Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གཉིས་པ།


   
   
   
   
   
   
   
   
འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་སྨོན་ལམ་དུ་བྱ་བ་གཞན་ཕན་པད་དཀར་ཕྲེང་བ། འགྱུར་མེད་ཚེ་དབང་མཆོག་གྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་སྨོན་ལམ་དུ་བྱ་བ་གཞན་ཕན་པད་དཀར་ཕྲེང་བ། འགྱུར་མེད་ཚེ་དབང་མཆོག་གྲུབ།next

འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་སྨོན་ལམ་དུ་བྱ་བ་གཞན་ཕན་པད་དཀར་ཕྲེང་བ། འགྱུར་མེད་ཚེ་དབང་མཆོག་གྲུབ།

འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་སྨོན་ལམ་དུ་བྱ་བ་གཞན་ཕན་པད་དཀར་ཕྲེང་བ་བཞུགས་སོ། །ན་མོ་ཨརྱ་ལོ་ཀི་ཤྭ་ར་ཡེ། དུས་གསུམ་རྒྱལ་བའི་བརྩེ་ཆེན་ཡེ་ཤེས་གཏེར། །སྙིང་རྗེའི་དབང་ཕྱུག་སྒྱུ་འཕྲུལ་དྲྭ་བའི་སྐུར། །ཡོངས་བཞེས་མཁའ་ཁྱབ་འགྲོ་བའི་གཉེན་གཅིག་པུ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གང་ཁྱོད་གདོད་ནས་བསྐལ་ཆེན་འཛིན་པ་རུ། །འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་པོ་ཞེས། །མངོན་སངས་རྒྱས་ཀྱང་སླར་སེམས་ཅན་དོན། །རྒྱལ་སྲས་གཞོན་ནུར་སྟོན་ལ་ཕྱག་འཚལ་ལོ། །འཁོར་ལོས་བསྒྱུར་བ་རྩིབས་ཀྱི་མུ་ཁྱུད་ཀྱི། །སྲས་ཀྱི་ཐུ་བོར་གྱུར་ནས་འགྲོ་དྲུག་གི། །སྡུག་བསྔལ་རྟག་ཏུ་གཟིགས་པའི་མིག་མི་འཛུམ། །སྤྱན་རས་གཟིགས་སུ་གྲགས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གཞན་ཕན་རྗེས་སོང་དམ་བཅའི་དཔུང་། །རྒྱལ་སྲས་གཞན་གྱི་ཁུར་དུ་མི་བཟོད་པས། །སྲིད་འགྲོ་མ་སྟོོང་དེ་སྲིད་རང་ཉིད་ཀྱི། །ཞི་བདེ་དགྲ་ལྟར་སྤངས་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་ཞིང་དུ་དེ་སྙེད་སྐུས་བཀོད་པ། །སྣང་ཡང་ཞིང་འདིར་འཛམ་གླིང་ཤར་ལྷོའི་མཚམས། །ཆུ་གཏེར་ཆེ་ངོགས་གྲུ་འཛིན་དཔལ་གྱི་རི། །རྒྱལ་བའི་ཞིང་ཁམས་ཆེ་དེར་སྐྱེ་བར་ཤོག །ལས་ཀྱི་སྒྲིབ་པ་མི་འགྱུར་རི་རྒྱལ་དེའི། །རྩ་བར་རྗེ་བཙུན་འཕགས་མ་སྒྲོལ་མ་ཡིས། །ཀླུ་ཡི་ཚོགས་ལ་ཆོས་སྟོན་མཐོང་བ་དང་། །སྒྲིབ་པ་དག་ནས་ཡེ་ཤེས་མཐོང་གྱུར་ཅིག །རི་ཡི་སྐེད་པར་འཕགས་མ་ཁྲོ་གཉེར་ཅན། །ལྷ་མིན་གནོད་སྦྱིན་ཚོགས་ལ་ཆོས་སྟོན་པ། །ངེས་པར་མཐོང་ནས་ཡེ་ཤེས་བརྟན་གྱུར་ཞིང་། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་པར་ཤོག །རི་ཡི་རྩེ་མོར་འཕགས་པའི་གཞལ་མེད་ཁང་། །སྨོན་ལམ་མཐུ་ཡི་འཕྲུལ་པའི་ཞིང་ཁམས་མཆོག །རིན་ཆེན་ལས་གྲུབ་སྒོ་འཕར་སྟོང་ལྡན་པ། །འཕགས་མས་ལམ་སྣ་དྲངས་ཏེ་བགྲོད་གྱུར་ཅིག །དེ་ཚེ་སྒོ་རེ་ཕྱེ་བས་ཏིང་འཛིན་རེ། །འཐོབ་ཅིང་ལྷ་ཀླུ་དྲི་ཟ་མིའམ་ཅི། །གྲུབ་པའི་རིག་འཛིན་འཁོར་གྱི་དཀྱིལ་འཁོར་དབུས། །འཕགས་པའི་གཟུགས་སྐུ་ལྷམ་མེར་མཐོང་གྱུར་ཅིག །གང་ལ་ཐེག་པ་གསུམ་གྱིས་ཆོས་འཁོར་གྱིས། །བློ་དང་མཚམས་པར་རྣམ་གྲོལ་ལ་འགོད་ཅིང་། །བདག་གི་སྒྲིབ་གཉིས་མུན་པ་དེར་སོང་ཏེ། །བྱང་ཆུབ་ལམ་དུ་དབུགས་འབྱིན་ཐོབ་གྱུར་ཅིག །ན་ལན་དྷ་རུ་ཙནྟྲ་གོ་མི་ལ། །དངོས་སུ་རྩོད་པའི་རིག་པ་སླབ་ཇི་བཞིན། །བདག་ཀྱང་ཞལ་གྱི་བདུད་རྩི་ཉེར་གསོས་ནས། །མངོན་རྟོགས་ཡོན་ཏན་ལོང་ཚོ་རྫོགས་པར་ཤོག །ཞི་བའི་གོ་ཆ་བརླབས་ཆེན་བཀའ་ཐུབ་ཀྱིས། །འཕགས་པ་ལྷ་ལྔ་འཛམ་གླིང་སྤྱན་དྲངས་ནས། །གདུལ་བྱའི་རེ་བ་བསྐང་ལྟར་བདག་ཉིད་ཀྱང་། །གཞན་དོན་སྤྲོ་བས་འཕགས་མཆོག་མཉེས་གྱུར་ཅིག །སྦྱིན་སོགས་ལེགས་སྤྱོད་ལྔ་ཡི་གྲུ་གཟིངས་ཆེ། །ཤེས་རབ་ཟབ་མོའི་བ་དན་གཡོ་བ་ཡིས། །སྲིད་པའི་ཆུ་གཏེར་ཕ་རོལ་བརྒལ་གྱུར་ནས། །འགྲོ་སྒྲོལ་དེད་དཔོན་ཁྱེད་དང་མཚུངས་པར་ཤོག །ཞིང་ཁམས་དེ་ན་འཕགས་པ་ཟླ་བ་ཡིས། །ལུས་མ་སྤངས་པར་བྱང་ཆུབ་སྤྱོད་མཆོག་གིས། །ཁྱོད་མཉེས་མཛད་བཞིན་བདག་ཀྱང་དེ་བཞིན་དུ། །གྱུར་ནས་མཉེས་པ་འབའ་ཞིག་བསྒྲུབ་པར་ཤོག །ནམ་ཞིག་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་ནས། །མ་རྣམས་འཁོར་བ་དོང་སྤྲུགས་གྱུར་གྱིས་བར། །མགོན་པོ་སྤྱན་ར ས་གཟིགས་དང་མི་འབྲལ་ཞིང་། །སྤྱན་རས་གཟིགས་ཀྱི་མཛད་དང་མཚུངས་པར་ཤོག །དགེ་རྩ་འདིས་མཚོན་བདག་དང་སེམས་ཅན་གྱིས། །དུས་གསུམ་བསགས་པའི་ལེགས་སྤྱད་གཅིག་བསྡོམས་མཐུས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ནས། །འགྲོ་རྣམས་མ་ལུས་སྒྲོལ་བའི་དཔལ་ཐོབ་ཤོག །ཅེས་ཐུགས་རྗེ་ཆེན་པོའི་བསྙུངས་གནས་ཀྱི་མཐར་སྦྱར་རྒྱུའི་སྨོན་ཚིག་གཅིག་དགོས་ཞེས་རང་གི་སློབ་མ་སྔགས་འཆང་རབ་འབྱམས་པ་བསོད་ནམས་མཆོག་ལྡན་དང་བློ་བཟང་ཕུན་ཚོགས་ཀྱི་བསྐུལ་ངོར་རྒྱལ་ཁམས་པ་ཚེ་དབང་མཆོག་གྲུབ་ཀྱི་ཐུན་མཚམས་སུ་བརྗོད་པས་སརྦ་སིདྷནྟུ། དགེའོ།། །།


previousའཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་སྨོན་ལམ་དུ་བྱ་བ་གཞན་ཕན་པད་དཀར་ཕྲེང་བ། འགྱུར་མེད་ཚེ་དབང་མཆོག་གྲུབ།next