Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨན་བླ་གཙོ་འཁོར་གསུམ་གྱི་སྒོམ་བཟླས་ལ་བརྟེན་ནས་བསྙེན་པ་བྱ་ཚུལ་སོགས་ཉུང་གསལ་ཀུན་ཕན་བདུན་རྩི། མཉྫུ་གྷོ་ཥ།
   
   
   
   


 
previousསྨན་བླ་གཙོ་འཁོར་གསུམ་གྱི་སྒོམ་བཟླས་ལ་བརྟེན་ནས་བསྙེན་པ་བྱ་ཚུལ་སོགས་ཉུང་གསལ་ཀུན་ཕན་བདུན་རྩི། མཉྫུ་གྷོ་ཥ།next

སྨན་བླ་གཙོ་འཁོར་གསུམ་གྱི་སྒོམ་བཟླས་ལ་བརྟེན་ནས་བསྙེན་པ་བྱ་ཚུལ་སོགས་ཉུང་གསལ་ཀུན་ཕན་བདུན་རྩི། མཉྫུ་གྷོ་ཥ།

༈ སྨན་བླ་གཙོ་འཁོར་གསུམ་གྱི་སྒོམ་བཟླས་ལ་བརྟེན་ནས་བསྙེན་པ་བྱ་ཚུལ་སོགས་ཉུང་གསལ་ཀུན་ཕན་བདུན་རྩི་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷཻ་ཥ་ཛྱེ་རཱ་ཛ་ཡ། བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་གཙོ་འཁོར་གསུམ་གྱི་རྣལ་འབྱོར་ལ་བརྟེན་ནས་བསྙེན་པ་བྱ་བའི་ཚུལ་ནི། འདི་ཉིད་ཀྱི་རྗེས་གནང་དང་ལུང་ལེགས་པར་ཐོབ་ཅིང་། ཁས་བླངས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཁྲུས་དང་གཙང་སྤྲའི་ཀུན་སྤྱོད་ལ་གཙོ་བོར་གནས་པའི་སྒྲུབ་པ་པོས་གནས་དབེན་ཞིང་ཡིད་དང་མཐུན་པའི་བསམ་གཏན་གྱི་ཁང་བུར་ཕྱག་དར་བྱས་ཏེ། རང་གི་མདུན་དུ་སྨན་བླ་གཙོ་འཁོར་རྣམས་ཀྱི་བྲིས་འབུར་གྱི་སྐུ་གང་རིགས་བཤམས་པའི་སྤྱན་སྔར་གཏོར་མ་དཀར་ཟླུམ་ཆེ་ཆུང་གཉིས། གཞི་བདག་གཏོར་མ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། ཆ་གསུམ་བཏང་ལ་མཚམས་བཅད། སྐྱབས་འགྲོ་ནས་བཟླས་པའི་བར་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་སྒྲུབ་ཐབས་ལྟར་ཉམས་སུ་བླང་། མི་ཕམ་པའི་གསུང་སྨན་བླའི་མདོ་ཆོག་བདུད་རྩིའི་བུམ་བཟང་ལྟར་ཉམས་སུ་བླངས་པས་འཐུས། མཆན། བཟླས་པའི་མཇུག་ཏུ་སྤྲོ་ན། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པ་ལ་མཆོད་བསྟོད་བྱས་ནས་འཁོར་དང་གདན་རང་ལ་ཐིམ་ཞེས་པའི་བར་དཀྱུས་ལྟར་ལ། རང་གི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་སྨན་བླ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་བྱ། སྔ་ཐུན་གྱི་མཐར། འཁོར་དང་གདན་རང་ལ་ཐིམ་པའི་རྗེས་སུ། མཆོད་གཏོར་བསང་སྦྱང་བྱིན་རླབས་དཀྱུས་བཞིན་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་བདེ་བར་གཤེགས་པ་བདུན་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བའི་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿས་གཏོར་མགྲོན་སྤྱན་དྲང་། པདྨ་ཀ་མ་ལཱ་ཡེ་སྟྭཾ་གྱིས་གདན་འབུལ། གཏོར་མ་འབུལ་བ་དཀྱུས་བཞིན། གཞི་བདག་གཏོར་མ་རྒྱུན་དུ་མ་ཕུལ་ཀྱང་ཆོག །མཐར་ཡི་གེ་བརྒྱ་པ་ལན་གསུམ། མ་འབྱོར་པ་དང་སོགས། རྟེན་ཡོན་ན་བརྟན་བཞུགས་དང་། མེད་པ་རྣམས་ༀ་བཛྲ་མུཿས་གཤེགས་སུ་གསོལ། རང་གི་དཔྲལ་བར་ༀ་སོགས་གོང་བཞིན་མཐར། ཤིས་བརྗོད་བཅས་བྱ། ཐུན་མཚམས་སུ་གྲུབ་ན་མདོ་ལུགས་ཀྱི་ཕྱག་མཆོད་རྒྱས་བསྡུ་གང་ཡང་རུང་བ་དང་། མ་གྲུབ་ཀྱང་སྨན་མདོ་ཆེ་ཆུང་ཇི་ལྟར་རིགས་པ་གདོན། དེ་ལྟ་བུའི་རིམ་པས་བསྙེན་ཚད་གཟུངས་ཐུང་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་བ་ཡིན་ལ། ཐུན་སོ་སོའི་མཐར་གཟུངས་འབྲིང་པོ་ཅི་ནུས་དང་། ཁྱད་པར། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མེ་ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མ་དྷྱཱ་དྷིཥྛི་ཏེ། ཨ་ཏི་མ་ཏི། པ་ལེ། པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷེ། བུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་ནི་པཱ་རི་ཎི། བུདྡྷེ་སུ་བུདྡྷེ་བུདྡྷཱ་དྷི་ཥྛ་ན། རཀྵ་ནྟུ་མེ། སརྦ་དེ་བཱ་ས་མེ་ཨ་ས་མེ་ས་མནྟཱ་ཧ་རནྟུ་མེ། སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་དྲ་བ་བྱཱ་དྷ་ཡ། པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡི་མེ། སརྦ་ཨཱ་ཀཱ་ཤཱ་ཡ། བཻ་ཌཱུརྻ་པྲ་ཏི་བྷ་སེ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པའི་གཟུངས་རིང་འདི་ཉེར་གཅིག་རེ་ལ་ཉུང་མཐའ་བྱས་པ་བཟླ་བ་ཤིན་ཏུ་གལ་ཆེ། གཞན་མཚམས་ཀྱི་སྐབས་སྤང་བླང་སོགས་བྱ་རྒྱུད་ཀྱི་བསྙེན་པ་སྤྱི་ལྟར་ཤེས་པར་བྱས་ལ་ཉམས་སུ་བླང་ངོ་། །དེ་ལྟ་འབད་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་བ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་དང་། ཚེ་ཡི་མཐར་ཡང་བཅོམ་ལྡན་འཁོར་བཅས་མངོན་སུམ་དུ་མཐོང་ཞིང་དག་པའི་ཞིང་དུ་སྐྱེ་བར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པར་གསུངས་སོ། །ཡང་རང་གཞན་ལ་ཕན་གདགས་པའི་སླད་དུ་གཟུངས་སྒྲུབ་བྱེད་པར་འདོད་ན། མདུན་དུ་བྲིས་སྐུའི་སྤྱན་སྔར་སྟེགས་ཀྱི་ཁར་བུམ་པ་དྲི་བཟང་གི་ཆུས་གང་བ་ཁ་རྒྱན་མགུལ་ཆིངས་དང་བཅས་པའི་སྟེང་དུ། དུང་ཆོས་མཆོད་ཡོན་གྱིས་བཀང་བ་དང་། གཟུངས་ཐག་རྡོ་རྗེ་བཅས་བཤམ། ཅི་འབྱོར་པའི་མཆོད་པ་ཚར་དུ་དངང་བས་མཛེས་པར་བྱ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཧྲཱིཿལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཟུངས་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོག་བཞིན་པས་འཁོད་པར་གྱུར། ཅེས་བརྗོད་ལ། མདོ་ཆོག་ལས་འབྱུང་བའི་འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ་སོགས་ནས། འབུལ་ལོ་མཆོད་དོ་ཞེས་པའི་བར་གྱི་མཆོད། དཔལ་བཻ་ཌཱུརྻའི་གཟུངས་སྔགས་མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཁྱེད་ཀྱི་བདག་དང་བསྒྲུབ་བྱ་དམིགས་བསལ་ཡོད་ན་དེའི་མིང་གཞུག །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་ཤིང་སྒྲིབ་པ་སྦྱང་བ་དང་། ཆོས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་དུང་ཆོས་ཀྱི་ཆུ་ལ་ཕོག །དེ་ལུད་ནས་བུམ་པའི་ནང་དུ་ལྷུང་བ་ཡིག་འབྲུ་རྣམས་ལ་ཐིམ་པ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་གྱུར། ཞེས་པའི་དམིགས་པ་དང་སྦྱར་ཏེ་གཟུངས་རིང་གཙོ་བོར་བཟླ་ཞིང་། ཐུན་འཇོག་པ་ན་མཆོད་པ་གོང་ལྟར་དང་། དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་ཏེ་གསོལ་བ་གདབ་པས་ཡིག་འབྲུ་རྣམས་འོད་དུ་ལྟེམ་གྱིས་ཞུ་བ་ལས་བུམ་པའི་ཆུ་གཟུངས་སྔགས་ཀྱི་ནུས་པ་མཐའ་དག་དང་ལྡན་པར་བསམ། དེ་ལྟར་ཐུན་དུ་བཅད་ནས་ཞག་བདུན་སོགས་ཇི་ལྟར་རིགས་པ་བསྒྲུབས་པའི་མཐར་རང་ཉིད་ཀྱིས་བཀྲུ་བ་དང་བཏུང་བ་སོགས་བྱ། བསྒྲུབ་བྱ་གཞན་ལ་བྱེད་ན་བཀྲུ་བྱབས་སྲུང་གསུམ་མམ་བཀྲུ་བ་དང་ཤིང་བརྗོད་རྒྱས་པར་བྱས་པས་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་སྒྲིབ་གཉིས་ཡོངས་སུ་བྱང་བ་དང་། ཚེ་བསོད་དཔལ་འབྱོར་རྒྱས་པ་སོགས་གཟུངས་སྔགས་ཀྱི་ཕན་ཡོན་ཇི་སྐད་བཤད་པ་རྣམས་འཐོབ་པར་འགྱུར་ལ། གཤིན་པོའི་རུས་པ་དང་དུར་ཁྲོད་ཀྱི་ས་གཞི་སོགས་ལ་འཐོར་བས་དམིགས་ཡུལ་གྱི་ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་བྱང་བས་མཚོན་ཡོན་ཏན་མཐའ་ཡས་ཤིང་། ཚུལ་དེ་བཞིན་དུ་བྱེ་མའམ། ཡུངས་ཀར་སོགས་ལ་བསྔགས་ནས་འཐོར་བས་ཀྱང་རུང་བར་གསུངས་སོ། །ཞེས་པའང་རང་གཞན་མང་པོ་ལ་ཕན་པའི་བསམ་པ་ཁོ་ནས་ཡིག་ཆ་སྔ་མ་འགའ་ཞིག་གི་དོན་མདོར་བསྡུས་ཏེ་ཤཱཀྱའི་དགེ་སློང་བྱ་བྲལ་བ་མཉྫུ་གྷོ་ཥས་སྦྱར་བའི་དགེ་བས་འགྲོ་ཀུན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་ཏེ་བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།


previousསྨན་བླ་གཙོ་འཁོར་གསུམ་གྱི་སྒོམ་བཟླས་ལ་བརྟེན་ནས་བསྙེན་པ་བྱ་ཚུལ་སོགས་ཉུང་གསལ་ཀུན་ཕན་བདུན་རྩི། མཉྫུ་གྷོ་ཥ།next