Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གསུམ་པ།


   
   
   
   
   
   
འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ཁ་སྐོང་དབང་ཆོག་བདུད་རྩིའི་ཆུ་རྒྱུན། ཞ་ལུ་བ་བསོད་མཆོག
   
   
   
   
   
   
   
   
   
   
   
   
   
   


 
previousའོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ཁ་སྐོང་དབང་ཆོག་བདུད་རྩིའི་ཆུ་རྒྱུན། ཞ་ལུ་བ་བསོད་མཆོགnext

འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ཁ་སྐོང་དབང་ཆོག་བདུད་རྩིའི་ཆུ་རྒྱུན། ཞ་ལུ་བ་བསོད་མཆོག

འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ཁ་སྐོང་དབང་ཆོག་བདུད་རྩིའི་ཆུ་རྒྱུན་བཞུགས་སོ། །འཁོར་འདས་ཀུན་གྱིས་རོ་འཛིན་གྲངས་མེད་དུ། །སྤྲུལ་ནས་བསྐལ་བརྒྱར་བརྗོད་ཀྱང་མི་ཟད་པའི། །ཡོན་ཏན་རིན་ཆེན་ལྷུན་གྲུབ་ཐུབ་པའི་དབང་། །ལྷ་མིའི་བླ་མ་དེ་ལ་ཕྱག་འཚལ་ལོ། །སྟོན་མཆོག་དམ་པ་ཐུགས་རྗེ་ཅ ན་དེ་དང་། །མཇལ་བའི་སྐལ་བས་དམན་པའི་རྨོངས་ཆེན་བདག །ཡོན་ཏན་དེ་མཚུངས་ཕྱག་ན་པདྨོ་ཡི། །རྣམ་སྤྲུལ་ཀུན་མཁྱེན་བླ་མས་རིང་དུ་སྐྱོངས། །འཕགས་པ་འོད་ཟེར་དྲི་མེད་ཀྱི། །དཀྱིལ་ཆོག་བྱ་རྒྱུད་རང་སྐད་དུ། །བཀྲལ་ཕྱིར་དེ་དང་མཐུན་པ་ཡི། །དབང་ཆོག་འཆད་པ་ཉེས་མེད་སྙམ། །ཐོག་མར་གསོ་སྦྱོང་ནི། དཔུང་བཟང་ལས། གསོ་སྦྱོང་སྡོམ་པ་དག་དང་ལྡན་པ་ཡིས། །བདག་ཉིད་དག་པར་བྱ་ཕྱིར་བསྙེན་པར་བྱ། །ཞེས་དང་། དེའི་རྣམ་དབྱེ་ཞིབ་པར་ཡིད་ཆེས་ཁུངས་བཙུན་ལྟར་དང་། གཟུངས་གྲྭ་ལྔའི་ལྷན་ཐབས་ཆོས་རྗེ་བཅོ་བརྒྱད་འཇམ་དབྱངས་པས་མཛད་པར་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེའི་གསུང་སྒྲོས་བཀོད་པ་ནི། སློབ་དཔོན་ཁྱིམ་པ་ཡིན་ན་ངེས་པར་བླངས་དགོས། དགེ་སློང་དགེ་ཚུལ་ཁྲིམས་ལྡན་ལ། །གསོ་སྦྱོང་ཡིན་པས་བླངས་ཀྱང་རུང་། །བསྲུང་རྒྱུ་ཟུར་པ་མེད་པས་སླ། །མ་བླངས་ཀྱང་རུང་གསུང་ཞིང་། དཀར་གསུམ་ལ་བརྟེན་པ་དང་། སྒོག་བཙོང་སོགས་སྤངས་པའི་གཙང་སྦྲ་ཙམ་ནི་མཛད་དེ། ཞེས་དང་། སྤང་བ་ནི་ལེགས་གྲུབ་ལས། ཏིལ་ཡང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་པ་ཚྭ་དག་དང་། ཆང་སྐྱུར་རྣམ་པ་ཐ་དད་དང་། །ཅུང་སེད་དང་ནི་སྲན་རིལ་དང་། །དེ་བཞིན་མ་ཤའི་སྲན་མ་དང་། །ཏིལ་གྱི་ཅུང་སེད་ལ་དུ་དག །དངོས་གྲུབ་འདོད་པས་རྣམ་པར་སྤང་། །ལོག་འདྲེན་དག་གི་ཟས་ཀུན་དང་། །གཏོར་མའི་ཁ་ཟས་ཐམས་ཅད་དག །ཀྲྀ་ས་ར་དང་འོ་ཐུག་དང་། །གསང་སྔགས་བཟླས་པས་རྣམ་པར་སྤང་། །ཞེས་དང་། དཔུང་བཟང་ལས། ཤ་ཆང་ཀེའུ་བཙོང་དང་སྒོག་རྡོག་དང་། །འབྲུ་མར་ཏིལ་དང་ལ་ཕུག་སུ་ུར་ཎ། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང་། །གུ་ལོང་མཆོད་བྱས་གཏོར་མ་མི་ཟའོ། །ཞེས་དང་། ཆོ་ག་ཞིབ་མོ་ལས་ཀྱང་བཀག་པའི་ཟས་ངན་པ་དང་། ཆང་དང་། ཤ་དང་། སྒོག་སྐྱ་དང་། ཀུན་དོང་དང་། ཀེའུ་དང་། ལྷག་མ་དང་། འབགས་པ་དང་། དེ་རྣམས་དང་འདྲེས་པ་དང་། གཅིག་ཏུ་བསྲེས་པ་དང་། ཅུང་ཟད་བཀྲུས་པའང་། རང་གི་ཁམ་འཕྲོ་དང་། བདེ་བྱེད་ལ་བྱིན་པའི་ལྷག་མ་དང་། ལ་ཕུག་རྣམས་སྤང་། རྟག་ཏུ་ཁམ་ཕྱེད་དུ་བཅད་པ་ལ་མི་ཟ། ཟས་འདྲེས་པའི་ལག་པ་གདོང་ལ་མི་རེག །ཟས་ཀྱི་ལྷག་རོ་ལྷུང་བཟེད་དུ་མི་དོར་རོ། །དཔུང་བཟང་ལས། ངས་ནི་སྔགས་པ་ཁ་ཟས་དཀར་གསུམ་དང་། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང་། །ཞོ་དང་ནས་དང་འོ་མ་མར་དག་དང་། །འབྲུ་མར་ཚིག་མ་ད་ར་འོ་ཀོན་དང་། །ཐུག་པ་དག་ནི་བཟའ་བཏུང་ཡིན་པར་གསུངས། །ཞེས་སོ། །བྱ་རྒྱུད་ལ་ཆུ་དབང་དངོས་བསྟན་གཙོ་ཆེ་ཞིང་། དེ་ལ་བུམ་སྒྲུབ་དགོས་པས། བུམ་པའི་རྒྱུ་ཚད་གྲངས་སོགས་གསང་བ་སྤྱི་རྒྱུད་དང་། ལེགས་གྲུབ། འཕགས་པ་དྲ་བི་དའི་གཟུངས་ཆོག །དོན་ཞག་དཀྱིལ་ཆོག །དེའི་ཡིད་ཆེས་ཁུངས། བྱ་རྒྱུད་སྤྱི་རྣམ་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ་སོགས་སུ་གསལ། འཇུག་སྒོའི་བུམ་པ་རྣམ་རྒྱལ་ལ་བསྡུས་ཏེ། དེ་ལྟའི་བུམ་པ་གཉིས་ཕྱག་ལེན་བཞིན་བཤམ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་རིགས་ཀྱི་ལས་སྔགས་དང་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་བསང་། ལྷ་རྫས་ལས་གྲུབ་པའི་རིན་པོ་ཆེའི་བུམ་པ་རྩབ་རྩུབ་དང་ནག་པོ་མེད་པ། དབུས་ཀྱི་དབྱིབས་ལྷུང་བཟེད་ལྟ་བུ། མགྲིན་པའི་དཔངས་སོར་བཞི་པ་དང་། མགྲིན་པའི་སྟེང་ཁའི་ཕྱི་རོལ་གྱི་ཁ་ཁྱེར་གྱི་འདབ་མ་སོར་གཉིས་ཀྱི་ཚད་དུ་མཉམ་པ། ཁ་སོར་བཞི་པ། ཞབས་ཀྱི་གདུབ་ཀོར་དཔངས་སོར་གཅིག་གི་ཚད་དུ་བྱས་པ། རས་དཀར་པོ་གཙང་མ་ཁ་ཚར་མ་ཉམས་པས་མགུལ་པ་ལ་དཀྲིས་པ། ཚོན་སྐུད་ལྔས་བཅིངས་པ། དྲི་བཟང་པོའི་ཆུས་སུམ་གཉིས་ཙམ་གང་བའི་ནང་དུ། རིན་པོ་ཆེ་ལྔ། སྨན་ལྔ། འབྲུ་ལྔ། དྲི་ལྔ་རྣམས་ཀྱིས་ཡོངས་སུ་གང་ཞིང་། ཡལ་ག་དང་། ལོ་མ་དང་། འབྲས་བུར་ལྡན་པའི་ཤིང་དྲི་ཞིམ་པོས་ཁ་བརྒྱན་པ། མེ་ཏོག་དང་། རིན་པོ་ཆེ་ལ་སོགས་པ་སྣ་ཚོགས་པའི་རྒྱན་གྱིས་མཛེས་པར་བརྒྱན་པ། འཁོར་ལོ་རྣམ་རྒྱལ་བུམ་པའི་དུང་ཆོས་ཀྱི་སྟེང་དུ་བཞག་པ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ། བུམ་པའི་ནང་དུ་ཤར་གྱི་ཆའི་དབུས་སུ་གདན་སེར་པོ་གྲུ་བཞི་པའི་སྟེང་དུ་པད་ཟླ་ལ། ན་མཿསཔྟཱ་ནཱཾ་སོགས། ཛི་ན་ཛིཀ྄ །བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ནས། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ལས་བུམ་དུ་པད་ཟླ་ལ། བདུད་རྩི་ཐབས་སྦྱོར་གྱི་སྔགས་བརྗོད། ཁྲོ་བོ་བདུད་རྩི་ཐབས་སྦྱོར་སྔོན་པོ། ཕྱག་བཞི་གཡས་ན་རལ་གྲི་དང་གཏུན་ཤིང་། གཡོན་ན་དགྲ་སྟྭ་དང་ཞགས་པ་བསྣམས་པའོ། །བུམ་པའི་མཚན་མ་ཡང་ལྷ་དེ་རྣམས་ཀྱི་སྐུར་གྱུར། སྤྱན་འདྲེན་མཆོད་ཡོན་སྒྲུབ་པ་ནས། ཕྱག་གི་བར་ས་བཟུང་བའི་སྐབས་བཞིན་ལས། ཁྱད་པར་འཕགས་པ་སྤྱན་རས་གཟིགས་སྤྱན་དྲངས་པའི་རྗེས་སུ། ལས་བུམ་གྱི་བདུད་རྩི་ཐབས་སྦྱོར་སྤྱན་འདྲེན་རིགས་འགྲེ་སྦྱར། མཆོད་པ་བསང་བ། གཟི་བྱིན་བསྐྱེད་པ་སོགས། མཆོད་བསྟོད། ཕྱག་རྡོར་གྱི་བསྟོད་པའི་རྗེས་སུ། ལས་བུམ་གྱི་ལྷ་ལ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། སོགས་ཤོ་ལོ་ཀ་གཅིག །གཟུངས་ཐག་བཟུང་སྟེ། འཆི་བསླུའི་སྐབས་ཀྱི་བུམ་བཟླས་ཀྱི་དམིགས་པ་གསལ་བས། གཙོ་བོའི་རྩ་སྔགས་དང་སྙིང་པོ། ལྷ་གཞན་རྣམས་ཀྱི་སྔགས། རིགས་སྤྱིའི་སྙིང་པོ་གསུམ། ལས་བུམ་ལ་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྣམས་བརྒྱ་རྩ་རེ། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཇི་སྙེད་མཆིས་པ་ཀུན། །བཅོམ་ལྡན་བུམ་པའི་ལྷ་ལ་བདག་འབུལ་ན། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། སྟོང་གསུམ་སོགས་ཚིག་གཞན་འདྲ་བ་ལ། ལྷ་རྫས་མེ་ཏོག །ལྷ་རྫས་བདུག་སྤོས། ཞེས་དང་། སྔགས་ཨ་ཧཱ་ར་སོགས་ཀྱིས་བུམ་པར་མཆོད་ཡོན་མེ་ཏོག །སྤོས་ཕུལ། བཅོམ་ལྡན་བུམ་པའི་ལྷ་ཚོགས་རྣམས་ཀྱིས་བདག་དང་རྡོ་རྗེ་སློབ་མ་རྣམས་ལ་མངོན་པར་དབང་བསྐུར་བ་དང་། དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །ཡིད་ཆེས་ཁུངས་བཙུན་ལས། བོད་ཀྱི་བླ་མ་ཁ་ཅིག་བུམ་པའི་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བའི་ཆུར་བསྒོམས་ནས་ཁྲུས་བྱེད་པར་བཞེད། སློབ་དཔོན་སངས་རྒྱས་གསང་བས་ལྷ་ཡེ་ཤེས་པ་གཤེགས་པའི་གསལ་ཁ་བྱུང་ཡང་། དམ་ཚིག་པ་ལ་དམིགས་བསལ་ཅི་ཡང་མ་བྱུང་སྟེ། རྣམ་འཇོམས་ཀྱི་དཀྱིལ་ཆོག་འགའ་ཞིག་ནས་ལྷ་ཞུ་བ་ཡང་བཤད་འདུག་པས། ཞུ་བར་བྱ་བ་ཡང་རུང་ངམ། ཡང་ན་བདག་ལ་བསྡུ་བར་བྱའོ། །ཞེས་གསུངས་པའི་ཕྱག་ལེན་ལ། སྒྲུབ་མཆོད་ཚར་དུ་བྱེད་ཀྱང་ཉིན་རེ་བཞིན་བསམ་ནས། གསོལ་གདབ་ཀྱི་བར་བུམ་པ་བསྒྲུབ། སྒྲུབ་མཆོད་རྗེས་མའི་དུས། རྡུལ་ཚོན་གཤེགས་གསོལ་གྱི་སྐབས། མདུན་བུམ་གཉིས་ཀྱི་ཡེ་ཤེས་པ་གཤེགས། རས་བྲིས་ཡིན་ན་མདུན་བསྐྱེད་ལ་བརྟན་བཞུགས་དང་། བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྣམས་རང་ལྷར་གསལ་བའི་ཐུགས་ཀར་བསྟིམ། རང་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ་སོགས་མཛད་དེ་བུམ་སྒྲུབ་བོ། །དེ་ནས་སློབ་མ་ལེགས་པར་བརྟགས་ཏེ་སྣོད་དུ་མི་རུང་བ་སྤང་ཞིང་། དཀོན་མཆོག་གསུམ་ལ་དད་པ། ཐེག་པ་ཆེན་པོ་ལ་མོས་ཤིང་གསང་སྔགས་ལ་བསྒྲུབ་བློ་དྲག་པོ་ཡོད་པ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཟུང་དུ་མ་གྱུར་པ་ནང་གཤིན་པ་རྣམས་ཁྲུས་བྱས། གོས་དཀར་པོ་གཙང་མ་བགོས་ནས་སློབ་དཔོན་ལ་ཡོན་ཕུལ། གྲལ་ལ་འཁོད་པ་ལ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱས་ཏེ། ༀ་བཛྲ་བྷཱུ་མི་ནས་ཐམས་ཅད་ཀྱིས་ཡོངས་སུ་གང་བ་འདི་ཉིད་བླ་མ་དང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐ་མི་དད་པ་ལ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཨི་དཾ་གུ་རུ་མཎྜལ་ཀཾ་ནིཪྱ་ཏ་ཡཱ་མི། ཞེས་ཕུལ། གསོལ་གདབ་སྤྱི་རྒྱུད་ན་མེད། སློབ་མ་རྣམས་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་པ་ལ། ཁ་ཅིག་གསང་སྔགས་སྒྲུབ་པའི་ཕྱིར། །དེ་ལས་གཞན་པ་བསོད་ནམས་འདོད། །གཞན་དག་འཇིག་རྟེན་ཕ་རོལ་འདོད། །འདི་ནི་དཀྱིལ་འཁོར་འཇུག་པར་བྱེད། །འཇིག་རྟེན་ཕ་རོལ་ཆེད་དུ་ནི། །དད་པ་ཆེན་པོ་སྐྱེད་བྱས་ནས། །བློ་ལྡན་དཀྱིལ་འཁོར་འཇུག་བྱའི་ཕྱིར། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །འཇིག་རྟེན་ཕ་རོལ་དོན་དུ་ནི། །སྐྱེས་བུ་ཚེ་འདིར་འབྲས་རྒྱས་པ། །དེ་ལྟར་ཚེ་འདིར་འདོད་པ་ཡི། །འཇིག་རྟེན་ཕ་རོལ་རྒྱས་མི་འགྱུར། །ཞེས་པའི་དོན་བཤད་པ་ལ་བསམ་པ་རབ་འབྲིང་ཐ་གསུམ་ལས། རབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པར་བྱའོ་སྙམ་པའི་སེམས་བསྐྱེད་ཅིག །ཅེས་གདམས་ལ། དོན་དྲན་བཞིན་པས་རྗེས་ཟློས་གྱིས་ཤིག །ཅེས་བརྗོད་ལ། སྲོག་ཆགས་དུཿཁ་ཞི་བྱའི་ཕྱིར། །ནས། བྱང་ཆུབ་བར་དུ་བདག་བརྩོན་ནོ། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ། དེ་ནས་བདུད་རྩི་ཐབས་སྦྱོར་གྱི་སྔགས་བཟླས་པའི་སྤོས་ཆུས་མགོ་ལ་གཏོར་ཞིང་། ལག་པ་བཤལ་ལ་ལན་བདུན་བཟླ། དེ་ནས་དྲི་བཟང་གི་བསྐུས་པས་ལག་པ་མགོ་ལ་བཞག་སྟེ། བྷྲཱུྂ་དང་བདུད་རྩི་ཐབས་སྦྱོར་གྱི་སྔགས་ལན་བདུན་བཟླས། དེ་ནས་ལས་ཀུན་བྱེད་པའི་སྔགས། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་སྤྱི་བོར་དགྲམ་ཞིང་བཟླ། འདི་སྤྱི་རྒྱུད་ལས། དེ་ནས་ལས་ཀུན་བྱེད་པ་ཡི། །སྔགས་ཀྱིས་སྤྱི་བོར་དགྲམ་ཞིང་བཟླས། །ཞེས་གསུངས་པས་དགོས་སམ། དོན་ཞགས་དཀྱིལ་ཆོག་དང་། སྤྱི་རྣམ་ན་མེད་པ་བརྟག །དེ་ཉིད་བཟླས་པའི་དྲིས་བསང་གཏོར་བྱ། བདུག་སྤོས་ཀྱིས་བདུག་གོ། །དེ་ནས་སློབ་མ་རྣམས་དྲིའི་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཁ་བྱང་དུ་བལྟས་ཏེ་ཐལ་མོ་སྦྱར་ནས་འཁོད་པ་ལ་ཨུ་དུམྺཱ་རའམ། ཨཤྭརྠ་རྨ་མེད་པ་ཧ་ཅང་མི་སྦོམ། ཧ་ཅང་མི་ཕྲ་བ་སོར་བཅུ་གཉིས་པ་ལ་དྲིའི་ཆུས་བཀྲུས། སྐུད་པས་དཀྲིས། བྱུག་སྤོས་ཀྱིས་བྱུགས། བདུག་པས་བདུག་ལ་ལག་པས་རེག་ནས། ༀ་ཛི་ན་ཛིཀ྄་ལན་བདུན་བཟླས་ལ་མགོ་ཞབས་མཉམ་པར་མེ་ཏོག་བཏགས་ལ་སློབ་མ་ཁ་ཤར་དུ་ཕྱོགས་པའི་མདུན་དུ་བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་སོ་ཤིང་བྱིན་ཏེ། དེས་སོ་ཤིང་གི་རྩེ་མོ་ནས་འཆོས་ཏེ་མདུན་དུ་ལྟོས་པ་མེད་པར་དོར་བས། རྩེ་མོ་བདག་ལ་བལྟ་བ་དང་། གྱེན་དུ་འགྲེང་ན་མཆོག །ཤར་དུ་བལྟ་ན་འབྲིང་། མཚམས་དང་བྱང་དུ་བལྟ་ན་འཇིག་རྟེན་པའི་དངོས་གྲུབ། མཐུར་དུ་བལྟ་ནས་འོག་གི་དངོས་གྲུབ་འགྲུབ་པར་ཤེས་པར་བྱས་ལ་འཁོད་དེ། ལས་ཐམས་ཅད་པ་བཟླས་པའི་དྲིའི་ཆུ་ཁྱོར་བར་བླུག་ལ་ལན་བདུན་བླུད། དེ་ནས་སློབ་མས་ལངས་ལ་ཕྱི་རོལ་དུ་ཁ་བཀྲུ་བར་བྱའོ། །དེ་ནས་གཞོན་ནུ་མའི་བཀལ་བའི་སྐུད་པ་ལ། ལས་ཐམས་ཅད་པ་ལན་ཉི་ཤུ་རྩ་དགུ་བཟླས་ཏེ་མདུད་པ་བོར་ལ་སློབ་མའི་དཔུང་པ་ལ་བཅིང་ངོ་། །སྤྱི་རྒྱུད་ན། བུ་མོ་གཞོན་ནུས་བཀལ་བའི་སྐུད། །བླངས་ནས་བཞི་བཅུ་རྩ་དགུ་བཟླས། །ཞེས་པ་དཔེ་གཞན་རྙེད་ན་བརྟག །དེ་ནས་ཀུ་ཤ་ཆེ་ཆུང་གཉིས་ལ་སྔགས་བཟླས་ཏེ་བྱིན། དེ་ནས་སློབ་མ་རྣམས་ལ་ཆོས་ཟབ་མོ་བཤད་པས་སྤྲོ་བ་བསྐྱེད་པར་བྱས་ཏེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ནས། དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་པའི་བར་རྣམ་སྣང་མངོན་བྱང་ལས་འབྱུང་བ་སྤྱི་འགྲོ་བཞིན་བརྗོད་དེ་དོན་བཤད་ལ། ཀུ་ཤ་བཏིང་བའི་ས་གཞི་ལ་ཁ་ཤར་དུ་ཕྱོགས་པས་ཉལ་དུ་བཅུག་སྟེ། ནངས་པར་སྔ་བར་ལངས་ནས་རྨི་ལམ་དྲིས་ལ་སངས་རྒྱས་མཐོང་བ་ལ་སོགས་པའི་རྨི་ལམ་རབ་འབྲིང་ཐ་གསུམ་མཐོང་ན་དངོས་གྲུབ་རབ་འབྲིང་ཐ་གསུམ་ལུང་བསྟན། ངན་ན་ཞི་བའི་སྦྱིན་སྲེག་གི་ཆོ་གས་བའི་མར་གྱི་བསྲེག་བླུག་བརྒྱ་རྩ་བརྒྱད་བྱིན་ལ་ཞི་བར་བྱའོ། །སློབ་མ་སྟ་གོན་ནོ། །དངོས་གཞིའི་སྐབས་དཀྱིལ་འཁོར་སྒྲུབ་མཆོད་ཡན་དཀྱུས་བཞིན་༼འདིར་བུམ་སྒྲུབ།༽ དེ་ནས། སློབ་དཔོན་བདག་འཇུག་བྱ་བ་སྤྱི་རྒྱུད་ན་མི་གསལ་ཡང་། ཆོ་ག་ཞིབ་མོར་གསུངས་པས། བླ་མའི་བྱ་བ་རྣམས་གཙོ་བོས་མཛད། ལས་ཀྱི་སློབ་དཔོན་གྱི་བྱ་བ་རྣམས་ལས་ཐམས་ཅད་ཀྱི་ཁྲོ་བོས་བྱས་པར་བསྒོམ། སློབ་མའི་བྱ་བ་རྣམས་རང་གིས་བྱས་པར་བསྒོམས་ལ། ཁྲུས། མཎྜལ། གསོལ་བ་གདབ་ཅིང་བསྲུང་བ། ཆས་སུ་ཞུགས་པ་ནས་བརྩམས་ཏེ་མཇུག་ཏུ་དམ་ཚིག་བསྒོ་བའི་བར་སློབ་མ་ལ་ཇི་ལྟར་བྱེད་པ་བཞིན་རང་གིས་བླངས་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་གསུམ་གྱིས་ཁས་བླངས། བཀའ་དྲིན་བཏང་རག་གི་མཎྜལ་དབུལ། དེང་ནས་བརྩམས་ཏེ་བདག་བྲན་སོགས་