Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་། ཡོན་ཏན་རྒྱ་མཚོ།
   
   
   
   
   
   
   
   


 
previousགཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་། ཡོན་ཏན་རྒྱ་མཚོ།next

གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་། ཡོན་ཏན་རྒྱ་མཚོ།

གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་ཞེས་བྱ་བ་བཞུགས་སོ། །ན་མོ་བུདྡྷཱ་ཡ། གང་གསུང་བདུད་རྩིའི་ཟེགས་མ་ཕྲ་རབ་ཀྱང་། །འཇིག་རྟེན་བཅུད་མཆོག་ཀུན་གྱིས་མི་བསྐྲུན་པ། །ཐུབ་གསུང་སྙིང་གི་ཟེའུ་འབྲུར་ཆགས་པ་ཡིས། །བློ་དམན་དད་པ་ཅན་གྱི་དབྱིག་འདི་སྦྱིན། །གཙུག་གཏོར་དྲི་མེད་ཀྱི་གཟུངས་ལས་མཆོད་རྟེན་བརྒྱ་རྩ་བརྒྱད་དང་ལྔ་གདབ་པའི་ཆོ་ག་གཉིས་སུ་གསུངས་ཤིང་། འབུམ་ཕྲག་བཏབ་པའི་ཕན་ཡོན་བསྟན་པའི་ཤུགས་ལས་སྟོང་རྩ་སོགས་གདབ་པའི་ཆོ་གའང་བསྟན་པར་གྲུབ་ཅིང་། དེའི་དོན་གསལ་ཤེས་གྲུབ་ཏུ་བརྒྱའམ་སྟོང་སོགས་དཀྱིལ་འཁོར་གཅིག་ཏུ་བཏབ་པའི་ཚུལ་རྒྱས་པར་བཤད་ལ། གང་ལྟར་སཱཙྪ་བརྒྱ་བརྒྱད་ལ་གཟུངས་རིང་ཐུང་དང་སྐོར་བ་བརྒྱ་རྩ་འགྲོ་བའི་ཆོ་ག་སྦྱོར་དངོས་རྗེས་ཚང་ཚར་རེ་འགྲོ་དགོས་པ་གཞུང་གི་དགོངས་པ་དང་བླ་མ་རྣམས་ཀྱི་ཕྱག་ལེན་ཡིན་པས། འབྱོར་པ་ཆེ་ན་ཆོ་ག་ཚར་རེ་ལ་སཱཙྪ་བརྒྱ་བརྒྱད་དང་མཆོད་པ་དེ་མཚུངས་བཤམས་པའི་ཚར་སྟོང་ཕྲག་གཅིག་གིས་མཆོད་རྟེན་འབུམ་འགྲུབ་པ་བྱས་ན་ཕན་ཡོན་ཚད་མེད་ཅིང་། དེ་ལྟར་གྱི་ཚེ་ཆོ་ག་མཁན་པོ་དགེ་སློང་བཞི་སྡེ་ཙམ་དང་གཟུངས་དང་སྐོར་བའི་གྲངས་སྤྱི་འགོ་ནས་འགྲོ་བར་བྱས་ན་འཚམས་པར་འགྱུར་བ་དང་། འབྱོར་པ་ཆུང་བས་དེ་ལྟར་མི་ལྕོགས་ན་སཱཙྪ་སྟོང་ཕྲག་རེ་དང་བརྒྱ་མཆོད་སོགས་བཤམས་ཏེ་དགེ་སློང་བཅུ་ཐམ་པས་ཆོ་ག་བཏང་ནས་ཚར་གྲངས་བརྒྱ་ཕྲག་གིས་འབུམ་ཐེར་འགྲུབ་པར་འགྱུར་ལ། དེ་ལྟར་གྱི་ཚེ་ཆོ་ག་རེ་ལ་གཟུངས་དང་སྐོར་བའི་མི་རེས་བརྒྱ་རྩ་རེ་འགྲུབ་དཀའ་བས་ལན་བཅུ་གཅིག་རེ་བྱས་ན་སྤྱི་ནས་བརྒྱ་དང་བཅུ་འགྲོ་བས་དེས་ཀྱང་རུང་ཞིང་། བར་རྣམས་ནི་དེ་ཡིས་རིགས་འགྲེས་པས་ཆོག་གོ། །ཤིན་ཏུ་འབྱོར་པ་དམན་པས་ཆོ་ག་ཚར་གྲངས་མང་པོ་མི་འགྲུབ་ལ་སཱཙྪ་གྲངས་མང་གདབ་པར་འདོད་ན། གཞི་ཡངས་པོར་པདྨའི་གདན་མང་པོར་སཱཙྪ་གང་ཤོང་བསྒྲིག །མཆོད་པ་ཡང་ཅི་འབྱོར་བཤམས་ནས་དགེ་སློང་གྲངས་ཀ་གང་འཛོམ་གྱིས་ཆོ་ག་བཏང་། དེ་ལྟར་ཉིན་གཅིག་གམ་གསུམ་སོགས་ལ་ཆོ་ག་གང་ཐོན་གྱིས་སཱཙྪ་རྫོགས་པར་བྱས་ན་ཆོ་ག་མ་བྱས་པ་ལས་ནི་ཕན་ཡོན་འགྱུར་ཁྱད་ཤིན་ཏུ་ཆེ་ཞིང་། འབྱོར་པས་མ་ལྕོགས་པ་ལ་ཉེས་པའང་མེད་དོ། །ཚར་གྲངས་མང་ཉུང་གང་བྱེད་ཀྱང་བཤམ་བཀོད་སོགས་ནི་འོག་ཏུ་གསལ་བའི་རྒྱས་བསྡུས་གང་འགྲུབ་མ་འཁྲུལ་བར་བྱ་དགོས་སོ། །དེ་ལྟར་སྤྱིར་རྒྱས་བསྡུས་བྱེད་ཚུལ་གྱི་རྣམ་དབྱེ་པྱེད་པར་བྱས་ནས། བྱེ་བྲག་ལག་ལེན་དངོས་བཤད་པ་ལ་བཞི། སཱཙྪ་འདེབས་པའི་རིམ་པ། དཀྱིལ་འཁོར་མཆོད་པའི་བཤམ་བཀོད། ཆོ་ག་རྒྱས་བསྡུས་བཏང་ཚུལ། རྗེས་ཇི་ལྟར་བཞུགས་པའི་ཚུལ་བཤད་པའོ། །དང་པོ་ནི། སཱཙྪའི་རྒྱུ་འཇིམ་པའི་ས་གང་ནས་ལེན་པའི་གནས་དེར། དཀར་གཏོར་དང་གསེར་སྐྱེམས་བཤམ། རང་ཉིད་རྡོ་རྗེ་འཛིན་པའི་ང་རྒྱལ་གྱིས་བྱིན་གྱིས་བརླབས་ལ་འབུལ་ཚིག་རྒྱས་བསྡུས་ཅི་འགྲུབ་བྱ། ཚོན་སྐུད་ལྔ་བསྒྲིལ་གྱི་སྐུད་པས་ས་ཇི་ཙམ་ལེན་དགོས་པའི་རྒྱ་ཁྱོན་གྱི་མཐར་གྲུ་བཞིར་བཅད་ལ། ༀ་བཛྲ་སཱུ་ཏྲ་ཧཱུྃ་ཕཊ། ལན་གསུམ། ས་ལ་གནས་པའི་གདོན་བགེགས་བསམ་སྦྱོར་ངན་པ་མཆོད་རྟེན་དང་དགེ་བའི་ལས་ལ་བར་དུ་གཅོད་པ་རྣམས་རྡོ་རྗེའི་ར་བས་མཚམས་བཅད། གཞི་དེ་ཉིད་མཆོད་རྟེན་གྱི་རྒྱུ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་དུ་གྱུར། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ལྔ་དབུས་དང་ཐིག་གི་གྲྭ་བཞིར་གདབ། གཅིག་ལས་མ་འབྱོར་ན་འདེབས་པའི་ཚུལ་བྱས་ལ་མཐར་དབུས་སུ་གདབ་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ། ལན་བདུན་བརྗོད་ལ། ས་ཇི་ཙམ་དགོས་པ་བླངས་མ་ཟིན་གྱི་བར་ཐིག་དང་ཕུར་བུ་མི་བསྡུའོ། །དེ་ནས་ཏིལ་དང་ཡུངས་ཀར་ལ། ༀ་ཨ་མྲྀ་ཏེ་ཧ་ན་ཧ་ན་ཧཱུྃ་ཕཊ། ལན་བདུན་བཟླས་ལ་འཐོར་བས། བགེགས་ཐམས་ཅད་ཚར་བཅད་དེ་སའི་ཕྱོགས་དེ་བཞིན་གཤེགས་པའི་བཞུགས་གནས་དཔག་ཏུ་མེད་པར་གྱུར། ཅེས་དང་། གཟུངས་ཐུང་ཡང་བརྗོད་ལ་བྱིན་གྱིས་བརླབ་བོ། །དེ་ནས། ༀ་བཛྲ་ཁ་ན་ཁ་ན་ཧཱུྃ་ཕཊ། ཅེས་བཟླ་ཞིང་ས་བརྐོ། ས་གཞི་རིན་ཆེན་རྣམ་ལྔ་བརྐོས་པ་ཡིས། །དེ་བཞིན་གཤེགས་སྐུ་རྣམ་དག་རྒྱུར་གྱུར་ཅིག །ཅེས་བརྗོད་ལ་ཡིད་ཀྱིས་ཀྱང་དམིགས་པ་གཞན་ལའང་འགྲེའོ། །ས་གཙང་མ་བླང་བ་གནས་གཙང་མར་སྤུངས་ལ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ཐོ་བས་བརྡུང་ལ། ༀ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ལན་བདུན་སོགས་བརྗོད། ཉོན་མོངས་བག་ཆགས་བྱང་ཞིང་འཇོམས་གྱུར་ཅིག །འཇིམ་པ་བརྫི་བ་ནི། ཆུ་གཙང་དྲི་ཞིམ་སྤོས་དང་སྦྱར་བ་ལ་རྡོ་རྗེའི་ཕྱག་རྒྱ་གཏུགས་ཏེ། སྤོས་ཆུའི་སྟེང་དུ་ཨ་ལས་ཟླ་དཀྱིལ་ལས། །འོད་འཕྲོས་ཆུ་ཉིད་བདུད་རྩིའི་རང་བཞིན་གྱུར། །ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ལན་བདུན་གྱིས་བྱིན་གྱིས་བརླབས་པས་འཇིམ་པ་བརྫིས་ལ། ༀ་བཛྲ་པྲ་མརྡ་ནཱ་ཡ་ཧཱུྃ་ཕཊ། ཅེས་དང་རྟེན་སྙིང་བཟླས། འཇིམ་པ་དེ་བཞིན་གཤེགས་པའི་སྐུར་གྱུར་ཅིག །དེ་ནས་འཇིམ་པ་བྱིན་གྱིས་བརླབ་པ་ནི། ༀ་ཤུདྡྷེ་ན་དུ་ཤོ་དྷ་ཡ་སྭཱ་ཧཱ། པད་ཟླར་འཇིམ་པ་རིན་ཆེན་ཕུང་པོ་གྱུར། །རང་གི་ཐུགས་ཀའི་འོད་ཟེར་འོག་མིན་དུ། །འཕྲོས་པས་རྣམ་པར་སྣང་མཛད་ཐུགས་རྒྱུད་བསྐུལ། །དེ་ལས་འོད་འཕྲོས་འགྲོ་རྒྱུད་ཉོན་མོངས་སྦྱངས། །སླར་འདུས་འཇིམ་པའི་ཕུང་པོ་ལ་ཐིམ་པས། །བདེ་གཤེགས་ཀུན་གྱི་ཡེ་ཤེས་རང་བཞིན་གྱུར། །ལག་གཡོན་པའི་མཐེའུ་ཆུང་མཐེ་བོས་མནན་པ་གྱེན་བསྟན་དང་། ལག་གཡས་དེ་བཞིན་བྱས་པ་ཁ་སྦུབས་པའི་བར་དུ་འཇིམ་པ་བཞག་ལ། ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་སུཀྵྨེ་སུཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ། ཨ་ས་མ་རོ་པེ། ཨ་ན་ལམྦྷེ། ཏ་རམྦེ། ཨ་ཤོ་བ་ཏི་མ་ཧཱ་ཏེ་ཛ། ནིར་ཀུ་ལེ། ནིརྦཱ་ཎེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་རྣམ་སྣང་གི་གཟུངས་རིང་ལན་ཉེར་གཅིག་དང་། ༀ་ཛི་ན་ཛིཀ྄་སྭཱ་ཧཱ། ཉེར་གཅིག །གཟུངས་ཐུང་ཅི་ནུས་བཟླས། འཇིམ་པ་བཅད་ལ། ན་མཿས་མནྟ་བུདྡྷ་ནཱཾ། ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། འཆི་མེད་རྡོ་རྗེའི་སྲོག་ཟུངས་ཐོབ་པར་ཤོག །འབི་འབི་བྱས་ལ། ༀ་བཛྲོདྦྷ་བཱ་ཡ་སྭཱ་ཧཱ། འོད་ཟེར་འཇིག་རྟེན་ཀུན་ཁྱབ་འགྲོ་དོན་བྱས། །སླར་འདུས་འབི་འབི་ཤེལ་གོང་ལྟར་དག་པ། །ཡེ་ཤེས་རྡོ་རྗེ་འབྱུང་བའི་རང་བཞིན་གྱུར། །བརྐོས་ཕོར་དུ་སྣུམ་བྱུགས་ལ། ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཐབས་ཤེས་ཟུང་འཇུག་ཡེ་ཤེས་རྡུལ་བྲལ་གྱུར། །བརྐོས་ཕོར་དུ་བཅུག་ལ། ༀ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་དང་། ༀ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཆོས་དབྱིངས་རྟག་པའི་སྙིང་པོ་རྙེད་པར་གྱུར། །ལེགས་པར་གདབ་ལ། ༀ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། སངས་རྒྱས་ཀུན་གྱི་ཕྱག་རྒྱས་བཏབ་པར་གྱུར། །གཟུངས་བསྒྲིལ་མགོ་མཇུག་མ་ལོག་པར་གཞུག་ལ། ༀ་བཛྲ་གརྦྷེ་སྭཱ་ཧཱ། ༀ་སརྦ་བིདྱཱ་སྭཱ་ཧཱ། ཞེས་དང་གཟུངས་ཐུང་ཡང་བཟླ། དབྱིངས་ཡེ་གཉིས་མེད་ཆོས་སྐུའི་མཆོད་རྟེན་ནི། །འབྱམས་ཀླས་ཡེ་ཤེས་སྙིང་པོ་ཁོང་ཆུད་གྱུར། །ཕྱིར་ཕྱུང་ལ། ༀ་དྷརྨ་ར་ཏེ་སྭཱ་ཧཱ། ཆོས་ཀྱི་སྐུ་ལས་གཟུགས་སྐུ་གྲངས་མེད་བྱོན། །འགྲོ་དོན་འཁོར་བ་ཇི་སྲིད་མཛད་པར་གྱུར། །སྐམ་ཐག་ཆོད་ནས་ཆོས་འཁོར་སོགས་རྒྱན་བཏགས་པར་མོས་ལ། ༀ་པྲ་མ་ན་ཡེ་སྭཱ་ཧཱ། རིན་ཆེན་རྒྱན་བཀོད་སྣ་ཚོགས་གསོལ་བ་ཡིས། །ཡོན་ཏན་ཀུན་རྫོགས་འགྲོ་དོན་མཛད་གྱུར་ཅིག །སྐུ་དཀར་སོགས་ན་བཟའ་གསོལ་ལ། ༀ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་བི་ཤུདྡྷེ་དྷརྨ་ཏེ་སྭཱ་ཧཱ། ཆོས་དབྱིངས་རྣམ་པར་དག་པའི་དོན་ལྡན་ཤོག །ཅེས་པའི་ཆོ་ག་རྣམས་ཀྱིས་བཏབ་ཟིན་ནས་གདན་ལ་བཞུགས་པའི་སྐབས་སུ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བཟླ་བཞིན་དུ་བསྒྲིག །རྒྱལ་བ་ཐམས་ཅད་རྟེན་འདི་དང་། །དབྱེར་མེད་བརྟན་པར་བཞུགས་སུ་གསོལ། །ཞེས་བརྗོད་དེ་ལྟར་སཱཙྪ་འདེབས་པའི་ཚེ་འབྱོར་པ་དང་བསྟུན་པའི་ཀློག་མཁན་གྲངས་ཅི་རིགས་ཁྲུས་སོགས་གཙང་སྦྲ་དང་ལྡན་པས་སྐྱབས་སེམས། ས་གཞི་བྱིན་རླབས། སྤྱན་འདྲེན། བཞུགས་གསོལ་ལྷ་ཁྲུས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། འཕགས་པ་རྣམས་ཀྱི་ཐུགས་དམ་བསྐུལ་བ་དང་། རིས་མེད་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པ་བཏང་བའི་སེམས་བསྐྱེད་དེ། བརྒྱད་སྟོང་ལ་སོགས་ཤེར་ཕྱིན་གྱི་མདོ། གསེར་འོད་དམ་པ། འདུས་པ་རིན་པོ་ཆེའི་ཏོག །འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ་དང་། གཙུག་ཏོར་དྲི་མེད་ཀྱི་མདོ་གཟུངས་རྣམས་རྒྱུན་མི་འཆད་པར་གསལ་དག་ཏུ་བཀླག་ལ། མཐར་རྟེན་སྙིང་དང་། ཆོས་བཤད་པ་ལས་བྱུང་བ་སོགས་ཀྱིས་བསྔོ་བའང་བྱ། དེ་ཐམས་ཅད་མ་འགྲུབ་ནའང་ཤེར་སྙིང་དང་དྲི་མེད་ཀྱི་གཟུངས་རིང་ཐུང་། ཁྱད་པར་སྙིང་པོའི་གཟུངས་ཐུང་རྟག་ཏུ་བཟླ། ཤིན་ཏུ་འཛོམ་ན་སཱཙྪ་འདེབས་པ་དང་སྒྲུབ་པའི་ཚེ་ཛཔ྄་རྒྱུན་ཀྱང་བཙུགས་པར་གསུངས་ཏེ་གལ་ཆེའོ། །དེ་དག་རྣམས་ཀྱི་སཱཙྪ་གདབ་པའི་བྱ་བ་འགྲུབ་བོ། །དེ་ལ་ནང་གཞུག་དྲི་མེད་ཀྱི་གཟུངས་རིང་ཐུང་གཉིས་ཀ་དགོས་ཀྱང་བརྒྱ་བརྒྱད་ཙམ་ལ་དེ་བཞིན་འགྲུབ་པ་ཅི་ནས་གལ་ཆེ་ཞིང་། ཁྲི་འབུམ་ལ་དེ་བཞིན་འགྲུབ་དཀའ་བས་གཟུངས་ཐུང་ཁོ་ནས་ཆོག །གང་ལྟར་རྒྱ་ཤོག་སོགས་ལ་སྤར་དུ་བཏབ་ནས་དྲི་བཟང་གིས་བྱུགས་པའམ་མཚལ་སྣག་ལ་བསྲེས་ཀྱང་རུང་། ཤུག་པ་སོགས་བཟང་ཤིང་མགོ་མཇུག་མ་ལོག་པའི་སྲོག་ཤིང་མཚོན་བྱེད་ལ་གཟུངས་ཀྱི་དབུ་ནས་སྔགས་ངོ་ནང་བསྟན་དུ་དྲིལ་བ་བཅུག །སཱཙྪ་སྐམ་ཐག་ཆོད་ནས་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ་སོགས་ལས་བཞིའི་མདོག་མཚུངས་ཀྱི་ཁ་དོག་བསྒྱུར་བར་གསུངས་ཀྱང་དཀྱུས་སུ་ཐམས་ཅད་སྐུ་དཀར་ལེགས་པར་གསོལ་ཞིང་། གདུགས་ཀྱི་མཚོན་བྱེད་དར་ཚོན་སྣ་ལྔ་གང་འཛོམ་གྱི་དུམ་བུ་རེའང་སཱཙྪའི་དབུ་ལ་སྦྱར་གྲུབ་ན་ལེགས་སོ། །སཱཙྪའང་ཕལ་ཆེར་གྱིས་མཆོད་བརྒྱ་མ་ཁྲི་ཕྲག་ལ་འབུམ་ཐེར་བྱེད་སྲོལ་སྣང་ཡང་། འདིའི་གཞུང་ནས་གསུངས་པའི་འབུམ་ཕྲག་ནི་གཟུངས་ཉིད་ལ་དགོངས་པ་ཡིན་པས་ངེས་པར་གཟུངས་འབུམ་ཕྲག་དང་ལྡན་པའི་སཱཙྪ་འབུམ་ཕྲག་གྲུབ་དགོས་པས་མཆོད་བརྒྱ་མ་གྲངས་ལྡན་བཏབ་ན་ལག་ལེན་བདེ་ཞིང་ཁུངས་བཙུན་པར་སྣང་ངོ་། །གཉིས་པ་བཤམ་བཀོད་ནི། མཁན་པོའི་གཞུང་དུ་རྒྱས་བསྡུས་ཀྱི་ཁྱད་པར་མ་གསུངས་ཀྱང་། དྲི་མེད་འགྲེལ་པ་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་ཉིད་ཕལ་ཆེར་གྱིས་ཚད་མར་བྱེད་པས་དེའི་ལུགས་དང་འབྲེལ་ན་གཉིས། རྒྱས་པ་དང་། བསྡུས་པའོ། །དང་པོ་ནི། དཀྱིལ་འཁོར་གང་དུ་བྱ་བའི་གཞི་དེར་སློབ་དཔོན་གྱིས་དཀར་གཏོར་གསེར་སྐྱེམས་འབུལ་ཞིང་། ཐིག་གིས་བཅད་པ་དང་། ཕུར་གདབ། ཏིལ་ཡུངས་བྲབས་ཤིང་གཟུངས་ཐུང་བརྗོད་པ་ཡན་ཆད་གོང་དུ་སཱཙྪ་འདེབས་པའི་ཆོ་གར་བཤད་པ་རྣམས་སྔར་ཉིན་དུ་གྲུབ་པར་བྱ། དཀྱིལ་འཁོར་གྱི་སྟེགས་བུ་ས་རྡོ་ལ་བརྩིགས་པའམ་ཤིང་ལ་བཟོས་ཀྱང་རུང་སྟེ་དབྱིབས་གྲུ་བཞི། སྟེང་མེ་ལོང་ལྟར་འཇམ་ཞིང་མཉམ་པ། ངོས་བཞིར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྐང་འབུར་རམ་རི་མོར་བྲིས་པ། རྒྱ་ཚད་ཆོ་ག་ཚར་རེ་ལ་སཱཙྪ་གྲངས་གང་བཞུགས་ཉིད་ཤོང་བར་བྱེད་དགོས་པས་སཱཙྪ་ཆེ་ཆུང་སོགས་དང་བསྟུན་པའི་སྟེང་དུ་བ་བྱུང་ལྔ་དང་གུར་གུམ་ཙནྡན་སོགས་དྲིའི་ཆུས་ཆག་ཆག་གདབ། དེ་ནས་ཕྱག་ལེན་གྱི་གཙོ་བོ་མཆོད་རྟེན་བརྒྱ་རྩ་བརྒྱད་པ་ལྟར་ན། གཞལ་ཡས་ཁང་རྟ་བབས་མེད་པའི་སྒོ་རྐྱང་གི་ཕྱི་རོལ་ཁྲུས་རྫིང་པདྨ་འོད་ཟེར་གྱི་ཁོར་ཡུག་དང་བཅས་པའི་ཐིག་ཚོན་སྤྱི་ལྟར་ལ། ཚངས་ཐིག་གི་གཡས་གཡོན་བཞི་པོར་ཆ་དྲུག་རེར་བགོས་པའི་རེའུ་མིག་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རེ་རེ་བྲི། དེའི་ཆ་ལྔ་པ་ཡན་ཆད་རྣམས་སུ་སཱཙྪ་བརྒྱ་རྩ་བཞུགས་པའི་གནས་ཡིན་ཅིང་། ཆ་དྲུག་པའི་ཚངས་ཐིག་ཕྱོགས་བཞིའི་གཡས་གཡོན་གྱི་རེའུ་མིག་གཉིས་གཉིས་ལ་སཱཙྪ་རེ་རེ་བཞུགས་པས་བརྒྱད་ཚང་། དེའི་འཕྲོས་འཕགས་པ་རྣམས་གདན་འཛོམ་པའི་ལྷ་སྣམ་ཡིན་ལ། ཤོང་ཡངས་ཆེ་ན་ཐོག་མ་ནས་ཆ་བདུན་རེར་ཕྱེས་ཏེ་ལྷ་སྣམ་རིམ་པ་གཉིས་སུ་བྱས་ནའང་ལེགས་སོ། །གལ་ཏེ་ཆོ་ག་གཅིག་ལ་སཱཙྪ་སྟོང་རྩ་བཞུགས་ན་ཕྱོགས་རེེར་ཆ་དྲུག་ཅུ་རེར་དབྱེ་དགོས་པས་མཚོན། བར་རྣམས་རིགས་པས་དཔག །དེ་ལྟར་དཀྱིལ་འཁོར་ཡང་སཱཙྪ་བླང་བཞག་གི་ཚེ་མི་ཟུབ་པ་བྱ་དགོས་པས་ཤིང་སྟེགས་ཡིན་ན་ཆུ་ཚོན་གྱིས་བྲིས་ནས་རྩི་བཏང་བ་སོགས་ཤེས་པར་བྱ། དེ་ནས་རེའུ་མིག་གི་པདྨ་རེ་ལ་སཱཙྪ་རེ་བཞག་སྟེ། དེའང་ཐོག་མར་དབུས། དེ་ནས་ཤར་ལྷོ་ནུབ་བྱང་རིམ་བཞིན་གཡས་བསྐོར་དུ་དགོད། དབུས་སུ་འཕྲུལ་སྟེགས་ལ་ལུགས་མ་ལ་སོགས་པའི་མཆོད་རྟེན་ལ་སངས་རྒྱས་ཀྱི་རིང་བསྲེལ་དང་ལྡན་པ་བཞུགས། སྟེང་དུ་གདུགས་དང་བླ་བྲེ། ལོགས་སུ་འཕན་དང་རྒྱལ་མཚན། ཁྱད་པར་བ་དན་དམར་པོ་བརྒྱ་རྩ་བརྒྱད་ལོགས་རེར་ཉེར་བདུན་རེ་བཀོད་ལེགས་མཛེས་པར་བཀྲམ། དེ་དག་གི་དབུས་ཀྱི་ཆར་འཇའ་འོད་ལྔ་ལྡན་གྱི་ནང་དུ་ཐིག་ལེ་སྔོན་པོ་ལ་གཙུག་ཏོར་དྲི་མེད་ཀྱི་གཟུངས་རིང་ཐུང་གསེར་གྱིས་བྲིས་པ་དང་། ཕྱོགས་བཞིར་མཆོད་རྟེན་དཀར་སེར་དམར་ལྗང་བཞིའི་བུམ་སྒོར་གཟུངས་ཐུང་། གདུགས་ལ་གཟུངས་རིང་བྲིས་པའི་ཐང་ཀའང་བཤམ། སྐུ་གདུང་རྣམས་ཀྱི་ཕྱི་རོལ་ངོས་བཞིར་བུམ་པ་རྒྱན་ལྡན་བཞིའི་ནང་འབྲུ་ལྔ་སྨན་ལྔ་རིན་པོ་ཆེ་ལྔ་དང་དྲི་ཆབ་བླུགས་པའི་ཁར། སྣོད་གཙང་མར་བྱེ་མ་བརྔོས་ནས་དུག་ཕྱུང་པ་ཡུངས་ཀར་དང་བསྲེས་པ་བཞག །དཀྱིལ་འཁོར་གྱི་གྲྭ་བཞིར་སྤོས་ཕོར་བཞི་བཞག་སྟེ་ཙནྡན་དང་ཨ་ག་རུ་དང་དུ་རུཥྐ་དང་གུ་གུལ་བཞི་པོ་རྒྱུན་མ་ཆད་པར་བདུག །དུ་རུཥྐ་དངོས་མ་རྙེད་ན་སྤོས་དཀར་གྱིས་རུང་། སྒོ་བཞིར་མཆོད་ཡོན་གྱི་སྣོད་བཞི་བཞག་པའི་ནང་དུ། གུར་གུམ་འབྲས་ཡོས་ནས་ཏིལ་དཀར་ཀུ་ཤ་འོ་མ་མེ་ཏོག་དཀར་པོ་སྟེ་རྫས་བདུན་ཅུང་ཟད་རེ་བླུགས། མཆོད་ཡོན་སྒྲེང་བའི་བྱ་མ་བུམ་ཆུ་གཙང་གིས་བཀང་བ་དང་། ཁྲུས་སྣོད་མེ་ལོང་སྐུ་ཕྱི་ན་བཟའ། རྒྱལ་ཆེན་ཕྱོགས་སྐྱོང་སྡེ་བརྒྱད་རྣམས་ལ་ཟླུམ་གཏོར་གསུམ་རྣམས་ཀྱང་སྟེགས་བདེ་བར་བཞག །མེ་ཏོག་མར་མེ་ཞལ་ཟས་གཙོ་བོར་གྱུར་པའི་ཉེར་སྤྱོད་ལྔ་བརྒྱ་ཕྲག་གི་ཕྲེང་བས་མཚོན་མཆོད་པའི་བྱེ་བྲག་རྒྱས་པར་བཤམ་དགོས་ཀྱང་དཀྱིལ་འཁོར་གྱི་མཐར་སཱཙྪ་ལེན་བཞག་སྐབས་སྟབས་མི་བདེ་བས། བར་ཕྱེ་ནས་ཕྱོགས་ཕྱོགས་ཀྱི་སྟེགས་བུར་བསྒྲིགས་པ་རྣམས་ཀྱི་དབུས་སུ་སྣོད་གཙང་མར་ཙཱ་རུའི་བཟའ་བ་ཟླུམ་གཏོར་ཆེ་ལེགས་དཀར་མངར་ཤིང་ཏོག་གི་བཟའ་བཅའ་སྣ་ཚོགས་དང་ལྡན་པ་སྨན་ལྔ་འབྲུ་ལྔ་དྲི་ལྔ་རིན་པོ་ཆེ་ལྔ་སྙིང་པོ་ལྔ་སྟེ་ལྔ་ཕྲག་ལྔའི་རྫས། བཀྲ་ཤིས་རྫས་རྟགས་འབུར་རམ་རི་མོར་བྲིས་པ་རྣམས་རྟེན་ལ་ཁ་ཕྱོགས་ཏེ་བཀོད། སློབ་དཔོན་གྱི་མདུན་དུ་ཁྲུས་བུམ་མམ་དུང་ཕོར་དྲི་ཆབ་ཀྱིས་བཀང་བ། ཡུངས་ཀར་དང་འཐོར་ནས། གཞན་ཡང་རོལ་མོའི་བྱེ་བྲག་མདོ་ཆོག་ལ་འོས་པའི་རིགས་ཀྱང་འདུ་བྱའོ། །གཉིས་པ་བསྡུས་པ་ནི། དཀྱིལ་འཁོར་གྱི་ས་ཆོག་རྣམས་འདོར་ལེན་ཇི་ལྟར་བྱས་ཀྱང་རུང་ལ། དཀྱིལ་འཁོར་སྒོ་དང་རྟ་བབས་སོགས་མེད་པའི་པདྨའི་གདན་སྣམ་བུ་དང་བཅས་པ་བྲི། བཤམ་བཀོད་རིགས་གོང་ལྟར་ལ་གཟུངས་དང་མཆོད་རྟེན་བྲིས་པའི་ཐང་ཀ་ལྔ་པོ་མི་དགོས་ལ། བརྒྱ་མཆོད་རྣམས་གང་འབྱོར་བྱས་ནས་ཚར་རེ་བཞིན་ཁ་གསོ། ཙཱ་རུའི་བཟའ་བའང་དཀྱིལ་འཁོར་མདུན་དུ་ཚར་གཅིག་བཀོད་པས་ཆོག །བུམ་པ་བཞི་མི་འཛོམ་ན་གཅིག་བྱེ་སྣོད་བཅས་སློབ་དཔོན་མདུན་དུ་བཞག །སྤོས་ཕོར་ཡང་གཅིག་གིས་མཚོན་ཙམ་རུང་ཞིང་བཟང་སྤོས་མ་འཛོམ་ན་ཤུག་པ་དང་ཨ་ག་རུ་དཀྱུས་མ་སི་ལ་སོགས་བདུག་པས་གོ་ཆོད། ལྔ་ཚན་ལྔ་མ་འབྱོར་ན་རི་མོར་བྲིས་པས་ཀྱང་རུང་རོ། །གསུམ་པ་ཆོ་ག་བཏང་ཚུལ་ལ་གཉིས། ཐུན་མོང་གི་ལག་ལེན། བྱེ་བྲག་དབྱེ་བསྡུའོ། །དང་པོ་ནི། བསླབ་པ་དང་ལྡན་པའི་དགེ་འདུན་པ་རྣམས་ཀྱིས་མགོ་ལུས་ལ་ཁྲུས་བྱ་ཞིང་བཀྲུ། ཆོས་གོས་རྣམ་གསུམ་ཚུལ་དང་ལྡན་པར་བགོ། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང་ལ་ཁྲུས་དང་གོས་གཙང་མ་གྱོན། ཤ་ཆང་སྒོག་བཙོང་མ་ཡིན་པའི་དཀར་མངར་གྱི་བཟའ་བཏུང་བག་ཡོད་པར་ལོངས་སྤྱད། ཉོན་མོངས་པའི་རྣམ་པར་རྟོག་པ་དང་། གཉིད་དང་ལེ་ལོ། གཞན་ལ་གནོད་འཚེ་སོགས་མ་དག་པའི་བསལ་སྦྱོར་ཅི་ནུས་སུ་སྤང་། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་མདོ་སྡེ་དང་མཆོད་རྟེན་གྱི་ཕན་ཡོན་ལ་ཡིད་ཆེས་པའི་དད་པ་དང་གུས་པ་ཆེར་བསྐྱེད། སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེའི་སེམས་བསྐྱེད་ལ་ཆོ་གའི་ཚིག་དལ་བྲེལ་རན་ཅིང་སྔགས་སྒྲ་དག་པ་སོགས་གལ་ཆེ། འགྲུབ་ཏུ་རུང་ན་དོན་ཞགས་ལུགས་ཀྱི་ཐེག་ཆེན་གསོ་སྦྱོང་བླངས་ལ་ཚུལ་ཁྲིམས་རྣམ་དག་གཟུངས་བཟླ་བ་ནངས་རེ་བཞིན་བྱས་ན་ཤིན་ཏུ་ལེགས། འབྱོར་པས་ལྕོགས་ན་གོང་སྨོས་མདོ་སྡེ་རྣམས་ཀློག་པ་པོ་གཅིག །གཟུངས་ཟློ་བ་པོ་གཅིག་བཅས་བཞག་གོ། །གཉིས་པ་ལ་གསུམ། རྒྱས་པ། འབྲིང་པོ། བསྡུས་པའོ། །དང་པོ་ནི། དགེ་འདུན་རྣམས་གྲལ་དུ་འཁོད་པ་དང་རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་བརྗོད། སྙིང་པོ་དང་ཁྲུས་བདུན་རིག་པ་ཅི་འགྲུབ་བཟླས་པས་བུམ་པའི་ཆུ་བྱིན་གྱིས་བརླབས་ཏེ་འདུས་པ་རྣམས་ནས་ཁྲུས་དང་འཐོར་འཐུང་བྱས་མཐར་ཕན་ཡོན་བརྗོད། སྤྲོ་ན་ཐུབ་བསྟོད་གང་རུང་འདོན། འགྲེང་སྟེ་སེམས་བརྩེ་མ་བརྗོད་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མངོན་སུམ་ལྟ་བུར་དམིགས་ནས་ཕྱག་བྱ། དེ་ནས་གདན་ལ་འཁོད་དེ། ཤེས་པས་གྲུབ་པ་ལས། ༀ་སུ་པྲ་ཏིཥྛ་སྟུ་བེ་སྭཱ་ཧཱ། ལན་གསུམ་བརྗོད་པ་ནས། ཕུན་སུམ་ཚོགས་པའི་དབང་ཐམས་ཅད་བསྐུར་བར་གྱུར། བར་དང་། དེའི་གོང་དུ་ཡོད་པ། ༀ་ཏྲཻ་ཡ་སོགས་སྔགས་མཚན་བཞི། ༀ་རཏྣ་ཙཻཏྱ་སོགས་གོང་འོག་གི་སྔགས་ཐམས་ཅད་ལན་གསུམ་གསུམ་དང་། བར་གྱི་དམིགས་པ་རྣམས་ཀྱང་། གྱུར་ཅིག །ཅེས་སྨོན་ལམ་དུ་བསྒྱུར་བ་སོགས་ཤེས་པར་བྱས་ལ་རྟེན་དང་ཡོ་བྱད་སྤྱིར་བྱིན་གྱིས་བརླབ། ཡང་ན་འདི་དག་ཁོ་བོས་གསར་བསྒྲིག་དྲི་མེད་ལམ་འཇུག་ལྟར་བྱས་ཀྱང་རུང་ངོ་། །དེ་ནས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །སོགས་དང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལས་རག་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་ཤློ་ཀ་བརྗོད་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ། དེ་ན་དྲི་མེད་ཆོ་ག་གཞུང་ལྟར། ཆོས་ཐམས་ཅད་དོན་དམ་པར་སོགས་ནས། དགོད་པར་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། བདག་ནི་དུས་ངན་པའི་སོགས་ཀྱིས་སེམས་བསྐྱེད་ལ། ས་གཞི་རྟེན་མཆོད་བྱིན་རླབས་དང་། བདེ་སྟོབས་བརྗོད་པ་ལན་གསུམ་གསུམ། དེ་ནས་མར་མེ་སྤར། བདུག་སྤོས་བཏུལ། དགེ་འདུན་རྣམས་པུས་བཙུག་ཐལ་སྦྱར་མེ་ཏོག་བླངས་ལ། བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སོགས་ནས། བྱིན་གྱིས་བརླབ་པར་ཅི་གནང་ཞེས་པའི་ཚིག་གོང་མའི་བར། དེ་ནས་མཆོད་འབུམ་ལས། དེ་བཞིན་གཤེགས་པ་དང་སོགས་ནས། གཤེགས་ཤིང་བཞེས་པར་གསོལ། ཅེས་པའི་བར་དང་། སླར་ཆོག་གཞུང་ལས། གནོད་སྦྱིན་གྱི་སྡེ་དཔོན་ནས། ཅི་གནང་ཞེས་པའི་བར། མཆོད་འབུམ་ལས། ལྷའི་འཇིག་རྟེན་ནས། དེ་ལྟ་བུར་གཤེགས་པར་གསོལ། ཅེས་པའི་བར་གྱིས་རྒྱལ་བ་སྲས་བཅས། མཆོད་རྟེན་ཆོས་སྐྱོང་བ་བཅས་སྤྱན་དྲངས་ལ་བར་མཚམས་རྣམས་སུ་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་བྱ། ཆོག་གཞུང་ལས། ཕོ་བྲང་གི་དཀྱིལ་འཁོར་ནས། བཞུགས་པར་གྱུར་བར། འགྲེངས་ལ་ཕྱག་ལན་བདུན་འཚལ་བཞིན་དུ། མཆོད་འབུམ་ལྟར། ཡེ་ཤེས་ཚོགས་ཀྱིས་སོགས་བྱོན་ཕྱག་འབུལ་བ་ནས། སྨོན་ལམ་འཇུག །མྱུར་ཐོབ་ཤོག་བར་བཏང་། ཨརྒྷཾ་འབུལ་བའི་སྐབས་ཕྱོགས་བཞིར་མཆོད་ཡོན་སྦྲེང་། ཁྲུས་ཀྱི་སྐབས་ཕྱོགས་བཞིའི་བུམ་པས་ཕྱོགས་སོ་སོ་ནས་ཁྲུས་གསོལ་བ་སོགས་དང་། མཆོད་པ་རྣམ་ལྔ་འབུལ་བའི་ཐོག་མར་མཆོད་སྤྲིན་གྱི་སྔགས་ལན་གསུམ་བརྗོད། ཡུངས་ཀར་འབུལ་བའི་སྐབས་སུ་ཡུངས་ཀར་འཐོར་བ་དང་རོལ་མོ་སོགས་བྱ། མཆོད་འབུལ་གོང་འོག་འཁྲུགས་ཅུང་ཟད་སྣང་ཡང་ལག་ལེན་མི་བདེ་བས་བཏང་སྙོམས་སུ་བཞག་པའོ། །དེ་ནས་འགྲེངས་ལ་ཕྱག་འཚལ་བའི་གཟུངས་ལན་གསུམ་སྔོན་དུ་འགྲོ་བས། ཆོག་གཞུང་ལྟར། བཅོམ་ལྡནས་འདས་མི་འཁྲུགས་པ་སོགས་ཆོས་དཀོན་མཆོག་ལ་ཕྱག་འཚལ་བ་ཡན་དང་། མཆོད་འབུམ་ལས། ཤེས་རབ་མཆོག་གིས་སོགས་ནས། རྨད་རྫོགས་མངའ་ལ་ཕྱག་འཚལ་བསྟོད་བར། ཆོག་གཞུང་ལས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ནས་ཕྱག་འཚལ་རྫོགས་པའི། སྐྱབས་སུ་མཆིའོའི་བར་བརྗོད་ལ་ཕྱག་བྱ། གདན་ལ་འཁོད་ནས། འཕགས་པའི་ཚོགས་ཐམས་ཅད་སོགས་ནས། མཆོད་ཅིང་འབུལ་ལོའི་བར་དང་། མཆོད་སྤྲིན་གྱི་གཟུངས་སྔགས་བཅས་རོལ་མོ་བྱ། དེ་ནས་མཆོད་འབུམ་ལས། ཡེ་ཤེས་ཚོགས་རྫོགས་སོགས་མཐར་ཆགས་སུ་བཏང་བ་ལས། ཨརྒྷཾ་གསོལ་བའི་སྐབས་བྱ་མ་བུམ་སྤོས་ཀྱིས་བདུག །ལག་ཐལ་སྦྱར་གྱིས་དཔྲལ་བར་བཟུང་ལ་ཕྱོགས་བཞིའི་མཆོད་ཡོན་གྱི་སྣོད་རྣམས་སུ་གཡས་བསྐོར་དུ་སྦྲེང་། རྒྱལ་ཆེན་སོགས་ལ་མཆོད་ཅིང་བསྟོད་པ་མ་གཏོགས་གཏོར་འབུལ་གཞུང་འདིར་མ་བཤད་པས་མི་དགོས་ཀྱང་སྤྱི་ལྟར་སྤྲོ་ན་འགལ་བ་མེད་པས། མཆོད་རྟེན་བསྟོད་པ་གྲུབ་ནས་འཁྱིལ་བའི་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། ཆ་གསུམ་ལྟར་ཐུན་མོང་དུ་བྱིན་བརླབ། རྒྱལ་ཆེན་བཞིའི་སྔགས་ལ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། ཤར་ཕྱོགས་ན་ནི་སོགས་ཀྱིས་བསྟོད་ཅིང་ཕྲིན་ལས་བཅོལ། ༀ་ཨིནྡྲཱ་ཡ་སོགས་ཀྱིས་ཕྱོགས་སྐྱོང་དང་། ༀ་དེ་བ་། ནཱ་ག་སོགས་ཀྱིས་སྡེ་བརྒྱད་ལ་འབུལ་ཞིང་མཆོད་བསྟོད་བྱས་ལ་གཏོར་མ་གཤེགས། སྡིག་པ་བཤགས་པ་ནས། བྱང་ཆུབ་བསྔོ་བའི་བར་གཞུང་རྫོགས་པར་གྲུབ་པ་དང་། ཆོག་གཞུང་སྔ་མའི་འཕྲོས། འཕགས་པའི་ཚོགས་ཐམས་ཅད་དགོངས་སུ་གསོལ་སོགས་ནས། དེ་བཞིན་དུ་གྱུར་ཅིག་བར་གཞུང་ལས་ལན་གསུམ་གསུངས་པ་རྣམས་ཀྱང་དེ་ལྟར་བརྗོད། དེ་ནས་གཙུག་ཏོར་དྲི་མེད་ཀྱི་མདོ་གཟུངས་དབུའི་རྒྱ་སྐད་ནས་བཟུང་ཚར་གཅིག་བཀླག །གཟུངས་རིང་ཐུང་ལ་སླེབས་པ་དང་དེ་དག་བརྒྱ་རྩ་རེ་བཟླ་དགོས་པས་གཅིག་གིས་གྲངས་འགྲོ་དཀའ་ན་སྤྱི་འགོར་བརྩིས་ཀྱང་རུང་ངོ་། །གཟུངས་མདོ་གྲུབ་པ་དང་། ཆོག་གཞུང་ལྟར། ཕྱོགས་བཅུ་དུས་གསུམ་སོགས་ནས། དབྱིངས་ལ་འགོད་པར་གྱུར་ཅིག་བར་བརྗོད། གཟུངས་རིང་ཐུང་བརྗོད་ཅིང་གཟུངས་བུམ་རྣམས་ཀྱི་བུམ་ཆུ་ུབཀྱེས་ལ་འཐོར་འཐུང་བྱ། དེ་ནས་རིན་ཆེན་རྒྱན་མཚན་གྱི་སྔགས་དང་འོད་ཟེར་དྲི་མེད་ལས་འབྱུང་བའི་སྐོར་བའི་སྔགས་ལན་གསུམ་བརྗོད། གཟུངས་རིང་ཐུང་གཉིས་ཀའམ་མི་ཤེས་ན་གཟུངས་ཐུང་བཟླ་བཞིན་དུ་བསྐོར་བ་ལན་བརྒྱ་རྩ་བརྒྱད། དེའང་མི་ལྕོགས་ན་མི་གྲངས་ལ་བརྩིའོ། །དེ་ནས་གདན་ལ་འཁོར་དེ་མཆོད་རྟེན་བསྐོར་བའི་ཕན་ཡོན་དང་། གསལ་རྒྱལ་གྱི་ཚིགས་བཅད་གཉིས་ཀའམ་མི་ནུས་ན་རེས་མོས་སུ་བཀླག །དེ་ནས་སྐབས་འདིར་བཟང་སྤྱོད་སྨོན་ལམ་འདོན་པར་གསུངས་ཀྱང་ཆོ་ག་ཚར་གྲངས་མང་པོའི་སྐབས་སཙྪ་རྣམས་བླངས་བཞག་གི་ཁྱད་ཀྱིས་རྗེས་ནས་འདོན་ན་ལེགས། དེ་ནས། འཕགས་པའི་ཚོགས་ཐམས་ཅད་ལ་སོགས་ནས། མཆོད་ཅིང་འབུལ་ལོའི་བར་དང་། མཆོད་སྤྲིན་སྔགས་བཅས་བརྗོད། གཞུང་ལྟར་བཟོད་གསོལ་དང་གཤེགས་གསོལ་བྱ། རྟེན་ལ་དམིགས་ནས་བརྟན་བཞུགས་བྱས་ཀྱང་རུང་། དེ་ནས་གོང་དུ་མ་འདོན་ན་བཟང་སྤྱོད་འདིར་འདོན་ཅིང་། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཐོག་དྲངས་ཤིས་བརྗོད་བྱ། ཚར་གྲངས་མང་པོའི་སྐབས་དེའི་ཚེ་ལས་རྡོར་སོགས་ཀྱིས་སཱཙྪ་རྣམས་གཞན་དུ་སྤྱན་དྲངས་ལ། རྗེས་མ་རྣམས་དཀྱིལ་འཁོར་དུ་བསྒྲིགས་པ་དང་། མཆོད་གཏོར་གསར་དུ་བཤམ་པ་དང་ཁ་གསོ་བ་སོགས་བྱའོ། །གཉིས་པ་ཆོ་ག་འབྲིང་བོ་ཙམ་བྱེད་ན། སྤྱིའི་ལག་ལེན་སོགས་རྒྱས་པ་ལྟར་ལ། ཐོག་མར་ཚིགས་སུ་བཅད་པ་བཞི་པ་ལྟ་བུའི་ཚིགས་བརྗོད་ནས་འཕགས་པ་རྣམས་ལ་ཕྱག་བྱ། གང་གིས་རྟེན་ཅིང་སོགས་སྟོང་པ་ཉིད་བསྒོམ་པ་ནས་བརྩམས་ཆོག་གཞུང་ལྟར་བཏང་བ་ལས། སྤྱན་འདྲེན་སྔ་ཕྱིའི་བར་དུ་མཆོད་འབུལ་ལྟར། དེ་བཞིན་གཤེགས་པ་དང་སོགས་ཀྱིས་མཆོད་