས་སྤྱོད་པའི་མཆོད་པ་ལ། །སློབ་དཔོན་གྱིས་ནི་མཁས་པར་བྱ། །དེ་ནས་གཞན་ཡང་བཤད་པ་ནི། །ས་ཡི་ཕྱོགས་ཀྱི་མཚན་ཉིད་དེ། །ས་གཞི་ཅི་འདྲ་བཟང་བ་དང་། །མི་བཟང་བ་དག་བསྒྲགས་པའོ། །མཐོ་དམན་ཅན་དང་ཚེར་མ་ཅན། །གྱོ་མོ་དུམ་བུ་ཅན་དག་དང་། །ངམ་གྲོག་རུས་པ་སྡོང་དུམ་ཅན། །གྲོག་མཁར་ཐལ་བ་ཚྭ་སྒོ་ཅན། །གསེག་མ་རྡོ་དང་རྡུལ་དང་སྐྲ། །སྲིན་བུ་གྲོག་སྤུར་ལ་སོགས་མང་། །དེ་ལྟ་བུ་ཡི་ས་གཞི་ནི། །མཁས་པས་ལས་རྣམས་ཀུན་ལ་སྤང་། །མཐོ་དམན་སྙོམས་ཤིང་གཙང་ལ་སྣུམ། །ཟུག་རྔུ་ཉེས་པ་རྣམ་པར་སྤངས། །ཤར་དང་བྱང་དུ་གཞོལ་བ་ཡི། །ས་གཞི་ལས་རྣམས་ཀུན་ལ་ཤིས། །དང་པོར་པུས་ནུབ་བཙམ་བརྐོས་ལ། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་དག་ནི་ཡོད་པར་བཤད། །དེ་ལས་བཟློག་པར་གྱུར་ན་ནི། །སྒྲུབ་པ་པོས་ནི་ལས་མི་བརྩམ། །བརྩམས་ན་སྡུག་བསྔལ་མྱོང་འགྱུར་ཞིང་། །ལེགས་པ་དག་ཀྱང་མི་འཐོབ་བོ། །དཀྱིལ་འཁོར་ས་ནི་གང་དག་གི། །ཉེ་འཁོར་དག་ན་ཆུ་མོད་པ། །དེ་ནི་ཤིས་ཤིང་དངོས་གྲུབ་ཐོབ། །ཆུ་དཀོན་པ་ནི་མཁས་པས་སྨད། །ཁོ་ར་ཁོར་ཡུག་སྣ་ཚོགས་ཤིང་། །མེ་ཏོག་འབྲས་བུ་ལོ་མར་ལྡན། །འོ་མ་ཅན་གྱི་ཤིང་ཡོད་པ། །དཀྱིལ་འཁོར་དག་ལ་རབ་ཏུ་ཤིས། །ཁོ་ར་ཁོར་ཡུག་ཤིང་ལྡན་པའི། །ས་གཞི་ཡོན་ཏན་ཀུན་ལྡན་ཏེ། །ཉེ་འཁོར་ན་ཡང་ཆུ་ཡོད་པ། །དཀྱིལ་འཁོར་དག་ལ་ས་དེ་ཤིས། །ཞི་བའི་ལས་ལ་ས་གཞི་ནི། །དཀར་པོ་དག་ཏུ་བརྟག་པར་བྱ། །རྒྱས་པའི་ཆེད་དུ་དམར་སེར་བྱ། །དྲག་ཤུལ་སྤྱོད་ལ་ནག་པོ་ཤིས། །གང་དུ་ཆུ་ངོགས་པདྨོ་ཡི། །མཚོ་དང་རྒྱ་མཚོ་ཉེ་འཁོར་དང་། །ཆུ་ཡི་གླིང་ནི་ཉམས་དགའ་བར། །ཞི་བའི་དཀྱིལ་འཁོར་བྲི་བར་བྱ། །མ་མོའི་གནས་དང་དུར་ཁྲོད་དང་། །དབེན་པའི་གནས་དང་ཁང་སྟོང་དང་། །ཉམས་མི་དགའ་བའི་ཡུལ་གང་ཡིན། །དེ་དག་ཏུ་ནི་མངོན་སྤྱོད་བྲི། །རི་རྩེ་དང་ནི་བ་ལང་ལྷས། །མཆོད་རྟེན་སྐུ་གཟུགས་ཁང་པ་དང་། །དེ་ལ་སོགས་པའི་ཕྱོགས་དག་ཏུ། །རྒྱས་པ་ཡི་ནི་དཀྱིལ་འཁོར་བྲི། །མཆོད་རྟེན་ཆེན་པོ་ཉམས་དགའ་དང་། །དབེན་པ་ཆེན་པོའི་གནས་དག་དང་། །རི་བོའི་རྩེ་མོ་རྒྱ་ཆེན་གྱི། །དངོས་གྲུབ་དཀྱིལ་འཁོར་བྲི་བར་བྱ། །རི་རྩེ་དག་དང་རི་བོ་དང་། །རི་ཡི་ཟོམ་དང་ཕུག་དག་ཏུ། །ལྷ་མིན་དག་ནི་འདོད་པ་ཡིས། །ས་འོག་རྡོ་རྗེ་དཀྱིལ་འཁོར་བྲི། །པདྨའི་ཁ་ནི་བྱེ་བའི་ཚལ། །ངང་སྐྱ་དག་ནི་སྒྲ་སྒྲོགས་པར། །རྒྱལ་སྲིད་འདོད་པའམ་ནོར་འདོད་པས། །དཔལ་གྱི་དཀྱིལ་འཁོར་ཐམས་ཅད་བྲི། །མ་མོའི་གནས་དང་རི་རྩེ་དང་། །ལྷ་རྣམས་ཀྱི་ནི་གནས་དག་ཏུ། །གདོན་དབབ་པ་དང་འཇོམས་བྱེད་པ། །རྡོ་རྗེ་ལྕགས་ཀྱུའི་དཀྱིལ་འཁོར་བྲི། །ལམ་གྱི་བཞི་མདོ་ཆེན་པོ་དང་། །མཆོད་རྟེན་ཕྱག་ན་རྡོ་རྗེ་ཡི། །མདུན་དུ་སྒྲུབ་པ་པོ་ཡིས་ནི། །ཁྲོ་རྒྱལ་དཀྱིལ་འཁོར་བགེགས་འཇོམས་བྲི། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི། །གནས་ནི་བཟང་པོ་གཞན་དུ་ཡང་། །མཁས་པ་ཡིས་ནི་ཁྱད་པར་དུ། །ཐམས་ཅད་བྲི་བར་བྱ་བ་ཡིན། །རབ་ཏུ་གནས་སོགས་དཀྱིལ་འཁོར་ཀུན། །མཁས་པ་ཡིས་ནི་ཁྱད་པར་དུ། །པདྨའི་མཚོ་ཡི་ཉེ་འཁོར་དུ། །ཆོ་ག་བཞིན་དུ་བྲི་བར་བྱ། །རི་ཡི་རྩེ་མོར་མཁས་པ་ཡིས། །མདོ་ལས་བྱུང་བའི་ཆོ་ག་བཞིན། །རྣམ་པར་གནོན་སོགས་དཀྱིལ་འཁོར་ཀུན། །ཁྱད་པར་དུ་ནི་བྲི་བར་བྱ། །རྣམ་པར་ངེས་པའི་གནས་འདི་ནི། །ཁྱད་པར་དུ་ནི་བསྟན་པ་ཡིན། །རབ་ཏུ་བསྒྲིམས་ཏེ་ཐམས་ཅད་ལ། །ས་ནི་རྣམ་གསུམ་ཡོངས་སུ་བརྟག །ཁྱད་པར་ཕུན་སུམ་མ་ལྡན་ན། །སྤྱི་ཡི་ལས་ཀྱིས་བྲི་བར་བྱ། །ཕུན་སུམ་ཚོགས་པར་ཀུན་བཟང་བའི། །ཚོགས་པ་དག་ནི་རྙེད་པར་དཀའ། །མདོར་ན་ས་གཞི་མཉམ་པ་དང་། །མདངས་སྣུམ་ཤར་དུ་གཞོལ་བ་བཞེད། །ཆུ་མང་ལྡན་པའི་གནས་དང་ནི། །ལྗོན་ཤིང་བཟང་པོས་བརྒྱན་པ་དང་། །བདག་གི་མིག་ཡིད་མགུ་བ་དང་། །འཚེ་མེད་ཟུག་རྔུ་སྤངས་པ་ནི། །དཀྱིལ་འཁོར་གནས་སུ་ཤིས་པ་སྟེ། །མི་ཡི་དངོས་གྲུབ་ཀུན་ཐོབ་བྱེད། །དྲང་སྲོང་གནས་དང་བ་གླང་ལྷས། །ཕུག་དང་རི་ཡི་རྩེ་མོ་དང་། །ས་གཞི་གང་ན་འཐས་པ་དང་། །ཁང་ཐོག་དང་ནི་རྡོལ་བ་དང་། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང་། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་ཞིང་བརྟག་པ་དང་། །ནན་ཏན་དུ་ནི་བྱ་མི་དགོས། །དེར་ནི་ཟུག་རྔུ་དབྱུང་མི་དགོས། །འཐས་བར་བཅག་ཀྱང་དེར་མི་དགོས། །མཐོན་དམན་ལ་སོགས་སྐྱོན་རྣམས་ཀྱང་། །དེར་ནི་དོགས་པ་བསྐྱེད་མི་དགོས། །གཉུག་མར་གནས་པའི་ས་གཞི་ལ། །བྱི་དོར་ལེགས་པར་བྱས་ནས་སུ། །ལག་པས་བྲམ་ཞིང་གསང་སྔགས་བཟླས། །དེ་ཡི་སྦྱང་བ་དེ་ཡིན་ནོ། །ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །དེང་ནི་གསང་སྔགས་ཁོ་ནས་ནི། །སྦྱངས་པ་ལེགས་པར་བྱས་པར་འགྱུར། །བརྟན་པར་འགྱུར་བའི་ལས་རྣམས་དང་། །གདོན་རྣམས་ཚར་གཅད་ལ་སོགས་དང་། །དྲག་ཤུལ་སྤྱོད་པ་དག་ལ་ཡང་། །ས་ནི་བརྟག་པར་བྱ་མི་དགོས། །དཀྱིལ་འཁོར་ས་གཞི་ཆོ་ག་ལ། །ཁྲོ་བོ་ཀཱི་ལི་ཀཱི་ལ་ཡིས། །བ་ཡི་རྣམ་ལྔ་ལ་བཟླས་པའི། །བསང་གཏོར་བྱས་ན་སྦྱངས་པར་འགྱུར། །གཞན་གྱིས་མི་ཐུབ་ལ་སོགས་པ། །རྒྱལ་བའི་གཙུག་ཏོར་ཉིད་ཀྱིས་སྦྱང་། །ཕྱག་ན་པདྨའི་དཀྱིལ་འཁོར་ཀུན། །ས་གཞི་སྦྱང་བར་བྱ་བ་ནི། །ཞི་བ་འདྲེན་པ་ཞེས་བྱ་ཡི། །དཔལ་མོས་ཆོ་ག་བཞིན་དུ་སྦྱང་། །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་རྣམས། །ཁྱད་པར་དུ་ནི་ཁྲོ་བོས་སྦྱང་། །ལས་སུ་བྱ་བ་ཐམས་ཅད་ཀྱང་། །ཆོ་ག་བཞིན་དུ་འདི་ཡིས་བྱ། །རྒྱལ་བའི་གཙུག་དང་ཞི་བའི་འདྲེན། །ཁྲོ་བོ་སྟོབས་ཆེན་ཞེས་བྱ་བ། །འདི་གསུམ་རིགས་ནི་གསུམ་ཅར་གྱིས། །ལས་རྣམས་ཀུན་ལ་སྦྱར་བྱས་ཏེ། །ས་སྦྱང་བ་དང་བསྲུང་བ་དང་། །སློབ་མ་སྟ་གོན་གནས་པ་དང་། །བགེགས་རྣམས་བསལ་དང་དྲི་དག་དང་། །མེ་ཏོག་མངོན་པར་བསྔགས་པ་དང་། །དེ་ལ་སོགས་པའི་ལས་ཀུན་ལ། །བསྒྲིམས་ཏེ་སྦྱང་བར་བྱ་བ་ཡིན། །སོ་སོའི་རྒྱུད་ལ་ལས་དང་ནི། །གསང་སྔགས་རབ་ཏུ་བསྒྲགས་པ་གང་། །སྟོན་ཟླ་འབྲིང་པོའི་ཉ་ནས་ནི། །དཔྱིད་ཟླ་ཐ་ཆུངས་ཉ་ཡི་བར། །འདི་ཡི་ནང་དུ་མཁས་པ་ཡིས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲི། །བགེགས་ཀྱི་དཀྱིལ་འཁོར་ནང་གཅད་དང་། །དེ་བཞིན་བསྒྲུབ་པའི་དཀྱིལ་འཁོར་དག །དཔྱད་མི་དགོས་པར་དབྱར་ཡང་ནི། །མཁས་པས་དུས་བཞིན་བྲི་བར་བྱ། །སློབ་མ་དབང་བསྐུར་ཆེད་དུ་ནི། །དཀྱིལ་འཁོར་ཡོངས་སུ་བསྒྲགས་གང་དང་། །གནང་བའི་དཀྱིལ་འཁོར་གང་ཡིན་དང་། །དམ་ཚིག་དཀྱིལ་འཁོར་གང་ཡིན་དང་། །འབྱོར་བའི་ཆེད་དུ་བསྒྲུབ་པ་དང་། །ཆེན་པོའི་དཀྱིལ་འཁོར་གང་ཡིན་པ། །དེ་དག་ཐམས་ཅད་མཁས་པ་ཡིས། །ཟླ་བ་བདུན་པོ་དག་ལ་བྱ། །ཡུལ་དང་དུས་དང་སློབ་མ་དང་། །བདེག་བའི་ཡོན་ཏན་ཤེས་བྱ་སྟེ། །མཁས་པས་དབྱར་ཡང་དཀྱིལ་འཁོར་གྱི། །ལས་ནི་ཆོ་ག་བཞིན་དུ་བྲི། །དྲི་དང་མེ་ཏོག་བདུག་སྤོས་དང་། །ལྷ་བཤོས་སྦྱིན་སྲེག་ལས་ཀྱི་རྣམས། །ཕོངས་པར་གྱུར་ཀྱང་མི་དབྲི་སྟེ། །ཕྲི་ན་ངེས་པར་འཆི་བར་འགྱུར། །ཚེས་གྲངས་དན་དང་དུས་མིན་དང་། །གནས་མིན་ཆོ་ག་མི་ལྡན་པར། །མཁས་པས་དཀྱིལ་འཁོར་མི་བྲིའོ། །བྲིས་ན་དོགས་པ་མེད་པར་འཆི། །མཁས་པས་ཇི་སྐད་བཤད་པ་ཡི། །ཟླ་བ་ཡར་གྱི་ངོ་དག་ལ། །ཟླ་བ་ཉ་འམ་བཅུ་གསུམ་མམ། །ཚེས་བརྒྱད་དག་གམ་བཅུ་བཞི་འམ། །ཚེས་བཅུ་དང་ནི་བཅུ་གཅིག་གམ། །ཡང་ན་ཡར་གྱི་ཚེས་གཅིག་གམ། །ཚེས་ལྔའམ་ཡང་ན་ཚེས་བདུན་ནམ། །ཡང་ན་ཚེས་གྲངས་གསུམ་ལའང་རུང་། །ཉི་མ་བཅུ་པོ་འདི་དག་ལ། །དཀྱིལ་འཁོར་རབ་ཏུ་བསྒྲིམས་ཏེ་བྲི། །མར་གྱི་ངོ་ཡི་དུས་མཚམས་ལའང། །དཀྱིལ་འཁོར་བྲི་བ་འགལ་བ་མེད། །ཚེས་ལྔའམ་ཡང་ན་ཚེས་བདུན་ནམ། །ཟླ་བ་ཉ་ལ་ཁྱད་པར་དུ། །ཕྱག་ན་པདྨའི་དཀྱིལ་འཁོར་གྱི། །ཆོ་ག་རྣམས་ནི་བྱ་བར་ཤིས། །ས་ཡི་འོག་གི་དཀྱིལ་འཁོར་དང་། །དྲག་ཤུལ་གྱི་ནི་ལས་རྣམས་དང་། །ཁྲོ་བོ་རྣམས་ཀྱི་དཀྱིལ་འཁོར་གང་། །དེ་དག་མར་ངོ་ལ་ཡང་བྲི། །ཟླ་བ་ཉ་ལ་ཁྱད་པར་དུ། །རྒྱལ་བའི་དཀྱིལ་འཁོར་བྲི་བར་ཤིས། །དཔྱིད་ཟླ་འབྲིང་དང་ཐ་ཆུང་ལ། །མཁས་པས་དཀྱིལ་འཁོར་ཆེན་པོ་བྲི། །གང་ཚེ་ཡོ་བྱད་ལྡན་པ་དང་། །གང་ཚེ་དད་པ་བདོ་བ་དང་། །གང་ཚེ་ལས་ལ་བརྩོན་གྱུར་པ། །དེ་ཡི་ཚེ་ཡང་དཀྱིལ་འཁོར་བྲི། །གང་ཚེ་འཚོ་བ་ཀུན་མོད་ཅིང་། །མེ་ཏོག་མོང་པ་ལ་སོགས་པ། །ཕུན་སུམ་ཚོགས་པའི་དུས་ཤེས་པའི། །དེ་ཡི་ཚེ་ཡང་དཀྱིལ་འཁོར་བྲི། །གང་ཚེ་སློབ་མའི་བསྙེན་བཀུར་གྱིས། །བླ་མ་དག་ནི་མགུ་གྱུར་པ། །དེ་ཚེ་དེ་ལ་གནང་བས་ན། །དབང་བསྐུར་ཆེད་དུ་དཀྱིལ་འཁོར་བྲི། །ཉི་མ་ཟླ་བ་གཟས་ཟིན་དང་། །ཡ་མཚན་ཆེ་ལྟས་བྱུང་བ་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྒྲིམས་ཏེ་དཀྱིལ་འཁོར་བྲི་བར་བྱ། །སྔ་དྲོ་རྒྱས་པ་བསྐྱེད་པ་སྟེ། །ཉི་མ་གུང་ལ་དྲག་ཤུལ་སྤྱད། །དགོངས་ཀར་ཞི་བ་བློ་ཅན་གྱིས། །ཆོ་ག་བཞིན་དུ་དཀྱིལ་འཁོར་བྲི། །དཀྱིལ་འཁོར་དག་ནི་མ་ལུས་པ། །ཉི་མ་ཙེར་ཙེས་ནུབ་ནས་བརྩམ། །ཉི་མ་ཤར་བར་མ་གྱུར་པར། །མཆོད་ནས་གཤེགས་སུ་གསོལ་བར་ཤིས། །ཁྱད་པར་ཅན་གྱི་ཆོ་ག་ནི། །ལྷ་དུས་བྱ་བ་དུས་བཞིན་བཤད། །གཞན་དུ་ཆོ་ག་ཉམས་པའི་ཕྱིར། །དངོས་གྲུབ་འབྱུང་བར་མི་འགྱུར་རོ། །སྤྱི་ཡི་དཀྱིལ་འཁོར་བློ་ལྡན་པས། །ནམ་ཡང་ཉིན་པར་མི་བྲིའོ། །ཉིན་པར་བྲིས་ན་དེ་དག་ཏུ། །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །དགོངས་མགོ་བཙུགས་ནས་ནམ་ཕྱེད་ན། །དྲག་ཤུལ་སྤྱོད་པར་གྱུར་པ་ཡིན། །མཚན་མོ་དུས་ལས་འདས་པས་ན། །ཉེས་པ་མང་པོ་འབྱུང་བར་འགྱུར། །མཚན་མོ་རབ་ཏུ་ཞི་བའི་ཕྱིར། །སྤྱིར་ན་འདོད་པར་བྱ་བ་ཡིན། །དམ་ཚིག་དག་ལ་སོགས་པའི་ལས། །དེ་ལྟ་བས་ན་མཚན་མོ་བརྩམ། །ཉི་མ་ནུབ་ན་ལྷ་རྣམས་ནི། །ངེས་པར་བྱིན་གྱི་རླབས་ཀྱིས་འདུ། །གཞན་དག་ཀྱང་ནི་ཁྱད་པར་དུ། །བྱིན་གྱིས་རློབ་པར་བྱེད་པར་འགྱུར། །ཆོ་གས་སྤྱན་དྲངས་གསང་སྔགས་དང་། །ལྷ་ཡང་ཉི་མ་ནུབ་པ་ན། །ཕན་པར་བཞེད་པས་དཀྱིལ་འཁོར་དུ། །ངེས་པར་བྱིན་གྱིས་རློབ་པར་མཛད། །ཡང་དག་ཞི་བའི་སེམས་ཀྱིས་ནི། །དུས་དང་ཚེས་གྲངས་ཞི་བ་ལ། །སྔགས་ཀྱིས་སྤྱན་འདྲེན་བྱེད་པ་ནི། །བསམས་པའི་དངོས་གྲུབ་ཐོབ་པར་འགྱུར། །ཕུར་བུ་དང་ནི་ཟླ་བ་དང་། །པ་བ་སངས་དང་ཉི་མ་བཟང་། །གཞན་ལ་རབ་ཏུ་དྲག་པོ་ཡི། །ལས་ནི་ཀུན་དུ་བརྩམ་པར་བྱ། །རྒྱལ་དང་སྐག་དང་ས་ག་དང་། །མེ་བཞི་ནག་པ་ཐ་སྐར་དང་། །སྣྲོན་ལ་སོགས་གསུམ་ས་ག་ནི། །དཀྱིལ་འཁོར་དག་ལ་རབ་ཏུ་ཤིས། །དེ་ལ་སོགས་པའི་ཞི་བ་དང་། །རྒྱུ་སྐར་དག་ནི་བཟང་པོ་ལ། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །དྲག་པོ་ལ་ནི་དྲག་པོ་བྲི། །འབེབས་ལྡན་རྣམ་རྒྱལ་རྒྱལ་བྱེད་དང་། །གསལ་དང་དམར་ལྡན་ནོར་ཙན་དང་། །བཟང་མོ་ཆུ་ལྷ་ཚངས་མ་དང་། །དེས་དང་བཀྲ་ཤིས་ཁྱབ་འཇུག་དང་། །སྐྱེ་དགུའི་བདག་དང་ཐ་སྐར་བྱམས། །ཚིག་བཟང་པ་བ་སངས་པའོ། །ཡུད་ཙམ་རྣམས་ཀྱི་རྒྱུད་ཀུན་གྱི། །བྱ་བའི་ཆོ་ག་རྣམས་ལས་ཤིས། །དེ་དག་ལ་སོགས་བཟང་པོ་དང་། །བྱེད་པ་བཟང་ལ་རྟག་ཏུ་བྲི། །མི་བཟང་བ་ལ་བརྩམས་པའི་ལས། །གང་དུ་ཅི་ཡང་མི་འགྲུབ་བོ། །དེ་ལྟ་བས་ན་ཡུད་ཙམ་དང་། །ཚེས་གྲངས་རྒྱུ་སྐར་བྱེད་པ་དང་། །རྨི་ལམ་བཟང་པོ་བརྟག་པར་བྱ། །བཟང་པོ་དག་ལ་ལས་བརྩམ་སྟེ། །བཟང་པོ་མིན་ལ་བརྩམ་མི་བྱ། །བཟང་པོ་མིན་པའི་ལས་རྣམས་ཀྱང་། །བཟང་པོ་ཉིད་ལ་བརྩམ་པར་བྱ། །ལྟས་ནི་བཟང་དང་མི་བཟང་བས། །གྲུབ་པ་དང་ནི་མི་གྲུབ་སྟོན། །དེ་ལྟ་བས་ན་བརྩམས་པ་ལ། །མཚན་མ་རབ་ཏུ་འབད་དེ་བརྟག །དེ་ནས་གཞན་ཡང་ས་དག་ནི། །སྦྱང་བར་བྱ་བར་རབ་ཏུ་བཤད། །ཞག་བདུན་གྱི་ནི་ནང་ལོགས་སུ། །ཇི་ལྟར་རིགས་པས་བསྲུང་བྱས་ཏེ། །འཇོར་གྱིས་ས་ནི་བཟློག་བྱས་ཤིང་། །དེ་ནས་ཟུག་རྔུ་དབྱུང་བར་བྱ། །ཟུག་རྔུ་བཅས་པའི་ས་གཞི་ནི། །ལས་བྱས་པ་དག་འགྲུབ་མི་འགྱུར། །ཟུག་རྔུ་ཉེས་པ་རུས་པ་དང་། །གྱོ་མོ་དང་ནི་ཐལ་བ་དང་། །སྡོང་དུམ་དང་ནི་ཚེར་མ་དག །རབ་ཏུ་བསྒྲེམས་ཏེ་མ་ལུས་དབྱུང་། །དེ་ནས་ཐོ་བས་བོང་བ་དང་། །བཀྲུམ་ནས་ཞིབ་མོར་བྱས་ཏེ་བཅག །དེ་ནས་བ་ཡི་གཅིན་གྱིས་ནི། །ཡང་ནས་ཡང་དུ་གདབ་བྱ་ཞིང་། །ལག་མཐིལ་ལྟ་བུར་མཉམ་བྱས་ཤིང་། །བ་ཡི་ལྕི་བ་ཆུར་སྦྱངས་ནས། །ཤར་ཕྱོགས་ནས་ནི་མགོ་བཙུགས་ཏེ། །བློ་དང་ལྡན་པས་ལེགས་པར་བྱུག །དེ་ནས་དེ་ཡི་དབུས་སུ་ནི། །ཁུང་བུ་ཅུང་ཞིག་བརྐོས་ནས་དེར། །འབྲུ་རྣམས་དང་ནི་རིན་ཆེན་ཀུན། །སྔགས་ཀྱིས་བཏབ་སྟེ་གཞུག་པར་བྱ། །དེ་ལྟར་སྦྱངས་ཤིང་དབྱིག་དག་གི། །དབྱིག་དང་ལྡན་པར་བྱས་ནས་ནི། །བློ་དང་ལྡན་པས་ཅི་རིགས་པར། །ས་གཞི་ཡོངས་སུ་གཟུང་བྱ་བ། །ཡང་དག་བསྣམས་པས་ཞག་གསུམ་ན། །ལས་ཀུན་བྱེད་པའི་གསང་སྔགས་དང་། །གང་གི་དཀྱིལ་འཁོར་གང་ཡིན་པ། །དེ་དག་གིས་ནི་ཡོངས་གཟུང་བྱ། །གཅིག་གིས་དྲི་ཡི་ཆུ་ཡིས་ནི། །དངོས་སུ་བསང་གཏོར་བྱ་བ་སྟེ། །ཅིག་ཤོས་ཀྱི་ནི་ལག་པ་ཡིས། །ས་ལ་བྲམ་སྟེ་མངོན་པར་བསྔགས། །བློ་ཡིས་ཡོངས་སུ་གཟུང་བྱས་ན། །གནས་ནི་ཡོངས་སུ་བཟུང་བ་ཡིན། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །དེ་ནས་སློབ་མ་ཡོངས་སུ་གཟུང་། །བུ་མོ་གཞོན་ནུས་བཀལ་བའི་སྐུད། །བླངས་ནས་བཞི་བཅུ་རྩ་དགུ་བཟླས། །སློབ་མ་རྣམས་ནི་བློས་བསམས་ནས། །མཉམ་པར་གཞག་སྟེ་མདུད་པ་བོར། །དེ་ནས་སློབ་མས་ཡོངས་བཟུང་ནས། །ལས་ལ་བགེགས་ནི་མེད་པར་འགྱུར། །སང་ནི་དཀྱིལ་འཁོར་བྲི་བའི་ཚེ། །དོ་ནུབ་ལྟ་བུ་ལྟ་གོན་གནས། །ཐོག་མ་ཉི་མ་ཤར་བའི་ཚེ། །ས་ཕྱོགས་ཀྱི་ནི་ཆ་དག་བརྟག །དེ་ནས་དཀྱིལ་འཁོར་དགོད་པ་དག །ཡིད་ཀྱིས་ལེགས་པར་ཡོངས་སུ་བརྟག །སྔགས་རྒྱུད་དག་ལས་འབྱུང་བའི་ཟས། །བཟང་ལ་གཙང་ཞིང་སྣུམ་བག་ཅན། །རྗེས་སུ་མཐུན་ཞིང་ཡིད་འོང་བ། །སློབ་མར་བཅས་པས་རན་པར་བཟའ། །ད་ནས་ནུབ་ཀར་ཁྲུས་བྱས་ཤིང་། །གཙང་ལ་གོས་ནི་དཀར་པོ་བགོས། །བླ་མ་སློབ་མ་དང་བཅས་པར། །དཀྱིལ་འཁོར་དྲུང་དུ་དོང་བར་བྱ། །དཀྱིལ་འཁོར་བྲི་བའི་ས་གཞི་ནི། །བྱི་དོར་ལེགས་བྱས་ལེགས་བྱུགས་ལ། །ཁྲོ་བོ་ཆེན་པོ་བཟླས་པ་ཡི། །སྤོས་ཆུས་བསང་གཏོར་བྱས་པ་ལ། །དབུས་སུ་ལྟ་གོན་གནས་པ་དག །རིགས་རྣམས་ཀྱི་ནི་སྙིང་པོ་བཟླས། །དཀྱིལ་འཁོར་བདག་པོའི་གསང་སྔགས་ཀྱིས། །ལས་རྣམས་ཐམས་ཅད་བྱ་བ་བཤད། །ས་གཞི་སྟེང་དུ་བྱུག་སྤོས་ཀྱིས། །དཀྱིལ་འཁོར་སོར་གྲངས་བཅུ་གཉིས་བྱ། །དཀྱིལ་འཁོར་གྱི་ནི་རིག་སྔགས་ཀྱིས། །ལག་པས་བྲམ་ཞིང་ལན་བདུན་བཟླས། །དེ་ནས་གཙོ་བོ་ལྷ་རྣམས་ཀྱི། །མིང་གིས་ཡིད་ལ་བསམས་ནས་སུ། །བྱུག་སྤོས་མེ་ཏོག་ལ་སོགས་པས། །སྙིང་པོས་ཅི་རིགས་མཆོད་པར་བྱ། །ལྷ་བཤོས་དག་ཀྱང་དབུལ་བར་བྱ། །བདུག་སྤོས་མངོན་པར་བསྔགས་པའང་དབུལ། །དེ་ནས་ཙནྡན་སྦྱར་བ་ཡི། །ཆུ་ལ་མངོན་པར་བསྔགས་བྱ་ཞིང་། །དེ་ལ་མེ་ཏོག་གིས་གཏོར་ནས། །ཆོ་ག་བཞིན་དུ་བདུག་པས་བདུག །སོ་ཤིང་ཨུ་དུམ་བཱ་ར་འམ། །ཨ་ཤྭཏྠ་ནི་རྨ་མེན་པ། །ཧ་ཅང་མི་སྦོམ་མི་ཕྲ་བའི། །སོར་གྲངས་བཅུ་གཉིས་ཚད་དུ་བྱ། །སྤོས་ཀྱི་ཆུས་ནི་ལེགས་པར་བཀྲུས། །སྐུད་པ་དག་གིས་རྣམ་པར་དཀྲིས། །སྤོས་ཀྱིས་བྱུགས་ཤིང་བདུག་པས་བདུག །ལག་པས་བྲམ་ཞིང་རིགས་ཀྱི་ནི། །སྙིང་པོ་ལན་གྲངས་མང་པོ་འམ། །ཡང་ན་ལན་བདུན་བཟླས་བརྗོད་བྱ། །སློབ་མ་རྣམས་ཀྱི་གྲངས་ལས་ནི། །སོ་ཤིང་ལ་སོགས་གསོག་པར་བྱ། །སོ་ཤིང་མགོ་ཞབས་བསྙམས་བྱས་ལ། །ཐོར་ཏོ་གཅིག་ནི་མགོར་བྱས་ནས། །རྩེ་མོ་ནས་ནི་བཅའ་བར་བྱ། །དེ་ནས་མཁས་པས་གནས་དང་ནི། །བདག་དང་སློབ་མ་བརྟན་བསྲུངས་ནས། །ལྷ་རྣམས་ཐམས་ཅད་ལེགས་མཆོད་དེ། །དང་པོར་བགེགས་ནི་ཞི་བའི་ཕྱིར། །མར་ལས་བཏགས་པའི་ཡམ་ཤིང་དང་། །མར་དང་སྦྱར་བའི་ཏིལ་དག་དང་། །མར་གྱི་སྲེག་བླུག་སྦྱིན་སྲེག་བྱ། །འབྲས་ཆན་ཞོར་སྦྱར་སྦྱིན་སྲེག་བྱ། །དེ་ཡི་འོག་ཏུ་སྙིང་པོ་སྟེ། །དེ་ནས་ཞི་བའི་སྦྱིན་སྲེག་ནི། །ཞི་བའི་རིག་སྔགས་ཉིད་ཀྱིས་བྱ། །དེ་ནས་སློབ་མ་ལེགས་བརྟགས་ཏེ། །སྟ་གོན་གནས་པ་ཚུལ་བཞིན་བྱ། །སློབ་མ་རིགས་བཙུན་གཙང་སྦྲ་ཅན། །སྙིང་སྟོབས་ཆེ་ཞིང་ཆོས་ལྷུར་ལེན། །དད་པ་ཆེ་ཞིང་བཟོད་དང་ལྡན། །དྲན་དང་ལྡན་ཞིང་མཁས་པ་སྟེ། །དྲང་རྐན་ཆེ་ལ་མདོངས་གསོལ་ཅན། །བརྟན་ཞིང་དུལ་ལ་སྙན་པ་སྨྲ། །སྨྲ་མཁས་པ་ལ་ཟློ་བསྐྱེལ་ཅན། །ཡང་དག་ཤེས་ཞིང་བྱས་པ་བཟོ། །བློ་དང་ལྡན་ཞིང་སྤོབས་པ་ཆེ། །ཆེན་པོར་འདོད་ཅིང་ང་རྒྱལ་མེད། །མདོག་དང་གཟུགས་དང་ན་ཚོད་བཟང་། །བསྟན་བཅོས་དག་ལ་གོམས་པར་བྱས། །ཧ་ཅང་མི་རིང་མི་ཐུང་ལ། །དེ་ལ་སོགས་པའི་ཡོན་ཏན་དང་། །ལྡན་པའི་བློ་ཅན་སློབ་མར་ཤིས། །རང་བཞིན་ངན་གཏུམ་གཡོན་ཅན་དང་། །སྙིང་རྗེ་མེད་ཅིང་ངན་པས་འཚོ། །ཡན་ལག་ཉམས་དང་ཡན་ལག་ལྷག །ཧ་ཅང་སྦོམ་དང་སྐེམ་དང་སྔར། །མིག་དམར་གདོང་ནི་ཁྲོ་གཉེར་ཅན། །ཁ་དོག་འབྱེས་ཤིང་ཡན་ལག་རྣམས། །མཚན་དང་ལྡན་པ་མ་ཡིན་དང་། །དེ་འདྲའི་སློབ་མ་སྐྱོན་མང་བ། །སློབ་དཔོན་གྱིས་ནི་སྤང་བར་བྱ། །ཤ་ཚུགས་མ་ལེགས་ཡོན་ཏན་མེད། །རིགས་དམན་ཞིང་ནི་ངན་པས་འཚོ། །ནད་བུ་ཅན་དང་དད་མེད་པའི། །སློབ་མ་རྣམས་ནི་ཡོངས་སུ་སྤང་། །བདག་ཉིད་ངན་པའི་མི་གང་དག །སྨད་འཚོང་མ་ལ་རབ་གདུང་ཞིང་། །ཆང་དད་ཅན་དང་རྒྱན་ལ་སྲེད། །དེ་དག་རྟག་ཏུ་ཡོངས་སུ་སྤང་། །དཀོན་མཆོག་གསུམ་ལ་སེམས་དད་ཅིང་། །ཚུལ་ཁྲིམས་ཀྱི་ནི་སྡོམ་པས་བསྡམས། །ཐེག་པ་ཆེ་ལ་ལྷག་མོས་པའི། །སློབ་མ་ཡོངས་སུ་གཟུང་བར་ཤིས། །སློབ་མ་ཡན་ལག་མ་ཉམས་དང་། །ལྷག་པར་ཡོན་ཏན་ལྡན་པ་དང་། །ནད་མེད་རིགས་ནི་བཙུན་པ་དང་། །དད་ཅིང་བརྟུལ་ཞུགས་བརྟན་པར་དཀོན། །དཀོན་མཆོག་གསུམ་ལ་གང་དད་ཅིང་། །ཐེག་པ་ཆེན་པོའི་ལུགས་ལ་དགའ། །བསོད་ནམས་འདོད་པའི་སེམས་ཅན་ནི། །ཆེན་པོ་དེ་དག་མདོར་གཟུང་ངོ་། །བདེར་གཤེགས་གསང་སྔགས་བསྒྲུབ་པ་ལ། །དོན་གཉེར་བརྩོན་པའི་སློབ་མ་ནི། །གཟུགས་ངན་ཡོན་ཏན་མི་ལྡན་ཡང་། །བློ་དང་ལྡན་པས་གཞུག་པར་བྱ། །དཀྱིལ་འཁོར་ཆོ་ག་འཁོར་བཞི་པོ། །ཐེག་པ་ཆེ་ལ་དགའ་བའི་བདག །རང་གི་བསླབ་པ་ལ་བརྩོན་པ། །ཀུན་གྱི་ཆོ་ག་ཡིན་པར་བཤད། །ཁ་ཅིག་གསང་སྔགས་བསྒྲུབ་བྱའི་ཕྱིར། །དེ་ལས་གཞན་པ་བསོད་ནམས་འདོད། །གཞན་དག་འཇིག་རྟེན་ཕ་རོལ་དོན། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །འཇིག་རྟེན་ཕ་རོལ་ཆེད་དུ་ནི། །དད་པ་ཆེན་པོ་བསྐྱེད་བྱས་ནས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །འཇིག་རྟེན་ཕ་རོལ་དོན་དུ་ནི། །སྐྱེས་བུ་ཚེ་འདི་འབྲས་རྒྱས་པ། །དེ་ལྟར་ཚེ་འདི་འདོད་པ་ཡི། །འཇིག་རྟེན་ཕ་རོལ་རྒྱས་མི་འགྱུར། །མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། །ཉི་ཤུ་དག་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་གཟུང་། །དེ་ལས་ལྷག་པའི་སློབ་མ་དག །ཡོངས་སུ་གཟུང་བར་མི་ཤེས་སོ། །མདོར་ན་སློབ་མ་ཕན་ཚུན་དུ། །ནང་མི་གཤིན་པ་མི་བཟུང་ངོ་། །གཅིག་ལ་གཅིག་ནི་སེམས་གཟུང་ཞིང་། །ཞི་དུལ་བླ་མ་ལ་ཕན་པ། །འཕགས་པའི་ཡུལ་དང་རིགས་སྐྱེས་པའི། །སློབ་མ་མདོར་ན་གཟུང་བར་བྱ། །དེ་དག་བསྲེག་པར་བྱ་བ་ཡིས། །ཟས་ནི་ཟ་གཅིག་བཟའ་བར་བྱ། །དེ་ཡི་ནུབ་མོ་ཅི་ནུས་པར། །དེ་བཞིན་སྡོམ་པ་འཛིན་དུ་གཞུག །གཙང་མ་གོས་དཀར་བགོས་པ་ཡི། །སློབ་མ་དེ་ལྟ་བུ་དག་གི། །ཤར་ཕྱོགས་ཁ་བལྟས་འཁོད་པ་ལ། །སྟ་གོན་གནས་པ་བརྩམ་པར་བྱ། །དང་པོ་གསུམ་ལ་སྐྱབས་སུ་བཏང་། །དེ་ནས་བླ་མས་བྱང་ཆུབ་སེམས། །མ་བསྐྱེད་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་དག་ཀྱང་དྲན་པར་བྱ། །དེ་ནས་ཁྲོ་བོ་བཟླས་པ་ཡིས། །སྤོས་ཆུ་མགོ་ལ་གཏོར་བྱ་ཞིང་། །མགོ་ལ་བྲམས་ཏེ་མཉམ་བཞག་ནས། །ལན་བདུན་དུ་ཡང་བཟླས་བརྗོད་བྱ། །བྱུག་སྤོས་དག་གིས་བསྐུས་པ་ཡི། །ལག་པས་མགོ་ལ་བཞག་བཞིན་དུ། །མཁས་པས་རིག་པའི་རྒྱལ་པོ་ཡི། །སྙིང་པོ་ཡང་ནི་ལན་བདུན་བཟླས། །རྒྱལ་བའི་རིགས་ལ་རིག་སྔགས་རྒྱལ། །འཁོར་ལོས་སྒྱུར་བའི་ཡི་གེ་གཅིག །པདྨའི་རིགས་ལ་རིག་སྔགས་རྒྱལ། །རྟ་མགྲིན་ཡི་གེ་བཅུ་པའོ། །རྡོ་རྗེ་རིགས་ལ་རིག་སྔགས་རྒྱལ། །དེ་བཞིན་གནོད་མཛེས་མཐུ་བོ་ཆེ། །ཡི་གེ་ཧཱུྃ་ནི་བཞི་དང་ལྡན། །ལས་རྣམས་ཀུན་ལ་རབ་ཏུ་དྲག །ཁྲོ་བོ་བདུད་རྩི་ཐབ་སྦྱོར་ནི། །རིགས་གསུམ་དག་གི་སྤྱི་ལ་ཡང་། །བགེགས་རྣམས་ཐམས་ཅད་གཞོམ་པའི་ཕྱིར། །གསང་བ་པ་ཡི་བདག་པོས་བཤད། །དེ་ནས་ལས་ཀུན་བྱེད་པ་ཡི། །སྔགས་ཀྱིས་སྤྱི་བོར་བྲམ་ཞིང་བཟླས། །དེ་ཉིད་ཀྱིས་ནི་བསང་གཏོར་བྱ། །བདུག་སྤོས་དག་གིས་རབ་ཏུ་བདུག །དབང་བསྐུར་བ་ཡི་བུམ་པ་ནི། །འབྲུ་ལ་སོགས་པ་ཀུན་ལྡན་པ། །ཆུ་ནི་ཅུང་ཟད་བླུགས་ནས་སུ། །རིག་པའི་རྒྱལ་པོས་མངོན་སྔགས་ཏེ། །སྤོས་ཆུའི་མཆོད་ཡོན་ཕུལ་ནས་ནི། །ཆོ་ག་བཞིན་དུ་སྟ་གོན་བྱ། །མེ་ཏོག་དག་ཀྱང་བླུགས་ནས་སུ། །བདུག་སྤོས་དག་གིས་བདུག་པར་བྱ། །ཕྱི་དེ་ཉིན་པར་དུས་གསུམ་དུ། །མཁས་པས་བཟླས་བརྗོད་ལེགས་པར་བྱ། །དཀྱིལ་འཁོར་དུ་ཡང་བཟླས་ནས་ནི། །དེ་ཡིས་མངོན་པར་དབང་བསྐུར་རོ། །སློབ་མ་མཐུན་པར་ཚོགས་པ་རྣམས། །བྱང་གི་ཕྱོགས་སུ་ཁ་བལྟས་ཤིང་། །ཐལ་མོ་སྦྱར་ཏེ་འཁོད་པ་ལ། །སོ་ཤིང་གོ་རིམས་བཞིན་དུ་སྦྱིན། །སློབ་མ་ཤར་དུ་ཁ་བལྟས་ཏེ། །མི་སྨྲ་བར་ནི་སོ་ཤིང་བཅའ། །བཅའ་བ་ཟིན་ནས་མི་དགོས་ཤིང་། །ཕན་ཚུན་དུ་ཡང་མི་དོར་རོ། །སོ་ཤིང་མདུན་དུ་དྲང་པོར་དོར། །དེ་ཚེ་མདུན་དུ་ལྟ་བ་དང་། །དེ་ཚེ་གྱེན་དུ་འགྲེང་འགྱུར་ན། །དེ་ནི་དངོས་གྲུབ་མཆོག་ཅེས་བྱ། །དེ་བཞིན་ཤར་དུ་ཁ་བལྟས་ན། །དེ་ནི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ། །སོ་ཤིང་བོར་བ་བརྒྱ་ལམ་ན། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི། །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །སློབ་མ་ཉེ་རེག་བྱས་ནས་ནི། །སྔ་མ་བཞིན་དུ་འཁོད་པ་ལ། །རེ་རེ་ལ་ཡང་བཏུད་པའི་ཕྱིར། །བླ་མས་ལས་ཀུན་བྱེད་པ་ཡི། །གསང་སྔགས་དག་གི་སྤོས་ཀྱི་ཆུས། ཁྱོར་བར་བླུགས་པས་ལན་བདུན་བླུད། །དེར་ནི་འཐུངས་ཏེ་ལངས་ནས་སུ། །ཕྱི་རོལ་དུ་ནི་ཁ་བཀྲུ་བྱ། །དེ་ནས་མཆོད་པ་ཡང་བྱས་ནས། །བདུག་སྤོས་ལག་ཏུ་ཐོགས་ནས་སུ། །བློ་གྲོས་ཅན་གྱིས་ལྷ་རྣམས་ལ། །གུས་པར་གསོལ་བ་གདབ་པར་བྱ། །གང་གི་དཀྱིལ་འཁོར་ཡིན་པའི་སྔགས། །དེ་ལ་ཐོག་མར་གདས་པར་གསོལ། །གོ་རིམས་དེ་ཡི་ཚུལ་གྱིས་ནི། །ལྷ་རྣམས་ཀུན་ལ་གདས་པར་གསོལ། །འདི་ཞེས་བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འདྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པ་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་གི་དཀྱིལ་འཁོར་བཟང་པོའི་མིང་། །འདི་ཞེས་བགྱི་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་འདྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་ལན་གསུམ་སྨྲས་ནས་ནི། །བསམ་པ་དག་པས་ཕྱག་བྱས་ཏེ། །བསྟོད་པའི་ཚིག་ཀྱང་བརྗོད་ནས་སུ ། །དེ་ནས་སླར་ཡང་གཤེགས་སུ་གསོལ། །འདོད་ཆགས་བྲལ་དང་ལྡན་པའི་ཆོས། །སློབ་མ་རྣམས་ལ་བཤད་ནས་ནི། །ཀུ་ཤ་བཏིང་བའི་ས་གཞི་ལ། །ཤར་ཕྱོགས་སྔས་ལྟས་ཉལ་དུ་གཞུག །དེ་ནས་ནང་པར་ནམ་ལངས་ནས། །རྨི་ལམ་ཅི་མཐོང་དྲི་བར་བྱ། །ཐོས་ནས་བཟང་དམ་མི་བཟང་བ། །ཐེ་ཚོམ་མེད་པར་བཤད་པར་བྱ། །རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པ་རྩོམ་པ་དང་། །དགེ་སློང་དག་ལ་ཆོས་ཉན་ཏམ ། །ཡང་ན་གཞན་ལ་ཉན་ཀྱང་རུང་། །ཆོས་ནི་རྣམ་པར་སྤྱོད་པ་དང་། །དེ་བཞིན་གླེགས་བམ་ཀློག་པ་དང་། །རྨི་ལམ་དགེ་འདུན་མཐོང་བ་དང་། །ཡང་ན་དགེ་སློང་གཅིག་པོ་མཐོང་། །དེ་དང་འགྲོགས་ཤིང་གཏམ་ཟེར་དང་། །ཡང་ན་དགེ་སློང་དངོས་པོར་གྱུར། །གཙུག་ལག་ཁང་དག་མཐོང་བ་དང་། །དེ་བཞིན་དགེ་སློང་མ་དག་མཐོང་། །རྒྱལ་བའི་སྲས་དག་མཐོང་བ་དང་། །དེ་བཞིན་ཕ་མ་བླ་མ་དང་། །མཛའ་བོ་རྣམ་པ་སྣ་ཚོགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །རིག་སྔགས་དང་ནི་དངོས་གྲུབ་ཐོབ། །དེ་བཞིན་བསླབ་པ་འཛིན་པ་དང་། །ཀུན་དགའ་རྣམ་པ་སྣ་ཚོགས་དང་། །འབབ་ཆུ་རྣམས་དང་རྒྱ་མཚོ་དང་། །རི་དང་གླང་པོ་ཆེ་དག་ཀྱང་། །མཐོང་ན་ཡང་ནི་བཟང་བར་བསྒྲགས། །རྒྱལ་པོ་དག་ནི་མཐོང་ན་ཤིས། །བདེར་གཤེགས་སྤྱོད་པ་མཐུན་པ་ཡི། །དཀའ་ཐུབ་ཅན་དང་བྲམ་ཟེ་དང་། །ཕྱུག་པོ་སྐྱེས་བུ་དན་པ་དང་། །བ་དང་རྟ་དང་ངང་བ་དང་། །སེང་གེ་དང་ནི་རི་དྭགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །བཀྲ་ཤིས་པ་ཡི་བྱ་རྣམས་དང་། །གསེར་དག་དང་ནི་གཏེར་རྣམས་དང་། །རིན་པོ་ཆེ་དང་དངུལ་དག་དང་། །ནོར་ནི་རྣམ་པ་སྣ་ཚོགས་དང་། །མདོར་ན་འབྱུང་ཁུངས་རྣམ་པ་ཚོགས། །མཚོན་ཆ་རྣམས་དང་འབྲུ་རྣམས་དང་། །འབྲས་བུ་རྣམས་དང་མེ་ཏོག་དང་། །རྒྱན་ནི་རྣམ་པ་སྣ་ཚོགས་དང་། །ཁ་ཟས་དང་ནི་གོས་རྣམས་དང་། །བྱིས་པ་དང་ནི་གཞོན་ནུ་དང་། །བུད་མེད་གཟུགས་ནི་བཟང་མོ་དག །རྨི་ལམ་དུ་ནི་མཐོང་ན་བཟང་། །ཡང་ན་ཐོབ་ཅིང་རེག་སྨྲ་དང་། །རྨི་ལམ་དུ་ནི་དབང་བསྐུར་དང་། །རྒྱལ་པོར་གྱུར་པའི་འབྱོར་པ་དང་། །དམག་དཔོན་དུ་ནི་གྱུར་པ་དང་། །གཡུལ་ལས་རྒྱལ་དང་དགྲ་གསོད་དང་། །གཉེན་དང་ལྷན་ཅིག་འགྲོགས་པ་དང་། །ལྷ་རྣམས་དག་ནི་མཐོང་བ་དང་། །ཐེག་པ་དང་ནི་ཤིང་རྟ་ཞོན། །དེ་བཞིན་རི་དང་ཁང་ཐོག་འཛེག །ངོ་མཚར་རྣམ་པ་སྣ་ཚོགས་དང་། །རྨི་ལམ་དུ་ནི་མཐོང་ན་དགེ། །ཡམ་ཤིང་མ་ལ་སྦྱིན་སྲེག་བྱེད། །བྱ་བ་བཟང་པོ་དག་ལ་འཇུག །ཆུ་ལས་རྐྱལ་ཏེ་རོང་ལས་རྒལ། །རྐུན་པོ་དག་ནི་ཚར་གཅོད་པ། །སྟོབས་འགྱེད་པ་ལས་རྒྱལ་བ་དང་། །གྱད་སྟོབས་རྡེབ་ཅིང་འགྱིད་པ་དང་། །རྩེད་མོ་སྣ་ཚོགས་རྨི་བ་དང་། །དེ་བཞིན་རྩལ་སྤུངས་བྱེད་པ་དང་། །བཀྲ་ཤིས་དག་ནི་ཐམས་ཅད་ཀྱང་། །མཐོང་ན་རབ་ཏུ་དགེ་བར་བཤད། །གསང་སྔགས་ཆོ་ག་ཉན་པ་དང་། །དགའ་སྟོན་དགེ་བ་མཐོང་བ་དང་། །བསྒྲུབ་པ་བཟང་པོ་རྩོམ་པ་དང་། །སྒྲུབ་པ་པོ་དག་མཐོང་བ་དང་། །དེ་ལ་སོགས་པའི་ལྷ་རྣམས་ནི། །དགེ་བ་རྣམ་པ་དུ་མ་དག །བློ་ཡིས་རྣམ་པར་དཔྱད་བྱ་ཞིང་། །དེ་ལས་བཟློག་པ་སྤང་བར་བྱའོ། །དགེ་བ་རྣམས་ནི་འགྲུབ་པར་འགྱུར། །མི་དགེ་རྣམས་ནི་མི་འགྲུབ་བོ། །མི་དགེ་བ་དག་ཤེས་ནས་སུ། །དེ་དག་མཁས་པས་སྤང་བར་བྱ། །དགེ་བ་ཡི་ནི་ལྟས་རྣམས་ནི། །རབ་དང་འབྲིང་དང་ཐ་མ་ལས། །གསང་སྔགས་དངོས་གྲུབ་རྣམ་གསུམ་པོ། །རབ་དང་འབྲིང་དང་ཐ་མ་འགྲུབ། །མི་དགེ་བ་ལ་ཞི་བ་ཡི། །སྦྱིན་སྲེག་ཞི་བའི་གསང་སྔགས་ཀྱིས། །བ་ཡི་མར་ལ་བརྒྱ་རྩ་བརྒྱད། །ཆོ་ག་བཞིན་དུ་ཞི་བར་བྱ། །དེ་ནས་སློབ་མ་སྡིག་བྲལ་ཞིང་། །རྣམ་པར་དག་པ་དེ་དག་ལ། །རྗེས་སུ་བརྩེ་བར་བྱ་བའི་ཕྱིར། །ཅི་འདོད་པར་ནི་གཟུང་བར་བྱ། །དཀྱིལ་འཁོར་གྱི་ནི་གསང་སྔགས་ཀུན། །ནང་པར་རྗེས་སུ་དྲན་བྱས་ནས། །གོས་དཀར་བགོས་ཤིང་མ་ཡེངས་པར། །དཀྱིལ་འཁོར་གྱི་ནི་དྲུང་དུ་འགྲོ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །ཐོག་མ་ཉིིད་དུ་བསང་གཏོར་བྱ། །ཚོན་སྣ་ལྔ་ཡི་སྲད་བུ་ལ། །དེ་དག་ཉིད་ཀྱིས་བརྒྱར་བཟླས་ཏེ། །བཟང་པོའི་ལྟས་དང་སྦྱར་ནས་ནི། །མཁས་པས་དཀྱིལ་འཁོར་ཐིག་གདབ་བོ། །ཐིག་སྐུད་ཀྱི་ནི་ཚོན་སྣ་ལྔ། །དཀར་དང་དམར་དང་དེ་བཞིན་སེར། །སྔོ་དང་ལྔ་པ་ནག་པོ་སྟེ། །ཚོན་རྩི་རྣམས་ཀྱང་དེ་དང་འདྲ། །དཀོན་མཆོག་གསུམ་ལ་མཆོད་བྱ་ཞིང་། །ལྷ་རྣམས་གནས་ལའང་ཕྱག་བྱས་ནས། །མཁས་པས་སྲད་བུ་བྲི་བར་བྱ། །ནང་པར་ཉི་མ་ཤར་བའི་ཚེ། །བློ་ཡིས་ཕྱོགས་ཆ་ལེགས་བརྟགས་ལ། །དང་པོར་ཤར་ནས་བསྙམས་ཏེ་གཟུང་། །སློབ་དཔོན་བྱང་དུ་ཁ་བལྟས་ཏེ། །སྲད་བུ་འཛིན་པ་དེ་ལ་བལྟ། །དེ་ནས་གཡས་ཕྱོགས་བསྐོར་ནས་ནི། །བདག་ཉིད་ནུབ་ཕྱོགས་ཁ་བལྟས་ཏེ། །དེ་ནས་སྲད་བུ་ནུབ་ཕྱོགས་སུ། །བདག་ཉིད་ཀྱིས་ནི་བྲེ་བར་བྱ། །དེ་ཡི་འོག་ཏུ་བྱང་ཕྱོགས་སུ། །མཁས་པས་སྲད་བུ་བྲ་བར་བྱ། །དང་པོར་བདག་ཉིད་མེ་ཕྱོགས་སུ། །འདུག་ནས་ཕྱོགས་གཉིས་བརྟག་པར་བྱ། །དེ་ཡི་འོག་ཏུ་རླུང་ཕྱོགས་སུ། །ཕྱོགས་གཉིས་ནས་ནི་སྲད་དུ་བྲེ། །བདེན་བྲལ་དབང་ལྡན་གྲྭ་གཉིས་ནས། །སྲད་བུ་འཛིན་པ་བལྟ་བར་བྱ། །གྲུ་བཞི་ལྷམ་པར་བསྙམས་ནས་སུ། །རྒྱ་གྲམ་དུ་ནི་སྲད་བུ་བྲེ། །རྒྱ་གྲམ་ཐམས་ཅད་མཉམ་པར་བསྙམས། །དེ་ལྟར་སྲད་བུས་གཏན་ལ་དབབ། །བསྙམས་ནས་དེ་ཡི་དཀྱིལ་དུ་ནི། །ཕུར་བུ་གཅིག་ཀྱང་གདབ་པར་བྱ། །དེ་ནས་དེ་ཡི་འོག་ཏུ་ཡང་། །གྲྭ་བཞིར་ཕུར་བུ་བཞི་གདབ་བོ། །དེ་བཞིན་དཀྱིལ་འཁོར་གཉིས་པ་དང་། །གསུམ་པ་ལེགས་པར་གྲྭ་དག་ནས། །ཆེ་ཆུང་དག་ཀྱང་རིམ་པ་བཞིན། །ཡོངས་སུ་བརྩམ་པར་བྱ་བར་བཤད། །རིམ་གྱིས་ཕྱེད་ཕྱེད་དབྲི་བར་བྱ། །དེ་ལས་གཞན་པའི་འཁོར་གྱི་ནི། །དཀྱིལ་འཁོར་བཤད་པ་གང་ཡིན་པ། །དེ་ཀུན་ཕྱེ་མ་དཀར་པོ་ཡིས། །ཆིག་རྐྱང་དུ་ནི་བྲི་བར་བཤད། །དཀྱིལ་འཁོར་ཉིས་རིམ་སུམ་རིམ་མམ། །བཞི་འམ་མང་པོར་བྱ་བ་ལ། །ཕྱི་རིམ་གང་ཡིན་དེ་ལ་ནི། །སྒོ་གཅིག་པ་དང་རྒྱ་ཆེར་བྱ། །གཞན་ནི་ཕྱོགས་ཀྱི་ཆ་བཞིན་དུ། །སྒོ་བཞི་སྒོ་ཁྱུད་བཅས་པར་བྱ། །ཡང་ན་ཐམས་ཅད་དོགས་མེད་པར། །སྒོ་རེ་རེ་བཞི་བྱ་བ་ཡིན། །སྙིང་པོ་དཀྱིལ་འཁོར་ངེས་པར་ནི། །རབ་ཏུ་བཟང་པོ་སྒོ་བཞིར་བྱ། །ནུབ་ཕྱོགས་སྒོ་འམ་ཡང་ན་ནི། །གང་ལས་ཇི་སྐད་བཤད་པར་དབྱེ། །ལྷག་མ་རྣམས་ནི་དཀར་པོ་ཡི། །ཕྱེ་མས་གཅད་པར་བྱ་བ་ཡིན། །དཀྱིལ་འཁོར་རྣམ་གསུམ་དགོད་པ་ཡིས། །དཀྱིལ་འཁོར་རབ་ཏུ་མང་བཤད་ཀྱང་། །དེ་ནི་དཀྱིལ་འཁོར་མང་པོ་དག །རྣམ་པར་དགོད་པ་བཤད་པ་གང་། །དེ་དག་རྣམས་ནི་ཐམས་ཅད་ཀྱི། །རྣམ་པར་དབྱེ་བ་ཡིན་པར་གྲགས། །ལྷ་ཡི་གཙོ་བོར་གྱུར་པ་རྣམས། །རྟག་ཏུ་དཀྱིལ་དུ་དགོད་པར་བྱ། །དེ་ཡི་ལྷག་མའི་དཀྱིལ་འཁོར་ནི། །གཉིས་པ་དག་ཏུ་དགོད་པར་བྱ། །འཇིག་རྟེན་སྐྱོང་བ་ལ་སོགས་པ། །དཀྱིལ་འཁོར་གསུམ་པ་བསྡུ་བར་བཤད། །དེ་ལས་གཞན་རྣམས་ཇི་སྐད་དུ། །བཤད་པ་དེ་བཞིན་ཁོ་ནར་དགོད། །དཀྱིལ་འཁོར་ཐིག་གདབ་ཐིག་སྐུད་ནི། །ཁ་བསྒྱུར་གཙང་མ་སྲ་ཞིང་ཕྲ། །དེ་བཞིན་བུ་མོ་གཞོན་ནུས་བཀལ། །སར་བ་ཤིན་ཏུ་གཙང་མ་དང་། །མཛེས་ཤིང་ཤིན་ཏུ་རན་པ་དག །དྲི་ཞིམ་རེག་ན་བདེ་བ་དང་། །ལེགས་པར་བཀལ་དང་སྲ་བ་དང་། །སྦོམ་ཕྲ་ལ་སོགས་བཀལ་ལེགས་དང་། །འཇུར་མདུད་མེད་པར་གྱུར་པ་ཡི། །ཐིག་སྐུད་མེ་ཏོག་སྤོས་མཆོད་བས། །ཤེས་རབ་ཅན་གྱིས་ཐིག་གདབ་བོ། །མཆོད་སྦྱིན་ཤིང་གི་ཕུར་བུ་དག །ཐུར་དུ་རྩེ་བསྟན་མངོན་བསྔགས་པ། །དཀྱིལ་འཁོར་བྲི་བའི་ཆོ་ག་ལ། །ཕྱོགས་བཞི་དག་ཏུ་གདབ་པར་བྱ། །ལྟས་ངན་བྱུང་ན་དངོས་མི་འགྱུར། །སྲད་བུ་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ན་ནད་ཀྱིས་འདེབས། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །དེ་བས་ཐམས་ཅད་ནན་ཏན་དུ། །མཁས་པས་ལེགས་པར་ཐིག་གདབ་བོ། །ཁྱིམ་སའི་དཔྱད་ལས་ཅི་བྱུང་བའི། །ས་ཡི་ངེས་པ་དེ་དང་འདྲ། །དེ་ནས་བླ་མས་ཅི་འབྱོར་བས། །འཕགས་པའི་དགེ་འདུན་ཆོས་སྟོན་གསོལ། །ཡང་ན་བླ་མས་བསྒོས་པ་ཡི། །སློབ་མ་རྣམས་ཀྱིས་ཆོས་སྟོན་གསོལ། །གལ་ཏེ་མི་འབྱོར་དགེ་འདུན་གྱིས། །བསྐོས་པའི་དགེ་སློང་ཆོས་སྟོན་སྦྱིན། །ཡང་ན་སངས་རྒྱས་མཆོད་པ་འམ། །དགེ་འདུན་དག་ལ་ཡོན་ཡང་དབུལ། །བླ་མ་སློབ་མ་དང་བཅས་པར། །ཁྲོ་བོ་རྒྱལ་པོ་རྗེས་དྲན་ཞིང་། །སྐྱུ་རུ་ར་ལ་སོགས་པ་ཡིས། །ཕྱི་དྲོ་ཚུལ་བཞིན་ཁྲུས་བྱའོ། །ཁྲུས་བྱས་གཙང་ཞིང་གོས་དཀར་བགོས། །ཡོ་བྱད་རྣམ་པ་ཀུན་དང་ལྡན ། །བྱམས་པའི་སེམས་ནི་ཉེར་བཞག་ནས། །དཀྱིལ་འཁོར་གྱི་ནི་དྲུང་དུ་འདོད། །བླ་མས་ཚོགས་རྣམས་ཀུན་བསགས་ཤིང་། །ལྟ་བ་ངན་པ་ཐམས་ཅད་སྤངས། །དཀྱིལ་འཁོར་བྲི་བ་ཐམས་ཅད་ལ། །བླ་མས་མཁས་པ་དག་ཏུ་བྱ། །དང་པོར་དཀྱིལ་འཁོར་ས་གཞི་ལ། །བ་ཡི་གཅིན་དང་བསྲེས་པ་ཡི། །བ་ཡི་ལྕི་བས་བསྐུ་བྱ་ཞིང་། །དེ་ནས་སྤོས་ཆུས་བསང་གཏོར་བྱ། །ས་བཞི་ཁོ་ར་ཁོར་ཡུག་ཏུ། །ཆག་ཆག་གདབ་ཅིང་ཕྱག་དང་བྱ། །ཡིད་ནི་མོས་པར་བྱ་བའི་ཕྱིར། །མེ་ཏོག་སིལ་མ་གཏོར་བར་བྱ། །སྲད་བུ་དག་གིས་ཡོངས་སུ་བསྐོར། །རྒྱ་མཚན་རྟ་བབས་དག་གིས་མཚན། །བརྒྱུས་པའི་ཕྲེང་བ་རྣམས་བྲེ་ཞིང་། །བཀྲ་ཤིས་ཆོ་གར་བསྟན་པར་བྱ། །དེ་ནས་བྱང་གི་ཕྱོགས་གཅིག་ཏུ། །ཡོ་བྱད་ཐམས་ཅད་གསོག་པར་པར་བྱ། །ཁྲོ་བོའི་རྒྱལ་པོས་བསྲུངས་ནས་སུ། །བློ་དང་ལྡན་པས་དགོད་པར་བྱ། །གནས་ནི་བསང་གཏོར་བྱ་བ་དང་། །བགེགས་རྣམས་བསལ་བར་བྱས་ནས་ནི། །བདག་དང་དཀྱིལ་འཁོར་དག་ཀྱང་ནི། །དང་པོ་ཀུན་ནས་བསྲུང་བྱ་སྟེ། །བཀྲ་ཤིས་ལྟས་དང་སྦྱར་ནས་ནི། །མོས་པའི་སེམས་ནི་བསྐྱེད་བྱ་ཞིང་། །མཚམས་ཀྱི་དུས་སུ་བབ་པ་ཡི། །སྲོད་ཀྱི་དུས་ལ་བརྩམ་པར་བྱ། །ལྟས་དང་མི་ལྡན་གྱུར་ན་ཡང་། །སེམས་ནི་ཞུམ་པར་མི་བྱ་བར། །རིགས་གསུམ་དག་ལ་ཕྱག་བྱས་ནས། །དལ་གྱིས་ལེགས་པར་བརྩམས་པར་བྱ། །ལྟས་ངན་དག་ནི་ཡང་དང་ཡང་། །བསྟུད་མར་བྱུང་བར་གྱུར་ན་ནི། །དེ་ན་དངོས་གྲུབ་མེད་གྱུར་གྱིས། །དེ་ཚེ་བརྩམ་པར་མི་བྱ་ཡི། །ཡང་ན་དེ་ནི་ཞི་བའི་ཕྱིར། །ཡམ་ཤིང་མེ་ནི་འབར་བ་ལ། །བ་ཡི་མར་ལས་བརྒྱ་རྩ་བརྒྱད། །ཞི་བའི་ཕྱིར་ནི་སྦྱིན་སྲེག་བྱ། །དེ་བཞིན་གཤེགས་པའི་རིགས་ལ་ནི། །སངས་རྒྱས་སྤྱན་གྱིས་ཞི་བར་བྱ། །པདྨའི་རིགས་ལ་གྲགས་ལྡན་མ། །རྡོ་རྗེའི་རིགས་ལ་མཱ་མ་ཀཱི། །རིགས་གསུམ་དག་གི་སྤྱི་ལ་ཡང་། །རིགས་སྔགས་ཆེན་མོ་མཱ་མ་ཀཱི། །བློ་དང་ལྡན་པས་ལས་ཀུན་ལ། །དེ་བས་དེས་ནི་ཞི་བར་བྱ། །དཀྱིལ་འཁོར་བདག་པོ་ཆོ་ག་བཞིན། །དེ་ནས་མཆོད་ཡོན་དབུལ་བར་བྱ། །སྣོད་ནི་གསེར་དང་དངུལ་དག་དང་། །ཟངས་ལ་བྱས་པའམ་དུང་ཡང་རུང་། །ཤིང་ལ་བྱས་པའམ་རྡོ་དག་གམ། །ཁམ་པ་སར་པའི་གཙང་མའང་རུང་། །དེར་ནི་མེ་ཏོག་དཀར་པོ་བླུགས། །བདུག་སྤོས་ཀྱིས་ཀྱང་བདུག་པར་བྱ། །དེ་ནས་དྲི་ཞིམ་ཆུ་བླུགས་ནས། །བློ་ལྡན་ལག་གི་བྲམ་བྱ་ཞིང་། །བདུག་སྤོས་ཀྱིས་ནི་བདུག་བཞིན་དུ། །ཡིད་ཀྱིས་རབ་ཏུ་བཟླས་བརྗོད་བྱ། །དེ་ནས་བློ་དང་ལྡན་པ་ཡིས། །རྩ་བའི་གསང་སྔགས་ཟློས་བྱེད་ཅིང་། །ས་ཡི་དབུས་ཀྱི་ཕྱོགས་སུ་ནི། །པུས་མོ་གཉིས་བཙུགས་མཆོད་ཡོན་དབུལ། །ཡང་ན་དཀྱིལ་འཁོར་ཐམས་ཅད་ཀྱི། །ལས་ལ་མཆོད་ཡོན་དོན་དུ་ནི། །མེ་ཏོག་དཀར་པོའམ་བདུག་སྤོས་དབུལ། །བཟང་པོའམ་དྲི་ཞིམ་བྱུག་སྤོས་དབུལ། །བདུག་སྤོས་དག་དང་བྱུག་སྤོས་ནི། །སྲོག་ཆགས་ཡན་ལག་བཅས་པ་དང་། །ལས་སུ་བྱ་བ་ཐམས་ཅད་ལ། །ཆུ་ནི་གཙང་མ་བཙག་པར་བྱ། །དཀྱིལ་འཁོར་དག་ཏུ་ཆིག་རྐྱང་བའི། །བྱུག་སྤོས་དག་གམ་བདུག་སྤོས་དག །མེ་ཏོག་སྐམ་ལས་སྐྱེས་པ་ནི། །དྲི་ཞིམ་པ་དང་དཀར་པོ་ཤེས། །དེ་ནས་སློབ་མ་བསོགས་ནས་ནི། །སྤོས་ཀྱི་ཆུ་ཡིས་བསང་གཏོར་བྱ། །ཚགས་པ་བསྲུང་བ་བྱས་པ་རྣམས། །ཕྱོགས་གཅིག་ཏུ་ནི་བཀོད་ནས་སུ། །ཤེས་རབ་ཕ་རོལ་ཕྱིན་བཀླགས་ཏེ། །གུས་པར་ཡང་ནི་ཕྱག་བྱས་ནས། །འཕགས་པས་ཚོགས་ཀུན་བསམས་ནས་སུ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །མཁས་པས་ལྕགས་ནི་རྣམ་ལྔའམ། །ཕྱེ་མ་དཀར་པོ་ལ་སོགས་པའམ། །དད་ཅིང་ཡོན་ཏན་ལྡན་པ་ཡི། །སློབ་མས་རིན་ཆེན་ཕྱེ་མས་བྲི། །རིན་ཆེན་ལྕགས་རྣམས་མ་འབྱོར་ན། །སཱ་ལུ་བཏགས་པའི་ཕྱེ་མས་བྱ། །ཚོན་རྩི་ལྔར་བཤད་ཞིབ་མོ་དང་། །འབྱུང་ཁུངས་ནས་བྱུང་ཕྱེ་མ་དང་། །རྡོ་ཡི་ཁམས་ནི་སྣ་ཚོགས་དག །ཕྱེ་མའི་ལས་ལ་སྦྱར་བར་བྱ། །དེ་ལྟར་རྣམ་པ་བཞི་པོ་དག །ཕྱེ་མའི་རྒྱུར་ནི་བསྒྲགས་པ་ཡིན། །ལྕགས་རྣམས་ཀུན་དང་རིན་ཆེན་དང་། །འབྱུང་ཁུངས་ས་དང་འབྲས་བཏགས་པ། །དཀྱིལ་འཁོར་ཀུན་གྱི་ལས་རྣམས་ལ། །ཕྱེ་མའི་དོན་དུ་སྦྱར་བར་བྱ། །ཡང་ན་ལས་ཀྱི་ཆོ་ག་ལ། །ཕྱེ་མ་དམར་པོ་སོ་ཕག་བསྲེགས། །ནག་པོ་ཐལ་བ་དཀར་པོ་ནི། །ནས་དང་གྲོ་ལས་བྱས་པ་གནང་། །བྱ་བ་རིངས་པ་འབྱུང་བ་དང་། །བགེགས་རྣམས་ཚར་བཅད་བྱ་བ་དང་། །དྲག་ཤུལ་སྦྱང་བའི་ལས་དག་གི། །དཀྱིལ་འཁོར་ལས་ལ་ཐལ་བ་གནང་། །དཀྱིལ་འཁོར་གྱི་ནི་ཆོ་ག་ལ། །ཕྱེ་མའི་རྒྱུ་ནི་སྔར་བཤད་པ། །ཀུན་ཀྱང་རུང་སྟེ་ཁྱད་པར་དུ། །དང་པོ་ལ་སོགས་རིམ་བཞིན་ཤིས། །དམ་ཚིག་ལས་ལ་ལྕགས་ཀྱི་བཟང་། །རིན་ཆེན་ལས་བྱུང་དབང་བསྐུར་ལ། །སཱ་ལུའི་ཕྱེ་མ་ཞི་བ་ལ། །འབྱུང་ཁུངས་ལས་བྱུང་རྒྱས་པ་ལ། །དྲག་ཤུལ་སྤྱོད་ལ་ཁྱད་པར་དུ། །ཐལ་བ་ལ་སོགས་བྱ་བར་ཤིས། །དེ་ནི་ཕྱེ་མའི་ཆོ་གའི་རིམ། །ཁྱད་པར་དང་བཅས་བསྟན་པ་ཡིན། །བྱང་ཤར་མཚམས་ནས་བརྩམས་ནས་སུ། །རྡོ་རྗེ་ཁུ་ཚུར་སྦྱོར་བའམ། །ཡང་ན་ལྕགས་ཀྱུའི་ཕྱག་རྒྱའམ། །ལྷུང་བཟེད་རྒྱ་ཡི་སྦྱོར་བའམ། །ཡང་ན་རིག་བྱེད་ལག་པས་བྲི། །དཀར་པོ་དང་པོར་དགྱེ་བར་བྱ། །དེ་ཡི་འོག་ཏུ་དམར་པོ་དགྱེ། །དེ་ནས་སེར་པོ་དགྱེ་བར་བྱ། །དེ་ཡི་འོག་ཏུ་ལྗང་གུ་དགྱེ། །སྔགས་པས་ཀུན་གྱི་ཕྱི་རོལ་དུ། །ཚོན་རྩི་ནག་པོ་དགྱེ་བར་བྱ། །གཡས་སུ་བསྐོར་ཞིང་རྒྱུན་མི་བཅད། །ཐམས་ཅད་མཉམ་ཞིང་བར་ཆད་མེད། །ངན་པ་དང་ནི་ཉམས་པ་དང་། །མ་སྙོམས་པ་དང་བར་ཆད་ན། །གནོད་པ་མོང་པོ་འབྱུང་བར་འགྱུར། །དེ་བས་ནན་ཏན་ཆེར་བྱས་ཏེ། །མཁས་པས་ཕྱེ་མ་དགྱེ་བར་བྱ། །ཕྱོགས་རྣམས་ཀུན་དུ་མཁས་པ་ཡིས། །དབུས་སུ་སྒོ་ནི་གདོད་པར་བྱ། །ངོས་གཉིས་སུ་ནི་ཚ་དག་ཀྱང་། །བཞི་བཞི་དག་ནི་དོར་བར་བྱ། །ཆབ་སྒོ་ཆེན་པོ་སྟེགས་བུར་བཅས། །ཆུང་ཟད་གཅིག་ནི་ལྷག་པར་བྱ། །ཆབ་སྒོ་གཞན་རྣམས་བཅད་པར་ནི། །ཕྱེ་མ་དཀར་པོ་དག་གིས་ནི། །སྒོ་ཡི་དབུས་ཀྱི་ཆ་དག་ཏུ། །རི་མོ་ཕྲ་མོ་བྲི་བར་བྱ། །ཡང་ན་སྒོ་ཡི་ཕྱག་རྒྱ་འམ། །སྒོ་སྲུངས་ཇི་ལྟར་འདོད་པར་བྲི། །དང་པོ་ཚོན་རྩི་སྣ་ལྔས་བྲི། །དཀྱིལ་འཁོར་གཉིས་པ་སྣ་གསུམ་གྱིས། །གསུམ་པ་ཕྱེ་མ་དཀར་པོ་ཡིས། །གཅིག་རྐྱང་དུ་ནི་བྲི་བར་བྱ། །གཞན་ཡང་ཁ་ཅིག་གང་བཤད་པ། །དེ་ཡི་རི་མོ་གཅིག་རྐྱང་ཉིད། །ཐལ་ཕྱེར་བཤད་པ་གང་ཡིན་པ། །དེ་དག་ཐམས་ཅད་རི་མོ་གཅིག །དེ་ལྟར་དཀྱིལ་འཁོར་བྲིས་ནས་སུ། །ཆ་གསུམ་དུ་ནི་ལེགས་བརྟགས་ལ ། །ཆུ་ཞེང་དག་ནི་ཆ་གཉིས་ཀྱང་། །ཤིན་ཏུ་ལེགས་པར་ངེས་པར་བྱ། །རྣམ་པར་དབྱེ་བ་འདི་དག་ནི། །རིགས་གསུམ་དག་གི་སྤྱིར་བསྟན་ནོ། །ཡང་ན་སོ་སོ་རྒྱུད་རྣམས་ལས། །གོ་རིམས་ཇི་སྐད་བཤད་བཞིན་བྱ། །ལྷ་ཡི་གནས་ཀྱི་ས་གཞི་རྣམས། །བ་གླང་ལྕི་བས་བསྐུ་བར་བྱ། །དེ་ཡི་འོག་ཏུ་ཁྱད་པར་དུ། །བ་ཡི་རྣམ་ལྔའི་ཆུ་ཡིས་བསྐུ། །ཐམས་ཅད་སྤོས་ཀྱི་ཆུས་གཏོར་ནས། །ང་ཡི་འོག་ཏུ་ཕྱེ་མ་དགྱེ། །རིག་སྔགས་རྒྱལ་པོས་མངོན་བསྔགས་པའི། །སྤོས་ཀྱི་ཆུ་ཡིས་གཏོར་བར་བྱ། །དཀྱིལ་འཁོར་དག་གི་ཆོ་ག་ནི། །རྣམ་པ་གསུམ་པོ་མ་ལུས་ལ། །ལྷ་རྣམས་ཐམས་ཅད་དགོད་པ་ནི། །རྣམ་པ་གསུམ་དུ་རབ་ཏུ་བཤད། །དང་པོ་གཟུགས་སུ་བྲི་བར་བཤད། །གཉིས་པ་དག་ནི་ཕྱག་རྒྱ་བྲི། །གསུམ་པ་སྟན་དང་གནས་དག་ཏུ། །བྲི་བའི་ཆོ་ག་ཡོངས་སུ་བསྒྲགས། །བློ་དང་ལྡན་པས་གཟུགས་ཀྱི་ཚུལ། །བྲི་བ་དེ་ལ་མཁས་པར་བྱ། །གཙང་མས་བསྒྲིམས་ཏེ་རང་གི་ནི། །ངོ་བོ་ཇི་སྐད་བཤད་བཞིན་བྲི། །གཟུགས་དང་འཚམ་པར་ཡན་ལག་གདགས། །གསལ་ཞིང་རྣམ་པར་འབྱེས་པར་བྲི། །གཟུགས་ཀྱང་དཀྱིལ་འཁོར་རྣམས་ཀྱི་ནི། །ཚད་དང་སྦྱར་ཞིང་བྱ་བར་བསྒྲགས། །རང་གི་ལུང་ལས་ཁ་དོག་གཟུགས། །འབྱུང་བ་བཞིན་དུ་གཟུགས་བྲིས་ཏེ། །ཅི་ནས་ཡན་ལག་མ་ཉམས་ཤིང་། །རང་བཞིན་ཞི་བའི་གཟུགས་སུ་བྲི། །གསང་སྔགས་ཆོ་ག་ཤེས་པ་ཡིས། །ཆོ་ག་འདི་ཡིས་དཀྱིལ་འཁོར་བྲི། །བློ་དང་ལྡན་པ་མ་བསླབས་པས། །ཕྱག་རྒྱ་རྣམས་སུ་དགོད་པར་བྱ། །བསླབས་པས་ཀྱང་ནི་ཕྱེ་མ་ཡིས། །ཡན་ལག་རྫོགས་པར་རབ་ཏུ་དཀའ། །ཡན་ལག་རྫོགས་ཤིང་རྒྱས་བྱ་ན། །ཆོ་གའི་ལས་ལ་རིང་དུ་ཐོགས། །གཟུགས་རྣམས་ལེགས་པར་བསྒྲུབས་ན་ནི། །མང་ཡོ་རྣམས་ནི་ཟིན་མི་འགྱུར། །ཡན་ལག་ཉམས་ན་བྱིན་མི་རློབ། །དངོས་མི་འགྲུབ་པར་རབ་ཏུ་བཤད། །དེ་ལྟ་བས་ན་མཁས་པ་ཡི། །ཕྱག་རྒྱའི་གཟུགས་སུ་ལྷ་རྣམས་དགོད། །ཡང་ན་རིགས་གསུམ་བདག་པོ་རྣམས། །ཅི་འདོད་པར་ནི་གཟུགས་སུ་དགོད། །དེ་ལས་སངས་རྒྱས་བཅོམ་ལྡན་གྱི། །ཕྱག་རྒྱ་གཙུག་ཏོར་གོ་རིམས་བཞིན། །ཡིད་ལ་དེ་ཡི་སྔགས་ཟློས་ཤིང་། །ཕྱེ་མ་དཀར་པོས་བྲི་བར་བྱ། །འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་རྒྱ་པདྨར་རབ་ཏུ་བསྒྲགས། །ཕྱག་ན་རྗེ་རྗེའི་ཕྱག་རྒྱ་ནི། །རྡོ་རྗེ་རྣོན་པོ་རྩེ་གསུམ་འབར། །ལྷ་རྣམས་གཞན་གྱི་ཕྱག་རྒྱ་ནི། །ལུང་ལས་ཇི་སྐད་བཤད་པ་བཞིན། །ཡང་ན་རིགས་ཀྱི་བདག་པོའི་རྒྱ། །དེ་དང་དེར་ནི་སྤྱི་ཡི་ཡིན། །ལྷ་རྣམས་གང་དང་གང་དག་གི། །མཚན་མ་གང་དང་གང་ཡིན་པ། །དེ་དང་དེ་དག་དེ་ཡི་རྒྱ། །འདི་ནི་མ་ནོར་མདོར་བཤད་བྱ། །དྲག་པོའི་ཕྱག་རྒྱ་རྩེ་གསུམ་རྣོ། །དཀའ་ཟློག་ཕྱག་ན་རྩེ་གསུམ་གདེངས །ཁྱབ་འཇུག་གི་ནི་འཁོར་ལོ་རྣོ། །སྡེ་ཆེན་གྱི་ནི་མདུང་ཐུང་ཡིན། །ཚངས་པའི་པདྨ་ཡིན་པར་བཤད། །བརྒྱ་བྱིན་གྱི་ནི་རྡོ་རྗེར་གསུངས། །མེ་ལྷའི་ཕྱག་རྒྱ་ཞུགས་ཐབ་ཡིན། །གཤིན་རྗེའི་ཕྱག་རྒྱ་བེ་ཅོན་ཡིན། །བདེན་བྲལ་གྱི་ནི་རལ་གྲི་ཡིན། །ཆུ་བདག་གི་ནི་ཞགས་པར་བཤད། །རླུང་གི་ཕྱག་རྒྱ་རྒྱལ་མཚན་ཡིན། །ཀུ་བེ་ར་ཡི་དབྱུག་ཏོ་སྟེ། །དབང་བདག་གི་ནི་རྩེ་གསུམ་གསུང་། །འདི་བརྒྱད་ཕྱོགས་ཀྱི་ལྷ་བརྒྱད་ཀྱིའོ། །ས་ཡི་ཕྱག་རྒྱ་བུམ་པ་ཡིན། །ཉི་ཟླའི་ཕྱག་རྒྱ་ཟླུམ་པོར་བྱ། །ལྷ་རྣམས་སོ་སོའི་བྱེ་བྲག་ལས། །སྭ་སྟི་ཀ་ལ་སོགས་པའི་རྒྱ། །མཁས་པས་ཇི་སྐད་བཤད་བཞིན་བྲི། །ཡང་ན་ཀུན་གྱི་ཟླུམ་པོར་བྲི། །གང་དུ་ལྷ་རྣམས་གཟུགས་དག་ཏུ། །དགོད་པ་བཤད་པ་དེར་ཡིད་ནི། །ཕྱག་རྒྱ་དག་གམ་ཡང་ན་ནི། །སྟན་དུ་དགོད་པ་རྣམ་པར་བཤད། །དེ་ལ་སོགས་པའི་ཕྱག་རྒྱ་རྣམས། །ཇི་སྐད་བཤད་པའི་ཆོ་ག་བཞིན། །དཀྱིལ་འཁོར་དག་ཏུ་མ་སྨོས་ཀྱང་། །ཆོ་ག་བཞིན་དུ་བྲི་བར་བཤད། །དེ་ལྟར་ཕྱག་རྒྱ་དགོད་པ་འདིས། །དགོད་པ་གཉིས་པར་བཤད་པ་ཡིན། །སྟན་དུ་དགོད་པའི་ཆོ་ག་ནི། །འདི་ལས་གཞན་པ་གསུམ་པར་བཤད། །དཀྱིལ་འཁོར་དག་གི་ནང་དུ། །ཚོན་རྩི་ཕྱེ་མའི་ཐིག་ལེར་བྲི། །དཀྱིལ་འཁོར་དག་གི་ཚད་ལས་ནི། །ཁོ་ར་ཁོར་ཡུག་རྒྱ་ཆེར་བསྐོར། །རིགས་ཀྱི་བདག་པོའི་ལྷ་རྣམས་ནི། །གོ་རིམས་བཞིན་དུ་དེ་ལྟར་བྲི། །ལྷ་རྣམས་གཞན་ནི་གདན་རྣམས་ཀྱི། །སྤྱི་ཡི་ཆོ་ག་བཤད་པ་ཡིན། །ཟླུམ་པོའམ་ཡང་ན་གྲུ་བཞི་རུང་། །ཐོག་མ་སྟན་ནི་དགོད་པར་བྱ། །ཡིད་ལ་དེ་ཡི་སྔགས་ཟློས་ཤིང་། །དེ་ཡི་སྟེང་དུ་མཁས་པས་དགོད། །ཕྱི་རོལ་དུ་ནི་ཐིག་ལེ་ལ། །མཁས་པས་ལྷ་རྣམས་མིང་གིས་དགོད། །ཐམས་ཅད་ཐིག་ལེར་གནས་བྱས་ནས། །སྤྱན་དྲང་བར་ནི་བརྩམ་པར་བྱ། །འདི་དག་སྟན་དུ་དགོད་པ་སྟེ། །གསུམ་པ་ཡོངས་སུ་བསྒྲགས་པ་ཡིན། །རིངས་སམ་ཡང་ན་མི་ནུས་ན། །སྟན་དུ་དགོད་པའི་དཀྱིལ་འཁོར་བྱ། །ཡང་ན་ཆོ་ག་ཤེས་པ་ཡིས། །གསུམ་པོ་འདི་ཡི་ཆོ་ག་ནི། །རེ་རེའམ་གཉིས་སམ་གསུམ་ཆར་རམ། །བསྲེས་ནས་དཀྱིལ་འཁོར་ལེགས་པར་བྲི། །རིགས་ཀྱི་བདག་པོ་གསུམ་རྣམས་ཀྱི། །གསང་སྔགས་ཐོག་མར་བཀོད་ནས་སུ། །དཀྱིལ་འཁོར་ནང་དུ་མཁས་པ་ཡིས། །ལྷག་མ་རྣམས་ཀྱི་ཕྱག་རྒྱ་དྲི། །ཕྱི་རོལ་དུ་ནི་སྟན་རྣམས་བྲི། །འདི་ནི་སྤྱི་ཡི་ཆོ་ག་སྟེ། །དཀྱིལ་འཁོར་དག་ལ་ཁྱད་པར་དུ། །བར་མ་རབ་ཏུ་བསྔགས་པ་ཡིན། །གཟུགས་རྣམས་ལེགས་པར་མ་རྫོགས་ན། །ཉེས་པ་སྔར་ནི་བཤད་པ་བཞིན། །གནས་རྣམས་སྟོང་པར་འགྱུར་བས་ན། །ཆོ་ག་ཐ་མ་མི་ཤེས་སོ། །ཕྱག་རྒྱ་རྣམ་གསུམ་གང་བཀོད་པ། །བར་མ་རབ་ཏུ་བསྒྲགས་པ་ཡིན། །ཁྱད་པར་དུ་ནི་དེ་བསྔགས་ཏེ། །དེ་ལ་བྱིན་གྱིས་རློབ་པར་འགྱུར། །ཕྱག་རྒྱ་བྲི་ན་བདེ་བ་སྟེ། །ཕྱག་རྒྱ་གང་ཡིན་དེ་ཉིད་ལྷ། །དེ་བས་མཁས་པས་ནན་ཏན་དུ། །དཀྱིལ་འཁོར་དག་གི་ཕྱག་རྒྱ་བྲི། །དཀྱིལ་འཁོར་མ་ལུས་པ་རྣམས་སུ། །མ་བཤད་ཀྱང་ནི་དོགས་མེད་པས། །སངས་རྒྱས་བཅོམ་ལྡན་འོག་ལོགས་སུ། །གཞན་གྱིས་མི་ཐུབ་ལྷ་མོ་བྲི། །དབུས་ཀྱི་སྟོང་པ་གང་ཡིན་པ། །དེར་ཡང་བུམ་པའི་སྟེང་དུ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་གཞག །དེར་ཡང་མཆོད་ཅིང་བཀླག་པར་བྱ། །ལ་ལ་དག་ཏུ་མ་གསུངས་ཀྱང་། །འཕགས་པ་སྤྱན་རས་གཟིགས་དབང་གི། །དྲུང་དུ་བློ་དང་ལྡན་པ་ཡིས། །གོས་དཀར་ཅན་ནི་རྟག་ཏུ་བྲི། །ཕྱག་ན་རྡོ་རྗེའི་དྲུང་དུ་ནི། །བདུད་རྩི་ཐབ་སྦྱོར་ཀུན་དུ་བྲི། །བརྩོན་འགྲུས་ཆེན་མོ་མཱ་མ་ཀཱི། །ཕྱག་རྒྱ་ཆེན་མོ་བྲི་བར་བྱ། །ཆོ་ག་ཤེས་པས་སྒོ་དྲུང་དུ། །དགའ་བོ་དེ་དང་བསྙེན་དགའ་བྲི། །མཁས་པས་ཇི་སྐད་བཤད་པ་ཡིས། །འཕྲོག་མ་དེ་བཞིན་མདུན་དུ་བྲི། །སྒོ་རྣམས་ཀུན་དུ་རྡོ་རྗེ་བྲི། །ཕྱོགས་སྐྱོང་ཕྱག་རྒྱའང་ལུགས་བཞིན་དུ། །སོ་སོ་སོ་སོར་དྲག་པོའི་གཟུགས། །སོ་སོའི་ཕྱོགས་ཀྱི་གནས་སུ་བྲི། །གནོད་སྦྱིན་ནོར་བུ་བཟང་ལ་སོགས། །བསྟན་པ་ལ་ནི་གང་དགའ་བ། །སྒོ་ཡི་བྱང་གི་ཕྱི་རོལ་གྱི། །ཕྱི་རོལ་དུ་ཡང་དེ་དགོད་དོ། །གང་དག་ཏུ་ཡང་མ་བཤད་ཀྱང་། །ཤར་དུ་སངས་རྒྱས་ཐམས་ཅད་དང་། །དེ་བཞིན་ཆོས་དང་དགེ་འདུན་ལ། །གུས་པར་དཀྱིལ་འཁོར་བྱས་ནས་མཆོད། །འཇམ་དཔལ་གཞོན་ནུར་གྱུར་པ་དང་། །རྒྱལ་སྲས་མཐུ་ཆེན་ཐོབ་པ་དང་། །ནམ་མཁའི་སྙིང་པོ་དོན་གྲུབ་དང་། །དྲི་མ་མེད་པའི་བློ་གྲོས་དང་། །དེ་ལ་སོགས་པའི་སེམས་དཔའ་ཆེ། །དཀྱིལ་འཁོར་གྱི་ནི་ཕྱི་རོལ་དགོད། །བསྐལ་པ་བཟང་པོའི་གྲོགས་པོ་ནི། །བྱམས་པ་ལ་སོགས་ཐམས་ཅད་དགོད། །རྡོ་རྗེ་སྡེ་དང་ལག་བཟངས་དང་། །དེ་བཞིན་བགེགས་ཀྱི་སྡེ་དཔོན་དང་། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །ཚངས་པ་ཆེན་པོ་མེས་པོ་བྲི། །རིག་སྔགས་འཆང་གི་རྒྱལ་པོ་ཡང་། །གླང་པོ་ཆེ་ཞེས་བྱ་བ་དང་། །ཡན་ལག་བཀྲམ་འབྱིན་རྩེ་བྲན་ཅན། །གཡོན་ཕྱོགས་ཅོད་པན་མི་བཟད་དང་། །སྣ་ཚོགས་འོད་དང་ལེགས་པར་འགྲུབ། །རིག་སྔགས་འཆང་བདུན་བདག་པོ་སྟེ། །བདུན་པོ་འདི་དག་རིགས་ཀྱི་གཙོ། །དངོས་གྲུབ་པ་སྟེ་མཐུ་ཅན་རྣམས། །དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱི། །ལྷོ་ཡི་ཕྱོགས་སུ་ལེགས་པར་དགོད། །མ་མོ་རྣམས་དང་སྣ་ཡོན་དང་། །དེ་བཞིན་གཟའ་རྣམས་སྣ་ཚོགས་དང་། །སྒྲ་གཅན་སྟོབས་ཅན་རབ་སིམ་དང་། །རྣམ་པར་སྣང་བྱེད་ལ་སོགས་དང་། །ནོར་རྒྱས་ལ་སོགས་ཀླུ་རྣམས་དང་། །དེ་དག་ནུབ་ཀྱི་ཕྱོགས་སུ་དགོད། །ཤར་དུ་རྡོ་རྗེ་ཕྱག་རྒྱ་ནི། །བརྒྱ་བྱིན་ལྷ་དང་བཅས་པ་དང་། །དེ་བཞིན་གནས་གཙང་ལྷ་རྣམས་ཀྱང་། །གུས་པར་ཡང་ནི་མཆོད་པར་བྱ། །ཉི་ཟླ་གཉིས་ཀྱི་དཀྱིལ་འཁོར་ནི། །དཀར་དང་དམར་བའི་བྱེ་བྲག་གིས། །ཤར་དང་ནུབ་ཏུ་བྲིས་ནས་ནི། །དེ་ནས་དེ་གཉིས་མཁས་པས་མཆོད། །མེ་ཡི་ཕྱོགས་སུ་ཞུགས་ཐབ་རྒྱ། །མེ་ལྷ་དྲང་སྲོང་འཁོར་བཅས་བྲི། །ལྷོ་ཕྱོགས་བེ་ཅོན་ཕྱག་རྒྱ་ནི། །གཤིན་རྗེ་ཡི་དྭགས་ལ་སོགས་བཅས། །བདེན་བྲལ་ཕྱོགས་སུ་རལ་གྲིའི་རྒྱ། །བདེན་བྲལ་བ་ནི་སྲིན་པོར་བཅས། །ཆུ་ལྷའི་ཕྱོགས་སུ་ཞགས་པའི་རྒྱ། །ཆུ་ལྷ་ཀླུ་དང་ལྷན་ཅིག་ཏུ། །རླུང་གི་ཕྱོགས་སུ་རྒྱལ་མཚན་རྒྱ། །རླུང་གི་ལྷ་ནི་རླུང་དང་བཅས། །བྱང་དུ་དབྱུག་ཏོའི་ཕྱག་རྒྱ་ཡང་། །ཀུ་བེ་ར་ཡང་གནོད་སྦྱིན་བཅས། །དབང་ལྡན་ཕྱོགས་སུ་རྩེ་གསུམ་རྒྱ། །དབང་ལྡན་ཚོགས་དང་ལྷན་ཅིག་ཏུ། །འོག་ཏུ་བུམ་པའི་ཕྱག་རྒྱ་ནི། །ས་ཡི་ལྷ་མོ་ལྷ་མིན་བཅས། །ཕྱོགས་སྐྱོང་རྣམས་ནི་གོ་རིམས་བཞིན། །དེ་ལྟར་གནས་སུ་དགོད་བྱས་ནས། །བྱུག་སྤོས་མེ་ཏོག་ལ་སོགས་པས། །མཁས་པས་སོ་སོར་འཁོར་བཅས་མཆོད། །མཛོད་སྤུ་དང་ནི་མདུང་ཐུང་དང་། །འཁོར་ལོས་སྒྱུར་བ་ཆེར་འབྱུང་བཅས། །རིག་སྔགས་ཆེན་མོ་སྤྱན་དང་ནི། །ཡིད་བཞིན་ནོར་བུའི་རྒྱལ་མཚན་དང་། །མངག་གཞུག་བརྩོན་འགྲུས་ཆེན་པོ་དང་། །དེ་བཞིན་གཞན་གྱིས་མི་ཐུབ་པ། །དེ་བཞིན་གཤེགས་པའི་རིགས་དག་གི། །དཀྱིལ་འཁོར་ཀུན་ལ་དགོད་པར་བྱ། །གྲགས་ལྡན་མ་དང་དཀར་ཆེན་མོ། །དེ་བཞིན་གོས་དཀར་ཅན་དང་ནི། །རྟ་མགྲིན་དང་ནི་རལ་པ་གཅིག །སྒྲོལ་མ་དཀར་ཤམ་དཔལ་མོ་ཆེ། །འདོད་པ་འབྱོར་བྱེད་གསང་སྔགས་དག །འཕགས་པ་སྤྱན་རས་གཟིགས་དབང་གི། །དཀྱིལ་འཁོར་མ་ལུས་པ་རྣམས་སུ། །མཁས་པས་ཆོ་ག་བཞིན་དུ་དགོད། །རྡོ་རྗེ་ལྕགས་ཀྱུ་ཁུ་ཚུར་དང་། །རིག་པའི་རྒྱལ་པོ་ཕྱག་རྒྱར་བཅས། །ཁྲོ་བོ་ཆེན་པོ་ཐབ་སྦྱོར་དང་། །གོམ་པ་དོར་བ་ཉིད་དང་ནི། །རྡོ་རྗེ་ལུག་རྒྱུད་བེ་ཅོན་དང་། །ཁྲོ་བོ་འཆོལ་བ་ཞེས་བྱ་དག །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ། །མ་སྨོས་ཀྱང་ནི་དེ་དག་དགོད། །དཀྱིལ་འཁོར་དང་པོའི་ནང་དུ་ནི། །ཇི་སྐད་སྨོས་པའི་ལྷ་བཀོད་ནས། །དེ་ནས་མཁས་པས་དཀྱིལ་འཁོར་ནི། །གཉིས་པར་རིམ་པ་ཇི་བཞིན་དུ། །མ་སྨོས་པ་དང་འདོད་པ་ཡི། །གསང་སྔགས་རྣམས་ཀྱང་དགོད་བྱ་ཞིང་། །འཁྲུལ་པ་མེད་པར་གསུམ་པ་ཡང་། །བྱེ་བྲག་ཏུ་ནི་དགོད་པར་བྱ། །ཕྱོགས་བཞིར་ཆོས་ཀློག་བཞི་བཞག་ནས། །དེ་ལ་ཤར་གྱི་ཕྱོགས་སུ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་བཞག །བྱང་གི་ཕྱོགས་སུ་བཞག་པ་ནི། །གསེར་འོད་དམ་པའི་མདོ་སྡེ་ཡིན། །ནུབ་ཀྱི་ཕྱོགས་སུ་བཞག་པ་ནི། །དེ་བཞིན་གཤེགས་པའི་གསང་བའི་མདོ། །ཐེག་པ་ཆེན་པོ་སྡོང་པོས་བཤད། །ལྷོ་ཡི་ཕྱོགས་སུ་བཞག་ནས་སུ། །གུས་པར་དེ་དག་མཆོད་པར་བྱ། །རྒྱུད་ཀུན་གྱི་ནི་གསང་སྔགས་བདག །ཡོངས་སུ་མཉེས་པར་བྱ་བའི་ཕྱིར། །མཁས་པས་དཀྱིལ་འཁོར་ཕྱི་རོལ་དུ། །སྤྱི་ཡི་ཆོ་ག་གཞན་འདིའང་བྱ། །བྱང་དང་ལྷོ་དང་ཤར་ཕྱོགས་ཀྱི། །ཕྱོགས་གསུམ་དུ་ནི་སྟེགས་བུ་གསུམ། །བྱས་ཏེ་རིགས་གསུམ་བསམས་ནས་སུ། །སྤྱན་དྲང་བ་ཡི་ཆོ་ག་བྱ། །དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི། །གསང་སྔགས་ཀུན་ལ་དབུལ་ལོ་ཞེས། །མེ་ཏོག་སྤོས་ཆུས་བཀང་བ་ཡི། །མཆོད་ཡོན་དག་ནི་དབུལ་བར་བྱ། །སངས་རྒྱས་པ་ལ་ཤར་ཕྱོགས་སུ། །པདྨ་འཛིན་ལ་བྱང་ཕྱོགས་སུ། །གསང་བའི་བདག་པོས་བཤད་པ་ཡི། །གསང་སྔགས་རྣམས་ལ་ལྷོ་ཕྱོགས་སུ། །དེ་ལྟར་བྱས་ན་རིགས་གསུམ་གྱི། །གསང་སྔགས་འཁོར་དང་བཅས་པ་ཀུན། །མཆོད་པ་བྱས་པ་འདི་རུ་ནི། །དགྱེས་པར་གྱུར་པ་གདོན་མི་ཟ། །ཆོ་ག་འདི་ཡིས་ནུབ་ཕྱོགས་སུ། །འཇིག་རྟེན་པ་ཡི་ལྷ་རྣམས་ནི། །ཀུན་ལ་དབུལ་ལོ་ཞེས་བརྗོད་ཅིང་། །ཕྱི་རོལ་སྟེགས་བུ་སྟེང་དུ་མཆོད། །ཞི་བ་དག་གི་ཆོ་ག་ལ། །བྱང་ཆུབ་སེམས་དཔའ་དཀོན་མཆོག་གསུམ། །གཙང་མའི་གནས་ན་འཁོད་པ་ཡི། །ལྷ་རྣམས་ཀྱང་ནི་དགོད་པར་བྱ། །རྒྱས་པ་ལ་ནི་ཁྱད་པར་དུ། །རིག་སྔགས་གསང་སྔགས་ཐམས་ཅད་དང་། །བསྟན་པ་ལ་ནི་དགའ་བ་ཡི། །གནོད་སྦྱིན་རྣམས་ཀྱང་དགོད་པར་བྱ། །དྲག་ཤུལ་སྤྱོད་པའི་དཀྱིལ་འཁོར་དུ། །ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་ནི། །དྲག་ཤུལ་ཆེན་པོའི་རྣམ་དག་དང་། །མངག་གཞུག་ཕོ་མོ་མང་པོ་དགོད། །དཀྱིལ་འཁོར་དག་ནི་ཐམས་ཅད་ལའང། །ལས་རྣམས་གསུམ་དུ་ཤེས་པར་བྱ། །དེ་བས་ཆོ་ག་འདི་རྣམས་ཀྱིས། །དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟགས། །དཀྱིལ་འཁོར་དག་གི་དབུས་དག་ན། །ས་སྟོང་གར་ཡང་མ་གཏོགས་པ། །གང་ན་ཡོད་པ་དེ་རུ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་བཞག །ཡང་ན་སྒོ་ཡི་གཡས་རོལ་དུ། །སློབ་མ་བཟང་པོའི་སྟེང་དུ་བཞག །གཡོན་གྱི་ཕྱོགས་སུ་སྦྱིན་སྲེག་ཕྱིར། །མི་ནི་ཡམ་སྲེག་ཤིང་གིས་སྦར། །ཡང་ན་ཤར་ལྷོ་མཚམས་དག་ཏུ། །མེ་ནི་རབ་རྒྱ་སྦར་བར་བྱ། །ཡང་ན་ལས་ཀྱི་རྗེས་མཐུན་པར། །ཕྱོགས་ཀྱི་གོ་རིམས་བཞིན་དུ་བཞག །དྲི་གཙང་ཁང་དམ་གནས་ཁང་ངམ། །ཕུག་གམ་ཡང་ན་གོ་སྐམས་དག །དོག་པ་བཞིན་དུ་བྱེད་ན་ནི། །དེར་ནི་ཇི་ལྟར་འདོད་པར་བྱ། །གོ་སྐབས་དོག་པ་དག་ཏུ་ནི། །བསྒྲུབས་པའི་དཀྱིལ་འཁོར་མ་གཏོགས་པ། །སློབ་དཔོན་གྱིས་ནི་གཞན་མི་བྲི། །བྲིས་ན་མོད་ལ་འཆི་བར་འགྱུར། །དཀྱིལ་འཁོར་དག་ནི་མ་ལུས་པར། །གོ་སྐབས་ཡངས་པའི་ཕྱོགས་སུ་ཤིས། །ཁང་བཟངས་དག་གམ་ཁྱམས་སུ་ཡང་། །གོམས་པ་ཡིས་ནི་ཅི་བདེར་བྲི། །རད་རོད་དག་གམ་སྡོང་དུམ་དག །ལྗོན་ཤིང་དག་དང་རྡོ་བ་ནི། ། རབ་ཏུ་བསྒྲིམས་ནས་དབྱུང་བྱ་ཏེ། །དེ་དག་ཟུག་རྔུ་ཡིན་པར་བཤད། །མཁས་པས་དེ་དབྱུང་ཐབས་མེད་ན། །ཞི་བའི་ཆོ་ག་བྱས་ཏེ་བཞག །སྙིང་པོའི་དཀྱིལ་འཁོར་དུ་ནི་དེ། །བག་མེད་ནམ་ཡང་མི་བཞག་གོ། །རད་རོད་ལ་སོགས་བྱེ་བྲག་དག །དཀྱིལ་འཁོར་དབུ་མ་མ་གཏོགས་པར། །གནས་ཁང་ལ་སོགས་ཉེས་མེད་དེ། །དེ་དག་དེ་ན་རང་བཞིན་གནས། །ཁང་བཟངས་དག་ལ་སོགས་པར་ནི། །བསང་གཏོར་བྱས་པས་དག་པར་བཤད། །རི་ལ་ས་གཞི་མཉམ་པ་དང་། །རྡོ་བའི་ཟུག་རྔུ་བརྟག་མི་དགོས། །གལ་ཏེ་གནས་ཀྱི་དབང་གིས་སུ། །ལྷ་རྣམས་ཕྱོགས་ལོགས་འགོད་བྱེད་ན། །མཁས་པས་ཞི་བ་བྱས་ཏེ་བཞག །སྙིང་པོར་ནམ་ཡང་མི་བྱའོ། །བྱ་བའི་དབང་གིས་དེ་ལ་སོགས། །འགལ་བ་གང་དང་གང་བྱེད་པ། །དེ་དང་དེར་ནི་མཁས་པ་ཡིས། །ཐམས་ཅད་ཞི་བའི་ལས་ཀྱིས་བསལ། །བློ་དང་ལྡན་པས་ཆོ་ག་འདིས། །དཀྱིལ་འཁོར་རྫོགས་པར་བྲིས་ནས་ནི། །ཡིད་ནི་ལེགས་པར་མཉམ་བཞག་ནས། །དེ་ཡི་འོག་ཏུ་ཡང་བརྟགས་ཏེ། །བརྒྱ་ལ་འགའ་ཞིག་མ་ལེགས་ན། །དེ་ནི་ཕྱིར་ཡང་བཅོས་པར་བྱ། །མཁས་པས་རང་གི་གསང་སྔགས་སམ། །སློབ་མའི་སྔགས་ཀྱང་འདོད་ན་དགོད། །སློབ་མ་བརྟགས་པ་ལ་ལ་ཞིག །གལ་ཏེ་དབང་ནི་བསྐུར་འདོད་ན། །དབང་བསྐུར་དོན་དུ་དཀྱིལ་འཁོར་ནི། །ཕྱེ་མ་དཀར་པོས་བྲི་བར་བྱ། །དཀྱིལ་འཁོར་དག་དང་རྗེས་མཐུན་པར། །སྟེགས་བུ་གྲུ་བཞི་བྱད་ནས་སུ། །དེ་ཡི་དབུས་སུ་ཚོན་སྣ་ལྔས། །པདྨ་ཡོངས་སུ་རྫོགས་པར་བྲི། །བཀྲ་ཤིས་ལ་སོགས་མཚན་མ་རྣམས། །དེ་ནི་ཇི་ལྟར་འདོད་པ་བྲི། །བཀྲ་ཤིས་ཕྱིར་ནི་གང་བསྟན་པ། །ཡང་ན་དེ་ནི་དངོས་སུ་དགོད། །མཁས་པས་གཡོས་རྣམས་གང་བཞག་པའི། །ས་རིས་རྣམས་ཀྱང་ཕྱེ་མས་བཅད། །གཡོས་སུ་བྱས་པའི་རྣམ་པ་ཀུན། །བསོགས་ནས་དེར་ནི་དགོད་པར་བྱ། །བུམ་པ་དག་དང་རྒྱལ་མཚན་དང་། །རྟ་བབས་བཞག་པའི་ས་རིས་དང་། །ཕྱི་རོལ་མཛེས་པར་བྱ་བ་ཡང་། །ཇི་ལྟར་འདོད་པ་ཕྱེ་མས་ཕྱ། །དེ་ནས་གཞན་ཡང་ལྷ་རྣམས་ནི། །སྤྱན་དྲང་བ་ཡི་ཆོ་ག་དང་། །མཆོད་པ་གོ་རིམས་ཇི་བཞིན་དུ། །ཡང་དག་མདོར་བསྡུས་བཤད་པར་བྱ། །དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །ཉེ་རེག་བྱས་ཤིང་གཙང་བར་བྱ། །ལྷ་རྣམས་ལ་ཡང་ཕྱག་བྱས་ནས། །བཟང་ངམ་མི་བཟང་བརྟག་པར་བྱ། །ཕྱི་རོལ་ཤར་ཕྱོགས་ཁ་བལྟས་ནས། །ཡིད་ལ་དཀྱིལ་འཁོར་བདག་པོ་ཡི། །སྙིང་པོའམ་གསང་སྔགས་ཀུན་ཟློས་ཤིང་། །མཚན་མ་དག་ནི་བརྟག་པར་བྱ། །ཇི་སྲིད་ལྟས་ནི་བཟང་པོ་དག །འགའ་ཞིག་འབྱུང་བར་འགྱུར་གྱི་བར། །དེ་ཉིད་བསྒྲིམས་ཏེ་ཡིད་གཅིག་ཏུ། །བཟླས་བརྗོད་བྱེད་ལ་འབད་ཅིང་བསྡད། །དེ་མཐོང་བློ་ལྡན་རངས་འགྱུར་བས། །ལས་ཀུན་བྱེད་པའི་གསག་སྔགས་སམ། །བདག་གིས་གང་ཞིག་བཟླས་པ་ཡིས། །བསྲུང་བ་ལེགས་པར་སྦྱར་བར་བྱ། །ཡང་ན་རྒྱུད་རྣམས་ཀུན་གྱི་སྤྱིར། །བགེགས་རྣམས་ཐམས་ཅད་བཟློག་པ་ལ། །རྡོ་རྗེ་བེ་ཅོན་བརྩོན་འགྲུས་ཆེ། །ཁྲོ་བོ་བདུད་རྩི་ཐབ་སྦྱོར་དང་། །མགོ་ལ་རྡོ་རྗེ་སྨོས་པ་ཡིས། །ཕུར་བུ་ར་བ་དྲ་བ་གསུམ། །བློ་དང་ལྡན་པས་ལྔ་པོ་དག །ཆོ་ག་བཞིན་དུ་སྦྱར་བར་བྱ། །བསྲུང་བ་རྩ་བའི་གསང་སྔགས་སམ། །ཡང་ན་དེ་ཡི་སྙིང་པོས་བྱ། །སློབ་མ་རྣམས་ལ་ཡིད་ཀྱིས་སུ། །བསྲུང་བ་སྔ་མ་བཞིན་དུ་བྱ། །བསྲུང་བ་བྱས་ནས་དེ་འོག་ཏུ། །མཁས་པས་དཀྱིལ་འཁོར་འཇུག་པར་བྱ། །ཞུགས་ནས་མཆོད་ཡོན་སྣོད་ཐོགས་ཏེ། །མཆོད་ཡོན་དག་ཀྱང་དབུལ་བར་བྱ། །མཆོད་ཡོན་སྣོད་ནི་གསེར་དངུལ་ལམ། །ཟངས་སམ་ཤེལ་ལམ་ནོར་བུའམ། །མཆིང་བུ་དཀར་པོ་ལས་བྱས་པ། །ཤིང་ངམ་དེ་བཞིན་རྡོ་ལས་བྱས། །དུང་ངམ་ལོ་མ་སྐྱོངས་བུའམ། །ཉ་ཕྱིས་དག་གམ་ཁམ་ཕོར་ནི། །སར་པ་ཡན་ལག་མ་ཉམས་པ། །དག་པར་བྱས་ལ་བླང་བར་བྱ། །དེར་ནི་ཁྲོ་རྒྱལ་བཟླས་པ་ཡི། །མེ་ཏོག་དག་ཀྱང་བཅུག་ནས་སུ། །མཉམ་པར་བཞག་སྟེ་དཀྱིལ་འཁོར་གྱི། །གསང་སྔགས་ལན་བདུན་བཟླས་ནས་ནི། །སྔ་མ་བཞིན་དུ་དྲི་ཆུ་ཡིས། །མཆོད་ཡོན་གུས་པར་དབུལ་བར་བྱ། །དཀྱིལ་འཁོར་དབུ་མར་ཕུལ་ནས་ནི། །ལྷག་མ་རྣམས་ལ་གཏོར་བར་བཤད། །དཀྱིལ་འཁོར་ཐམས་ཅད་བསང་གཏོར་བྱས། །དེ་ནས་ཆོ་ག་འདི་བྱའོ། །བུམ་པ་ནག་པོ་ར་རི་མེད། །གཟུགས་བཟང་ཁ་དོག་རབ་ཏུ་དམར། །གསར་ལ་མ་ཆག་མ་གས་པ། །ཡང་དག་དབྱིབས་ནི་ལེགས་ཤིང་ཟླུམ། །བཟླས་བརྗོད་དག་ཀྱང་ལན་བདུན་བྱས། །སྦོས་ཆུ་དག་གིས་བཀང་བ་ལ། །འབྲུ་རྣམས་ཀུན་དང་ལྡན་བྱས་ཤིང་། །སྨན་རྣམས་དང་ཡང་ལྡན་པ་དང་། །རིན་ཆེན་ཀུན་དང་རབ་ཏུ་ལྡན། །མགུལ་བར་རས་སར་རངས་པས་དཀྲིས། །མེ་ཏོག་ཕྲེང་བས་རྣམ་པར་བརྒྱན། །ཁ་རྒྱན་ལྡུམ་བུ་བཟང་པོས་བྱ། །ཤིང་ཏོག་བཀྲ་ཤིས་ཁར་བླུགས་པ། །འབྲས་བུ་མེ་ཏོག་སིལ་མར་ལྡན། །སྦོས་ཀྱིས་བྱུག་ཅིང་བདུག་པས་བདུག །ཐམས་ཅད་བཀྲ་ཤིས་དང་ལྡན་པ། །བཟླས་བརྗོད་ལན་བདུན་བྱས་པ་དག །བཀྲ་ཤིས་དོན་དུ་གཉེར་བ་ཡིན། །ཕྱོགས་དང་མཚམས་རྣམས་དག་ཏུ་དགོད། །ཡོན་ཏན་ཀུན་དང་ལྡན་པ་ཡི། །བུམ་པ་འདི་ཀུན་མ་འབྱོར་ན། །དབང་བསྐུར་ཕྱིར་ནི་འབྲིང་པོ་གཅིག །ནན་ཏན་བསྐྱེད་དེ་ལེགས་པར་གཞག །གྲྭ་དང་སྒོར་ནི་མ་ལུས་པར། །བུམ་པ་དག་ཀྱང་བཞག་ནས་ནི། །བར་སྒོ་ཆེན་པོ་གཉིས་གཉིས་ཤིག །ཁྱད་པར་དུ་ནི་གཞག་པར་བྱ། །བུམ་པ་གཅིག་ནི་ཕྱི་སྒོ་ཡི། །དྲུང་དུ་མངོན་པར་གཞག་པར་བྱ། །མང་པོ་འབྱོར་པར་མ་གྱུར་ན། །བརྒྱད་དམ་ཡང་ན་བཞི་བཞག་གོ། །ཉུང་ངུ་རྣམས་ནི་ཁྱད་པར་དུ། །ཕ་རོལ་དག་ཏུ་དགོད་བྱ་སྟེ། །སྒོ་ཡི་དྲུང་དུ་གཅིག་བཞག་པ། །དེ་ནི་ངེས་པར་བྱ་དགོས་སོ། །འབྲས་ཀྱི་སོ་བ་མོན་སྲན་གྲེའུ། །ནས་དང་གྲོ་དང་ཏིལ་དང་ལྔ། །འབྲུ་རྣམས་ཀུན་ཞེས་བྱ་བ་ནི། །ལས་རྣམས་ཀུན་ལ་འདི་དག་གཟུང་། །སིང་གྷྲི་བྱཱ་གྷྲི་ཀར་ཎི་ཀ །ཧ་ས་ཧ་ས་དེ་བ་སྟེ། །སྨན་རྣམས་ཀུན་ཅེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །བྱི་རུ་གསེར་གྱི་ས་ལེ་སྦྲམ། །དུང་དང་མུ་ཏིག་ནོར་བུ་སྟེ། །རིན་ཆེན་ཀུན་ཅེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །རྒྱལ་མཚན་སར་པ་སྣ་ཚོགས་དང་། །བརྒྱད་ནི་ཁོ་ར་ཁོར་ཡུག་ཏུ། །ཡུ་བ་དྲང་པོ་རིང་པོ་ལ། །དཔྱངས་ནས་ཉེ་བར་བཟུང་བྱས་ཏེ། དཀར་པོ་ཤར་གྱི་ཕྱོགས་སུ་གཟུགས། །ཤར་ལྷོ་མཚམས་སུ་ལེ་བརྒན་གཟུགས། །ལྷོ་ཡི་ཕྱོགས་སུ་ནག་པོ་གཟུགས། །ལྷོ་ནུབ་མཚམས་སུ་དུད་ཁ་གཟུགས། །ནུབ་ཀྱི་ཕྱོགས་སུ་དམར་པོ་གཟུགས། །ནུབ་བྱང་མཚམས་སུ་ཁྲ་བོ་གཟུགས། །བྱང་གི་ཕྱོགས་སུ་སེར་པོ་གཟུགས། །བྱང་ཤར་མཚམས་སུ་ལྗང་སེར་གཟུགས། །དེ་ལྟར་རྒྱལ་མཚན་བརྒྱད་པོ་རྣམས། །གོ་རིམས་བཞིན་དུ་གཟུགས་པར་བྱ། །རྒྱལ་མཚན་རྣམས་ཀྱི་རྩེ་མོ་ལ། །ཏོག་ནི་རྨ་བྱའི་མདོངས་ཀྱིས་བརྒྱན། །རྒྱལ་མཚན་རྣམས་ནི་མ་རྙེད་ན། །ཐམས་ཅད་ཐལ་ཀར་གཅིག་པུའམ། །ཡང་ན་དེ་བས་མང་ཡང་རུང་། །ཤར་གྱི་ཕྱོགས་སུ་གཟུགས་པར་བྱ། །པོག་ཕོར་ཁམ་པ་ལས་བྱས་པ། །སོ་མ་བཏང་བ་དཀར་པོ་བཅུ། །བྱས་ནས་ཕྱོགས་དང་ཕྱོགས་མཚམས་ནི། །རྒྱབ་དང་དེ་བཞིན་མདུན་དུ་དགོད། །པོག་ཕོར་དག་ཏུ་མ་འབྱོར་ན། །ཁམ་པའི་ཕོར་བུའི་ནང་ནས་དབུལ། །དེ་དག་ཀྱང་ནི་མ་འབྱོར་ན། །གཅིག་ཅིག་སྒོར་ནི་བཞག་ནས་དབུལ། །མེ་ཏོག་ཕྲེང་བས་བརྒྱན་པ་ཡི། །རྟ་བབས་དག་ཀྱང་ཕྱོགས་བཞིར་བྱ། །ནས་དང་གྲོ་དང་འབྲུ་རྣམས་ཀྱི། །མྱུ་གུ་ལེགས་པར་བསྐྱེད་པ་དགོད། །དྲི་བུ་གདུགས་དང་རྔ་མ་དང་། །སྲང་བུ་དག་ཀྱང་ཕྱོགས་བཞིར་ནི། །རྟ་བབས་སོགས་ལས་ཕྱི་རོལ་ཏུ། །མཛེས་པར་བྱ་ཕྱིར་མཁས་པས་གདགས། །འབྲས་ཡོས་འབྲུ་དང་བཅས་པ་ཡིས། །མེ་ཏོག་སི་ལམ་རབ་ཏུ་དགྲམ། །དཀྱིལ་འཁོར་དག་གི་ཕྱི་རོལ་ཏུ། །ཕྱེ་མས་དཀྱིལ་འཁོར་སྡུག་གུ་བྲི། །འཇིག་རྟེན་འདི་ན་གྲགས་པ་ཡི། །བཀྲ་ཤིས་ལ་སོགས་གང་ཡིན་རྣམས། །དཀྱིལ་འཁོར་དག་གི་ཕྱི་རོལ་ཏུ། །ཕྱོགས་བཞི་དག་ཏུ་མཁས་པས་དགོད། །དེ་ལྟར་རྒྱས་དང་མདོར་བསྡུས་ལ། །ཅི་ནུས་སུ་ནི་སྦྱར་བ་དག །ཆོ་ག་བཞིན་དུ་བྱས་ནས་སུ། །དེ་ནས་སྤྱན་དྲང་བརྩམ་པར་བྱ། །མཆོད་ཡོན་ཆོ་ག་སྔ་མ་བཞིན། །མ་ཡེངས་བར་ནི་སྦྱར་ནས་སུ། །སོ་སོ་སྔགས་ཀྱིས་ཅི་རིགས་པར། །མཁས་པས་སྤྱན་ནི་དྲང་བར་བྱ། །དཀྱིལ་འཁོར་བདག་པོའི་གསང་སྔགས་སམ། །ཡང་ན་ཐམས་ཅད་སྙིང་པོས་བྱ། །སྔགས་རྒྱུད་ལས་ནི་ཅི་བཤད་པ། །དེ་བཞིན་དུ་ནི་སྤྱན་དྲང་བའོ། །མཁས་པས་དེ་བཞིན་གཤེགས་རིགས་ལ། །འཁོར་ལོས་སྒྱུར་བས་སྤྱན་དྲང་ངོ་། །ཡང་ན་སྤྱན་དྲང་ཆོ་ག་ནི། །སངས་རྒྱས་སྤྱན་གྱིས་བྱར་ཡང་རུང་། །ཕྱག་ན་པདྨོའི་རིགས་ཀུན་ལ། །རིག་པའི་རྒྱལ་པོས་སྤྱན་དྲང་བྱ། །ཡང་ན་སྤྱན་དྲང་ཆོ་ག་ལ། །དབལ་མོས་ལས་ཀུན་བྱེད་པས་བྱ། །མཁས་པས་རྡོ་རྗེ་འཛིན་རིགས་ལ། །གནོད་མཛེས་ཞེས་བྱའི་གསང་སྔགས་སམ། །མ་ཡེངས་པར་ནི་མཱ་མ་ཀཱིས། །སྤྱན་དྲང་བ་ཡི་ཆོ་ག་བྱ། །སྔགས་རྒྱུད་བདག་པོའི་སྔགས་གང་ཡིན། །དེའམ་དེ་ཡི་སྙིང་པོ་ཡིས། །ལྷ་རྣམས་ཀྱི་ནི་མིང་སྨོས་ཏེ། །མཁས་པས་སྤྱན་དྲང་ཆོ་ག་བྱ། །ཡང་ན་རང་གི་རིགས་ཀྱི་སྔགས། །གང་ཡིན་དེའམ་དེ་སྙིང་ངམ། །ཆོ་ག་ཇི་སྐད་གསུངས་པས་ཀྱང་། །སྤྱན་དྲང་བ་ནི་མཁས་པས་བྱ། །ཡང་ན་ཆོ་ག་ཅི་གསུངས་པས། །ཡང་ན་ཕྱིའམ་ནང་དག་གི། །རང་གི་གསང་སྔགས་གང་ཡིན་པ། །དེ་དག་གིས་ནི་སྤྱན་དྲང་བའམ། །ཇི་ལྟར་ལོབས་པར་བྱར་ཡང་རུང་། །མཆོད་ཡོན་གྱི་ནི་ཆོ་ག་བཞིན། །དེ་ལྟར་སྤྱན་དྲང་བྱས་ནས་ནི། །མཆོད་ཡོན་ཉིད་ཀྱིས་ལན་རེ་ཞིང་། །དེ་ནས་ཞབས་བཀྲུའི་ཆོ་ག་བྱ། །བདེ་བར་གཤེགས་ཞེས་བྱ་ལ་སོགས། །ཕྱག་ཀྱང་གུས་པར་འཚལ་བ་དག །གོ་རིམས་བཞིན་དུ་བྱས་ནས་ནི། །མཁས་པས་དེ་དག་མཆོད་པ་བརྩམ། །དང་པོ་བྱུག་སྤོས་དབུལ་བྱས་ཏེ། །དེ་ཡི་འོག་ཏུ་མེ་ཏོག་དབུལ། །དེ་ནས་ལེགས་པར་མཉམ་བཞག་ནས། །བདུད་སྤོས་ལྷ་བཤོས་དག་ཀྱང་དབུལ། །ཙནྡན་ཨ་ཀར་གུར་གུམ་དང་། །ཨུཏྤལ་རྒྱ་སྤོས་པྲི་ཡང་ཀུ། །ལི་ཤི་ཤིང་ཚ་སྤང་སྤོས་སྨྲིག །ནཱ་ག་པུཥྤ་གཱ་ཱནཱམ་བུ། །གྲན་ཏེ་སུག་སྨེལ་པ་ཏྲ་དང་། །ལ་ནི་སྠོའུ་ནེ་ར་ས ར་ལྡན། །རྡོ་དྲེག་ཤ་ཏ་པུཥྤ་དང་། །སྣ་མའི་ལོ་མ་ཙ་རོང་དང་། །ཀོའུ་ན་ཏིམ་འདུ་རི་ཀ་དང་། །དྷྱན་ནྱཀ་ཙོལ་སོགས་བཟང་། །འབྲས་བུ་ཐང་ཆུའི་ཚོགས་རྣམས་ནི། །མཁས་པ་རྣམས་ཀྱིས་འདི་སྦྱར་ནས། །མཁས་པ་བློ་དང་ལྡན་པ་ཡིས། །ཕྱི་དང་ནང་གི་ལྷ་ཀུན་ལ། །གོ་རིམས་བཞིན་དུ་གསང་སྔགས་ཀྱིས། །མངོན་པར་བསྔགས་ནས་བྱུག་སྦོས་འབུལ། །སྲོག་ཆགས་ཡན་ལག་སྦྱར་མི་རུང་། །རྒྱ་སྐྱེགས་ཆང་སོགས་སྦྱར་མི་རུང་། །རྫས་ངན་དག་དང་སྦྱར་མི་རུང་། །རྩ་བས་དང་སྦྱར་པའང་མི་རུང་ངོ་། །སངས་རྒྱས་ལ་ནི་ཁྱད་པར་དུ། །བྱུག་སྤོས་གུར་གུམ་ལ་བྱས་པའམ། །ཨ་ཀར་ནག་པོ་དྲི་ཞིམ་པ། །དྲི་ཞིམ་གྱིས་བསྒོས་དབུལ་བར་བྱ། །འཕགས་པ་སྤྱན་རས་གཟིགས་དབང་ལ། །ཙནྡན་དཀར་པོ་རབ་ཏུ་དབུལ། །ཕྱག་ན་རྡོ་རྗེ་འཁོར་བཅས་ལ། །ཙནྡན་དམར་པོ་དབུལ་བར་བྱ། །ལྷག་མ་རྣམས་ལ་བྱུག་སྤོས་དག །ཇི་ལྟར་རིགས་པས་སྤྱིར་ཕུལ་ནས། །མེ་ཏོག་སྐམ་ལས་སྐྱེས་པ་དང་། །ཆུ་ལས་སྐྱེས་པས་མཆོད་པར་བྱ། །མ་ལི་བ་ཀུན་ཀུན་ད་དང་། །མི་ལ་ཀི་ན་མ་ལི་ཀ །ཙམ་པ་ཀཱ་ཤོ་པུ་ན་ཀ །པྲི་ཡང་ཡུ་ནི་ཨུ་ར་ན། །གེ་སར་ས་ལ་ཏི་ལ་ཀ །ཤིང་གི་ཨུཏྤལ་ཀར་ཎི་ཀ །ཏ་ཀ་ར་ཀ་ར་བཱི་ར་དང་། །ཨ་ཛི་དོག་པ་ཀ་དམ་དང་། །བིན་ཏི་རི་དང་ཀ་ཏ་ར། །ཀན་ཙ་ན་དང་པ་ཏ་ལ། །ཤི་ཏ་གན་ཏི་ཀུ་ར་བ། །བ་ན་དང་ནི་གིང་ཤུ་ཉིད། །ཆོ་ག་ཤེས་པས་དེ་ལ་སོགས། །སྐམ་ལས་སྐྱེས་བ་གོ་རིམས་བཞིན། །ནན་ཏན་དུ་ནི་དབུལ་བྱ་ཞིང་། །ངན་པ་དག་ནི་རྣམ་པར་སྤངས། །གན་དང་ཀུ་ཡ་ཤིག་མུ་དང་། །བུ་ཤ་པ་ཏི་མུག་ཏ་ཀ །ཨ་གོལ་དྲང་ཀ་ནི་པ་དང་། །ཀེ་ཏ་ཀ་དང་མ་ན་ཡན། །ཀུ་རན་ཏ་དང་འདའ་མ་ཀ །ཀུ་ཏི་པ་ལ་མ་ལི་ཀ །དེ་ལ་སོགས་པ་མི་ཤིས་པ། །དྲག་ཤུལ་སྤྱོད་ལ་སྦྱར་བར་བྱ། །པདྨ་དཀར་དང་པདྨ་དམར། །ཨུཏྤལ་རིགས་ནི་སྣ་ཚོགས་དང་། །ཀུ་མུ་ད་སོགས་ཆུ་སྐྱེས་རྣམས། །དཀྱིལ་འཁོར་ལས་ལ་སྦྱར་བྱ་སྟེ། །དེ་ཡང་ཀུ་མུ་ད་དམར་དང་། །དེ་བཞིན་སེའུ་གན་ཏི་དཀར་དང་། །དྲི་མི་ཞིམ་པ་གཞན་དག་ཀྱང་། །དྲག་ཤུལ་སྤྱོད་ལ་སྦྱར་བར་བྱ། །གེ་སར་ཀྲ་ནི་ཀ་ར་དང་། །མ་ལ་ཏི་དང་མེ་ཏོག་དཀར། །དྲི་ཞིམ་པ་དག་ཁྱད་པར་དུ། །དེ་བཞིན་གཤེགས་པའི་རིགས་ལ་དབུལ། །པདྨ་ལ་སོགས་ཆུ་སྐྱེས་རྣམས། །མཁས་པས་པདྨའི་རིགས་ལ་དབུལ། །ཨ་ཤོ་ཀུ་ཏི་ཏི་ལ་ཀ །དེ་བཞིན་ན་པ་མ་ལི་ཀ །པྲི་ཡང་ཀུ་དང་ཏ་པ་ར། །ཀ་ར་བཱི་ར་ཏྲག་ཏྲ་ཀ །ཨུཏྤལ་སྔོན་པོ་ཉིད་དག་ཀྱང་། །རྡོ་རྗེའི་རིགས་ལ་དབུལ་བར་བྱ། །དེ་བཞིན་གཤེགས་པའི་རིགས་ལ་ཡང་། །ཙནྡན་ཨ་གར་བདུག་སྦོས་དབུལ། །མཁས་པས་ཤི་རི་བི་སྟ་སོགས། །ཐང་ཆུ་པདྨའི་རིགས་ལ་དབུལ། །ཨ་གར་ནག་པོ་གུ་གུལ་གྱི། །བདུག་སྤོས་རྡོ་རྗེའི་རིགས་དགྱེས་སོ། །བདུག་སྤོས་དག་ནི་སྤྱིར་བཤད་ན། །སྲོག་ཆགས་ཡན་ལག་སྤངས་པའི་རྫས། །ཙནྡན་ག་བུར་ཨ་གར་དང་། །ཏུ་རུ་སྐ་དང་པོག་དཀར་དང་། །ཤི་རི་བེ་སྟ་སྲ་རྩི་བོབ། །ར་ས་གུ་གུལ་ཤལ་ལྱ་ཀི། །ཨུ་ཤི་ར་དང་ལ་བ་ཀ །སྤང་སྤོས་གླ་སྒང་ག་པུར་དང་། །དེ་བ་ད་རུ་ཐག་ཤིང་དང་། །དེ་ལ་སོགས་པའི་རྫས་རྣམས་ནི། །ཇི་སྙེད་པ་དག་བསྡུ་བྱས་ནས། །བློ་དང་ལྡན་པས་བུ་རམ་དང་། །ལྷན་ཅིག་ཏུ་ནི་སྦྱར་བར་བྱ། །དེ་ལྟ་བུ་ཡི་བདུག་སྦོས་ནི། །ལྷ་ལ་གོ་རིམས་བཞིན་དུ་དབུལ། །དེ་དག་གང་ཡང་རུང་བ་དང་། །གཞན་ཡང་དྲི་ཞིམ་བཤད་པ་གང་། །རྫས་མང་དག་དང་སྦྱར་བ་ཡི། །བདུག་སྤོས་དཀྱིལ་འཁོར་དག་ལ་དབུལ། །དཀྱིལ་འཁོར་གྱི་ནི་ཆོ་ག་བཞིན། །རབ་དང་སེམས་ཀྱིས་ཅི་འབྱོར་བ། །བདུག་སྤོས་མེ་ཏོག་ལ་སོགས་པ། །བྱ་བ་དག་ནི་ལེགས་པར་བྱ། །མེ་ཏོག་དེ་དག་བརྒྱུད་མཁན་གྱིས། །བརྒྱུས་པ་ཞིག་ན་ངན་པ་ནི། །ཉུང་ཤས་ཡོད་ན་མི་འགལ་ཏེ། །དེ་མང་ན་ནི་རྣམ་པར་སྤངས། །མི་ཤེས་པ་ཡི་བྱུག་སྦོས་དག །མཁས་པས་དཀྱིལ་འཁོར་དབུལ་མི་བྱ། །སྲོག་ཆགས་ཡན་ལག་གིས་གཏུགས་པ། །དེ་ཡིས་གཞན་དག་བདུག་མི་བྱ། །རྒྱ་སྐྱེགས་ལ་སོགས་བདུག་སྤོས་ནི། །དགེ་བའི་ལས་ལ་དབུལ་མི་བྱ། །དེ་འདྲའི་ཆོ་ག་འདི་ཤེས་ནས། །ཆོ་གའི་ལས་ལ་འབད་པར་བྱ། །ཕྱི་རོལ་བཞག་པའི་པོག་ཕོར་ནང་། །ཁམ་ཕོར་ནང་དུ་བསྒྲགས་པ་གང་། །དེ་དག་ཏུ་ནི་ཅི་འདོད་པར། །སྲོག་ཆགས་ཡན་ལག་སྦྱར་བའང་བཞག །དཀྱིལ་འཁོར་ཕྱི་རོལ་འཇིག་རྟེན་པའི། །ལྷ་ནི་གང་དག་འདྲི་བྱེད་པ། །དེ་ཡང་མཁས་པས་དེ་བཞིན་དུ། །བདུག་སྤོས་བྱུག་སྦོས་ཅི་དགར་དབུལ། །རིགས་ཀྱི་བདག་པོ་རྣམས་ལ་ནི། །མཆོད་པ་ཁྱད་པར་ཅན་དུ་བྱ། །དེ་ཡི་འོག་ཏུ་ལྷ་ཀུན་ལ། །གྲལ་རིམ་བཞིན་དུ་མཆོད་པར་བྱ། །རིགས་ཀྱི་བདག་པོ་རྣམས་ལ་ནི། །བདུག་སྤོས་སྣོད་ཀྱང་རྣམ་གསུམ་གཞག །དབུས་སུ་བདུག་སྤོས་སྣོད་གཅིག་ནི། །བདུག་སྤོས་འཐུལ་བ་རྒྱུན་མི་འཆད། །དཀྱིལ་འཁོར་རིམ་པ་རེ་རེ་ལ། །བདུག་སྤོས་སྣོད་ནི་རེ་རེ་བཞག །དེ་ཉིད་ནས་ནི་ཐམས་ཅད་དུ། །རྟག་པར་བདུག་སྤོས་དབུལ་བར་བྱ། །ཡང་ན་ཐམས་ཅད་སྤྱི་ལ་ནི། །བདུག་སྤོས་སྣོད་ནི་གཅིག་བཞག་སྟེ། །བསང་གཏོར་ཡང་དང་ཡང་བྱས་ནས། །དེ་ནས་བདུག་སྤོས་དབུལ་བར་བྱ། །དེ་ཡི་འོག་ཏུ་དཀྱིལ་འཁོར་དུ། །ལྷ་རྣམས་ཀུན་ལ་མཆོད་ཡོན་དབུལ། །དེ་ནས་ཡིད་ལ་སྔགས་ཟློས་ཤིང་། །ལྷ་བཤོས་དབུལ་བ་ལེགས་པར་བྱ། །ལྷ་བཤོས་དབུལ་བ་འབྱོར་པ་དང་། །གཙང་ཞིང་ཆ་ཡང་མཉམ་པ་རུ། །དཀྱིལ་འཁོར་གྱི་ནི་གོ་རིམས་བཞིན། །མཁས་པས་ནན་ཏན་བསྐྱེད་དེ་བྱ། །རིགས་ཀྱི་བདག་པོ་རྣམས་ལ་ནི། །དབུལ་བ་ཁྱད་པར་ཅན་དུ་བྱ། །དཀྱིལ་འཁོར་གྱི་ནི་བདག་པོ་ལ། །ལྷ་བཤོས་དག་ནི་ཉིས་འགྱུར་དབལ། །འོག་མ་རྣམས་ལ་གོ་རིམས་བཞིན། །མཁས་པས་དེ་བས་ཆུང་ངུ་དབུལ། །ལྷ་བཤོས་དབུལ་པ་བར་བར་དུ། །ཅི་དགར་ཁྱད་པར་ཅན་གྱིས་བྱ། །མཆོད་པའི་བཤོས་ནི་བཟང་པོ་དག །གཙང་ཞིང་རབ་ཏུ་རྒྱ་ཆེ་ཞིང་། །དཀྱིལ་འཁོར་དག་ཏུ་ལྷ་རྣམས་ཀུན། །རབ་ཏུ་མཉེས་ཤིང་འགོ་བར་འགྱུར། །དབུལ་བར་བྱ་བ་རྣམས་ལ་ནི། །བར་དུ་ཁ་ཅིག་ཆད་འགྱུར་ན། །དེ་ལས་གཞན་པ་དག་ལ་ནི། །མཁས་པས་ལྷ་བཤོས་ལྷགས་ཏེ་དབུལ། །འབུལ་བ་ཧ་ཅང་ཉུང་བ་གང་། །རིགས་ཀྱི་བདག་པོར་དབུལ་བར་བྱ། །ཡང་ན་སྙིང་པོར་དཀྱིལ་འཁོར་དུ། །ཀུན་གྱི་སྤྱི་ལ་མ་ལུས་དབུལ། །ལང་ན་གང་དང་གང་བཤམས་ན། །དེ་དེ་མཁས་པས་ཐམས་ཅད་དུ། །དཀྱིལ་འཁོར་དང་པོའམ་གཉིས་པའམ། །གསུམ་པ་དག་ཏུ་དབུལ་བྱས་ནས། །རིགས་དག་རྣམས་དང་ཁྱད་མེད་པའི། །ཉེས་པ་འགའ་ཡང་ཡོད་མིན་པས། །དཀྱིལ་འཁོར་དག་ནི་མ་བརྩམས་པར། །བག་དང་ཆས་ཏེ་བརྟག་པར་བྱ། །དང་པོ་ཆུ་ཤིང་པདྨོ་སོགས། །ལོ་མའམ་འདབ་མ་བཏིང་བྱས་ནས། །སྭ་སྟི་ཀ་ལ་སོགས་པ་ཡི། །བཅར་བ་དག་ནི་དབུལ་བྱ་ཞིང་། །དེ་བཞིན་འབྲས་ཆན་ལ་སོགས་པ། །བཟའ་བ་དག་ཀྱང་རིམ་བཞིན་དབུལ། །དེ་ཡི་འོག་ཏུ་རྡོ་གུ་དང་། །རྩ་བ་འབྲས་བུ་ལ་སོགས་འབུལ། །གཏོར་མ་གང་ཡིན་ལས་དག་ལ། །བཅའ་བ་རྣམ་པ་སྣ་ཚོགས་པ། །ནས་དང་གྲོ་ལས་བྱས་པ་ཡི། །དྲི་ཞིམ་པ་དང་ལེགས་པའང་དབུལ། །ཧྭགས་ནི་རྣམ་པ་སྣ་ཚོགས་དང་། །ལ་དུ་དག་དང་ལ་བ་ནི། །པེ་ན་མ་དུ་ཤིར་ཤ་དང་། །སྣུམ་ཁུར་ཨ་ཤོ་བར་ཏ་དང་། །ཤྲི་ཀ་ད་ཚི་ལ་ཀ་དང་། །པར་པ་ཏ་དང་བར་པ་ནི། །ར་ཙ་ཧ་ས་གུ་ཧ་དང་། །ཀར་པོད་ཀ་རི་ཀ་ཉིད་དང་། །པུ་ཤ་པར་ཏ་ཏ་བི་དང་། །པུརྞ་དེ་བཞིན་ཞི་ཐེའུ་དང་། །བར་ཏི་པུཥྤ་བེ་ཏི་མ། །བིཏྟ་ཁ་དང་ཁརྫུ་བ། །སརྫ་ཀ་དང་མན་ད་ཀ །ཛ་ལི་ཏི་བི་ཀ་དང་ནི། །ཤས་ཀུ་ལ་དང་མོ་ཏ་ཀ །སྣུམ་ཚོས་སྣ་ཚོགས་ཁར་ར་བཅས། །ཨུ་ལོ་བི་ག་ཀུ་ལ་དང་། །དེ་བཞིན་དུ་ནི་གླང་སྣ་དང་། །མ་ཤའི་ཁུར་པ་ལ་སོགས་དང་། །ཤུས་ཀ་ཀ་དང་ལོ་མའི་དབྱིབས། །བརྟ་ཀ་དང་བེ་རེག་དང་། །སྭ་ཡ་ལི་ཀ་དཱ་ཙེ་དང་། །དེ་ལ་སོགས་ཏེ་སྣ་ཚོགས་པའི། །བཅའ་བ་དག་ནི་འདིར་དབུལ་ལོ། །ཀྲི་ས་ར་དང་འོ་ཐུག་དང་། །འབྲས་ཐུག་ཆུ་དང་སྦྱར་བ་དང་། །ཞོ་དང་དར་བ་ནས་ཐུག་དང་། །ཁ་དོག་དམར་དང་སེར་སོགས་འགྱུར། །ལོ་མ་བཏིང་བ་འདི་དག་ནི། །ཁམ་ཕོར་དག་ནས་དབལ་བར་བྱ། །དེ་ནས་སཱ་ལུའམ་དྲུག་ཅུ་ཡི། །འབྲས་ཆན་ཐུངས་ནི་མི་ཆུང་དབུལ། །དེ་ནས་ཚོད་མ་སྣ་ཚོགས་པ། །གཡོས་ལེགས་པ་ལ་དྲི་ཞིམ་པ། །སྲན་ཆུང་ཚོད་མ་ལ་སོགས་པའི། །ཚོད་མ་རྣམ་པ་སྣ་ཚོགས་དབུལ། །འབྲས་ཆན་ཞོ་སྦྱར་བུ་རམ་ཆན། །ཁམ་ཕོར་དག་ནས་དབུལ་བར་བྱ། །མཁས་པས་ཟས་རྣམས་བཟང་པོ་དག །གང་ཡང་རུང་བས་ལྷ་བཤོས་དབུལ། །ཆོ་ག་ཤེས་པས་ཟས་རྣམས་ནི། །དཀར་གསུམ་འབྱུང་པོ་ཐམས་ཅད་ལ། །རྒྱ་ཆེན་པོ་ནི་སྣ་ཚོགས་པ། །ཇི་ལྟར་རིགས་པར་སྦྱར་བར་བྱ། །འབྲས་ཆན་མར་ཞོ་འོ་མར་སྦྱར། །དཀར་གསུམ་ཞེས་བྱ་འོ་ཐུག་དང་། །ཀྲི་སར་སྲན་ཚོད་དང་སྦྱར་བ། །དེ་མིང་འབྱུང་པོ་ཐམས་ཅད་པའི། །བཅའ་བ་མང་བཅས་རྒྱ་ཆེན་དེ། །ནས་ཐུག་དང་སྦྱར་སྣ་ཚོགས་པའོ། །དེ་ལྟར་ཁ་བཟས་རྣམ་པ་དྲུག །ཅི་ནུས་པར་ནི་དབུལ་བར་བྱ། །དྲི་མི་ཞིམ་དང་བསྐ་བ་དང་། །ཁ་བ་དང་ནི་ཚ་བ་དང་། །ཚོད་མ་ཞག་ཏུ་ལོན་པ་དང་། །བཀྲ་མི་ཤིས་པ་རྣམ་པར་སྤངས། །ཚོད་མ་རྣམས་ནི་མ་འབྱོར་ན། །སྲན་ཚོད་གཅིག་པུ་དབུལ་བར་བྱ། །ཞོ་ནི་ཀུན་དུ་འབྲས་ཆན་གྱི། །སྟེང་དུ་བསྒོས་ཏེ་བླུག་པར་བྱ། །འོ་ཐུག་མ་ཤའི་སྲན་ཚོད་དང་། །ཞོ་དང་འབྲས་ཆན་སྭ་སྟི་ཀ །ཀྲི་ས་ར་དང་དྲུག་པོ་དག །གཏོར་མའི་ལས་ལ་རྟག་མི་སྤང་། །དབུལ་པོའི་གཏོར་མའི་ལས་ལ་ནི། །དྲུག་པོ་ཁོ་ན་བརྗོད་པར་བྱ། །དེ་དག་གག་ཡང་རུང་བ་ཞིག །ཉམས་ན་གཏོར་མའི་ལས་ཉམས་སོ། །འོ་ཐུག་ནང་དུ་སྦྲང་རྩི་གདབ། །དེ་བཞིན་ཞོ་དང་བུ་རམ་གདབ། །སྲན་ཚོད་ནང་དུ་མར་མི་གདབ། །བདོག་ན་སྒེའུ་གཤེར་དག་ཀྱང་གདབ། །འབྲས་ཆུ་དག་དང་རྩ་བ་དང་། །རྣམ་པ་སྣ་ཚོགས་བསྒྲིམས་ཏེ་གདབ། །ལྷ་རྣམས་དང་ནི་གསང་སྔགས་དང་། །ཁྱད་པར་དུ་ཡང་དེ་ལ་དགྱེས། །ཨ་མྲ་འབྲ་གོ་བལ་པོ་སེའུ། །རྒུན་འབྲུམ་རྒྱ་ཤུག་ཏིན་ཏུ་ཀ །ཀ་བིད་བཱི་ཛ་པུར་དང་། །ན་རང་ཀ་དང་པ་ན་ས། །སྐྱར་ཤིང་ལ་ཀུ་ཆུ་ཤིང་འབྲས། །བྟ་བྱ་བ་ར་བ རྟ་དང་། །ཤི་རི་འཛམ་བུ་སྐྱུ་རུ་ར། །ཀ་ར་མ་ཏ་བ་རི་ཡ། །དེ་ལ་སོགས་པའི་འབྲས་བུ་ནི། །རྣམ་པ་སྣ་ཚོགས་སྨིན་པ་དག །མཁས་པས་གཏོར་མའི་ལས་ལ་ནི། །གུས་པ་དག་ཏུ་དབུལ་བར་བྱ། །ན་རི་ཀེ་ར་བིལ་བའི་འབྲས། །ཏ་ལ་དང་ནི་སེའུ་འབྲུ་དང་། །དེ་ལ་སོགས་པའི་གེལ་པ་ཡི། །འབྲས་བུ་དག་ནི་རྣམ་པར་སྤང་། །རྡོ་བའི་རྡོ་གུ་དག་དང་ནི། །བི་ཏ་ར་ལ་སོགས་པ་ཡི། །ལྡུམ་བུ་བཤུས་པ་བཟང་པོ་དག །ཐམས་ཅད་དུ་ནི་དབུལ་བར་བྱ། །སུ་ར་ན་ཡི་རྩ་བ་དང་། །ཀཪྱཱ་དུ་ཏན་ཏ་ཉིད་དང་། །དེ་ལ་སོགས་པའི་རྡོ་གུ་ནི། །མི་ཤེས་པ་དག་རྣམ་པར་སྤང་། །འབྲས་བུའི་མཆོག་ནི་བལ་པོའི་སེའུ། །རྡོ་གུའི་མཆོག་ནི་བི་དི་རི། །དེ་དག་བློ་དང་ལྡན་པ་ཡིས། །བསྒྲིམས་ཏེ་དཀྱིལ་འཁོར་དག་ཏུ་དབུལ། །སྲན་ཆན་རྣམ་པ་སྣ་ཚོགས་དང་། །ཏིལ་ནི་ཁ་ཚོས་དང་བསྲེས་པ། །དེ་དག་དཀྱིལ་འཁོར་ཕྱི་རོལ་གྱི། །ལྷ་ལ་གོ་རིམས་བཞིན་དུ་དབུལ། །དེ་ནས་མེ་ཏོག་དཀར་པོ་དང་། །ཏིལ་དང་འབྲས་ཡོས་དཀྱིལ་འཁོར་དགྲམ། །མ་ཐར་ཕྱོགས་ཀྱི་གཏོར་མ་ནི། །རྒྱ་ཆེན་ཕྱོགས་རྣམས་ཀུན་ཏུ་སྦྱིན། །འབྲས་ཡོས་དང་ནི་ཏིལ་དུ་བཅས། །འབྲས་ཆན་མེ་ཏོག་ཆུ་དང་བཅས། །སྲན་ཆན་བཅས་ཤིང་མང་དུ་བྱ། །མར་དང་ཚག་ཚིག་བཅས་པ་ཡི། །གཏོར་མ་འདི་འདྲ་སློབ་དཔོན་གྱི། །ལག་ཏུ་བླངས་ཏེ་བཀའ་བཞིན་དུ། །ཕྱོགས་མཚམས་ཀུན་དུ་གསུམ་གསུམ་དབུལ། །མཆོད་ཡོན་དང་ནི་བདུག་པའང་སྦྱིན། །སྲིན་པོ་རྣམས་དང་ཤ་ཟ་དང་། །འབྱུང་པོ་རྣམས་དང་ཤ་རྗེན་ཟ། །སེམས་ཅན་རྣམ་པ་སྣ་ཚོགས་ལ། །མཁས་པས་གཏོར་མ་ཕྱོགས་སུ་གཏོར། །སེམས་ལ་གང་དང་གང་དྲན་པ། །དེ་དག་ཀུན་ལ་གཏོར་མ་སྦྱིན། །ས་སོགས་དེ་ཡི་སེམས་ཅན་ནི། །ལྗོན་ཤིང་གེལ་པར་གནས་རྣམས་ལ། །སྦྱིན་བྱ་གལ་ཏེ་འཐོར་བའི་ཚེ། །བློ་བུར་ཅེ་སྤྱང་སྒྲ་གྲག་ནི། །དེར་ནི་མཉམ་གཞག་མ་འཁྲུལ་བར། །གཏོར་མ་ཡང་དང་ཡང་དུ་སྦྱིན། །ཅེ་སྤྱང་སྒྲ་དང་སྒྲ་ཆེན་དང་། །འབྱུང་པོ་དག་ནི་སྣང་བ་དང་། །ལྗོན་ཤིང་ཡལ་ག་ཆག་སོགས་དང་། །འབྲུག་གི་སྒྲ་ནི་གྲག་པ་དང་། །དེ་ལ་སོགས་པ་ཡ་མཚན་ལྟས། །གལ་ཏེ་དེར་ནི་འབྱུང་གྱུར་ན། །གཏོར་མ་ཇི་ལྟར་རིགས་བྱིན་ནས། །བསྲུང་བའི་ལས་ནི་བྱ་བར་བྱ། །ཅི་ཐོས་ཇི་ལྟར་ཤེས་པ་དང་། །ཅི་མཐོང་རིམ་པ་ཅི་ལྟ་བར། །ལྷ་རྣམས་ཀུན་ལ་ཕྱོགས་དག་ཏུ། །དེ་བཞིན་གཏོར་མ་སྦྱིན་པར་བྱ། །དེ་ལྟར་ཕྱོགས་ཀྱི་གཏོར་མ་དག །བྱིན་ནས་ལེགས་པར་ལག་བཀྲུས་ཏེ། །ཉེ་རེག་བྱས་ནས་ཕྱི་རོལ་ཏུ། །མཁས་པ་ཡིས་ནི་བདུག་སྦོས་སྦྱིན། །དེ་ནས་ནང་དུ་ཞུགས་ནས་ནི། །མཆོད་ཡོན་སྔ་མ་བཞིན་ཕུལ་ནས། །བདུག་སྤོས་དག་གིས་བདུགས་ནས་སུ། །ཡིད་ཀྱིས་མཆོད་པའི་བཤོས་རྣམས་དབུལ། །དཀྱིལ་འཁོར་དབུ་མའི་ལྷ་རྣམས་ནི། །ཐམས་ཅད་ལ་ཡང་ནན་ཏན་དུ། །རས་ནི་དཀར་ལ་ཕྲ་བ་དག །རེ་རེ་ལ་ཡང་ཟུང་རེ་དབུལ། །འབྱོར་ན་ལྷ་རྣམས་ཐམས་ཅད་ལ། །རས་ནི་ཟུང་རེ་དབུལ་བར་བྱ། །མ་འབྱོར་ན་ཡང་རིགས་གསུམ་གྱི། །བདག་པོ་རྣམས་ལ་ཟུང་རེ་དབུལ། །ཡང་ན་ཆོ་ག་ཤེས་པ་ཡིས། །དཀྱིལ་འཁོར་དབུས་སུ་རས་ཕྲན་ནི། །ཟུང་གཅིག་སློབ་མའི་སྟེང་བཞག་སྟེ། །ཕུལ་ནས་ཀུན་ལ་བསྔོ་བར་བྱ། །དེ་ནས་སོ་སོའི་གསང་སྔགས་ནི། །རེ་རེའང་བདུན་བདུན་བཟླས་བརྗོད་བྱ། །དཀྱིལ་འཁོར་བདག་པོའི་གསང་སྔགས་ཀྱང་། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །ཡང་ན་རིགས་ཀྱི་སྙིང་པོ་རྣམས། །རེ་རེ་ཞིང་ཡང་བརྒྱ་བརྒྱ་བཟླས། །དེ་ནས་སོ་སོའི་ཕྱག་རྒྱ་རྣམས། །བཟླས་བརྗོད་གསུམ་བྱས་རིམ་བཞིན་བཟླས། །ཡང་ན་སྤྱི་ཡི་ཕྱག་རྒྱ་ནི། །རེ་རེ་ལ་ཡང་སོ་སོར་བསྟན། །དེ་ལྟར་བྱས་ན་མཉེས་པ་དང་། །བྱིན་གྱིས་རློབ་ཅིང་དངོས་གྲུབ་སྩོལ། །ཐལ་མོ་སྦྱར་བ་བཀན་པ་ལས། །མཛུབ་མོ་གཉིས་ནི་ཅུང་ཟད་བཀུག །འདི་ནི་དེ་བཞིན་གཤེགས་རིགས་ཀྱི། །དམ་ཚིག་ཕྱག་རྒྱར་ཤེས་པར་བྱ། །ཐལ་མོ་ལེགས་པར་སྦྱར་བ་ལས། །སོར་མོ་དབུ་མ་གསུམ་འགྱེད་པ། །འདི་ནི་པདྨོའི་ཕྱག་རྒྱ་སྟེ། །པདྨོ་ཁ་བྱེའི་མཚན་ཉིད་དེ། །ལག་པ་གཉིས་ནི་རྒྱབ་བསྣོལ་ཏེ། །མཐེའུ་ཆུང་གཉིས་དང་མཐེབ་གཉིས་དཀྲི། །འདི་ནི་རྡོ་རྗེའི་ཕྱག་རྒྱ་སྟེ། །རྡོ་རྗེའི་རིགས་ལ་བཤད་པ་ཡིན། །དཀྱིལ་འཁོར་རྣམས་ནི་ཐམས་ཅད་ལ། །དམ་ཚིག་གསུམ་གྱི་ཕྱག་རྒྱ་རྣམས། །རིགས་གསུམ་དག་ལ་བཤད་པ་སྟེ། །སྤྱི་ཡི་ཡིན་པར་རབ་ཏུ་བསྒྲགས། །བསྲུང་བའི་ལས་དང་ཕྱོགས་བཅིང་བ། །ལྷ་རྣམས་ལ་ནི་བསྐུལ་བ་དང་། །དབང་བསྐུར་བ་ཡི་ཆོ་ག་དང་། །བགེགས་རྣམས་དག་ནི་བཟློག་པ་དང་། །མེ་ཏོག་སོགས་ལ་གདབ་པ་དང་། །དེ་བཞིན་དགྲ་རྣམས་ཞི་བྱ་དང་། །གདོན་རྣམས་ཚར་གཅད་བྱ་བ་དང་། །བཅིང་བ་དང་ནི་དགྲོལ་བ་དང་། །ཕྱག་རྒྱ་ཕྱག་རྒྱ་ལེའུ་ལས་ནི། །རྒྱས་པར་ཡང་དག་བཤད་པ་ཡིན། །དེ་དག་གི་ནི་དཀྱིལ་འཁོར་དུ། །རྣམ་པར་དབྱེ་སྟེ་ལས་རྣམས་བྱ། །གསང་སྔགས་གང་རྣམས་སྔར་བཤད་པ། །དེ་དག་ཐམས་ཅད་རྒྱར་བཅས་ཏེ། །བསྲུང་བ་དག་ལ་སོགས་པ་ལ། །འདིར་ནི་ཆོ་ག་བཞིན་དུ་སྦྱར། །གདོན་ལ་སོགས་པ་ཁྱད་པར་དུ། །རྡོ་རྗེ་ཐོ་བས་མཚམས་གཅད་དོ། །གདོན་གྱི་དཀྱིལ་འཁོར་དག་ཏུ་གང་། །ཕྱག་རྒྱ་བཅྭ་བརྒྱད་བཤད་བའང་སྦྱར། །རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱ། །བཅིང་བ་རྡོ་རྗེ་ལྕགས་སྒྲོག་གིས། །རྡོ་རྗེ་ཁུ་ཚུར་འདུལ་བ་ལ། །རྡོ་རྗེ་སྡེར་མོ་སྡིགས་པ་ལ། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །དམ་ཚིག་འཛིན་དུ་གཞུག་ལ་སྦྱར། །རིག་སྔགས་རྒྱལ་པོ་གནོད་མཛེས་ནི། །ཕྱག་རྒྱར་བཅས་ལ་གདོན་རྣམས་འཇོམས། །རབ་ཏུ་དྲག་པོའི་གདོན་རྣམས་ལ། །རྡོ་རྗེ་ཐོ་བ་སྦྱར་བ་ནི། །བརྩོན་འགྲུས་མཐུ་རྩལ་ཆེན་པོ་སྟེ། །གཅིག་བུས་ཀྱང་ནི་ལས་རྣམས་འགྲུབ། །གདོན་ལས་སྦྱར་བའི་ཕྱག་རྒྱ་ནི། །མ་ལུས་པ་དག་འབར་འགྱུར་ཞིང་། །དེ་དག་གི་ནི་མཐུ་སྟོབས་ཀྱང་། །དེར་ནི་ལྷག་པར་མངོན་པར་འགྱུར། །དེ་བས་གདོན་རྣམས་ཚར་བཅད་པར། །ཕྱག་རྒྱ་དག་ནི་འབད་དེ་སྦྱར། །ལས་ལ་ཇི་ལྟར་མཐོང་བ་བཞིན། །གཞན་དག་ཀྱང་ནི་སྦྱར་བར་བྱ། །དེ་ནས་ཡམ་ཤིང་དག་གིས་ནི། །སྦར་བའི་མེ་ལ་སྦྱིན་སྲེག་བྱ། །ཤར་དུ་ཁ་བལྟས་ཀུ་ཤ་ཡི། །ཁྲེས་ལ་འདུག་སྟེ་མཉམ་གཞག་སྟེ། །ཀུ་ཤ་དགྲམ་དང་བསང་བ་ཡང་། །གཡས་ཕྱོགས་དག་ནས་བསྐོར་བྱ་ཞིང་། །མཚོད་སྦྱིན་ཡམ་ཤིང་མེ་ལ་སྦར། །ཐོག་མ་དང་ནི་ཐ་མར་ཡང་། །མར་གྱི་སྲེག་བླུགས་དགང་བླུགས་ཀྱིས། །སོ་སོ་དག་ཏུ་དབུལ་བར་བྱ། །གང་དུ་བཟླས་བརྗོད་ཇི་སྐད་བཤད། །སྦྱིན་སྲེག་དག་ཀྱང་དེ་བཞིན་བསྒྲགས། །ཡང་ན་རེ་རེའི་ཆེད་དུ་ཡང་། །ཞི་བའི་སྔགས་ཀྱིས་སོ་སོར་བྱ། །གསང་སྔགས་ཐམས་ཅད་རིམ་བཞིན་དུ། །རེ་རེ་ནས་ཀྱང་དྲན་བྱས་ལ། །སྲེག་བླུགས་བདུན་བདུན་བསྲེག་བྱ་ཞིང་། །ཡང་ནས་ཡང་དུ་བསང་གཏོར་བྱ། །དེ་ནས་མཇུག་ཏུ་མེ་བསངས་ནས། །ཞི་བ་ཡི་ནི་གསང་སྔགས་ཀྱིས། །སྲེག་བླུགས་བརྒྱ་རྩ་བརྒྱད་ཕུལ་ནས། །ལྷ་རྣམས་ཀུན་ལ་བཟོད་པར་གསོལ། །སེམས་ནི་རབ་ཏུ་དད་བྱས་ལ། །དཀྱིལ་འཁོར་དུ་ནི་བདུག་སྤོས་དབུལ། །དེ་ནས་རིགས་ཀྱི་བདག་པོ་ལ། །བསྟོད་པ་དག་ནི་ལེགས་པར་བྱ། །སྡིག་པ་རྣམས་ཀྱང་གུས་པར་བཤགས། །བསོད་ནམས་རྗེས་སུ་ཡི་རང་བྱ། །དེ་ལྟར་བསླབས་ཤིང་ཅི་འདོད་པ། །སྨོན་ལམ་དག་ཏུ་བཏབ་ནས་སུ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། །ཡང་དང་ཡང་དུ་གུས་པར་བྱ། །ཕྱིར་མི་ལྡོག་པའི་དགེ་འདུན་དང་། །རིག་སྔགས་གསང་སྔགས་ཚོགས་ལ་ཡང་། །ཡིད་ལ་བསམས་ཏེ་ཡང་དང་ཡང་། །བྱང་ཆུབ་ཏུ་ནི་སེམས་ཀྱང་བསྐྱེད། །དེ་ལྟར་བྱས་ནས་དེ་འོག་ཏུ། །གླེགས་བམ་ཅུང་ཟད་བཀླག་པར་བྱ། །དཀྱིལ་འཁོར་དག་ཏུ་སྤྱན་དྲང་བའི། །ཆོ་ག་ལེགས་པར་བྱས་ནས་ནི། །བདུག་སྦོས་རྒྱུན་མི་འཆད་པར་དབུལ། །ཡང་དང་ཡང་དུ་མཆོད་ཡོན་གསོལ། །དེ་ལྟར་ཆོ་ག་འདི་བྱས་ནས། །ལྷ་རྣམས་ལ་ཡང་ཕྱག་བྱས་ཏེ། །བློ་དང་ལྡན་པས་ཆོ་ག་འདིས། །སློབ་མ་རྣམས་ནི་ལེགས་པར་གཟུང་། །སློབ་མ་རེ་རེ་ནས་དགུག་སྟེ། །བསང་གཏོར་སྔ་མ་བཞིན་བྱས་ནས། །བྱུག་སྤོས་ལ་སོགས་བྱིན་ནས་སུ། །སྙིང་པོས་མངོན་པར་བསྔགས་ནས་ནི། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །བཏབ་པའི་གོས་ཀྱིས་གདོང་གཡོགས་ཏེ། །སྔར་བསྟན་པ་ཡི་ཕྱག་རྒྱ་ལ། །མེ་ཏོག་དག་ནི་བཞག་ནས་སུ། །དེ་ནས་དཀྱིལ་འཁོར་བདག་པོའི་སྔགས། །ཕྱག་རྒྱར་བཅས་པ་སྤྱི་བོར་གཞག །གསང་སྔགས་ལན་གསུམ་བཟླས་བྱས་ནས། །ཉིད་ཀྱི་བདེན་པའི་བྱིན་བརླབས་གསོལ། །འདི་ལྟར་བདག་གི་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཙུད་ནས། །ལྷ་ཡི་རིགས་ཀྱི་རིམ་པ་དག །འདི་ཡི་བསོད་ནམས་ཅི་འདྲ་ལས། །དེ་བཞིན་དུ་ནི་འབབ་གྱུར་ཅིག །འདིས་ནི་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ནི་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་འགྱུར། །དེ་སྐད་བརྗོད་ནས་དེ་འོག་ཏུ། །དེ་ནས་སྒོ་ཡི་ཕྱོགས་སུ་དེ། །བཞག་སྟེ་མེ་ཏོག་གཏོར་དུ་གཞུག །གང་དུ་མེ་ཏོག་བབ་གྱུར་བ། །དེ་ནི་དེ་ཡི་རིགས་སུ་གསུངས། །དེ་ནས་གདོང་གཡོགས་བཀྲོལ་ནས་ནི། །དཀྱིལ་འཁོར་བཟང་པོ་བསྟན་པར་བྱ། །དེ་ནས་བླ་མ་དགའ་འགྱུར་ནས། །སློབ་མ་དེ་ལ་འདི་སྐད་བསྒོ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་རིག་པས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཕྱིར་ནི་དམ་ཚིག་སྲུངས། །གསང་སྔགས་དག་ལའང་བརྩོན་པར་གྱིས། །དེ་ནས་སློབ་མ་བདག་ཉིད་ཀྱིས། །མེ་ཏོག་སྙིམ་པ་བཀང་ནས་ནི། །རིགས་གསུམ་དག་ལ་བསྔོས་ནས་སུ། །ཕྱག་འཚལ་ལན་གསུམ་གཏོར་བར་བྱ། །དེ་ནས་དེ་ཚེ་སློབ་དཔོན་གྱིས། །དཀྱིལ་འཁོར་དེར་ནི་རང་སྔགས་སམ། །སྙིང་པོ་སྦྱིན་བྱ་དེས་ཀྱང་དེ། །མནོས་ནས་དཀྱིལ་འཁོར་གཉིས་པོར་བཟླས། །དངོས་གྲུབ་རབ་འབྲིང་རྣམ་གསུམ་ནི། །མེ་ཏོག་བབ་པ་ལས་བརྟགས་ཏེ། །ལྷ་རྣམས་ཀྱི་ནི་ཁྱད་པར་དང་། །གནས་ཀྱི་ཁྱད་པར་དག་ལས་བརྟག །གང་ཚེ་སངས་རྒྱས་བཅོམ་ལྡན་གྱི། །དབུ་ལ་མེ་ཏོག་བབ་གྱུར་ན། །དེ་ཚེ་གཙུག་ཏོར་མཛོད་སྤུ་དག །གདོན་མི་ཟ་བར་འགྲུབ་པར་འགྱུར། །སྤྱན་ལ་སོགས་པའི་སྔགས་རྣམས་ཀྱང་། །ཞལ་དུ་བབ་ན་འགྲུབ་པར་འགྱུར། །སྟོད་དུ་བབ་ན་མཆོག་རྣམས་འགྲུབ། །རྐེད་དུ་བབ་ན་འབྲིང་རྣམས་འགྲུབ། །རོ་སྨད་ཕྱོགས་སུ་བབ་ན་ནི། །དངོས་གྲུབ་ཕལ་རྣམས་འགྲུབ་པར་འགྱུར། །བར་གྱི་སྐུ་ལ་བབས་ན་ནི། །སྙིང་པོ་ལ་སོགས་འགྲུབ་པར་འགྱུར། །སྨད་དུ་བབ་པར་གྱུར་ན་ནི། །མཐག་གཞུག་ལ་སོགས་འགྲུབ་པར་འགྱུར། །རིམ་དེས་པདྨ་རྡོ་རྗེ་ཡི། །རིགས་ཀུན་ལ་ཡང་བསྒྲེ་བར་བྱ། །དེ་བཞིན་ལྷ་གཞན་རྣམས་ལ་ཡང་། །དངོས་གྲུབ་རྣམ་པ་གསུམ་དུ་བཤད། །གལ་ཏེ་ལྷ་ཡི་གཟུགས་དག་ལས། །རིང་དུ་མེ་ཏོག་ལྷུང་གྱུར་ན། །དེ་ཡི་དངོས་གྲུབ་ཡུན་རིང་འགྱུར། །ཉེ་ན་དངོས་གྲུབ་མྱུར་དུ་འགྲུབ། །གསང་སྔགས་ཀྱི་ནི་མཆོད་པ་དག །གང་དུ་བཀྲམ་པ་ཚུན་ཆད་ནི། །དེ་ཡི་ས་རིས་དེ་ཡིན་ཏེ། །མེ་ཏོག་དེར་ལྷུང་དེ་ཡི་རིགས། །ལྷ་གཉིས་ཀྱི་ནི་བར་དག་ཏུ། །གལ་ཏེ་མེ་ཏོག་བབ་གྱུར་ན། །གང་ལ་ཉེ་བར་གྱུར་ན་ནི། །དེ་ནི་དེ་ཡི་རིགས་སུ་བཤད། །གལ་ཏེ་ལ་ལའི་མེ་ཏོག་དང་། །དཀྱིལ་འཁོར་དང་པོ་འདས་ལྷུང་ན། །དེ་ལ་དངོས་གྲུབ་ཕལ་འགྲུབ་ཅིང་། །དེ་ནི་དད་པའང་རབ་ཏུ་ཆུང་། །གལ་ཏེ་མེ་ཏོག་བོར་བ་དག །ར་བའི་རི་མོ་ལ་བབ་ན། །ཞི་བ་བྱས་ནས་དེ་ནས་གདོད། །ནན་ཏན་བསྐྱེད་དེ་འདོར་དུ་གཞུག །དེ་ཚེ་ཐེ་ཚོམ་གྱུར་ན་ནི། །མཁས་པས་བཟླས་ཏེ་འདོར་མི་གཞུག །དེར་ནི་གང་ཡང་ངེས་མེད་པས། །དེས་ནི་དངོས་གྲུབ་ཐོབ་མི་འགྱུར། །གཉིས་ཀྱི་བར་དུ་མཉམ་པ་དང་། །དོན་མེད་ཕྱི་རོལ་ལྷུང་བ་ནི། །ཞི་བའི་སྦྱིན་སྲེག་བྱས་རྣམས་ཀྱིས། །དེ་ནས་མེ་ཏོག་འཐོར་དུ་གཞུག །སྙིང་པོར་མེ་ཏོག་བབ་ན་ནི། །རྟག་ཏུ་དོན་མེད་མི་འགྱུར་བཤད། །སྲད་བུ་དག་གི་ཆོ་ག་བཞིན། །དེ་ཡིས་ས་འཁོར་ཤེས་པར་བྱ། །རིགས་གསུམ་ལ་ཡང་ཆོ་ག་བཞིན། །དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟག །ཇི་ལྟར་གནས་པའི་ཚུལ་དག་ལས། །གཙོ་བོ་རྣམས་ཀྱི་རིམ་གྱིས་བསྐྱེད། །ཤེས་རབ་ཕ་རོལ་ཕྱིན་དབུས་སམ། །དཀྱིལ་འཁོར་གྱི་ནི་གཙོ་བོ་དང་། །སྒོ་སྲུང་གཉིས་ལ་མཚུངས་གྱུར་ན། །ད་ལྟ་སྙིང་པོ་སྤྱོད་ཡུལ་ལེགས། །གལ་ཏེ་མེ་ཏོག་བོར་བ་དག །མཆོད་པའི་སྟེང་དུ་བབ་འགྱུར་ན། །དེ་ནི་རྒྱས་པའི་བསྒྲུབ་པ་དག །ཁད་པར་དུ་ནི་ཤེས་པར་བྱ། །དཀྱིལ་འཁོར་གྱི་ནི་བདག་པོ་ལ། །གང་གི་མེ་ཏོག་བབ་གྱུར་ན། །དེས་ནི་དེ་ཡི་ལས་རྣམས་ཀུན། །མྱུར་དུ་འགྲུབ་ཅིང་མཆོག་ཏུ་འགྱུར། །སངས་རྒྱས་བཅོམ་ལྡན་འདས་ལ་ནི། །གང་གི་མེ་ཏོག་བབ་གྱུར་བ། །དེ་ལ་རིགས་གསུམ་གསང་སྔགས་ཀུན། །གདོན་མི་ཟ་བར་འགྲུབ་པར་འགྱུར། །པདྨ་འཛིན་ལ་རིགས་གཉིས་འགྲུབ། །རྡོ་རྗེ་འཛིན་ལ་རང་རིགས་འགྲུབ། །ཡང་ན་ལྷ་ནི་བསྙེན་པ་བཞིན། །གསང་སྔགས་འགྲུབ་པར་ཤེས་པར་བྱ། །གང་གིས་གཉིས་དང་གསུམ་པ་ལས། །འདས་ཏེ་སོང་བར་གྱུར་ན་ནི། །དཀྱིལ་འཁོར་དེ་ནས་དབྱུང་བར་བྱ། །ཡང་ན་དཀྱིལ་འཁོར་གཞན་དུ་གཞུག །དེ་ལ་སོགས་པའི་རྣམ་པ་ཡིས། །མེ་ཏོག་རྣམས་ནི་བོར་བ་ལས། །བདག་གི་མདུན་དུ་གང་ལྷུང་བ། །དེ་ལ་ཞི་བ་བརྩམ་པར་བྱ། །སྦྱིན་སྲེག་གིས་ནི་ཞི་བྱས་ནས། །དེ་ནི་སླར་ཡང་འདོར་དུ་གཞུག ། ལན་གསུམ་སྤོགས་ཏེ་མ་བབ་ན། །རེ་ཐག་བཅད་དེ་སླར་གཏང་ངོ་། །བློ་དང་ལྡན་པས་ཆོ་ག་འདིས། །སློབ་མ་ཐམས་ཅད་གཟུང་བར་བྱ། །བཙུད་ནས་མེ་ཏོག་དྲི་ལ་སོགས། །དཀྱིལ་འཁོར་དུ་ནི་དབུལ་བར་བྱ། །སློབ་མ་གཅིག་ནས་བཀུག་ནས་ནི། །ཆོ་ག་བཞིན་དུ་ཡོན་ཕུལ་ཏེ། །ཆོ་ག་ཤེས་པས་བསང་གཏོར་བྱ། །གཡོན་གྱི་ཕྱོགས་སུ་བཞག་ནས་ནི། །དེ་ཡི་ལག་གཡས་མཐེ་བོང་ནས། །ལག་པ་གཡོན་གྱིས་བཟུང་ནས་ནི། །དཀྱིལ་འཁོར་བདག་པོའི་གསང་སྔགས་ཀྱིས། །མཁས་པས་སྲེག་བླུགས་བདུན་བདུན་བྱ། །དེ་ནས་ཞི་བའི་གསང་སྔགས་ཀྱིས། །མར་གྱི་སྲེག་བླུགས་ལན་བདུན་བྱ། །དེ་ནས་སློབ་མ་བླུགས་གཟར་གྱིས། །བསྐོར་ཞིང་ལན་བདུན་སྲེག་བླུགས་བྱ། །དེ་ནས་སྲད་བུས་བཅིངས་ནས་ནི། །བསང་གཏོར་སྔ་མ་བཞིན་བྱས་ནས། །སྙིང་གར་བྲམ་ཞིང་སྔགས་བཏབ་ལ། །ཇི་ལྟར་འདོད་པ་སླར་གཏོང་ངོ་། །སློབ་མ་རྣམས་ནི་ཐམས་ཅད་ལ། །ཆོ་ག་འདི་ནི་བཤད་པ་ཡིན། །སྦྱིན་སྲེག་ལས་ནི་བ་མར་གྱིས། །བླུགས་གཟར་ཉིད་ཀྱིས་དེ་བཞིན་དུ། །ཀུ་ཤའི་ཆུ་དང་ཀུ་ཤའི་སྟན། །དེ་བཞིན་ཀུ་ཤའི་བསང་བྱེད་དང་། །ཀུ་ཤའི་དགྲམ་པ་དག་ཀྱང་ནི། །སྦྱིན་སྲེག་ལས་ལ་རབ་ཏུ་བྱ། །མཆོད་སྦྱིན་ཤིང་གི་བུད་ཤིང་ནི། །བ་མར་བསྐུས་པས་མེ་སྦར་ཏེ། །དེ་ལ་ཡམ་ཤིང་རློན་བསྲེག་པ། །སྦྱིན་སྲེག་དག་ལ་དེ་ལྟར་བསྲེག །མར་གྱི་སྦྱིན་སྲེག་ཇི་སྙེད་པ། །ཏིལ་གྱི་སྦྱིན་སྲེག་དེ་སྙེད་བྱ། །འབྲས་ཆན་ཅི་དགར་བསྲེགས་ནས་ནི། །ཐ་མར་དགང་བླུགས་དེ་བཞིན་བྱ། །མེ་ནི་འབོད་དང་གཏང་བ་དག །རང་གི་གསང་སྔགས་དག་གིས་བྱ། །དེ་ཡི་བསང་གཏོར་ལས་ཀུན་པའི། །གསང་སྔགས་དག་གིས་བྱ་བ་ཡིན། །དཀྱིལ་འཁོར་དུ་ནི་སྦྱིན་སྲེག་ལ། །གསང་སྔགས་བཤད་པ་གང་ཡིན་པ། །དེ་དག་གིས་ནི་ཆོ་ག་བཞིན། །མཁས་པས་དེར་ནི་སྦྱིན་སྲེག་བྱ། །དེ་ནས་གཞན་ཡང་ཞི་བ་དང་། །རྒྱས་པ་དང་ནི་དེ་བཞིན་དུ། །དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་ལས། །ཁྱད་པར་དུ་ནི་བཤད་པར་བྱ། །ལས་དང་ཇི་ལྟར་རྗེས་མཐུན་པར། །དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །མཉམ་གཞག་རྫས་ནི་འདི་དག་གིས། །སྦྱིན་སྲེག་ལས་ནི་རབ་ཏུ་དབྱེ། །བྱང་དུ་ཁ་བལྟས་ཞི་བའི་ཕྱིར། །ཤར་དུ་ཁ་བལྟས་རྒྱས་པའི་ཕྱིར། །ལྷོ་ཕྱོགས་ཁ་བལྟས་དྲག་པོ་ཡི། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །ལས་རྣམས་ཀུན་ལ་ཁ་རན་ནི། །ཟླུམ་པོ་དང་ནི་གྲུ་བཞི་དང་། །གྲུ་གསུམ་ཡིན་ཏེ་དཀར་པོ་དང་། །སེར་པོ་ནག་པོ་གསུམ་དུ་བསྒྲགས། །ཞི་བའི་ལས་ནི་པདྨོའི་སྟན། །རྒྱས་པའི་ལས་ནི་ཀུ་ཤའི་ཁྲེས། །དྲག་ཤུལ་སྤྱོད་ལ་སྟན་མེད་པར། །རྐང་པ་རྐང་པས་མནན་ཏེ་བྱ། །ལས་གསུམ་དག་ལ་ཞི་བ་དང་། །དགའ་དང་དེ་བཞིན་ཁྲོ་བྱ་སྟེ། །མཁས་པས་མདོ་ལས་ཇི་སྐད་དུ། །འབྱུང་བའི་ཆོ་ག་དེ་བཞིན་བྱ། །ཞི་ལ་ཡམ་ཤིང་རྩེ་མོ་སྟེ། །དབུས་ཀྱི་ལས་ནི་རྒྱས་པ་ལ། །དྲག་ཤུལ་ཀུན་ལ་རྩ་བ་སྟེ། །ཡམ་ཤིང་རྣམ་པ་གསུམ་དུ་བཤད། །ཞི་བའི་ལས་ནི་ཀུ་ཤ་དང་། །ལོ་མ་ལ་སོགས་གྱོན་ནས་བྱ། །རྒྱས་པ་དུ་གུ་ལ་ལ་སོགས། །རས་ཕྲན་སེར་པོར་ཡོངས་སུ་གྲགས། །མངོན་སྤྱོད་གོས་ནི་ནག་པོ་ལ། །ཁྲག་གིས་བཏབ་པས་བྱ་བ་ཡིན། །ཡང་ན་གོས་རྙིང་དྲི་མ་ཅན། །བགོ་བའམ་གཅེར་བུར་བརྩམ་པར་བྱ། །ནས་དང་སྦྲང་རྩི་འོ་མ་དང་། །མར་དང་འབྲས་ཡོས་འོ་ཐུག་དང་། །དཱུར་བ་མྱུ་གུ་ཀུན་ད་དང་། །ཙུ་ཏའི་ལོ་མ་ཙནྡན་དང་། །ཨུ་དུམ་ཨ་ཤྭད་པ་ལ་ཤ །དེ་བཞིན་ཤ་མྱའི་ཡམ་སྲེག་ཤིང་། །དེ་ལ་སོགས་པ་ཐམས་ཅད་ནི། །ཞི་བའི་སྦྱིན་སྲེག་རྫས་ཡིན་ནོ། །འོ་ཐུག་ཞོ་དང་ལག་པན་དང་། །འོ་མ་དང་ནི་ནས་དཀར་ཅན། །ཏིལ་ནི་རྣམ་པ་གསུམ་སྦྱར་དང་། །སྒྲོན་ཤིང་ཤུ་ཏེ་ཉེའུ་ཤིང་དང་། །ནཱ་ཱག་པུཥྤ་བིལ་བའི་འབྲས། །འབྲུ་རྣམས་དང་ནི་ཡམ་སྲེག་ཤིང་། །དེ་ལ་སོགས་པའི་རྫས་རྣམས་ནི། །རྒྱས་པའི་སྦྱིན་སྲེག་རྣམས་ལ་བཤད། །ཡུངས་ཀར་དང་ནི་སྐེ་ཚེ་ཁྲག །ཡུངས་ཀར་མར་དང་དེ་བཞིན་དུག །རུས་ཕྱེ་དུར་ཁྲོད་ཐལ་བ་དང་། །དེ་བཞིན་སྐྲ་ནི་གཏུབས་པ་དང་། །ཀོ་བི་ད་ར་མགལ་དུམ་དང་། །སེང་ལྡེང་དང་ནི་ཨ་རིསྟ། །ཡམ་ཤིང་ཚེར་མ་ཅན་ལ་སོགས། །དྲག་ཤུལ་ཅན་གྱི་རྫས་སུ་བཤད། །སྔགས་ཀྱི་རྒྱུད་ལས་མ་གསུངས་ཀྱང་། །བློ་དང་ལྡན་པས་རྫས་འདི་རྣམས། །རབ་ཏུ་དྲག་པོའི་ལས་དག་ལ། །ཆོ་ག་བཞིན་དུ་སྦྱར་བར་བྱ། །སྦྱིན་སྲེག་ཆོ་ག་བྱས་ནས་ནི། །སློབ་མ་དབང་བསྐུར་འོས་རིག་ནས། །ཆོ་ག་བཞིན་དུ་ནན་ཏན་དུ། །དབང་བསྐུར་བ་ཡི་ཆོ་ག་བྱ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །བཏབ་པའི་སྟན་ནི་གསར་བཞག་སྟེ། །བཀྲ་ཤིས་ལ་སོགས་ཀུན་བྱས་ལ། །བསྲུང་བ་ནན་ཏན་ཆེར་བྱས་ཏེ། །དཀྱིལ་འཁོར་གྱི་ནི་སྔགས་བཟླས་ཤིང་། །སྤྱི་བོར་གདུགས་དཀར་བཟང་པ་ལ། །མེ་ཏོག་ཕྲེང་བ་དཀར་པོས་བརྒྱན། །རས་ཕྲན་དཀར་པོ་དཔྱངས་པ་གཟུང་། །སློབ་མ་ཡོན་ནི་ཆེར་ཕུལ་ཞིང་། །བླ་མ་བསྙེན་བསྐུར་བྱས་པ་དག །སྟན་ལ་དེ་ནི་བཞག་ནས་སུ། །སྔགས་ཀྱིས་སྐྱོན་བསལ་བཀྲ་ཤིས་བྱ། །བདུག་པ་ལེགས་པར་སྦྱར་བ་ཡི། །བདུག་པ་ཁྲོ་བོའི་རྒྱལ་པོས་བདུག །རྔ་ཡབ་ལ་སོགས་གཟུང་བ་དང་། །སྤྱི་བོ་སྟེང་དུ་གདུགས་ཀྱང་གཟུང་། །རྔ་མའི་བསིལ་ཡབ་བདུག་སྔོས་དང་། །ཞྭ་དང་གོས་ཀྱིས་སློབ་མ་དགབ། །འདི་དག་དང་ནི་དེ་བཞིན་དུ། །བུམ་པ་བཞི་ཡང་བཤམས་ཏེ་དགོད། །ཤིན་ཏུ་བཀྲ་ཤིས་ཚིགས་བཅད་བསྒྲགས། །དེ་བཞིན་བཀྲ་ཤིས་རྒྱ་ཆེར་གདོན། །འབྱོར་བར་འགྱུར་བའི་སིལ་སྙན་དང་། །གླུ་དབྱངས་དག་དང་རྔ་སྒྲ་བསྒྲགས། །མདོར་ན་དེ་ལ་སོགས་པ་ཡི། །ཆོ་ག་རྒྱས་པ་བྱས་ནས་སུ། །ཡིད་ཀྱིས་དཀྱིལ་འཁོར་ལྷ་ཀུན་ལ། །མཁས་པས་གསོལ་བ་བཏབ་ནས་ནི། །བུམ་པ་བཟླས་བརྗོད་བརྒྱར་བྱས་ལ། །དེ་ནི་ལེགས་པར་བླངས་ནས་སུ། །དཀྱིལ་འཁོར་དལ་བུས་ལན་གསུམ་བསྐོར། །རྩ་བའི་གསང་སྔགས་ཀུན་འདོན་ཅིང་། །བློ་དང་ལྡན་པས་དབང་བསྐུར་བྱ། །དེ་ནས་ཕྱག་རྒྱ་བཅིངས་ནས་སུ། །གསང་སྔགས་བློས་ནི་སྤྱི་བོས་གཏུགས། །གསང་སྔགས་རྒྱུད་ནི་འཛིན་འགྱུར་བ། །བློ་དང་ལྡན་པས་དབང་བསྐུར་རོ། །སློབ་མ་ཡོན་ཏན་ཀུན་ལྡན་པ། །ནུབ་ཕྱོགས་ཁ་བལྟས་ཆོ་ག་བྱ། །བྱང་ཕྱོགས་ཁ་བལྟས་ཞི་བའི་ཕྱིར། །རྒྱས་པའི་ཆོ་ག་ཤར་དུ་བལྟས། །དྲག་ཤུལ་སྤྱོད་པ་དེ་བཞིན་དུ། །ལྷོ་ཕྱོགས་ཁ་བལྟས་བརྩོན་དེ་བྱ། །དེ་ལྟར་དབང་བསྐུར་བྱས་ནས་ནི། །དེ་ལ་སར་བའི་གོས་རྣམས་བསྐོན། །མེ་ཏོག་དྲི་ལ་སོགས་པས་མཆོད། །མཆོད་ཕྱིར་ཐོགས་དང་གདུ་བུར་བཅས། །དེ་ནས་བླ་མ་བདག་ཉིད་ཀྱིས། །དེ་ཡི་སྤྱི་བོར་གདུགས་ཀྱང་གཟུང་། །ཐལ་མོ་སྦྱར་བ་བྱས་ནས་ནི། །དཀྱིལ་འཁོར་ལེགས་པར་བསྐོར་དུ་གཞུག །གདུགས་དང་བཅས་པས་སྒོ་ཕྱོགས་སུ། །སྤྱི་བོ་བཏུད་དེ་ཕྱག་འཚལ་གཞུག །གསང་སྔགས་རྒྱུད་ནི་འཛིན་འགྱུར་བའི། །སློབ་མ་འདི་ནི་ཕུལ་བ་ལགས། །མཁན་པོས་དེ་སྐད་སྨྲས་ནས་སུ། །གདུགས་བཞག་ནས་ནི་སློབ་མ་དེ། །ལག་པས་ལེགས་པར་བླངས་ནས་སུ། །དེ་ནས་འདི་སྐད་བསྒོ་བར་བྱ། །ད་ནི་དཀྱིལ་འཁོར་སློབ་དཔོན་འགྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་ཀུན་གྱིས་བཀུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱོས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །དེ་སྐད་བསྒོ་ནས་དེ་འོག་ཏུ། །དེ་ནས་སློབ་མ་དེ་ཡི་ཕྱིར། །སྦྱིན་སྲེག་ཆོ་ག་སྔོན་བཞིན་བྱ། །ཡམ་སྲེག་ཤིང་གི་མེ་ལ་ནི། །དཀྱིལ་འཁོར་བདག་པོའི་གསང་སྔགས་ཀྱིས། །མར་གྱི་སྦྱིན་སྲེག་བརྒྱ་དག་བྱ། །དེ་བཞིན་ཞི་བའི་གསང་སྔགས་ཀྱིས། །ཞོ་དང་སྦྲང་རྩི་མར་སྦྱར་བའི། །ཏིལ་གྱི་སྲེག་བླུགས་བརྒྱ་ཡང་བྱ། །སྦྱིན་སྲེག་ཟིན་ནས་སྤྱི་བོར་ནི། །ཆུ་དེ་ཉིད་ཀྱིས་བསང་གཏོར་བྱ། །དེ་ནས་དེ་ལ་དཀྱིལ་འཁོར་ནི། །རབ་ཏུ་རྒྱས་པར་བསྟན་པར་བྱ། །ཕྱག་རྒྱ་ཆེན་པོ་དག་ཀྱང་བསྟན། །རིག་སྔགས་རྒྱལ་པོ་ཀློག་ཏུ་གཞུག །བླ་མས་དེ་ལ་ཅི་ནུས་པར། །ཆོ་ག་བཞིན་དུ་ཟློས་སུ་གཞུག །དེ་ནས་སློབ་མ་བློ་ལྡན་པས། །མེ་ཏོག་སྙིམ་པ་བཀང་ནས་སུ། །བདག་གིས་སྔགས་དང་ལྷ་རྣམས་ཀྱང་། །གོ་རིམས་བཞིན་དུ་མཆོད་བྱས་ནས། །སློབ་དཔོན་སྦྱིན་སྲེག་གནས་འདུག་ལ། །དགའ་ཞིང་གུས་པས་དྲན་བྱས་ལ། །དེ་ཚེ་བླ་མ་ཅི་འདོད་པའི། །ཡོན་ནི་ཕྱག་རྒྱས་དབུལ་བར་བྱ། །བདག་དང་བདོག་པ་ཀུན་བཅས་པར། །སློབ་དཔོན་ལ་ནི་དབུལ་བར་བྱ། །བདག་ཉིད་དབང་བའི་སྐྱེ་བོ་ཀུན། །ནོར་དང་བཅས་ཤིང་རྐང་འགྲོས་བཅས། །གཞན་ཡང་ནོར་གྱིས་མགུ་བའམ། །ཡང་ན་གང་ལ་དགའ་ཡང་རུང་། །ཡང་ན་བདག་ལ་ཅི་འདོད་པ། །བླ་མ་ལ་ནི་དེ་དབུལ་ལོ། །ཡང་ན་དབུལ་བོས་བླ་མ་ལ། །བཀུར་སྟི་དག་གིས་མགུ་བར་བྱ། །སློབ་དཔོན་དག་ནི་ཐམས་ཅད་ལ། །བཀུར་སྟི་བྱ་བ་ཡོན་ཏུ་བཤད། །དང་པོར་རས་ཟུང་གཅིག་ཕུལ་ནས། །ཕྱི་ནས་ཆོ་ག་འདི་ཀུན་བྱ། །སློབ་མས་གསང་སྔགས་གྲུབ་འདོད་པས། །བླ་མ་མཆོད་པ་བྱ་བའི་ཕྱིར། །སློབ་མ་དམ་ཚིག་བསྲུང་བ་ཡིས། །གོས་དང་གསེར་དང་བདག་ཉིད་དང་། །བུ་དང་བདོག་པ་ཐམས་ཅད་ནི། །བལ་མ་དག་ལ་ཡོན་དུ་དབུལ། །དེ་ནས་བླ་མས་སློབ་མ་རྣམས། །མ་ཡེངས་ལེགས་པར་བཀོད་ནས་སུ། །ཤེས་རབ་ཕ་རོལ་ཕྱིན་བཀླགས་ཏེ། །དམ་ཚིག་འདི་ལ་བསྒོ་བར་བྱ། །དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་བས་རབ་ཏུ་བརྟེན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་འགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་གཞག །ཐེག་པ་ལ་ནི་དགའ་རྣམས་ཀྱི། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །དེ་ལྟར་དམ་ཚིག་བསྒོ་ནས་ནི། །ཉིད་ཀྱི་ཕྱག་རྒྱ་རྣམས་བསྟན་ལ། །ཉིད་ཀྱི་རིགས་ཀྱི་རིག་པ་སྦྱིན། །དཀྱིལ་འཁོར་དག་ཀྱང་བཤད་པར་བྱ། །དེ་ནས་ཁ་ལག་བཀྲུས་ནས་སུ། །ལྷ་ལ་མཆོད་ཡོན་ཕུལ་ནས་ནི། །གོ་རིམས་བཞིན་དུ་ཐམས་ཅད་ལ། །བདུག་སྤོས་ཆོ་ག་བཞིན་དུ་དབུལ། །དེ་ནས་དཀྱིལ་འཁོར་རིག་སྔགས་ཀྱིས། །སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་དབུལ། །ཞི་བའི་སྔགས་ཀྱིས་བརྒྱ་རྩ་བརྒྱད། །སྙིང་པོ་ཡིས་ནི་ཉི་ཤུ་གཅིག །ཇི་ལྟར་བསྟན་པའི་གསང་སྔགས་ཀྱིས། །མར་གྱིས་སྦྱིན་སྲེག་སོ་སོར་བྱ། །དེ་ཡི་འོག་ཏུ་རང་སྔགས་ཀྱིས། །སྦྱིན་སྲེག་ཇི་ལྟར་འདོད་པར་བྱ། །དེ་ནས་ཕྱོགས་ཀྱི་གཏོར་མ་སྦྱིན། །བསྡམ་ཞིང་ཁ་ལག་ཡང་བཀྲུས་ནས། །མེ་ཏོག་དྲི་ལ་སོགས་པ་ཡིས། །སློབ་མས་ཇི་ལྟར་འདོད་པར་མཆོད། །སློབ་མ་དང་བཅས་མ་ཡེངས་པར། །མགོ་བོས་གུས་པར་ཕྱག་འཚལ་ཏེ། །སྣོད་དུ་བཤད་པ་གང་ཡིན་པ། །དེ་ནས་སྤོས་ཆུ་ཕུལ་ནས་སུ། །སོ་སོའི་སྔགས་ཀྱིས་ཅི་རིགས་པར། །དེ་ནས་སླར་ནི་གཤེགས་སུ་གསོལ། །དམན་མ་རྣམས་ནི་ཕྱགས་ནས་སུ། །མཚོ་ཆེན་ནང་དུ་དོར་བར་བྱ། །བཟའ་བ་དང་ནི་བཅའ་བ་རྣམས། །ཅི་ད གར་ཕོངས་པ་རྣམས་ལ་སྦྱིན། །ཁྱི་དང་བྱ་རོག་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །ཡོ་བྱད་རྫས་རྣམས་ཐམས་ཅད་ནི། །སློབ་དཔོན་དག་གིས་བསྡུས་ནས་སུ། །བདག་རང་ཉིད་ཀྱིས་སྤྱད་པར་བྱ། །སློབ་མ་རྣམས་ལ་བགོར་མི་རུང་། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་བདག་ཉིད་དབང་བར་བཤད། །དེ་ནས་སློབ་མས་སྤྱད་ན་ནི། །དམ་ཚིག་ལས་ནི་ཉམས་པར་འགྱུར། །གང་ཞིག་སྤྱོད་པར་མི་འདོད་ན། །དེ་ཡི་ཆོ་ག་རིམ་འདིའོ། །དཀོན་མཆོག་གསུམ་གྱི་ཡོ་བྱད་དུ། །དེ་དག་ཆོ་ག་བཞིན་དུ་དབུལ། །གདུགས་དང་རྔ་ཡབ་དྲིལ་བུ་སོགས། །སངས་རྒྱས་ཉིད་ལ་དབུལ་བར་བྱ། །གདན་དང་བདུག་སྤོས་དྲི་ལ་སོགས། །དམ་པའི་ཆོས་ལ་དབུལ་བར་བྱ། །གོས་དང་ཡོ་བྱད་སྣོད་ལ་སོགས། །དགེ་འདུན་རྣམས་ལ་དབུལ་བར་བྱ། །དེ་དག་ལ་ནི་སློབ་མ་ཡིས། །ཅུང་ཟད་ཙམ་ཡང་མི་བཀུར་རོ། །དགེ་འདུན་མེད་ན་དགེ་སློང་སྦྱིན། །ཡང་ན་དགེ་སློང་མ་ལ་སྦྱིན། །གལ་ཏེ་བདག་ཉིད་མི་འདོད་ན། །དགེ་བསྙེན་དག་ལ་སྦྱིན་པར་བྱ། །དེ་ནས་དེ་ཡི་ཕྱི་དེ་ཉིན། །ཉེས་བྱས་ལྷག་མ་ཞི་བའི་ཕྱིར། །མཁས་པ་ཡིས་ནི་ཞི་བ་ཡི། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་གཞན་ཡང་རྒྱུད་ཀུན་ལས། །དཀྱིལ་འཁོར་ཇི་ལྟར་རྒྱས་བཤད་པའི། །ཆོ་ག་ལྷག་མ་ལུས་པ་དག །འདིར་ནི་ལྷག་པར་རབ་ཏུ་བཤད། །སློབ་དཔོན་གསང་སྔགས་རྒྱུད་ལ་མཁས། །སྙིང་རྗེའི་བདག་ཉིད་ཚུལ་ཁྲིམས་ལྡན། །དཀྱིལ་འཁོར་བྲི་བ་ལ་མཁས་ཤིང་། །དྲང་ལ་གཙང་སྦྲ་ཆེ་བ་ཤིས། །ཁང་སྟོང་རྡོ་ཐལ་གྱིས་བྱུགས་པ། །གཙང་མ་བཟང་པོ་ཡངས་པ་དང་། །ལྷ་ཁང་དུ་ཡང་དཀྱིལ་འཁོར་ནི། །ཇི་སྐད་བཤད་པ་ལེགས་པར་བྲི། །ཇི་ལྟར་ཆུ་ན་སྤྱོད་པ་ཡི། །ཁང་ཁྱིམ་བྱེད་པ་དེ་བཞིན་དུ། །ཆུ་སྟེང་སྤང་ལེབ་བཟང་པོ་ཡིས། །བསྡམས་པ་དག་ཏུ་བྲི་བར་བྱ། །མཆོད་སྦྱིན་ས་དང་གྲོང་གི་ས། །མི་གཙང་བ་ཡིས་གང་བ་དང་། །གཞན་དུ་དཀྱིལ་འཁོར་དུ་སྤྱད་པའི། །ས་ནི་འབད་དེ་སྤང་བར་བྱ། །ལ་ལ་དཀྱིལ་འཁོར་བདག་པོ་ནི། །གཅིག་པུ་ཁོ་ནར་ལས་བྱར་བསྒྲགས། །དེ་ཉིད་ཀྱིས་ནི་བྱ་བ་སྟེ། །ས་འོག་དཀྱིལ་འཁོར་ལྟ་བུ་ཡིན། །ཁ་ཅིག་ཏུ་ནི་འཁོར་ཚོགས་ཀྱིས། །ལས་རྣམས་བྱ་བ་དག་ཏུ་བཤད། །དེ་ཡང་དེ་ཉིད་ཀྱིས་བྱས་ཏེ། །ཁྲོ་བོའི་དཀྱིལ་འཁོར་ལྟ་བུ་ཡིན། །གང་དུ་ལས་ནི་ཡོད་འགྱུར་ལ། །རང་གི་ལས་ཀྱི་ཆོ་ག་མེད། །དེར་ནི་མཁས་པས་སྤྱི་རྒྱུ་ལས། །གསུངས་པའི་ལས་རྣམས་བྱ་བ་ཡིན། །དཀྱིལ་འཁོར་དུ་ནི་དགོད་པའི་སྔགས། །གང་དག་ཡོངས་སུ་བསྒྲགས་པ་ནི། །ཐོག་མར་དེ་དག་རེ་རེ་ལ། །བཟླས་བརྗོད་ཁྲི་ཁྲི་བྱ་བར་བཤད། །མཁས་པས་དཀྱིལ་འཁོར་གང་བྲིས་པ། །དེ་དག་རྒྱས་པར་བཟླས་ནས་ནི། །དྲན་པར་བྱ་བའི་ཕྱིར་ཡང་ནི། །གླེགས་བམ་དེར་ཡང་ཉེ་བར་བཞག །ཁྲུས་ལ་སོགས་པ་བྱེད་པའི་ཚེ། །དཀྱིལ་འཁོར་ལྟ་བ་གཞན་བཞག་སྟེ། །དཀྱིལ་འཁོར་འདྲི་བའི་ཚེ་ན་ནི། །ནམ་ཡང་སྟོང་པར་མི་གཞག་གོ། །ཐིག་འདེབས་དུས་ལ་བབ་པའི་ཚེ། །སློབ་མ་གལ་ཏེ་མེད་ན་ཡང་། །དེ་ནི་ཕུར་བུ་ཆོ་ག་ཡིས། །བདག་རང་ཉིད་ཀྱིས་ཐིག་གདབ་བོ། །དཀྱིལ་འཁོར་དག་གི་ལས་དག་ལ། །གལ་ཏེ་གྲོགས་ཤིག་མེད་ན་ཡང་། །དེར་ནི་མཁས་པ་བདག་ཉིད་ཀྱིས། །རྣམ་པ་དེ་བཞིན་ལས་བྱའོ། །ནད་བུ་ཅན་དང་ཚུལ་ཉམས་དང་། །གཙང་སྦྲ་ཆུང་ཞིང་མ་བསླབས་པ། །དེ་ལྟ་བུ་དག་རྒྱུད་མཐོང་ཡང་། །གྲོགས་སུ་གཟུང་བར་མི་བྱའོ། །བདེར་གཤེགས་ཆོས་ནི་མི་བྱེད་པ། །ལ་ལ་རིགས་བཙུན་དད་ཅིང་དང་། །དཀྱིལ་འཁོར་ཐོས་ན་དད་འགྱུར་ཏེ། །གལ་ཏེ་འཕྲལ་ལ་འོངས་ན་ནི། །དེ་ཡི་དད་པ་བརྟན་ཤེས་ནས། །དཀྱིལ་འཁོར་དག་ནི་བྲིས་ནས་ཀྱང་། །བདག་གིས་བསྟན་ལ་གཞུག་པའི་ཕྱིར། །དེ་ནི་གཅིག་པུ་གཞུག་པར་བྱ། །དེ་ཡི་སྟ་གོན་གནས་པ་ཡང་། །དེ་དག་ཉིད་ནི་མོད་ལ་བྱ། །སློབ་མ་ནང་མི་མཐུན་པ་དང་། །ཆོ་གའི་ཚུལ་ནི་མེད་པ་ལ། །ཇི་སྐད་བཤད་པའི་ཞི་བ་བྱ། །རྒྱལ་པོའི་མི་ནི་དཔའ་སྙིང་ཅན། །ལག་ན་མཚོན་ཐོགས་པས་བསྲུང་ཞིང་། །ས་ཡི་བདག་པོས་གནང་ནས་ནི། །སློབ་དཔོན་གྱིས་ནི་དཀྱིལ་འཁོར་བྲི། །སློབ་མ་ཡོངས་སུ་གཟུང་བ་གང་། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ཇི་སྐད་བཤད་པའི་ལས་རྣམས་བྱ། །སློབ་མ་ཡོངས་སུ་གཟུང་བ་གང་། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོངས་པར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པར་གཞུག །སྟ་གོན་གནས་པར་བྱས་པ་ལས། །གལ་ཏེ་རྐྱེན་གྱིས་མ་འོངས་ན། །བླ་མ་བློ་ལྡན་མཁས་པ་ཡིས། །དེར་ནི་སློབ་མ་གཞན་མི་གཟུང་། །སྟ་གོན་གནས་པར་བྱས་པ་ལས། །བླ་མ་གལ་ཏེ་དཀྱིལ་འཁོར་དུ། །གང་ཞིག་འོངས་པར་མ་གྱུར་ན། །ནད་ཀྱིས་བཏབ་ནས་ངེས་པར་འཆི། །རྐྱེན་འགའ་ཞིག་གིས་བསྐལ་ནས་སུ། །གལ་ཏེ་ཉིན་གཅིག་བར་ཆད་ན། །དེ་ཡི་ཉིན་པར་ཞི་བྱས་ནས། །སླར་ཡང་སྟ་གོན་གནས་པར་བྱ། །ཡོ་བྱད་གཅེས་པ་མ་འབྱོར་ཡང་། །བཤོལ་བ་དག་ནི་ཡོང་མི་བྱ། །གལ་ཏེ་བཤོལ་ན་བླ་མ་ལ། །གནོད་པ་མང་པོ་འབྱུང་བར་འགྱུར། །དཀྱིལ་འཁོར་འདྲི་བའི་ཚེ་ན་ནི། །གནོད་པ་འགའ་ཞིག་འབྱུང་འགྱུར་ན། །བཤད་པའི་སྔགས་ཀྱི་སྟོབས་ཀྱིས་སུ། །དེ་ནི་སླར་ཡང་བཟློག་པར་བྱ། །དེས་ཀྱང་བཟློག་པར་མ་ནུས་ན། །མཆོད་པའི་ཡོ་བྱད་ཐམས་ཅད་ནི། །བསང་གཏོར་བྱས་ཏེ་ཕུལ་ནས་སུ། །མཆོད་ཡོན་ཕུལ་ཏེ་སླར་གཤེགས་གསོལ། །བློ་དང་ལྡན་པས་ཕྱི་དེ་ཉིན། །དཀྱིལ་འཁོར་སྔ་མ་བཞིན་དུ་བྲི། །ཡང་ན་མཁས་པས་སྦྱིན་སྲེག་གི། །ལས་ཀྱིས་ཞི་བར་རབ་ཏུ་བྱ། །མ་བདུན་གྱི་ནི་དཀྱིལ་འཁོར་དང་། །གནོད་སྦྱིན་དཀྱིལ་འཁོར་བཤད་པ་གང་། །དེ་ལ་སོགས་པ་དགོད་པ་ནི། །ཉེས་པ་རིམ་བཞིན་བརྟག་མི་དགོས། །དེ་དག་ཏུ་ནི་དེ་བཞིན་དུ། །དཀྱིལ་འཁོར་དགོད་པ་རྒྱས་པར་བྱ། །ཆོ་གར་བྱས་པ་གཞན་དག་ལས། །ཆོ་ག་འདི་ནི་ཅི་རིགས་སྦྱར། །མདོར་བསྡུས་བཤད་པ་གང་ཡིན་དང་། །རྒྱས་པར་བཤད་པ་གང་ཡིན་དང་། །ཟུར་གྱིས་བསྟན་དང་མདོ་ལས་ནི། །སྤྱིར་བསྟན་པ་ནི་གང་ཡིན་པ། །དེ་རྣམས་བྱ་བའི་ཆོ་ག་ལ། །རྒྱུད་འདིར་རྒྱས་པར་བཤད་པ་ཡིན། །མཁས་པས་ཆོ་ག་འདི་ཡིས་ནི། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །དཀྱིལ་འཁོར་ཆེན་པོའི་མདོ་ལས་ནི། །ཅི་བཤད་ཆོ་ག་རྒྱས་པར་བྱ། །བླ་མས་ཇི་སྐད་བསྟན་པ་དང་། །རྟོག་པ་དག་ལས་ཅི་གསུངས་དང་། །གསང་སྔགས་ཀུན་གྱི་འདུལ་བ་ལས། །ཆོ་ག་རིམ་པ་ཅི་བཤད་པ། །དཀྱིལ་འཁོར་གྱི་ནི་ཆོ་ག་ལ། །མཁས་པས་ཆོ་ག་དེ་བཞིན་སྦྱར། །གསང་སྔགས་ཀྱི་ནི་ཚད་དག་ལས། །བུམ་པ་ལ་སོགས་བསྟན་བྱས་པ། །དེར་ཡང་ཆོ་ག་འདི་ཡིས་ནི། །ལྷག་པར་བྱས་ལ་ཉེས་པ་མེད། །དེ་བཞིན་གསང་སྔགས་ཆོ་ག་ལ། །ལྷ་གཞན་གྱི་ནི་གཏོར་མ་ཡང་། །དཀྱིལ་འཁོར་དག་ཏུ་བཤད་པ་ལས། །ལྷག་པར་བྱས་ཀྱང་ཉེས་པ་མེད། །དེ་བས་གང་དུ་ཅུང་ཟད་ཅིག །བཀླགས་ཏེ་བཤད་པ་གང་ཡིན་པ། །དེར་ནི་དོགས་པ་མེད་སེམས་ཀྱིས། །ཐམས་ཅད་དེ་བཞིན་ཁོ་ནར་བྱ། །ལ་ལར་སློབ་མ་དང་བཅས་ཏེ། །བདུག་སྤོས་དང་ནི་མར་མེ་དག །ལག་ཏུ་ཐོགས་ཏེ་མཉམ་པར་ནི། །དཀྱིལ་འཁོར་བསྐོར་བར་བཤད་པ་དང་། །དམ་ཚིག་སྟོན་ཚེ་སློབ་མ་རྣམས། །ལས་ཀྱི་གྲྭར་ནི་ཞུགས་ནས་སུ། །མེ་ཏོག་འདོར་བར་བྱའོ་ཞེས། །ཁྱད་པར་བཤད་པ་གང་ཡིན་དང་། །དེ་ལ་སོགས་པའི་ཆོ་ག་དག །གང་དུ་ཅུང་ཟད་བཤད་པ་ནི། །དེར་ནི་དགའ་མགུ་ཉིད་དུ་བྱའི། །ཀུན་ལ་དེ་ཀུན་སྦྱར་མི་བྱ། །ལྷ་ཡི་རིགས་རྣམས་མཐོང་བ་ལས། །དབང་བསྐུར་བ་ནི་རྣམ་པ་བཞི། །བླ་མ་མཉམ་པར་བཞག་པ་ཡིས། །དེ་དག་ཤེས་ནས་ཅི་རིགས་བྱ། །སློབ་དཔོན་གོ་འཕང་ཐོབ་པའི་ཕྱིར། །དང་པོ་ཡོངས་སུ་བསྒྲགས་པ་ཡིན། །རིག་སྔགས་རྣམས་ནི་བསྒྲུབ་བྱའི་ཕྱིར། །གཉིས་པ་ལེགས་པར་བཤད་པ་ཡིན། །བགེགས་རྣམས་རབ་ཏུ་གཞོམ་པའི་ཕྱིར། །གསུམ་པ་རབ་ཏུ་བསྒྲགས་པ་ཡིན། །བཞི་པ་འབྱོར་པ་ཐོབ་པའི་ཕྱིར། །ཆོ་ག་རྒྱས་པ་དེ་བཤད་དོ། །དང་པོ་ཆོ་ག་རྒྱས་པར་ནི། །ང་ཡིས་ཐོག་མར་བཤད་པ་ཡིན། །རིགས་གསུམ་དབང་བསྐུར་ཆོ་ག་ཡང་། །མདོར་བསྡུས་ནས་ནི་འདིར་བཤད་དོ། །སློབ་མ་ལྷ་ཡི་རིགས་མཐོང་བ། །རིག་སྔགས་གང་ལ་ཟློས་འདོད་པ། །དེ་ཡིས་བརྒྱ་རྩ་བརྒྱད་བཟླས་པའི། །བུམ་པས་མངོན་པར་དབང་བསྐུར་བྱ། །དེ་ཉིད་ཀྱིས་ཀྱང་སྦྱིན་སྲེག་བྱ། །དེ་ཉིད་དུ་ནི་དེ་ཡང་བཟླས། །དེ་ལྟར་གང་ཞིག་དབང་བསྐུར་བ། །དབང་བསྐུར་ཆོ་ག་གཉིས་པ་ཡིན། །སེམས་ནི་བགེགས་ཀྱིས་བརླམས་པ་དག །ཞི་བར་བྱ་བ་གང་ཡིན་པ། །དེ་ནི་དབང་བསྐུར་གསུམ་པ་སྟེ། །ཕན་དང་བདེ་བ་ཐོབ་པར་བཤད། །དཔལ་ལ་སོགས་པའི་དཀྱིལ་འཁོར་དུ། །རྒྱལ་སྲིད་ཐོབ་ཕྱིར་དབང་བསྐུར་དང་། །བྱུར་ནི་མེད་པར་བྱ་བ་དང་། །དཔལ་ཡང་བསྐྱེད་པར་བྱ་བ་དང་། །ནོར་དང་བུ་ཚ་འཕན་པ་དང་། །དེ་ལ་སོགས་པ་དབང་བསྐུར་གང་། །དེ་ནི་བཞི་པའི་མི་རྣམས་ལ། །འབྱོར་པ་སྦྱིན་པར་ཤེས་པར་བྱ། །དབང་བསྐུར་དང་པོ་ཐོབ་པ་ནི། །སངས་རྒྱས་རྣམས་ཀྱང་དགོངས་པར་འགྱུར། །དེའི་སྲས་གསང་སྔགས་སྤྱོད་པ་ལ། །བརྩོན་པ་རྣམས་ཀྱིས་བཀུར་བར་འགྱུར། །རིག་སྔགས་གསང་སྔགས་མང་པོ་དང་། །འཕགས་པ་སྤྱན་རས་གཟིགས་དབང་དང་། །དཔའ་བོ་རྡོ་རྗེ་འཛིན་པ་དག །ཉིད་ཀྱིས་བྱིན་གྱིས་བརླབས་པར་འགྱུར། །དེ་ཡིས་སྦྱར་ན་སྒྲུབ་པ་པོ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དེ་ནི་ཅིས་ཀྱང་མི་ཚུགས་ཤིང་། །ལྷ་རྣམས་ཀྱིས་ཀྱང་མཆོད་པར་འགྱུར། །འཁོར་བ་ན་ནི་འཁོར་བ་ན། །དེ་ནི་ངན་སོང་ལྟུང་མི་འགྱུར། །ཡན་ལག་ཉམས་དང་དབུལ་བ་དང་། །སྨད་པ་རྣམས་སུ་སྐྱེ་མི་འགྱུར། །ཚེ་རབས་དྲན་ཞིང་ལོངས་སྤྱོད་ཆེ། །ཚུལ་ཁྲིམས་ལྡན་ཞིང་གཟུགས་ཀྱང་བཟང་། །རྟག་ཏུ་ལྷ་དང་མི་རྣམས་ཀྱི། །མཐོ་རིས་རྣམས་སུ་སྐྱེ་བར་འགྱུར། །དེ་ཡི་བསོད་ནམས་མཐུ་ཡིས་ནི། །སངས་རྒྱས་བྱང་ཆུབ་ལས་མི་ལྡོག །དེས་ནི་རིང་པོ་མི་ཐོགས་བར། །བྱང་ཆུབ་ཚོགས་ནི་རྫོགས་པར་འགྱུར། །དེ་ལ་སོགས་པའི་ཡོན་ཏན་ནི། །མང་པོ་རྒྱ་ཆེན་དག་དང་ལྡན། །རིག་སྔགས་རྣམས་ཀྱི་རིགས་སྐྱེ་ཞིང་། །དེ་ནི་བྱང་ཆུབ་སྤྱད་པ་སྤྱོད། །དེ་ལྟར་མངོན་པར་དབང་བསྐུར་ཞིང་། །བློ་ལྡན་རྒྱུད་ནི་མཐོང་བ་ལ། །བླ་མ་ལས་ནི་ལུང་ཐོབ་པས། །དཀྱིལ་འཁོར་དག་ནི་བྲི་བར་བྱ། །ཡོན་ཏན་འདི་དང་མི་ལྡན་དང་། །གང་ཞིག་དཀྱིལ་འཁོར་འདྲི་བྱེད་པ། །དེ་ནི་མི་བཟད་སེམས་དམྱལ་ལྟུང་། །སློབ་མ་རྣམས་ཀྱང་དོན་མེད་འགྱུར། །མུ་གེ་དང་ནི་ནད་མང་དང་། །ཐན་པ་དང་ནི་འཚེ་བ་འབྱུང་། །རྒྱལ་པོ་རྣམས་ཀྱང་འཐབ་པ་དང་། །ཆོམ་རྐུན་ལ་སོགས་འཇིགས་པ་འབྱུང་། །དེ་དང་དེ་ཡི་རྒྱུ་རྣམས་ཀྱིས། །སློབ་མ་རྣམས་ཀྱང་ཕུང་བར་འགྱུར། །དཀྱིལ་འཁོར་ཆོ་ག་མི་ལྡན་པར། །བྲིས་ན་བླ་མ་ངེས་པར་འཆི། །དེ་བཞིན་གཤེགས་རིགས་དཀྱིལ་འཁོར་དུ། །གང་ཞིག་ལེགས་པར་དབང་བསྐུར་བ། །དེ་ནི་རིགས་རྣམས་གསུམ་ཆར་གྱི། །དཀྱིལ་འཁོར་ལ་སོགས་སློབ་དཔོན་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རིགས་གཉིས་དཀྱིལ་འཁོར་གྱི། །སློབ་དཔོན་དུ་ནི་དབང་བསྐུར་འགྱུར། །ཕྱག་ན་རྡོ་རྗེ་གཟི་ཆེན་གྱི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རྡོ་རྗེ་རིགས་གཅིག་གི། །དཀྱིལ་འཁོར་གྱི་ནི་སློབ་དཔོན་འགྱུར། །མ་མོ་གནོད་སྦྱིན་དྲག་པོ་ཡི། །དཀྱིལ་འཁོར་གང་དག་ཅི་བཤད་པ། །ཐམས་ཅད་དེ་དག་ཀུན་གྱིས་ཀྱང་། །དོགས་པ་མེད་པར་བྲི་བར་བྱ། །བླ་མས་སློབ་མ་གཅིག་པུ་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བྱ། །མཁས་པས་ཅིག་ཆར་སློབ་མ་གཉིས། །དབང་བསྐུར་བ་ནི་ཡོང་མི་བྱ། །གཉིས་སམ་གསུམ་མམ་བཞི་ཡང་རུང་། །བླ་མས་དབང་བསྐུར་བྱ་བ་ནི། །ཡོ་བྱད་སར་པ་གཞན་རྣམས་ཀྱིས། །ཐམས་ཅད་སོ་སོ་སོ་སོར་བྱ། །རིག་སྔགས་དབང་ནི་ཐོབ་པ་ལ། །བསྒྲུབ་པའི་དཀྱིལ་འཁོར་དབང་བསྐུར་བྱ། །དབང་བསྐུར་བ་ཡི་ཆོ་ག་དང་། །བསྒྲུབ་པའི་ཆོ་གའང་དེ་བཞིན་སྦྱིན། །སློབ་མ་དམ་ཚིག་ཤེས་པ་ནི། །གཞན་རྣམས་ལ་ནི་རང་གི་སྔགས། །ཆོ་གར་བཅས་ཤིང་ཕྱག་རྒྱར་བཅས། །ཆོ་ག་རྒྱས་དང་བཅས་པར་སྦྱིན། །དཀྱིལ་འཁོར་ལེགས་པར་མ་མཐོང་བར། །གང་ཞིག་ཇི་སྟེ་སྔགས་ཟློས་ན། །དེས་ནི་དངོས་གྲུབ་ཐོབ་མི་འགྱུར། །ཤི་ན་ངན་སོང་ལྟུང་བར་འགྱུར། །སྔགས་དང་ཕྱག་རྒྱ་ཆོ་ག་དག །གང་ཞིག་དེ་ལ་སྟོན་པ་ཡང་། །དེ་ནི་དམ་ཚིག་ཉམས་གྱུར་ནས། །ངུ་འབོད་སེམས་ཅན་དམྱར་བར་འགྲོ། །ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་པ། །དེས་ནི་རང་གི་སྙིང་པོའི་སྔགས། །གཅིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མེས་རྨོངས་བྱེད་པའི་གཟུངས། །སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང་། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་འཇུག །གཏི་མུག་དབང་གིས་མི་ཤེས་པར། །མི་གང་དཀྱིལ་འཁོར་འདྲི་བྱེད་པ། །དེ་ནི་མཚམས་མེད་ལྔ་རྣམས་དང་། །འདྲ་བའི་གནས་སུ་འགྲོ་བར་འགྱུར། །གང་ཞིག་བསོད་ནམས་ལས་བྱེད་པ། །ཆོ་ག་ལེགས་པར་འདྲི་ན་ནི། །བྱང་ཆུབ་སེམས་དཔའ་མཐུ་ཆེན་ཏེ། །འདོད་པའི་གནས་ནི་དམ་པར་སྐྱེ། །གཤེད་བྱེད་རྣམས་དང་རོ་ལངས་དང་། །ཤ་ཟ་ལྟོ་འཕྱེ་ཆེན་པོ་དང་། །རྣམ་པ་སྣ་ཚོགས་གདོན་རྣམས་དང་། །འཇིགས་པར་འགྱུར་བའི་བགེགས་རྣམས་ཀྱིས། །ལྷ་ཡི་རིགས་མཐོང་དམ་ཚིག་ཤེས། །རྟག་ཏུ་ཚུགས་པར་མི་འགྱུར་ཞིང་། །དེ་ཡི་མི་དགེའི་ལས་འབྱང་ཞིང་། །ངན་སོང་དུ་ཡང་ཡོང་མི་ལྟུང་། །དེ་ཡིས་བསྒྲུབས་ན་ངེས་པར་ནི། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །དེ་ལ་བྱང་ཆུབ་ས་བོན་ནི། །བརྟན་པར་འགྱུར་བར་དོགས་པ་མེད། །སློབ་དཔོན་བློ་གྲོས་ཆེན་པོ་ཡིས། །གསང་སྔགས་རྒྱུད་ནི་འཛིན་པ་པོ། །སློབ་མ་བསྔམས་པ་སྙིང་རྗེ་ཅན། །གཅིག་ནི་ནན་ཏན་བསྐྱེད་དེ་བསྒྲུབ། །དཀྱིལ་འཁོར་རྣམས་ནི་ཐམས་ཅད་ཀྱི། །ཆོ་ག་འདི་ནི་དམ་པ་སྟེ། །བློ་དང་ལྡན་པས་ཆོ་ག་འདིས། །དཀྱིལ་འཁོར་རྣམས་ནི་བྲི་བར་བྱ། །རིག་སྔགས་རྒྱལ་དང་ཕྱག་རྒྱ་ཆེ། །དཀྱིལ་འཁོར་རྣམས་ནི་ཐམས་ཅད་ཀྱང་། །སློབ་མ་ལ་ནི་སྔགས་བྱིན་ནས། །དེ་ནས་བླ་མས་རྒྱུད་འདི་བྱིན། །དབང་གི་དཀྱིལ་འཁོར་གཤེགས་སུ་གསོལ། །བསྒྲུབ་པ་ཆེན་པོ་བྱ་བའི་རྒྱུད་ཀྱི་བཞེང་ལུགས་ཀྱིས་དཀྱིལ་འཁོར་གྱི་མཛད་བྱང་མ་ལུས་པར་ཡོངས་སུ་རྫོགས་པར་བསྟན་པ་ཡིན་ནོ། །དཀྱིལ་འཁོར་ཆེན་པོ་བཀོད་པ་རིམ་པར་ཕྱེ་བ། ཕྱག་ན་རྡོ་རྗེ་དབང་ཕྱུག་ཆེན་པོ་བདག་ཉིད་ཀྱིས་བསྟན་པ་ལས། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བ་སྤྱིའི་རྒྱུད་རྫོགས་སོ།། །།

ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་རིམ་པར་ཕྱེ་བ།

ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་རིམ་པར་ཕྱེ་བ་བཞུགས། རྒྱ་གར་སྐད་དུ། སུ་སིདྡྷི་ཀ་ར་མ་ཧཱ་ཏནྟྲ་སཱ་དྷ་ན་པཱ་ཡི་ཀ་པ་ཊ་ལ། བོད་སྐད་དུ། ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་རིམ་པར་ཕྱེ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་འཇམ་པའི་དབྱངས་ཡེ་ཤེས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་འཆང་ལ་ཡང་། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་ནས་འདི་སྐད་ཞུས། །བཅོམ་ལྡན་འདས་ལ་བདག་གིས་ནི། །རིག་པའི་རྒྱལ་པོའི་དཀྱིལ་འཁོར་དང་། །མཐུ་དང་ཕ་རོལ་གནོན་པ་དང་། །འཁོར་གྱི་ཚོགས་འདི་ཐོས་ལགས་ན། །བཅོམ་ལྡན་ཇི་ལྟར་ཟློས་རྣམས་ལ། །གསང་སྔགས་དུ་མར་རྣམ་བརྟགས་པའི། །དངོས་གྲུབ་མང་པོར་ཕྱེ་བ་དག །དེ་དག་མྱུར་དུ་འགྲུབ་པར་འགྱུར། །གསང་སྔགས་མཚན་ཉིད་ཇི་འདྲ་ལགས། །སློབ་དཔོན་མཚན་ཉིད་ཇི་ལྟ་བུ། །སྒྲུབ་པ་པོ་ནི་ཅི་འདྲ་དང་། །དེ་བཞིན་དུ་ནི་སྔགས་གཡོག་གསུངས། །ཡུལ་ནི་ཇི་ལྟ་བུ་དག་བཞེད། །གནས་ནི་གང་དག་ལགས་པ་གསུངས། །གསང་སྔགས་ཟློས་པའི་འདུལ་བ་དང་། །བསྡམ་པ་དག་ཀྱང་ཇི་ལྟ་བུ། །མེ་ཏོག་གང་དག་ཤིས་པ་དང་། །དྲི་ནི་གང་དག་རབ་ཏུ་བསྒྲགས། །གཏོར་མའི་ལས་ཀྱི་ཆོ་ག་གང་། །བདུག་པ་མར་མེ་ཇི་ལྟ་བུ། །ཞི་དང་རྒྱས་དང་དྲག་སྤྱོད་པའི། །ལས་ཀྱི་དབྱེ་བ་ཅི་འདྲ་ལགས། །དངོས་གྲུབ་རབ་དང་འབྲིང་དང་ནི། །ཐ་མ་ཡང་ནི་ཇི་ལྟ་བུ། །སྤྱན་དྲང་པ་ཡི་ཆོ་ག་དང་། །མཆོད་པ་ཡང་ནི་ངེས་པ་དང་། །བསྲུང་བའི་ལས་ལ་སྦྱར་བ་དང་། །བཟླས་བརྗོད་བགྱི་བ་རྒྱ་ཆེར་གསུངས། །ཚིམ་པར་བྱ་དང་དབང་བསྐུར་དང་། །གསང་སྔགས་སྟ་གོན་གནས་པ་དང་། །ཡོངས་སུ་གཟུང་དང་བསྐང་བ་དང་། །གཟི་བྱིན་བསྐྱེད་པ་ཇི་ལྟ་བུ། །སྦྱིན་སྲེག་ལས་ཀྱི་ཆོ་ག་དང་། །སྒྲུབ་པའི་ཡན་ལག་ངེས་པ་དང་། །རྫས་ཀྱི་མཚན་ཉིད་རྒྱས་པ་དང་། །དེ་བཞིན་རྫས་ཀྱང་གཟུང་བ་དང་། །སྦྱང་བར་བགྱི་བའི་ཆོ་ག་དང་། །དེ་བཞིན་ཚད་ནི་ངེས་པ་དང་། །དེ་དག་སྒྲུབ་པའི་ཆོ་ག་རྣམས། །མ་ལུས་པར་ནི་བསྒྲགས་པ་གང་། །བདག་དང་ཟློས་ལ་ཐུགས་བརྩེའི་ཕྱིར། །དེ་ཀུན་བཅོམ་ལྡན་འདས་ཀྱིས་གསུངས། །དངོས་གྲུབ་རྫས་ཀྱི་སྲུང་བ་དང་། །ཇི་ལྟ་བུར་ཡང་བསྒོ་བ་དང་། །སྤྱད་པར་བགྱི་བའི་ཆོ་ག་ཡི། །ངེས་པ་གཙོ་བོས་བདག་ལ་གསུངས། །ཕྲོགས་པ་སླར་ཡང་དགུག་པ་དང་། །བསྲུང་ཞིང་ཕྱིར་ཡང་བཟློག་པ་དང་། །བགེགས་རྣམས་ཀྱི་ནི་སྔ་ལྟས་དང་། །རྒྱ་ཆེར་བདག་ལ་བཀའ་སྩོལ་ཅིག །དངོས་གྲུབ་ལས་ལ་དབང་བསྐུར་དང་། །དཀྱིལ་འཁོར་གང་དག་བསྒྲུབ་པ་དང་། །གཞན་ཡང་གསང་ཆེན་མ་ལུས་པ། །དེ་དག་རྒྱ་ཆེར་བཀའ་སྩོལ་ཅིག །བྱ་བའི་ཆོ་ག་འདིར་འཚལ་བའི། །ཕྱག་རྒྱ་གང་ལགས་གསང་སྔགས་དང་། །དངོས་གྲུབ་སྒྲུབ་པའི་མཚན་མ་དང་། །ཟློས་པའི་རྨི་ལམ་གང་ལགས་པ། །སེམས་ཅན་ཀུན་ལ་ཐུགས་བརྩེའི་ཕྱིར། །དེ་དག་མྱུར་དུ་བདག་ལ་གསུངས། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །རིག་སྔགས་འཆང་ཀུན་གྱིས་བསྟོད་པ། །བརྩོན་ཆེན་ཁྲོ་བོ་ཆེན་པོ་ལ། །གཟི་ཆེན་གྱིས་ནི་བཀའ་སྩལ་པ། །གང་ཕྱིར་ང་ལ་འདི་དྲིས་པ། །ཁྲོ་བོ་ཆེན་པོ་ལེགས་སོ་ལེགས། །དེ་ཕྱིར་རྩེ་གཅིག་ཡིད་ཀྱིས་ནི། །བཟང་པོ་ཆོ་ག་མཆོག་ཀུན་ཉོན། །རིག་པའི་རྒྱལ་པོ་བརྩོན་འགྲུས་ཆེ། །དྲག་ལ་ཅིས་ཀྱང་མི་རྫི་བ། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །གསང་སྔགས་ལས་ནི་ཐམས་ཅད་པ། །སྔགས་རྒྱུད་འདི་ནི་མ་ལུས་པ། །སྒྲུབ་ཅིང་དེ་བཞིན་སྟོན་པར་བྱེད། །འདི་དང་ལྡན་པར་གསང་སྔགས་རྣམས། །བསྙེན་ན་མྱུར་དུ་འགྲུབ་པར་འགྱུར། །འདི་ནི་རིགས་རྣམས་ཐམས་ཅད་ཀྱི། །རིག་པའི་རྒྱལ་པོ་མཐུ་ཆེན་ཡིན། །བསྲུང་དང་ཕྱིར་བཟློག་ལ་སོགས་དང་། །མཆོད་དང་ཚིམ་པར་བྱ་བ་ཡི། །ལས་ཀུན་ལ་ནི་འདི་སྦྱོར་བྱེད། །འདི་ནི་སྟོན་ཅིང་གཞན་བསྐུལ་འདེབས། །གསང་སྔགས་ཐམས་ཅད་འགྲུབ་པར་བྱེད། །ཡང་ན་དེ་ཡི་སྙིང་པོ་ནི། །ཧཱུྃ་གསུམ་དང་ནི་ལྡན་པ་ཡིས། །རྒྱུད་ལས་གསུངས་པའི་ཆོ་ག་བཞིན། །མཁས་པས་བསྲུང་ལ་སོགས་ལ་སྦྱར། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཀྱང་། །རྒྱུད་རྣམས་མཐོང་ནས་ཐོག་མར་ནི། །དངོས་གྲུབ་རབ་འབྲིང་ཐ་མ་ཡི། །གསང་སྔགས་བྱེ་བྲག་རྣམས་ཤེས་བྱ། །གང་ཕྱིར་རིགས་ནི་གསུམ་པོ་ཡང་། །དཀྱིལ་འཁོར་འདིར་ནི་ཀུན་དུ་འདུས། །དེ་བས་དེར་གསུངས་སྔགས་རྣམས་ཀྱི། །ཆོ་ག་ཐམས་ཅད་བཤད་པར་བྱ། །བདེ་བར་གཤེགས་པས་ཞི་བར་བྱ། །རྒྱས་པ་པདྨའི་རིགས་སྐྱེས་ཀྱིས། །རྡོ་རྗེ་རིགས་སྐྱེས་གསང་སྔགས་ཀྱིས། །དྲག་ཤུལ་སྤྱད་པའི་ལས་རྣམས་བྱ། །རོ་སྟོད་ལས་བྱུང་མཆོག་ཡིན་ཏེ། །ལྟེ་བ་མན་ཆད་ཐ་མ་ཡིན། །བར་གྱི་ལུག་ལས་བྱུང་བ་ཡི། །སྔགས་ཀྱི་དངོས་གྲུབ་འབྲིང་བསྟན་ཏོ། །རབ་དང་འབྲིང་དང་ཐ་མ་ཡང་། །རྣམ་པར་རྟོག་པའི་མཐུ་དག་ལས། །དངོས་གྲུབ་རྣམས་ལ་གསུམ་རྣམས་སུ། །གསང་སྔགས་ཆོ་ག་མཁས་པས་བཤད། །མཁས་པས་རིགས་ནི་གསུམ་ཆར་ལའང་། །རབ་ལ་སོགས་པ་བསྟན་པ་དང་། །ཞི་བ་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་གསུམ་དུ་བྱ། །དེ་ལ་དངོས་གྲུབ་རབ་ལ་ནི། །རིག་སྔགས་བདག་པོ་ཡིན་པར་བཤད། །མཁས་པས་ཤིན་ཏུ་ཐ་མ་ལ། །མངག་གཞུག་ལ་སོགས་ཤེས་པར་བྱ། །ཞི་བ་དང་ནི་རྒྱས་པ་དང་། །གང་ཡང་དྲག་ཤུལ་སྤྱོད་པ་དག །རིགས་གསུམ་ལ་ཡང་དེ་དག་ཀུན། །གསང་སྔགས་དབྱེ་བས་ཤེས་པར་བྱ། །རིག་སྔགས་རྒྱལ་པོས་རྒྱས་པར་བྱ། །ཁྲོ་བོ་རྣམས་ཀྱིས་དྲག་ཤུལ་སྤྱད། །སྤྱན་ལ་སོགས་པས་ཞི་བ་བྱ། །རང་བཞིན་གསུམ་གྱི་ཆོ་ག་ཡིན། །གསང་སྔགས་ཚིག་དང་ཡི་གེ་ཡིས། །མ་སྨོས་པ་ཡང་ཤེས་བྱ་ཞིང་། །ལས་གང་སྐུལ་བར་བྱེད་པའི་སྔགས། །ལས་དེ་སྒྲུབ་པར་ཤེས་པར་བྱ། །ཞི་བས་ཞི་བའི་ལས་རྣམས་བྱ། །མཐུ་དང་ལྡན་པས་གསང་སྔགས་ཀྱི། །དེ་བཞིན་རྒྱས་པའི་ལས་རྣམས་སྤྱད། །དྲག་པོས་དྲག་ཤུལ་སྤྱད་པར་བྱ། །ཁྱད་པར་དུ་ནི་ཞི་བའི་ལས། །རྒྱལ་བས་གསུངས་པས་ཞི་བ་བྱ། །དཔལ་སྡོམ་རྒྱུད་ལས་གསུངས་བ་ཡི། །རྒྱས་པའི་ལས་རྣམས་བྱ་བར་ཤིས། །ཁྲོ་བོ་དྲག་ཤུལ་ཅན་དག་གིས། །དེ་ལ་སོགས་པ་བསྟན་པ་ཡིས། །ལས་ནི་རྣམ་པ་གསུམ་དུ་བསྒྲགས། །གསང་སྔགས་མང་པོ་ཕལ་ཆེར་ནི། །སྐུལ་བའི་ཚིག་དང་ལྡན་པས་ན། །དེ་དང་དེ་ཡི་ལས་རྣམས་ནི། །དེ་དག་ཉིད་ཀྱིས་རབ་ཏུ་བྱ། །རིག་སྔགས་རྒྱལ་པོ་བཅོམ་ལྡན་འདས། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །དེ་ནི་དཔལ་ལྡན་ཆེན་མོ་སྟེ། །ཁྱད་པར་དུ་ནི་ལས་ཀུན་བྱེད། །རིག་སྔགས་འཆང་ཀུན་གྱིས་མཆོད་པ། །དཔལ་ལྡན་རྡོ་རྗེ་འཆང་དེ་ནི། །རིག་སྔགས་རྒྱུད་རྣམས་ཐམས་ཅད་དང་། །སྟོན་ཅིང་དེ་བཞིན་སྒྲུབ་པར་བྱེད། །དེ་ཡི་ཕོ་ཉ་ཆེ་ཆུང་དང་། །ཁྲོ་བོ་གསང་སྔགས་ཕྱག་བརྙན་བཅས། །འཁོར་ནི་རྣམ་པ་སྣ་ཚོགས་ཀྱང་། །ཕ་རོལ་གནོན་པ་སྨད་དུ་གྲགས། །ལྷ་ཡི་ཡང་ནི་ལྷ་འདི་ཡི། །གསང་སྔགས་མང་པོ་གང་གསུངས་པ། །གཟི་བརྗིད་ཆེ་ཞིང་ཁྱད་པར་འཕགས། །དེ་ཀུན་ལས་རྣམས་ཐམས་ཅད་བྱེད། །རྒྱལ་དང་པདྨའི་རིགས་འདིར་ཡང་། །འདི་ཉིད་རྒྱལ་པོར་བསྐོས་པའི་ཕྱིར། །དམ་པ་ཡིན་པར་ཤེས་བྱ་སྟེ། །འདི་དང་མཚུངས་པ་གཞན་མེད་དོ། །གསང་སྔགས་ཡི་གེ་ཉུང་ངུ་དང་། །གང་དག་སྭཱ་ཧཱ་ཨོྂ་ལྡན་པའང་། །ཞི་བའི་ལས་རྣམས་ཐམས་ཅད་ནི། །དེ་ཡིས་དེ་དག་མྱུར་དུ་བྱེད། །ཧཱུྃ་དང་བཅས་ཤིང་ཕཊ་དང་བཅས། །གང་དག་ར་དང་དཀར་ཆགས་མང་། །གསང་སྔགས་དེ་དག་དྲག་སྤྱོད་ལ། །མཁས་པས་ཀུན་དུ་སྦྱར་བར་བྱ། །མཁས་པས་དེ་ལས་གཞན་པའི་སྔགས། །དོན་དང་ཚིག་ནི་ཞིར་ལྡན་པས། །རྒྱས་པའི་ལས་ནི་ཐམས་ཅད་ལ། །ལེགས་པར་རབ་ཏུ་སྦྱར་བར་བྱ། །གདོན་སོགས་དབབ་པའི་ལས་ལ་ནི། །མཁས་པས་ཕོ་ཉ་སོགས་པས་བྱ། །གསང་སྔགས་དག་དེའི་ལས་བྱེད། །དེ་དག་དེ་དང་དེར་སྦྱར་རོ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱི། །ཆོ་ག་ཞིབ་མོ་རྒྱས་གསུངས་པར། །ཐོག་མར་ལས་ནི་གང་སྨོས་པ། །དེ་ནི་གཙོ་བོ་ཡིན་པར་བསྟན། །གླེང་གཞི་དབང་དུ་མཛད་ནས་ནི། །གསང་སྔགས་གང་དག་གསུངས་གྱུར་པས། །དེ་ཉིད་དེ་ལ་གཙོ་བོར་བསྟན། །ལྷག་མ་གཞན་དུ་ཤེས་པར་བྱ། །རིགས་དང་རང་བཞིན་མཐུ་རྣམས་དང་། །ལས་ཀྱང་རྣམ་པར་སྤྱད་ནས་ནི། །རང་གི་ཡིད་དང་མཐུན་པ་ཡི། །གསང་སྔགས་ལ་ནི་བསྙེན་པ་བརྩམ། །གསང་སྔགས་ཀྱི་མཚན་ཉིད་རིམ་པར་ཕྱེ་བའོ། །དེ་ནས་གཞན་ཡང་གཞུང་དག་ལས། །ཆོ་གའི་རྩ་བར་འདོད་པ་ཡི། །སློབ་དཔོན་གྱི་ནི་མཚན་ཉིད་དག །ཇི་སྐད་བསྟན་པ་དེ་བཤད་དོ། །ཡན་ལག་ཐམས་ཅད་མཚན་དང་ལྡན། །དཔལ་ལྡན་གཙུག་ལག་རྣམས་ལ་མཁས། །ཆོས་ལ་གཅིག་ཏུ་དགའ་བ་དང་། །རང་གི་བསླབ་པ་ལ་ཡང་གནས། །དེས་ལ་འགྲོགས་ན་བདེ་བ་དང་། །སྙིང་རྗེའི་བདག་ཉིད་བརྩེ་བ་ཅན། །ཆོ་རིགས་བཙུན་ཞིང་ང་རྒྱལ་མེད། །བློ་ལྡན་སྨྲ་མཁས་བཟོད་པ་ཆེ། །ཐེག་ཆེན་དོན་ལ་ཞུགས་པ་དང་། །ཟབ་མོའི་དོན་ལ་ལྷག་པར་མོས། །ཁ་ན་མ་ཐོ་ཆུང་ལའང་། །འཇིགས་པར་ལྟ་ཞིང་ལེགས་བསྡམས་པ། །གཟུངས་ལ་སོགས་པའི་མདོ་སྡེ་རྣམས། །ཀློག་པ་ལ་ནི་ལྷག་པར་བརྩོན། །གསང་སྔགས་སྤྱོད་ལ་བརྩོན་པ་དང་། །གཙུག་ལག་མན་ངག་ལེགས་པར་སྟོན། །ལས་རྣམས་འགྲུབ་ཅིང་བཟླས་བརྗོད་ཅན། །དཀྱིལ་འཁོར་རྣམས་ཀྱི་ལས་ལ་མཁས། །སྡུག་ཅིང་ལེགས་པར་འགྱེད་པ་དང་། །ཆེན་པོར་འདོད་ཅིང་འཇུངས་དང་བྲལ། །དཀྱིལ་འཁོར་ཆེན་པོ་དག་ཏུ་ནི། །བླ་མས་ཚུལ་བཞིན་དབང་བསྐུར་ཞིང་། །བླ་མ་ལ་ནི་ལུང་ཐོབ་པ། །དེ་ནི་སློབ་དཔོན་ཡིན་པར་བཤད། །དེ་ཉིད་ཀྱིས་ནི་ཆོ་ག་བཞིན། །དམ་ཚིག་ལ་སོགས་དཀྱིལ་འཁོར་བྲི། །གསང་སྔགས་རྣམས་ཀྱི་ཆོ་ག་གང་། །དེ་ཉིད་ཀྱིས་ནི་བསྟན་པར་འོས། །དེ་ཡིས་བསྟན་པའི་གསང་སྔགས་ཀུན། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །གཞན་དུ་ན་ནི་བསྙེན་བྱས་ཀྱང་། །བཟླས་བརྗོད་ཐམས་ཅད་འབྲས་བུ་མེད། །ཇི་ལྟར་དཀོན་མཆོག་གསུམ་དག་དང་། །རྒྱལ་བའི་སྲས་ལ་ལྟ་བ་ལྟར། །ཟློས་པས་བླ་མ་མཐུ་ཆེན་ལ། །དེ་ལྟར་ལྟ་ཞིང་བཀུར་སྟི་བྱ། །དེ་ནི་ཀུན་ལ་གུས་པར་བྱེད། །སྐྱབས་ལ་སོགས་པ་ཡོངས་སུ་འཛིན། །དེ་ནི་དགེ་བའི་ཕྱོགས་རྣམས་དང་། །མངོན་པར་མཐོ་བ་ཀུན་གྱི་རྒྱུ། །སློབ་དཔོན་རྟེན་དང་དངོས་གྲུབ་ནི། །ཁྱད་པར་ཅན་ཡང་མྱུར་དུ་སྐྱེ། །བྱང་ཆུབ་འབྲས་བུའི་བར་དུ་ཡང་། །དེ་ཉིད་རྒྱུ་ཞེས་རབ་ཏུ་གསུངས། །རིམ་གྲོ་ལ་སོགས་བསྙེན་པ་ཡིས། །དེ་ནི་ནམ་ཞིག་མགུ་གྱུར་བ། །དེ་ཚེ་གསང་སྔགས་རིག་སྔགས་རྣམས། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །སློབ་དཔོན་གྱི་མཚན་ཉིད་རིམ་པར་ཕྱེ་བའོ།། །།དེ་ནས་གསང་སྔགས་ཟློས་པ་པོ། །བྱ་བའི་ཆོ་ག་ལ་བརྩོན་པ། །ཇི་ལྟ་བུ་ཡིས་མྱུར་འགྲུབ་པའི། །མཚན་ཉིད་གཞན་ཡང་བཤད་པར་བྱ། །གཙང་ཞིང་དུལ་ལ་བརྟན་པར་ལྡན། །མ་འཇུངས་བློ་ལྡན་གཡེར་བག་ཆེ། །སྨྲ་མཁས་མི་འཇིགས་བཤེས་གཉེན་ཅན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །ནད་མེད་པ་ལ་བདེན་པར་སྨྲ། །བཟོ་ཞིང་བཤོར་ལ་དར་ལ་བབ། །དེ་བཞིན་ཡན་ལག་ཚང་བ་ཡི། །བློ་ལྡན་དེས་ནི་འགྲུབ་པར་ཤིས། །དཀོན་མཆོག་གསུམ་ལ་གང་དད་ཅིང་། །ཐེག་པ་ཆེན་པོ་ལ་ལང་བསྒོམ། །དགེ་བའི་ཕྱོགས་ལ་བརྩོན་འགྲུས་ཅན། །དེ་ལ་རིག་སྔགས་མྱུར་དུ་འགྲུབ། །གང་ཞིག་བྱང་ཆུབ་སེམས་དཔའ་དང་། །གསང་སྔགས་གུས་ཤིང་རིམ་གྲོ་ཆེ། །སེམས་ཅན་ཀུན་ལ་སྙིང་བརྩེ་ཅན། །དེས་ནི་རིག་སྔགས་འབྲས་བུ་ཐོབ། །གཅིག་པུ་དབེན་པར་དགའ་བ་དང་། །བདེན་པར་སྨྲ་ཞིང་གཙང་སྦྲ་ཆེ། །ཞི་ལ་ཡིད་ནི་མི་གཡེང་བ། །རིག་སྔགས་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་རྡོ་རྗེ་འཆང་བ་ཡི། །མཐུ་ཆེན་ཐོས་སོ་ཅོག་ན་ཡང་། །ཕྱིར་ཞིང་དགའ་བྱེད་དེའི་ལག་ན། །དངོས་གྲུབ་ཐམས་ཅད་མྱུར་བར་གནས། །ཟས་དང་སྟན་དང་མལ་ཆ་ལ། །བྱ་བ་ཉུང་ཞིང་འདོད་ཆེན་ཆུང་། །བརྩོན་ཞིང་ངལ་ནི་མི་ཤེས་པ། །དེས་ནི་ངེས་པར་འགྲུབ་པར་འགྱུར། །ཆོ་ག་རྒྱས་པར་གློག་པ་ན། །གང་ཞིག་ཡིད་ནི་དགར་འགྱུར་བའམ། །ཡང་ན་བ་སྤུ་ལྡང་འགྱུར་བ། །དེ་ནི་རིག་སྔགས་འབྲས་བུའི་སྣོད། །གང་ཞིག་དེ་དང་དེ་བཤད་དེའི། །རང་བཞིན་གྱུར་ཅིང་ཆགས་སྡངས་ལ། །རྨི་ལམ་ན་ཡང་དངོས་གྲུབ་ཐོབ། །དེ་ལ་ཡང་ནི་དངོས་གྲུབ་ཡོད། །རིག་སྔགས་དམ་ཚིག་འཆང་བ་ཡི། །བླ་མ་ལ་ནི་སྟོན་པ་བཞིན། །གང་ཞིག་གུས་སེམས་ཤེས་རབ་ཅན། །དེ་ཡི་ལག་ན་དངོས་གྲུབ་གནས། །བརྩམས་ཏེ་འབྲས་བུ་མེད་གྱུར་ཀྱང་། །གང་ཞིག་རིག་སྔགས་མི་གཏོང་ལ། །ཡིད་ཀྱང་སྐྱོ་བར་མི་འགྱུར་བའི། །བློ་ལྡན་དེས་ནི་དངོས་གྲུབ་ཐོབ། །སྒྲུབ་པ་པོའི་མཚན་ཉིད་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་སྒྲུབ་པ་པོའི། །བྱ་བའི་ཆོ་ག་དག་ལ་ཡང་། །ཇི་ལྟ་བུ་དག་ཤིས་པ་ཡི། །སྔགས་གཡོག་དག་གི་མཚན་ཉིད་བཤད། །རིགས་བཙུན་ཆོས་སྤྱོད་དད་པ་ཅན། །སེམས་སྟོབས་ཆེ་ལ་རྩོལ་ཡོད་པ། །བདེན་པར་སྨྲ་ཞིང་གུས་པ་ཆེ། །ཡན་ལག་མ་ཉམས་མ་སྨད་པ། །ཧ་ཅང་མི་རིང་མི་སྦོམ་ལ། །སྐེམ་པོ་མ་ཡིན་མིའུ་ཐུང་མིན། །ཧ་ཅང་ཁ་དོག་གཅིག་མིན་པའི། །ནད་མེད་སྔགས་གཡོག་རབ་ཏུ་ཤིས། །སྡུག་བསྔལ་ཐམས་ཅད་བཟོད་ཅིང་བརྟན། །ལས་རྣམས་ཀུན་ལ་རབ་ཏུ་གཟོ། །བཟོད་དང་ལྡན་ཞིང་དཀའ་ཐུབ་ཅན། །རྗེས་སུ་མཐུན་ཞིང་དགའ་བར་སྨྲ། །བློ་ལྡན་དྲང་ཞིང་ང་རྒྱལ་མེད། །ཕན་ཚུན་འགྲན་པ་དག་ཀྱང་སྤངས། །མཁས་ཤིང་བྱང་ལ་བྱམས་པ་ཅན། །དྲན་པར་ལྡན་ཞིང་གཏོང་ཡང་ཕོད། །གསང་སྔགས་རིག་སྔགས་དབྱེ་བ་ཤེས། །གསང་སྔགས་བཟླས་ཤིང་ཤེས་རབ་རྣོ། །བསྲུང་ལ་སོགས་པའི་ལས་རྣམས་ལ། །མཁས་པས་སྔགས་ཀྱི་གཡོག་ཏུ་གཟུང་། །ལེགས་པར་བསྡམས་ཤིང་དམ་ཚིག་ཤེས། །བསྟན་པ་ལ་ནི་དགའ་བ་དང་། །བཟླས་བརྗོད་བྱེད་པའི་བརྡ་ཤེས་པ། །དད་པ་དེ་ནི་གྲོགས་སུ་འདོད། །བསམ་པ་བཟང་ཞིང་མི་སྐྱོ་ལ། །མ་གྲུབ་བར་དུ་མི་གཏོང་ཞིང་། །སེམས་སྟོབས་ཆེ་བའི་གྲོགས་བསྟེན་ན། །ཟློས་པ་པོ་ནི་འགྲུབ་པར་འགྱུར། །ལོངས་སྤྱོད་ཆེན་པོ་དག་ལ་ཡང་། །གང་ཞིག་ཆགས་པ་མེད་པ་དང་། །གུས་ཤིང་ཕན་པར་སྤྲོ་བ་ཅན། །དེ་ནི་གྲོགས་པོར་ཡོངས་སུ་བསྒྲགས། །དངོས་གྲུབ་ཀྱི་ནི་རྫས་དག་གིས། །གཞན་གྱིས་རབ་ཏུ་བྲིད་གྱུར་ཀྱང་། །ཆུ་གང་གིས་ནི་མི་གཏོང་བ། །དེས་ནི་གྲོགས་པོ་ནུས་པར་ཤེས། །གང་ཞིག་གྲུབ་པའི་བར་དུ་ནི། །དགོས་པ་མེད་པར་འགྲུབ་པ་ལ། །བྱམས་པར་ཡང་ནི་བྱེད་འགྱུར་བ། །དེས་ནི་གཡོག་པ་ནུས་པ་ཡིན། །ཡུན་རིང་དུ་ནི་འབྲལ་མེད་དམ། །འཚེ་བ་རྣམ་པ་སྣ་ཚོགས་ཀྱིས། །གང་ཞིག་སྐྱོ་བར་མི་འགྱུར་བ། །དེ་ནི་གཅིག་པུ་གཡོག་ཡིན་ནོ། །སྒྲུབ་པའི་གྲོགས་མཆོག་ཡོན་ཏན་ཡང་། །དེ་ལྟ་བུར་ནི་ཤེས་པར་བྱ། །ཁྱད་པར་དུ་ནི་རྒྱུད་རྣམས་དང་། །དཀྱིལ་འཁོར་དག་ལ་དེ་མཁས་པའོ། །བློ་ལྡན་གང་ཞིག་སྒྲུབ་པ་བས། །ཡོན་ཏན་གང་གིས་ལྷག་གྱུར་བ། །སྒྲུབ་པའི་ལས་ཀྱི་ལྷག་མ་རྣམས། །དེ་ནི་གཅིག་པུས་བྱེད་པར་ནུས། །དབང་བསྐུར་ཆོ་ག་སྦྱིན་སྲེག་དང་། །དྲི་ལ་སོགས་པ་བསད་པ་དང་། །གང་དག་བསྲུང་ལ་སོགས་པའི་ལས། །དེ་དག་བློ་ཅན་དེས་བྱའོ། །དེས་ནི་ཕྱི་ནང་ཐམས་ཅད་ཀྱི། །སྤྱད་པར་བྱ་བ་གཅེས་པ་ཡང་། །རྒྱུད་ལས་གསུངས་པའི་ཆོ་ག་ཡིས། །ལེགས་པར་རྫོགས་པ་ཉིད་དུ་བྱ། །བསྒྲུབ་པའི་ལས་ནི་ནར་མ་ལ། །ཉམས་པར་གྱུར་པ་ཡོད་ན་ཡང་། །དེ་ཡི་བྱ་བ་ལ་དམིགས་ནས། །དེས་ནི་དེ་ལ་འཇུག་པར་འགྱུར། །རྫས་ཀྱི་ལས་རྣམས་གཞན་ལ་ཡང་། །ཅི་ནས་བར་ཆད་མི་འབྱུང་བར། །རང་གི་གཟེངས་བསྟོད་བྱ་བའམ། །རྫས་ལ་བྲམ་ཞིང་ཅི་ནས་ཀྱང་། །ཟློས་པ་གཙང་སྦྲ་ཅན་གྱིས་ནི། །བཟླས་བརྗོད་བཏང་བའི་དུས་ན་ཡང་། །དེ་ཡིས་དེ་ཡི་སྔགས་བཟླས་པ། །རྟག་པར་རབ་ཏུ་བརྩོན་པར་བྱ། །གྲོགས་པོ་ཡིས་ནི་བསྒོམ་པ་ལ། །མི་སྨྲ་བརྟུལ་ཞུགས་མི་སྤྱད་དོ། །དེ་ཡི་བསྡམས་པ་དེ་དག་པས། །དེ་ཕྱིར་རབ་ཏུ་འཇུག་པར་བྱ། །དེ་ཡི་ཁ་ཟས་གང་ཡིན་པ། །དེ་ནི་རྗེས་སུ་སློབ་པས་བཟའ། །སློབ་དཔོན་མཚན་ཉིད་སྒྲུབ་པ་དང་། །སྔགས་གཡོག་རྣམས་ཀྱི་མཚན་ཉིད་ནི། །གང་དག་གསུངས་པ་དེ་དག་ཉིད། །སྒྲུབ་པའི་གྲོགས་མཆོག་ཡོན་ཏན་དེའོ། །སྔགས་གཡོག་གི་མཚན་ཉིད་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་སྒྲུབ་པ་པོས། །ཡུལ་གང་དག་ཏུ་གནས་ནས་ནི། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །གནས་ཀྱི་མཚན་ཉིད་བཤད་པར་བྱ། །གང་དུ་བདུད་བཞི་བཏུལ་ནས་ནི། །བཅོམ་ལྡན་མངོན་པར་སངས་རྒྱས་ནས། །རྨད་བྱུང་གོ་འཕང་བརྙེས་འགྱུར་བ། །དངོས་གྲུབ་མང་པོ་ཀུན་གྱི་མཆོག །ཆུ་བོ་ནེ་རཉྫ་ནའི་འགྲམ། །ཡིད་དུ་འོང་ཞིང་འཚེ་མེད་པ། །དེ་ཡི་དངོས་གྲུབ་ཞིང་མཆོག་ཏུ། །བཅོམ་ལྡན་འདས་ནི་ཉིད་ཀྱིས་གསུངས། །དེར་ནི་བདུད་ནི་མང་པོས་ཀྱང་། །གནོད་པར་བྱ་བར་མི་ནུས་ཏེ། །དེ་བས་དེར་ནི་ལས་རྣམས་ཀུན། །སྒྲུབ་པ་པོས་ནི་བརྩིས་ཏེ་བརྩམ། །གང་དུ་ཆོས་རྣམས་བསྟན་པ་དང་། །ཐུབ་བ་ཞི་བར་གཤེགས་པ་དང་། །སེམས་ཅན་སྨིན་པར་བྱ་བའི་ཕྱིར། །གང་དུ་སྐྱེ་བ་བསྟན་པ་ཡི། །གནས་དེར་དངོས་གྲུབ་རྣམ་གསུམ་དུ། །ཡོངས་སུ་བསྒྲགས་པ་གང་ཡིན་དེ། །བརྟན་ཞིང་མྱུར་དུ་བགེགས་རྣམས་ནི། །ཞི་བར་ཡང་ནི་འགྱུར་བ་ཡིན། །སངས་རྒྱས་རྣམས་དང་དེའི་སློབ་མ། །སྐལ་བ་ཆེན་པོ་བཞུགས་བཞུགས་པ། །བསོད་ནམས་ཅན་གྱི་གནས་གང་ཡང་། །དེར་ཡང་འགྲུབ་པར་ཡོངས་སུ་བསྒྲགས། །ཆུ་མིག་སྣ་ཚོགས་དང་ལྡན་ཞིང་། །ལྗོན་ཤིང་རྣམ་པ་མང་པོས་བརྒྱན། །མེ་ཏོག་འབྲས་བུ་མོད་པའི་རི། །དངོས་གྲུབ་ཕྱིར་ནི་ཡོངས་སུ་བསྒྲགས། །དགོན་པ་དག་གི་ཕྱོགས་གང་ན། །མེ་ཏོག་འབྲས་བུ་ཆུ་མང་ཞིང་། །ཡིད་ཀྱང་མངོན་པར་དགའ་འགྱུར་བ། །དེ་དག་ཏུ་ནི་དངོས་གྲུབ་བཤད། །རྩཱ་གནས་གང་ན་རི་དྭགས་ཚོགས། །བཀྲ་ཤིས་དགའ་མགུར་སྤྱོད་པ་དང་། །གདུག་པའི་སྦྲུལ་རྣམས་མེད་པ་ཡི། །གནས་དེ་ཟློས་པ་རྣམས་ལ་ཕན། །གང་ན་ལུས་ཅན་རྣམས་ལ་ནི། །ལྷགས་པ་ལ་སོགས་གནོད་མེད་ལ། །ཤིན་ཏུ་ཡང་ནི་དགའ་འགྱུར་བ། །གནས་དེ་དངོས་གྲུབ་ཕྱིར་བསྟན་ནོ། །ཐེལ་སྡིངས་ཟོམ་དང་རི་རྩེ་དང་། །རི་འོར་གཡའ་ཆུ་སིལ་མ་ཅན། །ཁྱད་པར་དུ་ནི་ལྡན་པའི་རི། །ལྷག་པར་དངོས་གྲུབ་ཕྱིར་བསྟན་ཏོ། །ནེའུ་སེང་ཉམས་དགའ་མང་པོ་དང་། །མེ་ཏོག་མང་ཞིང་ཡམ་སྲེག་ཤིང་། །གནས་གང་དག་ན་ཡོད་པ་ཡི། །གནས་དེ་དངོས་གྲུབ་ཕྱིར་བསྒྲགས་སོ། །རིང་བསྲེལ་ཅན་གྱི་མཆོད་རྟེན་དང་། །རི་བོ་རྣམས་དང་མཚོ་འགྲམ་དང་། །རི་བོ་རྣམ་པ་སྣ་ཚོགས་དང་། །ནགས་ཚལ་རྒྱུན་ལུགས་མེད་པ་དང་། །དུ་བ་ཡོད་པའི་དུར་ཁྲོད་དང་། །འབབ་ཆུ་དག་དང་མཚེའུ་དག་དང་། །ཆུ་ཀླུང་འགྲམ་ན་ཉམས་དགའ་བར། །ཕྱུགས་ལྷས་གསེང་མ་སྔོན་པོ་དང་། །ལྗོན་ཤིང་ཀུན་ནས་ཟླུམ་པ་དང་། །མཚན་གཅིག་ལམ་གྱི་བཞི་མདོ་དང་། །རྫིང་དང་ལུ་མར་བཅས་པ་དག །དངོས་གྲུབ་ཕྱིར་ནི་ཡོངས་སུ་བསྒྲགས། །ཡུལ་ནི་གང་དང་གང་དག་ཏུ། །མི་ཡི་གཙོ་བོས་ཀུན་སྤྱད་པར། །ཁྱད་པར་དུ་ནི་འགྲུབ་གསུངས་ཕྱིར། །དེར་ནི་ངེས་པར་འགྲུབ་པར་འགྱུར། །གང་དང་གང་ན་སངས་རྒྱས་ཀྱི། །བསྟན་པ་རྣམས་ནི་མཆོད་པ་ཡི། །ཡུལ་དེ་དངོས་གྲུབ་ཕྱིར་གསུངས་ཏེ། །གཞན་དག་ཡོན་ཏན་ཆུང་ཞེས་བྱ། །གང་དང་གང་ན་སྐྱེ་བོ་ནི། །དགེ་ཞིང་འཕགས་པ་མང་བ་དག །དེ་དང་དེར་ནི་འགྲུབ་འདོད་པའི། །སྒྲུབ་པ་པོ་དེས་ས་དེར་གནས། །ཇི་ལྟར་དཀྱིལ་འཁོར་དག་གི་གནས། །རིགས་ཀྱི་བྱེ་བྲག་ཡོན་ཏན་ལས། །རྣམ་པར་དབྱེ་བ་རབ་བསྒྲགས་པ། །དེ་བཞིན་དངོས་གྲུབ་དག་ལའང་ཤིས། །དངོས་གྲུབ་སྒྲུབ་པའི་བདག་ཉིད་ནི། །གང་དུ་ཡིད་ནི་དགའ་འགྱུར་བ། །དེ་ཉིད་དུ་ནི་སྦྱང་བ་ཡི། །རིམ་པས་ལས་རྣམས་བརྩམ་པར་བྱ། །གནས་ཀྱི་མཚན་ཉིད་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་གང་ཞིག་གིས། །གནས་ན་ཟློས་པ་པོ་རྣམས་ཀྱིས། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །གསང་སྔགས་ཟློས་པའི་འདུལ་པ་བཤད། །སྒྲུབ་བས་གསང་སྔགས་ཐམས་ཅད་དང་། །ལྷ་རྣམས་དག་ནི་ཐམས་ཅད་དང་། །ཟློས་པ་བདག་ཉིད་ཆེན་པོ་ལ། །མཁས་པས་ཞེ་སྡང་མི་བྱའོ། །མཁས་པས་གསང་སྔགས་ཆོ་ག་དང་། །གསང་སྔགས་རང་བཟོ་མི་བྱ་ཞིང་། །རང་བཞིན་ངན་པའི་མི་དག་ལ། །བརྙས་པར་ཡང་ནི་མི་བྱའོ། །བླ་མ་དཀྱིལ་འཁོར་སྟོན་པ་དང་། །སྤྱོད་པ་ངན་པར་གྱུར་ན་ཡང་། །ངག་གམ་ཡང་ན་ཡིད་ཀྱིས་སུ། །ནམ་ཡང་སྨད་པར་མི་བྱའོ། །མཁས་པས་རིག་སྔགས་དག་ལ་ནི། །ཁྲོས་ནས་མནན་དང་བཅིང་བ་དང་། །བཅད་པ་དང་ནི་ཚར་གཅད་དང་། །དྲག་སྤྱོད་དེ་དང་དེ་མི་བྱ། །གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱ་སྟེ། །བསྙེན་བཀུར་མ་བྱས་པ་ལ་ཡང་། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །རྒྱུད་ཤེས་མཁས་པས་གསང་སྔགས་དང་། །ཕྱག་རྒྱ་ཆོ་ག་ཞིབ་མོ་དང་། །རྒྱུད་དང་དཀྱིལ་འཁོར་བཤད་པ་དང་། །དཀྱིལ་འཁོར་མ་ཞུགས་ལ་མི་སྦྱིན། །མཚོན་ཆ་འདྲ་བ་ཐམས་ཅད་དང་། །དེ་བཞིན་སེམས་ཅན་འདྲ་བ་དང་། །ཕྱག་རྒྱ་སྣ་ཚོགས་འདྲ་བ་དང་། །བཟའ་བར་མི་བྱ་འགོང་མི་བྱ། །སྒྲུབ་པ་པོ་ནི་བློ་ཅན་གྱིས། །དམན་རྣམས་སྨད་པར་མི་བྱ་སྟེ། །མི་གཙང་བས་ཀྱང་རེག་མི་བྱ། །རྐང་བས་ཀྱང་ནི་མི་འགོང་ངོ་། །ཐེག་པ་ཆེན་པོ་པ་དག་དང་། །ཤེས་རབ་ཅན་གྱིས་བརྩད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག །ཐོས་ནས་སུན་ནི་མི་དབྱུང་ངོ་། །སྔགས་ཀྱི་སྒྲུབ་པ་པོ་དག་དང་། །ལྷན་ཅིག་ནམ་ཡང་འགྲན་མི་བྱ། །ཉེས་པ་ཆུང་ངུ་དག་ལ་ནི། །ཁྲོས་ནས་དྲག་ཤུལ་སྤྱད་མི་བྱ། །ཟློས་པ་ཆོ་ག་ལ་གནས་པ། །གླུ་གར་རྩེད་མོ་མི་བྱ་སྟེ། །མཛེས་པར་བྱ་ཕྱིར་ཕྲེང་བ་དང་། །ཁ་དོག་བཅང་བར་མི་བྱའོ། །འགོང་བ་དང་ནི་མཆོང་བ་དང་། །རྒྱུག་པ་དང་ནི་རྩབ་ཧྲལ་དང་། །ལུས་ལས་བྱུང་བའི་གནས་ངན་ལེན། །ཐམས་ཅད་ཡོངས་སུ་སྤང་བར་བྱ། །བདེན་པའི་ཆོས་ལ་གནས་པ་ཡིས། །ལོག་པར་ལྟུང་དང་འགྱུར་དང་རྩུབ། །དབྱེན་གྱི་ཚིག་ཀྱང་སྤང་བ་དང་། །དོན་མེད་གཏམ་ཡང་མི་བྱའོ། །མུ་སྟེགས་ཅན་དང་གནས་པ་དང་། །རྩོད་པ་དག་ཀྱང་མི་བྱའོ། །གདོལ་བ་ལ་སོགས་རིགས་ངན་དང་། །གསང་སྔགས་ཟློས་པ་སྨྲ་མི་བྱ། །བློ་ཅན་བཟླས་བརྗོད་བྱེད་པ་ན། །སྔགས་གཡོག་གཅིག་པུ་མ་གཏོགས་པར། །གཞན་དང་ལྷན་ཅིག་དགོས་མེད་པར། །འགའ་དང་ཡང་ནི་སྨྲ་མི་བྱ། །འབྲུ་མར་དག་གིས་ལུས་མི་བསྐུ། །ཏིལ་ཡང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་པ་ཚྭ་དག་དང་། །ཆང་སྐྱུར་རྣམ་པ་ཐ་དད་དང་། །ཅུང་པེང་དང་ནི་སྲན་རིལ་དང་། །དེ་བཞིན་མ་ཤའི་སྲན་མ་དང་། །ཏིལ་གྱི་ཅུང་བེང་ལ་དུ་དག །དངོས་གྲུབ་འདོད་པས་རྣམ་པར་སྤང་། །ལོག་འདྲེན་དག་གི་ཟས་ཀུན་དང་། །གཏོར་མའི་ཁ་ཟས་ཐམས་ཅད་དང་། །ཀྲི་ས་ར་དང་འོ་ཐུག་དང་། །གསང་སྔགས་ཟློས་པས་རྣམ་པར་སྤང་། །ཤིང་རྟ་ལ་སོགས་བཞོན་པ་དང་། །པདྨ་ལ་སོགས་བརྗི་མི་བྱ། །ཁ་ཟས་ལྷག་མ་བོར་པ་ལ། །རྐང་པས་ཀྱང་ནི་རེག་མི་བྱ། །སྒེག་པའི་ཆོ་ག་ཐམས་ཅད་དང་། །ལྷམ་དང་གདུགས་དག་འཆང་བ་དང་། །ལུས་ཀྱི་བྱ་བྱེད་ཐམས་ཅད་དང་། །གསང་སྔགས་ཟློས་པས་རྣམ་པར་སྤང་། །རྐང་པས་རྐང་བ་ཉེད་པ་དང་། །ལག་པས་ལག་པ་མཉེ་མི་བྱ། །བཤང་གཅི་རག་ནི་ཆུར་མི་དོར། །དེ་དང་ཉེ་བར་དོར་མི་བྱ། །སྙིམ་པ་ཁོ་ནར་མི་བཟའ་སྟེ། །འཁར་བའི་སྣོད་དུ་བཟའ་མི་བྱ། །ལོ་མའི་རྒྱབ་ཏུའང་བཟའ་མི་བྱ། །མཁས་པས་ཆགས་པའི་ཟས་མི་བཟའ། །ཁྲི་རྣམས་དང་ནི་ཁྲིའུ་དག་ལ། །སྒྲུབ་པོ་བློ་ལྡན་མི་གཙང་བ། །གཞན་དང་ཉལ་བར་མི་བྱ་སྟེ། །གན་རྐྱལ་ཁ་སྦུབ་ཏུའང་མིན། །ཡང་དང་ཡང་དུ་མི་བཟའ་སྟེ། །ཧ་ཅང་ཆུང་དང་ཆེར་མི་བཟའ། །མི་བཟའ་བར་ཡང་མི་བྱ་ལ། །གང་དག་དོགས་པའང་མི་བཟའོ། །ངོ་མཚར་རྣམས་ལ་དགའ་མི་བྱ། །ལྟད་མོ་ཀུན་ལ་མི་བལྟ་ཞིང་། །བུད་མེད་ཀུན་ལ་འཇོལ་ཉོག་ལ། །ཞེན་པའི་སེམས་ཀྱིས་ཆགས་མི་བྱ། །སྔགས་ཟློས་ཆོ་ག་ལ་གནས་པས། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཟས་དང་དེ་བཞིན་སྤྱོད་པ་ལ། །མ་བསྡམས་པར་ནི་ཡོང་མི་བྱ། །སྔགས་ཟློས་ཁྱིམ་པ་མཁས་པ་ཡིས། །ཁ་དོག་བསྒྱུར་བའི་གོས་མི་བགོ། །དེ་བཞིན་རྙིངས་དང་དྲི་མ་ཅན། །གོས་གཅིག་པར་ནི་ཡོང་མི་བྱ། །བདག་ལ་སྨད་པར་མི་བྱ་ཞིང་། །རང་ལ་མི་དགར་མི་བྱ་སྟེ། །སྐྱོ་བར་ཡང་ནི་མ་གྱུར་དང་། །ནན་གྱིས་འགོང་བར་མི་བྱའོ། །བཀའ་ལན་སྩལ་བ་མ་གཏོགས་པ། །བདག་གིས་གསང་སྔགས་གཏང་མི་བྱ། །གཏི་མུག་བློས་ནི་མི་སྨད་ཅིང་། །བསྒྲིམ་པ་ལྷོད་པར་མི་བྱའོ། །ཡིད་ནི་གཞན་དུ་མ་གྱུར་དང་། །བསམ་པ་མང་པོ་མ་ཡིན་དང་། །མི་གཙང་ཆགས་པའི་སེམས་མེད་པར། །ཟློས་པ་པོས་ནི་གསང་སྔགས་གདོན། །གདོན་གྱི་ལས་རྣམས་མི་བྱ་ཞིང་། །བསྲུང་དང་སླར་བཟློག་མི་བྱའོ། །རང་གི་སྔགས་སམ་གཞན་གྱིས་ཀྱང་། །ཟློས་པས་དུག་གི་ལས་མི་བྱ། །སྒྲུབ་ལ་དགོས་པ་མ་གཏོགས་པར། །གསང་སྔགས་གཞན་དུ་སྤྱད་མི་བྱ། །འགྲན་པ་དང་ནི་སད་ཕྱིར་ཡང་། །བདག་གིས་གསང་སྔགས་མི་སྦྱར་རོ། །བློ་ལྡན་གྱིས་ནི་དུས་གསུམ་བཟླས། །དུས་གསུམ་དུ་ནི་ཁྲུས་བྱས་ཏེ། །མཚོ་ལ་སོགས་པའི་ཆུ་ལ་ནི། །སྔགས་ཀྱིས་བཏབ་སྟེ་བཀྲུ་བར་བྱ། །ༀ་ཧ་ན་བཛྲི་བཛྲེ་ན་ཧ། །ས་ལ་ལན་གསུམ་བཟླས་པ་ནི། །རོ་སྟོད་བསྐུ་ལ་སོགས་པ་དང་། །ལུས་ཀྱི་བྱ་བ་ཀུན་བྱས་ཏེ། །སྒྲུབ་པ་པོས་ནི་ཁྲུས་བྱའོ། །ཨོྂ་བཛྲ་ཏཱ་ར་ཧཱུྃ། ལས་རྣམས་ཀུན་ལ་བློ་ཅན་གྱིས། །སྔགས་འདི་ཆུ་ལ་བཏབ་པ་ཡིས། །ཐོག་མ་བསལ་བར་བྱས་ནས་སུ། །དེ་ནས་ལས་རྣམས་བརྩམ་པར་བྱ། །ན་མོ་བཛྲཱ་ཡ། ཧཱུྃ་ཧ་ན་དྷུ་ན་མ་ཐ་བི་དྷཱ་ནྶ་ཡ་ཨུཏ་ས་ར་ཡ་ཕཊ། དེ་ནས་མཁས་པས་ཆུ་ལ་ནི། །ལག་པས་དཀྲུག་ཅིང་བཟླས་པར་བྱ། །ཡིད་ལ་གཙང་མར་གྱུར་བར་དུ། །གསང་སྔགས་འདི་ཡང་བརྗོད་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དོཾ་ཥྚོ་ཏྐ་ཊ་བྷཻ་ར་བཱ་ཡ། ཏདྱ་ཐཱ། ཨོྂ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛི་ཏིཥྛི། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣ་བིནཱ་ཡ་ཀྃ། མ་ཧཱ་ག་ཎ་བ་ཏི་ཛཱི་བི་ཏཱནྟ་ཀ་རཱ་ཡ་སྭཱ་ཧཱ། གསང་སྔགས་བཟླས་པའི་ཆུ་དེ་ཡིས། །དེ་ནས་ཁྲུས་ནི་ཅི་དགར་བྱ། །ཁྲུས་བྱེད་ཚེ་ན་སྔགས་འདི་ནི། །ཡིད་ཀྱིས་ཡང་དང་ཡང་དུ་བཟླས། །ཨོྂ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཁྲུས་བྱས་ཟིན་ནས་འདི་ཉིད་ཀྱིས། །ཆུ་ལ་ཕྱིར་ཡང་བཟླས་ནས་ནི། །སྤྱི་བོར་སྙིམ་པ་གསུམ་བླུགས་ཤིང་། །ཁྲུས་ཚེ་སྒྲུབ་པོས་མི་སྨྲ་བྱ། །དེ་ནས་གསང་སྔགས་འདི་ཟློས་ཤིང་། །སྤྱི་གཙུག་དག་ཀྱང་བཅིང་བར་བྱ། །ཨོྂ་སུ་སིདྡྷི་ཀ་རི་སྭཱ་ཧཱ། དེ་ནས་ཉེ་རེག་ཡང་བྱས་ནས། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །ནན་ཏན་དུ་ནི་བསྲུང་བྱས་ཏེ། །ཟློས་ཤིང་རང་གི་རིག་སྔགས་བཀྲུ། །ཨོྂ་ཀཱི་ལི་ཀཱི་ལ་བཛྲ་ཧཱུྃ་ཕཊ། ཅི་ཙམ་འདོད་པར་བཟླས་ནས་སུ། །མཁས་པས་ལྷ་ཡི་གནས་སུ་འགྲོ། །དེ་ཡི་བར་དུ་མི་ཁྲོ་ཞིང་། །འདོད་ཆགས་ཅན་དུ་མི་བྱའོ། །ལྷ་ལ་གཞོལ་བའི་ཡིད་ཀྱིས་སུ། །མ་ཡེངས་པར་ཡང་འགྲོ་བར་བྱ། །སྡོམ་པ་དག་ནི་གཟུང་བ་དང་། །ནན་ཏན་དུ་ནི་དམ་ཚིག་བསྲུང་། །བཟླས་བརྗོད་ཆོ་ག་མཁས་པ་ཡིས། །བཟླས་བརྗོད་བྱ་ལ་བརྩོན་པ་དང་། །རྟག་ཏུ་དཀྱིལ་འཁོར་བྱ་བ་དང་། །གླེགས་བམ་དག་ཀྱང་རྟག་ཏུ་བཀླག །མཁས་པས་མཆོད་རྟེན་རྟག་ཏུ་གདབ། །དགེ་བའི་ཕྱོགས་ཀྱང་རྟག་ཏུ་བྱ། །སྒྲུབ་པ་པོ་ནི་བློ་ཅན་གྱིས། །དུས་གསུམ་དུ་ཡང་སྐྱབས་སུ་འགྲོ། །དུས་གསུམ་དུ་ཡང་སྡིག་པ་བཤགས། །དུས་གསུམ་བྱང་ཆུབ་སེམས་ཀྱང་བསྐྱེད། །རྒྱུད་མཐོང་ཆོ་ག་ཤེས་པ་ཡིས། །དུས་གསུམ་དུ་ཡང་སྨོན་ལམ་གདབ། །ཆོ་གར་སྤྱད་པ་དེ་དང་དེ། །ཇི་ལྟར་འདོད་པར་ཅི་ནུས་བྱ། །རྟག་ཏུ་གཏོང་ལ་བརྩོན་པ་དང་། །འཇུངས་བྲལ་སྙིང་རྗེ་ལྡན་པ་དང་། །རྟག་ཏུ་བཟོད་ཅིང་བྱམས་པར་ལྡན། །རྟག་ཏུ་བརྩོན་འགྲུས་ལྡན་པར་བྱ། །རྗེས་སུ་དྲན་པ་དྲུག་རྣམས་ཀྱང་། །བསམ་པ་ངེས་པས་རྟག་ཏུ་བསྒོམ། །རྣམ་པ་སྣ་ཚོགས་ཆོས་མཉན་ནས། །མོས་པ་རྣམ་པར་སྤྱད་པར་བྱ། །གསང་སྔགས་ཆོ་ག་ཞིབ་བཀླག་ཅིང་། །སྔགས་དང་ཕྱག་རྒྱ་རྣམས་ཀྱང་མཆོད། །ཆོ་ག་ལས་ནི་འབྱུང་བ་བཞིན། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །ཡང་དག་ལྟ་བ་ངེས་གྱུར་ཅིང་། །བྱང་ཆུབ་སེམས་ནི་བརྟན་བྱས་ལ། །དགེ་སློང་ལ་སོགས་འཁོར་བཞི་རྣམས། །མཁས་པས་རྟག་ཏུ་གཟུང་བར་བྱ། །དམ་ཚིག་ཕྱག་རྒྱ་བཅིངས་ནས་སུ། །རང་གི་གསང་སྔགས་རྒྱུད་རྣམས་བསྟན། །མཁས་པས་གསང་སྔགས་ལུང་གི་རྣམས། །ཐམས་ཅད་ཡང་དག་རྒྱས་པར་བྱ། །སྒྲུབ་པ་པོས་ནི་ཚེས་བརྒྱད་དང་། །བཅུ་བཞི་དང་ནི་བཅྭ་ལྔ་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཁྱད་པར་དུ་ནི་མཆོད་པར་བྱ། །བཟླས་བརྗོད་སྦྱིན་སྲེག་མཆོད་པ་དང་། །དེ་བཞིན་སྡོམ་པ་གཟུང་བ་དང་། །ཁྱད་པར་དུ་ཡང་བསོད་ནམས་ལ། །གུས་ཤིང་མངོན་པར་བརྩོན་པར་བྱ། །མཁས་པས་སྔགས་ནི་འདི་ཉིད་ཀྱིས། །བརྒྱའམ་ཡང་ན་སྟོང་དག་ཏུ། །མངོན་པར་བསྔགས་པ་བྱས་པ་ཡིས། །ལས་ཀྱི་རྡོ་རྗེ་རྟག་ཏུ་བཅང་། །ཨོྂ་དྷུ་ན་བཛྲ་ཧ། གནམ་ལྕགས་ཕོག་པའི་ཤིང་དག་གམ། །ནིམ་པའམ་དུར་ཁྲོད་མགལ་དུམ་མམ། །ཙནྡན་དག་གམ་གཞན་ཡང་རུང་། །རྡོ་རྗེ་རྩེ་མོ་གསུམ་པ་བྱ། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །དེ་ནི་བློ་ལྡན་ལག་གཡོན་གྱིས། །བཟླས་བརྗོད་སྦྱིན་སྲེག་ལ་སོགས་པའི། །ལས་ལ་དེ་ནི་གཟུང་བར་བྱ། །རྡོ་རྗེ་དེ་ནི་བཅངས་པ་ཡིས། །བགེགས་དང་ལོག་འདྲེན་ཐམས་ཅད་དང་། །གང་དག་གནོད་པ་བྱེད་པ་རྣམས། །ཤིན་ཏུ་སྐྲ་གནས་འབྱར་བར་འགྱུར། །དེ་ཡང་གསང་སྔགས་དེ་ཉིད་ཀྱིས། །མཁས་པས་རྟག་ཏུ་མཆོད་པར་བྱ། །ཙནྡན་མར་པོས་བསྐུས་ནས་ནི། །བཞག་སྟེ་མངོན་པར་སྔགས་ཀྱིས་བཟླས། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ། །འདི་ནི་རྨད་ཀྱི་ལས་ཀྱང་བྱེད། །འདི་ནི་སྒྲུབ་པ་པོ་རྣམས་ལ། །གཅིག་ཏུ་གཅེས་སྤྲས་བྱེད་པར་བསྒྲགས། །སྒྲུབ་པ་བཟླས་བརྗོད་བྱེད་པ་ན། །རིག་སྔགས་འདི་ནི་བརྒྱར་བཟླས་པའི། །སྤོས་ཀྱིས་བྱུགས་པའི་གདུ་བུ་དག །རྟག་ཏུ་ལག་ལ་གདགས་པར་བྱ། །ཨོྂ་ཀུ་ལནྡྷ་རཱི་བནྡྷ་བནྡྷ་ཧཱུྃ་ཕཊ། རིག་སྔགས་ཕྱག་རྒྱ་ཆེན་པོ་འདི། །མཱ་མ་ཀཱི་ཞེས་བྱ་བར་གྲགས། །རིག་སྔགས་ཐམས་ཅད་སྒྲུབ་པ་དང་། །དེ་བཞིན་བྱིན་སྐྱེད་སྐྱོང་བར་བྱེད། །འདིས་ནི་བསྲུང་བ་ལ་སོགས་པའི། །ལས་རྣམས་ཐམས་ཅད་བྱར་ཡང་རུང་། །འདི་ནི་རིག་སྔགས་ཐམས་ཅད་དང་། །རྡོ་རྗེ་འཛིན་པའི་ཡུམ་ཡིན་ནོ། །ཕྱག་ན་རྡོ་རྗེའི་རིགས་ལས་ནི། །རུ་དྲཱ་ཀྵ་ཡི་གདུ་བུ་བྱ། །བགྲང་ཕྲེང་ལ་སོགས་དབྱེ་བ་ཡིས། །རིག་སྔགས་གཞན་ལའང་ཤེས་པར་བྱ། །གཙུག་ཏོར་པདྨའི་རིགས་དག་ལ། །རིག་སྔགས་ཆེན་མོ་སྤྱན་དང་ནི། །གོས་དཀར་ཅན་ནི་གང་ཡིན་པ། །དེ་ཡིས་དེ་ཡི་མདུན་དུ་བཟླས། །ཨོྂ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛི་སིདྡྷི་ལོ་ཙ་ནི། །སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཐོང་བ་དང་ནི་ཐོས་པ་དང་། །རེག་པ་དང་ནི་དྲན་པའང་རུང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་ཀུན་གྱི་གསོས་གྱུར་ཅིག །ཏདྱ་ཐཱ། ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊ། བི་ཀ་ཊ། ཀ་ཊྃ། ཀ་ཊེ་བྷ་ག་བ་ཏི་བི་ཛ་ཡེ་སྭཱ་ཧཱ། འདི་དག་ཉིད་ཀྱིས་དེ་ལ་ནི། །བགེགས་ཀྱིས་ཟིལ་གྱིས་ནོན་མི་འགྱུར། །དེ་དག་བརྗོད་པས་མྱུར་དུ་ནི། །དངོས་གྲུབ་ཐོབ་ཅིང་གཙང་བར་འགྱུར། །རིགས་ཀྱི་སྙིང་པོ་འབྲུ་གསུམ་པས། །སོ་སོ་བཟླས་བརྗོད་བྱས་པ་ཡིས། །ཀུ་ཤ་ཡི་ནི་བསང་བྱེད་ཀྱང་། །སྲིན་ལག་ལ་ནི་གདགས་པར་བྱ། །ཛི་ན་ཛི་ཀ་ཨཱ་རོ་ལིཀ །བཛྲ་དྷྲྀ་ཀ །མཆོད་དང་བཟླས་བརྗོད་སྦྱིན་སྲེག་ལ། །དེ་ནི་རྟག་ཏུ་བཅང་བར་བྱ། །སྒྲུབ་པ་པོས་ནི་འབད་པ་ན། །འདིས་ན་ལག་པ་གཙང་བར་འགྱུར། །བུ་མོས་བཀལ་བའི་སྐུད་པ་ནི། །ལེ་བརྒན་རྩིའམ་གུར་གུམ་དུ། །བཙོས་པ་བཟླས་བརྗོད་སྟོང་བྱས་ཏེ། །དེ་ནས་མདུད་པ་བདུན་པོར་ནས། །སོད་ལ་རིག་སྔགས་འདི་ཡིས་ནི། །རང་གི་རྐེད་པར་བཅིང་བར་བྱ། །འདིས་ནི་ཟློས་པ་པོ་དག་གི། །ཁུ་ཆུ་རྟག་ཏུ་བཀག་པར་འགྱུར། །ཨོྂ་ཧ་ར་ཧ་ར་བནྡྷ་ནི་ཤུ་ཀྲ་དྷཱ་ར་ཎཱི་སིདྡྷ་ཨ་རྠ་སྭཱ་ཧཱ། བཟླས་བརྗོད་སྦྱིན་སྲེག་ཆོ་ག་ལ། །རྟག་ཏུ་སྟོད་གཡོགས་བགོ་བར་བྱ། །ཉལ་དང་འཕྲེས་ལ་ཉེས་པ་མེད། །དེ་ཡང་མངོན་པར་བསྔགས་པར་བྱ། །ཕྱི་རོལ་སར་ནི་ཤིང་གི་ལྷམ། །རྟག་ཏུ་ཡང་ནི་མགོ་བར་བྱ། །ལྷ་དང་བླ་མ་མཆོད་གནས་ཀྱི། །གནས་དག་ཏུ་ནི་རྣམ་པར་སྤང་། །གང་དག་རྟག་ཏུ་བརྩོན་པ་ཡིས། །ཟློས་པ་དངོས་གྲུབ་འདོད་པ་དེས། །ལུས་དང་ངག་ཡིད་འཇུག་པ་ཡིས། །རྟག་ཏུ་མཆོད་གནས་མཆོད་པར་བྱ། །མཆོད་རྟེན་མཐོང་ན་ཕྱག་བྱ་ཞིང་། །དགེ་སློང་མཐོང་ནའང་ཕྱག་བྱའོ། །ལྷ་དག་མཐོང་ནའང་རིམ་གྲོ་བྱ། །བླ་མ་མཐོང་ནའང་མཆོད་པར་བྱ། །ཟབ་མོའི་ཆོས་ནི་བཤད་པ་དག །ཐོས་ནས་དད་པ་བསྐྱེད་པར་བྱ། །བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གི། །མཐུ་ལ་རབ་ཏུ་དགའ་བར་བྱ། །སྔགས་ཀྱི་ལས་རྣམས་སྣ་ཚོགས་པ། །ཐོས་ནས་ཡིད་ནི་སྤྲོ་བར་བྱ། །སྒྲུབ་པོ་དངོས་གྲུབ་འདོད་པས་ནི། །བློ་དང་ལྡན་པས་བརྩོན་འགྲུས་བསྐྱེད། །འདི་བྱའོ་འདི་ནི་མི་བྱའོ་ཞེས། །རིག་སྔགས་འདུལ་ལས་སྨོས་པ་དང་། །བསླབ་པའི་སྡོམ་པ་ཉིད་ལ་ཡང་། །ཟློས་པས་རྟག་ཏུ་རྣམ་པར་བསམ། །རང་གི་བདེ་ལ་ཆགས་པ་དག །ཉིན་མཚན་དུ་ཡང་སྤང་བར་བྱ། །འདི་དག་བྱས་ནས་འདི་བྱའོ་ཞེས། །མི་གཡེལ་བར་ནི་གྱུར་པར་བྱས། །ཉིན་པར་བག་མེད་བྱས་པ་དང་། །མཚན་མ་སོ་སོར་བཤགས་པར་བྱ། །ནུབ་མོ་བྱས་ན་ནང་པར་བཤགས། །ལེགས་པར་བྱས་ལ་མངོན་དགའ་བྱ། །བཟླས་བརྗོད་སྦྱིན་སྲེག་གཙང་སྦྲ་བྱ། །རིག་སྔགས་མཆོག་དང་རང་སྡོམ་དང་། །རིག་སྔགས་འདུལ་བ་དག་ལ་ཡང་། །སྒྲུབ་པ་པོས་ནི་ནན་གྱིས་གནས། །རིག་སྔགས་ཀྱི་འདུལ་བ་རིམ་པར་བྱེ་བའོ།། །།ཞི་བ་དང་ནི་རྒྱས་པ་དང་། །དྲག་ཤུལ་སྤྱད་པ་ཉིད་གསུངས་པ། །ཀུན་ལ་བྱེ་བྲག་མེད་པར་ནི། །ངས་ནི་རྣམ་པ་གསུམ་དུ་བསྒྲགས། །གསང་སྔགས་ཁ་ཅིག་འཕགས་པ་སྟེ། །དེ་ལ་ཁ་ཅིག་ལྷ་ཡི་ཡིན། །ཁ་ཅིག་ས་བླའི་ཡིན་པར་གསུངས། །ཐམས་ཅད་རིགས་ནི་གསུམ་དུ་འདུས། །དེ་རྣམས་མེ་ཏོག་སྣ་ཚོགས་ནི། །ཐང་ལས་སྐྱེས་དང་ཆུ་ལས་སྐྱེས། །ཇི་ལྟར་ཕྱེ་བ་བློ་ཅན་གྱིས། །མངོན་པར་བསྔགས་ཏེ་དབུལ་བར་བྱ། །གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་ཀྱི་ནི་མེ་ཏོག་འདི། །བདག་གི་དད་པས་དབུལ་ལགས་ཀྱིས། །བཞེས་ནས་བདག་ལས་དགྱེས་པར་མཛོད། །ཨོྂ་ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། མེ་ཏོག་དཀར་པོ་དྲི་ཞིམ་པ། །སངས་རྒྱས་བཅོམ་ལྡན་འདས་ལ་དབུལ། །མེ་ཏོག་དཀར་པོ་ཆུ་སྐྱེས་རྣམས། །འཕགས་པ་སྤྱན་རས་གཟིགས་ལ་དབུལ། །རབ་ཏུ་དྲི་ཞིམ་སྣ་ཚོགས་པ། །ཕྱག་ན་རྡོ་རྗེ་ཉིད་ལ་དབུལ། །མ་སྨོས་པ་ནི་གཞན་རྣམས་ལ། །གང་ཡང་རུང་བ་ཐམས་ཅད་དབུལ། །སྣ་མ་པདྨ་བ་ཏ་ལ། །ནཱ་ག་གེ་སར་ཙམ་པ་ཀ །བཀུལ་ཀུ་མུད་སཱ་ལུ་དང་། །མ་ལི་ཀུ་ཡ་ཡུ་ཏི་ཀ །ཀུ་ར་བ་ཀ་ཤེ་པ་ལི། །ཀ་དྃ་མ་དུ་བུནྟི་ཀ །དྲི་ན་ཤུལ་ཡཾ་ཨ་ཤོ་ཀ །ཀླུ་ཤིང་མེ་ཏོག་བུ་ན་ཀ །ན་བ་མ་ལི་ང་མ་ན། །ཨ་མྲའི་དོག་པ་ཀ་ཐ་ར། །མུ་ཙུ་ཀུཎྜ་ཀཱཉྩ་ན། །ཤིང་གི་ཨུཏྤལ་སྤྲིན་ཏྲི་ཀ །ཨུཏྤལ་ཏ་ཀར་ཀུཾ་ཌ་དང་། །གཞན་ཡང་ཀ་ར་བཱི་ར་སོགས། །གྲོང་དང་དགོན་པ་དག་དང་ནི། །ཆུ་སྐྱེས་ཐང་སྐྱེས་མང་པོ་དང་། །འདི་ལ་སོགས་པའི་མེ་ཏོག་དག །ཆོ་ག་བཞིན་དུ་ཤེས་བྱ་སྟེ། །རིགས་དང་ལས་ཀྱི་དབྱེ་བ་ཡིས། །ལྷ་རྣམས་མཆོད་ལ་མཁས་པས་སྦྱར། །སྣ་མ་ཏ་ཀ་ར་ཀུནྡ་དང་། །དེ་བཞིན་མ་ལི་ཡུ་ཏི་ཀ །ནཱ་ག་གེ་སར་འདི་དག་རྣམས། །དེ་བཞིན་གཤེགས་པའི་རིགས་ལ་གསུངས། །ཨུཏྤལ་ཀུ་མུད་པདྨ་དང་། །ས་ལ་གྲྀཏྟི་ཤེ་པ་ལི། །དེ་བཞིན་ཏ་ཀར་བུ་ན་ཀ །འདི་དག་པདྨའི་རིགས་ལ་ཤིས། །ནི་ལོཏྤ་ལ་ལ་སོགས་དང་། །སྲེ་ཡང་ཀུ་ཡི་དོག་པ་དང་། །གང་གཞན་རུང་བར་བསྒྲགས་པ་སྟེ། །འདི་དག་རྡོ་རྗེའི་རིགས་ལ་གསུངས། །ཁྱད་པར་དུ་ནི་དྲི་ཞིམ་དང་། །ཁ་དོག་དཀར་སོགས་དབྱེ་བ་ཡིས། །ཞི་བ་ལ་སོགས་ལས་རྣམས་ལ། །མེ་ཏོག་ཐམས་ཅད་སྦྱར་བར་བྱ། །ཞི་བ་ལ་ནི་མངར་བ་མཆོག །དྲག་ཤུལ་སྤྱོད་ལ་ཁ་བ་སྟེ། །དེ་ལས་གཞན་པ་རོ་ཅན་དག །རྒྱས་པའི་ལས་ལ་ཤེས་པར་བྱ། །ད་ཚ་གེལ་པ་སྡོང་པོ་དང་། །དེ་བཞིན་ཁྲི་ཤིང་ལྡུམ་བུ་དང་། །ལྷབ་ལྷུབ་རྣམས་དང་ཤིང་ལོ་དང་། །མེ་ཏོག་རྣམ་པ་སྣ་ཚོགས་དག །ས་བླ་པ་ལ་ཤིས་པ་ཡིན། །སྣ་མ་དེ་བཞིན་གཤེགས་རིགས་ལ། །པདྨ་པདྨའི་རིགས་ལ་ཤིས། །ཨུཏྤལ་སྔོན་པོ་རྡོ་རྗེ་ཡི། །རིགས་ལ་མཆོག་ཏུ་བསྒྲགས་པ་ཡིན། །དྲི་དང་ཁ་དོག་མཆོག་གི་རྣམས། །མཆོག་གི་ལས་ལ་ཤེས་པར་བྱ། །དམན་ཅིང་ཤིན་ཏུ་དམན་པ་དང་། །ལྷག་མའི་ལས་ལ་ཤེས་པར་བྱ། །དོག་པ་རྣམ་པ་སྣ་ཚོགས་དང་། །ཁྲི་ཤིང་མེ་ཏོག་གང་ཡིན་པ། །དེ་ལ་མོ་ཡི་མིང་ཅན་གྱི། །རིག་སྔགས་གང་ཡང་རུང་བ་དགྱེས། །ཀ་ར་བཱི་ར་དམར་པོའམ། །ཡང་ན་དཀར་པོ་ཁྱད་པར་དུ། །ཁྲོ་བོ་རྣམས་དང་ཕོ་ཉ་མོ། །གཟི་བརྗིད་ཅན་རྣམས་ཐམས་ཅད་དགྱེས། །ས་ལ་ཀི་ལ་ཀུ་ཏ་ཛ། །ཀརྞི་ཀ་ར་ཨས་ན་མཆོག །བིལ་བའི་མེ་ཏོག་ཀ་ཐ་རན། །ལས་ཀུན་བྱེད་པ་ཐམས་ཅད་དང་། །མེ་ཏོག་ཕྲེང་རྒྱུད་མང་པོ་དང་། །ཐམས་ཅད་ལས་རྣམས་ཀུན་ལ་འདོད། །སྦྱོར་བ་འདི་དག་ཉིད་ཀྱིས་ནི། །སིལ་མ་བཀྲམ་པའང་ཤེས་པར་བྱ། །མེ་ཏོག་རིགས་ནས་མ་སྨོས་དང་། །ཚོར་མ་ཅན་དང་དྲི་དཀུ་དང་། །ཁ་དང་ཚ་བ་ལས་བྱུང་དང་། །ཁ་དོག་ངན་པ་རྣམ་པར་སྤང་། །ཨ་བྷི་མུཀྟ་མང་གོ་ལ། །ནི་པ་ལ་སོགས་སྨད་པ་དང་། །ཛ་བ་དང་ནི་ཀེ་ཊ་ཀའི། །མེ་ཏོག་ཁྱད་པར་དུ་ཡང་སྤང་། །ཤ་མ་མེ་ཏོག་པྲི་ཡང་ཀུ། །འབྲས་ཡོས་ཏིལ་དང་ལེ་བརྒན་རྩི། །དྲུར་བ་ལ་སོགས་ཐམས་ཅད་ནི། །གསང་སྔགས་ཐམས་ཅད་བཞེད་པ་ཡིན། །གང་དུ་གཞན་རྣམས་མ་རྙེད་ན། །འབྲས་ཀྱི་འབྲུ་ནི་རངས་པའང་རུང་། །གཅིག་རྐྱ་ཐུབ་པ་འདི་ཡིས་ཀྱང་། །མཆོད་པ་ལེགས་པར་བྱ་བར་བཤེད། །གཞན་གྱི་མེ་ཏོག་གཞན་དག་ལ། །བྱེའུ་རུག་དན་ཏ་མེ་རུ་པ། །ཏ་མལ་ཀྲིཥྞ་མ་ལ་ཀི། །མ་དུ་ལུང་ག་ཨཛྲ་ཀ །མེ་ཏོག་ལ་སོགས་ལོ་མའང་དབུལ། །བལ་ཀ་ལ་སོགས་རྩ་བ་དང་། །ལི་ཤི་ལ་སོགས་འབྲས་བུ་དག །མཆོད་པའི་ཕྱིར་ནི་མེ་ཏོག་ཏུ། །ཆོ་ག་བཞིན་དུ་རབ་ཏུ་དབུལ། །གཞན་གྱི་མེ་ཏོག་གཞན་དག་ལ། །གང་ཚེ་མ་འབྱོར་ནས་དབུལ་བ། །དེ་ཚེ་རང་རིག་གསང་སྔགས་ཀྱིས། །དེ་ལ་ཡང་ནི་མངོན་པར་བསྔགས། །བློ་ལྡན་རྒྱུད་ལ་མཁས་པ་ཡིས། །མ་འབྱོར་ན་ནི་མཐོང་བ་དང་། །ཐོས་པ་དང་ནི་བྱས་པ་ཡིན། །མཆོད་པ་གང་ཡང་རུང་བ་བྱ། །མཆོད་པ་རྒྱ་ཆེར་འབྱོར་ན་ཡང་། །ཡིད་ལ་གུས་པ་བསྐྱེད་ནས་ནི། །ཐལ་མོ་སྤྱི་བོར་ལེགས་སྦྱར་ཏེ། །མཆོད་པ་ཐམས་ཅད་འབྱུང་བར་བྱ། །ཐེ་ཚོམ་མེད་པར་བློ་ཅན་གྱིས། །སེམས་ཀྱིས་རབ་ཏུ་བསྒྲིམས་ནས་ནི། །རབ་ཏུ་བསྒྲིམས་ཏེ་གང་བྱས་པ། །མཆོད་པ་དེ་ནི་ཁྱད་པར་ཅན། །མེ་ཏོག་གི་མཚན་ཉིད་རིམ་པར་ཕྱེ་བའོ།། །།དྲི་ནི་གང་དག་རུང་བ་དང་། །གསང་སྔགས་ཀུན་ལ་ཤིས་པ་དང་། །ཟློས་པ་རྣམས་ལ་དགོས་པ་ཡི། །དྲི་ཡི་རྫས་རྣམས་བཤད་པར་བྱ། །གླ་སྒང་ཀུ་ཏྲ་ན་ཊ་དང་། །རུ་རྟ་ཨུར་ཤིང་བ་ལི་ཀ །ཨ་གར་རྒྱ་སྦོས་ཤ་རི་བཱི། །གུར་གུམ་ཙནྡན་བརྞ་ཀ །བཏྟྲ་ད་ར་སྒྲོན་ཤིང་སྤྲྀབ། །ཤུག་པ་ཏི་ལ་བཪྞི་ཀ །ལི་ཤི་ཤིང་ཚ་ཀ་ལི་ཡ། །ཐང་ཤིང་ཨརྫུ་བྲི་ཡང་ཀུ། །ས་རནྡ་ད་ལ་བག །ཤི་ལ་བ་ལུ་དེ་བ་དང་། །གསེར་ཕྲོམ་ཤ་ཐི་ཀ་བི་ཐ། །ཀ་ཊུ་ཀ་དང་ཕ་ལི་ནི། །ན་ལི་ཤི་པ་ཙམ་པི་དང་། །སུ་བརྞ་དང་ཤ་ཀ་ལ། །མ་དུ་ལུང་ག་ཤུན་པར་བཅས། །བལ་བུ་སྦང་སྦོས་པུ་པྲི་ན། །མཁན་པ་མུ་ར་བུ་རུ་བ། །ཀེ་ཤི་ཏ་མ ལ་བུ་ན་ག །སུག་སྨེལ་བྱ་ཁྲ་ན་ཁ་དང་། །འུ་སུ་བ་སྤི་ལ་པ་ལི། །ཤ་ཏ་པུཥྤ་ཧ་རེཎུ། །ཛཱ་ཏི་ཕ་ལ་ཀ་ཀོ་ལ། །ཀ་ཏུ་པ་ལ་ཙ་རོང་ཀ །སོའུ་ནི་ཡ་དང་དྷ་མ་ཀ །ཙནྡན་དུ་རུས་པྲ་ཏ་ར། །ཐང་ཆུ་དང་ནི་ར་ས་དང་། །གེ་སར་ལ་སོགས་བསྡུས་པ་ལས། །དྲི་སྦྱོར་བ་ཡི་རྒྱུད་ཤེས་པས། །བདག་ཉིད་ཇི་ལྟར་འདོད་བཞིན་སྦྱར། །མེ་ཏོག་འབྲས་བུ་ཐང་ཆུར་བཅས། །རྒྱལ་པའི་རིགས་ལ་སྦྱར་བར་བྱ། །ཤུན་པ་སྙིང་པོ་ལ་སོགས་ཅན། །སྦྱར་བ་པདྨའི་རིགས་ལ་བསྟན། །སྡོང་བུ་རྩ་བ་ལ་སོགས་ལས། །སྦྱར་བ་རྡོ་རྗེའི་རིགས་ལ་གསུངས། །བྱེ་བྲག་ཏུ་ནི་མ་ཕྱེ་པ། །ལས་ཀུན་བྱེད་པ་ཐམས་ཅད་ལའོ། །དེ་བཞིན་གཤེགས་པའི་རིགས་ལ་ནི། །ཨ་གར་མཆོག་ནི་གཅིག་པུ་དབུལ། །པདྨ་ཅན་ལ་བློ་ཅན་གྱིས། །ཙནྡན་དཀར་པོ་གཅིག་པུ་དབུལ། །གུར་གུམ་གཅིག་པུ་ཁྱད་པར་དུ། །ཕྱག་ན་རྡོ་རྗེ་ཅན་ལ་དབུལ། །འདི་དག་གཅིག་རྐྱ་ཐུབ་པ་སྟེ། །ག་པུར་གྱིས་ནི་བསྒོ་བར་གསུངས། །རྡོ་རྗེ་འཆང་བ་ཐམས་ཅད་ལ། །ཙནྡན་དམར་པོ་བཞེད་པ་ཡིན། །པྲི་ཡང་ཀུ་ལ་སོགས་པའི་དྲི། །རིག་སྔགས་མོ་ཡི་མིང་ཅན་དགྱེས། །སྤང་སྤོས་སུག་སྨེལ་འབྲུ་སྦྱར་བ། །རིག་པའི་རྒྱལ་མོ་རྣམས་ལ་བསྒྲགས། །ཙནྡན་གུར་གུམ་ཨ་ཀ་རུ། །རིག་པའི་རྒྱལ་པོ་ཐམས་ཅད་ལའོ། །ཤུག་པ་དག་ལ་སྦྱར་བ་ཡིས། །མངག་གཞུག་རྣམས་ལ་ཤིས་པ་ཡིན། །གཞན་རྣམས་ལ་ནི་ཕལ་གཞན་གྱིས། །བྱས་ན་ལྷག་པར་དགྱེས་པར་འགྱུར། །རིགས་གསུམ་དག་ནི་ཐམས་ཅད་ཀྱི། །སྤྱི་ཡི་ལས་རྣམས་ཐམས་ཅད་ལ། །ཨ་གར་ནག་པོ་གཅིག་པུ་ཉིད། །ཁྱད་པར་དུ་ནི་རབ་ཏུ་ཤིས། །ཁ་དོག་དཀར་པོ་ཞི་བ་ལ། །རྒྱས་པ་ལ་ནི་སེར་པོ་འཕྲོད། །དྲག་ཤུལ་སྤྱོད་ལ་བསུང་མེད་དང་། །ཁ་དོག་དམར་པོ་རབ་ཏུ་ཤིས། །དངོས་གྲུབ་ཆེན་པོ་རྣམས་ལ་དྲི། །ཐང་ཆུ་འབྲས་བུ་དང་སྦྱར་བའོ། །འབྲིང་ལ་མེ་ཏོག་སྙིང་པོ་རྣམས། །ཕལ་ལ་ཕལ་པ་རྣམས་ཀྱིས་བྱ། །སྲོག་ཆགས་དང་ནི་ཆང་དག་གམ། །ཚྭ་དང་རྒྱ་སྐྱེགས་དག་དང་ནི། །དཀུ་བ་དག་གི་དྲི་འདི་རྣམས། །སྦྱར་བར་ཡང་ནི་མི་བྱའོ། །ཕྱེ་མ་དང་ནི་བྱུག་པ་དང་། །དེ་བཞིན་བསྒོ་བར་བྱ་བ་ལ། །བསྟན་པ་འདི་ཡི་ཚུལ་གྱིས་ནི། །ཁ་དོག་རྣམས་ཀྱང་ཤེས་པར་བྱ། །གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་དམ་པའི་དྲི་འདི་དག །བདག་གི་དད་པས་དབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྒྲུབ་པ་པོ་དང་སྔགས་འདི་དང་། །རང་གི་སྔགས་ཀྱིས་ཡོངས་བཟླས་ནས། །བསངས་པའི་དྲི་ནི་ལྷ་རྣམས་ལ། །ཆོ་ག་བཞིན་དུ་དབུལ་བར་བྱ། །གཞན་གྱི་དྲི་དང་གཞན་དག་ལ། །གང་ཚེ་མ་འབྱོར་ནས་དབུལ་བ། །དེ་ཚེ་རང་རིག་གསང་སྔགས་ཀྱིས། །དེ་ལ་ཡང་ནི་མངོན་པར་བསྔགས། །དྲིའི་མཚན་ཉིད་རིམ་པར་ཕྱེ་བའོ།། །།རིགས་གསུམ་རྣམས་ཀྱི་སྤྱིར་ཡང་ནི། །ཙནྡན་ཨ་ཀར་གུར་གུམ་གྱིས། །བདུག་སྤོས་ཐམས་ཅད་རིམ་བཞིན་དུ། །རེ་རེ་དག་ལ་སོ་སོར་དགྱེས། །ཤི་རི་བེ་སྟ་སྲ་རྩི་པོག །སར་གུ་གུལ་སཱ་ལི་ཀི། །ག་བུར་ཅེ་བག་ལྷ་མ་ཀ །སྦྲང་རྩི་གུ་ཏ་གི་རི་ཙན། །བུ་རམ་གླ་སྒང་ཨ་རུ་ར། །དུ་རུས་ཨ་ཀར་བྷ་ལ་ཀ །ཙནྡན་སྒྲོན་ཤིང་ཐང་ཤིང་དང་། །པ་རི་པེ་ལ་ན་ལ་ཀི། །ཁ་ར་སྤང་སྤོས་ཨུ་ཤི་ར། །འབྲས་བུའི་རིགས་སུ་གཏོགས་ལ་སོགས། །སྦྱོར་བ་རྣམ་པ་སྣ་ཚོགས་དག །གསང་སྔགས་བདུག་སྤོས་ཕྱིར་གསུངས་སོ། །དེ་ལ་ཤི་རི་བྷེ་ཏ་ཀ །ལྷ་དང་བཅས་པའི་གསང་སྔགས་ཀྱིས། །གནོད་སྦྱིན་རྣམས་ནི་གུ་གུལ་འདོད། །ཅེ་པོག་ལ་ནི་རིག་སྔགས་དགྱེས། །གསང་སྔགས་ཕལ་པ་ཐམས་ཅད་ནི། །སྲ་རྩི་བོག་ལ་ལྷག་པར་དགྱེས། །ཕོ་ཉ་མོ་རྣམས་སཱ་ལི་ཀི། །མངག་གཞུག་རྣམས་ལ་ར་ས་གསུངས། །ཐང་ཆུ་བདུན་གྱི་བདུག་སྤོས་ནི། །དོན་ཀུན་གྲུབ་པར་ཤེས་པར་བྱ། །ཞི་བ་ལ་སོགས་ལས་རྣམས་ལ། །ཐམས་ཅད་དུ་ནི་སྦྱར་བར་བྱ། །མཆོག་ལ་ཐང་ཆུའི་བདུག་པ་སྟེ། །སྙིང་པོ་རྣམས་ནི་འབྲིང་ལ་གསུངས། །ལྷག་མ་རྫས་ཀྱི་བདུག་སྤོས་ནི། །ཕྲན་ཚེགས་ཀྱི་ནི་ལས་རྣམས་ལ། །ག་བུར་དུ་རུས་ཨ་ག་རུ། །གསུམ་ནི་དྲི་ཞིམ་མཆོག་ཅེས་བྱ། །དྲི་ཞིམ་ལྔ་ནི་དེ་རྣམས་ལ། །ཙནྡན་དང་ནི་བུ་རམ་མོ། །ར་ས་དང་ནི་ཞོས་བསྣན་ན། །དྲི་ཞིམ་རྣམ་པ་བདུན་ཞེས་བྱ། །བདུག་སྤོས་དམ་པ་དེ་གསུམ་ནི། །ལས་རྣམས་ཀུན་ལ་གཙོ་བོར་གསུངས། །གསང་སྔགས་ཕྲན་ཚེགས་ཐམས་ཅད་ལ། །བུ་རམ་སྦྲང་རྩི་ཨ་རུ་རའི། །བདུག་སྤོས་དེ་དག་སྦྱར་ན་ནི། །པདྨ་རྣམས་དང་འཕྲོད་པར་འགྱུར། །བུ་རམ་རྡོ་རྗེ་ཨ་རུ་ར། །ཁ་ར་སྦྲང་རྩི་པོག་དང་ལྔའི། །བདུག་སྤོས་ཞི་བ་ལ་སོགས་པའི། །ཆོ་ག་ཀུན་ལ་སྦྱར་བར་བྱ། །འབྱོར་ན་གང་ཡང་རུང་བ་ཡི། །དྲི་ཞིམ་གཅིག་རྒྱ་ཐུབ་པ་དབུལ། །ཡང་ན་རྫས་རྣམས་ཅི་འབྱོར་ལས། །བདུག་སྤོས་སུ་ནི་སྦྱར་བར་བྱ། །བློ་ལྡན་གྱིས་ནི་རྣམ་པ་འདིས། །རིགས་དང་མི་རིགས་རྣམས་དཔྱད་དེ། །དྲི་ཞིམ་རྫས་ལས་སྦྱར་བ་ཡི། །བདུག་སྤོས་ཆོ་ག་བཞིན་དུ་དབུལ། །རིལ་བུ་གོང་བུ་ཕྱེ་མ་དང་། །རེང་བུ་དང་ནི་རྣམ་པ་བཞི། །བདུག་སྤོས་རིགས་སུ་ཤེས་བྱས་ནས། །ལས་རྣམས་སོ་སོར་སྦྱར་བར་བྱ། །ཞི་བ་ལ་ནི་རིལ་བུ་མཆོག །རྒྱས་བ་ལ་ནི་གོང་བུ་མཆོག །དྲག་ཤུལ་སྤྱོད་ལ་ཕྱེ་མ་ཡིས། །ཐམས་ཅད་ལ་ནི་རེང་བུ་ཤིས། །བུ་རམ་གྱིས་ནི་རི་ལུ་བྱ། །སྦྲང་རྩི་སོགས་པས་གོང་བུ་བྱ། །ཕྱེ་མ་རྣམས་ནི་ཐང་ཆུས་བསྲེ། །རེང་བུ་མར་དང་ལྡན་པ་ཤིས། །བློ་ལྡན་གྱིས་ནི་ངན་པ་དང་། །སེན་མོ་རྒྱ་སྐྱེགས་ཐམས་ཅད་དང་། །དཀུ་བ་དང་ནི་ཆང་སོགས་ཀྱིས། །བདུག་སྤོས་སྦྱར་བར་མི་བྱའོ། །དྲི་ཡི་རྒྱས་པ་ལྷ་ཡི་ཟས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། །བདག་གི་དད་པས་འབུལ་ལགས་ཀྱིས། །བདུག་སྤོས་འདི་ནི་བཞེས་སུ་གསོལ། །ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྒྲུབ་བོས་དང་པོ་སྔགས་འདི་དང་། །རང་རིག་སྔགས་ཀྱིས་ཡོངས་བཟླས་ནས། །བསངས་པའི་བདུག་སྤོས་ལྷ་རྣམས་ལ། །ཆོ་ག་བཞིན་དུ་དབུལ་བར་བྱ། །གཞན་གྱི་བདུག་སྤོས་གཞན་དག་ལ། །གང་ཚེ་མ་འབྱོར་ན་དབུལ་བ། །དེ་ཚེ་རང་རིགས་སྔགས་ཀྱིས་ནི། །དེ་ལ་ཡང་ན་མངོན་པར་བསྔགས། །བདུག་སྤོས་ཀྱི་མཚན་ཉིད་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་གསང་སྔགས་ཀྱི། །ལྷ་ནི་མ་ལུས་པ་དག་ལ། །ཇི་ལྟར་བྱས་ན་མཉེས་འགྱུར་བའི། །མར་མེའི་ཆོ་ག་དོན་བཞིན་བཤད། །གསེར་རམ་དབུལ་ལམ་ཟངས་མའམ། །ལྕགས་སམ་ཡང་ན་ཁམ་པ་ལས། །མར་མེ་བླུགས་པའི་སྣོད་བྱས་ན། །གསང་སྔགས་ཡོངས་སུ་མཉེས་པར་འགྱུར། །ལས་རྣམས་བཤད་པའི་བྱེ་བྲག་གིས། །ཤིང་བལ་དང་ནི་རས་གསར་དང་། །དུ་གུ་ལ་དང་གསོ་རས་དང་། །དེ་ལ་སོགས་པའི་སྙིང་པོ་བྱ། །ཞི་བ་ལ་སོགས་བྱེ་བྲག་གིས། །དེ་ཡི་མར་ནི་དྲི་ཞིམ་པ། །འབྲུ་མར་བསུང་ཅན་ཡིད་འོང་བའམ། །ཡང་ན་དྲི་ཞིམ་མར་གྱིས་བྱ། །དྲི་ཞིམ་ཤིང་ལས་བྱུང་བའི་མར། །ཞི་བའི་ལས་ལ་ཤེས་པར་བྱ། །ཏིལ་མར་གྱིས་ནི་རྒྱས་པ་ལ། །དྲག་པོ་ལ་ནི་ཡུངས་མར་ཤིས། །རིག་སྔགས་ཀུན་ལ་ཟར་མའི་མར། །འབྲས་བུ་ལས་བྱུང་གསང་སྔགས་ལ། །ཁ་བའི་ཤིང་ལས་བྱུང་བའི་མར། །ཕལ་པ་རྣམས་ལ་ཡོངས་སུ་བསྒྲགས། །ཤ་ཟ་རྣམས་ལ་ཉ་ཡི་མར། །གནོད་སྦྱིན་རྣམས་ལ་ཚིལ་བུར་བཤད། །ཤིན་ཏུ་དམན་པ་གཞན་རྣམས་ལ། །བྷ་ལ་ཏ་ཀ་ལ་སོགས་མར། །དུར་ཁྲོད་པ་ནི་ཐམས་ཅད་དང་། །རོ་ལངས་ལ་སོགས་དངོས་གྲུབ་ལ། །ཁྱད་པར་དུ་ནི་ཚིལ་ཆེན་གྱི། །སྣུམ་ནི་རྗེས་སུ་མཐུན་པ་ཡིན། །ལས་རྣམས་དག་ནི་ཐམས་ཅད་ལ། །དམར་སེར་བ་མར་མཆོག་ཏུ་གསུངས། །ཡང་ན་རྒྱུད་ལས་གསུངས་པ་བཞིན། །བ་ཡི་ཁ་དོག་རྣམས་ལ་བརྟག །སྨན་རྣམས་ལས་ནི་བྱུང་བའི་མར། །དེ་ཀུན་རྒྱས་པའི་ལས་ལ་གསུངས། །དྲི་ཞིམ་ཐམས་ཅད་ཞི་བ་ལ། །དྲག་སྤྱོད་ལ་ནི་དྲི་ང་རྣམས། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །མཐོང་ངམ་མ་མཐོང་ཐ་དད་པས། །མཁས་པས་གསང་སྔགས་ཐམས་ཅད་ལ། །མར་མེའི་ཕྱིར་ནི་སྦྱར་བར་བྱ། །གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གིས་དད་པས་འབུལ་ལགས་ཀྱིས། །མར་མེ་འདི་ནི་བཞེས་སུ་གསོལ། །ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ། སརྦ་བིདྱཱ་དྷ་ར་བཱུ་ཛི་ཏེ་སྭཱ་ཧཱ། སྒྲུབ་པོས་དང་པོར་སྔགས་འདི་དང་། །རང་གི་སྔགས་ཀྱིས་ཡོངས་བཟླས་ནས། །བསངས་པའི་མར་མེ་ལྷ་རྣམས་ལ། །ཆོ་ག་བཞིན་དུ་དབུལ་བར་བྱ། །གཞན་གྱི་མར་མེ་གཞན་དག་ལ། །གང་ཚེ་མ་འབྱོར་ནས་དབུལ་བ། །དེ་ཚེ་རང་རིག་གསང་སྔགས་ཀྱིས། །དེ་ལ་ཡང་ནི་མངོན་པར་བསྔགས། །མར་མེའི་མཚན་ཉིད་རིམ་པར་ཕྱེ་བའོ།། །།ཇི་ལྟ་བུ་དག་ལྷ་རྣམས་ལ། །ཕུལ་ན་དངོས་གྲུབ་ཐོབ་འགྱུར་བའི། །ལྷ་བཤོས་ལས་ཀྱི་ཆོ་ག་ཀུན། །སྔ་མ་བཞིན་དུ་བཤད་པར་བྱ། །རྩ་བ་རྡོ་གུ་འབྲས་བུ་བཅའ། །ཅུང་པེང་ལ་སོགས་བཟའ་བ་ཡིན། །ཚོད་མར་བཅས་པའི་ཁ་ཟས་དག །མདོར་ན་བཟའ་བ་ཡིན་པར་བཤད། །ཐུག་པ་དང་ནི་སྐོམ་རྣམས་ནི། །བཏུང་བ་རྣམ་པ་སྣ་ཚོགས་ཏི། །དེ་ལྟར་རྣམ་པ་བཞི་པོ་ཀུན། །གཏོར་མ་ལས་ཀྱི་ཆོ་ག་བཤད། །བི་ཛ་པཱུ་ར་གཅིག་པུ་ནི། །གསང་སྔགས་ཀུན་ལ་རབ་ཏུ་ཤིས། །དེ་བཞིན་སེའུ་ཨ་མྲ་དག །རིགས་གསུམ་ལ་ཡང་ཤེས་པར་བྱ། །ཞི་བ་ལ་ཡང་མངར་བ་དབུལ། །མངར་སྒྱུར་དག་ནི་རྒྱས་པ་ལ། །འབྲས་བུ་སྣ་ཚོགས་རོ་གཞན་ཅན། །དྲག་ཤུལ་སྤྱོད་པ་དག་ལ་དབུལ། །ན་རི་ཀེ་ལ་ཏ་མ་ལམ། །བིལ་བ་དང་ནི་ནིམ་པའམ། །དེ་བཞིན་སྨད་པར་བྱ་བ་རྣམས། །གསང་སྔགས་ཀུན་ལ་དབུལ་མི་བྱ། །དངོས་གྲུབ་ཆེན་པོ་དག་ལ་ནི། །མང་ལ་རིན་ཆེན་ཞིམ་པ་བསྒྲགས། །འབྲིང་ལ་ཞིམ་པ་བར་མ་ལ། །ཐ་མ་དག་ནི་ཐ་མ་ལའོ། །འབྲས་བུ་མོ་ཡི་མིང་ཅན་ལ། །རིག་སྔགས་ཐམས་ཅད་ལྷག་པར་དགྱེས། །ནགས་ཀྱི་འབྲས་བུ་མི་ཁ་བ། །རིག་པའི་རྒྱལ་པོ་རྣམས་ལ་ཤིས། །ཁྲོ་བོ་རྣམས་ལ་བིལ་བ་སྟེ། །པ་ཏ་ལས་བྱུང་གནོད་སྦྱིན་ལ། །དཔལ་མོ་ཀུན་ལ་ཀ་བི་ཏ། །བི་ཡ་ལ་ཛ་མངག་གཞུག་ལ། །ལྷག་མ་རྣམ་པ་སྣ་ཚོགས་པ། །ལྷག་མ་བཞེད་པ་རྣམས་ལ་སྦྱར། །གྲོང་དང་དགོན་པའི་རྡོ་གུ་ནི། །ཞིམ་ཞིང་རོ་དང་ལྡན་པ་དང་། །བི་དྷ་རི་ཡི་རྡོ་གུ་རྣམས། །དེ་དག་ལས་རྣམས་ཀུན་ལ་བསྔགས། །གང་དག་ཤིན་ཏུ་མངར་བ་དང་། །མི་རྣམས་ལྷག་པར་སྲེད་པ་དང་། །རི་ལས་སྐྱེས་པའི་རྡོ་གུ་ནི། །ཁྱད་པར་དུ་ནི་མངར་བ་དང་། །བི་དང་རི་དང་ཀ་ཤེ་དྲུ། །བ་ཡང་སེ་དང་ཀུ་ཀུ་ཊི། །མོན་པའི་དོ་བ་སྨིན་པ་དག །རྒྱལ་བའི་རིགས་ལ་དབུལ་བར་བྱ། །ཆུ་ལས་སྐྱེས་པའི་རྡོ་གུ་རྣམས། །པདྨའི་རིགས་ནི་ཀུན་ལ་ཤིས། །སྨན་གྱི་རྡོ་གུ་ཐམས་ཅད་དང་། །ཁ་བ་དང་ནི་ཚ་བ་དང་། །དོ་བ་དག་ནི་ཐམས་ཅད་ཀྱང་། །ལག་ན་རྡོ་རྗེ་ཉིད་ལ་དབུལ། །ཡང་ན་ལས་ཀྱི་བྱེ་བྲག་ལས། །དྲི་དང་ཁ་དོག་རོར་ལྡན་པའི། །རྡོ་གུ་རྣམས་ནི་ཅི་རིགས་པར། །ཞི་བ་ལ་སོགས་དབུལ་བར་བྱ། །རབ་དང་འབྲིང་དང་ཐ་མ་ཡི། །དངོས་གྲུབ་རྣམས་ནི་སོ་སོ་ལ། །ཡོན་ཏན་རབ་འབྲིང་ཐ་མ་ཡི། །རྡོ་གུ་རྣམས་ནི་དབུལ་བར་བྱ། །རྡོ་གུ་བཞིན་དུ་རྩ་བ་ཡང་། །ཞི་ལ་སོགས་པའི་ལས་རྣམས་དང་། །རིགས་དང་དངོས་གྲུབ་དག་ལ་ཡང་། །ཅི་རིགས་པར་ནི་དབུལ་བར་བྱ། །སྒོག་པ་དང་ནི་ལ་ཕུག་དང་། །ཁ་བ་དང་ནི་བསྐ་བ་དང་། །རོ་མེད་པ་དང་ངན་པ་དག །གསང་སྔགས་རྣམས་ལ་མི་དབུལ་ལོ། །པུ་པ་ས་ཏི་ཨུ་ལོ་པི། །བ་ད་ཀི་ཡི་རིགས་རྣམས་དང་། །ཧང་ཚོས་རྣམས་ཀྱི་རྣམ་པ་དང་། །འབྲུ་ཡི་ཆན་ནི་སྣ་ཚོགས་དང་། །ཚག་ཚོག་རྣམ་པ་སྣ་ཚོགས་དང་། །ཧྭགས་དང་བཟའ་བ་སྣ་ཚོགས་དང་། །ལ་དུ་དང་ནི་ཞུའུ་ཏེའུ་དང་། །ཕིན་ཏ་ཀོ་ཤ་ཕེ་ན་ཀ །ཚིལ་ལ་བར་ཏ་ཨ་ཤོ་ཀ །ཁུར་བ་གུ་ཏ་པིཎྜ་ཀ །ཤ་སྐུལ་སྣུམ་ཁུར་པུརྞ་དང་། །མ་ཤ་བུ་བ་བི་དག་དྷ། །པུར་ཤ་བར་ཏ་ལ་བ་ནི། །གར་བྷོད་ཀ་རིའི་རིགས་རྣམས་དང་། །ཁྱིམ་བྱ་ངང་པ་ར་མ་ཀ །སིཀྟ་པྲེའུ་འོལ་པའི་དབྱིབས། །ཤི་རི་བུརྞ་བི་སྟ་ཀ །པང་གི་ཟང་གི་ཟོམ་ཤང་དང་། །བུ་རམ་པུ་པ་ཁ་རྫུ་ཀ །བུ་བ་ཁྲ་བོ་གརྟ་དང་། །ཟུར་གསུམ་བུ་རམ་བར་པ་ཏ། །པིན་རྩི་ཡི་ནི་རིགས་རྣམས་དང་། །ངང་རྒྱལ་བུང་བའི་གོང་བུ་དང་། །མར་གྱི་བུརྞ་ས་རྫ་ཀ །ཀ་མོ་ཏི་ཀི་ཧོན་དོན་དང་། །བེ་རེག་དང་ནི་ཤ་ཏ་པ། །རི་དྭགས་བྱ་དང་ཉ་འདྲ་དང་། །ཀརྞ་བྲི་ཏི་སྣ་ཚོགས་དང་། །གཟིག་དང་ཆུ་ཡི་གླང་པོའི་དབྱིབས། །དེ་བཞིན་ཀར་ཀ་པུཎྜ་ཀ །ཕྲེང་བུ་བྷ་ལ་གྷརྟ་དང་། །ཤིབ་ཏི་ཀ་དང་གླང་རྣ་དང་། །བུ་རམ་འབྲུ་མར་ལས་བྱས་པ། །འདི་ལ་སོགས་པ་བཟའ་བ་རྣམས། །རིགས་དང་ལས་དོན་དངོས་གྲུབ་ལ། །ཅི་རིགས་པར་ནི་དབུལ་བར་བྱ། །ཞི་ལ་པི་ཏ་ཀ་བསྔགས་ཏེ། །གྲོ་ལས་བྱས་པ་རྒྱས་པ་ལ། །མ་ཤ་ཏི་སོགས་ལས་བྱས་པ། །དྲག་ཤུལ་སྤྱོད་པ་རྣམས་ལ་བསྔགས། །ཁ་ཟས་འདི་དག་ཐམས་ཅད་དང་། །བཟའ་དང་བཅའ་བའི་ཁྱད་པར་རྣམས། །རྟོགས་ནས་གསང་སྔགས་ལྷ་རྣམས་ལ། །ཐམས་ཅད་དབུལ་བ་ཉིད་དུ་བྱ། །ཤྲི་པེ་ཏ་ནི་པདྨའི་རིགས། །ལ་དུ་རྡོ་རྗེ་ཅན་ལ་སྟེ། །གནོད་སྦྱིན་རྣམས་ལ་བུ་པ་ཤིས། །བུད་མེད་སྲེད་ལ་རིག་སྔགས་རྣམས། །ཆོ་ག་ཞིབ་མོའི་རྗེས་འབྲངས་ཏེ། །གསང་སྔགས་དབྱེ་བའང་ཤེས་བྱས་ནས། །གང་གཞན་འཇིག་རྟེན་པ་ལ་སོགས། །ཅུང་ཟད་ཙམ་ཡང་དབུལ་བར་བྱ། །སྭ་སྟི་ཨུ་ལོ་བུ་པ་རྣམས། །རིགས་གསུམ་ལ་ནི་རིམ་བཞིན་དབུལ། །ལྷག་མའང་གཞན་ལ་ཅི་རིགས་པར། །གཞི་བཏིང་ནས་ནི་དབུལ་བར་བྱ། །སཱ་ལུ་དང་ནི་བཅུ་དྲུག་པ། །ཇུ་ཙེ་དང་ནི་ཁྲེད་ག་དང་། །འོ་ཐུག་ལེགས་པར་བཙོས་པ་ཡི། །ཆན་དག་དེར་ནི་དབུལ་བར་བྱ། །སྭན་ཚོད་ལ་སོགས་སྣ་ཚོགས་པ། །དྲི་ཞིམ་ཡིད་དུ་འོང་བ་དང་། །ལེགས་པར་ཡོངས་སུ་བྱས་པ་ཡིས། །ཚོད་མ་དག་ཀྱང་དབུལ་བར་བྱ། །ནས་ད ང་ནས་མངར་འབྲས་ཆན་དག །གཙོ་བོ་ལ་ནི་ཡོངས་སུ་བསྒྲགས། །གང་གཞན་ཅུང་ཟད་དམན་པ་དང་། །འབྲིང་ལ་སྭ་ལུ་བཅུ་དྲུག་པ། །གཙོ་བོ་ཞི་བའི་ལས་ཡིན་ཏེ། །འབྲིང་པོ་དག་ནི་རྒྱས་པའོ། །དམན་པ་དྲག་ཤུལ་གསུངས་པ་ལ། །ལྷ་བཤོས་རིམ་པ་བཞིན་དུ་སྦྱར། །ལས་ཅི་འདྲ་བའི་རིགས་དེ་ཤེས། །རིགས་ཅི་འདྲ་བར་དངོས་གྲུབ་སྟེ། །གསང་སྔགས་དབྱེ་བའི་རིམ་པ་ཡིས། །འདིར་ནི་ཆོ་ག་ཐམས་ཅད་སྤྱད། །ཞི་བ་ལ་ནི་དང་པོར་བསྔགས། །རྒྱས་པ་ལ་ནི་མངར་སྐྱུར་ཏེ། །ཁ་དང་ཚ་དང་བསྐ་སོགས་ཀྱི། །ཚོད་མ་དྲག་པོའི་ལས་ལའོ། །ཞི་བ་ལ་ནི་འོ་ཐུག་གསུངས། །ཀྲྀ་ས་ར་ནི་དྲག་སྤྱོད་ལ། །ཞོ་དང་འབྲས་ཐུག་ལ་སོགས་པ། །གཞན་རྣམས་ཐམས་ཅད་རྒྱས་ལ་ཤིས། །བཟའ་བའི་རིགས་ནི་སྣ་ཚོགས་པ། །ཕལ་ཆེར་གྲོང་དང་དགོན་པ་ཡི། །ཅུང་ཟད་ཅིག་ནི་འདིར་བཤད་དེ། །མ་ལུས་པ་དང་རྒྱས་པར་ནི། །གཞན་དག་ལས་ཀྱང་ཤེས་པར་བྱ། །འཇིག་རྟེན་དག་ན་གང་བཟང་དང་། །བདག་ཉིད་སྲེད་པ་གང་ཡིན་པ། །དེ་དག་ཐམས་ཅད་སངས་རྒྱས་ལ། །བློ་དང་ལྡན་པས་ཐོག་མར་དབུལ། །གསང་སྔགས་རྣམས་ཀྱི་བཟའ་བ་དང་། །ཟས་ཉིད་གང་དང་གང་གསུངས་པ། །བློ་དང་ལྡན་པས་དེ་ཉིད་དབུལ། །གཞན་དུ་བྱས་ན་གྲུང་མི་ཐོབ། །གང་དག་འགལ་དང་མ་སྨོས་དང་། །གང་དག་ཅུང་ཟད་ངན་པའི་རྣམས། །དེ་དག་ཐམས་ཅད་དྲག་སྤྱོད་ལ། །ཁྱད་པར་དུ་ནི་དབུལ་བར་གསུངས། །དྲི་དང་བདུག་སྤོས་མར་མེ་དང་། །མེ་ཏོག་དང་ནི་ལྷ་བཤོས་དང་། །ཐམས་ཅད་ཆོ་ག་འདི་ཉིད་ཀྱི། །ཞི་བ་ལ་ཡང་བཤད་པ་ཡིན། །གསང་སྔགས་རྣམས་ཀྱི་རང་བཞིན་དང་། །མཐུ་དང་ལས་དོན་རིག་བྱས་ནས། །དེ་ཡི་བཤོས་དང་ཁ་ཟས་རྣམས། །ཇི་ལྟར་རིགས་པར་དབུལ་བར་བྱ། །སྭ་སྟི་ཀ་དང་སུ་ལོ་པའི། །བཟའ་པ་ཅི་འབྱོར་བུ་རམ་ཅན། །ལག་པན་རྩ་བའི་འབྲས་བུ་དང་། །འོ་ཐུག་དག་ནི་འདོད་པ་ཡིན། །ཐམས་ཅད་འདོད་ཅེས་བྱ་བ་ཡི། །གཏོར་མ་དོན་ཀུན་སྒྲུབ་བྱེད་པ། །གསང་སྔགས་ཀུན་ལ་ཤེས་པར་བྱ། །དྲག་ཤུལ་སྤྱོད་ལ་མ་ཡིན་ནོ། །དེ་དག་ཉིད་ལས་ཅི་འབྱོར་བ། །ཁ་དོག་སྣ་ཚོགས་པ་ཞེས་བྱ། །གང་གཞན་ཅུང་ཟད་ཀྱིས་གླགས་པ། །གཏོར་མ་སྣ་ཚོགས་པ་ཞེས་བྱ། །དང་པོ་དེ་དག་གཉིས་ལས་ནི། །སྣ་རེ་ལས་ཀྱང་མ་བྱས་པ། །གཞན་ཡང་ཅི་སྙེད་པ་བསྣན་པ། །གཏོར་མ་རྒྱ་ཆེན་ཞེས་སུ་གསུངས། །འབྲས་ཆན་ཞོ་དང་འོ་མ་མར། །མིང་ནི་དཀར་གསུམ་པ་ཞེས་གསུངས། །འབྲས་ཆན་འོ་མ་སྦྲང་རྩི་མར། །ལྡན་པའི་གཏོར་མ་མངར་གསུམ་ཡིན། །ས་ཡ་ལི་དང་ལིང་ཀ་ལ། །སྲན་ཅན་ཏིལ་གྱི་པིསྟ་ཀ །ལག་པན་རྩ་བ་འབྲས་བུ་དང་། །ཅུང་ཟད་ཅུང་ཟད་ཀྱིས་བསྣན་ནས། །མེ་ཏོག་འབྲས་ཡོངས་ཆུ་དང་བཅས། །འདབ་མར་བཅས་པའི་གཏོར་མ་ནི། །གསང་སྔགས་ཀུན་གྱི་གཏོར་མ་སྟེ། །དེ་མིང་འབྱུང་པོ་ཐམས་ཅད་པའོ། །འོ་ཐུག་འབྲས་ཡོས་སྭ་སྟི་ཀ །མར་དང་སྦྲང་རྩི་ནས་འོ་ཐུག །པི་ཛ་པཱུ་ར་དེ་དག་རྣམས། །རྟག་པར་ཞི་བའི་ལྷ་བཤོས་སོ། །ཞོ་དང་ལག་པམ་སྲས་ཐུག་དང་། །བུ་རམ་ལ་དུབ་ཨུ་ལོ་པི། །ཤྲི་བེ་སྟ་ལ་སོགས་པའི་ཟས། །རྟག་པར་རྒྱས་པའི་ལྷ་བཤོས་སོ། །འབྲས་མར་ཆན་དང་ཀོ་ཏྲ་བ། །བཟའ་བ་ཏིལ་ཆན་བུ་བར་བཅས། །སྲན་ཆན་དང་ནི་ཀྲི་ས་ར། །དེ་དག་རྟག་པར་དྲག་སྤྱོད་པའོ། །འབྲས་བུ་རྩ་བ་སཱ་ལུ་ཅན། །བཏུང་བ་མངར་བ་སྦྲང་རྩི་དང་། །བཟའ་བ་མང་པོ་བུ་རམ་ཅན། །དེ་དག་གནོད་སྦྱིན་གཏོར་མ་ལའོ། །ཚོད་མར་བཅས་པའི་ཟས་རྣམས་དང་། །སྐོམ་དང་པུརྞ་བྷྲྀ་སྟ་ཀ །འབྲས་བུ་སྣ་ཚོགས་ལྡན་པ་ཡིས། །ལྷ་བཤོས་རིག་སྔགས་ཀུན་ལ་ཤིས། །གང་ཡང་མང་པོས་བསྔགས་པ་དང་། །ཞིམ་ཞིང་ཀུན་སྲེད་ཕལ་ཆེ་བ། །དེ་དག་བསྒྲུབ་པ་མཆོག་དག་དང་། །དམ་པ་རྣམས་ལ་དབུལ་བར་བྱ། །དོན་རྣམས་མང་པོ་ཕྱེ་བ་ནི། །ཆོ་ག་བསྟན་པ་འདི་དག་ལས། །རིགས་དོན་དངོས་གྲུབ་བྱེ་བྲག་ལ། །ཟློས་པ་ཅི་རིགས་ཤེས་པར་བྱ། །ཐོག་མར་འདབ་མ་གཙང་མའམ། །ལོ་མ་བཀྲུས་པའི་གཞི་བཏིང་ནས། །ཆོ་གའི་བྱེ་བྲག་ཤེས་པ་ཡིས། །ཕྱི་ནས་ལྷ་བཤོས་དབུལ་བར་བྱ། །པདྨའི་ལོ་མའམ་པ་ལ་ཤ །འོ་མ་ཅན་ཤིང་ལས་སྐྱེས་པའམ། །ཡང་ན་རས་ནི་སར་པའང་རུང་། །ཞི་བའི་གདིང་བར་བསྔགས་པ་ཡིན། །ཆུ་སྐྱེས་འདབ་མ་ཐམས་ཅད་དང་། །ལྗོན་ཤིང་ལོ་མ་གཙང་མའམ། །ཁུར་སྐྱ་ས་ལ་བཏིང་བ་དང་། །ཆུ་ཤིང་ལོ་མ་རྒྱས་པ་ལའོ། །ཨརྒ་པྷ་ལ་ཏ་ཀ་དང་། །ལྗོན་ཤིང་ཁ་བོའི་ལོ་མའམ། །མཁས་པས་གང་ཡང་རུང་བ་དག །དྲག་པོའི་དོན་དུ་གདིང་པར་བྱ། །ལོ་འདབ་མོ་ཡི་མིང་ཅན་རྣམས། །རིག་སྔགས་རྣམས་ཀྱིས་གདིང་པར་བྱ། །མངག་གཞུག་རྣམས་ལ་རྩྭ་དག་དགྲམ། །འདབ་མ་སྔོན་པོ་ས་ལ་དགྲམ། །སློབ་པ་པོས་ཀྱང་ཆོ་ག་འདིས། །རབ་དང་འབྲིང་དང་ཐ་མ་ལ། །ས་གཞི་བསྐུས་ཤིང་བསྟན་ནས་སུ། །ཅི་རིགས་སུ་ནི་བྱ་བར་བཤད། །ཉེ་རེག་ཁྱད་པར་དུ་བྱས་ནས། །ལྷ་བཤོས་ལས་རྣམས་བརྩམ་པར་བྱ། །ལྷ་བཤོས་ལས་ལ་ཐོག་མར་ནི། །སྭ་སྟི་ཀ་དག་བྲིམ་པར་བྱ། །རྩ་བ་རྡོ་གུ་འབྲས་བུ་དང་། །དེ་ཡི་འོག་ཏུ་བཏུང་བ་རྣམས། །དེ་ནས་བཟའ་བ་མང་པོ་སྟེ། །དེའི་འོག་ཟས་རྣམས་དབུལ་བར་བསྒྲགས། །ཐ་མར་ཞོ་དང་འོ་མ་སྟེ། །འདི་དག་ལྷ་བཤོས་ཆོ་གར་བཤད། །ཆོ་ག་འདིས་ནི་མ་སྨོས་པའི། །ལྷག་མའང་ཁོང་དུ་ཆུད་པར་བྱ། །དཀྱིལ་འཁོར་དག་དང་སྒྲུབ་པ་ལ། །ལྷ་བཤོས་ནན་ཏན་བསྐྱེད་དེ་བྱ། །དེས་ན་མཁས་པས་ལྷ་བཤོས་དག །མི་ངན་པ་དང་རྒྱ་ཆེར་བྱ། །བསྙེན་པའི་དུས་ན་ཅི་ནུས་དང་། །ཅི་སྐད་བསྟན་དང་ཅི་སྙེད་པའི། །གཏོར་མའི་ལས་ནི་བྱ་བར་བསྟན། །དུས་ཚིགས་དག་ལ་བཟང་པོར་བྱ། །གང་དག་བསྲེག་བྱའི་རྫས་རྣམས་དང་། །བདག་གི་ཁ་ཟས་གང་ཡིན་ལས། །ཐོག་མར་དེ་ཡི་ཕུད་དབུལ་ཏེ། །ཆོ་ག་ཤེས་པས་བཟླས་བརྗོད་བྱ། །ཇི་སྐད་བསྟན་པའི་ལྷ་བཤོས་དང་། །རྫས་ཀྱི་རིགས་རྣམས་ཅི་འབྱོར་པ། །མཁས་པ་རྣམས་ཀྱིས་ཕུལ་ནས་ཀྱང་། །ཉིན་གཅིག་བཞིན་དུ་བཟླས་བརྗོད་བྱ། །ལྷ་བཤོས་དབུལ་བ་གསང་སྔགས་ཀྱི། །ཞལ་ཟས་ཡིན་པར་བཤད་པས་ན། །དེས་ནི་རྟག་ཏུ་ཁ་ཟས་སྦྱིན། །དེ་ཕྱིར་ཟློས་པ་དག་གིས་དབུལ། །རྩ་བ་རྡོ་གུ་འབྲས་བུ་དང་། །ལྷ་བཤོས་ཅུང་ཟད་ཅི་སྙེད་པ། །དུས་གསུམ་དུ་ཡང་གསང་སྔགས་ལ། །ཕུལ་ནས་དངོས་གྲུབ་ཐོབ་པར་འགྱུར། །གལ་ཏེ་ཟློས་པས་གསང་སྔགས་ལ། །མཆོད་པའི་བཤོས་རྣམས་མ་ཕུལ་ན། །དེ་ཚེ་རྩུབ་ཅིང་མདོག་ངན་ལ། །བཀྲེས་པ་དག་གིས་གདུངས་པར་འགྱུར། །ལྷ་བཤོས་མེད་ན་དེ་ཡི་སེམས། །རྟོག་པ་དག་ཀྱང་མང་པོར་འགྱུར། །ལྷ་རྣམས་འགྲུབ་པར་མི་འགྱུར་ཞིང་། །བགེགས་རྣམས་ཀྱིས་ཀྱང་ཟིལ་གྱིས་གནོན། །དེ་བས་ནན་ཏན་ཆེར་བསྐྱེད་དེ། །གསང་སྔགས་འཁོར་དང་བཅས་པ་ལ། །དུས་ཚིགས་དག་ལ་ཅི་འབྱོར་བའི། །ལྷ་བཤོས་ལེགས་པར་དབུལ་བར་བྱ། །བསྙེན་པའི་དུས་ན་ཟློས་པ་པོས། །ཁང་པའི་ཕྱིར་རོལ་ཁོར་ཡུག་ཏུ། །ལྷ་རྣམས་ཀུན་ལ་འབྱུང་པོ་ཡི། །གཏོར་མ་གུས་པར་དབུལ་བར་བྱ། །གང་དག་འགལ་དང་མི་ཤིས་དང་། །གང་དག་ངན་ཅིང་སྨད་པ་དང་། །གཞན་དག་མི་གཙང་གྱུར་པའི་རྫས། །ལྷ་བཤོས་ཕྱིར་ནི་ཐམས་ཅད་སྤང་། །ཐམས་ཅད་དང་ནི་ལས་ཀུན་ལ། །ལག་པན་རྒྱ་ཆེན་དབུལ་བར་བྱ། །ལྷ་རྣམས་ཀུན་ལ་དབུལ་བའི་བཤོས། །གསང་སྔགས་ཀྱིས་ནི་མངོན་པར་བསྔགས། །སྨན་རྣམས་བཅུད་ནི་ཡི་གར་འོང་། །སྔགས་ཀྱི་ཟས་ཀྱི་བཅུད་འདི་དག །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱཧ་ར་ཨཱཧ་ར། སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྒྲུབ་པོས་དང་པོར་སྔགས་འདི་དང་། །རང་གི་སྔགས་ཀྱིས་ཡོངས་བཟླས་ནས། །བསངས་བའི་ལྷ་བཤོས་ལྷ་རྣམས་ལ། །ཆོ་ག་བཞིན་དུ་དབུལ་བར་བྱ། །གཞན་གྱི་ལྷ་བཤོས་གཞན་དག་ལ། །གང་ཚེ་མ་འབྱོར་ནས་དབུལ་བ། །དེ་ཚེ་རང་རིག་གསང་སྔགས་ཀྱིས། །དེ་ལ་ཡང་ནི་མངོན་པར་བསྔགས། །གཏོར་མའི་ཆོ་ག་རིམ་པར་ཕྱེ་བའོ།། །།ཞི་པ་དང་ནི་རྒྱས་པ་དང་། །དེ་བཞིན་དྲག་ཤུལ་སྤྱོད་པ་སྟེ། །མདོར་ན་ལས་ནི་རྣམ་གསུམ་དུ། །གསང་སྔགས་ཀུན་ལ་བསྒྲགས་པ་ཡིན། །ལས་ནི་རྣམ་པ་གསུམ་ཆར་གྱི། །དངོས་གྲུབ་གང་གིས་མྱུར་བ་དང་། །ངེས་པར་འགྲུབ་པར་འགྱུར་བ་ཡི། །ཆོ་ག་དེ་དག་འདིར་བཤད་དོ། །བྱམས་པའི་དྲན་པ་ཉེར་བཞག་ནས། །དཀོན་མཆོག་གསུམ་ལ་གཅིག་ཏུ་གཞོལ། །ཞི་བར་གྱུར་པས་ཞི་བ་ཡི། །བཟླས་པའམ་ཡང་ན་སྦྱིན་སྲེག་བྱ། །ཟླ་བ་ཡར་གྱི་ཚེས་གཅིག་ནས། །ལས་རྣམས་རབ་ཏུ་བརྩམ་པར་བྱ། །བྱེ་བྲག་ཏུ་ནི་སྲོད་ལ་སྟེ། །དེ་ནི་ཞི་བའི་ལས་ཀྱི་དུས། །གནས་གཙང་མ་ཡི་ལྷ་རྣམས་དག །དེ་ན་ཀུན་དུ་གཟིགས་པས་ན། །ལས་རྣམས་མྱུར་དུ་འགྲུབ་པར་འགྱུར། །དེ་བས་དེར་ནི་ཀུན་བརྩམ་མོ། །དཀར་པོའི་གོས་ནི་བགོས་ནས་སུ། །ཀུ་ཤའི་ཁྲེས་ཀྱི་སྟན་འདུག་ནས། །བྱང་ཕྱོགས་ཁ་བལྟས་གཙང་ཞི་བས། །ཞི་བའི་ཆོ་ག་བཤད་པར་བྱ། །བ་ཡི་ལྕི་བ་མ་ལྷུང་བས། །དུས་གསུམ་དག་ཏུ་དེར་བསྐུས་ལ། །མེ་ཏོག་དཀར་པོ་སིལ་མ་དག །བཀྲམ་བ་བྱས་ན་རབ་ཏུ་ཤིས། །ནས་དང་འོ་ཐུག་ཞོ་དག་དང་། །འབྲས་ཡོས་དག་གམ་ཏིལ་དག་གམ། །དུར་བའམ་ཀུ་ཤ་སྔོན་པོའམ། །བྲི་ཡང་ཀུ་ཡི་མེ་ཏོག་གམ། །སཱ་ལུའི་ཆན་ནམ་གེ་སར་རམ། །ཡང་ན་མེ་ཏོག་དཀར་པོའམ། །ཤ་མའི་ཡམ་སྲེག་ཤིང་དག་གམ། །ཡང་ན་དྲི་ཞིམ་ཐང་ཆུའང་རུང་། །མཆོད་སྦྱིན་དག་གི་ལྗོན་ཤིང་ངམ། །འོ་མར་བཅས་ཤིང་ལོ་མ་ཅན། །ཡམ་ཤིང་རྩེ་མོ་ལས་སྐྱེས་རློན། །སྦྲང་རྩིའམ་ཡང་ན་མར་ཡང་རུང་། །རྟོག་པ་ལས་གསུངས་ཆོ་ག་ནི། །དེ་དང་དེ་ལ་སོགས་པ་སྤྱད། །ཞི་བའི་ལས་ལ་བློ་ཅན་གྱིས། །ལྗོན་ཤིང་འོ་མ་ཅན་གྱི་མེ། །རྒྱུན་བཞག་མི་ལ་བླངས་ནས་སུ། །མེ་ནི་ཆོ་ག་བཞིན་བྱས་ཏེ། །ཞི་བའི་ལས་ལ་བསྲེག་བྱིན་ན། །དངོས་གྲུབ་རབ་ཏུ་སྟེར་བར་འགྱུར། །འོ་མ་ཅན་གྱི་ཡམ་ཤིང་གི། །མེ་ལ་ཡམ་ཤིང་མཐོ་གང་ཙམ། །འོ་མ་སྦྲང་རྩི་མར་བཏགས་ཏེ། །ཞི་བའི་ལས་ལ་སྦྱིན་སྲེག་བྱ། །དགོན་པའི་བ་ལང་ལྕི་བ་དང་། །དེ་བཞིན་ཤ་མའི་བུད་ཤིང་བཟང་། །ཡང་ན་ལྗོན་ཤིང་དྲི་ཞིམ་པའི། །བུད་ཤིང་ཞི་བའི་ལས་ལ་ཤིས། །ས་གཞི་དཀར་ལ་བརྐོས་བ་ཡིས། །ཞུགས་ཐབ་ཀུན་དུ་ཟླུམ་པོ་ལ། །ཁྲུ་གང་ཙམ་གྱི་ཚད་དུ་བྱ། །ཟབས་སུ་སོར་ནི་བཅུ་གཉིས་པ། །དེ་ཡི་སྟེང་དུ་ཁར་ན་ནི། །རབ་མཉམ་སོར་བཞིའི་ཚད་ཙམ་གདགས། །དེ་ཡི་ཞབས་སུ་འཁོར་ལོ་བཞག །དེ་ཡང་འཕང་དུ་སོར་གཅིག་པའོ། །པདྨའི་སྐྱིལ་ཀྲུང་དུ་འདུག་སྟེ། །བློ་ཡིས་བསྒོམ་པ་བྱས་ནས་སུ། །མཆོད་པ་ལ་སོགས་ལེགས་བྱས་ཏེ། །དེ་ནས་ཞི་བའི་ལས་བྱའོ། །དང་པོར་སྟོན་པ་ཐུབ་ཆེན་དང་། །ཤེས་རབ་ཕ་རོལ་ཕྱིན་པ་དང་། །ཉན་ཐོས་འདོད་ཆགས་བྲལ་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད། །བྱམས་མ་དེ་བཞིན་གཤེགས་མཛོད་སྤུ། །རིག་སྔགས་གཞན་གྱིས་མི་ཐུབ་མ། །དགའ་བོ་ཞེས་བྱ་ཀླུ་རྒྱལ་གཉིས། །གནས་ཙང་རིགས་ཀྱི་ལྷ་རྣམས་དང་། །འདི་དག་ལས་ལ་དགོད་བྱ་ཞིང་། །ཞི་ལ་རྟག་ཏུ་མཆོད་པར་བྱ། །དེ་ནས་མེ་ཏོག་དྲི་ལ་སོགས། །ལེགས་པར་བཞག་སྟེ་ལས་རྣམས་བྱ། །དུས་མིན་འཆི་དང་ནད་རྣམས་དང་། །ཡམས་ཀྱི་ནད་དང་གནོད་པ་དང་། །དེ་བཞིན་བགེགས་དང་ནད་འགོ་རྣམས། །ཞི་བར་བྱེད་པས་ཞི་ཞེས་བྱ། །རང་གི་སེམས་ནི་མཉམ་བཞག་སྟེ། །ཡིད་ལ་དགའ་བ་བསྐྱེད་ནས་སུ། །རྒྱས་པ་དག་གིས་རྒྱས་པ་ཡི། །བཟླས་བའམ་ཡང་ན་སྦྱིན་སྲེག་བྱ། །ཟླ་བ་ཉ་ལ་ཀུན་བརྩམ་སྟེ། །ཕྱི་མའི་ཉ་ཡི་བར་དུ་བྱ། །རྒྱས་པའི་ཆོ་ག་བསྟན་པ་ཡིས། །དེ་སྲིད་བར་དུ་ལས་བྱའོ། །རྒྱས་པ་དག་གི་ལས་རྣམས་ལ། །བྱེ་བྲག་ཏུ་ནི་སྔ་དྲོ་ཤིས། །ལས་དེ་གྲུབ་པའི་ལྷ་རྣམས་ནི། །དེ་ནི་བྱིན་གྱིས་རློབ་པར་མཛད། །ལྷ་རྣམས་མ་ལུས་པ་དག་ཀྱང་། །དེ་ཡི་དུས་སུ་རྒྱུ་བས་ན། །ལས་སུ་བྱ་བ་ཐམས་ཅད་ནི། །དུས་དེ་ཁོ་ནར་རབ་ཏུ་ཤིས། །ནང་པར་དུས་ན་ལྷ་རྣམས་ནི། །ཡིད་དགར་གྱུར་ན་མཆོག་སྦྱིན་མཛད། །དེ་ལྟ་བས་ན་མཁས་པ་ཡིས། །ལྷག་པར་དེ་ཚེ་བརྩམ་པར་བྱ། །གོས་དཀར་ཟུང་གཅིག་བགོས་ནས་སུ། །བཀྲ་ཤིས་སྐྱིལ་མོ་ཀྲུང་བྱས་ཏེ། །ཤར་ཕྱོགས་ཁ་བལྟས་དགའ་བཞིན་དུ། །རྒྱས་པའི་ཆོ་ག་བསྒྲིམས་ཏེ་སྤྱད། །ས་གཞི་ཕྱུག་པ་སྦོས་ཞིམ་བཅས། །དུས་གསུམ་དུ་ནི་བསྐུ་བར་བྱ། །མེ་ཏོག་སིལ་མ་སྣ་ཚོགས་ཀྱིས། །དེར་ནི་རབ་ཏུ་དགམ་བར་བཤད། །ཟས་མཆོག་དག་གི་གོད་དུ་ནི། །མདར་གསུམ་དག་དང་ལྡན་པའམ། །སྦྲང་རྩི་མར་དང་ཞོ་སྦྱར་བའི། །ཏིལ་ནག་དག་གམ་མར་དང་ཞོ། །ཤཏ་པུཥྤ་བིལ་བ་དང་། །སཱ་ལུ་ཡི་ནི་འབྲས་དག་དང་། །ནཱ་ག་གེ་སར་པདྨ་དང་། །ཀརྞི་ཀ་ར་མར་དང་བཅས། །ལག་བན་དང་ནི་འབྲུ་ཀུན་དང་། །དེ་བཞིན་མཆོད་སྦྱིན་ཡམ་སྲེག་ཤིང་། །དེ་དག་ལ་སོགས་རྫས་རྣམས་ཀྱིས། །རྒྱས་པའི་སྦྱིན་སྲེག་ཚུལ་བཞིན་བྱ། །རྒྱལ་རིགས་ཁྱིམ་ནས་བླངས་པའི་མེའམ། །ཡང་ན་རྒྱལ་པོའི་ཁྱིམ་ནས་བླངས། །དགོན་པའི་མེའམ་མེ་ཆེན་པོ། །རྒྱས་པའི་ཆོ་ག་དག་ལ་ཤིས། །ཡམ་ཤིང་སྦོམས་སུ་ཆག་གང་པ། །སྲིད་དུ་ཁྲུ་གང་ཙམ་གྱི་ཚད། །ཞོ་མར་འོ་མ་ལས་བཏགས་ནས། །རྒྱས་པའི་ཆོ་ག་དག་ལ་བསྲེག །ཡམ་སྲེག་ཤིང་དུ་གང་བསྟན་པ། །དེ་དག་ཉིད་ལས་མེ་བུད་དོ། །ཡང་ན་མེ་ཏོག་འབྲས་བུ་ཤིང་། །བུད་ཤིང་ཕྱིར་ནི་རབ་ཏུ་ཤིས། །ཞུགས་ཐབས་གཞི་དམར་པོ་ལ། །རྒྱར་ནི་ཁྲུ་དོ་ཙམ་གྱི་ཚད། །གྲུ་བཞི་པ་ལ་ཁ་རན་ཅན། །ཟབས་སུ་ཁྲུ་གང་ཙམ་དུ་བྱ། །ཁར་ན་མཐོ་གང་ཚད་ཙམ་ལ། །ཁ་དོག་དམར་པོའི་སས་ཀྱང་བསྐུ། །པདྨའི་ཕྱག་རྒྱ་མཛུབ་གང་བ། །འཕང་དུ་སོར་བཞི་ཡོད་པ་བྱ། །དགོས་པའི་དོན་ནི་གང་ཡིན་པ། །དེ་ཉིད་ཡིད་ལ་ལྷུར་བསམས་ཏེ། །ཆོ་ག་ཐོག་མར་བཤད་པ་དག །བྱས་ནས་རྒྱས་པའི་ལས་བྱའོ། །ཕྱག་ན་པདྨའི་མཐུ་ཆེན་དང་། །དོན་གྲུབ་པ་ཡང་མཆོད་པ་བྱ། །རིག་སྔགས་འཆང་དང་གནོད་སྦྱིན་དང་། །དཔལ་གྱི་ལྷ་མོ་ཐམས་ཅད་དང་། །ཚངས་དང་བྱང་ཆུབ་སེམས་དཔའ་དང་། །རིག་པའི་བདག་མོ་མཐུ་ཆེན་དང་། །འཕྲོག་མ་རིག་སྔགས་ཆེན་མོ་དག །རྒྱས་པའི་ལས་ལ་མཆོད་པ་བྱ། །དེ་ལ་སོགས་པ་བློ་ཅན་གྱིས། །ཆོ་ག་བཞིན་དུ་མཆོད་ནས་ཀྱང་། །བདག་ཉིད་མངོན་པར་དབང་བསྐུར་ཏེ། །རྒྱས་པའི་ལས་རྣམས་བརྩམ་པར་བྱ། །གང་ཞིག་ཚེ་དང་ལང་ཚོ་དང་། །བྱིན་དང་མཐུ་སྟོབས་འཕེལ་བྱེད་དང་། །ཡོན་ཏན་དག་དང་འདོད་དོན་གང་། །སྒྲུབ་བྱེད་དེ་ནི་རྒྱས་ཞེས་བྱ། །མཆོག་དང་ཁྲོ་བ་ལ་གནས་ཏེ། །དེ་ནས་འདུན་པ་བརྟན་པོ་ཡིས། །གསང་སྔགས་དག་པོ་བཟླས་པའམ། །སྦྱིན་སྲེག་བྱ་བས་དགྲ་བོ་གཞོམ། །ཚེས་གྲོངས་དག་དང་རྒྱུ་སྐར་དང་། །སྨྱུང་བར་གནས་པར་བྱ་མི་དགོས། །ཁྲོས་པ་བརྟན་པར་བྱས་ནས་ནི། །མོད་ལ་དྲག་ཤུལ་སྤྱོད་པ་བརྩམ། །ཁྱད་པར་དུ་ནི་མར་ངོའམ། །མར་གྱི་དུས་ཚིགས་དག་གིས་ནི། །ཉི་མའི་གུད་དམ་ནམ་ཕྱེད་ན། །དྲག་ཤུལ་སྤྱོད་པ་བརྩམ་པར་བྱ། །གང་གི་ཕྱིར་ནི་ཡི་དྭགས་དང་། །ཤ་ཟ་འབྱུང་པོ་སྲིན་པོའི་ཚོགས། །དྲག་པོ་རྣམས་ཀྱིས་བྱིན་རློབ་པ། །དེ་ཕྱིར་དེས་ན་ལས་རྣམས་འགྲུབ། །དུས་དེ་ན་ནི་དྲག་པོའི་ལས། །འགྲུབ་བར་འགྱུར་ཕྱིར་རབ་ཏུ་ཤིས། །མང་ན་གང་ཚེ་ཁྲོས་གྱུར་པ། །དེ་ཚེ་ཉིད་ན་ལས་བརྩམ་མོ། །གང་ཕྱིར་གསང་སྔགས་དྲག་པོའི་ལྷས། །ཁྲོས་པ་ཉིད་ན་བྱིན་རློབ་པ། །དེ་ཕྱིར་ཁྲོ་བ་བསྐྱེད་ནས་སུ། །དྲག་ཤུལ་སྤྱོད་པའི་ལས་བྱའོ། །རབ་ཏུ་དྲག་པོའི་ལས་རྣམས་ལ། །དམར་པོའི་གོས་ནི་བགོ་བའམ། །སྔོན་པོའམ་ཡང་ན་ཆུས་བརླན་པ། །ཁྲག་གིས་སྤགས་བ་དག་ཀྱང་བཤད། །དེ་ནི་མིག་བགྲད་ཁྲོ་གཉེར་བསྙེར། །སོ་ཡང་ཤིན་ཏུ་གཙིགས་ནས་ནི། །རྐང་པས་རྐང་བ་མནན་ནས་སུ། །ལྷོ་ཕྱོགས་ཁ་བལྟས་འདུག་པར་བྱ། །རང་གི་ལུས་དང་ངག་དང་ནི། །ཡིད་རྣམས་ཀྱིས་ཀྱང་སྲན་བཙུགས་ཏེ། །གསང་སྔགས་མངོན་སུམ་བཞིན་བསྒོམས་ནས། །དྲག་ཤུལ་སྤྱོད་པའི་ལས་བྱའོ། །དེར་ནི་དུས་གསུམ་དག་ཏུ་ཡང་། །ནག་པོའི་ས་ཡིས་བསྐུ་བའམ། །བོང་བུ་རྔ་མོ་ལ་སོགས་པའི། །རྟུག་པའམ་དུར་ཁྲོད་ཐལ་བས་བསྐུ། །མེ་ཏོག་དྲི་ངའི་སིལ་མའམ། །ཡང་ན་དྲི་མེད་པ་དག་དགྲམ། །མེ་ཏོག་སྔོན་པོ་དམར་པོའམ། །འབྲུའམ་ཡང་ན་བུབ་མས་དགྲམ། །ཡུངས་ཀར་འབྲུ་ཙམ་ཆ་བའམ། །རང་གི་ཁྲག་གམ་ལན་ཚྭའམ། །སྐྱེ་ཚེ་ནིམ་པའི་ལོ་མའམ། །རྐང་རྗེས་སའམ་ཐལ་བའམ། །བོང་བུ་ལ་སོགས་རྟུག་པའམ། །སྐྲ་གཏུབས་པའམ་བྱ་རྟུག་གམ། །ཁྲ་ལ་སོགས་པའི་སྒྲོའམ་ཚིལ། །གཅིན་ནམ་ཡང་ན་ཚེར་མའམ། །གྱོ་མོའི་དུམ་བུའམ་རུས་ཕྱེའམ། །དེ་བཞིན་ཤ་ཆེན་ལ་སོགས་པའམ། །ཀ་བིད་ད་རའམ་ནིམ་བའམ། །ཡང་ན་དུར་ཁྲོད་མགལ་དུམ་མམ། །ཚེར་མ་ཅན་གྱི་ཤིང་རྣམས་དང་། །སེང་ལྡེང་གི་ནི་ཡམ་སྲེག་ཤིང་། །ཆོ་ག་བཞིན་དུ་བློ་ཅན་གྱིས། །དྲག་ཤུལ་སྤྱད་ཕྱིར་སྦྱིན་སྲེག་བྱ། །དགྲ་ཡི་མིང་ནས་བརྗོད་ནས་ནི། །དུག་ཅན་ཀུན་དང་ལན་ཚྭ་ཀུན། །ཁྲག་དང་ལྡན་པར་སྦྱར་བྱས་ཏེ། །དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་བྱ། །དུར་ཁྲོད་དགན་འབར་བའི་མེའམ། །ཡང་ན་གདོལ་བའི་ཁྱིམ་ནས་བླང་། །རུས་བའམ་རྡོ་ལས་ཕྱུང་བ་དག །དྲག་ཤུལ་སྤྱོད་པའི་ལས་ལ་ཤིས། །གདུག་པ་བཤགས་པའི་ཡམ་སྲེག་ཤིང་། །རྩེ་གཉིས་རྣོན་པོར་བྱས་པ་ལ། །དུག་ཁྲག་ཡུངས་མར་གྱིས་བསྐུས་པ། །སོར་བཅུ་པ་ཡི་ཚད་དུ་བྱས། །བུད་ཤིང་ཁ་དང་ཚད་དང་། །དྲི་ཞིམ་པ་ཡི་སྐམ་ཤིང་ངམ། །ཡང་ན་དྲག་པོའི་ལས་རྣམས་ལ། །དུར་ཁྲོད་ནས་ཕྱུང་ཅི་ཡང་རུང་། །ཁ་དོག་ནག་པོའི་ས་དག་ལ། །ཞུགས་ཐབ་གྲུ་གསུམ་ཕར་བལྟས་པ། །སོར་ནི་ཉི་ཤུའི་ཚད་དུ་བྱ། །ཟབས་སུ་ཁྲུ་ཕྱེད་ཚད་དུ་གསུངས། །ཁ་རན་སོར་ནི་གསུམ་པ་ལ། །ཐལ་བ་དག་གིས་བསྐུ་བར་བྱ། །ཞབས་སུ་རྡོ་རྗེ་སོར་བརྒྱད་པ། །འཕང་དུ་སོར་གཅིག་ཡོད་པ་བཞག །ཐལ་བ་སོལ་བ་ཕུབ་མ་སོགས། །ཡང་ན་ལན་ཚྭ་སྐྱེ་ཚེ་སོགས། །སྦྱིན་སྲེག་དག་གི་རྫས་རྣམས་ལ། །དགྲ་བོ་དག་གི་གཟུགས་བྱས་ལ། །གཟུགས་དེ་རང་གི་མིང་སྨོས་ནས། །གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱ། །ཡང་ན་དེ་ཡི་སྙིང་ག་རུ། །མནན་ནས་སྦྱིན་སྲེག་ལས་རྣམས་བརྩམ། །སྦྱིན་སྲེག་བཞིན་དུ་བཟླས་བརྗོད་ལའང་། །དྲག་པོའི་གཟུགས་བརྙན་མནན་ཏེ་བྱ། །ཡང་ན་རྟོག་པ་ལས་གསུངས་པའི། །ཆོ་གའི་ལས་བཞིན་བསྒྲུབ་པར་བཤད། །གང་ཞིག་ཡིད་ལ་བསམས་པའི་དོན། །དེ་ལ་བསྟན་ནས་བརྩམ་བྱ་སྟེ། །ཐམས་ཅད་ཆོ་གའི་རྗེས་མཐུན་པར། །ཆོ་ག་བྱས་ནས་ངག་ཤུལ་སྤྱད། །ཕྱག་ན་རྡོ་རྗེ་རབ་གཏུམ་དང་། །ཁྲོ་བོ་རྣམས་ནི་གང་འདོད་པ། །གཡོག་འཁོར་དག་ནི་ཐམས་ཅད་ཀྱང་། །དྲག་པོ་གཟི་བརྗིད་ལགས་པ་དང་། །རིག་པའི་རྡོ་རྗེ་ལྕགས་ཀྱུ་མ། །ཁྲོ་བོ་རྡོ་རྗེ་ཐོག་ཐོག་དང་། །འཆི་མེད་ཚེ་དང་མིག་བརྒྱ་བ། །ཀླུ་དང་གྲུལ་བུམ་སྲིན་པོ་དང་། །དེ་ལ་སོགས་པ་བློ་ཅན་གྱིས། །དྲག་ཤུལ་སྤྱོད་པའི་ལས་དག་ལ། །ཆོ་ག་བཞིན་དུ་སྔར་མཆོད་དེ། །བསྲུང་བ་བྱས་ནས་བརྩམ་པར་བྱ། །ལས་གང་ཡན་ལག་ཉམས་བྱེད་དང་། །གང་ཡང་བསྐྲད་པར་བྱ་བ་དང་། །དབྱེ་བར་བྱ་བ་གང་ཡང་རུང་། །ནད་ཀྱིས་འདེབས་བྱེད་གང་ཡིན་དང་། །ཕུང་བར་བྱ་དང་གདུང་བྱ་དང་། །མི་དགར་འགྱུར་བ་གང་ཡང་རུང་། །ཡང་ན་གསད་པའི་ལས་གང་ཡིན། །དེ་དག་དྲག་ཤུལ་སྤྱོད་པར་བཤད། །དེ་ལྟར་དེའི་ལས་མཁས་པ་ཡིས། །བདེ་བར་གཤེགས་པའི་བཀའ་སྨོད་དང་། །རང་བཞིན་ངན་དང་སྡང་བ་དང་། །དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །ལོག་པར་ལྟ་དང་སྡིག་ཅན་དང་། །ཚུལ་ཁྲིམས་འཆལ་དང་རྒོལ་བ་དང་། །བླ་མ་ལ་འཁུ་དེ་དག་ལ། །ཕན་ཕྱིར་ཁྲོ་བ་བསྐྱེད་དེ་བྱ། །རྟོག་པ་མང་པོ་ལས་གསུངས་པའི། །ལུས་དང་ལྡན་པའི་སྦྱོར་བ་དང་། །ཁྲོ་བོ་མངག་གཞུག་ཕོ་ཉ་མོ། །དྲག་པོའི་ཚོགས་ཀྱིས་དྲག་ཤུལ་སྤྱོད། །སེམས་ཅན་འཕོངས་ལ་ཞི་བ་བྱ། །བདེ་བར་གནས་ལ་རྒྱས་པ་སྟེ། །གང་དག་དྲག་ཤུལ་སྤྱོད་པའི་ལས། །དེ་དག་དགྲ་ལ་སྤྱད་པར་བྱ། །མཁས་པས་ས་བླའི་གསང་སྔགས་ཀྱིས། །དྲག་ཤུལ་སྤྱོད་པ་སྤྱད་པར་བྱ། །ཆོ་ག་ཞིབ་མོ་བརྩམ་བྱ་སྟེ། །སྡང་དང་གཡོ་སྒྱུ་ཅན་ལ་སྤྱད། །ངེས་པར་མྱོང་འགྱུར་ལས་མང་པོ། །བདག་གིས་དང་དུ་བླང་དགོས་ཞེས། །དེ་ཡིས་ཉེས་པ་བྱས་པ་ཀུན། །ཚེ་འདི་ཉིད་ལ་སྨིན་པར་བྱ། །དེ་ལྟར་གསང་སྔགས་ལྷ་རྣམས་ཀྱང་། །ངན་སྤྱོད་རྣམས་ལ་བརྩེ་བའི་ཕྱིར། །དེ་ལ་སོགས་པའི་ཐབས་རྣམས་ཀྱིས། །ངན་སོང་དག་ལས་འབྱིན་པར་མཛད། །དགྲ་ལ་གནོད་པ་བྱ་བ་ཡང་། །ཉེས་དང་འཚམ་པར་བྱ་དགོས་པ། །ཉེས་པ་ཆུང་ངུ་བྱས་པ་ལ། །འཆི་བར་འགྱུར་བ་མི་བརྩམ་མོ། །ཁྲོས་པའི་དབང་གིས་བྱས་པ་ཡི། །སྙིང་ཚིམ་ནས་ནི་མོད་ལ་ཡང་། །ཞི་བར་བྱ་ཕྱིར་ཞི་བ་ཡི། །སྔགས་ཀྱིས་ཞི་བའི་ཆོ་ག་བྱ། །ཡང་ན་དེ་ཡི་མེ་ཉིད་ལ། །གསང་སྔགས་དེ་ཉིད་ཁོ་ན་ཡི། །བསྐུལ་ཚིག་ཡོངས་སུ་བརྗོད་ནས་སུ། །འོ་མས་ཞི་བའི་སྦྱིན་སྲེག་བྱ། །མཁས་པས་བདེ་གཤེགས་ཆོས་ཉིད་དང་། །བྱང་ཆུབ་སེམས་ནི་དྲན་བྱ་སྟེ། །གཟུ་ལུམས་ཅན་དང་སྡིག་ཅན་ལ། །དེ་མ་ཐག་ཏུ་ཞི་བ་བྱ། །ཞི་བ་མཆོད་རྟེན་རིང་བསྲེལ་ཅན། །པདྨའི་རྫིང་བུར་རྒྱས་པ་སྟེ། །ཟློས་པ་བོས་ནི་ཁྱད་པར་དུ། །དུར་ཁྲོད་དག་ཏུ་དྲག་ཤུལ་སྤྱད། །ཞི་བ་དང་རྒྱས་པ་དང་དྲག་ཤུལ་སྤྱོད་པའི་ཆོ་ག་རིམ་པར་ཕྱེ་བའོ།། །།གང་དག་སྟེང་དུ་འགྲོ་བའི་ལས། །དེ་ཀུན་རབ་ཏུ་ཤེས་པར་བྱ། །གང་གཞན་ཅུང་ཟད་མི་སྣང་བ། །དེ་དག་འབྲིང་གི་ཆོ་གར་བཤད། །གང་དག་འདི་ནས་ས་པའི་ལས། །དེ་དག་ཐམས་ཅད་ཐ་མར་བཤད། །དེ་བས་རབ་འབྲིང་ཐ་མ་ཡི། །ལས་རྣམས་ཀྱི་ནི་བྱེ་བྲག་དབྱེ། །རབ་དང་འབྲིང་དང་ཐ་མ་ཡི། །དངོས་གྲུབ་ལས་ཀྱི་དབྱེ་བ་ལས། །སྟེང་དང་བར་སྣང་ས་པ་དག །གནས་ནི་རྣམ་པ་གསུམ་དུ་བཤད། །རིག་སྔགས་འཆང་དང་ནམ་མཁར་འགྲོ། །སྣ་ཚོགས་གཟུགས་ཀྱི་དངོས་གྲུབ་དང་། །དེ་བཞིན་མངོན་ཤེས་མཐོང་བ་དང་། །ཞི་བའི་བློ་དང་ཡེ་ཤེས་ཐེབ། །བསྟན་བཅོས་ཀུན་ཤེས་བློ་དག་དང་། །སྨྲ་མཁས་ཐོས་པ་འཛིན་པ་དང་། །རོ་ལངས་གྲུབ་དང་མངོན་ཕྱོགས་དང་། །གནོད་སྦྱིན་མོ་ལ་སོགས་གྲུབ་དང་། །ས་སྟེངས་རྒྱལ་སྲིད་ཡིད་བཞིན་ནོར། །གཏེར་ཆེན་དག་ནི་གཉིས་པ་སྟེ། །དེ་དག་ལ་སོགས་བསྟན་པ་རྣམས། །རིག་སྔགས་དངོས་གྲུབ་རབ་ཡིན་ནོ། །མི་སྣང་སྟོབས་དང་བརྩོན་འགྲུས་དང་། །ཕུག་གི་དངོས་གྲུབ་བཅུད་ཀྱིས་ལེན། །མངག་གཞུག་ལྷ་མིན་དངོས་གྲུབ་དང་། །ཤ་ཟ་ས་ལ་བྷཉྫི་ཀ །མང་དུ་ཐོས་པའི་ཤེས་ཐོབ་དང་། །རྐང་མགྱོགས་པ་ཡི་དངོས་གྲུབ་དང་། །དེ་དག་ལ་སོགས་དངོས་གྲུབ་རྣམས། །འབྲིང་པོའི་ནང་ནས་རབ་ཏུ་བསྟན། །འགྲོ་བ་ཐམས་ཅད་དགའ་བ་དང་། །འཇིག་རྟེན་པ་རྣམས་དབང་བསྐུར་དང་། །དྲག་ཤུལ་སྤྱོད་པའི་ཆོ་ག་ནི། །བསྐྲད་པ་ལ་སོགས་ཐམས་ཅད་དང་། །གང་གཞན་ཅུང་ཟད་ཕལ་གྱི་རྣམས། །མཁས་པས་ཐ་མར་རིག་པར་བྱ། །རྫས་འབར་བ་ལས་རབ་ཏུ་འགྱུར། །དུ་བ་ཉིད་ལས་འབྲིང་དུ་འགྱུར། །དྲོད་ལས་དངོས་གྲུབ་ཐ་མར་འགྱུར། །དེ་ལྟར་དངོས་གྲུབ་རྣམ་གསུམ་པོ། །འཕགས་གསུངས་གསང་སྔགས་མཐུ་ཆེན་གྱིས། །དངོས་གྲུབ་རབ་ནི་འགྲུབ་པར་གྲགས། །ལྷ་ཡི་སྔགས་ཀྱིས་འབྲིང་པོ་གྲུབ། །ས་བླས་ཐ་མ་འགྲུབ་པར་གསུངས། །དེ་བཞིན་གཤེགས་པའི་རིག་པ་ཡི། །སྔགས་ཀྱིས་དངོས་གྲུབ་ཆེན་པོ་འཐོབ། །པདྨ་འཛིན་པས་གསང་སྔགས་ཀྱིས། །དངོས་གྲུབ་འབྲིང་པོ་ཐོབ་པར་བཤད། །རྡོ་རྗེ་འཛིན་པས་གསུངས་པ་ཡིས། །དངོས་གྲུབ་ཐ་མ་འགྲུབ་པར་བསྒྲགས། །རབ་ཀྱི་ཐ་མ་གང་ཡིན་པ། །དེ་དང་ཐ་མའི་རབ་མི་མཉམ། །དངོས་གྲུབ་ལྷག་མ་གཉིས་པ་ཡང་། །ཆོ་གའི་རིམ་པ་དེ་ཉིད་དོ། །འབྲས་བུའི་ཡོན་ཏན་བསྟན་པ་ཡི། །ཆེ་བའི་བྱེ་བྲག་རྣམ་གསུམ་ལས། །རབ་དང་འབྲིང་དང་ཐ་མ་ཡི། །བྱེ་བྲག་དེ་དག་རབ་ཏུ་བསྒྲགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །གསུངས་པའི་གསང་སྔགས་གང་ཡིན་པ། །དེ་ལས་དངོས་གྲུབ་རབ་འབྱུང་བ། །ཐ་མ་དག་ལ་ཡོད་པར་འགྱུར། །རྒྱས་པར་གསུངས་པའི་གསང་སྔགས་ལས། །ཁ་ཅིག་ལས་གཅིག་བྱེད་པའང་ཡོད། །དེ་དག་གི་ནི་ལས་དེ་ཡང་། །རབ་དང་འབྲིང་དང་ཐ་མར་བཤད། །ཁ་ཅིག་དེ་ལྟར་རིམ་མེད་པར། །དངོས་གྲུབ་རྣམས་ནི་འབྱུང་འགྱུར་ཏེ། །འདམ་ལས་པདྨ་སྐྱེ་བ་དང་། །ཙནྡན་ཤིང་ལས་མེ་འབྱུང་བཞིན། །རབ་དང་འབྲིང་དང་ཐ་མ་ལ། །ལུས་ཀྱི་དངོས་གྲུབ་རབ་ཡིན་ནོ། །རྫས་ལས་གྲུབ་བ་འབྲིང་ཡིན་ཏེ། །ལོངས་སྤྱོད་དངོས་གྲུབ་ཐ་མའོ། །ཐ་མའི་གསང་སྔགས་ཟློས་པ་ནི། །ལ་ལས་རབ་ཏུ་བསྙེན་བྱས་ན། །དངོས་གྲུབ་གཞན་ལས་བླངས་ནས་ནི། །མཆོག་ཀྱང་རབ་ཏུ་སྟེར་བར་འགྱུར། །རབ་ལའང་ལ་ལ་ཞིག་གིས་ནི། །མ་བསྒྲིམས་པར་ཡང་བསྙེན་བྱས་ན། །སྔགས་ཀྱི་དངོས་གྲུབ་ཐ་མ་སྩོལ། །དེ་བས་བསྙེན་པ་རབ་ཏུ་གཅེས། །ལྷ་རྣམས་ལ་ཡང་དབུལ་པོ་ཡོད། །ཡི་དྭགས་ལ་ཡང་མཐུ་ཆེན་ཡོད། །དེ་བཞིན་དངོས་གྲུབ་དག་ལ་ཡང་། །རྣམ་པ་སྣ་ཚོགས་ཡོད་པར་འགྱུར། །རབ་འབྲིང་ཐ་མ་རེ་རེ་ལའང་། །དངོས་གྲུབ་རྣམ་པ་གསུམ་དུ་དབྱེ། །གསང་སྔགས་རྣམས་ཀྱི་མཐུ་ཤེས་ནས། །བསྙེན་བ་ལས་ནི་དངོས་གྲུབ་བརྩམ། །དངོས་གྲུབ་དབྱེ་བའི་མཚན་ཉིད་རིམ་པར་ཕྱེ་བའོ།། །།ཟློས་པས་དང་པོ་ལྷ་ཁང་དུ། །ཞུགས་ཏེ་མཉམ་པར་བཞག་ནས་ནི། །ལྷ་ལ་མངོན་དུ་ཕྱོགས་འདུག་སྟེ། །ཐལ་མོ་སྦྱར་བས་ཕྱག་འཚལ་ནས། །རྗེས་སུ་མཐུན་པའི་མེ་ཏོག་དང་། །སྤོས་ཀྱི་ཆུ་ནི་གཙང་མ་ཡིས། །མཆོད་ཡོན་གོ་རིམས་བཞིན་བཤམས་ནས། །བདུག་སྤོས་ཀྱིས་ཀྱང་རབ་བདུགས་ཏེ། །ལན་བདུན་བཟླས་ནས་མཆོད་ཡོན་དེས། །ལྷ་རྣམས་དག་ནི་སྤྱན་དྲང་ངོ་། །གསང་སྔགས་སྤྱན་ནི་དྲངས་ནས་ཀྱང་། །དེ་ཡི་འོག་ཏུ་མཆོད་པ་བྱ། །གསེར་དང་དངུལ་དང་ཟངས་མ་དང་། །རྔོ་བ་དང་ནི་ཤིང་གིའམ། །ཁམ་པའམ་དུང་ངམ་ཉ་ཕྱིས་སམ། །དེ་བཞིན་ལོ་མ་སྐྱོངས་བའང་རུང་། །ཞི་དང་རྒྱས་དང་དྲག་སྤྱོད་དང་། །རབ་དང་འབྲིང་དང་ཐ་མ་ཡི། །ལས་དང་དངོས་གྲུབ་རྣམས་ལ་ནི། །རིགས་པའི་སྣོད་རྣམས་སྦྱར་བར་བྱ། །ཁ་དོག་ཡོན་ཏན་བཤད་པ་ལས། །གཞན་དང་གཞན་ཡང་ཅི་རིགས་པའི། །སྣོད་རྣམས་ཅི་ལྟར་འདོད་པ་ནི། །འདོད་ཡོན་ཕྱིར་ནི་རབ་ཏུ་སྦྱར། །ཞི་བའི་མཆོད་ཡོན་ནས་དང་བཅས། །ཏིལ་དང་བཅས་པ་རྒྱས་པ་ལ། །ཐམས་ཅད་དང་ནི་འགལ་བའི་ཕྱིར། །ཀྲོ་ཏྲ་བར་བཅས་དྲག་སྤྱོད་ལ། །ཞི་བའི་མཆོད་ཡོན་འོ་མ་ཅན། །རྒྱས་པ་ལ་ནི་ཞོ་ཅན་ནོ། །བ་ཡི་གཅིན་ནམ་ཡང་ན་ཁྲག །དྲག་ཤུལ་སྤྱོད་པའི་དོན་དུ་ཤིས། །རབ་དང་འབྲིང་དང་ཐ་མ་ཡི། །ལས་རྣམས་ཀུན་ལ་འབྲས་ཡོས་ཤིས། །སྤོས་དང་མེ་ཏོག་ཀུ་ཤ་ཏིལ། །ཆུ་རྣམས་བྱེ་བྲག་མེད་པར་བཟང་། །མཆོད་ཡོན་ཕྱིར་ནི་ཟངས་ཀྱི་སྣོད། །ལས་རྣམས་ཀུན་ལ་རབ་ཏུ་ཤིས། །འདི་མ་འབྱོར་གྱིས་བདག་ལ་ནི། །བཟོད་མཛོད་ཅི་འབྱོར་བས་ཀྱང་བྱ། །སྔགས་རྒྱུད་ལས་གསུངས་ཐམས་ཅད་ཀྱང་། །རིག་པའི་རྒྱལ་པོས་རིམ་བཞིན་དུ། །སྤྱན་དྲང་ཆོ་ག་བྱ་བར་བཤད། །ཡང་ན་གང་རྗེས་གང་འབྲང་བའི། །སྔགས་རྒྱུད་བདག་པོ་གང་ཡིན་དང་། །རིག་སྔགས་རྒྱལ་མོ་གང་ཡིན་ལ། །དེ་གཉིས་ཀྱིས་ནི་ཡོངས་བཟླས་ན། །དེ་ནས་དེ་ཡིས་མངོན་པར་བསྔགས། །རིགས་གསུམ་ལ་ཡང་དེ་བཞིན་དུ། །ཐམས་ཅད་སྤྱན་ནི་དྲང་བར་བྱ། །གང་དག་རང་རྒྱུད་ལས་གསུངས་བ། །དེ་དག་ལ་ནི་དེ་ཉིད་བཤག །བཞུད་ཅིག་ཞེས་ནི་བདག་པོའི་བཀའ། །ཟློས་པས་རབ་ཏུ་བསྒྲགས་ནས་བཞུད། །སྤྱན་ཡང་དྲངས་མ་ཐག་ཏུ་ནི། །གསང་སྔགས་དགྱེས་ནས་འབྱོན་པར་འགྱུར། །ལ་ལ་ཆོ་ག་གང་ཡིན་ལས། །སྤྱན་དྲངས་སླར་གཤེགས་བཤད་པ་དག །དེ་དག་གསོལ་བའི་ལས་བྱས་ནས། །རབ་ཏུ་དགྱེས་ནས་དེ་བཞིན་མཛད། །རིག་སྔགས་རྒྱལ་མོས་རིག་སྔགས་རྣམས། །སྤྱན་དྲང་བ་ཡི་ཆོ་ག་བྱ། །རིག་སྔགས་རྒྱལ་པོས་གསང་སྔགས་རྣམས། །གཞན་རྣམས་ལ་ནི་གཉིས་ཀས་སོ། །ལན་ཅིག་བཟླས་སམ་ལན་གསུམ་བཟླས། །ཡང་ན་ལན་བདུན་མངོན་པར་བསྔགས། །གསང་སྔགས་བྱེ་བྲག་རྣམས་ཤེས་ནས། །ཉི་ཤུ་རྩ་གཅིག་ཏུ་ཡང་བཟླས། །མཆོད་ཡོན་ཆོ་ག་བཞིན་བཟླས་ནས། །བདུག་སྤོས་དག་གིས་རབ་ཏུ་བདུག །གུས་པས་པུས་མོ་གཉིས་བཙུགས་ནས། །ལས་བྱེད་བཅས་པའི་ལག་པས་དབུལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་དེ་བཞེས་ལ། །མཆོད་པས་བདག་ལ་དགྱེས་པར་མཛོད། །གསང་སྔགས་གང་དག་གཅིག་པུ་ལ། །དྲག་ཅིང་གཏུམ་ལ་ཕ་རོལ་གནོན། །དེ་ནི་རང་གི་སྔགས་ཉིད་ཀྱིས། །སྤྱན་དྲང་བ་ཡི་ཆོ་ག་བྱ། །གང་ཡང་ཕལ་པ་ཁ་ཅིག་དང་། །གང་ཡང་འཁོར་དུ་གྱུར་པ་དག །དེ་དག་རང་གི་སྔགས་ཉིད་ཀྱིས། །སྤྱན་དྲང་ཆོ་ག་བྱ་བར་བཤད། །རིག་སྔགས་རྒྱལ་དང་གསང་སྔགས་རྣམས། །མདོར་ན་སོ་སོའི་གསང་སྔགས་སམ། །ཐམས་ཅད་ལ་ཡང་སྙིང་པོ་ཡིས། །སྤྱན་དྲང་བ་ནི་མ ཆོག་ཏུ་བཤད། །མདོར་ན་མཁས་པས་མཆོད་ཡོན་དང་། །སྤྱི་ཡི་རིགས་ཀྱི་སྙིང་པོ་ཡིས། །ཚུར་གཤེགས་ཞེས་ནི་སྤྱན་དྲང་བ། །འདི་ནི་གསང་བར་རབ་ཏུ་བསྒྲགས། །རབ་ཏུ་དད་པས་ཕྱག་བྱ་སྟེ། །གསོལ་བ་ཡང་དང་ཡང་བྱས་ནས། །གསང་སྔགས་རྣམས་དང་རིག་སྔགས་དང་། །མཁས་པས་གུས་པས་སྤྱན་དྲང་ངོ་། །ཟློས་པས་མཉམ་གཞག་ལག་པ་གཉིས། །སྤྱི་བོར་བཞག་པའི་མཆོད་ཡོན་དག །གསང་སྔགས་མཆོག་ལ་ཕུལ་ན་ནི། །འོན་ཏང་སྤྱན་ནི་དྲང་བར་འགྱུར། །བར་མ་དག་ལ་བྲང་ཁ་ནས། །ཕལ་པ་རྣམས་ལ་ལྟེ་བ་ནས། །མཆོད་ཡོན་ཚུལ་བཞིན་བཟླས་དབུལ་བ། །སྤྱན་དྲང་ཆོ་ག་རིག་པར་བྱ། །མཆོད་ཡོན་སྔགས་ཀྱི་བཟླས་པ་ཡིས། །རི་མོའམ་ཡང་ན་གཟུགས་དག་ལ། །གསང་སྔགས་གང་དག་འགྲེང་སྣང་བ། །དེ་ལ་འགྲེང་སྟེ་སྤྱན་དྲང་བ། །འདུག་པ་ལ་ནི་འདུག་ནས་སོ། །བཟུར་བ་ལ་ནི་བཟུར་ནས་སོ། །སྤྱན་དྲང་ཕྱིར་ནི་མཆོད་ཡོན་དག །ཆོ་ག་བཞིན་དུ་དབུལ་བར་བགྱི། །གསང་སྔགས་ལ་ལའི་གནས་དག་ནི། །གང་དང་གང་གི་ཕྱོགས་ཡིན་པ། །ཕྱོགས་དེར་ཐོག་མར་བལྟས་ནས་ནི། །མཆོད་ཡོན་བཟླས་ཏེ་དེར་ཕྱོགས་ལ། །ལས་དེ་ཕྱོགས་སུ་བལྟས་ནས་ནི། །དེ་ནས་མཆོད་ཡོན་དབུལ་བར་བྱ། །འདི་ནི་སྤྱན་དྲང་ཆོ་ག་གཞན། །གསང་བའི་དམ་པ་བཤད་པ་ཡིན། །ཐལ་སྦྱར་མཆོད་ཡོན་མེ་ཏོག་དང་། །ཡིད་ཀྱིས་སམ་ནི་ཆུས་ཀྱང་རུང་། །མཁས་པས་སྤྱན་དྲང་ཆོ་ག་ནི། །གང་དུའང་རུང་བར་མདུན་དུ་བྱས། །གསང་སྔགས་ཀུན་གྱི་ཆོ་ག་འདིར། །སྔགས་དང་ཕྱག་རྒྱར་ལྡན་པ་ཡིས། །སྤྱན་དྲང་ཆོ་གར་གསུངས་པ་དག །འདི་ནི་ཀུན་གྱི་སྤྱི་ཡིན་ནོ། །སྒྲུབ་པོས་སྔོན་དུ་བསྙེན་པ་དང་། །མཆོད་པ་ལ་སོགས་ལས་རྣམས་དང་། །ལས་ཀྱི་ཆོ་ག་བྱེད་པས་ན། །སྤྱན་དྲང་བ་ནི་ཡིད་ཀྱིས་བྱ། །ཇི་ལྟར་མཐུན་པའི་ཆོ་ག་བཞིན། །སྤྱན་དྲང་ཆོ་ག་བཤད་པ་ནི། །ཐམས་ཅད་དོན་བྱེད་ཕྱིར་གསུངས་ཏེ། །ཕྲན་ཚེགས་དག་ལ་ཕལ་གྱིས་བྱ། །ཟློས་པས་སྤྱན་ནི་དྲངས་ནས་ཀྱང་། །ཆོ་ག་བཞིན་དུ་མཉེས་བྱས་ནས། །གསང་སྔགས་ཀྱི་ནི་བྷ་རྣམས་ཀྱང་། །ཕན་འདོགས་ལ་སོགས་ཐམས་ཅད་མཛད། །སྤྱན་དྲང་བའི་ཆོ་ག་རིམ་པར་ཕྱེ་བའོ།། །།སྒྲུབ་པ་པོས་ནི་ལས་ཀུན་ལ། །ལྷ་རྣམས་སྤྱན་དྲངས་བྱས་ནས་ནི། །གསང་སྔགས་རིམ་པར་ཕྱེ་བ་བཞིན། །ཆོ་ག་ཤེས་པས་མཆོད་པ་བརྩམ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་པ་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །བདག་ནི་གུས་དང་ལྡན་ནོ་ཞེས། །ལྷ་ལ་ཡང་དང་ཡང་གསོལ་ནས། །གསང་སྔགས་སྒྲུབ་པས་དུས་གསུམ་དུ། །ཆོ་ག་འདིས་ནི་མཆོད་པ་བྱ། །སྔོན་གྱི་སྔགས་རྒྱུད་ལུང་གིས་ནི། །ཐོག་མར་དྲི་རྣམས་དབུལ་བར་བྱ། །དེ་ནས་མེ་ཏོག་རྗེས་མཐུན་པའོ། །དེ་ནས་བདུག་སྤོས་རབ་ཏུ་བསྒྲགས། །དེ་ནས་ལྷ་བཤོས་རྗེས་མཐུན་པའོ། །མར་མེ་ཐ་མར་རབ་ཏུ་སྦྱར། །ཁྲོ་བོའི་རྒྱལ་པོས་བསངས་པའི་རྫས། །གཙང་ཞིང་ངན་པ་མ་ཡིན་པ། །རྗེས་སུ་མཐུན་ཞིང་ཡོན་ཏན་ཅན། །བློ་དང་ལྡན་པས་གུས་པས་དབུལ། །སོ་སོ་ཡི་ནི་གསང་སྔགས་ཀྱིས། །རེ་རེ་ལ་ཡང་མངོན་བསྔགས་ནས། །མཆོད་པའི་ཡན་ལག་ཅི་དགར་དབུལ། །སོ་སོ་སོ་སོར་མཆོད་ཡོན་དབུལ། །ཆེ་གེ་མོ་འདི་བཞེས་ཤིག་ཅེས། །རྫས་ཀྱི་མིང་ནས་ཕྱུང་སྟེ་དབུལ། །མ་འབྱོར་ན་ཡང་གཟུགས་བརྙན་རྣམས། །བྱས་ནས་མཆོད་ཡོན་དབུལ་བར་བྱ། །གུས་དང་མཆོད་ཡོན་ཕུལ་བ་ཡིས། །ཆོ་ག་ཐམས་ཅད་རྫོགས་པར་འགྱུར། །ཐལ་སྦྱར་མཆོད་ཡོན་བློས་མཆོད་དང་། །ཆོ་གའི་ཡན་ལག་ཉིད་དང་གཞིའོ། །མཆོད་པའི་ཆོ་ག་ཐམས་ཅད་ལ། །ཇི་ལྟར་རིགས་པར་སྦྱར་བར་བྱ། །རྣམ་པ་ཀུན་ལས་མཁས་པ་ནི། །རྟག་ཏུ་ཅི་ནུས་པས་ཀྱང་རུང་། །ཆོས་ཀྱི་ཐོག་མར་ཡིད་འགྲོ་ཞེས། །ཐུབ་པ་ཆེན་པོས་བཀའ་སྩལ་བས། །ཡིད་ཀྱི་མཆོད་པ་ཁྱད་པར་ཅན། །ལེགས་པ་ཉིད་དུ་བརྩམ་པར་བྱ། །མཆོད་པའི་རིམ་པར་ཕྱེ་བའོ།། །།ཡིད་ནི་རབ་ཏུ་མཉམ་བཞག་ནས། །ཆོ་ག་ལྷག་མ་བྱ་བར་བཤད། །སྒྲུབ་པ་པོས་ནི་ཐོག་མ་རུ། །ཁྲོ་བོའི་རྒྱལ་པོས་བསྐྲད་པར་བྱ། །ཡང་ན་རིག་སྔགས་སོ་སོ་ཡི། །ལས་ཀུན་བྱེད་པའི་རིག་སྔགས་ཀྱིས། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་ཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མཤྩཎྜ་བཛྲ་ཀྲོ་དྷྭ་ཡ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ན་མོ་མ་ཧཱ་ཤྲི་ཡཻ། ༀ་ཤ་མེ་ས་མ་ཡེ་ས་མེ་སིདྡྷི་སིདྡྷི་སཱ་དྷ་ཡ་ཤི་བེ་ཤི་བཾ་ཀ་རི། ཨཱ་བ་ཧ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། རིགས་གསུམ་གྱི་ལས་ཐམས་ཅད་བྱེད་པའི་གསང་སྔགས་སོ། །ཁྲོ་བོའི་གསང་སྔགས་རྒྱར་བཅས་པས། །མེ་ཏོག་ལ་སོགས་རྣམ་པར་བསང་། །ལག་པ་གཡོན་པར་བཞག་པའི་ཆུས། །ཐོག་མ་ཉིད་དུ་བསང་གཏོར་བྱ། །བདག་པོའི་སྔགས་ཀྱིས་བྱ་བའམ། །ཡང་ན་རིགས་ཀྱི་སྙིང་པོས་བྱ། །མདོར་ན་གསང་སྔགས་ཐམས་ཅད་ཀྱང་། །ཕྱག་རྒྱར་བཅས་པས་བསང་བར་བྱ། །བདག་ཉིད་རྣམ་པར་སྦྱང་བའི་ཕྱིར། །སྤོས་ཆུས་ལག་མཐིལ་བླུགས་པ་ལ། །བལྟ་ཞིང་དེ་ཡི་སྙིང་པོ་བཟླས། །རང་གི་སྤྱི་བོར་བསང་གཏོར་བྱ། །སྟན་ཡང་རྣམ་པར་སྦྱང་བའི་ཕྱིར། །ལས་ཀུན་བྱེད་པའི་གསང་སྔགས་སམ། །ཡང་ན་ཁྲོ་བོའི་རྒྱལ་པོ་ཡིས། །སྤོས་ཀྱི་ཆུས་ནི་བསང་གཏོར་བྱ། །ལན་བདུན་བཟླས་བརྗོད་བྱས་པའི་ཆུས། །ས་ཕྱོགས་ཀུན་དུ་བསང་གཏོར་བྱ། །བསང་བ་དང་ནི་སྦྱང་བ་དག །གསང་སྔགས་འདིས་ནི་བྱས་པར་འགྱུར། །ༀ་ཀཱི་ལི་ཀཱི་ལ། བཛྲཱི་བཛྲཱི་བྷུར་བནྡྷ་བནྡྷ་ཧཱུྃ་ཕཊ། དེ་ནས་སྟེང་དུ་བློ་ཅན་གྱིས། །རིག་པའི་རྒྱལ་པོ་འདི་འདོན་ཅིང་། །བདུག་པས་ལྷ་རྣམས་བསང་བ་དང་། །བཅིང་བ་དང་ནི་སྦྱང་བར་བྱ། །ༀ་སུ་སིདྡྷི་ཀ་ར་ཛྭ་ལ་ཧི་ཨ་ནནྟ་མཱུརྟ་ཡེ། ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ཧ་ན་ཧ་ན་ཧཱུྃ་ཕཊ། ཐམས་ཅད་སྤྱིའི་འོ། །ༀ་ཛྭ་ལ་ཧཱུྃ། དེ་བཞིན་གཤེགས་པའི་རིགས་ལའོ། །ༀ་པདྨ་ནི་བྷ་ག་བ་ཏི། མོ་ཧ་ཡ། ཛ་གད་མོ་ཧ་ནི་སྭཱ་ཧཱ། པདྨའི་རིགས་ལའོ། །དེ་ནས་བློ་དང་ལྡན་པ་ཡིས། །རིགས་ཀྱི་སྙིང་པོ་ཡོངས་བཟླས་པའི། །སྤོས་ཆུས་ཁོ་ར་ཁོར་ཡུག་ཏུ། །ཐམས་ཅད་དུ་ནི་ཕྱོགས་བཅིང་བའོ། །རིག་སྔགས་རྒྱལ་པོའི་སྙིང་པོའམ། །བདག་གི་རིག་སྔགས་རྒྱལ་པོའམ། །རང་གི་གསང་སྔགས་མངག་གཞུག་པས། །ཕྱོགས་བཅིང་བ་ནི་གུས་པར་བྱ། །བྷྲཱུཾ་ༀ་ཨ་མྲྀ་ཏོདྦྷ་བ་ཧཱུྃ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜཱ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཎྞ་གྲྀཎྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་བན་བིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། རིགས་གསུམ་གྱི་རིག་པའི་རྒྱལ་པོའི་སྔགས་སོ། །དེ་དག་ཉིད་ཀྱི་སྙིང་པོ་ཡིས། །ར་བ་རྣམས་ཀྱང་རབ་ཏུ་སྦྱར། །རིགས་ཀྱི་རིག་སྔགས་རྣམས་ཀྱིས་ནི། །ལྷ་རྣམས་ཡོངས་སུ་བསྲུང་བར་བྱ། །ལས་རྣམས་ཀུན་ལ་ཐམས་ཅད་དུ། །བགེགས་ལ་སོགས་པ་བསལ་བ་ལས། །རྣམ་པར་རྟོག་པའི་ཆོ་ག་ཡིས། །བདུད་རྩི་ཐལ་སྦྱོར་རབ་ཏུ་སྦྱར། །ཁང་བའི་ཁོ་ར་ཁོར་ཡུག་ཏུ། །དྲ་བ་ར་བ་ཕུར་བུ་དག །ཀཱི་ལི་ཀཱི་ལ་བདུད་རྩི་ཞེས། །ཁྲོ་བོ་གཉིས་ནི་རྟག་ཏུ་སྦྱར། །བསྲུང་བའི་གསང་སྔགས་ཐ་དད་པ། །ཆོ་ག་ལས་བསྟན་གང་ཡིན་པ། །དེ་ཉིད་འདིར་ནི་སྦྱར་བར་བྱ། །ཡང་ན་གང་ལ་དད་པའང་རུང་། །བཅོམ་ལྡན་སྤྱན་ནི་གང་ཡིན་དང་། །གོས་དཀར་ཅན་མ་གང་ཡིན་དང་། །རིག་སྔགས་མཱ་མ་ཀཱི་གང་ཡིན། །དེ་དག་ཐོག་མར་ཡོངས་སུ་བཟླས། །དེས་ནི་བདག་དང་ལྷ་ཡང་བསྲུང་། །སྡིག་པ་ཐམས་ཅད་བྱང་བར་འགྱུར། །བགེགས་རྣམས་སྨ་ཡང་འབེབས་པ་དང་། །བསམས་པའི་འབྲས་བུ་མངོན་དུ་འགྱུར། །རིག་སྔགས་མཱ་མ་ཀཱི་གཅིག་པུ། །རྒྱལ་དང་པདྨའི་རིགས་ལ་ཡང་། །བློ་ཅན་བདག་གི་གཟུངས་སུ་འདོད། །ཐམས་ཅད་ལ་ཡང་རབ་ཏུ་སྦྱར། །ཆོ་ག་ལས་བཤད་གསང་སྔགས་ཀྱིས། །བསྲུང་བའི་ལས་རྣམས་བརྩམ་དུའང་རུང་། །ཡང་ན་དཔའ་བོ་གཅིག་པུ་ཡིས། །ཐམས་ཅད་ཆོ་ག་བཞིན་དུ་བྱ། །དེ་ལྟར་གསང་སྔགས་ཐམས་ཅད་ནི། །དཀྱིལ་འཁོར་ལས་བཤད་ཆོ་ག་བཞིན། །བསྙེན་པའི་ཚེ་ཡང་ཟློས་པ་པོས། །མ་ལུས་པ་ལས་ཤེས་པར་བྱ། །གང་ཡང་རིགས་བདག་གསང་སྔགས་སམ། །རིགས་ཀྱི་སྙིང་པོ་གང་ཡིན་པའམ། །གསང་སྔགས་ཀུན་གྱི་རྒྱལ་པོའམ། །གང་ཡང་སྔགས་རྒྱུད་རྒྱལ་པོའམ། །ལས་ཀུན་བྱེད་པའི་གསང་སྔགས་ནི། །གསུམ་ག་ལ་ཡང་དེ་དག་གིས། །རང་རིགས་ལས་ལ་བྱེ་བྲག་ཏུ། །ཟློས་པ་པོས་ནི་བྱ་བར་རིགས། །བསྲུང་དང་སྤྱན་དྲང་སྦྱང་བ་དང་། །བཅིང་དང་ཕྱིར་བཟློག་མནན་པ་དང་། །དགང་དང་གཞིལ་བར་བྱ་བ་དང་། །ཚར་གཅད་པ་དང་བསྐུལ་བ་དང་། །དེ་ལ་སོགས་པའི་ལས་རྣམས་ཀུན། །རིགས་གསུམ་དག་ནི་ཐམས་ཅད་དང་། །དངོས་གྲུབ་དག་ལ་དེ་དག་གིས། །སྒྲུབ་པ་པོས་ནི་ཐམས་ཅད་བྱ། །བདག་གི་གསང་སྔགས་བདག་ཉིད་ཀྱང་། །སྙིང་པོ་དེ་དག་གཉིད་ཀྱིས་བསྲུང་། །གཙུག་ཕུད་གོས་དང་བསང་ཕྱེད་ལ། །མདུད་པ་བོར་ཏེ་བདུན་གསུམ་བཟླས། །སྙིང་གར་མཐེ་བོ་རྩེ་བཙུགས་ཏེ། །བདག་ཉིད་བསྲུང་བའི་ཕྱིར་བཟླས་སོ། །ཡང་ན་ཐལ་བའམ་ཡུངས་ཀར་ཆུས། །བདག་ཉིད་བསྲུང་བར་སྤྱད་པར་བྱ། །དྲག་པོ་ཡི་ནི་ལས་རྣམས་ལ། །བདག་པོའི་སྔགས་ཀྱིས་བསྲུང་བ་བྱ། །སྒྲུབ་པ་པོས་ནི་ཞི་བ་ལའང་། །གསང་སྔགས་དྲག་པོས་ནན་ཏན་བྱ། །ལྷ་རྣམས་བྱིན་གྱིས་རློབ་པ་ཡང་། །བདག་གི་སྔགས་ཀྱིས་མཛད་པར་འགྱུར། །བདག་གི་སྔགས་ལ་འཇིགས་དོགས་ན། །བསྲུང་བ་བདག་པོས་བྱ་བར་བཤད། །སྒྲུབ་པ་པོ་ནི་བློ་ཅན་གྱིས། །གཉིས་ཀར་རྟག་པར་ལས་རྣམས་ལ། །བདག་ཉིད་བསྲུང་བའི་ཆོ་ག་དང་། །གཙང་མས་ལྷག་པར་ལེགས་པར་བྱ། །ལྷ་ཡི་ཁང་བའི་ཕྱི་རོལ་དུ། །གཅིག་པུ་ཅི་དགར་སྤྱོད་པ་ན། །ལྷ་རྣམས་ཡོངས་སུ་བསྲུང་བའི་ཕྱིར། །བདག་ཉིད་བཞིན་དུ་ཀུན་ཏུ་སྤྱད། །ཕྱི་རོལ་ཆགས་ལ་སོགས་པ་དང་། །ནམ་ཡང་གང་དག་མི་གཙང་བར། །ཁྲོ་བོ་འཆོལ་བའི་གསང་སྔགས་ཀྱིས། །དེ་ཚེ་བསྲུང་བར་བྱ་བར་བཤད། །ན་མོ་བཛྲཱ་ཡ། ༀ་བཛྲ་ཀྲོ་དྷ་མ་ཧཱ་པ་ལ་ཧ་ན་ད་ཧ་པ་ཙ་བིདྷན་ས་ཡ་ཨུཙྪུཤྨ་ཀྲོ་དྷ་ཧཱུྃ་ཕཊ། ཁྲུས་བྱེད་ཚེ་ན་བགེགས་ཀྱི་དགྲས། །བསྲུང་བ་རྟག་ཏུ་བྱ་བར་བཤད། །ཟན་ཟའི་ཚེ་ན་བདག་པོས་བསྲུང་། །ཉལ་ཚེ་རིགས་ཀྱི་རིག་སྔགས་ཀྱིས། །རིགས་གསུམ་ལ་ཡང་རྟག་པར་ནི། །བགེགས་རྣམས་ཀུན་གྱིས་གླགས་གྱུར་ལ། །རིག་སྔགས་རྒྱལ་པོ་ཞེས་བྱ་བ། །དེས་ནི་བསྲུང་བ་བྱ་བར་བཤད། །བསྲུང་བའི་རིམ་པར་ཕྱེ་བའོ།། །།ༀ་ཨེ་ཀ་ཛྭ་ལ་བཛྲ་པཱ་ཎི་ཧཱུྃ། ས་མ་ཡ་མ་ནུ་སྨ་ར་ཧཱུྃ་ཕཊ་སྭཱ་ཧཱ། དེ་ལ་སོགས་པ་མ་ལུས་པ། །དེ་ལྟར་བསྲུང་བ་བྱས་ནས་ནི། །བདག་གི་ཡིད་ནི་མཉམ་བཞག་སྟེ། །བཟླས་བརྗོད་བྱ་བ་ཀུན་དུ་བརྩམ། །ཀུ་ཤ་སྔོན་པོའི་རྩྭ་སྟན་ནི། །འཕང་དུ་སོར་བཞི་ཡོད་པ་ལ། །མཉམ་ཞིང་ཞེང་དུ་མཐོ་གང་བ། །སྲིད་དུ་སོར་ནི་བཅུ་དྲུག་བྱ། །སྔོན་དུ་བསྙེན་པའི་བཟླས་བརྗོད་ཚེ། །དེ་དག་ཐམས་ཅད་བྱ་བར་གསུངས། །དེ་དག་མ་འབྱོར་ཀུ་ཤའི་རྩྭའམ། །ཡང་ན་འཇག་མ་སྔོན་པོའང་རུང་། །ལས་ཀྱི་བྱེ་བྲག་ཇི་ལྟ་བར། །ཤིང་ལས་བྱས་པའི་སྟན་ཡང་རུང་། །དེ་ཡི་ཚད་དུ་ལེགས་བཞོགས་པའི། །ཤིང་གི་ཁྲིའུའང་རབ་ཏུ་ཤིས། །འདབ་མ་གཙང་མ་དེ་དང་དེ། །ཁྱད་པར་དུ་ནི་ལས་ཀུན་ལ། །མན་ངག་བསྟན་པ་དེ་ཡིས་ནི། །ལོ་མའི་སྟན་ཡང་བཤད་པ་ཡིན། །མཆོག་ལ་སོགས་པའི་བྱེ་བྲག་གིས། །སྤྱི་ཡི་ལས་རྣམས་ཐམས་ཅད་དང་། །སྐྱིལ་ཀྲུང་བཀྲ་ཤིས་བཟང་པོ་སྟེ། །དེ་དག་འདུག་ཐབས་གསུམ་ཡིན་ནོ། །མཁས་པས་དེར་ཡང་འདུག་ནས་ནི། །མཆོད་པའི་ཆོ་ག་ལེགས་བྱས་ནས། །བློ་ཡིས་གུས་པ་རབ་བསྐྱེད་དེ། །བཅོམ་ལྡན་དེ་བཞིན་གཤེགས་པ་བསྟོད། །དེ་ནས་ཆོས་དང་དགེ་འདུན་ལ། །དེ་ནས་སྤྱན་རས་གཟིགས་དབང་ཕྱུག །དེ་ནས་རིག་པའི་རྒྱལ་པོ་ཆེ། །རྡོ་རྗེ་འཆང་བ་བསྟོད་པར་བྱ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་འགྱུར། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཐོབ་པ། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཅན། །རིག་སྔགས་རྒྱལ་པོ་དགེ་བ་དག །གདུལ་དཀའ་བ་དག་འདུལ་བ་པོ། །རྡོ་རྗེ་འཛིན་པ་ཕྱག་འཚལ་ལོ། །དེ་ལྟར་གུས་པར་ཐལ་སྦྱར་ནས། །རྒྱལ་སྲས་གཞན་ཡང་བསྟོད་པ་ནི། །བྱང་ཆུབ་སེམས་དཔའི་གཞུང་གིས་བསྟོད། །དེ་ནས་སྡིག་པ་སོ་སོར་བཤགས། །འཇིག་རྟེན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག །དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། །བདག་གིས་སྡིག་པ་གང་བགྱིས་དང་། །སྔོན་གྱི་ཚེ་རབས་གཞན་དག་དང་། །ཚེ་རབས་འདི་དང་འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང་། །ཁྲོ་བ་དག་གིས་འཁྲུགས་གྱུར་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ནམ། །བླ་མ་དག་དང་ཕ་མ་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། །སྦྱིན་གནས་གང་ཡང་རུང་བ་དང་། །དེ་ལ་གཞན་པའི་སེམས་ཅན་དག །ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་བགྱིས་དང་། །གང་ཡང་འགྱིད་དུ་སྩལ་བ་དང་། །གང་ཡང་ཅུང་ཟད་ཡི་རང་བ། །བག་མེད་པས་ནི་ཕྲ་མོ་ཡང་། །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློས་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་པ། །བདག་གིས་ད་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །སྐྱོ་བའི་ཡིད་དུ་གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ནོངས་པའི་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས་མི་དགེ་བགྱིས་པའི་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོང་མི་འགྱིད། །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་ཇི་སྲིད་འཚོ་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་པ། །གུས་པར་ཡང་དག་སྐྱབས་སུ་མཆི། །དེ་ཡི་ཡོན་ཏན་གུས་བསྒྲགས་ཏེ། །ས་ལ་མགོ་བོས་གཏུགས་ནས་ནི། །དཀོན་མཆོག་གསུམ་ལ་བློ་ཅན་གྱིས། །དེ་ལྟར་གུས་པས་སྐྱབས་སུ་འགྲོ། །དེ་ནས་མཆོག་གི་ས་བོན་གང་། །ཐར་པ་བདུད་རྩི་འབྲས་བུ་སྦྱིན། །ཤིན་ཏུ་བསྒོམས་ནས་མཆོག་གྱུར་པ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང་། །ངན་འགྲོ་རྣམས་ལས་བསྒྲལ་པ་དང་། །ཉོན་མོངས་རྣམས་ལས་དགྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོག་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལྟས་ཡོངས་སུ་བསྐྱབ་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང་། །སྡུག་བསྔལ་བདེ་བར་བྱེད་པ་དང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་རྣམས་གང་དང་གང་། །འདི་དང་གཞན་དུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་བའི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང་། །གང་ཡང་ཅུང་ཟད་བྱེད་འགྱུར་བ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང་། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང་། །བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ། །དེ་ནས་རྫོགས་པའི་བྱང་ཆུབ་སེམས། །ཆོ་ག་བཞིན་དུ་ཀུན་དུ་བསྐྱེད། །སེམས་ཅན་ཀུན་ལ་སྙིང་རྗེ་དང་། །བྱམས་པ་ཉེ་བར་གནས་པར་བྱ། །སེམས་ནི་ལེགས་པར་སྦྱང་བའི་ཕྱིར། །སྣ་ཚོགས་ཐབས་ཀྱིས་རྗེས་དྲན་དྲུག །ནང་གི་བདག་ཉིད་ཞི་བ་ཡིས། །བསམ་པ་གཅིག་ཏུ་བསྒོམ་པར་བྱ། །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པ་བཞག་ནས་ཡི་རང་ངོ་། །སེམས་ཅན་ཐམས་ཅད་བདེ་བ་དང་། །ཞི་ཞིང་ནད་ཀྱང་མེད་པར་ཤོག །བདག་ནི་བྱ་བ་ཀུན་ནུས་ཤིང་། །ཡོན་ཏན་དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་དང་། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེར་ལྡན་ཤོག །དེ་ནས་ཐལ་མོ་མཉམ་སྦྱར་ནས། །བླ་མ་ལ་ནི་ཕྱག་འཚལ་ནས། །རིག་སྔགས་རྒྱལ་པོ་དྲན་བྱས་ཏེ། །མཁས་པས་ཆོ་ག་འདི་དག་བྱ། །སྔགས་ཀྱི་ནོར་བུ་བླངས་ནས་ནི། །ལག་པའི་སྙིམ་པར་བཅུག་ནས་སུ། །རིག་སྔགས་རྒྱལ་པོ་ལན་ཅིག་བསམ། །དེ་ནས་གསང་སྔགས་འདི་བཟླས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་བཱ་ཱཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ༀ་ཀི་རི་ཀི་རི་ར་དྲི་ནི་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཨུདྦྷུ་ཏེ་བི་ཛ་ཡ་སིདྡྷི་སིདྡྷ་ར་ཏེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། ༀ་ཨ་མི་ཏ་ག་མེ། ཤྲི་ཡེ་ཤྲི་ཡ་ནི་ལི་སྭཱ་ཧཱ། པདྨའི་རིགས་ལའོ། །མཐེ་བོང་དང་ནི་སྲིན་ལག་གིས། །ལས་རྣམས་ཀུན་ལ་ནོར་བུ་དང་། །མཁས་པས་དྲག་པོའི་ལས་རྣམས་ལ། །མཛུབ་མོས་དྲང་བར་རབ་ཏུ་བསྒྲགས། །རྒྱལ་བའི་རིགས་ལ་བོ་དེ་ཙེ། །སྔགས་ཀྱི་ནོར་བུར་རབ་ཏུ་བསྒྲགས། །པདྨའི་རིགས་ལ་པདྨའི་སྙིང་། །རྡོ་རྗེའི་རིགས་ལ་རུ་དྲཱཀྵ། །རིགས་གསུམ་དག་ནི་ཐམས་ཅད་ལ། །ནོར་བུ་དེ་དག་རབ་ཏུ་བསྒྲགས། །བཟླས་བརྗོད་བྱེད་པའི་ལས་ཀུན་ལ། །དེ་དག་དགེ་ཞིང་མཆོག་ཏུ་བཤད། །ལུང་ཏང་ཏ་ལའི་འབྲས་བུ་དང་། །དུང་དང་ཁམ་པ་ལས་བྱུང་དང་། །ཤེལ་དང་མུ་ཏིག་བ་སོ་དང་། །དེ་བཞིན་བྱི་རུ་ནོར་བུ་དང་། །ས་བོན་རྣམས་པ་སྣ་ཚོགས་དང་། །ལྦུ་མ་དག་གི་ཕྲེང་བའང་རུང་། །སྔགས་ཕྱི་ནོར་བུ་དེ་དག་རྣམས། །ཆོ་ག་འདི་ལས་རབ་ཏུ་བསྒྲགས། །རིགས་དང་བྱེ་བྲག་ལ་སོགས་ལས། །གཅེས་ཤིང་ཁ་དོག་ཅི་ལྟ་བར། །མཁས་པས་འདི་ལྟར་རིག་པར་བྱ། །དྲག་ཤུལ་སྤྱོད་ལ་ཁྱད་པར་དུ། །རུས་པ་སྣ་ཚོགས་ཤིས་པ་ཡིས། །དེ་ནས་གསང་སྔགས་གཞན་གྱིས་ཀྱང་། །དངོས་གྲུབ་འདོད་པས་མངོན་པར་བསྔགས། །གཅིག་ནི་སྦྱང་བའི་གསང་སྔགས་ཏེ། །གཉིས་པ་འགྲུབ་ཕྱིར་ཤེས་པར་བྱ། །ༀ་ན་མོ་བྷ་ག་བ་ཏེ། སིདྡྷི་སཱ་དྷ་ཡ་སཱ་དྷ་ཧཱ། སིདྡྷཱརྠ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ། །ༀ་བ་སུ་མ་ཏི་ཤྲི་ཡེ་སྭཱ་ཧཱ། པདྨའི་རིགས་ལའོ། །ༀ་བཛྲ་ཨ་ཙི་ཏཉྫ་ཡེ་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །སྔགས་ཀྱི་ནོར་བུའི་རིག་སྔགས་རྣམས་སོ། །ཕྱག་རྒྱ་སྔགས་ཀྱི་ནོར་བུ་དག །ཆོ་ག་བཞིན་དུ་བླངས་ནས་ནི། །ནོར་བུ་སྙིང་གར་བཟུང་ནས་སུ། །བཟླས་བརྗོད་རབ་ཏུ་བརྩམ་པར་བྱ། །གུས་པས་དཀོན་མཆོག་གསུམ་པོ་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་ཚོགས་ནི་མཐའ་དག་ལ། །ཕྱག་བྱས་དེ་འོག་བཟླས་བརྗོད་བརྩམ། །ཡིད་ཀྱིས་གསང་སྔགས་ལྷ་རྣམས་ནི། །ཡང་ནས་ཡང་དུ་མངོན་བསམས་ཏེ། །རྟོག་པ་ངན་པ་རྣམས་བསལ་ནས། །མཁས་པས་བཟླས་བརྗོད་བརྩམ་པར་བྱ། །ཞི་བ་དང་ནི་རྒྱས་པ་ལ། །ༀ་དང་བཅས་ཤིང་ཕྱག་དང་བཅས། །ལྷག་པར་ཞི་བའི་སེམས་ཀྱིས་ནི། །བློ་ཡིས་བཟླས་བརྗོད་དལ་བུས་བྱ། །དྲག་ཤུལ་ཅན་གྱི་སེམས་ཀྱིས་ནི། །ཧཱུྃ་དང་བཅས་ཤིང་ཕཊ་དང་བཅས། །བཟླས་བརྗོད་གཞན་གྱིས་ཐོས་བྱ་བ། །དྲག་ཤུལ་སྤྱོད་པ་རབ་ཏུ་ཤིས། །མཁས་པས་གསང་སྔགས་ཡི་གེ་རྣམས། །བཅྭ་ལྔ་མན་ཆད་གྲངས་རྣམས་ལ། །སྤྱིར་ནི་ཡི་གེ་དུ་ཡོད་པ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་གཉིས་ལ། །བཟླས་བརྗོད་སུམ་འབུམ་བྱ་བར་བཤད། །དེ་བས་ཡི་གེ་མང་བ་ལ། །སྔོན་དུ་བསྙེན་པ་ཁྲི་བྱའོ། །རིགས་དང་ལས་དང་གསང་སྔགས་དག །མཁས་པས་ལེགས་པར་ཤེས་བྱས་ནས། །རྗེས་སུ་མཐུན་པའི་བརྩོན་པ་ཡིས། །སྔོན་དུ་བསྙེན་པ་བརྩམ་པར་བྱ། །ཤིན་ཏུ་མཆོག་གི་ལས་རྣམས་ནི། །བཟླས་བརྗོད་ཁྱད་པར་ཅན་གྱིས་འགྲུབ། །སྔོན་དུ་བསྙེན་པ་མེད་པར་ཡང་། །ལས་རྣམས་ཕལ་ནི་འགྲུབ་པར་འགྱུར། །གསང་སྔགས་དག་ནི་ཐམས་ཅད་ཀྱི། །དངོས་གྲུབ་རྣམས་ནི་ཐམས་ཅད་ལ། །ཐོག་མར་བཟླས་བརྗོད་བཅུ་ཆ་བྱ། །དེ་ནས་དེ་ལ་སྟ་གོན་གནས། །དེ་ལྟར་སྟ་གོན་གནས་བྱས་པས། །ལྷ་ཡང་སྟ་གོན་མཛད་གྱུར་ན། །དེ་ཚེ་ཟློས་བས་ཆོ་ག་བཞིན། །དེ་ཡི་འོག་ཏུ་བཟླས་བརྗོད་བརྩམ། །གང་ཞིག་མཚན་མའམ་ཚིག་གིས་ནི། །བཟླས་བརྗོད་བྱེད་པ་མི་བཞེད་ན། །བསྙེན་པ་ཡང་དང་ཡང་བྱས་ནས། །ལན་གསུམ་བར་དུ་སྟ་གོན་གནས། །རིག་སྔགས་བསྙེན་པས་མཉེས་གྱུར་ན། །ཟློས་པ་པོ་ལ་དགོངས་ནས་སུ། །གང་གིས་དང་པོར་བཀའ་སྩལ་པ། །དེ་དག་མྱུར་དུ་འགྲུབ་པར་འགྱུར། །ཟློས་པ་བློ་དང་ལྡན་པ་ཡིས། །ལན་གསུམ་སྟ་གོན་གནས་བྱས་ཀྱང་། །གང་དག་དགོངས་པ་མི་འཛིན་པའི། །ལྷ་དེ་ནམ་ཡང་མི་བཟླས་སོ། །གཙང་མའི་གནས་སུ་གཙང་སྦྲ་ཅན། །མཉམ་པར་བཞག་སྟེ་ལེགས་བདུག་ནས། །ཅི་སྲིད་ཡིད་ནི་མི་སྐྱོ་བར། །དེ་སྲིད་བར་དུ་བཟླས་བརྗོད་བྱ། །ཆོ་ག་བཤད་པ་ཐམས་ཅད་ལ། །ལུས་ཀྱི་གཙང་སྦྲ་བྱས་ནས་སུ། །སྔ་དྲོ་མེལ་ཚེ་ཐུན་གཅིག་དང་། །ཕྱི་དྲོ་མེལ་ཚེ་ཐུན་གཅག་བཟླས། །ཉི་མའི་གུང་ལ་ཐུན་ཕྱེད་དམ། །ཡང་ན་ཐུན་གྱི་སུམ་ཆ་བཟླས། །ཡང་ན་ཐུན་གྱི་བཞི་ཆའམ། །ཡང་ན་མཁས་པས་ཅུང་ཟད་བཟླས། །མཚན་མོ་སྲོད་དང་ཐོ་རངས་ལ། །མེལ་ཚེ་ཐུན་ནི་ཕྱེད་ཕྱེད་དུ། །གང་ཞིག་མཁས་པས་བཟླས་བྱས་པ། །དེ་ནི་ལྷག་པར་མཆོད་པར་འགྱུར། །དྲག་ཤུལ་སྤྱོད་པའི་ལས་ཀུན་དང་། །མི་སྣང་བ་ལ་སོགས་པ་དང་། །དུར་ཁྲོད་དག་གི་ལས་རྣམས་ལ། །རྟག་ཏུ་མཚན་མོ་བཟླས་པ་བཟང་། །ཉིན་པར་བཟླས་བརྗོད་གང་བཤད་པ། །དེ་དག་སྦྱིན་སྲེག་མཚན་མོ་བྱ། །མཚན་མོ་བཟླས་བརྗོད་གང་བཤད་པ། །དེ་དག་སྦྱིན་སྲེག་ཉིན་པར་བྱ། །གང་ཞིག་བཟླས་པའི་མཇུག་ཏུ་ནི། །སྦྱིན་སྲེག་བྱེད་པ་དེ་མཆོག་གོ། །གསང་སྔགས་ཀུན་ལ་དང་པོར་རམ། །བསྲེག་བྱ་ཡོང་ན་གཉིས་ཀར་བྱ། །མཁས་པས་གང་ཞིག་ཉིན་རེ་ཞིང་། །ཟས་ཀྱི་ཕུད་ལ་སྲེག་བྱེད་པ། །དེས་ནི་ཐ་མའམ་བར་དག་ཏུ། །ཁྱད་པར་མེད་པར་བྱ་བར་བཤད། །དེ་ལྟར་བྱས་ན་རིག་སྔགས་རྣམས། །ཕལ་ཆེར་ཡོངས་སུ་དགྱེས་པར་འགྱུར། །ཆོ་ག་འདི་དག་ཉིད་ཀྱིས་ནི། །སྦྱིན་སྲེག་བྱེད་པའི་བཟླས་བརྗོད་བཤད། །བཟླས་བརྗོད་བྱེད་པས་ཁྲོ་མི་བྱ། །ཡུལ་གྱི་བདག་ཉིད་དགའ་མི་བྱ། །ཞུམ་དང་མི་དགའ་འཇིགས་པ་དང་། །འཛུམས་དང་ང་རྒྱལ་ཡོངས་སུ་སྦང་། །ཟློས་ཚེ་ཅི་ཡང་མི་སྨྲ་ཞིང་། །ཡན་ལག་འགྱུར་པར་མི་བྱའོ། །ཀུན་རྟོག་རླུང་གིས་བསྐྱོད་ནས་ནི། །ཅི་ཡང་རུང་བ་མི་བསམ་མོ། །ཟློས་པོ་བཟླས་བརྗོད་བྱེད་པའི་ཚེ། །རིག་སྔགས་ལྷ་ནི་མ་གཏོགས་པ། །བསྒོམ་པ་མཆོག་ཏུ་གྱུར་པ་དང་། །རྣམ་རྟོག་བཟུང་ནས་མི་བསམ་མོ། །ཟློས་པོས་བཟླས་བརྗོད་ཟིན་པ་དང་། །རིགས་ཀྱི་བདག་པོའི་གསང་སྔགས་སམ། །རིགས་ཀྱི་ལྷ་མོ་གང་ཡིན་པ། །དེ་དག་བཟླས་ཏེ་བསྲུང་བ་བྱ། །བཟླས་བརྗོད་གྲངས་བཞིན་བྱས་པའམ། །ཡང་ན་ལྷག་པར་བྱས་ཀྱང་རུང་། །གསོལ་བ་གདབ་པའི་ཚུལ་གྱིས་སུ། །དེ་ནི་གུས་པར་དབུལ་བར་བྱ། །མཁས་པས་རིག་སྔགས་ཟློས་པའི་ཚེ། །སྦྲིད་པ་ལུད་པ་ལ་སོགས་བྱུང་། །ཉེ་རེག་བྱས་ཏེ་ཕྱག་འཚལ་ཏེ། །གཞི་ནས་ཀུན་དུ་བརྩམ་པར་བྱ། །བཟླས་བརྗོད་ཀྱི་ནི་བགེགས་རྣམས་དང་། །མཁས་པས་བཟླས་བརྗོད་སྐྱོན་རྣམས་ལ། །སླར་ཡང་གྲངས་ཀྱི་ཐོག་མ་ནས། །ཀུན་དུ་བརྩམ་པར་བྱ་བར་བཤད། །སྔགས་ཀྱི་ནོར་བུའི་ཐོག་མ་དང་། །ཐ་མར་རྟག་ཏུ་སྒྲུབ་པ་པོས། །གུས་པར་གསང་སྔགས་ལྷ་དག་ལ། །བློ་དང་ལྡན་པས་ཕྱག་བྱའོ། །སྔགས་ཀྱི་ནོར་བུ་རྫོགས་པའི་ཚེ། །རི་མོའི་གཟུགས་སམ་སྐུ་གཟུགས་སམ། །མཆོད་རྟེན་དག་གམ་དེའི་གདན་རྣམས། །མིག་གིས་ཀུན་དུ་བལྟ་བར་བྱ། །བཟླས་པས་ངལ་ན་ཡང་དང་ཡང་། །བསམ་གཏན་ལམ་གྱི་མན་ངག་དང་། །ཐབས་ནི་རྣམ་པ་ཐ་དད་པས། །བློ་ཅན་སེམས་ནི་སྤྲོ་བ་བསྐྱེད། །བློ་ལ་སྐྱོན་མེད་བྱས་ནས་ནི། །གསང་སྔགས་ཡི་གེ་དག་པ་ལ། །མཉམ་པར་བཞག་སྟེ་རྩེ་གཅིག་ཏུ། །བཟླས་བརྗོད་དུས་གསུམ་དག་ཏུ་བྱ། །མཁས་པས་དུས་གསུམ་ཁོ་ནར་ཡང་། །ཁྲུས་བྱས་ནས་ནི་བཟླས་བརྗོད་བྱ། །མཆོད་པ་ལ་སོགས་ཆོ་ག་ཀུན། །དུས་གསུམ་དག་ཏུ་བྱ་བར་བཤད། །དུས་གསུམ་དག་ཏུ་སྔགས་པ་ཡིས། །གོས་ནི་རྣམ་པ་གསུམ་པོ་དག །བཀྲུ་བའམ་བདུག་པར་བྱ་བའམ། །ཡང་ན་བསང་གཏོར་དག་ཀྱང་བྱ། །ཉལ་དང་ཁྲུས་བྱེད་མ་གཏོགས་པར། །སྔགས་པས་མཐང་གོས་མི་སྦང་ཞིང་། །དཀར་ལ་ཤིན་ཏུ་འཇམ་པོ་དེ། །ཉིན་རེ་བཞིན་དུ་བཀྲུ་བར་བྱ། །ལྷ་ལ་དགོས་པའི་སྣོད་རྣམས་ཀྱང་། །ཉིན་རེ་ལན་རེ་བཀྲུ་བར་བྱ། །མེ་ཏོག་རྙིང་པ་དུས་གསུམ་དུ། །རྟག་པར་ཡང་ནི་ཕྱག་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱི། །གླེགས་བམ་མཇུག་ཏུ་བཀླག་པ་དང་། །མཆོད་རྟེན་དག་དང་དཀྱིལ་འཁོར་ཡང་། །དུས་གསུམ་དག་ཏུ་དེ་བཞིན་བྱ། །སྔོན་དུ་བསྙེན་པའི་བཟླས་བརྗོད་དག །དང་པོར་གྲངས་བཞིན་ཚང་བ་ལས། །མི་ནུས་ན་ནི་དུས་གཅིག་གམ། །དུས་གཉིས་སུ་ནི་ཆོ་ག་བསྒོམ། །གང་ཡང་བགེགས་ཀྱིས་བརླམས་པ་དང་། །ནད་རྣམས་ཀྱིས་ནི་གཟིར་བའམ། །ལྷོད་པ་དང་ནི་བག་མེད་པའམ། །ལུས་དང་སེམས་ནི་སྐྱོ་བའམ། །ཆོ་ག་ཅི་སྐད་བཤད་པ་དག །བཤད་པའི་དུས་ལས་འདས་པ་དང་། །མ་བསྡམས་པ་དང་མི་གཙང་བས། །གང་དག་བཟླས་བརྗོད་བྱེད་པ་ནི། །བཟླས་པའི་གྲངས་ནི་བཤད་པ་ལ། །མཁས་པས་དེ་དག་མི་སྦྱར་གྱི། །ཆོ་ག་བཞིན་དུ་བཟླས་པ་དང་། །མཉམ་གཞག་བཟླས་བརྗོད་དེ་དང་སྦྱར། །སྦྱིན་སྲེག་ལས་ཀྱི་གྲངས་རྣམས་དང་། །སྤྱན་དྲང་བ་ཡི་ཆོ་ག་ལ། །སྔགས་ཀྱི་ནོར་བུ་མ་རྫོགས་པ། །བཟླས་བརྗོད་གྲངས་སུ་མི་གཞུག་གོ། །དཀྱིལ་འཁོར་དག་ཏུ་ཆོ་ག་བཞིན། །གང་གིས་གསང་སྔགས་སྟོང་བཟླས་དང་། །ཉི་མ་ཟླ་བ་གཟས་ཟིན་ཚེ། །བསྙེན་པ་དེ་ནི་ཐེ་ཚོམ་མེད། །གཙུག་ཏོར་ཅན་གྱི་གནས་ཀུན་དང་། །མཆོད་རྟེན་ཆེན་པོ་དག་དང་ནི། །ཆོ་འཕྲུལ་ཆེན་པོའི་ཟླ་ཕྱེད་ལ། །བཟླས་པ་དེ་ནི་མཆོག་ཏུ་བཤད། །བླ་མ་མགུ་བར་གྱུར་པ་ཡས། །རིག་སྔགས་བཟླས་པ་གང་ཐོབ་དང་། །གང་ཡང་ཉིད་ཀྱིས་བཀའ་སྩལ་པ། །དེ་དག་མྱུར་དུ་འགྲུབ་པར་འགྱུར། །གང་ཡང་གནས་ཡུལ་ཡོན་ཏན་ཅན། །མཆོད་སོགས་ཁྱད་པར་ཅན་དག་དང་། །རང་གི་སེམས་ནི་དང་བ་ལས། །རིག་པ་མྱུར་དུ་བཀའ་སྩོལ་ཏེ། །མྱུར་དུ་འགྲུབ་ཀྱང་མི་ཐོགས་པར། །ངེས་པར་ཉམས་པར་འགྱུར་ཞེས་གསུངས། །དེ་བས་བསྙེན་པ་རྫོགས་བྱས་ནས། །དངོས་གྲུབ་ཕྱིར་ནི་འབད་པར་བྱ། །བསྙེན་པའི་ཚེ་ནི་ཅི་རིགས་པར། །དངོས་གྲུབ་ཕྱིར་ནི་ལྷ་རྣམས་ལ། །ལྷ་ཁང་གི་ནི་ཕྱི་རོལ་དུ། །དུས་མཚམས་དག་ལ་མཆོད་པར་བྱ། །དུས་མཚམས་དག་ལ་རིག་སྔགས་རྣམས། །བྱེ་བྲག་ཏུ་ནི་མཆོད་པར་བྱ། །རྟག་ཏུ་དགེ་བའི་ཕྱོགས་རྣམས་དང་། །དེ་བཞིན་དུ་ནི་སྡོམ་པ་གཟུང་། །བུམ་པ་བཀྲ་ཤིས་ལྡན་པ་ལ། །སྦོས་ཀྱི་ཆུ་ལ་སོགས་པས་བཀང་། །རྡོ་རྗེ་ཁྲོ་བོས་མངོན་བསྔགས་ཏེ། །དབང་བསྐུར་དོན་དུ་སྦྱར་བར་བྱ། །དེ་མ་འབྱོར་ན་མཆོད་ཡོན་སྣོད། །མེ་ཏོག་རྣམས་དང་ཆུས་བཀང་སྟེ། །བགེགས་རྣམས་རྣམ་པར་བསལ་བའི་ཕྱིར། །དབང་བསྐུར་དེ་ནི་ཉེ་བར་སྦྱར། །བྱེ་བྲག་ཏུ་ནི་ལྷ་བཤོས་དབུལ། །བྱེ་བྲག་ཏུ་ནི་སྦྱིན་སྲེག་བྱེ། །མར་མེའི་ཆོ་ག་བྱེ་བྲག་ཏུ། །ས་ཡི་བྱི་དོར་དེ་བཞིན་བྱ། །གལ་ཏེ་ཟློས་ཚེ་གློ་བུར་དུ། །སྣ་ཚོགས་པ་ཡི་འོད་བྱུང་ན། །དེ་ཚེ་དངོས་གྲུབ་མྱུར་བར་ངེས། །བཀྲེས་པས་ཅུང་ཞིག་ནད་ལས་ཐར། །ཤེས་པ་ཁྱད་པར་ཅན་ཡང་འབྱུང་། །ལྷག་པར་གཟི་མདངས་ཆེ་བསྟན་པ། །གསང་སྔགས་བཟླས་པའི་མཚན་ཉིད་ཡིན། །མཚན་མོ་རྨི་ལམ་དགེ་བ་དང་། །བདེན་པ་རྣམས་ནི་མཐོང་བ་དང་། །བཟླས་བརྗོད་བྱེད་ལ་དགའ་བ་ནི། །གསང་སྔགས་བཟླས་པའི་མཚན་ཉིད་ཡིན། །ངལ་བ་ཆུང་ཞིང་དྲི་ཞིམ་དང་། །གཏོང་ཕོད་ཡོན་ཏན་ལྷུར་ལེན་ཅིང་། །ལྷ་ལ་ལྷག་པར་གུས་པ་ནི། །གསང་སྔགས་བཟླས་པའི་མཚན་ཉིད་ཡིན། །གསང་སྔགས་བཟླས་པའི་རྗེས་ལ་ཡང་། །བྱེ་བྲག་ཏུ་ནི་མཆོད་པ་བྱ། །ལྷ་རྣམས་ལ་ནི་ཅི་རིགས་པར། །སྦྱིན་སྲེག་དག་ཀྱང་བརྩམ་པར་བྱ། །བསྙེན་པ་ཚུལ་བཞིན་རྫོགས་བྱས་ནས། །རིག་སྔགས་བསྒྲུབ་པར་བྱ་བའི་ཕྱིར། །མཁས་པས་ཇི་ལྟར་མཐོང་བ་བཞིན། །སྟ་གོན་གནས་པ་རབ་ཏུ་བྱ། །གནས་གཅིག་ཏུ་ནི་ཕྱེད་བཟླས་ནས། །གང་ཞིག་གཞན་ལ་བཟླས་བྱས་པ། །བཟླས་པ་ཐམས་ཅད་རྫོགས་གྱུར་ཀྱང་། །དེ་དག་ཐམས་ཅད་དོན་མེད་འགྱུར། །དེ་ལྟའི་གླགས་ལ་ཆོ་ག་བཞིན། །ཚིག་འབུམ་ལྷག་པར་བཟླས་བརྗོད་བྱ། །བདག་པོས་སྟོང་དུ་བཟླས་བྱའམ། །ཡང་ན་བསྙེན་པ་སླར་བརྩམ་མོ། །བག་མེད་པས་ནི་ལན་འགའ་ཞིག །གསང་སྔགས་ལྷ་གཞན་བཟླས་བྱས་ན། །ཡིད་ཀྱིས་གསོལ་བ་གུས་བྱས་ནས། །བཟླས་བརྗོད་སླར་ཡང་བརྩམ་པར་བྱ། །མི་གཙང་ཆོ་ག་མི་ལྡན་པས། །རིག་སྔགས་བག་མེད་བཟླས་གྱུར་ན། །དེ་ལ་རིག་སྔགས་བདག་པོའི་སྔགས། །ལན་བདུན་ཡོངས་སུ་བཟླས་བརྗོད་བྱ། །ཟློས་པོས་ཟླ་བ་ཕྱེད་ཕྱེད་ཅིང་། །ཉིན་ཞག་གཅིག་ཏུ་སྨྱུང་བྱས་ནས། །ཟླ་ཕྱེད་མཚམས་སུ་བ་ཡི་ལྔ། །བརྒྱ་རྩ་བརྒྱད་དུ་བཟླས་པ་བཏུང་། །དེས་ནི་གསང་སྔགས་ཟློས་པ་པོ། །ཟླ་ཕྱེད་དག་ཏུ་དགའ་འགྱུར་ཞིང་། །བཟའ་བ་མིན་སོགས་གང་ཟོས་པ། །དེ་དག་ཐམས་ཅད་རྣམ་པར་སྦང་། །ན་མོ་བྷ་ག་བ་ཏེ་ཨུཥྞཱི་ཥཱ་ཡ། ༀ་བི་ཤུདྡྷེ་བི་ར་ཛེ་ཤི་བེ་ཤཱནྟི་ཀ་རི་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ། །ༀ་ཡ་ཤོ་ཛེ་སྭཱ་ཧཱ། པདྨའི་རིགས་ལའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་ཎྜ་བཛྲ་བཱ་ཎ་ཡ། མ་ཧཱ་ཡཀྵ་སེནཱ་པ་ཏ་ཡེ། ༀ་ཤི་ཁི་ཤི་ཁི་ནི་ར་མ་ལེ་པྲ་བྷེ། པྲ་བྷ་སཱ་རེ། ཏེ་ཛེ་ཏེཛེ་བ་ཏི་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །དམར་སེར་བ་ཡི་འོ་མ་དང་། །བ་ཡི་ཞོ་དང་བ་ཡི་མར། །བ་གཅིན་པ་ཡི་ལྕི་བ་རྣམས། །སོ་སོར་མངོན་པར་བསྔགས་པ་དང་། །ཀུ་ཤ་ལན་བརྒྱར་བསྔགས་པ་ཡི། །ཀུ་ཤའི་ཆུན་དང་ལྡན་བྱས་ཏེ། །ཤར་བལྟས་མེ་སྨྲ་ཙོག་ཙོག་པོར། །འདུག་ནས་འབྲིང་ལ་སྲང་གསུམ་ཙམ། །བ་ལ་ཤ་ཡི་ལོ་མར་བཏུང་། །ཡང་ན་མཆོད་ཡོན་སྣོད་བཤད་པ། །གང་ཡང་རུང་བ་ཅིག་ཏུ་བཏུང་། །དེ་ནི་དེ་ཡི་ཆོ་གར་བསྟན། །ཟློས་ཚེ་གལ་ཏེ་གློ་བུར་དུ། །ཅུང་ཟད་བྱའམ་མི་བྱ་ལ། །ལྷ་ཉིད་ཀྱིས་ནི་བཀའ་སྩལ་ན། །བློ་དང་ལྡན་པས་དེ་དག་བརྟག །བསྲུང་བ་བྱས་ཏེ་བརྟགས་ནས་སུ། །བྱ་བ་མིན་པ་དེ་མི་བྱ། །བཀའ་ལུང་རིགས་པར་གང་སྩལ་བ། །དེ་དག་དངོས་གྲུབ་འདོད་པས་བྱ། །ཟློས་པ་རྨི་ལམ་ངན་མཐོང་ན། །རིགས་ཀྱི་བདག་པོ་བརྒྱ་བཟླས་སོ། །དེ་ཡི་ཉིན་པར་དེ་མ་བཟླས། །བཟླས་བརྗོད་གྲངས་སུ་མི་གཞུག་གོ། །གྲངས་ཀྱི་བཟླས་བརྗོད་ཐམས་ཅད་ལ། །ལྷག་པར་གྱུར་ལ་ཉེས་པ་མེད། །དེར་ནི་དེ་ཡིས་མི་འགྲུབ་ལ། །གྲངས་སྐོངས་བ་ལ་མི་ཕན་ནོ། །མདོར་ན་ཟློས་བ་པོ་རྣམས་ཀྱིས། །བཟླས་བརྗོད་ཆོ་ག་གང་གསུངས་པ། །ཆོ་ག་དེ་དག་ཉིད་ཀྱིས་ནི། །རིག་སྔགས་བསྙེན་ནས་འགྲུབ་པར་འགྱུར། །བཟླས་བརྗོད་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་ཟློས་པ་པོའི། །གསང་སྔགས་ལྷ་ནི་གང་ཞིག་གིས། །མྱུར་དུ་མཉེས་པར་འགྱུར་བ་ཡི། །ཚིམ་པར་བྱ་བའི་ཆོ་ག་བཤད། །དུས་མཚམས་དག་གམ་ཚེས་གཞན་ལ། །ཁྲུས་རྫིང་བཟང་པོས་ཁྱད་པར་དུ། །མགོ་ལ་སོགས་པ་བཀྲུས་ནས་སུ། །དང་པོ་མཆོད་པའི་ཆོ་ག་བྱ། །ཡིད་ལ་གསང་སྔགས་བརྗོད་ནས་སུ། །སྣ་མའི་མེ་ཏོག་བརྒྱ་ལ་ནི། །རེ་རེ་ལ་ཡང་མངོན་བསྔགས་ཏེ། །བློ་དང་ལྡན་པས་རིགས་གསུམ་མཆོད། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་བདུན་རིམ་བཞིན་དུ། །གསང་སྔགས་ཡི་གེ་རྗེས་མཐུན་པར། །ལྷ་རྣམས་ལ་ནི་མངོན་པར་མཆོད། །དེ་ནས་དྲི་ལ་སོགས་པ་དང་། །དྲི་ཞིམ་བསྒོས་པའི་བདུག་སྤོས་གསོལ། །ལྷ་བཤོས་ཅི་སྐད་བསྟན་པ་དབུལ། །ཞོ་དང་བུ་རམ་བྱེ་བྲག་ཏུའོ། །ཚུལ་བཞིན་སྦྱིན་སྲེག་ལས་བྱས་ཏེ། །ཡམ་སྲེག་ཤིང་གིས་མེ་བུས་ལ། །མཆོད་སྦྱིན་གྱིས་ནི་ཡམ་སྲེག་ཤིང་། །མར་ལ་བཏགས་པ་དང་པོར་བརྒྱ། །དེ་ནས་ཏིལ་དང་ཞོ་དང་མར། །སྦྲང་རྩི་བསྲེས་པ་བརྒྱ་ལྷག་དབུལ། །དེ་ནས་མར་དང་ཞོ་སྦྱར་བའི། །སཱ་ལུའི་འབྲས་ཆན་སྲེག་བླུགས་བརྒྱ། །བ་ཡི་འོ་མ་ཟས་མཆོག་དང་། །མར་བཅས་སྲེག་བླུགས་བརྒྱ་ཕུལ་ཏེ། །མཇུག་ཏུ་མཆོད་ཡོན་བཀང་ནས་སུ། །ལན་བརྒྱར་བཟླས་ཏེ་དབུལ་བར་བྱ། །ཆོ་ག་དེ་ལྟར་ཉིན་གཅིག་གམ། །བདུན་ནམ་ཉི་ཤུ་རྩ་གཅིག་གམ། །ཡང་ན་ཉིན་གསུམ་དུས་གསུམ་དུ། །ཡང་ན་ཉི་མ་ལྔར་བྱས་ནས། །རིག་སྔགས་བཅད་དམ་ཕྲལ་བའམ། །བགག་པའམ་ཕུར་བུས་བཏབ་པའམ། །བྲི་བ་དང་ནི་ལྷག་པའང་རུང་། །བགག་བའམ་ཕུར་བུས་བཏབ་པའམ། །གཟིར་བ་ལྷག་པར་ཚིམ་པར་འགྱུར། །སྦྱིན་སྲེག་ཡན་ལག་དེ་རྣམས་ལས། །གཅིག་གིས་ཉིན་མཚམས་བསྲེག་བྱིན་ན། །ཞག་གསུམ་གྱིས་ནི་ཚིམ་འགྱུར་ཏེ། །ལྷ་རྣམས་རབ་ཏུ་དགྱེས་པར་འགྱུར། །སྤོས་ལ་གཟུགས་བརྙན་ལེགས་བྱས་ཏེ། །མེ་ཏོག་མ་ཏ་ལི་ཡིས་མཆོད། །དུས་གསུམ་བཟླས་བརྗོད་བརྒྱ་བྱས་ཏེ། །མཇུག་ཏུ་ཤིང་གི་ཐང་ཆུས་བདུག །པདྨ་ལ་སོགས་འོ་མ་ལ། །བཞག་སྟེ་མཚན་མོ་རབ་མཆོད་དེ། །ནང་བར་མཆོད་ཅིང་བཟླས་བརྗོད་ནས། །ཆུ་ཀླུང་ཆེན་པོར་བསྐུར་བར་བྱ། །ཆོ་ག་འདི་དག་བྱས་པ་ཡིས། །ལྷ་རྣམས་ཡོངས་སུ་དགྱེས་པར་འགྱུར། །དགྱེས་པར་གྱུར་ནས་དངོས་གྲུབ་ནི། །ཆེན་པོ་མྱུར་དུ་སྩོལ་བར་མཛད། །ལྷ་ཚིམ་པར་བྱ་བའི་ཆོ་ག་རིམ་པར་ཕྱེ་བའོ།། །།གསེར་རམ་དབུལ་ལམ་ཟངས་ཀྱིའམ། །ཁམ་པའི་བུམ་པ་སར་པ་ལ། །མེ་ཏོག་རིན་ཆེན་འབྲས་བུ་རྩྭ། །འབྲུ་དང་སྤོས་ཀྱི་ཆུས་བཀང་ནས། །མགུལ་བར་རས་ནི་སར་པས་བཅིང་། །ལྡུམ་བུ་སར་པས་ཁ་བརྒྱན་ཏེ། །རང་གི་རིག་སྔགས་བདག་པོའམ། །ཡང་ན་རིགས་ཀྱི་རིག་སྔགས་ཀྱིས། །ལན་བརྒྱར་བཟླས་ནས་དང་པོ་དེས། །ལྷ་ཉིད་མངོན་པར་དབང་བསྐུར་རོ། །གསེར་ལ་སོགས་པའི་གཟུགས་བརྙན་ལ། །རྒྱན་ཕྲེང་ན་བཟའ་ལེགས་བརྒྱན་ཏེ། །རིག་སྔགས་ཁྲི་ལ་བཞག་ནས་སུ། །དབང་བསྐུར་ཕྱིར་ནི་མཆོད་པ་བྱ། །མེ་ཏོག་སོགས་པས་མཆོད་བྱས་ཏེ། །བཟླས་བརྗོད་སྦྱིན་སྲེག་དག་གིས་མཆོད། །ཆོ་ག་འདིས་ནི་རིག་སྔགས་དག །མཐུ་ནི་རབ་ཏུ་ཆེ་བར་འགྱུར། །རིག་སྔགས་མཐུ་དང་ལྡན་གྱུར་ན། །དངོས་གྲུབ་ཆེན་པོ་མྱུར་དུ་སྩོལ། །དུས་མཚམས་དག་ལ་རིག་སྔགས་རྣམས། །སྤྱན་དྲང་མཆོད་པ་བྱས་ནས་ནི། །མཆོད་ཡོན་མངོན་པར་བསྔགས་པ་ཡིས། །དབང་བསྐུར་བ་ཡང་བྱ་བར་བཤད། །ཉིན་རེ་ཁྲུས་བྱེད་ཚེ་ན་ཡང་། །དབང་བསྐུར་ཕྱིར་ནི་གུས་པ་རུ། །བློ་དང་ལྡན་པས་སྙིམ་པའི་ཆུ། །བདུན་ནམ་ཡང་ན་གསུམ་གྱིས་བྱ། །མར་དང་འོ་མ་ལ་སོགས་པས། །དབང་བསྐུར་ཕྱིར་ནི་ལེགས་བཀྲུས་ནས། །རིག་སྔགས་གཟིར་བ་རྒྱས་གྱུར་ཅིང་། །འདིས་ནི་ལྷག་པར་ཚིམ་པར་འགྱུར། །ལྷ་དབང་བསྐུར་བའི་ཆོ་ག་རིམ་པར་ཕྱེ་བའོ།། །།དུས་མཚམས་དག་ལ་སྨྱུང་བྱས་ནས། །ནུབ་གཅིག་གམ་ནི་ནུབ་གསུམ་དུ། །གཙང་ཞིང་གོས་དཀར་གསར་བགོས་ཏེ། །ཟློས་པ་སྟ་གོན་གནས་པར་བྱ། །དུས་མཚམས་མིན་ཡང་དགོས་ཡོད་ན། །ཡར་གྱི་ངོ་ཡི་ཚེས་བཟང་ལ། །ཞི་བའི་མཆོག་གི་གསང་སྔགས་ཀྱིས། །སྟ་གོན་གནས་པར་རབ་ཏུ་བྱ། །སྐྱུ་རུ་ར་སོགས་ཁྲུས་རྩི་དང་། །དྲི་ཞིམ་སྤོས་ཆུས་ཁྲུས་བྱས་ཏེ། །ཉེ་རེག་བྱས་ནས་སྲོད་ལ་ནི། །སངས་རྒྱས་སྤྱན་དྲང་མཆོད་པ་བྱ། །དེ་ནས་ལྷག་པར་མངོན་བསྔགས་པའི། །མཆོད་ཡོན་ཆོ་ག་བཞིན་དུ་དབུལ། །དེ་ནས་ཙནྡན་དཀར་པོ་དང་། །སྣ་མའི་མེ་ཏོག་ཁ་འབུས་དང་། །མ་ལ་ཏ་ཡི་ཕྲེང་བ་ལ། །བདུག་པས་བདུགས་ལ་མཆོད་པ་བྱ། །གཏོར་མ་མང་ཞིང་བཟང་བ་དང་། །ཞོ་དང་བཅས་པ་དབུལ་བར་བྱ། །དེ་ནས་མར་གྱི་སྦྱིན་སྲེག་ནི། །ཚུལ་བཞིན་བརྒྱ་རྩ་བརྒྱད་བྱས་ཏེ། །གསང་སྔགས་ལས་དང་རྗེས་མཐུན་པར། །ས་རྫ་ར་སའི་སྲེག་བླུགས་དབུལ། །བུ་མོས་བཀལ་བའི་སྐུད་པ་ལ། །མདུད་པ་བདུན་པོར་ལན་བདུན་བསྔགས། །དཔུང་པ་གཡོན་པ་ལ་བཅིངས་ལ། །ཀུ་ཤའི་ལོ་མ་བཏིང་པ་ལ། །དེ་ཉིད་ཀྱིས་ནི་གློ་ཕབ་སྟེ། །བཀའ་ལུང་གསོལ་བ་བཏབ་ནས་ནི། །རང་གི་ལྷ་ཡི་ཚུལ་འདྲ་བར། །སེམས་ཀྱིས་ལེགས་པར་བསམ་བྱས་ཏེ། །ཡིད་ལ་གསང་སྔགས་འདོན་བཞིན་དུ། །ཀུ་ཤས་ར་པ་ཁྲེས་ཀྱི་སྔས། །མེ་ཏོག་མང་པོས་བཀླུབས་པ་ལ། །ཅི་ལྟར་བདེ་བར་ཉལ་བར་བྱ། །གལ་ཏེ་གཉིད་ལོག་རྨི་ལམ་ན། །བསྟན་པར་གཏོགས་པའི་ལྷ་མཐོང་ངམ། །སོ་སོར་རིག་པའི་གཟུགས་དག་གམ། །ཡང་ན་རིག་སྔགས་བདག་པོའང་རུང་། །དཀོན་མཆོག་གསུམ་ལས་གཅིག་ཙམ་མམ། །དེ་དག་ལ་ནི་མཆོད་པ་སོགས། །རྒྱལ་སྲས་རྫུ་འཕྲུལ་ཆེན་པོའམ། །འཁོར་ནི་རྣམ་པ་བཞི་རྣམས་སམ། །བདག་ཉིད་ཆོ་ག་སྤྱོད་པའམ། །ཡང་ན་གོས་ཀྱིས་སྤུད་པ་དག །མཐོང་ན་དངོས་གྲུབ་ཉེར་འགྱུར་བར། །སྒྲུབ་པ་པོས་ནི་ཤེས་པར་བྱ། །རི་དང་གླང་པོ་འབབ་ཆུ་དང་། །རྒྱ་མཚོ་དང་ནི་འབྲས་བུ་ཤིང་། །ངང་མོ་ལ་སོགས་བྱ་རྣམས་དང་། །སེང་གེ་ལ་སོགས་རི་དྭགས་སོགས། །ཁྱུ་མཆོག་བཀྲ་ཤིས་རྟ་ལ་སོགས། །བུ་མོ་བཟང་མོ་བརྒྱན་པ་དང་། །བུམ་པ་ལ་སོགས་བཀྲ་ཤིས་པ། །རྣམ་པ་སྣ་ཚོགས་གཡས་ནའོ། །ནོར་དང་གོས་རྣམས་རྙེད་པ་དང་། །དེ་ལ་སོགས་པ་རྣམས་དག་པའི། །རྨི་ལམ་བཟང་པོ་མཐོང་ན་ནི། །བློ་ཅན་འགྲུབ་པར་ཤེས་པར་བྱ། །ཞོ་དང་འོ་མ་འབྲས་ཡོས་མར། །མེ་ཏོག་འབྲས་བུ་རྩ་བ་དང་། །ཡང་ན་གྲུབ་པའི་རྫས་ཀྱང་རུང་། །རྨི་ལམ་དག་ན་རྙེད་པའམ། །དེ་འདྲའི་རྣམ་པ་མཐོང་གྱུར་ན། །རིག་སྔགས་འགྲུབ་པར་གསུངས་པས་ན། །དེ་ནས་བློ་དང་ལྡན་པ་ཡིས། །བསྙེན་པའམ་སྒྲུབ་པའི་ལས་རྣམས་བརྩམ། །གལ་ཏེ་སྔགས་ཀྱི་ནོར་བུའམ། །སྒྲུབ་པའི་རྫས་རྣམས་ཐོབ་ན་ནི། །དེ་ནས་བསྙེན་བའམ་སྒྲུབ་པ་ཡི། །ལས་རྣམས་མྱུར་དུ་བརྩམ་པར་བྱ། །གོས་དང་ཁྲུས་དང་རྒྱན་དག་གིས། །བདག་ཉིད་བརྒྱན་པ་མཐོང་ན་ནི། །དེ་ཚེ་བསྙེན་པའམ་སྒྲུབ་པ་ཡི། །ལས་རྣམས་རབ་ཏུ་བརྩམ་པར་བྱ། །རང་གི་རིག་སྔགས་ཚུལ་བཞིན་དུ། །མཆོད་པ་བྱས་ནས་རིགས་ཡུམ་གྱིས། །སྣ་མའི་མེ་ཏོག་བརྒྱ་དག་དང་། །རས་ཟུང་དག་གིས་མཆོད་པར་བྱ། །ཙནྡན་གྱི་ནི་བདུག་སྦོས་ཀྱིས། །ལན་བརྒྱད་ཉིན་དུ་བདུགས་ནས་ནི། །དེ་ནས་ལྷ་ཉིད་རྨི་ལམ་དུ། །ཅི་རིགས་པར་ནི་བཀའ་ལན་སྩོལ། །ཨུ་ཤི་ར་ཡི་གཟུགས་བརྙན་ནི། །གྲོག་མཁར་ས་ཡི་སྣོད་དུ་བཞག །མཆོད་ཅིང་ཡོངས་སུ་ཚིམ་བྱས་ནས། །ལན་བརྒྱད་དག་ཏུ་མངོན་པར་བསྔགས། །དེ་ནི་འོ་མའི་ནང་དུའམ། །ཡང་ན་སྦྲང་རྩིའི་ནང་དུ་གཞུག །དུས་གསུམ་དག་ཏུ་ལེགས་མཆོད་ནས། །སྲོད་ལ་ཡང་ནི་གསོལ་བ་གདབ། །རྣམ་པ་འདི་དག་ཉིད་ཀྱིས་ཀྱང་། །ཡོངས་སུ་དགྱེས་བ་སྐྱེས་གྱུར་ནས། །དེ་ལྟར་བྱའམ་མི་བྱ་བ། །ལྷ་ཉིད་བཀའ་ལན་གསོལ་བར་མཛད། །སྨྱུང་བྱས་འདོད་པའི་དུས་མཚམས་ལ། །རིག་སྔགས་ཆོ་ག་བཞིན་མཆོད་ལ། །ཐང་ཆུ་རྣམ་པ་བདུན་དག་དང་། །ཤིང་གི་སྙིང་པོ་རྣམ་པ་ལྔས། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱ་བ། །ཡང་ན་བཟླས་བརྗོད་གྲངས་དག་གིས། །བྱས་ན་རིག་སྔགས་ཉིད་ཀྱིས་ནི། །མྱུར་བ་ཉིད་དུ་བཀའ་སྩོལ་ཏོ། །དེ་ལྟར་རིག་པ་སྟ་གོན་གནས། །ངེས་ཤིང་མྱུར་དུ་འགྲུབ་པར་འགྱུར། །སྟ་གོན་གནས་པའི་ཆོ་ག་འདི། །རྒྱས་པར་རབ་ཏུ་བསྒྲགས་པ་ཡིན། །སྟ་གོན་གནས་པའི་ཆོ་ག་རབ་ཏུ་གསང་བའི་རིམ་པར་ཕྱེ་བའོ།། །།སློབ་མས་དཀྱིལ་འཁོར་ཕྱག་བྱས་ནས། །ཁྱད་པར་དུ་ནི་ཡོན་ཕུལ་ཏེ། །བླ་མའི་བ་ནས་མངོན་སུམ་དུ། །རིག་སྔགས་ཡོངས་སུ་གཟུང་བར་བྱ། །སྙིམ་པ་མེ་ཏོག་གིས་བཀང་ནས། །གུས་ཤིང་རིམ་གྲོ་བསྐྱེད་བྱས་ཏེ། །བྲམ་ས་ཐོག་མར་ལན་གསུམ་བཟླས། །རང་གིས་ལན་གསུམ་བཟླས་ཏེ་གདོན། །དེ་ནས་ཡི་གེ་མང་པོའི་སྔགས། །གི་ཝང་དག་གིས་ཤོག་ཤོག་ལ། །ཇི་སྐད་བསྙན་བཞིན་མངོན་བྲིས་ཏེ། །དེ་ནས་ཅི་བདེར་ཁ་ཏོན་བསླབ། །བླ་མ་ཡོངས་སུ་དགུ་པ་ལས། །དུས་མཚམས་དག་གམ་ཚེས་གཞན་ལ། །རིག་སྔགས་བརྟགས་ནས་བྱིན་པ་དག །ཆོ་ག་བཞིན་དུ་གུས་པར་མནོད། །སློབ་མས་ལེགས་པར་མནོད་པ་དེ། །རིང་བོར་མི་ཐོགས་འགྲུབ་པར་འགྱུར། །མ་བསྙེན་བར་ཡང་དེ་ལ་དེ། །རྟག་ཏུ་འགོ་ཞིང་ཉེ་བར་གནས། །ཡང་ན་གསེར་ལ་སོགས་པ་ཡི། །བུམ་པ་གསར་ཞིང་གཙང་ལ་བཟང་། །སྐྱོན་ཀུན་རྣམ་པར་སྤངས་བ་ལ། །བཀྲ་ཤིས་ངོ་མཚར་དག་ཀྱང་བྱས། །དེ་ལ་སྦོས་ཆུ་འབའ་ཞིག་མེད། །ཁྱད་པར་དུ་ནི་བཤས་བྱས་ནས། །གཙང་མར་བྱས་ཏེ་ནུབ་གཅིག་གམ། །ནུབ་གསུམ་དུ་ནི་སྨྱུང་བྱས་ཏེ། །སྲོད་ལ་རབ་ཏུ་བརྩམས་བྱས་ནས། །ཆོ་ག་འདི་དག་སྤྱད་པར་བྱ། །གསང་སྔགས་རིག་སྔགས་གདམས་པ་དག །གྲོ་ག་ལ་སོགས་ཤོག་ཤོག་ལ། །གི་ཝང་དག་གིས་མཉམ་བྲིས་ཏེ། །ཤོག་ཤོག་རྣམས་ནི་ལྷན་ཅིག་གཞུག །རིག་སྔགས་རྒྱལ་པོས་ལེགས་པར་ནི། །དྲི་དང་མེ་ཏོག་བདུག་མཆོག་དང་། །དེ་བཞིན་ལྷ་བཤོས་མར་མེ་དང་། །སྦྱིན་སྲེག་ལས་ཀྱིས་མཆོད་པ་བྱ། །དེ་ནི་ཆོ་ག་འདི་དག་གིས། །ནུབ་གསུམ་སྟ་གོན་གནས་པ་ལ། །བདེན་པ་དང་ནི་དམ་ཚིག་གིས། །ཁྱད་པར་དུ་ནི་གསོལ་བ་གདབ། །ལན་བརྒྱར་བསྔགས་ནས་ཡང་དང་ཡང་། །བདུག་སྤོས་དག་གིས་རབ་བདུགས་ཏེ། །དྲི་ཞིམ་ཁྲུས་བྱས་གཙང་བྱས་ནས། །ཕྱག་བྱས་ཡིད་ལ་བསམས་ནས་སུ། །བསང་བྱེད་བཅས་པའི་ལག་པ་ཡིས། །དེ་ལས་གཅིག་ནི་དབྱུང་བར་བྱ། །དེ་ཤེས་ནས་ནི་ཕྱག་འཚལ་ཏེ། །གུས་པར་སྤྱི་བོའི་སྟེང་དུ་བཞག །ཤེས་རབ་ཅན་གྱིས་སྔགས་དེ་བསྒྲུབ། །དེ་ཉིད་དེ་ལ་མྱུར་དུ་འགྲུབ། །ཤེས་རབ་ཅན་གྱིས་གཞན་མི་སྒྲུབ། །བསྒྲུབས་ན་ཡང་ནི་འཆི་བར་འགྱུར། །གང་ཞིག་བསྒྲུབས་ནས་བྱིན་པ་དག །ཆོ་ག་བཞིན་དུ་དེ་མནོས་ན། །སྒྲུབ་པ་པོ་ཡི་ལྷ་ཡིན་ཏེ། །དེ་ལ་དེ་ནི་འགྲུབ་པར་ཤེས། །རིག་སྔགས་ཡིད་ཀྱིས་གསོལ་བཏབ་ནས། །ལན་བརྒྱར་ཡོངས་སུ་བཟླས་བརྗོད་དེ། །འདི་ནི་ཁྱེར་ཅིག་ཁྱེར་ཅིག་ཅེས། །མེ་ཏོག་དྲི་ཞིམ་དག་གིས་སྦྱིན། །བཅོམ་ལྡན་འདི་ལ་བསྙེན་པ་དང་། །འདི་ལ་རབ་ཏུ་འགོ་བར་མཛོད། །བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛོད་ཅེས་བྱ། །སློབ་དཔོན་དང་ནི་སློབ་མ་ཡིས། །རིག་སྔགས་སྦྱིན་ཞིང་ཡོངས་བཟུང་བའི། །ཆོ་ག་འདི་ལྟར་བྱས་ན་ནི། །ལྷ་ཉིད་རབ་ཏུ་འགྲུབ་པར་འགྱུར། །མཁས་པས་རིག་སྔགས་འགྲུབ་པ་ཀུན། །གྲུབ་པ་ཉིད་དུ་ཤེས་པར་བྱ། །རྣམ་པ་དེ་ལྟར་རྫས་དག་དང་། །ཚུལ་བཞིན་ཐོབ་པས་བསྙེན་མི་དགོས། །ཟློས་པ་སྒྲུབ་པ་པོ་དག་གིས། །རིག་སྔགས་ཚུལ་བཞིན་བཟླས་པ་ཡིས། །བསྙེན་པ་ཚད་བྱས་གང་བྱིན་པ། །དེ་ཡང་མ་བསྙེན་འགྲུབ་པར་འགྱུར། །དངོས་གྲུབ་ཕྱིར་ནི་གསང་སྔགས་ཡོན། །མེ་ཏོག་འབྲས་བུ་རྩ་བ་དང་། །གདུ་བུ་གོས་དང་གསེར་དང་ཞོ། །འབྲུ་དང་ནོར་བུ་བུ་མོ་དང་། །མལ་ཆ་རྣམས་དང་ལྷམ་དག་དང་། །རྒྱན་གྱི་རྣམ་པ་ཐམས་ཅད་དང་། །སྒྲུབ་པའི་ཡོ་བྱད་རྣམས་དང་ནི། །གླང་པོ་བ་ལང་རྟ་ལ་སོགས། །བཀུར་སྟི་རྣམ་པ་དུ་མ་དང་། །བདག་གི་བདོག་པ་མཐའ་དག་དབུལ། །གུས་པར་ཕྱག་བྱས་ཐལ་སྦྱར་ནས། །བདག་ཉིད་ཀྱང་ནི་དབུལ་བར་བྱ། །དེ་ལྟར་ཆོ་ག་ཤེས་པ་ཡིས། །རྣམ་པ་སྣ་ཚོགས་ཅི་རིགས་པར། །བླ་མ་ལ་ནི་ཡོན་ཕུལ་ནས། །དེ་ནས་གསང་སྔགས་ནོད་པར་བྱ། །རིག་སྔགས་ཡོངས་སུ་གཟུང་བའི་རིམ་པར་ཕྱེ་བའོ།། །།སྒྲུབ་པ་པོས་ནི་ཆོ་ག་འདིས། །ལྷག་དང་ཆད་པ་ཤེས་བྱས་ནས། །མཐོང་དང་མ་མཐོང་ལས་དག་གིས། །རིག་སྔགས་ཡོངས་སུ་བཀང་བར་བྱ། །གསང་སྔགས་ཡན་ལག་ལྷག་ཆད་གང་། །རྨི་ལམ་དག་ཏུ་མཐོང་ན་ནི། །དེ་དག་བཀང་བའི་ཆོ་ག་འདི། །གསང་སྔགས་ཟློས་པ་དག་གིས་བྱ། །གལ་ཏེ་འདིར་ཡང་ལ་ལ་ཞིག །ཡི་གེ་ལྷག་གམ་ཆད་པ་ཡི། །དོགས་པ་སྐྱེས་ན་མཁས་པ་ཡིས། །གསང་སྔགས་བཀང་བའི་ཆོ་ག་བྱ། །ཤོག་ཤོག་དག་ལ་གི་ཝང་གིས། །གསང་སྔགས་ཡི་གེ་ཚང་བར་བྲི། །ཆོ་ག་བཞིན་དུ་མཆོད་བྱས་ཏེ། །རིག་སྔགས་རྒྱལ་པོ་མངོན་པར་བསྔགས། །རིག་སྔགས་རྒྱལ་པོར་བཅས་པ་ཡིས། །མཆོད་སྦྱིན་ཡམ་སྲེག་ཤིང་མེ་ལ། །སྔགས་ཀྱིས་མར་གྱི་སྲེག་བླུགས་ནི། །ཅིག་ཅར་ལན་བརྒྱར་བསྲེག་པར་བྱ། །རིག་སྔགས་ཁྲི་ལ་བཞག་ནས་སུ། །གསོལ་བ་བཏབ་སྟེ་མངོན་པར་མཆོད། །རིག་སྔགས་ཀྱི་ནི་བདག་པོ་དང་། །རིག་སྔགས་ཡིད་དབང་ཕྱུག་མ་དང་། །བདེ་གཤེགས་སྲས་བཅས་ཕྱག་བྱས་ཏེ། །བཀང་བའི་ཕྱིར་ནི་གསོལ་བཏབ་ནས། །རིག་སྔགས་དྲན་བཞིན་ཀུ་ཤ་ཡི། །སྟན་ལ་ཤར་ཕྱོགས་ཁ་བལྟས་ཉལ། །རིག་སྔགས་རྒྱལ་པོས་དེ་ཉིད་ཀྱི། །མཚན་མོ་དག་ནི་ངེས་པར་གང་། །ཡི་གེ་གསལ་བ་དེ་དག་དང་། །སྨྱུ་གུ་ཡང་ནི་དེ་ཉིད་དང་། །གི་ཝང་དག་ཀྱང་དེ་ཉིད་ཀྱིས། །ཤོག་ཤོག་ཀྱང་ནི་དེ་ཉིད་ལ། །གསང་སྔགས་ཆད་པ་རབ་ཏུ་སྐོང་། །ལྷག་པ་དག་ཀྱང་མཉམ་པར་མཛད། །གསང་སྔགས་མ་ཉམས་མཉམ་པ་དག །འབའ་ཞིག་འདྲི་བར་མི་མཛད་ལ། །གསང་སྔགས་རིག་སྔགས་མ་ཚང་བ། །ངེས་པར་འདི་ཡིས་སྐོང་བར་མཛད། །ཡང་ན་ཡིག་འབྲུ་མ་ཆད་པ། །རྨི་ལམ་དག་ཏུ་སྟོན་པར་མཛད། །གསང་སྔགས་ཟློས་པ་པོ་དག་གིས། །བསྲུང་བའི་ཆོ་ག་བྱས་ཏེ་བྱ། །རིག་སྔགས་ཡོངས་སུ་བཀང་བའི་རིམ་པར་ཕྱེ་བའོ།། །།རིག་སྔགས་དག་ནི་ཐམས་ཅད་ཀྱང་། །སྦྱིན་སྲེག་ལས་ཀྱིས་གཟི་བྱིན་བསྐྱེད། །སྦྲང་རྩི་འོ་ཐུག་མར་དག་གམ། །ཡང་ན་ཏིལ་དང་མར་བསྲེས་བའམ། །མར་བཏགས་མེ་ཏོག་སྦྱིན་སྲེག་གམ། །ས རྫ་ར་སའི་སྦྱིན་སྲེག་དང་། །མར་དང་ཐང་ཆུའི་སྦྱིན་སྲེག་གིས། །གསང་སྔགས་གཟི་བྱིན་ཆེ་བར་འགྱུར། །བ་ཡི་རྣམ་ལྔ་ཟོས་ནས་སུ། །རི་ཡི་རྩེ་མོར་ཅི་རིགས་པར། །མེ་ཏོག་འབུམ་དག་དབུལ་བྱས་ནས། །དེས་ནི་ལྷ་ཉིད་གཟི་བྱིན་སྐྱེ། །ཉིན་གསུམ་དུ་ནི་དུས་གསུམ་དུ། །དྲི་ཞིམ་དྲི་དང་བདུག་སྤོས་དང་། །མེ་ཏོག་དག་ཀྱང་ཕུལ་ན་ནི། །གསང་སྔགས་གཟི་བྱིན་ཆེ་བར་འགྱུར། །ཤིང་གི་སྙིང་པོའི་སྒྲོན་མ་དག །སྦར་ཞིང་ཞག་བདུན་དུས་གསུམ་དུ། །བཟླས་བརྗོད་བྱས་ན་གསང་སྔགས་རྣམས། །གཟི་བྱིན་ཆེ་བའི་མཆོག་ཏུ་འགྱུར། །དེ་ལྟར་བཟླས་དང་སྦྱིན་སྲེག་དང་། །མཆོད་པ་དག་དང་ལྷ་བཤོས་ཀྱང་། །འདོད་པ་པོས་ནི་ཁྱད་པར་དུ། །ལྷ་རྣམས་ཐམས་ཅད་གཟི་ཆེན་འགྱུར། །ལྷ་གཟི་བྱིན་བསྐྱེད་པའི་ཆོ་ག་རིམ་པར་ཕྱེ་བའོ།། །།གང་ཞིག་གསང་སྔགས་ཟློས་པ་དག །དངོས་གྲུབ་ཆེན་པོ་མྱུར་ཐོབ་པའི། །སྦྱིན་སྲེག་ཆོ་ག་མ་ལུས་པ། །དེ་དག་ཅི་བཞིན་སྤྱད་པར་བྱ། །ལྷ་ཡི་གནས་ཀྱི་ཕྱི་རོལ་དུ། །དེ་ཡི་མདུན་དུ་མི་རིང་བར། །ཅི་ལྟར་རིགས་པས་ཡོངས་བརྟགས་ལ། །ཆོ་ག་འདི་དག་ཀུན་དུ་སྤྱད། །དབུས་སུ་མེ་ཡི་ཐབ་བརྐོ་བ། །གྲུ་བཞི་ལྷམ་པ་ཁ་ཁྱེར་ཅན། །ཁྲུ་གང་ཟབས་སུ་ཁྲུ་བྱེད་པ། །ཡང་ན་ཐབ་ཁུང་ཟླུམ་པོར་བྱ། །དེ་ནས་ཡམ་ཤིང་ལ་སོགས་པས། །ཡོ་བྱད་དགོས་པ་ཐམས་ཅད་དག །གཡས་ཕྱོགས་སུ་ནི་གཞག་པར་བྱ། །གཡོན་དུ་ཆུ་ཡི་སྣོད་བཞག་གོ། །དེ་ནས་ལས་ཀུན་བྱེད་པ་ཡི། །སྔགས་ཀྱིས་དེ་དག་བསང་གཏོར་ཏེ། །འདུག་ནས་མཁས་པས་གསང་སྔགས་རྣམས། །ཡིད་ལ་བསམས་ཏེ་སྤྱན་ཡང་དྲང་། །མཆོད་ཡོན་ཡོངས་སུ་བཟླས་པ་ཡང་། །དེ་དག་རྣམས་ལ་ཕུལ་ནས་སུ། །མེ་ཏོག་གཅིག་གིས་རིག་སྔགས་དེ། །དེ་ཉིད་དུ་ནི་བཞུགས་སུ་གསོལ། །དེ་ནས་མེ་ནི་བསང་བའི་ཕྱིར། །ཁྲོ་བོའི་རྒྱལ་པོས་བསང་གཏོར་ནས། །ཆོ་ག་ལས་སྨོས་ཤིང་དག་གིས། །ཐབ་བཅུག་ཤེས་རབ་ཅན་གྱིས་སྦར། །མེ་འབར་རིག་ནས་དང་པོར་ནི། །གསང་སྔགས་དག་གིས་གཉེར་བར་བྱ། །ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེའི་མཆོག །སྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་ཨགྣ་ཡེ་ཧ་བྱཀ་བྱ་བཱ་ཧ་ནཱ་ཡ་སྭཱ་ཧཱ། དེ་ལྟར་དང་པོར་མེ་གཉེར་ནས། །སྲེག་བླུགས་གསུམ་ཡང་བསྲེག་པར་བྱ། །ༀ་ཨགྣ་ཡེ་ཧ་བྱ་ཀ་བྱ། བ་ཧ་ན་ཡཱ་དཱི་བྱ་དི་པཱ་ཡ་སྭཱ་ཧཱ། དེ་ནས་མཁས་པས་གཡས་ཕྱོགས་ནས། །བསྐོར་ཅིང་བསངས་ནས་རང་གི་ནི། །སྔགས་ཀྱིས་མར་ལ་སོགས་པ་ལས། །སྲེག་བླུགས་གསུམ་ཡང་བསྲེག་པར་བྱ། །སྒྲུབ་པས་སྦྱིན་སྲེག་ཐམས་ཅད་ལ། །ཁྲོ་བོ་ཀཱི་ལི་ཀཱི་ལ་གང་། །དེ་ཡི་ཕྱག་རྒྱས་སྦྱིན་སྲེག་ལ། །མེ་ལ་སོགས་པ་བསང་བར་བྱ། །ༀ་ཀཱི་ལི་ཀཱི་ལི་བཛྲ་བྷཱི་མ་ར་དྲི་པ་ཏྲི་ཏ། མ་ཧཱ་ཀྲོ་དྷ་བི་ཛ་ཡ་ནི་ཀྲྀནྟ་ཧཱུྃ་ཕཊ་བནྡྷ་བནྡྷ་སྭཱ་ཧཱ། དེ་ནས་ཡམ་སྲེག་ཤིང་དག་བསྲེག །དེ་ནས་ཡམ་ཤིང་མེ་ལ་མར། །དེ་ནས་ཏིལ་དང་འབྲས་ཆན་ཏེ། །ཆོ་ག་དེ་དག་མདོར་བསྡུས་པའོ། །པ་ལ་ཤ་དང་ནྱ་གྲོ་དྷ། །པཱ་ཀྵ་སེང་ལྡེང་ཨརྒ་དང་། །བེའུ་ཀང་ཀ་དང་ཨ་མྲ་དང་། །ཀརྨྨ་རི་དང་ཤ་མི་དང་། །ཨ་པ་མརྒ་ལས་བྱུང་དང་། །ཨུ་དུམ་ཨ་ཤྭཏྠར་བཅས་པ། །ཡམ་ཤིང་བཅུ་གཉིས་དག་ཏུ་བསྟན། །སར་པ་དག་ལས་མཛུབ་གང་ཙམ། །ལས་རྣམས་ཀུན་ལ་བསྲེག་བྱ་སྟེ། །ལས་རྣམས་ཀུན་ལ་ཐོར་ཏོ་གཉིས། །བརྟགས་ནས་རྩེ་མོས་བསྲེག་པར་བྱ། །བཟང་ལ་དྲང་ཞིང་གསར་པ་ལ། །སྦོས་ཆུས་བསང་གཏོར་བྱས་པ་ལ། །ཞི་བའི་སྲེག་བྱ་ཅུང་ཟད་གང་། །རྒྱས་པའང་གང་དག་ཡིན་པ་དང་། །བདག་ཟས་ཅུང་ཟད་གང་ཡིན་པ། །དེ་དག་ལས་རྣམས་ཀུན་ལ་བསྲེག །ཉིན་རེའམ་ཡམ་སྲེག་ཤིང་དག་ལ། །བདག་གི་ཟས་ཀྱང་རྟག་ཏུ་བསྲེག །སྔགས་དང་ཇི་ལྟར་རྗེས་མཐུན་པར། །སྦྱིན་སྲེག་བྱས་ནས་ཁ་ཟས་བཟའ། །བཟླས་བརྗོད་ཆོ་ག་ཇི་ལྟར་གསུངས། །སྦྱིན་སྲེག་ལ་ཡང་དེ་ལྟར་བསྒྲགས། །ལག་པས་པུས་མོའི་ནང་རོལ་ནས། །སྦྱིན་སྲེག་དག་ནི་བརྩམ་པར་བྱ། །རིག་སྔགས་ཐམས་ཅད་གཟི་བསྐྱེད་ཕྱིར། །དུ་རུས་འབྲུ་མར་སྦྱར་བ་ལ། །བཏགས་པའི་ཨ་ཀར་དུམ་བུ་ནི། །སོར་བཞི་བསྲེགས་པས་བསང་བར་བཤད། །ཡང་ན་རྟག་ཏུ་གུ་གུལ་ནི། །མར་སྦྱར་སྦྱིན་སྲེག་རབ་ཏུ་ཤིས། །ཡང་ན་གསང་སྔགས་བྱེ་བྲག་ལ། །ས་ལ་ཐང་ཆུའི་བྱེ་བྲག་ཤིས། །སྔགས་འགྲུབ་ཆོ་ག་ཤེས་པ་ཡིས། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །དང་པོར་བདག་པོ་བཞུགས་གསོལ་ནས། །དེ་ཡི་འོག་ཏུ་སྦྱིན་སྲེག་བརྩམ། །སྔགས་འགྲུབ་ཆོ་ག་ཤེས་པ་ཡིས། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །དང་པོར་རིགས་ཀྱི་རིག་སྔགས་ཀྱིས། །བསྲུང་བ་བྱས་ཏེ་ལས་རྣམས་བརྩམ། །སྔགས་འགྲུབ་ཆོ་ག་ཤེས་པ་ཡིས། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །ལས་མཐར་རིགས་ཀྱི་སྙིང་པོ་ཡིས། །གཟི་བྱིན་བསྐྱེད་པ་བརྩམ་པར་བྱ། །སྔགས་འགྲུབ་ཆོ་ག་ཤེས་པ་ཡིས། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །ཐོག་མ་དང་ནི་ཐ་མར་ཡང་། །མར་གྱི་དགང་བླུགས་རྟག་ཏུ་བསྲེག །སྔགས་འགྲུབ་ཆོ་ག་ཤེས་པ་ཡིས། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །རིགས་བདག་རིག་སྔགས་སྙིང་པོ་བཟླས། །ཐ་མར་མཆོད་ཡོན་དབུལ་བར་བྱ། །དཀྱིལ་འཁོར་དག་ལ་སྦྱིན་སྲེག་གི། །ཆོ་ག་མ་ལུས་བསྒྲགས་པ་ཡིས། །ཆོ་ག་དེ་ཡིས་འདིར་ཡང་ནི། །སྦྱིན་སྲེག་ལས་རྣམས་བྱ་བར་བཤད། །ལག་མཐིལ་ཆུ་ལ་བཟླས་པས་ནི། །ལན་གསུམ་དུ་ཡང་འཐོར་འཐུང་བྱ། །སྦྱིན་སྲེག་བྱས་པའི་ཐ་མར་ནི། །རང་གི་རིག་སྔགས་ཉིད་ཀྱིས་ཀྱང་། །བསང་གཏོར་ལན་གསུམ་བྱ་བར་བཤད། །དེ་འོག་མེ་ལ་ཀུན་བསྲེགས་ནས། །སྤྱན་དྲང་རིག་སྔགས་དེ་ཉིད་ཀྱིས། །བཞུད་ཅིག་བཞུད་ཅིག་ཅེས་བྱས་ཏེ། །དེ་ཡི་འོག་ཏུ་སླར་བཏང་ངོ་། །གསང་སྔགས་ཡི་གེའི་རྗེས་མཐུན་པར། །མཇུག་ཏུ་བཟླས་བརྗོད་བརྩམ་པར་བྱ། །དེ་ལྟར་སྦྱིན་སྲེག་ཐམས་ཅད་ཀྱི། །ཆོ་ག་མདོར་བསྡུས་བཤད་པ་ཡིན། །སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་གང་དག་གིས། །བསྡུས་ནས་རིག་སྔགས་ཐམས་ཅད་ཀྱི། །གསང་སྔགས་ཆོ་ག་རྩོམ་འགྱུར་བའི། །ཆོ་ག་ཡན་ལག་བསྡུ་བ་བཤད། །དགོས་པའི་ཡོ་བྱད་ཐམས་ཅད་ནི། །ཐོག་མ་ཉིད་དུ་ཀུན་བསྡུས་ཏེ། །དེ་ནས་བསྙེན་པའམ་སྒྲུབ་པ་དག །བློ་དང་ལྡན་པས་བརྩམ་པར་བྱ། །དྲི་ཞིམ་དེ་ནི་དེ་དང་དེ། །དེ་བཞིན་བདུག་སྤོས་རྣམ་པ་དང་། །སྙིང་པོ་ཐང་ཆུ་རིགས་རྣམས་དག །ཁྱད་པར་དུ་ནི་གསོག་པར་བྱ། །ཡུངས་ཀར་སརྫ་ར་ས་དང་། །དུག་དང་ལན་ཚྭ་སྐེ་ཚེ་དང་། །ཏིལ་དང་འབྲུ་མར་བ་མར་དང་། །བུམ་པ་དང་ནི་ཟངས་ཀྱི་སྣོད། །འབྲུ་དང་རིན་ཆེན་སྣ་ལྔ་དང་། །སྨན་རྣམས་དང་ནི་སྦྲང་རྩི་དང་། །དེ་བཞིན་བུ་མོས་བཀལ་བ་ཡི། །ཚོན་སྣ་ལྔ་ཡི་སྲད་བུ་དང་། །མར་མེའི་དོན་དུ་ཀོང་བུ་དང་། །ཤིང་བལ་མར་མེའི་སྙིང་པོ་དང་། །ལམ་ཕོར་དང་ནི་ཚོན་རྩིའི་རྫས། །དེ་བཞིན་སེང་ལྡེང་ཕུར་བུ་དང་། །མཆོད་སྦྱིན་གྱི་ནི་ཡམ་ཤིང་དང་། །ནིམ་པའི་དགང་གཟར་བླུགས་གཟར་དང་། །གི་ཝང་དང་ནི་ཨུར་མོའི་ལྕགས། །ཙནྡན་དམར་པོ་ཉིད་དང་ནི། །གོས་དང་གསང་སྲེལ་སྲད་བུ་དང་། །རི་དྭགས་ནག་པོའི་པགས་པ་གསར། །ནས་དང་འབྲས་ཡོས་པྲི་ཡང་ཀུ། །ཙནྡན་དཀར་དང་ཤིང་གི་ལྷམ། །མུཉྫ་ཀུ་ཤ་ཤ་ཏ་བུས། །མེ་ཏོག་སྣོད་ནི་ཤིས་པ་དང་། །མཆོད་པའི་ཡོ་བྱད་མཆོག་དང་ནི། །དེ་བཞིན་བགྲང་ཕྲེང་ལ་སོགས་དང་། །དེ་དག་ལ་སོགས་བློ་ཅན་གྱིས། །ནོར་དང་སྒྲུབ་པའི་ཡན་ལག་རྣམས། །ཐམས་ཅད་ཐོག་མར་ཡོངས་བསྡུས་ནས། །དེ་ཡི་འོག་ཏུ་ལས་རྣམས་བརྩམ། །སྒྲུབ་པའི་ཡན་ལག་གསོག་པའི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་སྒྲུབ་པའི་རྫས་རྣམས་ཀྱི། །མཚན་ཉིད་གང་དག་གསུངས་པ་ཀུན། །སྔགས་ཟློས་པ་ཡི་དངོས་གྲུབ་ཕྱིར། །དེ་དག་མདོར་བསྡུས་བཤད་པར་བྱ། །ཡིད་བཞིན་ནོར་བུ་བུམ་པ་བཟང་། །ནོར་གྱི་ཆར་འབབ་གསེར་ཆེན་དང་། །འཁོར་ལོ་ལྡོང་རོས་རལ་གྲི་སྟེ། །འདི་དག་དངོས་གྲུབ་བདུན་ཡིན་ནོ། །ཕལ་ཆེར་སྤྱི་ཡིན་ཁྱད་པར་འཕགས། །ཆེ་ལ་མཆོག་གི་མཆོག་ཡིན་ཏེ། །དེ་ཡི་བསོད་ནམས་ཕུང་ཆེན་དང་། །རྒྱལ་སྲིད་དག་ཀྱང་ཐོབ་པར་འགྱུར། །གཞན་ཡང་དངོས་གྲུབ་དམ་པ་ནི། །གཙུག་ཏོར་པདྨ་རྡོ་རྗེ་གསུམ། །རིགས་དང་རིགས་ཀྱི་བྱེ་བྲག་ལས། །ཕལ་ཆེར་ཡོངས་སུ་བསྒྲགས་པ་ཡིན། །གསང་སྔགས་གང་ཡང་རུང་བ་ཡིས། །གང་ཡང་རུང་བའི་དངོས་གྲུབ་ཀྱང་། །མངོན་པར་ཤེས་པ་ལྷག་རྟོག་པ། །གཙོ་བོ་ཡིན་པར་ཡོངས་སུ་བསྒྲགས། །གསེར་དང་དངུལ་ལ་སོགས་པ་ལས། །ཡུ་བ་ཁྲུ་གང་ཙམ་བྱས་ལ། །དེ་སྟེང་རིན་ཆེན་ཆེན་པོ་ནི། །གཅིག་པུ་བཞག་པའམ་ནོར་བུ་ནི། །པདྨ་རཱ་ག་དག་པའམ། །ཡང་ན་ཤེལ་ལས་བྱུང་བའང་རུང་། །ཁྲིའུའི་སྟེང་དུ་ལེགས་བཞག་ནས། །སྒྲུབ་པ་པོས་ནི་མཚན་མོ་བསྒྲུབ། །གསང་སྔགས་སྟ་གོན་ཆོ་ག་དང་། །བདག་ཉིད་དབང་བསྐུར་གང་བཤད་པ། །དེ་ཡི་རང་བཞིན་ཆོ་ག་དེས། །བུམ་པ་བཟང་པོ་བསྒྲུབ་པར་གསུངས། །གསེར་དག་དང་ནི་དངུལ་དག་དང་། །རིན་ཆེན་སྣ་ཚོགས་ལ་སོགས་པ། །དཔག་ཚད་ལྔ་ཡི་ཁོར་ཡུག་ཏུ། །ནོར་ནི་ཆར་བཞིན་འབབ་པར་གསུངས། །མི་ཟད་པ་ཡི་གཏེར་ཆེན་ནི། །གསེར་ལ་སོགས་པས་གང་བ་སྟེ། །སྦྱིན་དང་ལོངས་སྤྱོད་ལ་སོགས་པ། །སྤྱད་ཅིང་ཕྱུང་ཡང་མི་ཟད་པའོ། །ཨུར་མོའི་ལྕགས་ཀྱི་འཁོར་ལོ་ནི། །མཛུབ་གང་ཙམ་ལ་རྩིབ་དྲུག་པ། །ཤིན་ཏུ་གཟུགས་ལེགས་རྣོ་བདར་བ། །མྱུར་དུ་འགྲུབ་ཅིང་ཆེན་པོར་འགྱུར། །ཉི་མ་འཆར་ཀའི་གཟུགས་འདྲ་ཞིང་། །གསེར་ནི་བཙོ་མའི་མདོག་ལྟ་བུ། །ཀ་ར་བཱི་རའི་མདོག་འདྲ་ཞིང་། །ལྡོང་རོས་དག་ནི་མཆོག་ཏུ་བཤད། །རལ་གྲི་མཐེའུ་ཆུང་མཐོ་དོ་བ། །འཕན་མེད་ཞེང་དུ་སོར་བཞི་ཚད། །བདར་བ་ཙ་ཤའི་འདབ་མ་འདྲ། །འགྲུབ་ཕྱིར་བ་སོའི་དངོ་ཅན་ནོ། །ཕྱག་རྒྱ་བྲི་བའི་ཆོ་ག་བཞིན། །གཙུག་ཏོར་ཕྱག་རྒྱ་གསེར་ལས་བྱས། །ཡིད་བཞིན་ནོར་བུའི་ཡུ་བ་བྱས། །ཆེ་ལ་བཞག་སྟེ་བསྒྲུབ་པར་བྱ། །པདྨ་ཙནྡན་ལས་བྱས་པའི། །དེ་བཞིན་གསེར་སོགས་ལས་བྱས་པ། །མཐོ་གང་བ་ལས་སྡོང་བུ་དངུལ། །འདབ་བརྒྱད་སྙིང་པོ་མཛེས་པར་བྱ། །རྡོ་རྗེ་ཨུར་མོའི་ལྕགས་བྱས་པའམ། །ཡང་ན་ཙནྡན་དམར་པོའང་རུང་། །ལྕགས་གསུམ་ལས་བྱས་སོར་བཅུ་དྲུག །གཉིས་ཀ་རྩེ་མོ་གསུམ་པར་བྱ། །བ་བླ་ཡོན་ཏན་འཕགས་པ་དག །གསེར་གྱི་གྱིམ་ཕག་འདྲ་བ་ཡི། །སུལ་གྱིས་གང་ཞིག་ལྗིད་ཆེ་བ། །ཁ་དོག་བཟང་པོ་འགྲུབ་ཕྱིར་མཆོག །སེར་སྐྱ་དག་ལས་བྱུང་བ་ཡི། །གི་ཝང་ཁ་དོག་སེར་པོའོ། །བཙག་ནི་ཡུག་སྣམ་གསེར་མདངས་ཅན། །མེ་ཏོག་བམངུ྅྅྅མའི་མདོག་འདྲ་བའོ། །གྲོག་མཁར་བརྩེགས་པ་འདྲ་བ་ལ། །བཙག་ན་ཨུཏྤལ་སྔོན་པོའི་མདོག །ཤིན་ཏུ་འཇམ་པོ་འདི་འདྲ་བ། །ཆུ་རྒྱུན་ལས་བྱུང་ཨཉྫ་ནའོ། །རས་ཕྲན་གཙང་མ་འཇམ་པོ་ནི། །ཁོ་ལག་ཆེ་ལ་གུར་གུམ་བཙོས། །དགོན་པའི་ཕྱུགས་ཀྱི་ལྕི་བ་ཡི། །ཐལ་བ་ག་པུར་གྱི་བསྒོས་པའོ། །མཆོད་ཕྱིར་ཐོགས་ཀྱི་སྲད་བུ་དཀར། །ཕྲ་ཞིང་སུམ་བསྒྲིལ་ལེགས་བཀལ་བའམ། །ཡང་ན་གསེར་གྱི་སྐུད་པ་ནི། །ལེགས་བསྙོད་སུམ་བསྒྲིལ་ཡོན་ཏན་ཅན། །སྣ་མའི་མེ་ཏོག་ཕྲེང་བ་ནི། །བུ་མོས་བཀལ་སྐུད་ལས་བརྒྱུས་པའོ། །ཤྲི་པ་ཎ་ཡིས་ཤིང་གི་ལྷམ། །ཡམ་ཤིང་ལེགས་བཞོགས་མཐེབ་རྟེན་ཅན། །རྨ་བྱའི་གདུགས་ནི་སྨྱུག་མ་ཡི། །ཡུ་བ་རིང་པོ་གསེར་ལ་བཏགས། །མདུང་རྩེ་གསུམ་དང་དབྱུག་ཐོ་ཐོགས། །ཐམས་ཅད་རང་གི་མཚན་ཉིད་ལྡན། །བསྒྲུབས་ན་མྱུར་དུ་འགྲུབ་པའི་ཕྱིར། །མཚོན་ཆ་རྣམས་ནི་རབ་ཏུ་ཤིས། །འདི་ནི་ཆོ་ག་ལས་གསུངས་པའི། །བསྒྲུབ་བྱའི་རྫས་རིགས་གང་ཡིན་པ། །དེ་དག་མཚན་ཉིད་འཇིག་རྟེན་ལས། །ཁྱད་པར་དུ་ནི་ཉེ་བར་བརྟག །དེ་བཞིན་དངོས་གྲུབ་མང་པོ་ཡིས། །བསྒྲུབ་བྱའི་རྫས་ནི་སྣ་ཚོགས་པ། །དེ་བས་དེ་དག་བདག་བློ་དང་། །གཙུག་ལག་བློ་ཡིས་ཡོངས་སུ་བརྟག །ནད་མེད་མདངས་བཟང་ལུས་མ་ཉམས། །གཟུགས་བཟང་རྨ་མེད་དར་ལ་བབ། །བདག་ཉིད་ཤི་བར་གྱུར་བའི་རོ། །རོ་ལངས་དངོས་གྲུབ་ཕྱིར་ནི་མཆོག །ཡང་ན་ལས་ཀྱི་བྱེ་བྲག་ལས། །རིགས་ངན་དག་ཀྱང་རབ་ཏུ་ཤིས། །རོ་ལངས་བསྒྲུབ་པ་དག་ལ་ནི། །འཇིགས་མེད་མཆོག་སྟེ་དེས་ངེས་སོ། །རྫས་ཀྱི་མཚན་ཉིད་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། །།ཡོ་བྱད་ཀུན་དང་ལྡན་པ་ཡིས། །ཅི་རིགས་བར་ནི་མཆོད་བྱས་ནས། །བསྒྲུབ་པའི་རྫས་རྣམས་ཡོངས་གཟུང་བ། །དུས་མཚམས་དག་ལ་སྔ་དྲོ་བྱ། །གསང་སྔགས་ཉེ་བར་གྱུར་ནས་ནི། །གང་ཚེ་བཀའ་ལུང་གསལ་ཤེས་པ། །དེ་ཚེ་བསྒྲུབ་པའི་རྫས་གཟུང་བ། །མཁས་པ་དག་གིས་ལེགས་པར་བྱ། །ཁྲུས་བྱས་གཙང་ཞིང་སྨྱུང་བྱས་ཏེ། །བཀྲ་ཤིས་ངོ་མཚར་དག་བྱས་ནས། །བློ་དང་ལྡན་པས་བདག་ཉིད་ཀྱིས། །བསྒྲུབ་པའི་རྫས་རྣམས་ཡོངས་སུ་གཟུང་། །འབྱུང་ཁུང་དག་ནས་ཅི་མཐོང་བ། །ལན་ཅིག་སྨྲ་བ་འཇིགས་མེད་པས། །ཁ་ཐབས་བཞིན་དུ་ཉོས་པ་ཡི། །བསྒྲུབ་པའི་རྫས་ནི་ཡོངས་སུ་གཟུང་། །གང་ཚེ་སྒྲུབ་པའི་དུས་དག་ཏུ། །གསང་སྔགས་ཉེ་བར་གྱུར་ཤེས་པ། །དེ་ཚེ་བློ་དང་ལྡན་པ་ཡིས། །བསྒྲུབ་པའི་རྫས་རྣམས་ཡོངས་སུ་གཟུང་། །ཡང་ན་མཁས་པས་རྫས་དག་ནི། །རྣམ་མང་གཟུགས་དང་ལྡན་པ་དག །ལུང་གིས་དག་པར་རྣམ་ཤེས་པ། །དེ་དག་ཆོ་ག་བཞིན་དུ་གཟུང་། །རྫས་བཟང་གང་ཡང་རུང་བ་དག །ཆོ་ག་བཞིན་དུ་ཡོངས་བཟུང་ནས། །དེ་མ་ཐག་ཏུ་རབ་བསྒྲིམས་ཏེ། །བློ་དང་ལྡན་པས་སྒྲུབ་པ་བརྩམ། །རྫས་ཡོངས་སུ་གཟུང་བའི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་བསྒྲུབ་པའི་རྫས་རྣམས་ཀུན། །ཅི་རིགས་པར་ནི་རྣམ་པར་སྦྱང་། །བརྟག་པར་བྱ་བ་སྲ་བ་རྣམས། །བ་ཡི་སྣ་ལྔས་སྦྱང་བར་བསྒྲགས། །བ་ཡི་རྣམ་ལྔ་ཆ་མཉམ་པས། །ལྡོང་རོས་དག་ནི་བཏག་པར་བྱ། །འོ་མ་གཙང་མ་མང་པོ་ཡིས། །བ་བླ་ལེགས་པར་བཏག་པར་བྱ། །བ་གཅིན་མང་པོས་ལི་ཁྲི་སྟེ། །མར་མང་རྣམས་ཀྱིས་གི་ཝང་ངོ་། །འོ་མ་ཁ་དོག་ལྡན་པའི་རྫས། །ཨཉྫ་ན་ནི་འབའ་ཞིག་གོ། །རལ་གྲི་འཁོར་ལོ་ལ་སོགས་རྫས། །བ་ཡི་ལྕི་བ་ཆུ་མང་བས། །ཤིང་དང་སེམས་ཅན་ལ་སོགས་རྫས། །ཐམས་ཅད་པ་ཡི་གཅིན་དང་ཆུས། །རི་དྭགས་ནག་པོའི་པགས་ལ་སོགས། །བ་ཡི་གཅིན་དང་བསྐ་བས་བཀྲུ། །དེ་ལྟར་རྫས་རྣམས་བཀྲུས་ནས་ནི། །སྦོས་ཆུ་དག་གིས་བཤལ་བར་བྱ། །བ་ཡི་གཅིན་དང་བཅས་པ་ཡི། །ཏིལ་དང་ཆུ་ཡིས་མ་ལུས་བཤལ། །རྫས་དང་མཐུན་པའི་སྦྱང་བ་ནི། །འཇིག་རྟེན་ན་ནི་གང་གྲགས་པ། །དེ་དག་གིས་ནི་རྫས་སྦྱང་བའམ། །ཡང་ན་ཐམས་ཅད་སྤོས་ཆུས་བྱ། །ལས་ཀུན་བྱེད་བའི་གསང་སྔགས་སམ། །རིགས་དང་རིགས་ཀྱི་སྙིང་པོ་ཡི། །གསང་སྔགས་རྫས་དང་མཐུན་པ་ཡིས། །ཐམས་ཅད་སྤྱང་བར་བྱ་བར་གྲགས། །ཐམས་ཅད་རིགས་ཀྱི་རིག་སྔགས་ཀྱིས། །བསང་གཏོར་བྱས་ན་དག་པར་བཤད། །དང་པོ་བ་ཡི་རྣམ་ལྔས་བྱ། །དེ་ཡི་རྗེས་ལ་ཏིལ་གྱི་ཆུས། །ཐམས་ཅད་རབ་ཏུ་སྦྱང་བར་བྱ། །རྫས་སྦྱང་བའི་ཆོ་ག་རིམ་པར་ཕྱེ་བའོ།། །།རྒྱན་དང་མཚོན་ཆ་གོས་ལ་སོགས། །རྫས་ཀྱི་རིགས་སུ་གཏོགས་པ་ཀུན། །ཕལ་ཆེར་འཇིག་རྟེན་གྲགས་པ་ཡི། །ཚད་ཀྱང་གྲགས་པ་ཉིད་དུ་ཟད། །ལྡོང་རོས་དག་ནི་བཏགས་པ་ལས། །དངོས་གྲུབ་ཕྱིར་ནི་སྲང་ལྔའོ། །འབྲིང་པོ་ལ་ནི་སྲང་གསུམ་སྟེ། །ཐ་མ་དག་ལ་སྲང་གཅིག་གོ། །གི་ཝང་དག་ནི་སྲང་གཅིག་ཚད། །བ་བླ་དག་ནི་སྲང་གཉིས་སོ། །ཨཉྫ་ན་ནི་ཞོ་དྲུག་སྟེ། །བ་མར་ལ་ནི་སྲང་བདུན་ནོ། །ཐལ་བ་ལ་ནི་སྲང་ལྔ་སྟེ། །གུར་གུམ་ལྡོང་རོས་དག་དང་མཉམ། །མི་སྣང་བ་ལ་བཤད་པ་ཡི། །རིལ་བུ་སྣ་ཚོགས་ཡང་བྱས་ཏེ། །བྱེ་བྲག་ཏུ་ནི་གྲངས་བདུན་ནམ། །ཉི་ཤུ་གཅིག་གི་བར་དུ་ཤིས། །ཡང་ན་དགོས་པའི་དབང་གིས་སུ། །རྫས་རྣམས་ཚད་ནས་ལྷག་གྱུར་ཀྱང་། །བློ་དང་ལྡན་པས་སྒྲུབ་པ་ལ། །དེ་ཡི་ཚད་དུ་རྫས་རྣམས་གཟུང་། །སྔགས་རྒྱུད་གཞན་ལས་ཅི་གསུངས་དང་། །རང་གི་ཆོ་ག་ལས་གསུངས་དང་། །འཇིག་རྟེན་དག་ན་གང་ཤིས་པ། །དེ་དང་དེ་དག་ཡོངས་སུ་གཟུང་། །སྔོན་དུ་བསྙེན་པའི་ཚད་དང་ནི། །གྲོགས་པོ་རྣམས་ཀྱི་ཚང་དག་དང་། །རིག་སྔགས་ཀྱི་ནི་སྣང་བ་ལས། །རྫས་ཀྱི་ཚད་ཀྱང་ཤེས་པར་བྱ། །རབ་དང་འབྲིང་པོ་ཐ་མ་ཡི། །དངོས་གྲུབ་དག་གི་བྱེ་བྲག་ལས། །རབ་དང་འབྲིང་དང་ཐ་མ་ཡི། །རྫས་ཀྱི་ཚད་ཀྱང་བཤད་པ་ཡིན། །རྫས་ཀྱི་ཚད་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་གང་ཞིག་གིས། །དངོས་སྒྲུབ་མྱུར་དུ་ཐོབ་འགྱུར་བའི། །རྫས་སྒྲུབ་པ་ཡི་ཆོ་ག་དག །གསང་ཆེན་རྒྱས་པར་བཤད་པར་བྱ། །སྒྲུབ་པའི་ཕྱིར་ནི་དགོས་པ་རྣམས། །ཐོག་མར་ཡིད་ལ་ལེགས་བསམས་ཏེ། །བློ་དང་ལྡན་པས་ཡོ་བྱད་ནི། །ཐམས་ཅད་ལེགས་པར་བསོག་པར་བྱ། །སྦྱིན་སྲེག་ལས་ཀྱི་ཆོ་ག་ཡིས། །གསང་སྔགས་ཡོངས་སུ་ཚིམ་བྱས་ཏེ། །དབང་བསྐུར་ཆོ་ག་གསུངས་པའང་བྱ། །དེ་ནས་བསྒྲུབ་པ་བརྩམ་པར་བྱ། །དང་པོར་དཀྱིལ་འཁོར་བྲིས་ནས་སུ། །ཆོ་ག་བཞིན་དུ་ལེགས་མཆོད་དེ། །དེར་ནི་བདག་ཉིད་ཚུལ་བཞིན་དུ། །དབང་བསྐུར་ནས་ནི་ལས་རྣམས་བརྩམ། །དེ་ནས་གཞན་ཡང་ཟློས་པ་དག །དངོས་གྲུབ་ཕྱིར་ནི་དབང་བསྐུར་བའི། །དཀྱིལ་འཁོར་ལས་རྣམས་ཀུན་བྱེད་པ། །གང་དག་རབ་ཏུ་བསྒྲགས་བཤད་པ། །རིག་པའི་རྒྱལ་པོའི་དཀྱིལ་འཁོར་གྱི། །ཆོ་ག་གང་དག་སྔར་བསྟན་པ། །དེས་ནི་ས་གཞི་སྦྱང་ལ་སོགས། །ཐམས་ཅད་དེ་བཞིན་ཁོ་ནར་བྱ། །ཁྲུ་ལྔའམ་བདུན་ནམ་བརྒྱད་པ་ལ། །གྲུ་བཞི་པ་ལ་སྒོ་བཞི་པ། །གྲྭ་བཞི་ལྡན་པར་རྣམ་བརྟགས་པ། །ནུབ་ཏུ་སྒོ་གཏོད་སྒོ་ཁྱུད་ཅན། །དེ་ཡི་ཚད་ཀྱི་ཕྱེད་ཀྱི་ཆས། །དཀྱིལ་འཁོར་ཕྱི་རིམ་བསྐོར་བ་དག །ཚོན་རྩི་སྣ་ལྔའི་ཕྱེ་མ་ཡིས། །དཀྱིལ་འཁོར་ལེགས་པར་བྲི་བར་བྱ། །མཁས་པས་དེ་ཡི་ནུབ་ཕྱོགས་སུ། །གྲུ་བཞི་ཡིས་ནི་བར་བཅད་ནས། །ཁྲུ་ལྔའམ་བཞིའམ་གསུམ་པ་ལ། །གྲྭ་བཞི་ཤར་དུ་སྒོ་ཡང་གདོད། །ཆོ་ག་བཟང་པོ་ཀུན་ལ་ཡང་། །སྒྲུབ་པོས་མངོན་པར་དབང་བསྐུར་ཕྱིར། །རྩ་བའི་དཀྱིལ་འཁོར་ཚད་དག་གི། །ཕྱེད་ཀྱི་ཚད་དུ་དཀྱིལ་འཁོར་བྱ། །ས་གཞི་ཤར་དུ་གཞོལ་པ་ལ། །ནུབ་བམ་བྱང་དུ་སྒོ་གཏོད་དོ། །ཀུན་ཀྱང་བྱང་དུ་གཞོལ་ན་ནི། །ནུབ་ཏུ་སྒོ་ཡང་གཏོད་པར་གསུངས། །ཀུན་དུ་ཐིག་ནི་བཏབ་ནས་ཀྱང་། །ཚོན་སྣ་གཅིག་གིས་བྲི་བྱ་སྟེ། །ཕྱི་རོལ་གྱི་ནི་གྲྭ་བཞི་རུ། །རྡོ་རྗེ་རྩེ་མོ་གསུམ་པ་བྲི། །གསང་སྔགས་ཀུན་ལ་ཐོག་མར་ནི། །དབུས་སུ་པདྨའི་སྙིང་པོ་བཅས། །འདབ་མ་བརྒྱད་པ་བྲིས་ནས་ཀྱང་། །དེ་ནས་བཀྲ་ཤིས་རྣམས་ཀྱིས་བརྒྱན། །སྒོ་རྣམས་ཀུན་དུ་རྡོ་རྗེ་དང་། །གྲྭ་རྣམས་སུ་ནི་བུམ་པ་དགོད། །ཕྱི་རོལ་དཀྱིལ་འཁོར་དག་ལ་ཡང་། །ཆོ་ག་དེ་བཞིན་བྱ་བར་བཤད། །དབང་བསྐུར་བ་ཡི་དཀྱིལ་འཁོར་དུ། །བུམ་པ་གང་བ་བཞི་རྣམས་ནི། །གྲྭ་ཡི་རི་མོའི་ནང་རོལ་དུ། །ངེས་པ་ཉིད་དུ་གཞག་པར་བྱ། །དབུས་སུ་གསང་སྔགས་ཟློས་པ་པོའི། །རིག་སྔགས་རྒྱལ་པོ་གང་ཡིན་པ། །དེ་ཡི་ཕྱག་རྒྱ་བྲིས་ནས་སུ། །དེ་ཡི་སྟེང་དུ་བུམ་པ་བཞག །ཇི་ལྟར་རིགས་ལ་རྣམ་བསྟན་པའི། །ཕྱག་རྒྱ་གཙུག་ཏོར་པདྨ་དང་། །རྡོ་རྗེ་འདི་གསུམ་རིམ་བཞིན་དུ། །རབ་ཏུ་གསང་བའི་དམ་པ་ཡིན། །ཕྱག་རྒྱ་རྣམས་ལ་མ་གོམས་ན། །ལས་ཀུན་བྱེད་པའི་གསང་སྔགས་སམ། །ཡང་ན་ལྷ་རྣམས་ཀུན་གྱི་ཕྱིར། །ཡུངས་ཀར་སྟེང་དུ་བུམ་པ་བཞག །སྣམ་བུའི་ཆ་ནི་ལེགས་ཕྱེ་ནས། །ཤར་དུ་བཅོམ་ལྡན་ཕྱག་རྒྱ་བཞག །དེ་ཡི་གཡོན་དུ་སྙིང་པོའོ། །གཡས་སུ་རིགས་ཀྱི་ཡུམ་བཞག་གོ། །དེ་བཞིན་བྱང་དུ་ཆོ་ག་བཞིན། །པདྨ་འཆང་བ་གཞག་པར་བྱ། །ལྷོར་ནི་ཕྱག་རྒྱ་རྡོ་རྗེ་སྟེ། །ནུབ་ཏུ་ཚངས་པ་དྲག་པོའོ། །གྲྭ་གཉིས་ཀྱི་ནི་ངོས་དག་ཏུ། །ཀུན་དགའ་བོ་དང་རབ་འབྱོར་དང་། །མདུང་ཐུང་དང་ནི་མཆེ་བ་དང་། །རིག་སྔགས་གསང་སྔགས་ཚོགས་རྣམས་དགོད། །གྲྭ་གཉིས་ཀྱི་ནི་ངོས་དག་ཏུ། །དོན་གྲུབ་པ་དང་མཐུ་ཆེན་དང་། །དཔལ་མོ་དང་ནི་གོས་དཀར་ཅན། །རིག་སྔགས་གསང་སྔགས་ཚོགས་རྣམས་དགོད། །གྲྭ་གཉིས་ཀྱི་ནི་ངོས་དག་ཏུ། །རྡོ་རྗེ་རྡོ་རྗེ་དབྱུག་པ་དང་། །རྡོ་རྗེ་ཁུ་ཚུར་གནམ་ལྕགས་མ། །རིག་སྔགས་གསང་སྔགས་ཚོགས་རྣམས་དགོད། །གྲྭ་གཉིས་ཀྱི་ནི་ངོས་དག་ཏུ། །དྲག་པོའི་གློར་ནི་དྲག་མོ་དང་། །ཚངས་པའི་གློར་ནི་དཔལ་ཆེན་དང་། །སྣ་ཚོགས་ལྷ་ཡི་ཚོགས་རྣམས་བྲི། །སྔོན་བཞིན་ཕྱི་རོལ་དཀྱིལ་འཁོར་དུ། །ཕྱོགས་མཚམས་སྐྱོང་བའི་ལྷ་ལ་སོགས། །ཕྱོགས་སྐྱོང་གོ་རིམས་བཞིན་དུ་དགོད། །ལྷག་མ་མ་སྨོས་པ་ཡང་དགོད། །ཀླུ་རྒྱལ་དགའ་བོ་བསྙེན་དགའ་བོ། །སྒོ་ཡི་ངོས་སུ་གཞག་པར་བྱ། །མཛེས་དགའ་ཉེ་མཛེས་ཕྱི་རོལ་སྒོར། །མདུན་དུ་བདུད་རྩི་ཐམ་སྦྱོར་བཞག །དཀྱིལ་འཁོར་སྔ་མའི་ཆོ་ག་བཞིན། །མཆོད་སོགས་ཆོ་ག་གང་ཡིན་པ། །དེ་དག་བྱས་ནས་སྦྱིན་སྲེག་ལས། །རྣམ་གསུམ་ཚུལ་བཞིན་ལེགས་པར་བརྩམ། །བགེགས་རྣམས་གཞོམ་ཕྱིར་དྲག་ཤུལ་སྤྱོད། །རང་གི་འབྱོར་ཕྱིར་རྒྱས་པར་བྱ། །ཞི་བའི་ཆེད་ཏུ་ཞི་བ་སྟེ། །ཇི་ལྟར་མཐོང་བཞིན་བྱ་བར་གསུངས། །རིགས་གསུམ་དག་གི་སྤྱི་ལ་ཡང་། །ལས་ཀུན་བྱེད་པའི་གསང་སྔགས་སམ། །ཡང་ན་ཐབ་སྦྱོར་བྱེད་པ་ཡི། །བགེགས་རྣམས་ལ་ནི་དྲག་ཤུལ་སྤྱད། །སྙིང་པོ་ཉིད་ཀྱིས་རྒྱས་པ་སྟེ། །ཞི་བའི་རིགས་ཀྱི་རིག་སྔགས་ཀྱིས། །ཡང་ན་ཀུན་ལ་ལས་ཀུན་པའམ། །སོ་སོ་ཡི་ནི་ཆོ་གས་བྱ། །དཀྱིལ་འཁོར་བཤད་པའི་ཆོ་ག་བཞིན། །མཁས་པས་སྒོ་ཡི་གཡས་རོལ་དུ། །མར་སོགས་སྦྱིན་སྲེག་རྫས་དག་ལས། །སྦྱིན་སྲེག་གི་ནི་ལས་བྱའོ། །ལས་རྣམས་གསུམ་པོ་དག་ལ་ཡང་། །མཁས་པས་གསང་སྔགས་རྣམ་གསུམ་གྱིས། །རིམ་པ་བཞིན་དུ་བརྒྱ་བརྒྱའམ། །ཡང་ན་ལྷག་པར་སྦྱིན་སྲེག་བྱ། །རིག་སྔགས་བདག་བར་བཅས་པ་རྣམས། །ཚིམ་པར་བྱ་ཕྱིར་སྒྲུབ་པ་པོས། །རིགས་དང་རིགས་ལ་སྦྱིན་སྲེག་བརྒྱའམ། །ཡང་ན་སོ་སོར་བདུན་བདུན་བྱ། །སྒྲུབ་པའི་རིག་སྔགས་གང་ཡིན་དེ། །རང་གི་བདག་པོའི་མདུན་དུ་བཞག །འཕྲོག་མ་དང་ནི་རི་མཁར་མ། །དུང་ཅན་མ་དང་ལྷ་མོ་དག །རལ་པ་གཅིག་མའམ་ཕྱོགས་བཞིན་དུ། །མཆོད་པར་འདོད་པས་མཆོད་པ་བྱ། །ལྷ་རྣམས་ཐམས་ཅད་ལེགས་མཆོད་དེ། །སྦྱིན་སྲེག་ཅི་དགར་བྱས་ནས་ནི། །སྔར་བཀོད་པ་ཡི་བུམ་པ་ལ། །རང་གི་སྔགས་ཀྱིས་མངོན་པར་བསྔགས། །ལྷ་ཡི་མདུན་ན་གང་འདུག་པ། །གཅིག་ནི་རང་གི་སྔགས་ཀྱིས་བཟླས། །དཀྱིལ་འཁོར་དབུས་ན་གང་འདུག་པ། །རིག་པའི་རྒྱལ་པོས་བཟླས་བརྗོད་བྱ། །སྒོ་ཡི་དྲུང་ན་གང་འདུག་པ། །རྡོ་རྗེ་ཁྲོ་བོས་བཟླས་བརྗོད་བྱ། །སྙིང་པོའི་རིགས་ཀྱི་རིག་སྔགས་ཀྱིས། །ཤར་གྱི་གྲྭ་གཉིས་བཟླས་བརྗོད་བྱ། །ལས་ཀུན་བྱེད་པའི་གསང་སྔགས་དང་། །དེ་བཞིན་གསང་སྔགས་གཞན་ཀུན་གྱིས། །ནུབ་ཀྱི་གྲྭ་གཉིས་འདུག་པ་ཡི། །བུམ་པ་ལ་ནི་ཚུལ་བཞིན་བཟླས། །དཀྱིལ་འཁོར་གྱི་ནི་ལྷ་རྣམས་ཀུན། །བཟླས་ཤིང་ཚུལ་བཞིན་སྦྱིན་སྲེག་ནས། །ཅི་ནུས་པར་ནི་ལེགས་མཆོད་དེ། །དེ་ནས་རབ་ཏུ་བསྐོར་བར་བྱ། །དབང་བསྐུར་ཆེད་དུ་ཆོ་ག་གང་། །དཀྱིལ་འཁོར་དག་ཏུ་ཀུན་བཤད་པ། །བཀྲ་ཤིས་ལ་སོགས་དེ་དག་ནི། །འདིར་ཡང་ནན་ཏན་བསྐྱེད་དེ་བྱ། །བུམ་པ་བཟང་པོ་རིན་ཆེན་བཅས། །འབྲུ་དང་བཅས་ཤིང་སྨན་དང་བཅས། །མེ་ཏོག་འབྲས་བུ་ལོ་མར་བཅས། །ཆུར་བཅས་མགུལ་ཆིངས་ཕྲེང་བ་ཅན། །དེ་ཡི་ལས་རྣམས་ཐམས་ཅད་ལ། །དང་པོར་དབང་ནི་བསྐུར་བར་གསུངས། །ཟློས་པ་པོ་ཡི་གྲོགས་པོ་ནི། །སྨྱུང་བར་གནས་པ་དབང་བསྐུར་རོ། །ཡང་ན་རང་གི་བླ་མ་ནི། །ལུང་ལ་ལྷག་པར་མཁས་པས་བྱ། །ཡོན་ཏན་ལྡན་ཞིང་དཀའ་ཐུབ་ཅན། །མཁས་པས་ལས་འདི་བྱེད་དུ་གཞུག །དང་པོ་བགེགས་རྣམས་བསལ་བའི་ཕྱིར། །དབང་བསྐུར་བ་ནི་རབ་ཏུ་སྦྱར། །བར་དུ་བར་མ་དག་གིས་ནི། །མཇུག་ཏུ་རང་གིས་བཟླས་པར་བྱ། །ཡུངས་ཀར་བཟླས་བརྗོད་བྱས་པ་དང་། །གི་ཝང་དྲི་དང་བདུག་སྤོས་སོགས། །སྲད་བུ་གདུ་བུ་གོས་རྣམས་ཀྱང་། །འདིར་ནི་ཀུན་དུ་བཅང་བར་བྱ། །དབང་བསྐུར་ཟིན་ནས་བདག་ཉིད་ཀྱིས། །ཞི་བའི་སྦྱིན་སྲེག་ལས་བྱས་ནས། །དོགས་པ་མེད་པར་ཆོ་ག་བཞིན། །སླར་ཡང་གཤེགས་སུ་གསོལ་བར་བྱ། །ཡང་ནས་ས་ཕྱོགས་མཉམ་བཟང་བར། །སྟེགས་བུ་ཁྲུ་དོ་གྲུ་བཞི་ལ། །ཚོན་སྣ་གཅིག་གིས་རྒྱས་པ་དང་། །ཆུང་ངུར་ལེགས་པར་བྲི་བར་བྱ། །ཕྱག་རྒྱ་གསུམ་པོ་ཕྱོགས་བཞིན་དུ། །དེ་བཞིན་ནུབ་ཏུ་མདུང་རྩེ་གསུམ། །དེ་ཡི་དབུས་ཀྱི་བུམ་པ་ཡིས། །དབང་བསྐུར་ཕྱིར་ནི་སྔོན་བཞིན་བྱ། །མདོར་བསྡུས་ཆོ་ག་འདི་ཡིས་ཀྱང་། །བདག་ཉིད་དབང་བསྐུར་བྱས་པར་འགྱུར། །དེ་ལྟར་བྱས་ན་བགེགས་མེད་པ། །འདི་ནི་ཟློས་པའི་གསང་ཆེན་ཡིན། །ལྷ་རྣམས་བྱིན་གྱིས་རློབ་པ་དང་། །བགེགས་རྣམས་རབ་ཏུ་ཞི་བར་འགྱུར། །ཚེ་དང་བསོད་ནམས་མངོན་པར་འཕེལ། །སྡིག་པ་རྣམ་པར་བྱང་བར་འགྱུར། །དེ་ཕྱིར་ཟློས་པ་ཚུལ་ཤེས་པ། །ཆོ་ག་རྒྱས་པ་ཤེས་བྱས་ནས། །བསྒྲུབ་པའི་ཕྱིར་ནི་དབང་བསྐུར་བ། །གསང་བ་འདི་ནི་ཀུན་དུ་སྤྱད། །དབང་བསྐུར་བའི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་སྔགས་སྒྲུབ་པས། །ཉིན་རེ་ཞིང་ཡང་དུས་གསུམ་དུ། །སྔགས་དང་རྗེས་སུ་མཐུན་པ་ཡི། །སྦྱིན་སྲེག་ལས་ནི་གསུངས་པ་བརྩམ། །ཆོ་ག་བཞིན་དུ་ཏིལ་ནག་དང་། །ཞོ་དང་སྦྲང་རྩི་མར་སྦྱར་རམ། །ལག་པན་གྱི་ནི་སྦྱིན་སྲེག་བྱ། །ཞག་གྲངས་ཉི་ཤུ་རྩ་གཅིག་གམ། །ཞག་བདུན་ཡང་ན་ཟླ་གཅིག་ཏུ། །གསང་སྔགས་དངོས་གྲུབ་རྗེས་མཐུན་པར། །ཆོ་ག་འདི་ནི་བྱ་བར་བསྟན། །དེ་ལ་བདུག་ཅིང་བསང་གཏོར་བྱ། །ཡིད་ལ་བཟླས་ཤིང་བལྟ་བར་བྱ། །བསང་བྱེད་བཅས་པའི་ལག་པ་ཡིས། །གསང་སྔགས་བཟླས་ཤིང་བྲིམ་པར་བྱ། །གི་ཝང་ཆུ་དང་ཡུངས་ཀར་གྱིས། །བྱེ་བྲག་ཏུ་ཡང་བསང་གཏོར་བྱ། །རྫས་ལ་དུས་ཚིགས་དུས་ཚིགས་སུ། །ཇི་ལྟར་རིགས་པར་མཆོད་པར་བྱ། །ཡར་གྱི་ངོ་ལ་སྒྲུབ་འོས་པ། །མཁས་པས་ཟླ་བ་ཉ་ལ་བྱ། །མར་གྱི་ངོ་ལ་སྒྲུབ་འོས་པ། །མར་གྱི་ངོ་ཡི་བཅུ་བཞི་ལ། །མཁས་པས་རིགས་ཀྱི་རིག་སྔགས་ཀྱིས། །རྫས་རྣམས་བྱིན་ནི་བསྐྱེད་པར་བྱ། །དྲི་དང་བདུག་སྤོས་ཕྲེང་སོགས་ཀྱིས། །ཁྱད་པར་དུ་ནི་མཆོད་པར་བྱ། །ལག་ངར་གདུ་བུ་བཏགས་པ་ཡིས། །ལག་མཐིལ་དྲི་ཡིས་བསྐུས་པ་ཡིས། །ལག་པས་མཚན་གཅིག་ཐལ་བྱུང་དུ། །ཉི་མ་ཤར་གྱི་བར་དུ་བཟླས། །དེ་ཉིད་ཀྱི་ནི་ནུབ་མོ་ཡང་། །སོ་སོའི་རིགས་ཀྱི་གསང་སྔགས་ནི། །རྫས་རྣམས་བྱིན་སྐྱེད་བྱེད་པ་འདིས། །དུས་གསུམ་དུ་ནི་བརྒྱ་བརྒྱ་བཟླས། །དེ་ལྟར་བློ་དང་ལྡན་པ་ཡིས། །རྫས་དེ་ཡོངས་སུ་བཟུང་བ་ནས། །མ་གྲུབ་བར་དུ་དུས་གསུམ་བཟླས། །དེ་ལྟར་བྱས་ན་འགྲུབ་པར་འགྱུར། །ཨོྂ་ཏེ་ཛ་ཏེ་ཛ་ས་ནི་སིདྡྷི་སཱ་དྷ་ཡ་ཧཱུྃ་ཕཊ། དེ་བཞིན་གཤེགས་པའི་རིགས་ལའོ། །ཨོྂ་དཱི་བྱ་དཱི་བྱ། དཱི་པ་ཡ་ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་སྭཱ་ཧཱ། པདྨའི་རིགས་ལའོ། །ཨོྂ་ཛྭ་ལ་ཛྭ་ལ། ཛྭ་ལ་ཡ་བནཱུ་རི་ཧཱུྃ་ཕཊ། རྡོ་རྗེའི་རིགས་ལའོ། །ཀ་ར་བཱི་ར་དམར་པོའམ། །མེ་ཏོག་མ་ལ་ཏི་ཡང་རུང་། །ཡང་ན་ཡུངས་ཀར་དག་གིས་བྱ། །རྫས་ལ་ལེགས་པར་འཕང་བར་བྱ། །ཐོག་མ་བར་རམ་མཐའ་མར་རམ། །མཚན་མ་བྱུང་བའི་ཚེ་ན་ཡང་། །སྒྲུབ་པ་རྩོམ་པའི་བར་བར་དུ། །འཕངས་ན་རྫས་ཀྱི་བྱིན་བསྐྱེད་འགྱུར། །དུས་དེ་རྣམས་སུ་ཆོ་ག་བཞིན། །སྤོས་ཆུ་བཟླས་བརྗོད་བྱས་པའམ། །མར་ལ་སོགས་པས་ཅི་རིགས་སུ། །བསང་གཏོར་བྱས་པས་བྱིན་བསྐྱེད་དོ། །གལ་ཏེ་རྫས་རྣམས་མ་གྲུབ་ན། །ཆོ་ག་དེ་ཉིད་བྱ་བར་བཤད། །ཡང་ན་དཀྱིལ་འཁོར་འདི་བྲིས་ནས། །ཆོ་ག་ཤེས་པས་བྱིན་བསྐྱེད་དོ། །ཚོན་རྩི་སྣ་ལྔའི་ཕྱེ་མ་ཡིས། །དཀྱིལ་འཁོར་སྔ་མ་བཞིན་དུ་བྲི། །གྲུ་བཞི་པ་ལ་སྒོ་གཅིག་པ། །ཁྲུ་བཞི་པ་ཡི་ཚད་དུ་བྱ། །དང་པོར་ཤར་དུ་འཁོར་ལོ་དང་། །ངོས་སུ་ཆོས་གོས་ལྷུང་བཟེད་བཞག །དེ་ནས་བྱང་དུ་པདྨ་དང་། །རིལ་བ་སྤྱི་བླུགས་དབྱུག་པ་བཞག །དེ་བཞིན་ལྷོར་ནི་འཁོར་ལོ་དང་། །ངོས་སུ་དབྱུག་ཏོ་བུམ་པ་བཞག །ཕྱག་རྒྱ་ཐམས་ཅད་སྟེགས་བུ་ལ། །བཞག་ཅིང་ཁ་དོག་དཀར་པོར་བྱ། །རང་གི་ཕྱག་རྒྱ་བཀོད་ནས་སུ། །རྫས་ནི་སྣོད་དང་བཅས་པ་བཞག །དེ་སྟེང་བཞག་པའི་རྫས་ལ་ནི། །སྔགས་ཀྱིས་སྔོན་བཞིན་བྱིན་བསྐྱེད་དོ། །དེ་བཞིན་གཤེགས་པའི་མདུང་ཐུང་དང་། །རིག་སྔགས་གྲུབ་པའི་སྤྱན་དང་ནི། །གསང་སྔགས་དབང་ཕྱུག་གཟི་བརྗིད་གཏེར། །དེ་བཞིན་གཞན་གྱིས་མི་ཐུབ་པ། །ཕྱག་དྲུག་པ་དང་རྟ་མགྲིན་དང་། །སྒྲོལ་མ་ལྷ་མོ་ཟླ་བ་དང་། །རྡོ་རྗེ་ལྕགས་ཀྱུ་ཁུ་ཚུར་དང་། །ངོས་སུ་ཀི་ལི་གནོད་མཛེས་དང་། །རིག་སྔགས་ཆེན་མོ་མཱ་མ་ཀཱི། །གོས་དཀར་ཅན་མ་གང་ཡིན་དང་། །རིག་སྔགས་གཞན་གྱིས་མི་ཐུབ་མ། །དེ་དག་ནུབ་ཀྱི་ཕྱོགས་སུ་དགོད། །བགེགས་རྣམས་ཐམས་ཅད་སེལ་བྱེད་པ། །བདུད་རྩི་ཐབ་སྦྱོར་གཞག་པར་བྱ། །སྒོ་ཡི་ཕྱོགས་སུ་རང་གི་རྒྱ། །སྔ་མ་བཞིན་དུ་ཆོ་གས་མཆོད། །ཕྱོགས་ཆའི་དབྱེ་བ་ཤེས་པ་ཡིས། །གོ་རིམས་བཞིན་དུ་གྲྭ་ཀུན་དུ། །ལས་ཀུན་བྱེད་པའི་གསང་སྔགས་དང་། །ལུས་ངན་པོ་ཡང་རིམ་བཞིན་དུ། །རྫས་ཀྱི་ཁྲི་ཡི་ཤར་ཕྱོགས་སུ། །བསྒྲུབ་པར་བྱ་བའི་ལྷ་ཉིད་གཞག །རིགས་དང་རིགས་ཀྱི་ཕྱག་རྒྱ་ནི། །སྣ་ཚོགས་ཅི་འདོད་པ་ཡང་གཞག །སོ་སོ་ཡི་ནི་གསང་སྔགས་ཀྱིས། །ཆོ་ག་བཞིན་དུ་སྤྱན་དྲངས་ནས། །མཆོད་པའི་ཆོ་ག་ཐམས་ཅད་ནི། །དཀྱིལ་འཁོར་སྔར་བསྟན་བཞིན་དུ་བྱ། །རིག་སྔགས་སོ་སོར་ཇི་ལྟ་བར། །གསང་སྔགས་གསུངས་པའམ་རིག་སྔགས་ཀྱིས། །ཁྱད་པར་དུ་ནི་སྦྱིན་སྲེག་བྱ། །དེ་ནས་ཆོ་ག་འདི་དག་བྱ། །དང་པོ་སྦྱིན་སྲེག་ལས་དག་གིས། །རྫས་རྣམས་ལེགས་པར་བྱིན་ཡང་བསྐྱེད། །ཀུན་ལ་རིགས་ཀྱི་རིག་སྔགས་ཀྱིས། །བསྔགས་ཤིང་མཇུབ་ཏུ་བསང་གཏོར་བྱ། །མཱ་མ་ཀཱི་ཡི་སྙིང་པོ་དང་། །རིགས་དབང་ཡི་གེ་བཞི་བཅས་པ། །དེ་དག་གིས་ནི་བྱེ་བྲག་ཏུ། །བྱིན་བསྐྱེད་ཆོ་ག་བྱ་བར་བཤད། །ན་མོ་ལོ་ཀ་དྷ་ཏྲ་ཡེ། ན་མཿ ཤྃ་ཀ་རེ། ཤཱནྟི་ཀ་རེ། གྷུཊྚ་གྷུཊྚ་གྷུཊྚི་ནི། གྷཊྚ་ཡེ། གྷུཊྚི་ནི་སྭཱ་ཧཱ། མཱ་མ་ཀཱི་ཡི་རིག་སྔགས་སོ། །ཨོྂ་ཀུ་ལནྡྷ་རི་བནྡྷ་བནྡྷ་ཧཱུྃ་ཕཊ། མཱ་མ་ཀཱིའི་སྙིང་པོའོ། །ཨོྂ་བཛྲ་ཧཱུྃ་དྷ། རིག་པའི་དབང་པོའི་འོ། །ཨོྂ་ཛྭ་ལ་ཛྭཱ་ལ་ཡཱ། །རྒྱལ་བ་རྣམས་ཀྱིའོ། །སིདྡྷི་སཱ་དྷ་ཡ། བར་མ་རྣམས་ཀྱིའོ། །དཱི་བྱ་དཱི་པ་ཡཱ། གསང་སྔགས་བར་མ་རྣམས་ཀྱི་ཡིན་ཏེ། རྫས་གཟེངས་བསྟོད་པའོ། །ཕཊ་ཅེས་བྱ་བ་ནི་ཐམས་ཅད་ལའོ། །གཟི་བརྗིད་ལྡན་པས་རྫས་ནང་དུ། །ཕྱི་བཤོལ་མ་མཛད་བཞུགས་ནས་སུ། །ཀུན་གྱི་གཟི་བརྗིད་སྤེལ་བ་དང་། །བྱིན་རླབས་ཅན་དུ་མཛད་དུ་གསོལ། །དེ་ལ་སོགས་པའི་ཚིག་གི་རྣམས། །ཟློས་བུ་དང་ནི་མ་འདྲེས་དང་། །བསྣོར་བ་ཡིས་ཀྱང་ཅི་འདོད་པ། །མཁས་པས་རྫས་ཀྱི་བྱིན་བསྐྱེད་དོ། །ཀ་ར་བཱི་རའི་མེ་ཏོག་ནི། །དམར་པོ་དག་དང་ཡུངས་ཀར་དང་། །དེ་ནས་སྣ་མའི་མེ་ཏོག་གིས། །རིམ་པ་བཞིན་དུ་རྫས་བྱིན་བསྐྱེད། །ཐོག་མར་དྲི་ཡིས་བྱུག་པར་བྱ། །དེ་ནས་མེ་ཏོག་ཡུངས་ཀར་གྱི། །བདུག་སྤོས་ཀྱིས་ཀྱང་རྣམ་པར་བདུག །སྤོས་ཆུ་ཡིས་ཀྱང་བསང་གཏོར་བྱ། །དུས་གསུམ་དུ་ནི་སྤོས་ཀྱི་ཆུས། །རང་སྔགས་བདག་པོའི་གསང་སྔགས་ཀྱིས། །བསང་གཏོར་བྱ་ཞིང་རང་སྔགས་ཀྱིས། །སྐབས་སྐབས་སུ་ནི་བཟླས་བརྗོད་བྱ། །ཉི་མ་ཤར་གྱི་བར་དུ་ཡང་། །བྱིན་བསྐྱེད་པ་ཡི་ཆོ་ག་བྱ། །ཆོ་ག་འདིས་ནི་རིག་སྔགས་རྣམས། །ཟློས་པ་པོ་ལ་མྱུར་དུ་འགྲུབ། །དེ་ལྟར་བྱིན་ནི་བསྐྱེད་པའི་རྫས། །བརྟན་ཞིང་མྱུར་དུ་འགྲུབ་པ་འགྱུར། །སྒྲུབ་པའི་རྫས་ནི་ཉུང་ངུས་ཀྱང་། །དངོས་གྲུབ་ཆེན་པོ་སྟེར་བར་འགྱུར། །མངོན་པར་འཕེལ་ཞིང་གཟི་བྱིན་དང་། །རྣམ་པར་དག་པ་མངོན་དུ་འགྱུར། །ཆོ་ག་འདི་ཡིས་རྫས་རྣམས་ལ། །རྟག་ཏུ་བྱིན་ཡང་བསྐྱེད་པར་བྱ། །བསྒྲུབ་པར་བྱ་བའི་ལས་རྣམས་ཀུན། །ཡོངས་སུ་བཟུང་བ་བྱས་ནས་ཀྱང་། །ཆོ་ག་གསང་བར་བསྟན་པ་འདིས། །རྫས་རྣམས་ཀུན་གྱི་བྱིན་ཡང་བསྐྱེད། །རྟག་ཏུ་དུས་དང་དུས་མཚམས་ལ། །དེ་ལྟ་བུར་ནི་བྱིན་བསྐྱེད་དེ། །དེ་ནས་ཕྱིས་ནི་མཚན་གཅིག་ཏུ། །བསྒྲུབ་ལ་ལེགས་པར་བརྩམ་པར་བྱ། །རྫས་བྱིན་བསྐྱེད་པའི་ཆོག་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་ཅི་མཐོང་བའི། །དུས་བཟང་ཡོན་ཏན་ལྡན་པ་ལ། །བསྒྲུབ་པའི་ཕྱིར་ནི་མཁས་པ་ཡིས། །ཆོ་ག་བཞིན་དུ་བརྩམ་པར་བྱ། །དགུན་ཟླ་ཐ་ཆུངས་སྟོན་ཟླ་འབྲིང་། །དཔྱིད་ཟླ་ར་དང་འབྲིང་པོ་དང་། །དབྱར་ཟླ་ར་བ་ཉ་དག་ལ། །སྒྲུབ་པ་ཆེན་པོ་བརྩམ་པར་བྱ། །དབྱར་ཟླ་ར་བ་རྟག་ཏུ་འབབ། །དཔྱིད་ཟླ་འབྲིང་པོ་རླུང་གི་འཁོར། །དཔྱིད་ཟླ་ར་བ་སྣ་ཚོགས་བགགས། །དགུན་ཟླ་ར་བ་བགེགས་མེད་དོ། །སྟོན་ཟླ་འབྲིང་པོ་གློག་འགྱུ་ཞིང་། །སྒྲ་ཆེན་རྣམས་ཀྱང་འབྱུང་བར་འགྱུར། །བགེགས་ནི་འགྲུབ་པའི་མཚན་མ་བས། །དེ་ལྟར་དེ་དག་བརྟག་པར་བྱ། །ཟླ་བ་ལྔ་པོ་དེ་དག་ལ། །དངོས་གྲུབ་རབ་ནི་འགྲུབ་པར་བྱ། །ཞི་བ་ཡི་ནི་ལས་རྣམས་ཀྱང་། །དེ་དག་ཉིད་ལ་ལེགས་པར་བརྩམ། །ལྔ་བོ་མར་གྱི་ཟླ་ཕྱེད་ཀྱི། །དུས་ཚིགས་རྣམས་སུ་གང་བསྒྲགས་པ། །དེ་ལ་འབྲིང་དང་ཐ་མ་ཡི། །དངོས་གྲུབ་བསྒྲུབ་པར་རབ་ཏུ་ཤིས། །ཟླ་བ་གཟའ་ཡིས་ཟིན་པའི་ཚེ། །རྫས་ཀྱི་དམ་པ་བསྒྲུབ་པར་བྱ། །ཉི་མ་གཟས་ཟིན་ཚེ་ན་ཡང་། །མཁས་པས་ལས་རྣམས་བསྒྲུབ་པར་བྱ། །ཚེས་ལྔ་དང་ནི་ཚེས་བདུན་དང་། །ཚེས་གཅིག་དང་ནི་ཚེས་གསུམ་དང་། །ཚེས་གྲངས་བཅུ་གསུམ་དག་ལ་ཡང་། །ལས་རྣམས་ཐམས་ཅད་བྱ་བར་ཤིས། །ཚེས་གྲངས་སྐར་མ་དང་ལྡན་ན། །མཆོག་ཏུ་འགྱུར་བར་ཤེས་པར་བྱ། །ཕལ་དག་ལ་ནི་བྱེ་བྲག་ཏུ། །སྐར་མ་རྒྱལ་ནི་ཀུན་ལ་ཤིས། །གཟའ་དང་ཡུད་ཙམ་བྱེད་པ་དང་། །དྲག་པོ་དྲག་པོའི་ལས་ལའོ། །རང་གི་ཆོ་གས་གསུངས་པའམ། །ལྷ་རྣམས་ཀྱིས་ནི་བསྐུལ་བའང་རུང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ལས་རྣམས་ཐམས་ཅད་རབ་ཏུ་ཤིས། །བཀའ་ལུང་སྩལ་བའི་ཚེས་གྲངས་སམ། །ཚེས་གྲངས་བཅུ་གསུམ་པ་ཡང་རུང་། །ཞི་བ་ཕལ་ཆེར་སྟོན་ངོ་ལ། །དེ་བཞིན་རྒྱས་པ་དགུན་ངོ་ལ། །དཔྱིད་སྨད་དྲག་ཤུལ་ཆོ་ག་བཞིན། །བསྒྲུབ་པ་དག་ནི་རབ་ཏུ་ཤིས། །དཔྱིད་སྟོད་ལས་རྣམས་ཐམས་ཅད་བྱ། །དབྱར་གྱི་ངོ་ལ་ལས་རྣམས་བྱ། །སྟོན་དང་དགུན་དང་དཔྱིིད་སྨད་ནི། །འབྲིང་དང་རབ་དང་ཐ་མའོ། །གསུམ་དུ་ཕྱེ་བ་དེ་ལ་ཡང་། །གསུམ་གསུམ་དག་ཏུ་དབྱེ་བར་བཤད། །དུས་གསུམ་དག་གི་དངོས་གྲུབ་ཀྱང་། །ཕལ་ཆེར་རྣམ་པ་གསུམ་དུ་བཤད། །དང་པོ་སྲོད་ཀྱི་དུས་ལས་ཏེ། །འབྲིང་པོ་ནམ་གྱི་ཕྱེད་ནའོ། །རབ་ཀྱི་དུས་ནི་ནང་པར་ཏེ། །དེར་ནི་དངོས་གྲུབ་རིམ་བཞིན་འགྱུར། །ཞི་དང་དྲག་ཤུལ་རྒྱས་པ་ཡི། །དུས་ཀྱང་དེ་དག་ཡིན་པར་བསྒྲགས། །ཐ་མ་འབྲིང་དང་རབ་རྣམས་ཀྱི། །ཆོ་གའི་རིམ་པ་དེ་དག་ཉིད། །རབ་དང་འབྲིང་དང་ཐ་མ་ཡི། །དངོས་གྲུབ་རྣམས་ཀྱི་མཚན་མ་ལ། །རིམ་པ་ཅི་ལྟར་མཐོང་བ་བཞིན། །བྱེ་བྲག་རྣམ་གསུམ་ཤེས་པར་བྱ། །ཉི་མ་ཟླ་བ་གཟས་ཟིན་ལ། །དུས་ནི་གང་ཡང་ངེས་པ་མེད། །དྲག་ཤུལ་སྤྱོད་པ་ཁྱད་པར་དུ། །གཟས་ཟིན་ཚེ་ནི་བྱ་པར་བཟང་། །རབ་ལ་སོགས་པའི་བྱེ་བྲག་ལས། །ཞག་གསུམ་ཡང་ན་ཞག་གཉིས་སམ། །ཡང་ན་ཞག་གཅིག་ཏུ་ཡང་རུང་། །སྨྱུང་བར་བྱ་བ་རབ་ཏུ་བཤད། །སྒྲུབ་པའི་དུས་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་རྟོག་པ་ལས། །ཇི་སྐད་བསྟན་པའི་ཆོ་ག་བྱ། །ངལ་བར་ཐལ་བའི་སྐྱོན་ཡོད་པས། །སྨྱུང་བར་བྱ་བ་མི་ཤིས་སོ། །དེ་ཡི་བར་དུ་སྒྲུབ་པ་པོས། །བསྙེན་པ་དང་ནི་མཆོད་པ་དང་། །སྦྱིན་སྲེག་ཆོ་ག་བསྟོད་པ་དང་། །དགེ་བ་དག་ལ་བརྩོན་པར་བྱ། །ལན་བརྒྱར་མངོན་པར་བསྔགས་པ་ཡི། །བུ་མོས་བཀལ་བའི་སྐུད་པ་ནི། །མང་དུ་བསྒྲིལ་ཅིང་སྤོས་བསྐུས་བ། །མདུད་པ་བདུན་ནི་བོར་བ་ལ། །སྒྲུབ་པ་པོས་ནི་གསང་སྔགས་འདིས། །བརྒྱ་རྩ་བརྒྱད་དུ་བཟླས་བརྗོད་ནས། །སྲོད་ལ་རྐོད་པར་བཅིངས་ན་ནི། །ཁུ་ཚུ་དགག་པ་བྱས་པར་འགྱུར། །ཨོྂ་ཛ་ཡེ་ཀུ་མཱ་རི་ཤུ་ཀྲ་བནྡྷ་ནི་སྭཱ་ཧཱ། ཨོྂ་རཀྵ་ཀུ་རུ་ཀུ་རུ་གི་ན་སྭཱ་ཧཱ། ཨོྂ་ཀུ་ལནྡྷ་རི་བནྡྷ་བནྡྷ་ཧཱུྃ་ཕཊ་སྭཱ་ཧཱ། བདེ་གཤེགས་སྔགས་པ་གཞོན་ནུ་མས། །པདྨ་འཛིན་ལ་ཀུ་རུང་གིས། །རྡོ་རྗེའི་རིགས་ལ་མཱ་མ་ཀཱིས། །ཆོ་ག་བཞིན་དུ་ཁུ་ཆུ་དགག །ཚུར་སྦྱོར་ཚུར་སྤྱན་བརྟུལ་ཞུགས་བཟང་། །བདག་གི་ལུས་ལ་མྱུར་ཞུགས་ནས། །རྐང་གི་བར་དུ་གནས་ནས་སུ། །འདིར་ནི་ཡུན་རིང་རྒྱུ་བར་མཛོད། །རིག་སྔགས་བཤད་པ་འདི་གསུམ་ནི། །ཐམས་ཅད་ཀྱི་ནི་སྤྱིར་ཡིན་ནོ། །ཁ་ཅིག་ཏུ་ནི་རྟོག་པ་ལས། །གསུངས་བའི་སྔགས་ཀྱིས་ཆོ་ག་བྱ། །དཀྱིལ་འཁོར་དག་ནི་འདྲི་བ་དང་། །བསྙེན་པ་དང་ནི་དུས་ཚིགས་དང་། །བྱིན་བསྐྱེད་ལ་སོགས་ཆོ་ག་ཡང་། །ཉི་མ་རེ་རེ་བཅིང་བར་བྱ། །ཐོག་མར་ལན་བརྒྱབ་སྔགས་པ་ཡི། །མིག་སྨན་གྱིས་ནི་གཉིད་ཀྱང་བསལ། །བསྒྲུབ་པའི་ཚེ་ཡང་མིག་སྨན་དེ། །ལེགས་པར་བསྐུ་བར་བྱ་བར་བསྒྲགས། །སུག་སྨེལ་ག་པུར་སྲོ་ཏན་ཙ། །ཤིང་ཚ་ཏ་ཀར་པི་པི་ལིང་། །ཁ་ར་ཏ་ཡི་ཁ་ཆུར་སྦྱར། །གཉིད་དང་སྙོམ་དང་འཇིགས་པ་སེལ། །འཐོར་འཐུང་ཡང་དང་ཡང་བྱས་ཏེ། །ཁ་གདོང་བཀྲུས་ནས་མིག་བཀྲུའོ། །མིག་སྨན་བསྐུས་པའི་མིག་དེས་ནི། །བསྒྲུབ་པའི་ཚེ་ན་བགེགས་ཀྱང་མཐོང་། །ༀ་ཛྭ་ལ་ལོ་ཙ་ནི་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ། །ཨོྂ་བི་ལོ་ཀི་ན་སྭཱ་ཧཱ། པདྨའི་རིགས་ལའོ། །ཨོྂ་བནྡུ་ནི་རི་དྷི་བ་ཏེ་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །རིགས་གསུམ་གྱི་མིག་སྨན་བསྐུ་བའི་རིག་སྔགས་སོ། །ངལ་དང་རྨྱ་བ་བསལ་བའི་ཕྱིར། །སྤོས་ཀྱི་ཆུ་ནི་ཁྱོར་གང་ཙམ། །དྲི་ཞིམ་བདུན་བདུན་བཟླས་པ་དག །ཁྱོར་བ་ཉིད་ཀྱིས་བཏུང་བར་བྱ། །དེ་ནས་ཉེ་རེག་བྱས་ནས་ནི། །བློ་དང་ལྡན་པས་མཚན་མ་བརྟག །མཚན་མ་བཟང་པོ་མཐོང་ནས་ནི། །བསྒྲུབ་པ་གུས་པས་བརྩམ་པར་བྱ། །འཁོར་ལོ་དུང་དང་ལྕགས་ཀྱུ་ཉ། །གཡུང་དྲུང་པདྨ་རྒྱལ་མཚན་དང་། །བཀྲ་ཤིས་བུམ་པ་གང་བ་དང་། །དཔལ་བེའུ་རྡོ་རྗེ་ཕྲེང་བ་དང་། །བུ་མོ་རྒྱན་གྱིས་བརྒྱན་པ་དང་། །སྦྲུམ་མའམ་པང་ན་བུ་ཐོགས་དང་། །ན་ཆུང་དགའ་ཞིང་རྒྱགས་པ་དག །གང་ཞིག་དེ་ཡིས་འགྲུབ་པར་སྟོན། །བྲམ་ཟེ་གོས་དཀར་གྱོན་པ་དང་། །ཤིང་རྟ་གླང་པོ་རྟ་དག་དང་། །རྩ་རྡོག་འབྲས་བུ་སྣ་ཚོགས་དང་། །ངོ་མཚར་ཆེ་ཞིང་མཐོང་བ་དག །འབྲུག་གི་སྒྲ་ནི་གྲག་པ་དང་། །རིག་བྱེད་དབྱངས་དང་རྒྱལ་བའི་སྒྲ། །ཀུང་དང་རྔ་དང་རྫ་རྔ་ཡི། །སྒྲ་རྣམས་འགྲུབ་ཕྱིར་རབ་ཏུ་ཤིས། །རྨ་བྱ་ཁྲུང་ཁྲུང་ངང་མོ་དང་། །ནེ་ཚོ་ལ་སོགས་བྱ་རྣམས་ཀྱི། །སྒྲ་སྙན་རྣམས་ནི་ཀུན་ཐོས་ནས། །དངོས་གྲུབ་སྦྱིན་བའི་ལས་བརྩམ་མོ། །སྨོན་ལམ་བཀྲ་ཤིས་ཐམས་ཅད་དང་། །བསོད་ནམས་དགའ་དང་བདེ་ལེགས་ཚིག །ཡིད་དུ་འོང་བའི་ཚིག་གི་རྣམས། །ཐོས་ནས་འགྲུབ་པ་ཤེས་པར་བྱ། །གློག་དང་སྤྲིན་དང་ཆར་འབབ་དང་། །སེར་བུ་མེ་ཏོག་ཆར་འབབ་དང་། །འཇའ་དང་དྲི་ནི་ཞིམ་པོ་སྟེ། །མཚན་མ་འདི་དག་ལྷ་ཡི་ཡིན། །བར་སྣང་ལས་བྱུང་མཚན་མ་ནི། །ཐམས་ཅད་འབྲིང་པོར་ཤེས་པར་བྱ། །ས་ལས་བྱུང་བའི་མཚན་མ་དག །དེ་དག་ས་པའི་ཡིན་པར་བཤད། །ལྷ་དག་གིས་ནི་དངོས་གྲུབ་རབ། །བར་སྣང་དག་གི་འབྲིང་པོར་འགྱུར། །ས་པ་དག་གི་དངོས་གྲུབ་ཕལ། །གསུམ་ལའང་གསུམ་གསུམ་དག་ཏུ་དབྱེ། །དེ་དག་ལ་སོགས་མཚན་མ་རྣམས། །དངོས་གྲུབ་ཕྱིར་ནི་རབ་ཏུ་བསྒྲགས། །མདོར་ན་གསང་སྔགས་ཐམས་ཅད་ལ། །དེ་ལས་བཟློག་པས་མི་འགྲུབ་བོ། །དང་པོར་མཚན་མ་བཟུང་ནས་ནི། །སེམས་ཀྱང་རབ་ཏུ་དགའ་བྱས་ཏེ། །ཡོངས་སུ་མགུ་བའི་བསམ་པ་ཡིས། །དེ་ནས་བསྒྲུབ་པ་བརྩམ་པར་བྱ། །བསྒྲུབ་པའི་མཚན་མ་རིམ་པར་ཕྱེ་བའོ།། །།དཀྱིལ་འཁོར་གྱི་ནི་རྒྱུད་ཀུན་དང་། །ཡང་ན་བསྒྲུབ་པ་དག་ལའང་རུང་། །ཚེས་གྲངས་ཡུད་ཙམ་བྱེད་པ་དང་། །མཚན་མའང་རྒྱས་པར་ཤེས་བྱས་ནས། །མི་བཟང་པ་ལ་མར་དག་གི། །རིགས་ཀྱི་རིག་པས་སྦྱིན་སྲེག་བྱ། །དེ་ནས་ལས་རྣམས་བརྩམ་བྱས་ནས། །འོན་ཏམ་དངོས་གྲུབ་ཐོབ་པར་འགྱུར། །གནས་གང་དག་ཏུ་རིམ་པ་བཞིན། །དཀྱིལ་འཁོར་དག་ནི་མངོན་བྲི་ཞིང་། །དེ་ཉིད་དུ་ནི་སྒྲུབ་པ་ཡི། །དེ་ཡི་རིམ་པ་བཤད་པ་ཡིན། །རི་ལ་སོགས་པའི་གནས་རྣམས་སུ། །དངོས་གྲུབ་ཆེན་པོ་ཐོབ་པར་བསྒྲགས། །མཚོ་ལ་སོགས་པར་འབྲིང་རྣམས་འཐོབ། །གཞན་དག་ཏུ་ནི་ཕལ་རྣམས་སོ། །སྔགས་དང་རྗེས་སུ་མཐུན་ནས་སུ། །བཟླས་བརྗོད་བྱེད་པས་ལས་རྣམས་བརྩམ། །གཞན་དུ་བསྒྲུབ་པར་བྱས་ན་ནི། །དངོས་གྲུབ་མྱུར་དུ་མི་འཐོབ་བོ། །རིང་བསྲེལ་ཅན་གྱི་མཆོད་རྟེན་ཀུན། །བདེ་གཤེགས་ཀུན་གྱི་གསང་སྔགས་འགྲུབ། །མཆོད་རྟེན་ཆེན་པོ་ཉམས་དགའ་བ། །བྱང་ཆུབ་ཆེན་པོ་གྲུབ་གནས་དང་། །དེ་བཞིན་བལྟམ་ལ་སོགས་པ་བརྒྱད། །དེ་ན་བགེགས་ནི་ཡོད་མ་ཡིན། །ལས་ཀྱི་ཆོ་ག་ཐམས་ཅད་དང་། །མཐུན་པ་དག་ཀྱང་དེ་ན་ཡོད། །དེར་ནི་བདུད་ཀྱིས་བགེགས་བྱ་བར། །ནམ་ཡང་ནུས་པ་མ་ཡིན་ནོ། །དེ་བས་གསང་སྔགས་ཐམས་ཅད་ཀྱང་། །དེར་ནི་ངེས་པར་འགྲུབ་པར་གསུངས། །འདིར་ནི་དྲག་ཤུལ་སྤྱོད་པའི་ལས། །དུར་ཁྲོད་དག་ཏུ་བྱ་བར་ཤིས། །ཡང་ན་ཤིང་གཅིག་པ་དག་གམ། །ཁང་སྟོང་མཚན་མ་གཅིག་པའང་རུང་། །འབབ་ཆུའི་འགྲམ་ནི་ཐམས་ཅད་དུ། །རིག་སྔགས་བསྒྲུབས་ན་འགྲུབ་པར་གསུངས། །སྐྱེད་མོས་ཚལ་དུ་གནོད་སྦྱིན་མོ། །ཀླུ་ཡི་བདག་པོ་མཚོ་རྣམས་སུ། །ཁང་སྟོང་དུ་ནི་ལོངས་སྤྱོད་ཕྱིར། །མངག་གཞུག་གྲོང་སྲང་ལ་སོགས་པར། །ཕུག་གི་གསང་སྔགས་ཕུག་རྣམས་སུ། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །སྔགས་རྣམས་མྱུར་དུ་འགྲུབ་པའི་ཕྱིར། །ཆོ་ག་གསང་བ་འདི་གསུངས་སོ། །མན་ངག་བསྟན་པ་འདི་ཉིད་ཀྱིས། །གནས་རྣམས་གཏན་ལ་དབབ་པར་བྱ། །གང་ཡང་རུང་བའི་གནས་གཅིག་ཏུ། །དཀྱིལ་འཁོར་ཆོ་ག་གསུངས་པའམ། །བཟླས་བརྗོད་ས་ཡི་ཆོ་ག་ཡིས། །དང་པོར་ས་ནི་སྤྱང་བར་བྱ། །ལྷ་ཡི་གནས་ནི་རྣམ་དག་པར། །བྱིན་གྱིས་རློབ་ཅིང་བཞུགས་འགྱུར་བས། །བསྒྲུབ་པ་ལ་ནི་བྱེ་བྲག་ཏུ། །ཆོ་ག་གཞན་ཡང་འདི་དག་བཤད། །ཙནྡན་དམར་པོས་བསྐུས་པ་ཡི། །སེང་ལྡིང་ཕུར་བུ་མཛུབ་གང་པ། །རྣོན་པོར་བྱས་པ་བཞི་དག་ལ། །སྐུད་པ་དམར་པོ་དག་གིས་དཀྲིས། །རྡོ་རྗེ་ཕུར་བུས་ལན་གྲངས་བརྒྱར། །མངོན་པར་བཟླས་བརྗོད་བྱས་པ་དག །གནས་སམ་ཁྱིམ་དག་ཏུ་ཡང་རུང་། །ཁུ་ཚུར་གྱིས་ནི་ཕྱོགས་བཞིར་གདབ། །དང་པོར་ལས་ཀུན་བྱེད་སྔགས་སམ། །ཡང་ན་བགེགས་ཀྱི་དགྲས་ཀྱང་རུང་། །ཡུངས་ཀར་དག་ལ་སོགས་པ་ཡིས། །ལེགས་པར་ཀུན་དུ་བསལ་བར་བྱ། །བ་དན་དཀར་པོ་གཅིག་ལ་ནི། །རིག་སྔགས་རྒྱལ་པོས་མངོན་བསྔགས་ཏེ། །སྨྱུག་མ་རིང་པོའི་ཡུ་བ་ལ། །བཏགས་ཏེ་དང་པོ་ཤར་དུ་གཟུགས། །རྡོ་རྗེ་ར་བས་བསྔགས་པ་ཡི། །ལྕགས་ཀྱུའི་ཕྱེ་མས་ར་བ་བྱ། །རྡོ་རྗེ་དྲ་བའི་གསང་སྔགས་ཀྱིས། །ལན་བརྒྱར་བསྔགས་པའི་ཕྱེ་མ་ཡིས། །ཁོར་ཡུག་ཏུ་ནི་རྡོ་རྗེ་ཕྲེང་། །བྲིས་ན་རྡོ་རྗེ་དྲ་བར་འགྱུར། །དཀྱིལ་འཁོར་ནང་གི་དང་པོ་ཡི། །སྒོ་ཀར་བདུད་རྩི་ཐབ་སྦྱོར་གྱིས། །རྡོ་རྗེའི་ཕྱག་རྒྱ་སྲུང་བའམ། །ཡང་ན་གཞན་གྱིས་མི་ཐུབ་པས། །དཀྱིལ་འཁོར་གཉིས་པ་བསྲུང་བ་ནི། །འཕྲོག་མ་སོགས་པས་བྱ་བར་འདོད། །རིགས་གསུམ་དག་གི་སྤྱི་ལ་ཡང་། །ཆོ་ག་འདི་ནི་རབ་ཏུ་བསྒྲགས། །ཆོ་ག་གསུམ་པོ་འདི་དག་ནི། །ཐུབ་དཀའ་བར་ཡང་ཡོངས་སུ་བསྒྲགས། །རེ་རེའམ་ཡང་ན་ཀུན་གྱིས་ཀྱང་། །བསྒྲུབ་པའི་ཚེ་ན་བགེགས་ཀུན་སེལ། །རྫས་བསྒྲུབ་པ་ན་བསྲུང་བའི་ཕྱིར། །ཆོ་ག་གསང་བ་འདི་གསུངས་ཏེ། །མདོར་བསྡུས་པ་ལ་དོན་ཡང་ཆེ། །རིམ་པ་བཞིན་དུ་རབ་ཏུ་གཅེས། །མཁས་པས་རིན་ཆེན་ལ་སོགས་པས། །ས་གཞི་སྙིང་པོ་ཅན་དུ་བྱ། །ཐབ་ཁུང་ལ་ཡང་ཅི་རིགས་པར། །རྫས་བཞག་པ་ཡི་འོག་ཏུ་རུང་། །དྲི་གཙང་ཁང་ངམ་ཁང་བཟངས་སུ། །བསང་གཏོར་བྱས་པ་དག་གསུངས་པས། །དེར་ནི་ས་བརྐོ་མི་དགོས་ཀྱི། །ཆོ་ག་དེ་ལྟར་ཕྱི་རོལ་དུའོ། །བདག་ཉིད་ཀྱིས་ནི་ཆོ་ག་བཞིན། །བརྟགས་ཤིང་བྱས་པའི་ཁང་པར་ནི། །བྱེ་བྲག་ཏུ་ནི་ལས་བརྩམས་ན། །དེར་ནི་མྱུར་དུ་འགྲུབ་བར་འགྱུར། །ཁུང་དག་ཏུ་ནི་བསྒྲུབ་པ་ཡིན། །ས་ཕྱོགས་དོག་པར་མི་བྱའོ། །ཁང་རུལ་དུ་ཡང་བློ་ཅན་གྱིས། །བསྒྲུབ་པ་བརྩམ་པར་མི་བྱའོ། །དེ་ནས་དད་པའི་ཡིད་ཀྱིས་སུ། །སྲོད་ལ་གསང་སྔགས་ལྷ་ཡི་རྣམས། །མཐོང་བ་བཞིན་དུ་གུས་བྱས་ཏེ། །སྟ་གོན་གནས་པ་ལགས་པར་བྱ། །རིགས་གསུམ་གྱི་ནི་རིག་སྔགས་ལྷ། །བདག་པོར་བཅས་པ་གང་བཞུགས་དང་། །སྔགས་རྒྱུད་འདི་ལ་ལྷ་རྣམས་ནི། །གང་དག་ཡོངས་སུ་བསྒྲགས་པ་དང་། །གསང་སྔགས་ལྷ་ནི་གང་དག་ཅིག །བདག་ཉིད་ཉོན་མོངས་ཆེན་པོ་ཡིས། །ཆོ་ག་འདི་བཞིན་བསྙེན་པ་དང་། །བཟླས་བརྗོད་སྦྱིན་སྲེག་གིས་མཉེས་པ། །ཞག་བདུན་ན་ནི་སྒྲུབ་པའི་ཚེ། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །འདི་ན་ལྷ་དང་འབྱུང་པོ་དང་། །འཁོར་རྣམས་དང་ནི་བཅས་པ་དག །ཅི་ནུས་པར་ནི་མཆོད་བྱས་པས། །མཆོད་པ་ལ་ནི་ཕན་འདོགས་རྣམས། །ཡོངས་སུ་མཉེས་ཤིང་ཀུན་འདུས་ནས། །བདག་ལ་དངོས་གྲུབ་མྱུར་གནས་མཛོད། །དེ་ལྟར་གུས་པར་ཉིན་རེ་རིང་། །ཚིག་གིས་ཀྱང་ནི་ཕྱོགས་བཞིར་བརྗོད། །ཉིན་རེའམ་ཞག་རེ་བྲི་བྱས་བས། །གསང་སྔགས་སྟ་གོན་གནས་པར་བྱ། །མཆོད་ཡོན་དག་དང་མེ་ཏོག་དང་། །བདུག་པ་དྲི་ཞིམ་དག་ཀྱང་དབུལ། །སྒྲུབ་པ་པོས་ནི་ཆོ་ག་འདིས། །སྲོད་ཀྱི་དུས་སུ་བྱ་བར་བཤད། །སྒྲུབ་པ་པོ་ཡི་ཆོ་ག་འདིས། །རྫས་ཀྱང་སྟ་གོན་གནས་པར་བྱ། །ལག་པས་ལེགས་པར་བྲིམ་པ་དང་། །བདུག་པ་དག་གིས་ལེགས་པར་བདུག །ཡང་ན་གཟའ་སྐར་བྱེད་པ་དག །བཟང་པོ་ལ་ནི་སྨྱུང་བྱས་ཏེ། །དཀྱིལ་འཁོར་བྲིས་ནས་རྫས་ཀྱི་རྣམས། །སྟ་གོན་གནས་པའི་ཆོ་ག་བྱ། །ས་ནི་སྒྲུབ་པར་བྱེད་པའམ། །གསང་སྔགས་སྒྲུབ་པས་ཞག་གསུམ་ན། །ཡོ་ལང་ཆུང་ངུ་དག་གིས་བྱ། །བཟླས་བརྗོད་བྱེད་པས་དཀྱིལ་འཁོར་བྲི། །ཕྱེ་མ་སྣ་ཚོགས་ཉིད་ཀྱིས་ཀྱང་། །དཀྱིལ་འཁོར་སྣ་ཚོགས་ཟླུམ་པོ་ལ། །ཕྱི་རོལ་རིམ་པ་གཉིས་པས་བསྐོར། །སྒོ་གཅིག་བཏོད་པ་བྲི་བར་བྱ། །དེ་ཡི་དབུས་སུ་ཁྲུ་དོ་པའི། །པདྨ་འདབ་མ་བརྒྱད་པ་བྲི། །དཀྱིལ་འཁོར་ལྷག་མ་ཚང་དག་ནི། །ཅི་ལྟར་དགའ་བ་ཉིད་དུ་བྱ། །དེར་ནི་བདག་པོ་གསུམ་དག་དང་། །ནུབ་ཏུ་བདུད་རྩི་ཐབ་སྦྱོར་བཞག །དཀྱིལ་འཁོར་གཉིས་པའི་ནུབ་ཕྱོགས་སུ། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །གཅིག་ཏུ་གཟི་བརྗིད་ཕུང་པོ་སྟེ། །གཅིག་ཏུ་ཡང་ན་སྒྲུབ་པའི་སྤྱན། །གཅིག་ཏུ་དཔའ་མོ་ཆེན་མོ་སྟེ། །ཕྱག་དྲུག་མ་ཡང་གཅིག་ཏུ་བྲི། །གཅིག་ཏུ་རིག་སྔགས་མཱ་མ་ཀཱི། །རིག་སྔགས་རྒྱལ་སྙིང་གཅིག་ཏུ་བྲི། །ཁྲོ་བོ་ཀཱི་ལི་གཅིག་ཏུ་སྟེ། །གཅིག་ཏུ་རྡོ་རྗེ་ལྕགས་ཀྱུ་མ། །དེ་ལྟར་བསྟེན་པ་དེ་དག་ཀུན། །སྙིང་པོའི་དཀྱིལ་འཁོར་དག་ཏུ་དགོད། །ལས་ཀུན་བྱེད་པའི་གསང་སྔགས་རྣམས། །ཕྱི་རོལ་ཕྱོགས་སུ་རིམ་པ་བཞིན། །དེ་ལྟར་བཀོད་ནས་ཕྱི་རོལ་སྒོར། །གཞན་གྱིས་མི་ཐུབ་པ་ཡང་བྲི། །དེ་ནས་ཕྱོགས་མཚམས་སྐྱོང་བ་དང་། །འདོད་པའི་ལྷ་རྣམས་བྲི་བར་བྱ། །དེ་ནས་སོ་སོའི་གསང་སྔགས་ཀྱིས། །རིམ་པ་བཞིན་དུ་སྤྱན་ཡང་དྲང་། །བདག་པོ་རྣམས་ནི་སྙིང་པོ་ཡིས། །དེ་ཡི་འོག་ཏུ་མཆོད་པར་བྱ། །པདྨའི་དབུས་སུ་རང་སྔགས་ཀྱིས། །རྫས་ནི་ལེགས་པར་བཞག་སྟེ་མཆོད། །བུམ་པ་གང་བ་དེ་སྟེང་དུ། །ཆོ་ག་བཞིན་དུ་རྫས་བཞག་གོ། །ཡང་ན་གབ་ཚེའམ་ཁམ་ཕོར་དག །མེ་ཏོག་ལ་སོགས་བླུགས་པ་བཞག །དེ་ནས་ལག་པས་བྲིམ་བྱ་ཞིང་། །རང་གི་རིག་སྔགས་ཡོངས་བཟླས་པའི། །མེ་ཏོག་བརྒྱའམ་སྟོང་དག་གིས། །དེ་ཡི་འོག་ཏུ་འཕང་བར་བྱ། །དེ་ནས་གུ་གུལ་བདུག་སྤོས་ནི། །མར་དང་སྦྱར་བས་བདུག་པར་བྱ། །སྤོས་ཆུས་བཟླས་བརྗོད་བྱས་པ་ཡི། །དེ་ནས་དལ་བུས་བསང་གཏོར་བྱ། །དེ་ནས་རང་གི་གསང་སྔགས་དང་། །དཀྱིལ་འཁོར་དུ་བཤད་ཐམས་ཅད་ཀྱིས། །རེ་རེས་སོ་སོར་བཟླས་པ་དག །སྦྱིན་སྲེག་ཅི་སྐད་བསྟན་པའང་བྱ། །སྦྱིན་སྲེག་བྱ་བའི་མར་དག་གམ། །ཡང་ན་བ་ཡི་འོ་མས་བྱ། །མར་དང་སྦྲང་རྩི་ཏིལ་སྦྱར་དང་། །ལག་པན་གྱིས་ནི་མཇུག་ཏུ་བྱ། །དེ་ནས་གསང་སྔགས་ཐམས་ཅད་ཀྱིས། །མཁས་པས་རྫས་ལ་བསང་གཏོར་བྱ། །དཀྱིལ་འཁོར་ལེགས་པར་བྲི་བ་དང་། །རྗེས་སུ་མཐུན་པར་བྱིན་བསྐྱེད་དོ། །ཡིད་ལ་ཡོངས་སུ་ཟློས་བྱེད་ཅིང་། །ཆོ་ག་ཤེས་པས་ཟློས་བཞིན་དུ། །རྫས་ལ་མིག་གིས་བལྟ་བར་བྱ། །དེ་བྱས་སྟ་གོན་གནས་བྱས་འགྱུར། །སྦྱིན་སྲེག་ཆོ་ག་གཏོར་མའི་རིམ། །མཆོད་སོགས་གང་ཡིན་དེ་དག་ཀུན། །བཟླས་བརྗོད་བྱེད་པས་རྒྱས་པར་འདིར། །རྒྱུད་ལས་བཤད་པ་བཞིན་དུ་བྱ། །འདི་ནི་རྫས་ལ་སྟ་གོན་དུ། །གནས་པའི་ཆོ་ག་ཡིན་པར་བསྒྲགས། །སྟ་གོན་གནས་པའི་རྫས་དེ་ནི། །མྱུར་དུ་འགྲུབ་པ་ཉིད་དུ་འགྱུར། །ཆོ་གའི་རིམ་པ་འདི་ཡིས་ནི། །ཡོངས་སུ་གཟུང་བ་དག་ཀྱང་བྱ། །དངོས་གྲུབ་གཟུང་བ་དག་ཀྱང་བྱ། །རྫས་ཀྱི་བྱིན་ཡང་བསྐྱེད་པ་དང་། །ཆོ་ག་འདི་དག་ཉིད་ཀྱིས་ཀྱང་། །དཀྱིལ་འཁོར་འདི་ཡི་དབུས་སུ་ནི། །རྫས་རྣམས་སྒྲུབ་པ་དག་ཀྱང་བྱ། །དཀྱིལ་འཁོར་དམ་པ་འདི་ཉིད་དུ། །བགེགས་ཀྱང་མྱུར་དུ་ཞི་བར་འགྱུར། །རྫས་རྣམས་སྦྱང་བར་བྱ་བ་དང་། །དབང་བསྐུར་བ་ཡི་ཆོ་ག་ཡིས། །སྒྲུབ་པ་པོ་རྣམས་དབང་བསྐུར་བའང་། །དཀྱིལ་འཁོར་འདིར་ནི་རབ་ཏུ་བྱ། །ལས་ཀུན་བྱེད་པའི་དཀྱིལ་འཁོར་འདིར། །གསང་ཆེན་གསང་བའི་བདག་པོས་གསུངས། །དཀྱིལ་འཁོར་འདི་ནི་བྲི་བྱས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །རྫས་སྟ་གོན་དུ་གནས་པའི་ཆོ་ག་རིམ་པར་ཕྱེ་བའོ།། །།རྫས་ནི་ཡོངས་སུ་བཟུང་བྱས་ནས། །སྒྲུབ་པ་པོས་ནི་དུས་གསུམ་དུ། །ཁྲུས་དང་མཆོད་པ་སྦྱིན་སྲེག་དང་། །ལག་པ་ཡིས་ཀྱང་བྲིམ་པར་བྱ། །གོས་ནི་ལན་གསུམ་བརྫེ་བ་དང་། །དུས་མཚམས་དག་ལ་སྨྱུང་བྱས་ཏེ། །མཆོད་དང་ལྷ་བཤོས་ཆོ་ག་དག །ཁྱད་པར་དུ་ནི་ལེགས་པར་བྱ། །དུས་གསུམ་དག་ཏུ་སྡིག་པ་བཤགས། །བསོད་ནམས་རྗེས་སུ་ཡི་རང་དང་། །དུས་གསུམ་དག་ཏུ་སྨོན་ལམ་གདབ། །གླེགས་བམ་དུས་གསུམ་ལན་གསུམ་བཀླག །དཀྱིལ་འཁོར་ལན་གསུམ་དག་ཏུ་བྱ། །ལན་གསུམ་དུ་ཡང་སྡོམ་པ་བཟུང་། །དུས་གསུམ་དུ་ཡང་བསྲུང་བ་བྱ། །དེ་ལྟར་བྱས་ན་ངེས་པར་འགྲུབ། །གང་ཚེ་བག་མེད་གྱུར་པ་ཡིས། །དུས་གསུམ་དག་གི་ལས་ཉམས་ན། །དེ་ཚེ་རང་གི་རིག་སྔགས་དེ། །ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ། །དེ་ལྟར་ཉིན་རེ་དུས་གསུམ་དུ། །མཁས་པ་དག་གིས་རྟག་ཏུ་བྱ། །དེ་ཉམས་ན་ནི་བརླག་འགྱུར་ཞིང་། །དངོས་གྲུབ་དག་ཀྱང་ཉམས་པར་འགྱུར། །ལས་ཀྱི་ཀླགས་ལ་འབུམ་བཟླས་པའམ། །ཡང་ན་དཀྱིལ་འཁོར་འདི་བྲིས་པས། །གསང་བའི་ཆོ་ག་དེ་བྱས་ཏེ། །དེ་ནས་ལས་རྣམས་བརྩམ་པར་བྱ། །སྔོན་བཞིན་ལེགས་པར་ཐིག་བཏབ་ནས། །གྲུ་བཞི་པ་ལ་སྒོ་བཞི་པ། །ཕྱི་རོལ་དཀྱིལ་འཁོར་གྱིས་བསྐོར་བ། །ཆོ་ག་བཞིན་དུ་ལེགས་པར་བྲི། །དབུས་སུ་འཁོར་ལོ་བྲིས་ནས་དེའི། །ཤར་དུ་འཁོར་ལོས་སྒྱུར་བ་དང་། །གཟི་བརྗིད་ཕུང་པོ་གཙུག་ཏོར་དཀར། །རྒྱལ་དང་རྨད་དུ་བྱུང་བ་དགོད། །མཁས་པས་ངོས་གཉིས་དག་ཏུ་ཡང་། །བདེ་གཤེགས་མཛོད་སྤུ་མདུང་ཐུང་དང་། །སངས་རྒྱས་བྱམས་མ་སྤྱན་དུ་བཅས། །ཀུན་དགའ་བོ་དང་རབ་འབྱོར་དང་། །དེ་བཞིན་ལྷུང་བཟེད་ཁར་གསིལ་དང་། །སྒོ་ཀར་ལས་ཀུན་བྱེད་པ་དགོད། །རིམ་བཞིན་སྒོར་ནི་འཕྲོག་མ་དང་། །གཞན་གྱིས་མི་ཐུབ་པ་ཡང་དགོད། །འཁོར་ལོའི་དབུས་སུ་རྫས་རྣམས་ནི། །ཡང་ན་གསང་སྔགས་ལྷ་བཞག་སྟེ། །དེ་ནས་མཆོད་པའི་ཆོ་ག་བྱ། །སྦྱིན་སྲེག་ཐམས་ཅད་བྱ་བར་གསུངས། །དཀྱིལ་འཁོར་འདི་ནི་ཕྱག་རྒྱའམ། །གཏན་དུ་དགོད་པར་རབ་ཏུ་བསྒྲགས། །སོ་སོའི་ཆོ་གས་སྤྱན་དྲང་བའམ། །སྤྱི་ཡི་སྙིང་པོས་བྱར་ཡང་རུང་། །དེར་ནི་རང་གི་རིག་སྔགས་ཀྱིས། །སྔ་མ་བཞིན་དུ་མེ་སྦར་ཏེ། །དེ་ནས་མར་དང་སྦྲང་རྩི་ལས། །སྦྱིན་སྲེག་བརྒྱ་ནི་རྩ་བརྒྱད་བྱ། །དེ་ནས་ཞོ་དང་འབྲས་ཆན་དང་། །ཏིལ་གྱི་སྦྱིན་སྲེག་བརྒྱ་བརྒྱ་བྱ། །མཁས་པས་མཇུག་ཏུ་བརྒྱ་བཟླས་པས། །འདི་ནི་ཆོ་ག་གསང་ཆེན་ཡིན། །དྲི་ཞིམ་མེ་ཏོག་དྲི་སོགས་ཀྱིས། །འདིར་ནི་མཆོད་པ་བྱ་བར་གསུངས། །ཞོ་དང་བུ་རམ་ལེགས་སྦྱར་བའི། །གཏོར་མ་རྒྱ་ཆེན་དབུལ་བར་བྱ། །ཆོ་ག་འདི་ཡིས་ལྷ་རྣམས་ནི། །མྱུར་དུ་ལེགས་པར་ཚིམ་པར་འགྱུར། །དགྱེས་ནས་རིང་པོར་མི་ཐོགས་པར། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཟླ་བ་རེ་རེའམ་ཟླ་ཕྱེད་དམ། །ཉི་མ་རེ་རེའམ་དུས་མཚམས་ལ། །དབུལ་པོས་ཀྱང་ནི་ཅི་ནུས་པར། །དཀྱིལ་འཁོར་འདི་ནི་བྲི་བར་བྱ། །ཆོ་ག་དེ་ལྟར་བྱ་བ་ཀུན། །དཀྱིལ་འཁོར་འདི་ལའང་ཤེས་པར་བྱ། །ཅི་ལྟར་དགའ་བའི་ཚད་ཅམ་དུ། །ཀུན་དུ་ཟླུམ་པོར་རབ་ཏུ་བྱ། །དེ་དབུས་པདྨ་བྲིས་ནས་སུ། །རིག་སྔགས་རྒྱལ་དང་རྟ་མགྲིན་དང་། །སྣ་ཚོགས་གཟུགས་དང་སྤྱན་གསུམ་པ། །ཕྱག་བཞི་ཕྱག་དྲུག་བཅུ་གཉིས་ཕྱག །དེ་བཞིན་འདོད་པ་འབྱོར་བྱེད་དང་། །གྲགས་དང་ལྡན་པ་དབལ་མོ་ཆེ། །སྒྲོལ་མ་ལྷ་མོ་ཟླ་བ་དགོད། །སྒོ་ཡི་ཕྱོགས་སུ་དཀར་མོ་དང་། །གོས་དཀར་ཅན་མ་གཞག་བྱ་ཞིང་། །སྒོ་ཀར་ལས་ཀུན་བྱེད་བཞག་པ། །འགྲུབ་ཕྱིར་པདྨ་འཆང་བ་ཡི། །དཀྱིལ་འཁོར་ཆོ་ག་འདི་གསུངས་སོ། །ཅི་ལྟར་འདོད་པར་དཀྱིལ་འཁོར་ནི། །གྲུ་བཞི་པར་ཡང་ལེགས་བྲིས་ཏེ། །སྔོན་བཞིན་སྙིང་པོའི་དཀྱིལ་འཁོར་དུ། །རིག་སྔགས་རྒྱལ་པོ་གཞག་པར་བྱ། །རིག་པ་ཆེན་མོ་མཱ་མ་ཀཱི། །ཁྲོ་བོ་བདུད་རྩི་ཐབ་སྦྱོར་དང་། །རིག་པ་ཆེན་པོ་ལྕགས་ཀྱུ་མ། །དབྱུག་པ་དང་ནི་སྟོབས་པོ་ཆེ། །རྡོ་རྗེ་ཁུ་ཚུར་རིག་རྒྱལ་མོ། །གནོད་མཛེས་གོ་རིམས་བཞིན་དུ་བཞག །ཁྲོ་ཆེན་ལྷ་ཡི་ཡན་ལག་དང་། །གོམ་པ་འདོར་བ་ཉིད་དང་ནི། །ཁྲོ་མོ་མེ་རྣམས་ངོས་གཉིས་སུ། །བློ་དང་ལྡན་པས་གཞག་པར་བྱ། །སྒོ་ཡི་ཕྱོགས་ཀྱི་ནང་རོལ་དུ། །རྡོ་རྗེ་འཇིགས་བྱེད་མིག་དང་ནི། །རྡོ་རྗེ་གཞན་གྱིས་མི་ཐུབ་མ། །སྒོ་ཀར་ལས་ཀུན་བྱེད་པ་བཞག །དཀྱིལ་འཁོར་གཉིས་པ་མཆོད་པ་ཡང་། །ཆོ་ག་སྔ་མ་བཞིན་དུ་བྱ། །ལྷ་རྣམས་དགའ་བར་འགྱུར་བ་ནི། །ཕྱག་ན་རྡོ་རྗེས་རབ་ཏུ་བཤད། །དེ་ནས་ནང་པར་ནམ་ལངས་ནས། །རྨི་ལམ་བཟང་པོ་རྣམས་དཔྱད་དེ། །གཙང་ཞིང་ཁྲུས་བྱས་གོས་དཀར་བགོས། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །ལྷ་རྣམས་ཆོ་ག་བཞིན་མཆོད་དེ། །བཀྲ་ཤིས་ངོ་མཚར་དག་ཀྱང་བྱ། །ཆོ་ག་བཞིན་དུ་མེ་སྤར་ནས། །ཅི་སྐད་གསུངས་པའི་སྦྱིན་སྲེག་བྱ། །བ་ལང་ལྕི་བས་བྱུགས་ནས་སུ། །འབྲས་ཡོས་ཀུ་ཤ་སྔོན་པོ་དང་། །མེ་ཏོག་དཀར་པོ་དྲི་ཞིམ་པས། །གནས་དེ་ཁྱད་པར་ཅན་དུ་བཤམ། །དེ་ཡི་གཡས་ཀྱི་ཕྱོགས་སུ་ནི། །བུད་ཤིང་ཞོ་དང་ཀུ་ཤ་དང་། །མར་དང་སྦྲང་རྩི་འབྲས་ཆན་ཏིལ། །བསྲེག་བྱ་ཅུང་ཟད་ཅི་འབྱོར་དགོད། །གཡོན་དུ་ལེགས་པར་བརྟགས་པ་ཡི། །མཆོད་ཡོན་སྣོད་ནི་གཞག་པར་བྱ། །དབུས་སུ་དགང་གཟར་བླུགས་གཟར་དང་། །ལེགས་པར་བཞུས་པའི་མར་དག་བཞག །བཞག་ནས་མཁས་པས་ལས་ཀུན་པའི། །གསང་སྔགས་ཀྱིས་ནི་བསད་གཏོར་བྱ། །སྔོན་བཞིན་གསང་སྔགས་བདག་པོ་ནི། །མདུན་དུ་བཞག་སྟེ་མཆོད་བྱས་ནས། །དེ་ནས་རང་རིགས་སྤྱན་དྲང་སྟེ། །མཆོད་ཡོན་བཟླས་པས་བཞུགས་སུ་གསོལ། །བདག་གི་མདུན་དུ་མར་གྱི་སྣོད། །དག་པར་བྱས་པ་གཞག་པར་བྱ། །མར་དང་མེ་ཡི་བར་དག་ཏུ། །བསྒྲུབ་པར་བྱ་བའི་རྫས་བཞག་གོ། །བདག་དང་མར་དང་བསྒྲུབ་བྱའི་རྫས། །མེ་དང་གསང་སྔགས་བདག་པོར་བཅས། །ལྔ་པོ་འདི་དག་གོ་རིམས་བཞིན། །བློ་དང་ལྡན་པས་ལེགས་པར་དགོད། །གཡོན་དུ་རིག་སྔགས་བྱིན་བསྐྱེད་མ། །གཡས་སུ་ལས་ཀུན་བྱེད་པ་སྟེ། །གནས་དེར་སྔ་མ་བཞིན་དུ་ཡང་། །བསྲུང་བ་ཐམས་ཅད་རབ་ཏུ་སྦྱར། །དེ་ནས་ཀུ་ཤ་སར་པ་ཡི། །གདིང་བ་དག་ཀྱང་བཀྲམ་ནས་སུ། །ལྷ་བཤོས་འབྲས་ཡོས་བཀྲ་ཤིས་ཅན། །སཱ་ལུའི་འབྲས་ཆན་ཞོར་བཅས་དབུལ། །དེ་ནས་བདུག་སྤོས་དྲི་ཞིམ་པས། །ཀུན་ནས་རབ་ཏུ་བདུག་པར་བྱ། །དེ་འོག་ཅི་ལྟར་བསྟན་པ་ཡི། །སྦྱིན་སྲེག་ལས་ནི་ཅི་དགར་བྱ། །གསེར་དང་དངུལ་ཟངས་རྡོ་བའམ། །དུང་དང་མུ་ཏིག་ཤིང་དག་གམ། །གྲོག་མཁར་ས་ལས་བྱས་པ་ཡི། །སྣོད་དུ་རྫས་ནི་གཞག་པར་བྱ། །བྱང་ཆུབ་ཤིང་གི་ལོ་མ་དག །དེ་ཡི་གདིང་བར་ཤིས་པ་ཡིན། །འོ་མ་ཅན་གྱི་ཤིང་གིའམ། །ཡང་ན་ཨརྒའི་ལོ་མའང་རུང་། །ཆུ་ཤིང་པདྨའི་འདབ་མའམ། །ཡང་ན་རས་དཀར་འཇམ་པོའམ། །དྲི་ཞིམ་ཤིང་ལས་སྐྱེས་པ་ཡི། །གདིང་བ་ལྔ་པོ་འདོད་པ་ཡིན། །ཕྱེ་མ་ཁུ་བ་གོས་སོགས་དང་། །ཅི་རིགས་པར་ནི་གཡོགས་ནས་ཀྱང་། །ཆོ་ག་ཤེས་པས་མཉམ་བཞག་སྟེ། །རྫས་ལ་ལེགས་པར་བདུག་པར་བྱ། །ཡིད་ཀྱིས་རྫས་ཀྱི་བྱིན་བསྐྱེད་ཅིང་། །མར་གྱི་སྲེག་བླུགས་རྒྱུན་དུ་བསྲེག །ལེགས་པར་བལྟ་ཞིང་ཆོ་ག་འདིས། །མཁས་པས་རྫས་ལ་བདུག་པར་བྱ། །རྫས་ལ་བཟླས་ཤིང་བསང་གཏོར་ནས། །བླུགས་གཟར་ཆང་པས་བཟུང་ནས་ནི། །དལ་བུས་མར་གྱིས་ལེགས་བཀང་སྟེ། །རྫས་ཀྱི་སྟེང་དུ་དེ་བཟླས་ཤིང་། །སྲེག་བླུགས་ཟློས་པ་མེ་འབར་བ། །སྭཱ་ཧཱ་ཞེས་ནི་བརྗོད་བྱ་ཞིང་། །ཧཱ་ཡི་དབྱངས་ཀྱི་རྒྱུན་བསྲིངས་ཏེ། །བླུགས་གཟར་རྩེ་མོར་དེ་བདུག་ཅིང་། །སྟོང་ངམ་ཡང་ན་ལན་གྲངས་བརྒྱར། །རྫས་རྣམས་ལ་ནི་བདུག་པར་བྱ། །དེ་ལྟར་རྫས་ལ་ཡང་དང་ཡང་། །ཆོ་ག་འདི་ནི་བྱ་བར་གསུངས། །གསང་སྔགས་ཀྱི་ནི་རང་བཞིན་དང་། །དངོས་གྲུབ་ཆེ་ཆུང་ཤེས་བྱ་སྟེ། །ལན་གྲངས་ཉི་ཤུ་རྩ་གཅིག་ཀྱང་། །གྲངས་ཀྱི་ཆོ་ག་ཡིན་པར་བཞེད། །རྫས་ནི་ཟད་པ་མ་གྲུབ་ན། །མཁས་པས་དེ་ལ་ཉུང་ཟད་ཅིག །རིག་སྔགས་བཟླས་ཤིང་བསང་གཏོར་དེ། །བཞག་ནས་མཆོད་ཅིང་བལྟ་བར་བྱ། །རབ་ལ་སོགས་པའི་དབྱེ་བ་དང་། །ལས་ཀྱི་དབྱེ་བ་བསྒྲགས་པ་དག །དཀྱིལ་འཁོར་དུ་གསུངས་ཆོ་ག་བཞིན། །འབར་ན་འགྲུབ་པའི་མཚན་མ་ཡིན། །ཤིན་ཏུ་ཆེན་པོའི་རྫས་ཀྱི་རྣམས། །དེ་ཡི་གཡས་སུ་བཞག་པའམ། །གཡོན་དུ་འོས་པ་གཡོན་དུ་བཞག །དེར་ནི་དེ་ལ་གཏུག་ཅིང་བ། །སེམས་ཅན་ཀུན་གྱི་མགོ་བོ་ལ། །ཡང་ན་རང་གི་མགོ་བོ་ཉིད། །མོད་ལས་བསྒྲུབ་རྫས་ཅི་ཡང་རུང་། །མཁས་པས་བདུག་པ་བསྔོས་ཏེ་བྱ། །བདུག་པའི་ཆོ་ག་འདི་ཡིས་སུ། །སྔོན་བཞིན་ཕྱེ་ལ་མར་དག་གིས། །ལ་ལའི་ཕྱིར་བསྔོ་ཁ་ཅིག་ལ། །བལྟ་ཞིང་སྦྱིན་སྲེག་རབ་ཏུ་བྱ། །གལ་ཏེ་མར་དག་མ་འབྱོར་ན། །ཆོ་ག་བཞིན་དུ་འོ་མས་བྱ། །ཡང་ན་འོ་མ་མར་དང་ནི། །མཁས་པས་མངར་གསུམ་དག་གིས་བྱ། །ཞི་བ་ལ་སོགས་ཁྱད་པར་གྱིས། །ཁ་ཅིག་ལ་ནི་ཞོ་ཡང་རུང་། །ཡང་ན་བསྲེག་བྱའི་རྫས་བསྟེན་པས། །ཅི་ལྟར་རིགས་པར་བདུག་པར་བྱ། །མཚོན་ཆ་རྣམས་ལ་འབྲུ་མར་གྱིས། །དྲི་ཞིམ་ཐང་ཆུ་ཨཾ་ཛ་ན། །དུ་རུས་ཀ་སོགས་འབྲུ་མར་གྱིས། །བདུག་པའི་ཆོ་ག་བྱ་བར་གསུངས། །རྫས་ལ་སོགས་པའི་བྱེ་བྲག་ལས། །རྫས་ནི་རྣམ་པ་སྣ་ཚོགས་དང་། །དྲི་ཞིམ་ལས་བྱུང་འབྲས་བུ་ཡིས། །བདུག་པའི་ཆོ་ག་དག་ཀྱང་བྱ། །ཤ་ཆེན་ལ་སོགས་རྫས་རྣམས་ལ། །ཚིལ་བུ་དག་གིས་བྱ་བར་བསྒྲགས། །དེ་ཡི་གཟུགས་བརྙན་བྱས་ནས་ཀྱང་། །སོ་སོའི་ཤ་དང་ཚིལ་གྱིས་བྱ། །ཆོ་ག་བསྟན་པ་འདི་ཡིས་སམ། །ཡང་ན་སྔར་གསུངས་ཆོ་ག་ཡིས། །དངོས་གྲུབ་མྱུར་བར་བྱ་བའི་ཕྱིར། །བདུག་པའི་ཆོ་ག་རྒྱས་པར་བསྟན། །ཆོ་ག་འདི་ཡིས་རྫས་དག་ལ། །བདུགས་ནས་དེ་ལ་དབང་ཡང་བསྐུར། །དབང་བསྐུར་ནས་ནི་ལྷ་གནས་སུ། །བཞག་སྟེ་ལེགས་པར་མཆོད་པར་བྱ། །དེ་ནས་ཆོ་ག་ལས་གསུངས་པ། །ཐོབ་པར་བྱ་ཕྱིར་གཏོར་མ་བསོག །བདག་ཉིད་རྒྱས་པར་ཁྲུས་བྱས་ནས། །ཆོ་ག་འདི་ནི་བརྩམ་པར་བྱ། །དྲི་ཞིམ་རྣམས་ཀྱིས་དྲིལ་བྱས་ནས། །དེ་བཞིན་ཁྲུས་རྩི་སྐྱུ་རུ་རས། །ཁྲུས་བྱ་ཉི་མ་ཕྱེད་མཚམས་ནས། །མཁས་པས་རྫས་ལ་ཡོངས་སུ་བཟླས། །སྐུད་པ་གདུ་བུ་གོས་རྣམས་དང་། །ཐལ་བ་ཡུངས་ཀར་ཆུ་དག་ལ། །བསྲུང་བའི་ཕྱིར་ནི་རྫས་འདི་ལ། །གསང་སྔགས་བཟླས་པ་བརྩམ་པར་བྱ། །དེ་དག་ཐོག་མར་བཟླས་བརྗོད་དེ། །ཆོ་ག་འདི་ནི་མྱུར་དུ་བྱ། །དེ་ཕྱིར་དེ་ཚེ་དགོས་པ་ཀུན། །ཐོག་མ་ཉིད་དུ་བསྔགས་པར་བྱ། །མེ་ཏོག་ལ་སོགས་ཅི་འབྱོར་པ། །ཡོངས་སུ་བསྡུ་བ་བྱས་ནས་ནི། །ཅི་རིགས་པ་ཡི་གནས་བཞག་སྟེ། །སྒྲུབ་པའི་སར་ནི་གནས་པར་བྱ། །དཀྱིལ་འཁོར་ལས་གསུངས་ཆོ་ག་ཡིས། །མཁས་པས་དཀྱིལ་འཁོར་བྲིས་ནས་ཀྱང་། །ཅི་རིགས་པར་ནི་མཆོད་བྱས་ཏེ། །རྫས་རྣམས་བསྒྲུབ་པ་བརྩམ་པར་བྱ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །ཚོན་སྣ་ལྔ་ཡི་སྲད་བུ་ལ། །ལན་བརྒྱར་བསྔགས་ནས་དང་པོར་དེས། །ཕུར་བུ་རྣམས་ལ་བྲེ་བར་བྱ། །མཁས་པས་ཐབ་སྦྱོར་བཟླས་པ་ཡིས། །སྒོ་དྲུང་གི་ནི་བུམ་པ་ལ། །སྲད་བུ་ལྷོད་པར་བཏགས་ནས་སུ། །དེ་ནས་དེར་ནི་གཞག་པར་བྱ། །ཐབ་སྦྱོར་བགེགས་རྣམས་སེལ་བྱེད་པའི། །ཁྲོ་བོ་མིང་ལ་དྲན་བཞིན་དུ། །སྲད་བུའི་འོག་ནས་འབྱུང་བ་དང་། །འཇུག་པར་བྱ་བ་འདི་གསུངས་སོ། །ཡང་ན་མཁས་པས་ཁྲོ་བོ་དེས། །སྲད་བུ་ལ་ནི་བསྔགས་པའམ། །བསྲུང་བའི་དོན་དུ་གང་དགའ་བའི། །རིག་སྔགས་གཞན་གྱིས་བཟླས་ཀྱང་རུང་། །བསྐྲད་པ་ལ་སོགས་ཆོ་ག་དག །སྔར་གསུངས་པ་ཡང་ཤེས་བྱ་ཞིང་། །དཀྱིལ་འཁོར་གྱི་ནི་ཉེ་འཁོར་དུ། །ཆོ་ག་འདི་དག་བྱ་བར་གསུངས། །ཕྱོགས་དང་ཕྱོགས་སྐྱོང་ཅི་སྙེད་དང་། །སོ་སོའི་རིགས་ཀྱི་ལྷ་ཡི་རྣམས། །ཕྱོགས་དང་གོ་རིམས་ཅི་ལྟ་བར། །དེ་ཀུན་ཕྱི་རོལ་དག་ཏུ་མཆོད། །བུམ་པར་རྡོ་རྗེ་བཞག་པའམ། །ཡང་ན་ལོ་མས་ཁ་བརྒྱན་པ། །དེ་ལ་སྲད་བུ་བཏགས་ནས་སུ། །སྒོ་ཡི་ཕྱོགས་སུ་གཞག་པར་བྱ། །རིགས་དང་རིགས་རྣམས་སོ་སོ་ཡི། །རིག་པའི་རྒྱལ་པོའི་སྙིང་པོའམ། །ཡང་ན་ཅི་ལྟར་རིགས་པ་ཡིས། །རྫས་སྒྲུབ་ཚེ་ན་ཀུན་ནས་བསྲུང་། །ཡང་ན་རིགས་ཀྱི་རིག་སྔགས་དང་། སོ་སོའི་རིགས་ཀྱི་ཕྱག་རྒྱ་ཡིས། །བགེགས་རྣམས་ཞི་བར་བྱ་བའི་ཕྱིར། །བསྒྲུབ་ཚེ་འདིར་ནི་ཐམས་ཅད་བསྲུང་། །ཕུར་བུ་རྡོ་རྗེ་རྩེ་འདྲའམ། །ཡང་ན་རྩེ་གཅིག་སྦོམ་པོ་ལ། །རྡོ་རྗེ་ཕུར་བུས་ལན་བརྒྱ་རུ། །མངོན་པར་བསྔགས་པ་བྱས་པ་དག །ལྷ་ཡི་གནས་ཀྱི་ཕྱི་རོལ་དུ། །གྲྭ་བཞི་ཀུན་དུ་གདགས་པར་བྱ། །ཡང་ན་དཀྱིལ་འཁོར་ཕྱི་རོལ་དུ། །བཏབ་ནས་ལས་རྣམས་རབ་ཏུ་བྱ། །རྡོ་རྗེ་ཕུར་བུའི་ཆོ་ག་འདི། །ལས་ཀུན་བྱེད་པར་ཤེས་པར་བྱ། །བསྒྲུབ་ཚེ་འདིར་བགེགས་འཚེ་མེད་ཅིང་། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །དྲི་ཞིམ་ཕྱེ་མའམ་པིར་དག་གིས། །སྣ་ཚོགས་ཚོན་གྱི་འདེ་གུ་ཡིས། །དཀྱིལ་འཁོར་ལེགས་པར་བྲིས་ནས་སུ། །དེ་ནས་ཆོ་ག་འདི་དག་དང་། །སོ་སོའི་ཕྱོགས་ཀྱི་རི་མོའི་མཐར། །རྡོ་རྗེ་རྩེ་གསུམ་བྱ་བར་གསུངས། །དབུས་ཀྱི་ངོས་རྣམས་དག་ཏུ་ཡང་། །རྡོ་རྗེ་བསྒྲེངས་པའི་ཕྲེང་བ་བྱ། །རྡོ་རྗེ་ར་བའི་གསང་སྔགས་ཀྱིས། །ཆོ་ག་དེ་ནི་བྱ་བར་བསྟན། །དེ་ཡི་དབུས་སུ་བཞུགས་ནས་སུ། །རྫས་རྣམས་རབ་ཏུ་བསྒྲུབ་པར་བྱ། །ཆོ་ག་འདི་ཡི་ཕྱི་ནང་དུ། །རྡོ་རྗེའི་ལྟེ་བའི་དྲ་བ་བྱ། །རྡོ་རྗེ་དྲ་བའི་གསང་སྔགས་ཀྱིས། །ཤིན་ཏུ་ཐུབ་པར་དཀའ་བར་འགྱུར། །སྒོ་ཁྱུད་དག་ནི་ཐམས་ཅད་དང་། །སྒོ་རྣམས་ཀྱི་ནི་མདུན་དག་ཏུ། །མཁས་པས་རྡོ་རྗེ་བྲིས་ནས་སུ། །དེ་ནས་ལས་རྣམས་བྱ་བར་བསྒྲགས། །ཡོ་ལང་ཆུང་ངུས་ཐང་བུ་ལ། །དཀྱིལ་འཁོར་ལེགས་པར་བྲི་བར་བྱ། །མདོར་བསྡུས་ཆོ་ག་བྲིས་ནས་སུ། །རྫས་རྣམས་བསྒྲུབ་པ་བརྩམ་པར་བྱ། །ཁྲུ་ལྔའམ་བདུན་ནམ་བརྒྱད་པ་ལ། །གྲུ་བཞི་པ་ལ་སྒོ་བཞི་པ། །གསང་སྔགས་དངོས་གྲུབ་རྗེས་མཐུན་པར། །ཡང་ན་ལྷག་པར་བྱས་ཀྱང་རུང་། །སྒོ་རྣམས་ཀུན་དུ་རྡོ་རྗེ་དང་། །གྲྭ་རྣམས་སུ་ནི་བུམ་པ་དགོད། །ལས་ཀུན་བྱེད་པའི་བུམ་པ་དག །སྒོ་དྲུང་དུ་ནི་གཞག་པར་བྱ། །དབུས་སུ་ཆོས་ཀྱི་འཁོར་ལོ་དང་། །ཐོག་མ་རྒྱལ་པོ་ལྔ་རྣམས་དགོད། །ངོས་སུ་མཆེ་བ་མདུང་ཐུང་དང་། །སྤྱན་དང་རྒྱལ་བའི་མཛོད་སྤུའོ། །བདེ་གཤེགས་ཕྱག་རྒྱ་ཐམས་ཅད་དང་། །སྒོར་ནི་གཞན་གྱིས་མི་ཐུབ་མའོ། །རབ་འབྱོར་དང་ནི་ཀུན་དགའ་བོ། །སྙིང་པོའི་དཀྱིལ་འཁོར་ལྷ་རྣམས་ནི། །ཕྱོགས་ཆ་བསྟན་པ་བཞིན་དུ་དགོད། །ཕྱི་རོལ་དུ་ནི་ཅི་དགའ་བའི། །ལྷ་རྣམས་དགོད་པ་བྱ་བར་གསུངས། །དོན་གྲུབ་པ་དང་མཐུ་ཆེན་དང་། །འཇམ་དཔལ་དང་ནི་གླང་པོ་ཆེ། །དཔལ་ལྡན་ཚངས་པ་མེས་པོ་དང་། །དེ་བཞིན་དུ་ནི་བརྒྱ་བྱིན་དང་། །བཅོམ་ལྡན་མངག་གཞུག་སངས་རྒྱས་པའི། །ལྷ་ནི་དེ་དང་དེ་དག་དང་། །ཕྱོགས་སྐྱོང་རྣམ་པ་སྣ་ཚོགས་རྣམས། །ཕྱི་རོལ་དཀྱིལ་འཁོར་དག་ཏུ་བྲི། །དེ་ནས་དབུས་སུ་གསང་སྔགས་སམ། །སྙིང་པོའི་དཀྱིལ་འཁོར་རྫས་བཞག་སྟེ། །མཆོད་པའི་ཆོ་ག་ཐམས་ཅད་དང་། །སྦྱིན་སྲེག་ལས་ནི་བྱ་བར་བསྒྲགས། །མདོར་ན་བསྲུང་བའི་ལས་ཀྱི་རྣམས། །དཀྱིལ་འཁོར་དག་ཏུ་གསུངས་པ་བཞིན། །བསྒྲུབ་པའི་ཚེ་ན་དེ་དག་ཀུན། །ཁྱད་པར་དུ་ནི་སྦྱར་བར་བྱ། །དཀྱིལ་འཁོར་ཆོ་ག་བསྟན་པ་འདི། །དེ་བཞིན་གཤེགས་པའི་རིགས་ཀྱིས་གསུངས། །འདིས་ནི་རྫས་རྣམས་བསྒྲུབ་བྱས་ནས། །ཟློས་པ་པོ་ལ་མྱུར་དུ་འགྲུབ། །དེར་ནི་ཞུགས་པ་ཙམ་གྱིས་ཀྱང་། །བགེགས་རྣམས་མེད་པར་གྱུར་པ་དང་། །ལྷ་རྣམས་ཁྱད་པར་དག་ཏུ་ཡང་། །བྱིན་གྱིས་རློབ་པ་མཛད་པར་འགྱུར། །དེ་བཞིན་གཤེགས་པའི་རིགས་ཀྱི་རྫས་བསྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པར་ཕྱེ་བའོ།། །།ཚོན་རྩི་སྣ་ནི་ལྔ་པོ་ཡིས། །སྔོན་བཞིན་དཀྱིལ་འཁོར་ཐམས་ཅད་བྲི། །དབུས་སུ་པདྨ་བྲིས་ནས་ཀྱང་། །དང་པོར་ཤར་གྱི་ཕྱོགས་སུ་ནི། །འདོད་པ་སྦྱོར་བྱེད་དགོད་པར་བྱ། །དེ་ནས་གསང་སྔགས་རྒྱལ་པོ་དྲུག །དེ་ཡི་འོག་ཏུ་གོས་དཀར་ཅན། །སྒྲོལ་མ་བདུན་དང་དཔའ་མོ་བདུན། །རིག་པའི་རྒྱལ་མོ་གྲགས་ལྡན་མ། །སྒྲོ་ཀར་རིག་སྔགས་རལ་པ་གཅིག །རྟ་མགྲིན་ཡང་ནི་དགོད་པར་བྱ། །ལས་ཀུན་བྱེད་པའི་བུམ་པ་ཡང་། །སྒོ་དྲུང་དུ་ནི་གཞག་པར་བྱ། །སྒོ་ཡི་གྲྭར་ནི་རྡོ་རྗེ་བྲི། །ཕྱི་རོལ་ཚངས་དང་ལྷ་ཡི་སྤྱན། །དབང་ཕྱུག་ཆེན་པོ་ལྷ་ཡི་བུ། །རྒྱལ་སྲས་དྲི་མ་མེད་པ་དང་། །འོད་ཟེར་ཕྲེང་བས་བརྒྱན་པ་དང་། །ཀླུ་ཡི་རྒྱལ་པོ་མཐའ་ཡས་དང་། །སྟོབས་ཆེན་མཛེས་པ་ཞེས་དགའ་དང་། །རིག་སྔགས་འཆང་གི་རྒྱལ་པོ་ནི། །བརྩོན་འགྲུས་ཆེན་པོ་དུང་ཅན་དང་། །སྔོན་བཞིན་ཕྱོགས་མཚམས་སྐྱོང་བ་དང་། །འདིར་ཡང་རིག་པའི་ལྷ་རྣམས་དགོད། །དཀྱིལ་འཁོར་སྔ་མའི་ཆོ་ག་བཞིན། །འདིར་ཡང་ཐམས་ཅད་བྱ་བར་གྲགས། །བཤད་པ་འདི་ལ་བརྟེན་ན་ནི། །བགེགས་རྣམས་ཀུན་གྱིས་ཐུབ་པར་དཀའ། །པདྨ་རིགས་ཀྱི་རྫས་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པར་ཕྱེ་བའོ།། །།གྲུ་བཞི་པར་ནི་ཐིག་བཏབ་ནས། །དང་པོར་དཀྱིལ་འཁོར་བྲི་བར་བྱ། །དབུས་སུ་རྡོ་རྗེ་བྲིས་ནས་ཀྱང་། །ཤར་དུ་རིག་སྔགས་རྒྱལ་པོ་ནི། །ལེགས་པར་འགྲུབ་བྱེད་ཐོག་མར་དགོད། །དེ་ནས་དེ་ཡི་ངོས་གཉིས་སུ། །རིག་སྔགས་རྒྱལ་མོ་གཉིས་བྲིས་ནས། །རིན་ཆེན་རྡོ་རྗེ་གནམ་ལྕགས་དང་། །གཡོན་དུ་རྡོ་རྗེ་ཁུ་ཚུར་རོ། །བཀོད་ནས་དེ་ཡི་ངོས་གཉིས་སུ། །ཀཱི་ལི་དང་ནི་གནོད་མཛེས་དགོད། །རྡོ་རྗེ་རྡོ་རྗེ་དབྱུག་པ་དང་། །ཐོ་བ་དང་ནི་ལུ་གུ་རྒྱུད། །རིན་ཆེན་རྡོ་རྗེ་ལྕགས་ཀྱུ་མ། །མཱ་མ་ཀཱི་ཡང་ཡོངས་སུ་དགོད། །རྒྱལ་པོ་བློན་སོགས་ཕོ་ཉ་མོ། །རྡོ་རྗེ་བློས་གྲོས་ལ་སོགས་དང་། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །ནོར་བདག་གནོད་སྦྱིན་ལྷན་ཅིག་ཏུ། །ལས་ཀུན་བྱེད་པའི་ཕྱི་རོལ་དུའོ། །ཕྱི་རོལ་ཕྱག་ན་རྡོ་རྗེའི་རིགས། །འཁྲུངས་འདོད་པ་ཡི་རིག་སྔགས་དང་། །འབྱུད་པོ་སྲིན་པོ་ཤ་ཟ་དང་། །གྲུབ་པ་གནོད་སྦྱིན་ལྟོ་འཕྱེ་ཆེ། །ཕྱོགས་མཚམས་སྐྱོང་བའི་ལྷ་རྣམས་དག །ཐམས་ཅད་གོ་རིམས་བཞིན་དུ་དགོད། །དེ་ནས་མཆོད་པའི་ཆོ་ག་དང་། །གང་ཡང་བསྲུང་བ་ལ་སོགས་ཀུན། །སྦྱིན་སྲེག་བསྟན་པ་བཞིན་བྱས་ཏེ། །ཅི་སྐད་བསྟན་པའི་ལས་རྣམས་བྱ། །ཟློས་པ་པོས་ནི་དཀྱིལ་འཁོར་དུ། །སྤྱན་དྲང་བ་ལ་སོགས་པའི་ལས། །རིག་པའི་རྒྱལ་པོའི་སྙིང་པོའམ། །ཡང་ན་རྣམ་པར་ཕྱེ་སྟེ་བྱ། །བུམ་པ་དགང་བ་ཐམས་ཅད་ནི། །སྒྲུབ་པར་གསུངས་པའི་ཆོ་ག་དང་། །བསྒྲུབ་པའི་དཀྱིལ་འཁོར་དུ་བསྟན་པ། །ཆོ་ག་འདྲ་བར་གསུངས་པ་ཡིན། །དབང་ཆེན་གྲགས་པའི་སེམས་ཅན་ཀུན། །དམ་ཚིག་ལས་ནི་མི་འདའ་བས། །བསྲུང་བར་བྱ་བ་མ་བྱས་ཀྱང་། །དཀྱིལ་འཁོར་དག་ཏུ་བསྒྲུབ་པར་བྱ། །རིག་སྔགས་ཀྱི་ནི་ལྷ་ཡི་རྣམས། །དམ་ཚིག་གིས་ནི་དཀྱིལ་འཁོར་དུ། །ལྷག་པར་བྱིན་གྱིས་རློབ་པ་དག །ཁྱད་པར་དུ་ནི་འབྱུང་བར་འགྱུར། །རྟག་ཏུ་གུས་པས་མཉེས་བྱ་བའི། །ཆོ་ག་འདིས་ནི་དགོངས་འགྱུར་ཞིང་། །སྒྲུབ་པ་པོ་དག་འདོད་པ་ཡི། །དངོས་གྲུབ་ཐམས་ཅད་སྩོལ་བར་མཛད། །འདིར་ནི་རིགས་ཀྱི་སྙིང་པོ་དང་། །རིགས་ཀྱི་ཡུམ་དང་རྒྱལ་པོ་དང་། །སྤྱི་ཡི་བསྲུང་བའི་གསང་སྔགས་ཀྱང་། །དངོས་གྲུབ་མྱུར་དུ་སྩོལ་བར་མཛད། །དཀྱིལ་འཁོར་གསུམ་པོ་འདི་དག་ནི། །གསང་ཆེན་ཡིན་པར་ཡོངས་སུ་བསྒྲགས། །རྡོ་རྗེ་རིགས་ཀྱི་ཕོ་ཉ་རྫས་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་དཀྱིལ་འཁོར་འདི། །གསང་ཆེན་སྙིང་པོར་གྱུར་པ་སྟེ། །ཚུལ་བཞིན་རྡོ་རྗེས་མཚན་པ་ཡི། །དཀྱིལ་འཁོར་ལེགས་པར་བྲི་བར་བྱ། །དབུས་སུ་རིགས་ཀྱི་རྒྱ་བྲིས་ནས། །དེ་ལ་རིག་སྔགས་གཞག་པར་བྱ། །ཡང་ན་བུམ་པ་གང་བ་ནི། །བཀྲ་ཤིས་སྔོན་བཞིན་བཤད་པ་བཞག །དེ་སྟེང་ཁམ་ཕོར་ལ་སོགས་པ། །ཁ་སྦྱོར་ནང་དུ་རྫས་ཀྱང་བཞག །ཤར་དུ་སངས་རྒྱས་བཅོམ་ལྡན་འདས། །བྱང་དུ་སྤྱན་རས་གཟིགས་དབང་ཕྱུག །ལྷོར་ནི་བཅོམ་ལྡན་རྡོ་རྗེ་འཛིན། །ནུབ་ཏུ་དྲག་པོ་ནོར་བདག་གོ། །རིག་པའི་རྒྱལ་པོའི་ཚུལ་དུ་ནི། །ཐམས་ཅད་ཕྱག་རྒྱའི་སྟེང་དུ་དགོད། །རིགས་ཀྱི་རིག་སྔགས་གཡས་ཕྱོགས་སུ། །གཡོན་དུ་ལས་རྣམས་ཀུན་བྱེད་པ། །ནུབ་ཕྱོགས་ཀྱི་ནི་ངོས་གཉིས་སུ། །དཀར་ཤམ་མ་དང་དཔལ་མོ་བཞག །ལྷུང་བཟེད་དང་ནི་ཆོས་གོས་ཀྱང་། །ཤར་གྱི་གྲྭ་ནི་གཉིས་སུ་བྲི། །བྱང་ཕྱོགས་ཕྱག་ན་པདྨ་ཡི། །དབྱུག་པ་དང་ནི་གུཎྜི་བྲི། །ལྷོ་ཕྱོགས་རྡོ་རྗེ་འཛིན་པ་ཡི། །རྡོ་རྗེ་དང་ནི་ཐོ་བ་བྲི། །ནུབ་ཕྱོགས་ཀྱི་ནི་གྲྭ་གཉིས་སུ། །རྩེ་གསུམ་ནོར་གྱི་བུམ་པ་བྲི། །སྒོ་ཀར་གཞན་གྱིས་མི་ཐུབ་མ། །ཤར་གྱི་ཕྱོགས་སུ་འཕྲོག་མ་བཞག །ལྷོ་ཡི་ཕྱོགས་སུ་རི་མཁར་མ། །བྱང་དུ་རལ་པ་གཅིག་མ་བྲི། །ཕྱི་རོལ་ལྷ་རྣམས་དགོད་པ་ནི། །མདོར་ན་ཅི་ལྟར་འདོད་པ་བཞིན། །གསང་སྔགས་མཆོད་པའི་ཆོ་ག་ཀུན། །སྔ་མ་བཞིན་དུ་ཡོངས་སུ་བསྒྲགས། །དཀྱིལ་འཁོར་རབ་ཏུ་གསང་བ་འདི། །སྒྲུབ་པའི་ཚེ་ན་བགེགས་མེད་བཤད། །རྫས་རྣམས་ཀུན་དང་ལས་རྣམས་ནི། །གསང་སྔགས་བདག་གིས་ཅི་དགར་འགྲུབ། །བཅུག་ནས་འབྱུང་བ་ཉིད་ཀྱིས་ཀྱང་། །བགེགས་བྱ་བར་ནི་མི་ནུས་སོ། །དྲི་དང་མེ་ཏོག་བསུང་ཞིམ་དང་། །བདུག་སྤོས་མར་མེ་གསལ་བ་དང་། །བཤོས་ཀྱང་རྣམ་པ་སྣ་ཚོགས་ཀྱིས། །དེ་ནས་མཆོད་པ་ལེགས་པར་བརྩམ། །བཟླས་བརྗོད་ཆོ་ག་ལས་གསུངས་དང་། །དཀྱིལ་འཁོར་དག་ཏུ་ཅི་བསྟན་པ། །དེ་བཞིན་ཁང་པའམ་དཀྱིལ་འཁོར་དུ། །མཆོད་པ་ཡི་ནི་ཆོ་ག་བྱ། །རིག་སྔགས་རྒྱལ་ལ་ལྷ་བཤོས་ནི། །སྙིང་པོར་གྱུར་པ་སྣ་ཚོགས་དང་། །མཆོད་པ་སྣ་ཚོགས་གང་ཡིན་པ། །ཆོ་ག་བཞིན་དུ་བྱ་བར་གསུངས། །མར་གྱི་མར་མེ་གསལ་བ་དང་། །སྙིང་པོ་དག་ཀྱང་གསལ་བར་དབུལ། །འགོ་བར་བྱ་བའི་ཆེད་དུ་ནི། །རང་རིག་སྔགས་ལ་མཆོད་ཡོན་དབུལ། །དེ་ནས་རིག་སྔགས་རྒྱལ་པོ་ཡིས། །ཡུངས་ཀར་དག་ལ་བསྔགས་ནས་སུ། །ནད་རིམས་དག་ནི་ཐམས་ཅད་དུ། །གསང་བའི་བསྲུང་བ་རབ་ཏུ་བྱ། །ལས་ཀུན་བྱེད་པའི་རིག་སྔགས་སམ། །ཡང་ན་བསྲུང་བ་གཞན་ཡང་རུང་། །ཡུངས་ཀར་ཡོངས་སུ་བཟླས་པ་དག །རྫས་ཀྱི་དྲུང་དུ་གཞག་པར་བྱ། །དེ་ཡིས་ཀུན་དུ་གཏོར་བ་ཡིས། །བགེགས་རྣམས་ལས་ནི་བསྲུང་བར་འགྱུར། །གཡོན་དུ་རང་གི་ཕྱག་རྒྱ་བཞག་པའམ། །རལ་གྲི་མངོན་པར་བསྔགས་པའང་རུང་། །ཕྱོགས་སྐྱོང་ཕྱོགས་སུ་བཞག་བྱས་ཏེ། །དེའི་མོད་སྨྱུང་ཞིང་བསྲུང་བ་བྱས། །སེམས་སྟོབས་ཆེ་ཞིང་གཙང་སྦྲ་ཅན། །གོས་ཀྱང་དེ་ཡི་ཁ་དོག་ལྡན། །ལུས་དང་སྟོབས་དང་ལང་ཚོ་དང་། །གཟུགས་དང་ལྡན་པའི་སྐྱེས་བུ་ཞིག །དབལ་ལ་བཟླས་པའི་རལ་གྲི་འཛིན། །མགུལ་ནས་ཕྲེང་བའི་དོ་ཤལ་འཕྱང་། །ཡུངས་ཀར་དག་ནི་ཐུ་བར་བླུགས། །བགེགས་རྣམས་བལྟ་ལ་མཁས་པ་སྟེ། །ཕྲེང་བ་དང་ནི་ཡུངས་ཀར་དག །བགེགས་ལ་རབ་ཏུ་འཕེན་པར་ནུས། །བགེགས་རྣམས་ཀུན་ནས་འབྱུང་བའམ། །ཡང་ན་འཇིགས་པ་ཆེན་པོ་ལ། །འཇིགས་པ་མེད་པར་རལ་གྲིས་བསྡིགས། །གལ་ཏེ་ཉེ་བར་འོངས་ནས་འདེབས། །ཡུངས་ཀར་དག་དང་ཕྲེང་བ་སྤོས། །བགེགས་རྣམས་ཉེ་བར་ཞི་བར་འགྱུར། །ཡང་ན་རང་གི་གནས་དག་ན། །ལེགས་པར་གནས་པའི་རལ་གྲིས་བྱ། །བསྐོར་བའི་གནས་རྣམས་བོར་ན་ནི། །སྐབས་དང་གླགས་ནི་རྙེད་འགྱུར་ཞིང་། །དེ་ལ་བགེགས་ཀྱང་འཇུག་པར་འགྱུར། །དེ་བས་ནན་ཏན་བསྐྱེད་དེ་བསྲུང་། །དེ་དག་སྒྲུབ་པའི་ཆོ་ག་ལས། །བསྲུང་བའི་ལས་ནི་མདོར་བསྡུས་པའོ། །རྒྱུད་ལས་གསུངས་པའི་ཡོན་ཏན་ཅན། །ཕྱོགས་སྐྱོང་རྣམས་ནི་མ་རྙེད་ན། །ལྕགས་མདའ་འམ་ཡང་ན་མདའ་ཅན་དག །བཟླས་ནས་ཕྱོགས་སུ་གཟུགས་པར་བྱ། །གསང་སྔགས་བཟླས་ཤིང་དཀའ་ཐུབ་ཅན། །རྒྱུད་འཛིན་ཤེས་པར་ལྡན་པ་ཞིག །གསང་སྔགས་སྒྲུབ་པའི་གྲོགས་མཆོག་སྟེ། །བཟླས་བརྗོད་བྱེད་ཅིང་སྒོ་ཀར་བཞག །དེས་ནི་བགེགས་ནི་བཟློག་པ་དང་། །ལས་རྣམས་ཀུན་ལ་འཇུག་པར་བྱ། །རྒྱུད་རྒྱུད་དག་ལས་རང་གི་རྒྱ། །བསྲུང་བ་ཞེས་ཀྱང་མི་ཚུགས་གང་། །དེ་དག་བཟླས་ཤིང་མཆོད་བྱས་ནས། །བདག་ཉིད་ཀྱིས་ནི་བཅང་བར་བྱ། །བགེགས་ཆེན་དྲག་པོ་རྣམས་ལ་ནི། །དེ་དག་གིས་ནི་བཟླས་བྱའམ། །ཡང་ན་འདོད་པའི་གསང་སྔགས་ཀྱིས། །བསྔགས་པའི་ཡུངས་ཀར་དག་གིས་བྱ། །ལྷ་ཡི་དཀྱིལ་འཁོར་ཕྱི་རོལ་དུ། །གཏོར་མའི་ཆོ་ག་ཅི་རིགས་པར། །རབ་ཏུ་དང་ཞིང་བཟང་བའམ། །ཡང་ན་འབྱུང་པོ་ཀུན་ལ་བྱ། །བསྐྲད་པ་དང་ནི་འོག་བཅིང་དང་། །སྟེང་ཡང་བཅིང་ཞིང་ཁོར་ཡུག་ཏུ། །མཚམས་བཅད་ཕྱོགས་ཀྱང་བཅིང་བྱ་ཞིང་། །རྡོ་རྗེ་དྲ་བ་ར་བ་བྱ། །རྒྱུད་དང་སློབ་དཔོན་ལུང་དག་གིས། །རྫས་དང་བདག་དང་ལྷ་ཡང་བསྲུང་། །གསང་སྔགས་དག་གིས་ཕྱི་ནང་དུ། །བགེགས་རྣམས་ཐམས་ཅད་བཟློག་པར་བྱ། །ཆོ་ག་དེ་དག་ཐམས་ཅད་ནི། །ཕྱི་དྲོའི་དུས་སུ་བྱ་བར་བཤད། །ཉི་མ་ནུབ་པར་གྱུར་ནས་ནི། །རྫས་རྣམས་བསྒྲུབ་པ་བརྩམ་པར་བྱ། །བློ་དང་ལྡན་པ་ཕྱིར་བྱུང་ནས། །ཉེ་རེག་ཡང་དང་ཡང་བྱས་ཏེ། །བདུད་རྩི་ཐོབ་སྦྱོར་བཟླས་བྱས་པའི། །སྤོས་ཆུ་ཁྱོར་གང་བཏུང་བར་བྱ། །དཀྱིལ་འཁོར་བདག་པོའི་སྙིང་པོ་ཡིས། །བཟླས་པའི་མར་ནི་ཅུང་ཟད་བཏུང་། །ངལ་དང་སྙམ་པ་ལ་སོགས་པའི། །གནོད་པ་ཐམས་ཅད་ཞི་བར་འགྱུར། །སྟང་ཟིལ་སྦྲང་རྩི་པི་པི་ལིང་། །སངས་རྒྱས་སྤྱན་གྱིས་བཟླས་པའམ། །སྔ་མས་བསྐུས་ན་མྱུར་བར་ནི། །བགེགས་ལས་བྱུང་བའི་གཉིད་སེལ་ལོ། །བསྡམས་ཤིང་ཤར་དུ་ཁ་བསྟན་འདུག །ལྷ་རྣམས་ལ་ཡང་ཕྱག་འཚལ་ནས། །ཀུན་ལ་ཡིད་ཀྱིས་གསོལ་བཏབ་སྟེ། །དེ་ནས་སྒྲུབ་ལ་འཇུག་པར་བྱ། །མཚན་མ་བཟང་པོ་རྣམ་པ་གསུམ། །བཟླས་བརྗོད་བྱེད་པས་བཟུང་ནས་ནི། །རབ་ཏུ་དགའ་བའི་སེམས་ཀྱིས་ནི། །དེ་ནས་སྒྲུབ་ལ་འཇུག་པར་བྱ། །མཚན་མ་དག་ནི་ཅི་འདྲ་ལས། །དངོས་གྲུབ་དག་ཀྱང་དེ་འདྲར་གསུངས། །དེ་ནས་ཟློས་པའི་མཚན་མ་ཡིས། །དངོས་གྲུབ་བསྟན་པ་འདོད་པར་བྱ། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །རིག་པའི་རྒྱལ་པོའི་བློ་བསམས་ནས། །བུམ་པ་སྒོ་ཀར་བཞག་པ་ལ། །བསྐོར་བ་དག་ཀྱང་གུས་པར་བྱ། །ལྷ་ཡི་གནས་སུ་ཞུགས་ནས་ནི། །དེ་ཡི་འོག་ཏུ་ཕྱག་བྱས་ནས། །འགོ་བར་བྱ་ཕྱིར་ཐམས་ཅད་ལ། །མཆོད་ཡོན་གྱི་ནི་བྱ་བ་བྱ། །རིག་སྔགས་རྒྱལ་པོའམ་རྒྱལ་མོའམ། །ཡང་ན་སྤྱི་ཡི་སྙིང་པོའམ། །རང་རང་སྔགས་ཀྱིས་ཅི་རིགས་པར། །སྤྱན་དྲང་བ་ཡི་ཆོ་ག་བྱ། །དཀྱིལ་འཁོར་དག་ཏུ་བྱ་བ་བཞིན། །རང་གི་ཕྱག་རྒྱ་ལེགས་པར་བསྟན། །དེ་ལྟར་བྱས་ན་རིག་སྔགས་དང་། །གསང་སྔགས་མཐུ་ཆེན་བྱིན་གྱིས་རློབ། །རྫས་ནི་ཁ་ཅིག་རྣམ་བརྟགས་པ། །ལག་པའི་སྙིམ་པའི་ནང་དུ་གཞུག །ཁ་ཅིག་མཆོད་ཡོན་སྣོད་དུ་གཞུག །ཁ་ཅིག་བུམ་པའི་སྟེང་དུའོ། །གྲོག་མཁར་ས་ཡི་ཁམ་ཕོར་རམ། །ཡག་ན་ལོ་མ་བཏིང་བར་བཞག །བསྒྲུབ་བྱ་སྟེགས་བུ་ལ་བཞག་པ། །གི་ཝང་བསྐུས་པའི་སྣོད་བཅུག་སྟེ། །བཟླས་པའི་གནས་སུ་བཞག་ནས་སུ། །ཡུངས་ཀར་དག་གིས་མངོན་བསྲུང་སྟེ། །བློ་ཅན་ཆོ་ག་ཤེས་པ་ཡིས། །མེ་ཏོག་ཏ་མ་ལི་ཡིས་མཆོད། །བརྟན་པར་བྱ་དང་བསྲུང་བ་དང་། །བྱིན་བསྐྱེད་པ་ནི་གང་བཤད་པ། །ཅི་ལྟར་རིགས་པར་རྫས་ལའོ། །མ་སྟོངས་པར་ནི་བྱ་བའི་རིགས། །ལྷ་དང་རྫས་ཀྱི་བར་དག་ཏུ། །ཅི་ཡང་གཞག་པར་མི་བྱའོ། །རྫས་ཀྱི་གཡས་གཡོན་གཉིས་སུ་ནི། །བསྲུང་བའི་རྒྱ་དང་ཡུངས་ཀར་བཞག །བདུག་སྤོས་མཆོད་ཡོན་གཏོར་མ་དང་། །ཞོ་དང་མར་མེ་ལ་སོགས་དང་། །བསྒྲུབ་བྱའི་རྫས་ནི་བཞག་ནས་ཀྱང་། །དཀྱིལ་འཁོར་བལྟ་བ་གཞག་པར་བྱ། །རྫས་ལ་མིག་གམ་ལག་པ་ཡིས། །བལྟའམ་ཡང་ན་བྲིམ་པར་བྱ། །གཡོ་བའི་ཡིད་ནི་མཉམ་བཞག་སྟེ། །བློ་དང་ལྡན་པས་ཤུབ་བུར་བཟླས། །འདིར་ཡང་བྱིན་བསྐྱེད་ཆོ་ག་དག །སྔོན་བཞིན་སྐབས་སྐབས་དག་ཏུ་བྱ། །དེ་ཡི་མཚན་མོ་ཐོག་ཐག་ནི། །དེ་བཞིན་རྒྱུན་མི་འཆད་པར་བཟླས། །མཆོད་ཡོན་ལ་སོགས་ཆོ་ག་ཀུན། །དུས་གསུམ་དུ་ཡང་བྱ་བར་བཤད། །འཐོར་འཐུང་ལ་སོགས་དགོས་པ་ལ། །དེ་ཚེ་རྗེས་སུ་བསྒྲུབ་པ་བཞག །སྒྲུབ་པ་པོས་ནི་བསྒྲུབ་པ་ན། །རྟག་ཏུ་ཉེ་བར་གནས་པར་བྱ། །སྒྲུབ་པ་པོ་བཞིན་ཆོ་ག་ཡི། །ལྷག་མ་སྒྲུབ་གྲོགས་མཆོག་གིས་བྱ། །བགེགས་ཆེན་རྣམས་ནི་ཟློག་པ་ལ། །རྗེས་སུ་བསྒྲུབ་པ་དག་གིས་བྱ། །དེས་ན་ནུས་ན་བདག་ཉིད་ཀྱིས། །ཡུངས་ཀར་ལ་སོགས་བཟླས་པས་བྱ། །ཤར་ཕྱོགས་ནས་ནི་ཆར་ཆེན་འབབ། །འཇིགས་སུ་རུང་བའི་འབྲུག་སྒྲ་སྒྲོགས། །མེ་ཡི་ཕྱོགས་སུ་གློ་བུར་དུ། །མཚམས་ཀྱི་སྣང་བ་ནམ་ལངས་བཞིན། །གཤིན་རྗེའི་ཕྱོགས་ནས་འོང་བ་ནི། །འཆི་བདག་གཟུགས་ཅན་འཇིགས་འཇིགས་བལྟ། །རལ་གྲི་ཐོགས་ཤིང་སྒྲ་ཆེན་འབྱིན། །སྣ་ཆད་ལོ་མ་མི་ཐོད་དུ། །མི་ཡི་ཁྲག་ནི་འཐུང་བར་བྱེད། །མགོ་སྐྲ་གྱེན་དུ་བརྫེས་ཤིང་འབར། །གཅིན་རྒྱང་ཆར་བཞིན་འབབ་པ་ཡི། །བསྲུང་བའི་ལས་རྣམས་འཇིག་པར་བྱེད། །བདེན་བྲལ་ཕྱོགས་ནས་སེམས་ཅན་མང་། །འཇིགས་པའི་གཟུགས་ཅན་ཐ་དད་པའོ། །ཆུ་ལྷའི་ཕྱོགས་ནས་ལྷ་ཡི་བདག །སྤྲིན་དང་བཅས་པར་འབྲུག་སྒྲ་སྒྲོགས། །རླུང་གི་ཕྱོགས་ནས་ཚུབ་ཆེན་འབྱུང་། །གནོད་སྦྱིན་ཕོ་མོ་བྱང་ཕྱོགས་ནས། །དབང་ལྡན་ཕྱོགས་ནས་ཚོགས་ཀྱི་གཟུགས། །སྟེང་ནས་མཐུ་ཆེན་ལྷ་རྣམས་འབྱུང་། །འོག་ན་ས་འགས་གཡོ་བར་བྱེད། །རྫས་ཀྱི་དངོས་གྲུབ་ཆེན་པོ་ལ། །དེ་ལ་སོགས་པ་བགེགས་ཀྱི་རྣམས། །ནམ་གྱི་ཕྱེད་ན་འབྱུང་བར་འགྱུར། །དངོས་གྲུབ་ཆེན་པོ་རྣམས་ལ་ནི། །བགེགས་ཀྱང་ཆེན་པོ་ཉིད་དུ་འགྱུར། །ཕལ་ལ་རྗེས་སུ་མཐུན་པ་ཡི། །བགེགས་ནི་རྣམ་པ་སྣ་ཚོགས་འབྱུང་། །དུས་གསུམ་དག་གི་དངོས་གྲུབ་ནི། །ཐ་མ་འབྲིང་དང་རབ་ཏུ་བཤད། །དུས་བཞིན་བྱུང་ན་རབ་ཏུ་ཤིས། །དེ་ལ་ཟློས་པ་མི་ཤིས་སོ། །དྲོ་དང་དུད་འཐུལ་འབར་བ་དག །འགྲུབ་པའི་མཚན་མར་བསྟན་པ་ཡིན། །འབར་བ་ལས་ནི་སུམ་ཆར་བཤད། །དུ་བ་ལ་ནི་རིམ་བཞིན་གཉིས། །དྲོད་ལས་དངོས་གྲུབ་གཅིག་པུ་སྟེ། །དེ་ནི་ཐ་མ་ཡིན་པར་བཤད། །ཁ་ཅིག་གསང་སྔགས་མཐུ་དག་ལས། །མྱུར་དུ་འབབ་པར་གྱུར་པའམ། །གལ་ཏེ་བསྒྲུབ་ཚེ་ཐོག་མར་ནི། །དངོས་གྲུབ་ཁ་ཅིག་འོད་བྱུང་ནས། །དེ་ཚེ་རང་རིག་རིག་སྔགས་ཀྱིས། །དངོས་གྲུབ་མནན་པ་བརྩམ་པར་བྱ། །མིས་ནི་རིག་སྔགས་རྒྱལ་བ་ཡི། །སྙིང་པོས་བ་ཡི་གི་ཝང་ངམ། །ལག་པས་བྲིམ་ན་དངོས་གྲུབ་ནི། །མནན་པར་འགྱུར་ཞིང་བརྟན་པར་འགྱུར། །མར་རམ་ཡང་ན་མེ་ཏོག་གམ། །རྫས་ཀྱི་རིགས་ལ་བཟླས་ཀྱང་རུང་། །དེ་ལྟར་མནན་ན་རྫས་རྣམས་ནི། །སྤྱད་ན་ཡོན་ཏན་ཐོབ་པར་འགྱུར། །དང་པོར་གྲུབ་པར་གྱུར་ན་ནི། །ཐོག་མར་གནས་པར་བྱས་ནས་སུ། །དེ་ནས་མཚན་མོའི་ལྷག་མ་ལ། །བློ་ཅན་བཟླས་བརྗོད་ཅི་འདོད་བྱ། །དངོས་གྲུབ་འབྲིང་པོ་དག་ལ་ཡང་། །ཆོ་ག་དེ་བཞིན་བྱ་བར་བཤད། །ནམ་ཕྱེད་དག་ན་གྲུབ་པ་ནི། །སྤྱད་པའང་དེ་ཡི་དུས་སུ་བཤད། །དང་པོ་བ་ནི་སྲོད་ལ་སྟེ། །འབྲིང་པོ་དག་ནི་ནམ་ཕྱེད་ན། །དངོས་གྲུབ་རབ་དག་སྤྱད་པ་ནི། །སྐྱ་རེངས་འཆར་ཀའི་དུས་སུའོ། །དང་པོ་པ་ནི་ནང་པར་ཏེ། །ལྷག་མ་གཉིས་ལ་ངེས་པ་མེད། །འབྲིང་པོ་མཚན་མོ་སྤྱད་བྱ་བ། །ནང་བར་སྤྱད་པར་མི་བྱའོ། །དངོས་གྲུབ་ཐ་མར་གྱུར་པ་དག །ནང་པར་སྤྱད་པར་དགག་པ་མེད། །དུས་ལས་འདས་པའི་ངེས་པའམ། །རིམ་པ་གཞན་ཡང་མི་ཤེས་སོ། །གང་ཞིག་ནང་པར་མི་སྤྱད་ལ། །གལ་ཏེ་གནས་པའང་མ་བྱས་ན། །དེ་ནི་དམན་མ་བཞིན་བོར་བ། །སྤྱད་ཟིན་པ་ཞེས་བྱ་བར་འགྱུར། །བསྒྲུབ་པས་བསྐུལ་བའི་རྫས་དག་ལ། །གསང་སྔགས་གཟི་བརྗིད་ཀུན་ཞུགས་པ། །དུས་ལས་འདས་པའི་ཉེས་པ་ཡིས། །ཕལ་ཆེར་ཡོངས་སུ་སྦོང་བར་འགྱུར། །མནན་པ་དག་ནི་ཕྱི་ནས་ཡང་། །གྲུབ་ཀྱི་བར་དུ་རུང་བར་འགྱུར། །མནན་ཏེ་བཞག་པའི་རྫས་དག་ནི། །ཅི་ལྟར་འདོད་པ་སྤྱད་པར་བྱ། །གལ་ཏེ་གྲུབ་པའི་རྫས་དག་ནི། །ནམ་ཡང་སྤྱད་པར་མ་བྱས་ན། །དེ་ལས་གཞན་པའི་དུས་མཚམས་ལ། །བཟླས་པ་ཡང་བྱས་སྤྱད་པར་བྱ། །མ་གྲུབ་པ་ཡི་རྫས་དག་ལ། །ཆོ་ག་དེ་ཉིད་རབ་ཏུ་བསྒྲགས། །དུས་ཚིགས་དུས་ཚིགས་དག་ལ་ཡང་། །བྱིན་བསྐྱེད་ལ་སོགས་ཆོ་གས་བསྒྲུབ། །ལོ་གསུམ་གྱིས་ནི་གང་མ་གྲུབ། །དེ་ནི་ནམས་ཀྱང་མི་འགྲུབ་བོ། །མཆོག་ཏུ་གྱུར་པའི་རྫས་རྣམས་ལ། །ཆོ་ག་འདི་ནི་ཡོངས་སུ་བསྒྲགས། །ཟླ་བ་དྲུག་གིས་འབྲིང་པོ་རྣམས། །དངོས་གྲུབ་ཉེ་བར་འཐོབ་པར་འགྱུར། །ཆུང་ངུ་རྣམས་ལ་དུས་དག་ནི། །གང་ཡང་ངེས་པ་མེད་པར་བཤད། །རི་མོ་ཡི་ནི་ལྷ་རྣམས་ལའང་། །ཆོ་ག་འདི་ཉིད་བཤད་པ་ཡིན། །ཡོངས་སུ་གཟུང་བ་ལ་སོགས་པའི། །ཆོ་གའང་དེ་ལས་གཞན་པའང་བྱ། །རྫས་བསྒྲུབ་པའི་ཆོ་ག་རིམ་པར་ཕྱེ་བའོ།། །།སེམས་ཅན་སྣང་དང་མི་སྣང་ལས། །གྲུབ་པའི་རྫས་མ་གྲུབ་པའི་ཚེ། །གལ་ཏེ་ཕྲོགས་པར་གྱུར་ནས་ནི། །དཀྱིལ་འཁོར་འདིར་ནི་བྲི་བར་བྱ། །ཚེས་གྲངས་མི་དགོས་རྒྱུ་སྐར་མིན། །སྨྱུང་བར་བྱ་བའང་མེད་པར་གསུངས། །མཆོག་ཏུ་ཁྲོ་བ་ལ་གནས་ཏེ། །མོད་ལ་དུར་ཁྲོད་ཐལ་བ་ཡིས། །གྲུ་གསུམ་ནུབ་ཏུ་སྒོ་གཏོད་པའི། །དཀྱིལ་འཁོར་འདི་ནི་བྲི་བར་བྱ། །དེ་ལྟར་བྲིས་ནས་ཕྱི་རོལ་བསྐོར། །སྒྲུབ་པའི་རིག་སྔགས་གཞག་པར་བྱ། །དེ་ནས་ཤར་དུ་བཅོམ་ལྡན་འདས། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །དྲག་པོ་གནོད་སྦྱིན་སྡེ་དཔོན་ནི། །མཐུ་ཆེན་རིག་སྔགས་རྒྱལ་པོ་དང་། །རྡོ་རྗེ་ཁྲོ་བོ་རྡོ་རྗེ་དབྱུག །རྡོ་རྗེ་ཁུ་ཚུར་ལྕགས་ཀྱུ་མ། །རྡོ་རྗེ་ཀཱི་ལི་འཇིགས་བྱེད་གཟུགས། །སེར་སྐྱ་དང་ནི་ཐོག་ཐོག་གཟུགས། །ལུག་རྒྱུད་རྣམ་རྒྱལ་ནག་པོ་དང་། །དེ་བཞིན་སྒོར་ནི་དགའ་བྱེད་དགོད། །རྡོ་རྗེ་སྡེ་དང་དཔུང་བཟང་དང་། །ཁྲོ་བོ་ཆེན་པོར་གྲགས་པ་རྣམས། །དེ་དག་རིམ་བཞིན་བཀོད་ནས་སུ། །མཁས་པས་མཆོད་པའི་ཆོ་ག་བཞིན། །མེ་ཏོག་དམར་ལ་སོགས་པས་མཆོད། །གཏོར་མ་ཁྲག་དང་བཅས་པར་གསུངས། །དྲག་ཤུལ་སྤྱོད་པའི་ཆོ་ག་འདི། །སྔོན་དུ་བསྟན་པ་ཀུན་ཀྱང་བྱ། །མཁས་པས་རང་གི་རིག་སྔགས་ལྷ། །སྒོ་ཀར་མངོན་དུ་ཕྱོགས་བཞག་ལ། །དྲི་ཞིམ་མེ་ཏོག་དག་གིས་ཀྱང་། །ཆོ་ག་བཞིན་དུ་མཆོད་པར་བྱ། །ཕྱི་རོལ་དཀྱིལ་འཁོར་ཅི་དགའ་བར། །དེ་དང་རྗེས་སུ་མཐུན་བྱ་སྟེ། །ལྷ་ནི་དྲག་པོ་གང་འདོད་པ། །མཆོད་པ་དག་ལ་སོགས་པ་བྱ། །སྙིང་པོའི་དཀྱིལ་འཁོར་དབུས་སུ་ནི། །དྲག་ཤུལ་སྤྱོད་པའི་ལས་ཀྱི་ཐབ། །གྲུ་གསུམ་ཁ་རན་ཅན་བྱས་ཏེ། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །མེ་འབར་ཡམ་ཤིང་སེང་ལྡེང་ངོ་། །ནིམ་པའམ་དུར་ཁྲོད་ནས་སྐྱེས་པ། །རང་གི་ཁྲག་ལས་བཏགས་པ་དང་། །དུར་ཁྲོད་ཐལ་བ་སར་པའམ། །དུག་ཁྲག་ཡུངས་ཀར་བསྲེས་པ་དང་། །དེ་ནས་སྐྱེ་ཚེ་སྲེག་བླུགས་དབུལ། །རྫས་འཕྲོག་པ་ཡི་ཕྱིར་བསྡོས་ཏེ། །གཟུགས་བརྙན་སྟེང་དུ་གནས་པའམ། །ཡང་ན་གཟུགས་བརྙན་གཏུབ་གཏུབ་ཅིང་། །མཇུག་ཏུ་སྦྱིན་སྲེག་དག་ཀྱང་བྱ། །ཁྲོ་བོའི་ཆོ་ག་ཤེས་པ་ཡིས། །ཆོ་ག་འདི་ནི་བྱ་བར་གསུངས། །གསང་སྔགས་ཟློས་པས་སྐྲག་གྱུར་ནས། །རྫས་འཕྲོག་པ་ནི་རིངས་པར་ཡང་། །འཕྲོགས་པའི་རྫས་ནི་ཁྱེར་ནས་སུ། །མངོན་དུ་འོངས་ཏེ་སྦྱིན་པར་བྱེད། །བྱེད་ན་དེ་ལ་མི་འཇིགས་སྦྱིན། །ཞི་བ་ཅི་དགར་རབ་ཏུ་བྱ། །གལ་ཏེ་ཞི་བ་མ་བྱས་ན། །དེ་ཚེ་མོད་ལ་འཆི་བར་འགྱུར། །ཡང་ན་མི་སྣང་བ་ཡི་རྣམས། །དཀྱིལ་འཁོར་སྒོར་ནི་རྫས་ཀྱང་འཇོག །ཡང་ན་ཟློས་པར་འདོད་པའི་རྣམས། །རྫས་དག་ལྷག་པར་སྟེར་བར་འགྱུར། །རྫས་འཕྲོག་པ་མོད་ལ་དགུག་པའི་ཆོ་ག་རིམ་པར་ཕྱེ་བའོ།། །།རྫས་ཕྲོགས་ནས་ནི་རིང་ལོན་ནས། །དཀྱིལ་འཁོར་འདིར་ནི་བྲི་བར་བྱ། །རིགས་གསུམ་རྣམས་ཀྱི་སྤྱི་ཡིན་ཏེ། །དངོས་གྲུབ་ཕྱིར་ནི་ལས་ཀུན་བྱེད། །ཐམས་ཅད་དུ་ཡང་རིག་སྔགས་རྒྱལ། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །སྙིང་པོའི་དཀྱིལ་འཁོར་དབུས་སུ་ནི། །ཕྱག་རྒྱ་བྲིས་ཏེ་དགོད་པར་བྱ། །རྡོ་རྗེ་ཁྲོ་བོ་ཁྲོ་ཆེན་དང་། །མཱ་མ་ཀཱི་དང་ལྕགས་ཀྱུ་མ། །རྡོ་རྗེ་ཁུ་ཚུར་རྡོ་རྗེའི་ཏོག །རྡོ་རྗེ་དབྱུག་པ་ཐོ་བ་དང་། །འཇིགས་བྱེད་ལུག་རྒྱུད་ཀཱི་ལི་དང་། །རྡོ་རྗེ་བློ་གྲོས་མི་ཐུབ་མ། །གསང་སྔགས་ཁྲོ་བོ་ཕོ་ཉ་མོ། །རྨད་བྱུང་ཕ་རོལ་གནོན་གང་དང་། །འདོད་པ་འབྱོར་བྱེད་རྟ་མགྲིན་དང་། །ཕྱག་ན་ཞལ་རས་ཕལ་ཆེན་དང་། །བཅོམ་ལྡན་སྣ་ཚོགས་གཟུགས་ཅན་དག །སྙིང་པོའི་དཀྱིལ་འཁོར་དག་ཏུ་དགོད། །གྲགས་ལྡན་མ་དང་དཔལ་མོ་ཆེ། །དཀར་མོ་དང་ནི་གོས་དཀར་ཅན། །སྒྲོལ་མ་ཟླ་བ་དཔལ་མོ་གང་། །རྨད་བྱུང་ཕ་རོལ་གནོན་རྣམས་དང་། །འཁོར་ལོས་སྒྱུར་སོགས་གཙུག་ཏོར་དང་། །མཛོད་སྤུ་དང་ནི་བདེ་གཤེགས་སྤྱན། །མཆེ་བ་མདུང་ཐུང་བྱ་མས་མཆེ། །རྨད་བྱུང་ཕ་རོལ་གནོན་གང་དང་། །གཞན་གྱིས་མི་ཐུབ་ལ་སོགས་པ། །རིགས་ཀྱི་རིག་སྔགས་བསྟན་པ་དང་། །ལས་ཀུན་བྱེད་པའི་གསང་སྔགས་དང་། །འཁོར་ལོས་སྒྱུར་སོགས་གཙུག་ཏོར་དང་། །མཛོད་སྤུ་དང་ནི་བདེ་གཤེགས་སྤྱན། །མཆེ་བ་མདུང་ཐུང་བྱ་མས་མཆེ། །རྨད་བྱུང་ཕ་རོལ་གནོན་གང་དང་། །གཞན་གྱིས་མི་ཐུབ་ལ་སོགས་པ། །རིགས་ཀྱི་རིག་སྔགས་བསྟན་པ་དང་། །ལས་ཀུན་བྱེད་པའི་གསང་སྔགས་དང་། །ཕྱག་རྒྱ་ཆེན་པོར་གྲགས་པ་དང་། །ཕྱི་རོལ་བསྲུང་བའི་སྒོ་བ་དང་། །ཆོ་གར་གཏོགས་པ་གང་ཡིན་པའི། །སོ་སོའི་རིགས་ཀྱི་མངག་གཞུག་པ། །བརྩོན་འགྲུས་ཆེན་པོ་དགོད་པར་བྱ། །ཕྱི་རོལ་འཇིག་རྟེན་སྐྱོང་བ་དང་། །ཚངས་པ་མེས་པོ་ཆེན་པོ་དང་། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །ཚོགས་སྤྱན་ཚོགས་དང་ལྷན་ཅིག་ཏུ། །མ་མོ་རྣམས་པར་ཀླུ་བདུན་དང་། །དེ་བཞིན་ལྷ་མིན་བདག་པོ་དང་། །བསྟན་པ་ལ་ནི་གང་དགའ་བ། །རྨད་བྱུང་ཕ་རོལ་གནོན་ཀུན་དང་། །དཀྱིལ་འཁོར་སྔ་མར་གསུངས་པ་ཡི། །ལྷ་ནི་གང་དང་གྲང་ཡིན་དང་། །གསང་སྔགས་ཆོ་གར་གང་བསྟན་པ། །དེ་ཀུན་ཕྱི་རོལ་མཆོད་པར་གསུངས། །དེ་ནས་དེ་ཡི་འོག་ཏུ་ནི། །ཆོ་གས་སྔོན་བཞིན་མེ་སྦར་ཏེ། །རྫས་འཕྲོག་གཟུགས་བརྙན་སྤྲ་ཚིལ་ལས། །བྱས་ཏེ་སློབ་མའི་སྟེང་བཞག་ནས། །སྦྱིན་སྲེག་ཆོ་ག་བྱ་པར་གསུངས། །དེར་ནི་གློར་ཡང་བཞག་ནས་སུ། །མཚོན་ཆ་ཡིས་ནི་གཏུབ་གཏུབ་ཅིང་། །མཇུག་ཏུ་ཚུལ་བཞིན་བསྲེག་པར་བྱ། །སྔོན་བཞིན་མཆོད་པའི་ཆོ་ག་དང་། །གཏོར་མ་ཡི་ནི་ལས་ཀྱང་བསྒྲགས། །ཕྱག་ན་རྡོ་རྗེའི་རིགས་དེ་ཡི། །ཆོ་ག་ཀུན་གྱི་དྲག་ཤུལ་སྤྱད། །དེ་བཞིན་རང་གི་རིག་སྔགས་ཀྱིས། །ཆོ་ག་དྲག་ཤུལ་བྱ་བར་གསུངས། །ཉི་ཤུ་བརྒྱད་ལ་མ་ཐོབ་ན། །རྫས་ཕྱིར་དགྲ་ལ་དྲག་ཤུལ་སྤྱོད། །མར་གྱི་ངོ་ཡི་ཚེས་ལྔ་ལ། །ཆོ་ག་བྱས་པ་དེ་མཆོག་གོ། །ལྕུག་ལྕག་གིས་ནི་དགྲ་གཞུ་ཞིང་། །དེ་བཞིན་མེས་ཀྱང་གདུང་བར་བྱ། །སྣ་ཚོགས་ཚིག་གིས་བརྒྱན་པ་དང་། །མདའ་ཡི་ཚེ་རམ་རྣོན་པོས་དབུག །སྐེ་ཚེ་ལན་ཚྭ་བྱུགས་ནས་སུ། །ཅི་དགའ་བར་ནི་ཡན་ལག་གཏུབ། །དགྲ་བོ་ལ་ནི་ཆེར་ཁྲོས་པ། །ཅི་ལྟར་འདོད་པས་ཆད་པས་གཅད། །དར་རས་དམར་པོས་དགྲིས་ནས་སུ། །སྐུད་པ་དམར་པོས་བཅིང་པར་བྱ། །མེ་ཏོག་དམར་པོས་མཆོད་བྱ་ཞིང་། །ཇི་སྲིད་འདུག་གི་བར་དུ་ནི། །རྫས་ཀྱི་ཕྱིར་ནི་བསྐུལ་བྱ་ཞིང་། །ཉིན་གཅིག་བཞིན་དུ་བཞུ་བར་བྱ། །གལ་ཏེ་དེས་ནི་དེ་བྱིན་ན། །དེ་ཚེ་ཆད་པས་གཅད་པ་བཤོལ། །རྫས་ནི་བསྟན་པ་འདི་དག་གིས། །ནམ་གྱི་ཕྱེད་ན་སྦྱིན་སྲེག་བྱ། །ཀོ་བི་ད་རིའི་ཡམ་སྲེག་ཤིང་། །འབྲུ་མར་བསྟེགས་པ་མེ་ལ་བསྲེག །རང་གི་ཁྲག་དང་དུག་དང་བཅས། །ཡུངས་ཀར་ལན་ཚྭར་བཅས་པ་དང་། །སྐེ་ཚེ་དེ་ལ་བསྟེགས་པ་ཡི། །སྦྱིན་སྲེག་བརྒྱ་ནི་རྩ་བརྒྱད་བྱ། །རྫས་འཕྲོག་པ་ཡི་མིང་དང་ནི། །རང་བཞིན་དག་ནི་སྨོས་ནས་སུ། །ཁྲག་དང་སྦྱར་བའི་ལན་ཚྭ་ཡིས། །ལྷག་པར་སྦྱིན་སྲེག་བྱ་བར་གསུངས། །གལ་ཏེ་རྫས་ནི་མ་སྟེར་ན། །བདག་ཉིད་ངན་པ་འདིར་བརྟག་ཅིང་། །དེ་ཚེ་འཆི་བར་གྱུར་པའི་ལས། །མ་ལུས་པས་ནི་སྦྱིན་སྲེག་བྱ། །གང་ཚེ་རྫས་ནི་སྦྱིན་གྱུར་ཏམ། །ཡང་ན་སྐྱིན་པ་གཞན་ཡང་རུང་། །སྒྲུབ་པ་པོ་ལ་འཆགས་བྱེད་ན། །དེ་ཚེ་མཁས་པས་ཞི་བར་བྱ། །གལ་ཏེ་ཆུང་ནི་གསན་པའམ། །བག་མེད་པས་ནི་སྤྱད་གྱུར་པ། །དེ་ཚེ་སྐྲག་པ་དེ་ལ་ནི། །སྒྲུབ་པས་མྱུར་དུ་དད་པར་གྱིས། །འཕགས་པ་རྡོ་རྗེ་རྣམ་འཇོམས་སམ། །མྱུར་དུ་ཁྲོ་བོ་ཆེན་པོའམ། །ཡང་ན་མནོལ་བ་མེད་པ་ཡིས། །སྦྱིན་སྲེག་ལས་མཐར་མྱུར་དུ་བསྐུལ། །མཁས་པས་རིགས་གསུམ་དག་གིས་ཀྱང་། །འཕྲོགས་པ་སླར་ནི་དགུག་པའི་ཕྱིར། །དཀྱིལ་འཁོར་དག་ནི་ཆོ་ག་བཞིན། །གསང་སྔགས་འདི་ནི་སྔོན་བཞིན་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོྂ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། དཱ་ར་ཡ་བི་དཱ་ར་ཡ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ཟློས་པས་གལ་ཏེ་རྫས་རྙེད་དམ། །ཡང་ན་གཞན་དག་ཐུབ་ཀྱང་རུང་། །དེ་ནི་སྔོན་བཞིན་དུས་མཚམས་ལ། །བསྲུང་བར་བྱ་སྟེ་སྦྱར་བར་བྱ། །གཞན་ཡང་དངོས་གྲུབ་འབྲིང་དག་དང་། །ཐ་མ་ཅུང་ཟད་ཙམ་ལ་ཡང་། །ཆོ་ག་ཤེས་པས་ཅི་རིགས་པར། །དེ་ཡི་མདོ་ལ་སྦྱར་བར་གསུངས། །བཅོམ་ལྡན་འདས་ཀྱི་སྐུ་སྐལ་དུ། །རྫས་ཀྱི་ཆ་གཅིག་ཐོག་མར་དབུལ། །བློ་དང་ལྡན་པས་བླ་མ་ལ། །ཕྱག་བྱས་ནས་ནི་གཉིས་པ་དབུལ། །གསུམ་པ་སྔར་གྲུབ་པ་རྣམས་ལ། །དཀྱིལ་འཁོར་ཕྱི་རོལ་དག་ཏུ་དབུལ། །བཞི་པ་གྲོགས་པོ་རྣམས་ལ་སྦྱིན། །ལྔ་པ་བདག་ཉིད་སྤྱད་པར་བྱ། །དེ་ལའང་སྐལ་བ་ཕྱེད་ཕྱེད་དུ། །བགོས་ནས་བདག་གིས་ཕྱེད་བསྐུར་བ། །བརྟག་པར་བྱ་བའི་རྫས་རྣམས་ལ། །ཆོ་ག་འདི་དག་བཤད་པ་ཡིན། །བཅོམ་ལྡན་སྐུ་སྐལ་བདག་ཉིད་ཀྱིས། །མཆོད་ཡོན་ཕུལ་ནས་བསྐུར་བར་བྱ། །སངས་རྒྱས་རྣམས་ལ་སླུ་བའི་ཕྱིར། །མཆོད་པའི་ཆོ་ག་ལ་སོགས་བཤད། །བླ་མ་མེད་པར་གྱུར་ན་ནི། །བླ་མའི་སྐལ་བ་བདག་གིས་བླང་། །དེ་ལ་ལྷག་པར་གུས་བྱ་བ། །དེ་ནི་དེ་ཡི་སླུ་བ་ཡིན། །སྒྲུབ་པ་པོ་ཡིས་ཕྱི་རོལ་དུ། །མཆོད་ཡོན་དབུལ་ཞིང་གྲུབ་པ་ཁྱེད། །ཉིད་ཀྱི་རྫས་སྐལ་འདི་བཞེས་ཞེས། །ཚིག་ནི་ལན་གསུམ་བསྒྲག་པར་བྱ། །སྔགས་གྲུབ་པ་རྣམས་མེད་ན་ནི། །དེ་ཡི་སྐལ་བས་སྔགས་ཟློས་པས། །དོགས་མེད་པ་ཡི་སེམས་ཀྱིས་ནི། །གྲོགས་པོ་རྣམས་ལ་སྦྱིན་པར་བྱ། །གསང་སྔགས་ཟློས་པའི་གྲོགས་རྣམས་ནི། །གུས་ཤིང་རྟག་པར་དོན་དུ་གཉེར། །དཀའ་ཐུབ་དག་དང་གྲོགས་བྱེད་པས། །ཐོག་མ་ཉིད་ནས་གྲུབ་པ་ཡིན། །དེ་བས་དེ་ཡིས་སྦྱིན་པ་ནི། །རྫས་ནི་བླང་བར་འོས་པས་ན། །བདག་ཅག་སྔོན་ནས་གྲུབ་པ་ཞེས། །མཐུན་པར་སྨྲ་ཞིང་བླང་བར་བྱ། །གྲུབ་པའི་རྫས་རྣམས་དེ་ལྟ་བུར། །བགོ་བར་རབ་ཏུ་བསྒྲགས་པས་ན། །བདག་རང་ཉིད་ཀྱིས་དེ་རྣམས་ལ། །རྫས་ནི་རྣམ་པར་བགོ་པར་བྱ། །གྲུབ་པའི་རྫས་རྣམས་ཁ་ཅིག་ནི། །ཅི་རན་ཙམ་དུ་བགོ་སྟེ་དཔེར། །ཨཉྫ་ན་ནི་ཐམས་ཅད་དང་། །གི་ཝང་ལ་སོགས་བཞིན་དུ་བཤད། །ཆོ་ག་ཤེས་པས་ལ་ལ་ནི། །ཡིད་ཀྱིས་བགོས་པ་བྱས་ཏེ་དཔེར། །རལ་གྲི་ལ་སོགས་མཐོང་བ་བཞིན། །དེ་ལ་ཕན་གདགས་བསམ་པར་བྱ། །གྲུབ་པའི་རྫས་རྣམས་ཁ་ཅིག་ནི། །གཅིག་པུས་སྤྱད་པར་བྱ་སྟེ་དཔེར། །རས་ལ་སོགས་པ་མཐོང་བ་བཞིན། །དེ་ལ་ཕན་གདགས་བསམ་པར་བྱ། །གྲུབ་པའི་རྫས་ཀྱི་བྱེ་བྲག་ལས། །ཁ་ཅིག་མཉམ་པར་བགོ་སྟེ་དཔེར། །རིལ་བུ་ལ་སོགས་མཐོང་བ་བཞིན། །དེ་ལ་ཕྱེད་དུ་བགོ་བ་མེད། །རྫས་རྣམས་ལ་ཡང་ཕལ་ཆེར་ཡང་། །གཅིག་པུས་མང་དུ་བསྐུར་བར་གསུངས། །སྐལ་བར་ནོར་རམ་མན་ངག་བསྟན། །རྒྱུད་ལས་གསུངས་བས་ཡིད་ཆེས་བྱ། །འདི་དག་ཁྱོད་ཀྱིས་བྱོས་ཤིག་ཅེའམ། །བདག་གི་ནོར་འདི་ཁྱོད་ཀྱིའོ་ཞེས། །བཟླས་བརྗོད་བྱེད་པས་གྲོགས་པོ་ལ། །བགོ་བ་དག་ནི་དེ་ལྟར་བྱ། །གྲུབ་པར་གྱུར་ན་ཆོ་ག་བཞིན། །མཁས་པ་དག་གིས་ཕན་འདོགས་པ། །བདག་ཉིད་ཀྱིས་ནི་ཅི་རིགས་པར། །གང་ཡང་རུང་བས་རབ་ཏུ་བྱ། །དངོས་གྲུབ་རྣམ་པ་མང་པོ་དག །གྲུབ་པས་རྣམ་པར་བགོ་བ་ནི། །བྱེ་བྲག་ཏུ་ནི་བདག་ཉིད་ཀྱིས། །དྲི་མེད་བློ་ཡིས་ཤེས་པར་བྱ། །སྐལ་བ་དབང་བ་མཆོག་གནས་སུ། །ཟློས་པས་གསོལ་བ་གདབ་པར་བྱ། །བཀའ་ལུང་གྲུབ་བར་ཤེས་པར་བྱ། །དེ་ཡི་འོག་ཏུ་བགོ་བར་གསུངས། །དེ་ལྟར་ཀུན་ལ་ཅི་རིགས་པར། །ལེགས་པར་བགོ་བར་བྱ་བར་གསུངས། །དངོས་གྲུབ་དག་ནི་ཕལ་ལ་ཡང་། །མདོར་ན་ཆོ་ག་དེ་བཞིན་བྱ། །གུས་ཤིང་ནོར་དང་མཆོད་པ་བྱ། །བཀའ་བཞིན་བྱེད་པར་ཕན་འདོགས་པས། །རྫས་གྲུབ་བླ་མའི་སྐལ་ལ་སོགས། །སླུ་བ་དག་ནི་དེ་ལྟར་བཤད། །རང་གི་མཆོད་ཡོན་ཕུལ་ནས་སུ། །རྫས་རྣམས་ལེགས་པར་ལུང་བཞིན་བགོ། །རིག་སྔགས་རྒྱལ་ལ་ཕྱག་བྱས་ནས། །རིག་རྒྱལ་མོ་ལའང་གུས་བྱས་ཏེ། །བློ་ཡིས་གསང་སྔགས་ལྷ་རྣམས་ལ། །གུས་པར་བསམ་སྟེ་སྤྱད་པར་བྱ། །བློ་ཅན་གྲུབ་ནས་ནམ་མཁའ་ལ། །ཅི་བདེ་བར་ནི་འགྲོ་བར་བྱ། །འོན་ཏམ་གྲུབ་པ་རྣམས་དང་ནི། །ལྷན་ཅིག་འདུག་ཀྱང་ཅིས་མི་ཚུགས། །རྟག་ཏུ་རང་གི་ལྷ་ཉིད་ནི། །ཡིད་ལ་ཡོངས་སུ་བཟླས་པ་དང་། །བདག་གི་གྲུབ་བའི་རྫས་རྣམས་ལ། །རྟག་ཏུ་བལྟ་ཞིང་དྲན་བྱས་ན། །ཕ་རོལ་གནོད་པ་བྱེད་པ་ནི། །སྡང་བ་རྣམས་ཀྱིས་ཡོངས་མི་ཚུགས། །མཁས་པས་རིག་སྔགས་བརྒྱ་བཟླས་ནས། །གྲུབ་པ་རྣམས་ཀྱིས་མཆོད་པར་འགྱུར། །རིགས་ཀྱི་རིག་སྔགས་བཟླས་ན་ནི། །སྒྲུབ་པོ་འཇིགས་པ་ཀུན་ལས་ཐར། །གཅིག་ལ་གཅིག་ནི་མཐོང་པ་ན། །མཁས་པས་ལེགས་པར་སྨྲ་བར་བྱ། །ལེགས་པར་འོངས་སམ་བདེའམ་ཞེས། །མཐོང་ནས་དང་པོར་མངོན་པར་བརྗོད། །དམ་ཚིག་རིགས་ཀྱི་ཕྱག་རྒྱ་དང་། །གྲུབ་པའི་རྫས་ཀྱང་བསྟན་པར་བྱ། །གང་ནས་འོངས་ཞེས་ཟེར་ན་ཡང་། །དྲིས་པའི་ལན་ཡང་གདབ་པར་བྱ། །ལྷ་ཡི་གནས་ནི་ཐམས་ཅད་དང་། །ཤིང་གཅིག་ལམ་གྱི་བཞི་མདོ་དང་། །དཀའ་ཐུབ་གནས་དང་བྱིན་ཅན་དང་། །མཆོད་སྦྱིན་པ་དང་བྲམ་ཟེའི་གནས། །མུ་སྟེགས་ལ་སོགས་གྲུབ་པ་དང་། །ནམ་ཡང་འདའ་བར་མི་བྱའོ། །ང་རྒྱལ་གྱིས་ནི་འདས་གྱུར་ན། །འཁྲུགས་ནས་མོད་ལ་ལྟུང་བར་འགྱུར། །བག་མེད་དམ་ཚིག་ཉམས་པ་ཡིས། །ལྟུང་ངམ་ལྟུང་བར་གྱུར་ཀྱང་རུང་། །རིག་རྒྱལ་ཉིད་ཀྱིས་བཟླས་ན་ནི། །དེ་ནས་མོད་ལ་ལྡང་བར་འགྱུར། །ནམ་མཁའ་གཟུགས་མེད་པ་ལ་ཡང་། །རབ་ཏུ་གྲུབ་པ་ལྷ་མིག་ཅན། །རང་གི་ལས་རྣམས་རིག་འགྱུར་ཏེ། །རྣལ་འབྱོར་ཅན་རྣམས་འགྲོ་བ་བཞིན། །དེ་བས་སྔོན་ཆད་སྤྲུལ་པ་ཡིས། །ལམ་ནས་འགྲོ་དང་འོང་བར་འགྱུར། །བསོད་ནམས་དབང་གིས་གནས་ཀྱི་ཕྱིར། །ཁྱིམ་ཡང་ཅི་ལྟར་འདོད་པ་འབྱུང་། །ཀུན་ནས་ལྗོན་ཤིང་མང་པོས་བརྒྱན། །སྣ་ཚོགས་བྱ་རྣམས་འཕུར་ཞིང་ལྡིང་། །ལྷ་ཡི་བུ་མོ་རྒྱུ་བ་ཡི། །རྒྱན་གྱི་སྒྲ་ནི་སིལ་ཁྲོལ་ཅན། །དེ་ཡི་གླུ་གར་སིལ་སྙན་གྱིས། །མངོན་པར་དགའ་བའི་ཡོན་ཏན་གསལ། །མེ་ཏོག་བཟང་པོ་གསུམ་གྱིས་ཁྱབ། །མར་མེའི་འོད་ནི་རབ་ཏུ་གསལ། །གང་དང་གང་དུ་ཀུན་བརྟགས་པ། །དེར་ཡང་དཔག་བསམ་ལྗོན་ཤིང་ཆེ། །འདོད་པ་ཐམས་ཅད་འབྱོར་པ་ཡི། །རྨད་དུ་བྱུང་བའི་མཚན་ཉིད་འབྱུང་། །རིན་ཆེན་རྡོ་ལབ་ངལ་བསོའི་ཕྱིར། །ནོར་བུའི་གཞི་ལས་འབབ་ཆུ་ཅན། །ས་གཞི་ནེའུ་གསིང་གིས་བརྒྱན་པ། །ཐམས་ཅད་དུ་ཡང་མངོན་པར་འབྱུང་། །རྒྱན་རྣམས་དང་ནི་གོས་རྣམས་དང་། །རྩེད་མོ་རྣམས་ཀྱི་ཆ་བྱད་དང་། །བདུད་རྩི་ལ་སོགས་འབྲས་ལྡན་པའི། །དཔལ་གྱི་ཤིང་ཡང་དེ་ལས་བྱུང་། །དེ་ལྟར་གྲུབ་པ་འདོད་པ་རྣམས། །ཅི་ལྟར་འདོད་པ་ཐམས་ཅད་འགྲུབ། །གྲུབ་པར་གྱུར་ནས་དེ་ནས་ནི། །བསྲུང་བའི་ཕྱིར་ནི་འབད་པར་བྱ། །བདེན་པའི་སྐྱེད་མོས་ཚལ་དག་གམ། །རི་རྣམས་ཀྱི་ནི་རྩེ་མོའམ། །རྒྱ་མཚོ་ཡི་ནི་གླིང་དག་གམ། །མཚོ་ཆེན་དག་གི་གླིང་མའང་རུང་། །རང་འཕྲུལ་སྤྲུལ་པ་ལས་བྱུང་བ། །གྲུབ་པར་དགའ་ཕྱིར་སྤྱོད་པར་བྱེད། །གྲུབ་པ་གཞན་དང་ལྷན་ཅིག་ཏུ། །སྔོན་གྲུབ་པ་ཡི་གནས་སུའང་རུང་། །དེ་ལྟར་གྲུབ་པ་བྱས་ན་ཡང་། །གལ་ཏེ་གྲུབ་པར་མ་གྱུར་ན། །རྫས་དེས་བསྲུངས་ཏེ་བཞག་བའམ། །ཆོ་ག་བཞིན་དུ་གནས་པར་བྱ། །སྔོན་དུ་བསྙེན་པ་ཅི་ལས་གསུངས། །ལྷག་པར་ཡང་ནི་བྱས་ནས་སུ། །མཁས་པས་རྫས་དེ་སྔ་མ་བཞིན། །སླར་ཡང་བཟླས་ཏེ་བསྒྲུབ་པར་བྱ། །འོན་ཀྱང་གལ་ཏེ་རྫས་དེ་ནི། །བརྒྱ་ལ་གྲུབ་པར་མ་གྱུར་ན། །བརྩོན་འགྲུས་བརྟན་པར་བསྐྱེད་ནས་ནི། །དེར་ནི་ཕྱིར་ཡང་བསྒྲུབ་པར་བྱ། །གལ་ཏེ་ལན་བདུན་བར་དུ་རྫས། །བསྒྲུབ་སྟེ་འོན་ཀྱང་མ་གྲུབ་ན། །གང་གི་ཆོ་ག་འདི་བྱས་པ། །དེས་ནི་ངེས་པར་འགྲུབ་པར་འགྱུར། །བསོད་སྙོམས་ཟས་ལ་ཟ་ཞིང་གནས། །སྒྲུབ་པོ་བཟླས་བརྗོད་བྱེད་ལ་བརྩོན། །སངས་རྒྱས་རྣམས་ལ་དད་པ་ཡིས། །མཆོད་རྟེན་ཆེ་ལ་ཕྱག་བྱའོ། །གུས་པས་ཤེས་རབ་ཕ་རོལ་ཕྱིན། །བདུན་ནམ་ཡང་ན་ལན་བརྒྱར་བཀླག །ཡང་ན་ཡོན་ནི་ཁྱད་པར་ཅན། །དགེ་འདུན་རྣམས་ལ་དབུལ་བར་བྱ། །རྒྱ་མཚོར་འབབ་པའི་གླིང་མའམ། །ཡང་ན་རྒྱ་མཚོའི་གླིང་མ་ལ། །མཆོད་རྟེན་དག་ནི་ཁྲུ་གང་པ། །མཁས་པས་གུས་པས་བརྒྱ་བྱས་ཏེ། །རེ་རེའི་མདུན་ནས་འདུག་ནས་ནི། །བཟླས་བརྗོད་དག་ཀྱང་སྟོང་བྱས་ནས། །མཆོད་རྟེན་ཐ་མ་འབར་གྱུར་པ། །མཐོང་ནས་ངེས་པར་འགྲུབ་པར་འགྱུར། །མཚམས་མེད་ལྔ་ནི་བྱས་པས་ཀྱང་། །སྟོང་དག་ལེགས་པར་བྱས་ནས་ནི། །མཆོད་རྟེན་ངེས་པར་འབར་འགྱུར་ཞིང་། །གདོན་མི་ཟ་བར་འགྲུབ་པར་འགྱུར། །ཀུན་ལའང་བྱེ་བར་བཟླས་ན་ནི། །ངེས་པར་འགྲུབ་པར་རྣམ་པར་བསྟན། །ཉེས་པ་ཆེན་པོ་བྱས་པ་ཡང་། །ལོ་བཅུ་གཉིས་ཀྱིས་འགྲུབ་པར་འགྱུར། །ཆོ་ག་བཞིན་དུ་མ་བསྙེན་པས། །རིག་སྔགས་དངོས་གྲུབ་མི་སྟེར་ན། །ཚིམ་པར་བྱ་ཕྱིར་བཤད་པ་ཡི། །སྦྱིན་སྲེག་དེ་ནི་བརྩམ་པར་བྱ། །ཡང་ན་ལས་དང་དོན་རྣམས་ཀུན། །སྒྲུབ་པར་བྱེད་པའི་དཀྱིལ་འཁོར་འདི། །བྲིས་ནས་དེ་ཡི་ནང་ཉིད་དུ། །སྦྱིན་སྲེག་རྣམ་པ་བཞི་བྱའོ། །རི་ཡི་རྩེ་མོའམ་ཕྱུགས་ལྷས་སམ། །ཡང་ན་གང་གཱའི་གླིང་མའམ། །ཡང་ན་ས་གཞི་མཉམ་བྱས་པར། །དཀྱིལ་འཁོར་བཟང་པོ་སྔོན་བཞིན་བྱ། །འདི་ནི་བློ་དང་ལྡན་པ་ཡིས། །ཁྲུ་ནི་བརྒྱ་རྩ་བརྒྱད་པར་བྱ། །དེ་དང་མཉམ་པའི་བུམ་པ་ཡིས། །ཁོ་ར་ཁོར་ཡུག་ཉེ་བར་བརྒྱན། །རྟ་བབས་བཟང་པོ་བཞི་དག་ཀྱང་། །སྒོ་སྒོ་དག་ཏུ་ཡོངས་སུ་གཟུགས། །ཁོར་ཡུག་རྣམ་པར་རྒྱལ་བ་ཡི། །བ་དན་སྣ་ཚོགས་རྣམས་ཀྱིས་བརྒྱན། །རྟ་བབས་དག་ཀྱང་རྒྱལ་མཚན་དང་། །ལོ་མ་སར་པ་དག་གིས་བརྒྱན། །ཕྲེང་བ་བརྒྱུས་པ་གཤིབས་པ་དག །བློ་དང་ལྡན་པས་གཅད་པར་བྱ། །ཕྱི་རོལ་ཁོ་ར་ཁོར་ཡུག་ཏུ། །མར་གྱི་མར་མེ་གསལ་བྱ་ཞིང་། །བདུག་སྤོས་རིགས་ནི་སྣ་ཚོགས་པས། །རྒྱུན་མི་འཆད་པར་བདུག་པར་བྱ། །དཀྱིལ་འཁོར་གཉིས་པ་ཁོར་ཡུག་ཏུ། །ཁྲུ་བདུན་དག་དང་ལྡན་པ་དང་། །གསུམ་པ་ཁྲུ་ནི་གསུམ་པ་སྟེ། །ཆོ་ག་དེ་ལྟར་ཡོངས་སུ་གཟུང་། །མཆོད་སོགས་ཆོ་ག་གང་ཡིན་དང་། །དཀྱིལ་འཁོར་ཆོ་ག་སྔོན་བཞིན་བྱ། །གཞན་ཡང་ཆོ་ག་ལྷག་པར་ནི། །སྦྱིན་སྲེག་དག་ཀྱང་བྱ་བར་གསུངས། །དབུས་སུ་རང་གི་རིག་སྔགས་ཀྱིས། །བུམ་པ་གང་བ་བཞག་ནས་སུ། །དེ་ཡི་ཕྱོགས་བཞི་དག་ཏུ་ཡང་། །སྦྱིན་སྲེག་ཆོ་ག་བཞིན་དུ་བྱ། །དེ་བཞིན་གཤེགས་པའི་རིགས་རྣམས་ཀུན། །ཤར་གྱི་ཕྱོགས་སུ་བྲི་བར་བྱ། །བྱང་ཕྱོགས་སུ་ནི་པདྨའི་རིགས། །ཆ་དང་མཐུན་པར་ལེགས་པར་བྲི། །མཁས་པས་ལྷོ་ཡི་ཕྱོགས་སུ་ནི། །རྡོ་རྗེའི་རིགས་ཀུན་བྲི་བར་བྱ། །ནུབ་ཀྱི་ཕྱོགས་སུ་དྲག་པོ་དང་། །གཅིག་པུ་གནོད་སྦྱིན་རིགས་རྣམས་བྲི། །དེ་ཡི་ལྷག་པའི་ཆ་དག་ཀྱང་། །ནང་རིམ་བཞིན་དུ་ཕྱི་རོལ་བྲི། །དེ་ཡི་ཕྱི་རོལ་འཇིག་རྟེན་སྐྱོང་། །གཞན་དག་ཀྱང་ནི་བྱ་བར་བསྒྲགས། །གསང་སྔགས་ཟློས་པས་དང་པོར་ནི། །བདག་པོ་ལྔ་རྣམས་དགོད་པར་བྱ། །དེ་ནས་རིག་སྔགས་རྒྱལ་པོ་དང་། །རིག་སྔགས་རྒྱལ་མོར་བསྒྲགས་པ་དང་། །ལས་ཀུན་བྱེད་པས་གསང་སྔགས་དང་། །དཀྱིལ་འཁོར་དག་ཏུ་གང་བསྟན་པའི། །ཕོ་ཉ་ཆེ་ཕྲ་གོ་རིམས་བཞིན། །དཀྱིལ་འཁོར་དུ་ནི་དགོད་པར་བྱ། །སྒོ་ཀར་བགེགས་ཀྱི་སྡེ་དཔོན་དང་། །ཁྲོ་བོ་བདུད་རྩི་ཐབ་སྦྱོར་དང་། །ལྷ་མོ་གཞན་གྱིས་མི་ཐུབ་བཞག །ལྷག་མ་ཅི་དགར་བྱ་བར་བཤད། །དེ་ལྟར་རྒྱུད་དོན་མཐོང་བ་ཡིས། །དཀྱིལ་འཁོར་དགོད་པར་བྱས་ནས་ཀྱང་། །དེར་ནི་སྙིང་པོ་སྤྱན་དྲངས་ཏེ། །ཆོ་ག་ལྷག་མའང་བྱ་བར་གསུངས། །མཁས་པས་ཕྱོགས་བཞི་རིགས་ར་ལ། །སྦྱིན་སྲེག་ཆོ་ག་བཞིན་བྱས་ནས། །ནུབ་ཀྱི་བུམ་པའི་དྲུང་དུ་ནི། །རང་གི་རིག་སྔགས་སྦྱིན་སྲེག་བྱ། །འདིར་ནི་སྦྱིན་སྲེག་ཆོ་ག་བཞིན། །བྱས་ན་ཐམས་ཅད་ཚིམ་པར་འགྱུར། །དེར་ནི་གཏོར་མ་རྒྱ་ཆེར་བྱ། །དེས་ནི་ལྷ་རྣམས་མགུ་བར་འགྱུར། །དཀྱིལ་འཁོར་འདི་ནི་བྲིས་ནས་ཀྱང་། །བཟླས་བརྗོད་སྦྱིན་སྲེག་ཅི་དགར་བྱ། །རང་རིགས་རིག་པས་རིག་སྔགས་ལ། །མར་གྱི་སྦྱིན་སྲེག་དག་ཀྱང་བྱ། །འོ་ཐུག་མར་དང་སྦྱར་བའམ། །ཏིལ་དང་མངར་གསུམ་སྦྱར་བ་ཡིས། །མཚན་མོའི་ལྷག་མ་རང་རིགས་ཀྱི། །རིག་པས་རིག་སྔགས་སྦྱིན་སྲེག་བྱ། །ལས་འདི་དག་གིས་ངེས་པར་ཡང་། །ལྷ་ཉིད་མྱུར་དུ་འགྲུབ་འགྱུར་ཞིང་། །ཚིམ་པར་འགྱུར་ཞིང་མཉེས་པར་འགྱུར། །ལེགས་པར་ཡང་ནི་སྐོངས་པར་འགྱུར། །དཀྱིལ་འཁོར་འདི་ནི་བྲིས་ནས་ཀྱང་། །གསང་སྔགས་རྗེས་མཐུན་སྦྱིན་སྲེག་བྱ། །ལན་བདུན་ཁོ་ན་བྲིས་ནས་ཀྱང་། །ཐེ་ཚོམ་མེད་པར་ངེས་པར་འགྲུབ། །རིག་པའི་རྒྱལ་པོའི་རིག་སྔགས་སམ། །དེ་བཞིན་རིགས་ཀྱི་རིག་སྔགས་ཀྱིས། །རིག་སྔགས་དག་ལ་དྲག་སྤྱད་པ། །ཐམས་ཅད་བཏུད་དེ་བྱ་བར་གསུངས། །སྤྲ་ཚིལ་ལས་ནི་གཟུགས་བྱས་ནས། །དེ་ཡང་རིག་སྔགས་ཀྱིས་བཟླས་ཏེ། །དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་ནི། །ལས་ཀྱི་ཆོ་ག་ཐམས་ཅད་བྱ། །སྐེ་ཚེ་ཡུངས་མར་གྱིས་བླུགས་ན། །རིམས་ནད་དྲག་པོས་འདེབས་པར་འགྱུར། །ཁ་སྦུབ་ཏུ་ནི་བཞག་བྱས་ན། །ལུས་ལ་སྡུག་བསྔལ་ཚོར་བ་འབྱུང་། །མི་མཐུན་པ་ཡིས་བརྡེག་པ་དང་། །མེ་ཏོག་གིས་ཀྱང་བསྣུན་པར་བྱ། །དེ་ཉིད་ལ་ནི་སྤྱོ་བར་གསུངས། །ཐོ་འཚམ་པ་ཡང་ཅི་དགར་བྱ། །དཀྱིལ་འཁོར་འདིར་ནི་གསང་སྔགས་དག །གདོན་བཞིན་དུ་ནི་ཚར་བཅད་ན། །ཆོ་ག་ལས་ནི་བསྟན་པ་ཡི། །དངོས་གྲུབ་དག་ཀྱང་སྩོལ་བར་འགྱུར། །འདིར་ནི་ལྷ་ཉིད་མངོན་གཤེགས་ནས། །ཉིད་ཀྱིས་བསྒྲུབ་པ་ཉིད་ལ་ནི། །དངོས་གྲུབ་མྱུར་དུ་སྦྱིན་པར་འགྱུར། །བྱིན་ནས་ཞི་བའི་ཆོ་ག་བྱ། །གལ་ཏེ་ཅི་ཞིག་ལྟར་གྱུར་ན། །དུག་ཁྲག་ལན་ཚྭ་སྐེ་ཆེ་དང་། །ཡུངས་ཀར་སྦྱར་ནས་དཀྱིལ་འཁོར་འདིར། །མཚན་མོ་ལྷག་མ་བསྲེག་པར་བྱས། །རང་གི་རིག་སྔགས་ལྷ་ཉིད་ནི། །སྡུག་བསྔལ་བཞིན་དུ་མྱུར་གཤེགས་ནས། །ཀྱེ་ཀྱེ་ང་ཡིས་མཆོག་སྦྱིན་ཞེས། །སྒྲུབ་པ་པོ་ལ་གཅུགས་པར་མཛད། །གལ་ཏེ་བག་མེད་མ་བྱོན་ན། །སྒྲུབ་པ་པོས་ནི་ཞག་གསུམ་དུ། །འཇིགས་པ་མེད་པས་རང་གི་ཤ །སྲེག་བླུགས་གསུམ་ནི་དེར་བསྲེགས་ན། །དེ་ཚེ་ངེས་པར་མངོན་གཤེགས་ནས། །སྒྲུབ་པ་པོ་ལ་ཆགས་མཛད་ཅིང་། །ཅི་འདོད་པ་ཡི་དངོས་གྲུབ་སྩོལ། །ཉེས་པ་མ་ལུས་བརྗོད་པར་མཛད། །མཚམས་མེད་ལྔ་ནི་བྱེད་པས་ཀྱང་། །ཞག་དགུར་ལས་འདི་དེས་བྱས་ན། །གདོན་མི་ཟ་བར་འགྲུབ་འགྱུར་བས། །དེ་ཕྱིར་ལེགས་པར་བརྩམ་པར་བྱ། །ལས་འདི་དོན་ཡོད་བྱ་བའི་ཕྱིར། །རིག་སྔགས་དག་ལ་རྒོལ་བའི་ཚེ། །ཟློས་པ་འཇིགས་པ་མེད་པ་དང་། །བསྲུང་བ་དག་ཀྱང་བྱས་ཏེ་བྱ། །འདིར་ནི་དངོས་གྲུབ་ལེགས་བྱིན་ན། །ཆོ་ག་བཞིན་དུ་ཞི་བར་བྱ། །ལས་ཀྱི་ཉེས་པ་ཅི་ཡོད་པ། །དེ་དག་རབ་ཏུ་བསྒྲིམས་ཏེ་གཤེགས། །གསང་སྔགས་དངོས་གྲུབ་ཐམས་ཅད་ལ། །དཀྱིལ་འཁོར་འདི་ནི་དམ་པ་ཡིན། །སྦྱིན་སྲེག་ལས་ལ་བསྟན་པ་ཡི། །སྦྱིན་སྲེག་རྣམ་གསུམ་བྱ་བར་གསུངས། །ལས་རྣམས་ཐམས་ཅད་བྱས་ན་ནི། །དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར། །ཟློས་པ་རང་གི་རིག་སྔགས་དག །གདོན་བཞིན་ཚར་གཅོད་བྱེད་པ་ན། །ཉིན་གཅིག་བཞིན་དུ་ཡོ་བྱད་ནི། །ཤིན་ཏུ་སར་པ་དག་གིས་བྱ། །མཁས་པས་བསྲུང་བ་བྱས་པ་དག །བག་ཡོད་པ་ལ་གཅང་བ་དང་། །རྒྱུད་ཤེས་དཀའ་ཐུབ་ལྡན་པ་ཡིས། །རིག་སྔགས་ཚུལ་བཞིན་དྲག་ཤུལ་སྤྱད། །གཞན་དུ་བྱས་ན་ངེས་པར་འཆི། །ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་བསྒྲུབ་པའི་ཐབས་བསྡུས་པ་རྫོགས་སོ།། །།

བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ།

བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ་བཞུགས། རྒྱ་གར་སྐད་དུ། དྷྱ་ནོཏྟ་ར་པ་ཊ་ལ་ཀྲ་མ། བོད་སྐད་དུ། བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ། དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། །གསང་སྔགས་རྒྱུད་ཀྱི་ཕྱོགས་ལ་ཡང་། །གང་གི་བློ་ནི་མི་ཞེན་པ། །དེ་ཡང་སྨྲ་བར་སྤྲོ་བ་ནི། །མ་སྨྲས་ན་ནི་མི་འཚོའམ་ཅི། །གསང་སྔགས་རྒྱ་མཚོ་ཆེན་པོ་འདི། །དཔེ་དང་ཆད་མ་གཏན་ཚིགས་སམ། །རྗེས་སུ་དཔག་པའམ་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ནོ། །ལུང་དང་མན་ངག་དོན་མེད་པར། །གང་ཞིག་ལམ་གཞན་འཇུག་པ་དེ། །བསྐལ་པ་དག་ནི་བརྒྱ་རུ་ཡང་། །སྔགས་ལས་དངོས་གྲུབ་མི་འཐོབ་བོ། །ལུང་དང་མན་ངག་མ་ལུས་པ། །གང་གིས་ཡོངས་སུ་སྤངས་པ་དག །གྲུབ་པ་མྱོང་བ་ལ་ལ་ཞིག །ཡོད་དམ་དེ་ནི་མེད་པ་སྨྲོས། །དེ་ནས་གསང་སྔགས་བདག་ཉིད་ཆེ། །དངོས་གྲུབ་རླབས་ནི་འཁྲིགས་པ་ཅན། །བསམ་ཡས་གཏིང་ནི་དཔག་དཀའ་བ། །རྟོགས་པར་ནུས་པ་སྨྲ་བའི་མཆོག །གལ་ཏེ་དེ་ལྟར་མི་ཤེས་ན། །ཚངས་པ་ཇི་ལྟར་ཤེས་པ་སྨྲོས། །ཡང་དག་སྨྲ་བར་མི་སྤྲོ་ན། །ང་ཡིས་བཤད་ཀྱིས་ང་ལ་ཉོན། །བྱང་ཆུབ་སེམས་དང་དེ་ཉིད་གསུམ། །གལ་ཏེ་ཤེས་ན་དངོས་གྲུབ་སྣོད། །དེ་དག་ལེགས་པར་མི་ཤེས་ན། །ཁྱོད་ཀྱིས་དངོས་གྲུབ་ཅི་ཞིག་འཐོབ། །རིག་སྔགས་ལས་ནི་གྲུབ་པ་པོ། །གཞན་ནམ་གཞན་མིན་ཅི་ཞིག་ཉེས། །གལ་ཏེ་གཞན་ན་འགྲུབ་མི་འགྱུར། །འོན་ཏེ་གཞན་མིན་གྲུབ་པ་ཉིད། །གལ་ཏེ་གཞན་མིན་ཁྱོད་འགྲུབ་པས། །མཁའ་ལ་སོགས་པར་ད་སོང་ཞིག །དེ་སྟེ་མིན་ན་བརྫུན་ཚིག་པས། །བ་ལང་རྫི་དང་ལྷན་ཅིག་སྨྲོས། །མི་འཆི་ཚངས་ཆེན་ཕམ་ཆོད་ཀྱིས། །ཡོངས་སུ་བསམས་ནས་ཚིག་སྨྲས་པ། །མི་མཇེད་བདག་པོས་གང་སྨྲས་པ། །གཞན་བས་བདག་ལ་དངོས་གྲུབ་མེད། །རིགས་ལས་གྲུབ་པ་གཞན་མིན་ན། །དངོས་གྲུབ་བདག་ལ་ཡོད་དམ་ཅི། །དེ་ལྟར་གྱུར་ན་ཅི་ཞིག་ཉེས། །འོན་ཏང་འགལ་བ་ཅི་ཞིག་ཡོད། །ཨེ་མའོ་ཚངས་པ་ཁྱོད་ཀྱི་བློ། །ཤིན་ཏུ་དྲི་མ་མེད་པ་དང་། །ཤེས་རབ་གསལ་བར་ངས་བསམས་ན། །ཚིག་རེ་ལ་ནི་རྟོགས་པ་བཞིན། །གཞན་པས་ཁྱོད་ལ་དངོས་གྲུབ་མེད། །གཞན་མིན་པ་ནི་དངོས་གྲུབ་རྒྱུ། །གཞན་མིན་པ་ལས་གྲུབ་འདོད་ན། །སྨྱོན་པ་ཉིད་ནི་ཡིན་པར་འགྱུར། །འགྲོ་བའི་བདག་པོ་ཇི་ལྟར་ན། །དངོས་གྲུབ་ཡོད་པར་ཁས་འཆེ་བ། །ཡེ་ཤེས་སྒྲོན་མར་གྱུར་པ་ཁྱོད། །ཇི་ལྟར་ཕན་པ་བཤད་དུ་གསོལ། །བདག་གིས་རྣམ་པར་དཔྱད་ན་ནི། །རིག་ལས་གཞན་ནམ་མི་གཞན་མིན། །གཞན་མིན་མི་གཞན་མ་ཡིན་པས། །བདག་ནི་གོམས་ལས་དངོས་གྲུབ་འཐོབ། །ཤེས་བྱ་བླ་མེད་གང་ཡིན་པའི། །ཡེ་ཤེས་དེ་ཡང་གོམས་འཐོབ་ན། །ལས་ཀྱི་ཆོ་ག་འདི་དག་གིས། །དངོས་གྲུབ་ཡོད་པ་ཅི་ཞིག་སྨོས། །བཟླས་བརྗོད་ལྷ་ཡི་དེ་ཉིད་དང་། །བདག་གི་དེ་ཉིད་ཇི་ལྟ་བ། །གནས་རྟེན་གཞན་ལ་མེད་པར་ནི། །མཚུངས་པ་མེད་པར་བདག་གིས་རྟོགས། །ཚིག་ལས་ཚིག་ཏུ་འཕྲོས་པ་ལས། །ཚངས་ཆེན་མི་འཆི་ཞེས་བྱ་བ། །དངོས་གྲུབ་འདོད་པ་སྐལ་ཆེན་པོ། །གཙུག་ཏོར་རྒྱུད་ནི་ཉན་བར་བྱེད། །དེ་ནས་ཚངས་པ་ཆེན་པོ་དེ། །རྡོ་རྗེ་གཙུག་ཏོར་ཉན་པ་ལ། །ས་ཡི་མེ་ཏོག་འཆར་བྱེད་པས། །བསམ་གཏན་གྱིས་ནི་བརྒྱན་པར་བཤད། །དེ་ནས་ཡེ་ཤེས་ཀུན་རྫོགས་པ། །རིག་སྔགས་གསང་སྔགས་ཐབས་ཆེན་དེ། །ཕྲ་བ་དེ་བཞིན་གཤེགས་པས་གསུངས། །བསམ་གཏན་གྱིས་ཀྱང་ཤིན་ཏུ་བརྒྱན། །རྣལ་འབྱོར་ཐབས་ནི་ཀུན་བསྟན་པ། །སྡུག་བསྔལ་སྡིག་པ་སེལ་བ་སྟེ། །ཕྱག་ན་རྡོ་རྗེས་ཞལ་ནས་གསུངས། །སྐྱེ་དང་འཆི་བ་སྡིག་བྱེད་པ། །ཀུན་དུ་མི་ཚུགས་བརྟན་པ་སྟེ། །འདི་དང་ཕ་རོལ་བྱེད་པར་གནས། །དཀྱིལ་འཁོར་ཆེན་པོ་ལ་སོགས་འབྱུང་། །འདོད་པའི་དོན་ནི་རྗེས་སུ་བསྒྲུབ། །ཆོ་ག་གང་དང་གང་དག་གིས། །བསམ་གཏན་ལས་ལ་གང་གནས་པ། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །དེ་དག་མ་ལུས་བཤད་པར་བྱ། །གསང་སྔགས་བསམ་གཏན་ཞེས་བྱ་བ། །མཆོག་ཏུ་གསང་བ་ཡང་དག་གསུངས། །དྲང་སྲོང་དཀའ་ཐུབ་ཆེན་པོ་ཡང་། །དེ་དག་མེད་ན་མི་འགྲུབ་བོ། །གསང་སྔགས་རྣལ་འབྱོར་ཅན་རྣམས་ཀྱིས། །གསང་སྔགས་བཟླས་བརྗོད་མེར་འབར་བ། །སྐྱེ་དང་འཆི་བ་འཇིག་བྱེད་པ། །རྡོ་རྗེ་ཅན་གྱིས་སྔོན་གསུངས་སོ། །དེ་བས་དེ་འདིར་གསང་སྔགས་ཀྱི། །བསམ་གཏན་ཚིམ་བྱ་མེ་དག་ལ། །དངོས་གྲུབ་འདོད་པ་དག་གིས་ནི། །རྟག་པར་རྒྱུན་དུ་སྦྱོར་བར་བྱ། །ལྷ་ཡི་སྐུ་ཡི་གནས་དེ་ལ། །དང་པོ་ཁོ་ནར་མཆོད་ནས་ནི། །རྣལ་འབྱོར་གནས་བཅས་ཤེས་རབ་ཅན། །བདེ་གཤེགས་མདུན་དུ་བསམས་ནས་ནི། །ཕྱི་ནས་ཡན་ལག་རྣམ་གྲོལ་བའི། །མི་འབྱེད་འབྱེད་པའི་རྣམ་པར་སྤངས། །ཕྲ་མ་མི་གཡོ་གསལ་བ་སྟེ། །བློ་ཡི་སྤྱོད་པ་མདུན་ན་གནས། །བདག་ཉིད་འདི་འདྲར་བཞག་ནས་ནི། །སྔགས་ཀྱི་རྣམ་པར་ཤེས་པས་བསྒོམ། །བསྡམས་ནས་ཏིང་ངེ་འཛིན་ལ་གནས། །སྲོག་དང་རྩོལ་བ་རབ་ཏུ་བསྡམས། །སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ང ལ་ན་བདག་ལ་ངལ་སོ་ཤིག །མི་འགྱུར་བ་ནི་ཡི་གེར་ལྡན། །གཞི་ལས་གཞིར་འགྱུར་དེ་བཞིན་ཏེ། །རང་སྔགས་ཕྱིར་ནི་གང་བརྟགས་པ། །ཡིད་ཀྱི་དག་པ་བསམ་པར་བྱ། །སླར་སྡུད་པ་ཡིས་བཀུག་ནས་ནི། །སྲོག་དང་རྩོལ་བ་བསྡམས་པའི་ཡིད། །གསང་སྔགས་རིག་པས་སྔགས་ལ་སྦྱར། །ཡིད་ཀྱི་བཟླས་བརྗོད་བརྩམ་པར་བྱ། །འདི་ཉིད་ཀྱིས་ནི་ཆོ་ག་ཡིས། །ཡང་ན་ཤུ་བུར་བྱ་ཡང་རུང་། །སྔགས་རིག་དངོས་གྲུབ་འདོད་པ་ཡིས། །བཟླས་བརྗོད་གཞན་དུ་མི་བྱའོ། །རིག་སྔགས་དེ་ཉིད་མ་ལུས་དང་། །བདག་གི་དེ་ཉིད་ཆོ་ག་དང་། །བཟླས་བརྗོད་དེ་ཉིད་མཆོག་ཤེས་དང་། །མིས་ནི་དངོས་གྲུབ་ཐོབ་པར་འགྱུར། །དབེན་པའི་སྐྱེ་དམོས་ཚལ་དང་ངོགས། །ཕུག་དང་རི་བོར་ནགས་ཚལ་དུ། །བརྟུལ་ཞུགས་གནས་སམ་སྡོམ་པ་ཡིས། །སྔགས་པ་བསམ་གཏན་བྱེད་ཅིང་གནས། །གསང་སྔགས་མེ་གནས་དངོས་གྲུབ་སྟེ། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐར་ཐར་པ་སྟེར་བ་ཉིད། །འདི་དག་དེ་ཉིད་གསུམ་པོ་ཡིན། །མི་འབྱེད་ལས་བྱུང་དངོས་པོ་རྣམས། །བློ་ཅན་གྱིས་ནི་བདག་ལ་བསྡམ། །སྔགས་པ་ཡན་ལག་འདས་ལ་གནས། །ཞེན་པ་མེད་པར་བསམ་པར་བྱ། །སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར། །ཡི་གེ་བརྒྱུས་ལ་མི་འགྱུར་རྣམས། །དྲིལ་བུའི་སྒྲ་བཞིན་མ་ཆད་པར། །ཡིད་ལ་ཞེན་པར་སེམས་པ་ན། །མེ་ཡི་ནང་ནས་ཞི་བ་སྟེ། །ཚིག་རྣམས་དག་པ་ཡན་ལག་ལྡན། །སྲོག་དང་རྩོལ་བའང་བཀག་པའི་བདག །གཉིད་སྦངས་ནས་ནི་རྣམ་པར་བསམ། །སྙིང་གར་གནས་པའི་ཕྲ་བ་ནི། །དྲི་མེད་ཟླ་བའི་དཀྱིལ་འཁོར་ཏེ། །དེ་ནང་རབ་ཏུ་ཞི་བ་ཡི། །མེ་ལྕེ་རབ་ཏུ་འོད་བཟང་བ། །མི་འགྱུར་གཞི་ནི་དེར་བཞག་ནས། །བདེ་བར་འདུག་ནས་སྒྲ་བསམ་མམ། །མི་འགྱུར་བ་ལ་ཡི་གེ་གཞག །སྒྲ་ཉིད་འབའ་ཞིག་བསམ་པར་བྱ། །སྒྲ་ལ་དམིགས་པའི་བསམ་གཏན་ནི། །འབའ་ཞིག་བྱས་པ་ཉིད་ཀྱིས་ཀྱང་། །དངོས་པོ་ཀུན་རྣམས་དམ་པའི་དཔལ། །སྒྲུབ་པའི་སྐྱེས་བུས་ཐོབ་པར་འགྱུར། །ལྟོས་བཅས་ཡན་ལག་གྱུར་བར་སྣང་། །སྒྲ་ཞེས་བྱ་དང་ཡིད་ཀྱི་དང་། །ཚིག་རྣམས་དག་པ་རིག་སྔགས་དབང་། །ཡན་ལག་སྤང་བ་རྒྱལ་བས་མཁྱེན། །སླར་སྡུད་དཀའ་ཐུབ་བསམ་གཏན་དང་། །སྲོག་རྩོལ་ཆོ་གའི་བྱ་བ་དང་། །རྣམ་པར་ཤེས་པ་སྣ་ཚོགས་པའི། །སྔགས་པ་རེ་ཞིག་ལྟོས་བཅས་པའོ། །དཀའ་ཐུབ་ཆེན་པོ་དང་ལྡན་པར། །ཆོས་བསྐྱེད་བརྟུལ་ཞུགས་མཆོག་ལྡན་པ། །ལྟོས་བཅས་པ་ནི་ཡུལ་ལས་གྲོལ། །ཡན་ལག་སྣང་བ་ནན་ཏན་བྱ། །དེ་ཡང་བརྟུལ་ཞུགས་བྱས་ནས་ནི། །དོགས་པའི་འཇིག་རྟེན་སྨད་པ་ཡི། །བསམ་གཏན་གཅིག་པུ་རབ་བསྡམས་ནས། །བློ་གྲོས་ཞི་བ་བརྟན་པ་སྤྱད། །ཁུ་བ་བཤང་གཅི་དག་དང་ནི། །འབགས་པ་དག་ནི་རྒྱུ་བ་ལའང་། །དོགས་པ་ཡི་ནི་གཟུགས་ཀྱིས་ཀྱང་། །དབེན་པར་གཙང་སྦྲ་བརྩམ་པར་བྱ། །སྲང་དང་ཁྲོན་པ་ལུ་མ་དང་། །གྲོང་དང་ནགས་ལྷས་དག་ལ་ཡང་། །ངག་ལུས་ཡིད་ཀྱིས་སྤང་བ་ནི། །སེམས་ཅན་གནོད་པ་ཀུན་མི་སྤྱད། །བསམ་གཏན་དང་ནི་བཟླས་བརྗོད་དང་། །གསང་སྔགས་གྲུབ་པར་བྱ་བ་དང་། །སྦྱིན་སྲེག་དབང་བསྐུར་ཐམས་ཅད་དང་། །ཡུལ་གྱི་བྱ་བ་རྣམས་ལ་ཡང་། །བརྟུལ་ཞུགས་གསུངས་པ་གང་ཡིན་པ། །དེ་ཡི་གནས་དང་ཚད་རྣམས་དང་། །སྔོན་ནི་བདག་ཉིད་འབའ་ཞིག་ལ། །མཐུ་ཆེན་རྡོ་རྗེ་འཛིན་གྱི་ལྷས། །རབ་ཏུ་གསང་བ་གསུངས་པ་ཡིན། །ཉེར་འགྱུར་མངོན་དུ་ཕྱོགས་པ་དང་། །གསང་སྔགས་སྟེར་བར་འགྱུར་བ་དང་། །གཞན་དུ་ཕྱོགས་པ་གང་ཡིན་པ། །དེ་ཀུན་ཚངས་པ་ཁྱོད་ལ་བཤད། །གསང་སྔགས་ལ་སོགས་དང་ལྡན་པའི། །རིག་སྔགས་ཁྲོ་བོ་མང་པོ་ཀུན། །རྒྱལ་བའི་སྐུ་ལ་མངོན་ཕྱོགས་པར། །བསམ་གཏན་ངོམས་ཕྱིར་རྟག་ཏུ་གནས། །དུས་གསུམ་དུ་ནི་ཕྲ་མོ་འདི། །གསང་སྔགས་སྒྲུབ་ལ་བརྟུན་པ་ཡིས། །ཚངས་པ་རྟག་ཏུ་རིག་བྱ་བ། །ཡན་ལག་བཅུ་ཡི་ཆོ་ག་ལས། །མ་དད་པ་དང་སྙོམ་པ་དང་། །བཀྲེས་སྐོམ་ཟིལ་གནོན་དེ་བཞིན་ཏེ། །རྒོད་དང་ཡིད་ཀྱི་གདུང་བ་དང་། །ལས་ལ་ཐེ་ཚོམ་ཟ་བ་དང་། །བཟླས་བརྗོད་བསམ་གཏན་མི་ཞེན་དང་། །བསྡམ་བ་བདག་ནི་བཤིག་པ་དང་། །ཅལ་ཅོལ་གཏམ་ལ་རབ་ཏུ་དད་། །མི་བྱ་བ་ལ་འཇུག་པ་དང་། །ལོག་འདྲེན་གྱིས་ནི་བརླམས་པ་དང་། །རྨི་ལམ་ངན་པ་རྣམས་ཀྱང་མཐོང་། །སེམས་ཅན་དག་ལ་གནོད་བྱེད་དང་། །ལྷ་རྣམས་ལ་ནི་སྨོད་པ་དང་། །སྒྲུབ་པ་པོ་ཡི་ཆོ་ག་ལ། །གང་ཚེ་འདི་དག་བྱེད་པ་ན། །རྟག་ཏུ་འཚེ་བ་འབྱུང་བར་འགྱུར། །གསང་སྔགས་དེ་ལས་གཞན་དུ་ཕྱོགས། །གང་ཞིག་ཞི་བར་འདུག་པ་དང་། །སྒྲ་ཡི་ངོ་བོར་གྱུར་བ་ན། །དེ་ཚེ་སྔགས་པ་གསང་སྔགས་ལ། །ཉེ་བར་གྱུར་ཏེ་མངོན་དུ་ཕྱོགས། །ལྷ་དང་ལྷ་མིན་སེམས་ཅན་ནི། །དབང་ཕྱུག་ཡེ་ཤེས་འཇུག་པ་རྣམས། །མཐོང་ན་ཞི་བ་སྐྱེ་འགྱུར་བ། །དེ་ནི་མངོན་དུ་གྱུར་པ་སྟེ། །རྒྱལ་པོ་དང་ནི་ཕྱུག་པོ་དང་། སྐྱེ་བོ་བུད་མེད་དགེ་བ་རྣམས། །དབང་དུ་གྱུར་ཅིང་མངོན་དུ་ཕྱོགས། །པུས་མོ་འཛུགས་ཤིང་སྤྱི་བོས་འདུད། །དེ་ལ་ཤེས་པའང་སྐྱེ་བར་འགྱུར། །མ་ཐོས་པ་ཡང་ཤེས་པར་འགྱུར། །སྐད་ཅིག་དག་པ་ལུས་ལས་ནི། །བར་བར་མེ་བཞིན་འབར་བར་འགྱུར། །གླུ་དང་སིལ་སྙན་སྒྲ་རྣམས་དང་། །ལྷ་རྣམས་ཀྱིས་ནི་སྨྲ་བར་ཡང་། །ལྷ་མངོན་ཕྱོགས་པའི་སྔགས་པ་ཡིས། །དེ་དག་རྟག་ཏུ་ཐོབ་པར་འགྱུར། །གསང་སྔགས་ལྷ་ནི་མངོན་ཕྱོགས་པའི། །སྒྲུབ་པ་པོ་ནི་མཐུ་ཆེན་པོ། །བློ་ཅིན་དཀའ་ཐུབ་འགྲུབ་བ་ཡིས། །ཀུན་དུ་ཞེན་པར་རྟག་ཏུ་བྱ། །མངོན་དུ་ཕྱོགས་པའི་གནས་ཐོབ་ན། །ནམ་མཁའ་རྒྱུ་བ་མངོན་པའི་གནས། །དབང་ཕྱུག་མང་པོ་རྟག་གྱུར་ཀྱང་། །གང་ཞིག་མ་མྱོས་དེ་སྔགས་རིག །གསང་སྔགས་འབྲས་བུ་མ་ལུས་པ། །ཡེ་ཤེས་དབང་ཕྱུག་བརྒྱན་པ་ཡང་། །དེ་མྱོས་གནས་ནི་མཆོག་ཏུ་འགྲོ། །རང་གི་མཐུ་ཡི་ཤེས་པས་གསལ། །རྡོ་རྗེ་ཅན་གྱི་གསང་བའི་མཆོག །ཚངས་པ་སྐྱོན་མེད་གང་ཡིན་པ། །གང་ཞིག་ཐོབ་ནས་བདེར་འགྱུར་བ། །ཡོངས་སུ་རྫོགས་པ་རྒྱལ་བ་བཞིན། །སྤྲོ་ཞིང་སྟོབས་དང་ལྡན་པ་ནི། །བཟླས་བརྗོད་བསམ་གཏན་དཀའ་འཐུབ་མིས། །གསང་སྔགས་རང་བཞིན་མེ་ཡིས་ནི། །སྡིག་པ་ཐམས་ཅད་བསྲེག་པར་བྱ། །གནས་དང་ཟས་དང་གྲང་བ་དང་། །ཆར་དང་རླུང་དང་ཚ་བ་ལ། །ཅི་མི་སྙམ་པར་ནམ་འགྱུར་ན། །དེ་ཚེ་ལས་ཀྱི་འབྲས་བུ་ངེས། །སྒྲའམ་ཡང་ན་གཟུགས་ལ་ཡང་། །གང་བརྩོན་བ་ནི་མི་རྨོངས་པ། །ཉེ་བར་གྱུར་པར་དེ་ཤེས་བྱ། །དཀའ་ཐུབ་ཅན་གྱིས་གནོད་པ་སྤངས། །གང་ཞིག་མཐོང་བ་ཙམ་གྱིས་ནི། །སེམས་ཅན་ཐམས་ཅད་བྱམས་འགྱུར་བ། །དེ་ནི་དངོས་གྲུབ་ཉེ་བར་འགྱུར། །བགེགས་རྣམས་ཐམས་ཅད་རྣམ་བར་སྦངས། །བདེ་བ་དང་ནི་སྡུག་བསྔལ་མཐའ། །འདོད་དང་ཁྲོ་དང་འཇིགས་པ་དང་། །ནད་དང་འཆི་དང་གནོད་དག་གི། །རྒྱུ་ནི་སྔགས་པ་རྣམས་ལ་ཡོད། །ནམ་ཞིག་ཉེ་བར་གྱུར་པ་ན། །དུས་དང་ལུས་དང་བྱ་དང་ལས། །ཆོས་དང་ཆོས་མིན་འབྲས་བུ་ལ། །དེ་ཚེ་སྔགས་ལ་མི་ལྟོས་སོ། །རིག་སྔགས་ཉེར་གྱུར་འདོད་པ་དང་། །གྲུབ་པ་དང་ནི་དེ་བཞིན་མཆོག །ཉེས་པ་སྟོང་དག་བྱས་པ་ཡང་། །བཟོད་པར་འགྱུར་བ་དོགས་པ་མེད། །རིགས་བྱུང་རྫས་བྱུང་དངོས་གྲུབ་དང་། །སྨན་གྱི་ཡང་ནི་ལུས་ཅན་ལ། །ཉེ་བར་གྱུར་དང་སྔགས་གྲུབ་པ། །དབང་དུ་གྱུར་བར་རྟག་པར་རོ། །བསམ་གཏན་གྱི་ཕྱི་མ་རིམ་པར་ཕྱེ་བ་རྫོགས་ས྄ཧོ྅྅྅།། །།སྤྱིར་ཤྭ་ལོ་ཀ་ལྔ་བཅུ་རྩ་གསུམ་མོ་སྐད། ༈ བྱང་ཆུབ་སེམས་ཀྱི་གཞི་རྩར་ལེགས་བཟུང་ནས། །བྱང་ཆུབ་སྤྱོད་པའི་ཟབ་ལམ་གཅིག་བུ་ཞིག །བྱང་ཆུབ་མཆོག་གི་འབྲས་བུ་ལ་གཞོལ་ཕྱིར། །བྱང་ཆུབ་རྒྱ་མཚོས་པར་དུ་བསྐྲུན་སྤེལ་དགེ། །

སྨན་བླའི་མདོ་ཆོག་གི་སྙིང་པོ་ཤིན་ཏུ་བསྡུས་པ་ཕན་བདེའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་བྷཻ་ཥཱ་ཱརཱ་ཛཱ་ཡ། །དེ་ལ་འདིར་སྨན་བླའི་མདོ་ཆོག་གི་སྙིང་པོ་ཕྱག་མཆོད་སྨོན་ལམ་ཤིན་ཏུ་མདོར་བསྡུས་པ་བྱ་བའི་ཚུལ་ནི། རྟེན་གྱི་དྲུང་ཅི་འབྱོར་པའི་མཆོད་པ་བཤམས་ལ། ངེས་འབྱུང་དང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་ཚོགས་ཀྱིས་སྐྱབས་སེམས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། །མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་པའི་མཐུས། །སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་གཞིར། །ཡིད་འཕྲོག་རིན་ཆེན་ལས་གྲུབ་གཞལ་མེད་ཁང་། །དེ་དབུས་སེང་ཁྲི་པད་ཟླའི་གདན་གྱི་སྟེང་། །བདེ་གཤེགས་འཁོར་བཅས་གདན་འཛོམ་བཞུགས་ནས་ཀྱང་། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་པས་ས་གཞི་སོགས་བྱིན་གྱིས་བརླབས། །སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་འདོན། །དེ་ནས་འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟོད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཅེས་གསོལ་བས་མངོན་སུམ་ལྟ་བུར་བྱོན་ཞིང་བཞུགས་པར་བསམས་ལ། འབྱོན་ལེགས་སོགས་རྒྱས་པར་བྱ་བའམ། ཡན་ལག་བརྒྱད་ལྡན་མཆོད་ཡོན་རྒྱ་མཚོས་མཆོད། །འཆི་མེད་བདུད་རྩིའི་རྒྱན་གྱིས་ཁྲུས་གསོལ་ཞིང་། །སྲབ་འཇམ་ལྷ་ཡི་རེག་བྱས་བསྙེན་བསྐུར་བགྱི། །བསོད་ནམས་ཞིང་དུ་བཞུགས་པར་གསོལ་བ་འདེབས། །ཞེས་པའི་མཐར་ཕྱག་མཆོད་དངོས་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་ཕྱེ་འདྲ་བའི། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །བདེ་བར་གཤེགས་པ་བརྒྱད་ཀྱི་མདོ་ཆོག་གི། །ལམ་བཟང་གསལ་མཛད་དངོས་རྒྱུད་བླ་མ་དང་། །ཕྱོགས་བཅུའི་སངས་རྒྱས་དེས་གསུངས་དམ་པའི་ཆོས། །དེར་འཛིན་དགེ་འདུན་བཅས་ལ་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་གྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པའི། །སྟོན་པ་མཚན་ལེགས་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་བའི། །སྒྲ་དབྱངས་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཛམྦུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་པ་སེལ་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོ་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་། །འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པའི། །ཆོས་བསྒྲགས་རྒྱ་མཚོའི་དཔལ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ། །རྣམ་དག་ཆོས་ཀྱི་དབྱིངས་ལས་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་། །སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུང་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་སྐྱབས་གྲོལ་གསང་བའི་བདག །ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་བཞི། །གནོད་སྦྱིན་སྡེ་དཔོན་ཆེན་པོ་བཅུ་གཉིས་སོགས། །འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་གྱུར་འགྲོ་བ་མཐའ་དག་སྐྱོབས་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེར་གཤེགས་འཁོར་དང་བཅས་ལ་སྐྱབས་སུ་མཆི། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བདེ་གཤེགས་བརྒྱད་དང་རིགས་གསུམ་སེམས་དཔའ་སོགས། །བཅོམ་ལྡན་གདན་འཛོམ་ཆེན་པོ་འཁོར་བཅས་ཀྱིས། །བདག་དང་སྙིགས་མའི་འགྲོ་བ་མཐའ་དག་ལ། །ཐུགས་རྗེ་ཆེན་པོས་ལྷག་པར་ཉེར་དགོངས་ཏེ། །ཇི་ལྟར་སྔོན་ཚེ་སྨོན་ལམ་དམ་བཅས་བཞིན། །བདེན་པའི་འབྲས་བུ་མངོན་སུམ་སྣང་མཛད་ནས། །གནས་སྐབས་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་དད་བརྩོན་ཤེས་རབ་སོགས། །མཐུན་རྐྱེན་ལེགས་ཚོགས་མཐའ་དག་རྒྱས་པ་དང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་འཕེལ་བར་བྱིན་གྱིས་རློབས། །ཚེ་ཡི་མཐར་ཡང་བཅོམ་ལྡན་སྲས་བཅས་ཀྱིས། །དག་པའི་ཞིང་དུ་མངོན་སུམ་འཁྲིད་པ་དང་། །མྱུར་དུ་བྱང་ཆུབ་སྙིང་པོར་ལུང་བསྟན་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཅེས་ཕྱག་དང་བཅས་ཏེ་ལན་ཇི་ལྟར་རིགས་པ་དང་། སྤྲོ་ན་གཟུངས་རིང་ཐུང་གང་འོས་བཟླས་མཐར། རྟེན་ཡོད་ན་ནོངས་བཤགས། བརྟན་བཞུགས་སོགས་སྤྱི་ལྟར་དང་། མེད་ན། མཆོད་པའི་ཡོ་བྱད་མ་འབྱོར་ཉམས་པ་སོགས། །ནོངས་པ་གང་མཆིས་བཟོད་པར་བཞེས་ནས་ཀྱང་། །བཅོམ་ལྡན་འཁོར་བཅས་རང་རང་ཞིང་ཁམས་སུ། །གཤེགས་ཏེ་སླར་ཡང་འབྱོན་པ ར་མཛད་དུ་གསོལ། །བདག་གཞན་དགེ་བའི་རྩ་བ་འདི་ཡི་མཐུས། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིང་། །སྡུག་བསྔལ་ཀུན་འབྱུང་མ་ལུས་རབ་སྤངས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག །བདེ་གཤེགས་བརྒྱད་དང་དེས་གསུངས་དམ་པའི་ཆོས། །དེ་འཛིན་འཕགས་པའི་དགེ་འདུན་བཅས་པ་ལ། །རྨད་བྱུང་དགེ་མཚན་ཇི་སྙེད་མཆིས་པ་དེས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པར་བྱའོ། །ཞེས་པའང་ཀུན་མཁྱེན་བོ་དོང་པ་ཆེན་པོའི་རིང་ལུགས་འཛིན་པའི་རབ་འབྱམས་སྨྲ་བ་ངག་དབང་བསྟན་འཛིན་གྱིས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཏེ་གསུང་གིས་བསྐུལ་བའི་ངོ ར། སྙོམ་ལས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་ལྡན་བསམ་འགྲུབ་ཆོས་ལྡིང་གི་ཆོས་གྲྭར་སྦྱར་བའི་དགེ་བས་འགྲོ་ཀུན་དོན་གཉིས་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། ༈ །།སྨན་བླའི་གཟུངས་རིང་ནི། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི་ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མ་དྷྱཱ་དྷིཥྛི་ཏེ། ཨ་ཏི་མ་ཏི། བཱ་ལེ། པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བྷུ་དྷ། བུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷཀྵེ་ཏྲ་པ་རི་ཤི་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་ནི་བཱ་ར་ནི། བུདྡྷེ་སུ་བུདྡྷེ་བུདྡྷ་དྷིཥྛ་ན། རཀྵནྟུ་མེ། སརྦ་དེ་བཱ་ས་མེ་ཨ་ས་མེ་ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྷ་བོ་དྷི་ས་ཏྭཱ་ནཱཾ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ། སརྦ་ཨི་དྱུ་པ་དྲ་བ་བྱཱ་དྷ་ཡ། པཱུ་ར་ཎི། པཱུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨཱ་ཀཱ་ཤཱ་ཡ་བཻ་ཌཱུརྻ་པྲ་ཏི་བྷཱ་སེ། སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། གཟུངས་ཐུང་ནི། ཏདྱ་ཐཱ། བྷེ་ཥ་ཛྱཻ་བྷེ་ཥ་ཛྱཻ་མ་ཧཱ་བྷེ་ཛྱཻ་རཱ་ཛ་མ་མུདྒ་ཏེ་སྭཱ་ཧཱ།། །།

༈ བདེ་གཤེགས་བརྒྱད་སོགས་ལ་རེ་རེ་བཞིན་མཆོད་པ་འབུལ་བའི་འགྲེས་བྱང་ནི། འཕགས་པའི་ཚོགས་དེ་དག་ལ། མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ། འབུལ་ལོ། །མཆོད་དོ། །མིང་དང་། བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱི་བ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སོ་སོ་སྐྱེ་བོའི་དགེ་བའི་རྩ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་སྒྲོན་མེ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་དུ་བཞུགས་པར་གསོལ་བར་འཚལ་ལོ། །དེ་ལྟར་བགྱིས་པའི་བསོད་ནམས་ཀྱི་ཕུང་པོ་ཅི་མཆིས་པ་ཐམས་ཅད་བདག་གཞན་མ་ལུས་པ་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པའི་རྒྱུར་བསྔོའོ། །ཞེས་དང་། དེ་ནས་རང་རང་གི་སྨོན་ལམ་གང་ཡིན་གྱི་རྗེས་སུ་འདི་བཞིན་སྦྱོར། དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བའི་ལོངས་སྤྱོད་ཤོག །ཐུབ་པའི་བསྟན་དར་སྐྱེ་རྒུ་བདེ་ཞིང་སྐྱིད། །ཁྱད་པར་སྦྱིན་པའི་བདག་པོས་གཙོ་བྱས་པའི། །འགྲོ་རྣམས་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་པོ། །རབ་རྫོགས་བྱང་ཆེན་མྱུར་དུ་ཐོབ་བྱིན་རློབས།། །།
གཞུང་གི་མཚམས་རྣམས་སུ་སོ་སོའི་མིང་བསྒྱུར་བའི་དཔེར་མཚོན་ན། བླ་མའི་རིགས་ལ། དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་གྱི་སྐུའི་རིམ་གྲོ་དང་བདག་ཅག༴ དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་མྱ་ངན་ལས་འདས་པའི་དགོངས་པ་ཡོངས་སུ་རྫོགས་པ་དང་བདག་ཅག༴ དེས་མཚོན་དཔོན་ཆེན་གྱི་རིགས་ལ། མིའི་དབང་པོ་རྡོ་རྗེ་རབ་བརྟན་གྱི་སྐུའི་རིམ་གྲོ་དང་བདག་ཅག༴ མིའི་དབང་པོ་རྡོ་རྗེ་རབ་བརྟན་སྐུ་གཤེགས་པའི་དགོངས་པ་རྫོགས་པ་དང་བདག་ཅག༴ བཙུན་པའི་རིགས་ལ། གནས་བརྟན་ནམ་རབ་བྱུང་ངག་དབང་དོན་འགྲུབ་ཀྱི་རིམ་གྲོ་དང་བདག་ཅག༴ འདས་པའི་རིགས་ལ། ངག་དབང་དོན་འགྲུབ་ངན་སོང་ལས་སྒྲོལ་བ་དང་བདག་ཅག༴ འཇིག་རྟེན་པའི་རིགས་ལ། སྦྱིན་པའི་བདག་པོ་བསོད་ནམས་དབང་པོའི་རིམ་གྲོ་དང་བདག་ཅག༴ འདས་པ་ལ། བསོད་ནམས་དབང་པོ་ངན་སོང་ལས་སྒྲོལ་ཞིང་ཐར་པ་ཐོབ་པ་དང་བདག་ཅག༴ མིང་དངོས་སུ་སྨོས་མ་ཐུབ་པ་དགོན་པ་ལྟ་བུ་ལ། ཆོས་འཁོར་ཡང་རྩེའི་འདུས་སྡེ་དཔོན་སློབ་ཀྱི་སྐུའི་རིམ་གྲོ་དང་བདག་ཅག༴ ཁྱིམ་པའི་རིགས་ལ། སྦྱིན་པའི་བདག་པོ་དཔལ་འབྱོར་གྲགས་པ་ཡབ་ཡུམ་སྲས་འཁོར་རྣམས་ཀྱི་སྐུའི་རིམ་གྲོ་དང་བདག་ཅག་སོགས་རིག་པས་དཔྱད་ཤེས་པར་བྱའོ། །ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མེ་ནེ་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་གཱ་ཏ། ས་མཱ་དྷྱ་དྷིཥྛི་ཏེ། ཨ་ཏེ་མ་ཏེ། པཱ་ལེ་པཱ་པཾ་ཤོ་དྷ་ནི། སརྦྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷེ། བུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵི་ཏྲ་པཱ་ཱརི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦྦ་ཨ་ཀཱ་ལ་མྲཱྀ་ཏྱུ། ནཱི་བཱ་ར་ཎི། བུ དྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷི་ཥྛི་ཏེ་ན། རཀྵནྟུ་མེ། སརྦ་དེ་བཱཿ ས་མེ་ཨ་ས་མེ། ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ་བོ་དྷི་སཏྭ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ། སརྦ་ཨཱི་ཏྱུ་པ་དྲ་བ་བྱཱ་དྷཱ་ཡ། པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ། སརྦྦ་ཨཱ་ཤ་ཡཱ་བཻ་ཌཱུརྻ་པྲ་ཏི་བྷ་སེ། སརྦྦ་པཱ་པཾ་ཀྵ་ཡཾ་ཀཱ་རི་སྭཱ་ཧཱ།། །།