གསུམ་བརྗོད། བདག་འཇུག་གོ། །སྔར་སྟ་གོན་དུ་གནས་པའི་སློབ་མ་རྣམས་ཁྲུས་བྱས་ནང་དུ་བཅུག་ཡོན་དབུལ་གྲལ་ལ་འཁོད། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ། ༀ་བཛྲ་བྷཱུ་མི་ནས། ཐམས་ཅད་ཀྱིས་ཡོངས་སུ་གང་བ་འདི་ཉིད་བླ་མ་དང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐ་མི་དད་པ་ལ། དཀྱིལ་འཁོར་ཆེན་པོར་འཇུག་ཅིང་དབང་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཨི་དཾ་གུ་རུ་མཎྜ་ལ་ཀཾ་ནིཪྱ་ཏ་ཡཱ་མི། ཞེས་མཎྜལ་དབུལ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསང་སྔགས་སྤྱོད་པ་སྒྲུབ་པ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་རྣམ་པར་ཐར་པའི་དལ་གསང་ཆེན་དུ་ཡང་དག་པར་གཞུག་པ་དང་། ཆོས་ཀྱི་རྒྱལ་སྲིད་དང་བཅས་པའི་སངས་རྒྱས་ཉིད་དུ་ལྷག་པར་འགྱུར་བས་སློབ་དཔོན་སྤྲོ་བར་མཛོད་ཅིག །ཅེས་འཇམ་དཔལ་རྩ་རྒྱུད་ནས་འབྱུང་བ་ལན་གསུམ་གྱིས་གསོལ་བ་བཏབ་ལ། དེ་ལ་བར་ཆད་བསྲུང་བ། སྔར་སྲུང་འཁོར་དུ་བཤད་པའི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ༀ་ས་ར་ནས། བརྟན་པར་བྱིན་གྱིས་བརླབ་པར་གྱུར། ཞེས་པའི་བར་ཕྱག་རྒྱ་དང་བཅས་པ་དང་། ༀ་བཛྲ་ཨགྣེ་ནས། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ཞེས་གོ་ཆའི་སྔགས་རྒྱས་གོ་བསྐོན་ཞིང་། ལས་སྔགས་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་སྲུང་། སློབ་མ་རྣམས་ལས་བུམ་གྱིས་ཆུས་ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་བཟླ་ཞིང་བསང་། ཛི་ན་ཛིཀ྄་ཅེས་པས་མངོན་པར་བསྔགས་ནས། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། བདུད་རྩི་ཐབས་སྦྱོར་བཏབ་པའི་གདོང་གཡོགས་སྦྱིན། ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་སྟེ་མགོ་ལ་བཞག་ལ། ༀ་ཏ་ཐཱ་ག་ཏ་ཨུཏྦྷ་ཝ་ཡེ་སྭཱ་ཧཱ། ཞེས་དེ་བཞིན་བཤེགས་པ་རིགས་སྤྱིའི་སྔགས་དང་ཕྱག་རྒྱ་འཆིང་དུ་བཅུག་ལ་དེར་མེ་ཏོག་གི་ཕྲེང་བ་སྦྱིན། སྲོག་ཆགས་སྡུག་བསྔལ་ནས། བདག་བརྩོན་ནོ། །གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་སྔར་སྟ་གོན་དུ་བཤད་པ་ལྟར་བྱེད་དུ་བཅུག་ལ། ལས་ཀྱི་རྡོ་རྗེས་སྣ་ཁྲིད་དེ། བསྐོར་བ་ལན་གསུམ་བྱ། དེ་ནས་ཐལ་མོ་སྦྱར་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་བྷནྡྷ་ནཾ་ཀ་རོ་མི། ཞེས་པས་སྒོ་བཞི་ནས་རིམ་པ་བཞིན་ཕྱག་འཚལ། ཡང་ནུབ་སྒོ་ནས་ཕྱག་གསུམ་བཙལ་ལ། དེ་ནས་འཇུག་སྒོའི་བུམ་པའི་ཆུས་གཙོ་བོའི་སྙིང་པོའི་སྔགས་ལ་བཛྲ་ཨ་བྷི་ཥིཉྩ་བཏགས་པས་སྤྱི་བོ་ནས་དབང་བསྐུར་ཞིང་འཐུང་དུ་ཡང་གཞུག་སྟེ་ཕྱིའི་འཇུག་པའོ། །དེ་ནས་སློབ་མ་རྣམས། བཅོས་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ནས། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པར་གྱུར། ཞེས་གཙོ་བོར་བསྐྱེད་ལ། གཙོ་བོའི་ཕྱག་རྒྱ་ནི། ལག་པ་གཉིས་ཕན་ཚུན་ཁུ་ཚུར་བཅང་ནས། མཐེ་བོ་གཉིས་བརྟན་པར་བྱས་པ་དེའི་སྤྱི་བོར་བཞག་ལ། ན་མཿསཔྟཱ་ནཱཾ་སོགས་ལན་གསུམ་བཟླས་ལ་བདེན་པའི་སྟོབས་བརྗོད་པ་ནི། འདི་ལྟར་བདག་གི་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཙུད་ན། །ལྷ་ཡི་རིགས་ཀྱི་རིམ་པ་དག །འདི་ཡི་བསོད་ནམས་ཅི་འདྲ་ལས། །དེ་བཞིན་དུ་ནི་འབབ་བར་འགྱུར། །འདིས་ནི་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ནི་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་གྱུར། །ནུབ་སྒོ་དབྱེ། དཀྱིལ་འཁོར་དུ་ཞུགས་པར་བསམ། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་སྙིང་ཁར་ཐིམ་པས་བྱིན་གྱིས་བརླབས་པར་བསམ་སྟེ། འདི་ནི་ཆོ་ག་གཞན་ནས་བཤད་པའི་ཡེ་ཤེས་དབབ་པ་དེའི་དོད་པོ་ཡིན་པས་གལ་ཆེའོ། །ཞེས་ཡིད་ཆེས་ཁུངས་བཙུན་དུ་གསུངས། ལག་པ་ཐལ་མོ་སྦྱར་བའི་བར་དུ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་བཟུང་ལ། མེ་ཏོག་རང་གི་ལྷ་ལ་དབུལ་སྙམ་པ་བྱས་ཏེ། དཀྱིལ་འཁོར་དུ་དོར། གདོང་གཡོགས་དང་བཅས་པས་དཀྱིལ་འཁོར་དུ་ཞུགས་པའོ། །མེ་ཏོག་གང་ལ་བབས་པ་དེ་རིགས་ཀྱི་ལྷ་ཡིན་ནོ། །དེ་ནས་གདོང་གཡོགས་དཀྲོལ་ཏེ། དཀྱིལ་འཁོར་ལྟར་བཅུག་ལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་རིག་པས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཕྱིར་ནི་དམ་ཚིག་སྲུངས། །གསང་སྔགས་དག་ལའང་བརྩོན་པར་གྱིས། །ཞེས་བསྒོ། སློབ་མས་མེ་ཏོག་གིས་སྙིམ་བ་བཀང་ནས་དཀྱིལ་འཁོར་གྱི་ལྷ་ལ་བསྔོས་ནས་ཕྱག་བཙལ་ཏེ་ལན་གསུམ་གཏོར་རོ། །སློབ་དཔོན་གྱིས་མེ་ཏོག་ཕྲེང་བ་དེ་བླངས་ནས། མེ་ཏོག་གང་ལ་ཕོག་པའི་ལྷ་དེའི་སྙིང་པོའམ་སྔགས་ཀྱི་ཕྲེང་བར་བསྒོམས་ཏེ་དེ་ཉིད་བཟླས་ལ་བྱིན། དེས་ཀྱང་སྔགས་ཀྱི་ཕྲེང་བར་མོས་པས་བླངས་ཏེ་སྔགས་དེ་ལན་གསུམ་དུ་བཟླའོ། །ཞེས་བཤད་ཀྱང་དེང་སང་ཕྱག་ལེན་མེ་ཏོག་གཙོ་བོའི་དབུ་ལ་བབས་པར་མོས་འབུལ་བའི་སྟངས་ཀ་ཙམ་བྱས་ཏེ། གཙོ་བོའི་སྙིང་པོའམ་སྔགས་བཟླའོ། །དེ་ནས་སློབ་མས་དཀྱིལ་འཁོར་ལ་ཕྱག་དང་། མཆོད་པ་དབུལ། བསྐོར་བ་བྱའོ། །དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་གཞུག་པ་སྟེ་དཀྱིལ་འཁོར་དུ་ཞུགས་པའི་ཆོ་གའོ། །དབང་བསྐུར་བའི་འོས་ཡིན་ན་ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་པའི་ཀུ་ཤ་ལ་སོགས་པའི་སྟན་གསར་པ་ལ་ཁ་ནུབ་ཏུ་ཕྱོགས་པར་བཞག །ༀ་བཛྲ་ཨགྣེ་ནས། མགྲིན་པར་གོ་ཆ་བྱས་པར་གྱུར་ཞེས་པའི་སྔགས་རྒྱས་གོ་བསྐོན་ལ། སློབ་མ་རྣམས་བཅོས་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ནས། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་བཞུགས་པར་གྱུར། ཞེས་གཙོ་བོར་བསྐྱེད་པ་གསལ་བཏབ་ནས། གཙོ་བོའི་རྩ་བའི་ཕྱག་རྒྱ་སྔར་བཤད་པས་གནས་ལྔར་གཏུགས་ཏེ། དཀྱིལ་འཁོར་གྱི་ལྷའི་སྔགས་རྣམས་འདོན་ཞིང་། སྤྱི་བོར་གདུགས་དཀར་པོ་ལ་མེ་ཏོག་དཀར་པོའི་ཕྲེང་བས་བརྒྱན་ཅིང་རས་ཕྲན་དཀར་པོའི་བ་དན་དཔྱངས་པ་བཟུང་། ལེགས་པར་སྦྱར་བའི་བདུག་པ་ཁྲོ་བོའི་སྔགས་ཀྱི་བདུག །གཡས་གཡོན་གྱི་རྔ་ཡབ་དང་བསིལ་ཡབ་འཛིན་པ་དང་། སྤོས་ཕོར་ཐོགས་པས་སྤོས་དབུལ་ཞིང་། སློབ་མས་ཀྱང་ཡོན་ཕུལ་ལ། བླ་མས་དེ་ལ་སྔགས་ཀྱིས་སྐྱོན་བསལ་ལ། ཡིད་ཆེས་ཁུངས་བཙུན་དུ། སྔགས་ཀྱི་སྐྱོན་བསལ། བཀྲ་ཤིས་བྱ། ཞེས་པའི་སྐབས་སུ་སྦྱང་བ་གཅིག་ཐོབ་པ་འདྲ་སྟེ། གསལ་པོ་མ་བྱུང་བས་མ་བཀོད་དོ། །ཞེས་བྱ། ཤིས་པའི་ཆོ་ག་བྱ་བ་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ནས། བཀྲ་ཤིས་གསུམ་པ་ཡིན། ཞེས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་སྙན་པའི་གླུ་དབྱངས་བླངས། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་འདོན། དུང་དང་རྔ་བོ་ཆེ་ལ་སོགས་པའི་རོལ་མོ་བྱའོ། །བླ་མས་ཡིད་ཀྱི་དཀྱིལ་འཁོར་གྱི་ལྷ་ཀུན་ལ་གསོལ་བ་བཏབ་ནས། བུམ་པ་རང་རང་གི་སྔགས་ཀྱི་བཟླས་བརྗོད་བརྒྱར་བྱས་པ་རྣམས་ལེགས་པར་བླངས་ནས་དཀྱིལ་འཁོར་དལ་བུས་ལན་གསུམ་དུ་བསྐོར་ཞིང་། སློབ་མའི་སྤྱི་བོར་བཞག་ནས། ལྷ་སོ་སོར་སྔགས་ཀྱི་རྗེས་སུ་ཆུ་དབང་གི་སྔགས་བཏགས་པས་སྤྱི་བོ་ནས་དབང་བསྐུར་ཞིང་། ཁྲུས་བྱས་འཐུང་དུའང་གཞུག །ཐམས་ཅད་རྫོགས་པ་དང་རྣམ་རྒྱལ་བུམ་པའི་ཆུ་དང་གཙོ་བོའི་སྔགས་འདོན་ཅིང་། དབང་བསྐུར་བས་མི་མཐུན་ཕྱོགས་དྲི་མ་ཐམས་ཅད་དག །ལྷ་སོ་སོའི་ཡེ་ཤེས་ཐོབ་པའི་ས་བོན་རྒྱུད་ལ་བཞག་པར་བསམ་སྟེ་ཆུས་དབང་བསྐུར་བའོ། །དེ་ནས་དེ་བཞིན་གཤེགས་རིགས་སྤྱིའི་ཕྱག་རྒྱ་སྔར་བཤད་པ་སྤྱི་བོར་བཞག་ལ། ༀ་ཏ་ཐཱ་ག་ཏ་ཨུཏྦྷ་ཝ་ཡེ་ཨ་བྷི་ཥིཉྩ། ཞེས་རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་བཅིངས་པ་ཅོད་པན་གྱི་དབང་ངོ་། །དེ་ནས་ཆུས་བསངས་པའི་གོས་བརྗེས་ནས་ༀ་རཀྵ་རཀྵ་མཱཾ་སོགས་གོས་ཀྱིས་སྔགས་ཀྱིས་གོས་གསར་པ་བསྐོན། ཉེར་སྤྱོད་ལྔས་མཆོད། ༀ་རཀྵ་རཀྵ་མཱཾ་སོགས་གོས་ཀྱི་སྔགས་བརྗོད་དེ། ཟེའུ་ཁ་བཅིངས་པར་གྱུར། ༀ་རུ་རུ་སྥུ་རུ་སོགས་བཟླས་པའི་གཞོན་ནུ་མས་བཀལ་བའི་སྐུད་པ་གསུམ་བསྒྲིལ་མདུད་པ་གསུམ་བོར་བའི་དབུས་སུ་བོ་དྷི་ཙིའི་ཕྲེང་བ་རྡོག་གཅིག་པའི་གདུ་བུ་མཁྲིག་མ་གཡོན་པ་ལ་གདགས་པར་གྱུར་ཞེས་གདུ་བུ་གདགས། དེ་ནས་བླ་མས་དེའི་སྟེང་དུ་གདུགས་བཟུང་ལ། སློབ་མ་ཐལ་མོ་སྦྱར་ནས་དཀྱིལ་འཁོར་ལ་བསྐོར་བ་བྱེད་དུ་བཅུག་སྟེ། ནུབ་སྒོ་ནས་གདུགས་དང་བཅས་པའི་སྤྱི་བོས་བཏུད་པའི་ཕྱག་འཚལ་དུ་བཅུག་ལ། བླ་མས། སྔགས་དང་རྒྱུད་ནི་འཛིན་གྱུར་པའི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་པས་ལྷ་ལ་ཕུལ་ཏེ། དེ་ནས་གདུགས་གཞན་དུ་བཞག་ལ། སློབ་མ་ལག་པས་བླངས་ཏེ། འདི་སྐད་བསྒོ་བར་བྱ། ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་ཀུན་གྱིས་བཀུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱོས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཞེས་བསྒོས་ལ། དེ་ནས་སྦྱིན་སྲེག་བྱ་བར་བཤད་ཀྱང་དེང་སང་སྐབས་འདིར་མི་འགྲུབ་པ་མང་བས་མ་བྲིས། སློབ་དཔོན་ལ་ཡོན་འབུལ། ལས་སྔགས་གཉིས་བཟླ་ཞིང་ལས་བུམ་གྱི་ཆུས་སྤྱི་བོ་ནས་གཏོར་ནས། བདག་འཇུག་ལ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། ཞེས་དང་། གཟུངས་དང་སྙིང་པོ་རྣམས་ཀློག །སློབ་མ་ལ་དབང་བསྐུར་དུས། དཀྱིལ་འཁོར་རྟེན་དང་བརྟེན་པའི་ལྷ་ངོ་རྒྱས་པར་བསྟན། གཟུངས་དང་སྙིང་པོ་རྣམས་ཀྱང་ཀློག་ཏུ་གཞུག་གོ། །དེ་ནས་སློབ་མས་མེ་ཏོག་གིས་སྙིམ་པ་བཀང་ནས་ལྷ་ལ་དབུལ། དེ་ནས་བླ་མ་ལ་ཡོན་ཅི་དགོས་པ་དབུལ། བླ་མས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བཀླགས་ནས་དམ་ཚིག་བསྒོ་བར་བྱ་སྟེ། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་བདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །རིགས་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པས་རབ་ཏུ་བསྟེན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱའོ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱིས་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་པ་