Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
སྨན་བླའི་མདོ་ཆོག་བསྡུས་པ་བདུད་རྩིའི་བུམ་བཟང་། མི་ཕམ་འཇམ་དབྱངས་རྣམ་རྒྱལ།
   
   
   
   
   
   
   
   


 
previousསྨན་བླའི་མདོ་ཆོག་བསྡུས་པ་བདུད་རྩིའི་བུམ་བཟང་། མི་ཕམ་འཇམ་དབྱངས་རྣམ་རྒྱལ།next

སྨན་བླའི་མདོ་ཆོག་བསྡུས་པ་བདུད་རྩིའི་བུམ་བཟང་། མི་ཕམ་འཇམ་དབྱངས་རྣམ་རྒྱལ།

སྨན་བླའི་མདོ་ཆོག་བསྡུས་པ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མ་ཉྫུ་གྷོ་ཥཱ་ཡ། གང་གི་མཚན་ཙམ་ཐོས་པས་སྲིད་འགྲོ་ཡི། །སྡུག་བསྔལ་རྒྱུ་དང་བཅས་པ་རབ་སྤངས་ནས། །བླ་མེད་བྱང་ཆུབ་མཆོག་ཏུ་འདྲེན་མཛད་པ། །ཤཱཀྱའི་ཏོག་བཅས་བདེ་གཤེགས་བདུན་ལ་འདུད། །བདེ་གཤེགས་བདུན་གྱི་སྨོན་ལམ་བསྟན་པའི་མདོ། །ཆོ་གར་ལེགས་མཛད་མཁན་ཆེན་ཞི་འཚོའི་གཞུང་། །གང་ལས་སྙིང་པོ་དྲིལ་ཏེ་འཇུག་བདེའི་ཕྱིར། །གསལ་བའི་ངག་གི་ཚིགས་སུ་བཅད་པ་བསྡེབས། །འདིར་བདེ་གཤེགས་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ཆོག་ཉམས་སུ་ལེན་པར་འདོད་པས། རབ་གསོ་སྦྱོང་ལ་གནས་པས་ཁྲུས་དང་གཙང་སྦྲ་དང་ལྡན་པར་བྱས་ནས་གནས་ཁང་བྱི་དོར་བྱས་ཏེ་མེ་ཏོག་དང་སྤོས་བཀྲམ་པའི་སྟེགས་བུར་བདེ་གཤེགས་བརྒྱད་ཀྱི་སྣང་བརྙན་དང་། སྨན་མདོའི་གླེགས་བམ་གྱི་མདུན་དུའམ། ཡང་ན་གཞལ་ཡས་ཁང་གི་ཐིག་བཏབ་ལ་དེར་ལྷ་གནས་སུ་ཚོམ་བུ་འགོད་པའམ། མཎྜལ་ལ་ཚོམ་བུ་རྒྱས་བསྡུས་ཅི་འོས་སུ་བཀོད་པ་ལྷ་གནས་ཀྱི་གདན་ས་འཛིན་པ་ཙམ་དུ་བྱས་པའི་མདུན་དུ། མཆོད་པའི་གཙོ་བོ་མར་མེ་དང་སྣ་ཚོགས་པའི་མདོག་ཅན་གྱི་བ་དན་ཞེ་དགུའི་བར་དང་། རྒྱས་པར་དེ་སྟེང་ལྷ་གྲངས་མཉམ་པ་སོགས་ཇི་འབྱོར་པར་བཤམ། གཞན་ཡང་ཉེར་སྤྱོད་རོལ་མོ་གདུགས་རྒྱལ་མཚན་ན་བཟའ་རིན་ཆེན་བདུན་རྫས་རྟགས་བརྒྱད་སོགས་དངོས་འབྱོར་གྱི་མཆོད་པ་ཡིད་དུ་འོང་བས་བསྐོར། བུམ་ཁྲུས་འདོད་པས་དྲི་བཟང་གིས་བཀང་བའི་བུམ་པ་ཆས་ལྡན་དང་། སྐུ་ཁྲུས་གསོལ་བའི་མེ་ལོང་ན་བཟའ། ཆོས་སྐྱོང་དང་གཞི་བདག་ལ་འབུལ་རྒྱུའི་དཀར་གཏོར་ཟུང་སོགས་འདུ་བྱའོ། །བསྡུ་ན་དབུས་སུ་སྟོན་པ་དང་སྨན་བླ་སོགས་སངས་རྒྱས་དང་འཇམ་དཔལ་སོགས་བྱང་སེམས་ཀྱི་སྐུ་རྟེན་དང་སྨན་མདོ་སོགས་ཀྱི་གླེགས་བམ་ཙམ་བཀོད་ནས། དེ་མཐར་ཉེར་སྤྱོད་སོགས་མཆོད་པ་ཇི་འབྱོར་བས་བསྐོར་ལ་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་ལྡན་པས་འཁོད་དེ་ཉམས་ལེན་ལ་འཇུག་པར་བྱའོ། །དེ་ལ་ཐོག་མར་སྐྱབས་འགྲོ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞི་བ་བླ་ན་མེད་པ་སོ་སོ་རང་གི་རིག་པ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ། སྡིག་པ་བཤགས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔལ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གི་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། བདག་གིས་སྡིག་པ་མི་དགེ་བའི་ལས་གང་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་སོ་སོར་བཤགས་སོ། །ལན་གསུམ། བདག་འབུལ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་དབུལ་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་བཞེས་སུ་གསོལ། །ལན་གསུམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གིས་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་ཕྱིར། རང་གི་སེམས་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་བསྐྱེད་དོ། །འདི་ཡན་རྣམ་སྣང་མངོན་བྱང་གི་ཚིག་གོ། །མཆན། ལན་གསུམ་བྱས་ཏེ་སྟོང་པ་ཉིད་ལ་བློ་ཅི་ནུས་སུ་བཞག །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་བདེ་བར་གཤེགས་པ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་མཆོད་ཐུགས་དམ་བསྐུལ་པ་ལ་སོགས་པའི་ལམ་གྱི་རིམ་པ་ལ་གནས་པར་བྱའོ། །ལན་གསུམ་གྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྒོམ་པ་རྣམས་སྔོན་འགྲོའོ། །དེ་ནས་ཆོ་གའི་དངོས་གཞིའི་དང་པོ་ས་གཞི་སོགས་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའི་བྱིན་རླབས་དང་། །ཚོགས་གཉིས་ཡོངས་རྫོགས་མངའ་ཐང་ཆེན་པོ་དང་། །ཆོས་དབྱིངས་རྣམ་དག་བསམ་མི་ཁྱབ་པའི་མཐུས། །བདེ་གཤེགས་བདུན་གྱི་མདོ་ལས་གསུངས་པ་བཞིན། །རྒྱལ་བ་སྲས་བཅས་གདན་འཛོམ་དཀྱིལ་འཁོར་དང་། །མཆོད་པའི་ཚོགས་སུ་སྦྱར་བ་འདི་དག་ཀུན། །སྲས་བཅས་རྒྱལ་བའི་སྨོན་ལམ་ལས་གྲུབ་པའི། །བདེ་བ་ཅན་སོགས་དག་པའི་ཞིང་རྣམས་བཞིན། །རིན་ཆེན་ས་གཞི་མཉམ་ཡངས་བདེ་འཇམ་གསལ། །མེ་ཏོག་གཅལ་བཀྲམ་ཙནྡན་དྲི་བསུང་ལྡང་། །གསེར་དངུལ་མུ་ཏིག་བྱེ་མ་གྲམ་བུར་བརྡལ། །རིན་ཆེན་ཕ་གུས་མཐའ་བསྐོར་ཡིད་འོང་བའི། །མེ་ཏོག་སྣ་ཚོགས་ལྗོན་ཤིང་ཆུ་མཚོས་བརྒྱན། །གསེར་གྱི་དྲིལ་བུ་མེ་ཏོག་རྒྱན་ཕྲེང་སོགས། །ཕུན་ཚོགས་ཞིང་གི་བཀོད་པས་བརྒྱན་གྱུར་ཅིག །ས་གཞི་བྱིན་རླབས་སོ། །དབུས་སུ་རིན་ཆེན་བདུན་འབར་གཞལ་མེད་ཁང་། །དཔག་མེད་འཇིག་རྟེན་འགེངས་པའི་འོད་ཟེར་ཅན། །ཐ་དད་གནས་ཀྱིས་ཕྱེ་བ་མཐའ་ཡས་པར། །ལེགས་གནས་རྒྱ་ཁྱོན་ཡོངས་སུ་མ་ཆད་ཅིང་། །འཇིག་རྟེན་ལས་འདས་དགེ་རྩ་ལས་བྱུང་བ། །ཀུན་ལས་བཀོད་འཕགས་རྒྱལ་བའི་ཡེ་ཤེས་འཕྲུལ། །དབང་སྒྱུར་རྣམ་པར་རིག་པའི་མཚན་ཉིད་ཅན། །ཤིན་ཏུ་རྣམ་དག་དེ་བཞིན་གཤེགས་པའི་གནས། །བྱང་སེམས་ལྷ་སོགས་འདུས་པ་མཐའ་ཡས་པ། །ཆོས་ཀྱི་དགའ་བས་འགྲོ་ཀུན་དོན་སེམས་ཤིང་། །བདུད་དང་ཉོན་མོངས་གནོད་བྲལ་དྲན་པ་སོགས། །ཡོན་ཏན་འབྱུང་གནས་རྣམ་ཐར་སྒོ་ལྡན་པ། །རིན་ཆེན་པདྨའི་རྒྱལ་པོས་བརྟེན་པ་ཡི། །གཞལ་མེད་ཁང་མཆོག་ཆེན་པོ་འབྱུང་གྱུར་ཅིག །ཁང་བཟང་བྱིན་རླབས་སོ། །དེ་དབུས་རིན་ཆེན་སེང་ཁྲི་པདྨའི་གདན། །མཛེས་ཤིང་ཡངས་པར་བདེ་གཤེགས་བརྒྱད་ལ་སོགས། །རྒྱལ་བ་རྒྱས་སྲས་དམ་ཆོས་སྲུང་བའི་མགོན། །སོ་སོར་འཚམས་པའི་གདན་བཟང་འབྱུང་གྱུར་ཅིག །གདན་ཁྲི་བརླབ་པའོ། །ཕྱི་ན ང་ཀུན་ཏུ་ལྷ་མིའི་ཡོ་བྱད་མཆོག །རོལ་མོ་རྒྱན་ཕྲེང་ཞལ་ཟས་ན་བཟའ་སོགས། །སྲས་བཅས་རྒྱལ་པའི་སྨོན་ལམ་ལས་བྱུང་བའི། །ཀུན་བཟང་མཆོད་པའི་སྤྲིན་གྱིས་མཛེས་གྱུར་ཅིག །མཆོད་པ་བརླབ་པ་སྟེ་བཞི་སྐོར་རོ། །མཆོད་གཟུངས་གསུམ་མམ་བདུན་བརྗོད་ལ་སླར་ཡང་བདེན་པའི་སྟོབས་ཀྱིས་སྨོན་ལམ་གདབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་ཇི་ལྟར་སྨོན་པ་དེ་དེ་བཞིན་དུ་འགྲུབ་ཅིང་། འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་བྱའོ། །དེ་ནས་སྤྱན་འདྲེན་པ་ནི། བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་ལ། །ཐུགས་རྗེས་ལྷག་པར་དགོངས་ཏེ་ཞིང་མཆོག་ནས། །བདེ་གཤེགས་བདུན་དང་ཤཱཀྱའི་རྒྱལ་པོ་སོགས། །རྒྱལ་བ་རྒྱ་མཚོ་རྒྱལ་སྲས་ཚོགས་དང་བཅས། །དམ་ཆོས་སྲུང་མཛད་འཇིག་རྟེན་སྐྱོང་བ་རྣམས། །མགོན་སྐྱབས་དཔུང་གཉེན་སླད་དུ་སྤྱན་འདྲེན་ན། །ཡངས་པ་ཅན་དུ་བདེ་བར་གཤེགས་པ་ཡིས། །མདོ་ཆོག་འདི་ཉིད་གསུངས་པའི་དུས་བཞིན་དུ། །དེང་འདིར་མཆོད་ཚོགས་སྦྱར་བའི་དཀྱིལ་འཁོར་འདིར། །རྫུ་འཕྲུལ་ཐུགས་རྗེའི་སྟོབས་ཀྱིས་གཤེགས་ནས་ཀྱང་། །གདན་འཛོམ་མཛད་ཅིང་བདག་སོགས་སེམས་ཅན་རྣམས། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབ་པར་མཛོད། །གཤེགས་བྱོན་སྐྱེ་བྲི་མེད་པའི་སྐུ། །ཇི་ལྟར་སྨོན་བཞིན་ཡོད་པ་ལྟར། །དཀར་པོ་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་སྐྱབས་སུ་གཤེགས་སུ་གསོལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གིས་ཕུལ་བའི་མཆོད་ཡོད་འདི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཁྱོད་ཀྱི་རང་བཞིན་ཡོད་དག་པས། །སྲེད་སོགས་འཆིང་བ་མི་མངའ་ཡང་། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །གཙང་དང་གདན་ཁྲི་ཡངས་པ་ལ། །ཐོགས་དང་དོག་པ་མེད་པའི་སྐུ། །མཉམ་ཉིད་ཚུལ་གྱིས་འདིར་བཞུགས་ལ། །བདེ་བར་སྦྱར་བ་བཞེས་སུ་གསོལ། །དེ་ལྟར་སོ་སོའི་ཞིང་ཁམས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ། གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས། ཆོས་པོ་ཏི་ཡང་བཞུགས། བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་གླེང་གཞི་ལས་བྱུང་བ་སོགས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཚོགས་གདན་བཤམས་པ་ལ་བཞུགས། དེའི་མདུན་དུ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་གསུམ་གདན་འཛོམ་པས་སྔོན་གྱི་ཐུགས་དམ་བསྐུལ་ཞིང་ཕྲིན་ལས་མཛད་པར་བཞུགས། གསུམ་པ་ལ་གཡས་གྲལ་དུ་ཚངས་པ་བརྒྱ་བྱིན་དང་། གཡོན་གྲལ་དུ་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་དང་། སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་རྣམས་རང་རང་གི་གདན་ལ་བཞུགས་ཏེ་དམ་བཅས་བསྒྲུབ་པར་བསམ་མོ། །དེ་ལྟར་བཞུགས་པ་ལ་ཕྱག་སོགས་མཆོད་པ་འབུལ་བར་བྱ་སྟེ། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །ཆོས་ཀྱི་རྒྱལ་བུ་འཇམ་དཔལ་གཞོན་ནུའི་ཞབས། །བཀའ་དྲིན་མཚུངས་མེད་མཁན་ཆེན་ཞི་འཚོ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉམས་ཐག་འགྲོ་རྣམས་སྒྲོལ་བའི་ཐུགས་རྗེ་ཅན། །བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོས། །འཇམ་དཔལ་སྐྱབས་གྲོལ་གསང་བདག་ཚངས་དབང་དང་། །རྒྱལ་ཆེན་གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྲས་བཅས་བཞུགས་པའི་ཕྱོགས་དེ་དང་། །ཉན་ཐོས་རང་རྒྱལ་སློབ་དང་མི་སློབ་སྡེ། །སྐུ་གཟུགས་གླེགས་བམ་མཆོད་རྟེན་ལ་སོགས་པ། །ཕྱག་བྱར་འོས་པ་ཀུན་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་ཞིང་གི་རྒྱལ་བ་སྲས་བཅས་ལ། །ཡོན་ཏན་ཞིང་དུ་ལྷག་པར་མོས་པའི་བློས། །འགྲོ་ཀུན་ཞིང་རྡུལ་གྲངས་སྙེད་ལུས་སྤྲུལ་ནས། །སངས་རྒྱས་ཞིང་མཐར་རྟག་ཏུ་གུས་ཕྱག་འཚལ། །ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་བྱ། བཅོམ་ལྡན་གདན་འཛོམ་ཆེན་པོ་དགོངས་སུ་གསོལ། །ལྔ་བརྒྱ་ཐ་མའི་སེམས་ཅན་སྐྱོབ་པའི་སླད། །བདེ་གཤེགས་སྲས་བཅས་འཇིག་རྟེན་སྐྱོང་རྣམས་ཀྱིས། །བདེན་པའི་སྨོན་ལམ་ཞལ་བཞེས་དམ་བཅའ་ཡིས། །དུས་མཐར་ཆོས་ལྟར་བཅོས་པ་འབྱུང་བ་ན། །སྣ་ཚོགས་ལས་ཀྱིས་བསྒྲིབ་པའི་སེམས་ཅན་རྣམས། །མྱ་ངན་སྡུག་བསྔལ་ནད་མང་ཕོངས་གྱུར་ཚེ། །སྐྱོབ་པར་འགྱུར་ཞེས་བདེན་གསུང་ཚད་མའི་དོན། །མདོ་ལས་ཇི་ལྟར་འབྱུང་བ་དེ་བཞིན་དུ། །བདག་ཅག་མདོ་སྡེའི་ཆོ་ག་བགྱིད་རྣམས་ལ། །བདེན་པའི་བྱིན་རླབས་མངོན་སུམ་སྩོལ་ནས་ཀྱང་། །བསྟན་འགྲོའི་ཕན་བདེ་འཕེལ་བར་མཛད་དུ་གསོལ། །ཞེས་སྤྱི་དང་། བྱེ་བྲག་ཏུ་སངས་རྒྱས་བརྒྱད་ལ་ཕྱག་མཆོད་ཕུལ་བ་སོགས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་ལན་བདུན་མཐར་བྱས་པ་ཅི་རིགས་པར་དད་པའི་སེམས་ཀྱིས་རྩེ་གཅིག་ཏུ་བརྗོད་ནས། གསེར་གྱི་མདོག་ཅན་སྐྱབས་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །གཞན་གྱི་མི་ཐུབ་ཞིང་གི་དཔལ་གྱུར་པ། །མཚན་ལེགས་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པས་དཔལ་གྱུར་པའི། །མཚན་ལེགས་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་དེ་དག་ཐམས་ཅད་ལ། །མཆོད་ཡོན་བྱུག་པ་མེ་ཏོག་བདུག་སྤོས་དང་། །མར་མེ་ཞལ་ཟས་སིལ་སྙན་རོལ་མོའི་ཚོགས། །གདུགས་དང་མཛེས་པའི་བ་དན་ལ་སོགས་པ། །དངོས་སུ་ཇི་ལྟར་འབྱོར་པའི་མཆོད་པ་དང་། །ཕྱོགས་བཅུར་བདག་པོས་ཡོངས་སུ་མ་བཟུང་བའི། །ལྷ་མིའི་ཡོ་བྱད་ཕུན་སུམ་ཚོགས་ཀུན་དང་། །གཟུངས་དང་རིག་པའི་མཐུ་དང་མོས་སྟོབས་ཀྱིས། །བསྐྱེད་པའི་མཆོད་སྤྲིན་བཟང་པོ་སྤྱོད་པ་ཡི། །སྨོན་ལམ་ལས་བྱུང་རྒྱ་མཚོ་ཐམས་ཅད་པ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའི་མཐའ་ཀླས་རྒྱས་པར་བཀང་སྟེ་འབུལ། །བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །ཉོན་མོངས་དབང་གིས་བགྱི་འོས་མ་བགྱིས་ཤིང་། །མི་འོས་ལས་བགྱི་སྡིག་ལྟུང་ཅི་བསགས་པ། །གནོད་ཞིང་འགྱོད་པས་ཡང་དག་བཤགས་པར་བགྱི། །འཕགས་དང་སོ་སོའི་སྐྱེ་བོའི་དགེ་བ་ནི། །དུས་གསུམ་བསགས་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ཐམས་ཅན་ལ། །ཆོས་འཁོར་བླ་ན་མེད་པ་བསྐོར་བར་བསྐུལ། །འཇིགས་རྟེན་སྒྲོན་མེ་མྱ་ངན་འདས་བཞེད་པ། །དེ་ཀུན་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཀུན་བདག་གཞན་མ་ལུས་པས། །བླ་མེད་བྱང་ཆུབ་མངོན་བྱེད་རྒྱུར་བསྔོའོ། །རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་མཚན་ལེགས་ཡོངས་བསྒྲགས་རྒྱལ་པོ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བརྒྱད་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །གང་མཚན་ཐོས་པས་བྱང་ཆུབ་སྙིང་པོའི་བར། །སྣ་ཚོགས་ནད་དང་རིམས་དང་གཤེད་བྱེད་དང་། །བྱད་དང་རོ་ལངས་འཇིགས་པས་གཙེས་པ་དང་། །སྡིག་པ་ཅན་གྱི་གདོན་རྣམས་ཞི་གྱུར་ཅིག །འོན་ལོང་སྨྱོན་པ་ཤ་བཀྲ་ཅན་དང་ནི། །ནད་ཚབས་ཆེན་པོས་བཏབ་པ་དེ་དག་ཀྱང་། །བྱང་ཆུབ་བར་དུ་དབང་པོ་ཀུན་ཚང་ཞིང་། །ནད་དང་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་གྱུར། །དུག་གསུམ་གྱིས་བསྒྲིབ་ཆོས་སྤངས་མཚམས་མེད་སོགས། །མི་དགེའི་ལས་ཀྱིས་ངན་སོང་འགྲོ་རྣམས་ཀྱང་། །ལས་ཀྱི་སྒྲིབ་ཟད་ངན་སོང་རྒྱུན་ཆད་དེ། །བྱང་ཆུབ་བར་དུ་ལྷ་མིའི་བདེ་མྱོང་ཤོག །གང་དག་ཟས་སྐོམ་གོས་ལ་སོགས་པ་ཡིས། །དབུལ་བར་གྱུར་བའི་སྡུག་བསྔལ་ལྡན་རྣམས་ཀྱང་། །བྱང་ཆུབ་བར་དུ་དབྱིག་དང་གོས་སོགས་ཀྱི། །ཡོ་བྱད་འདོད་དགུ་འཕེལ་བས་འབྱོར་གྱུར་ཅིག །བཅིངས་དང་བརྡེག་དང་གོ་རར་གཞུག་པ་དང་། །མཚོན་ཆའི་ཚོགས་ཀྱིས་ལུས་ལ་གཟིར་རྣམས་ཀྱང་། །བྱང་ཆུབ་བར་དུ་བརྡེག་དང་འཆིང་སོགས་ཀྱི། །ལུས་ཀྱི་གདུང་བ་ཐམས་ཅད་བྲལ་གྱུར་ཅིག །མགོན་མེད་ལུས་ལ་གདུང་བའི་མེ་འབར་བ། །སྟག་སེང་དོམ་དྲེད་སྦྲུལ་གྱི་འཇིགས་པ་རྣམས། །བྱང་ཆུབ་བར་དུ་སྟག་སོགས་བྱམས་ལྡན་ཞིང་། །འཇིགས་མེད་ཞི་བའི་གནས་ལ་གནས་གྱུར་ཅིག །སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་། །རྩོད་དང་འགྱེད་དང་འཁྲུགས་པས་སྐྲག་པ་རྣམས། །བྱང་ཆུབ་བར་དུ་འཐབ་སོགས་མི་འབྱུང་བར། །ཕན་ཚུན་བྱམས་པའི་སེམས་ལ་གནས་གྱུར་ཅིག །གང་དག་ཆུ་དང་ཆུ་ཀླུང་རྒྱ་མཚོའི་ནང་། །གླིང་དུ་མ་ཕྱིན་འཇིགས་པས་མནར་བ་རྣམས། །བྱང་ཆུབ་བར་དུ་ཆུ་ཡི་འཇིགས་པ་ལས། །དབུགས་འབྱིན་བདེ་བར་བརྒལ་བ་ཉིད་གྱུར་ཅིག །འདི་ནས་ཤི་འཕོ་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །མཚན་ལེགས་ཡོངས་བསྒྲགས་ལ་སོགས་བརྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་སོགས་བརྗོད། སྐུ་མདོག་སེར་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔའ་གྱིས་བརྗིད། །རིན་ཆེན་ལྡན་པའི་ཞིང་གི་དཔལ་གྱུར་པ། །རིན་ཆེན་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་བ། །སྒྲ་དབྱངས་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས་གོང་བཞིན་དང་། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བརྒྱད་བཏབ་པའི་འབྲས། །དཔལ་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །ཞིང་ལས་ཚོང་སོགས་གཡེང་བ་སྣ་ཚོགས་ཀྱིས། །དགེ་བའི་སེམས་བྲལ་འཁོར་བར་སྡུག་བསྔལ་རྣམས། །བྱང་ཆུབ་མཆོག་བར་ལོངས་སྤྱོད་ཕུན་ཚོགས་ཤིང་། །བྱང་སེམས་དགེ་འཕེལ་འཁོར་བའི་གདུང་བྲལ་ཤོག །སྐྱེ་གནས་བཞི་བསྡུ་ཚ་གྲང་བཀྲེས་སྐོམ་གྱིས། །གདུང་རྣམས་སྒྲིབ་ཟད་སྐྱེ་བའི་ཐ་མར་གྱུར། །བྱང་ཆུབ་བར་དུ་སྐྱེ་བའི་སྡུག་བསྔལ་ལས། །ཐར་ཞིང་ལྷ་ཡི་བདེ་བ་མྱོང་གྱུར་ཅིག །ཉོན་མོངས་མང་ལྡན་བཙའ་བའི་གདུང་སོགས་ཀྱིས། །སྐྱེ་བའི་གནས་ཀྱིས་སྐྱོ་བའི་བུད་མེད་རྣམས། །སྔུག་བསྔལ་རྒྱུན་ཅད་སྐྱེ་བའི་ཐ་མར་གྱུར། །བྱང་ཆུབ་བར་དུ་སྐྱེས་པ་ཉིད་ཐོབ་ཤོག །འཆི་དང་དགྲ་དང་དགོན་པས་གཙེས་པ་དང་། །ཕ་མ་བཤེས་སོགས་ཉེ་དུའི་མྱ་ངན་གྱིས། །མནར་རྣམས་བྱང་ཆུབ་སྙིང་པོའི་བར་དུ་ཡང་། །མྱ་ངན་སྡུག་བསྔལ་ཐམས་ཅད་བྲལ་གྱུར་ཅིག །སྣ་ཚོགས་ལས་མཐའ་སྤྱོད་ཅིང་མུན་པར་རྒྱུ། །གདོན་གྱིས་གཙེས་རྣམས་བྱང་ཆུབ་སྙིང་པོའི་བར། །མུན་པ་དང་བྲལ་གདོན་རྣམས་བྱམས་པས་གནས། །སྣ་ཚོགས་མཆོད་དང་རིམ་གྲོར་བརྩོན་གྱུར་ཅིག །དམན་པར་མོས་ཤིང་ཤེས་རབ་དྲན་པ་ཉམས། །དགེ་བའི་སེམས་བྲལ་མཆོག་གསུམ་བརྗེད་རྣམས་ཀྱང་། །བྱང་ཆུབ་བར་དུ་ཏིང་འཛིན་གཟུངས་སོགས་གྲུབ། །ཤེས་རབ་ཆེན་པོས་དགེ་ཆོས་སྤེལ་གྱུར་ཅིག །ཐེག་པ་དམན་པར་མོས་ཤིང་བླ་མེད་ཀྱི། །ས་ལ་རྒྱབ་ཀྱིས་ཕྱོགས་རྣམམས་བྱང་ཆུབ་བར། །ཉན་རང་སེམས་བྲལ་བྱང་ཆུབ་སེམས་ལྡན་ཞིང་། །བྱང་ཆུབ་མཆོག་ལས་ཕྱིར་མི་ལྡོག་གྱུར་ཅིག །ཟད་པའི་བསྐལ་པ ར་འཛམ་བུའི་གླིང་ཀུན་ཏུ། །འབར་བས་འཁྲུགས་ཏེ་སྐྱབས་མེད་སྡུག་བསྔལ་རྣམས། །མྱ་ངན་ཀུན་བྲལ་བསིལ་བའི་དངོས་པོ་ཐོབ། །རྒྱལ་བའི་ཞབས་དྲུང་རྫུས་ཏེ་སྐྱེ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུན་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །སྒྲ་དབྱངས་རྒྱལ་པོ་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། འཛམ་བུའི་གསེར་འདྲ་ཆོས་སྟོན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །སྤོས་ཀྱིས་ཡོངས་གང་ཞིང་གི་དཔལ་གྱུར་པ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས་དང་། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་གསེར་བཟང་དྲི་མེད་སྣང་བ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །གང་དག་སྲོག་གཅོད་ལས་མང་བགྱིས་པ་ཡིས། །ཚེ་ཐུང་ནད་མང་མེ་ཆུ་དུག་མཚོན་གྱིས། །འཆི་བ་རྣམས་ཀྱང་ལས་སྒྲིབ་དེ་ཟད་ནས། །དུས་མིན་འཆི་བྲལ་ཚེ་རིང་ནད་མེད་གྱུར། །སྣ་ཚོགས་མི་དགེའི་ལས་དང་གཞན་གྱི་རྫས། །ཕྲོགས་པས་དབུལ་པོར་སྐྱེས་ཏེ་སྡུག་བསྔལ་རྣམས། །བྱང་ཆུབ་བར་དུ་སྡིག་པ་ཀུན་བྲལ་ཏེ། །དབང་ཕྱུག་ཕུན་ཚོགས་མ་ཚང་མེད་ཐོབ་ཤོག །གནོད་སེམས་དབང་གིས་ཕན་ཚུན་སྲོག་གཅོད་ཅིང་། །འཐབ་པ་རྣམས་ཀྱང་བླ་མེད་བྱང་ཆུབ་བར། །ཕན་ཚུན་ཕ་མ་ལྟ་བུའི་འདུ་ཤེས་ཀྱིས། །བྱམས་པ་ཆེན་པོའི་སེམས་ལ་གནས་གྱུར་ཅིག །དུག་གསུམ་དབང་གིས་ཁྲིམས་འཆལ་སྡིག་སྤྱོད་པས། །ངན་སོང་འགྲོ་རྣམས་བླ་མེད་བྱང་ཆུབ་བར། །སྒྲིབ་བྱང་ཉོན་མོངས་རྣམས་བྲལ་ཚུལ་ཁྲིམས་མཆོག །འཛིན་ཅིང་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །གསེར་བཟང་དྲི་མེད་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། སྐུ་མདོག་དམར་སྐྱ་མཉམ་བཞག་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །མྱ་ངན་མེད་པའི་ཞིང་གི་དཔལ་གྱུར་པ། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཞི་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་ཞི་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱི་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་མྱ་ངན་མེད་མཆོག་རྒྱལ་པོ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །མྱ་ངན་སྡུག་བསྔལ་ཡིད་མི་བདེ་བ་དང་། །འཁྲུགས་པ་མང་བས་སྡུག་བསྔལ་མྱོང་བ་རྣམས། །མྱ་ངན་སོགས་ཞི་སྡུག་པ་དང་བྲལ་བའི། །སྡུག་བསྔལ་རྒྱུན་ཆད་ཚེ་རིང་ཉིད་གྱུར་ཅིག །སྣ་ཚོགས་སྡིག་བྱས་མནར་མེད་འགྲོ་བ་རྣམས། །རྒྱལ་བའི་འོད་ཀྱིས་རེག་པས་སྡིག་བྱང་ནས། །སྡུག་བསྔལ་དེ་ལས་ཐར་ཏེ་བྱང་ཆུབ་བར། །ལྷ་མིའི་བདེ་བ་མཆོག་ཏུ་མྱོང་གྱུར་ཅིག །གཞན་ནོར་ཕྲོགས་པ་མི་དགེའི་ལས་དབང་གིས། །དབུལ་ཞིང་བཀྲེས་སྐོམ་ཁ་དོག་ངན་པ་རྣམས། །བྱང་ཆུབ་བར་དུ་ལོངས་སྤྱོད་ཕུན་ཚོགས་ཤིང་། །ལྷ་ཡི་ལུས་ཀྱི་ཁ་དོག་ལྡན་གྱུར་ཅིག །གནོད་སྦྱིན་སྲིན་པོ་ཤ་ཟ་འབྱུང་པོ་ཡིས། །གཙེས་ཤིང་མདངས་ཕྲོགས་སྣ་ཚོགས་ནད་བཅས་རྣམས། །བྱུང་ཆུབ་བར་དུ་གདོན་རྣམས་བྱམས་བྱེད་ཅིང་། །སྣ་ཚོགས་ནད་ཀྱི་འདམ་ལས་ཐར་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །མྱ་ངན་མེད་མཆོག་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། སྐུ་མདོག་དཀར་དམར་ཆོས་སྟོན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོག་གཉིས་དཔལ་གྱིས་བརྗིད། །ཆོས་ཀྱི་རྒྱལ་མཚན་ཞིང་གི་དཔལ་གྱུར་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་ཐུགས་མངའ་བས། །འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། །རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་ཆོས་བསྒྲགས་རྒྱ་མཚོའི་དབྱངས་མཆོག་གིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །ལོག་ལྟའི་གནས་སྐྱེས་མཆོག་གསུམ་དད་པ་བྲལ། །བྱང་ཆུབ་སེམས་སྤངས་རྣམས་ཀྱང་སྒྲིབ་ཟད་ནས། །བྱང་ཆུབ་མཆོག་བར་ཡང་དག་ལྟ་བ་དང་། །མི་ལྡོག་དད་དང་བྱང་སེམས་ལྡན་གྱུར་ཅིག །ཆོས་མེད་མཐའ་འཁོབ་ཡུལ་སྐྱེས་སྡིག་གྲོགས་རྒྱུས། །སྡིག་བྱེད་དགེ་ཉམས་ངན་སོང་གཞོལ་རྣམས་ཀྱིས། །སངས་རྒྱས་ཆོས་ཀྱི་སྒྲ་ཐོས་སྒྲིབ་བྱང་ནས། །བྱང་ཆུབ་བར་དུ་བྱང་སེམས་ལྡན་གྱུར་ཅིག །གང་དག་གོས་རྒྱན་ཕྲེང་བ་ལ་སོགས་དང་། །བྲལ་བའི་དབང་གིས་གདུང་ཞིང་སྡིག་བྱེད་རྣམས། །བྱང་ཆུབ་བར་དུ་བསམ་པ་ཙམ་གྱིས་ཀྱང་། །ལོངས་སྤྱོད་མ་ཚང་མེད་པ་ཐོབ་གྱུར་ཅིག །ཕན་ཚུན་འཐབ་ཅིང་མཚོན་སོགས་བསྣུན་པ་རྣམས། །འཚེ་ལས་ཕྱིར་ཕྱོགས་བྱམས་ལྡན་སྲོག་མི་འགག །བྱང་ཆུབ་བར་དུ་རང་གི་རྫས་ལོངས་སྤྱོད། །དབང་ཕྱུག་དག་གིས་ཆོག་ཤེས་ཉིད་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །ཆོས་བསྒྲགས་རྒྱ་མཚོ་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། བྱེ་རུའི་མདོག་ཅན་མཆོག་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །རིན་ཆེན་རྒྱ་མཚོའི་ཞིང་གི་དཔལ་གྱུར་བ། །མངོན་མཁྱེན་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཐུགས། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱི་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །བཅོམ་ལྡན་ཆོས་ཀྱི་རྒྱ་མཚོ་མངོན་མཁྱེན་གྱིས། །སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །ཞིང་ལས་ཚོང་དང་འཐབ་རྩོད་སྡིག་བྱེད་རྣམས། །གང་མཚན་ཐོས་པས་བསམ་པ་ཐག་ཏུ་ཡང་། །འཚོགས་ཆས་ཀུན་འབྱོར་གནོད་པའི་སེམས་ཞི་སྟེ། །རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་གྱུར་ཅིག །གང་དག་མི་དགེ་བཅུ་ཡི་ལས་བྱས་ནས། །དམྱལ་བར་གཞོལ་ལ་རྣམས་ཀྱིས་སངས་རྒྱས་མཚན། །ཐོས་ནས་དགེ་བཅུའི་ལས་ལམ་དང་ལྡན་ཞིང་། །སུ་ཡང་དམྱལ་བར་འགྲོ་བར་མ་གྱུར་ཅིག །བརྡེག་སོགས་ཆད་པས་གསད་འོས་གཞན་དབང་ཅན། །རྒྱལ་བའི་མཚན་ཐོས་སངས་རྒྱས་འོད་ཀྱིས་རེག །བྱང་ཆུབ་བར་དུ་བརྡེག་སོགས་རྒྱུན་ཆད་ནས། །བླ་མེད་རང་དབང་ཕུན་ཚོགས་ཐོབ་གྱུར་ཅིག །མི་དགེའི་ལས་ཀྱིས་ཚེ་ཐུང་འཆི་རྣམས་ཀྱིས། །རྒྱལ་བའི་མཚན་ཐོས་བདེ་འགྲོའི་གནས་སུ་སྐྱེས། །བྱང་ཆུབ་བར་དུ་ལྷ་མིའི་བདེ་མྱོང་ཞིང་། །སྡིག་བྱང་དུས་མིན་འཆི་བྲལ་ཚེ་རིང་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །མངོན་མཁྱེན་རྒྱལ་པོ་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། སྐུ་མདོག་སྔོན་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །བཅུ་གཉིས་སྨོན་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །བཻ་ཌཱུརྻ་སྣང་ཞིང་གི་དཔལ་གྱུར་པ། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །གང་གི་སྐུ་ནི་ཨིནྡྲ་ནཱི་ལའི་མདོག །མཚན་དཔེ་ཉི་མའི་འོད་སྟོང་འབར་བའི་མཁའ། །ཀུན་ལ་ཞི་བདེའི་གོ་སྐབས་འབྱེད་པའི་དབྱིངས། །བཅོམ་ལྡན་སྨན་བླའི་སྐུ་ལ་ཕྱག་འཚལ་ལོ། །གང་གི་གསུང་ནི་དྲི་ཟའི་རྒྱུད་སྟོང་ལྟར། །ཚངས་པའི་དབྱངས་ཀྱིས་སྣ་ཚོགས་གདུལ་བྱའི་ཡིད། །ཀུན་ཏུ་ཚིམ་བྱེད་གསུང་རབ་རྒྱ་མཚོའི་གཏེར། །བཅོམ་ལྡན་སྨན་བླའི་གསུང་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ནི་ཡེ་ཤེས་རྒྱ་མཚོའི་ངང་། །དམིགས་མེད་ཐུགས་རྫེའི་རྦ་རླབས་ཆེར་གཡོས་ཤིང་། །སྨོན་ལམ་རྒྱ་མཚོ་མཛད་པ་ལྷུན་གྲུབ་པའི། །བཅོམ་ལྡན་སྨན་བླའི་ཐུགས་ལ་ཕྱག་འཚལ་ལོ། །དེང་འདིར་ཕགས་ཚོགས་སོགས། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་པའི་མཐུས། །བཅོམ་ལྡན་སྨན་བླ་བཻ་ཌཱུརྻ་འོད་ཀྱིས། །སྔོན་ཚེ་སྨོན་ལམ་བཅུ་གཉིས་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །སྨན་པའི་རྒྱལ་པོ་རྒྱལ་བ་མཆོག་གི་སྐུའི། །འོད་ཀྱིས་དཔག་མེད་འཇིག་རྟེན་སྣང་བྱེད་ཅིང་། །མཚན་དཔེས་ལེགས་པར་བརྒྱན་པ་སངས་རྒྱས་སྐུ། །དེ་འདྲར་སེམས་ཅན་ཀུན་ཀྱང་འགྱུར་བར་ཤོག །གང་སྐུ་དྲི་མེད་བཻ་ཌཱུརྻ་ལྟ་བུ། །གཟི་བརྗིད་དཔལ་འབར་འོད་ཟེར་དྭ་བ་ཡིས། །མུན་པར་རྒྱུ་བའི་འགྲོ་ཀུན་སྣང་བྱས་ནས། །དགའ་མགུར་འགྲོ་ཞིང་དགེ་ལས་བྱེད་གྱུར་ཅིག །རྒྱ་བའི་ཐབས་དང་ཤེས་རབ་དཔག་མེད་མཐུས། །འཇིག་རྟེན་དཔག་ཏུ་མེད་པའི་སེམས་ཅན་རྣམས། །ལོངས་སྤྱོད་མི་ཟད་པ་དང་ལྡན་གྱུར་ནས། །སུ་ཡང་ཅིས་ཀྱང་བྲེལ་བ་མེད་གྱུར་ཅིག །གང་དག་ལམ་ངན་ཞུགས་པའི་འགྲོ་བ་རྣམས། །བྱང་ཆུབ་མཆོག་གི་ལམ་ལ་འགོད་པ་དང་། །ཉན་རང་དམན་པའི་ལམ་དུ་ཞུགས་རྣམས་ཀྱང་། །ཐེག་པ་ཆེན་པོའི་ལམ་ལ་གཟུད་གྱུར་ཅིག །གང་གི་དྲུང་ནས་ཚངས་པར་སྤྱོད་པ་དང་། །མཚན་ཐོས་རྣམས་ཀྱང་སྡོམ་པ་གསུམ་དང་ལྡན། །ཚུལ་ཁྲིམས་མི་ཉམས་ཚུལ་ཁྲིམས་འཆལ་གྱུར་ནས། །སུ་ཡང་ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལུས་ངན་དབང་པོ་མི་ཚང་མདོག་མི་སྡུག །རྒུར་པོ་ཤ་བཀྲ་ཞར་ལོང་འོན་པ་སོགས། །ཡན་ལག་སྐྱོན་ཅན་སྨྱོན་པ་ནད་ཅན་རྣམས། །སྒྲིབ་བྱང་དབང་པོ་ཡན་ལག་རྫོགས་གྱུར་ཅིག །སྣ་ཚོགས་ནད་ཀྱིས་གཟིར་ཞིང་སྐྱབས་མེད་པ། །དབུལ་བས་འཚོགས་ཆས་དང་བྲལ་སྡུག་བསྔལ་རྣམས། །མཚན་ཐོས་ཙམ་གྱིས་བྱང་ཆུབ་སྙིང་པོའི་བར། །ནད་གནོད་ཀུན་བྲལ་ཕུན་ཚོགས་འབྱོར་གྱུར་ཅིག །གང་དག་བུད་མེད་སྐྱོན་གྱིས་ཡིད་དབྱུང་ནས། །སྐྱེ་གནས་དེ་ལས་ཐར་བར་འདོད་པ་རྣམས། །བུད་མེད་དངོས་པོ་དག་ལས་སླར་ལོག་ནས། །བྱང་ཆུབ་བར་དུ་སྐྱེས་པ་ཉིད་ཐོབ་ཤོག །འགྲོ་ཀུན་བདུད་ཀྱི་ཞགས་པ་ལས་ཐར་ཏེ། །སྣ་ཚོགས་ལྟ་བས་གཟེངས་པར་གྱུར་པ་ཀུན། །ཡང་དག་ལྟ་བའི་གནས་ལ་འགོད་བྱེད་ཅིང་། །བྱང་ཆུབ་སེམས་དཔའི་སྤྱོད་ལ་གཞུག་པར་ཤོག །བཅིངས་བརྡེག་གོ་རར་གཞུག་ཅིང་གསད་འོས་པ། །རྒྱལ་པོའི་འཇིགས་པས་གཙེས་ཞུམ་སྡུག་བསྔལ་རྣམས། །སངས་རྒྱས་བསོད་ནམས་བསམ་མི་ཁྱབ་པའི་མཐུས། །གནོད་པ་ཀུན་ལས་ཡོངས་སུ་ཐར་གྱུར་ཅིག །བཀྲེས་སྐོམ་མེ་འབར་ཟས་འཚོལ་སྡིག་བྱེད་རྣམས། །ཁ་དོག་དྲི་རོ་ལྡན་པའི་ཟས་མཆོག་གིས། །ཚིམ་བྱས་སླར་ཡང་ཆོས་ཀྱི་བདུན་རྩིའི་རོས། །ཤིན་ཏུ་བདེ་ལ་འགོད་པར་བྱེད་གྱུར་ཅིག །དབུལ་ཞིང་སྒྲེན་མོ་གྲང་སོགས་གདུང་བ་རྣམས། །གོས་སོགས་འདོད་དགུས་འགྲོ་ཀུན་བསམ་རྫོགས་བྱེད། །འཕགས་པ་དགྱེས་པའི་ཚུལ་ལྡན་ཉོན་མོངས་ཀྱིས། །མི་བརྫི་རྣམ་གྲོལ་བདེ་བར་གནས་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་རྫུས་སྐྱེས་གཟུངས་སོགས་ཡོན་ཏན་རྫོགས། །སྨན་པའི་རྒྱལ་པོ་ལ་སོགས་རྒྱལ་རྣམས་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་སོགས་བརྗོད། གསེར་གྱི་མདོག་ཅན་ས་གནོན་ཕྱག་རྒྱ་ཅན། །རྨད་བྱུང་ཐུགས་རྗེ་བརྩོན་འགྲུས་ཆེན་པོའི་མཐུས། །མི་མཇེད་འཇིག་རྟེན་ཁམས་ཀྱི་དཔལ་གྱུར་པ། །འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་། །བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། རྒྱལ་བ་མཆོག་གི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱི་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །སྟོན་པ་མཆོག་དེས་ཉམ་ཐག་འགྲོ་བ་དང་། །འཇིག་རྟེན་ལྷ་མིར་བཅས་ལ་སྨན་སླད་དུ། །བདེ་གཤེགས་བདུན་གྱི་སྨོན་ལམ་རྒྱས་པའི་མདོ། །བསྟན་ཅིང་བྱིན་གྱིས་བརླབ་པར་མཛད་ནས་སུ། །དཔལ་གྱི་མགུལ་ནས་བདེན་པའི་གསུང་ཕྱུངས་ཏེ། །བདེ་གཤེགས་བདུན་གྱི་མཚན་དང་བཻ་ཌཱུརྻའི། །གཟུངས་མཆོག་ཕན་ཡོན་བསྔགས་པ་མཛད་པ་བཞིན། །དེང་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །བདེ་བར་གཤེགས་པ་ཁྱེད་སྐུ་ཅི་སོགས། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་དད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །དེ་ནས་ཆོས་དཀོན་མཆོག་ལ། མ་རིག་མུན་སེལ་སྒྲོན་མེ་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ལན་བདུན་སོགས་བརྗོད། ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་། །སྡུག་བསྔལ་ཟུག་རྔུ་རྩ་བ་དྲུང་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །གློ་བུར་དྲི་མས་དབེན་པ་ཆོས་ཀྱི་དབྱིངས། །སྒྲིབ་གཉིས་མུན་པ་སེལ་བ་འཕགས་པའི་ལམ། །ཆོས་ཉིད་རྟོགས་པའི་རྒྱུ་མཐུན་གསུང་རབ་མཆོག །ལུང་རྟོགས་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། ཡང་དག་ཚད་མར་གྱུར་བ་བདེ་གཤེགས་བཀའ། །འགྱུར་བ་མི་མངའ་བདེན་པའི་མཆོག་ཉིད་དུ། །གུས་པའི་ཡིད་ཀྱི་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་འཆོད་ཕུལ་པའི་མཐུས། །མཚན་ཐོས་ཙམ་གྱིས་སྐྱོན་སེལ་ཡོན་ཏན་འཕེལ། །ཞེས་སོགས་བདེ་གཤེགས་བཀའ་ལུང་འགྱུར་མེད་འབྲས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཅིང་། །མཁས་ཁྱབ་ཆོས་ཀྱི་སྒྲོན་མེ་འབར་གྱུར་ཅིག །དམ་ཆོས་དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །བདག་སོགས་དེང་ནས་སྲིད་པ་ཇི་སྲིད་དུ། །རྒྱལ་བ་ཀུན་གྱི་དམ་ཆོས་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་གྱུར་ཅིག །དགེ་འདུན་དཀོན་མཆོག་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། ཆོས་ཀྱི་རྒྱལ་བུ་གཞོན་ནུ་མཁྱེན་པའི་གཏེར། །བདག་ཅག་ཉེས་བརྒྱས་གཟིར་བའི་གྲོ་བ་ལ། །ཟབ་ཡངས་ལམ་འདི་མངོན་དུ་གྱུར་མཛད་པ། །རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེ་ཕུལ་དུ་བྱུང་བའི་མཐུས། །དུས་མིན་འཆི་གསོ་རྒྱལ་སྲིད་སྤེལ་སོགས་སླད། །མཆོད་པའི་སྦྱོང་བ་གསལ་བར་སྟོན་མཛད་པ། །འཕགས་པ་སྐྱབས་གྲོལ་མཛད་ལ་ཕྱག་འཚལ་ལོ། །ཡངས་པ་ཅན་དུ་བདེ་གཤེགས་བརྒྱད་འཛོམ་ནས། །སྤྱི་སྒོས་བསྟན་པ་སྲུང་བར་བཀའ་བསྒོས་ཤིང་། །རང་རང་བདེན་པའི་ངག་གིས་ཞལ་བཞེས་པ། །གསང་བདག་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དང་ཉི་ཟླ་ལྟར་སྣང་བྱེད། །བློ་གྲོས་ཆེན་པོ་མ་ཕམ་པ་ལ་སོགས། །འཁོར་གྱི་བྱང་སེམས་སུམ་ཁྲི་དྲུག་སྟོང་དང་། །ཕྱོགས་བཅུའི་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས། བྱང་ཆུབ་སེམས་དཔའི་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །འཇམ་དཔལ་ལ་སོགས་རྒྱལ་སྲས་མཆོག་རྣམས་ཀྱིས། །རྒྱལ་བའི་ཐུགས་དམ་བསྐུལ་ཞིང་གླེང་བསླང་ནས། །ཕན་ཡོན་བསམ་མི་ཁྱབ་པའི་མདོ་སྡེ་ཉིད། །སྤེལ་ཞིང་དེ་འཛིན་སྲུང་སྐྱོབ་བྱིན་བརླབ་པར། །བདེན་པའི་ཞལ་བཞེས་བསླུ་བ་མེད་པ་རྣམས། །དེང་འདིར་མདོ་སྡེའི་ཆོ་ག་བགྱིད་རྣམས་ལ། །བདེན་པ་མངོན་སུམ་ཉིད་དུ་བསྩལ་བ་དང་། །ཡེ་ཤེས་ཐུགས་རྗེ་བྱིན་རླབས་ཆེན་པོའི་མཐུས། །མདོ་སྡེའི་ཆོ་ག་རྫོགས་པར་བསྐང་ནས་སུ། །མདོ་ལས་གསུངས་པའི་ཕན་ཡོན་མ་ལུས་པ། །འཕྲལ་དུ་མངོན་སུམ་མཐོང་བར་མཛད་པ་ཡིས། །རེ་བ་ཡོངས་སུ་རྫོགས་པར་མཛད་དུ་གསོལ། །ཆོས་སྐྱོང་བ་རྣམས་ལ། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་སོགས་པ་དམ་པའི་ཆོས་སྐྱོོང་བའི་ལྷའི་དགེ་བསྙེན་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ་སོགས་བརྗོད། ཚངས་པ་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་སྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡངས་པ་ཅན་དུ་སྨན་བླའི་མཚན་ཐོས་པས། །བདེན་མཐོང་མདོ་འདི་སྲུང་བར་དམ་བཅས་པ། །བདུན་འབུམ་འཁོར་གྱི་བསྐོར་བའི་བཅུ་གཉིས་པོ། །གནོད་སྦྱིན་སྡེ་དཔོན་རྣམས་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་སོགས་འཇིག་རྟེན་སྐྱོང་བ་སྡེ་དཔོན་བཅས་པས་ཀྱང་། །སྔོན་ཚེ་སྟོན་པའི་སྤྱན་སྔར་ཞལ་བཞེས་པ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་ཅིང་ཕྱག་མཆོད་ཕུལ་བའི་མཐུས། །མདོ་སྡེ་འཛིན་ལ་སྲུང་ཞིང་སྐྱོབ་པ་དང་། །དགྲ་དང་གནོད་པ་ནད་རིམས་འཐབ་རྩོད་ཞི། །དུས་མིན་འཆི་བྲལ་ལུས་སེམས་བདེ་བྱེད་ཅིང་། །ལོངས་སྤྱོད་དབང་ཕྱུག་ནོར་དང་འབྲུ་འཕེལ་ལ། །ཇི་ལྟར་བསམ་པ་ཡིད་བཞིན་བསྒྲུབ་བོ་ཞེས། །བཅོམ་ལྡན་གདན་འཛོམ་ཆེན་པོའི་སྤྱན་སྔ་རུ། །ལྷ་ཡི་བདེན་ཚིག་མདོང་གསོལ་མཛད་པ་བཞིན། །རྒྱ་ཆེན་མཆོད་སྦྱིན་གཏོར་མ་འདི་བཞེས་ནས། །གཏོར་མ་མི་ཕུལ་བའི་དུས་སུ་གཏོར་འབུལ་གྱི་ཚིག་རྐང་གཅིག་འདི་བཞག་ལ་དེའི་ཚབ་ཏུ། སྔོན་གྱི་དམ་བཅའ་མ་བསྙེལ་དེང་དགོངས་ནས། ཞེས་སྦྱར་བར་བྱའོ། །བདག་ཅག་མདོ་སྡེའི་ཆོ་ག་བགྱིད་རྣམས་ལ། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིན་བཞིན་སྒྲུབས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །འགྲོ་ཀུན་བདེ་སྐྱིད་འབྱུང་བའི་ཕྲིན་ལས་མཛོད། །གཏོར་མ་ཕུལ་ལོ། །སླར་གཞི་བདག་གཏོར་མ་ནི། འདོད་ཡོན་ལྔ་ལྡན་མཆོད་སྦྱིན་གཏོར་མ་འདི། །ལྷ་མོ་བརྟན་མ་བརྟན་མ་བཅུ་གཉིས་སོགས། །གངས་ཅན་སྤྱི་དང་ཕྱོགས་འདིའི་གནས་བདག་ལ། །འབུལ་ལོ་གེགས་ཞི་བསམ་དོན་འགྲུབ་པར་མཛོད། །ཅེས་པས་ཕུལ་ལོ། །རྒྱུན་འདོན་སོགས་ཀྱི་དུས་གཏོར་མ་གཉིས་པོ་མ་ཕུལ་ཀྱང་ཆོག་ཅེས་སྔོན་གྱི་བླ་མ་དག་གསུངས། སྐབས་འདིར། སྔགས་བཟླས་པའི་རྐྱེན་གྱིས་བདེ་བར་གཤེགས་པ་བརྒྱད་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་བདུད་རྩིའི་རྣམ་པར་དཔག་ཏུ་མེད་པ་བྱུང་སྟེ། བདག་དང་སྦྱིན་བདག་གམ། བུམ་པ་ཡོད་ན། བུམ་པའི་ཆུ་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་ལ། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི། ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ། ས་མ་དྷྱཱ་དྷིཥྛིཏེ། ཨ་ཏི་མ་ཏེ། པ་ལེ་པཱ་པཾ་ཤྭ་དྷ་ནི། སརྦ་པཱ་པཾ་ནཱ་ཤཱ་ཡ། མ་མ་བུདྡྷེ། བུདྡྷོ་ཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ། པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲི་ཏྱུ་ནི་པཱ་ར་ཎི། བུདྡྷེ་སུ་བུདྡྷེ། བུདྡྷཱ་དྷིཥྛི་ཏེ་ན། རཀྵ་ནྟུ་མེ། སརྦ་དེ་བཱ། ས་མེ། ཨ་ས་མེ། ས་མནྟ་ཧ་རནྟུ་མེ། སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། ཤ་མེ་ཤ་མེ། པྲ་ཤ་མ་ནྟུ་མེ། སརྦ་ཨི་ཏྱུ་པ། དྲ་བ་བྱཱ་དྷ་ཡ། པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མི། སརྦ་ཨཱ་ཀཱ་ཤཱ་ཡ། བཻ་ཌཱུརྻ་པྲ་ཏི་བྷཱ་ས་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་བཻ་ཌཱུརྱའི་གཟུངས་སུ་གྲགས་པའི་གཟུངས་རིང་གང་མང་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ། བྷཻ་ཥཛྱེ་གུ་རུ་བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀབྷཻཥཛྱེ་བྷཻ་ཥཛྱེ། མ་ཧཱ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ་རཱ་ཛཱ། ས་མུ་དྒ་ཏེ་སྭཱ་ཧཱ། ཞེས་སྨན་གཟུངས་རིང་ཐུང་གང་འགྲུབ་བཟླ། དེ་ལྟ་བུའི་བུམ་ཆུས་ལྷ་ལའང་ཁྲུས་གསོལ་ཞིང་། རང་གཞན་གྱིས་འཐུང་ཞིང་ཁྱུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ལས་ཐར་བར་འགྱུར་རོ། །གཤིན་པོའི་རུས་པ་སོགས་ལ་གཏོར་བས་ཕན་ཡོན་ཆེ་ཞིང་། གནས་ཁང་དང་ཡུལ་ཕྱོགས་ཞིང་ས་སོགས་ལ་གཏོར་བས་བཀྲ་ཤིས་པ་སོགས་ཕན་ཡོན་ཆེན་པོ་འབྱུང་བར་ངེས་སོ། །མཇུག་ཏུ་མཆོད་བསྟོད་ནི། ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། །མཆོད་གཟུངས་ཚར་གཅིག་བཟླ། མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་བསྟོད། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །སྨོན་ལམ་ནི། དེང་འདིར་མདོ་སྡེའི་ཆོ་ག་ཇི་བཞིན་དུ། །རྒྱལ་བ་འཁོར་བཅས་ཕྱག་འཚལ་མཆོད་སོགས་མཐུས། །བདེ་གཤེགས་རྣམས་ཀྱིས་སྨོན་ལམ་གང་བཏབ་དང་། །རྒྱལ་སྲས་ཚད་མ་རྣམས་ཀྱིས་ཞལ་བཞེས་དང་། །ཆོས་སྐྱོང་སྲུང་མས་ཐུགས་དམ་གང་བཅས་པ། །བདག་ཅག་རྣམས་ལ་འགྲུབ་པར་མཛད་དུ་གསོལ། །ཐུབ་བསྟན་དར་ཞིང་བསྟན་འཛིན་ཞབས་པད་བརྟན། །མི་བདག་ཆོས་ལྡན་འབངས་རྣམས་དགེ་ལ་འཁོལ། །འགྲོ་ཀུན་བདེ་སྐྱིད་འཕེལ་ཞིང་ཆོས་ལ་མོས། །ནད་གདོན་དབུལ་ཕོངས་འཐབ་རྩོད་རྒྱུན་ཆད་དེ། །བྱམས་པའི་སེམས་ལྡན་ཆོས་དང་བཀྲ་ཤིས་རྒྱས། །སྒྲིབ་བྱང་ཚོགས་རྫོགས་བྱང་ཆེན་མྱུར་ཐོབ་ཤོག །བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །བཟོད་གསོལ་ནི། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །བག་མེད་སྤྱོད་པ་མ་དག་པས། །མདོ་ལས་བྱུང་བའི་ཆོ་ག་བཞིན། །མ་ལྕོགས་འཁྲུལ་པ་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །གཤེགས་གསོལ་ནི། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་ཐུགས་རྗེས་འབྱོན་པར་མཛོད། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལགས་ཀྱིས་སོ་སོའི་ཞིང་ཁམས་སུ་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་གཤེགས་སུ་གསོལ་ལོ། །དགེ་བ་བསྔོ་བ་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་ཚིགས་བཅད་གཉིས་དང་། དགེ་བ་འདི་ཡིས་མྱུར་དུ་བདག །སྨན་པའི་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་འགྲུབ་པར་ཤོག །ཤིས་པ་བརྗོད་པ་ནི། སྙིགས་མའི་འགྲོ་ལ་ཐུགས་རྗེ་ཉི་མའི་འོད། །ཆེས་ཆེར་རབ་འབར་བཅོམ་ལྡན་བདེ་གཤེགས་བདུན། །སྨོན་ལམ་གསུངས་པ་དོན་ཀུན་གྲུབ་པ་སོགས། །རྫོགས་པའི་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །ཐོས་པ་ཙམ་གྱིས་སྲིད་ཞིའི་སྡུག་བསྔལ་ལས། །རྣམ་པར་སྒྲོལ་ནུས་ཟབ་དང་རྒྱ་ཆེ་བའི། །སྙིང་པོ་སྨན་གྱི་མདོ་སྡེ་བརྒྱད་བརྒྱ་པ། །གསུང་མཆོག་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །ཞུ་གསོལ་སྲུང་སྐྱོབ་མཛད་པའི་སེམས་དཔའ་ཆེ། །ཉན་ཐོས་ཕྱོགས་སྐྱོང་གནོད་སྦྱིན་སྡེ་དཔོན་སོགས། །ཆོས་འདི་ཡུན་དུ་འཕེལ་ཞིང་གནས་བྱེད་པའི། །དགེ་འདུན་འདུས་པའི་ཚོགས་ཀྱི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པས་དགེ་ལེགས་སུ་བྱའོ། །དེ་ལྟར་བདེ་གཤེགས་གསུང་གིས་ལེགས་བསྔགས་པའི། །མདོ་སྡེའི་རྒྱལ་པོའི་ཆོ་གའི་ཡང་སྙིང་ནི། །བརྩེ་བའི་བསམ་བས་གསལ་བར་བྱས་པའི་མཐུས། །འགྲོ་ཀུན་སྨན་པའི་རྒྱལ་པོ་འགྲུབ་གྱུར་ཅིག །ཅེས་མདོ་ཆོག་བདུད་རྩིའི་བུམ་བཟད་ཞེས་བྱ་བ་འདི་ནི་འཇུག་པ་བདེ་ཞིང་དོན་འདུས་ལ་དགོས་པ་ཆེ་བའི་གནད་མཐོང་ནས་རབ་ཚེས་ལྕགས་ཡོས་ནག་ཟླའི་ཚེས་ཉེར་ལྔར་མི་ཕམ་པས་སྦྱར་བའི་དགེ་བས་མཁས་ཁྱབ་ཀྱི་སེམས་ཅན་ལ་ཕན་བདེ་བླ་ན་མེད་པ་རྟག་ཁྱབ་ལྷུན་གྲུབ་ཏུ་བྱུང་བར་གྱུར་ཅིག །འདི་ལས་རྒྱས་པར་འདོད་ན་ལྔ་པ་ཆེན་པོའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ་དང་། བསྡུས་པ་ལ་མོས་ན་པཎ་ཆེན་ཐམས་ཅད་མཁྱེན་པའི་མདོ་ཚོགས་བདུད་རྩིའི་ཡང་ཞུན་སྙིང་པོ་སོགས་དམ་པ་རྣམས་ཀྱིས་མཛད་པའི་གཞུང་ལྟར་ཉམས་སུ་བླང་བར་བྱའོ།། །།


previousསྨན་བླའི་མདོ་ཆོག་བསྡུས་པ་བདུད་རྩིའི་བུམ་བཟང་། མི་ཕམ་འཇམ་དབྱངས་རྣམ་རྒྱལ།next