Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
གཙུག་ཏོར་དྲི་མེད་ལྷ་ལྔའི་ཆོ་ག་ཁྲིགས་ཆགས་རིན་ཆེན་བསམ་འཕེལ། སློབ་དཔོན་ལྷན་སྐྱེས་རོལ་པ།
   
   
   
   
   
   
   
   
   


 
previousགཙུག་ཏོར་དྲི་མེད་ལྷ་ལྔའི་ཆོ་ག་ཁྲིགས་ཆགས་རིན་ཆེན་བསམ་འཕེལ། སློབ་དཔོན་ལྷན་སྐྱེས་རོལ་པ།next

གཙུག་ཏོར་དྲི་མེད་ལྷ་ལྔའི་ཆོ་ག་ཁྲིགས་ཆགས་རིན་ཆེན་བསམ་འཕེལ། སློབ་དཔོན་ལྷན་སྐྱེས་རོལ་པ།

གཙུག་ཏོར་དྲི་མེད་ལྷ་ལྔའི་ཆོ་ག་ཁྲིགས་ཆགས་རིན་ཆེན་བསམ་འཕེལ་ཞེས་བྱ་བ་བཞུགས་སོ། །གཙུག་ཏོར་དྲི་མེད་ཀྱི་དཀྱིལ་ཆོག་རིན་ཆེན་བསམ་འཕེལ་ཞེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བགྲངས་ཡས་ཡོན་ཏན་གཏེར་མངའ་བཅོམ་ལྡན་གྱི། །མཐོན་མཐིང་གཡས་སུ་འཁྱིལ་བའི་གཙུག་ཏོར་ནས། །ལེགས་འཁྲུངས་དཔལ་གྱི་མགུར་ནས་བཀའ་སྩལ་པའི། །ཡིད་བཞིན་ནོར་བུའི་གཟུངས་ཆོག་འཆད་པར་སྤྲོ། །འདི་ལ་གཞུང་ནས་མཆོད་རྟེན་བརྒྱ་རྩ་བརྒྱད་དང་། ལྔ་གདབ་པའི་སྤོས་ཆུའི་དཀྱིལ་འཁོར་གཉིས་གསུངས་ལ། སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པའི་འགྲེལ་པར་དེའི་སྟེང་དུ་དཀྱིལ་འཁོར་རིགས་སོ་སོ་བའི་གསུམ། རིགས་བསྡུས་ཀྱི་ལྔ་སྟེ་བརྒྱད་གསུངས་པ་ཆོས་རྗེ་ཐམས་ཅད་མཁྱེན་པ་ཆེན་པོས་ལྷ་འབུམ་དུ་བཀྲལ་བའི་ལྷ་ལྔའི་དཀྱིལ་འཁོར་གྱི་རིམ་པ་ལ། འདིའི་དཀྱིལ་འཁོར་དུ་ཞུགས་ཤིང་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཐོབ་ལ་མ་ཉམས་པ། བསྙེན་པ་སྔོན་དུ་སོང་བའི་སློབ་དཔོན་གྱི་མདུན་དུ་སྟེགས་བུ་མཛེས་པར་རང་གཉིད་ཀྱི་གཡོན་དུ་རྡོ་རྗེ། གཡས་སུ་དྲིལ་བུ་ཞལ་རང་ལ་བསྟན་པ། རྡོ་རྗེའི་གཡོན་དུ་བསངས་ཆུ་འཐོར་ཡབ་དང་བཅས་པ། དེ་དག་གི་ཕྱིར་མཆོད་ཡོན་རང་གི་གཡོན་ནས་བརྩམ་པའི་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་བཤམ། ཆུ་གཙང་ངམ་དྲི་བཟང་དང་སྦྱར་བས་སྤྱན་སོགས་ལྷ་མོ་བཞིས་བདག་ལ་ཁྲུས་མཛད་པར་མོས་ལ། གཟུངས་ཐུང་། ༀ་ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿ སཾ་ཤྭ་དྷ་ཡ་སཾ་ཤྭ་དྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོཥྞི་ཥ་བི་མ་ལེ་བི་ཤུདྡྷེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨྂ་བྂ་སྂ་ཛ་སྭཱ་ཧཱ། ཟློས་ཤིང་ཁྲུས་བྱས། དེ་ཉིད་དམ་རྟེན་འབྲེལ་སྙིང་པོས་བྱིན་གྱིས་རླབས་པའི་གོས་གསར་གྱོན་པར་བསམ། ༀ་ཨ་མོ་གྷ་པ་རི་ཤུདྡྷེ་ཤོ་དྷ་ཡ་ས་མ་ཏེ་ནི་དྷ་རི་དྷ་རི་ཤུདྡྷེ་ཤྭ་དྷ་ཡ་མ་ཧཱ་པདྨེ་ཧཱུྃ་སྭཱ་ཧཱ། ཞེས་པ་བ་བྱུང་ལ་བཟླས་པས་གནས་ཁང་ལ་ཆག་ཆག་གདབ་པར་བསམ། ཟས་གོས་སྣོད་སྤྱད་རྣམས་ལ་གཏོར་བས་ཉེས་པ་ཀུན་སེལ་བར་བསམ། ༀ་ཤྲཱི་མ་ཧཱ་ཀཱ་རུ་ཎ་པདྨ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་བཛྲ་ཨ་དྷིཥྛ་ན་བྷཱུ་རུ་བྷ་ནཾ་དྷི་རི་སྭཱ་ཧཱ། ཞེས་ཟློས་ཤིང་དྲི་བཟང་གི་ཆུས་གཏོར་ཏེ་བྱུགས་པ་བྱས་པར་བསམ། མཆོད་པ་སོགས་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་ༀ། ༀ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ། ༀ་དཔག་ཏུ་མེད་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བྱེ་བྲག་ཇི་སྙེད་ཡོད་པ་ཐམས་ཅད་རང་བཞིན་སྟོང་པ་རྣམ་པ་མཆོད་ཡོན་སོགས་མཆོད་རྫས་སོ་སོར་སྣང་བ་ངོ་བོ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ། བླ་མ་དང་བཅོམ་ལྡན་འདས་གཙུག་ཏོར་དྲི་མ་མེད་པའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ༀ་སརྦ་བིཏྤཱུ་ར་པཱུ་ར་སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝ རྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། ༀ་བཛྲ་ཨ་རྒྷཾ་ཨཱཿཧཱུྃ། ཨརྒྷཾ་གྱི་གནས་སུ། པཱདྱཾ་ནས། ཤཔྡ་རྣམས་བཅུག་པ་ཕྱག་རྒྱ་དང་བཅས་པ་དང་། རོལ་མོའི་བར་ལ་མཆོད་སྤྲིན་གྱི་གཟུངས་བཟླ། བདག་གཞན་ཁམས་གསུམ་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ཉིད་སྐྱབས་སུ་མཆི། །བདག་གིས་བསྒོམ་བཟླས་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་སྡིག་སྒྲིབ་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་བླ་མ་དང་གཙུག་ཏོར་དྲི་མ་མེད་པའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་སེམས་ཉན་ཐོས་རང་རྒྱལ་དཔག་ཏུ་མེད་པས་བསྐོར་བ་ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་མ་ལེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། མདུན་གྱི་ནམ་མཁར་བཞུགས་པར་བསམ། དུས་གསུམ་གྱི་ནི་བླ་མ་དང་། །ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་དང་། །གཙུག་ཏོར་དྲི་མེད་ལྷ་ཚོགས་སོགས། །ཕྱག་འོས་ཀུན་ལ་ཕྱག་འཚལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་མ་ལེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱདྱཾ་ནས། ཤཔྟའི་བར་བཅུག་པ་ཕྱག་རྒྱར་བཅས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྤྱི་འགྲོས་བཞིན་ཚོགས་ཞིང་དེ་གའི་སྤྱན་ལྔར་གསོ་སྦྱོང་བླང་། ཚུལ་ཁྲིམས་རྣམ་དག་གི་གཟུངས་དང་། དྲི་མེད་གཟུངས་ཐུང་ཉེར་གཅིག་བདུན་སོགས་བཟླ། བཛྲ་མུཿས། ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཚད་མེད་བཞི་སྒོམ། ༀ་སྭ་བྷཱ་ཝ་སོགས། བདག་དང་སྣང་བ་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བ་ལ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཕྱོགས་མཚམས་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་དམར་སེར་འབར་བ་དང་བཅས་པར་གྱུར། སྲུང་འཁོར་དེའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་པཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ། དེའི་སྟེང་དུ་སུཾ་ལས་རི་རབ་གྲུ་བཞི་པ་ལྕོག་བརྒྱད་ཀྱིས་མཛེས་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་ལྟེ་བ་ལྗང་གུ། གེ་སར་སེར་པོ་འདབ་མ་ཁ་དོག་སྣ་ཚོགས་པ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། བྷྲཱུྂ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྤོས་ཀྱི་གཞལ་ཡས་ཁང་གྲུབ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དུ་དཀར་ལྗང་དམར་སེར་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་དུ་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ། དེའི་སྟེང་དུ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་མ་ཀ་རའི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་ཕྱེད་འཕྱང་བ། དེའི་སྟེང་དུ་བྱ་འདབ་ལ་འཕྱང་བའི་ཤར་བུ་དཀར་པོ། དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་རྩིག་པའི་ཕྱི་རོལ་གྱི་སྟེགས་བུ་དམར་པོ་ལ་གནས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་པ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲིས་ནས་མཛེས་པར་ཕུབ་པ། དབུས་གཙང་ཁང་ཕྱུར་བུར་གྱུར་པའི་སྟེང་དུ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པ། སྒོའི་ཐད་སོ་བཞིར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཅུ་གཅིག་དང་ལྡན་པ་ཆོས་ཀྱི་འཁོར་ལོ་གདུགས་དང་རི་དྭགས་དང་བཅས་པ། གཞན་ཡང་ཟླ་བ་རླུང་གིས་བསྐྱོད་པ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པ་རྒྱན་དུ་མས་བརྒྱན་པར་གྱུར་པའི་གཞལ་ཡས་ཁང་ཆེན་པོ་ལྷ་དང་མི་ལས་ཁྱད་པར་དུ་འཕགས་པའི་ཁང་བཟང་དྭངས་ཤིང་ཐོགས་པ་མེད་པར་གྱུར་པའི་སྟེང་གི་ཐོག་དང་། འོག་གི་ས་གཞི་ཐམས་ཅད་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ། སྒོ་བཞིར་པཾ་ལས་པདྨ་དང་། ཨ་ལས་ཟླ་བས་གདན་ཏེ་གདན་དབུས་མའི་སྟེང་དུ་རང་གི་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པ་ལས། ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཨས་མཚན་པ། དེ་ལས་འོད་འཕྲོས། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཨ་ལ་ཐིམ། འཁོར་ལོ་ཨ་དང་བཅས་པ་ལས། བཅོམ་ལྡན་འདས་ཐུབ་པའི་དབང་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཉི་མ་བྱེ་བའི་འོད་དང་མཚུངས་པ། ཞལ་བཞི་པ། ཕྱག་བརྒྱད་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཞབས་བཞི་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འགྲོ་བ་མཐའ་ཡས་པ་ལ་གཟིགས་པའི་ཐུགས་རྗེ་ཅན། དེའི་དབུའི་གཙུག་ཏོར་ནས་འོད་ཟེར་ཨ་དཀར་པོའི་རྣམ་པ་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་མི་དགེ་བའི་ཕྱོགས་ཀྱི་ནགས་ཚལ་བསྲེགས། ལས་ངན་པ་སྣ་ཚོགས་ཞི། ཉོན་སྒྲིབ་དང་ཤེས་བྱའི་སྒྲིབ་པ་དག །ཡང་དག་པའི་ལྟ་བ་རྟོགས་པར་བྱས། མ་རིག་པ་བག་ལ་ཉལ་ཐམས་ཅད་བྱང་། སྒྱུ་མ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་གཅིག་ཏུ་གྱུར་པ་ལས་བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་ལ་བཅོམ་ལྡན་འདས་མ་གཙུག་ཏོར་འབྱུང་ཁུང་གི་མཚན། རྣམ་པར་གཟིགས་མ། ཀུན་ནས་ངོ་བོ་ཉིད་ཀྱི་མཚན། སྒོར་འཇུག་མ། ཀུན་ནས་ཡོན་ཏན་གྱི་མཚན། རྣམ་པར་གཟིགས་མ། སྒྱུ་མ་རང་བཞིན་གྱི་མཚན། ཆེན་མོ། ཞགས་པ་རྟགས་ཀྱི་མཚན། ཆེན་མོ་འཆང་མ། དོན་ཡོད་པའི་ཕྲིན་ལས་ཀྱི་མཚན། དྲི་མ་དང་བྲལ་མ། ཞེས་པའི་མཚན་གྱི་རྣམ་གྲངས་ཅན་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་མ། གཡས་ན་རིན་པོ་ཆེ། གཡོན་ན་ཞགས་པ། འོག་མ་གཉིས་མདའ་གཞུ་བཀང་བ། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་དར་གྱི་ན་བཟའ་ཅན། ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ་པད་ཟླའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བྱ་བ་ལོ་ཀི་ཏེ་ས་མནྟ་མུ་ཥེ། ས་མནྟ་བྱ་བ་ལོ་ཀི་ཏེ། མ་ཧཱ་མ་ཡེ། མ་ཧཱ་བཱ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ་སྭཱ་ཧཱ། ཞེས་བརྗོད་པས་བརྟན་པར་བྱས། ཡང་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་ནས་འོད་ཟེར་ལྷ་རྣམས་རང་རང་གི་ས་བོན་གྱི་རྣམ་པར་སྤྲོས་ཏེ། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་མི་དགེ་བའི་ཕྱོགས་ཀྱི་ནགས་ཚལ་བསྲེགས། ལས་ངན་པ་སྣ་ཚོགས་ཞི། ཉོན་སྒྲིབ་དང་ཤེས་བྱའི་སྒྲིབ་པ་དག །ཡང་དག་པའི་ལྟ་བ་རྟོགས་པར་བྱས། མ་རིག་པ་བག་ལ་ཉལ་ཐམས་ཅད་བྱང་། ལྷ་སོ་སོའི་གོ་འཕང་ལ་བཀོད། ཚུར་འདུས་གཅིག་ཏུ་གྱུར་པ་ལས། བླ་ཆེན་གྲགས་རིན་པའི་དཀྱིལ་ཆོག་ན་ཤར་དུ་ཤར་སྒོར་ལྷ་འབུམ་ནས་ཤར་སྒོར། ཨཾ་ལས་ལྕགས་ཀྱུ་དཀར་པོ། གཡས་ལྕགས་ཀྱུ། གཡོན་ཕྲེང་བ། ༀ་ཨཾ་སྭཱ་ཧཱ། ལྷོ་སྒོར་པྂ་ལས་ཞགས་པ་སེར་མོ་གཡས་ཞགས་པ། གཡོན་རྔ་ཡབ། ༀ་པཾ་སྭཱ་ཧཱ། ནུབ་སྒོར་བཾ་ལས་ལྕགས་སྒྲོག་མ་དམར་པོ་གཡས་ལྕགས་སྒྲོག །གཡོན་རིལ་བ། ༀ་བཾ་སྭཱ་ཧཱ། བྱང་སྒོར་ཛཾ་ལས། འབེབས་བྱེད་མ་ལྗང་གུ། གཡས་དྲིལ་བུ། གཡོན་ཕྲེང་བ་འཆང་བ། ༀ་ཛཾ་སྭཱ་ཧཱ། ཐམས་ཅད་ཀྱང་ཞི་མ་ལྷ་འབུམ་ན་ཁྲོ་མོ། ཁྲོའི་ཉམས་ཅན་སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་ལྷ་འབུམ་ན་གཡོན་བརྐྱང་། གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པའོ། །དེ་དག་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ གོང་གི་ཚོགས་ཞིང་སྐབས་ལྟར་མཆོད། ཛཿཧཱུྃ་བྂ་ཧོཿས། གཉིས་སུ་མེད་པར་གྱུར། ལྷ་རྣམས་ཀྱི་དཔྲལ་བར་པད་ཟླ་ལ་ༀ་དཀར་པོ། མགྲིན་པར་པདྨ་དམར་པོ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ། ༀ་ཨཱཿཧཱུྃ། ལྷ་སོ་སོའི་ཐུགས་ཀར་རང་རང་གི་ས་བོན་བཀོད་པའི་འོད་ཀྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས། ༀ་བཛྲ་ཨརྒྷཾ་པདྱཾ་སོགས་མཆོད། དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཚིགས་བཅས་སྔགས་བཅས། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། ལུས་གང་། དྲི་མ་དག །ཆུ་ཡར་ལུད་པས་གཙོ་བོ་དང་ལྕགས་ཀྱུ་མ་ལ་རྣམ་སྣང་། ཞགས་པ་མ་ལ་རིན་འབྱུང་། ལྕགས་སྒྲོག་མ་ལ་འོད་དཔག་མེད། འབེབས་བྱེད་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་མཉམ་པར་བཞག་གོ། །དེ་ནས་སྔར་བཞིན་མཆོད་པ་བསང་སྦྱངས་བྱིན་བརླབ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། ཞེས་སོགས་ལྟ་བུ་ཚིགས་བཅད་དང་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། རྡོ་རྗེ་དྲིལ་སྟབས་གསུམ་བསྐོར་བཅས་པས། སེམས་ཅན་བརྩེ་མ་ལ་སོགས་པས་ཐུབ་པའི་དབང་པོར་བསྟོད་ཅིང་། དཀྱིལ་འཁོར་དབུས་སུ་ཨ་ལས་ཐུབ་པའི་སྐུ། །ཉི་འོད་ལྟར་གསལ་ངུར་སྨྲིག་གོས་མཆོག་འཆང་། །ཞལ་བཞི་ཕྱག་བརྒྱད་ཆོས་འཆད་ཞབས་བཞི་དག །སེམས་དཔའི་སྐྱིལ་ཀྲུང་བཞུགས་ལ་ཕྱག་འཚལ་བསྟོད། །གང་གི་གཙུག་ཏོར་འོད་ཕྲེང་ལས་སྐྱེས་པའི། །རིགས་བདག་ལྷ་མོ་སྒྱུ་མ་ཆེན་མོ་ནི། །རབ་དཀར་ཞལ་གཅིག་ཕྱག་བཞི་མདའ་གཞུ་དང་། །རིན་ཆེན་ཞགས་པ་འཛིན་ལ་ཕྱག་འཚལ་བསྟོད། །ཤྭ་ལོ་ཀ་འདི་བཙུན་པ་གཞན་ཕན་མཐའ་ཡས་པས་སྦྱར། ཤར་གྱི་ཕྱོགས་སུ་ཨཾ་ཡིག་ལས་སྐྱེས་པའི། །གངས་རི་ལྟར་དཀར་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་ལྕགས་ཀྱུ་གཡོན་པ་ཕྲེང་བ་འཆང་། །ལྷ་མོ་ལྕགས་ཀྱུ་མ་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ཕྱོགས་སུ་བྂ་ཡིག་ལས་སྐྱེས་པའི། །གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་ཞགས་པ་གཡོན་པ་རྔ་ཡབ་འཆང་། །ལྷ་མོ་ཞགས་པ་མ་ལ་ཕྱག་འཚལ་བསྟོད། །ནུབ་ཀྱི་ཕྱོགས་སུ་པཾ་ཡིག་ལས་སྐྱེས་པའི། །ཟངས་མདོག་ལྟར་དམར་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་ལྕགས་སྒྲོག་གཡོན་པ་རིལ་བ་འཆང་། །ལྷ་མོ་ལྕགས་སྒྲོག་མ་ལ་ཕྱག་འཚལ་བསྟོད། །བྱང་གི་ཕྱོགས་སུ་ཛཾ་ཡིག་ལས་སྐྱེས་པའི། །དུརྦའི་མདོག་མཚུངས་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་དྲིལ་བུ་གཡོན་པ་ཕྲེང་བ་འཆང་། །ལྷ་མོ་འབེབས་བྱེད་མ་ལ་ཕྱག་འཚལ་བསྟོད་པ་འདི་ཆོས་རྗེ་ནམ་མཁའ་འོད་ཟེར་གྱིས་མཛད་པ་ལགས། བསྟོད། །ཞེས་པས་བསྟོད། ལྷ་སོ་སོའི་ཐུགས་ཀར་ཟླ་བ་ལ་རང་རང་གི་ས་བོན་སྔགས་ཀྱིས་བསྐོར་བར་གྱུར། དེའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་འོད་ཟེར་གྱི་རྣམ་པར་བྱོན་ཞིང་། འཇིག་རྟེན་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་ཀྱང་བསྡུས་ཏེ་ལྷ་རྣམས་ལ་སོ་སོར་ཐིམ་པར་གྱུར། ཞེས་པའི་དམིགས་པ་ཡང་ཡང་གསལ་འདེབས་ཤིང་། ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ། ༀ་མ་ཧཱ་ཙིནྟ་མ་ཎི་ཛྭ་ལ་ན་སཱ་ག་ར་གམྦྷི་ར། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། ཨཱ་ཡུནྡྷ་ར་ཨ་ཡུནྡྷ་ར། སནྡྷ་ར་སནྡྷ་ར། ཀྵ་ཎ་ཀྵ་ཎ། ཀྵི་ཎི་ཀྵི་ཎི། ཀྵུ་ཎུ་ཀྵུ་ཎུ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡེ། ཏིཥྛ་ཏིཥྛ། མ་ཧཱ་བྷུ་བ་ན། སཱ་ག་ར། སཾ་ཤྭ་དྷ་ཡ། མཱཾ་སརྦ་སཏྭཱཥྩ། བྷ་ག་ཝ་ཏི། སརྦ་པཱ་པཾ་བི་མ་ལེ། ཛ་ཡ་ཛ་ཡ། ཛ་ཡ་ལ་བྡྷེ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། འགྲེལ་པར་འདི་ཡན་རྩ་བ་རྡོ་རྗེ་ཐུན་མོང་གི་སྔགས་སོ། །བི་ག་ཏ་ཨ་བ་ར་ཎེ། བྷ་ཡ་ཧ་ར་ཎེ། འདི་ནས་གཟུངས་ཀྱི་སྔགས། ཧཱུྃ་ཧཱུྃ་ཧཱུྃ། མྲྀ་ཏྱུ་དཎྜ་དྷ་རེ། ཨ་བྷ་ཡ་པྲ་དེ། ཨུཥྞི་ཥ་བྱ་བ་ལོ་ཀི་ཏེ། ས་མནྟ་མུ་ཁེ། ས་མནྟ་བྱ་བ་ལོ་ཀི་ཏེ། མ་ཧཱ་མཱ་ཡེ། མ་ཧཱ་པཱ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ། ཨ་ཀཪྵ་ཡ་ཨ་ཀཪྵ་ཡ། ཨཱ་ཀཌྜྷ་ཡ་ཨཱ་ཀཌྜྷ་ཡ། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། ཨིནྡྲི་ཡ་བི་ཤྭ་དྷ་ནི། བྷཱུ་ཥི་ཏ་བྷུ་ཛེ། མ་ཧཱ་མུ་དྲཱ་བི་ལོ་ཀི་ཏེ། ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། བུདྡྷེ་བུདྡྷེ། བོ་དྷ་ནི་བོ་དྷ་ནི། སཾ་བོ་དྷ་ནི་སཾ་བྷོ་ནི། ཤོ་དྷ་ནི་ཤོ་དྷ་ནི། སཾ་ཤོ་དྷ་ནི་སཾ་ཤོ་དྷ་ནི། བི་ཤོ་དྷ་ནི་བི་ཤོ་དྷ་ནི། ཧ་ར་ཧ་ར། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ཀུ་ལ་བྷུ་ཛི། ས་མ་ཡ་ཏིཥྛེ་པྲ་ས་རཾ་ཏུ་མ་མ་པུཎྱེ་བི་ན་ཤྱནྟུ་པཱ་པཾ། སརྦ་ཀིལྤི་ཥ་ཧ་རེ། མ་ཎི་བི་ཤུདྡྷེ། ཤོ་དྷ་ཡ་བི་མ་ལེ། བི་ཀ་སི་ཏ་པདྨེ། ཀ་བཱ་ཙི་ཏ་བྷུ་ཛེ། ཥཌ྄པཱ་྅྅྅ ར་མི་ཏཱ་པ་རི་པཱུ་ར་ཎི། འདི་ནས་རིགས་པའི་སྔགས་སོ། །སརྦ་ཏ་ཐཱ་ག་ཏོཥྞི་ཥ་བི་ལོ་ཀི་ཏཻ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨཱ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨ་ཡུ་རྡ་དེ་སྭཱ་ཧཱ། པུཎྱེ་ད་དེ་སྭཱ་ཧཱ། པུཎྱེ་བི་ལོ་ཀི་ཏེ་སྭཱ་ཧཱ། པུཎྱེ་ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། མྲྀ་ཏྱུ་དཎྜེ་སྭཱ་ཧཱ། ཡ་མ་དཱུ་ཏེ་སྭཱ་ཧཱ། སཾ་ཧ་ར་ཎི་སྭཱ་ཧཱ། སཾ་བྷ་ར་ཎི་སྭཱ་ཧཱ། སནྡྷ་ར་ཎི་སྭཱ་ཧཱ། པྲ་ཏི་ས་ར་ཎི་སྭཱ་ཧཱ། ཨོ་ཛོ་བ་ཏི་སྭཱ་ཧཱ། ཏེ་ཛོ་བ་ཏི་སྭཱ་ཧཱ། ཛ་ཡ་བ་ཏི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུ་དྲཱ་ཨཱ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། གཟུངས་ཐུང་ནི། ༀ་ན་མ་སྟྲཻ་ཡ་དྷྭི་ཀ་ཀ་ནི་དོན་གྱི་གཞུང་གཅིག་སྒྲུབ་པའོ། །ཞེས་འགྲེལ་པར་བཤད། ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨཱ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿ སཾ་ཤོ་དྷ་ཡ་སཾ་ཤོདྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོཥྞི་ཥ་བི་མ་ལེ་འདི་ནི་གསང་སྔགས་སོ། །སྔགས་གོང་འོག་གཉིས་འབྲེལ་བ། བི་ཤུདྡྷེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ༀ་བྂ་སཾ་ཛ་སྭཱ་ཧཱ། ཞེས་གཟུངས་རིང་ཐུང་བཟླས་པར་བྱ་སྟེ་ཐུན་མོང་པའོ། །ཐུན་མོ་མ་ཡིན་པ་ལ། བསོད་ནམས་འཕེལ་བར་འདོད་པས། སྤྱི་བོའི་སྟེང་དུ་རིན་པོ་ཆེའི་གདུགས་དཀར་པོ་ལ་སྔགས་ཀྱི་ཕྲེང་བས་བསྐོར་ནས་བཟླའོ། །སྡིག་པ་བཅོམ་པར་འདོད་པས། རང་གི་མཛོད་སྤུའི་ནང་དུ་ནོར་བུ་རིན་པོ་ཆེ་ལ་སྔགས་ཕྲེང་བཀོད་དེ་བཟླའོ། །ཉོན་མོངས་པའི་དུག་ཐམས་ཅད་འཇོམས་པར་འདོད་པས། རང་གི་སྣ་རྩེར་དཔལ་བེའུའི་རི་མོ་སྔོན་པོ་ལ་བཀོད་དེ་བཟླའོ། །ཡིད་རྣམ་པར་དག་ཅིང་དྲི་མ་དང་བྲལ་བར་འདོད་ན། སྤྱི་བོར་ཟླ་བའི་སྟེང་དུ་བུམ་པ་གང་པ་ལས་ཆུ་རྒྱུན་བྱུང་བས་ལུས་ཚིམ་པར་བསམ་སྟེ་བཟླའོ། །སྒོ་གསུམ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གང་བར་འདོད་ན། ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་བདག་གི་སྤྱི་བོ་མདོམ་གང་ཙམ་ན་བཞུགས་པར་དམིགས་ཏེ་གསོལ་བ་འདེབས་པའི་ཚུལ་དུ་བཟླའོ། །དེ་ལྟར་ཚུལ་གང་ལ་མོས་པས་དེ་དག་ཀུན་ལ་བོ་དྷི་ཙིའི་ཕྲེང་བ་བླངས་ཏེ། གཡེང་བ་དང་། རྨུགས་པ་དང་། གཞན་གྱི་གཏམ་ལ་སོགས་པས་བར་ཆད་པ་དང་། ཧ་ཅང་མྱུར་བ་དང་། ཧ་ཅང་དལ་བ་དང་། མི་གསལ་བར་དང་། འདྲེས་པ་དང་། འཁྲུགས་པ་དང་། ལྷག་པ་དང་། ཆད་པ་དང་། ང་རོ་ངན་པ་སྟེ་སྐྱོན་བཅུ་གཅིག་དང་བྲལ་བས་བཟླའོ། །བཟླས་པའི་ཕྲེང་བ་མ་རྫོགས་ཀྱི་བར་ལ་ཆུ་དང་། བཤང་བ་འདོར་བ་དང་། ཟས་ཟ་བ་དང་། འཆག་པ་དང་། ཉལ་བ་དང་། འཁྲེས་པ་དང་། ཚིག་གཞན་གྱིས་བར་ཆད་པ་ལ་སོགས་པ་སྤངས་ཏེ། སྒོ་གསུམ་གུས་པས་དགའ་བ་དང་རངས་པ འི་ཚུལ་གྱི་གསལ་ཞིང་བྱེད་པ་དང་། སྙན་པའི་གདངས་ཀྱིས་རྩེ་གཅིག་ཏུ་བཟླས་བརྗོད་བྱའོ། །རྗེས་ལ་སྨོན་ལམ་གདབ་པར་བྱ་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་འཕགས་ཚོགས་དང་། །འཇིག་རྟེན་སྐྱོང་བ་མཐུ་ཆེན་རྣམས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །མཐུ་སྟོབས་བདེན་པའི་བྱིན་བརླབས་ཀྱིས། །འཇིག་རྟེན་པ་རྣམས་བདེ་བ་དང་། །འབྱུང་པོ་ཐམས་ཅད་བདེ་བ་དང་། །ཆོས་རྣམས་དུས་སུ་སྟོན་པར་ཤོག །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་ཉན་ཐོས་རང་རྒྱལ་དང་། །འཇིག་རྟེན་སྐྱོང་བ་མཐུ་ཆེན་དང་། །སྔགས་ཀྱི་བདེན་པའི་བྱིན་བརླབས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ནད་མེད་ཚེ་རིང་དཔལ་འབྱོར་དང་། །བདེ་སྐྱིད་ཉམས་དགའ་ཐོབ་པ་དང་། །སེམས་ཀྱི་གཡེང་བ་བྲལ་ནས་ཀྱང་། །ཟབ་མོའི་ཆོས་ལ་ལོངས་སྤྱོད་ཅིང་། །གཞན་དོན་བྱེད་ལ་བརྩོན་པ་ཡི། །ཐུགས་རྗེའི་རྒྱུན་དང་མ་བྲལ་བར། །བདེ་བའི་ཞིང་མཆོག་རོལ་པར་ཤོག །ༀ་བཛྲ་མུཾཿ དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ཏེ། རང་ཐུབ་པ་ཆེན་པོར་གསལ་བ་བདག་བསྐྱེད་དོ། །དཀྱིལ་འཁོར་འབྲི་བར་བྱ་བའི་སར་གཏོར་མ་གཅིག་ཆབ་ཀྱིས་བྲན། བསང་སྦྱང་། སྟོང་པར་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ། ཡུལ་གྲོང་གནས་གཞིའི་བདག་པོ་ས་པ་རི་ཝཱ་ར་ཨ་ཀཪྵ་ཡ་ཛཿ ༀ་ཡུལ་བདག་གྲོང་བདག་གནས་བདག་གཞི་བདག་གཉུག་མར་གནས་པ་སརྦ་ས་པ་རི་ཝཱ་ར་ༀ་ཨ་ཀཱ་རོ་སོགས་ནས། ཏྭ་ཏ་ༀ་ཨཱཿཧཱུྃ། གསུམ། ༀ་བཛྲ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །གསུམ། ཨརྒྷཾ་སྭཱ་ཧཱ་སརྦ་ས་སྠཱ་ནཾ་གཙྪ། ཡང་སའི་དབུས་སུ་དྲིའི་ཐིག་ལེའམ་མེ་ཏོག་གི་ཚོམ་བུ་བཀོད་ལ། དེའི་མདུན་དུ་མཆོད་གཏོར་བཤམ། ས་གཞིའི་དབུས་སུ་པྲྀ་ལས་སའི་ལྷ་མོ་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་ན་བུམ་པ་ཐོགས་པ་རང་གི་འོད་ཀྱིས་བསྐོར་བ། ས་གཞི་ནས་པདྨ་དཀར་པོ་ཆིག་རྐྱང་གི་ནང་ནས་ལུས་ཕྱེད་བྱུང་ནས་མེ་ཏོག་ཚོམ་བུའི་སྟེང་དུ་བཞུགས་པར་གྱུར། ལག་པ་གཡས་པར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཧཱུྃ་ཧཱུྃ་དེའི་སྒྲ་དང་ཧཱུྃ་གི་འོད་ཟེར་གྱིས་ས་འོག་ནས་སའི་ལྷ་མོ་ཡེ་ཤེས་པ་བྱུང་སྟེ། ཛཿཧཱུྃ་བྂ་ཧོཿ དམ་ཚིག་པ་དང་འདྲེས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་རྣམ་སྣང་གིས་དབུ་བརྒྱན། མཆོད་པ་བསང་སྦྱངས་བྱིན་གྱིས་བརླབ། ཁྱད་པར་སའི་ལྷ་མོའི་ཁོར་བཅས་ཀྱི་སྤྱན་ལམ་དུ་ཞེས་བརྗོད། ༀ་པྲྀ་ཐི་ཝི་ས་པ་རི་ཝཱ་རི་ཨ རྒྷཾ་སོགས། གཏོར་མ་བསང་སྦྱངས་བྱིན་གྱིས་བརླབ། ༀ་པྲྀ་ཐི་ཝི་ས་པ་རི་ཝཱ་ར་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་གསུམ། རྡོར་དྲིལ་སྤོས་བཅས་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་དཔུང་། །བཅོམ་ལ་དཀྱིལ་འཁོར་བྲི་བར་བགྱི། །གསུམ། རིག་སྔགས་འཆང་བ་དཀྱིལ་འཁོར་གྱི་ལས་ཅི་བདེར་གྱིས་ཤིག །ཅེས་གསུངས་ཏེ་ས་དེ་ཉིད་དུ་ཐིམ་པར་གྱུར། ཨ་མྲྀ་ཏ་བཟླ་ཞིང་། ཡུངས་ཆུ། ཐལ་བ། བ་བྱུང་། དྲི་བཟང་རྣམས་ཀྱིས་དཀྱིལ་འཁོར་གྱི་ས་གཞི་ལ་གཡས་སུ་བསྐོར། ༀ་བཛྲ་ས་ན་བྂ་ཧཱུྃ་ཞེས་པས་ཆུ་བླངས་ཏེ། ༀ་བཛྲ་གོ་མ་ཡེ་ཧཱུྃ་ཞེས་པས་བ་བྱུང་དང་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་ས་གཞིར་བྱུགས། ༀ་བཛྲ་རེ་ཥེ་ཧཱུཾ་ཞེས་བརྗོད་ཅིང་། བ་བྱུང་དང་ཙནྡན་གྱི་ཆུས་གཡས་བསྐོར་དུ་བྱུགས། ༀ་རེ་ཥེ་སརྦ་ཏ་ཐཱ་ག་ཏ་ཨི་སྠནྟུ་སྭཱ་ཧཱ། ཞེས་ལག་པའི་རྒྱབ་ཏུ་མེ་ཏོག་བཞག་ལ། ༀ་སརྦ་བིགྷྣཱན་ཨུད་པ་ཏ་ཡ་ཧཱུྃ། ཞེས་དཀྱིལ་འཁོར་གྱི་དབུས་སུ་དོར་པས་བགེགས་བསྲུངས་ཏེ། ༀ་སརྦ་སུ་བི་ཤུདྡྷ་དྷརྨ་ཎཾ་སྭཱ་ཧཱ། ཞེས་ལག་པ་བཀྲུས་ཏེ། ༀ་ཨཱཿཧཱུྃ་ཧོ་སྭཱ་ཧཱ། ཞེས་སྤྱི་བོར་མེ་ཏོག་བཞག་ལ། བདག་ཉིད་ཀྱང་བསྲུངས་ཏེ། སའི་ཕྱོགས་འདིར་བཅོམ་ལྡན་འདས་འཕགས་པ་གཙུག་ཏོར་དྲི་མ་མེད་པའི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །གཟུངས་ལན་གསུམ་བརྗོད་པ་ནི་ས་ཆོག་གོ། །འདིར་ཞག་གིས་བར་མ་ཆོད་ན་བདག་བསྐྱེད་དང་ཐུབ་པ་ཆེན་པོར་གསལ་བ་སྔར་བཞིན། ས་ཆོག་དང་འབྲེལ་ན་ས་ཆོག་གྲུབ་མ་ཐག་དཀྱིལ་འཁོར་གྱི་སའི་དབུས་སུ་དྲིའི་ཐིག་ལེ་མེ་ཏོག་ཚོམ་བུ་མཆོད་གཏོར་བཅས་བཀོད། དེར་སའི་ལྷ་མོ་བསྐྱེད་པ་ནས་ས་དེ་ཉིད་དུ་ཐིམ་པར་གྱུར། ཞེས་པའི་བར་ས་ཆོག་གི་སྐབས་བཞིན་སའི་ལྷ་མོ་སྟ་གོན་བྱ། ལྷ་གནས་མི་འཆོལ་བའི་ཕྱིར་ཐིག་ཆེན་བརྒྱད། སྐམ་ཐིག་འདེབས་པར་གསུངས་ཀྱང་ཕྱག་ལན་ལ་སྐྱ་ཐིག་རྫོགས་པར་འདེབས་པས། དཀྱིལ་འཁོར་སྒོ་རྐྱང་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་བཅུ་གཅིག་ནང་དུ་པད་འདབ་བརྒྱད། སྣ་ཚོགས་རྡོ་རྗེ། པད་ར། རྡོ་ར། མེ་རི་དང་བཅས་པའི་ཐིག་སྤྱི་བཞིན་གདབ་པའི་དབུས་སུ་དྲིའི་ཐིག་ལེ་གྲུ་བཞི། གཞན་དུ་ཟླུམ་པོ་བྱས་པའི་སྟེང་དུ་མེ་ཏོག་ཚོམ་བུ་ལྷ་གྲངས་དང་མཉམ་པར་བཀོད། མཐར་མཆོད་པས་གྲུ་བཞིར་བསྐོར་ཏེ། བསང་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཞེས་སོགས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་པ་གཞུག །གཞན་གསུམ་བྱིན་རླབས། དབང་བསྐུར་རྒྱས་བཏབ་རྣམས་བདག་བསྐྱེད་བཞིན། མཆོད་པ་བསང་སྦྱངས་བྱིན་བརླབ། མཆོད་ཡོན་ཞབས་བསིལ་སྔོན་འགྲོའི་ཉེར་སྤྱོད་རོལ་མོར་བཅས་པ། རིན་ཆེན་བདུན། འདོད་ཡོན་ལྔ། གོས་ཟུང་བསྟོད་པ་རྣམས། སྤེལ་ལེགས་ཚིགས་ཀྱིས་མེ་ཏོག་བཀོད། སྙན་ངག་ཆུན་པོར་བསྡེབ་པས་དད་པའི་སྙིམ་པ་བཀང་ནས་མཆོད་ཅིང་། མཆོད་བསྟོད་ཚིག་རྒྱན་སྣ་ཚོགས་སྡེབ་སྦྱོར་མངོན་བརྗོད་མང་པོས་བརྒྱན་པ་གསུང་རྩོམ་བྱུང་ན་ལེགས་ཤིང་བྱིན་རླབས་ཆེ། དྲི་མ་མེད་པའི་དཀྱིལ་འཁོར་མཆོག །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། མགོན་པོ་བདག་ནི་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་ལ་མཆོད་པར་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་གསོལ། །འགྲོ་བ་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །སྔགས་ཀྱི་ལྷ་གནས་གང་ལགས་པ། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་སུ་རྡོ་རྗེ་སྤྱན་ཅན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །གཙུག་ཏོར་དྲི་མེད་དཀྱིལ་འཁོར་ནི། །འགྲོ་ལ་ཕན་ཕྱིར་བདག་འདྲི་བས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཐུགས་དཔག་མཛད་ནས་ཀྱང་། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །ཐུགས་རྗེས་དགོངས་ཏེ་ཉེ་བར་མཛོད། །ལྷ་སྟ་གོན་ནོ། ༈ །བུམ་པ་གཅིག་ནང་རྫས། མགུལ་ཆིངས་ཁ་རྒྱན་བུམ་མཚན། དུང་ཆོས་རྡོ་རྗེའི་གཟུངས་ཐག་སོགས་ཚུལ་བཞིན་བཤམ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཕྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ལ། ནང་བྷྲཱུྂ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྤོས་ཀྱི་གཞལ་ཡས་ཁང་ཞེས་སོགས་ནས། འབེབས་བྱེད་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། ལས་བུམ་བཤམས། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་པ་སོགས་སྤྱི་བཞིན་བྱ། ཞེས་པའི་བར་དང་མཆོད་བསྟོད་བདག་བསྐྱེད་བཞིན། གཟུངས་ཐག་བླངས་ནས། སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས། ལྷ་སོ་སོའི་ཐུགས་ཀར་རང་རང་གི་ས་བོན་གནས་པ་ལ་བསྐོར་བ། དེ་དག་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བྱོན་ཞིང་། འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་ཀྱང་བསྡུས་ཏེ། ལྷ་རྣམས་ལ་སོ་སོར་ཐིམ་པས། ལྷ་རྣམས་ཀྱི་སྐུ་ཡི་ཆ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བུམ་པ་གང་བར་གྱུར། གཟུངས་རིང་ཐུང་ཅི་ཙམ་ནུས་པ་བཟླ། སླར་ཡང་མཆོད་བསྟོད་འདོད་པའི་དོན་ལ་གསོལ་བ་བཏབ། བཟོད་པར་གསོལ། དུང་ཆོས་ཀྱི་མཆོད་ཡོན་ཕུལ་བས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བའི་ཆུར་གྱུར་པར་བསམ། བུམ་ཆོག་རྐྱང་པ་ཡིན་ན། འདིར་གཏོར་མ་བཏང་ཞིང་། དེའི་རྗེས་ལ་བདག་གཞན་བཀྲུ་བྱབ་སོགས་བྱའོ། །བུམ་པ་སྟ་གོན་ནོ། ༈ །སློབ་མ་རྗེས་འཛིན་ཡིན་ན་སློབ་མ་སྟ་གོན་ནི། སློབ་མ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་གྱི་ཁ་ཡར་བའམ་ངེས་པ་མེད་ཀྱང་རུང་སྟེ། དད་མེད་རྣམ་གཡེངས་ལེ་ལོ་ཅན། །བག་མེད་སེམས་རྩུ བ་སེར་སྣ་ཆེ། །གཡོ་སྒྱུ་འདོད་སྲེད་གཉིད་བསྐམ་ཆེ། །བྱས་བཟོ་སྙིང་རྗེ་ཤེས་རབ་ཆུང་། །བར་ཆད་འདི་དག་དང་ལྡན་ན། །གཟུངས་འདི་འགྲུབ་པར་མི་འགྱུར་རོ། །ཞེས་པའི་སྐྱོན་དང་བྲལ་ཞིང་། དད་ལྡན་དཔའ་བརྟན་བརྩོན་འགྲུས་ཅན། །གཏོང་ཕོད་ངག་འཇམ་བརྟུལ་ཕོད་ཆེ། །དྲང་དེས་གསལ་ལ་ཆགས་པ་ཆུང་། །བློ་ལྡན་དྲིན་བཟོ་འཚེ་བ་བྲལ། །ནད་དང་ང་རྒྱལ་ཐེ་ཚོམ་མེད། །དེས་ནི་མྱུར་དུ་འགྲུབ་པར་འགྱུར། །ཞེས་པའི་མཚན་ཉིད་དང་ལྡན་པ་ཕན་ཚུན་ནང་གཤིན་པ་རྣམས་ཁྲུས་བྱས། མཎྜལ་ཕུལ་ཏེ་མེ་ཏོག་གིས་སྙིམ་པ་བཀང་ལ་མ་ཡེངས་པར་འདུག་ཏུ་གཞུག་གོ། །དེ་ནས་རྒྱུད་སྦྱོང་བ་ནི། འཁོར་བའི་ཉེས་དམིགས་བརྗོད་ཅིང་། མྱ་ངན་ལས་འདས་པ་ལ་སྤྲོ་བ་བསྐྱེད་པ་དང་། ཐེག་པ་དམན་པའི་ཉེས་དམིགས་བརྗོད་ཅིང་། སྤྱིར་ཐེག་ཆེན་གྱི་ཕན་ཡོན། ཁྱད་པར་དུ་ཐེག་ཆེན་གསང་སྔགས་ཀྱི་ཕན་ཡོན་རྒྱ་ཆེར་བརྗོད་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུདུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཆོ་ག་འདི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་མ་ཡིན། །ཞེས་བཤད་པར་བྱའོ། །དེ་ནས་སྡིག་པ་བཤགས་པར་བྱ་སྟེ། རྗེས་སུ་ཟློས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བས། ཚེ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སོ་སོར་བཤགས་ཤིང་མི་བགྱིད་དོ། །ཞེས་ལན་གསུམ་བརྗོད། དེ་བཞིན་དུ་འོག་མ་རྣམས་ལ་ཡང་དགོངས་གསོལ་སྦྱར་ལ། རྗེས་སུ་ཡི་རང་བ་ནི། སོ་སོ་སྐྱེ་བོ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་དགའ་ཞིང་རྗེས་སུ་ཡི་རང་བར་བགྱིའོ། །ཞེས་གསུམ་བརྗོད། དེ་ནས་སྐྱབས་སུ་འགྲོ་བ་ནི། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །གཟུངས་སྔགས་དང་། གསང་སྔགས་དང་། རིག་སྔགས་དང་། ཡི་དམ་གྱི་ལྷ་དང་། བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དོ། །སྐྱབས་སུ་འགྲོ་བའི་བསླབ་བྱ་མདོར་བསྡུས་པའང་བཤད་པར་བྱའོ། །དེ་ནས་སྨོན་པའི་སེམས་བསྐྱེད་ནི། བདག་མིང་འདི་ཞེས་བགྱི་བས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིས་པ་དང་། མ་གྲོལ་བ་རྣམས་དགྲོལ་བར་བགྱི་བ་དང་། དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བར་བགྱི་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་འདའ་བར་བྱ་བའི་ཕྱིར། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཇི་ལྟར་བྱང་ཆུབ་ཆེན་པོར་སྨོན་པའི་སེམས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད། དེ་ནས་འཇུག་པའི་སེམས་བསྐྱེད་ནི། བདག་མིང་འདི་ཞེས་བགྱི་བས། འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ལ་ཇི་ལྟར་བསླབ་པར་གྱུར་བ་དང་། མ་བྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ་པར་འགྱུར་བ་དང་། ད་ལྟར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ་པ་དེ་བཞིན་དུ། བདག་གིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ་པར་བྱ་བ་ལ་བསླབ་པར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ། །སེམས་བསྐྱེད་ཀྱི་བསླབ་བྱ་མདོར་བསྡུས་པའང་བཤད་པར་བྱའོ། །དེ་ནས། འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད་ལ། བདག་གིས་གཟུངས་བཟླས་ཤིང་སྙིང་ཁའི་ས་བོན་གྱི་འོད་ཀྱིས་སློབ་མའི་སྡིག་སྒྲིབ་ཐམས་ཅད་དག་ཅིང་བར་ཆད་ཞི་ནས་སྐད་ཅིག་གིས་ལྷར་གྱུར་པར་བསམ་ལ། ལས་ཐམས་ཅད་པའི་ཆུས་གཏོར་ཞིང་། རིགས་ཀྱི་ཁྲོ་བོའི་སྔགས་བརྗོད་ལ་བསྲུང་ངོ་། །དེ་དག་ཀྱང་གསང་བ་སྤྱི་རྒྱུད་ལས། དང་པོ་གསུམ་ལ་སྐྱབས་སུ་བཏང་། །དེ་ནས་བླ་མས་བྱང་ཆུབ་སེམས། །མ་བསྐྱེད་པ་རྣམས་བསྐྱེད་པར་བྱ། །བསྐྱེད་པ་དག་ཀྱང་དྲན་དུ་གཞུག །དེ་ནས་ལས་ཀུན་བྱེད་པ་ཡི། །སྔགས་ཀྱིས་སྤྱི་བོར་བྲབ་ཅིང་བཟླས། །ཞེས་པའི་དོན་ཡིན་ནོ། །འདིར་དེ་ཙམ་ལས་མེད་ཀྱང་། སྤྱི་རྒྱུད་དང་། རྗེ་བཙུན་ཆེན་པོས། རིགས་གསུམ་སྤྱིའི་རིག་གཏད་ལ་སོགས་ལས་ཀྱང་བཤད་པས། སོ་ཤིང་དང་། སྲུང་སྐུད་དང་། ཁྱོར་ཆུ་དང་། ཀུ་ཤ་དང་། ཆོས་བཤད་པ་དང་། རྨི་ལམ་བརྟག་པ་རྣམས་ཀྱང་གཞན་ནས་འབྱུང་བ་ལྟར་བྱས་ལ། སློབ་མ་རྣམས་གྱེས་ཏེ། ལྷ་ལ་མཆོད་ཅིང་བསྟོད་ལ་དངོས་གྲུབ་གྱི་དོན་དུ་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ་ཏེ། ༀ་བཛྲ་བེ་གཱ་ཀྲ་མ་ཧོཿ ཞེས་བརྗོད་དེ་ཡིད་ཀྱིས་དཀྱིལ་འཁོར་ནམ་མཁར་བཏེགས་ལ། བདག་ཉིད་བསྲུང་སྟེ་བུམ་པ་ཡང་དབེན་པར་བཞག་ནས་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ནས་ཚོན་དཀར་པོ་ལ་ༀ། སེར་པོ་ལ་ཨཱྂཿ དམར་པོ་ལ་བྂ། ལྗང་གུ་ལ་པཾ། ནག་པོ་ལ་ཛཿ སྔོན་པོ་ལ་ཧཱུྃ་བྲིས་པའི་སྟེང་དུ་དེ་དག་དང་མཐུན་པའི་ཡེ་ཐིག་སོ་སོར་བཞག །ཕྱོགས་མ་འཆོལ་བར་མཆོད་པ་དང་བཅས་བཀོད། བསང་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ། ༀ་ཨཱྃཿབྂ་པཾ་ཛཿཧཱུྃ་རྣམས་ཞུ་བ་ལས་ཐིག་ཚོན་དཀར་པོ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། སེར་པོ་རིན་འབྱུང་སེར་པོ་མཆོག་སྦྱིན་དང་མཉམ་གཞག །དམར་པོ་སྣང་མཐའ་དམར་པོ་མཉམ་གཞག །ལྗང་གུ་དོན་གྲུབ་ལྗང་གུ་གཡས་སྐྱབས་སྦྱིན་གཡོན་མཉམ་གཞག ནག་པོ་རྡོ་རྗེ་སེམས་དཔའ་ནག་པོ་དང་། སྔོན་པོ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་གཡོན་མཉམ་གཞག །རང་གི་མིག་གཉིས་ཉི་མ་དང་ཟླ་བ་སེར་པོ། ༀ་དི་སྟ་དྲིཥྚི་ཨངྐུ་ཤ་ཛཿ འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བསྟིམ། ༀ་བཛྲ་ཨརྒྷཾ་སོགས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་རིགས་ལྔ་དང་། སེམས་ཅན་ཐམས་ཅད་སྒྲོལ་བའི་ཕྱིར། །སེམས་ཅན་རྣམས་ལ་ཆགས་པ་སྟེ། །དེ་ནི་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །ཞེས་རྡོར་སེམས་ལ་བསྟོད། ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐིག་ཚོན་དུ་གྱུར། ཐིག་སྐུད་སྒྲིལ་ཞིང་། ༀ་ཨནྱོ་ནྱ་ཨ་ནུ་ག་ཏེཿ སརྦ་དྷརྨཱ་པ་རསྶ་ར་ཨ་ནུ་ས་བིཥྚ། སརྦ་དྷརྨཱ། ཨདྱནྟ། ཨ་ནུ་པྲ་བིཥྚ། སརྦ་དྷརྨཱ་ཧཱུྃ། གསུམ། ཚོན་མཉེད་པའི་ཕྱག་རྒྱས་མཉེ་ཞིང་། གཟུངས་ཐུང་བརྒྱ་རྩ་བརྒྱད་བཟླའོ། །ཚོན་སོ་སོར་ཧྲཱིཿརེ་བྲིས། རྡོ་རྗེ་མེའི་ཕྱག་རྒྱ་དང་། འབར་བའི་ལྟ་བས། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་། དེ་བཞིན་གཤེགས་པ་རྣམས་སེམས་ཅན་ལ་རྗེས་སུ་ཆགས་པར་གྱུར་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག །དེ་དག་འཁོར་ལོ། རྡོ་རྗེ། རིན་པོ་ཆེ། པདྨ། རྡོ་རྗེར་གྱུར། དེ་ནས་སློབ་དཔོན་ནུབ་དང་གྲོགས་ཤར་དུ་གནས་པས་ཛཿཞེས་ཐིག་སྣ་སློབ་དཔོན་གྱི་ལག་གཡས་ཀྱིས་གཏད། གྲོགས་ཀྱི་གཡོན་པས་དྲངས་ཤིང་། ཛཿཛཿཛཿ ཞེས་བརྗོད། དེ་ཡང་། ནུབ་དང་ལྷོར་གནས་ཚངས་ཐིག་གཉིས། །མེ་རླུང་དེ་ཉིད་མེར་གནས་པས། །ཤར་ནུབ་བྱང་ལྷོའི་རྩ་ཐིག་གདབ། །དེ་ཉིད་དུ་ནི་བདེན་བྲལ་དུ། །གཉིས་པ་ཟུར་ཐིག་གཉིས་པོ་གདབ། །སློབ་དཔོན་འདུག་སའི་དབང་དུ་ུབྱས། །སློབ་མ་དེ་ལས་ལྡོག་པའོ། །ཞེས་གསུངས་པ་ལྟར་དང་པོར་ནམ་མཁའ་ལ་སེ་གོལ་གྱི་སྒྲ་དང་བཅས་པས་གཅུས་ཐིག་གདབ། དེ་ནས་ས་ལ་གདབ་ཅིང་། སེམས་ཅན་དོན་དུ་ུདུས་ཡིན་གྱི། །དེ་ཕྱིར་ཁྱེད་རྣམས་འདིར་སྤྱོན་ཅིག །ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད། བཏབ་ཚར་ནས་ཉེར་སྤྱོད་ཀྱིས་མཆོད། ༀ་བཛྲ་མུཿ ཐིག་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། ༀ་བཛྲ་བེ་ག་ཨ་ཀྲ་མ་ཧཱུྃ། ཞེས་ནུབ་ནས་དཀྱིལ་འཁོར་དབུས་སུ་ཕྱིན། ཀྲོ་དྷ་དྲྀཥྚ་ཧྲཱིཿ སྔགས་དེ་གསུམ་གསུམ་གྱིས་སྒོ་བཞིའི་ནང་གི་རྩ་ཐིག་དྲིའི་ཆུ་ཕྱག་རྒྱ་དང་བཅས་པས་དབྱེ། རང་གི་མིག་ལས་རྡོ་རྗེ་འཕྲོས་པས་ཐར་པའི་སྒོའི་བར་ཆད་ཐམས་ཅད་བཅོམ་པར་གྱུར། བེ་ག་བརྗོད་ནས་ཤར་ནས་ཕྱིན་ཐོན། ཚོན་པྲ་བརྟག་པ་སོགས་ཕྱག་ལེན་ལ་མི་མཛད། ཡེ་དྷརྨཱའི་སྔགས་བརྗོད་ལ་བྲི་བར་བྱ་སྟེ། དེ་ཡང་། དབུས་ཀྱི་པདྨའི་ལྟེ་བ་དཀར། ཕྱོགས་བཞི་དམར། མེ་རླུང་སེར། སྲིན་པོ་ལྗང་། དབང་ལྡན་སྔོ། ཕྱོགས་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། གཞན་རྣམས་སྤྱི་དང་མཐུན་པར་བྲི་སྟེ། འོན་ཀྱང་རྡོ་རྗེ་སྔོན་པོ་དང་མེ་རི་དམར་སེར་དུ་བཤད། བྲིས་ཚར་ནས། ཚོན་ལྷག་གི་ཡེ་ཤེས་པ་ཐིག་སྐུད་བཞིན་གཤེགས། དམ་ཚིག་པ་བསྡུ། ༈ སྟེང་དུ་བླ་རེ་སྔོན་པོ་བྲེས། ཡོལ་བ་དམར་པོ། བྲིས་སྐུ་སོགས་བ་དན་ཁ་དོག་ཐ་དད་པ་ཉི་ཤུ་རྩ་བཞི། རྔ་ཡབ། གཡེར་ཁའི་ཕྲེང་བ། མདའ། གྲི། ཚོན་སྐུད་ཀྱི་དྲ་བ་དང་གུར། མེ་ལོང་རྣམས་བརྒྱད་བརྒྱད་དང་། རྨ་བྱའི་སྒྲོའི་ཆུན་པོ་བརྒྱད་ཀྱང་དཔྱང་བར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་མཉྫའི་སྟེང་དུ་རྣམ་རྒྱལ་གྱི་བུམ་པ་བཞག །དེའི་སྟེང་དུང་ཆོས་ཀྱི་ཆུ་དང་། རྡོ་རྗེ་ལ་མེ་ཏོག་ལྕུག་མ་བཏགས་པ་བཞག །དཀྱིལ་འཁོར་གྱི་ཕྱིའི་ས་གཞི་མཆོད་པའི་སྣམ་བུ་ལ་བ་བྱུང་དང་དྲི་བཟང་བྱུགས། དེའི་སྟེང་དུ་མཆོད་པའི་རིམ་པ་ནི་བརྒྱ་རྩ་བརྒྱད་དམ། ལྷ་གྲངས་དང་མཉམ་པའམ། ཕྱོགས་བཞི་ནས་ཆ་ཚང་བ་རེ་རེ་ངེས་པར་བཤམ་པར་བྱ་སྟེ། དེ་ཡང་མཆོད་ཡོན་ཆུ་གཙང་མ་ལ། ནས། འོ་མ། མེ་ཏོག །ཏིལ་ནག །ཀུ་ཤ །འབྲས་ཡོས། དྲི་བཟང་སྟེ་རྫས་བདུན་དང་ལྡན་པ། མེ་ཏོག་ཁ་དོག་དབྱིབས་ལེགས། སྤོས་ནི་བྱང་ཤར་དུ་དུ་རུཥྐ། ཤར་ལྷོར་ཨ་ཀ་རུ། ལྷོ་ནུབ་ཏུ་ཙནྡན། ནུབ་བྱང་གི་གྲྭར་གུ་གུལ་རྣམས་སྤོས་ཕོར་མཛེས་པར་རྒྱུན་མ་ཆད་པར་བཏུལ། མར་དཀར་གྱི་མར་མེ། དྲི་བཟང་གི་བྱུག་པ། དཀར་གསུམ་གྱིས་བརྒྱན་པའི་ཞལ་ཟས་དང་གཏོར་མ། རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་རྣམས་བཤམ་པར་བྱ་སྟེ། ༀ་བཛྲ་སྥ་ར་ཎ་ཁྂ། ཞེས་བརྗོད་ལ་དྭངས་ཤིང་ཐོགས་པ་མེད་པར་བསམ་མོ། །ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་རྨ་བྱ་ཆེན་མོ། བྱང་དུ་གསེར་འོད་དམ་པ་རྣམས་ཀློག་པར་གསུངས་སོ། ༈ །ཉི་མ་དེ་ཉིད་ཀྱི་སྔ་དྲོ་བདག་བསྐྱེད་བསྒོམ་པ་ཡིན་ན། དེ་ཉིད་ཀྱི་རྒྱུན་ལ་གནས་པའམ། ཞག་གིས་ཆོད་ན། སང་སྔ་དྲོ་ཁྲུས་བྱས་ནས་བཟླས་པའི་བར་བདག་བསྐྱེད། བདེ་བའི་ཞིང་ཆོག་རོལ་པར་ཤོག །ཅེས་པའི་བར། མདུན་གྱི་དཀྱིལ་འཁོར། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཞེས་པ་ནས། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པའོ། །ནམ་མཁའི་སྟ་གོན་གྱི་ལྷ་ལ་ཉེར་སྤྱོད་ཀྱིས་མཆོད། ཛཿཧཱུྃ་བྂ་ཧོཿས། ནམ་མཁར་བཞུགས་པའི་སྟ་གོན་གྱི་དཀྱིལ་འཁོར་མདུན་བསྐྱེད་ལ་ཐིམ་པར་གྱུར། རྡོར་དྲིལ་སྤོས་བཅས་འཛིན་པས། མ་ལུས་སེམས་ཅན་སོགས་སྤྱན་འདྲེན། བྱོན་ལེགས། ཁྲུས་གསོལ། གདན་འབུལ་རྣམས་སྤྱི་འགྲོ་བཞིན། ཚོགས་ཞིང་གི་སྐབས་ལྟར་མཆོད། བསྟོད་པས་བསྟོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར་རྒྱས་གདབ་བདག་བསྐྱེད་བཞིན། བདག་བསྐྱེད་ཡེ་ཤེས་པའང་བྱུང་ནས། ས་ལུགས་ཀྱི་དབང་དུ་མཛད་པ་འདྲ། མདུན་བསྐྱེད་ལ་ཐིམ་པར་གྱུར་ཏེ། རྗེ་དཔོན་གྱི་ཚུལ་དུ་མཆོད་པར་བྱ་སྟེ། མཆོད་པ་བྱིན་བརླབ། ནམ་མཁར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ༀ་ཡིག་ལས་སྤྲུལ་པའི་ལྷ་མོའི་ཚོགས་ཀྱིས་མཆོད་པར་གྱུར། མཆོད་བསྟོད་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ། རིན་ཆེན་བདུན། འདོད་ཡོན་ལྔ། གོས་ཟུང་རྣམས་ཀྱིས། ལྷ་སྟ་གོན་བཞིན། ལྷ་རྣམས་ཀྱི་དཔྲལ་བར་པད་ཟླའི་སྟེང་དུ། བྷྲཱུྂ་ལས་རིན་པོ་ཆེའི་མཆོད་རྟེན་དཀར་པོ་སྒོ་གཅིག་པའི་ནང་དུ་པད་ཟླའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ༀ། རྩིབས་རྣམས་ལ་མཚམས་བཞིར་ཨཾ་བཾ་པཾ་ཛཾ། ཕྱོགས་བཞིར་ཧཱུྃ་བཞི་སྟེ་ཡི་གེ་དགུ་པོ་རེ་རེ་ལ་གསང་སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་བར་གྱུར། ཞེས་གཟུངས་རིང་ཐུང་སྦྲེལ་བར་བཟླ། ལྷ་རྣམས་ཀྱི་མགྲིན་པར་པད་ཟླ་ལ་རིན་པོ་ཆེ་ཆ་གསུམ་པའི་དབུས་སུ་ཨ་ལས་ཟླ་བ་དང་། ཨཾ་ལས་ཉི་མའི་བར་དུ་ཨ་དང་། ཨཾ་ལ་ཕྱོགས་བཞིར་ཧཱུྃ་བཞི་དང་། མཚམས་བཞིར་ཨཾ་བཾ་པཾ་ཛཾཿརྣམས་ཀྱིས་བསྐོར་ཏེ། དེ་རེ་རེ་ལ་ཡང་སོ་སོར་གཟུངས་སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་བར་གྱུར། ཞེས་གཟུངས་རིང་ཐུང་སྦྲེལ་བར་ཟླ། ལྷ་རྣམས་ཀྱི་ཐུགས་ཀར་པད་ཟླའི་སྟེང་དུ། མཆོད་རྟེན་དཀར་པོ་སྒོ་གཅིག་པའི་ནང་དུ། པད་ཟླ་ལ་འཁོར་ལོ་དཀར་པོ་རྩིབས་བཞི་པའི་སྟེང་དུ། རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུྃ། འཁོར་ལོའི་རྩིབས་ལ། ཨཾ་བཾ་པཾ་ཛཾཿ དེ་རེ་རེ་ལ་རིགས་སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་བར་གྱུར། ཞེས་གཟུངས་རིང་ཐུང་སྦྲེལ་བ་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས་གཏོར་མ་བསངས་སྦྱངས་བྱིན་གྱིས་བརླབ་ནས་གཟུངས་ཐུང་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ཞེས་སོགས་བཏགས་པ་དཀྱིལ་འཁོར་པ་རྣམས་ལ་དབུལ། དེ་ནས་རང་གི་ཆོས་སྐྱོང་དང་གཞི་བདག་ལ་འབུལ་ལོ། །དེ་ནས་ཕྱི་རོལ་དུ་སོང་སྟེ། ཤར་དུ་གཏོར་མ་ཤ་ཆང་སྒོག་བཙོང་ལ་ཕུག་རྣམས་ཀྱིས་བརྒྱན་པ་བཤམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་སྦྱངས། རྡོ་རྗེ་མེའི་སྔགས་རྒྱས་གཟི་བྱིན་བསྐྱེད། རྡོ་རྗེ་བསྡམས་པ་དང་། ཨ་ཀཱ་རོས་སྤེལ། མགྲོན་སྤྱན་དྲང་བ་ནི། འབྱུང་པོའི་བདག་པོ་དབང་ལྡན་དང་། །ལོག་འདྲེན་སྣ་ཡོན་མདུང་ཐུང་དང་། །གཤོལ་མདའ་ཅན་དང་གཏུན་ཤིང་དང་། །འཁྲུགས་བྱེད་རྣམ་དག་ཡང་དག་འགུགས། །འབྱུང་པོ་འཁོར་ལོ་ཅན་ལ་སོགས། །མཆོད་གཏོར་གནས་འདིར་གཤེགས་སུ་གསོལ། །ༀ་བྷུ་ཏ་ཡེ་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་སྤྱན་དྲངས། གདན་ཕུལ་ནས། ས་པ་རི་ཝཱ་རའི་རྗེས་སུ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བཏགས་ལ། ལན་གསུམ་མམ་བདུན་ལ་སོགས་པས་ཕུལ། མཆོད་པས་མཆོད། འབྱུང་པོའི་བདག་པོ་དབང་ལྡན་དང་། །ལོག་འདྲེན་སྣ་ཡོན་མདུང་ཐུང་དང་། །གཤོལ་མདའ་ཅན་དང་གཏུན་ཤིང་དང་། །འཁྲུགས་བྱེད་རྣམ་དག་ཡང་དག་འགུགས། །འབྱུང་པོ་འཁོར་ལོ་ཅན་ལ་སོགས། །འབྱུང་པོ་འཁོར་དང་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སོ་སོར་གཏོར་མ་འབུལ་བ་ནི། །རབ་ཏུ་དགྱེས་པའི་ཡིད་ཀྱིས་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང་། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ཐམས་ཅད་དུ། །ཕྲེང་བ་མེ་ཏོག་དྲི་དང་བྱུགས་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་གྱི། །འདི་དག་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་དང་། གཟུངས་ཐུང་ཚར་གཅིག་བརྗོད་ལ། ཚངས་པ་བརྒྱ་བྱིན་དབང་ཕྱུག་ཆེ། །ཁྱབ་འཇུག་ལྷ་ཀླུ་གནོད་སྦྱིན་སོགས། །དེད་དཔོན་བརྒྱད་པོ་འཁོར་དང་བཅས། །འཕྲོག་མ་བུ་དང་བཅས་རྣམས་དང་། །འབྱུང་པོའི་ཚོགས་རྣམས་ཀུན་ཉོན་ཅིག །ཕྱོགས་སྐྱོང་། ཀླུ་ཡི། མ་མོའི། བདག་གིས་ཁྲུས་དང་མེ་ཏོག་དང་། །སྤོས་དང་མར་མེ་བྱུགས་པ་དང་། །ཞལ་ཟས་སྣ་ཚོགས་ཁྱེད་ལ་འབུལ། །ཁྱེད་ཀྱི་དཔལ་དང་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ནི། །ནད་དང་གནོད་པ་བསལ་ནས་ཀྱང་། །ཆེ་གེ་མོ་ལ་བཀྲ་ཤིས་མཛོད། །ཤར་ཕྱོགས་སུ་བདག་དང་སེམས་ཅན་ཐམས་ཅད་ལ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཞེས་བརྗོད་ལ་གཏོར་མ་བཏང་། སྔགས་ཀྱི་མཇུག་ཏུ་གཙྪ་ཞེས་བརྗོད་དེ་མགྲོན་གཤེགས་སུ་གསོལ། དེ་བཞིན་དུ་ལྷོ་ཕྱོགས་སུ་གཏོར་མ་ཞག་དང་ཤ་ཁྲག་གིས་བརྒྱན་པར་བཤམས་ཏེ། མ་མོ་ཆེན་མོ་འཛིན་མ་དང་། །རྡོ་རྗེ་གཞོན་ནུ་ལུ་གུ་རྒྱུད། །པདྨའི་མིག་དང་རིགས་གསེར་ཕྲེང་། །རྡོ་རྗེ་ཤུགས་ལྡན་མདངས་ལྡན་མ། །རྡོ་རྗེ་པདྨ་འོད་ཕྲེང་མ། །མ་མོའི་གདོན་ཚོགས་ཐམས་ཅད་ཀུན། །མཆོད་གཏོར་གནས་འདིར་གཤེགས་སུ་གསོལ། །ༀ་མ་ཏྲི་ག་ནི་བྷྱཿ ས་པ་རི་ཝཱ་རི་ཨེ་ཧྱ་ཧི། པདྨ་ཀ་མ་ལ་ཡ་སྟྭཾ། སྔགས་ལ་ནམ་མཁའ་མཛོད་བཏགས་ལ་གཏོང་མ་དབུལ། ཚིགས་བཅད་སོགས་གཞན་ཐམས་ཅད་སྔར་དང་ཚུལ་འདྲ་བ་ལ། འབྱུང་པོའི་ཚོགས་རྣམས་ཀུན་ཉོན་ཅིག །ཅེས་པའི་གནས་སུ། མ་མོའི་ཚོགས་རྣམས་ཀུན་ཉོན་ཅིག །ཅེས་བྱའོ། །དེ་ནས་ནུབ་ཕྱོགས་སུ་གཏོར་མ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཤམས་ཏེ། ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །མཐའ་ཡས་འཇོག་པོ་སྟོབས་ཀྱི་རྒྱུ། །རིགས་ལྡན་དུང་སྐྱོང་པདྨ་དང་། །ཆུ་ལྷ་ནོར་རྒྱས་ལ་སོགས་པ། །ཀླུ་ཆེན་འཁོར་དང་བཅས་པ་རྣམས། །མཆོད་གཏོར་གནས་འདིར་གཤེགས་སུ་གསོལ། ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། པདྨ་ཀ་མ་ལ་ཡ་སྟྭཾ། སྔར་བཞིན་གཏོར་མ་འབུལ། གཞན་ཐམས་ཅད་སྔར་དང་ཚུལ་འདྲ་བ་ལ། ཀླུ་ཡི་ཚོགས་རྣམས་ཀུན་ཉོན་ཅིག །ཅེས་བྱའོ། །དེ་ནས་བྱང་ཕྱོགས་སུ་གཏོར་མ་དཀར་གསུམ་གྱིས་བརྒྱན་པར་བཤམས་ཏེ། །ཕྱོགས་སྐྱོང་བཅུ་ལ་ཆ་གསུམ་ལྟར་བཏང་ཞིང་། གཟུངས་འདོན་པ་ནས་མཇུག་གི་ཚིགས་བཅད་བརྗོད་ལ། གཏོར་མ་དོར། གཤེགས་སུ་གསོལ། ཉེ་རེག་བྱས་ལ་ནང་དུ་འོངས་ཏེ། རོལ་མོའི་ཚོགས་དུ་མ་དཀྲོལ་ལ་དཀྱིལ་འཁོར་ལ་བསྐོར་བ་བྱ་ཞིང་བཀྲ་ཤིས་ཀྱི་གླུ་དུ་མ་དང་སྨོན་ལམ་དུ་མ་བརྗོད་པ་ནི། རྨི་ངན་འཇིགས་དང་སྡིག་པ་ཐམས་ཅད་ཞི་བྱེད་པ་འདི་ནས། འགྲོ་བ་རྣམས་སུ་བྱང་ཆུབ་སྤྱོད་པར་ཤོག །ཅེས་པའི་བར་ཤིས་བརྗོད་རྣམས་འགྲེལ་ཚིག །ཚེ་དང་འབྱོར་དང་སྟོབས་དང་བདེ་བ་རྣམས་འཕེལ་བ། །ཁྱེད་ཀྱི་བཀྲ་ཤིས་ཐམས་ཅད་འགྲུབ་པར་བྱེད་འདི་དག །རབ་ཏུ་བརྗོད་ཀྱིས་དེ་ཕྱིར་མི་རྣམས་བསྒྲིམས་ཏེ་ཉོན། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྟར། །ཟླ་བ་ཉ་བའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པའི། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམས་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་གང་ཡིན་དང་། །དགེ་མཉམ་བསམ་སེམས་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང་། །ཡང་དག་སྦྱིན་མཛད་འགྲོ་བའི་དོན་ལ་མི་བསླུ་བའི། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར༴ བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་པ། །ཚེ་གྲངས་མེད་པར་བྱིན་གྱིས་རློབས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར༴ སེམས་ཅན་རྣམས་ཀྱི་དོན་ལ་ཐུགས་ནི་རབ་ཏུ་དགོངས་མཛད་དེ། །འགྲོ་བ་མཐའ་དག་འཆིང་བས་བཅིངས་ལས་གྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར༴ སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །གསེར་གྱི་མདོག་ཅན་འགྲོ་བའི་རྩ་ལག་གཅིག་པུ་དང་། །ཆོས་དང་དགེ་འདུན་ལྷ་དང་ལྷ་མིན་གྱིས་བསྟོད་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བདུད་སྟོབས་རབ་ཏུ་འཇོམས་པའི་བཀྲ་ཤིས་གང་ཡིན་དང་། །རྣམ་པར་སྣང་མཛད་ཐམས་ཅད་སྐྱོབས་དང་རྣམ་གཟིགས་དང་། །ཀུན་ཏུ་མཆོད་ཅིང་རྒྱས་པར་གྱུར་པ་གཟི་བརྗིད་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །པདྨའི་བླ་དང་ཤཱཀྱ་ཐུབ་དང་ཐུབ་ཆེན་དང་། །ཡེ་ཤེས་དབང་ཕྱུག་སྤྱན་ལེགས་པ་དང་ཟླ་ཞལ་དང་། །འབྲུག་གི་སྒྲ་དང་རྔ་སྒྲ་ལྟ་བུར་དབྱངས་སྙན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འོད་ཟེར་རྒྱལ་མཚན་དང་ནི་གསེར་ཐུབ་འོད་སྲུང་དང་། །མར་མེ་མཛད་དང་ཤིན་ཏུ་བརྗིད་པར་གཤེགས་པ་དང་། །འདྲེན་པ་གཙུག་ཏོར་ཅན་དང་འོད་ཏོག་དཔག་མེད་འོད། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ པདྨ་མཛེས་དང་ཡེ་ཤེས་སྟོབས་དང་ཟླ་འོད་དང་། །ཉི་མའི་ཞལ་དང་དགྲ་ལས་རྒྱལ་དང་རྒྱལ་བལྟམས་དང་། །ཡོན་ཏན་འབྱུང་གནས་དཔལ་གྱི་གཟི་བརྗིད་འཇིག་རྟེན་གཙོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ མི་འཁྲུགས་པ་ནི་རྡོ་རྗེའི་གདན་ལ་བཞུགས་པ་དང་། །འདྲེན་པ་མཆོག་སྦྱིན་རིན་ཆེན་ཏོག་ཏུ་བཅས་པ་དང་། །རྣམ་པར་སྤེལ་དང་ལག་ན་རིན་ཆེན་རྒྱལ་པོ་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཇིག་རྟེན་དབང་ཕྱུག་རྟག་ཏུ་རྒྱལ་དབང་གཙུག་ཏོར་ཅན། །སྟོན་ཟླ་དྲི་མེད་ལྟ་བུར་ཞལ་རས་མཛེས་པ་དང་། །ནམ་མཁའི་སྙིང་པོ་དང་ནི་ས་ཡི་སྙིང་པོ་དག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཇམ་དཔལ་གཙུག་ཕུད་ཤིན་ཏུ་མཛེས་པས་རབ་བརྒྱན་པ། །གཞོན་ནུའི་གཟུགས་ནི་གསེར་མཆོག་འོད་དང་ལྡན་པ་དང་། །རྟག་ཏུ་རྒྱལ་བར་དཀའ་བ་ལག་ན་རྡོ་རྗེ་དཔལ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ གསུངས་བ་ཤིན་ཏུ་རྨད་དུ་བྱུང་བའི་གཟུགས་མངའ་བ། །ལྕང་ལོ་འཁྱིལ་མངའ་མཆོད་རྟེན་གཙུག་ཏོར་གནས་པ་དང་། །ཀུན་ཏུ་བཟང་དང་ནོར་བཟང་དང་ནི་སྒྲ་གཅན་འཛིན། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ བསྐུལ་བྱེད་མ་དང་སྒྲོལ་མ་ཁྲོ་གཉེར་འགྲོ་ཕན་དང་། །དེ་བཞིན་ཤེས་རབ་ལ་སོགས་ཕ་རོལ་ཕྱིན་དྲུག་དང་། །རྨ་བྱ་དང་ནི་འཕགས་མ་གཞན་གྱིས་མི་ཐུབ་དང་། །བཀྲ་ཤིས་རྣམ་པར༴ གཙུག་ཏོར་ལས་བྱུང་གསང་སྔགས་རྗེས་འཛིན་བཅས་པ་རྣམས། །ཕྱིར་བཟློག་མ་དང་བསིལ་བའི་ཚལ་ནི་རྒྱལ་ལས་འཁྲུངས། །ལྷ་མོ་རི་ཁྲོད་ལོ་མ་ཅན་དང་བཅས་པ་རྣམས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ དོན་ཡོད་གྲུབ་དང་སྟོང་ཆེན་རབ་ཏུ་འཇོམས་མ་དང་། །གྲོང་ཁྱེར་ཝཱ་རཱ་ཎ་སཱི་ཞེས་བྱར་གྲགས་པ་དང་། །པད་སའི་སྙིང་པོ་གཅིག་དང་ཀུ་ཤའི་གྱད་ལྡན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ རྡོ་རྗེ་ལྕགས་ཀྱུ་དང་ནི་གཙུག་འཆང་འོད་པོ་ཆེ། །དེ་བཞིན་བགེགས་འཇོམས་འཕགས་པ་བདུད་རྩི་ཐབས་སྦྱོར་དང་། ཟླ་འོད་དེ་ཡང་གཞོན་ནུ་གཟུགས་དང་ལྡན་པ་ནི། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ གཤིན་རྗེ་གཤེད་པོ་འཇིགས་ཀུན་རབ་ཏུ་འཇོམས་མཛད་པ། །པདྨ་མཐར་བྱེད་གནོད་མཛེས་དེ་བཞིན་འཁོར་ལོ་ཅན། །གཞན་གྱིས་མི་ཐུབ་དབྱུག་སྔོན་བསྣམས་པར་མཛད་པ་དག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཕགས་པ་མི་གཡོ་བགེགས་རིགས་རབ་ཏུ་འཇོམས་པ་དང་། །ཕུན་སུམ་ཚོགས་བྱེད་རྨུག་འཛིན་ཨུཏྤལ་མདོག་ཅན་དང་། །གླང་ཆེན་ཀོ་རློན་སྟག་ལྤགས་དག་གིས་བརྒྱན་གྱུར་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཕགས་པ་ཤཱ་ཱརིའི་བུ་དང་མོའུ་འགལ་འོད་སྲུངས་དང་། །ནོར་བུ་འཛིན་དང་མ་འགགས་ཉེ་བ་འཁོར་དང་བཅས། །རབ་འབྱོར་དང་ནི་ལུས་འཕགས་རི་བོ་ཀུན་དགའ་བོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ སྟོབས་ཆེན་བགེགས་ཀྱི་རིགས་ནི་རབ་ཏུ་འཇོམས་པ་དང་། །འོད་ཟེར་ལྷམ་དང་ཆ་བྱད་རབ་ཏུ་འཚེར་བ་དང་། །དུག་སེལ་སྦྲུལ་གདུབ་རྒྱགས་པ་རབ་ཏུ་འཇིགས་བྱེད་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཕྲོག་མ་རྣ་ཆ་བསྣམས་པ་སྣ་ཚོགས་གཡུ་འགུལ་བ། །བུ་ཕོ་ལྔ་བརྒྱ་དག་གིས་བརྒྱན་པར་གྱུར་དེ་དང་། །གནོད་སྦྱིན་བདག་པོ་ལྔ་རྩེན་དང་ནི་པདྨའི་མིག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ ཧ་ལ་ཧ་ལ་སེམས་ཅན་ཀུན་ལ་ཕན་མཛད་ཅིང་། །རིན་ཆེན་སྒྲོལ་མར་གྲགས་དང་ནོར་གྱི་རྒྱུན་མཆོག་དང་། །གནོད་སྦྱིན་བདག་པོ་རྣམ་ཐོས་སྲས་པོའི་དཔལ་ཐོབ་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ ཐམས་ཅད་སྒྲོལ་བ་སྦྱིན་ཕོད་དམ་པ་གཟི་ཆེན་དང་། །བྱམས་པའི་སྟོབས་ཀྱིས་གཏོང་བའི་སྟོབས་ཆེན་ལྡན་པ་དག །སྤྲིན་གྱི་ཏོག་དང་ལྡན་པའི་བུ་ནི་གང་ཡིན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ རབ་ཏུ་དགའ་ལ་སོགས་པའི་ས་བཅུ་དེ་དག་དང་། །དཔའ་བས་བྱིན་པ་དེ་དང་གཙུག་ན་ནོར་བུ་དང་། །རྒྱལ་པོ་དམ་པ་ཟས་གཙང་དང་ནི་ཀ་བི་ན། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ༴ ལུམྦིའི་ཚལ་ནི་བུང་བ་ལང་ལིང་འཕུར་ཞིང་ལྡིང་། །མེ་ཏོག་འབྲས་བུ་རྣམ་པ་སྣ་ཚོགས་རྣམས་ཀྱིས་བརྒྱན། །རྨ་བྱ་དང་ནི་ཁུ་བྱུག་མང་པོའི་སྒྲ་འབྱིན་པ། །བཀྲ་ཤིས་རྣམ་པར་སྤེལ༴ བཙུན་མོ་སྒྱུ་འཕྲུལ་དང་ནི་དེ་བཞིན་གོ་ཏ་མི། །ཤཱཀྱའི་བུ་མོ་སྒྱུ་འཕྲུལ་ཆེན་མོ་གྲགས་འཛིན་དང་། །ནཻ་རཉྫ་ན་བསོད་ནམས་ལྡན་པ་འབབས་ཆུར་བཅས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཇིག་རྟེན་དབང་ཕྱུག་པདྨ་བུང་བ་ཁྱུ་ལྡིང་དང་། །འཇམ་དཔལ་ཨུཏྤལ་སྔོན་པོ་ཡིད་དུ་འོང་བ་དང་། །མགོན་པོ་བྱམས་པ་ཡིས་ནི་ཀླུ་ཤིང་མེ་ཏོག་བསྣམས། །བཀྲ་ཤིས་རྣམ་པར༴ རྣམ་སྣང་མཛད་ཀྱི་ཟླ་འོད་ལྟ་བུའི་འཁོར་ལོ་དང་། །རིན་འབྱུང་དཔལ་ཐོབ་རིན་ཆེན་ལྟ་བུའི་འོད་དག་དང་། །མགོན་པོ་འོད་དཔག་མེད་པའི་པདྨ་མཆོག་དག་ནི། །བཀྲ་ཤིས་རྣམ་པར་སྤེལ༴ དོན་ཡོད་གྲུབ་པའི་ལེགས་བསྣམས་རལ་གྲི་མཆོག་དང་ནི། །མི་བསྐྱོད་རྡོ་རྗེ་ཉིད་དང་དེ་བཞིན་གཞན་ཡང་ནི། །སྐྱོབ་པ་ཐམས་ཅད་ཀྱི་ནི་ཕྱག་མཚན་མ་ལུས་པ། །བཀྲ་ཤིས་རྣམ་པར༴ ཡིད་བཞིན་ནོར་བུ་འདོད་འཇོའི་བ་དང་བཅས་པ་དང་། །དཔག་བསམ་གྱི་ནི་ཤིང་དང་བུམ་པ་བཟང་པོ་དང་། །རྒྱལ་བ་ཀུན་གྱིས་ངེས་པར་བསྟེན་པའི་བྱང་ཆུབ་ཤིང་། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ལམ་འཇུག་དུས་དང་ནོར་དང་འབྲུ་རྣམས་སྡུད་པ་དང་། །ནངས་པར་དུས་སམ་ཡང་ན་ཞི་བའི་ལས་བྱེད་ཚེ། །དགའ་སྟོན་ཀུན་ནས་འཇུག་དང་དགོས་པ་སྒྲུབ་པ་དང་། །མིང་མཚན་འདི་དག་མི་ཡིས་རབ་ཏུ་བསྒྲིམས་ཏེ་ཉོན། །རྒྱལ་བ་དག་དང་རྒྱལ་བའི་མཚན་འདི་མ་ལུས་སོགས། །ལྷ་ལ་གུས་བཞིན་ཉིན་གཅིག་བཞིན་དུ་ནངས་པར་སུས་བརྗོད་པ། །དེ་ནི་དམྱལ་བ་ཡི་དྭགས་གནས་སུ་མི་སྐྱེ་ནད་མེད་ཅིང་། །དཔལ་དང་བསོད་ནམས་ནོར་དང་བཀྲ་ཤིས་རྣམ་པར་འཕེལ། །ཆེ་བའི་ཆེ་མཆོག་དཀོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རྒྱལ་བ་དགྲ་རྒྱལ་བདེན་པའི་བྱིན་རླབས་ཀྱིས། །བདེན་པ་འདི་གསུངས་དེ་ལ་སྡིག་མེད་ཅིང་། །ལྷར་བཅས་ལྷ་མིན་དག་གིས་མཆོད་འོས་པའི། །བདེན་པ་འདིས་ནི་དེང་འདིར་བདེ་ལེགས་ཤོག །ཅེས་ཕྱོགས་བཞི་ནས་སྙན་པར་བརྗོད་པར་བྱའོ། །སྨོན་ལམ་ནི། ༀ། བདེ་གཤེགས་རིགས་དང་རྡོ་རྗེའི་རིགས། །རིན་ཆེན་པདྨ་ལས་ཀྱི་རིགས། །སྣ་ཚོགས་རིགས་ཀྱི་རྒྱལ་བ་དང་། །སྲས་ཀྱི་ཚོགས་རྣམས་བདག་ལ་དགོངས། །ཐོག་མེད་ལས་ཀྱི་སྲིད་རྒྱུན་ནས། །བསགས་པའི་དགེ་བ་ཇི་སྙེད་དང་། །གཟུངས་སྔགས་འདི་ཡི་མཐུ་དང་ནི། །རིགས་སྔགས་ཕྱག་རྒྱས་བདེན་པ་དང་། །གསང་སྔགས་བྱིན་རླབས་འདི་རྣམས་ཀྱིས། །ཟག་མེད་ཡེ་ཤེས་སྣང་བའི་རྒྱན། །ནམ་མཁའི་མཐའ་དང་མཉམ་པ་སྟེ། །མྱུར་བ་ཉིད་དུ་སྐྱེ་བར་ཤོག །མིག་དང་རྣ་བའི་མངོན་ཤེས་དང་། །གཞན་གྱི་སེམས་དོན་ཤེས་པ་དང་། །སྔ་ཕྱིའི་སྐྱེ་གནས་ཤེས་པ་དང་། །རྫུ་འཕྲུལ་དུ་མ་བསྒྱུར་བ་ཡང་། །ད་ལྟ་ཉིད་དུ་ཐོབ་པར་ཤོག །ཆུ་སྟེང་འགྲོ་དང་རིང་མྱུར་ཕྱིན། །མིག་སྨན་བུམ་པའི་གཏེར་དང་ནི། །རལ་གྲི་བཟུང་ནས་མཁའ་ལ་འགྲོ། །མི་སྣང་སྒྱུ་ལུས་ཐོབ་པར་ཤོག །ས་འོག་འགྲོ་དང་གཏེར་མཐོང་དང་། །བཅུད་རྣམས་རྙེད་ཉིད་རིང་འཚོ་དང་། །གཞན་ལུས་དབང་པོ་སྒྱུར་བ་དང་། །མདོག་བཟང་ན་རྒ་མེད་ཐོབ་ཤོག །ཞི་རྒྱས་དབང་དང་མངོན་སྤྱད་ཀྱིིས། །འགྲོ་དོན་སྣ་ཚོགས་ཅི་འདོད་པ། །རང་རང་སྐལ་བ་ཇི་བཞིན་དུ། །ཐོགས་པ་མེད་པར་བྱེད་པར་ཤོག །གལ་ཏེ་ལེ་ལོའི་རྐྱེན་གྱིས་གོལ་གྱུར་ནས། །འབྲས་བུ་དམ་པ་མྱུར་དུ་མ་རྙེད་ཀྱང་། །བདེ་འགྲོ་མཐོ་རིས་ལྷ་དབང་དམ་པ་དང་། །ཆོས་ལྡན་ཡུལ་དབུས་མི་ལུས་མྱུར་ཐོབ་ཤོག །དེད་ནས་བླ་མེད་བྱང་ཆུབ་མ་ཐོབ་བར། །ལས་ཀྱི་འཁོར་ལོས་སྲིད་གསུམ་གར་སྐྱེས་ཀྱང་། །ལུས་དང་སྲོག་ནི་ཡལ་བར་གྱུར་ཀྱང་རུང་། །བླ་མེད་བྱང་ཆུབ་སེམས་ནི་མི་གཏོང་ཤོག །བླ་མེད་བྱང་ཆུབ་མ་ཐོབ་བར་དུ་ནི། །ལུས་དང་སྲོག་ལ་ཆགས་པ་མེད་པ་ཡང་། །བག་ཡོད་མགོ་ལ་མེ་འབར་ཇི་བཞིན་དུ། །བརྩོན་འགྲུས་ཆེན་པོ་རྒྱུན་མི་ཆད་པར་ཤོག །བདག་དང་གཞན་དོན་བྱང་ཆུབ་སྒྲུབ་པ་ལ། །བར་ཆད་མེད་ཅིང་བརྩོན་པ་མི་གཏོང་བར། །འཇིག་རྟེན་དག་ན་སེམས་ནི་སྐད་ཅིག་ཀྱང་། །བདག་གིས་དོན་མེད་གཡེང་བར་མ་གྱུར་ཅིག །ཚེ་རབས་ཀུན་ཏུ་དམ་ཆོས་སྤྱོད་པ་ལ། །མི་དགེ་གཞན་གྱི་དབང་དུ་མ་གྱུར་ཅིག །ཚེ་ལ་ནད་ཀྱི་བར་ཆད་མེད་པ་དང་། །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་པར་ཤོག །དགེ་བཤེས་དམ་པ་རྣམས་དང་མི་འབྲལ་ཞིང་། །རྣལ་འབྱོར་བརྩོན་པའི་གྲོགས་དང་འགྲོགས་པར་ཤོག །སྐྱོན་བྲལ་སེམས་དང་སྤྱོད་པར་མཐུན་པ་ཡིས། །འཇིག་རྟེན་དམན་པའི་ལས་ལ་ཆགས་མ་གྱུར། །བྱང་ཆུབ་རིན་ཆེན་བྱང་ཆུབ་ཐོབ་པའི་རྒྱུ། །ཤེས་རབ་ཆེ་དང་སྙིང་རྗེ་ཆེ་ལ་སོགས། །བདག་ཅག་ཚེ་རབས་ཀུན་ཏུ་མི་འབྲལ་ཞིང་། །རྣམ་ཐར་མང་པོའི་སྒོར་ནི་འཇུག་པར་ཤོག །རྒྱལ་སྲིད་མཐོ་རིས་སྡུག་དང་བཤེས་གཉེན་དང་། །འདོད་པའི་ཡོན་ཏན་ལྔ་པོ་ཐམས་ཅད་ལ། །ཐབས་ལ་མཁས་པའི་སྤྱོད་ཡུལ་མ་གཏོགས་པར། །ཤེས་རབ་མཆོག་གིས་གང་ལའང་ཆགས་མ་གྱུར། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བསྡུ་བའི་དངོས་དང་ཕ་རོལ་ཕྱིན་ལ་སོགས། །ཐབས་ལ་མཁས་པའི་སྤྱོད་པ་སྣ་ཚོགས་ཀྱིས། །འགྲོ་བ་རྣམས་སུ་བྱང་ཆུབ་སྤྱོད་པར་ཤོག །ཅེས་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །དེ་དག་ནི་དཀྱིལ་འཁོར་མཆོད་པའི་རིམ་པའོ། །དཀྱིལ་འཁོར་སྒྲུབ་མཆོད་རྐྱང་པ་བྱེད་ན་རྗེས་ཆོག་ལ་འཇུག ༈ །སློབ་མ་ལ་རྗེས་གནང་བྱེད་ན་བདག་འཇུག་མ་བཤད་པས། སློབ་མ་རྗེས་འཛིན་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལ། བྱུར་བསལ་བ་ནི། སྔོན་དུ་བཤད་པའི་ཆོ་གས་དཀྱིལ་འཁོར་སྒྲུབ་མཆོད་ལེགས་པར་ཚར་བའི་རྗེས་ལ་སློབ་མ་རྣམས་བོས་ཏེ། ཁྲུས་བྱས། གོས་གསར་པ་གྱོན་ནས་ཁ་བྱང་དུ་བལྟས་ཏེ་འདུག་པ་ལ། ཚོན་སྐུད་སྣ་ལྔས་བསྒྲུབ་བྱའི་མགུལ་དང་། སྲིན་མཛུབ་གཉིས། རྐང་པའི་བོལ་གོང་གཉིས་ཏེ་གནས་ལྔར་བཅིངས། སློབ་དཔོན་གཙོ་བོར་གསལ་བས་བདེན་པའི་སྟོབས་བརྗོད་ཅིང་། རྡོ་རྗེ་སློབ་མ་འདི་དག་ལ་འཚེ་བར་བྱེད་པའི་སྡིག་པ་དང་། ནད་དང་། གདོན་དང་། བགེགས་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། བྱད་བྱུར། སྐལ་བ་ངན་པ་དང་། བདུད་ཀྱི་ཞགས་པ་དང་། གཤིན་རྗེའི་ཕོ་ཉ་མི་མཐུན་པའི་ཕྱོགས་ཐམས་ཅད་ཚོན་སྐུད་སྣ་ལྔ་འདི་ལ་ཐིམ་པར་གྱུར་ཅིག །ཊཀྐི་ཧཱུྃ་ཛཿ ཞེས་བརྗོད། སློབ་མས་ཀྱང་དེ་ལྟར་བསམ། དེ་ནས་སློབ་དཔོན་གྱིས་གྲི་སོ་མ་ཐོགས་ཏེ། ཁཾ་ལས་རལ་གྲི་ཡེ་ཤེས་ཀྱི་མེ་འབར་བར་བསྐྱེད་ལ། གཟུངས་ཐུང་བརྗོད་ཅིང་མེ་དང་ཆུས་ངར་བླུད། དེས་བསྒྲུབ་བྱའི་མི་མཐུན་ཕྱོགས་ཐམས་ཅད་བཅད་པར་བསམ་ལ། ༀ་ན་མ་སྟྲཻ་ཡ་དྷྭི་ཀ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿ སཾ་ཤྭ་དྷ་ཡ་སཾ་ཤྭ་དྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོཥྞི་ཥ་བི་མ་ལེ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨཾ་བཾ་སཾ་ཛཾ་སྭཱ་ཧཱ། ཤློ་ཀ་གསུམ་པོ་འགྲེལ་པ་ལས། ཡང་དག་སངས་རྒྱས་རང་སངས་རྒྱས། །འཕགས་པ་ཉན་ཐོས་ཐམས་ཅད་དང་། །ཚངས་པ་བརྒྱ་བྱིན་དབང་ཕྱུག་ཆེ། །ཁྱབ་འཇུག་དབང་ཕྱུག་ཀླུ་དབང་པོ། །གཞན་ཡང་འཇིག་རྟེན་སྐྱོང་བ་རྣམས། །རང་རང་འཁོར་དང་བཅས་པ་དང་། །འཕྲོག་མ་བུ་དང་བཅས་པ་དང་། །གཞན་ཡང་འབྱུང་པོ་མཐུ་ཆེན་རྣམས། །དེ་དག་ཀུན་གྱི་མཐུ་དང་དཔལ། །བརྩོན་འགྲུས་གཟི་བརྗིད་བྱིན་རླབས་ཀྱིས། །རོ་ལངས་ལ་སོགས་གདོན་རྣམས་ཀྱིས། །ནད་དང་གནོད་པ་ཆད་གྱུར་ཅིག །སརྦ་བྷནྡྷ་ཀ་ཀོ་དྷ་ཙྪེ་དྷ་ན་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་གྲིས་བཅད། ཚོན་སྐུད་ཀྱི་དུམ་བུ་རྣམས་སློབ་མ་ལ་ཕྱིར་ལན་གསུམ་བསྐོར་ནས། ནད་གདོན་སྡིག་སྒྲིབ་སོགས་ཚོན་སྐུད་རྣམས་ལ་ཐིམ་པར་གྱུར་ཅིག །ཅེས་བརྗོད། དེ་ནས་ཁམ་ཕོར་དུ་ཙནྡན་གྱི་མེ་སྤར་ཏེ། ཡུངས་ཀར་དང་ནས་ལ་སོགས་པའི་འབྲུ་སྣ་ཚོགས་པ་དག་གིས་ལག་པ་གཡོན་པས་བཟུང་ལ་སློབ་མ་ལ་བསྐོར་ཏེ། ཚོན་སྐུད་བཅས་པ་མེ་ལ་དོར་ཞིང་། ཤློ་ཀ་གཉིས་པོ་འགྲེལ་པ་ལས་རྡོ་རྗེས་རིན་ཆེན་ཕུག་པ་དང་། །མེ་ཡི་བུད་ཤིང་སྲེག་བྱེད་དང་། །རླུང་གིས་སྤྲིན་རྣམས་འཐོར་བ་དང་། །ཉི་མས་འདམ་སོགས་སྐེམས་པ་དང་། །སེངྒེས་རི་དྭགས་ཀུན་སྐྲག་ལྟར། །སྔགས་དང་ཕྱག་རྒྱའི་བདེན་པའི་མཐུས། །རོ་ལངས་འབྱུང་པོའི་ཚོགས་རྣམས་དང་། །བྱད་སྟེམས་ཐམས་ཅད་ཚིག་པར་ཤོག །ཅེས་བརྗོད་ཅིང་བསྲེགས་ལ་ཁམ་ཕོར་སྒོར་བསྐྱུར་ཏེ། སློབ་མ་རྣམས་ཀྱི་ལུས་ལ་དྲི་ཞིམ་པོའི་ཆུས་གཏོར། མེ་ཏོག་ཕྲེང་བ་བཏེགས་ནས་ཤར་དུ་འཁོད་ལ། གཉིས་པ་ཁྲུས་བྱ་བ། བླ་མ་ལ་མཎྜལ་དང་ཡོན་༼འགྲེལ་པར་ཡོན་ནི།༽ བསྲུང་བར་རས་སོགས་ཁ་དོག་དཀར། །ཚེ་བསྲིང་སོགས་ལ་སེར་པོའི་རྫས། །འཆི་བ་བསླུ་བར་ངུར་སྨྲིག་མདོག །བུ་བསླང་སོགས་ལ་དམར་པོ་སྟེ། །གནོད་པ་བཟློག་ལ་སྔོན་པོ་བྱ། །ལས་ཀུན་ལ་ནི་ལྗང་གུ་ཤིས། །སེར་སྣ་མེད་པའི་ཡོན་ཕུལ་ནས། །བློ་ལྡན་སློབ་དཔོན་ཕྱག་རྒྱ་ནི། །ཡལ་གས་བུམ་པ་བླང་བར་བྱ། །འགྲོ་ལ་ལྷག་པའི་སེམས་བཏང་ནས། །འགྱིངས་དང་བཅས་པས་ཁྲུས་གསོལ་ལོ། །ཞེས་སོ། །འབུལ་ཏེ། དེ་ཡང་བསྲུང་བ་ལ་རས་སོགས་ཁ་དོག་དཀར་པོ། ཚེ་བསྲིང་བ་ལ་སེར་པོ། འཆི་བ་བསླུ་བ་ལ་ངུར་སྨྲིག །བུ་བསླང་བ་ལ་དམར་པོ། གནོད་པ་བཟློག་པ་ལ་སྔོན་པོ། ལས་ཐམས་ཅད་ལ་ལྗང་གུ་ཕུལ་ཏེ། ༀ། ཤློ་ཀ་གཅིག་པ་འདི་འགྲེལ་པ་ལས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ལ་བསྲུང་བའི་དོན་གྱིས་ཕྱིར། །སྔགས་ཀྱི་ཆུ་ཡིས་བྱིན་རླབས་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་སྔོན་བཞིན་སློབ་མ་རྣམས་སྡིག་པ་བཤགས་པ་དང་། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། སྡོམ་པ་འཛིན་དུ་བཅུག་ལ། །དེ་ནས་སློབ་དཔོན་གྱིས་བུམ་པ་ཐོགས་ཏེ་འགྱིང་བ་དང་བཅས་པས། འགྲོ་བ་ལ་ལྷག་པ་བྱང་ཆུབ་ཀྱི་སེམས་བཏང་ནས། བདེན་པའི་བྱིན་རླབས་བརྗོད་པར་བྱ་སྟེ། བདེན་བརྗོད་ཚིག་རྐང་དྲུག་པོ་འདི་འགྲེལ་པ་ལས་སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །འཇིག་རྟེན་འདིའམ་ཡང་ན་འདས་པ་དག །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་ཏེ། །མི་མཆོག་འདི་དང་གང་ཡང་མཚུངས་པ་མེད། །དེ་ཕྱིར་སངས་རྒྱས་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ནི་དེང་འདིར་བདེ་ལེགས་ཤོག །ཟབ་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །མཁྱེན་ལྡན་ཤཱཀྱ་ཐུབ་ནི་རབ་དབྱེ་མཛད། །འཆི་མེད་དམ་ཆོས་ཞི་བ་འདུ་བྱེད་བྲལ། །ཆོས་འདི་དག་དང་མཚུངས་པ་གང་ཡང་མེད། །དེ་ཕྱིར་དམ་ཆོས་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འགྲེའོ། །གང་འདོད་དེ་ལ་ཚུལ་བཞིན་མཆོག་སྟོན་ལ། །སྟོན་པ་བླ་མེད་རྟག་སྒྲུབ་རྣལ་འབྱོར་བཞི། །རྡོ་རྗེ་ལྟ་བུར་གཉིས་མེད་ལམ་གསལ་བས། །ཏིང་འཛིན་འདི་དང་མཚུངས་པ་གང་ཡང་མེད། །དེ་ཕྱིར་དམ་ཆོས་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་འདི་དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་པ་མེད། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཤེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ གང་དག་བསྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང་། །ག་ཏ་མ་ཡི་བསྟན་ལ་རབ་ཞུགས་ནས། །དམ་ཆོས་ཐོས་མང་བདུད་རྩི་མཆོག་བརྙེས་ཤིང་། །མུན་པ་བསལ་ནས་མྱ་ངན་འདས་པ་ཐོབ། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིགས་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་པ་མཐོང་། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང་། །སྡིག་པ་རྣམ་བཅུ་ནམ་ཡང་མི་བྱེད་ལ། །གློ་བུར་བྱས་ཀྱང་མི་འཆབ་མྱུར་དུ་བཤགས། །མཆན་རྙིང་དུ། གློ་བུར་བྱས་ནས་འཆབ་པར་མི་བྱེད་ཅིང་། ཞེས་སོ། །དེ་ལྟར་ལོག་ལྟ་དེ་དག་འཛིན་མི་བྱེད། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་བསྐྱོད་ལྟར། །འཕགས་པའི་ལམ་གྱི་བདེན་པ་མཐོང་བ་ཡིས། །འཕགས་པའི་དགེ་འདུན་རྣམ་རྟོག་གིས་མི་གཡོ། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ ཤེས་རབ་ཤིན་ཏུ་ཟབ་ཅིང་བརྟན་པ་ཡིས། །འཕགས་པའི་བདེན་རྣམས་ཡང་དག་རབ་བསྒོམ་ནས། །ལུས་ཀྱི་སྦྱིན་པ་ཡིད་ལ་བྱས་པས་ནི། །དེ་དག་འཇིགས་པ་བརྒྱད་དང་འཕྲད་མི་འགྱུར། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ ཇི་ལྟར་རླུང་གིས་མེ་ནི་རབ་གཏོར་ན། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ལྟར། །སངས་རྒྱས་སྲས་རྣམས་ཀུན་ཏུ་སྦྱོར་བ་ཡིས། །རབ་བསྔགས་འཇིགས་ཚོགས་གཏན་དུ་མེད་པར་འགྲོ། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བླ་མ་མཁན་པོ་ཕ་མ་གྲོགས་པོ་དག །ཡོན་བདག་གཉེན་བཤེས་ཆོས་ཀྱི་རྒྱལ་པོ་དང་། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ནས། དཀྱིལ་འཁོར་ལ་མེ་ལོང་བསྟན་ཏེ། ཐོག་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་ཀྱི་རྗེས་ལ། ༀ་ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭ བྷྱཿསཾ་ཤྭོ་དྷ་ནི་སྭཱ་ཧཱ། ཞེས་སྐུ་ཁྲུས་གསོལ་ལོ། །དེ་ནས་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ། ༀ་ན་མཿསརྦ་ཨ་ཧཾ་པྲ་བ་ཀེ་བྷེ། ཀཱ་ཡ་ཝཱཀྐ་ཙིཏྟ་སཾ་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཁྲུས་གསོལ། དེ་ནས་འཇིག་རྟེན་སྐྱོང་བ་རྣམས་ལ། བདུད་རྩི་ཡེ་ཤེས་ཆུ་བོ་ནི། །བདེན་པའི་སྟོབས་ཀྱིས་བྱིན་བརླབས་པ། །རྣམ་དག་སྔགས་ཀྱི་ཆུ་རྒྱུན་གྱིས། །འཇིག་རྟེན་བག་ཆགས་དག་གྱུར་ཅིག །ༀ་སརྦ་བིད་པ་ལོ་ཀ་པྲཾ་ཐ་ཀ་སཾ་ཤོ་དྷ་ཡ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། དེ་དག་སྐུ་ལ༴ གཙང་ལ་དྲི་རབ༴ ༀ་ཧཱུྃ་ཏྲྂ་ཧྲཱིཿཨཱ་ཀ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ལ་རེ་རེ་ཞིང་རས་གཙང་མས་སྐུ་ཕྱིའོ། །དེ་ནས་བསྒྲུབ་བྱ་ལ་ཁྲུས་བྱས་ཏེ། བུམ་པ་ཡེ་ཤེས་ཀྱི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དེད་དེ་གཤང་ལམ་དང་། རྐང་པའི་མཐེ་བོང་ནས་འཐོན་པར་བསམ་ནས་ཁོང་དུ་འཐུང་ཞིང་ཁྲུས་བྱས་ལ། གཟུངས་རིང་ཐུང་གཉིས་ཀྱི་རྗེས་སུ། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནད་ཐམས་ཅད༴ རིམས་ཐམས་ཅད༴ གདོན་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ དུས་མ་ཡིན་པའི་འཆི་བ་ཐམས་ཅད༴ འཁོན་ཐམས་ཅད༴ གྲིབ་ཐམས་ཅད༴ བྱུར་ཐམས་ཅད༴ སྐལ་བ་ངན་པ་ཐམས་ཅད༴ ལྟས་ངན་པ་ཐམས་ཅད༴ མཚན་མ་ངན་པ་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ བཀྲ་མི་ཤིས་པ་ཐམས་ཅད༴ མཚན་མ་ནག་པོའི་གདོན་ཐམས་ཅད༴ བདུད་ཀྱི་ཞགས་པ་ཐམས་ཅད༴ གཤིན་རྗེའི་ཕོ་ཉ་ཐམས་ཅད༴ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད༴ ཅེས་པ་རེ་རེའི་མཐར། ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་ལན་མང་དུ་བཀྲུའོ། །གསུམ་པ་བྱབ་པ་ནི། དབང་པོའི་སྒོ་ལྔ་སྦྱོང་བ་མཚོན་པའི་རྨ་བྱའི་སྒྲོ་ལག་ཏུ་ཐོགས་ཏེ་བྱབ་པའི་ཀུ་ཤ་ཆུན་པོས་ཀྱང་རུང་སྟེ། གཟུངས་རིང་ཐུང་བཀོད་ལ། བཟླས་པའི་འོད་ཟེར་གྱིས་བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་བསྲེགས་པའི་ཐལ་བ་བྱབ་ནས་དྲི་མས་གསེབ་བསྒྱུར་བར་བསམ་ལ། སྔར་སྨོས་པའི་སྡིག་སྒྲིབ་སོགས་ལ། ཨ་བ་ན་ཡེ་སྭཱ་ཧཱ། ཞེས་བཏགས་པ་བརྗོད་ཅིང་ལན་བདུན་ནམ་ཉི་ཤུ་རྩ་གཅིག་ལ་སོགས་པ་བྱའོ། ༈ །གཉིས་པ་དངོས་གཞི་ལ་བཞི་ལས། དང་པོ་སྐུའི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་ནི། གང་གི་ཐུགས་ཀྱི་འོད་ཟེར་གྱིས། །སྒྲིབ་པའི་བུད་ཤིང་སྲེག་བྱེད་པའི། །བཅོམ་ལྡན་ཁྱོད་ལ་གསོལ་འདེབས་ཀྱིས། །སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་སྐུ་ལས་སྐུ་གཉིས་པ་ཕྱེ་ནས། སློབ་མ་ལ་ཐིམ་པར་བསམ་ཞིང་། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །དྲི་མ་མེད་པའི་ཡེ་ཤེས་སྐུ། །དུས་འདི་ཉིད་དུ་བྱིན་གྱིས་རློབས། །ཛཿཧཱུྃ་བྂ་ཧོཿ ཞེས་བརྗོད་ཅིང་གཉིས་སུ་མེད་པར་བསམ། དེ་ལྟར་བྱས་པས་བསྐྱེད་རིམ་བསྒོམ་པ་ལ་དབང་ཞིང་། གནས་སྐབས་སུ་ནད་མི་འབྱུང་བ་དང་། མཐར་ཐུག་མཚན་དཔེས་བརྒྱན་པའི་བཅོམ་ལྡན་འདས་ཀྱི་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་ནི། མཐོང་དང་ཐོས་པ་ཙམ་གྱིས་ནི། །དུས་གསུམ་དྲི་མ་སྦྱོང་མཛད་པ། །གང་གི་གསུང་གི་འོད་ཟེར་གྱིས། །ངག་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ལ། གཟུངས་རིང་ཐུང་རྣམས་ཞལ་ནས་བྱུང་། སློབ་མའི་ཁ་ནས་ཞུགས། སྙིང་གར་ཟླ་བའི་སྟེང་དུ་ཨ་དཀར་པོའི་མཐར་འཁོར་བར་བསམས་ལ། རྗེས་ཟློས་ལན་གསུམ་བྱས་ཏེ། བརྗོད་པ་གསུང་གི་སྔགས་འདི་ཡིས། །སྒྲིབ་པའི་དྲི་མ་ཀུན་བྱང་ནས། །གསུང་གི་སྙིང་པོ་མཆོག་ཐོབ་པ། །གསུང་གསང་ལོངས་སྐུ་ཐོབ་པར་ཤོག །ཅེས་བརྗོད་ཅིང་། ངག་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་པས། གནས་སྐབས་སུ་ངག་གི་དྲི་མ་དག་ཅིང་ངག་ཐོས་པས་ཡིད་དུ་འོང་བ་དང་། མཐར་ཐུག་གསུང་ད བྱངས་ཡན་ལག་དྲུག་ཅུས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ། །འདི་ནི་རྟོག་པ་ལས། གཟུངས་འདི་ནི་ལྷའི་དབང་པོ་ཁྱོད་ཀྱིས་ལྷའི་བུ་ནོར་བུ་དྲི་མ་མེད་པ་ལ་རྗེས་སུ་སྒྲོགས་ཤིག །ཅེས་གསུངས་པའི་དོན་ཡིན་ནོ། །གསུམ་པ་ཐུགས་ཀྱིས་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་ནི། ཐུགས་ཀྱི་དྲི་མ་ཀུན་སྤངས་པ། །བདག་མེད་གཞན་རྣམས་རྣམ་གྲོལ་བ། །བདེ་བ་ཆེན་པོའི་ཡེ་ཤེས་སྐུ། །དུས་འདི་ཉིད་དུ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། མདུན་གྱི་ནམ་མཁའ་ལ་ཡིད་གཏད་ནས་ཨ་ཞེས་བརྗོད་པས། མདུན་གྱི་བར་སྣང་ལ་ཨ་དཀར་པོ་གཅིག་བྱུང་བ་ལ་སེམས་གཏད་ནས་ཨ་ཉེར་གཅིག་བརྗོད། མཐར་ཨ་དེ་མེ་ལོང་ལ་ཧས་བཏབ་པ་བཞིན་ཡལ་ཏེ་སོང་ནས་ཅི་ཡང་མི་སེམས་པར་བཞག་པ་ནི་ཐུགས་ཀྱི་རྗེས་སུ་གནང་བའོ། །དེ་ལྟར་བྱས་པས་གནས་སྐབས་སུ་ཆོས་ལ་བློ་འགྲོ་ཞིང་། མཐར་ཐུག་ཆོས་སྐུའི་སངས་རྒྱས་ཐོབ་པར་འགྱུར་རོ། །བཞི་པ་དེ་དག་བརྟན་པར་བྱ་བ་ནི། སྤྱན་མ་ལ་སོགས་པའི་ལྷ་མོ་བཞིས་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་སོགས་སྔགས་བཅས་མཐར། ཞེས་གསུངས་ཤིང་ཁྲུས་བྱས་པས་སྤང་བྱའི་དྲི་མ་བཀྲུས། དེའི་རྗེས་སུ་སངས་རྒྱས་དང་བྱ ང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བུམ་ཆུ་སྤྱི་བོ་ནས་བླུག་ཅིང་སྔགས་བརྗོད་པས། ལུས་ཐམས་ཅད་བདུད་རྩིས་གང་ནས་ཐོབ་བྱའི་ནུས་པ་བཞག་པར་བསམ་མོ། །གསུམ་པ་རྗེས་ནི། སློབ་མ་རྣམས་མ་ཡེངས་པར་གྱིས་ཤིག་དང་། དེ་ལྟར་རྗེས་སུ་གནང་བ་ཐོབ་ནས། དམ་ཚིག་བསྲུང་དགོས་ཏེ། དེ་ཡང་གསང་བ་སྤྱི་རྒྱུད་ལས། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །གསང་སྔགས་རིགས་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱེད། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པར་ཉེ་བར་བཞག །ཐེག་པ་ཆེ་ལ་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་དག་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་བསྒོ། སློབ་མས་ཀྱང་། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ཁས་བླངས་ལ། བཀའ་དྲིན་གྱི་མཎྜལ་ཕུལ། དེང་ནས་བརྩམས་ཏེ་བདག་བྲན་དུ། །སོགས་གསུམ་རྗེེས་སུ་ཟློས། ༈ །རྗེས་ཆོག་གི་མཆོད་པ་གསར་དུ་བཤམས་པའམ་ཁ་གསོས། དཀྱིལ་འཁོར་ལ་མཆོད་བསྟོད་གསོལ་བཏབ་བཟོད་གསོལ་ཡིག་བརྒྱ་དགེ་རྩ་བསྔོ། ༀ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་བའམ། སྒྲུབ་པ་རྒྱུན་མཐུད་ནས་བྱེད་ན་བརྟན་བཞུགས། ཡང་བདག་བསྐྱེད་སྒྲུབ་ནས་མདུན་བསྐྱེད་མཆོད་ན་ནམ་མཁར་བཏེགས། དེ་ཉིད་སྟ་གོན་གྱི་དཀྱིལ་འཁོར་འབེབས་པའི་དོན་དུ་མདུན་བསྐྱེད་ལ་བསྟིམ། རྡུལ་ཚོན་རྣམས་བསྡུས་ཏེ་བུམ་པར་བླུག་ནས་རོལ་མོ་དང་བཅས་རྒྱ་མཚོར་འབབས་པའི་ཆུ་ལ་དོར། དཀྱིལ་འཁོར་གྱི་ཡོ་བྱད་དམན་པ་རྣམས་དཀོན་མཆོག་གསུམ་མཆོད་པ་དང་། རྡོ་རྗེ་སློབ་དཔོན་བདག་ཉིད་དགེ་བའི་ཆེད་དུ་ལོངས་སྤྱོད་པ་དང་། ཟས་ཀྱི་ལྷག་མས་ཡི་དྭགས་ལ་གཏོར་མ་སྦྱིན། ཀུན་ཏུ་བཟང་པོའི་སྨོན་ལམ་བདུན་ནམ་ཉེར་གཅིག་བརྗོད་ཅིང་། བཀྲ་ཤིས་ཀྱི་ཚིག་བརྗོད་པས་དཀྱིལ་འཁོར་གྱིས་གཞིར་མེ་ཏོག་གི་ཆར་དབབ་བོ། །དེ་ལྟར་གཙུག་ཏོར་དྲི་མེད་ཀྱི་གཟུངས་འགྲེལ་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་བཞིན་དཀྱིལ་འཁོར་གསུམ་གྱི་ཆོག་ཁྲིགས་རྒྱས་པར་བླ་ཆེན་གྲགས་རིན་པས་མཛད་པའི་ལྷ་ལྔའི་ཆོ་ག་ཟུར་དུ་ཕྱུངས་ནས་ཁྱེར་བདེར་བཀོད་པ་རིན་ཆེན་བསམ་འཕེལ་ཞེས་བྱ་བ་འདི་ནི། དུས་གསུམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པ་མ་ལུས་གཅིག་ཏུ་བསྡུས་པའི་ངོ་བོ། སྐྱབས་གནས་ཐམས་ཅད་ཀྱི་སྤྱི་གཟུགས་འཛམ་གླིང་བསྟན་པའི་བདག་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་བཀའི་གནང་བ་ཐོབ་པ་ལ་བརྟེན། ཞ་ལུ་དགེ་སློང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས། ཟིལ་གནོན་སྣྲོན་ཟླའི་ཡར་ཚེས་ལྔ་ལ་དཔལ་ཞ་ལུ་གསེར་ཁང་དུ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་རྟ་མགྲིན་ལེགས་པའོ། །གཞུང་དོན་ཅི་བཞིན་མ་རྟོགས་ལོག་རྟོགས་སོགས། །ནོར་འཁྲུལ་ཅི་མཆིས་བདག་བློ་རྨོངས་པའི་སྐྱོན། །ཡིན་ཕྱིར་རྗེ་བཙུན་བླ་མའི་སྤྱན་སྔར་བཤགས། །མ་རིག་མུན་ཚོགས་འཐིབས་པོ་བསལ་དུ་གསོལ། །དགེ་དེས་ཐུགས་རྗེའི་གཏེར་ཆེན་བླ་མ་མཆོག །ཞབས་པད་བགྲངས་ཡས་བསྐལ་པར་བརྟག་བརྟན་ཅིང་། །ཟབ་རྒྱས་ཐེག་གསུམ་དམ་ཆོས་ཆར་ཆེན་པོས། །ཐུབ་བསྟན་རྩི་བཅུད་ལང་ཚོ་རྒྱས་གྱུར་ཅིག །ལྷ་ཀླུས་དུས་སུ་ཆར་འབེབ་ལོ་ལེགས་ཤིང་། །སྐྱེ་རྒུ་ཐམས་ཅད་དགེ་བའི་སེམས་ལྡན་པས། །ཐུབ་བསྟན་བསྟན་འཛིན་གུས་པས་མཆོད་པའི་མཐུས། །འདི་ཕྱིའི་དོན་གྲུབ་རྫོགས་སངས་མྱུར་ཐོབ་ཤོག །སཱ་དྷུཿ འགྲེལ་པ་ཞེས་པའི་མཆན་བུ་རྣམས། གཟུངས་ཀྱི་འགྲེལ་པ་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ། པཎྜི་ཏ་ཛཱ་ཡ་དཱེ་ཝ་དང་། ལོ་ཙཱ་བ་ཚུལ་ཁྲིམས་བརྩེགས་ཀྱིས་བསྒྱུར་བ་ལས་བྲིས་སོ། །སརྦ་མངྒ་ལཾ། །དགེའོ།། །།


previousགཙུག་ཏོར་དྲི་མེད་ལྷ་ལྔའི་ཆོ་ག་ཁྲིགས་ཆགས་རིན་ཆེན་བསམ་འཕེལ། སློབ་དཔོན་ལྷན་སྐྱེས་རོལ་པ།next