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་བརྗོད་ལ་སློབ་མས་ཀྱང་། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་དེ་རྣམས་བསྲུང་བར་ཁས་བླང་། སློབ་དཔོན་གྱིས་དེ་རྣམས་ལ་ལྷ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཤད། སློབ་མས་ལྷ་དང་བླ་མ་ལ་ཕྱག་གསུམ་གསུམ་བཙལ་ནས། ཅི་འབྱོར་པའི་ཡོན་ཕུལ་ནས། བདག་ལ་རིག་སྔགས་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ་ཅིང་། བླ་མས་ཀྱང་ལྷ་ལ་གསོལ་བ་བཏབ་ལ། ལྷ་དང་བླ་མའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་སྔགས་ཀྱི་ཕྲེང་བ་གནས་པ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་ནས། སློབ་མའི་སྙིང་ཁའི་ཟླ་བ་ལ་གནས་པར་བསམ་ལ། སློབ་དཔོན་གྱིས་རྗེས་ཟློས་བྱེད་པས། གཟུངས་དངོས་ཚར་གསུམ་དང་། གོང་འོག་གི་ལྷུག་པ་ཚར་གཅིག་བརྗོད། ལྷ་རྣམས་ཀྱི་སྙིང་པོ་ཡང་ཚར་གསུམ་གསུམ་བརྗོད། སློབ་དཔོན་གྱིས་མེ་ཏོག་དྲི་ཞིམ་པོ་ལ་དེ་རྣམས་བཟླས་ཏེ། བཅོམ་ལྡན་འདི་ལ་བསྙེན་པ་དང་། །འདི་ལ་རབ་ཏུ་འགོ་བར་མཛོད། །ཅེས་བརྗོད་ལ་སྦྱིན། སློབ་མས་ཀྱང་། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་ལ་སྤྱི་བོར་བཟུང་སྟེ། ལྷ་རྣམས་ཀྱི་སྙིང་པོ་བདུན་ལ་སོགས་བཟླའོ། །དེ་ནས་བླ་མས་དཀྱིལ་འཁོར་ཡང་རྒྱས་པར་བཤད་དོ། །དེ་ནས་སློབ་མས་ཁ་ལག་བཀྲུས་ནས་མཆོད་ཡོན། བདུག་སྤོས་ལ་སོགས་པས་མཆོད་པ་རྒྱ་ཆེན་པོ་བྱ། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ་བདག་བྲན་སོགས་ལན་གསུམ་བརྗོད། བསྔོ་བ་སྨོན་ལམ་ཤིས་བརྗོད་བྱ། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །སྤྲོ་ན། བཟླས་ལུང་ཡན་ཆད་ཚར་མཚམས་སུ། བཀྲུ་བྱབ། བསྲུང་བ། རིན་ཆེན་སྣ་བདུན། བཀྲ་ཤིས་རྫས་བརྒྱད། བཀྲ་ཤིས་རྟགས་བརྒྱད། ཤིས་བརྗོད་རྒྱས་པར་གྲུབ་ན་ལེགས་སོ། །དེ་ནས་སློབ་དཔོན་གྱིས་བཟླས་པ་ཅི་འགྲུབ་བྱ། རྗེས་ཆོག་དཀྱུས་བཞིན་ལགས། དེ་ལྟར་གསང་བ་སྤྱི་རྒྱུད་ཀྱི་དགོངས་པ་ཆོས་རྗེ་ཐམས་ཅད་མཁྱེན་པས་དོན་ཞག་དཀྱིལ་ཆོག་ཏུ་བཀྲལ་བ་གཞིར་བཞག །ཁ་འགེངས་དགོས་ཆོ་ག་ཞིབ་མོ་སོགས་ནས་ཅུང་ཟད་བསྐང་། པད་རིགས་དང་། དེ་བཞིན་གཤེགས་རིགས་ཀྱི་ཁྱད་པར་རྣམས་རྒྱུད་ཉིད་དང་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་བྱ་རྒྱུད་སྤྱི་རྣམ་གྱིས་གསལ་བར་ཕྱེས། དེ་དང་གྲུབ་མཐའ་མི་གཅིག་པ་རྣམས་མ་འདྲེས་པར་རང་ལུགས་གཙང་མར་སྦྱར་བའི་ཁུལ་ཙམ་ལགས། ནོར་འཁྲུལ་མཆིས་མོད་གུས་པས་ཐལ་སྦྱར་ཏེ། །ཀུན་མཁྱེན་བླ་མའི་སྤྱན་སྔར་མཐོལ་ཞིང་བཤགས། །རྣམ་དག་ཆོ་ག་གསལ་བར་ཕྱེས་པ་ཡི། །དགེ་ཚོགས་གང་བསྐྲུན་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པ་བདག་ཅག་ཁ་བ་ཅན་པ་རྣམས་ཀྱི་སྐྱབས་གཅིག་འཕགས་པ་ཐུགས་རྗེའི་དབང་ཕྱུག་གི་རྣམ་སྤྲུལ་འཛམ་གླིང་བསྟན་པའི་བདག་པོ་རྒྱལ་དབང་ཀུན་མཁྱེན་ཀུན་གཟིགས་ཆེན་པོའི་བཀའ་དྲིན་ཁོ་ནས་འཚོ་བའི་ཞ་ལུ་བ་བསོད་མཆོག་གིས། ཟིལ་གནོན་ཁྲུམས་ཟླའི་གཉིས་པའི་ཕྱོགས་ཀྱི་དགའ་བ་གསུམ་པ་ལ་ཞ་ལུ་བླ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་བསོད་ནམས་རིན་ཆེན་ནོ། །མངྒ་ལཾ།། །།


previousའོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ཁ་སྐོང་དབང་ཆོག་བདུད་རྩིའི་ཆུ་རྒྱུན། ཞ་ལུ་བ་བསོད་མཆོགnext