རྟེན་སྤྱན་འདྲེན་སྦྱར། ཆོག་གཞུང་གི་ཕྱག་མཆོད་དང་། གླེང་བཞི་བརྗོད་ཅིང་ཐུགས་དམ་བསྐུལ་བ། བདེན་པ་བདར་ཞིང་ཡིད་ཀྱིས་བསྔོ་བ་རྣམས་གྲུབ་པའི་རྗེས་སུ། གཟུངས་མདོ། སྔགས་བཟླས། ཡན་ལག་བདུན་པ། བསྐོར་བའི་ཕན་ཡོན་གྱི་ཚིགས་བཅད། མཆོད་པ། བཟོད་གསོལ་སོགས་ཀྱང་རྒྱས་པ་དང་འདྲ་ལ། མདོར་ན་མཆོད་འབུམ་ལས་མཆོད་རྟེན་སྤྱན་འདྲེན་སྦྱོར་བ་ཙམ་མ་གཏོགས་གཞན་ཆོག་གཞུང་ཁོ་ན་ཚང་བར་བཏང་བ་ཡིན་ནོ། །གསུམ་པ་ཆོ་ག་བསྡུས་པ་ནི། ཆོག་གཞུང་ལ་སྙིང་པོར་ཕྱུང་ནའང་ཕྱོགས་ཙམ་རུང་མོད། འཕྲི་བསྣན་འགའ་ཞིག་མ་བྱས་ན། འབྲིང་བསྡུས་འདི་དག་ལ་ཆོ་གའི་ཆ་ལག་ཚང་དཀའ་བ་དང་། འཕྲི་བསྣན་བསབ་འོས་མང་ན་ལག་ལེན་དུ་ཁྱེར་མི་བདེ་བས་བསྡུས་པའི་ཆོ་ག་དྲི་མེད་ལམ་འཇུག་ཅེས་བྱ་བ་ནག་འགྲོས་ཟུར་དུ་བཀོད་པ་ལས་རྟོགས་པར་བྱའོ། །དེའང་ཆོ་ག་ཚར་གྲངས་མང་དུ་བྱ་དགོས་པའི་ཚེ་སྔ་དྲོ་ཐོག་མར་རྒྱས་པ་ཚར་གཅིག་བཏང་། དེ་ནས་འབྲིང་པོ་ཚར་གཅིག །དེ་ནས་བསྡུས་པ་དུ་ཐོན་བྱ་བའམ། རྒྱས་པའི་ཁོངས་སུ་འབྲིང་པོའང་འདུ་བས་ཟུར་དུ་མི་བྱ་བར་རྒྱས་པ་ཚར་གཅིག་གི་རྗེས་སུ་བསྡུས་པ་ཉིད་གང་འགྲུབ་བྱས་ན་བདེ་ཞིང་ལེགས་པ་མངོན་ནོ། །བཞི་པ་རྗེས་ནི། སཱཙྪ་བརྒྱ་སྟོང་ལྟ་བུ་ཉུང་ངུ་ལས་མི་འགྲུབ་ན་དེ་དག་གི་ཆོ་ག་ཟིན་ནས་ཚ་ཁང་ལྟ་བུ་ཕྱག་བསྐོར་སོགས་བཀུར་སྟི་དང་ཚོགས་བསགས་ཀྱི་རྟེན་དུ་འགྱུར་ལ་ཆུད་མི་ཟ་བའི་གནས་སུ་དབུ་ཞབས་མ་ལོགས་པར་བཞུགས་སུ་གསོལ་བས་འཐུས་ཤིང་། འབུམ་ཐེར་ལྟ་བུ་ལ་ལམ་གྱི་གཞི་མདོའམ་གོང་སྨོས་ཀྱི་གནས་སོགས་སུ། ས་ཆོག་སྔོན་དུ་འགྲོ་བས་ཁང་བུ་བརྩེགས་པའི་མཆོད་རྟེན་བརྩིགས་པའི་ནང་དུ་དབུས་སུ་རྡོ་ལ་བརྐོས་པའི་དཀྱིལ་འཁོར་སོགས་འདུ་བྱས་ཏེ། དྲི་མེད་རྣམ་གཉིས་ཀྱི་ཆོ་གའི་གཞུང་ཇི་ལྟ་བར་སྲོག་ཤིང་འཛུགས་པའི་ཆོ་ག་བྱས་ལ། གཙུག་ཏོར་དྲི་མེད་ཀྱི་མཆོད་རྟེན་བརྒྱ་རྩ་བརྒྱད་དང་། འོད་ཟེར་དྲི་མེད་ཀྱི་མཆོད་རྟེན་དགུ་བཅུ་རྩ་དགུ་རྣམས་དབུས་སུ་བང་སྒྲོམ་ལྟ་བུར་བཞུགས་པའི་མཐའ་བསྐོར་དུ་སཱཙྪ་བྱིངས་རྣམས་ཀྱང་དབུ་ཞབས་མ་ལོག་པར་བཞུགས་སུ་གསོལ་ན་ཕན་ཡོན་བསམ་ལས་འདས་པ་གཞུང་དེ་དག་ཏུ་གསལ་བ་ལྟར་རོ། །གལ་ཏེ་འོད་ཟེར་དྲི་མེད་ཀྱི་སཱཙྪའི་ཆོ་ག་བྱེད་ནའང་གཞུང་འདི་དག་ལ་སྨོན་ལམ་སོགས་ཅུང་ཟད་ཁ་བསྒྱུར་བས་འགྲུབ་སྟེ་དེའི་ཚུལ་ནི་ལོ་ཆེན་དྷརྨཱ་ཤྲཱིའི་ཡིག་ཆ་སོགས་སུ་ཤེས་པར་བྱའོ། །ཆོ་ག་ལན་གཅིག་གྲུབ་ཀྱང་ངན་འགྲོ་ཡི། །སྐྱེ་སྒོ་གཅོད་ཅིང་བྱང་ཆུབ་ཚོགས་རྫོགས་པའི། །ཐབས་མཆོག་སངས་རྒྱས་ཞལ་ནས་ཆེད་བསྔགས་པ། །དང་དུ་ལེན་པའི་སྐལ་ཅན་དེང་སང་དཀོན། །འོན་ཀྱང་སྙིང་ནས་ཡིད་ཆེས་དད་པ་ཡིས། །བྲིས་འདིས་རིང་བསྲེལ་སྙིང་པོ་ཅན་གྱི་གདུང་། །རྣམ་དག་ཆོ་གའི་གཟི་ལྡན་ས་གསུམ་ཁྱབ། །བཟང་པོ་སྤྱོད་པའི་རྣམ་ཐར་ཡོངས་རྫོགས་ཤོག །དྲི་མེད་ཆོ་གའི་ལག་ལེན་འདི་ཉིད་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པས་བཀའ་སྩལ་མེ་ཏོག་སྤྱི་བོར་བཅིངས་ཤིང་། སྔ་ཕྱིར་དོན་གཉེར་ཅན་འགའ་ཞིག་གི་བཞེད་པ་སྐོང་བའི་ཕྱིར་དང་། ཆོས་ཚུལ་ཁྱད་པར་འཕགས་པ་འདི་ཉིད་དར་ཞིང་རྒྱས་པར་གྱུར་ན་ཅི་མ་རུང་སྙམ་དུ་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ། ཡོན་ཏན་རྒྱ་མཚོའི་མིང་ཅན་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བྲིས་པ་དགེ་ལེགས་འཕེལ།། །།


previousགཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་། ཡོན་ཏན་རྒྱ་མཚོ།next